cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་གཉིས་པ་རང་རྣམ་གྱི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡི་རང་མྱོང་ལེགས་ཉེས་ཆ་ཤས་ཙམ་སྨོས་ཤིང་དམ་པའི་ཆོས་ལ་བློ་གཞུག་པའི་གྲོས་འདེབས་རྟོགས་བརྗོད་རི་ཐང་མཚམས་ཀྱི་སྨན་མཆོག

༄༅། །བིཏྱཱདྷཱརེཤྭརམཎེཿསྭབེདནངྒམཏྲཛལྤཏིསདྡྷརྨྨཱཡམཏིབརྟྟཏེཀཐམབདཱནཾཔརྤཏསྠཥནྟརསྱཽཥདྷིཔརམནཱམབིཧརཏིསྨ། །

༄༅། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡི་རང་མྱོང་ལེགས་ཉེས་ཆ་ཤས་ཙམ་སྨོས་ཤིང་དམ་པའི་ཆོས་ལ་བློ་གཞུག་པའི་གྲོས་འདེབས་རྟོགས་བརྗོད་རི་ཐང་མཚམས་ཀྱི་སྨན་མཆོག་ཅེས་བྱ་བ་བཞུགས་སོ། །

མཆོད་བརྗོད་ཀྱི་སྐབས།

༈ ཨོཾ་སྭཱ་སྟི། རིགས་དང་དཀྱིལ་འཁོར་ཀུན་གཙོ་བླ་མེད་བླ་མ་མཆོག །རྒྱལ་ཀུན་ཐུགས་འཕྲིན་ལས་གཅིག་བསྡུས་འདྲེན་པ་མཚུངས་མེད་དཔལ། །ཧེ་རུ་ཀ་ཆེན་འཕུར་འགྲོ་མཚོ་སྐྱེས་རྡོ་རྗེ་འཆང་། །ཐོར་ཅོག་ཅན་ཞེས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ཉིད་ཀུན་བཟང་སྒྱུ་འཕྲུལ་རོལ་པའི་གར། །སངས་རྒྱས་ཀུན་གྱི་ཡེ་ཤེས་དྲང་ཐད་སྟོན་པའི་ལམ། །རྨད་བྱུང་རྡོ་རྗེ་སྙིང་པོ་ཇི་བཞིན་སྟོན་མཁས་པ། །དྲི་མེད་བཤེས་གཉེན་འོད་ཟེར་འགྱེད་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་ཧེ་རུ་ཀ་ཡི་བརྟུལ་ཞུགས་ཆེ། །སྤྱོད་པའི་རྒྱན་དུ་པདྨ་འབྱུང་གནས་རེས་འགའ་མཚན། །ནག་པོ་སྤྱོད་པ་ཞེས་བྱར་སྟོན་ནས་རྨད་བྱུང་སྔགས། །མཆོག་གི་ལམ་མཁན་གང་དེར་སྙིང་ནས་འདུད་ཕྱག་འཚལ། །གྲུབ་པའི་དངུལ་ཆུས་ལྕགས་ལ་ཅུང་ཟད་རེག་པས་གསེར་ཁམས་བཞིན། །མཚན་ཙམ་ཁོ་ན་དག་གིས་བྱིན་གྱིས་བརླབས་པས་ཀྱང་འདི་ལྟ། །མངོན་མཐོ་ངེས་ལེགས་དཔལ་ཀུན་སྟེར་མཛད་མགོན་པོ་བཀའ་དྲིན་ཅན། །གྲུབ་ཆེན་ནམ་མཁའི་སྙིང་པོར་རྟག་ཏུ་ཕྱག་འཚལ་བདག་བྱིན་རློབས། །གང་ཁྱོད་ཞི་ལ་གནས་མིན་འགྲོ་ལ་སྨན་ཆེད་དུ། །སྤྲུལ་པའི་བཀོད་པ་རྟག་འཆར་དུས་འདིར་གྲུབ་ཀུན་གྱི། །འཁོར་ལོས་བསྒྱུར་མཛད་དྲན་པས་འཁྲུལ་བཅོམ་ཀུན་བཟང་ཞལ། །མགོན་གཅིག་པདྨ་བདེ་ཆེན་གླིང་ལ་ཕྱག་འཚལ་ལོ། །དེ་དང་ཐ་དད་མི་མངའ་རྒྱལ་བ་ཀུན་གྱི་ཡབ། །གསང་འདུས་འཁོར་ལོ་སྡོམ་པ་འཇམ་དཔལ་རྡོ་རྗེ་སེམས། །མི་ཟོལ་སྐྱེ་སྤྲུལ་རྒྱལ་གསང་རབ་འབྱམས་རྒྱ་མཚོའི་བདག །ཀརྨ་རིག་འཛིན་ཞབས་རྡུལ་བདག་གི་སྤྱི་བོས་ལེན། །དེ་བཞིན་བཀའ་དྲིན་གསུམ་མནོད་ནུས་ལྡན་སྒྱུ་འཕྲུལ་པུཎྱེའི་མཚན། །དང་པོའི་སངས་རྒྱས་མཆོག་དང་གཉིས་མེད་ཆོས་རྗེ་ཀུན་བཟང་དབང་། །ཡོན་ཏན་བཀོད་པའི་ཞིང་བདག་མངལ་སྤང་སྤྲུལ་སྐུ་ཆོས་ཀྱི་དབང་། །ཧེ་རུ་ཀ་དཔལ་གོརྵ་ནཱ་ཐ་ལའང་ཕྱག་འཚལ་ལོ། །གཞན་ཡང་དབང་བསྐུར་རྒྱུད་བཤད་ཤེས་རྒྱུད་བཀྲོལ། །མན་ངག་ལུང་སྟོན་བསྐང་དང་འདྲེན་པའི་སློབ་དཔོན་ཆེ། །ཐར་པའི་ལམ་སྟོན་བཀའ་དྲིན་ཅན་གྱུར་བླ་མའི་ཚོགས། །ཀུན་ལ་རབ་ཏུ་དྭངས་བས་ཕྱག་འཚལ་བྱིན་གྱིས་རློབས།

རི་ཐང་མཚམས་ཀྱི་སྨན་མཆོག་ལས་རྣམ་ཐར་གཞུང་དངོས་ཀྱི་སྐབས།

ཞེས་ཕྱག་འཚལ་བ་སྔོན་དུ་སོང་ནས་འདིར་བརྗོད་པར་བྱ་བ་ནི་རང་ཉིད་ཀྱི་ངང་ཚུལ་ཅུང་ཟད་གླེང་བ་སྟེ། དེ་ཡང་བདག་འདྲ་ཕྱོགས་ཀུན་ཏུ་འཁྱམས་ཤིང་ལས་ཀྱི་འཕེན་པས་བླ་མའི་གཟུགས་སུ་བརྫུས་ཀྱང་། རང་སེམས་ལ་རང་དབང་མ་ཐོབ་པས་ན། འཁྲུལ་པའི་ཆོ་རོལ་ལེགས་ཉེས་བྱ་བ་སྣ་ཚོགས་ལ་སྤྱོད་པ་ཞིག་སྟེ། ཚུལ་དེ་ཇི་ལྟ་བུ་ཞེ་ན་ཁོ་བོ་ཅག་ལུས་རྟེན་འདི་ལ་རྣམ་པར་རྟོག་པ་མཐའ་དག་ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་གཡོ་མེད་ཀློང་དུ་མ་གྲོལ་བས། རྣམ་རྟོག་གིས་བསྐྱོད་པའི་ལས་ཀུན་གློ་བུར་དྲི་མ་ཉིད་དུ་གྲུབ་པས་ན། དྲི་མ་ཀུན་འཁྲུལ་པའི་ཆ་ཤས་ལས་མ་འདས་ཕྱིར། འཁྲུལ་པའི་ཆོ་རོལ་དུ་དེ་ཕྱིར་བཏགས་ཏེ་སྤྱིར་འཁྲུལ་པ་དེ་ལྟར་ལ་ཡང་བདག་འཛིན་ཉོན་མོངས་རང་ཁ་ཡི་རྣམ་པར་རྟོག་པས་སྤྱད་པ་ལ་ཉེས་སྤྱོད་ཞེས་དང་། མ་འཁྲུལ་པའི་ཆོས་ཉིད་ཀྱི་ལམ་ལ་དམིགས་པའི་རྣམ་རྟོག་གི་སྤྱད་པའི་ལས་ལ་ལེགས་སྤྱོད་ཞེས་སུ་བཟུང་བར་བྱ་སྟེ། དེ་ཡི་ཕྱིར་བྱ་བ་ལེགས་ཉེས་སྣ་ཚོགས་ལ་སྤྱོད་ཞེས་པའི་དོན་དེས་བསྟན་པ་ཡིན་ལ། བདག་གི་རྟོག་པ་བརྗོད་པ་མཐའ་དག་ཡང་རང་ཚུལ་དེ་ལས་མི་འདའ་བས་ན། ཁོ་བོའི་ལོ་རྒྱུས་རྣམ་ཐར་མཐར་ཆགས་སུ་བཀོད་པ་ཀུན་གྱི་སྤྱི་དོན་དུ་འདི་ཉིད་བཞག་པ་ཡིན་གྱི་ཀུན་ཏུ་ངེས་པར་བྱ་ལ། དེ་ལྟ་ན་ཡང་དེང་སང་ཁ་ཅིག་གྲུབ་རྟགས་ལ་ཐོགས་པ་མེད་ཚུལ་དང་། ཡི་དམ་ཞལ་གཟིགས་ཤིང་མཁའ་འགྲོའི་གསང་ལུང་ཕེབས་པ་ཡིན་ཞེས་དང་། མངོན་མཁྱེན་སྒྲིབ་མེད་ཡོད་ཅེས་སྙན་པའི་རྔ་སྒྲ་དྲག་ཏུ་རྒོད་པར་བྱེད་ན་ཡང་བདག་ནི་དེ་ལྟ་བུའི་ཡོན་ཏན་མཚར་དུ་དངར་བ་གང་ཡང་ངོམ་རྒྱུ་མེད་ཀྱི། ཅི་ཕྱིར་ཞེ་ན་ཡེ་ཤེས་ཀྱིས་རྣམ་ཤེས་ཟིལ་གྱིས་གནོན་པ་སྣང་སེམས་རོ་མཉམ་དུ་མ་ཤར་བས་གྲུབ་རྟགས་གཞན་ལྟ་ཅི། དགུན་གྱི་ཟན་འཁྱག་ལ་སྭོས་ཐེབ་པའི་གྲུབ་རྟགས་ཙམ་ཡང་མེད་ལགས། དེ་བཞིན་སྒྲིབ་གཉིས་ཀྱི་བག་ཆགས་འཐུག་པོས་གཡོགས་པས། ཡི་དམ་གྱི་ལྷ་ཞལ་དངོས་སུ་ནི་ཅི་ལ་མཇལ། མཁའ་འགྲོའི་ལུང་བསྟན་ནི་དམ་ཚིག་གཙང་མ་ལ་འབྱུང་བར་གསུང་པས་བདག་ནི་དམ་ཚིག་དེང་སང་དུས་ལ་དཔགས་པའི་བསྲུང་ལུགས་རང་བློས་ཅི་ནུས་བྱས་ཀྱང་སྔོན་བྱོན་དམ་པའི་རྣམ་ཐར་ལ་དཔགས་ན་གཞུང་ནས་གསུང་བཞིན་ཕྲ་རགས་མཐའ་དག་ཚུལ་བཞིན་ནི་འགྲུབ་པར་དཀའ་བས་མཁའ་འགྲོས་གསང་ལུང་བསྟན་པ་ཡང་ཁོ་བོ་ཅག་ལྟ་བུར་ཤིན་ཏུ་དཀོན་མོད། མངོན་པར་ཤེས་པ་ནི་བླ་མ་ལྷ་ཡི་བྱིན་བརླབས་ཞུགས་པའི་སྟོབས་ནི་གཞིར་བཞག གནས་སྐབས་ཞི་གནས་ལྷག་མཐོང་ཡུན་དུ་བསྒོམ་པ་དང་རྩ་རླུང་ཐིག་ལེ་ལ་སྦྱངས་པ་འབད་བརྩོན་བགྱིས་པའི་གསལ་སྣང་དང་། སྔོན་ནས་སྒྲིབ་པ་བག་ཆགས་ཀྱིས་སྲབ་པས་གཞན་རྒྱུད་ཤེས་པ་སོགས་མངོན་ཤེས་རྗེས་མཐུན་ཆེ་འབྲིང་ཆུང་ངུ་ཇི་རིགས་ཡོང་བར་གསུངས་ཀྱང་བདག་ལ་ནི་ཡོན་ཏན་དེ་རྣམས་མི་ལྡན་པས་མངོན་ཤེས་ཀྱི་རིགས་ཅི་ལ་བདོག དེས་ན་མངོན་གྱུར་གྱི་ཡོན་ཏན་དེ་འདྲ་མེད་བཞིན་ཡོད་བརྫུ་བའི་མི་ཆོས་བླ་མའི་རྫུན་གྱི་རྩ་བའི་ཕམ་ལྟུང་བསྒྲུབ་ནས་མནར་མེད་དམྱལ་བའི་བུད་ཤིང་དུ་སྐལ་པར་སྡོད་ནུས་པའི་སྙིང་ཁམས་ནི་མེད་པས་སྨྲ་བར་ག་ལ་སྤོབས། དེས་ན་ལོ་རྒྱུས་སམ་རྣམ་ཐར་ནི་གདུལ་བྱའི་དྭངས་བ་འདྲེན་པའི་ཆེད་དུ་ཡིན་ཀྱང་། ངེད་ལ་ནི་ངོ་མཚར་བའི་གཏམ་མང་པོ་བརྗོད་དུ་མེད་པས་ན་ཁོ་བོའི་ངང་ཚུལ་ལ་སུས་ཀྱང་རེ་ཆེ་མ་བྱེད་ཅིག དེ་ལྟ་ན་བརྗོད་རིན་མི་ཆོག་བཞིན་དུས་ཀྱི་གྲོན་དུ་ཇི་ཕྱིར་འབྲི་ཞེ་ན་རྨོངས་ཞེན་ཅན་མང་པོས་ཁྱོད་ཀྱི་རྟོག་པ་བརྗོད་པར་གྱིས་ཞེས་ཡང་ཡང་རྣ་བའི་ཚེར་མར་གྱུར་པ་སེལ་བའི་སླད་དང་རང་ཉིད་ཀྱི་བྱ་བ་མ་ནོར་བ་དང་། ནོར་འཁྲུལ་དུ་གྱུར་པ་གསོང་པོར་བརྗོད་པ་ལ་བརྟེན་གཞན་རྣམས་ཀྱིས་སྤང་བླངས་ཀྱི་འཇུག་སྒོ་ལ་ཕན་པར་ཡང་སྲིད་བསམ་ནས་རང་ཉིད་ཀྱི་ངང་ཚུལ་རྣམ་དཀར་གྱི་བག་ཆགས་ཅུང་ཟད་སད་པས་རང་སེམས་དམུ་རྒོད་དུ་མ་བཏང་བར་ཆོས་ཕྱིར་ཞུས་དག་རང་བློས་ཅི་ལྕོགས་སུ་བགྱིས་ནས་ཐར་ལམ་ལ་བློ་ཁ་ཅུང་ཟད་ཕྱོགས་པའི་ངང་ཚུལ་ལྷུག་པ་སྒྲོ་སྐུར་དང་བྲལ་བ་རང་རྒྱུད་རང་གི་ཆེ་བ་ནས་ཆ་ཤས་ཕྲ་མོ་ཞིག་ངོ་མཚར་ཡོད་མེད་གང་ལྟར་ཡང་བརྗོད་པར་བྱ་སྟེ། དེ་ཡང་དམ་པ་རྣམས་ནི་ཡོན་ཏན་ཡོད་ཀྱང་ཁེངས་སྐྱུང་གི་མེད་པར་བརྫུ་བར་མཛད་ཅིང་། དམ་པ་མ་ཡིན་པ་རྣམས་ཡོན་ཏན་མེད་ཀྱང་ཡོད་པར་བརྫུ་བས་དུས་འདའ་བ་རང་རང་གི་ངང་ཚུལ་དུ་གྲུབ་མོད། ཁོ་བོ་ནི་དམ་པ་མཆོག་མ་ཡིན་པར་རང་གིས་རང་ལ་ངེས་པ་རྙེད་པ་ཞིག་ལགས་པས་ངོ་མཚར་ཡོན་ཏན་མེད་ལ་དེ་ཡིས་ཁེངས་སྐྱུང་ནི་མ་དགོས། ཉོན་མོངས་རང་རྒྱུད་ཀྱི་ང་རྒྱལ་ནི་མགོ་བསྙིལ་གང་ཐུབ་དགོས་རྒྱུར་གདའ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་ཅིང་དུས་སྙིགས་མ་ཉོན་མོངས་ཧྲག་པའི་སྐབས་སུ་སྐྱེས་པས་མགོ་བསྙལ་བའང་དཀའ་པོར་གདའ། དམ་པ་མ་ཡིན་ཀྱང་རང་གི་སྔོན་བསགས་བསོད་ནམས་དང་རྩ་བའི་བླ་མའི་ཐུགས་རྗེ་ལ་བརྟེན། རྒྱལ་བའི་གསུང་ལ་ཡིད་ཆེས་པས་རང་འདོད་སྙིང་ལ་གབ་ནས་གཞན་མགོ་བསྐོར་བའི་ཟག་ཟོག་གི་བྱ་བ་ནི་བྱེད་པར་མི་འགྱུར་ཞིང་སྔར་ཡང་དེ་འདྲ་སྤྱོད་པའི་ལས་ལ་འགྱོད་དགོས་སུ་གྱུར་པ་ཡང་མ་མཆིས། དེས་ན་རང་གི་ཆ་རྒྱུས་ལ་རང་ཉིད་ཞིབ་པས་རང་མྱོང་ཐུན་མོང་མ་ཡིན་པ་ཆ་ཤས་རེ་ཡང་གླེང་ན་ཉེས་པར་མི་སེམས་ལ་དྲང་པོར་བརྗོད་པའི་གཏམ་ནི་གཤིན་རྗེ་ཆོས་རྒྱལ་གྱི་སྤྱན་སྔར་བྲིན་པར་གྱུར་པ་དང་། སྒྲོ་བསྐུར་མེད་པ་འདི་ནི་དེ་བཞིན་གཤེགས་པས་ཀྱང་གནང་བར་གྲགས་མོད། འོན་ཀྱང་མདོ་ནས་དགེ་བ་གཟུགས་བརྙན་པར་གསུང་པའི་རྣམ་པ་སྒྲོ་བསྐུར་བྲལ་བའི་གཏམ་ཡིན་པ་ལ། ངོ་བོས་འགྲོ་བ་ལོག་ལམ་དུ་བཀྲི་བ་དང་གསང་སྔགས་ཀྱི་ཚིག་ཁྲོམ་དུ་འཁྱར་བ་སོགས་ནི་མི་རུང་གི །དེ་དག་གིས་ངན་འགྲོ་མི་བཟོད་པའི་རྒྱུ་བསགས་པའི་ཕྱིར་རོ། །དེས་ན་བྱ་བྲལ་རིག་སྔགས་འཆང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འདི་ལ་ཡང་དེ་ལྟ་བུའི་སྐྱོན་གྱིས་སྦགས་པ་མཆིས་སྲིད་ན་དཔང་གྱུར་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་ཀྱི་འདི་ཕྱིའི་སྒྲིབ་པ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་རྩོམ་པར་དམ་བཅའ་ནས་བརྗོད་པའི་དངོས་པོ་ལ། སྤྱི་དོན་གསུམ་དུ་བཞག་སྟེ། དེ་ཡང་ཁོ་བོ་ཀུན་གཞི་བག་ཆགས་ཅན་གྱི་ཡིད་ལུས་རིགས་དྲུག་གི་དུཿཁ་ཡང་ཡང་ཟོ་འཁྱུད་འཁོར་མར་བརྒྱུད་བཞིན་པ་ལས་གནས་སྐབས་དུས་ཉི་ཚེ་བ་འདི་ལ་སྐུ་སྐྱེར་བཏགས་པའི་གཏམ་འོལ་སྤྱིའི་རྗེས་སུ་འབྲང་སྟེ་སྔོན་གྱི་གནས་ཅུང་ཟད་གླེང་བ་འཕྲོས་ཐུང་ཙམ་དང་། སྐྱེ་བ་འདིར་སྔོན་གྱི་ལས་སྨོན་འཕྲལ་གྱི་རྐྱེན་ལ་བརྟེན་ནས་ད་ལྟ་ཡན་ཆད་ལེགས་ཉེས་ཀྱི་འཇུག་སྒོ་སྣ་ཚོགས་སྤྱད་པ་ལས་འཕྲོས་པའི་གཏམ་རགས་པ་ཞིག་བརྗོད་པ་དང་། ཕྱིན་ཆད་ཐར་པ་མཆོག་ཏུ་གྱུར་པའི་དམ་པའི་ཆོས་ལ་བློ་གཞོལ་ནས་ལྷག་བསམ་གྱི་གཞན་ཕན་རྒྱ་ཆེན་པོ་སྒྲུབ་པར་སྨོན་པའི་གཏམ་གྱི་སྦྱོར་བ་ཅུང་ཟད་སྤེལ་བ་སྟེ། དེ་ལྟར་དོན་ཚན་གསུམ་དུ་གྱུར་པ་དེ་ཀུན་གྱི་སྤྱི་ཆིངས་ཀྱི་ཚུལ་དུ་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་ས་བོན་ཙམ་ཞིག་ཐོག་མར་བཀོད་པར་བྱ་ལ།

རི་ཐང་མཚམས་ཀྱི་སྨན་མཆོག་ལས་གཞི་ལམ་འབྲས་བུའི་རྣམ་པར་གཞག་པའི་སྐབས།

དེ་ཡང་ཇི་ལྟར་ཞེ་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་ཀྱི་འཆར་གཞི་ཐོག་མ་མཐའ་མ་མེད་པ་དུས་བྲལ་གཉུག་མ་ལ་གདོད་མའི་མིང་བཏགས་པ་ཡང་ནི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འདུས་མ་བྱས་པ་སྨྲ་བསམ་བརྗོད་པའི་ཡུལ་མཐའ་དག་ཡེ་སྟོང་རྩ་བྲལ་ཀ་ནས་དག་པ་ཆོས་ཀྱི་རང་བཞིན་གྱི་འོད་གསལ་བ་གཞི་དབྱིངས་ཆེན་པོ་དེ་ལས་གཞི་སྣང་ལྷུན་གྱིས་གྲུབ་པའི་སྒོ་མ་འགགས་ཅིར་ཡང་འཆར་བས་ཡེ་ཐོག་གདོད་མའི་ཀུན་ཏུ་བཟང་པོ་གཞི་ལས་འཕགས་པ་གཞི་སྣང་གི་དག་པ་རང་རིག་ཡེ་ཤེས་ཆེན་པོའི་སྒོར་ཞུགས་ནས་སྒྲིབ་པས་གོས་མ་མྱོང་རེག་མ་མྱོང་འཁྲུལ་མ་མྱོང་བར་མ་འཁྲུལ་རང་ངོ་རང་ཤེས་རྒྱལ་བ་ཡོངས་ཀྱི་སྤྱི་དཔལ་སྤྱི་མེས་ཡོངས་གྲུབ་ཐིག་ལེ་ཆེན་པོར་རང་སངས་རང་རྒྱས་ཀུན་ཏུ་བཟང་པོ་མཆོག་ཏུ་གྲུབ་ཅིང་།གྲུབ་པ་དེ་ལས་མ་གཡོས་བཞིན་དུ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཁྱབ་བརྡལ་ཟངས་ཐལ་ཆེན་པོར་སྣང་སྲིད་ཡོངས་ཀྱི་མགོན་དང་བཅུད་དང་དྭངས་མ་སྙིང་པོ་དམ་པར་བཞུགས་པའི་བྱིན་བརླབས་ཐུགས་རྗེའི་ནུས་པ་ལ་བརྟེན་ནས། ནམ་མཁའི་མཐར་ཐུག་པའི་རིས་མེད་པའི་འགྲོ་བ་མཐའ་དག་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་འབྲས་བུ་སྒྲུབ་རུང་ལ་བསྒྲུབ་པའང་གློ་བུར་འཁྲུལ་རྟོག་གིས་ཤུན་པ་བསལ་བར་བྱེད་ནས་རང་རིག་བདེ་གཤེགས་སྙིང་པོ་གདོད་ནས་བཞུགས་པ་དེ་ཉིད་མངོན་དུ་བྱེད་པ་ལས་གཞན་མ་ཡིན་གྱི། གློ་བུར་གྱི་དྲི་མ་བསལ་བར་བྱེད་པ་བདེ་གཤེགས་སྙིང་པོའི་མདངས་འོད་སྟེ་ཐབས་ཀྱི་རྒྱུད་ཞེས་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོའི་འཕྲིན་ལས་རང་བྱུང་གི་སྣང་བས་གྲུབ་པར་གྱུར་པ་དེ་ཡི་སེམས་ཅན་མཐའ་དག་བྱང་ཆེན་གྱི་ས་ལ་སྦྱོར་བར་བྱེད་ཅིང་གློ་བུར་གྱི་དྲི་མ་ཅན་དང་དྲི་མ་དག་རིམ་པ་སོ་སྐྱེས་མོས་སྤྱོད་དང་། མཐོང་སྒོམ་རྒྱུན་མཐའི་འཕགས་པ་ཐེག་ཆེན་པས་དང་གཞན་ཉན་ཐོས་སྐྱེ་འཕགས་དང་རང་རྒྱལ་འཕགས་པ་སོགས་སྤང་རྟོགས་མཐོ་དམན་ལ་བྱུང་བའི་རྣམ་པ་འབྱམས་ཀླས་པ་དང་སངས་རྒྱས་ཀྱི་སྒྱུ་འཕྲུལ་གང་ལ་གང་འདུལ་གྱིས་སྐུ་བསམ་གྱིས་མི་ཁྱབ་པ་གདུལ་བྱའི་དོན་དུ་སྣང་བར་མཛད་པའང་སྟེ། དེ་ཡི་ཚུལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་གྱིས་དམིགས་བསམ་བློ་ཡུལ་ལས་འདས་པ་ཉིད་དུ་གྲུབ་མོད། མཐར་ཐུག་བསྒྲུབ་པའི་འབྲས་བུ་ཞེས་པ་ཡང་རང་གི་ངོ་བོ་བྲི་བ་དང་གང་བ་མེད་པ་གདོད་མ་ནས་ལྷན་ཅིག་སྐྱེས་པ་བདེ་གཤེགས་སྙིང་པོའི་མཚན་ཅན་རང་བྱུང་རིག་པ་ཟབ་གསལ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ངེས་པའི་དབྱིངས་གང་ཡིན་པ་དེ་མངོན་དུ་གྱུར་ཅིང་རང་སར་གྲོལ་བ་ལ་འབྲས་བུ་སྤང་བ་དང་རྟོགས་པའམ་བྲལ་བའམ་སྨིན་པ་མཐར་ཐུག་པ་གཙང་བདེ་རྟག་པ་བདག་གི་ཕ་རོལ་ཏུ་ཕྱིན་པ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ཞེས་བྱའོ། །དེ་ལྟར་སངས་རྒྱས་པ་རྣམ་པ་ཙམ་དུ་གཟུགས་སྐུ་གདུལ་བྱ་ཞིང་ཁམས་སྨོན་ལམ་ཐ་དད་པ་ལྟར་སྣང་ཡང་། དོན་དམ་པར་ཆོས་ཀྱི་སྐུ་རོ་མཉམ་པ་ཉིད་དང་གཉིས་སྣང་ལས་འདས་པས་ཐམས་ཅད་ངོ་བོ་གཅིག་པ་ཁོ་ན་ཡང་ཡིན་ཏེ། དེ་ཡང་དང་པོའི་བློ་ཅན་གྱི་བློ་ཡུལ་དུ་རེ་ཞིག་གོ་བདེ་བར་བཀྲི་བའི་ཆེད་དུ་ཕྱོགས་ཙམ་མཚོན་པར་སྨོས་ན། དཔེ་ནི་རྣལ་འབྱོར་རྨི་ལམ་སྤྲུལ་བསྒྱུར་བྱང་བ་ཞིག་གི་ལུས་ཀྱི་བཀོད་པ་གཅིག་ཆར་དུ་བཞི་དང་། བརྒྱད་དང་། བཅུ་དྲུག་གིས་མཚོན་ཅི་ཙམ་སྤྲུལ་པ་དེ་རྣམས་བྱ་བྱེད་རྣམ་འགྱུར་མི་འདྲ་བ་རེ་རེ་བྱེད་པར་བསྟན་ཡང་། ངོ་བོ་རྨི་ལམ་གྱི་སྐྱེས་བུ་གཅིག་གི་ཆོ་འཕྲུལ་དུ་སྣང་བ་དང་འདྲ་སྟེ། དེ་ལྟར་རྣལ་འབྱོར་པས་རྨི་ལམ་དང་དངོས་ཀྱང་རུང་ལུས་ཀྱི་བཀོད་པ་དེར་གཉིས་སྣང་འགགས་པ་ཡང་མ་ཡིན་ལ། དེ་བས་ཀྱང་གྲུབ་པ་ཐོབ་སྟེ་ས་དང་པོ་ལ་གནས་པ་ཞིག་གི་ལུས་བརྒྱ་ཕྲག་ཏུ་སྣང་ནས་སངས་རྒྱས་ཀྱི་ཞིང་བརྒྱར་ཞུགས་པ་སོགས་ཀྱང་གཉིས་སྣང་དངོས་སྤངས་ཟིན་ཡང་བག་ཆགས་ཕྲ་མོའི་རྒྱུན་ཙམ་ནི་ཡོད་པས་ས་གཞན་རྣམས་ཀྱང་མཚོན་ལ། སངས་རྒྱས་ཀྱི་གནས་སྐབས་སུ་གཉིས་སྣང་གཏན་ནས་སྤང་པ་ཡི་གསང་བ་གསུམ་ཡང་མཁའ་ཁྱབ་ཏུ་གྱུར་པས་ན། དོན་དམ་པར་སངས་རྒྱས་རྣམས་གཅིག་དང་ཐ་དད་ཀྱི་དབྱེ་བས་དཔྱད་དུ་མེད་ལ། དེས་ན་དམིགས་པའི་ཡུལ་ལས་འདས་ཤིང་བསམ་གྱིས་མི་ཁྱབ་པའི་གནས་སུ་ཡང་དག་པར་ཤེས་བྱ་བའི་ཡུལ་ལོ། །

རི་ཐང་མཚམས་ཀྱི་སྨན་མཆོག་ལས་གཞི་ལམ་འབྲས་བུའི་སྡོམ་བཀོད་པའི་སྐབས།

འདིར་སྨྲས་པ། ཀུན་གཞི་ཀུན་ལ་ཁྱབ་པའི་ངོ་བོ་ཉིད། །ཀ་དག་གདོད་མའི་ཡེ་ཤེས་གནས་ལུགས་དོན། །མ་འཁྲུལ་རང་བྱུང་སངས་རྒྱས་ཀུན་ཏུ་བཟང་། །ཉག་གཅིག་ཟང་ཐལ་ཀུན་ཁྱབ་བདེ་བ་ཆེ། །སྤྲོས་བྲལ་འོད་གསལ་གཡོ་མེད་མཉམ་ཡངས་ངང་། །འབད་རྩོལ་མེད་པར་འགྲོ་དོན་རྒྱུན་མི་ཆད། །རྒྱ་ཆེན་མཛད་པ་ནམ་མཁའི་ཕ་མཐར་ཐུག །རྣམ་པ་ཐམས་ཅད་ཆོས་སྐུའི་ཀློང་ཉིད་ལས། །བརྟག་དཔྱད་བློ་ཡི་ར་བ་ལས་འདས་ཏེ། །འཁོར་འདས་རོ་མཉམ་གཅིག་དང་ཐ་དད་བྲལ། །གློ་བུར་གཉིས་སྣང་དྲི་མས་བཅིངས་པ་ལ། །འཁོར་འདས་སོ་སོར་བདེ་སྡུག་བདེན་པར་གྲུབ། །རྨི་ལམ་སྒྱུ་མའི་འཁྲུལ་འཁོར་ངོ་ཤེས་བཞིན། །གཉིས་སྣང་རང་གི་ངོ་བོས་མ་གྲུབ་པས། །ངོ་བོས་གཞན་སྟོང་ཆོས་དབྱིངས་སྙིང་པོའི་ཁམས། །དུས་གསུམ་འཕོ་འགྱུར་བྲི་གང་མེད་པ་སྟེ། །གང་དེའི་རང་ཉིད་རྟོག་མེད་དབྱིངས་འཇོག་ན། །རྟོག་བཅས་དྲི་མ་ཆོས་ཉིད་དབྱིངས་སུ་གྲོལ། །གཤིས་ལུགས་ཡེ་ཤེས་ཁམས་དམིགས་མཉམ་བཞག་ལ། །གོམས་པར་བྱེད་དེ་ལམ་ཞུགས་རྣལ་འབྱོར་གྲགས། །གློ་བུར་དྲི་མ་སངས་ནས་ཡེ་གདོད་མའི། །གནས་ལུགས་ཡོངས་གྲུབ་ཀྱི་ཆོས་དབྱིངས་ཆེན་པོ། །རང་ངོ་རང་གྲོལ་སྐུ་དང་ཡེ་ཤེས་ཀྱི། །རྩལ་ཁ་རྒྱས་ཚེ་འབྲས་བུ་ཞེས་སུ་གྲགས། །དེ་ལྟར་རྒྱུ་ལམ་འབྲས་བུ་དོན་དམ་ཁམས། །ཐིག་ལེ་ཡང་དག་གསང་བའི་དོན་འདི་ཉིད། །ཅུང་ཟད་གོ་ཡང་བློ་གྲོས་ཆེར་བསྐྱེད་ནུས། །ཚུལ་འདི་དེང་སང་གཞན་གྱིས་རྟོགས་དཀའ་ཡང་། །སྔོན་བསགས་ལས་སྨོན་རྩ་བའི་བླ་མ་ཡི། །ཐུགས་རྗེས་མཚམས་སྦྱར་ཤིང་རྟ་ཆེ་འགའ་ཡི། །བྱིན་རླབས་ཞུགས་མཐུས་ཚུལ་འདི་མ་ནོར་གོ །ཉུང་ངུའི་ངག་གིས་གསལ་དག་འདུས་པར་སྨྲས། །ཚེ་གང་ཐོས་བསམ་བྱས་པའི་ཡུས་ཅན་དང་། །ཚིག་སྐམ་སྐྱོར་འཛིན་རྟོག་གེས་སྦོས་སོགས་ཀྱིས། །རྙེད་པར་དཀའ་བའི་གནས་ཀུན་བླ་མ་ཡི། །རྣལ་འབྱོར་མཆོག་ལ་འབད་ན་རྟོགས་པར་ངེས། །ཞེས་སོ། །དེ་ལྟར་སྤྱི་ཆིངས་ཚུལ་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་མཆོག་བསྒྲུབ་པ་ལ་ཤེས་པར་བྱ་བའི་གནས་གཞི་ལམ་འབྲས་བུའི་རྣམ་གཞག་ས་བོན་ཙམ་བསྟན་ཟིན་ནས། ད་ནི་རང་ཉིད་ཀྱི་རྟོགས་པ་བརྗོད་པར་སྤྱི་དོན་རྣམ་པ་གསུམ་དུ་བཞག་པ་ཡི། །

རི་ཐང་མཚམས་ཀྱི་སྨན་མཆོག་ལས་སྐྱེས་རབས་སྔ་མ་རྣམས་སྤྱིར་བཤད་པའི་སྐབས།

དང་པོ་ཁྱོད་ཀྱི་སྔོན་གྱི་གནས་ཇི་ལྟ་བུ་ཞིག་ཡིན་དྲི་བར་བྱེད་པ་རྣམས་ལ། ཁོ་བོ་ཅག་གི་སྔོན་གྱི་གནས་སྐྱེ་བ་ཡིན་ལུགས་ད་ལྟའི་ངང་ཚུལ་འདི་ཡི་རྗེས་སུ་དཔག་སྟེ་སྒྲོ་སྐུར་བྲལ་བར་སྨྲ་ན་འདི་ལྟ་སྟེ། དེ་ཡང་གདོད་མའི་རང་བཞིན་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཞི་དམིགས་བསམ་བརྗོད་པའི་ཡུལ་དང་བྲལ་ཞིང་། དུས་དང་ཆ་དང་ཕྱོགས་ལས་འདས་པ་སྟེ་མཚན་ཉིད་རྒྱུ་ཡི་ཐེག་པར་དོན་དེ་འཁོར་བ་ཐོག་མ་མེད་པ་ཞེས་སུ་བཏགས་བཞིན་ལས་གཞི་ལས་འཕགས་ཏེ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་ལས་ཤིན་ཏུ་ཕྲ་བའི་རླུང་གིས་ཅུང་ཟད་བསྐྱོད་པ་ལ་བརྟེན་རང་ངོ་མ་ཤེས་པས་མ་དག་འཁོར་བའི་སྒོར། རླུང་སེམས་རང་བཞིན་རྟོགས་ཚོགས་ཉོན་མོངས་རགས་པ་ལ་བརྟེན། སྣོད་བཅུད་རྟེན་བརྟེན་ཚུལ་དུ་ཤར་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་ལུ་གུ་རྒྱུད་བར་མེད་དུ་བརྒྱུད་དེ་ཁམས་གསུམ་འཁོར་བར་ཡང་ནས་ཡང་དུ་འཁོར་བའི་དུཿཁས་མནར་ཏེ། དེ་ཡང་རེས་ཞེ་སྡང་གི་དབང་གིས་དམྱལ་བར་སྐྱེས་ཏེ་ཚ་གྲང་གི་སྡུག་བསྔལ་ཚད་བཟུང་མེད་པར་ཡང་མྱོང་བར་བྱས་ཤིང་། དེ་བཞིན་རེས་སེར་སྣ་འཇུར་གེགས་དབང་གིས་ཡི་དྭགས་སུ་སྐྱེས་ནས་བཀྲེས་སྐོམ་སོགས་ཀྱིས་མནར་བ་དང་། རེས་གཏི་མུག་དབང་གིས་བྱོལ་སོང་གི་སྐྱེ་སྒོ་གྲངས་མེད་པར་རྨོངས་ཞིང་བཀོལ་སྤྱོད་སོགས་སྡུག་བསྔལ་ཚད་ལས་འདས་པ་དང་། རེས་ཕྲག་དོག་དབང་གིས་ལྷ་མིན་གྱི་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཆེན་པོས་མནར་བ་དང་། རེས་ང་རྒྱལ་དབང་གིས་ལྷ་ཡི་འཆི་འཕོ་ལྟུང་བ་སོགས་སྡུག་བསྔལ་དུ་མས་མནར། རེས་འདོད་ཆགས་དབང་གིས་མི་ཡི་སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་སྣ་ཚོགས་པས་མནར་བ་དེ་ལྟར་སྡུག་བསྔལ་གྱི་གནས་སུ་རེས་མོས་ཀྱིས་མནར་ཏེ། དེ་ཡང་རེས་དམྱལ་བ་སོགས་སུ་སྐྱེ་བ་གཅིག་ཁོ་ནའི་ཡུན་ཚད་ཀྱང་བསྐལ་ཆེན་གྲངས་མེད་དང་། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་སུ་བར་མཚམས་མེད་པར་སྡུག་བསྔལ་བས་དོས་དྲག་ཏུ་མནར་བ་དང་། རེས་ནི་ཉིན་རེ་ཡི་ཡུན་ཚད་ལ་སྐྱེ་འཆི་བརྒྱ་ཕྲག་མང་པོ་བྱས་ནས་སྡུག་བསྔལ་དྲག་པོས་མནར་བ་དང་། ཡང་རེས་ནི་ལྟས་དབང་དགེ་བ་ཆ་མཐུན་པར་སྤྱོད་པའི་མཐུ་ལ་བརྟེན། མཐོ་རིས་སུ་རྒྱལ་པོ་དང་། བློན་པོ། བཙུན་མོ། ཁྱིམ་བདག བྲམ་ཟེ། དམ་པ་༼དམངས༽ཕལ་པ་སོགས། བདེ་བའི་འབྱོར་པ་ཕུན་སུམ་ཚོགས་པ་མྱོང་ཞིང་མཐར་སྙིང་པོ་མེད་པར་སླར་ཡང་དགེ་བའི་འཕེན་པ་རྫོགས་ནས་སྡུག་བསྔལ་དྲག་པོས་མནར་བ་དང་། རེས་ནི་སྐྱེ་བ་གཅིག་ལ་ཡང་བདེ་སྡུག་གི་མྱོང་བ་ལྷ་མིའི་དབང་པོའི་བདེ་བ་ལྟ་བུ་དང་མནར་མེད་དམྱལ་བའི་སྡུག་བསྔལ་ལྟ་བུ་སྤེལ་མས་མནར་བ་དང་། ཡང་སྐབས་སུ་ནི་འཇིག་རྟེན་པའི་བསམ་གཏན་ཐོབ་སྟེ་དེ་ཡི་རོ་ལ་མྱོང་ནས་བསྐལ་ཆེན་མང་པོར་གནས་པ་དང་། དེ་བཞིན་རེས་ནི་སེམས་ལ་བྱུང་ཚོར་གྱི་རྟོག་པ་དང་དྲན་སེམས་མེད་པ་ལུང་མ་བསྟན་གྱི་ངང་དུ་བསྐལ་པ་གྲངས་ཅན་དང་གྲངས་མེད་དུ་གནས་ནས་དེ་ལས་སད་དེ་སླར་སྡུག་བསྔལ་ལ་སྤྱོད་པ་སྟེ། མདོར་ན་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་དུ་བདེ་བ་མྱོང་ཡང་ཡིད་བརྟན་མ་ཐུབ། སྡུག་བསྔལ་མྱོང་ཡང་དེ་ལས་གཞན་དུ་གྱུར་པའི་གོ་སྐབས་ཀྱང་མ་རྙེད་ཅིང་། དེ་དང་དེ་ལྟ་བུའི་བར་མཚམས་མེད་པར་འཁོར་བའི་བདེ་སྡུག་ལྟར་སྣང་ཇི་ལྟར་སྣང་ཡང་དོན་དུ་སྡུག་བསྔལ་གསུམ་ལས་མ་འདས་པར་འཁོར་བ་མཐའ་མེད་དུ་འཁྱམས་ཞེས་དུས་དང་ཡུན་ཚད་བཟུང་ལས་འདས་ཤིང་། མདོར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་མཐའ་དང་མུ་མེད་པ་འདིར་སྐྱེས་འདིར་མ་སྐྱེས་ཞེས་བརྗོད་དུ་མེད་ཅིང་། དེ་བཞིན་ས་ཡི་ཕྱོགས་འདིར་སྐྱེས་འདིར་མ་སྐྱེས་ཞེས་ཀྱང་བརྗོད་པར་མི་ནུས་ལ། བདག་ཉིད་ཀྱང་ས་ཕྱོགས་ཡུལ་ཕྱོགས་གང་དང་གང་དུ་སྐྱེ་འཆི་མ་བྱས་པའི་གནས་ཅུང་ཟད་ཀྱང་མེད་པར་རྒྱལ་བས་གསུང་བཞིན་པ་སྟེ། དེ་ལྟར་སྐྱེ་འཆི་ཤ་ཁྲག་གི་ལུས་ཅན་ཁོ་ན་བླངས་པའི་གཟུགས་ཕུང་ཡང་བསགས་སུ་ཡོད་ན། མི་མཇེད་འཇིག་རྟེན་ཁམས་འདིར་སྐྱེས་པ་འབའ་ཞིག་གི་ཤ་དང་རུས་པ་བསགས་པས་ཀྱང་མི་མཇེད་འདི་ཡི་ས་གཞི་རི་རབ་རྣམས་ཀྱི་གཏོས་དང་མཉམ་ལ། རྣག་ཁྲག་ཀྱང་རྒྱ་མཚོ་ཆེན་པོ་ཇི་ཙམ་པའི་ཚད་དུ་འགྱུར་ན་འཇིག་རྟེན་ཁམས་གཞན་གང་དང་གང་དུ་སྐྱེས་པ་ཡང་དེ་སྙེད་ཀྱི་རིག་པས་དེ་དང་མཐུན་པ་ཉིད་དོ། །ཇི་སྐད་དུ། ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་ལས་འདས། །ཞེས་པ་ལྟར་རོ། །དོན་དེ་ཡིས་སེམས་ཅན་ཐམས་ཅད་ཀྱི་བདག་གི་མ་མ་བྱས་པ་ཡང་མེད་ལ། ཕ་མ་བྱས་པ་ཡང་མེད་པ་ཁོ་ནའོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟ་ལ་ཐུག་གི་བར་བྱས་པ་དོན་མེད་འཁོར་བ་མཐའ་མེད་ཀྱི་རྒྱ་མཚོ་ཆེན་པོར་སྤྱོད་པས་ཨ་ཐང་ཆད་པ་ནི་བདག་སོགས་སེམས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འཁྲུངས་རབས་སམ་སྐྱེས་རབས་དེ་ལས་མ་འདས་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་གསུང་གི་རྗེས་སུ་འབྲང་ནས་འཁོར་བའི་གནས་ལུགས་སམ་ངང་ཚུལ་དེ་ལྟ་བུར་ཤེས་པར་བྱས་ནས་ཉིན་མཚན་མེད་པར་འཁོར་བ་ལ་སྐྱོ་ཤས་དྲག་ཏུ་བསྐྱེད་དེ། ངེས་པར་འབྱུང་བ་ཐར་པའི་ལམ་ལ་གཞོལ་བར་འོས་སོ་ཞེས་རང་གཞན་མཐའ་དག་ལ་གདམས་པའོ། །

སྨྲས་པ། འཁོར་བའི་རང་བཞིན་ངོ་བོ་མ་གྲུབ་ཀྱང་། །འཁོར་བའི་གནས་ཚུལ་སྣ་ཚོགས་སྡུག་བསྔལ་སྤྱོད། །འཁོར་བ་ཐོག་མ་དུས་ཀྱི་དམིགས་ཡུལ་འདས། །འཁོར་བ་སྤྱི་བཙན་མཐའ་མ་མེད་གནས་ཀྱང་། །གང་ཟག་སྒོས་བཙན་འཁོར་བ་ཐ་མ་ཡོད། །ཐར་པ་ཐོབ་ཚེ་འཁོར་བའི་འཁྲུལ་འཁོར་འཇིགས། །འཁོར་བས་ཡུན་རིང་དུབ་པའི་སྐྱེས་བུ་ཁྱོད། །ད་ནི་ཐར་པའི་ལམ་དུ་གཞོལ་བར་གྱིས། །དེ་སྐད་རང་ཉིད་ཆོས་དང་མཐུན་དཀའ་ཡང་། །གཞན་བློ་ཆོས་ལ་བསྐུལ་བའི་ལྷག་བསམ་ཅན། །ནེ་ཙོ་བཞིན་དུ་སྨྲ་བ་ལ་དགའ་བ། །ཚེ་དབང་ནོར་བུ་དཔལ་དེའི་གླུ་དབྱངས་ཡིན། །དེ་ལྟར་ལས་བདག་གི་སེམས་ཀྱི་རྒྱུན་དེ་འཁོར་བའི་དུཿཁས་མནར་བཞིན་པ་ལས་ནམ་ཞིག་ན་སྟེས་དབང་གིས་དགེ་བ་རྗེས་མཐུན་པ་མང་དུ་སྤྱད་པའི་མཐུ་ལ་བརྟེན་དེ་སངས་རྒྱས་ཀྱི་མཚན་ལན་ཅིག་ཁོ་ན་རྣ་བར་གསལ་པོར་ཐོས་པར་གྱུར་པའི་ཕན་ཡོན་ལས། བདེ་གཤེགས་སྙིང་པོའི་ཁམས་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་རིགས་ཀྱི་ནུས་པ་ཅུང་ཟད་སད་པའི་རྐྱེན་དུ་བྱས་ནས། དུས་དེ་ནས་བརྩམ་མཐོ་རིས་གནས་སུ་སྐྱེ་བ་དུ་མ་བླངས་ནས་དགེ་བའི་རྒྱུ་ཚོགས་ལ་སྤྱོད་པར་གྱུར་ཞིང་། སྔོན་གྱི་ལས་ཀྱི་ལྷག་མས་མི་དགེ་བ་ཡང་སྤྱད་པས་སྐབས་དང་སྐབས་སུ་ངན་སོང་དུ་སྡུག་བསྔལ་གྱི་ཚོར་བ་ཡང་མྱོང་བར་གྱུར་ཏོ། །དེ་ལྟ་ལས་ནམ་ཞིག་ན་དགེ་བའི་རྒྱུ་ཚོགས་མང་དུ་བསགས་པའི་མཐུ་གང་རྒྱལ་བའི་ཐུགས་རྗེའི་འཇུག་པ་ལ་བརྟེན་རིགས་དྲུག་གི་གནས་གང་དུ་ཡང་རུང་བར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་མཇལ་ནས་དཀོན་མཆོག་གསུམ་ལ་མོས་པའི་བག་ཆགས་འཇོག་པའི་སྐལ་བ་ཅན་དུ་གྱུར་ཞིང་། དེ་ཡི་དགེ་བའི་མཐུ་ལ་བརྟེན་ཕྱིས་ཞིག་སངས་རྒྱས་ཀྱི་བསྟན་པར་ཞུགས་ནས་དམ་པའི་ཆོས་ཐེག་པ་ཆེན་པོ་ལ་སྤྱོད་པའི་སྐལ་བ་ཅན་དུ་གྱུར་ཅིང་དེ་ཡི་དགེ་བའི་མཐུ་ཆེན་པོ་ལ་བརྟེན་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་འབྲས་བུ་སྔགས་ཀྱི་ཐེག་པ་དང་མཇལ་བའི་རྟེན་བཟང་པོ་ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་ཁ་ཡར་ཐོབ་ཀྱང་ལེ་ལོའི་དབང་གི་བརྩོན་པ་ཆེན་པོས་ཚེ་གཅིག་སངས་རྒྱས་ཀྱི་སར་བགྲོད་པར་མ་བྱས་རུང་། བླ་མ་ལ་མོས་གུས་དང་ལྡན་ཅིང་སྨོན་ལམ་བཟང་པོས་བག་ཆགས་བཞག་པ་ཙམ་བྱས་པས་དེ་ཡི་མཐུ་ལ་བརྟེན་ད་ལྟ་ཡང་དལ་འབྱོར་གྱི་རྟེན་བཟང་པོ་རྙེད་པར་གྱུར་པ་འདི་བཞིན་ཏེ། ད་ནི་ཕྱིས་ནས་ཅིར་འགྱུར་མ་ཤེས་པས་དམ་པའི་ཆོས་ལ་བརྩོན་པས་མཆོག་ཏུ་འབད་པའི་དུས་སྐབས་སུ་བབ་པར་སྣང་ངོ་། །དེ་ལྟར་ནི་བདག་འདྲ་ཚེ་དབང་ནོར་བུའི་རང་གི་རང་ཉིད་ལ་ལེགས་པར་སེམས་ནས་སྨྲ་བ་ཇི་བཞིན་པའི་འཁྲུངས་རབས་སམ་སྐྱེས་རབས་སུ་བརྗོད་པ་ནི་དེ་ཁོ་ན་ཡིན་ནོ་དེ་ཁོ་ན་ཉིད་ཡིན་ནོ། །

རི་ཐང་མཚམས་ཀྱི་སྨན་མཆོག་ལས་སྐྱེས་རབས་ཀྱི་སྡོམ་བཀོད་པའི་སྐབས།

རི་ཐང་མཚམས་ཀྱི་སྨན་མཆོག་ལས་སྐྱེས་རབས་སྔ་མ་རྣམས་བྱེ་བྲག་ཏུ་ཉུང་ངུར་བཀོད་པའི་སྐབས།

འདིར་སྨྲས་པ། ཐོག་མེད་དུས་ནས་འོང་པའི་གཉུག་མའི་ལུས། །བག་ཆགས་འཁོར་བའི་དུཿཁས་རྟག་ཏུ་མནར། །ནམ་ཞིག་རྒྱལ་བའི་ཐུགས་རྗེའི་འཇུག་པ་ཡིས། །དགེ་བའི་རིགས་གྱུར་འབྲས་བུ་སངས་རྒྱས་ཀྱི། །མཚན་ཙམ་ཁོ་ན་ཐོས་པས་ཡུན་རིང་བར། །བདེ་བའི་གོ་སྐབས་བཟང་པོ་ཐོབ་གྱུར་ཅིང་། །ནམ་ཞིག་དད་པའི་ས་བོན་བཟང་པོ་རྒྱས། །ཚུལ་དེས་ཐར་ལམ་བསྒྲོད་པའི་སྟེགས་སུ་གྱུར། །དེ་ནས་ཀྱང་ནི་མི་དགེས་སྦགས་མིན་པའི། །བསོད་ནམས་བཟང་པོ་མང་བསགས་ནུས་པ་ཡི། །དལ་འབྱོར་བཟང་པོ་ཁམས་དྲུག་རྡོ་རྗེའི་ལུས། །འབྲས་བུ་སྔགས་ཆོས་མཇལ་བའི་སྐལ་ལྡན་གྱུར། །དེ་ལྟ་ན་ཡང་ལེ་ལོ་ཆེ་གྱུར་ཞིང་། །བརྩོན་པ་དམན་པས་བདེ་ཆེན་མ་ཐོབ་ཀྱང་། །ཁེ་ཉེན་ཆེ་བ་སྔགས་ཀྱི་དམ་ཚིག་ཞེས། །དེ་ཡི་སྙིང་པོ་བླ་མར་མོས་གུས་ཏེ།མ་ཉམས་ཚུལ་བཞིན་གསོལ་འདེབས་འབད་པའི་མཐུས། །ཕུན་ཚོགས་དལ་འབྱོར་འདི་ཐོབ་ངེས་ཤེས་སྐྱེས། །བདག་ནི་སོ་སྐྱེ་བྱིས་པ་ཉིད་ཡིན་གྱི། །ཡིན་ལུགས་ངང་ཚུལ་གསོང་པོར་དེ་སྐད་སྨྲས། །དེས་ན་བསམ་བཞིན་སངས་རྒྱས་ཀུན་འདུས་དཔལ། །བླ་མའི་བཀའ་དྲིན་ནམ་ཡང་འཁོར་ཐབས་ཅི། །ཀྭ་ཡེ་ལམ་མཆོག་གསང་སྔགས་ལ་ཞུགས་རྣམས། །སྨྱུག་དོང་སྦྲུལ་འཇུག་ལྟ་བུའི་དམ་ཚིག་གཉེན། །རང་སྲོག་བརྒྱ་ཕྲག་ལས་ལྷག་བཙའ་རིགས་ཀྱི། །སྙིང་པོ་བླ་མར་གུས་འཚལ་ཁ་ཆེམས་ཡིན། །དེ་ཡང་ངོས་ལྐོག་ལྟེམ་རྐྱང་མེད་པ་རུ། །བླ་མ་དགྱེས་པའི་ཐབས་ལ་འབད་བྱས་ཤིང་། །སྨོན་ལམ་བཟང་པོར་རྟག་ཏུ་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་རྒྱུ་རུ་ཡོངས་བསྔོ་བྱ། །རིམ་གཉིས་བརྩོན་པ་དམན་ཡང་ཚུལ་དེ་ལྟས། །རིང་པོར་མི་ཐོགས་བྱང་ཆུབ་མཆོག་འབྲས་འགྲུབ། །དེ་ལས་གཞན་དུ་ཕྱོགས་ན་རིམ་གཉིས་ལ། །འབད་ཀྱང་སངས་རྒྱས་ལམ་དུ་འགྱུར་བ་མིན། །བླ་མའི་མོས་གུས་གནད་དང་བྲལ་བ་ཡི། །ངན་སོང་སྡུག་བསྔལ་སྤྱོད་དོ་ངེས་པར་གྱིས། །དལ་འབྱོར་རྟེན་འདི་ཆུ་ནང་ལྦུ་བ་བཞིན། །ཡུད་ཙམ་གཅིག་ནས་འཇིག་པའི་ཆོས་ཅན་སྟེ། །དེས་ན་མྱུར་དུ་དམ་པའི་ཆོས་སྤྱོད་ལ། །འཇུག་བརྩོན་གྱིས་ཞེས་ཁོ་བོའི་སྙིང་གཏམ་ཡིན། །རིགས་དྲུག་མཐོ་དམན་གནས་སུ་བདེ་དང་སྡུག །སྤྱོད་ཚུལ་སངས་རྒྱས་ཀྱིས་ཀྱང་བརྗོད་དཀའ་ཞིང་། །དེ་དག་ཀུན་ལ་སྙིང་པོ་མ་མཆིས་ན། །གཏན་བདེ་ཐར་པ་མཆོག་ལ་ད་འཇུག་འཚལ། །ལུས་འདི་བོར་ནས་གར་སྐྱེ་ཆ་ཡང་མེད། །རྟེན་བཟང་དལ་འབྱོར་ཐེག་ཆེན་སྔགས་ལམ་དང་། །འཕྲད་པ་ད་རེས་ཁོ་ན་ཙམ་ཡིན་གྱི། །ནོར་བུ་རྙེད་སྟོར་མ་བྱེད་ཤེས་ལྡན་རྣམས། །འཁོར་བ་ཐོག་མེད་དུས་ནས་དུས་ད་བར། །བྱས་པ་དོན་མེད་སྔ་མ་དེ་ཙམ་ཡིན། །ད་ནི་འཁོར་བའི་ལས་ལ་སྐྱོ་དུབ་པས། །བདེ་ཆེན་བཙན་ས་བཟུང་ན་མི་འཐད་དམ། །ཞེས་སོ། །དེ་ལྟར་རང་གི་ཡིན་ལུགས་ཇི་ལྟ་བའི་སྐྱེས་རབས་བརྗོད་ཟིན་ནས། ད་ནི་སྒྲོ་བཏགས་ལ་བརྟེན་སྐྱེ་བའི་ངང་ཚུལ་ཇི་ལྟ་བུ་མཆིས་ཞེས་ན། དེ་ཡང་བདག་སྐྱེས་ནས་ལོ་གསུམ་མར་བཏགས་ཙམ་དུ་ངེད་ནམ་མཁའི་སྙིང་པོ་ཡིན། སྒྲུབ་གནས་ལྷོ་བྲག་མཁར་ཆུ་ཡིན་ཞེས་ཟེར་སྐད་པ་དང་། དེ་བཞིན་སྔོན་གནས་སྐྱེ་བའི་ངང་ཚུལ་ཡིན་རྒྱུའི་ཅལ་ཅོལ་མང་པོ་ཞིག་བྱིས་པ་མནོ་མེད་ཀྱི་ངག་ནས་ཅི་ཐོད་ཐོད་བྱུང་རྒྱལ་དུ་བརྗོད་པ་ལས་གཞན་གྱིས་བཟོ་བཅོས་སོགས་ནི་མེད་ངེས་ཡིན། ཚུལ་དེ་ལ་བརྟེན་མིང་སྐུ་སྐྱེར་བླ་བཏགས་པར་གྱུར་ཏེ། དོན་དུ་ནི་དེ་དག་བྱིས་པའི་བླ་བརྡོལ་ཚིག་ཙམ་ལས་ཅི་ཞིག ལྷག་པར་དཔལ་ཆེན་པོ་ནམ་མཁའི་སྙིང་པོ་ལྟ་བུ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་སངས་རྒྱས་ཀྱི་སར་གཤེགས་པ་སྟེ་དེ་ལྟའི་རྣམ་རོལ་བདག་ལྟ་བུ་ག་ལ་ཞིག་སྟེ། དགེ་སློང་ནམ་མཁའ་སྙིང་པོ་ཡིན་ཞེས་བྱིས་པས་མནོ་མེད་ཀྱི་ཁ་ཧམ་པ་མཐོ་བ་ཁོ་ན་སྟེ། ངེས་པའི་དོན་དུ་ངེད་ཅག་ལྟ་བུའི་སོ་སྐྱེ་བྱིས་པ་ལ་དེ་འདྲ་ཡི་དཔྱད་པ་ཡི་གནས་ཙམ་ཡང་མ་རེ་ཞིག འོན་ཀྱང་མགོན་པོ་དེས་གདུལ་བྱ་ཐུན་མོང་དམན་པའི་ངོར་སོ་སོ་སྐྱེ་བོ་ཕལ་བར་བྱིན་གྱིས་བརླབས་ནས་གཞན་ཕན་སྨོན་ལམ་དབང་གི་སྤྱོད་པ་ཞིག་ཡིན་པར་གྱུར་ན་སྲིད་མཐའ་མ་བཀག་གོ དེ་ལྟར་ཡང་གུ་རུ་པདྨ་འབྱུང་གནས་ཀྱི་གཏེར་ལུང་དུ་མ་ནས་རྡོ་རྗེའི་ཚིག་གིས་ལུང་བསྟན་པ་དང་བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་དང་། གྲུབ་བརྙེས་དམ་པ་མང་པོས་མགྲིན་གཅིག་དང་དབྱངས་གཅིག་ཏུ་དཔལ་ཆེན་པོ་ནམ་མཁའི་སྙིང་པོའི་སྤྲུལ་པའི་རྣམ་གྲངས་སོ། །གསུངས་པར་མཛད་ན་དེ་དེ་ལྟ་བུར་གྱུར་ཅིག་ཅེས་རང་གིས་ཀྱང་རང་ལ་སྨོན་ལམ་གྱི་ཡུལ་དུ་བྱས་ནས་འདིར་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་དཔལ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ཉིད་ངེས་པའི་དོན་དུ་གསང་བདག་དཔའ་བོ་ཐུགས་ཀྱི་རྡོ་རྗེ་དང་གཉིས་སུ་མེད་པས་གདོད་མ་ཉིད་ནས་གྲུབ་པའི་དཔལ་ཆེན་པོ་དངོས་སུ་གྱུར་པ་ཞིག་སྟེ་བསམ་གྱིས་མི་ཁྱབ་པའི་གནས་དང་། དེ་བཞིན་དགྲ་བཅོམ་འཕགས་པ་ཉེ་བ་འཁོར་དང་ཐེག་ཆེན་སློབ་དཔོན་ཆེན་པོ་ཡོན་ཏན་འོད་དང་། རྨད་བྱུང་རྒྱལ་བའི་སྲས་པོ་ཞི་བ་ལྷ་དང་། རིག་འཛིན་ཆེན་པོ་ཧཱུྃ་ཀ་ར་རྣམས་ཀྱང་དཔལ་ཆེན་པོ་ནམ་མཁའི་སྙིང་པོ་ཡི་སྐྱེ་བའི་རྣམ་གྲངས་དེ་ལྟར་འཛིན་པ་ཡིན་ཞེས་མཆོག་གི་བདག་ཉིད་སློབ་དཔོན་ཆེན་པོ་མང་ཞིག་གིས་དེ་ལྟར་གསུང་ཞིང་ཧཱུྃ་ཀ་ར་དང་བླ་སློབ་ཏུ་འབྲེལ་པས་ཀྱང་མཚོན། དེ་རྣམས་ལ་ལ་དངོས་ལ་ལ་སྤྲུལ་གཞིའམ་ཐུགས་རྒྱུད་གཅིག་པར་བཞེད་པར་སྣང་ངོ་། །གཞན་ཡང་བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་ཅན་གྱི་སྐུ་རིང་དུ་རྒྱ་ཕྲུག་སང་ཤི་ཏ་ཞེས་བྱང་ཆུབ་སེམས་དཔའ་༼ཁ་ཅིག་གི་འདི་སྦ་གསལ་སྣང་དུ་ལུང་བསྟན་པ་ཡིན་ཡང་ཟེར། མཆན༽རྟ་སྐད་ཀྱི་སྤྲུལ་པར་རྒྱ་ཡི་སློབ་དཔོན་མངོན་ཤེས་ཅན་གྱིས་ལུང་བསྟན་པ་དེར་གྱུར་ནས་ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཡར་སྤྱན་དྲངས་བསྟན་པ་ལ་ཕན་པར་བྱས། དེ་འཕོས་པའི་སྐྱེ་བ་ནམ་མཁའི་སྙིང་པོ་ཡིན་ཞེས་ལྷ་རི་ནམ་མཁའ་འོད་ཀྱི་སྐྱེས་རབས་རྣམ་ཐར་ལས་འབྱུང་བ་ཡང་ཐུགས་རྒྱུད་གཅིག་པར་གོ་ལ། དངོས་གནས་བྱང་ཆུབ་སེམས་དཔའ་རྟ་སྐད་ནི་དཔལ་རྟ་མགྲིན་དང་། དེ་ཡི་སྤྲུལ་པ་སང་ཤི་ཏ། ཚེ་འཕོས་པའི་སྐྱེ་བ་ནི་དབུ་རུ་ངན་ལམ་བོན་གྱི་རིགས་རུས་སུ་འཁྲུངས་པ་དགེ་སློང་སྔགས་ཀྱི་གྲུབ་ཐོབ་རྒྱལ་བ་མཆོག་དབྱངས་ཡིན་པར་ཀུན་ཏུ་གྲགས་སོ། །དེས་ན་དཔལ་ནམ་མཁའི་སྙིང་པོ་ཐུན་མོང་གི་གདུལ་བྱའི་སྣང་ངོ་དང་མཐུན་པའི་སྐུ་ཡི་སྐྱེ་བའི་ཚུལ་སྟོན་དངོས་ནི་སྔ་མ་རྒྱ་གར་འཕགས་པའི་ཡུལ་དུ་བྲམ་ཟེའི་རིགས་ཀྱི་ཡབ་གུ་ཎ་སིདྡྷི་༼ཡོན་ཏན་དངོས་གྲུབ་མཆན༽དང་། ཡུམ་རྒྱལ་རིགས་སུ་ཛྙཱ་ལིཀྵྨཱི་༼མཁྱེན་པའི་དཔལ་མོ། མཆན༽སྲས་བྲམ་ཟེ་ཛ་ཏ་བྱ་བར་གྱུར་ཏེ་མགོན་པོ་འོད་དཔག་མེད་པ་རིག་འཛིན་པདྨ་འབྱུང་གནས་ཞེས་བྱ་བའི་སྐུར་སྤྲུལ་པ་དེ་མ་ཀུ་ཏ་ཡི་བྲག་ཕུག་ཏུ་བཞུགས་པར་རིན་ཆེན་གསེར་གྱི་པ་ཏྲ་མཎྜལ་དུ་བྱས་ནས་དབང་བསྐུར་བ་ནོད་པས་གསང་བའི་མཚན་ནམ་མཁའ་རྡོ་རྗེ་ཞེས་སུ་བཏགས་པར་མཛད་ནས་སྐྱེ་བ་དེ་ཡི་འོག་ཏུ་བོད་ཡུལ་དུ་སྐྱེ་བར་ལུང་བསྟན། དེ་ནས་གཙང་གི་ཕུང་པོ་རི་བོ་ཆེ་ཡི་ཤར་ཕྱོགས་གནུབས་ཡུལ་རོང་ཞེས་བྱ་བར་ཡུམ་མཆིམ་བཟའ་འོད་དེ་རྒྱན་ཞེས་པའི་སྲས་སུ་དཔལ་ནམ་མཁའི་སྙིང་པོ་སྐུ་འཁྲུངས་པ་ཡིན་ལ། ཁ་ཅིག་ནས་གཉལ་སྨད་ཤམ་དུ་མཁར་དུ་སྐུ་འཁྲུངས་པར་འདོད་ཀྱང་རོང་དུ་འཁྲུངས་པ་འདི་ཚད་མར་གྱུར་བར་རྟོགས་སོ། །དེ་ཡང་དུས་འཁོར་མཁན་པོ་རྣམས་ཀྱི་བསྟན་རྩིས་བཞེད་པ་ལྟར་ན་བདག་ཅག་གི་སྟོན་པ་རྩ་ཅན་དུ་མྱ་ངན་ལས་འདས་ནས་རགས་རྩིས་ལོ་སྟོང་དང་ལྔ་བརྒྱ་ཙམ་ན་རྒྱ་གར་ཤར་ཕྱོགས་ཡུལ་ཨུ་རུ་བི་ཤར་བྲམ་ཟེའི་རིགས་ལས། བརྟུལ་ཞུགས་སྤྱོད་པའི་དབང་པོ་ཀཧྣ་པ་སྟེ་ནག་པོ་པ་སྐུ་འཁྲུངས་ཤིང་། གང་དེ་དགུང་ལོ་བརྒྱད་ཅུ་སྐོར་ལྷག་ཙམ་ན་བོད་ཡུལ་ལྷོ་བྲག་དང་ཉེ་བ་རྒྱ་གར་གྱི་ཡུལ་ཏི་ཕུ་ར་ཡི་ཕུ་ཕལ་སྐད་དུ་ཀ་ས་རངྒ་ཞེས་བྱ་བ་ཡུལ་ཉེར་བཞིའི་ཡ་གྱལ་དེ་ཝི་ཀོ་ཊར་རྣམ་སྨིན་གྱི་ལུས་བཏང་ནས་བར་དོར་རྫོགས་སངས་རྒྱས་པ་ཧེ་རུ་ཀ་ཡི་སྐུར་བཞེངས་ཏེ་ལོ་བརྒྱ་ལྷག་ཙམ་ན་གྲུབ་པའི་སློབ་དཔོན་འདི་གཙང་རོང་དུ་འཁྲུངས་པར་ཤེས་སོ། །དེ་ལྟར་གྲུབ་པའི་སློབ་དཔོན་འདི་ཐོག་མར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོར་གྱུར་ཅིང་། དེ་ནས་དམ་པའི་ཆོས་ལ་ཡང་དག་པར་མོས་པས་ཨོ་རྒྱན་ཆེན་པོ་བོད་དུ་སྤྱན་དྲངས་པའི་ཕོ་ཉ་བ་ཡང་བགྱིས་ཤིང་། མཁན་པོ་ཞི་བ་འཚོ་ལ་ཤཱཀྱའི་དགེ་སློང་གི་དངོས་པོར་བསྒྲུབ་དུས་ལན་གཅིག་ན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡར་འབྲོག་མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་བཞུགས་པའི་སྤྱན་སྔར་བྱོན་ནས་རིན་ཆེན་གསེར་གྱི་མཎྜལ་ཕུལ་བར་སློབ་དཔོན་ཆེན་པོས། ཀྱཻ། ནམ་མཁའ་སྙིང་པོ་བདེའམ། ཞེས་བཀའ་བསྩལ་ནས་སྨིན་མཚམས་ནས་འོད་ཟེར་བྱུང་ནམ་མཁའི་སྙིང་པོར་ཕོག་པས་དྲན་མེད་དུ་ཡུག་གཅིག་བརྒྱལ་ནས། སད་ཚེ་སྐྱེ་བ་དྲན་པར་བྱིན་གྱིས་བརླབས། དེ་ནས་རྟ་གདོང་དཀར་མོ་ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ་བོད་ཡུལ་གྱི་དེ་ཝཱི་ཀོ་ཊ་ཞེས་པ་སྟེ། དཔལ་ཧེ་རུ་ཀ་ལྷན་སྐྱེས་ཡབ་ཡུམ་བྲག་རི་ལ་རང་བྱུང་ཤིན་ཏུ་གསལ་བར་བཞུགས་པའི་འདབས་བྲག་རི་དུང་དཀར་གྱི་དབྱིབས་སུ་གནས་པའི་མཁར་ཆུ་ལྕགས་ཕུར་ཅན་དུ་ཕེབས་ནས་ཡང་དག་བཀོལ་བྱང་གི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད་གསང་བའི་མཚན་ནི་ཐུགས་ཀྱི་རྡོ་རྗེར་གྲགས། ཕྱིས་རྒྱ་གར་དུ་བྱོན་ནས་བྲག་ཕུག་གསེར་གྱི་བྱ་སྐྱིབས་ཅན་དུ་ཡང་དག་གི་བཀའ་བབ་པའི་རིག་འཛིན་ཧཱུྃ་ཀ་ར་དང་མཇལ་ནས། བླ་མེད་མ་ཡི་རྒྱུད་ལ་མཁས་པར་སྦྱངས་ནས་བསྒྲུབས་པས་གྲུབ་པ་ཆེན་པོ་ཉམས་འོག་ཏུ་ཆུག་པར་གྱུར་ནས་བོད་དུ་བྱོན། མཁར་ཆུ་གཙོ་བོར་གྱུར་པའི་གཉལ་སྨད་དགེ་རི་ལ་སོགས་བསྒྲུབ་གནས་དུ་མར་བསྒྲུབ་པ་ཡུན་རིང་དུ་མཛད་པའི་ཚུལ་བསྟན། སྤྱོད་པའི་ཕྱག་རྒྱ་ལུང་བསྟན་བྱུང་བ་ལྟར་གཙང་རྟ་ནག་ནས་ཤེལ་དཀར་བཟའ་རྡོ་རྗེ་མཚོ་སྒྲོན་རྙེད་དེ་ལས་ཀྱི་ཕྱག་རྒྱར་མཛད་དེ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་བསྐྱངས། དེ་བཞིན་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་བསྩལ་ལྟར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བརྟེན་མི་འགྱུར་བདེ་བ་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་དག་པར་གྲུབ་པ་སྟེ། དེ་ཡང་གདུལ་བྱ་ཐུན་མོང་རྣམས་ཀྱི་སྣང་ངོར་སྐུ་ལུས་དེ་ཀ་རགས་རྩིས་སུ་ལོ་བརྒྱ་ཕྲག་གཅིག་ལྷག་ངེས་པར་བཞུགས་པའི་མཐར་རྣམ་སྨིན་གྱི་ལུས་འཇའ་ལྟར་ཡལ་ནས་ཡེ་ཤེས་ཀྱི་སྐུ་མཁའ་དང་མཉམ་པར་གྱུར་ཏེ། དེ་ལྟར་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་སྒྲ་ཇི་བཞིན་པ་ངེས་པར་བརྙེས་པ་ནི་སྔགས་རང་ལམ་གྱི་ས་བརྒྱད་པ་ཐོབ་པ་ཡིན་ལ། གསང་སྔགས་ཐབས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་བརྟེན་མདོ་ལམ་ཁོ་ནས་བསྒྲོད་པའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་དང་དགོངས་སྤྱོད་མཉམ་པར་གསུང་ཞིང་། མདོ་ལམ་གྱིས་བསྒྲོད་པའི་ས་བཅུ་པའི་ཡོན་ཏན་ནི་མདོ་སྡེ་ས་བཅུ་པར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་ཇི་ལྟར་བཤད་བཞིན་ཏེ། དེ་ནི་ཇི་ལྟ་བུ་ཞིག་སྙམ་ན་ཚུལ་དེ་མདོ་སྡེ་དེར་གསུང་པའི་དོན་ཉུང་ངུའི་ངག་གིས་བརྗོད་ན། གཟུང་དང་ཏིང་ངེ་འཛིན་གྱི་ཡོན་ཏན་ཚད་མེད་པར་རྒྱས་ཏེ་གདུལ་བྱར་ཕན་བདེའི་ཡོན་ཏན་མཐའ་དག་བསྐྱེད་པར་བྱེད་ཅིང་། སངས་རྒྱས་ལྟར་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པ་དང་། ཆོས་ཀྱི་དབྱིངས་ལ་དབང་བའི་གནས་སུ་རྟོགས་ཤིང་། རྣམ་པར་སྨིན་པ་ནི་ལྷ་ཡི་དབང་ཕྱུག་ཆེན་པོ་ཞེས་གནས་གཙང་མའི་བདག་པོར་འགྱུར་བ་དང་། ཡོན་ཏན་ནི་ས་དང་པོར་སངས་རྒྱས་བརྒྱ་མཐོང་ཞིང་བརྒྱ་གཡོ་སྤྲུལ་པ་བརྒྱ་སྟོན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སུ་གསུངས་པ་བཞིན་འདིར་ནི་ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་དེ་རྣམས་ཐོབ་ཅིང་། མཁྱེན་པ་ནི་སངས་རྒྱས་དང་རྗེས་སུ་མཐུན་པའི་ཐམས་ཅད་མཁྱེན་པའི་གནས་ཐོབ་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་སྤྱོད་པ་སྟེ། དེ་ཡང་གོང་དུ་བཤད་མ་ཐག་པ་ལྟར་སྤྱིར་དག་པའི་ས་གསུམ་ལས་ཁྱད་པར་ས་བཅུ་པའི་སྐྱེས་བུ་ཡི་གཟུགས་སྐུས་འགྲོ་བའི་དོན་དུ་མཛད་འཕྲིན་ནི་སངས་རྒྱས་ཉིད་དང་མཚུངས་པར་བཤད་ན། དེ་ཕྱིར་ཡོན་ཏན་གྱི་ཚད་བཟུང་བར་མི་ནུས་པ་ཁོ་ནའོ། །

འདིར་སྨྲས་པ། འཕགས་པའི་སར་བཞུགས་སྐྱེས་བུའི་རྣམ་པར་ཐར། །རྡོ་རྗེའི་ལྗགས་ལྡན་རྣམས་ཀྱི་སྤྱོད་ཡུལ་ལས། །ཚུར་མཐོང་བྱིས་པའི་བློ་ཡིས་རྟོགས་འདོད་པ། །སྦྲང་མའི་རྩལ་གྱིས་ནམ་མཁའི་མཐའ་གཞལ་འདྲ། །གང་གི་མཛད་པ་བསམ་མི་ཁྱབ་པ་ལ། །བརྟག་དཔྱད་གནས་སུ་སྤྱོད་པ་རང་ངལ་མཐོང་། །དེ་བས་ངོ་མཚར་དཔག་མེད་འབྱུང་བའི་གནས། །དེར་གུས་མོས་པའི་གདུང་ཤུགས་བསྐྱེད་པ་ན། །ཕུན་ཚོགས་འབྲས་བུ་འགྲུབ་ལ་སོམ་ཉི་ཅི། །དོན་དེ་གུས་པས་གསོལ་འདེབས་འབད་པར་བྱོས། །བདག་ཀྱང་ཚེ་རབས་རྟག་ཏུ་མགོན་དེ་ལ། །རྩེ་གཅིག་གསོལ་འདེབས་བྱེད་པར་སྨོན་ལམ་བཏབ། །ཅེས་སོ། །དེ་ལྟར་གྲུབ་པའི་སློབ་དཔོན་ཆེན་པོ་དེ་ནི་གོང་དུ་སྨོས་པ་བཞིན་མཁའ་ཁྱབ་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་གྱུར་པས་ན་སྤྲུལ་པའི་རྣམ་རོལ་འདི་ཙམ་ཞེས་སུ་ཞིག་ཚད་བཟུང་བར་ནུས། དེ་ལྟ་ན་ཡང་གདུལ་བྱ་ཡུལ་དུས་སུ་ཉི་ཚེར་གྲགས་ཚོད་ཙམ་ཡང་ཆུ་ནང་གི་ཟླ་གཟུགས་བཞིན་ཐ་དད་ཀྱི་ཚུལ་དང་གཅིག་ཏུ་སྟོན་པ་སོགས་དུ་མར་སྣང་བར་མཛད་པ་མཐའ་དག་གླེང་བར་མི་སྤོབས་མོད། སྤྱིར་ཡང་བདག་ལྟ་སོ་སོའི་སྐྱེ་བོར་གྱུར་པ་ལ་སྐྱེ་བའི་ཕྲེང་བ་དམ་པར་བགྲང་པ་ནི་ཤིན་ཏུ་མི་མཛེས་པ་ཞ་ཉེའི་རྡོག་པ་ལ་འདི་ཡི་རྒྱུ་ཡིད་བཞིན་གྱི་ནོར་བུ་ཞེས་བསྔགས་པའམ། མི་འོས་པ་སྤྲང་པོ་མཛེ་ཁྱེར་ཞིག་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོའོ་ཞེས་བརྗོད་ན་རྒྱལ་ཁྲིམས་ཀྱི་ཉེན་པ་བཞིན་རབ་ཏུ་མི་ལེགས་པར་འདི་ཕྱིའི་དུཿཁའི་རྒྱུར་འགྱུར་བར་ཡང་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་མོད།

འདིར་སྨྲས་པ། སུ་ཞིག་མཛེ་ཁྱེར་སྤྲང་པོ་ངན་ངོན་དེ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས། །འཁོར་ལོས་བསྒྱུར་བའི་འབངས་ལ་སྟོན་པ་ན། །རྒྱལ་པོའི་ཁྲིམས་ཀྱིས་ཉེན་པར་ཅིས་མི་འགྱུར། །ཆེས་དམན་གང་ཟག་ཐ་མལ་སོ་སོ་སྐྱེ། །དང་པོའི་ལས་ཅན་མུ་ཏོ་ངན་ངོན་པ། །ཀུན་ནས་ཉོན་མོངས་མཛེ་སྐྱས་ཡོངས་ཟིན་ཞིང་། །གཞན་ཕན་རྣམ་དག་ནོར་དང་མི་ལྡན་འདི། །གྲངས་མེད་བསྐལ་པའི་ཕ་རོལ་ཚོགས་བསགས་ནས། །བདག་དོན་ཆོས་སྐུ་མངོན་གྱུར་སྤྱི་བོ་སྐྱེས། །གཞན་དོན་རིན་ཆེན་བདུན་ལྡན་དཔུང་གིས་ཕྱུག །མི་མཆོག་དེ་ལྟ་ཡིན་ཞེས་སུ་ཡིས་སྨྲ། །གལ་ཏེ་རང་འདོད་དབང་གིས་སྨྲ་བ་པོ། །མཆིས་ན་ལས་ཀྱི་རྒྱལ་ཁྲིམས་བཙན་པོ་ཡིས། །ཚེ་རབས་མང་པོར་དམྱལ་བའི་ཁྲིམས་མུན་དུ། །འཇུག་པར་ངེས་མོད་ཚུལ་འདི་འཛེམ་འོས་མཐོང་། །ཞེས་སོ། །དེ་ལྟ་ནའང་འདིར་རང་ལ་བཀའ་དྲིན་ཆེ་བའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པ་རྣམས་ཀྱི་གསུང་གིས་ལུང་བསྟན་པ་ནི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་གསུང་སངས་རྒྱས་ཀྱི་བཀའ་ལྟར་ཤེས་པར་འོས་པའི་གནས་དང་། ཟོལ་ཟོག་མེད་པའི་ཟབ་གཏེར་གྱི་ལུང་བྱང་བསླད་བྲལ་རྣམས་ནས་གསུང་པ་ནི་མི་བསླུ་ངེས་པ་རྡོ་རྗེའི་ཚིག་ཡིན་པས་དེ་དོན་ལྟར་ཁ་ཤས་ཅིག་རང་ཉིད་དད་མོས་ཀྱི་གསོས་སུ་ཕྱག་འཚལ་བ་སྔོན་དུ་བྱས་ནས་སྨྲ་ན། གཏེར་ལུང་གིས་གསལ་བ་ནི། ཁ་ཆེར་བྲམ་ཟེ་རིན་ཆེན་རྡོ་རྗེ། དྭགས་པོ་སྒོམ་ཚུལ། ལྷ་རི་ནམ་མཁའ་འོད། ཀཿཐོག་བྱམས་པ་འབུམ། ཙཱ་རི་རས་པ་བྱང་ཆུབ་འབུམ། ལྷོ་བྲག་སློབ་དཔོན་ཨེ་མ་སྟག་ལུང་སངས་རྒྱས་དབོན། གཞོ་ལུང་པ་རྡོ་རྗེ་རྒྱལ་པོ། གཏེར་སྟོན་བྱང་ཆུབ་གླིང་པ་རྣམས་ཏེ་རགས་རིམ་ཞིག་གོ །གཞན་ནི་རིག་འཛིན་པདྨ་ནོར་བུའི་སྐྱེ་བ་བདག་ཡིན་པར་སྲིད་ཚེ། དེ་ལ་ཁམས་གཏེར་སྟོན་ནུས་ལྡན་བདུད་འདུལ་རྡོ་རྗེས་གནང་བའི་ལུང་བསྟན་དུ། ཟུར་ཆུང་རབ་ཤེས་གྲགས། གཏེར་སྟོན་གྲྭ་པ་བཛྲ། མཁན་པོ་སྟོན་བཟང་པོ་དཔལ། ཀཿཐོག་ཚུལ་ཁྲིམས་འབུམ། ཀུན་མཁྱེན་སངས་རྒྱས་འཕེལ། བདག་སྨྱོན་ཀུན་དགའ་ལེགས་པ་རྣམས་སྐྱེ་བའི་ཕྲེང་བར་ངོས་བཟུང་བས་དེ་ཀུན་ཀྱང་དཔལ་ནམ་མཁའ་སྙིང་པོའི་སྤྲུལ་པར་བཞེད་པའོ། །བདག་རང་ལ་དཔལ་བརྩེ་བ་ཆེན་པོས་བཀའ་བསྩལ་བ་ནི་ཇོ་ནང་ཀུན་མཁྱེན་དོལ་པོ་བའི་ཐུགས་སྲས་མ་ཏི་རྣམ་གཉིས་ཀྱི་ཡ་གྱལ་དེ་དང་ཇོ་ནང་རྗེ་བཙུན་དམ་པས་བྱིན་གྱིས་བརླབ་པ་ཞིག་གོ་གསུང་སྟེ། རང་ཡང་འདི་ཕྱོགས་སུ་བག་ཆགས་ཤིན་ཏུ་འཐུག་པས་མད་པར་མཆིས། དེ་བཞིན་བདག་གི་བླ་མ་གྲུབ་པའི་དབང་པོས་ཁྱོད་མཁས་པ་གཙང་ནག་པའི་སྐྱེ་བར་སྣང་།གནང་བ་དེ་ལ་བག་ཆགས་སད་རྒྱུ་ཞིག་ཀྱང་འདུག དེ་རྣམས་ནི་རང་རེའི་བྱེ་བྲག་གི་སྐྱེ་རྒྱུད་ཚུལ་དུ་བྱུང་བ་རགས་རིམ་ཙམ་ཞིག་སྟེ་མཐའ་དག་ནི་འདིར་མ་སྨོས་ཤིང་། གཞན་ནི་བོད་འདིར་དཔལ་ནམ་མཁའི་སྙིང་པོའི་སྤྲུལ་པར་གཏེར་ལུང་སྒོ་དུ་མར་ཤིན་ཏུ་མང་བར་སྣང་བ་ནི་བྲིར་མ་ལང་ཤིང་སྐབས་འདིར་ནི་སྨྲ་ཡང་མ་དགོས་མོད། དོན་དུ་ནི་རང་རྒྱུད་ལ་རང་གིས་བརྟག་ནས་གཞལ་ན་གོང་དུ་སྨོས་པ་དེ་རྣམས་ཀྱི་སྐྱེ་བ་དངོས་སྨོས་ཅི་འཚལ་སྤྲུལ་པ་ཡང་སྤྲུལ་གྱི་ཆ་ཡང་མ་ལགས་རུང་ཡེ་ཤེས་ཐོབ་པ་ནི་ཀུ་རེ་ཀྱལ་ཁའི་ཚུལ་མཛད་པ་ཡང་། དོན་དམ་དུ་གྱུར་ནས་གཞན་ཕན་ནུས་པས་མཚོན་དམ་པའི་གསུང་ལ་བརྙས་པ་ཅུང་ཟད་ཡང་མི་རུང་ཞིང་། དོན་དེ་ལྟ་བུའི་བསྐལ་བཟང་ལ་བསམ་ནས་འདིར་བཀོད་པ་ལས་གཡོ་སྒྱུའམ་མངོན་པའི་ང་རྒྱལ་གྱིས་འཕྱར་བ་མ་ཡིན་ཏེ། རང་གི་གནས་ཚུལ་སྐྱེ་རྒྱུད་དངོས་བསྟན་གོང་དུ་བརྗོད་ཟིན་པ་དེ་ཀའོ། །

འདིར་བར་སྐབས་ཚིགས་སུ་བཅད་དེ་སྨྲས་པ། གང་ཞིག་རྒྱལ་བ་མཆོག་གི་གོ་འཕང་ལ། །ཉེ་བར་ཞུགས་ནས་གདུལ་བྱ་འདྲེན་པའི་སླད། །གང་འདུལ་གཟུགས་སྐུའི་སྣང་བརྙན་ཅིར་ཡང་ཤར། །འགྲོ་ལ་བརྩེ་ཆེན་རྣམ་ཐར་དེ་ལ་ཇི། །བདག་ནི་ནམ་མཁའི་སྙིང་པོའི་སྤྲུལ་པ་ཞེས། །མིང་ཙམ་ཁོ་ན་ལས་གཞན་ནམ་ཡང་མིན། །དེས་ན་དམ་པའི་སྐྱེ་འཕྲེང་བསམ་འཕེལ་གྱི། །ནོར་བུ་འཕྲེང་བ་ཇི་བཞིན་མཛེས་པ་ལ། །སོ་སྐྱེ་བདག་ལྟ་ཞ་ཉེའི་རྡོག་པ་བཞིན། །ནམ་ཡང་མཛེས་པའི་གོ་སྐབས་ཡོད་མ་ཡིན། །འོན་ཀྱང་ནོར་བུ་ཀེ་ཏས་རེག་བྱས་པས། །བ་ཚྭ་ཅན་ཀྱང་བརྒྱད་ལྡན་ཆུ་བོ་བཞིན། །དམ་པ་གང་གི་མཚན་གྱིས་དབང་བསྐུར་མཐུས། །མགོན་པོ་དེ་ཡི་བྱིན་རླབས་འཇུག་གྱུར་ཅིང་། །གང་གི་འཕྲིན་ལས་བྱེད་པའི་འབངས་གྱུར་ནས། །འགྲོ་ཀུན་ཐར་པར་གཞོལ་བྱེད་ཉིད་དུ་སྨོན། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་གོང་དུ་སྨོས་པའི་སྐྱེས་བུ་ཆེན་པོ་དེ་དག་དུས་སྔ་ཕྱི་ཅི་ལྟར་བྱུང་མི་འཁྲུལ་ཕྱིར་གོ་རིམ་ཆ་ཤས་སྨྲ་ན།

བྲམ་ཟེ་རིན་ཆེན་རྡོ་རྗེའི་ཞབས་ནི། མི་ཆོས་ཀྱི་ཡུལ་ཁ་ཆེ་རུ་བྲམ་ཟེ་པཎྜི་ཏ་ཧ་རི་བྷ་ཏྲ་ཞེས་པའི་སྲས་སུ་འཁྲུངས་ཤིང་རྩ་བའི་བླ་མ་ཨིནྟྲ་བྷོ་དྷི་ཆུང་ངུ་ལ་ཐུག་ཡི་དམ་འཁོར་ལོ་བདེ་མཆོག་གི་སྒོ་ནས་དངོས་གྲུབ་བརྙེས་ཤིང་བདེ་མཆོག་གི་བསྒྲུབ་ལུགས་སྲོལ་ཁ་གསར་པ་ཡང་གཏོད། ཁོང་གི་བླ་མ་ཨིནྟྲ་བྷོ་དྷི་འདི་ནི་རྫོགས་ཆེན་གསང་བ་སྙིང་ཐིག་གི་བབས་གཞུང་དུ་བི་མ་ལས་མཆོད་གནས་མཛད་པའི་ཨིནྟྲ་བྷོ་དྷི་དེ་ཡིན་པར་མངོན། བྲམ་ཟེ་རིན་ཆེན་རྡོ་རྗེ་འདི་ཉིད་ནཱ་རོ་ཏ་པ་དང་ཆུང་ངུ་ནས་གྲོགས་པོ་ཡིན་ལ། ཕྱིས་བི་ཀྲ་མའི་གཙུག་ལག་ཁང་དུ་མཁས་པ་སྒོ་དྲུག་ཏུ་གྲགས་པའི་དབུས་ཀྱི་ཀ་ཆེན་གཉིས་ཀྱི་དང་པོར་གྱུར་ཅིང་མཐར་སྐུ་ཚེ་སྨད་ཨོ་རྒྱན་དུ་བྱོན་ནས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པར་གྲགས། དེ་ནི་དཔལ་ནམ་མཁའི་སྙིང་པོ་འཇའ་སྐུར་གཤེགས་ནས་ལོ་སྐོར་ཁ་ཤས་སོང་བ་ན་བྱུང་བར་སྣང་། དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་རིགས་དབོན་ཏེ་དུས་མཁྱེན་དང་ཕག་གྲུ་ལས་ལོ་དྲུག་གིས་གཞོན་ཞིང་ལྷ་རྗེའི་སློབ་མ་ཕྱི་ཚར་རྣམས་ཀྱི་བླ་མ་ཡང་ཡིན། ཆུང་ངུ་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར། དེ་ནི་ཁ་ཆེ་རིན་ཆེན་རྡོ་རྗེ་འཇའ་ལུས་གཤེགས་ནས་ལོ་དྲུག་ཅུ་ཉེ་སྐོར་གཅིག་ན་བྱོན་པར་རྟོགས་སོ། །ལྷ་རི་ནམ་མཁའ་འོད་ནི་མངའ་བདག་མྱང་གི་གཏེར་ལུང་དུ་དཔལ་ནམ་མཁའི་སྙིང་པོའི་སྐྱེ་བ་དངོས་ཡིན་པར་གསུངས་ཀྱང་དེ་སྐབས་ཁྲོ་ཕུ་ལོ་ཙཱ་བྱམས་པ་དཔལ་སོགས་ནམ་སྙིང་གི་སྤྲུལ་པར་ལུང་བསྟན་པ་དུས་མཚུངས་ཁ་ཤས་ཡོད་པས་དེ་རྣམས་ལས་ཁོང་ཉིད་ཐུགས་ཀྱི་སྤྲུལ་པར་རྣམ་པར་བཞག་པར་གོ་ལ། དུས་ཡང་མྱང་རལ་དང་རག་པར་མཚུངས། ཞང་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་ཀྱི་ཐུགས་ཀྱི་སྲས་དམ་པ་ཡིན། ཞིང་འདི་ནས་འཕོས་ཏེ་སངས་རྒྱས་ནམ་མཁའ་རྣམ་པར་རོལ་པར་འགྱུར་བར་ཞལ་གྱིས་བཞེས། རང་གི་དངོས་སློབ་ལྷ་རིའི་གདན་ས་མཛད་པ་པོ་སངས་རྒྱས་སོ་ལྷ་དགེས་བྱ་བ་དེ་ཁོང་ཉིད་ཀྱི་ཐུགས་ཀྱི་སྤྲུལ་པ་ཡིན་པར་དབུགས་དབྱུང་བ་སོགས་མཛད་པ་ངོ་མཚར་ཆེས་མང་བ་བསྟན་པ་དམ་པ་དེ་དྭགས་པོ་སྒོམ་ཚུལ་གཤེགས་པའི་ལོ་དེ་ཀའམ་དེ་ཡི་ཅུང་ཟད་སྔ་ཕྱི་ཙམ་དུ་སྐུ་འཁྲུངས་པ་ཡིན། མདོ་ཁམས་ཀཿཐོག་བྱམས་པ་འབུམ་ནི། དམ་གཙང་བྱམས་གསུམ་དུ་གྲགས་པའི་ཡ་གྱལ་དེ། དེ་ཡང་དམ་པ་བདེ་གཤེགས་ཀྱི་ཞབས་ཐུག་པ་ཙམ་དང་། གཙོ་བོར་གཙང་སྟོན་ལ་བརྟེན་ནས་སྨིན་གྲོལ་གྱི་ཡོན་ཏན་རྫོགས་པར་མཛད། གཙང་སྟོན་གཤེགས་ནས་ཀཿཐོག་གི་གདན་ས་བཟུང་སྟེ་གདུལ་བྱ་ཤིན་ཏུ་ཆེ་བ་བསྐྱངས་དཔལ་ཀརྨ་པཀྵི་ཡང་ཁོང་གི་སློབ་མ་ཡིན། གུ་རུ་པདྨས་ནམ་མཁའི་སྙིང་པོའི་སྤྲུལ་པ་དང་། དེ་སྐབས་རྒྱ་གར་ནས་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་མི་ཏྲ་ཛོ་ཀིའི་ནག་པོ་སྤྱོད་པའི་སྤྲུལ་པར་ལུང་བསྟན། ཁོང་ཉིད་ཀྱིས་ཀྱང་སྐྱེ་བ་མང་དུ་གསུངས་དེ་ནི་ལྷ་རི་ནམ་མཁའ་འོད་དང་སྐུ་ཚེ་སྟོད་སྨད་ཙམ་ལས་དུས་མཚུངས་སུ་བྱོན་ནོ། །འགྲོ་བའི་མགོན་པོ་ཙཱ་རི་རས་པ་ནི་དབུས་གཡོར་པོ་གཞུང་དུ་རྗེ་ལོ་རས་ཀྱི་ལྕམ་སྲིང་གི་སྲས་སུ་འཁྲུངས་རྩ་བའི་བླ་མ་ཡང་ལོ་རས་དར་མ་དབང་ཕྱུག་ཡིན། སྦུབ་རི་དང་གཙང་རོང་གནུབ་དཀར་པོ་ཆོས་ལུང་སོགས་སུ་འགྲོ་དོན་ཅི་རིགས་པ་བསྐྱངས། སྐུ་ཚེ་སྨད་མཁོ་མཐིང་ལྷ་ཁང་གི་ཞིག་གསོ་མཛད་དེར་བཞུགས། ཁོང་ནི་ལྷ་རི་ནམ་མཁའ་འོད་ཞི་བར་གཤེགས་པ་ལ་ཕྱོགས་པ་ན་འཁྲུངས་བར་མངོན། ལྷོ་བྲག་སློབ་དཔོན་ཨེ་མ་ནི་རིགས་ནི་སྐྱི་སྟོན་ཡིན། གཏེར་སྟོན་གུ་རུ་ཆོས་དབང་གི་ཐུགས་ལས་སྐྱེས་པའི་སྲས་དམ་པར་གྱུར་ཞིང་། ལྐོག་གྱུར་དུ་འགྲོ་བའི་དོན་དཔག་མེད་མཛད་པ་ལས་མངོན་གྱུར་གྱི་འཕྲིན་ལས་ནི་ཧ་ཅང་དེ་ཙམ་མ་བྱུང་བར་སྣང་། གང་ལྟར་ཙཱ་རི་རས་པའི་སྐུ་ཚེའི་སྨད་དུ་བྱོན་པར་གྲུབ། སྟག་ལུང་སངས་རྒྱས་དབོན་ཞེས་པ་ནི་མཚན་དངོས་གྲགས་པ་དཔལ་རྗེ་སངས་རྒྱས་ཡར་བྱོན་གྱི་དབོན་ཡིན། བྱང་སྟག་ལུང་གི་བྲག་གདོང་ནས་གུ་རུ་པདྨ་ཀཽའུ་རི་མ་བརྒྱད་ཀྱིས་བསྐོར་བའི་བླ་སྒྲུབ་གཏེར་ཡང་བཞེས། དགུང་ལོ་ཉི་ཤུ་རྩ་དྲུག་པའི་སྐབས་མདོ་ཁམས་སུ་བྱོན་ནས་རི་བོ་ཆེ་ཡི་དགོན་པ་བཏབ་གཞན་ཕན་འཕྲིན་ལས་ཤིན་ཏུ་ཆེ་བར་གྱུར། དེ་ནི་ཀཿཐོག་སྤྱན་སྔ་བྱམས་པ་འབུམ་ཞི་བར་གཤེགས་ཏེ་ལོ་ཁ ཤས་ནས་བྱུང་བའི་སྤྲུལ་པར་སྣང་ངོ་། །གཞོ་ལུང་རྡོ་རྗེ་རྒྱལ་པོ་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ཡི་དམ་ཙིཏྟའི་རྒྱན་ཅིག་ལུང་བསྟན་ཉི་མའི་འོད་ཟེར་ལས། ད་ལྟའི་གནུབ་བན་ནམ་མཁའ་སྙིང་པོ་ནི༔ འབྲི་རུ་རྡོ་རྗེ་རྒྱལ་མིང་རྨུ་རྒོད་འདུལ༔ ཞེས་འབྱུང་བ་དེ་ཡིན་ཏེ། གནས་ཆེན་ཏི་སྒྲོ་བྲག་དཀར་གྱི་སྒོ་དབྱེ་བར་སྣང་ཞིང་། འབྲི་གུང་གི་རྙིང་ཆོས་ལ་སྤྱོད་པའི་དབུ་ཡང་ཁོང་ནས་བརྩམ་པར་གྲགས། དགུང་ལོ་དྲུག་ཅུ་རྩ་བརྒྱད་བར་བཞུགས། མང་པོ་གཏེར་སྟོན་བྱང་ཆུབ་གླིང་པ་ནི་གཞོ་ལུང་རྡོ་རྗེ་རྒྱལ་པོ་གཤེགས་པའི་ལོ་དེ་ཡི་ཕྱི་མ་ཆུ་འབྲུག་ལ་འཁྲུངས། གཞོན་ནུའི་སྐབས་སུ་སྒྱུ་འཕྲུལ་ཞི་ཁྲོ་ཡང་ཕུར། སེམས་ཕྱོགས་ཟུར་ཚོ་ལུགས་སུ་གྲགས་པ་ལ་སྦྱངས་ཤིང་ཕྱིས་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱིས་སྟོན་པའི་ཁ་བྱང་ཕྱག་ཏུ་བྱུང་བ་ལ་བརྟེན་དགུང་ལོ་ཉེར་ལྔ་བཞེས་སྐབས་ལ་སྟོད་དཔལ་མོ་དཔལ་ཐང་གི་སྲིན་མཚོའི་ནུབ་བྱང་བྲག་བྱ་ཁྱུང་གི་མཆུ་འདྲ་བ་ནས་ཀུན་བཟང་ཐུགས་གཏེར་བཏོན་ནས་སྐུ་ཚེ་སྨད་སྙེ་ནམ་གསེར་ཕུག་ཏུ་བཞུགས་པར་མཛད། ཁོང་རང་གི་གཏེར་ལུང་དུ་དེ་སྐབས་ནམ་སྙིང་སྤྲུལ་པ་གསུམ་ལས་ཐུགས་ཀྱི་སྤྲུལ་པ་ཡིན་པར་བཤད། རིག་འཛིན་རྒོད་ལྡེམ་ཅན་དང་སངས་རྒྱས་གླིང་པ་དང་དུས་མཚུངས། དེ་གཉིས་ཀ་དང་ཁོང་དངོས་སུ་མ་མཇལ་ཀྱང་སློབ་མས་སྦྲེལ་ཏེ་ཐུགས་མཛའ་གཅུགས་སུ་གྱུར་ཞིང་གཏེར་ཆོས་ཕན་ཚུན་གསན་བཞེས་དང་། དམ་རྫས་ཕབ་རྒྱུན་གཅིག་ཏུ་སྤེལ་བར་མཛད་དོ། །དེ་ལྟར་གཏེར་ལུང་ནས་བསྟན་པ་རགས་རིམ་གྱི་དུས་ཀྱི་གོ་རིམ་དང་། གཞན་ནུས་ལྡན་བདུད་འདུལ་རྡོ་རྗེའི་ལུང་ལས་བྱུང་བའི་ཟུར་ཆུང་ཤེར་གྲགས་ནི་སྔ་འགྱུར་བཀའ་མ་ལ་གྲགས་ཤིན་ཏུ་ཆེ་ཞིང་སྦྱོར་སྒྲོལ་གྱི་ནུས་པ་རྨད་དུ་བྱུང་བ་ཐོབ་པའི་བོད་ཀྱི་གྲུབ་ཐོབ་ཆེན་པོར་གྱུར་པ་དང་། གཏེར་སྟོན་གྲྭ་པ་བཛྲ་ནི་མཁའ་འགྲོ་དགོངས་འདུས་གཏེར་ནས་འདོན་པ་པོ་ཡིན་ཞེས་གསུངས་ཀྱང་གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་དང་གཅིག་མིན་དཔྱད་པ་ལས་གཞན་སྔར་ཆ་མ་འཚལ། འཁོན་སྟོན་བཟང་པོ་དཔལ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབོན་ས་སྐྱའི་གདུང་རབས་རྣམས་ཀྱི་སྤྱི་མེས་གྲགས་ཆེ་ཞིང་རྟོགས་སླ་བ་ཉིད་དོ། །ཀཿཐོག་ཚུལ་ཁྲིམས་འབུམ་ནི་སྔ་ཕྱི་གཉིས་བྱུང་བའི་སྔ་མ་ནི་ཀརྨ་པ་རོལ་བའི་རྡོ་རྗེའི་སྐུ་ཚེའི་སྨད་ཙམ་དུ་བྱུང་ཞིང་སྐལ་ལྡན་གྱི་འདུ་བ་ཡང་མང་དུ་བསྐྱངས་བཀའ་གཏེར་གྱི་བསྟན་པ་རྒྱས་པར་མཛད། དེ་ཡི་སློབ་མ་ནི་ཀཿཐོག་ཆོས་འབུམ་དང་། དེ་ཡི་སློབ་མ་བུ་འབོར་ཡེ་ཤེས་རྒྱལ་མཚན། དེ་ཡི་སློབ་མ་བྱང་སེམས་ཆོས་རྗེ། དེ་ཡི་སློབ་མ་དཀོན་མཆོག་རྒྱལ་མཚན། དེ་ཡི་སློབ་མ་ཚུལ་ཁྲིམས་འབུམ་ཕྱི་མ་སྟེ་སྐུ་ཚེའི་སྨད་ལ་ཀུང་ལུང་གནས་སྒོ་དབྱེ་ཞིང་སྒྲུབ་སྡེ་འདེབས་པ་པོ་ཡིན། ཀོང་པོ་རྒྱ་ར་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཡང་འདི་ཡི་སློབ་མར་གནང་། ཀུན་མཁྱེན་སངས་རྒྱས་འཕེལ་ནི་གཙང་རོང་ཆེན་སྣར་དུ་སྐུ་འཁྲུངས། ཐོག་མར་རོང་བྱམས་ཆེན་གྱི་གྲྭ་སར་ཞུགས། བྱམས་ཆེན་རབ་འབྱམས་པར་གྲགས། ཕྱིས་འབྲས་ཡུལ་རྫོང་དཀར་སྐྱེད་མོའི་ཚལ་གྱི་བཤད་གྲྭ་བཙུགས། བོད་གངས་ཅན་གྱི་བཤད་གྲྭ་ཕལ་མོ་ཆེ་འདི་ལས་གྱེས་ཤིང་། ཁོང་རང་གི་སློབ་མ་རྣམས་ཀྱིས་རྒྱལ་སྲས་ཞི་བ་ལྷའི་སྤྲུལ་པ་དང་གཙང་རོང་མེས་སྟོན་མཚོན་པོའི་སྐྱེ་བར་བཞེད། སྤྱོད་འཇུག་སྨོན་ལེའུའི་ཚིག་ཤུགས་ཀྱི་ལུང་བསྟན་པར་ཡང་འདོད་འདྲ་རུང་ཡང་ཡོད། བདག་སྨྱོན་ཀུན་དགའ་ལེགས་པ་ནི། ས་སྐྱའི་གདུང་རིགས་ལས་འཁྲུངས་མྱང་གི་དྲག་དམར་སྙིང་པོ་དུང་ཕྱུར་གྲུབ་པར་གྲགས། སྐྱིད་རོང་གནས་རམས་པ་བྱམས་པ་ཕུན་ཚོགས་ཀྱིས་འབྲས་ཡུལ་སྐྱེད་ཚལ་དུ་ཁོང་དང་མཇལ་སྐབས་ལམ་འབྲས་པའི་ཆོས་སྐད་དུ་ཁམས་འདུས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕེབས། ཞེས་གནས་རམས་པའི་རྣམ་ཐར་དུ་འཁོད་སྣང་བས་དུས་ནི་སྐྱེད་ཚལ་འོག་མ་འདེབས་པ་པོ་ཆོས་རྗེ་ལྷ་དབང་བློ་གྲོས་དང་རགས་རྩིས་སུ་མཚུངས་པར་གྲུབ། ཇོ་ནང་ཀུན་མཁྱེན་དོལ་པོ་པའི་ཐུགས་སྲས་མ་ཏི་རྣམ་གཉིས་ལས་ས་བཟང་མ་ཏི་པཎ་ཆེན་ལ་དགོངས་སོ་སྙམ་ཞིང་། ཇོ་ནང་རྗེ་བཙུན་གྱི་སྐུ་ཡི་སྐྱེ་བ་སྔ་ཕྱི་རྣམས་སྤྱན་སྔ་བྱམས་པ་འབུམ་པའི་འཁྲུངས་རབས་དང་ཤིན་ཏུ་འབྲེལ་ཞིང་དེ་དག་དང་ཐུགས་བརྒྱུད་གཅིག་པའི་བླ་སློབ་ཏུ་ངེས་པར་གྱུར་པ་ཞིག་གོ །མཁས་པ་གཙང་ནག་པ་ནི་འཁྲུངས་ཡུལ་གཙང་ཇོ་མོ་ནགས་རྒྱལ་གྱི་འདབ་ནགས་ཕུག་ཏུ་འཁྲུངས། དགེ་བཤེས་ཕྱྭ་པ་ཆོས་ཀྱི་སེང་གེའི་ཞབས་ལ་ཐུག ཐུགས་སྲས་སེང་གེ་དགུ་ཡི་ཡ་གྱལ་གཅིག་སྟེ་མཚན་དངོས་ཐུགས་རྗེ་སེང་གེ །འཇམ་དཔལ་གྱི་དངོས་གྲུབ་ཐོབ་ཅིང་སྨྲ་བའི་སེང་གེར་གྱུར་ཀྱང་སྔོན་གྱི་རྟེན་འབྲེལ་དང་གནས་སྐབས་མི་ཆོས་དང་མི་བསྟུན་པས་ཟང་ཟིང་གི་འདུ་བ་ཤིན་ཏུ་ཆུང་ཞིང་ཆོས་ཀྱི་སློབ་མ་ཡང་ཆེར་མ་བྱུང་། འོན་ཀྱང་མཁས་པའི་གྲགས་པ་ནི་ད་ལྟའི་བར་མ་ཉམས་པ་དེར་སྣང་། སྐུ་གཙང་ཐོབ་རྒྱལ་དུ་ཡལ། སྐུ་སྤུར་སྦྱངས་པའི་ས་དེ་དད་པས་ཟོས་ན་ཤེས་རབ་ཆེན་པོ་ཡོང་ཞེས་ད་ལྟ་ཡང་ཚོལ་ནས་ཟ་སྲོལ་ཡོད་འདུག དེ་ལྟ་སྤྲུལ་པའི་སྐུ་དེ་རྣམས་དང་ཀུན་རྫོབ་ཉིད་དུ་ལས་སྨོན་བཟང་པོས་འབྲེལ་ཞིང་ཅུང་ཟད་ཙམ་ཞིག་བདག་བྱིན་གྱིས་རླབས་པར་གོར་མ་ཆག་གོ་སྙམ་པའི་མོས་པ་དང་། ཆོས་ཉིད་དོན་དམ་གྱི་ངོས་ནས་རྩ་བའི་བླ་མས་སེམས་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ངོ་སྤྲད་པའི་སྐབས་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་རྒྱུད་ལྡན་བླ་མའི་ཐུགས་ཀྱི་ཡེ་ཤེས་རང་རིག་ཟབ་གསལ་དབྱེར་མེད་བདེ་ཆེན་འདི་ཀ་ལས་གཞན་དུ་མ་ཚོལ་ཞེས་གདམས་པར་མཛད་ཅིང་ཕྱག་རྒྱ་ཆེན་པོ་ཁྲེག་ཆོད་ལྟ་བའི་རྣལ་འབྱོར་པ་ཀུན་གྱིས་དེ་ལྟར་ཁས་ཡང་ལེན་ན། དཔལ་ནམ་མཁའི་སྙིང་པོ་ཡི་སྒྱུ་འཕྲུལ་སྐྱེས་བུ་དེ་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་དང་བདག་གི་སེམས་ཉིད་གཤིས་ལུགས་ངོ་ཤེས་པའི་ཆ་གང་ཡིན་དེ་དང་གདོད་ནས་དབྱེར་མེད་རོ་གཅིག་ཏུ་གནས་པ་ཡིན། ཞེས་ཡེ་ཤེས་ཇི་བཞིན་དངོས་གནས་རྟོགས་ན་དེ་ལྟ་ཡིན་མོད་ཀྱང་བདག་རང་གིས་ནི་མ་རྟོགས་རུང་། ཉམས་མྱོང་ཕྲ་མོའམ་གོ་བ་ཙམ་ལ་བརྟེན། སྐབས་འདིར་སྟོང་ཟོབ་ཀྱི་སྒོ་ནས་དེང་སང་གི་ཆོས་གཟུགས་ཕལ་གྱི་སྤྱི་ནོར་གྱི་ཚུལ་དང་མཐུན་པར་ཐོ་ཅོ་ཆེན་པོས་ལ་བཟླ་བར་བྱས་སོ། །

འདིར་སྨྲས་པ། ཨ་ཧོ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟགས་ཡོད་པའི། །རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་དེ། །སངས་རྒྱས་ཀུན་གྱི་དངོས་གདོད་མའི་ཀུན་བཟང་མགོན། །ཐ་དད་བྲི་གང་དང་དབྱེ་བ་མེད་ཞེ་ན། །སེམས་ཅན་ཐམས་ཅད་ཀུན་སངས་རྒྱས་རང་བཞིན་གྱུར། །དོན་དམ་གཤིས་ལུགས་ལ་འཁོར་འདས་རོ་གཅིག་མཉམ། །ཀུན་རྫོབ་གློ་བུར་གྱི་དྲི་མ་སྤང་མ་སྤངས། །ཁྱད་པར་ཆ་ཤས་ལས་གནས་ལུགས་གཅིག་གོ་ཞེས། །ངེས་དོན་མདོ་རྒྱུད་དང་བསྟན་བཅོས་ཀུན་ལས་གསུངས། །དེ་ཀ་ཡིན་ནས་ཀྱང་ཡིན་ལུགས་ངེས་ཤེས་སྐྱེས། །དེ་ཚེ་མགོན་པོ་མཆོག་ནམ་མཁའི་སྙིང་པོ་ཡང་། །མཁའ་ཁྱབ་གནས་ལུགས་ཀྱི་བདག་དང་དབྱེ་བ་ཅི། །ཆོས་ཉིད་བཞུགས་ཚུལ་གྱི་ངང་དུ་དེ་ལྟ་ཡང་། །གང་ཟག་ལམ་བདེན་ལ་དབྱེ་བ་ཡོད་ཅེས་ན། །ཐེག་ཆེན་སྔགས་ལམ་ལ་ཞུགས་པའི་རྣལ་འབྱོར་པར། །དབང་དུས་ཡེ་ཤེས་སམ་བཞི་པའི་ལམ་རིམ་སྐབས། །མ་བཅོས་བསམ་འདས་ཀྱི་རིག་པ་ཟབ་གསལ་འདི། །རང་ངོ་རང་ཉིད་ཀྱི་ཤེས་གྱུར་འཕོ་བའི་དབང་། །བྱིན་རླབས་བླ་མ་ལ་བརྟེན་ནས་ཐོབ་པའི་ཚེ། །སྣང་ཚུལ་རྒྱུ་ཡི་བླ་མ་ཡང་རང་རིག་གདངས། །དོན་དམ་བླ་མ་ནི་ངོ་བོ་ཟབ་གསལ་བདེ། །རང་རིག་རྟོགས་ཚུལ་གྱི་ངོ་མཐོང་འདི་ཀ་ལས། །ཐ་དད་སོ་སོ་རུ་ནམ་ཡང་ཡོད་མིན་ཅིང་། །རྒྱལ་ཀུན་ཆོས་སྐུ་ཡི་བཞུགས་ཚུལ་འདིའོ་ཞེས། །ཚེ་གཅིག་སངས་རྒྱས་སུ་འདོད་པའི་ཉེ་ལམ་མཁན། །མཐའ་དག་ཞེ་འདོད་ཅིག་དབྱངས་གཅིག་ཉིད་གསུང་ན། །དེ་ཚེ་ཁོ་བོ་ཡང་བླ་མའི་བྱིན་བརླབས་མཐུས། །དབང་དོན་ཡེ་ཤེས་སམ་བཞི་པའི་ལམ་རིམ་ཉིད། །མངོན་ནས་ཆ་ཤས་ཤིག་གོ་ཞིང་མྱོང་བའི་མཐུས། །ཀུན་བཟང་པད་འབྱུང་དངོས་རྩ་བའི་བླ་མ་ལ། །ཀུན་རྫོབ་ལམ་དུས་སུ་མོས་གུས་མཆི་མ་འཁྲུགས། །ལུས་སྲོག་ལྟོས་མེད་དུ་དེ་ཕྱོགས་གཏོང་ནུས་མོད། །དོན་དམ་བླ་མ་ནི་སེམས་ཉིད་ཆོས་ཀྱི་སྐུ། །རིག་པ་རང་ངོ་ཡི་དབྱིངས་སུ་རོ་མཉམ་ན། །དཔལ་ཆེན་གྲུབ་པ་ཆེ་ནམ་མཁའི་སྙིང་པོ་ཡང་། །ཁོ་བོའི་སེམས་ཉིད་ཀྱི་དབྱིངས་སུ་ཅིས་མི་གཅིག །སྤྲུལ་པ་ཡང་སྤྲུལ་གྱི་ཐ་སྙད་མ་ལགས་ཀྱང་། །རྣལ་འབྱོར་ཉམས་མྱོངས་ཀྱིས་ཞེ་ཁ་འགྲང་བའི་ཚེ། །གནས་ལུགས་དོན་དམ་དང་རྗེས་སུ་འབྲེལ་བའི་གཏམ། །སྟོང་ཤོབ་ཐད་གོག་ཞིག་ཐག་ན་དེ་འདྲ་མཆིས། །ཚུལ་དེ་ཀུ་རེ་དང་ཀྱལ་ཀའི་ངང་ཚུལ་ལས། །ཇི་བཞིན་གནས་ལུགས་སུ་ནམ་མཁའ་ཁབ་མིག་དང་། །ཆུ་གཏེར་དཀྱིལ་འཁོར་དང་འཁྱོར་ཆུ་ཇི་བཞིན་འགྲན། །རྫས་མཚུངས་རྣམ་གྲངས་སུ་བརྗོད་ལ་འགོག་ཀྱང་མེད། །གཅིག་དང་མི་གཅིག་ཅེས་ཐ་དད་ཁས་ལེན་འདི། །སྨྱོན་པའི་གླུ་དབྱངས་ལྟར་ཚད་མ་མིན་ཞེས་ན། །འབྲུ་ཆན་དག་པ་དེ་ཆོས་ཉིད་གཉུག་མའི་ཁམས། །ཕབ་རྐྱེན་བཟང་པོ་ནི་བྱིན་རླབས་བླ་མའི་མཐུས། །དགེ་སྦྱོར་ཉམས་མྱོང་གི་དྲོད་ཀྱིས་ཉེར་སྨིན་ཏེ། །ཇི་བཞིན་རྟོགས་པ་ཡང་ཆ་ཤས་ཞིམ་ཆང་ལྡང་། །མདོ་རྒྱུད་གཞུང་མང་གི་གཙང་ཆུས་སྦྲན་བྱས་ཏེ། །ཐོས་བསྒོམ་ཟུང་འཇུག་གི་ལྟོ་རུ་འཐུང་བའི་མཐུས། །སྣ་ཚོགས་འགལ་མེད་ཀྱི་དབང་པོ་ར་ཡང་རོ། །གུ་ཡངས་བློ་བདེ་ཡི་སྨྱོ་གླུ་བླངས་བ་ན། །ཐ་སྙད་ཚིག་སྐམ་གྱི་འགལ་རྟགས་བྱེད་པ་དང་། །རྟོག་དཔྱོད་ཐེ་ཚོམ་ཅན་ཇི་ལྟར་དགྱེས་དགྱེས་མཛོད། །ལར་ནི་དོན་དམ་དུ་གཉིས་སྣང་ལས་འདས་པ། །དེ་བཞིན་གཤེགས་པ་ཡི་བཤུལ་ལམ་མཆོག་ཏུ་གསུངས། །ཀུན་རྫོབ་བདེན་ངོ་རུ་བཟང་ངན་སྒྱུ་མ་ལྟར། །སྣང་ཚུལ་མ་འདྲེས་པར་ཤར་ལ་འགོག་མི་འཚལ། །བར་སྐབས་སུ་གླུ་རུ་བླངས་པའོ། །

ད་དུང་དེ་ཡི་འཕྲོས་གཞན་ཡང་ཅུང་ཟད་གླེང་ན།

དེ་ཡང་བདག་མ་སྐྱེས་པའི་གོང་ནས་ལོ་ཙཱ་བ་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་པའི་སྐུ་རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་བདེ་ཆེན་གླིང་པའི་ཞལ་སྔ་ནས་ད་སྟེ་ལོ་གསུམ་འདས་ཤིང་། བཞི་ལྔའི་ཁོང་དུ་ཡུལ་ཕྱོགས་འདིར་སྐྱེས་བུ་དམ་པ་ཞིག་གི་སྐྱེ་བའི་སྲིད་པ་བཟུང་བར་འགྱུར་རོ། །ཞེས་གསུང་གི་གསང་བ་མཐོན་པོས་སྒྲོགས་པར་མཛད་པ་ལ་སྐྱེ་བོ་ཕལ་ཆེ་བས་འཕྱ་རྒོད་ཀྱི་གནས་སུ་བྱས། དེ་ནས་ལོ་བཞི་པའི་ཁོངས་སུ་བདག་སྐྱེས་པ་ན་མགོན་པོ་དེ་ཡི་གདུལ་བྱ་གྱུར་པ་དག་གིས་ནི་བདག་ལ་སྤྲུལ་པའི་སྐུ་ཞིག་སྙམ་ནས་ཡིད་རྩེ་གཅིག་ཏུ་བརྟོན་པར་བྱེད་དོ། །གཞན་ཡང་ཡུལ་དེར་ས་བླས་སྒྲོགས་པ་ལྟ་བུས་རིག་འཛིན་པདྨ་མ་ཎིའི་སྤྲུལ་སྐུ་ཡིན་འདུག་ཅེས་ཀུན་ཏུ་གྲགས་སོ། །འོན་ཀྱང་གོང་མའི་དབོན་རིགས་རྣམས་ནས་རྗེ་བླ་མ་བསྐལ་བཟང་སོགས་ནི་རང་ཉིད་ཟུར་བཞུགས་ཚུལ་གྱི་འཕྲལ་དུ་དོ་གལ་མེད་ཚུལ་ཙམ་དང་། གཞན་གཞུང་བཞུགས་པ་ཚོ་ནི་རིག་འཛིན་གོང་མ་དེ་ཉིད་ཀྱི་ལུང་བསྟན་ལྟར་ཕལ་ཆེར་རང་མདོག་བསྟན་ཟིན་པ་དང་། མ་གཞི་ནས་ཀྱང་མཁྱེན་པ་ཟབ་ཅིང་རྒྱ་ཆེ་བའི་རང་བཞིན་གྱིས་གཞན་ཕྱོགས་ཀྱི་སྐུ་སྐྱེས་འདྲ་བྱུང་ན་དགྱེས་ཚོར་སྤྲོ་སྤྲོ་སག་སག་ནི་ཡོད་ཚོད་སྟེ་དུས་ཕྱིས་སྐབས་ངེད་ཀྱི་ཁུ་བོ་བླ་མའི་ཁུང་ས་དམར་བཀྲ་ཤིས་ཀྱི་སྐུ་སྐྱེར་གྲགས་པ་ཞིག་བྱུང་བ་དེ་ལ་བསུ་ཆང་བསྐྱལ། དར་སོགས་ཀྱང་གནང་སྐད་ཐོས་ན་རང་ཕྱོགས་ཀྱི་སྤྲུལ་སྐུ་དང་སྐུ་སྐྱེའི་མིང་ཅན་འདྲ་བྱུང་ན་དགྱེས་ཚོར་ཆེར་མེད་པ་ནི་རང་གཤིས་མི་ཡི་རིགས་རུས་ཀྱི་གནས་ལུགས་སུ་གྲུབ་པ་ལ་མ་མགུ་འཁོང་བྱེད་པའི་གནས་མ་ཡིན་ཞིང་། བདག་ལྟ་བུ་ནི་ཁོང་རྣམས་ཀྱི་དད་པའམ་མི་དད་པའི་ཚུལ་ཅི་འདྲ་བསྟན་ཀྱང་རེ་ལྟོས་ཏིལ་འབྲུ་ཙམ་འཆའ་དགོས་མེད་ན། དེ་ཕྱིར་ཀོ་ལོང་ཡང་མི་བདོག་མོད། ངེད་རང་ནས་ཀྱང་སྤྲུལ་སྤྲུལ་སྐྱེ་སྐྱེ་ལ་དགའ་ཚོར་ཆེ་བ་མེད་ན་ཁོང་ཚོ་ལ་ཅི་ཞུ། ཁོང་རྣམས་ཀྱི་མཛད་སྒོ་ནི་འཇིག་རྟེན་མི་ཆོས་ལ་སྤྱོད་བཞིན་དགྲ་གཉེན་གོ་ལྡོག་པའི་ཚུལ་གྱིས་གཞན་ཕྱོགས་སྒྲོ་བཏགས་ཙམ་ལ་ཡང་གསར་འགྲོགས་བཅས་ཏེ་བཀུར་བཀུར་ཅོག་ཅོག་དང་རང་ཕྱོགས་ཀྱི་སྐུ་སྐྱེ་སྤྲུལ་སྐུར་གྲགས་པ་ལ་མིག་བརྙས་དང་ཁྱད་གསོད་མ་ཐུབ་ན་མ་གཏོགས་གང་ཐུབ་གང་ལྕོགས་གནང་བཞེད་འདུག་པ་དེ་ཀ་ཡ་མཚན་པའི་གནས་སུ་ཆེ་བ་ཞིག་བྱུང་ནས་འདིར་སྨྲས་པ་ཡིན། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འདི་དུས་སྐབས་ཡུལ་དེར་གཅོད་པ་ཨོ་རྒྱན་ཕུན་ཚོགས་ཞེས་ཕྱིས་གཏེར་སྟོན་ཁྱུང་དྲག་རྡོ་རྗེར་མངའ་གསོལ་བ་དེ་བཞུགས་ཤིང་འཕྲིན་ལས་རྒྱས་པའི་དུས་སུ་གྱུར་པས་ཁོང་ནས་ཕྱོགས་དེ་ཚོའི་གང་ཟག་སྔོན་བྱོན་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་ཞེས་ཨོ་རྒྱན་གུ་རུས་ས་བཅུ་པའི་སྤྲུལ་པར་དབུགས་དབྱུང་བ་དེ་ཡི་སྐྱེ་བ་གནམ་ཆོས་མི་འགྱུར་རྡོ་རྗེ་ཡིན་པ་ཀུན་ཏུ་གྲགས་པ་བཞིན་དེ་བས་གཞན་པའི་ངོས་འཛིན་གསར་པ་མཛད་པ་སོགས་ཀྱི་ཐོགས་དྲངས་མཆོག་དམན་བར་མ་མང་པོ་ཞིག་གི་སྐྱེ་བ་ངོས་འཛིན་ལུང་བསྟན་འབྱམས་ཀླས་པ་གནང་སྐབས་ཡིན་པས། དེ་ཚེ་ངེད་ལ་པདྨ་ནོར་བུ་མ་ཡིན་ནམ་ཞེས་ཟུར་གྱི་དམོད་པས་ཕལ་ཆེ་ཐེ་ཚོམ་ཞིང་གོང་གི་དབོན་རིགས་རྣམས་ཀྱང་དེས་ཐེ་ཚོམ་པ་སྐད་ཟེར་ཡང་གནས་ལུགས་དངོས་མ་ནི་གོང་དུ་བསྟན་པ་དེའོ། །དོན་དུ་ཡང་བདག་རང་ནས་ཇོ་ནང་པའི་ལྟ་གྲུབ་འཛིན་པ་ཁ་ཤས་སྐྱེས་སམ་སྙམ་པ་ད་ལྟ་ཡང་འདུག དེ་བཞིན་ཀརྨ་པ་ཡབ་སྲས་དང་ལས་འབྲེལ་ཆེ་བ་ནི་ཡོད་ངེས་ཞིག་སྣང་། གཞན་སྐྱེ་བ་འོལ་ཅི་ཡད་ཡུད་དྲན་པ་ལྟ་བུ་ཡོང་གི་འདུག་མོད། རིག་འཛིན་པདྨ་ནོར་བུ་ཡིན་པ་ནི་ཆུང་ངུའི་སྐབས་བག་ཆགས་ཤིན་ཏུ་གསལ་བ་བྱུང་སྐད་ཀྱང་། དུས་ཕྱིས་རང་བློ་ལ་ནི་གཞན་པས་བག་ཆགས་འཐུག་པ་ནི་མི་གདའ་བ་དྲང་པོར་སྨྲ་བ་ཡིན། དེར་ཡང་མ་ཟད་རིག་འཛིན་པདྨ་མ་ཎི་རང་གི་སྒོས་ལུང་དུ། སྤྲུལ་པའི་སྐྱེ་བས་ལྷོ་ཕྱོགས་སུ༔ ཁ་བྱང་འཛིན་ཅིང་འགྲོ་བླར་བདག༔ ཅེས་སྣང་ན་ལྷོ་ཕྱོགས་ཀྱི་སྒྲ་སྤྱིར་གཏང་གི་མདོ་ཁམས་དབུས་འགྱུར་ཀཿཐོག་གི་ལྷོ་ནི་བཙན་རིར་བཞག་སྟེ། གཏེར་སྟོན་འཇའ་ཚོན་སྙིང་པོ་དཔལ་མགོན་གྱི་ལུང་བྱུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང་༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་དང་འཕྲད་སྲིད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ ཞེས་པས་གསལ་བ་དང་། ལུང་འཛིན་གང་ཟག་རང་གི་སྒྲུབ་གནས་བཙན་རིའི་ལྷོ་ནི་གྲོ་ལོད་སྟེ། བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཁ་བྱང་ལས། མདོ་ཁམས་གནས་ཀུན་གཙོ་བོ་ཡོངས་གྲགས་པ༔ གྲོ་ལོད་བྱང་ཕྱོགས་ཀཿཐོག་ལྷོ་ཕྱོགས་མཚམས༔ ཞེས་པས་བཙན་རི་གྲོ་ལོད་ཀྱི་བྱང་དུ་ཡོད་ན་བཙན་རིའི་ལྷོ་གཙང་ཁ་གྲོ་ལོད་ཡིན་པར་མངོན་སུམ་པས་བསྟན་ནོ། །དེ་བཞིན་བར་ཁམས་ཀྱི་ལྷོ་དང་དབུས་གཙང་གི་ལྷོ་ཁ་དང་ལྷོ་བྲག་མཁར་མཆུ་སོགས་འཇུག་སྒོ་མང་བར་མ་ཟད་སྐྱེ་བ་དངོས་གནས་དེ་ཡང་ཟབ་གཏེར་ལ་སྤྱོད་ཅིང་འགྲོ་བ་ཡོངས་ཀྱི་བླ་མར་གྱུར་པ་བཤད་ན། ངེད་ལྟ་བུའི་རྣལ་འབྱོར་གཉོམ་ཆུང་གྱི་ནར་སྤྱོད་པ་ཞིག་འབྱུང་རྒྱུ་མི་འདྲ་བས་སྔར་ནི་རྗེ་བླ་མའི་དྲུང་ཙམ་ལས་གཞན་རྣམས་ནས་ངེད་ལ་རེ་བ་བྱེད་མཁན་མེད་པ་དེས་གོ་བཅད། ད་དུང་ཡང་རེ་བ་མ་བྱེད་ཅིག རང་ངོས་ཀྱང་རིག་འཛིན་པདྨ་མ་ཎི་ཡི་སྐྱེ་བ་ཡིན་མིན་ཁྱད་པར་ཅུང་ཟད་ཀྱང་སྔར་ནས་མི་བདོག་ན། ད་ལྟ་ཡང་ག་ལ་བདོག་སྟེ་ཡིན་ལུགས་མངོན་སུམ་པ་འདི་ཀའོ། །ཡང་དུས་ཕྱིས་ངེད་ལོ་བཅོ་ལྔ་སྐོར་ལོན་པ་ན་གཏེར་སྟོན་ཁྱུང་དྲག་རྡོ་རྗེ་བ་སྟག་བུའི་ལྗོངས་སུ་འཕྲིན་ལས་བསྐྱངས་བར་ཕེབས་སྐབས་ཁོང་རང་གི་གཏེར་ལུང་དང་ཐུགས་མཁྱེན་གཉིས་སྦྲགས་ཀྱི་སྒོ་ནས་ངེད་ལ་བསྟོད་ར་ཚད་མེད་པ་དང་བཅས་ཤིང་རིག་འཛིན་པདྨ་མ་ཎི་ཏ་ཡིན་པ་ཨ་ཀྱང་དཔལ་ནམ་སྙིང་གི་སྤྲུལ་པའི་སྐུ་དངོས་གནས་ཟབ་གཏེར་གྱི་བདག་པོ་ཡང་ཡིན་ཚུལ་ཐག་རྦད་ཆོད་པའི་གསུང་དང་། ངོས་སུ་འཕྲད་དགོས་ཚུལ་གྱི་ཕྲིན་བྱུང་ཡང་དེ་སྐབས་འཕྲད་པ་ནི་མ་ཤར། སྤྱིར་ཡང་གང་ཟག་གི་ཚོད་གང་ཟག་གིས་འཛིན་དཀའ་བ་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་སྐྱེས་བུ་དམ་པ་རྒྱུད་ཚོད་མ་རྟོགས་པའི་ཚུལ་བསྟན་མང་དུ་བྱུང་བ་མཐོང་ཞིང་ཐོས་ན། བདག་ལ་ཡང་ཁོང་གིས་སྣ་ཚོགས་གསུང་དགོས་པ་བྱུང་བ་ཡང་ཐུགས་བདེན་པར་མཆིས་སོ། །

སྨྲས་པ། ཁོ་བོ་ལ་ཚེ་དབང་ནོར་བུ་སྐད། །ཡང་དག་གི་དོན་ལ་གཏད་པ་མེད། །བཟང་ན་ཡང་ཆོས་ཉིད་གཤིས་ལུགས་ཡིན། །ངན་ན་ཡང་ཆོས་ཉིད་རོལ་རྩལ་ཡིན། །བཟང་ངན་ཀུན་རང་སེམས་ཀྱི་བླ་བཏགས་ཡིན། །ངེད་རང་གི་རང་ངོ་རང་གིས་ཤེས། །མ་ཤེས་ཀྱང་བློ་བདེ་ཁོང་ནས་རྙེད། །གཞན་ཟེར་གྱི་ཁ་ལ་རྒྱུག་དགོས་ཆུང་། །ཡིན་ལུགས་ནི་སུས་ཀྱང་ཤེས་པར་དཀའ། །ཤེས་ཤེས་པོར་བྱེད་ལ་གཏད་ས་ཅི། །མི་ཤེས་པར་བཏང་སྙོམས་གནས་ན་མཚར། །ཡིད་ཆེས་ཞིག་བྱུང་ན་དངོས་སུ་བཞེས། །དྭངས་ལེན་ཚོ་རང་དང་བསྐལ་མཐུན་ངེས། །སྐལ་མེད་ཚེ་ལོག་ལྟ་ཅི་ཆེ་འཚལ། །ང་རང་ལ་ཁྱད་པར་ཡོད་དོགས་ཆུང་། །ཡོད་ན་ཡང་གཏད་མེད་དབྱིངས་ནས་སྤྲུལ། །མེད་ན་ནི་ངོ་བོའི་གནས་ལུགས་གདའ། །ཇི་ལྟར་ཡང་རང་བློ་བདེ་མོར་མཆིས། །འུད་སྒྲོག་ཞིག་ཐག་པ་མ་ལགས་སམ། །སྟོང་ཤོབ་ཞིག་མཛད་ན་དེ་འདྲ་མཆིས། །ཞེས་སོ། །དེ་ལྟར་ངོས་པདྨ་མ་ཎིའི་སྤྲུལ་སྐུ་ཡིན་པའི་གླེང་ཅི་རིགས་བྱུང་བར་བརྟེན། གོང་མའི་དབོན་རིགས་ནས་བླ་མ་ཀུན་བཟང་བྱ་བ་ཞིག་ཡོད་པ་དེ་གནས་བསྐོར་དང་སྟབས་སུ་ངེད་ཀྱི་གནས་ཚུལ་དྲི་བར་ཐོག་མ་རིག་འཛིན་ཆེན་པོ་ནུས་ལྡན་སྟག་ཤམ་ཅན་གྱི་ཞབས་ལ་གཏུགས་ཏེ་བཀའ་ལུང་ཞུས་པ་ན་ཞལ་སྔ་ནས་བཙན་རི་བཀྲ་དང་ཉེ་བའི་དུང་དཀར་རི་ཁྲོད་དུ་སྐྱེ་བ་དེ་ནི་གཞན་ཕན་འཕྲིན་ལས་ཅན་ཞིག་ནི་ཡོང་ངེས་གདའ་ལ། ངེད་ཀྱི་ཡོན་ཏན་གྱི་གདུལ་བྱ་སྐྱོང་བ་པོ་ཕྱོགས་དེར་འབྱུང་བའི་ལུང་བསྟན་ཡོད་པ་དང་ཁྱེད་རང་རྣམས་ཀྱི་བླ་མའི་སྐྱེ་བ་ཡང་ཡིན་ཤས་ཆེ་ཞེས་གསུང་པ་ཙམ་བྱུང་ཞིང་། དེ་ནས་མི་རིང་བར་རིག་འཛིན་རྗེ་སྟག་ཤམ་ཅན་སྐུ་ཞི་བའི་དབྱིངས་སུ་གཤེགས་པ་ལ་བརྟེན་སླར་ཡང་རིག་འཛིན་རྩལ་འཆང་གཏེར་སྟོན་རོལ་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་མདུན་དུ་དོན་འདིའི་ཆེད་དུ་བཅར་བ་ན་གང་དེའི་ཞལ་སྔ་ནས་རྗེ་བཙུན་པདྨ་མ་ཎི་དང་རྒྱུད་གཅིག་ཅིང་གང་སྤྱིར་རིག་འཛིན་རྩལ་འཆང་སྔགས་ཀྱི་བདག་པོ་ཞིག་གིས་བྱིན་གྱིས་རླབས་པའི་སྤྲུལ་པ་འཁྲུལ་མེད་དུ་དབུགས་དབྱུང་བར་མཛད་སྐད་དོ། །དེ་ཡང་དེང་སང་གཞན་ཁ་ཅིག་སྤྲུལ་སྐུ་ལ་བརྟག་དཔྱད་མེད་པ་རི་བོང་ཅལ་སྒྲོགས་ཀྱི་རྗེས་སུ་འབྲང་བ་ལྟ་བུ་མ་ཡིན་པར་ཇི་བཞིན་དམ་པར་གྱུར་པ་ལ་ནན་ཏན་གྱི་དྲི་བར་བྱེད་པ་པོ་དེ་ནི་དབོན་པོ་གཞུང་བཞུགས་སྤྱིར་བཏང་དང་མི་འདྲ་བ་དེ་ལྟ་དམ་པའི་རིགས་དབོན་དུ་འོས་པའི་ཡ་རབས་ཀྱི་ངང་ཚུལ་འཛིན་པ་ན་རྗེས་སུ་ཡི་རངས་པའི་གནས་སུ་སྣང་ངོ་། །དབོན་པོ་ཀུན་བཟང་དེ་ངེད་ལ་གུས་ཤོག་མེད་ཀྱང་ཁོང་དབུས་གཙང་ནས་རང་གནས་སུ་ལོག་བྱོན་དུས་ངེད་གདན་སར་སླེབ་མ་ཐག་པའི་སྐབས་ཡིན་ལ། ངོས་ལ་སྔར་དང་མི་འདྲ་བའི་སྙིང་ནས་དགའ་གུས་བྱེད་ཀྱི་འདུག་པ་དོན་འདིའི་ཡིན་པར་སྣང་ཡང་དེ་སྐབས་གང་ཡིན་སྙམ་པ་ལས་མ་བྱུང་། ཕྱིས་གོང་གི་ལོ་རྒྱུས་འདི་རྣམས་ནི་རིག་འཛིན་རོལ་པའི་རྡོ་རྗེའི་ཉེ་གནས་སོགས་ཁུངས་ལྡན་དུ་མའི་ངག་ནས་ཐོས་ཤིང་ཁོང་ལ་རིག་འཛིན་ཆེན་པོ་དེ་ཡི་ཞབས་ནས་ཚུལ་འདིའི་བཀའ་ལུང་ཡི་གེར་ཡང་གནང་ཡོད་ཚོད་འདུག་རུང་ད་ལྟ་ཕན་ངེད་ཀྱི་ལག་ཏུ་ནི་མ་བྱུང་ངོ་། །དེ་ལྟ་ན་ཡང་སླར་ནི་རང་གིས་རང་ལ་མ་ཁྲེལ་ཞིང་ལྐོག་གྱུར་གནས་གཞན་མེད་པའི་གདེང་ཆུང་ཞིག་མེད་ན་བརྟག་པ་ཡིན་ཡིན་མོ་དང་། ལུང་བསྟན་ཡིན་ཡིན་མོ་གཅིག་པུས་ཀྱང་དགོས་པ་དབེན་གྱི། ངེད་ལ་ནི་དེ་ཙམ་གྱི་ཁྱད་པར་ཡང་མི་བདོག་གོ །དེ་ལྟ་ན་ཡང་འཕགས་པའི་ས་ལ་ངེས་པར་བཞུགས་པའི་དམ་པ་ལས་ཀྱང་དམ་པ་སྤྲུལ་པའི་གཏེར་སྟོན་རིག་འཛིན་རྩལ་འཆང་དེ་རྣམས་ཀྱི་རྡོ་རྗེའི་གསུང་གི་མགྲིན་གཅིག་ཏུ་ཁོ་བོ་ལྟ་བུའི་སོ་སྐྱེས་ཐ་ཆད་གྱུར་ཀྱང་རྗེས་སུ་བཟུང་ཕྱིར་སྐྱེས་བུ་དམ་པར་དབུགས་དབྱུང་བར་མཛད་པ་ལ་ནི། རང་ཉིད་ཁེངས་ནས་ལྟོས་མེད་ཀྱི་ང་རོ་ནི་མ་ཡིན་ལ་བདག་ཉིད་བསྐལ་པ་བཟང་པོ་ནི་ཡིན་པར་བྱེད་དོ། །

འདིར་སྨྲས་པ། རྟ་མཆོག་ཧེ་རུ་ཀ་དཔལ་སྟག་ཤམ་ཅན། །རྡོ་རྗེ་ཁྲག་འཐུང་ངོ་བོ་བདེ་ཆེན་གླིང་། །གསང་བདག་རྡོ་རྗེ་ཆོས་མཆོག་རོལ་རྡོ་རྗེ། །རྣམ་གསུམ་ལུང་གི་སཱ་ར་ཛའི་མེ་ཏོག །བསྐལ་བཟང་ཁྱབ་འཇུག་སྤྱི་བོར་བཅིངས་པ་ན། །རང་འདོད་བཅོས་མའི་མཚོན་གྱིས་འཇིགས་མིན་པའི། །དོན་གཉིས་བདུད་རྩིའི་དགའ་སྟོན་ཅིར་ཡང་ཐོབ། །ནུས་ལྡན་འདི་ཀོ་གང་གི་དྲིན་ལས་བྱུང་། །ཞེས་སོ། །གང་ལྟར་ན་ཁོ་བོ་ཅག་སུ་ཞིག་གི་སྐྱེ་བར་ངོས་ཟིན་ཀྱང་རུང་ལ་མ་ཟིན་ཀྱང་རུང་། མཛུབ་བུ་འཛུགས་ས་ཡོད་ཀྱང་འདྲ་མེད་ཀྱང་འདྲ། མིང་སྤྲུལ་སྐུའམ་སྐུ་སྐྱེར་གྲགས་པ་འདི་ནི་མ་ཡི་ལུས་ལ་མངལ་ཆགས་ནས་བརྩམ་རང་བཞིན་གྲགས་པ་དང་། རང་གི་ཡང་ལོ་ལྔ་མར་བཏགས་སུ་སྔོན་གནས་ཀྱི་གཏམ་ཅི་རིགས་གླེང་བར་བརྟེན་རྩ་ཁམས་ཅུང་ཟད་དྭངས་བས་སྔོན་གནས་དྲན་རྒྱུ་ཡོད་པའི་རིགས་ཞིག་ཡིན་སྣང་བ་ལས། ཚེ་འདིའི་ཕ་མ་གཉེན་ཚན་སོགས་ཀྱིས་ལྐོགས་སུ་བསླབ་པའི་བཅོས་མ་དང་། རང་བཞིན་སྤོམ་ཡོར་གྱི་བཟང་རྫུན་བྱོ་ཟོལ་དུ་བཞག་པ་དེ་འདྲ་ནི་མིན། དེ་བཞིན་གྲྭ་འཁོར་སྦྱིན་བདག་གི་བཅོས་པ་ཡང་མེད་ལ། གོང་མའི་སྐུ་ཉེ་གྲྭ་དབོན་གྱིས་བཅོས་དགོས་ནི་དེ་བས་ཀྱང་སྤུ་རྩེ་བརྒྱར་གཤག་ཙམ་ཡང་མ་དགོས་པ་གོང་དུ་གསལ་བ་དེར་གདའ། ཚུལ་འདི་དག་འོག་ཏུ་ཡང་ཅི་རིགས་འཆད་པར་འགྱུར་རོ། །

འདིར་སྨྲས་པ། དེས་ན་འཇིག་རྟེན་གྱི་གཏམ་དཔེ་ལྟར། །སུ་ཡི་ཡང་བཅས་བཅོས་མ་བྱས་པའི། །རང་ཉིད་ལ་བྱུང་བའི་རང་བྱུང་དེ། །རང་བྱུང་གི་རྡོ་རྗེ་ཟེར་ན་གྱིས། །འོན་ཀྱང་ནི་ངེས་ཏིག་ཅི་ཞིག་ཡོད། །བདེན་རྫུན་ཀུན་རྣམ་རྟོག་བརྟག་པ་བ། །ཁྲིག་ཁྲིག་དང་ཁད་ཁད་ཡོད་དོགས་ཆུང་། །རང་རིག་ལ་བདེན་རྫུན་གོས་མ་མྱོང་། །ཡང་དག་གི་དོན་ལ་དེ་ཙམ་ལས། །སྲིད་ཞི་ཀུན་རྫུན་པར་ཟད་ཅེ་ན། །ང་བདེན་འདི་རྫུན་གྱི་མཐིལ་ལ་ཐུག །དེ་བས་ན་གུ་ཡངས་མི་བདེའམ། །ཞེས་སོ། །ལར་ནི་དེང་སང་དབང་གིས་མཆོག་དམན་བར་མ་གང་ཟག་སྣ་ཚོགས་པའི་སྐྱེ་སྲིད་ཡིན་ནོ་ཞེས་པ་ལ་མ་ཉུང་ཙམ་ནི་ཡོང་ཞིང་འདུག་པ་ཡི། ཁོ་བོ་དེ་འདྲར་སྔ་སོར་ནས་དག་སྣང་འབྱོང་པོ་ཞིག་ཡོངས་ཀྱི་མེད་དེ། ཇི་ཕྱིར་སྐྱེ་བ་དྲན་པའི་མཐུ་ལ་བསྟན་ཏེ་བླ་མའི་གོ་འཕང་ལ་བསྒྲོད་རྒྱུ་ཡིན་ན། དྲན་དགོས་ངེས་པའི་དཀོན་མཆོག་གསུམ་ལ་དད་པ་རྣམ་པར་དག་པ་དང་། དེ་བཞིན་གཏོང་བ་དང་དགེ་སྡིག་ལས་འབྲས་ཀྱི་འདོར་ལེན་ཚུལ་ཁྲིམས་དང་བླ་མ་ལ་མོས་གུས་དམ་ཚིག་ངོས་ལྐོག་མེད་པ་དང་དམ་པའི་ཆོས་ཤེས་པ་དང་། བསམ་གཏན་སོགས་དགེ་བའི་བག་ཆགས་ཚུལ་བཞིན་དུ་དྲན་ཞིང་སྤྱོད་དགོས་རྒྱུ་འདྲ་བ་ལ། དེ་ལྟ་མ་ཡིན་པར་ཁ་ཅིག་ནི་སྟེས་དབང་གིས་ཚིག་ཙམ་པར་སྐྱེ་བར་གྲགས་པ་དང་། གཞན་ནི་གཉེན་ཚན་ངོ་ཤེས་པ་དང་རྫས་ནོར་ཙམ་ཞིག་ངོ་ཤེས་དྲན་ཡུལ་བྱས་ནས་མིང་སྐུ་སྐྱེར་འབོད་པ་འདི་ཡང་དག་པའི་སྐྱེ་བར་ཇི་ལྟར་འགྱུར་རམ་སྙམ་པར་རང་དང་རང་འདྲ་ཀུན་ལ་དེ་ལྟར་སེམས་ཞིང་ཡི་མུག་ལྡང་བ་ཁོ་ན་བྱུང་མོད། དུས་ཕྱིས་བརྟགས་ཤིང་དཔྱད་པ་ན་རྣམ་རྟོག་ལ་འདི་ལྟར་ཤར་ཏེ། རྒྱལ་བས་གདུལ་བྱ་འདུལ་ཚུལ་ཐབས་ལ་མཁས་པས་བྱིན་གྱིས་རླབས་ཚུལ་གྱི་ཁྱད་པར་ལས། དཔལ་ལྡན་ཀརྨ་པ་ཡབ་སྲས། འབྲི་འབྲུག་སོགས་བཀའ་བརྒྱུད་ཀྱི་སྤྲུལ་པའི་སྐུ་སྐྱེ་བ་རིམ་ཅན་དང་། བསྟན་པའི་མངའ་བདག་དཔལ་རི་བོ་དགའ་ལྡན་རྗེ་རིན་པོ་ཆེའི་བསྟན་འཛིན་མཆོག་འཇམ་དཔལ་ཚངས་པ་ལྷ་ཡི་མེ་ཏོག་གི་སྤྲུལ་པའི་སྐྱེ་འཕྲེང་གཙོ་བོར་གྱུར་པ་ཡབ་སྲས་བླ་ཆེན་པོ་རྣམས་ཏེ། གང་ཆེ་དེ་རྣམས་ཀྱང་ཨོ་རྒྱན་གུ་རུའི་ལུང་གིས་ཟིན་ཅིང་མར་མེ་གཅིག་ལ་གཅིག་མཆེད་པའང་བརྐོས་ཕོར་གཅིག་ནས་བྱུང་བའི་སཱཙྪ་བཞིན་དམ་པའི་རྣམ་ཐར་འབྲི་བ་མེད་པ་བརྒྱུད་མ་ནས་བརྒྱུད་མར་སྟོན་པར་མཛད་པ་བྱུང་བ་ནི་ངོ་མཚར་མཆོག་གི་ཡུལ་ཡིན་མོད། དེ་བས་གཞན་ཡང་སངས་རྒྱས་སྐྱེས་བུ་འཕགས་པའི་སར་བཞུགས་པས་འགྲོ་བའི་དོན་དུ་སྨོན་ལམ་དབང་གི་སྐྱེ་བ་སྤྲུལ་སྐུར་བསྟན་ནས་མ་ཉམས་རིག་པའི་མཐུས་སྐྱེ་སྲིད་བརྒྱུད་མ་གསལ་པོར་གཟིགས་པ་སྤྲུལ་པའི་སྐུ་མཆོག་དམ་པ་ནི་གསར་རྙིང་ཀུན་ལ་སྔོན་རབས་ད་ལྟ་ཀུན་ཐོར་རེ་བ་འབྱོན་པ་དེ་རྣམས་ནི་སངས་རྒྱས་སུ་མཚུངས་པ་ཙམ་དུ་མོས་ཤིང་དད་པ་གཞན་གྱི་མི་ཕྱེད་པ་ཡོད་ལ། རང་ཉིད་དེ་ལྟའི་གོ་འཕང་ཐོབ་འདོད་པས་གཉིས་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུ་ཚོགས་ལ་རབ་ཏུ་བརྩོན་པར་བློ་འདུན་ཡང་དག་པར་མཆིས་བཞིན་པ་འདི་ཡིན། གཞན་ཡང་མོས་སྤྱོད་པ་སྐྱེ་སྲིད་དྲན་ཞིང་དགེ་འབྲས་བསྒྲུབ་པ་ལ་འབད་པ་ཅན་ཡང་འཕགས་པའི་ས་ལ་ཉེ་བས་དེ་དང་མཚུངས་པར་བཅོས་མིན་གྱི་དད་པ་བརྟན་པོ་ཡོད་ཅིང་སྤྱིར་མོས། འཕགས་ནང་གི་རྒྱུད་ཚོད་ཇི་ལྟ་བ་ནི་རྒྱལ་དང་རྒྱལ་ཚབ་སར་གནས་པའི་སྤྱོད་ཡུལ་ལས་གཞན་གྱིས་དཔག་པར་མི་ནུས་ཤིང་རྩོད་བྲལ་ལུང་གིས་ཟིན་པའི་སྐྱེས་ཆེན་རྣམས་ཀྱིས་ནི་ཅི་མཛད་ཡེ་ཤེས་རོལ་པར་གྱུར་པས་དཔྱད་གཞི་ལས་འདས་མོད། གཞན་དུ་ན་སོ་སྐྱེ་ཡི་སྐྱེ་བར་གྲགས་ཀྱང་ཆོས་བཞིན་སྤྱོད་པ་ལ་ཡང་བསམ་གྱིས་མི་ཁྱབ་པར་དྲན་ནས་དད་པའི་སྤུ་གཡོ་བ་ཞིག་ནི་ཁོ་བོའི་རྒྱུད་ལ་ཤར་བ་བྱུང་ངོ་། །

འདིར་སྨྲས་པ། ཨེ་མ། སངས་རྒྱས་རྣམས་གདུལ་བྱའི་དོན་ཕྱིར་དུ། །གང་འདུལ་གྱི་སྤྲུལ་སྐུ་ཅིར་ཡང་ཤར། །འཕགས་ཆེན་གྱི་ས་ལ་བཞུགས་པ་རྣམས། །སྐྱེ་སྲིད་ནི་དུ་མར་ཅིས་མི་སྟོན། །རྒྱ་ཆེ་ལ་རྒྱུན་ཆད་མེད་པ་འདི། །རྒྱལ་བ་དང་རྒྱལ་སྲས་རྣམ་ཐར་རྟོགས། །སྣ་ཚོགས་ཀྱི་གཟུགས་སྐུ་བསམ་ཡས་ན། །སྒམ་སྒམ་པོའི་དཔྱད་པ་པྲ་ཆལ་ཡིན། །འཕགས་པ་ཡི་སྒྱུ་འཕྲུལ་ཚད་བཟུང་འདས། །གང་གང་ལ་དེར་འདུལ་རོལ་བར་སྟོན། །མཁས་པར་ཡང་བརྫུ་ལ་རྨོངས་པར་བརྫུ། །བཙུན་པ་དང་འཆལ་པ་ཅིར་ཡང་བརྫི། །ཞི་བ་དང་ཁྲོ་ཡང་དེ་བཞིན་སྟོན། །རྩིང་པོ་དང་ཞིབ་མོ་ཅིར་ཡང་སྤྱོད། །འདོད་དགུ་ལ་དབང་བསྒྱུར་སྒྱུ་འཕྲུལ་ཆེ། །ཟེར་མོད་ཀྱི་ཐོས་བསམ་ཨ་ལ་ལ། །རང་བློ་ནི་དག་སྣང་ལམ་ནས་དྲངས། །མོས་གུས་ཀྱི་ཡུལ་གྱུར་བསམ་ཡས་མོད། །གཞན་སྣང་དང་བསྟུན་ནས་ཚིགས་བཅད་ལ། །བྲག་ཆ་ལྟར་ཤེས་ན་མི་ཚར་རམ། །འོན་ཏེ་ཡང་ལྷག་བསམ་དག་པས་ན། །འགལ་འདུ་ཡི་ཡུལ་མེད་ངེས་པར་བདེན་ཞེས། །ཞེས་པའོ། །སྤྱིར་འདི་ལྟར་དུ་གོ་དགོས་ཏེ། དེ་ཡང་སྐྱེ་བ་སྔ་མ་ཞིག་བཟང་པོ་ཡིན་ཞེས་པའི་སྒྲིབས་ཤིང་ལ་མ་བརྟེན་པར། སྐྱེ་ཐོགས་དེར་ལུང་བསྟན་ཚད་མས་ཟིན་ངེས་པ་ནི་ཇི་མཛད་ཡེ་ཤེས་རོལ་པར་དག་སྣང་སྦྱངས་ལ་གལ་ཏེ་སྐྱོན་དུ་སྣང་བ་ལྟར་ཡང་རང་སྣང་གི་སྐྱོན་དུ་ཤེས་པར་བྱ་དགོས། ལུང་བསྟན་ཚད་མ་ནི་གང་ཞེ་ན་རྒྱལ་བས་མདོ་རྒྱུད་ནས་ལུང་བསྟན་པ་མང་དུ་འབྱུང་ཡང་གསལ་ཁ་ཅན་རེ་རེ་ཙམ་ལས་དགོངས་པ་ལེན་ལུགས་ཀྱི་དབང་གིས་གསལ་པོར་རྟོགས་དཀའ། གང་ཟག་མངོན་ཤེས་ཕྱོགས་རེ་བའི་ལུང་ལ་ནི་རྒྱལ་བའི་གསུང་ལྟར་གྱི་དཔང་པོ་མི་ཐུབ་མོད། དེས་ན་གུ་རུ་པདྨའི་གསུང་ནི་རྒྱལ་བའི་བཀའ་དང་ཐ་དད་དུ་མི་དམིགས་པས་ན་དེ་ཡི་ལུང་ཡིན་ངེས་རྩོད་བྲལ་བར་སྐབས་ཀྱི་བཅོས་ལྷད་མ་བྱུང་བ་དེ་ནི་ཡིད་བརྟན་གདེང་ཐུབ་ཡིན་པས་ན། ཡིན་མིན་གོང་མའི་ལུང་གིས་ཟིན་ལ་བྱེད༔ གསུངས་པ་ལྟར། གཏེར་ཁ་ཚད་མ་ནས་ལུང་བསྟན་ཅིང་མངོན་ཤེས་ཅི་རིགས་ལྡན་པའི་སྐྱེས་བུ་གཟུར་གནས་པས་ངོས་བཟུང་བ་དེ་ནི་དམ་པ་སྟེ་ཅི་མཛད་ཡེ་ཤེས་རོལ་པར་དག་སྣང་སྦྱངས་དགོས་པ་ཞེས་པ་དེ་ཡིན། གཞན་ནི་དེང་སང་དུས་སྙིགས་ཀྱི་ལང་ཚོ་ངོམ་པ་ཉིད་ཀྱི་ལུང་བསྟན་ཡིན་ཞེས་ཞལ་གཟིགས་རྣལ་ལམ་ཐུགས་མཁྱེན་དང་གཏེར་ཤོག་ནས་ཕབ་ཁུལ་གྱི་བསླད་ཅན་མང་པོ་རླུང་ལྟར་འཚུབ་ཅིང་འདིར་སྣང་གི་རེ་དོགས་དབྱར་ཆུ་ལྟར་འཁྲུགས་ནས་ཁ་བསག་ངོ་འཇོ་༼ངོ་བསྟོད༽གཅམ་བུའི་ལྷ་བདུད་དུ་ལུང་བསྟན་པར་བྱེད་པ་རྣམས་ནི་སྦང་ཟན་ཅང་རེ་ཡི་དོ་ཟླར་ཡང་མི་འཇོག་གི་དེ་ལས་གཞན་ནི་སྨྲ་བར་མི་བྱའོ། །འོན་ཀྱང་གསེར་ལ་ཞན་ནས་ར་གན་གསེར་བསྒྲུབ་དང་། ར་གན་མང་བའི་ཤན་ཤོར་གྱི་གསེར་ར་གན་དུ་བསྒྲུབ་པ་གཉིས་ཀ་མི་བྱ་སྟེ་བརྟགས་ཤིང་དཔྱད་པ་རང་གལ་ཆེ་འོས་སུ་གདའ། འོན་ཀྱང་དེང་སང་བརྟག་ལོང་མེད་པར་བླུན་པོ་གྲགས་རྗེས་སུ་འབྲང་བ་འབའ་ཞིག་གོ །དེ་ལས་གཞན་ནི་སྐྱེས་ཆེན་དམ་པ་སྐྱེ་བའི་ཕྲེང་བར་མཁས་བཙུན་བཟང་པོའི་རང་བཞིན་ཅན་ཡོངས་ཀྱི་བླ་མར་གྱུར་པ་རྣམས་ལ་ནི་དཔྱད་དུ་མི་རུང་མོད། དེ་མིན་སྐྱེ་བ་ཡིན་མིན་ཙམ་ལ་རགས་མ་ལུས་པར་ཚེ་འདིར་སྡོམ་གསུམ་རྣམ་པར་དག་ཤེས་རབ་གསུམ་གྱི་རྩལ་ཁ་རྫོགས། རང་འདོད་མེད་པའི་ལྷག་བསམ་གྱིས་གཞན་ཕན་རྒྱལ་བསྟན་སྤེལ་ལ་བརྩོན་ཤིང་ཆོས་རྣམ་ཐར་གྱི་སྟོན་ནུས་པ་དེ་ལྟ་བུ་ནི། རང་སྐད་བརྒྱབ་ཅིང་བྱང་ཆེན་གྱི་ཤུལ་དུ་ཞུགས་འགྲོ་བ་ལ་སྐལ་ལྡན་འཚོ་འདུ་ཞིང་སྐལ་མེད་ཚོ་བྱེར་བ་ལས་ལུང་བསྟན་བཟང་ངན་གྱི་དཔྱད་པ་གང་ཡང་བྱར་མེད་ཅིང་བྱས་ཀྱང་དགག་སྒྲུབ་ཀྱི་ནུས་པ་དེ་ལ་མངོན་པར་མི་ནུས་པ་ཉིད་དོ། །

སྨྲས་པ། ཁ་གཅིག་ནི་གྲགས་ལྡན་སྐྱེ་བའི་སྲིད། །བསམ་བཞིན་པར་ཡང་ཡང་འགྲོ་དོན་མཛད། །སྐྱེ་རྒུ་སྤྱིའི་བླ་མར་མངོན་པར་འཕགས། །སྐྱེས་བུ་མཆོག་དེ་ལ་ཅིས་མི་སྨྲ། །འགའ་ཞིག་ནི་བསླབ་གསུམ་རྩལ་ཁ་རྫོགས། །དོན་གཉིས་པོ་ལྷུན་གྲུབ་རང་གདང་ཐོབ། །རྒྱལ་བསྟན་གྱི་སྲོག་ཤིང་ཉམས་མེད་འཛིན། །རྐང་གཉིས་ཀྱི་སེང་གེར་དེ་ངེས་མོད། །དེ་ལྟ་ཞིག་མིན་ཀྱང་ཡང་དག་གི །རྫོགས་སངས་རྒྱས་པདྨ་འབྱུང་གནས་བཀའ། །ཇི་བཞིན་པར་ལུང་གིས་ཟིན་པ་ན། །ཅི་མཛད་ཀྱང་ཡེ་ཤེས་ལོས་རང་བལྟ། །ཞེས་སོ། །དེ་ལྟར་ལས་ཁོ་བོ་ཅག་སོགས་སྐུ་སྐྱེར་གྲགས་པ་རྣམས་ནི་ད་ལྟའི་དལ་འབྱོར་གྱི་རྟེན་ཐོབ་པ་འདི་ཀ་ཆུད་མ་ཟོས་པར་རྒྱལ་བའི་བཀའ་བཞིན་དུ་ཆོས་མཐུན་མ་བྱུང་ན་སྐྱེ་བ་རབ་རིབ་ཞིག་དྲན་པར་ངོ་མཚར་མི་ཆེ་བར་རང་གིས་རང་ལ་ངེས་པ་རྙེད་ཀྱི། སྐྱེ་བ་རབ་རིབ་དྲན་པ་གཅིག་པུས་ཕན་ཐོགས་ན་ཕལ་པ་འགའ་ཞིག་རྟ་དང་བ་ལང་བྱ་རོག་སོགས་སུ་སྐྱེས་པ་དང་། གཞན་ལྷོ་བལ་གྱི་མི་ཁ་ཅིག་ནི་སྦྲུལ་སྦྲམ་ཆེན་དང་གླང་ཆེན་སྐྱེས་པ་དྲན་པ་སོགས་དང་མིར་སྐྱེས་པའི་ནོར་རྫས་གཉེན་ཚན་གསལ་པོར་དྲན་པ་ཆེས་མང་དུ་ངོས་རང་ནས་མཐོང་མོད། དེ་དག་ཚེ་འདིར་ཆོས་མ་སྤྱད་ན་བྱང་ཆུབ་སྙིང་པོར་སྤུ་རྩེ་བརྒྱ་སྟོང་གཤག་པའི་ཚལ་པ་ཙམ་ཡང་ཉེ་མི་འགྲོ་བར་མངོན་སུམ་དུ་གྲུབ་པ་ལ་སྐྱེ་བ་ཉི་ཚེ་བ་དེ་ལྟ་བུ་ལས་ཆེར་ལྷག་པའི་མུ་སྟེགས་ཀྱི་རྣལ་འབྱོར་པ་མཐུ་ཆེ་བ་ལ་ལས་སྐྱེ་བ་བརྒྱད་ཁྲི་མར་བཏགས་ཙམ་རེ་དྲན་པར་བཤད་པ་དེ་རྣམས་ཡང་བདག་མེད་པ་མ་རྟོགས་པས་བྱང་ཆུབ་ཀྱི་རྒྱུར་མི་འགྲོ་བར་གསུང་ན། སྐྱེ་བ་མག་མོག་ཙམ་རེ་དྲན་པར་ངོ་མཚར་ཆེ་བ་རུ་མི་སེམས་མོད། ཅི་ཕྱིར་ཟག་མེད་རྡོ་རྗེའི་སྐུར་གཤེགས་པའི་སྐྱེས་བུ་དང་གྲུབ་པ་མཆོག་ཐོབ་པ་ཕལ་མོ་ཆེ་དང་། དེ་བཞིན་རྒྱལ་བའི་བསྟན་འཛིན་སྐྱེས་བུ་ཆེས་ཆེ་བ་མཆོག་ཏུ་མཁས་པ་དང་བཙུན་པ་དང་དམ་པར་གྱུར་པ་རྣམས་ནི་དེ་རྣམས་ཀྱང་མང་ཞིག་སྐྱེ་བ་དྲན་པ་ཡང་གཞིར་བཅས་དེ་བས་ཀྱང་མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་རོལ་པར་གྱུར་པ་ཡང་ཡོད་མོད། འོན་ཀྱང་ཐོག་མ་ཉིད་ནས་སྐུ་སྐྱེ་དང་སྤྲུལ་སྐུར་མིང་བཏགས་ནས་བག་མེད་དཀོར་གྱི་འདམ་དུ་བྱིང་བ་མི་མཛད་པ་ཁོ་ན་ནི་དམ་པ་མཆོག་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་མཐུན་པར་བྱུང་བ་དག་བལྟས་པས་ཤེས་པ་ཉིད་དོ། །ཚུལ་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཐུས་འཕགས་པའི་ས་ལ་གནས་པ་འགའ་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་སྦྱང་བའི་ཕྱིར་དུ་ཐོག་མར་སྐྱེ་བ་དང་སྤྲུལ་སྐུའི་ཐ་སྙད་མེད་པར་མི་ཕལ་པའི་ཚུལ་དུ་བྱིན་གྱིས་བརླབས་ནས་རིགས་མཐུན་གྱི་འགྲོ་བ་མངོན་གྱུར་དང་ལྐོག་གྱུར་གྱི་དོན་ཤིན་ཏུ་རྒྱ་ཆེ་བར་སྤྱོད་ཅིང་དེ་དག་གི་ངང་ཚུལ་ཡང་ལ་ལ་ནི་གཞན་གྱིས་གཏན་ནས་མི་ཤེས་པ་ཤས་ཆེ་བ་དང་། ལ་ལ་ནི་གཤེགས་ནས་འགྱང་ཙམ་ནས་དང་། ལ་ལ་ནི་གཤེགས་པའི་འོག་ཙམ་ནས་ཤེས་པ་ཡང་ཡོད་ལ། དེ་བཞིན་བདུད་ཀྱི་སྤྲུལ་པ་ཡང་དགྲ་བཅོམ་པའམ། གྲུབ་པ་ཐོབ་པ་དང་བྱང་འཕགས་ཆེན་པོའི་ཚུལ་སྟོན་ཏེ། ཆོས་ལྟར་དུ་སྣང་ཞིང་ཆོས་ཀྱི་གནད་བཅོས་ཏེ་བསྟན་འགྲོ་མང་པོ་ལ་གནོད་པར་བྱེད་པ་ཡང་གནས་སྐབས་བདུད་ཀྱི་བྱིན་གྱིས་གཞན་གྱིས་རྟོགས་པར་དཀའ་ཞིང་། འགའ་ཞིག་ནི་གཤེགས་པའི་འོག་ཙམ་ན་རྟོགས་པ་དག་ཡོད་དེ། སྔོན་རྒྱ་གར་ཡུལ་དགེ་སློང་ལྷ་ཆེན་པོ་དང་བདུད་ཀྱི་སྤྲུལ་པ་དགེ་སློང་བཟང་པོར་གྲགས་པ་ཡང་ནམ་འཆི་བར་ཚུལ་དེ་གཞན་གྱིས་མ་ཤེས་པ་ལྟ་བུའོ། །གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་སྤྲུལ་སྐུ་དངོས་གནས་སྐྱེ་བ་ཧ་ཅང་གི་མི་གསལ་བའི་ཚུལ་དང་། འདྲ་མིན་བརྫུ་མ་དག་ནག་ཕྱོགས་གདོན་རིགས་ཀྱིས་བརླམ་ནས་སྔོན་གནས་གསལ་པོ་བཤད་ཤེས་པ་སོགས་འཕྲལ་དུ་དབྱེ་གསལ་གྱི་གནས་ཤིན་ཏུ་དཀའ་བ་ཡང་ཤེས་ཤིང་གོ་དགོས་པ་དང་། ཡང་ཁ་ཅིག་ཚིག་ཟུར་རེས་སྟབས་ལེགས་ཏེ་སྐྱེས་བུ་དམ་པ་མཆོག་རྣམས་ཀྱི་སྐྱེ་བར་སྨོས་ཏེ་དེ་ཡི་རྐང་དྲངས་བ་སོགས་ནི་མིང་ཙམ་དུ་ཟད་ལ། ཡང་རེ་རེ་ཙམ་ནི་སྐྱེ་བ་ཇི་བཞིན་པ་ལ་རྟེན་འབྲེལ་གྱི་གནད་ཁ་ལས་དེ་ལྟར་བྱུང་བར་ཡང་མཐོང་ངོ་། །ཡང་གཞན་ནི་སྐྱེ་བ་ཡིན་སྐད་ཐོག་རེ་ཟུང་ལེགས་རབ་བྱུང་རུང་། ཐོག་ཅིག་ནས་ཇེ་ངན་དུ་འགྲོ་བ་ཡང་མང་དུ་མཐོང་བ་ཚུལ་དེ་ལྟ་ནི་སོ་སྐྱེས་ཀྱི་རང་མཚང་དང་རི་བོང་ཅལ་སྒྲོགས་ལ་བརྟེན་པ་སྟེ་ཨ་ཐང་ཆད་པའི་རྒྱུ་ཉིད་དོ། །དེ་བས་ན་བདག་ལྟ་བུ་བླ་ཆུང་དཀོར་ཟན་མཁན་སྐྱེ་བར་མིང་བཏགས་ཤིང་སྐྱེ་བ་འོལ་ཅི་ཞིག་དྲན་པ་ལས་སྐྱེ་བའི་བླ་བཏགས་མེད་པ་ཁོ་ན་ལེགས་པར་སྙིང་ནས་སེམས་པ་ལགས་སོ། །

འདིར་སྨྲས་པ། སྔར་བྱིས་པ་ནས་མནོ་ཤེས་པར་སྐབས་ཤིག །སྔོན་སྐྱེ་དྲན་ལ་ཡིད་ཆེས་དགའ་ཚོར་བྱས། །དེ་ཨེ་དྲན་གྱི་བལྟ་བསྒུག་ཡང་ཡང་བཏང་། །དེ་མི་དྲན་ཚེ་རང་ལ་ཡི་མུག་ཤར། །ད་བསམ་བཞིན་དུ་རང་ལ་ཞེ་ཁྲེལ་ཤོར། །སྐྱེ་དྲན་གྱི་བྱང་ཆུབ་མི་ཉེ་ན། །དྲན་པ་ཡི་དགའ་ཚོར་ཅི་ཕྱིར་བྱེད། །རློམ་སེམས་ཀྱི་ལས་ངན་སླར་ལ་བསགས། །དེ་བས་ནི་བྱང་ཆུབ་བསྒྲུབ་པ་ལ། །སྐྱེ་དྲན་གྱི་དགོས་ཆུང་མ་དྲན་ལེགས། །ཅིའི་ཕྱིར་ན་རློམ་སེམས་ང་རྒྱལ་ཆུང་། །དེ་ཡི་ནི་བྱང་ཆུབ་འགྲུབ་ལ་ཉེ། །སྔོན་བསགས་ཀྱི་ལས་འཕྲོ་རྣམ་དཀར་ལ། །འཕྲོ་མཐུད་ཀྱི་དམ་ཆོས་སྒྲུབ་ནུས་ན། །སྔོན་གནས་ཀྱི་སྐྱེ་སྲིད་དྲན་ཀྱང་རུང་། །མ་དྲན་ཀྱང་བདེའོ་ཅི་བྱེད་ལེགས། །དེང་སང་གི་སེར་སྐྱ་ཕལ་ཆེ་ཀུན། །བཟང་བཟང་དང་ཆེ་ཆེའི་སྐྱེ་བར་འདོད། །ནན་ཏན་གྱིས་བརྟག་དཔྱད་བྱས་པ་ན། །དགོས་མེད་ཀྱི་པྲ་ཆལ་མ་ལགས་སམ། །དགྲ་བཅོམ་མཆོག་འཕགས་པ་རབ་འབྱོར་ནི། །རི་རབ་ཀྱི་བང་རིམ་ལ་གནས་པའི། །ཀླུ་སྦྲུལ་གྱི་སྐྱེ་བ་ཡིན་ནོ་ཞེས། །ཚད་མ་ཡི་བཀའ་འདུལ་ལུང་ན་བཞུགས། །བོད་ཡུལ་གྱི་རྒྱན་གྱུར་མི་ལ་རྗེ། །སྐྱེ་དྲན་དང་སྤྲུལ་སྐུར་མ་བཞེད་ཀྱང་། །མོས་གུས་དང་དཀའ་སྤྱད་དམ་ཚིག་གིས། །གངས་ཅན་གྱི་གྲུབ་ཐོབ་གཙོ་བོར་གྱུར། །སྤྱིར་བཏང་ཡང་གྲུབ་དང་མཁས་པ་མཆོག །རྒྱལ་བསྟན་གྱི་སྒྲོན་མེ་མཆོག་ཕལ་ཆེ། །བྱིས་པ་ནས་དཀོར་གྱི་འདམ་བྱིང་བའི། །སྐུ་སྐྱེ་ཞེས་བླ་གཟུགས་བཟུང་བ་ཉུང་། །སྐྱེ་སྐྱེ་དང་སྤྲུལ་སྤྲུལ་གྲགས་པ་དང་། །མཁས་རློམ་དང་གྲུབ་པར་བརྫུ་འགའ་ཞིག །སྟོང་ཉིད་དང་སྙིང་རྗེ་དམན་པའམ། །བསླབ་སྡོམ་མམ་དམ་ཚིག་མ་དག་པས། །མཁའ་རྒྱུ་ཡི་ཡི་དྭགས་གདུག་འདྲེ་རུ། །སྐྱེས་པ་ཡིས་འགྲོ་བ་མནར་རོ་ཞེས། །སྔོན་དུས་ནས་ད་ལྟའི་བར་དག་ཏུ། །བྱུང་སྐད་འདི་བསམ་ཞིང་སྙིང་རླུང་ལྡང་། །ཟོལ་མེད་ཀྱི་སྐྱེ་བ་དྲན་པ་ཡི། །སྐུ་སྐྱེ་རུ་གྲགས་ཤིང་ཁེང་འགའ་ཡང་། །རྒྱུ་འབྲས་དང་དམ་ཚིག་རྩིང་གྱུར་པས། །ངན་སོང་གི་འདམ་དུ་མཆོངས་ལ་སྐྱོ། །དེ་བས་ནི་བཟང་བཟང་སྐྱེ་རློམ་ལས། །དལ་འབྱོར་གྱི་རྟེན་མཆོག་ཐོབ་དུས་འདིར། །རྒྱུ་འབྲས་ཀྱི་བླང་དོར་མ་ནོར་ཞིང་། །དམ་ཚིག་ལ་བརྩོན་པ་ཁོ་ན་ལེགས། །གླུ་དབྱངས་འདི་ལེགས་པར་གཞིག་མཛོད་དེང་། །བདེན་གཏམ་ལས་རྫུན་གྱུར་ཅུང་ཟད་མེད། །སྐྱེ་དྲན་གྱི་དགོས་མེད་དེ་ལྟ་ལ། །བསམ་བྱས་ནས་རློམ་པ་མེད་པར་འཚལ། །ཞེས་སོ། །སྐྱེ་བ་འོལ་ཅི་དྲན་པ་ཡང་ངོ་མཚར་མི་ཆེ་བ་དེ་འདྲ་ན། དེ་བས་གཞན་ཁ་ཅིག་ཕ་མའི་བཅོས་བསླབ་ཀྱི་སྐུ་སྐྱེར་བཏགས་པ་དང་། ལ་ལ་ནི་ཟོག་པོ་བྱུང་རྒྱལ་སྨྲ་བའི་ལུང་ལ་བརྟེན་པ་དང་། དེ་བཞིན་རང་གི་དྲན་ཁུལ་གྱི་རྫུན་ཚིག་གིས་སྐྱེ་བར་བསྒྲགས་པ་སོགས་ནི་ཚེ་འདིའི་བྱ་བ་ཐམས་ཅད་མི་ཆོས་བླ་མའི་རྫུན་གྱིས་རྒྱས་ཐེབས་ནས་མཐར་ཐུག་མནར་མེད་པའི་དམྱལ་མེའི་བུད་ཤིང་དུ་འགྱུར་བ་ལས་གཞན་ཅི་ཞིག ཡང་ཚིག་ཟུར་སྟབས་ལེགས་རེ་ཙམ་ལ་བརྟེན་ནས་མི་སྤྱིའི་ཕོ་ཚོད་ཀྱི་སྒོ་ནས་སྒྲོགས་པ་ལ། དེར་རང་ཡང་རློམ་འཛིན་གྱི་ཆོས་མིན་གྱི་རྒྱུར་གྱུར་ནའང་ཉེས་པ་སྔ་མ་དང་ཆ་མཚུངས་སམ་སེམས་སོ། །ཞེས་རྣམ་གྲངས་དེ་དག་ཀྱང་རང་ལྟ་བུའི་རིགས་ཅན་རྣམས་ལ་གོ་གལ་ཆེ་བར་བསམ་ནས་ལྷག་བསམ་གྱིས་སྨོས་པར་བདག་ལ་འདི་ཕྱི་བར་དོར་ཉེས་པར་མ་གྱུར་ཅིག སླར་ཡང་བསྡུས་ཏེ་ཚིགས་སུ་བཅད་པ།

དེ་སྐད་རང་ཉིད་སྐྱེ་བའི་མིང་ཙམ་པར། །བརྩམས་ཏེ་སྐྱེ་བའི་ངང་ཚུལ་ཅུང་ཟད་ཞིག །གླེང་འདི་རང་ཚུལ་ངོམ་ཕྱིར་ཁོ་ནའང་མིན། །གཞན་ལ་འགྲན་པའི་ཆེད་དུ་ཡང་མ་ཡིན། །རང་གི་དངོས་པོའི་གནས་ལུགས་ཇི་བཞིན་ནི། །དམ་པའི་སྤྲུལ་པར་གྱུར་པ་སྨོས་ཅི་འཚལ། །སྐྱེ་བ་འདི་ཀའི་སྔོན་གནས་གསལ་བར་ཡང་། །རྔོ་མ་ཐོགས་ན་གཞན་ཚུལ་དེ་བས་ཅི། །དེས་ན་སྒྲོ་བཏགས་ཁོ་ན་ཙམ་མ་གཏོགས། །དངོས་པོ་སོ་སྐྱེ་ལས་དང་པོ་རུ་ངེས། །དེས་ན་བདག་ལ་དམ་པའི་ཡོན་ཏན་ཅི། །ཚུལ་འདི་རང་གི་གནས་ལུགས་ཇི་བཞིན་ཡིན། །སངས་རྒྱས་འཁོར་ལོས་བསྒྱུར་བ་པདྨ་འབྱུང་། །སྒྱུ་འཕྲུལ་ཀཧྣ་པ་ནམ་མཁའི་སྙིང་། །གང་དེ་རྩ་བའི་བླ་མའི་ངོ་བོར་གྲུབ། །དེ་ནི་ཚེ་རབས་ཡོངས་ཀྱི་འདྲེན་པ་སྟེ། །བཀའ་དྲིན་འཁོར་ཐབས་མེད་པ་ཉིད་ཤེས་ཤིང་། །བྱང་ཆུབ་སྙིང་པོར་གནས་ཀྱང་རིགས་ཀྱི་བདག །མི་ཕྱེད་དད་འདུན་གདུང་ཤུགས་དྲག་པོ་ཡིས། །སྤུ་ལོང་གཡོ་ཞིང་མཆི་མ་འཁྲུག་བཞིན་དུ། །གང་གི་སྤྲུལ་པ་སྐྱེ་འཕྲེང་ཚུལ་སྟོན་མཚན། །ཁ་ཤས་བཀོད་པ་ཐོས་པས་དོན་ལྡན་ཕྱིར། །རང་དང་བསྐལ་མཉམ་གདུལ་བྱར་གྱུར་པ་རྣམས། །དད་དང་མགུ་སྐྱེས་གསོས་སུ་གླེང་བ་ལས། །རང་ཉིད་དེ་ཡི་སྐྱེ་བར་རློམས་པ་ནི། །རང་སེམས་དྲི་མ་འདིས་ནོངས་བརྗོད་པ་མེད། །ཚེ་རབས་རྟག་ཏུ་མགོན་དེའི་ཕྲིན་ལས་ཀྱི། །འབངས་སུ་འགྱུར་བར་སྨོན་དེ་བཀོད་པ་ཡིན། །ཞར་བྱུང་སྐྱེ་བའི་མིང་ལ་ལེགས་དང་ཉེས། །རང་འདྲ་བློ་དམན་འཇུག་སྒོ་མི་ནོར་ཞིང་། །མ་འོངས་དྲན་པའི་གསོས་དང་འགྲོ་བ་འགའ། །དགེ་བའི་ལམ་ལ་གཞུག་པའི་སླད་དུ་ཡིན། །དེ་ཡང་རྩུབ་མོའི་བསམ་པས་མ་ཡིན་ལ། །ལྷག་བསམ་དག་པས་སྨྲས་ལ་ཉེས་པ་ཅི། །འོན་ཀྱང་གཞན་གྱི་ཐུགས་ལ་མི་རན་ན། །དེ་དེའི་སྤྱན་སྔར་བདག་གིས་ཐལ་སྦྱར་བཤགས། །བདག་ནི་འཁོར་བ་ཐོག་མ་མེད་པ་ནས། །བྱས་པ་དོན་མེད་ལས་ལ་ཡི་ག་ཆད། །ལུས་རྟེན་འདི་ཡང་སྐུ་སྐྱེར་མིང་ཐོབ་པས། །ཆོས་བརྒྱད་ཞགས་པས་འཆིང་འདིར་སྐྱོ་ཞིང་འཁྲུགས། །རང་དོན་ཚགས་སུ་མ་ཆུག་ཆོས་པའི་གཟུགས། །གཞན་དོན་ནུས་པས་དབེན་པ་བླ་མའི་ཟོལ། །ཆོས་བརྒྱད་ཆོས་སུ་བརྫུ་བའི་ངང་ཚུལ་འདི། །མཐོང་དང་བསམ་པས་རང་ལ་རང་ཉིད་སྐྱོ། །འོན་ཀྱང་ཀླུ་རྒྱལ་ཨེ་ལེའི་ལྗོན་ཤིང་བཞིན། །དེ་ལྟ་མཐོང་ཞིང་སྤྱོད་འདི་ལས་ཀྱི་མཐུ། །དེས་ན་རང་ལ་རང་ཉིད་མ་རངས་བས། །སླད་མའི་དུས་ཀྱི་སྨོན་ལམ་བརྗོད་བྱས་པ། །བདག་ནི་མི་སྐྱེ་བཟོད་པ་མཆོག་ཐོབ་པར། །སྐྱེས་མ་ཐག་ཏུ་སྡིག་ལྡན་དཀོར་རྫས་ལ། །བག་མེད་སྤྱོད་བྱེད་སྐུ་སྐྱེར་མིང་བཏགས་པའི། །ལུས་སུ་ཚེ་རབས་རྟག་ཏུ་མ་གྱུར་ཅིག །ཕ་མ་འབྱོར་ལྡན་ཚོགས་པའི་བུར་སྐྱེ་ཞིང་། །སྐྱེ་བའི་གྲགས་པ་ཕྲལ་དུ་མི་སྒྲོགས་པར། །ཡོན་སྦྱང་བར་དུ་དཀོར་གྱིས་མི་ནོངས་པའི། །དམ་པའི་རྟེན་གྱུར་དེ་ལ་རྟག་སྐྱེ་ཤོག །སྔོན་གྱི་ཟས་གོས་ཡོ་བྱད་གཉེན་ཚན་སོགས། །འཁོར་བར་རིང་གོམས་ལོག་ཤེས་བག་ཆགས་གང་། །ཡད་ཡུད་དྲན་ལ་སྤྲུལ་པར་སྒྲོ་བཏགས་པའི། །ཐར་པའི་གེགས་བྱེད་ལུས་སུ་མ་གྱུར་ཅིག །སྔོན་གྱི་མཁན་སློབ་བླ་མ་དམ་པ་དང་། །དམ་པའི་ཆོས་ཐོས་དེ་ཡི་དོན་སེམས་པ། །སངས་རྒྱས་ཡོན་ཏན་རྗེས་དྲན་མི་ཕྱེད་པའི། །དད་པ་ཚེ་རབས་རྟག་ཏུ་མི་བརྗེད་ཤོག །གཞོན་ནུའི་སྐབས་སུ་ཐོས་བསམ་གེགས་གྱུར་པའི། །ཕྱོགས་ཞེན་འཁོར་དང་ཆེན་པོའི་གོ་ས་དང་། །ཟང་ཟིང་མི་ཆོས་ངོ་བསྲུང་གིས་གཡེངས་པའི། །ཆོས་མིན་སྤྱོད་པར་སྐྱེ་བར་མ་གྱུར་ཅིག །མི་ཆོས་ངོས་འཛིན་གཡེང་བས་མ་གོས་པར། །དགེ་བའི་བཤེས་གཉེན་དཀོན་མཆོག་མཆོད་པའི་རྫས། །མ་ཚང་མེད་འབྱོར་ཐོས་དང་བསམ་པ་ལ། །གེགས་མེད་བརྩོན་པའི་ལུས་སུ་རྟག་སྐྱེ་ཤོག །གཞན་ཕན་གདེངས་དང་མི་ལྡན་བླ་མའི་ཚུལ། །ཟང་ཟིང་འདུ་ལོང་རྒྱས་པ་བདུད་ཀྱི་ལས། །བག་མེད་དཀོར་ལ་སྤྱོད་པ་དམྱལ་བའི་རྒྱུ། །ཆུང་ནས་བླ་གཟུགས་དེ་ལྟ་མ་གྱུར་ཅིག །ཆུང་ངུའི་དུས་སུ་མངོན་མཚན་མི་ཆེ་བར། །དམན་པའི་ཚུལ་གྱིས་ཐེག་ཆེན་དོན་ལ་སྤྱོད། །ཇི་བཞིན་གཞན་དོན་ནུས་ཚེ་འགྲོ་བའི་དོན། །རླབས་ཆེན་སྤྱོད་པར་རྟག་ཏུ་སྐྱེ་བར་ཤོག །བདག་མཐུས་ཆོས་ལ་འགོད་པར་མི་ནུས་ཚེ། །ཕ་མ་ཆོས་ལ་མི་གུས་སྡིག་ཅན་དང་། །ཆོས་མིན་སྡུག་པའི་གྲོགས་ཀྱིས་ཁེབ་པ་ཡིན། །ལུས་སུ་ཚེ་རབས་རྟག་ཏུ་མ་གྱུར་ཅིག །ཡ་རབས་ལས་སྤྱོད་ཆོས་མཐུན་ཕ་མ་དང་། །བློ་རྒྱུད་དགེ་ལ་ཕྱོགས་པ་ཐར་པའི་གྲོགས། །བྱང་ཆུབ་སྤྱད་པ་མཐུན་པར་སྤྱོད་བྱེད་པའི། །གནས་སུ་སྐྱེ་བ་རྟག་ཏུ་ལེན་པར་ཤོག །ཐོས་བསམ་དབུལ་ཞིང་སྒོམ་པའི་གདེང་མེད་པར། །སྐྱེ་བའི་མིང་གི་དྲེགས་ཤིང་ང་རྒྱལ་བས། །ཆོས་མིན་བག་མེད་ཐོ་ཅོ་སྤྱོད་པ་ཡི། །ལུས་སུ་ཚེ་རབས་རྟག་ཏུ་མ་གྱུར་ཅིག །གཞོན་ནུ་ཉིད་ནས་ཕྱི་མཛེས་ནང་དུལ་ཞིང་། །འདོད་ཆུང་ཆོག་ཤེས་སྦྱངས་པའི་ཡོན་ཏན་ལྡན། །ཉིན་མཚན་འཁོར་མོར་ཆོས་སྤྱོད་བཅུར་སྤྱོད་པའི། །དམ་པའི་རྟེན་གྱུར་ཚེ་རབས་རྟག་སྐྱེ་ཤོག །རིགས་དང་གོ་སས་ཁེངས་ནས་གཞན་དག་ལ། །བག་མེད་བརྙས་པས་དགེ་འབྲས་བཅོམ་བྱེད་ཅིང་། །རྣམ་སྨིན་མི་བཟད་དམྱལ་བའི་ལས་བསགས་པའི། །ལུས་སུ་ཚེ་རབས་རྟག་ཏུ་མི་སྐྱེ་ཤོག །མངོན་མཐོ་འབྱོར་པའི་དཔལ་གྱིས་བརྒྱན་ཐོབ་ཅིང་། །དེ་ལ་ཞེན་དང་ཁེངས་པ་མི་སྐྱེ་བར། །རྒྱལ་བས་བསྔགས་ཤིང་དད་དང་དག་སྣང་ལ། །བར་མེད་སྤྱོད་པ་རྟག་ཏུ་སྐྱེ་བར་ཤོག །གཙུག་ལག་མཆོད་དང་དགེ་འདུན་སྤྱི་ཡི་རྫས། །འཕྲི་གཞོག་ཟུར་བཀོལ་ཐུབ་ཐུབ་སྤྱོད་པ་ཡི། །འཚོ་བའི་རིགས་དང་དེ་ལྟ་བླ་མའི་ཚུལ། །ཚེ་རབས་རྟག་ཏུ་སྐྱེ་བར་མ་གྱུར་ཅིག །སྡིག་མེད་རང་གི་ལས་མཐའ་ལ་སྤྱོད་པའི། །འཚོ་བས་འཚོ་ཞིང་དཀོན་མཆོག་དཀོར་རྫས་ལ། །དུག་ལྟར་འཇིགས་ནས་ཤིན་ཏུ་སྤང་བ་ཡི། །བློ་ལྡན་ལུས་སུ་རྟག་ཏུ་སྐྱེ་བར་ཤོག །སྐྱེ་བ་ཡད་ཡུད་ཙམ་ཞིག་དྲན་པ་ལ། །གདིང་ཆ་འདི་སྣང་ཡུད་ཙམ་ཁོ་ན་ཡི། །རྙེད་དང་གྲགས་པའི་ཟོང་རིན་བླ་མའི་གཟུགས། །འཁོར་བའི་གཏིང་རྡོ་སྐྱེ་བར་མ་གྱུར་ཅིག །ཅི་སྟེ་སྐྱེ་བ་ཙམ་ཞིག་གྲགས་གྱུར་ཀྱང་། །དེ་ལ་ཞེན་མེད་ཅིར་སྣང་སྒྱུ་མར་རྟོགས། །འཇིག་རྟེན་རྙེད་གྲགས་དོན་དུ་གཉེར་མིན་པར། །དམ་ཆོས་ཁོ་ན་དོན་གཉེར་རྟག་སྐྱེ་ཤོག །བྱིས་པའི་བརྗོད་སྒོ་སྟབས་ལེགས་རེ་ཙམ་མམ། །མོ་རྩིས་པྲ་སྒྲུབ་རྣོ་མཐོང་མཁན་པོ་སོགས། །ཟག་བཅས་མངོན་ཤེས་ཙམ་གྱི་ལུང་བསྟན་ལ། །བརྟེན་ནས་སྤྲུལ་སྐུར་མིང་བཏགས་མ་གྱུར་ཅིག །གཞན་གྱི་སྒྲོ་བཀུར་ཙམ་ལ་བརྟེན་མིན་པར། །རང་སྟོབས་ཉིད་ཀྱི་དམ་པའི་རྣམ་ཐར་ལ། །རྩེ་གཅིག་གཡེལ་མེད་བྱང་ཆེན་ལམ་བཟང་པོར། །སྤྱོད་པའི་ལས་ཅན་དག་ཏུ་སྐྱེ་བར་ཤོག །མདོར་ན་སེམས་ནི་བྱང་ཆེན་ཡོངས་བསྐྱེད་མཐུས། །ཕྱིར་མི་ལྡོག་པའི་གོ་འཕང་མ་ཐོབ་ཀྱང་། །སྐྱེ་སྲིད་འཛིན་གང་དྲན་ཤེས་བསམ་བཞིན་དུ། །འགྲོ་དོན་རྒྱ་ཆེན་ཁོ་ནའི་ཆེད་འཇུག་ཤོག །སྐྱེ་ཀུན་སོ་སོ་ཐར་པའི་སྡོམ་པ་བརྟན། །བྱང་ཆུབ་སྤྱོད་པ་ནམ་ཡང་ཉམས་མ་གྱུར། །རིག་འཛིན་སྔགས་ཀྱི་དམ་ཚིག་མཆོག་ཏུ་བརྟན། །སྡོམ་གསུམ་སྲོག་ལྟར་རྩ་བ་རྟག་སྐྱེ་ཤོག །རིག་གནས་ཤེས་བྱ་རྒྱ་མཚོར་མ་རྨོངས་པ། །ཐོས་པའི་བང་མཛོད་དེ་དོན་ཚུལ་བཞིན་དུ། །བསམ་པའི་ནོར་བུ་རིན་ཆེན་གྱིས་ཁེངས་པའི། །བློ་ལྡན་སྐྱེ་བ་རྟག་ཏུ་འཛིན་པར་ཤོག །བླ་མ་མཉེས་བྱས་ཟབ་མོའི་གདམས་ཐོབ་གང་། །འདུ་འཛི་དབེན་པའི་གནས་སུ་རྟོག་ཚོགས་ཀྱི། །དབེན་པའི་ཟག་པས་ཡོངས་སུ་དབེན་པ་ཡི། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྟག་བསྒོམ་ཤོག །བདག་གི་བསམ་པ་དག་པས་འདུས་བྱས་དང་། །འདུས་མ་བྱས་དགེ་བྱང་ཆེན་རྒྱུར་བསྔོས་ཏེ། །སྐྱེ་བ་ཕྱི་མའི་སྨོན་ལམ་མཚོན་ཙམ་འདི། །རང་གི་ངང་ཚུལ་ཉིད་ལ་སྐྱོ་བས་སྨྲས། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་རང་མྱོང་ཆ་ཤས་དམ་པའི་ཆོས་ཀྱི་གྲོས་འདེབས་རྟོགས་བརྗོད་རི་ཐང་མཚམས་ཀྱི་སྨན་མཆོག་ལས། ཚེ་འདིར་སྐུ་སྐྱེར་གྲགས་པའི་གཏམ་འོལ་ཅིའི་རྗེས་སུ་འབྲངས་ཏེ་སྔོན་གནས་ཅུང་ཟད་སྤྱི་དོན་དང་བཅས་པ་གླེང་བའི་སྐབས་དེ་དང་པོའོ། །

ཨ་ཐ། ད་ནི་སྤྱི་དོན་གཉིས་པ་སྔོན་གྱི་ལས་སྨོན་དང་འཕྲལ་གྱི་རྐྱེན་ལ་ཡང་བརྟེན་ཏེ་ཚེ་འདིར་ལེགས་ཉེས་ཀྱི་འཇུག་སྒོ་སྣ་ཚོགས་པར་དཔྱད་པའི་ཚུལ་ཆུ་རྒྱུན་ལས་ཐིགས་པ་ཙམ་ཞིག་འཆད་པར་བྱ་ན།

དེ་ཡང་ཁོ་བོ་སྐྱེ་བའི་ཡུལ་ནི་རི་ཁ་བ་ཅན་གྱི་ལྗོངས་བོད་དང་བོད་ཆེན་གྱི་ཟླས་ཕྱེ་བའི་བོད་ཆེན་དེ་ལ་སྟོད་སྨད་བར་གསུམ་གྱི་མདོ་སྨད་ཀྱི་ཆ། གུ་རུའི་གནས་ཀྱི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་མདོ་ཁམས་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་བྱང་སྒང་ཆེན་ལྔའམ་དྲུག་ཏུ་དབྱེ་བའི་བུམ་པོར་སྒང་སྨར་ཁམས་སྒང་དང་ཟླ་རྒྱུད་སྒང་གསུམ་གྱིས་བསྐོར་བའི་དབུས་སུ་གྱུར་ཞིང་ཅུང་ཟད་ཙམ་གྱིས་བུམ་པོར་སྒང་དང་ཉེ་བ་འཕགས་མ་དམ་ཚིག་སྒྲོལ་མ་ཡི་སྐུ་བརྙན་བྲག་ལ་རང་བྱུང་དུ་གནས་པ་ལས་ཆུ་རྒྱུན་བབ་པས་མིང་ལྗང་ཆུ་གཤིས་སུ་གྲགས་ཤིང་ལུང་པ་ཁ་བྱང་དུ་ཕྱོགས་པའི་མདོར་གསེར་གྱིས་འདྲེན་པའི་ཆུ་ཀླུང་ཆེན་པོ་རྒྱུ་བ་ལས་ལྗང་ཆུའི་གཡོན་ཡུལ་དེའི་ས་ཡི་ཐིག་ལེ་མདོ་ཁམས་ཀྱི་རི་བོ་བཀྲ་བཟང་ངམ་བཙན་རྒོད་རི་བཀྲ་དང་བཙན་རི་རྡོ་རྗེ་བྲག་ཞེས་ཀྱང་བརྗོད་པ་དང་། འཇིག་རྟེན་སྐྱེ་བོ་རྣམས་ཀྱི་ངག་རྒྱུན་དུ་རི་དེ་རྒྱ་གར་ནས་བོད་དུ་བྱོན་པ་སྟེ་སླར་རྒྱ་གར་དུ་ལྡོག་དོགས་རི་གཞན་གྱི་དབུས་སུ་བཅུག་པ་ཡིན་ཞེས་ཟེར་ལ། སྤྱི་དེ་འདྲ་ཡི་གནའ་གཏམ་ཅི་རིགས་ཡོངས་ཀྱི་འདུག་པར་ངེད་བྱིས་པའི་སྐབས་སུ་ནི་ཡིད་ལ་ཤིན་ཏུ་མི་འཐད་མོད། །ཕྱིས་མངོན་བརྗོད་ཀྱི་གཞུང་རྣམས་སུ་སྔོན་གྱི་བསྐལ་པར་འཛམ་བུ་གླིང་གི་རི་རྣམས་ཕན་ཚུན་དུ་རྒྱུ་འགྲུལ་བྱེད་པས་སེམས་ཅན་ལ་ཤིན་ཏུ་གནོད་པ་ཆེས་ཆེ་བ་བསྐྱལ་བ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེས་རི་རྣམས་ཀྱི་རྐང་པ་བཅག་སྟེ་རྒྱུ་འགྲུལ་མེད་པར་བྱས་ཤིང་། དེ་སྐབས་རི་ཁ་ཅིག་རྒྱ་མཚོའི་གཏིང་དུ་བྲོས་ཏེ་ཡོད་ལ། བརྒྱ་བྱིན་གྱི་རྡོ་རྗེའི་མིང་རི་འཇོམས་སུ་དེས་བཏགས་པ་ཡིན་ཞེས་དང་།དེ་བཞིན་རི་བོ་གངས་ཅན་གྱི་བུ་རི་བོ་ཉ་ཅན་དང་རི་བོ་ངུར་པ་གཉིས་འཁྲུག་པ་ལ་རི་བོ་གཞན་གྱིས་བསྡུམ་ཡང་དུམ་པར་མ་ནུས་པས་གྲུབ་པའི་ལྷ་རྣམས་ཀྱི་གདོང་དྲུག་ལ་གསོལ་བ་བཏབ་པས་གདོང་དྲུག་གི་བསྡུམ་པས་ཀྱང་མ་ཉན་པར་མདུང་ཐུང་འཕང་ནས་རི་བོ་ངུར་པ་ཚལ་པར་བཀས་པ་ཡིན་ཞེས་ཀྱང་བརྗོད་པར་མཐོང་བས། དེས་ན་ཚིག་འདི་དག་ཕྱི་རོལ་མུ་སྟེགས་རིག་བྱེད་གཞུང་ལས་བྱུང་བའི་གཏམ་དང་མཐུན་པ་ཞིག་སྔར་དུ་བྱུང་བར་སྣང་བས་གསར་དུ་དགག་སྒྲུབ་བྱར་མེད་དོ། །བཙན་རྒོད་རི་འདི་ལ་བླ་མ་གོང་མ་རྣམས་ནས་ཁམས་ཀྱི་པཎ་ཎེ་རི་བཀྲ་ཡང་ཡིན་ཞེས་གསུང་རུང་ཁམས་ཀྱི་པཎ་ཎེ་རི་བཀྲའི་མིང་ཅན་གཅིག་བར་ཁམས་ཁྱུང་པོར་ཡང་ཡོད་རུང་། དོན་དུ་ནི་བདག་གི་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས་འབྲི་རྒྱུད་རེ་ཁེ་ལྗོངས་ཀྱི་ཡུལ་ལྷ་སྟྭ་མ་སྟེའུ་སོའམ་ཡོན་ཏན་རི་བཀྲར་གྲགས་པ་འདི་པཎ་ཎེ་རི་བཀྲ་ཡིན་གསུང་པས་རི་དབང་སྤུན་དགུའི་ཡ་གྱལ་ནི་དེ་ཁོ་ནར་ངེས་པས་བཙན་རྒོད་རི་བཀྲ་དང་མི་གཅིག་གོ །གཞན་ཁམས་ཀྱི་རི་བོ་བཀྲ་བཟང་ཡིན་པ་ནི་དམ་པ་རྣམས་ཞལ་མཐུན། གང་ལྟར་ཨོ་རྒྱན་གུ་རུའི་བྱིན་གྱིས་བརླབས་པའི་གནས་ཆེན་ཟབ་གཏེར་བཅུ་གསུམ་ཙམ་བཞུགས་པ་ཞིག་སྟེ། རི་དབྱིབས་རྡོ་རྗེ་རྩེ་ལྔ་ལྟ་བུ་ལ་རྒྱབ་ངོས་ཀྱི་ཆ་ཅུང་ཟད་ཙམ་ལས་མཐའ་སྐོར་དུ་ཆུ་མིག་བར་མི་ཆད་པ་བརྒྱ་ཕྲག་དུ་མས་བསྐོར་བ་རི་ངོས་སུ་གྱེན་དུ་དྷེ་ཝ་དྷ་རུ་དང་། ས་ལ་དང་། ནི་ཙུ་ལ་དང་། ཨ་ཤྭ་ཏ་ཐ་དང་ཨ་ཀ་རུ་ལ་སོགས་པའི་ནགས་ཚལ་གྱི་འཕྲེང་བ་བཟང་པོ་སྟེ་ཤིང་སྣ་བརྒྱ་དང་བརྒྱད་ཡོད་པར་གྲགས་ཤིང་། ཀུན་ཏུ་འཐུག་པ་དང་། དེ་རྣམས་ཀྱི་བར་མཚམས་བྲག་རི་དཀར་དམར་གྱི་འཕྲེང་བ་དང་། གྲོག་པོ་དང་ཤ་ལ་དཀར་པོའི་གྱེན་འགྲེང་བ་གདུགས་ཀྱི་རྩིབས་མ་ལྟར་སྤེལ་ཞིང་ཤིན་ཏུ་མཛེས་པ་སྟག་གཟིག་དོམ་དྲེད་གུང་སྲམ་གསའ་སྤྱང་འཕར་བ་སོགས་བོད་འདིར་མཆིས་པའི་གཅན་གཟན་མ་ཚང་བ་མེད་པ་ལྟ་བུ་དང་། དེ་བཞིན་བྱ་རྒོད་ཁྲ་གླག་ནེ་ཙོ་བྱ་ཝང་ཁུ་ལིང་གུང་མོ་སོགས་བྱ་རིགས་ཀྱང་སྣ་ཚོགས་པ་དང་མི་རྒོད་སྤྲེའུ་ཕྱི་བ་དང་རི་དྭགས་ཀྱི་རིགས་རྣ་བ་གླ་བ་རི་བོང་སོགས་སེམས་ཅན་རིགས་མི་གཅིག་པ་དུ་མ་རྟག་ཏུ་འཕྱོ་བ་བག་དྲོ་ཞིང་བྱིན་ཆེ་བ་སྐྱི་ཟ་ཞིང་ཡ་ང་བ་ཡ་མ་ཆ་ཡི་གནས་རི་བོ་དེའི་ངོགས་སུ་མི་རྣམས་རྒྱུ་འགྲུལ་ཆེས་དཀའ་བ་ཨོ་རྒྱན་ཆེན་པོས་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་ཞེས་པ་དང་། གཏེར་ལུང་ཁ་ཅིག་ཏུ་ཨོ་རྒྱན་དྷཱ་ན་ཀོ་ཤ་དང་ངེས་པར་མཉམ་ཞེས་གསུང་བ་དེ་ཡི་ནུབ་བྱང་གི་མཚམས་བྲག་རིའི་ངོས་སུ་འདབ་ཆགས་མགོན་པོ་ཀླུ་སྦྲུལ་འཛིན་ཏེ་ནམ་མཁའ་ལ་ལྡིང་བའི་གཟུགས་བརྙན་ཤིན་ཏུ་གསལ་བ་རི་བོ་བྱ་ཁྱུང་དུ་གྲགས་པའི་མདུན་དུ་བྲག་དུང་གཡས་སུ་འཁྱིལ་བ་ལྟ་བུའི་གོང་སྔོན་རྣལ་འབྱོར་སྒྲུབ་པ་པོ་མང་པོས་བསྟི་བར་བྱས་པའི་དུང་དཀར་རི་ཁྲོད་དུ་གྲགས་པའི་འདབས་བསམ་གཏན་གྱི་སྤྱིལ་པོ་ཆུང་ངུ་ཞིག་ཏུ་བཙས་པ་ཡིན་འདུག་སྟེ། དེ་ཡང་ཨོ་རྒྱན་ཆེན་པོའི་ལུང་ལས༔ དུས་ངན་བར་གྱི་ཚིགས་པ་ལ༔ བསྐལ་པ་དུམ་བུ་རྩོད་པ་དར་བ་ཡི༔ སེམས་ཅན་ཞེ་སྡང་རགས་པའི་དུས་སུ༔ མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ ཞེས་པ། རི་བོ་ཁྱུང་ཆེན་ལྡིང་བའི་དྲུང་དུ་འབྱུང་ངོ་༔ ཞེས་གསུངས་པ་ལུང་ཚིག་དེ་ནི་སྔོན་གུ་རུ་ཇོ་བོ་རྩེ་མོ་དང་། བར་དུ་རཏྣ་གླིང་པ་རྣམས་ལ་ཡང་མཐུན་པར་སྣང་ལ། ཕྱི་མའི་དུས་འདིར་བདག་ཀྱང་ཚུལ་དེ་འགྲིགས་པ་ལྟར་གྱུར་པ་ཞིག་གོ །བདག་གི་དལ་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ལུས་རྟེན་འདི་བསྐྱེད་པར་བྱེད་པའི་མ་ནི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡི་རིགས་སུ་གྱུར་པ་མི་ཆོས་སུ་དགྲ་གཉེན་ལ་ཆགས་སྡང་གི་རུས་ཐོན་པ་དཀོན་མཆོག་གསུམ་ལ་མཆོག་ཏུ་དད་གུས་དང་ལྡན་ཅིང་རྡོ་རྗེ་སེམས་དཔའི་སྙིང་པོ་ཡིག་བརྒྱ་འབའ་ཞིག་ལ་ཡི་དམ་དུ་བྱེད་པས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞལ་མཇལ་བ་བཛྲ་ས་མུ༔ཞེས་བྱ་ལ། ཕ་ནི་འཇིག་རྟེན་ཐུན་མོང་དུ་ད་ལྟ་གྲགས་ཚོད་ཀྱི་རིགས་ནི་ཁམས་མི་ཉག་གི་ཡུལ་དུ་དཀར་པོ་སྒོ་ཡི་རིགས་ལས་སྒོ་བཟའ་ལྷ་མོ་ཞེས་ལྷའི་བུ་མོ་ལ་འགྲན་པར་བཟོད་པ་ཞིག་བྱུང་ཞིང་། ཡུལ་དེའི་ལྷ་མཐུ་བོ་ཆེ་བཞག་བྲ་ལྷ་རྩེའི་རྩེར་ནམ་མཁའི་ལྷ་ཞིག་རྨུ་ཐག་ལ་བརྟེན་ནས་བབ་སྟེ་སྒོ་བཟའ་ལྷ་མོ་དང་བཤོས་པའི་བུ་རྒྱུད་ཡིན་ཞེས་པ་ལ་ཀུན་སློང་ཅན་དུ་མ་དཔུང་དུ་འཚོགས་ནས་ལན་བརྒྱར་བསླད་ཅིང་སྦས་ཀྱང་སྙོགས་པར་མ་ནུས་ཤིང་། སྔོན་རབས་ཉིད་ནས་གྲགས་པའི་གཏམ་གསར་དུ་འགོག་མ་སྤོབས་པས་ད་ལྟ་ཡང་རླུང་ལྟར་ཀུན་གྱི་ངག་སྒོར་གནས་ཤིང་རྒྱུ་བ་འདིའོ། །འོན་ཀྱང་ཁ་ཅིག་གིས་སྒོ་བཟའ་ལྷ་མོ་དེ་བུད་མེད་བཟང་མོ་མི་མ་ཡིན་རྣམས་དང་རྟག་ཏུ་རྩེན་ནུས་པ་ཞིག་སྟེ། རེ་ཞིག་ན་བཞག་བྲའི་གཞི་བདག་དེ་སྐྱེས་བུ་མི་ལས་འདས་པའི་མཚར་སྡུག་དུང་གི་གོ་ཆ་ཅན་ཞིག་ཏུ་རྫུས་པ་དང་བཤོས་པས་སང་ཕོད་དུས་སུ་ཁྱེའུ་ཞིག་བྱུང་ཞེས་རང་གི་བློ་ལ་ནི་ཕྱི་མ་འདི་ནི་རིགས་མཐུན་གཞན་དག་གིས་ངེས་པས་འཐད་ལ་གང་ལྟར་ལྷ་ཡི་ཁྱེའུ་བཙས་ནས་མི་རིང་བར་མ་དང་བྲལ་ནས་བ་ཡི་འོ་མས་བསྐྱེད་སྲིངས་ཤིང་མིང་ལ་ངུ་རྒུ་ཞེས་སུ་བཏགས་ཏེ་འདི་ནི་མི་ཉག་གི་སྐད་དུ་མངོན་པས། ཡུལ་དེའི་མི་ལ་དྲིས་ཚེ་ངུ་རྒུ་མེ་ཞེས་བོད་སྐད་དུ་བ་ཡི་འོ་མ་འཐུང་བའི་དོན་ཡིན་ཟེར་ལ། ཁྱེའུ་དེ་ལང་ཚོ་ལ་བབ་པ་ན་ཚོ་ཆེན་པོ་བཅོ་བརྒྱད་ཀྱི་བདག་པོར་གྱུར་ཅིང་ཕུལ་བྱུང་ཙམ་དུ་ཡུལ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ལ་དབང་བྱས་པ་ཡིན་ཞེས་འུད་ཆེ་བར་སྒྲོགས་པས། དེས་ན་རྒྱལ་རིགས་སུ་གཏོགས་པ་ཞིག་གོ །འདི་དང་མི་ཉག་གྷ་ཡི་རྒྱལ་པོའི་ལོ་རྒྱུས་ཕྱོགས་མཐུན་ཅིང་ངུ་ཞེས་མིང་ཡང་གཅིག་རུང་གྷ་ཡི་རིགས་ཁུངས་སྨོན་ཉི་ཤུའི་གཞི་བདག་ཡིན་པར་འདོད་པས། དེ་ནི་བཞག་བྲའི་བློན་པོ་མཐུ་ཤིན་ཏུ་བཙན་པ་ཞིག་ཡིན་ཟེར་རོ། །བཞག་བྲ་ནི་རྨ་རྒྱལ་སྤོམ་རའི་བུ་དགུ་ཡི་ཐུ་བོར་གྲགས་ལ། སྤོམ་ར་རང་ཉིད་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་བུ་ཡི་སྲས་སུ་གྱུར་པ། དེ་ཡང་ནོར་སྦྱིན་གྱི་ངོ་བོར་གནས་ཞེས་གུ་རུ་པདྨ་ཀ་རས་གསུངས་པས་དེས་ན་འདོད་ལྷ་རྒྱལ་ཆེན་བཞིའི་རིགས་ལས་བྱུང་བར་སྨྲའོ། །དེ་ཡང་དཀར་པོ་སྒོ་ནི་ངུ་རྒུ་མེའི་ཞང་པོ་ཡིན་ཅིང་ངུ་རང་ཉིད་ཀྱི་རིགས་ནི་དེ་ལས་གཞན་པར་ངེས་དགོས་སོ། །གང་ལྟར་ངུ་ཡི་རིགས་དེ་ལས་ནང་ཚན་གོ་པ་ཟེའུ་ཞེས་པའི་རྒྱུད་དུ་སྐྱེས་པའི་ཁྱིམ་བཙུན་དགེ་བསྙེན་ལྷ་ཆོས་སུ་ལོ་མང་པོའི་བར་དུ་ཡི་དམ་གྱི་བསྙེན་བསྒྲུབ་ཐེམ་པར་བྱས་ཤིང་། མི་ཆོས་སུ་རྒྱུད་དྲངས་ཤིང་ཁྲོ་གཏུམ་ཆེ་ཞིང་དཔའ་བརྟུལ་སྙིང་སྟོབས་ཀྱི་ངར་དང་ལྡན་པ་ཨ་ཏི་ནཱ་ཐ་རམ་ཀ་ཞེས་པ་ཡིན་པར་སྒྲོགས་ཏེ། དེ་ཚེ་འཕགས་པ་ཤཱ་རིའི་བུའི་སྨོན་ལམ་དང་མཐུན་པ་ཡིན་ལ། ཐུན་མོང་མ་ཡིན་པའི་ཕ་ནི་གོང་དུ་སྨོས་པའི་གནས་ཆེན་རི་བོ་བཀྲ་བཟང་གི་ཞིང་སྐྱོང་གཙོ་བོ་དེ་ཡིན་ཞེས་རང་གི་ཨ་ཕྱི་དང་ཨ་མ་ནས་རྒྱུ་མཚན་ཞིབ་མོ་ཡང་ཡང་བསྙད་ཀྱི་འདུག་པ་དང་། རྗེ་བཙུན་བླ་མ་མཆོག་ནས་ཀྱང་དེ་ལྟར་དགོངས་སོ་ཞེས་ཐོས་ལ། དེས་ན་ཡུལ་ལྷ་ཆེན་པོ་དེ་ནི་བླ་མ་གོང་མ་རྣམས་ཀྱི་ཆོས་བོན་སྐྱེ་བོས་གསོལ་བའི་མིང་ཐ་དད་ཅན་དྲེགས་བྱེད་སྟོང་སྡེའི་རྗེ་བོ་ཡིན་ཞེས་དང་། མཆོག་གི་བདག་ཉིད་ཆེན་པོར་གྱུར་པའི་གཏེར་ནས་བྱོན་པའི་སྒྲུབ་ཐབས་དང་མཐུན་པར་གཟིགས་སྣང་དུ་གཏེར་བདག་གནོད་སྦྱིན་དབང་པོའི་སྒྱུ་འཕྲུལ་ལྟར་བཞེད་པ་སོགས་གང་ལྟར་མཐུ་དང་རྫུ་འཕྲུལ་ཆེ་བ་ཞིག་གོ །ཡང་ཁ་ཅིག་ནས་མིང་གི་རྣམ་གྲངས་རྡོ་རྗེ་བྲག་བཙན་ཞེས་ཀྱང་འདོད་ན། དེ་ནི་ཀློ་དང་ཀོང་ཡུལ་སོགས་སུ་གྲགས་ཆེ་ཞིང་ཆགས་པའི་གནས་དང་མིང་གི་རྣམ་གྲངས་ཁུངས་ལྡན་ཅི་རིགས་སྣང་ཡང་དགོས་པ་མི་ཆེ་བས་ན་འདིར་མ་སྨྲས་ལ། སྤྱིར་ཡང་ཁོ་བོ་ཅག་མི་མ་ཡིན་དེ་ལྟའི་བུ་རུ་སྨོས་པ་འདི་ཡང་འཕྱར་བའི་གནས་ནི་ནམ་ཡང་མ་ཡིན་ཏེ། ཅི་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་བྱིན་དང་ཉེ་དབང་ངམ་དབང་ལྡན་བདག་པོ་ལྟ་བུའི་ལྷ་ཆེ་ཆེ་བའམ་དེ་བཞིན་ཀླུ་དང་། ཡི་དྭགས་ཀྱི་རྒྱལ་པོ་ཆེན་པོ་སོགས་མི་མ་ཡིན་མཐུ་ལྡན་གྱི་སྲས་སུ་སྣང་བར་མ་མཛད་ཅིང་། རྫོགས་སངས་རྒྱས་པའི་རྟེན་ནི་མི་ཁོ་ནར་ངེས་པ་དང་། བཀའ་ལས་ཀྱང་བྱང་ཆུབ་ཀྱི་ལམ་སྡོམ་པ་སྐྱེ་བའི་རྟེན་དང་སངས་རྒྱས་མྱུར་དུ་བསྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ནི་ལྷ་ལས་ལྷག་པའི་མི་ཡི་ལུས་ཁམས་དྲུག་ལྡན་པ་ཁོ་ན་ཆེ་ཐང་དུ་མས་བསྔགས་པ་མཛད་ན་རིགས་རུས་བསྐྱེད་པའི་ཕ་མི་ལས་ལྷག་པ་གཞན་ནམ་ཡང་ཡོད་པ་མ་ཡིན་ན་དེ་ལས་ལྡོག་སྟེ་བདག་ནི་འབྱུང་པོ་ཤ་བརྗེན་བཟའ་བའི་རིགས་སོ་ཞེས་པ་ནི་གནོང་པར་བྱེད་པའི་ཚིགས་སུ་ཟད་མོད། གཞན་སྐྱེ་བོ་ཕལ་པ་དྲག་རྩལ་ཅན་ཁ་ཅིག་ཡུལ་ལྷ་སོགས་ཀྱི་བུ་རུ་རློམས་ཤིང་འཕྱར་བ་ནི་འཇིག་རྟེན་ཕལ་པའི་ལུགས་ངན་ལས་དམ་པའི་ཆོས་ལ་སྤྱོད་པ་རྣམས་ཀྱི་རྒྱང་རིང་པོ་དོར་བྱར་ཤེས་སོ། །དེ་ལྟ་ན་ཡང་རང་གི་མ་ཡི་གཏམ་སྟེ་རྫུན་མེད་ངེས་པ་ཡི་སེམས་ཅན་ལས་ཚུལ་འགོག་པ་མེད་པ་དང་ཡིན་ལུགས་ཇི་བཞིན་བརྗོད་ན་མི་མ་ཡིན་དེ་ཡང་མགུ་བ་སྐྱེས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་བརྟས་པའི་རྒྱུར་ཡང་སྲིད་དོ་སྙམ་ནས་སྨྲས་པ་སྟེ། དཔྱོད་ལྡན་དམ་པ་རྣམས་ཀྱི་ཐུགས་ཀྱིས་མི་ཁྲེལ་བ་སྙིང་ནས་གསོལ་བ་འདེབས་སོ། །

འགྲོ་དྲུག་སེམས་ཅན་ཐམས་ཅད་ཕ་མ་ཉིད། །ལས་ཀྱི་ཚུལ་ཡང་བསམ་གྱིས་མི་ཁྱབ་སྟེ། །བྱས་གཟོ་དྲིན་དུ་ཤེས་པའི་ངང་ཚུལ་གྱི། །ཐོག་མེད་དུས་ནས་ཚེ་འདིར་ཕ་མའི་བར། །ཀུན་གྱི་སྡུག་བསྔལ་མཐའ་དག་སེལ་སླད་དུ། །བྱང་ཆུབ་མཆོག་གི་ཤུལ་ལམ་འདིར་ཞུགས་པས། །བྱང་ཆུབ་སྤྱོད་བརྩོན་རིང་མིན་རྫོགས་སངས་རྒྱས། །ཕ་མའི་ཚོགས་ཀྱང་སངས་རྒྱས་སར་སྒྲོལ་ཤོག །ཉམ་ཐག་ཕ་མའི་སྡུག་བསྔལ་མི་ལྟ་བར། །རང་ཉིད་ཁོ་ན་ཞི་བདེ་ཙམ་གྱི་བློ། །ཁྲེལ་མེད་ངོ་ཚ་བོར་བ་མ་རབས་ལུགས། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྨད་པའི་གནས། །ཞི་བ་ཕྱོགས་གཅིག་མྱ་ངན་འདའ་བའི་སེམས། །རང་རྒྱུད་རྣམ་རྟོག་ནམ་ཡང་མི་སྐྱེ་ཞིང་། །ཚད་མེད་སྙིང་རྗེ་ཕ་མའི་སྡུག་བསྔལ་ཀུན། །ཇི་སྲིད་བར་དུ་སེལ་བའི་བྱེད་པར་ཤོག །འགྲོ་བ་ཐམས་ཅད་ཕ་མར་ཤེས་པ་དང་། །ལས་ཀྱིས་ཚེ་འདིའི་ཕ་མའི་ཚུལ་ཇི་འདྲ། །ཆ་ཙམ་བརྗོད་ལ་ཉེས་པ་མེད་སྙམ་ཡང་། །ཉེས་ན་དམ་པ་རྣམས་ལ་བཟོད་ཀྱང་གསོལ། །ཞེས་པ་ཡང་སྨྲས་སོ། །

རིགས་ཀྱི་མཚན་ཉིད་ཕ་མ་དེ་ལྟ་བུའི་བུ་རུ་ཕྱུགས་བདག་གི་ལོར།

མངལ་ཆགས་ནས་འབྲས་བུ་སྣ་ཚོགས་རྒྱས་པའི་ལོ་རྒྱལ་གྱི་ཟླ་བའི་དམར་ཕྱོགས་ཀྱི་ཚེས་དགེ་བར་པདྨ་ཌཱཀྐི་རྒྱུ་བའི་དུས་སུ་བདག་སྐྱེས་ཤིང་སྐྱེས་པའི་ཉི་མ་དེར་ནམ་མཁའ་མཐིང་ཞུན་སྔོན་པོས་ཁེབས་ཤིང་ཉི་མའི་འོད་ཟེར་རབ་ཏུ་བཀྲ་བར་གྱུར་ཞེས་ཀྱང་གྲགས་ལ་སྐྱེས་ནས་ཟླ་བ་གསུམ་ལོན་པ་ཙམ་ནས་ཚིག་གི་བརྡའ་ཅུང་ཟད་སྦྱོར་ནུས་ཤིང་། ལོ་རུ་ལོངས་པ་ན་རེ་ཞིག་གི་ཚེ་རིག་འཛིན་པདྨ་མ་ཎིའི་ཕྱག་བྲིས་བླ་མ་ལོངས་སྐུ་གསུང་རྡོ་རྗེ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དཔེ་གོང་མའི་གྲྭ་རིགས་ཞིག་གི་ལག་ཏུ་ཐོག་པ་ཁོ་བོས་བླངས་བ་མ་གཏད་པར་ཡིད་སྐྱོ་ཚུལ་གྱིས་འདི་ནི་ངེད་རང་གི་དཔེ་ཡིན་ཞེས་སོགས་ངེས་ངེས་འདྲ་བ་མང་ཞིག་སྨྲས་པས་ཁོས་ཀྱང་རིག་འཛིན་གོང་མ་དེ་རྗེས་སུ་དྲན་པའི་དད་པས་མཆི་མ་འཁྲུག་ཅིང་ཕྱིན་ཆད་བྱམས་པར་བྱས་ཞེས་གྲགས་ལ་པདྨ་ནོར་བུའི་སྤྲུལ་སྐུ་ཡིན་མིན་ཇི་ལྟར་ཡང་ཚེ་འདིར་སྔོན་ནས་རྗེས་དྲན་གྱི་ཁུལ་གཞན་ལ་སྨྲས་པའི་ཐོག་མ་དེ་ཡིན་པར་ཐོས་ལ་དེ་ནས་བརྩམ་སྔོན་གྱི་ངང་ཚུལ་ཅི་རིགས་པ་སྨྲ་བ་ཞིག་བྱུང་བར་སྣང་ལ། དེར་ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ནི་སྐྱེ་བ་ཤིན་ཏུ་གསལ་བར་དྲན་པ་ཞིག་གོ་སེམས་ཤིང་ཡིད་མགུ་ཞིང་སིམ་པར་བྱེད་དོ། །གཞན་ཁ་ཅིག་ནས་དེ་ལ་ངན་སྨྲ་དང་མུ་ཅོར་སྣ་ཚོགས་བརྗོད་པར་གྲགས་ཀྱང་ངེད་ལ་ནི་ཁྱད་པར་གང་ཡང་མ་བྱུང་ངོ་། །སྔོན་ཚེ་ཡུལ་གྲུ་ཉི་ཚེར་གྱུར་དེ་རུ། །དམ་པའི་གྲགས་ལྡན་དེ་ཙམ་ཡང་སྲིད་དུ། །ཐོས་ཀྱང་ངན་སྨྲས་ལ་གོམས་བླུན་རྣམས་ཀྱིས། །དེ་ཡི་ཡང་སྲིད་མིན་ཞེས་མགྲིན་རྔ་བརྡུང་། །ད་ནི་འཛམ་གླིང་བོད་འདིར་ཕྱག་རྒྱ་ཆེའི། །རིག་འཛིན་མཆོག་བརྙེས་གང་དེའི་སྒྱུ་འཕྲུལ་ཞེས། །གྲགས་པ་རིན་ཆེན་དོ་ཤལ་གངས་ཅན་གྱིས། །ཕྱོགས་མཚམས་བུ་མོའི་རྣ་ཆར་ཡོངས་འཁོད་ཚེ། །ངེད་ཀྱི་ཕ་མཚུན་མིན་ཞེས་བདག་བཟང་པོར། །བགྱིད་འོས་དེ་ཡི་མཚན་ཡང་མེ་ཁྱེར་སྲིན། །ཇི་བཞིན་རང་གནས་འཇག་ཟིལ་གསེབ་ཡིབ་པའི། །བྱེད་པོ་རྟ་བདུན་མཐོང་ཚེ་ཅི་སྨྲ་སེམས། །བདག་ནི་སོ་སོ་སྐྱེ་ཡིན་དམ་པ་མིན། །དེས་ན་གྲུབ་པའི་སྒྱུ་འཕྲུལ་ཅི་ཞིག་འགྱུར། །འོན་ཀྱང་དགེ་འབྲས་སྨིན་འོས་རྣམ་ཤེས་ཤིག །མགོན་དེས་བྱིན་གྱིས་རླབས་སམ་ཡང་སྤྲུལ་གྱུར། །ད་དུང་རང་གིས་དཔག་པར་མི་ནུས་ན། །རང་མཚུངས་གཞན་གྱི་བརྟག་པའི་ཡུལ་མ་གྱུར། །ནམ་ཡང་དད་ལྡན་མི་བསླུའི་གདེངས་ལྡན་ན། །བརྟག་དཔྱད་དགོས་མེད་ཆུ་ཡི་རི་མོར་མངོན། །འདི་འདྲའི་ཚུལ་ལ་ཅིས་ཀྱང་བརྟག་འདོད་ན། །ཡེ་ཤེས་སྤྱན་ལྡན་འཕགས་པའི་ས་སྒྲུབ་འཚལ། །ཞེས་སོ། །

དེ་ནས་རིམས་ཀྱི་ནར་སོན་ཏེ་ལོ་གསུམ་བཞིའི་སྐབས་སུ་གནས་མལ་ངེས་པ་མེད་པའི་དབང་གིས་རྡོ་གྲམ་ཞེས་པའི་གྲོང་ཆུང་དེར་སྡོད་ཀྱི་ཡོད་སྐབས་རང་གི་ཨ་ཕྱི་འཕགས་མས་བྱིན་གྱིས་བརླབས་པར་གུ་རུའི་ལུང་གིས་ཟིན་པ་དེ་ཡི་དཀར་ཁྲིད་ཀྱི་རྣལ་འབྱོར་བྱེད་པ་མཐོང་བས་རྐྱེན་སད་དེ་ཕྱིན་ཆད་ཚུལ་དེ་ལ་ཡིད་རབ་ཏུ་ཞུགས་པར་གྱུར་པ་ཡི་སྐྱོང་བའི་རྣམ་འགྱུར་ཁོ་ན་བྱས། དེ་འཕྲོས་ལོ་ལྔའི་སྣེ་ཟིན་ཙམ་པར་བྲག་དམར་དགོན་དུ་ཕྱིན་པར་ཚད་ཐུབ་གཏེར་སྟོན་མང་པོའི་ཞབས་ལ་ཐུག་ཅིང་། གནུབ་ཆེན་བུདྡྷ་ཛྙཱ་ནའི་སྤྲུལ་པར་གྲགས་པ་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཞེས་རང་གི་རིགས་ཀྱི་ཁུ་བོར་བསྙེག་པ་ཞིག་ཡོད་པ་དེ་དང་ཡུད་ཙམ་མཇལ་བ་ན་དགྱེས་པས་བདག་གྲལ་གྱི་གོང་དུ་བཞག བཞེས་པའི་ཕུད་ནས་དྲངས་བ་སོགས་དགོངས་ཡུལ་དེའི་ཡང་སྲིད་བདག་ཡིན་མིན་ཅི་ལྟར་ཡང་བུས་པ་ཤེས་མ་བྱེ་བ་ཞིག་ལ་སྔར་གྱི་གོ་སའི་བབ་ཕྱོགས་མཚུངས་ཙམ་ཁྲེལ་ཡོད་ངོ་ཚ་ཤེས་ནས་མཛད་པ་ཁོང་ཁོ་ནར་ངེས། གཞན་རང་རང་ཕྲལ་ཆོས་བརྒྱད་སུ་རེམ་ལས་སྔར་གྱི་གོ་ས་མནོ་མཁན་མེད་པ་སྤྱིར་ངོ་ཚ་ཆུང་བར་མ་ཟད་ལྷག་ཏུ་བདག་གི་སྐྱེ་བའི་ཡུལ་ཕྱོགས་དེར་དེ་འདྲ་ཤིན་ཏུ་གང་ཞིང་དེ་ཡང་མི་སྐྱའི་གནས་ལས་ཆོས་གཟུགས་བཙུན་པ་རྣམས་ལྷག་པར་ཁྲེལ་ལ་མི་གནས་པར་ཐུབ་ཆོསཁོ་ནར་སྤྱོད་པ་ཞིག་གོ །སྤྱོད་ལྡན་ཁྲེལ་ཡོད་སྔོན་རབས་བཟང་པོའི་སྲོལ། །དེང་སང་དུས་སུ་མིང་ཙམ་ཁོ་ནར་གྱུར། །ལྷག་པར་མཐའ་འཁོབ་རེ་ཁེ་ལྗོངས་དེ་རུ། །འདི་སྣང་དྲེགས་པས་ཆོས་བརྒྱད་སུ་རེམ་ལས། །གོ་སའི་ཚུལ་ལ་དམིགས་པ་ཡེ་མ་མཐོང་། །གང་ཞིག་རྟེན་གྱི་ཁྱད་པར་དགེ་སློང་ངམ། །ཡི་དམ་ནུས་པ་རྙེད་པ་མ་ཡིན་པར། །རིགས་རུས་སྐྱེ་བས་ཐོབ་པའི་གོ་ས་ལ། །ཟང་ཟིང་ཁུར་གྱིས་དྲེགས་ནས་འགོང་མི་རུང་། །ཅི་ཕྱིར་གཏོང་འཛིན་ལྷ་ཡི་ཞེ་ཁྲེལ་ཞིང་། །བསོད་ནམས་ལས་ཉམས་མི་ཤིས་རྒྱུ་རུ་བཤད། །དེ་ལྟ་ན་ཡང་དེང་སང་དུས་དབང་གིས། །ཕྱོགས་དེར་མི་ནག་སྐྱེ་བོ་ཡ་རབས་ལས། །ཆོས་གཟུགས་འཛིན་རྣམས་ལྷག་པར་ཆགས་སྡང་ཆེ། །བག་མེད་ཆང་དང་བརླང་པོའི་བརྟུལ་ཞུགས་ཀྱིས། །བཟང་པོའི་སྲོལ་རྣམས་ཕལ་ཆེར་དྲི་མར་བྱས། །ཞེས་སོ། །དཀྱུས་སུ་འཇུག་པ་བཞུགས་གྲལ་དེར་བདག་བྱིས་པར་སོང་བའི་བློ་བྲིད་པའི་སླད་དུ་གུ་རུ་པདྨའི་སྐུ་ཞིག་ཕྱག་གིས་བྲི་བར་གནང་ཞིང་བདག་གི་སྔོན་གནས་རྗེས་སུ་དྲན་པའི་ཚུལ་ལས་བརྩམས་གསུང་གླེང་མང་དུ་བྱུང་བས་ཀྱང་རྐྱེན་བྱས་འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་སྐྱོང་ཚུལ་ཅི་རིགས་ཤིག་དེ་དུས་ནས་ཤེས་ཤིང་དྲན་ཏེ་ད་ལྟ་བར་མོས་པ་ལམ་བྱེད་ཙམ་དུ་སྙིང་གི་དབུས་སུ་བཟུང་སྟེ་གནས་མོད། དེང་སང་ཕལ་ཆེར་ཚོགས་དབུས་འཕྱོར་རྒྱན་ངོམ་ཆོས་སུ་བྱེད་ཀྱི་འདུག་ཀྱང་བདག་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་རིག་འཛིན་མཆོག་དགའ་རབ་རྡོ་རྗེ་ཡིས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ནན་ཏན་ཆེན་པོ་ཡིས་ཤིན་ཏུ་གསང་བར་གདམས་ཤིང་གལ་ཏེ་འཕྱར་ན་སྙིང་ཁྲག་སྐྱུགས་ཏེ་ཚེ་ཡི་དུས་བྱས་ཤིང་རྡོ་རྗེ་དམྱལ་བར་བསྐལ་པ་བདུན་འབུམ་དུ་གནས་པའི་དམོད་པར་འཇིགས་པས་ཚུལ་འདི་བབ་ཆོལ་གྱི་བྱིས་པ་ནས་ད་ལྟའི་བར་ནམ་ཡང་སྨྲ་མ་མྱོང་ངོ་། །ལར་སངས་རྒྱས་ཀྱི་གསུང་ཀུན་གྱི་བདེན་པར་འཛིན་ན་དམོད་པ་འདི་ནི་ཤིན་ཏུ་གཉན་པར་རྟོགས་དགོས་སུ་སྣང་ལགས་སོ། །འདི་ལྟ་བུའི་དམོད་པ་ལ་མི་འཇིགས་ན་རྒྱུ་འབྲས་དམ་ཚིག་གཞན་ལ་ཅི་ཕྱིར་འཇིགས། དེ་བས་ཚུལ་འདི་ལ་བག་ཡོད་པར་བྱོས་ཤིག ཞེས་སྙིང་ཁོང་རུས་པའི་གཏིང་ནས་ཐལ་མོ་སྦྱར་ཏེ་གསོལ་བ་ལགས།

སྨྲས་པ། སྔོན་སངས་རྒྱས་བསྟན་པ་རྫོགས་ལྡན་སྐབས། །མི་ཀུན་ཀྱང་ཤིན་ཏུ་གསང་བ་བསྲུང་། །གནད་དེ་ཡི་འབུམ་ཕྲག་འགྲོ་བ་ཡང་། །དུས་གཅིག་ཆར་གྲོལ་བ་ཁོ་ནར་གྱུར། །བོད་འདིར་ཡང་ཆོས་རྒྱལ་བྱང་སེམས་སྐབས། །རྗེ་གུ་རུས་དབང་བསྐུར་མཛད་པའི་མིང་། །གསང་སླད་དུ་དབང་ལ་རིམ་པར་བཏགས། །མིང་ཁོ་ནར་དོགས་པ་དེ་ཙམ་ན། །དབང་གདམས་པ་དངོས་ལ་སྨོས་ཅི་འཚལ། །དུས་དེང་སང་སྙིགས་མའི་མར་གཤམ་གྱུར། །ཆོས་ཟབ་དགུ་ཁྲོམ་དུ་ཟོང་ལས་འབོལ། །སྔགས་གྲུབ་པ་ཐོབ་པ་སྨོས་ཅི་འཚལ། །སེམས་ངོ་བོ་ཆ་མཐུན་མཐོང་ཡང་དཀོན། །དཔལ་ཀུན་བཟང་པདྨ་འབྱུང་གནས་ཀྱི། །བཀའ་གསང་རྒྱས་བཏབ་པ་རྒྱབ་ཀྱིས་ཕྱོགས། །ཆོས་མ་ཡིན་སྒྲིབ་ཤིང་ཆོས་ལ་བཅོལ། །རི་ཀླུང་ཀུན་གློ་སྐམ་ཐུག་པ་བཞིན། །ངེད་གྲུབ་ཐོབ་འཁྲུལ་ཞིག་ཡིན་ནོ་ལོ། །གསང་ཁྱད་གསོད་ཐུགས་ཀྱི་དམ་ཉམས་པ། །ཚུལ་འདི་འདྲས་ཁེངས་འདི་ཀྱེ་མ་ཧུད། །ཞེས་བར་སྐབས་ཀྱི་འཕྲོས་ཏེ། དེའི་རྗེས་ཚེས་བཟང་བ་ཞིག་ལ་བྲག་དམར་བུ་བྲང་དུ་གདན་བཤམས་བཟོས་སྒོ་ཆེ་བར་མཛད་དེ་ངེད་འབོད་མི་གནང་བྱུང་ཡང་རང་ཉིད་བྱིས་པའི་རྟགས་ཀྱིས་འགྲོ་མ་ཐུབ་པ་ཕྱོགས་དེར་རྟེན་འབྲེལ་ཁ་ཤས་ལ་གནོད་རུང་སྔོན་གྱི་ལས་ཚུལ་ཞིག་ཏུ་སྣང་། ལོ་དེ་ཡི་དཔྱིད་དེར་བླ་མ་གོང་མའི་དབོན་རིགས་ཁ་ཤས་པས་སྤྲུལ་སྐུ་ངོས་འཛིན་གྱི་ཁུལ་དུ་རྩེ་རུ་བལ་ལན་གཅིག་བོས། ལམ་བར་དུ་སྔོན་གནས་རྗེས་དྲན་ཁ་ཡར་བསྙད་པར་དེ་སྐབས་མི་མགུ་བའི་གཏམ་མང་དུ་སྨྲས་ཀྱང་། ངེད་རང་ནས་ནི་སུ་ཞིག་དྲན་པ་ཡིན་ཡང་རུང་ཕྱོགས་དེར་མི་འཚོགས་བརྒྱ་ཕྲག་ཉེ་བ་ཞིག་ལ་དབང་བསྐུར་བྱས་པ་ནི་ད་ལྟ་ཡང་ཡིད་ལ་ཝལ་ཝལ་དྲན་ངེས་ཡིན། དེ་གང་ཡིན་མཛུབ་མོ་བཙུགས་ཏེ་སྨྲ་མ་དགོས་ན་ཁྱེད་རྣམས་སེམས་མ་འཁྲུག་ཅིག གང་ལྟར་རུ་བར་སླེབ་བསྙེན་བསྐུར་ནང་དེ་ནས་ནི་ཁོང་རང་ཚོའི་ཆུ་འབབ་དེ་བྱས། ངེད་ལ་སྒེར་དུ་བཀུར་བཟོས་མ་དགོས་པ་གཞི་གྲུབ་གཞན་ནས་ནི་འབྲེལ་འབྲེལ་མེད། ཕྱིས་ངེད་ལོ་བཅུ་བདུན་ལོན་པར་ས་དམར་ཕྱོགས་སུ་ཕྱིན་སྐབས་དེ་དུས་ཁྱིམ་མཚེས་བུད་མེད་ཞིག་གིས་སྔར་བྱིས་པ་ཆུང་ངུ་ཞིག་བྱུང་བ་དེ་བླ་མ་འདི་འདྲ་ཨེ་ཡོང་མ་ཤེས་དེ་ཤེས་ན་ལན་ཅིག་བོས་ཏེ་འོ་མ་ཕོར་གང་ཙམ་བྱིན་ཆོག་རྒྱུ་ཡིན་འདུག་ཀྱང་མ་བྱུང་ཟེར་བ་དེ་སྐབས་ཡིན། གོང་མའི་སྐུ་གཉེན་ཚོས་ངེད་ལ་མཐོང་ཅི་ཙམ་བྱས་མཐའ་དག་དེས་མཚོན་ནུས་སོ། །དེར་ཞག་ཤས་བསྡད་སླར་རང་གནས་ལོག་ཡོང་སྐབས་སྐྱེལ་མཁན་གྲུལ་བཏུབ་མེད་པས་ཞོན་རྟ་ལས་བརྡབ་དལ་འབྱོར་རྟེན་ཆུད་ཟོས་དོས་ཤོར་བྱས། སྐུ་སྐྱེ་སྤྱི་ལ་མེད་པའི་ངེད་ལ་དགོས་ཆོས་མགྲོན་ལན་གཅིག་པུ་དེ་ཡི་སྐབས་སུ་ཡང་ངོ་མཚར་ཅན་དེ་འདྲ་བརྡོག དེ་ནས་བརྩམ་ངེད་ལོ་བཅུ་གསུམ་སྐབས་ཟུར་བཞུགས་ཕྱིས་གདན་ས་གྱུར་པ་བླ་མ་སྐལ་བཟང་དྲུང་ནས་གདན་སར་བོས་པའི་བར་ཁོང་རྣམས་དང་ལན་གཅིག་འཕྲད་པ་ཙམ་ཡང་མ་བྱུང་ངོ་། །གཞན་ཡང་དེ་མཚུངས་ཀྱི་གཏམ་ཤིན་ཏུ་མང་བ་ཞིག་ཡོད་པ་ནི་རང་གི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྲུབ་པར་གདའ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། བླ་གཟུགས་གཞན་རྒྱུད་ཤེས་གྲགས་ལུང་བསྟན་དང་། །མཁྱེན་དཔྱོད་བློ་གྲོས་ཆེར་རློམ་མང་ཞིག་གིས། །ཁ་ཚོན་གཅོད་འགའ་སྔ་ཕྱི་མི་མཚུངས་པ། །རང་གི་མཚན་ཉིད་སྟོན་ལས་ཅི་ཞིག་གུ། །ཕྱོགས་རིས་དབང་གིས་བསྟོད་པ་འགའ་མེད་ཅིང་། །སྨད་ཚིག་མང་ཡང་བྲག་ཆ་ལྟ་བུར་ཡལ། །བཅོས་མས་མ་ཡིན་རང་བཞིན་གཤིས་ཉིད་དུ། །སྤྲུལ་པའི་མིང་ཙམ་གྲགས་ལ་ཆེས་སྡང་ན། །བཅོས་མར་གྱུར་རྣམས་ཐལ་བར་བརླག་ངེས་ཀྱང་། །དགའ་འཛུམ་མདངས་ཀྱིས་བསུ་འདི་ཡ་མ་ཆ། །རྗེ་བཙུན་བླ་མ་པདྨ་མ་ཎི་དེ། །སྐྱེས་མཆོག་ཡོན་ཏན་དུ་མས་ཆེ་མོད་ཀྱང་། །རྣམ་པ་ལུང་ཆུང་ཀྱོག་པོའི་བས་མཐའ་རུང་། །གནས་པའི་སྦས་ཚུལ་གྲུབ་བརྙེས་བཞུགས་ཤིག་གོ །བདག་ནི་གཞན་དྲིང་མི་འཇོག་རང་ལམ་དུ། །རང་སྐད་རྒྱབ་ནས་རྒྱལ་ཁམས་བགྲོད་པ་པོ། །མིང་གོག་དེ་གསོབ་འཇུག་རིན་ཅི་ཕྱིར་ཆོག །མིང་དེ་བདག་གི་བེད་སྤྱོད་བྱས་མིན་ན། །མིང་གོག་དེ་ལ་ཐུགས་རྩིས་མཛད་པ་པོ། །སོ་སོས་ཅི་བདེར་ཐུགས་ཚེགས་མཛོད་ཅིག་གུ །ཕ་ཤུལ་བུས་འཚོབ་གསེར་གྱི་འཕྲེང་བ་བཞིན། །གོང་མའི་རྣམ་ཐར་འཛིན་ནུས་འཆང་ཐུབ་ཀྱི། །བདག་ལ་རྟག་ཏུ་སྤྱོ་བར་མཛད་སྲིད་ཀྱང་། །བདག་སྐྱོན་ཉིད་ངེས་མི་མགུ་ཅི་ཞིག་འཚལ། །ཕ་མེས་ཙནྡན་བུ་ཚ་འགལ་དུམ་ཤིང་། །བསྟན་འཛིན་སྐྱེས་བུའི་ཤུལ་དུ་བསྟན་འཚོང་མཁན། །དེ་འདྲས་བདག་ལ་དམོད་པར་བྱེད་པ་འདི། །མཚན་ཉིད་ཅི་འདྲ་གཟུར་གནས་ཀྱིས་བལྟས་གསལ། །ཕ་མྱེས་བླ་འཚོང་གོང་མའི་རྐང་འདྲེན་པ། །རང་སྐྱོན་རི་བོའི་ཁུར་ལ་མི་ལྟ་བར། །གཞན་སྐྱོན་སྐྲ་རྩེའི་ཉག་མས་གཞལ་མཁས་པའི། །མ་རབས་དེ་འདྲར་སྙིང་རྗེས་མཆི་མ་འཁྲུག །ཀྱེ་མ་འཁོར་བའི་གནས་ཚུལ་འདི་ལྟ་སྟེ། །དགྲ་ལ་གཉེན་དང་གཉེན་ལ་དགྲ་རུ་མཐོང་། །འཁྲུལ་སྣང་དྷ་དྷུ་ར་ཡིས་མྱོས་པ་བཞིན། །བསམ་བཞིན་ངེས་པར་སྙིང་ནས་སྐྱོ་བ་འཕེལ། །ཀྱེ་མ་སྒྱུ་མ་མཁན་གྱི་འཁྲུལ་འཁོར་བཞིན། །འདི་ལ་ནམ་ཡང་ཞེན་པའི་ཡུལ་མ་གྱུར། །འོན་ཀྱང་བྱས་འབྲས་སེམས་ལ་འཆར་སྨིན་པ། །ཀུན་རྫོབ་ངང་ཚུལ་གཏམ་དུ་དེ་སྐད་སྨྲས། །ཞེས་སོ། །

ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ། དེ་ནས་མི་རིང་བར་རྡོ་གྲམ་ཞེས་སུ་ཕྱིན་ཅིང་སྡོད་པའི་སྐབས་གཏེར་སྟོན་བླ་རབས་ཁ་ཤས་ཀྱི་ཞལ་ཐང་མཐོང་བས་རྐྱེན་བྱས་དུས་རེ་ཞིག་ན། ཉིན་གཅིག་བྱིས་པའི་རྩེ་མོར་ནས་ཀྱི་སོག་སྦུག་གཅིག་གཤག་པའི་ཕྱེད་ཚལ་གྱི་ནང་དུ་གཏེར་སྟོན་རིན་པོ་ཆེ་རཏྣ་གླིང་པ་ཞིག་པོ་གླིང་པ་ནུས་ལྡན་རྡོ་རྗེ་ཀློང་གསལ་སྙིང་པོ་སྟག་ཤམ་རྡོ་རྗེ་སྟེ་གྲུབ་པའི་སྐྱེས་བུ་དེ་ལྔ་གྲལ་སྟབས་སུ་བཞུགས་ཤིང་སྐུའི་རྣམ་པ་ཤིན་ཏུ་གསལ་བ་ཞིག་བྱུང་སྟེ། མངོན་སུམ་ནི་ཅི་ལ་ཡིན། སྟོང་གཟུགས་ལྟ་བུ་ཡང་མ་ཡིན། གསལ་ནི་ཤིན་ཏུ་རང་ཡིད་ངོར་གསལ་བས་ད་ལྟ་བརྟག་ན་བསྐྱེད་རིམ་གྱི་གསལ་སྣང་ཤར་བ་ལྟ་བུ་ཞིག་འདུག་ཀྱང་། དེ་དུས་གསལ་སྣང་ཐེབས་དོན་ནི་མེད་ལ་གང་ལྟར་ཡ་མཚན་པ་བྱུང་། དོན་དུ་ནི་དེ་དག་གི་བྱིན་རླབས་ཞུགས་པའི་ལྟས་ཤིག་ཡིན་ནམ་སྙམ། གོང་གི་དེ་རྣམས་དང་ལྷན་དུ་གཞན་ཡང་འགའ་རེ་འདུག་སྙམ་རིབ་རིབ་སྣང་ཡང་ངེས་གསལ་མི་དྲན་པས་སྨྲ་མ་ནུས་སོ། །གཞན་ཡང་དེ་སྐབས་ཕལ་ཆེར་ཞིག་ཡིད་ཀྱི་ངོར་གུ་རུ་པདྨའི་སྐུ་ཡི་བཀོད་པ་ཁོ་ན་ལམ་ལམ་པར་བྱེད་ལ་ལྷག་ཏུ་སློབ་དཔོན་པདྨ་ཆ་ལུགས་སྤྱི་དང་འདྲ་བ་ལས་ཕྱག་གཡས་ས་གནོན་རྡོ་རྗེ་གཡོན་མཉམ་བཞག་ཐོད་པ་གྲུ་མོར་ཁ་ཊཱཾ་ཀ་འཛིན་པ་ཞིག་ཡང་ཡང་དུ་ལོ་ངོ་གཅིག་ཙམ་གྱི་བར་དུ་བྱུང་སྟེ། དེ་ཡང་ཆུ་བུར་མིག་གི་སྤྱོད་ཡུལ་ཅན་ནི་མ་ཡིན་མོད། མ་བསམ་པར་ཡིད་ངོར་མངོན་སུམ་ལྟ་བུར་ལམ་ལམ་པར་ཤར་བ་ཞིག་གོ །མེ་ལོང་ལ་པྲ་ཕབ་ཇི་བཞིན་དུ། །ཡོད་མེད་གཉིས་མཐའ་ལ་མ་ལྷུང་བར། །རང་སེམས་ཀྱི་ཡུལ་ན་སྣང་བའི་གཟུགས། །རྡོ་རྗེ་ཡི་སྐུ་དེ་ཅིས་མི་མཚར། །ནམ་མཁའ་ནི་ནམ་ཡང་རྒྱར་མ་ཆད། །འགྲོ་ཀུན་ལ་ནམ་མཁའ་ཁྱབ་པར་སྣང་། །རྒྱ་ཆད་དུ་འཛིན་པ་བླུན་པོའི་བློ། །ཁྱབ་གདལ་དུ་ཤེས་འདི་ངོ་མཚར་ཆེ། །ལོ་ལྔ་པའི་མཇུག་དེར་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ནས་ཀ་ཁ་ཡི་སྦྱོར་ཀློག་སློབ་པའི་དབུ་ཚུགས་ཤིང་དེ་འཕྲོར་རྒན་རབས་ཀྱིས་ཅུང་ཟད་ལས་གཅུན་མ་དགོས་པར་ད་ལྟའི་ཀློག་ཡིག་འབྲིང་ཙམ་འདི་ལོ་དྲུག་སྐབས་ཉིད་དུ་ཚེགས་མེད་པར་ཁོང་དུ་ཆུད་པ་ཡིན་ནོ། །ལོ་དྲུག་ལོན་པའི་དཔྱིད་དེར་ཞང་པོའི་རྗེས་སུ་འབྲང་ནས་ཁྲོ་རྒྱལ་དགོན་དུ་འཁོར་ཙམ་ཕྱིན་ཞིང་སླར་རང་གནས་ལྡོག་པའི་མཚམས་གཞན་རྐྱེན་གྱི་ཟེར་རེ་མང་པོ་ལ་བརྟེན་ཡུལ་ངེས་པ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་དགོས་པ་བྱུང་། དེ་དག་གི་བར་སྐབས་རྣམས་སུ་བཀྲེས་སྐོམ་དང་ཚ་གྲང་གི་སྡུག་བསྔལ་ཡང་ཅི་རིགས་པ་ཉམས་སུ་མྱོང་། བདག་ལོ་བདུན་པའི་སྐབས་དེར་རྗེ་བཙུན་འཁོར་ལོའི་མགོན་པོ་ཡང་རེ་ཁེ་སྨད་བསྭོ་ལྕི་རོང་རོལ་ལམ་དགོན་དུ་གདན་ཕབ་པར་མཛད་ཅིང་། བདག་ཅག་ལྟོས་བཅས་རྣམས་ཀྱང་དེ་མཐུན་ཕྱོགས་དེར་སྡོད་གནས་བྱེད་པར་ཤར། དེ་སྐབས་རང་ལོ་བདུན་བརྒྱད་པའི་མཚམས་རྣམས་སུ་དཔལ་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་ལས་བྱང་ནོར་བུའི་འཕྲེང་བ་ཀློག་འཛིན་ཡི་དམ་བགྱིས་པས་བར་ཆད་སེལ་བ་དང་། ཐོག་མར་དངོས་གྲུབ་ལྟས་ཅི་རིགས་པར་ཤར་ཡང་ཕྱིས་བསྙེན་བསྒྲུབ་འཕྲོ་འཐུད་རྒྱུ་མ་བྱུང་བས་དངོས་གྲུབ་ཀྱི་མཚན་མ་ཕྱིར་ཕྱོགས་སོང་། །དེས་ན་ཕྱིས་འབྱུང་གིས་བྱིས་པའི་དུས་ནས་ཡི་དམ་ལྟེམ་རྐྱང་མི་རུང་ཚུལ་སྨྲ་དགོས་རྒྱུར་གདའ་ཡང་ངེད་ལ་དེ་འདྲ་སྨྲ་མཁན་མ་བྱུང་བའི་སྐྱོན་ནོ། །སྤྱིར་རང་ལོ་བརྒྱད་པའི་སྐབས་དེར་རྨི་ཉམས་ཀྱི་རང་བཞིན་ཅི་རིག་པ་ཅིག་བྱུང་ཞིང་ལྷག་ཏུ་ཚེ་འདིར་ཨོ་རྒྱན་ཆེན་པོའི་ཟབ་གཏེར་གྱི་སྒོ་འཕར་འབྱེད་པ་དང་མི་འབྱེད་པའི་ལྟས་རྣམས་ཀྱང་གསལ་པོར་ཤར་བ་ཡིན་འདུག ལོ་དེའི་སྔ་ཕྱིའི་ཁོངས་སུ་སྣང་བ་འདི་ཡང་བདེན་ཞེན་མེད་པ་དངོས་དང་རྨི་ལམ་དབྱེ་གསལ་མི་བཏུབ་འལ་མ་འོལ་ཞིག་ཤར་ཏེ། དེ་དུས་ངོ་སྤྲོད་ཞིག་ཐོབ་ན་རྩལ་ཤིན་ཏུ་ཆེ་བ་ཡོང་རྒྱུར་འདུག་སྟེ་མ་བྱུང་། ལོ་བཅུ་གཅིག་པར་རྗེ་བཙུན་རྡོ་རྗེ་འཆང་ལ་བླ་མ་དམ་པ་ཀུན་རིན་པས་ཉམས་རྟོགས་ཀྱི་ངང་ཚུལ་ཞུ་གནང་མཛད་པ་ཐོས་པས་སེམས་ཀྱི་འཇོག་ཕྱོགས་ཆ་ཤས་ཤེས་ནས་བསྒོམ་པ་གནས་ཉམས་ཅི་རིགས་པ་སྐྱེས། ལོ་བཅུ་གསུམ་ལོན་པ་རྒྱལ་བའི་དུས་ཆེན་ས་ག་ཟླ་བའི་ཚེས་བཟང་པོར་བཀའ་དྲིན་ཅན་བྱིན་རླབས་ཅན་ཐུགས་རྗེ་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་པད་ལ་སྤྱི་བོས་བཏུད་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་བཀའི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་ལས་རྒྱུ་འབྲས་ཀྱི་ཁྲིད་སྐྱབས་འགྲོ་སེམས་བསྐྱེད་དེ་སྐྱེས་བུ་གསུམ་གྱི་ལམ་རིམ་མ་ཚང་བ་མེད་པ་དང་། མཎྜལ་རྡོར་སེམས་བསྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཅས་སྨིན་ཁྲིད་དུ་བཏང་བའི་རྗེས་སུ་སེམས་འཛིན་ནས་བརྩམ་དམིགས་པའི་སྤེལ་བསྒྱུར་རིམ་པར་གནང་བ་ལས་རྟོགས་འབུལ་གཉིས་ཟིན་པའི་སྐབས་སུ་རིན་ཆེན་ཟངས་ཀྱི་སྣོད་རྒྱ་ཇ་ངད་ལྡན་བསིལ་མས་བཀང་སྟེ་ཐོག་མར་བཅུད་དང་མཐར་སྣོད་ཀྱང་བསྩལ་ཞིང་གནས་འགྱུ་རིག་གསུམ་ཇི་བཞིན་ངོས་ཟིན་པའི་དབུགས་དབྱུང་བ་རྡོ་རྗེའི་བཀའ་ཡིས་གནང་བླ་མའི་བྱིན་རླབས་མཐུས་རིང་པོར་མ་ཐོགས་པར་སེམས་ངོ་ཆ་མཐུན་པ་གནས་འགྱུ་རིག་པ་ཡིད་ཆེས་རྐང་ཚུགས་སྐྱེས་ཀྱང་ལོ་དེའི་གཞུག་ལ་རིག་འཛིན་ཆེན་པོ་པདྨ་མ་ཎིའི་རིགས་དབོན་རིན་པོ་ཆེ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་དྲུང་ནས་ཀཿཐོག་གི་མངའ་རིས་སྤྱི་དང་བྱེ་བྲག་ལྷོ་ཕྱོགས་རེ་ཁེ་ལྗོངས་ཀྱི་ཆར་རྒྱལ་བསྟན་འཛིན་གྱུར་ཡོངས་ཀྱི་སྤྱི་ཕུད་ཚད་སྐྱོབ་དཀར་པོའི་རྩེ་མོའི་དབལ་ལྟར་མངོན་པར་མཐོ་བ་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་བསུ་བའི་དགོངས་བཞེད་ཀྱིས་ཆེད་དུ་མངགས་ཏེ་གཉེར་པ་ལྕི་རོང་རོལ་ལམ་དུ་བྱུང་བར་བརྟེན་རྩ་བའི་བླ་མ་ལ་དགོངས་པ་ཞུས་ཏེ་གཟའ་སྐར་ལེགས་པ་ལ་ལམ་དུ་ཞུགས་ཤིང་རིམས་ཀྱིས་གསེར་གྱི་འདྲེན་པའི་ཆུ་ཀླུང་གནམ་སྔོན་ཞུ་བ་ལྟ་བུ་གཙང་ཐལ་དུ་ཀོ་བ་ལ་བརྟེན་ནས་བརྒལ་ཏེ་གསལ་སྨད་དུ་རྗེ་བླ་མ་ཡང་ངེད་བསུ་བར་ཕེབས་འདུག་པ་དང་མཇལ་བའི་ཐོག་མ་དེ་ཀར་རིག་འཛིན་གོང་མ་ཉིད་དུ་དགོངས་བཞིན་ཡུལ་ཕྱོགས་དེའི་སྐྱེ་རྒུ་མཆོག་དམན་ཐམས་ཅད་ཀྱི་གཙུག་ཏུ་ལུགས་གཉིས་ཀྱི་མངོན་པར་མཐོ་བ་འཇིགས་མེད་སེང་གེའི་ཁྲིར་བྱིན་གྱིས་བརླབས་གྱུར་རྟེན་འབྲེལ་བཟང་པོའི་གདན་དགེ་བ་ལ་བདག་བཞག་ནས་གུས་པའི་ཕྱག་དང་དགྱེས་པའི་བཀུར་གཟོ་ཆེ་བར་མཛད་ཀྱང་ངེད་ཀྱིས་ནི་ལྡང་བ་དང་ཕྱག་ལན་སོགས་དེ་སྐབས་ཆོས་འབྲེལ་མེད་པས་འབུལ་མ་ཐུབ། སྤྱིར་ངེད་ཆུང་ངུའི་སྐབས་ལྟག་ཚུག་ཟིན་མདོག་ཁ་བ་ཞིག་ཡོད་པས་ལོ་ཉི་ཤུ་རྩ་གཅིག་མར་བཏགས་ཆོས་འབྲེལ་མེད་པའི་བླ་མ་ལ་ཕྱག་མ་བཙལ། ཅི་ཕྱིར་བླ་མ་མིན་པ་ཕྱག་མི་བཙལ་ཞེས་རྒྱ་གར་གྱི་ཡུལ་ཆོས་སུ་ཡང་དེ་ལྟར་ཡོད་པར་ཐོས་པས་ཡིན་ལ། དེ་ལྟ་ཅི་དགའ་བྱ་ཆོག་པ་ནི་རང་གི་སྐྱེས་ཡུལ་ལུང་ཁྱོག་ཏུ་སོང་བའི་ཕན་ཡོན་ཙམ་དུ་སྣང་། ཕྱིས་རྒྱལ་ཁམས་གནས་སྐོར་ལ་ཕྱོགས་ནས་ཆོས་འབྲེལ་མེད་ཀྱང་གོ་ས་དང་ངོ་བསྲུང་དབང་གིས་ཕྱག་དང་ཕྱག་ལན་ཅི་རིགས་བྱེད་དགོས་ལྷུན་གྱིས་གྲུབ། དེར་ཡང་མ་ཟད་མེ་རྟ་ལོ་གཞུག་བལ་པོའི་གནས་སྐོར་ཕྱིན་སྐབས་དམན་པའི་ས་བཟུང་དག་པའི་སྣང་བ་སྦྱངས་རྒྱུའི་རྩིས་ཀྱིས་ལོ་ངོ་གསུམ་ཙམ་བླ་གཟུགས་ཆེ་ཆུང་མཆོག་དམན་མེད་པ་ཀུན་ལ་ཕྱག་དང་ཕྱག་ལན་ལྷུར་བླངས། རྗེས་སོར་མཐའ་ནི་མ་འཁྱོངས་པར་དམན་ས་བཟུང་དག་སྣང་ཕྱོགས་མེད་འབྱོངས་ན་ལེགས་མོད་ཀྱང་མཐའ་མི་འཁྱོངས་ཕྱིན་གོ་བབ་མ་རྩིས་པའི་ཕྱག་དང་ཕྱག་ལན་དེ་ཡང་ངོ་མཚར་དུ་མ་སོང་ཕྲལ་སྣང་ངོར་མ་མཛེས་ཤིང་ཕུགས་རྟེན་འབྲེལ་ལ་གནོད་པར་གོ །ཉང་སྟོད་ཨཱརྱ་བས་རྒས་ཆལ་སྔ་མ་དེ་ལོ་ཉི་ཤུ་ཙམ་ནས་སླེབ་ཡོང་ཟེར་བའི་གསེར་བྱུང་སོང་། །དེ་ནས་རྗེ་བླ་མའི་ཞབས་ཕྱིར་དཀྲིས་ཏེ་ལྗང་ཆུའི་གྲོང་ཚོ་ཅི་རིགས་པར་ཕྱིན། འགྲུ་སྲིབ་ཏུ་འབྱོར་བ་ན་ཚེ་དབང་རྒྱལ་བ་འདུས་པའི་ལྷ་དབང་གཏོར་མའི་བྱིན་རླབས་ཅིག་ཞུས། །དེ་ནས་བརྩམས་ཕུད་བླ་མ་ལ་ཞུས་ཞེས་པ་ཅི་ནུས་སུ་བགྱིས། དེ་ནས་བཙན་རི་གནས་ནང་དུ་སླེབ། དགུན་ངོ་དེ་དང་ལོ་ཕྱི་མའི་དབྱར་སྟོན་གྱི་བར་དུ་དེར་བསྡད་ནས་འཕྲལ་ཉེ་མཁོ་བློ་འཛིན་ཐན་ཐུན་བླ་མའི་བཀའ་ལྟར་བགྱིས་རུང་། གྲྭ་ཚང་མིག་སྲོལ་གཡེང་བས་བསླད་དེ་སྔར་གྱི་ཉམས་ཕྲན་བུ་དེ་ཡང་ཇེ་ཡལ་དུ་སོང་། དེར་ཡང་མ་ཟད་ཀྱི་ལོ་བཅུ་གསུམ་མར་བཏགས་མཚན་མོ་སྟོང་གཟུགས་དང་འབྲེལ་བའི་ལྷ་སྐུ་ཡི་སྣང་བ་འབྱམས་ཀླས་པར་ཤར་བ་དང་། མི་མ་ཡིན་མང་པོའི་གཟུགས་བརྙན་རྒྱུན་དུ་མཐོང་ཞིང་། རྨི་ལམ་གྱི་སྣང་བ་ཡང་མདུན་པ་གཏད་རེས་ཀྱིས་ཟིན་པས་ལྷ་འདྲེ་མང་པོ་དམ་ལ་འདོགས་པ་དང་། ལེགས་ཉེས་ཀྱང་ལྐོག་གྱུར་བའི་གནས་རྣམས་གསལ་པོར་རྔོ་ཐོག་པ་སོགས་སྒྲིབ་པ་ཅུང་ཟད་སྲབ་ཅིང་གཞོན་ནུ་རྩ་ཁམས་དྭངས་པའི་ནུས་པ་བརྗོད་ཀྱི་མི་ལང་བ་ཡོད་པ་ཐམས་ཅད་མེ་ལོང་ལ་སྣུམ་གྱིས་བྱུགས་པ་ལྟར་གདན་སར་སླེབ་ནས་བཟུང་རིམ་གྱིས་འགྲིབ་པའི་དབུ་ཚུགས་སོང་། དེ་ཡང་གྲྭ་ཚང་ནང་ནས་ནི་བརྙས་ཆོས་དང་ཁྱད་གསོད་ཀྱི་ཡུལ་ཉམས་ཐག་པའི་གནས་སུ་འཁོད་པ་ཡིན་ཡང་ཕྱི་རོལ་ནས་བླ་མར་དམིགས་ཏེ་དཀོར་རྫས་འདྲ་ཅི་རིགས་སྦྱིན་མཁན་བྱུང་བ་ཡི་སྐྱོན་ཀྱང་ལོས་ཡིན། གང་ལྟར་ཚེ་འདིར་དགོས་གལ་ཆེ་བ་མང་ཞིག་མི་འགྲུབ་པའི་སྣེ་ཟིན་པ་དེར་གདའ། དེས་ན་བསམ་བཞིན་སྲིད་པར་སྐྱེ་བ་འཛིན་པ་རྣམས་མ་གཏོགས་བདག་ལྟའི་སྐྱེ་བོ་ལ་མིང་དུ་སྐུ་སྐྱེར་བཏགས་ཏེ། དེ་ལ་བླུན་ཞེན་ཅན་རྣམས་འཚོགས་ནས་འདི་ངེད་ཀྱི་བླ་མའི་སྐྱེ་བའོ་ཞེས་དང་། འདི་ངེད་ཀྱི་མེས་པོའི་སྐྱེ་བའོ་ཞེས་དང་འདི་ཨ་ཁུའི་སྐྱེ་བའོ་འདི་ཨ་ཞང་གི་སྐྱེ་བའོ་ཞེས་སྒྲོགས་ཤིང་བྱིས་པ་སྭོ་མ་རྫོགས་པ་ནས་དཀོར་ལ་རྐང་རྫོངས་སུ་བཅོས་ཤིང་ནམ་ཞིག་ནར་སོན་ནའང་། རང་ཡང་དེ་ཀ་ཡིན་རྒྱུའི་ཁུལ་གྱིས་མི་ཚེ་སྟོང་ཟད་དུ་སོང་བ་དེ་རང་གིས་ནི་མ་མནོས། གཞན་རྐྱེན་དགེ་བའི་བཤེས་གཉེན་མཚན་ལྡན་གྱིས་ནི་མ་ཟིན། རིམ་གཉིས་དགེ་སྦྱོར་ནི་མ་ནུས། དམ་ཚིག་རྒྱུ་འབྲས་ཀྱི་སྤང་བླངས་ནི་གུ་ཡང་སེ་བ་ཞིག་ལ། ཧམ་པ་ཕོ་བཟོ་མཐོ་ཙམ་ཞིག་བྱས་ཤིང་། འཇིག་རྟེན་ཆོས་བརྒྱད་ཀྱི་གོ་ཆ་སྲ་བརྟན་རེ་བགོས་ནས་གཤིན་དཀོར་གསོན་གླུད་ལ་ལོངས་སྤྱད་དེ་མཐར་སྐྱེ་བ་སྔ་མའི་དགེ་འབྲས་ཅི་རིགས་པ་ཚེ་འདིར་རྫོགས་པས་ཐར་པའི་དཔྱང་ཐག་ཆད་ནས་འཁོར་བ་མཐའ་མེད་ཀྱི་གཡང་སར་ལྷུང་ཚབས་ཆེན་པོར་སྤྱོད་པ་ལ་ཨ་ཙ་མ་ཡ་རེ་ང་། དེ་ཕྱིར་བདག་ནི་སྐྱེ་བ་འདི་ནས་བཟུང་བླ་མེད་ཡང་དག་འཕགས་པའི་ས་མཆོག་དམ་པ་མ་ཐོབ་བར་དུ་སྐྱེ་བར་མིང་བཏགས་ནས་རང་དོན་ཚགས་སུ་མ་ཚུད་བཞིན་རྣམ་གཡེང་འཁོར་བའི་ལས་ལ་སྤྱོད་པ་འདི་ལྟ་བུར་གཏན་ནས་མ་གྱུར་ཅིག དེ་ནས་དཀྱུས་སུ་འཇུག་པར་བྱ་སྟེ། རི་བཀྲ་གནས་ནང་དུ་སྡོད་པའི་ལོ་དེའི་དབྱར་དུས་དེར་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་དང་མཇལ་ནས་དབང་བཀའ་ལྗགས་ལུང་མང་དུ་ནོས་ནས་བྱིན་རླབས་ཀྱི་རྒྱུ་ཁྱད་པར་ཞིག་ནི་གྱུར་འདུག སྟོན་ཁ་ཤར་ཙམ་ནས་གདན་དྲུང་རྗེ་དབོན་རིན་པོ་ཆེར་བཀའི་ཁྲོལ་ཆ་ཞུས་ནས་བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བདེ་བ་ཆེན་པོའི་ཞབས་པད་བསྙེན་པར་ལྕི་རོང་གི་དབེན་པར་སོང་སྟེ། དེ་ཡང་གདན་ས་ནས་ཚུར་འོང་སྐབས་སུ་ད་ལམ་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱེད་དགོས་ལ། ལྷག་ཏུ་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་གཞི་རྩ་ཡང་དག་པ་ནི་ལྟ་སྒོམ་རྟོགས་པའི་གདེང་དང་ལྡན་དགོས་ངེས་སུ་འདུག་པས། དེ་སྟོན་པར་བྱེད་པ་རྩ་བའི་བླ་མ་མཚན་ཉིད་ལྡན་པ་ལ་རག་ལས་པས། རྩ་བའི་བླ་མ་ནི་འདི་ལྟ་བུ་ཆེས་ཆེར་མཇལ་དཀའ་བ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན་ཞིང་། གདུལ་བྱ་བསོད་ནམས་དམན་པས་ཡུན་དུ་བཞུགས་པར་ཡང་ཁ་ཚོན་མི་ཆོད་ཀྱི། ད་ལྟའི་སྐབས་བསྒོམ་པ་ལ་བརྩོན་འགྲུས་ཉིན་མཚན་ཁ་སྦྱོར་དུ་བྱས་དགོས་སོ་ཞེས་བློར་བཏགས་ཏེ་འོང་ན་ཡང་། རང་གནས་སུ་སླེབས་སྐབས་རང་གི་རང་ལ་དཔའ་གདེངས་ཐེར་ཚུགས་ཀྱི་བསྒོམ་བསྒྲུབ་བྱེད་པའི་བློ་བརྟན་གླིང་ནི་ན་ཚོད་བྱིས་པར་སོང་ཞིང་སྐལ་བ་དམན་པས་འགྱངས་། གཞན་རྐྱེན་གྲོགས་ནི་བསྒོམ་བསྒྲུབ་བྱེད་དགོས་ཚུལ་གྱི་གཅུན་ཐག་བླང་མཁན་སུ་ཡང་མེད། དེས་ན་ཆོས་གཤའ་མ་ཞིག་བྱེད་པའི་བློ་བཞི་ཡོད་ཀྱང་ལག་ཐོག་འགེལ་ནུས་པའི་མཐུ་མ་ཐོབ་པར་བསྒྲུབ་པ་ཡང་དག་ཅིག་སང་བགྱིད་དོ་གནངས་བགྱིད་དོ་སྙམ་པའི་ངང་ལ་བྱས་པ་དོན་མེད་ཀྱི་རོ་སྲེགས་འཕོ་འདེབས་དབང་བསྐུར་གྱི་བྱ་བས་སངས་མེད་བདུད་ཀྱི་ཕྱེ་གཏོར་ལ་གཡེངས་ཏེ་ལོ་གཅིག་གཉིས་ངང་དུ་རྫོགས་ནས་རྒྱལ་བ་དགྱེས་ཤིང་འགྲོ་དོན་ནུས་པའི་གཞི་རྩ་རང་དོན་ཚགས་སུ་ཚུད་པའི་བསྒོམ་བསྒྲུབ་ཀྱི་བླ་མའི་དགོངས་པ་མཉེས་པ་ཅིག་བྱེད་བསམ་པའི་ངང་དུ་མ་འགྲུབ་པ་འདི་ནི་ད་ལྟ་འགྱོད་པ་ཆེ་བ་ལས་ཀྱང་ཆེས་ཆེ་བས་མཆི་མ་འཁྲུག་ཅིང་ཀྱེ་མ་ཀྱེ་ཧུད་ཅེས་སྨྲེང་བ་ལགས་སོ། །

ཀྱེ་མ་དལ་འབྱོར་ཐོབ་པ་དོན་ལྡན་བསྒྲུབ་བསམ་ཀྱང་། །བདུད་ཀྱི་བྱིན་གྱིས་ཕྱི་བཤོལ་དུས་ཀྱིས་འགྱངས་། །མི་ཚེ་མདོ་ཤོར་དོན་མེད་ངང་དུ་འཁྱམས། །བསམ་ཞིང་སྙིང་རླུང་དེ་ལ་ཅིས་མི་ལྡང་། །དེས་ན་བསྒོམ་བསྒྲུབ་ཕྱི་བཤོལ་མ་ཤོར་བར། །ཆེ་བཞག་ཆུང་བཤོལ་གནམ་ས་གོ་བཟློག་ཀྱང་། །རང་ཐག་རང་གཅད་ཕ་མ་གཉེན་ཚན་དང་། །གྲོགས་འཁོར་དབང་དུ་ནམ་ཡང་མི་གཏོང་བར། །རྩེ་གཅིག་དབེན་པར་ངེས་དོན་སྙིང་པོ་ལ། །ལེ་ལོ་མེད་པར་བསྒོམ་བསྒྲུབ་ནན་ཏན་བརྩོན། །ཆོས་ཀྱི་སྲོག་ཤིང་བླ་མའི་དམ་ཚིག་སྟེ། །རང་སྲོག་ཆད་སླ་དེ་ཉིད་མི་ཉམས་བསྲུང་། །

ད་དུང་སྐབས་ཀྱི་འཕྲོས་སུ་བརྗོད་ན།

དེ་ལྟར་བསྒོམ་སྒྲུབ་ཀྱི་བསམ་པ་སྐྱེས་ཕྱིན་རང་ཉིད་ན་ཚོད་རྒན་རུང་གཞོན་རུང་ལྷག་བསམ་སྐྱེས་ཤིང་ཆོས་པའི་གྲལ་དུ་ཚུད་པ་ཡིན་པས་དེ་ལས་བློ་གཞན་དུ་འགྱུར་བ་མེད་པའི་ཞེ་གདེངས་འཆའ་སྟེ་དེ་ལ་གཞན་རྐྱེན་སྟེང་ནས་རི་ཉིལ་འོག་ནས་མཚོ་རྡོལ་ཀྱང་རང་གི་ལྷག་བསམ་དེ་ཁོ་ནར་ཐེར་བཙུགས་ཏེ་དེ་ལ་ཕ་མ་གཉེན་ཚན་གྲོགས་འཁོར་གང་གི་དབང་དུ་མི་གཏོང་བར་རབ་མི་ཚེ་སྒྲུབ་པར་བསྐྱལ་བ། འབྲིང་བཅུ་གཉིས་ལོ་སྐོར། ཐ་མ་ཡང་ལོ་སྐོར་ཕྱེད་དེ་དྲུག ཡང་མཐའ་ཡང་ལོ་གསུམ་ཕྱོགས་གསུམ་གྱིས་མཐའ་བརྟེན་པ་རེ་དམ་བཅས་ཤིང་། རང་ཉིད་འཆི་ཡང་མཚམས་ཁང་དུ་འཆི་ནུས་པ། ན་ཡང་མཚམས་ཁང་དུ་ན་ནུས་པ་སེམས་ལྷོང་སྡུག་བསྔལ་བློ་མི་བདེ་བ་ཅི་བྱུང་ཡང་ལམ་དུ་འཁྱེར་ཞིང་ཉིན་མཚན་ཐུན་དྲུག་ཏུ་བགོས་ནས་རིམ་གཉིས་ཀྱི་ཉམས་ལེན་ལ་ལྟེམ་རྐྱང་ལེ་ལོ་ཡུད་ཙམ་ཡང་མ་ཤོར་བ་བྱ་དགོས་ཀྱི་ཕྱི་མཚམས་བསྒྲུབ་ཀྱི་ཁུལ་ལ་ནང་རེ་ཉལ་རྐང་བརྐྱངས་གཉིད་དང་སེམས་རྣམ་རྟོག་གི་ཕྲེང་བ་བསྒྲང་ན་ཕྱི་བ་ཁུང་དུ་ཉལ་བའི་དཔེ་ཟླར་མ་ཡིན་པར་བསྒོམ་བསྒྲུབ་བྱས་པའི་རྗེས་ཡོད་ངེས་པ་རང་གི་ཡིད་རང་གིས་ཆེས་ཐག་ཆོད་ཅིག་བྱིས་པ་ཆུང་ངུ་ནས་བརྩོན་དགོས་པར་འདུག་གོ །

དེ་ལྟར་བསྒོམ་བསྒྲུབ་བྱ་དགོས་ཀྱི་ལྷག་བསམ་སྐྱེས་པ་ཙམ་ནས་བདུད་ཀྱི་བར་ཆད་བརྩམ་ཞིང་བསྒོམ་བསྒྲུབ་ལ་ཞུགས་པར་ཐག་ཆོད་ཚེ་ལྷག་པར་བར་དུ་གཅོད་ལ། དེ་ཡང་རང་གི་ཕ་མ་ལ་སོགས་གཉེན་དུ་བརྫུས་ནས་བཤོལ་འདེབས་པ་དང་། དེ་བཞིན་མཛའ་བའི་གྲོགས་དང་གྲྭ་འཁོར་སྦྱིན་བདག་ཞེན་ཡོད་ཡོད་པོ་དང་། རང་བཞིན་གྱི་བཏང་སྙོམས་གནས་པས་ཀྱང་ཞལ་ལྕེའི་ཚུལ་དུ་དང་། མཁན་པོ་སློབ་དཔོན་དང་ཁྲིམས་ཀྱི་ཞལ་ལྟ་བ་སོགས་གང་ལ་གང་འཚམས་སུ་བརྫུས་ནས་བསྒྲུབ་པ་བཤོལ་ཏེ། ད་ལྟ་ན་ཚོད་གཞོན་གྱི་བསྒྲུབ་པ་སླད་མར་བྱ་ལོང་ཡོད་ཞེས་པ་དང་། ལ་ལས་ད་རེས་གདུལ་བྱ་འཕྲིན་ལས་ཀྱི་མགོ་ཚུགས་ཚེ་རེ་ཞིག་དེ་སྐྱོང་གལ་ཆེ་ལ་མཐར་སྒྲུབ་པ་བྱེད་ཆོག་ཅེས་པ་དང་། ལ་ལས་ནི་ངེད་ཀྱི་ཤ་ཚའི་གྲོས་འདེབས་འདི་ལྟར་བྱེད་ཀྱང་མི་ཉན་པར་ཀྱེ་ཧུད་ཞེས་སྙིང་བརྩེ་བརྩེ་ཉམ་ཐག་ཁུལ་གྱིས་བསྲུང་བ་དང་། ལ་ལས་ནི་བསྒྲུབ་པ་ལ་ཞུགས་ན་ངེད་འཁྱམས་སམ་ལྕེབས་སམ་བྱེད་ཞེས་པ་དང་། ལ་ལས་ནི་ཁྱོད་བསྒྲུབ་པ་བྱེད་ན་ངེད་ཀྱི་འཚོ་བ་དང་གཡོག་ནི་བྱེད་མི་གཏུབ་ཀྱི་ཁྱོད་རང་ཅི་དགའ་ལ་རྒྱུགས་ཞེས་དང་། རེས་ནི་འདི་ལོ་བྱ་བ་ལ་གལ་ཆེན་ག་གེ་མོ་དང་ཆེ་གེ་མོ་འདི་རྣམས་གྲུབ་པར་གྱིས་ལ། སང་ནས་བསྒྲུབ་པ་ལ་ངེས་པར་ཞུགས་ཆོག་ཅེས་པ་སོགས་མདོར་ན་ཞི་བས་བློ་བྲིད་ཀྱི་བསླུ་བ། ཁྲོ་བས་བསྡིག་སྟེ་དྲག་པོ་བྱེད་པ། ཞི་ཁྲོས་གྲོས་འདེབས་སྣ་ཚོགས་པ་འོང་བས་མཐའ་དག་བརྗོད་ཀྱིས་མི་ལོང་སྟེ། དེ་ལྟར་ཆོས་ཀྱི་བཤོལ་འདེབས་དེ་ཀུན་ཀྱང་སྒྱུ་མ་ལྟ་བུར་ཤེས་ཤིང་མི་དགའ་ཁྲོ་བའི་རྣམ་པ་ཡང་མི་བྱེད་པར། དེ་དབང་དུ་མི་ཤོར་བའི་ཐབས་ལ་འབད་དགོས་ཏེ། དེ་ཡང་ཕ་མ་ལ་སོགས་ཀྱིས་བཤོལ་ཚེ། ངེད་རྨི་ལམ་ལྟ་ལོགས་ཤིང་མིག་ལྟས་ངན་པ་མང་དུ་མཐོང་བས་འདི་ལོ་བསྒྲུབ་མ་བྱུང་ན་ངེད་འཆི་ངེས་པར་ཡོད་པས་བརྩེ་བས་རེ་ཞིག་དགོངས་པ་གནང་མཛོད། སླད་མར་ཕ་མའི་ཅི་གསུང་བསྒྲུབ་ཞེས་ཐབས་མཁས་པོས་བྲིད་པ་སོགས་དགོངས་པ་ཁྲོལ་ཐབས་ལ་བརྩོན་པ་ཡིན་ཏེ། ཅི་ཕྱིར་ཕ་མ་ནི་ཚེ་འདིར་རང་ལ་བཀའ་དྲིན་ཆེས་ཆེ་ཞིང་ལུས་རྟེན་འདི་ཐོབ་པའི་རྒྱུ་ཡིན་པས་འཕགས་པ་རྣམས་དང་ཆ་མཚུངས་ཙམ་དུ་བསྙེན་ཞིང་བཀུར་བའི་ཡུལ་དུ་རྒྱལ་བས་གསུང་པས་ན་རབ་ཕ་མ་དགྱེས་བཞིན་པ་དང་། འབྲིང་མི་དགྱེས་མེད་པར་གནང་བ་ཐོབ་ཙམ་དང་། ཐ་མ་ཡང་རང་གི་ཆེད་དུ་ཕ་མའི་ལུས་སྲོག་ལ་བར་ཆད་མི་འགྱུར་ཞིང་གནང་བ་ཆ་ཤས་ཐོབ་པ་ཅིག་ཞི་བའི་སྒོ་ཐབས་དུ་མས་བྱ་དགོས་ལ། དེ་བས་གཞན་གྱུར་རྣམས་ལ་ཞི་བ་དང་དྲག་པོའི་སྒོ་དུ་མ་ནས་བསྒྲུབ་པ་བཤོལ་མེད་པར་ཁོ་ཐག་རང་གིས་བཅད་དགོས་པ་ཡིན། ཡང་བདུད་ཀྱི་བར་ཆད་ཚབ་ཆེ་བ་ལ་ནི་ཡུལ་ལ་དབང་བའི་རྒྱལ་པོ། ཞང་བློན་གཙོ་བོ་ལ་སོགས་པས་བཀག་པ་དང་། ལ་ལ་ནི་ཕ་རོལ་དགྲ་བོ་མང་དུ་ཡོང་ནས་དབང་མེད་ཆགས་སྡང་ལ་སྤྱོད་འཇུག་པ་རྣམས་ཏེ། དེ་དག་ནི་འཕྲལ་གཅོད་དུ་དཀའ་བས་འཁོན་འཛིན་ཡོད་པ་ལ་རང་ཕམ་ཁ་འཛིན་ཏེ་འཁོན་སངས། རྗེ་དཔོན་ལ་ཟང་ཟིང་དང་ཚིག་སྙན་དུ་མས་དགོངས་པ་ནན་གྱིས་དཀྲོལ་ལ། ཅིས་ཀྱང་རང་དབང་མི་འདུས་ན་སྤྲང་པོར་བརྫུས་ནས་གར་སོང་མེད་པར་གཞན་ཡུལ་དུ་ཕྱིན་ནས་བསྒོམ་བསྒྲུབ་ལ་འབད་པར་བྱ་དགོས་སོ། །ཡང་ལ་ལ་ནི་གནས་སྐབས་ཀྱི་བླ་མ་དང་། མཆེད་གྲོགས་དབང་ཆེ་བས་ཆོས་ཀྱི་ཕྱི་བཤོལ་བྱེད་པ་ཡང་དཀའ་བའི་གནས་ཡིན་པས་ཐབས་ལ་མཁས་པས་དེ་དབང་མ་སོང་བར་ཆོས་ཇི་བཞིན་སྤྱོད་པ་འཇུག་དགོས་པ་ཡིན། དེ་ལྟར་དཀའ་བ་དུ་མས་བསྒོམ་བསྒྲུབ་བྱེད་ཆོག་པའི་རང་དབང་བྱུང་ཚེ་བསྒྲུབ་པའི་ས་སྡེ་བཙུགས་ནས་རིམ་གཉིས་ལ་དྲོད་ཐོབ་པ་ཞིག་བྱེད་དགོས་ཀྱི། དེ་མ་བྱུང་ན་འདི་ཕྱི་གང་ལ་ཡང་བྱས་པ་དོན་མེད་དུ་སོང་བ་ཡིན་པས་སྙིང་ལ་རུས་པ་བཏོན་དགོས་པ་ཡིན་གལ་ཆེའོ་གལ་ཆེའོ། །

ཡང་གོང་གི་བླ་མ་མཁན་སློབ་མཆེད་གྲོགས་ཞེས་པའི་སྐབས་སུ་འདི་ལྟར་གོ་དགོས་ཏེ། རང་གི་ཆོས་འབྲེལ་མེད་ཀྱང་དགོན་སྡེ་གྲྭ་རིགས་ལ་དབང་བྱེད་པའི་དཔོན་པོ་ལྟ་བུར་སོང་བ་རྣམས་ཡིན་ལ་ཆོས་ཀྱི་འབྲེལ་པ་ཡོད་ཕྱིན་ཅི་མཛད་ལེགས་མཐོང་གི་དག་སྣང་ཁོ་ན་ལ་འབད་པར་གཅེས་ཤིང་རང་ཉིད་བསྒྲུབ་པ་ལ་བློ་གཞོལ་ན་ཡང་ཐབས་མཁས་ཀྱི་དམ་སེལ་མེད་པར་བྱེད་དགོས་པས་བཀའ་ཡི་གནང་བ་ཟུར་ཙམ་རེ་ཅིས་ཀྱང་ཅི་ཐོབ་བྱ། དེ་བས་རྡོ་རྗེ་སློབ་དཔོན་ཇི་ལྟ་བ་དབང་ཁྲིད་ལུང་གི་བཀའ་དྲིན་ཐོབ་པ་ནི་བླ་མ་དམ་པ་ཞེས་བྱ་སྟེ། དེ་ཉིད་མི་དགེས་བཞིན་བཀས་མ་གནང་ན་བསྒོམ་བསྒྲུབ་བསྐལ་པ་བརྒྱར་འབད་ཀྱང་ཡོན་ཏན་མི་འབྱུང་སྟེ་ཆུ་སྔོན་བསྲུབ་ནས་མར་ལེན་འདོད་པ་དང་འདྲ་ལ། དེ་ཉིད་དགེ་ན་མི་དགེ་བ་སྤྱད་ཀྱང་བྱང་ཆེན་ལམ་དུ་འགྲོ་བས། དེས་ན་དེ་ཉིད་དགྱེས་པའི་བྱ་བ་ཁོ་ན་ལ་འབད་པ་ལས་འོས་མེད་ཀྱི། དོན་ལ་ཡང་དཀའ་སྤྱད་སྡུག་བསྒུར་ལོ་བརྒྱ་ཕྲག་དུ་མ་བགྱིས་པ་ལས་ཀྱང་སྒོ་གསུམ་རྣམ་དག་གིས་བླ་མའི་ཞབས་ཏོག་ཅུང་ཟད་བགྱིས་པས་བསོད་ནམས་ཆེ་ངེས་ཡང་ཡིན་པས་འབད་པས་ཞབས་ཏོག་ཁོ་ན་བྱའོ། །དེ་ལྟར་དབྱེ་གསལ་མ་ཕྱེ་པར་མགོ་འཐོམ་ལོང་ན་བློ་འདོད་ལ་ཆོས་པ་བྱེད་སྙམ་ཞིག་ལ་རྡོ་རྗེ་དམྱལ་བའི་བཞུགས་གདན་ལ་འབྱར་དོགས་ཆེ་ལགས། དེ་ལྟ་བུའི་འཕྲོས་དོན་བརྗོད་ན་དཔག་ཏུ་མེད་པས་འདིར་ཡིག་ཚོགས་སུ་འགྱུར་གྱི་མི་སྨྲ་ལ་དེ་ཙམ་ནི་ངེད་རང་གི་མདོ་མེད་པའི་ཆ་མྱོང་མི་ཚེ་སྟོང་ཟད་དུ་ཤོར་བར་ཡིད་སྐྱོ་བྱུང་བས་གཞན་བདག་ལྟ་བུ་སྐུ་སྐྱེ་དང་དབོན་པོར་གྲགས་པ་རྣམས་ཀྱིས་དལ་འབྱོར་དོན་མེད་དུ་མ་སོང་བར་ཆུང་ངུ་ནས་བསྒོམ་བསྒྲུབ་ལ་རང་དབང་འདུས་པོར་སྤྱོད་ནས་འཆི་ཁར་མི་འཇིགས་པའི་གདེང་རེ་ཚུགས་དགོས་རྒྱུར་གདའ། ཞེས་གལ་ཆེན་དུ་གྲོས་འདེབས་པ་ཡིན་ནོ། །

མི་ཁོ་བོ་ནི་བྱིས་པའི་སྐབས་དུས་དེར། བློ་ལྷག་བསམ་གྱི་བསྒོམ་བསྒྲུབ་བྱེད་འདོད་ཀྱང་། རྐྱེན་བདུད་དབང་ནི་གྲོང་ཆོག་ཟ་ཐང་གི །བསྒོམ་བསྒྲུབ་བློ་དེ་ཡད་ཡུད་ངང་དུ་ཤོལ། །ད་འགྱོད་སེམས་གཅིག་སྙིང་ནས་སྐྱེ་ལགས་ཀྱང་། །དཔེ་བྱི་ལ་བྲོས་ཤོར་གྱི་ཁུང་འགེག་འདྲ། །དོན་དེ་ཕྱིར་དུ་ཕྱིས་འབྱུང་བདག་འདྲ་བ། །ཆོས་བསྒོམ་བསྒྲུབ་ལ་ཆུང་ནས་ཧུར་ཐག་འཚལ། །དེ་ལྟར་གྲོང་ཆོག་གི་ཟ་ཐང་ཡད་ཡུད་ལ་བརྟེན་ནས་རི་དྭགས་རྨས་མ་ལྟར་བགྱིད་བློ་ཡོད་པ་དེ་ལྟར་བྱེད་དུ་མ་བྱུང་མོད། འོན་ཀྱང་དམ་པ་ཞལ་བཞུགས་རིང་ལོ་ཁ་ཤས་དེར་ཟབ་པ་ལས་ཀྱང་ཆེས་ཆེར་ཟབ་པའི་གདམས་ངག་བཟུང་ན་འདྲིལ་བ་སྤྲོས་ན་རྒྱ་ཆེ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་བསྒྲུབ་པར་བྱེད་པའི་ལམ་གྱི་གཙོ་བོ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་རང་རིག་རང་གསལ་རྗེན་པར་སྟོན་པའི་ཞལ་གདམས་ཀྱི་སྙིང་པོ་ཡང་དག་པར་འདོམ་པར་མཛད་པའི་བཀའ་དྲིན་ནི་ནམ་མཁའི་ཁམས་སུ་ཡང་ཤོང་བར་དཀའ་བ་ཉིད་དོ། །དེས་ན་བླ་མ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ནི་འདི་ཉིད་དུ་ངེས་པ་རྙེད་ལགས། སངས་རྒྱས་བཅོམ་ལྡན་དཔལ་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་ཤིང་རང་ལ་བཀའ་དྲིན་ཆེ་བའི་སྒོ་ནས་ནི་སངས་རྒྱས་ལས་ཀྱང་ལྷག་པའོ། །སྤྱིར་ཡང་རང་ཉིད་སྐྱེས་ནས་ཞག་བདུན་ལོན་སྐབས་སུ་ཚེ་དཔག་མེད་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་པར་མཛད་ཅིང་རྗེས་སུ་བཟུང་བ་ནས་མཐར་གནས་ལུགས་ཡེ་ཤེས་ཆ་ཙམ་པ་ལྷག་མཐོང་གི་ཉམས་མྱོང་རྒྱུད་ལ་སྐྱེས་ཀྱི་བར་དངོས་སུ་བཀའ་དྲིན་གྱིས་བསྐྱང་བ་དང་། རང་གི་ཚེ་འདིར་མཇལ་བའི་བླ་མ་མཐའ་དག་ལས་ཀྱང་ཕུལ་དུ་བྱུང་བའི་དད་མོས་གུས་པ་ནི་འདི་ཁོ་ནར་ཐོབ་པས་ཚེ་རབས་དུ་མའི་ཡོངས་འཛིན་དུ་སྙིང་ནས་ངེས་སོ། །དེ་ལྟ་ན་ཡང་བློ་མིག་མ་དག་པ་ཁ་ཅིག་གི་རྨོངས་ཞེན་ཕྱོགས་འཛིན་གྱི་དད་པ་ཡིན་ནམ་ཞེ་ན་མ་ཡིན་གྱི། བདག་གི་རྩ་བའི་བླ་མ་འདིའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་ཤེས་ནས་མི་ཕྱེད་པའི་དད་པ་ཤར་བ་ཡིན་གྱི། དེ་གང་ཞེ་ན་གཏེར་སྟོན་པའི་སྐྱེ་བ་སྔ་མ་ཞིག་གྲུབ་པར་བྱས་པ་ཡིན་ཞེས་པའི་མིང་རྐྱང་ཙམ་ལ་ཞེན་མ་དགོས་པར། སྐུ་ཚེ་འདིར་བསྒྲུབ་པའི་སྡེ་བཙུགས་ནས་རྡོ་རྗེ་ཐེག་པའི་ས་ལམ་མ་ལུས་པར་སྦྱངས་ཤིང་བསྒྲོད་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་གྱུར་པའི་རྡོ་རྗེའི་གནས་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱར་དབང་ཐོབ་པའི་གྲུབ་པ་ལས་ཀྱང་གྲུབ་མཆོག་འཁོར་ལོས་བསྒྱུར་བ། དེ་ལྟར་གྲུབ་པ་ཡིན་ཞེས་པའི་མཐའ་གཅིག་པུ་ལ་ཡང་བརྟེན་མ་དགོས་པར་ཚེ་འདིར་བསླབ་སྦྱང་གི་ཚུལ་ཆ་ཕྲ་མོ་ཡང་མ་བྱས་པར་སྔོན་གོམས་སྦྱངས་སྟོབས་ཀྱི་རང་བྱུང་གི་ཤེས་རབ་འགྲན་བྲལ་ཕུལ་དུ་བྱུང་བས་མདོ་རྒྱུད་ཀྱི་ཚིག་དོན་མ་ལུས་པ་མཁྱེན་ཞིང་རྟོགས་པས་ཆོས་སྒོ་ཟབ་དང་རྒྱ་ཆེ་བ་བརྟན་བརླིང་རྟོགས་པར་དཀའ་བའི་གནས་ཀུན་གསུང་ཚིག་རེ་རེས་བདེ་བླག་ཏུ་རྟོགས་པར་བྱེད་ཅིང་། དེ་ལྟའི་ཆོས་ཚུལ་བསྐལ་པ་རྒྱ་མཚོར་སྨྲ་ཡང་འཇིགས་པ་དང་ཞུམ་པ་ནམ་ཡང་མེད་པས་ན་མཁས་པའི་མཁས་པ་ཆེན་པོ་སྟེ། ཁྱད་པར་དུ་ཡང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མན་ངག་ཆེས་ཕྲ་ཞིང་གསང་བའི་གནས་སུ་གྱུར་པ་རྣམས་འཆད་པ་ལ་ཀུན་བཟང་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་པ་ལྟ་བུ་ཞིག་ཡོད་ལ། མདོར་ན་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐམས་ཅད་བླ་མེད་བྱང་ཆེན་གྱི་སར་འདྲེན་པ་ལ་མཁས་པ་འཕྲིན་ལས་བཞིའི་བདག་ཉིད་ཅན་དམ་པ་ལས་ཀྱང་དམ་པའི་ཆོ་འཕྲུལ་དུ་མ་འཆང་བ་པོ་སྟེ། ངེས་པའི་དོན་ནི་རྫོགས་པའི་སངས་རྒྱས་ཉིད་ཡིན་པས་བློ་ར་ལས་བརྒལ་མོད་གདུལ་བྱར་གྱུར་པ་སོ་སྐྱེ་བློ་དམན་རྣམས་ཀྱི་སྣང་ངོར་མཐུན་གྲུབ་ཏུ་ཡང་དེ་འདྲ་ན་སྐལ་བཟང་རྣམས་ལ་དེ་བས་ཀྱང་སྨོས་ཅི་དགོས། དེ་ལྟའི་ཡོན་ཏན་ཁྱད་པར་ཅན་ཡོད་པར་ངེས་ཀྱང་མི་མཐོང་བའི་ལོག་རྟོགས་ཅན་གྱི་འགྲོ་བ་ནི་མིག་ནད་ཀྱི་དུང་སེར་པོར་སྣང་བ་བཞིན་ལས་ཀྱི་རྐྱེན་དུ་ཤེས་པར་བྱ་ཞིང་། སྐལ་བ་མི་ལྡན་པ་ལ་ཡེ་གསང་ཆེན་པོས་ཆོད་པར་རང་གིས་རང་ལ་ངོས་བཟུང་ཅིག རྫོགས་པའི་སངས་རྒྱས་ཁོང་འཇིག་རྟེན་བྱོན་ན་ཡང་། །རང་སྣང་མ་དག་པས་སྐྱོན་གྱིས་ཕུང་པོར་མཐོང་། །ཁ་ཟས་རོ་བརྒྱ་དང་ལྡན་པའི་བདུད་རྩི་ལ། །ལས་ངན་ཡི་དྭགས་ཀྱི་ཁྲོ་ཆུ་འཁོལ་མར་མཐོང་། །བདུད་རྩི་ཡི་སྐྱོན་མིན་རང་སྣང་སྐྱོན་ཡིན་པས། །སྔོན་བསགས་ལས་ངན་དུ་རང་མཚང་རང་ངོས་བཟུང་། །པད་འབྱུང་བཻ་རོ་ཡི་སྒྱུ་འཕྲུལ་རྒྱལ་བའི་དབང་། །བདེ་ཆེན་གླིང་པ་ལ་ཤིན་ཏུ་མོས་པར་རིགས། །དེས་ན་ཡང་དཀྱུས་སུ་འཇུག་སྟེ། ཁོ་བོ་རང་ལོ་བཅུ་དྲུག་གི་སྣེར་ཟིན་ལ་ཉེ་བ་མགོ་ཟླའི་གནམ་སྟོང་རྫོགས་རྒྱལ་ཟླའི་ཚེས་ཤར་བ་འོད་གསལ་དུས་ཁྱད་པར་བ་དེར་རྩ་བའི་བླ་མ་དམ་པ་དེ་ཉིད་ཞིང་འདིར་སྐུ་དངོས་ཀྱི་གདུལ་བྱར་གྱུར་པ་དེ་ཙམ་དུ་གཟིགས་ཤིང་། ཞིང་གཞན་དག་པའི་གདུལ་བྱར་རྗེས་སུ་དགོངས་ནས་གཟུགས་སྐུ་ཞལ་ཕྱག་གི་རྣམ་པ་དེ་ནང་གསལ་གཞོན་ནུ་བུམ་སྐུ་ཆོས་ཀྱི་དབྱིངས་ཀྱི་སྦུབས་སུ་ཞུགས་ཏེ། དེ་ལྟ་ཡང་བདག་ལྟའི་སྐལ་དམན་ངོར་རྟག་ཞེན་བཟློག་ཕྱིར་དུ་བསྟན་པ་ལས། སྐལ་ལྡན་མཆོག་རྣམས་ཀྱི་བློ་ངོར་འཕོ་ཆེན་དྭངས་མ་རྡོ་རྗེའི་སྐུར་གཤེགས་པ་གོར་མ་ཆག་པས་གཤེགས་བཞུགས་མི་མངའ་མོད། འོན་ཀྱང་བདག་བློ་མ་དག་པས་རེ་ཞིག་སྐུའི་བཀོད་པ་མངོན་སུམ་མི་སྣང་བས་སྙིང་ཐིག་གས་པ་ལྟ་བུའི་སྡུག་བསྔལ་སྐྱེས་ཀྱང་ཐབས་མ་རྙེད་པས་གསོལ་བ་རྩེ་གཅིག་གདུང་ཤུགས་དྲག་པོས་བཏབ་པར་བྱའོ། །སྐབས་འདིའི་རྟོགས་བརྗོད་ཅུང་ཟད་རྒྱས་པར་བརྟག་འདོད་ན། སྐྱོ་ཤས་ཀྱི་གླུ་དབྱངས་སྣ་ཚོགས་པདྨའི་འཕྲེང་བ་ཞེས་པ་སྔར་བརྗོད་ཟིན་གྱི་དེར་བལྟའོ། །དེང་སང་རང་གི་རྩ་བའི་བླ་མ་གྲོངས་ཀྱང་སྡུག་བསྔལ་མེད་པར་གདོང་དཀར་འཛུམ་གྱི་ཉམས་བཅས་ཕོ་བཟོ་སྔར་ལས་ཆེ་ཙམ་བྱེད་པ་ཡང་འོང་འདུག་སྟེ་དེ་ནི་དམ་ཉམས་ཀྱི་གྲལ་དུ་འཁོད་པ་ལས་འོས་ཅི་ཡོད། རྣལ་འབྱོར་གྱི་དབང་ཕྱུག་རང་སེམས་ཆོས་ཀྱི་སྐུ་བླ་མའི་ཐུགས་དང་རོ་གཅིག་བརྙེས་པ་རྣམས་ཀྱང་གདུང་བའི་གླུ་བླངས་ཤིང་སྡུག་བསྔལ་གྱི་ཚུལ་སྟོན་ན་དེང་སང་གི་བྱ་བ་ཕལ་ཆེ་ནི་བཀའ་དྲིན་མ་དྲན་པའི་ཁྲེལ་མེད་པོ་ལས་གཞན་ཅི་ཞིག དེ་ཡང་གཙོ་བོ་ནི་བླ་མ་ཞལ་བཞུགས་དུས་ཉིད་དུ་དགྱེས་པའི་ཞབས་ཏོག་འབད་པ་ཉིད་ཡིན་མོད། དེ་འོག་ནི་བླ་མ་གཤེགས་པའི་དགོངས་རྫོགས་དགེ་བ་བྱེད་པ་ཉིད་ཚོགས་ཆེ་བས་བླ་མ་དྲན་པའི་གདུང་ཤུགས་ཀྱི་འབད་པ་ཡིན་ཏེ། ཕལ་དུ་སྣང་གསལ་བྱེ་བ་ཕྲག་བརྒྱ་དགེ་བར་བསྔོ་བ་ལས་བླ་མར་སྙིང་ནས་གདུང་ཤུགས་ཀྱི་དགོངས་རྫོགས་སུ་དམིགས་ནས་མར་མེ་གཅིག་ཕུལ་བས་ཕན་ཡོན་ཆེ་སྟེ། དེས་རིགས་བསྒྲེས་ནས་དགེ་བ་གཞན་ཀུན་ཀྱང་དེ་འདྲ་བས་བླ་མའི་དགོངས་རྫོགས་སུ་དམིགས་ནས་གདུང་ཤུགས་དྲག་པོས་དགེ་བ་ལ་འབད་པ་གལ་ཆེན་གྱི་གནས་སོ། །

དཔལ་ལྡན་བླ་མ་ཡི་ཐུགས་ནི་མཁའ་འདྲ་ཡང་། །རང་ཉིད་སྡིག་རྒྱུན་ཀུན་ཟད་ཕྱིར་སྡུག་བསྔལ་དང་། །ཚོགས་གཉིས་རྒྱ་ཆེན་པོར་འཕེལ་ཕྱིར་དགོངས་རྫོགས་སུ། །དགེ་ལས་ལ་ཆེས་ཆེར་འབད་འདི་གནད་ཆེན་ཡིན། །དེ་ནས་ལོ་དེའི་དཔྱིད་ལ་དབྱར་བཏགས་མཚམས་ཀྱི་ཁུལ་བྱས་ཀྱང་ནང་དགེ་སྦྱོར་ལ་ཧུར་བསྐྱེད་དུ་མ་བྱུང་བས་ཡི་དམ་གྱི་བསྙེན་བསྒྲུབ་འདི་གྲུབ་ཡང་མེད། རྫོགས་རིམ་ལ་གནད་དུ་དྲིལ་བ་ཡང་མེད་སོས་དལ་ཉལ་རྒྱུ་བྱུང་བ་ལས་དགོས་ནུས་གང་ཡང་མེད་དོ། །དེ་སྐབས་སུ་རྨི་ལམ་དང་འདྲེས་པའི་ཉམས་སྣང་ལྟ་བུར་རྩ་བའི་བླ་མ་དེ་ཉིད་ལན་མང་དུ་མཇལ་ཞིང་གདམས་པ་དང་རྗེས་སུ་གདམས་པ་བསྩལ་ནས་བྱང་ཆེན་སྙིང་པོའི་བར་དུ་རྗེས་སུ་བཟུང་བ་ཡང་ཞལ་གྱིས་བཞེས་འོན་ཀྱང་རང་ཉིད་ཨ་འཐས་ཀྱི་བློས་བཅིངས་པས་དངོས་སུ་མཇལ་དུ་མེད་པ་ཡི་ཡིད་སྐྱོ་བ་ནི་སངས་དུས་མེད་དོ། །ལོ་དེའི་དབྱར་སྟོན་མཚམས་སུ་གདན་དྲུང་རྗེ་དབོན་སྐལ་བཟང་ཞབས་ནས་འབོད་མཁན་སླེབ་པ་བཅས་གདན་སར་ཕྱིན་ཅིང་བླ་མའི་ཞབས་ཕྱིར་དཀྲིས། དུས་དེར་རང་གིས་རང་ལ་ཆོས་ཀྱི་བསྐུལ་འདེབས་ཀྱི་གླུ་ཡང་མང་དུ་བླངས་ལ། ལྷག་པར་གྲོས་འདེབས་དམ་བཅའ་བཅུ་གཉིས་པ་བྱས། སྤྱིར་རང་ཉིད་ཆུང་ངུའི་སྐབས་ནས་རྣ་བར་ཝང་ཝང་ཞེས་པའི་སྙན་ཅིང་སྐྱོ་བའི་སྒྲ་གཅིག་རྟག་ཏུ་ཡོང་ལ། ལྷག་པར་ལོ་དེ་སྐབས་སུ་ཆེར་སོང་ནས་བུད་མེད་དབྱངས་སྙན་པོ་ཡིས་གླུ་དབྱངས་པའི་ངག་རྟ་འདྲ་བ་ཞིག་ཇེ་གསལ་ཇེ་གསལ་སོང་སྟེ་ཚིག་ལ་ལ་ནི་སྐྱོར་དུ་ཡང་རུང་བ་དེ་ཐོས་པས་འཆི་བ་དབང་མེད་དུ་དྲན་ཅིང་བསྒོམ་བསྒྲུབ་མ་གྲུབ་པར་ཡིད་རབ་ཏུ་ངལ་ཞིང་ཚེ་འདི་སྣང་གི་བྱ་བ་ལ་འཇུག་སྙིང་མི་འདོད་པར་བཙན་ཐབས་སུ་བློ་ལོག་ནུས་པ་ཞིག་ལོ་དེ་ནས་བཟུང་ལོ་གསུམ་བཞི་ཙམ་གསལ་པོ་དང་ཐོ་རེ་བ་ལོ་ལྔ་དྲུག་བར་ཙམ་བྱུང་ལ། དེ་ནས་བར་སྐབས་ཤིག་ནས་ཇེ་ཡལ་དུ་སོང་མཐར་ལོ་ཁ་ཤས་ནས་མེད་སོང་། དུས་ཕྱིས་ས་བྱ་ལོ་ལ་སྔར་ལྟར་མི་གསལ་ཡང་ཝང་ཙམ་པ་རེ་བྱུང་ལ། ད་ལྟ་ཡང་སྐབས་སྐབས་ཡོང་འདུག དེ་དུས་ལྷ་འདྲེ་མོ་རྒྱུད་ཞིག་གནོད་པ་ཡིན་ནམ་སྙམ་ཡང་དེང་སང་བརྟག་ན་མི་དགེ་བ་ཞིག་མིན་པ་འདྲ། གང་ལྟར་འདིར་སྣང་ཞེན་པ་བཟློག་ཅིང་ཆོས་ལ་བསྐུལ་འདེབས་ནི་ཆེ་བ་རང་བྱུང་བས་བཀའ་དྲིན་ཆེའོ། །དེ་འདྲ་ཞིག་མ་བྱུང་ན་འདིར་སྣང་ལ་ཞེན་པ་ཆེན་པོ་ཞུགས་ནས་འཁོར་བར་འཁྱམས་ངེས་སུ་གདའ། ཚེ་རབས་དུ་མ་རུ་བསྒྲུབ་པ་ལྷག་པའི་ལྷ། །དཔལ་ལྡན་བླ་མ་ཡི་ངོ་བོ་ནཱ་དའི་སྐུ། །ཡེ་ཤེས་མཁའ་འགྲོ་ཡི་མགྲིན་ནས་གླུ་རུ་ཐོན། །སྐལ་ལྡན་ཐར་ལམ་དུ་འགུགས་འདི་མི་མཚར་རམ། །དེ་ནས་མྱོས་བྱེད་ཀྱི་ལོ་ཤར་ཙམ་སྐབས་གནས་ཆེན་རྡོ་རྗེ་ཁྲོ་ལོད་མཇལ་བར་ཕྱིན། ལོ་གཞོན་སྐབས་ད་ལྟའི་རྒས་འཆལ་ནི་མ་སླེབས་པས་དཀྱེལ་ཆེ་ཁུལ་ཞིག་ཡོད་གཤིས་ཟླ་བོ་ཚོས་ནི་གནས་སྐོར་ཡིན་བསམ་ལས་གཞན་མེད། ཡིན་པ་ནི་རྨི་ལམ་གྱི་ལྟས་ཤིག་ལ་བརྟེན་ནས་ཕྱིན་པ་ཡིན། དེ་སྐབས་ལྟས་དང་ཆོ་འཕྲུལ་ཅི་རིགས་བྱུང་བ་ནི་འདིར་སྨྲ་མ་དགོས། དེ་འཕྲོར་གདན་སར་འོང་བའི་ཞོར་ཉི་མ་ཕུག་གི་བྲག་ཅིག་ཀློག་པའི་གསེབ་ནས་ས་ཡི་རིལ་བུ་ཁ་དོག་དཀར་པོ་ཆེ་ཆུང་སྣ་ཚོགས་བདུན་ཅུ་ལྷག་ཙམ་གཅིག་བྱུང་། བདག་རང་ཆུང་ངུ་ནས་ཆོས་ཁོ་ནར་སྲེད་པ་ཆེས་པས་ཆོས་གཏེར་ཤོག་སེར་ནི་མི་འདུག་དམ་རྫས་ཡིན་རྒྱུའི་ཕྱག་རྟགས་ཨཿམའི་རི་མོ་ཡང་མི་སྣང་། དགོས་པ་ཅི་ཡོད་སྙམ་ནས་རྩིགས་ཀྱང་མ་བྱུང་ལ། ཕྱིས་དེ་ཀར་བདག་རྐྱེན་ཡང་མ་བྱས་པས་ཟག་སོང་། དེ་ཡང་དུས་དེར་བདག་བློ་ཆུང་བའི་སྐྱོན་ཏེ། དམ་རྫས་ཨཿམ་ཞེས་གཏེར་སྟོན་ཕལ་ཆེས་མཚོ་རྒྱལ་གྱི་མཐེབ་མཛུབ་ཀྱི་རི་མོར་བཟུང་ཡང་། ལ་ལ་ནི་དེ་ལྟ་ཡང་ཡིན་མོད། ཕལ་ཆེར་དམ་རྫས་ཉིད་ལ་རང་བྱུང་ཤར་བ་ཡིན་གྱི་དེས་ན་ཡིག་འབྲུའི་གཟུགས་མེད་པ་ཡང་མི་འགལ་ཞིང་། ཡིག་འབྲུ་ཆེ་ཆུང་སྣ་ཚོགས་འབྱུང་བ་ཡང་དོན་དེས་ཡིན། འོན་ཀྱང་རྫུན་ཟོག་གི་བསླད་པའི་ཐལ་བ་རུ་རེ་རྣམས་དང་མ་ནོར་བ་ནི་གལ་ཆེའོ། །ལོ་དེར་ཡིད་ལ་མ་བསམ་རང་ཤར་གྱི་ཚིག་ཐོལ་ཐོལ་དུ་མ་བྱུང་བ་ཐུགས་གཏེར་གྱི་ཁུལ་དུ་ཡི་གེར་བཀོད་པས་གུ་རུ་རཀྴ་ཐོད་ཕྲེང་གི་ཆོས་སྐོར་གླེགས་བམ་ཆེན་པོར་ལོང་ཙམ་གྲུབ་མཚམས་དགོས་མེད་ཅིག་སྙིང་ལ་ཤར་ནས་མེ་ལ་སྲེགས་པ་དེ་དུས་རྒྱུས་ཡོད་ཀྱི་གྲྭ་པ་ཡང་མང་། དེང་སང་ལ་ལ་ཞིག་ལ་ཡིད་ལ་ཚིག་དོན་ལེགས་སུ་ཆ་བ་དེ་འདྲ་ཞིག་རང་ཤར་དུ་བྱུང་ན་བར་ཆད་ཡིན་ཡང་སྤྱན་རས་བཙུམ་པ་འདྲ་སྟེ་ངེད་ནི་ཆུང་ངུའི་ནས་བླ་མའི་གསུང་ལ་ཡིད་ཆེས་མཁན་གཅིག་ལགས་པས་དེ་འདྲ་ཅི་དགའ་ལ་བོར་བ་ཡིན། ལར་འདི་འདྲ་བྱུང་བའི་རིགས་བླང་དོར་གྱི་གནས་ངོས་འཛིན་དཀའ་ཞིང་། དབྱེ་གསལ་བྱེད་ནུས་པོ་ཡང་དཀོན་མོད། འོན་ཀྱང་སངས་རྒྱས་པདྨ་འབྱུང་གནས་ཀྱི་ཞལ་ལུང་རིག་འཛིན་བརྒྱུད་ལྡན་བླ་མའི་གསུང་ངག་ལས་འབྱུང་བར་བརྟག་དགོས་མོད། འདིར་ནི་དོགས་བསླངས་ཙམ་ལས་ཡིག་ཚོགས་འབྱམས་ཀླས་ཀྱི་ངལ་བས་མ་སྨོས་ཤིང་གཞན་དུ་ཟུར་ཙམ་བརྗོད་པར་སྲིད་དོ། །ཁོ་བོ་ཅག་གི་འདི་དུས་ཀྱི་སྐབས་དེ་ནི་རྩ་རླུང་ཉམས་ཀྱི་ཆོ་འཕྲུལ་ཙམ་དུ་རྟོགས་ཤིང་། དེ་ལ་རེ་ཞིག་ཆེད་འཛིན་གྱི་བདག་གི་བྱར་མི་གཏུབ་ཅིང་། དེ་ལྟར་བགྱིས་ན་བདུད་ཀྱི་བར་ཆད་དབང་དུ་འགྱུར་བའི་ངེས་ཚིག་རང་ལ་ཐུན་མོང་མ་ཡིན་པ་ཡོད་མོད་ཀྱང་འདིར་གསལ་བར་སྨྲ་ནི་མི་བཏུབ་པ་ཞིག་གོ །སྤྱིར་འདི་འདྲ་ཡོང་སྐབས་མི་ཆོས་ཀྱི་བར་ཆད་ནི་ཡོང་ཉེན་ཆེན་པོ་འདུག་སྟེ་ཁོ་བོ་ཡང་ལོ་བཅུ་གསུམ་སྣེ་ཟིན་ཙམ་གྱི་བྱིས་པའི་དུས་དེར་བློ་ལ་མ་བསམ་པར་རང་རྡོལ་གྱི་ཆོས་ཚིག་དེ་འདྲ་ཤར་བར་དགོངས་གཏེར་ཡིན་ཁུངས་བཅུག་ནས་དེ་ཞོར་ལ་བར་ཆད་ཚབ་ཤིན་ཏུ་ཆེ་བ་ཞིག་ཀྱང་ཞུགས་ཉེ་བར་བྱུང་བ་ཡིན། དེ་གང་ཞེ་ན་དགོངས་གཏེར་ལ་ཐུགས་དགྱེས་ཚོར་སག་གེ་བ་དེའི་ཁོངས་ནས་མི་ཆོས་རྫུན་མང་ཞིག་ཐོན་དུ་ཆ་བ་བྱུང་བས་སོ། །དེ་ཡང་ཅི་འདྲ་བྱུང་ཞེ་ན་རྣམ་རྟོག་ཧྲག་པོས་ཤར་བའི་གསལ་སྣང་ཕྱོགས་མཐུན་པའི་ལྷ་སྐུར་སྣང་བ་དང་། དེས་གསུང་བར་སྙམ་པའི་རྣམ་རྟོག་རང་ཤར་གྱི་ཚིག་དེ་འདྲ་ལ་ལྷ་མཐོང་ངོ་ཆོས་གསུངས་སོ་ཞེས་པའི་སྒྲོ་བཏགས་པས་སོ། །དེའི་ཅིར་འགྱུར་ཞེ་ན་མི་ཆོས་བླ་མའི་རྫུན་དུ་གྱུར་ནས་མནར་མེད་དམྱལ་བར་བསྐལ་པ་དུ་མར་གནས་པའི་ལས་སུ་འགྲོ་བས་བར་ཆད་ཚབ་ཤིན་ཏུ་ཆེ་བ་ཞུགས་སུ་ཉེ་བ་བྱུང་ཞེས་པ་དེ་ལ་ཟེར་བ་ལགས། དེས་ན་རང་དང་རིགས་སྐལ་མཐུན་པ་རྣམས་ཀྱིས་དེ་འདྲར་དོགས་ཟོན་འཚལ་ཞེས་སྙིང་གྲོས་སུ་སྨྲ་བ་ཡིན། ངེད་རང་ལ་འཆར་སྒོ་སྣ་ཚོགས་བྱུང་བ་དེ་ལྟར་ཡང་། སྐྱེ་བ་སྔ་མའི་བསག་སྦྱངས་བསོད་ནམས་ཀྱི་མཐུ་ཡིས་རྩ་བའི་བླ་མ་དམ་པ་རྣམས་དང་མཇལ་ནས། སྐྱེ་བ་དུ་མར་རྒྱུ་འབྲས་ལ་ཡིད་ཆེས་བྱས་པའི་བག་ཆགས་ཅུང་ཟད་སད་ནས། མི་ཚེ་འདི་ཡུན་རིང་ཞིག་མེད་ཅིང་མི་གནས་པར་ཡང་མཐོང་། དེ་ལ་ཞེན་རྒྱུ་མེད་པར་ཡང་གོ །གང་ཤར་བཟང་ངན་ཀུན་སྒྱུ་མ་ལྟར་ལམ་དུ་འཁྱེར་ཚུལ་ཡང་ཐོས་པས། ལས་དང་རྟེན་འབྲེལ་གྱི་འཆར་ཆ་དེ་ཀུན་ལ་ཡང་ཞེན་མྱོང་ཆེན་པོ་མི་བྱེད་པའི་ཁུལ་ཅིག་ཡིན་པས། ཟག་ཟོག་ལོག་ལས་བདུད་ཀྱི་དོང་དུ་མ་ཕྱིན་པས་དེ་ངོས་ནས་དལ་འབྱོར་དོན་མེད་མ་སོང་བ་ཙམ་པར་རློམ་མོ། །ཚེ་རབས་གཏན་གྱི་སྐྱབས་གཅིག་ནི་འཕུར་འགྲོའི་བླ་མ། །བདུད་འདུལ་དཔའ་བོ་རུ་སྐུར་བསྟན་ཆེ་མཆོག་ཁྲོ་ལོད། །བྱིན་རླབས་ནུས་པ་ཡི་ཟེར་བརྒྱ་ཕྱོགས་བཅུར་འཕྲོ་ཚེ། །བདུད་ཚོགས་མུན་པ་ཀུན་ཕྱེ་མར་འཐག་པས་རྨད་དོ། །དྲན་མཆོག་བླ་མ་དེ་པདྨ་བདེ་ཆེན་གླིང་པ། །ཡང་དག་ངོ་བོ་ལ་ཀུན་བཟང་རྡོ་རྗེ་སེམས་སོ། །མགོན་ཁྱོད་བྱིན་རླབས་དེ་སྙིང་ལ་ཅུང་ཟད་ཞུགས་མཐུས། །ཅི་བྱས་བདེ་བའི་ཡེ་ཤེས་ཆ་ཤས་དེ་རྟོགས་པས། །གང་ཤར་འགའ་ཡང་སྒྱུ་མ་ལྟར་བདེན་འཛིན་གྲོལ་སོང་། །རྟེན་འབྲེལ་རོལ་པ་ཆ་ཤས་ལ་འཕྲིག་ཀྱང་ཚུད་སོང་། །བཟང་བཟང་པོར་འདོད་པའི་རྫུན་བག་དེ་རང་སར་ཞིག་པས། །དལ་འབྱོར་དོན་ལྡན་དེ་མིན་ཡང་དོན་མེད་མ་སོང་། །ད་དུང་འཕྲོས་དོན་དོགས་སློང་ཙམ་སྨྲ་ན། སྤྱིར་བསོད་ནམས་དམན་པ་རྣམས་མི་ཆོས་ཀྱི་བར་ཆད་འཇུག་པའི་སྒོ་མང་ཡང་ཕལ་ཆེ་བ་ཞིག་ནི། སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་ཅན་མཐོང་བའམ་ཐོས་པས་རྐྱེན་བྱས། རང་ལ་ཡང་དེ་འདྲ་ཡོང་བའི་བརྐམ་ཆགས་སྐྱེས་པ་དང་ཡང་ཁ་ཅིག་ནི་ལོ་ཟླ་ཁ་ཤས་རེ་བསྒྲུབ་ཚུགས་བཟུང་བས་ཡུས་ཏེ་ཐུན་མོང་ལྟར་སྣང་གི་གྲུབ་རྟགས་ལ་བསྐམ་པ་དང་། ཁ་ཅིག་བསྒྲུབ་པ་ཡེ་རྒྱབ་མ་དགོས་པར་སྔོན་སྦྱངས་སྐྱེས་བུ་མཆོག་ལ་བྱུང་བ་ལྟར་གྲུབ་རྟགས་འབྱུང་འདོད་པ་དང་། ཁ་ཅིག་ནི་ཐོག་མར་རྨི་ལམ་དངོས་ཉམས་སུ་བཟང་བཟང་འདྲ་རུང་གི་ལྟས་ཐན་ཐུན་བྱུང་བར་ཕྱོགས་འཛིན་རློམ་ཞེན་དྲག་པོ་ཞུགས་ཤིང་དེ་གཞན་ལ་ངོམ་ངོམ་བྱེད་ཅིང་མཐར་གང་ཡང་མི་ཡོང་ཚེ་རེ་དོགས་ཀྱི་ཡིད་སྨོན་མང་པོ་བཏང་བ་དང་། ལ་ལ་ནི་མཆེད་གྲོགས་གྲྭ་རིགས་གཉེན་ཚན་སྦྱིན་བདག་འདྲ་རང་ལ་དད་གུས་ཡོད་ཁུལ་ཚོས་ཉིད་ཅག་ག་གེ་ཆེ་གེ་མོས་ལུང་བསྟན་བཟང་པོ་བྱས་པ་ཡིན་ཞེས་པའམ། གྲུབ་པའམ་གཏེར་སྟོན་ནམ་དམ་པ་ཁྱད་པར་བའི་སྐྱེ་བར་གྲགས་པས་གྲུབ་པའི་གནས་ཚུལ་ལྐོག་གྱུར་བ་ཡོད་པས་གསུང་བར་ཞུ་ཞེས་བསྐུལ་བས་རང་ཡང་དེ་ལྟ་ལ་བློ་འདོད་དྲག་པོ་ལྡང་ཞིང་རང་མཐོང་བཅས་པ་དང་། ཁ་ཅིག་ནི་རང་དང་འགྲན་ཟླར་འོས་པ་ཞིག་ལ་ངོ་མཚར་བྱུང་གཏམ་ཐོས་པས་དེ་ལ་ཕྲག་དོག་གི་རང་ལ་ཡོན་ཏན་ཡོད་རྫུ་འདོད་པ་དང་། ཡང་ཁ་ཅིག་རང་ཉིད་གཞན་དང་མི་མཉམ་ལྷག་པའི་བློ་འདོད་དམ་རང་ཉིད་དམན་པའི་ར་བ་ལས་ཐར་ཏེ་ཚེ་འདིར་ཁ་རྗེ་ཟ་ཐང་ཆེ་རུ་རེ་བ་སོགས་ཏེ་མདོར་ན་ལྷ་མཇལ་ལུང་བསྟན་ཐོས། མངོན་ཤེས་ཤར། ཐུན་མོང་གི་གྲུབ་རྟགས། མངོན་གྱུར་བ་ལྟ་བུ་ཞིག་འདོད་པའི་བརྐམ་ཆགས་དུང་དུང་པས་ཡིད་ཀུན་ཏུ་སྤྱོད་པར་བྱེད་པ་དེ་བྱུང་ཕྱིན་ཆད་བར་ཆད་བདུད་ཀྱི་འཇུག་སྒོ་ཆེས་ཆེ་བ་དེ་དོད་ཚར་བ་ཡིན་པས། དེ་ངོས་ཟིན་པར་བྱས་ཤིང་ཆོས་ཐམས་ཅད་སྒྱུ་མར་ཤེས་པས་རྟགས་མཚན་ལ་རེ་དོགས་མི་བྱེད། ཚེ་འདི་ཡུན་རིང་མི་གནས་མྱུར་དུ་འཇིག་པ་རྨི་ལམ་སད་ཁ་ལྟ་བུར་ཤེས་ནས་ཞེན་པ་མི་བྱེད། དེང་དུས་ཡིད་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་རྣམས་སྐྱེ་བ་སྔ་མ་དགེ་བའི་བསོད་ནམས་བསགས་པ་ལས་ཡིན་ལ། ཡིད་ལ་མི་འདོད་པ་འབྱུང་བ་རྣམས་ཀྱང་ལས་ངན་གྱི་འབྲས་བུ་ལས་བྱུང་བས་དགེ་སྡིག་ལ་ཡིད་ཆེས་ཡང་དག་པ་སྐྱེས་ནས་འདོར་ལེན་ངེས་པར་བྱེད་པའི་ཡིད་གདེངས་སུ་འཆའ་བས་བདུད་ཀྱི་བར་ཆད་འཇུག་པ་ལས་གྲོལ་ཏེ་བྱང་ཆུབ་ལམ་ལ་འཇུག་པར་འགྱུར་རོ། །དེ་ལྟ་མ་ཡིན་པར་ཚེ་འདིའི་གནས་སྐབས་ཀྱི་བདེན་ཞེན་ལ་བློ་བརྟས་ཏེ། གཞི་ཅུང་ཟད་ཡོད་པ་ལ་སྒྲོ་བཏགས་ནས་བཟང་རྫུའི་ཚིག་རང་འདོད་དབང་གིས་སྨྲ་བ་ནི་བར་ཆད་ཆོས་མིན་ཞུགས་པའི་རྨང་གཞི་བཏང་ཚར་བ་ཡིན། གཞི་མེད་པར་ལྷ་དང་མཇལ་ཞིང་ལུང་བསྟན་མངོན་ཤེས་གྲུབ་རྟགས་གཏེར་ཁ་སོགས་མེད་པ་ལ་ཡོད་པར་ཐབས་སུ་རྫུ་བཏང་བ་ནི་བདུད་ཀྱི་བར་དུ་གཅོད་ཟིན་ནས་ལས་ཀྱང་གྲུབ་པ་སྟེ། མནར་མེད་དམྱལ་བར་བསྐལ་ཆེན་དུ་མར་བཞུགས་གྲབ་ཀྱི་འབྱོན་ཆོག་མ་དེ་ཡིན། དེ་ལྟར་མི་ཆོས་ཀྱི་གཞན་བསླུས་ནས་རང་ཉིད་ཕུང་ཚབ་ཆེན་པོ་ལ་སྦྱོར་བའི་སྙིང་རུལ་པོ་ནི་སྔར་ཡང་དུ་མ་བྱུང་སྐད་ལ། ད་ལྟ་ཡང་མཐོང་ཐོས་ཀྱི་གནས་སུ་ཆེས་མང་མོད། མ་འོངས་ན་ཡང་དུས་དབང་གིས་མང་དུ་ཀ་འགྲོ་ཉེན་གདའ། དེ་དག་བྱེད་པའི་རྒྱུ་ནི་འདི་སྣང་ལ་ཞེན། རྒྱུ་འབྲས་མ་ཤེས་འཁོར་བའི་ཉེས་དམིགས་མ་ཐོས་པས་ལན་ཏེ། དེ་ཡང་སྐྱེ་བ་སྔ་མའི་བསགས་པ་བསོད་ནམས་དམན་པས་གྲོགས་ངན་རྐྱེན་གྱིས་འབྱུང་བ་ཡིན་ནོ། །ལས་དེ་ལྟར་སྤྱད་པ་རྣམས་ཀྱང་འདུལ་བ་ཡི་རབ་བྱུང་ཡན་ཆད་ལ་རྩ་བའི་ཕམ་པ་བཞི་སྟེ་མི་ཆོས་ཀྱི་རྫུན་ཚིག་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་ཕྱིན་སླར་བཤགས་སྡོམ་སོགས་ཀྱི་གསོ་མི་གཏུབ་པ་རྫ་བེའུ་ཆགས་པ་དང་འདྲ་བར་ལུས་རྟེན་དེའི་ཐར་པའི་དཔྱང་ཐག་ཆད་པ་ཡིན་པར་བཤད་རུང་། ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལྟར་ན། ལས་བསགས་པ་དེ་དག་ལ་དྲན་པས་རྗེས་སླེབས་ཀྱི་སྦ་གསང་མེད་པར་སྟོབས་བཞི་ཚང་བ་བཤགས་སྡོམ་དྲག་པོར་རྟག་ཏུ་འབད་ན་སྒྲིབ་པ་དག་རྒྱུ་ཡོད་པར་བཤད་མོད་དེ། དེ་འདྲ་བྱེད་མཁན་ནི་དཀའ། འགྱོད་པ་ཁོང་པར་ཅུང་ཟད་སྐྱེ་སྲིད་ཀྱང་ངེད་ལ་སྐྱོན་འདི་བྱུང་ཞེས་རང་མཚང་ངོས་ལོང་མཁན་ནི་ཤིན་ཏུ་དཀོན། ལས་ཆེན་པོ་རྣམས་ལ་དེ་ལྟར་མ་བྱས་ཕྱིན་སྡིག་པ་འདག་པར་ཡང་དཀའ། སྔར་བྱས་པ་དེ་བཤགས་རུང་ཕྱིས་སྤྱད་ན་སླར་ཡང་ཉེས་པ་སྔ་མ་ཡང་ལྡོག་ནས་ཆེ་རུ་འགྲོ། དེས་ན་སྔར་ལས་ལ་ངོ་ཚ་བ་དང་ཕྱིས་མི་སྤྱོད་སྡོམ་པའི་ཆེད་དུ་ཉེས་བྱས་མིང་ནས་ཐོས་ཏེ་བཤགས་པ་གལ་ཆེ་སྟེ། སྡིག་བཤགས་ཐམས་ཅད་ལ་འདྲ། ལར་ཟག་ཟོག་ཚབ་ཆེན་སྤྱད་མཁན་རྣམས་ཀྱིས་སྟོབས་བཞི་ཚང་བའི་བཤགས་པ་བྱེད་པ་དཀའ། དེ་མ་བྱུང་ཕྱིན་མནར་མེད་དུ་འབྱོན་ཆོག་མ་ཡིན། སྔར་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེའི་སྤྱན་སྔར་གཏེར་སྟོན་དུ་རྫུ་བ་ཞིག་གི་རང་མཚང་ངོས་ལེན་གྱི་བཤགས་སྡོམ་བྱེད་པར་ཐོས་པས་རྗེས་སུ་ཡི་རང་། གཞན་ཟོག་བྱེད་པ་མང་དུ་མཐོང་ཐོས་ཡང་སྟོབས་བཞིའི་བཤགས་སྡོམ་བྱེད་སྐད་རང་ནི་མ་ཐོས་པས་ཡིད་སྐྱོའོ། །དེས་ན་གཞན་ཕལ་གྱིས་ནི་གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་དཀའ་ཡང་། རང་ལ་བྱ་བ་ལྐོག་གྱུར་ཅི་འདུག་ནི་རང་གིས་རྟོགས་པར་ནུས་པས་མི་ཆོས་ཟག་ཟོག་གི་བྱ་བ་འདྲེས་པ་ཚོ་རང་སྣ་ལ་རང་གི་མཛུབ་མོ་བཙུགས་ནས་འགྱོད་བཤགས་པ་སྤང་བླངས་བྱ་འོས་པ་རྣམས་མི་ཚེ་ཡུད་ཙམ་པ་འདི་ལ་མ་ཞེན་པར་རང་གིས་རང་ལ་སྙིང་རྗེ་དྲག་པོས་འཚལ་ཞེས་ཁོ་བོ་རྒྱལ་ཁམས་པའི་སྙིང་གྲོས་ཡང་དག་པ་ལགས་པས་གལ་ཆེ། དེ་ལྟར་ཡང་གཞན་ལ་བརྩེ་ཕྱིར་སྨྲ་བ་ལས་ཟོག་པོ་ཚོ་ཡི་མཚང་ལ་རྒོལ་འདོད་དེ་ནི་མ་ཡིན་གྱི། དུས་གསུམ་རྫོགས་པའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པ་ཡིན་པའི་གོ་བ་ཙམ་ནི་ཡོད། དེས་ན་ཟོག་པོ་ཡང་སངས་རྒྱས་ཀྱི་སྒྱུ་འཕྲུལ་དུ་དག་སྣང་སྦྱངས་བར་རུང་ཞིང་ཟོག་པོ་ལ་མི་དགའ་དང་ཞེ་སྡང་ཆེན་པོ་ཞིག་མེད་དོ། །བསྐལ་པ་དུ་མ་རུ་འགྲུབ་དཀའ་དལ་འབྱོར་རྟེན། །ཕུན་ཚོགས་རིན་ཆེན་ནི་མི་ལུས་ཐོབ་ལགས་ཀྱང་། །བསགས་པ་བསོད་ནམས་དེ་དམན་པས་བདུད་ཀྱིས་བསླུས། །མནར་མེད་དམྱལ་བ་དེ་མཐོ་རིས་གནས་ནས་འཁོར། །ཀྱེ་ཧུད་ཡ་ང་ནི་ལོ་ཟླ་ཞག་གྲངས་མེད། །ཡུན་སྲིད་བསྐལ་ཆེན་ཞེས་ཐོས་ཀྱང་ཡིད་སོ་ངལ། །དེ་བས་རང་ལ་ནི་རང་གིས་སྙིང་རྗེར་ལྟོས། །འདི་སྣང་ཡུད་ཙམ་ལ་མ་ཞེན་རང་གྲོས་ཐོབ། །ཞེས་སོ། །ཡང་དཀྱུས་སུ་འཇུག་པར་བྱ་སྟེ། དེ་ནས་གདོང་ངན་གྱི་ལོ་ལ་སྟག་ཚང་གི་གནས་ཆེན་གྲོ་ལོད་དུ་བསྒྲུབ་པ་ལྷུར་ལེན་ཞིག་བྱ་སྙམ་ན་ཡང་གྲོགས་ངན་སྟབས་ཀྱིས་ལག་ཏུ་མ་ལོང་བས་ཅི་རོང་དུ་འོང་ནས་བས་མཐའ་རོལ་ལམ་དུ་རང་ཤོང་གི་སྒྲུབ་ཁང་དྲག་པོ་ཨེ་ཀློང་ཞེས་བཏགས་པ་ཞིག་བཅོས་ནས་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བླ་བསྒྲུབ་གསེར་གྱི་འབྲུ་གཅིག་གི་བསྙེན་སྒྲུབ་ཁུལ་ཙམ་བྱས་ཀྱང་གཞུང་བཞིན་བཅས་པ་དམ་པོར་མ་གྱུར་པ་དང་ལྷག་ཏུ་ལུས་ཡང་ཡེངས་མེད་ཙམ་སྔགས་བཟླས་ལ་ཞུགས་ཚུལ་གྱིས་ཀྱང་ཡིད་རྣམ་རྟོག་གི་དབང་དུ་བསྐྱོད་པས་བསྒྲུབ་རྟགས་མཚན་མ་ནི་རྨི་ལམ་བཟང་པོར་གྲུབ་ཙམ་ཡང་མ་བྱུང་། སྤྱིར་དེ་དུས་སྐབས་རྟགས་མཚན་ལ་རེ་དོགས་ཆེན་པོ་བྱས་པའི་སྐྱོན་ཡང་ལོས་ཡིན། ཕྱིས་བསྒྲུབ་པ་གྲོལ་མཚམས་སྔགས་བཟླས་མང་ཉུང་ཇི་ཙམ་སོང་བའི་ཕན་ཡོན་གྱིས་ནི་ནམ་ཡང་མི་བསླུ་བས་རྟགས་མཚན་མ་བྱུང་ན་སླའོ་བསམ་པ་བྱུང་བས་དེ་ནི་ཡིན་པར་ཡང་འདུག ལར་བསྙེན་བསྒྲུབ་བྱེད་པར་རློམ་ནས་སྔགས་ཡེངས་ཤིང་བཟླས་ན་རྟགས་མཚན་གྱི་རེ་བ་ཅི་ཡོད། དེ་བས་ལྷ་སྒོམ་དང་སྔགས་ལ་ཡིད་གཏད་ནས་རྣམ་རྟོག་གཞན་སྤང་བ་རང་གལ་ཆེན་དུ་སྣང་ཡང་། དེ་དུས་རྫོགས་རིམ་ཡིན་རྒྱུའི་གོ་བ་ལམ་པ་དེ་ངང་བཞག་པས་ཆོག་ཁུལ་བྱས་ཏེ་མ་ཤེས་པར་གདའ། ལར་འདི་དུས་སྐྱོ་ཤས་ཆེ་ཞིང་རང་ཉིད་ལེ་ལོས་ཆོས་མ་གྲུབ་པར་ཡིད་རབ་ཏུ་གདུང་བ་བྱུང་བས་སྐྱོ་ཤས་ཀྱི་གླུ་ཡང་མང་དུ་བླངས། ལྷག་ཏུ་རྨི་ལམ་དུ་རང་དབང་གཏེར་གནས་སུ་མང་དུ་སླེབ་པ་དང་། ཟབ་གཏེར་ཁ་བྱང་ལུང་བསྟན་དུམ་བུ་ཡང་མང་དུ་བྱུང་མོད། དེ་ཡི་རྟེན་འབྲེལ་གྱིས་སྒོ་ཇི་བཞིན་པ་ནི་བསྒྲིགས་མ་ནུས་པར་ཟད་དོ། །གཞན་ཡང་དེ་སྐབས་རང་ཉིད་ཇི་སྲིད་འཚོ་ཡི་བར་དུ་ངོ་བསྲུང་ཁྲལ་འཇལ་ལྟ་བུ་མ་ཡིན་པར། རང་གིས་དྭངས་བས་དབང་བསྐུར། ཁྲིད་རྒྱུན་ཞུས་པར་རྩ་བའི་དམ་ཚིག་སྲོག་གི་ཕྱིར་ཡང་མི་སྤང་བ་དང་། གནས་སྐབས་ཀྱི་དགེ་སྦྱོར་ཚིག་བདུན་གསོལ་འདེབས། ཟབ་ལམ་བླ་མའི་རྣལ་འབྱོར། ཛབ་སྔགས་བཛྲ་གུ་རུ། ཡི་གེ་དྲུག་མ། རླུང་བུམ་པ་ཅན་གྲངས་བཅད་རྣམས་ཐོག་མར་ཟླ་དུས་ཀྱི་གྲངས་འཛིན་བྱས་པ་ཡིན་ཡང་ཕྱིས་ཉིན་ཞག་ཕྲུག་རེར་བྱས། ལར་ངེད་བརྩོན་འགྲུས་ཤིན་ཏུ་ཆུང་བས་རང་ལ་རང་ཡིད་ཆད་པའི་མཆི་མ་དཀུ་བར་འདུག་ལགས་སོ། །རང་ཉིད་ལེ་ལོ་ཆེ་ལ་ཆོས་བསྐུལ་ཕྱིར། །མགོན་པོ་མ་གཟའ་དམ་ཅན་དཔང་བཙུགས་ནས། །དམ་བཅའ་སྙིང་པོ་རྩ་བ་གཅིག་དང་ནི། །ཡན་ལག་བཞི་བགྱིས་དགེ་བ་བྱང་ཆེན་བསྔོ། །ལྷག་བསམ་གྱིས་ཟིན་དགེ་བ་ཆེ་ཆུང་གང་། །གང་གཱའི་རྒྱུན་ལྟར་བྱང་ཆེན་མཚོར་འཇུག་ཞེས། །རྒྱལ་བས་གསུང་ན་སྣ་རེའི་དགེ་བ་ཡང་། །སངས་རྒྱས་བསྒྲུབ་འདོད་རྣམས་ཀྱིས་འབད་པར་རིགས། །དེ་ནས་གསེར་འཕྱང་གི་ལོ་ལ་ཡི་དམ་ལྷག་པའི་ལྷ་བཅོམ་ལྡན་འདས་བཛྲ་ཀུ་མ་ར་ཡི་བསྙེན་སྒྲུབ་ཞིག་ཀྱང་བགྱིས་པས་དེ་སྐབས་སུ་རྗེ་གདན་དྲུང་རིན་པོ་ཆེ་ཕྱོགས་ཕེབས་མཛད་པར་ཕེབས་སྐབས་ཕྱག་དབང་ཞིག་ཞུ་བར་མ་ཕྱིན་ན་ངེད་ཨོ་ཟོབ་བྱས་པ་ལྟ་བུར་འགྲོ་ཞིང་དགོངས་མི་ཁྲེལ་བའི་ངེས་པ་མེད་སྙམ་བློར་ཤར་ནས་མཚམས་ཐུན་གྲོལ་ནས་ཕྱག་དབང་ཞུ་བར་ཕྱིན་པས་བླ་མ་དམ་པ་དང་མཆེད་གྲོགས་ཤེས་ལྡན་ཚོ་མཚམས་དམ་པོར་ཡོད་པ་དེ་མི་ལེགས་ཙམ་གསུང་བྱུང་ཡང་ངེད་རང་བློ་ཆུང་བའི་སྐྱོན་ཡིན། གཞན་དེང་སང་བླ་མ་ཁ་གཅིག་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ་ཡང་ལྟག་ཚུགས་བཟུང་བར་བག་གྲོ་གྲོ་པོ་བྱེད་ལུགས་ལ་བལྟས་ན་ཆོས་འབྲེལ་ཐོབ་ཙམ་བཀའ་དྲིན་ཅན་བླ་མ་ཕྱོགས་ཕེབས་ཞབས་བསྐྱལ་ལ་མཚམས་གྲོལ་ནས་བར་ཆད་ཞུགས་དོགས་མི་དགོས་འདུག ངེད་ཀྱི་བླ་མའི་བྱ་བ་དེ་འདྲ་ལ་སྙིང་སྲབ་པོ་གཅིག་ཡོད་ཀྱི་ཞེ་ཁམས་ཆེན་པོ་བསྐྱེད་ནུས་མཁན་ཅིག་མིན་ལགས། ལར་བསྒྲུབ་པ་གློ་བུར་དུ་དེ་ལྟར་གྲོལ་བ་ནི་བསྒྲུབ་པའི་གཡང་ཉམས་པར་རྒྱལ་བ་ཡང་དགོན་པས་གསུང་འདུག་པ་དེ་ངེས་པར་ཐུགས་མད་འདུག དུས་ཕྱིས་བསྒྲུབ་པའི་འཕྲོ་ལུས་པ་རེ་རྟག་ཏུ་བྱུང་། དེ་འདྲ་བློ་གདེངས་བསྐྱེད་ནས་དམ་བཅའ་གང་ཡིན་མ་གྲུབ་བར་རྐྱེན་དབང་གིས་བར་མ་ཆོད་པར་གལ་ཆེ་འདུག བསྒྲུབ་པ་དེ་སྐབས་སུ་སྔར་ལྟར་རྣམ་རྟོག་དབང་ཆེར་འབྱམས་པ་དེ་མ་བྱས་ཁུལ་ཡིན་ཡང་། འོན་ཏེ་གཞུང་དོན་ཇི་བཞིན་མ་རྟོགས་པས་བསྒྲུབ་པ་ཚད་ལྡན་ནི་ཅི་ལ་འགྱུར། རྟགས་ཀྱི་རིམ་པ་ཡང་ནད་གདོན་ཐོན་པའི་ལྟས་ཙམ་ལས་གཞན་ནི་ཆེ་བ་མ་བྱུང་། རྡོ་རྗེ་རྩེ་དགུ་པ་རྭ་མ་ཚངས་བ་གཅིག་ལག་ཏུ་བླངས་བ་ཡང་ཡང་རྨིས། རྭ་མ་ཚངས་པ་དེ་ཡི་དམ་གྱི་དབང་བསྐུར་ཞུས་པའི་བླ་མར་ལྟེམ་རྐྱང་ཞིག་ཤར་ཡོད་དམ་བསྐྱེད་རིམ་ཐང་ལྷོད་ཤོར་བའི་ལྟས་གང་ཡིན་ནམ་ངོས་མ་ཟིན། ཡི་དམ་དཀྱིལ་འཁོར་ནི་ནམ་མཁའི་སྐར་ཚོགས་འདྲ། ངོ་མཚར་ནུས་པ་ནི་རང་སོར་ཆེ་མོད་ཀྱི། ཀུན་གྱི་ཐུགས་རྗེ་དང་འཕྲིན་ལས་འདུས་པའི་ལྷ། །བར་ཆད་ཀུན་སེལ་ཞིང་དངོས་གྲུབ་སྩོལ་ལགས་པའི། །གསང་བདག་རྡོ་རྗེ་འཆང་རྒུད་བྲལ་གཞོན་ནུའི་སྐུ། །ཉི་ཟླ་ལྟར་གྱུར་པའི་ལྷ་མཆོག་ཀཱི་ལ་ཡ། །པད་འབྱུང་ཡབ་ཡུམ་གྱི་ཡི་དམ་ལྷག་པའི་ལྷ། །དེ་ཡི་ངང་ཉིད་ལ་ཁོ་བོས་ཡི་དམ་བགྱིས། །འཕྲལ་རྐྱེན་སྤྱོད་དབང་གི་ཀླུ་གདོན་ཞུགས་ཆ་བ། །ལྷ་མཆོག་དེ་ཉིད་ཀྱི་ནུས་པས་རང་སར་དེངས། །གནས་སྐབས་ཅུང་ཟད་རེ་སྔགས་བཟླས་དེ་འདྲ་ན། །གསལ་གསུམ་ཡུན་བསྒོམ་ན་མཆོག་དོན་ཅིས་མི་འགྲུབ། །ལོ་དེར་བསལ་དུ་ནང་འཁྲུག་བྱུང་བ་སོགས་གདན་སའི་དབང་གིས་རྣམ་གཡེང་ཤིན་ཏུ་ཆེ་བས་རང་བློ་ཁེངས་པའི་བསྒྲུབ་པ་ལག་ཏུ་བླངས་རྒྱུ་ནི་བྲལ་མོད། འོན་ཀྱང་དལ་སྐབས་ཅུང་ཟད་བྱུང་རིམ་གྱིས་བསྒྲུབ་པ་ཞག་བདུན་མ་རེ་བགྱིས་ཤིང་། བར་གཅིག་རྡོ་རྗེ་རྣལ་འབྱོར་མ་ཡི་བསྙེན་པ་བདུན་ཞག་གཅིག་བྱས་པས། དེ་སྐབས་ཕྱིས་རིམ་གྱིས་སྙན་པ་མངའ་ཐང་ཅུང་ཟད་འབྱུང་བའི་ལྟས་ཀྱང་བྱུང་བས། རྣལ་འབྱོར་ང་དང་བྱ་རྒྱལ་ཁུ་བྱུག་གཉིས། །རྒྱང་རྒྱང་འགྲོ་བཞིན་སྐད་འཕང་མཐོ་རུ་འགྲོ། །ད་ལྟ་འཚོགས་ནང་གཞོན་ནུ་ཉམས་ཉེས་དེ། །ཁྱད་གསོད་མཐོ་གནོན་བྱེད་པ་རང་ངལ་ཡིན། །ཆུ་དང་ཤིང་རྡོལ་ས་རྡོས་མི་ནོན་ཞིང་། །གནས་སྐབས་དམོད་པས་མཐར་ཐུག་གནོད་པ་མིན། །ཨེ་བདེན་ལོ་རེ་ལོ་གཉིས་འགྱངས་བཞིན་དུ། །ཚིག་འདི་ཇེ་ལས་ཇེ་ཆེར་གསལ་དུ་འགྲོ། །ཞེས་སོགས་པའི་གླུ་དབྱངས་མང་དུ་བླངས་ཤིང་ཡི་གེར་ཡང་བྲིས། ཡང་དུས་དེར་དབུས་གཙང་དུ་ཇིང་གར་གྱི་དུས་འགྱུར་བསྟན་པའི་ཇུས་ཆགས་དེ་འབྱུང་ལྟས་ཡང་ཤར་རུང་ཕྱིས་བར་དཔྱད་མ་ཐུབ། གཞན་ཡང་རྨི་ལྟས་ལ་བརྟེན་འབྱུང་འགྱུར་གནས་མང་ཙམ་ཤར། ལོ་འདི་ནས་བཟུང་རང་ལོ་ཉེར་ལྔའི་བར་དུ་བསྒོམ་བསྒྲུབ་ཚད་ལྡན་བསྐྱལ་རྒྱུ་བྱུང་ན་གུ་རུ་པདྨའི་སྲས་ཀྱི་དྭངས་མར་རྟོགས་པ་ཞིག་དེ་སྐབས་ནས་ཡོང་རྒྱུ་དེ་ཡང་གནས་སྐབས་ཉི་ཚེའི་རྐྱེན་དབང་གིས་ཡལ་སོང་། ལོ་དེར་སྤྱིར་སྦྱིན་བདག་རིམ་གྲོ་བྱ་དགོས་མང་ཞིང་། ལྷག་ཏུ་སྟོན་སེར་དུ་ཚངས་གྲིབ་ཅན་ཞིག་གི་རིམ་གྲོར་གདན་དྲུང་རིན་པོ་ཆེ་དང་ཕྱག་མཛོད་ཀྱི་གསུང་ནན་ལ་བརྟེན་མི་འདོད་བཞིན་དུ་ཕྱིན་པས་ཚུར་དགོན་དུ་སླེབ་མཚམས་སིབ་ནད་ཀྱིས་བཏབ་ནས་སྤྱོད་ལམ་ལོག་པས་ཟླ་གཅིག་ལྷག་ཙམ་འཆི་ལ་ཕྱོགས་པའི་ནད་ཚབས་ཆེ་བ་བྱུང་། ངེད་རང་འཆི་བ་ཡས་ཆུང་རུང་། ཕྱག་མཛོད་སོགས་ནས་ནད་ན་མི་ཆོག་པའི་བསྒྱུར་སྦྱངས་ལྕི་བས་སོ་མ་གསོད་ཅིང་ཡིད་སྐྱོ་རབས་བྱུང་།

སྤྱིར་ཡང་རྗེ་དབོན་གདན་དྲུག་རིན་པོ་ཆེས་ནི་བརྩེ་བའི་སྤྱན་གྱིས་སྐྱོང་བ་དང་ལྷག་ཏུ་དབང་ཆོས་ཀྱི་འབྲེལ་པ་ཞུས་པའི་བླ་མར་གྱུར་པས་བཀའ་དྲིན་མཆོག་ཏུ་ཆེ་ཞེས་སྨྲ་མོད། དེ་བས་དེང་སང་སྐུ་སྐྱེ་གཞན་ཁ་ཅིག་ལྟར་གདན་སར་སླེབ་ནས་དབོན་རིགས་གྲྭ་འཁོར་བུ་སློབ་སྦྱིན་བདག་རྣམས་ཀྱིས་བཀུར་བཀུར་ཅོག་ཅོག་པོ་དེ་འདྲ་ངེད་ལ་ཡེ་ནས་མེད་པ་དེ་ཀུན་གསལ་ཡིན། ལར་སྐུ་སྐྱེ་ཟེར་བ་རྣམས་ཐེ་ཚོམ་ཟ་བ་ནི་ཤིན་ཏུ་ནས་བདེན་གྱི་ངེད་རང་ཡང་དེ་ལྟ་བུར་བློ་འགྲོ་དཀའ་བ་རང་ཡིན། དེ་ལྟར་སོམ་ཉི་ཡོད་ཕྱིན་སྐུ་སྐྱེར་མངའ་གསོལ་ནས་གདན་སར་བསུ་བ་དེ་མི་འཚལ་ལ། དེར་ནི་སུས་ཀྱང་མགུ་འཁོང་བྱེད་དུ་ཅི་ལ་ཡོད། དེ་མ་ཡིན་པར་གདན་སར་སྐུ་སྐྱེར་མངའ་གསོལ་ཕྱིན་སྐྱེ་བ་ཡིན་མིན་ཐེ་ཚོམ་ཟ་རུང་དབོན་རིགས་གྲྭ་འཁོར་རང་རང་ཐད་ནས་མ་ཆད་པར་གང་ལེགས་རེ་བྱེད་དགོས་པ་ནི་བབ་མོད། ལེགས་པོ་བྱེད་ཞེས་པ་ཡང་འཇིག་རྟེན་གྱི་ཕོ་སྒོ་གཏམ་གཤེད་ཧམ་པ་ཐོ་ཅོ་ཆང་འཐུང་རྟ་རྒྱུགས་བག་མེད་ཀྱི་རྩེད་འཇོ་སོགས་བློ་ཆོས་ལ་དྲེད་དེ་རྒྱུ་འབྲས་རྩིང་པོར་སྤྱོད་པའི་གཞི་རྩ་དང་། དཀོར་སྡུད་ལུགས་ཧབ་ཐོབ་བྱེད་ལུགས་ཟས་ནོར་ལ་ཆོས་ཕྱིར་མ་ཡིན་པའི་བསགས་བཀྲུན་བྱེད་ལུགས་སོགས་འཇིག་རྟེན་འདིར་སྣང་གི་ལེགས་ལེགས་ལྟར་སྣང་བའི་ཕུག་ངན་སོང་གི་གཏིང་རྡོ་བྱེད་པའི་མར་འགྲོའི་དཔྱང་ཐག་དེ་འདྲ་ནི་སློབ་མཁན་དང་ཉན་མཁན་ཐམས་ཅད་བདུད་ཀྱིས་བསླུས་པ་སྟེ། ཕན་པ་ལྟར་བསྟན་ནས་མནར་མེད་དུ་བསྐྱུར་བ་ཡིན་པས་ལེགས་སོ་མི་ཟེར་ཏེ་ཉེས་པའི་མཐར་ཐུག་པ་ཡིན་གྱིས་གོ་དགོས། དེ་བས་གནས་སྐབས་ཟས་གོས་འཕང་མེད་དང་ནོར་ཟས་ཅི་རིགས་བསྟབ་ཅིང་སྙན་པར་བརྗོད་པ་ནི་འཇིག་རྟེན་ལུགས་ཀྱི་ཕན་འདོགས་བཟང་ངེས་ཡིན་མོད། ཡང་དག་པར་ནི་དེ་ཡང་ཁམས་མི་ཆེ་སྟེ། དེ་མ་ཡིན་པའི་ལེགས་པོ་ཇི་ལྟ་བུ་དགོས་ཞེས་ན། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བྱང་ཆུབ་བསྒྲུབ་པར་སློབ་པ་ལ་ཟེར་ཏེ། དེ་ལྟར་ན་སྲོག་འཚོའི་ཟས་ངན་ངོན་ཙམ་དང་གྲང་སྐྱོབས་གོས་ཧྲུལ་པོས་ཆོག་ཤེས་ཤིང་། འདིར་སྣང་གི་ནོར་རྫས་རྨི་ལམ་ལྟ་བུར་ཞེན་རྒྱུ་ཅི་ཡོད། དེ་བས་ཆུང་ངུ་ནས་ཆོས་མིན་བློ་དྲེད་དུ་མ་སོང་བར་རྒྱུ་འབྲས་དམ་ཚིག་གི་ཁེ་ཉེན་ཞིབ་ཏུ་བཤད་ནས་བློ་རྒྱུད་ཆོས་ལ་དཀྲིས་ནས། བསླབ་ཤེས་ཀྱི་ཡོན་ཏན་ལ་དོ་གལ་བཅུག བསླབ་གསུམ་རྣམ་པར་དག་དགོས་པའི་ཞལ་ལྟ་བྱེད། བསྒོམ་བསྒྲུབ་ལ་བརྩོན་པ་བསྐྱེད་པའི་བསྐུལ་ལྕག་བཏང་། ཁྱད་པར་དུ་ས་ཉེ་རིང་གང་དུ་འདུག་ཀྱང་བཤེས་གཉེན་དམ་པ་ལ་མཚམས་སྦྱོར་ནས་དམ་ཚིག་རྣམ་པར་དག་པ་དང་། གནས་ལུགས་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲིབ་མེད་ལྟ་བར་ཡང་ཡང་དུ་ཞི་དྲག་དུ་མས་འབད་དེ་བསྐུལ་བ་དེ་ནི་ཕན་འདོགས་ཡང་དག་པ་སྟེ་ལེགས་པའི་མཐར་ཐུག་ཡིན་མོད། དེ་འདྲ་སློབ་དཔོན་དཀོན་ནི་དཀོན་པོར་གདའ། དེ་འདྲ་སློབ་མཁན་བྱུང་ཚེ་སྐུ་སྐྱེའམ་སུ་ཡང་རུང་སྟེ་མངོན་ཤེས་གྲུབ་རྟགས་རིགས་ཡིན་ན་བྱ་བ་དྲིན་དུ་ཤེས་ཤིང་གཟོར་ཡོང་། དེ་ལྟ་བུའི་བྱ་བ་དྲིན་དུ་མི་བརྩི་ན་རང་ཉིད་ལ་མདོ་མ་བྱུང་བ་ཡིན་གྱི་གོ་དགོས་སུ་གདའོ། །དེ་ལྟར་ཆོས་འཇིག་རྟེན་གྱི་ཕན་འདོགས་གང་ཡང་མེད་པར་སྐུ་སྐྱེར་ངོས་བཟུང་གདན་སར་མངའ་གསོལ་བཞིན་དེ་ལ་ཁྱད་གསོད་བརྙས་པ་མཐོ་གནོན་ངན་སློབ་བྱེད་པ་ནི། རང་རང་བླ་མ་གོང་མ་ལ་དད་མོས་གུས་ཞེན་མེད་པའི་མཚང་དང་དམ་ཚིག་ཉམས་ཆགས་ཡང་ངེས་པར་ཡོང་བ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན་སྐྱེ་བར་དབུགས་དབྱུང་ཤིང་གདན་སར་མངའ་གསོལ་བའི་སྐུ་སྐྱེར་གྲགས་པ་དེ་ཉིད་ཆོས་ལ་བློ་ཁ་ཕྱོགས་ཤིང་བསྟན་འགྲོར་ཕན་པའི་ལྷག་བསམ་གྱི་དོན་གཉིས་བསྒྲུབ་པའི་བསམ་གཞི་ཡོད་པ་གཅིག་ཡིན་ཕྱིན་སྐྱེ་བ་ཡིན་མིན་ཐེ་ཚོམ་ཟ་བའམ། གལ་ཏེ་སྐྱེ་བ་མིན་པར་གྱུར་པ་ཞིག་ཀྱང་བརྙས་ཤིང་ཁྱད་དུ་གསོད་ན། དཔེར་ན་འཇིམ་གཟུགས་ཀྱི་ཤཱཀྱ་ཐུབ་པ་ཤཱཀ་ཐུབ་དངོས་མིན་ཡང་དེ་ལ་སྨོད་ན་རྣམ་སྨིན་ལྕི་བ་དང་བཤིག་པ་སོགས་ཀྱིས་ནི་མི་ཟད་པའི་ལས་ངན་དུ་འགྲོ་བ་དང་མཚུངས་བས་སོ། །ཡང་འདི་ལ་སྐྱེ་བ་ཡིན་མིན་གང་ལྟར་ཡང་བསྟན་འགྲོར་ཕན་འདོགས་ཀྱི་ནུས་པ་མེད་པར་ཆོས་མིན་གྱི་སྤྱོད་པར་དུས་འདའ་ཞིང་རྒྱལ་བའི་བསྟན་དང་བླ་མ་གོང་མའི་མཚན་ལ་རྨ་འབྱིན་ཅིང་དཀོར་གྱི་སྤྱང་ཀིར་ལྟ་བུས་སུན་ཕྱུངས་ན་གོང་ལྟར་ཉེས་པ་མི་འབྱུང་སྟེ་ཇི་ཞེ་ན། སྐུ་སྐྱེར་གྲགས་ཀྱང་ཆོས་མིན་སྤྱོད་པ་དེ་ནི་མི་གཙང་བའི་ཕུང་པོར་ཤཱཀ་ཐུབ་ཡིན་སྨྲ་མཁན་ལ་སྒྲིབ་པར་འགྱུར་ལ། དེ་ལ་འདི་མི་གཙང་བའི་ཕུང་པོའོ། །ཤཱཀྱ་ཐུབ་པ་མ་ཡིན་སྨྲ་ན་སྒྲིབ་པར་མི་འགྱུར་བར་མཚུངས་པར་གོ་དགོས་སོ། །དེ་ལྟར་ཡང་ཕྱིས་འབྱུང་རང་འདྲ་སྐྱེ་བར་གྲགས་པ་རྣམས་དང་གདན་དབོན་གྲྭ་འཁོར་ཀུན་གྱིས་ངེས་ཤིང་རྟོགས་པར་བྱ་དགོས་མོད། འོན་ཀྱང་སྤྲང་པོའི་གླུ་ལ་སྙན་ཚིག་ཡོད་ཀྱང་ཉན་མཁན་མེད་པའི་དཔེ་དང་འདྲ། དེ་ལྟའི་འཕྲོས་དོན་སྨྲ་བ་ན་ཟད་པ་མེད་མོད་ཀྱི། ད་ནི་དཀྱུས་སུ་འཇུག་ན་ཁོ་བོ་ཅག་གདན་སར་མ་སླེབ་སྔོན་ནི་སྨོས་ཀྱང་མ་དགོས་སླེབ་ནས་ཡང་རྗེ་གདན་དྲུང་གི་ཐུགས་རྗེས་གཟིགས་པ་དེ་ཁོ་ན་ལས། གཞན་དེ་སྐབས་ཀྱི་དབོན་རིགས་གྲྭ་འཁོར་ཚོས་ཆོས་ཀྱི་ཕན་འདོགས་ནི་རང་རང་ལ་གཞི་མ་གྲུབ་པས་ཅི་བྱེད། འཇིག་རྟེན་གྱི་ཕན་འདོགས་ཡང་ཡེ་ནས་མ་བྱུང་མོད། དེ་ཡང་ཕར་བཞག་གདན་སར་སླེབ་ནས་མི་ལོ་བརྒྱད་ཀྱི་བར་དུ་གདན་སའི་དབོན་གཉེར་གྲྭ་འཁོར་དྲག་པ་ཕལ་ཆེ་བས་སྤྱན་རས་བཟླུམ་པོས་སྤྲུལ་སྐུ་ཞེས་མིང་ཟུར་ལ་བཀའ་བསྐྱོན་རྟག་ཏུ་ཡོང་བའི་གནས་སུ་བྱས་ནས་སྡོད་པ་ཡིན། སྐུ་སྐྱེ་གཞན་ལྟར་ངེད་མིན་ཞེས་པ་དེ་ཡང་ལགས། གང་ལྟར་ཁོ་བོ་སུ་ཞིག་གི་སྐྱེ་བ་ཡིན་ཀྱང་རུང་། ངེད་རང་ལ་ནི་ཁྱད་ཅུང་ཟད་ཀྱང་མི་བདོག་གོ །རིག་འཛིན་པདྨ་ནོར་བུའི་སྐུ་ཉེ་གྲྭ་རིགས་མང་ཞིག་གི་དེ་ཡི་སྐྱེ་བ་བདག་མིན་པར་བསྒྲུབ་བཞིན་མིན་དུ་རུང་མོད། དེ་ལྟ་ན་ཡང་སྔོན་ལས་ཀྱི་དབང་གིས་ཚེ་འདིར་མིང་སྤྲུལ་སྐུར་གྲགས་དགོས་ཞིག་དང་། དེ་ཡི་ཁྲལ་ཆོས་རྗེ་པདྨ་བློ་གྲོས་ཀྱི་གདན་རབས་ལ་མཇལ་དགོས་བྱུང་འདུག་པ་དེ་ལ་ཁྱེད་རྣམས་ཁོང་ཁྲོ་དྲག་པོ་མ་མཛད་ཅིག། ཁོ་བོ་ནི་བྱ་བྲལ་གུ་ཡངས་ཡན་པ་བློ་བདེའི་སྐྱེ་བར་སྨོན་གྱིས་མཆིས་ལགས་སོ། །དེ་ཡང་གདན་ས་ཡི་མིང་ཅན་དེར་རང་ཉིད་སླེབ་པ་ནས་བཟུང་རྒྱལ་ཁམས་མ་འགྲིམས་ཀྱི་བར་བླ་གྲྭའི་ནང་དུ་མཐོན་པོ་རྣམས་ལ་འགྲན་སེམས་མེད་པར་གོང་དུ་ཁུར་མཁས། བར་པ་རང་མཉམ་རྣམས་ལ་མཐོས་མནོན་མེད་པར་འགྲོགས་མཁས། དམན་པ་རྣམས་ལ་ཁྱད་གསོད་མེད་པར་བཀོལ་མཁས་སུ་རང་ངོས་ནས་ནི་བགྱིད་ཁུལ་བྱས། འོན་ཀྱང་རྒྱུད་མི་བསྲུན་པ་རེས་འགའ་དང་སྤྱོ་དགོས་པར་ནི་མཐའ་མ་བཀག་མོད། དུས་དེ་སྐབས་ཀྱི་སྤྱོད་པའི་ལོ་རྒྱུས་ཡིན་ལུགས་དྲང་པོ་ཀུན་ལ་གསལ་བ་དེ་ཡིན་ནོ། །གང་ལྟར་རྗེ་གདན་དྲུང་སྐུ་ཞོགས་སུ་སྡོད་རིང་ཡུལ་དེར་དཔག་པའི་སྐུ་སྐྱེའམ་སྤྲུལ་སྐུའི་མིང་ཅན་རྣམས་ཀྱི་མིག་སྲོལ་ལ་ངེད་རང་ནས་སྤངས་རྟོགས་ཡོན་ཏན་མེད་པས་བཟང་དཔེ་ནི་ཅི་ལ་འགྱུར། འོན་ཀྱང་ཕྱིའི་ཀུན་སྤྱོད་ལ་མ་དཔེར་འགྲོ་བ་ནི་མ་བྱས་ཏེ་འདི་སྐོར་གྱི་རྟོགས་བརྗོད་ཆ་ཤས་གཞན་དུ་བྲིས་པ་ལས་ཤེས་སོ། །གསེར་འཕྱང་གི་ལོ་འདི་ནས་ཕྱིའི་དགོན་རིས་སྦྱིན་བདག་ཡུལ་སྡེ་ཡོངས་ནི་མགུ་ཞིང་འཕྲིན་ལས་ནི་རྒྱས་པའི་དབུ་ཚུགས། ཡིན་པ་ནི་གཞན་དོན་མི་ནུས་པ་ལ་འཕྲིན་ལས་སྐྱེ་བ་བདུན་ཀྱིས་ཕྱེ་གཏོར་དུ་ནི་སྙིང་ནས་ངེས། ནང་གི་གྲྭ་རིགས་རྣམས་ཀྱིས་ནི་སྔར་ལས་ལྷག་ཙམ་གྱི་བཀའ་བཀྱོན་བརྙས་པ་ཁོ་ན་གནང་། རང་ཉིད་རྣམ་གཡེང་ཟང་ཟིང་གི་བློ་འདོད་དེ་འདྲ་སྙིང་ནས་མེད་ངེས་ཡིན་ཞིང་། དེ་སྟབས་རྗེ་བླ་མར་དགོངས་པ་ལན་གཅིག་མ་ཡིན་པར་ཡང་ཡང་ནན་དུ་ཞུས་པས། འདི་ལོ་ཟུར་མང་གཏེར་སྟོན་དྲུང་དུ་འགྲོ་ཆོག་པའི་བཀའ་ཡི་ཁྲོལ་ཆ་ཡང་བྱུང་ལ། དེ་མིན་སྡོད་དགོས་བྱུང་བར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཚིག་དོན་མཛོད་དཔེ་ལྟ་བྱས་པས་རྐྱེན་བྱས། དེ་ཕན་ཆད་ཀྱི་ཉམས་ལེན་མཉམ་མེད་སྒམ་པོ་པ་ཡབ་སྲས་ཀྱི་རྩེ་གཅིག་གི་རྣལ་འབྱོར་དུ་བརྡར་བཞག་པའི་གནས་འགྱུ་བར་ལག་འགྱེལ་བའམ་གཉིས་མེད་དུ་རྟོགས་པ་ནི།

ཁྱབ་བདག་རྩ་བའི་བླ་མ་ཀུན་བཟང་པདྨ་བདེ་བ་ཆེན་པོའི་སྤྱན་སྔར་སྐྱེས་ཤིང་ངོ་འཕྲོད་ཀྱང་། འདི་སྐབས་སུ་དེ་ཡང་ཕྱོགས་རེ་བ་རྒྱ་ཆུང་ངུར་སོང་སྟེ་སེམས་གཞི་མེད་རྩ་བྲལ་ཞེས་པ་དེ་སེམས་འཚོལ་སྐབས་ཀྱི་གོ་བབ་ཤེས་རབ་ཅན་ཕལ་ཆེ་ལ་བླ་མ་མྱོང་བ་ཅན་གྱི་ངོ་སྤྲོད་ཚེ་བློ་ཡུལ་དུ་ཡོང་བ་ཐུན་མོང་དེ་དང་ཡེ་མི་འདྲ་བའི་མྱོང་བ་ཞིག་སྐྱེས་པས་སྔར་གྱི་ཚིག་དེ་ཚོ་གོ་བ་འོལ་སྤྱི་རུ་སོང་། འདི་སྐབས་སུ་ཡང་ཕྱོགས་གཅིག་ནས་གོ་བར་འདུག་ཀྱང་གོ་བ་དེ་ནི་ཡང་དག་པའི་གོ་བ་སྤྲོས་པ་ཆོད་པ་དེར་གྱུར། གོ་བ་རྣམ་པར་དག་པ་ནི་རྟོགས་པ་དང་གཉིས་ཧ་ཅང་གི་ཁྱད་ཆེ་བ་མེད་ཞེས་གྲུབ་ཐོབ་ཨོ་རྒྱན་པའི་གསུང་ཡིད་བཟང་བརྩེ་བའི་རྣམ་ཐར་དུ་དྲངས། ངེད་རང་གི་ཤར་ཚུལ་དང་ནི་མཐུན་གཞན་ཚོ་དང་མཐུན་མིན་ནི་མ་ཤེས་སོ། །དེ་ཡན་ཆད་དུ་ཉམས་ཀྱི་འཆར་ཆ་ཚད་བཟུང་ལས་འདས་པ་བྱུང་བ་སྔོན་གྱི་སྦྱངས་ལྷག་ཏུ་གྱུར་ཀྱང་དེ་ངོ་ཅུང་ཟད་མ་འཕྲོད་པ་དང་ཚུལ་བཞིན་སྐྱོང་རྒྱུ་མ་བྱུང་བས་ཕྱིས་དཀོར་རྫས་ལ་ལོངས་སྤྱོད་ཚེ་འགྲིབ་པར་གྱུར་པ་ཡི་ཚད་བཟུང་མ་ནུས་གཤིས། དེས་ན་སྐབས་འདིའི་ཉམས་མྱོང་ཉིད་ཚེ་འདིར་དགེ་སྦྱོར་གཤའ་མ་སྐྱེ་བའི་རྐང་དེ་ནས་ཚུགས་པ་ཡིན། འོན་ཀྱང་འདི་དུས་ཕྱག་ཆེན་ལ་མོས་ཞེན་ཆེ་ཞིང་སེམས་ངོ་གོམས་འདྲིས་ཡང་དེ་ཀའི་བཞེད་པ་ལྟར་སྐྱོང་བ་ཡིན་པས། དེ་ལ་བཀའ་བརྒྱུད་པ་གོང་མ་རྣམས་ཀྱི་ཞལ་ནས་ཕྱག་ཆེན་རྟོགས་པའི་སྣེ་ཟིན་དགེ་སྦྱོར་སྐྱེས་ཀྱང་དེ་སྐབས་བརྩོན་པས་མ་སྐྱོངས་ན་བསྒོམ་འགྲིབ་འགྲོ་གསུངས་པ་དེ་ཡང་ཤིན་ཏུ་ནས་ཐུགས་མད་འདུག དེ་ལ་མཁས་གྲུབ་སོགས་བཟློག་པ་ཡབ་སྲས་རྣམས་ཀྱིས་ནི། སེམས་ཕྱོགས་ཀྱི་མན་ངག་སྤྱིར་བཏང་ཡུལ་ལམ་དུ་བྱེད་པ་དང་། ཀློང་ཆེན་པ་ཡན་ཡུལ་ཅན་ལམ་དུ་བྱེད་པས་རྫོགས་ཆེན་སྙིང་ཐིག་ལུགས་ལ་ངོ་བོ་མཐོང་ཕྱིན་མི་འགྲིབ་ཅེས་གསུངས་པ་དེ་ཡང་ཇི་ལྟ་བ་མཁྱེན་པའི་ལེགས་བཤད་ཡང་དག་པར་མངོན་ནོ། །བསོད་ནམས་མཐུ་ཡིས་བདེ་ཆེན་གླིང་དང་མཇལ། །རྒྱུ་དེས་ཆོས་ཀྱི་སྲོག་རྩ་བྱིན་རླབས་ཞུགས། །སྨོན་ལམ་སྟོབས་ཀྱིས་ཀུན་མཁྱེན་གསུང་ལ་མོས། །རྐྱེན་དེས་རྫོགས་ཆེན་གྲུབ་མཐར་མོས་གུས་བརྙེས། །དེ་དག་སྟོབས་ཀྱིས་ཉམས་ལེན་རྐང་པ་ཚུགས། །སྐལ་བ་དམན་ཡང་སྐལ་མེད་མིན་ཙམ་མངོན། །བཟང་ངན་ལས་ཀུན་བསླུ་མེད་རྒྱལ་བས་གསུངས། །ཇི་བཞིན་མ་འདྲེས་སྣང་ལ་ཡ་མཚན་སྐྱེས། །ཞེས་སོ། །ཉམས་མྱོང་དེ་ཀའི་རྒྱུན་ལ་བརྟེན་ནས་བླ་མ་གོང་མ་མང་ཞིག་གི་བཞེད་པ་ལྟར་ན་བདེ་སྟོང་དཔེ་ཡི་ཡེ་ཤེས་ཡང་དེ་སྐབས་ཆ་མཐུན་སྐྱེས་པར་རློམ་ཡང་། རྒྱུད་སྡེ་ཆེན་པོའི་དགོངས་དོན་ལྟར་ན་དེ་ཅུང་ཟད་མིན་པར་སྣང་ཡང་། གང་ལྟར་ཉམས་མྱོང་བརྟན་པོར་སྐྱེས་པའི་ནུས་པས་ཕྱི་ནང་རྟེན་འབྲེལ་གཅིག་པའི་གནད་ཀྱིས་ཕྱི་ན་ཡང་རང་ཉིད་གར་གནས་དེ་རུ་སྤྲིན་སྨུག་ན་བུན་འཇའི་རང་བཞིན་ཡ་མཚན་པ་དང་། རླུང་ཡང་དལ་བར་གཡོ་ཞིང་བག་དྲོ་ཡིད་དུ་འོང་བའི་རྣམ་པ་དང་། རང་གི་དྲུང་ན་འཁོད་པ་ཀུན་བག་ཕེབས་པ་དགའ་འཛུམ་གྱི་ངང་ཚུལ་དུ་སྣང་སྟེ། དོན་ལ་རང་སེམས་ལ་བདེ་ཉམས་ཀྱི་ཤར་ལུགས་ཙམ་ལས་ངེས་བཟུང་ཚད་མ་ནི་ཅི་ཕྱིར་ཡོད། གང་ལྟར་དེ་སྐབས་སུ་བདེ་སྡུག་སྙན་མི་སྙན་ཚ་གྲང་གི་མྱོང་རེག་རྣམས་ཀྱང་རྣམ་རྟོག་གི་རང་གཟུགས་ལས་གཞན་པའི་རང་རྒྱུད་བྱེ་བྲག་པར་གྲུབ་པའི་ངང་ཚུལ་དུ་རྟོགས་པ་དེ་དག་ཀུན་ཀྱང་རིག་ངོ་རོ་མཉམ་ཉིད་དུ་ཤར་བ་དང་། ལྷ་ལ་ཆགས་པ་འདྲེ་ལ་སྡང་ཞེན་ཡང་རེ་དོགས་ཀྱི་འཆར་ཆ་ཕྲ་མོ་ཙམ་ལས་གཞན་རང་སར་ཞི་ཞིང་། མངོན་ཞེན་རེ་དོགས་ཁོ་རང་ཡང་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་ཡོ་ལང་ལས་གཞན་དུ་མེད་པ་ནི་ངེས་ཤེས་གཏིང་ཚུགས་པ་སོགས་གཞན་བློར་འགལ་བ་རང་བློར་མ་འགལ་བའི་མྱོང་བ་དུ་མ་ཞིག་ཤར་ཏེ། དེ་དང་ཟླ་བ་གསུམ་ཙམ་བར་དུ་ཉམས་དེ་ཀ་བརྟན་པར་གནས་སོང་། འདི་སྐབས་སུ་དབེན་པའི་གནས་བརྟེན་གཏུམ་མོ་རླུང་ཐིག་གནད་དུ་བསྣུན་ནས་བོགས་འདོན་དགོས་རྒྱུ་ལ། དེ་ལྟར་མ་གྲུབ་པས་ཕྱིས་དགེ་སྦྱོར་ལ་བོགས་བསྐྱེད་ཤིན་ཏུ་ཆུང་བ་བྱུང་། སྤྱིར་ནི་མི་བརྟེན་པའི་མྱོང་བ་རྣམས་ཉམས་དང་བརྟན་པ་ནི་རྟོགས་པ་ཡིན་ཞེས་སྨྲ་ཡང་དོན་ལ་སེམས་ཉིད་རིགས་རྒྱུན་རང་གསལ་གྱི་ངོ་བོ་ལ་ནི་ནམ་ཡང་འཕོ་འགྱུར་མེད་ཀྱང་། གནས་སྐབས་སུ་ཀུན་རྫོབ་རྩ་རླུང་ཐིག་ལེ་འཕེལ་འགྲིབ་ཀྱི་རྟེན་འབྲེལ་དང་རྐྱེན་དབང་རྣམ་རྟོག་རླུང་གི་བྱེད་ལས་ཀྱི་དགེ་སྦྱོར་ལ་འཕེལ་བ་དང་འགྲིབ་པའི་ངང་ཚུལ་དུ་མ་ཞིག་ནི་སྟོན་མོད། འཕེལ་འགྲིབ་སྣང་ཡང་འཕེལ་འགྲིབ་ཀྱི་རྣམ་རྟོག་ཁོ་རེའི་རང་ངོ་མཉམ་ཉིད་དུ་ཤེས་པས་རྦ་རླབས་རྒྱ་མཚོར་ངོ་ཤེས་པ་ལྟ་བུར་སྙིང་ནས་ཐག་ཆོད་ཅིང་ཐེ་ཚོམ་ཕྲ་བ་ཅི་བྱས་གུ་ཡངས་ཟོལ་བདེ་བ་རྟོགས་པ་ཡིན་ལ་དེ་མ་ཡིན་པར་ངོ་བོར་འགྱུར་མེད་དེ་རྣམ་རྟོག་འགྱུར་བཅས་ཀྱིས་བསྒྲིབས་ནས་འཕེལ་འགྲིབ་ཉམས་ལ་བླང་དོར་དང་གང་ཤར་དེ་ཐོག་ཏུ་མི་བདེ་བའི་ཡིད་གཉིས་ཕྲ་མོ་ཡོད་ཕྱིན་ཉམས་མྱོང་ཕྱོགས་སུ་རང་ལུགས་ལ་བཞག་གོ །དེ་ལྟའི་རྣམ་བཞག་དང་རང་གི་ཉམས་མྱོང་ཕྲན་བུ་སྐྱེས་པའི་ངང་ཚུལ་རྒྱས་པར་ཡི་གེར་འཇིགས་པས་འདིར་མ་བཀོད་ཀྱི་གཞན་དུ་སྨྲ་བས་དེར་རྟོགས་པར་བྱའོ། །འདི་ལོ་ཟུར་མང་དུ་འགྲོ་ཐག་ཆོད་རྩིས་ཀྱིས་རྗེ་གདན་དྲུང་ལ་ཐོན་ཕྱག་ཞུ་བའི་ཕྱིར་ཉི་མ་ཕུག་ཏུ་སླེབས་སྐབས་གདན་ས་ནས་ཕོ་ཉ་མཆེད་མངགས་ཀྱི་ཕྱག་མཛོད་རི་བཀྲ་གནས་ནང་འགྲོ་ལམ་དུ་གློ་བུར་གནམ་རྡོ་ཞིག་སྤྱི་བོར་ལྷུངས་ནས་ཚེའི་དུས་བྱས་པར་ཇི་མྱུར་དུ་གཤེད་འཕྲལ་དང་ལམ་བསྟན་ཡོངས་དགོས་ཚུལ་ཕེབས་པས་དེ་ཕྲལ་དུ་སྐུ་ཞོགས་སུ་བཅར་ནས་གཤེད་ཕྲལ་ལམ་བསྟན་རྣམས་ཁ་ཞེ་མེད་པར་བསྒྲུབ། དེ་སྐབས་ལན་གཅིག་ཉམས་ཀྱི་སྣང་བར་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཁྲུ་གང་པ་ཙམ་དང་། རྨི་ལམ་དུ་འོད་ཀྱི་རྣམ་པར་རྡོ་རྗེ་ཁྲོ་ལོད་དཀར་པོ་ཞིག་ཀྱང་མཇལ། ཕྱག་མཛོད་ཀྱི་གཤེགས་རྫོང་གྲུབ་འཕྲལ་དུ་ཟུར་མང་དུ་འགྲོ་རྩིས་ཡིན་ཀྱང་ཕྱག་མཛོད་གཤེགས་སྟབས་ཀྱིས་གདན་དྲུང་ནས་རེ་ཞིག་བཀའི་མ་གནང་ཞིང་། དེ་ནས་བྱ་བ་གཅིག་གྲུབ་ཚེ་གཅིག་ཤར་བ་ཆུའི་གཉེར་མ་བཞིན་སངས་དུས་མེད་པས་འདས་ནས་རང་གི་བློ་འདོད་ལ་ཡོད་པའི་རི་དྭགས་རྨས་མ་ལྟ་བུ་དབེན་པའི་གནས་སུ་རྩེ་གཅིག་ཏུ་བསྒྲུབ་པ་ལ་གཞོལ་ནས་ལུས་རྟེན་འདིར་གྲུབ་པ་ཐོབ་པ་ཞིག་ཅིས་ཀྱང་བྱའོ་སྙམ་ཡང་མ་གྲུབ་པ་དེར་གདའ། གང་ལྟར་གོང་གི་ཉམས་ཀྱི་འཕྲོས་སུ་འདི་སྐབས་ཅི་སྣང་ཀུན་ལྷ་ཡི་རང་བཞིན་དུ་ཤར་བ་ཞིག་བྱུང་། དེ་སྐབས་དགེ་སྦྱོར་སྐྱེ་ཚུལ་ཙམ་ལས་གཞན་དུ་མ་དམིགས་ཀྱང་། དུས་ཕྱིས་རྒྱུད་གཞུང་གི་དོན་ཆ་ཤས་ཐོས་ཚེ་རྒྱུད་ནས་བཤད་བཞིན་པའི་ལུས་དབེན་རྣལ་མ་དེ་སྐྱེས་པ་ཡིན་འདུག

འདིར་སྨྲས་པ། བཅོས་མེད་ཆོས་ཉིད་བཅོས་མའི་སེམས་ཀྱིས་བསྒྲིབས། །མ་བཅོས་རང་རིག་རང་ངོ་ཤེས་པའི་ཚེ། །ཅིར་སྣང་བདེ་ཆེན་ལྷ་ཡི་རོལ་པར་ཤར། །ཞལ་ཕྱག་ཅན་དང་ཞལ་ལས་འདས་པའི་ལྷ། །བཟོ་མེད་གཉུག་མའི་མཁའ་ལ་རང་གྲུབ་འདི། །ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རང་འགྲོས་ཏེ། །རྡོ་རྗེ་ཐེག་པའི་སྤྱི་གཞུང་གསང་འདུས་ཀྱི། །རྒྱུད་ལ་ཐུག་ཞེས་འཕགས་བོད་ཤིང་རྟ་ཆེ། །ཀུན་གྱི་བཞེད་བཞིན་ངེས་ཤེས་སྙིང་ནས་སྐྱེས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །མཐའ་བྲལ་ཕྱག་རྒྱ་ཆེ་འདི་རྨད་དུ་བྱུང་། །ཚུལ་འདི་རང་ཡང་སྐལ་བཟང་ཉིད་དུ་སེམས། །ཞེས་སོ། །ལྷག་ཏུ་འདི་དུས་ཟུར་མང་གཏེར་སྟོན་རིན་པོ་ཆེ་བཛྲ་ལ་ལཱི་ཏ་དང་མཇལ་དགོས་ཡོད་ཀྱང་རང་དབང་དུ་མ་གྱུར་ཏེ། རིན་ཆེན་ཆོས་དག་དཀོན་ལ་རྟག་ཏུ་འཚེ་བ་མང་། ཞེས་པ་ལྟར་ཕྱག་མཛོད་དུས་ལས་ཡོལ་བ་དེས། ངེད་རང་ལ་ནི་གདན་སའི་ཁུར་གྱིས་ཆོས་ཀྱི་བར་ཆད་ཤིན་ཏུ་ཆེ་བ་བྱུང་། ཕྱིས་ཆོས་བསྒྲུབ་བཞེད་རྣམས་ཕྱི་བཤོལ་དབང་དུ་ཡུད་ཙམ་ཡང་བཏང་མི་རུང་བར་གདའོ། །ལོ་དེར་བ་བལ་གྱི་ནང་འཁྲུག་སྟོབས་ཆེ་བ་དེ་ཡང་བཟླུམ་པས་ཐོག་མར་དཀའ་ཚེགས་ཆེ་ཡང་རང་གི་འབད་པ་ཆེན་པོ་བྱས་ཤིང་མཐར་འགྲིག་ལ་ཉེ་སྐབས་རྗེ་གདན་དྲུང་དང་ཀུན་རྣམ་ཡང་བྱོན་པ་ཡིན། ལོ་དེའི་སྟོན་གཞུག་ལ་ཀཿཐོག་ཏུ་ཕྱིན་རྒྱལ་བའི་སྲས་བསོད་ནམས་ལྡེའུ་བཙན་ཞབས་མཇལ་ཞིང་ལྷ་ལས་བབ་པའི་དུས་བཟང་པོར་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་སྐྲ་ཕུད་ཡང་དེ་སྐབས་སུ་ཕུལ་བས་མིང་བསོད་ནམས་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོར་བཏགས། སྐྱབས་འགྲོའི་བསླབ་བྱ་སྡོམ་པ་ནི་སྔར་ནས་ཡང་ཡང་ཐོབ་མོད། སྐྲ་ཕུད་ནི་དེ་སྐབས་བར་ཕུལ་རྒྱུ་མ་བྱུང་། ཡིན་པ་ནི་གྲོགས་ཀྱི་མིག་སྲོལ་ངན་པའི་སྐྱོན་དང་རྩ་བའི་བླ་མ་ཞལ་མ་བཞུགས་ཕྱིན་གང་བྱུང་དུ་འབུལ་བར་བློ་མ་ཕྱོགས་པའི་དོན་ཀྱང་ཡིན། དེ་བས་སྔོན་ལ་ཕོ་མོ་སྐྲ་བཅད་ནི་མང་དུ་བྱུང་ཡང་། རང་གི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་ཡོད་པས་ལྟུང་བ་ཆེན་པོ་ནི་མི་འགྱུར་རུང་རང་གི་སྐྲ་མ་གཅོད་པར་གཞན་གྱི་སྐྲ་བྲེག་པར་ནི་ཉེས་བྱས་ནི་ཡོང་བར་བྱེད་དགོས་ལར་སྐྱབས་འགྲོ་ནས་ཚངས་སྤྱོད་ཀྱི་དགེ་བསྙེན་བར་བླངས་ཡུལ་མ་འབྱོར་ན། དཀོན་མཆོག་རྟེན་གྱི་དྲུང་དུ་རང་གིས་བླངས་བར་ཡང་རུང་བར་བཞེད་པས་སོ། །འདི་དེས་རིག་འཛིན་རོལ་པའི་རྡོ་རྗེ་ཉག་གཤིས་ཕྱོགས་སུ་བཞུགས་ཡོད་འདུག་པ་མཇལ་འདོས་སྐོམ་ནད་ཅན་ཆུའི་གདུང་བ་ལྟ་བུས་རྒྱུ་ཤས་གྲུ་ཁ་བར་ཕྱིན་ཀྱང་ཟླ་བོ་གཉིས་འགྲོ་མ་འདོད་པའི་གཡོ་རྒྱུས་དེ་ནས་ལོག་དགོས་བྱུང་། དེ་མིན་ངེད་རང་གཅིག་པུར་འགྲོ་ཆོག་མོད་ཀྱང་། མི་རྣམས་ཀྱིས་སྨྱོ་འདུག་ཞེས་པའི་ཁ་ཟེར་ལ་འཇིགས་ནས་འགྲོ་མ་བཏུབ། ཚེ་འདིའི་གཏམ་མི་སྙན་པར་དོགས་པས་བསླུས་པ་ཡིན། དམ་པའི་ལྷ་ཆོས་སྙིང་ནས་བསྒྲུབ་པ་རྣམས་ཚེ་འདི་སྣང་ལོ་འདོད་ཀྱི་གཏམ་མཐའ་དག་རྒྱབ་ཏུ་བོར་དགོས་འདུག་གོ །མི་ཚེ་ཡུད་ཙམ་ལ་མི་ཡི་འཕྱ་ཁྲེལ་ངན་བརྗོད་ཅི་བྱུང་བཟོད་པར་ལྷ་ཆོས་གཤའ་མ་ཞིག་དགོས་པར་གདའ་སྟེ་ད་རེས་ངེད་བློ་ཚན་ཨན་ཆུང་བས་བླ་མ་མ་མཇལ་གྱིས་ཕུང་ངོ་། །དེ་ཡང་གྲོགས་ངན་སྤྱང་ཀི་རྒྱབ་སེར་རྐྱེན་ལས་བྱུང་བ་ཡིན། ཆོས་ཀྱི་གེགས་བྱེད་པའི་གྲོགས་དེ་ལྟ་བུའི་དབང་དུ་འདི་ནས་བྱང་ཆུབ་ནམ་ཐོབ་བར་དུ་མི་འགྲོ་བར་སྨོན་གྱིས་འགྲུབ་པའི་དཔང་པོ་རྒྱལ་བ་སྲས་དང་། སློབ་མ་དེས་གསུང་བཀའ་ལུང་རྣམས་ཀྱིས་མཛོད་ཅིག།

རིག་པ་འཛིན་པ་ཚེ་དབང་ནོར་བུ་རང་ཉིད་ཀྱི་སྤྱད་རབས་ལས་བྱུང་བ་ལུ་མ་ནས་སྙིམ་པའི་ཆུ་ལྟར་ས་བོན་ཙམ་ཞིག་སྨོས་པ།

རིག་པ་འཛིན་པ་ཚེ་དབང་ནོར་བུ་རང་ཉིད་ཀྱི་སྤྱད་རབས་ལས་བྱུང་བ་ལུ་མ་ནས་སྙིམ་པའི་ཆུ་ལྟར་ས་བོན་ཙམ་ཞིག་སྨོས་པ་འདིར་བཞུགས་སོ། །

༈ ཨོཾ་སྭ་སྟི། བདེན་པར་གསུང་དེས་འཁོར་བ་སྡུག་བསྔལ་ཞིང་། །འདུས་བྱས་མི་རྟག་ཤེས་ནས་ངེས་འབྱུང་གི །ཐར་ལ་གཞོལ་བར་གདམས་བཞིན་མངོན་སུམ་པས། །རང་གིས་དགེར་སྤྱད་ཅུང་ཟད་ཡང་སྨྲ་བ། །དེ་ཡང་གནམ་བྱུང་གི་ལོ་གཞུག་ནས་བརྩམས་སྔ་འགྱུར་གྱི་རིང་ལུགས་བསླད་མེད་པ། དེ་བཞིན་གཤེགས་པ་ནས་ད་ལྟ་ལ་ཐུག་གི་བར་གཏེར་དང་དག་སྣང་ཞལ་གཟིགས་ལྟ་བུའི་འཕྲོ་འཐུད་པ་མ་ཡིན་པ་ཞལ་ནས་ཞལ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་སྙིང་པོ་ཕྱི་མའི་རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོ་ཡི་དབང་ལུང་མན་ངག་དང་བཅས་པ་སྔ་འགྱུར་གྱི་རིགས་སྔགས་འཆང་བ་སྦས་པའི་ཚུལ་ཅན་ལས་ལེགས་པར་ཐོས་པར་བྱས་ཤིང་། དེ་བཞིན་སེམས་དཔའ་ཆེན་པོ་རཏྣའི་མཚན་ཅན་ལ་དཀར་པོའི་ལོ་འཆར་བ་ནས་བརྩམས་ཀརྨ་སྙིང་ཐིག་གི་དབང་ཁྲིད་ཀྱི་རྒྱུན་གྱིས་མཚོན་སྔ་འགྱུར་གྱི་རྒྱུན་དཀོན་པ་མང་ཞིག་དང་བསྐྱར་ཏེ་ཡང་ཞུས་ཤིང་རྙིང་མ་རྒྱུད་འབུམ་གྱི་བཀླགས་ལུང་ཡང་ཚུགས་སྐབས་ཉིད་དུ་འཕགས་ཡུལ་གྱི་མུ་ཁུན་ཀྴེ་ཊ་ཞེས་བོད་ཡུལ་གྱི་གློ་བོར་འབོད་པའི་ལྗོངས་ཀྱི་བདག་མོ་ཡང་ཡུལ་ཕྱོགས་དེར་ངེད་ཡོང་དགོས་ཚུལ་དོ་གལ་ཆེན་པོས་བྱོན་པའི་ནན་མ་ཐེག་པར་སྣྲོན་ཟླ་བ་ལ་མངའ་རིས་གུང་ཐང་ནས་ཐོན་ཏེ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་གློ་བོའི་ཡུལ་མི་སེར་སྐྱེ་ཐམས་ཅད་ཀྱིས་རང་རང་འཁོས་སུ་དཔག་པའི་རོལ་མོའི་གླུ་གཞས་སོགས་ཚད་མེད་པའི་མདུན་བསུས་ཏེ་སྨོན་ཐང་ཁབ་ཏུ་འབྱོར། རིང་པོར་མ་ཐོགས་པར་རང་རང་གི་འདོད་མཐུན་ཚེ་དབང་གིས་སྣ་དྲངས་ཏེ་ཆོས་བཀའ་ཇི་སྙེད་དང་ཕྱོགས་དེར་འཁོད་པའི་སྐྱེ་བོ་མཐའ་དག་པར་དབུ་མ་ལུགས་ཀྱི་སྒོ་ནས་སེམས་བསྐྱེད་ཐུགས་རྗེ་ཆེན་པོའི་བསྒོམ་ཁྲིད་སོགས་ཆོས་བཀའ་ཇི་སྙེད་དང་། ཁྲོམ་མང་ཉུང་སྣ་ཚོགས་ལ་ཕལ་ཆེར་ལྔ་བརྒྱར་ལོང་པ་ལ་བླ་མའི་སྒྲུབ་ཐབས་དང་འབྲེལ་བའི་ཆོས་ཁྲིད་སྨར་བ་བཤད་ཅིང་། དེ་ཡི་ནང་ནས་ཉུང་འཐུས་ཁ་ཤས་པར་རྫོགས་པ་ཆེན་པོ་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཟབ་ཁྲིད་བཤད། རྗེ་རཏྣའི་མཚན་ཅན་ལ་རྒྱུད་འབུམ་གྱི་ལུང་གུང་ཐང་དུ་མ་རྫོགས་པའི་ལྷག་མ་འདིར་ཡང་ཞུས་ཤིང་། བླ་མ་ཡང་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ་རང་གནས་སུ་ཕེབས་པའི་སྐྱེལ་མ་བཅས་བཏང་། ངེད་གློ་བོ་སྨད་རྡོ་དང་ཆུ་ལ་མེ་འབར་བའི་གནས་སུ་བསྒྲོད་པར་བརྩམས་ནས་དགོན་པ་སྒང་དུ་སླེབས་སྐབས་དམ་ཅན་རྡོར་ལེགས་དང་གཉན་ཆེན་གེ་འཛོ་དག་ཡོང་ནས་བོད་ཀྱི་སོ་ཁ་བསྲུང་ཚུལ་དང་། འདི་ལོ་མཐའ་དམག་གི་དོགས་མེད་ཀྱང་ནང་དུ་ལྷ་ངན་འདྲེ་བརྫུ་ཡོང་འདྲ་ཞེས་སོགས་མོལ།

དེ་ནས་གློ་བོའི་གནས་ཆེན་གྱི་མཐིལ་དངོས་ཛ་ལཱགྣ་ཛྭ་ལར་ཚེས་དགུ་ལ་འབྱོར་ཞིང་བཅུ་ནས་བརྩམས། དེར་སྡོད་རིང་སྒོ་གསུམ་ལེ་ལོ་ཅུང་ཟད་ཀྱང་མ་སོང་བར་དཀྱིལ་འཁོར་གསུམ་དུ་ཅི་ནུས་སུ་མཉམ་པར་བཞག་ཅིང་ཚོགས་གཏོར་འབུམ་ཕྲག་དུ་མ་ངེད་རང་དངོས་དང་གྲྭ་ཚོགས་རྣམས་ནས་ཀྱང་བསགས་ཤིང་། དཔའ་བོ་དང་མཁའ་འགྲོ་རྣམས་དགྱེས་པ་མཉམ་བྱས། དེ་སྐབས་མཁའ་འགྲོ་མ་ཡི་འདུ་བ་ཉམས་སུ་མཐོང་བ་སོགས་ཡ་མཚན་པའི་ལྟས་ཁྲའུ་ཁྲའུ་བྱུང་། རང་དང་ལས་སྨོན་འབྲེལ་བའི་སྐྱེས་བུ་དམ་པ་འགའ་ཞིག་གི་འཕྲལ་གྱི་འགལ་རྐྱེན་ཁ་ཤས་ཞི་ནུས་པའི་ལྟས་ཀྱང་མཐོང་། འདིར་སླེབས་མཚམས་ཚེས་གྲངས་མ་ངེས་པ་ཞིག་ཏུ་དུས་ཟིང་འབྱུང་ངོ་ཞེས་པའི་སྒྲ་གསལ་པོ་རྣ་བར་བྱུང་བ་ཅི་ཡིན་སྙམ་པ་ལས་ཧ་ཅང་ཅེར་ཅེར་པོ་མ་བྱུང་། དེ་ནས་ཕྱི་རོལ་པ་རྣམས་ཀྱིས་ཁྱབ་འཇུག་གི་གནས་སུ་འདོད་པའི་ཀག་པ་ཎེ་ཀོ་ནེར་ཡང་གཏོར་ཆེན་ཞིག་གཏོང་བར་ཕྱིན། དེ་ནས་དགོན་པ་སྒང་དུ་ཞག་ཤས་ངལ་གསོས་ཤིང་དགོན་དེའི་བདག་པོ་བླ་མས་ཀྱང་དགོན་གཞིས་དེ་བདག་ལ་རྩིས་སུ་ཕུལ་བཞིན་རྟེན་འབྲེལ་ལ་དམིགས་བདག་གིར་ཁས་བླངས།

སྔར་ཐུན་མོང་ལྕགས་ཁྱི་ལོར་དཔལ་ཆེན་པོ་གནུབས་ནམ་མཁའི་སྙིང་པོ་ཡིས་རྡོ་རྗེ་ཐེག་རྒྱུད་ཐམས་ཅད་ཀྱི་བདག་པོར་བདག་ལ་དབང་བསྐུར་མཛད་པའི་སྣང་བ་བྱུང་བའི་མལ་ཐད་དེར་མཐིང་གི་ཧཱུྃ་ཡིག་ཞིག་ཀྱང་བྲིར་བཅུག སྔར་མ་ཕྱིན་སྟབས་རྒྱ་གད་ཀྱི་གྲོང་བགྲོད། དེའི་གཞི་བདག་བཙན་དེས་ཀྱང་དགའ་ནས་ཡུལ་ཆོས་དང་མཐུན་པར་རོལ་མོ་དང་གར་རྩེད་པའི་ཉམས་སྣང་བྱུང་། དགེ་གླིང་དང་བདུད་ལྕགས་ཀྱི་ཐོར་ཅོག་ཅན་གྱི་གནས་ག་མིའི་རྫོང་དུ་ཡང་ཞག་ཤས་བསྡད། དེ་ནས་གུ་རུའི་གནས་ཆེན་དགེ་དཀར་དུ་ཕྱིན། དེའི་གནས་བདག་སྲིད་པའི་མ་མོ་བདུན་དང་ཕུག་བདག་ཆེན་མོའི་དགུའི་ནང་ཚན་རྡོ་རྗེ་ལེགས་ལྡན་མས་དགའ་བའི་ཉམས་འགྱུར་ཅི་ཡང་བསྟན་ཅིང་། མངོན་སུམ་དུ་མི་ལ་རློམ་ནས་དམ་ཚིག་གི་མནའ་ཆུ་ལེན་པ་ཡང་བྱུང་། ཚོགས་གཏོར་གྱི་བྱ་བ་ཅི་ནུས་བགྱིས་ཤིང་འདུས་པའི་སྐྱེ་བོ་རྣམས་ལ་ཆོས་འབྲེལ་གྱི་རེ་བ་ཡང་བསྐང་།

དེ་ནས་སླར་ཡང་སྨོན་ཐང་དུ་འབྱོར། སྔར་བཀའ་ཆོས་ཞུ་བ་རྣམས་དང་། དེའི་ཁར་དོལ་པོ་ནས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས། ཛུམ་ལེ་ར་ཛའི་བཀའི་བློན་པོ་སོགས་དོན་གཉེར་ཅན་ཁ་ཤས་ལ་ཉི་མ་ཁ་ཡར་གྱི་བར་སྙིང་ཐིག་གི་དབང་ཚང་བར་བྱས། དོལ་པོ་རྡོ་རྗེ་འཛིན་ཆེན་པོ་ལ་ཕུར་པར་ཇོ་མོ་ལུགས་ཀྱི་ནང་ཚན་ཉང་ལུགས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་ཚར་གཉིས་དང་། རས་བྲིས་སྟེང་ནས་ཚར་གསུམ་སྟེ་ཁྱོན་ལྔ་ཞུས། སྔོན་ནས་ད་ལྟ་ཁོང་ལ་ཐུག་གི་བར་ཕུར་པའི་བསྙེན་ཆེན་གསུམ་ལྡབ་བར་མ་ཆད་བྱུང་འདུག་པར་བྱིན་བརླབས་ནན་ལྟར་དུ་བཟང་ཞིང་ཁོང་ནས་ཀྱང་ཕྱིན་ཆད་སྐུ་ཚེའི་རིང་ཕུར་བཟླས་ནད་སོགས་མ་གཅོགས་པ་མ་བྱུང་ཕྱིན་ཉིན་རེར་ཉི་ཁྲི་རེ་ཆག་མེད་དུ་ཞལ་བཞེས་མཛད་སོང་ལ། དོན་དུ་སྦས་ཚུལ་གྱི་གྲུབ་བརྙེས་ཞིག་ཏུ་གོ །

ག་མི་ནས་བརྩམས་དམག་གི་དཔུང་ཆེན་པོ་གཡོ་བའི་ལྟས་གསལ་པོ་བྱུང་བཞིན། བོད་ཁམས་སྡུག་ལ་གཏོད་པའི་གོད་ཆགས་སྣ་འདྲེན་མངའ་རིས་གུང་ནས་གྲོ་ཤོད་དུ་དམག་བསྐུལ་བའི་དུས་སུ་འདུག དེ་སྐབས་རྨི་ལམ་དུ་འཕྲལ་མར་ཕྱོགས་གཞན་དུ་མ་བསྐྱོད་ན་མི་ཁ་དང་གླེང་གཞི་ཆེ་བ་ཞིག་ཡོངས་ཞེས་བྱུང་། དེ་ནས་མི་རིང་བར་བོད་ཀྱི་སྲིད་སྐྱོང་ཆེན་པོ་ཝང་ནས་ཁྲི་སྐོར་ཡོ་ཡི་ཡོངས་ཀྱི་དམག་མངའ་རིར་བཅུག་ཅིང་། གཡུལ་སྤྲོད་དུ་ཆ་བ་ན་མི་བདག་གུང་ཚད་རིམ་ནད་ཀྱིས་ཉེན་སྟེ། ངེད་ལ་ཡང་ཅི་ལྟར་འགྱུར་བརྟག་ཞུ་དངུལ་བྲེ་ཆེན་གཅིག་དང་བཅས་བྱུང་བར། ཚེ་ཚད་དངོས་མ་ཡིན་ཀྱང་ཚེ་འཕྲང་ནི་ཤིན་ཏུ་དམ། ཡི་གེ་འདི་འབྱོར་བསྟུན་སྐུ་རིམ་འགྲུབ་ན་གྲོལ་བར་སྲིད་ཀྱང་ཕལ་ཆེར་ཐལ་བར་དོག་ཞེས་ཕོ་ཉ་བ་ལ་གསང་པོར་སྨྲས་བཞིན། རྒྱལ་ཟླ་བའི་ཚེས་བཅུ་ལ་དུས་ཀྱི་ཆོས་ཉིད་དུ་གྱུར་འདུག་ཅིང་། འཁོར་རྣམས་གཡུལ་དཔུང་སླེབ་འཕྲལ་ཕྱེ་མ་ལེབ་རླུང་གིས་བརྡས་པ་ལྟར་འཐབ་འཁྲུག་ཡེ་མེད་པར་སོ་སོར་གྱེས་ཤིང་། ངེད་ལ་ཡང་སྐྱབས་ཞུ་བདུན་ཅུ་སྐོར་བྱུང་ཞིང་། རང་གི་ལུས་ལོངས་སྤྱོད་དཔོན་པོའི་དགོངས་པ་ཚོམས་འཁྲུངས་ལ་མ་ལྟོས་པར་རང་ལ་སྐྱབས་ཞུ་ཙམ་མ་ཡིན་པར་གུང་གཡོག་ཚང་མར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡང་དག་པར་འདུན་སྟེ་ཐབས་དུ་མའི་སྒོ་ནས་ཞུ་ངོ་ནན་དུ་བགྱིས་པས་ཐོག་མ་བརྒྱ་དང་དགུ་བཅུའི་སྲོག་སྐྱོན་ཡོང་རྩིས། མཐར་ཉིས་བརྒྱ་སྐོར་སྲོག་ལ་ཉེས་སྐྱོན་མེད་པར་འགྲུབ་ཅིང་། དེ་བཞིན་གུང་གི་མཐུ་མཁན་རིམ་གྲོ་བ་སོགས་དགོན་པ་མང་ཞིག་ལ་བཀའ་སྐྱོན་དབྱིངས་ཆེ་ཙམ་འདུག་རུང་། དེ་རྣམས་ལ་ཡང་ཞུ་ངོའི་ཁོང་ནས་སྲོག་སྐྱོན་རྒྱང་འབུད་འཐོར་གོད་མེད་པར་འཇམ་ཆགས་སུ་སྡོད་ཆོག་པ་བྱུང་སོང་། རང་གི་གཏན་པ་མེད་པར་མི་འཇིགས་སྦྱིན་པ་དགེ་བ་རྫོགས་བྱང་དུ་བསྔོ་བ་ལས། སྙིགས་དུས་ཀྱི་སྐྱེ་བོ་དེ་རྣམས་ནས་རེ་ཟུང་ནི་སྲིད་མཐའ་མ་དགག་གཞན་ནི་དྲིན་དུ་བཟོ་བ་ཡང་ཅུང་ཟད་ཙམ་ཡང་མི་བྱེད་དོ། །དེར་ཡང་མ་ཟད་བོད་ཀྱི་བསྟན་པའི་མངའ་བདག་དགོན་སྡེ་ཆེ་ཁ་རྣམས་ནས་ངེད་རྣམས་གུང་གཡོག་ལ་ཕན་འདོགས་ཅུང་ཟད་ཀྱང་མ་ནུས་ཤིང་། ཁོ་བྱ་བྲལ་བ་ཞིག་གི་ཕན་འདོགས་བྱས་སོ་ཞེས་པའི་གཏམ་འདི་རྣ་བར་མི་སྙན་ཅིང་སྙིང་ལ་ཟུག་རྔུ་བསྐྱེད་པའི་ཚེར་མའོ་སེམས་ནས་དེ་ལ་བྱིངས་མི་སྙན་པའི་ཚིག་སྒྲུབ་བྱེད་པའི་རམ་འདེགས་བྱེད་པ་ཡང་ཆེས་མང་མོད། གང་ལྟར་རང་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགྱེས་པའི་མཚན་མ་ཅུང་ཟད་བྱུང་བས་དེས་དབུགས་དབྱུང་ཐོབ།

དེ་ལྟར་བགྱིད་འོས་འགས་ཟླ་བ་ཁ་ཤས་འགོར་ནས་རབ་མྱོས་ལྕགས་རྟ་ལོ་སྦོ་ཟླ་བའི་ཚེས་གཅིག་ལ་གློ་བོ་ནས་ཐོན་ཏེ་གྲོད་ཤོད་ཀྱི་རྒྱལ་པོ་གྲོ་མཆོག་པའི་མདུན་དུ་སླེབ་པ་ན། རྒྱ་ནག་དང་བོད་ཀྱི་ལྷ་འདྲེ་རྣམས་ཤྭོ་རྡེལ་བཀྲམ་སྟེ་རྒྱལ་ཕམ་རྩོད་པ་དག་ཀྱང་མཐོང་། དེ་སྐབས་རིམ་གྲོ་ལ་འབད་ན་བོད་སྤྱིར་ཅུང་ཟད་བདེ་བའི་གོ་སྐབས་རྙེད་པར་སྣང་ཡང་། སྤྱི་མཐུན་གྱི་ལས་ཀྱིས་མ་གྲུབ་པས་ས་སྦྲུལ་གྱི་སྟོན་མགོ་ཙམ་ནས་མིའི་བདག་པོ་ཡང་ཐུགས་འགྱུར་བའི་རྣམ་པས་ལེགས་པར་གསོལ་བ་ལ་མི་དགྱེས་པའི་རྣམ་པ་རེ་འདུག་པས་སྤྱིར་སྙན་དུ་གསོལ་དཀའ་ཡང་འདི་སྐབས་ཆ་ཤས་ཞུས་ཀྱང་། སྐུ་རིམ་གྱི་རྩོལ་བ་ཡེ་ནས་མཛད་མ་སོང་། དེ་ནས་ཚེས་བདུན་ལ་སྤྲ་དུན་དུ་འབྱོར། ཞི་བའི་སྦྱིན་བསྲེག་ཁ་ཡར་དང་། ཚེས་བཅུ་སོགས་དུས་ཆེན་ལ་གཏོར་མ་བཏང་། ལྷག་ཏུ་ཚེས་བཅོ་བརྒྱད་ཀྱི་ཉིན་བྱང་ཕྱོགས་ཀྱི་དེའུ་དེའི་རྩེར་ཕྱིན་གཏོར་མ་བཏང་བ་ལ་ཆེ་བཙན་པ་རོལ་སྐྱ་བདུན་རལ་པ་བསྭེ་ཡན་གྱི་གསེབ་ནས་མེ་ལྕེ་ལྗིབ་ལྗིབ་འཕྲོ་བཞིན་མངོན་སུམ་དུ་བྱུང་ནས་གཏོར་མ་ལེན་པའི་ཉམས་བྱུང་། དེར་འདུས་པ་ཐམས་ཅད་ཀྱིས་མཐུན་སྣང་དུ་རླུང་ཤིན་ཏུ་དྲག་པ་དང་རྔམ་ཞུད་ཚད་མེད་པ་བྱུང་ཟེར། དེ་ནི་དགའ་བ་དང་འཚུབ་པ་ཟུང་དུ་འབྲེལ་བ་སྟེ་ངེད་ལ་དགའ་ཞིང་གཞན་ལ་འཚུབ་པའི་མཚན་མའོ། །དེ་སྐབས་རྒྱལ་ཁྲིམས་ཀྱི་ཆད་པས་མི་ཉི་ཤུ་ཙམ་བསད་པ་ཡིན་འདུག་ཀྱང་མང་ཞིག་ནི་གདུག་འདྲེར་སྐྱེས་པའི་མཚན་མར་མཐོང་།

འདི་ལོ་ངེད་རང་བལ་ཡུལ་དུ་རང་བྱུང་མཆོད་རྟེན་ལ་མཆོད་འབུལ་ཞིབ་མོ་ཞིག་བགྱིད་འདོད་ཡིན་ཡང་དུས་ཟིང་དེས་བཤོལ་དགོས་བྱུང་ཞིང་། གུང་གཡོག་གི་སྲོག་སྐྱོབ་ལ་ཞུ་ནན་ཆེས་པས་དགོངས་པ་ཅུང་ཟད་མ་དགྱེས་པ་སེལ་བྱེད་དུ་ཡར་འབྲོག་ཆུ་ཚན་དུ་མཇལ་རྩིས་བྱས་ནས་དཔལ་མོ་ཆོས་སྡིངས་སུ་འབྱོར་སྐབས་སྦྱིན་བདག་གིས་ནན་གྱིས་བཤོལ་བཏབ་ནས་ཞག་མ་ཉུང་ཙམ་འགོར་བ་རྟེན་འབྲེལ་ཤིན་ཏུ་གནོད་པ་བྱུང་། དེ་སྐབས་མགོན་པོ་གཡུ་ཐོག་པའི་ཡུམ་ཤེས་རབ་དཔལ་འཕྲེང་དང་མཇལ་ནས་དབང་བཞི་བསྐུར་ཞིང་འཕྲལ་གྱི་ལུང་བསྟན་ཁ་ཡར་གནང་བ་ཡང་ཇི་བཞིན་པར་འགྲུབ། ལ་སྟོད་ལྷོར་ཕྱིན་སྔ་སོར་ས་སྦྲུལ་ནས་བརྩམས་པའི་ཀུན་རིག་གི་གཟུངས་སྔགས་དུང་ཕྱུར་གཉིས་གྲུབ་དགེ་བ་རྫོགས་བྱང་དུ་བསྔོས་ཤིང་། གཤིན་རྗེ་གཤེད་དམར་གྱི་སྙིང་པོ་འབྲུ་བཅུ་བཞི་པ་དུང་ཕྱུར་དང་། སྒྲོལ་མའི་བསྟོད་པ་འབུམ་ཕྲག་ལྔ་འཕྲལ་དུ་བསྒྲུབ། གྲོམ་པ་རྒྱང་། བོ་དོང་ཨེ། ཁྲོ་ཕུ་རྣམས་སུ་མཆོད་འབུལ་་སྨོན་ལམ་དང་བཅས་ཤིང་། སྲད་རིན་ཆེན་རྩེར་སྲིད་སྐྱོང་ཆེན་པོའི་དྲུང་དུ་ཚེས་བཅུ་ལ་འབྱོར། དེ་འཕྲལ་ངོས་མཇལ་ཐོག་བཀུར་བཟོས་སྔར་དང་ཆ་འདྲ་བ་ཐུགས་གཤིས་འགྱུར་བའི་རྣམ་པ་ཆེ་ཞིང་སྔར་ལྟར་གྱི་དབང་ཆོས་གསན་བཞེད་ཀྱི་སྤྲོས་པ་སྤངས་འདུག བླ་མཆོད་གཙོ་བོ་ཤེལ་སྟོད་པ་ཡང་དེར་བཞུགས་ཤིང་དེ་སྐབས་ཁྲུང་བཞེས་ནི་ཉིན་མཚན་མི་ཤེས་པ་ལྟར་སྣང་། རང་གི་གསལ་སྣང་ལ་ནི་རྒྱལ་སྲིད་ཡུན་རིང་དུ་མི་གནས་པའི་འཆར་སྒོ་བཅས་ཉེ་བར་འཁོད་པ་རྣམས་ལ་ཡང་གསལ་པོར་སྨྲས། དེ་སྐབས་རྒྱ་ཐག་ཤེར་སྤུན་ཁྲིམས་རར་ཆུད་དེ་སྲོག་སྐྱོབ་བྱས་ཀྱང་ཕྱིས་དྲིན་ལན་ལོག་གཞལ་སྔོན་དེ་བཞིན་གཤེགས་པས་ལྷས་བྱིན་ལ་ཕན་འདོགས་པ་ལྟ་བུ་འདིའོ། །ཡང་སྐྱོག་པོའི་བློ་ཅན་་འགས་ཕོ་ལྷར་སྐུ་རིམ་སྲི་གནོན་གྱི་རིགས་ངེད་ནས་བྱས་ན་ལེགས་ཚུལ་སྲིད་སྐྱོང་ལ་ཞུས་ནས་ངེད་ལ་བཀའ་ཕེབས་བྱུང་ཡང་། དེར་བརྟེན་མ་འོངས་གླེང་གཞི་ཆེན་པོ་འབྱུང་བར་ཤེས་ནས་རང་ཐག་ཆོད་པའི་སྒོ་ནས་ལས་བཞིའི་སྦྱིན་བསྲེག་བྱེད་པར་ཞུས།

དེ་ནས་བཀྲ་ཤིས་ལྷུན་པོར་ཕྱིན་རང་རེའི་ཞྭ་དམར་སྤྲུལ་པའི་སྐུ་མཆེད་དུ་གྱུར་པའི་རྨོངས་ཞེན་གྱིས་རང་ལ་ཅི་ཡོད་ཀྱི་འབུལ་སྤང་བསྐྱེད། ཚུར་ལ་ཡང་གདབ་ལན་ཆེས་བཟང་བ་བྱུང་། དེ་ནས་ཕོ་ལྷ་དང་གནས་གསར། རྩེ་ཆེན་རྣམས་བརྒྱུད་ར་ལུང་དུ་ཟླ་བ་གཅིག་ཉེ་ཙམ་སྡོད། ཡར་འབྲོག་ཏུ་ཕྱིན་ཡོམ་པོ་དོར་གུ་རུའི་ཕྱག་རྗེས་མཇལ། རྗེ་དཔའ་བོ་རིན་པོ་ཆེ་ཡང་ངོས་དང་འཕྲལ་དུ་འཕྲད་པར་ཕེབས་བཞིན་མུ་ཏིག་སྤ་མ་གོང་དུ་མཇལ། དེ་སྐབས་ཀླུ་སོགས་བོད་ཀྱི་ལྷ་འདྲེ་རྣམས་འཁྲུག་པའི་ཆོ་འཕྲུལ་ཤིན་ཏུ་ཆེ་ཞིང་འཚུབ་པར་བྱུང་། མཚུར་ཕུ་ནས་དྲུང་པ་ཡང་གཅེན་གྱི་སྤྱོད་པ་མ་བཟོད་པས་ཁོ་རང་རྒྱང་འབུད་དང་དབང་རིས་བདག་ཐོབ་གང་ཡོད་ཤེལ་སྟོད་པ་ལ་སྦྱར་རྒྱུའི་གཏམ་སྦིར་གྱིས་འཇིགས་ཤིང་སྐྲག་སྟེ་ངོ་ཆེན་ཞུ་དགོས་ཚུལ་གྱི་གནས་འདིར་བྱུང་བཞིན་ཞུ་དོན་ལེགས་པར་གཉལ་སྨད་དགེ་རིར་སླེབས་སྐབས་འགྲུབ་སོང་བ། དེ་སྐབས་ནི་དགའ་ཚོར་ཚད་མེད་བྱེད་ཀྱི་འདུག་ཁོ་བོ་ཡང་གཏིང་དུ་ཆོས་པའི་ཡང་མཐའ་བྱེད་སྙམ་པ་ཞིག་མི་བདོག ལྷོ་བྲག་གི་གནས་མཐའ་དག་མཇལ་བའི་ཆེད་དུ་ཕྱིན་ཡང་། དེར་སོང་ན་མི་ལེགས་ཚུལ་གྱི་ལུང་བསྟན་བྱུང་བས་དོག་པ་སྐྱེས་རྣ་བོ་ཅོག་ནས་ཚུར་ལོག གནས་དེར་སྔར་རང་ཉིད་ཆུང་ངུ་བྱིས་པའི་སྐབས་དང་ཆ་མཐུན་པའི་སྔོན་གནས་རྗེས་སུ་དྲན་པ་སོགས་གསལ་སྣང་མང་ཞིང་ཏིང་ངེ་འཛིན་ལ་ཡང་བོགས་ཅུང་ཟད་ཐོན། དེ་ནས་གཉལ་སྨད་དུ་འགྲོ་བར་འདོད་པའི་བགྲོད་ལམ་ལོ་རོ་བརྒྱུད།

སྔ་སོར་ཀུན་གཟིགས་སི་ཏུའི་ཞབས་སོགས་དམ་པ་རྣམས་ལ་ཐུགས་དམ་བརྟག་དཔྱད་ཞིབ་མོར་ཞུས་བཞིན་སྤྲུལ་པའི་སྐུར་སྙམ་པ་དེ་ཡང་ལྷ་བབས་ཀྱི་དུས་བཟང་པོ་ལ་རང་དང་ལྷན་ཅིག་ཏུ་རྗེས་སུ་དཀྲིས་རྒྱུར་བྱས། གཉལ་སྨད་དགེ་རིར་ཕྱིན་སྔ་ཕྱིར་གཏོར་ཚོགས་དང་། གཞོན་ནུའི་སྟོན་མོ་སོགས་རྟེན་འབྲེལ་ལ་ཕན་པ་རྣམས་བགྱིས། དེར་མཆོད་རྟེན་མཁའ་འགྲོ་མ་མང་པོའི་བཞེངས་པར་གྲགས་ཤིང་། དེ་ལ་ནམ་མཁའ་སྙིང་པོས་ཕྱག་མཛད་པའི་ཕྱག་རྗེས་གསལ་བར་བཞུགས་པའི་མཆོད་རྟེན་དེ་ནི་དུས་འཁོར་ཡེ་ཤེས་ལེའུ་ནས་བཤད་པའི་མཆོད་རྟེན་བཟོ་དབྱིངས་ཆ་ཚད་འཁྲུལ་མེད་དུ་སྣང་བས་ཤིན་ཏུ་ངོ་མཚར་སྐྱེས། འདི་སྐོར་དྲེའུ་ལྷས་སྤྲུལ་པའི་སྐུ་རིན་པོ་ཆེར་ཤངས་ཆོས་ཀྱི་བདེ་མཆོག་ལྷ་ལྔའི་དབང་རས་བྲིས་སྟེང་ནས་སྨིན་པ་དང་། ཆོས་དྲུག་ཕྱག་ཆེན་སོགས་ཁྲིད་ཆེན་ལྔ་ཚང་བར་བཤད། ཐུགས་མཁྱེན་རབ་ཆེ་ཞིང་སྣང་བ་གཤིམ་པ་བྱུང་། དེ་སྐབས་ལྟས་འཚུབ་ཆེ་བར་བསྟུད་མར་བྱུང་བཞིན་། སྨིན་དྲུག་ཟླ་བའི་ཚེས་ཕུག་ལུགས་བཅུ་གཉིས་ཆད་ཅིང་རང་ལུགས་ཀྱི་བཅུ་གཉིས་མ་ཆད་པའི་ཉི་མ་རྩེ་ཤར་སྐབས་ལྷ་ལྡན་དུ་མིའི་བདག་པོ་རྒྱ་ནག་ཏཱ་ཞིང་དག་གིས་གཡོ་ཐབས་ཀྱིས་བཀྲོངས་ཤིང་། ཉི་མ་དེ་ཀར་སྲིད་སྐྱོང་རང་གི་གཡོག་རིས་དྲག་པ་འདྲས་དཔུང་གི་སྦྱོར་བས་ཏཱ་ཞིང་གཉིས་ཀྱིས་མཚོན་རྒྱ་མི་སུམ་བརྒྱ་ལྷག་ཙམ་ཞིག་ལྔ་པའི་ལམ་དུ་བཀོད་ནས་ཁོ་པ་རྣམས་ཀྱང་ཅི་བདེར་གྱེས་འདུག ཚེས་བཅུ་དྲུག་ལ་དགའ་པཎ་གྱིས་བོད་གངས་ཅན་ལ་དབང་བསྒྱུར་བའི་གཏམ་དང་བཅས་དམག་གི་བསྐུལ་བརྡའི་ཐམ་ཀ་སྔར་ནག་པོ་དེ་དང་། མི་རིང་བར་གངས་ཅན་རྗེ་བོའི་ཁྲི་ལ་འཁོད་པ་ཡིན་ཞེས་ཐམ་ཀ་ཁ་དོག་དམར་པོར་བྱས་ཏེ་བྱུང་། དེ་འཕྲལ་རང་ཉིད་ཀྱང་ལྷ་ལྡན་འགྲོ་བར་སྙམ་ཡང་ཆོས་ལྟར་བཅོས་པའི་བྲེལ་བ་མང་པོས་གཡེངས་ནས་འགོར། དེ་སྐབས་ཤེད་ཁྱབ་འཇུག་ཆེན་པོ་ནམ་མཁའི་ཁ་དོག་ལྟ་བུ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་རྨི་ལམ་དུ་མཐོང་། འདི་ནི་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ཡིན་པས་ཐུན་མོང་གི་དངོས་གྲུབ་ཁ་ཅིག་ཞུའོ་སྙམ་པ་བྱུང་། ལར་དེ་སྐབས་མི་རྣམས་ཀྱི་བརྗོད་གླེང་སྣ་ཚོགས་པས་ཉེ་བར་འཁོད་པ་རྣམས་དོགས་པ་ཆུ་ལྟར་དུ་འཁོལ་ཡང་རང་ཉིད་ནི་འདི་ཕྱི་བར་དོ་ཀུན་རྣམ་རྟོག་གི་རི་མོ་ཙམ་ལས་གཞན་མེད་པར་ཆོས་ཉིད་ཀྱི་གཤིས་ལ་ངེས་ཤེས་ལྷག་པར་སྐྱེས་པས་ལེགས་ཉེས་གང་བྱུང་ཡང་ཆོག་སྙམ་པ་ལས་ཁུ་ཁྲིག་ཁྲིག་སྙེམ་གང་ཡང་མ་བྱུང་། ཚེས་གསུམ་གྱི་སྐབས་དྲག་ཤུལ་ཅན་ཞིག་རེ་ཞིག་གནོད་སྦྱིན་དུ་སྐྱེས་སམ་སྙམ་པ་བྱུང་། ངེད་ལ་གཞུང་ས་ནས་བཀའ་རྒྱ་ཞིག་རྩིས་དཔོན་ཕུན་ཚོགས་ཀྱིས་ཁོ་བོ་ཆེད་མངགས་སྐྱེལ་བཏང་བ་གཞུང་རང་གི་ངན་པ་དགུ་འཛོམ་དུ་འདོད་པའི་ཉི་མ་དེ་ལ་འབྱོར། དེ་ཉིན་ཕོ་ཉ་བ་འཕྲད་པ་དང་ཡི་གེ་ལེན་པ་གཉིས་ཀ་མ་ཐུབ། དེའི་སང་ཉིན་ཡི་གེ་ཁྱེར་ནས་རྔམ་ཟིལ་བསྐྱེད་ཀྱང་། ངེད་ཀྱི་ཆུ་འབབ་ཙམ་ལས་སྒེར་དུ་བཀུར་བཟོས་བསྟབ་མ་འདོད། ལྟ་སྟངས་ཀྱིས་གཟིར་བས་ནི་མཐར་གདོང་རོ་མདོག་ཏུ་སོང་། ཚེས་དགུ་ལ་ལྷ་ལྡན་དུ་འགྲོ་བའི་ལམ་དུ་ཞུགས། དལ་འགྲོས་ཀྱི་གསེར་ཁུ་ཆབ་ཚན་དུ་ཡང་བཅག་མལ་ཞིག་བྱས། དེ་ནས་ཡོངས་བ་ཤམ་པོའི་ལ་རྩེར་འབྲོག་པ་བཟུང་གཡག་ལ་གདུགས་དང་རྒྱལ་མཚན་ཆེས་ཆེ་བ་འཛུགས་ཏེ་ཡོངས་བ་ཁ་ཡར་དང་འཕྲད་པ་ནི་ཤམ་པོ་དགའ་ཞིང་ངེད་རང་ལ་ལེགས་པའི་ལྟས་སུ་གོ །

ཚེས་བཅུ་བཞིར་ཡར་སྟོད་ཀརྨ་ལྷ་ཁང་དུ་སྡོད་པའི་ནུབ་མོར་འཇམ་དཔལ་གཞོན་ནུར་གྱུར་པ་ཡི་བརྡའ་ཐབས་ཀྱི་སྒོ་ནས་འཇིགས་པ་ལས་རྣམ་པར་གྲོལ་བ་ཡི་དབུགས་དབྱུང་། ཚེས་བཅོ་ལྔར་ཁྲ་འབྲུག་ཏུ་འབྱོར། སྦྱིན་བདག་ཆེན་པོར་སྙིང་བརྩེ་བས་ཅི་ལྟར་འབྱོར་བའི་ཡོ་བྱད་ཀྱི་སྣང་གསལ་གཙོ་བོར་གྱུར་པའི་མཆོད་པ་དང་། སྙན་དར་ཡང་ཕུལ་ཞིང་སྨོན་ལམ་ཡང་དག་པས་རྒྱས་བཏབ། ཞོར་དུ་བྱ་ས་དང་ཀ་ཆུ་ལྷ་ཁང་མཇལ། བསམ་ཡས་སུ་འབྱོར་སྐབས་འཇའ་དཀར་པོ་ཞིག་དབུ་རྩེའི་ཐད་དུ་ཀ་བ་ལྟར་འགྲེང་བ་དང་། དཀོར་བདག་ཆོས་སྐྱོང་ཆེན་པོ་དེས་ཀྱང་སྔར་ལས་དགའ་བ་དང་གུས་པའི་རྣམ་འགྱུར་བསྟན། དུར་ཁྲོད་མ་མོའི་རིགས་ཡིན་པ་ཉ་བཤན་གྱི་བུ་མོ་ཞིག་ཀྱང་འཕྲད། བཅག་མལ་བྱས་ཏེ་དབུ་རྩེ་དང་རྟ་མགྲིན་གླིང་མཆོད་རྟེན་དཀར་པོ་རྣམས་ལ་མཆོད་འབུལ་སྨོན་ལམ་ཁྲ་འབྲུག་གི་དཔེ་འདྲེ་བྱས། བྱང་ཆུབ་ཆེན་པོའི་ཞལ་རས་ལན་མང་དུ་མཇལ་ཡང་འདི་རེས་ནི་མཚན་དཔེ་རྫོགས་པའི་མཐར་ཐུག་པ་ཞིག་ཏུ་མཐོང་བས་ཡིད་འཕྲོག་པ་བྱུང་། རྒོད་དཀར་ལ་ལ་ཡང་སེར་བུ་དང་བྲལ་ཞིང་ཉི་མ་མཆོག་ཏུ་དྭངས་བ་སོགས་ཡུལ་བདག་དེ་དགའ་བའི་རྣམ་འགྱུར་གྱིས་ཆེས་བདེ། ཚལ་གུང་ཐང་དུ་བཅག་མལ་ཞིག་བྱས་ནས་ཉི་ཤུ་གཉིས་ལ་ལྷ་ལྡན་དུ་འབྱོར། ཉི་ཤུ་གསུམ་ལ་པཎྜི་ཏར་མཇལ་ཁ་ཞིག་དགོས་ཚུལ་སྨྲས་ཀྱང་བཀའ་འདྲི་མང་ཙམ་བྱེད་རྒྱུ་ཡོད་པས་དེ་མ་གྲུབ་པར་མི་ཡོང་ཚུལ་བྱུང་བ། དེ་འཕྲལ་རྩེ་ལ་ཞུ་མཁན་བཏང་བས་རྟེན་འབྲེལ་གྱི་ནུས་པས་སང་ཡོང་ངོ་གསུངས་ལྟར་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ཕྱིན། ཀུན་གྱི་ལྐོག་གྱུར་ཤིབ་བུར་གཞུངས་ཀྱི་དགོངས་འཁྲེལ་གྱི་གནས་སོ་ཞེས་སྨོས་པར་བྱེད་ཀྱང་དེར་འདུས་པའི་དབུས་གཙང་གི་དྲུང་འཁོར་ཆེ་ཕྲས་མཚོན་བརྒྱ་ཕྲག་དུ་མས་གུས་པའི་ཞེ་ས་བཏབ་ནས་མགོ་བོས་འདུད་པར་བྱས་ཤིང་། སྔར་དང་མི་འདྲ་བའི་གུས་ཚུལ་སྟོན། ཡུན་ཅུང་ཟད་ལོན་པ་ན་གསེར་གདུང་གི་སྟེང་བ་གམ་སྲིད་ཞི་ཕུན་ཚོགས་སུ་གོང་ཞབས་མཇལ་བའི་ཕྱག་རྟེན་དུ་གན་དར། སུ་ཝརྞ་སྲང་གང་། རྡོ་བཅུད་སྲང་བཅོ་ལྔའི་གྲངས་ལྡན་བཅས་མགྲོན་གཉེར་ཉི་རྒྱལ་བ་བརྒྱུད་ཕུལ་ཞིང་ཕྱག་བྱེད་པའི་སྐབས་སུ་སྐུ་ལུས་དྲང་པོར་བསྲང་ཞིང་ཏིང་ངེ་འཛིན་གསལ་ཞིང་མཇལ་རྟེན་གྱི་དར་བདག་གི་ལག་ནས་འཛུམ་བཞིན་པས་ཕྱག་ཏུ་བཞེས་ཤིང་། གཡས་གྲལ་གདན་ཁ་གང་མ་ཞིག་འདུག་པ་ལ་མགྲོན་གཉེར་དུ་མས་ནན་ཏུར་གྱིས་བཀུར་ཡང་བབས་ཐོབ་མེད་ཚུལ་གྱིས་ས་རྗེན་ལ་སྡོད། ཐོན་གདོང་སླར་ཡང་ཕྱག་དང་བཅས་ཏེ་གནས་ཚུལ་ཁ་ཤས་གསོལ་བས་འཚམས་འདྲི་དང་ལན་ཡིད་ལ་བབ་པས་བྱབ། བཞུགས་གྲལ་དེར་པཎྜི་ཏ་ཡང་སྲིད་སྐྱོང་སྔ་མ་རྣམས་དང་ཁྲི་མཚུངས་པར་གཡོན་ངོས་སུ་བཞུགས་འཇུག་པ་ལ་ཡང་དར་གཅིག་བསྟབ་པར་མགོ་བོས་དུད་ཙམ་བྱས་སོང་། ཁོ་རང་ལ་སྒེར་མཇལ་ཞུས་པར་མི་ཡོང་ཞེས་རྩེགས་རྩེགས་པོ་བྱས་པ་དེ་ཡང་ལྷུས་མ་ཐིང་བའི་རྣམ་པ་བྱུང་། ངེད་རང་ནི་འདི་སྐབས་ཀུན་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཡུལ་དང་ཡུལ་ཅན་མི་ཕྱེད་པ་ཆོས་ཐམས་ཅད་ཀྱི་གཏིང་ལ་སླེབ་པ་འདྲ་ཞིག་བྱུང་། དེ་ཡང་རྟོགས་པའི་ངོ་བོ་ལ་ཉམས་ཀྱིས་རྒྱན་བཏགས་པར་སྣང་། ཅི་ཕྱིར་ངོ་བོ་འགྱུར་བ་མེད་ཀྱང་གསལ་སྣང་ལ་འཕེལ་འགྲིབ་དུ་ཆ་བས་སོ།

དེ་ནས་འགྲོ་བའི་མགོན་འབྲུག་པ་མཆོག་ཀྱང་ངེད་ལ་གཞུང་ནས་དབྱིངས་ཚོམ་ཡོང་བའི་སྒྲ་སྦིར་ཆེ་གཤིས་དེ་ཐག་མ་ཆོད་པར་བརྩེ་བའི་ཐུགས་ཀྱིས་ཕྱོགས་ཕེབས་བཤོལ་ཏེ། ལྷ་ལྡན་གཡུ་ཐོག་ཁང་གསར་དུ་བཞུགས་འདུག་པ་མཇལ་བར་ཕྱིན་ཤིན་ཏུ་དགྱེས་པར་མཛད། དཔལ་ལྡན་དཔའ་བོ་མཆོག་ཡང་དེ་དང་སྒོ་མཐུན་ལྷ་སར་བཞུགས་པ་དང་ཡང་ཡང་མཇལ། དེའི་ཕྱི་ཉིན་མཁན་རིན་པོ་ཆེ་དྷི་ར་དྷ་ར་ཤོད་ནས་བཀྲས་རབ་པ་བཅས་རྒྱུ་མཚན་མང་ཉུང་ཙམ་ལབ་པ་ལ་ལན་གང་ཡིན་པ་རྣལ་མ་བཏབ། སླར་ཡང་ཚེས་བརྒྱད་སྐབས་རང་གི་གནས་ཚུལ་དང་། བསྟན་པ་ཅི་ལས་འཕྲོས་པའི་གསོལ་འོས་ཇི་སྙེད་ཞིག་ཡི་གེའི་ལམ་དུ་བཀོད་དེ་གཞུང་སར་ཕུལ། ཚེས་བཅུ་ལ་སླར་ཡང་སྤྱིར་གྲུབ་མཐའ་ལ་བསྙད་ཅིང་བྱེ་བྲག་བཀའ་འདྲི་ཤིན་ཏུ་ལྕི་བ་བརྒྱད་ཕེབས་པར་དེ་ལ་བག་ཚ་བ་ཅུང་ཟད་ཀྱང་མ་མཆིས་པར་འཇིགས་པ་མེད་པའི་སྤོབས་པས་རྩ་ཐོ་ཡི་གེ་དང་ངག་ནས་རྒྱ་ཆེར་སྤེལ་ཏེ་སྙན་དུ་བཏབ། ཚུལ་དེས་བོད་སྔགས་རྙིང་པའི་ལྟ་གྲུབ་འཛིན་པ་རྣམས་དང་བཀའ་བརྒྱུད་སྤྱི་ལ་ཕན་ཐོགས་མ་ཆུང་ཙམ་བྱུང་སོང་ཡང་འདྲིས་ཆེ་བ་རེ་ཟུང་ལས་གཞན་ཀུན་གྱིས་ཤེས་པར་དཀའ། བཀའ་འདྲི་དེ་ལྟར་ཕེབས་པའི་རྐྱེན་ནི་ངེད་ལ་འཕྲིན་ལས་ཐན་ཐུན་བྱུང་བར་སེར་འབྲས་ཀྱི་ཀུན་སློང་ཅན་ཁ་ཅིག་མ་དགེས་པའི་ཞོར་དང་། གཙོ་བོར་མཚུར་ཕུ་སྒར་འོག་ཕྱོགས་གཏོགས་རྣམས་ཀྱིས་ནན་གྱིས་དཀྲུག་པའི་རྒྱུ་ལས་སོ། །ཚེས་ཉི་ཤུ་སྐོར་ལ་རྒྱ་ཡི་ཟི་ལིང་ཨན་བན་དེ་འབྱོར་ནས། ཚེས་ཉེར་ལྔ་ལ་ཝང་གི་ཕྱག་གཡོག་རྒྱ་དཔུང་འཇོམས་པར་བྱེད་པ་སྔར་འཐོབ་བ་རྣམས་པཎྜི་ཏ་རང་ཉིད་སྲིད་སྐྱོང་ཡིན་རྒྱུའི་རྩིས་ཀྱིས་འཛིན་སྦྱངས་བྱས་པ་ཉི་ཤུ་ལྷག་ཙམ་ཞིག་སྲོག་བཀུམ་པ་ལ་ཡང་སྙིང་ཐག་པ་ནས་བསྔོ་སྨོན་བཟང་པོ་བྱས། ཁ་ཅིག་ངན་འགྲོ་ཆེན་པོའི་འཇིགས་ལས་སྐྱོབ་ནུས་པར་ཡང་སེམས། ཚེས་ཉེར་དྲུག་ཉིན་ཆེན་པོ་ཁ་ཅིག་གི་རྒྱུད་མི་མ་ཡིན་གྱིས་བསྐུལ་ཏེ་མཐའ་དམག་བཟློག་པའི་བྱ་བ་སོགས་སླད་ནས་མི་བརྩམས་པའི་དག་པ་དགོས་ཞེས་གསུང་བྱུང་བ།དེས་བདག་ལ་རུང་ན་རྐང་བརྐྱངས་ལ་དེ་བས་ཀྱང་རུང་སྙམ་སྟེ་རེ་ཞིག་དེ་ལྟར་ཁས་བླངས། བོད་སྤྱིའི་རྟེན་འབྲེལ་ལ་ནི་ཤིན་ཏུ་གནོད་ཚབ་ཆེ་བར་རྟོགས། གོང་ཞབས་ཀྱི་ཡོངས་འཛིན་ནུ་མོད་ཧུའང་ནས་རང་ཅག་ཁམས་སོག་ཡུལ་མཐུན་ཞིང་ངེད་གུ་རུ་པདྨ་ལ་སྙིང་ནས་མོས་མཁན་ཡིན། ཁྱེད་རང་བྱ་བྲལ་གྱི་སྤྱོད་པ་སྔར་མུས་ལྟར་ཅི་བདེར་སྐྱོངས་ཤིག་སོགས་མཛེས་ཚིག་ཇི་སྙེད་ཞིག་བརྒྱུད་དེ་འཕྲོས་སུ་བྱུང་། དེ་དང་གོང་ཞབས་ནས་ཀྱང་ལྷ་ལྡན་དུ་ཡུན་རིང་སྡོད་ན་མི་དགེས་ཚུལ་བཀའ་བསྟུད་མར་ཕེབས་གཤིས་དགོངས་སྦྱར་གྱིས་སྐྱེས་བདག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་ལྷ་ལྡན་ནས་ཐོན་ཏེ་ཁྱུང་རྫོང་བྲག་གི་རི་ཁྲོད་དུ་འབྱོར། ལྷ་སར་དྲུང་འཁོར་མང་ཞིག་དབང་ཆོས་ཀྱི་འཕྲོ་ལུས་པས་ཡིད་ཅུང་ཟད་འཕྲེང་བ་བྱུང་།

གཉལ་ནས་བརྩམས་གནས་འདིར་སླེབ་ཀྱི་བར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཞེན་འཁྲིས་ཀྱི་ཡུལ་དུ་མ་གྱུར་ཞིང་། དོན་དམ་གྱི་གཤིས་སྟོང་པ་ཉིད་སྙིང་རྗེ་དང་ཟུང་དུ་འབྲེལ་བ་བྱུང་ཚོར་གྱི་རྟོག་པ་ཀུན་སྦྲུལ་མདུད་ལྟར་རང་སར་གྲོལ་བ་བདེ་བའི་གོ་སྐབས་རྙེད་པ་བྱུང་། དེ་ནས་སྟོད་ལུང་དུ་གཞན་ཕྱོགས་མི་སྲུན་པ་མང་ཞིག་གི་དཔའ་བཀོང་བའི་སླད་དུ་གཞུང་ནས་ཀྱང་བཀུར་ཟོས་ཆེན་པོས་བྱབ་པའི་འུ་ལག་བཅས་དལ་འགྲོས་ཀྱི་ཚེས་དགུ་ལ་སྐྱེར་སྒང་དུ་འབྱོར། ཚེས་བཅུ་ལ་སྤྱོད་འཆང་བའི་སྲོལ་ལྟར་འཁོར་ལོ་བདེ་མཆོག་གི་ཚོགས་ཀྱི་འཁོར་ལོ་རྒྱས་པ་ཞིག་བཏང་། འགྲོ་བའི་མགོན་པོ་འབྲུག་པས་ཀྱང་སྒྲོལ་མའི་སྐུ་དང་། གསེར་ཞོ་སོ་བདུན་གྱིས་མཚོན་དངོས་པོ་ཕོན་ཆེ་ཞིང་རྣམ་པར་དག་པ་དང་ལྷན་ཅིག་ཡུན་འཚོ་བསྩལ་བ་དང་། ཡུལ་མདོ་ཁམས་ནས་ཞྭ་དམར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། ཀུན་གཟིགས་སི་ཏུ་རིན་པོ་ཆེ་ནས་ཀྱང་བརྩེ་བའི་ཐུགས་ཀྱིས་མ་སྐྱུད་པའི་ཆབ་ཤོག་ཡུན་འཚོའི་རྟེན་བཅས་ཆེད་མངགས་ཀྱི་བྱ་མ་རྟ་ཡི་གདོང་དུ་དེར་འབྱོར་བ་རྟེན་འབྲེལ་ལེགས་པའི་མཚན་མར་གོ །

ཚེས་བཅུ་གཅིག་ལ་ཡོང་བའི་ལམ་བར་དུ་རྟ་བསུ་དང་། ཐབ་བསུ། སེར་འཕྲེང་སོགས་བསུ་བའི་བཀོད་པ་བཟང་པོ་དང་བཅས་མཚུར་ཕུར་ཕྱིན། དེ་སྐབས་རླུང་འཚུབ་ཤིན་ཏུ་ཆེ། དེ་ཡང་གྱེས་པ་དང་འཚུབ་པའི་མཚན་མ་ཅན་ནོ། །ཐོག་མར་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོ་ཞལ་རས་ལྷ་ཁང་དུ་མཇལ་བར་ཕྱག་བྱས། མཚུར་ཕུ་དྲུང་པ་ཡང་སྒོ་འགག་བར་བསུ་བ་ལ་བྱུང་། རྒྱལ་བའི་དབང་པོ་ནི་སྐུ་ཡི་བཞུགས་ཚུགས། གསུང་གི་བརྗོད་པ། ཐུགས་ཀྱི་འཆར་སྒོ་རྣམས་སྔར་དང་མི་འདྲ་བ་བབ་ཆགས་པས་ཡིད་མགུ་བ་ཐོབ། དེ་ནས་མི་རིང་བར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་དང་། གཞན་ཁྲིད་བཀའ་ཁ་ཤས་ཀྱང་དཔའ་བོ་རིན་པོ་ཆེ་དང་ལྷན་དུ་ཕུལ། མདོ་ལུགས་ཀྱི་ཁྲིད་རིམ་ཐམས་ཅད་ཀྱི་རྒྱལ་པོ་ཇོ་བོ་རྗེའི་ཐུགས་ཀྱི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པའི་འཕྲོ་ཡང་གོང་གི་ཡབ་སྲས་དང་དཀར་ལྕོག་སྤྲུལ་པའི་སྐུ་ལྷན་དུ་ཕུལ། སྦོ་ཟླའི་ཚེས་བཅོ་ལྔ་བྱང་བདག་སོགས་ཀྱི་རྒྱལ་བ་སྐུ་བལྟམ་པའི་དུས་སུ་འདོད་པ་དེར་ལྷ་ཆེན་འཛམ་གླིང་རྒྱན་གྱི་དྲུང་དུ་གོང་གི་ཡབ་སྲས་གསུམ་དང་རྒྱལ་ཚབ་བཅས་ལ་སེམས་ཙམ་དང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡང་དག་པ་གཞུང་ཚིག་གང་ཡིན་ལྷག་ཆད་ཀྱི་སྐྱོན་སྤངས་ཏེ་ཕུལ། དེ་ལྟ་ན་ཡང་བདག་ནི་མ་མཁས་མི་བསྡམས་ཉོན་མོངས་པའི་ཚང་ཚིང་དྲག་ཏུ་འཁྲུག་པ་ཞིག་གི་དེ་ལྟར་སྐབས་སུ་མི་ཆེ་བའི་ངེས་པ་གཏིང་ནས་རྙེད་ཀྱང་། སློབ་དཔོན་ལ་ཚིག་གི་རྒྱུན་ཐོབ་པ་ཙམ་ཁོ་ནས་ཡུར་བ་མ་ཆད་པའི་ཆུ་ལྟར་བསྟན་རྒྱུན་ལ་ཆེ་ཐང་དུ་དགོངས་ཏེ་བཞེས་པར་མཛད་པ་ནི་སློབ་མ་བཟང་པོའི་མཚན་ཉིད་དུ་གྱུར་ཀྱང་རང་ཉིད་བྱང་ཆུབ་སེམས་དཔའི་མཚན་ཉིད་མི་ལྡན་བཞིན་སློབ་དཔོན་གྱི་ཁུར་བཟུང་བ་ལ་ཉེས་ལྟུང་ཅི་ཙམ་མཆིས་པ་ཀུན་དཔང་གྱུར་རྒྱལ་བ་སྲས་བཅས་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་སྤྱན་སྔར་སྙིང་ཐག་པ་ནས་མཐོལ་ཞིང་བཤགས་དགོས་པར་སྣང་ངོ་། །སྤྱིར་ནི་དེར་ཟླ་བ་ཁ་ཤས་སྡོང་རིང་ཐུན་བར་དུ་ཆོས་ཀྱི་བྱ་བ་ཅུང་ཟད་ཙམ་ལས་ཕལ་ཆེ་བ་ཞིག་འཇིག་རྟེན་དགྲ་འདུལ་གཉེན་སྐྱོང་ལྟར་སྣང་བས་དུས་འདའ་བའི་རང་བཞིན་དུ་གྱུར་ཅིང་། ལྷ་སར་ཡང་རྒྱ་ཡི་ཙོང་དུ་ཨམ་པན་ཕྱི་མ་རྣམས་རིམ་པས་འབྱོར་རང་ལུགས་ཀྱི་སྦོ་ཟླ་ཕུག་པའི་བཤོལ་སྔ་འདོན་གྱི་ལོ་གསར་སྐབས་པཎྜི་ཏ་སྲིད་སྐྱོང་གི་ཁྲི་ལས་ཕབས་ཏེ་བཀའ་བློན་གྱི་གྲལ་དུ་འཁོད་ཅིང་། ཟླ་བ་དེའི་ཚེས་བཅུ་གཅིག་ལ་དགའ་ལྡན་ཁང་གསར་ནས་རྡོ་རིང་དུ་སྤོ་བ་དང་། ཟླ་བ་དེའི་རྗེས་མའི་ཚེས་གཅིག་ལ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ནས་གནང་བའི་ཐམ་དམར་དེ་གོང་ཞབས་སུ་བཞེས་ནས་ཕྱིན་ཆད་སྔར་སྤྱི་འགྲེའི་ཁ་དོག་ཏུ་བསྒྱུར་བ་སོགས་ཡ་ཆ་བ་བྱུང་། རང་ལ་དད་པ་ཅན་གྱིས་ཕུལ་བའི་དངོས་པོ་ཆུད་མི་ཟ་ཆེད་དུ་སྟོད་ཧོར་གྱི་ཟབ་གོས་གསེར་མ་ལ་མུ་ཏིག་གི་དྲ་བས་བསྒྲེལ་ཞིང་གཡུ་དམར་གྱིས་ཕྲ་བཏབ་པ་གསེར་སྟོང་གི་རིན་ཐང་ཅན་ཞིག་གཞུང་དེབ་དུ་སྦྱར་རྒྱུ་ཁྲི་ལྕམ་བདེ་ལྡན་སྒྲོལ་མ་ལ་དོ་དམ་བཅོལ་ནས་བསམ་ཡས་བྱང་ཆུབ་ཆེན་པོའི་དབུ་སྟེང་དུ་རྩ་བའི་བླ་མའི་དུས་ཆེན་གནམ་སྟོང་ལ་ཕུལ།

ཡང་དེ་སྐབས་རྙིང་མ་ཡི་རྡོར་སྨིན་བྱང་ཆུབ་གླིང་པ་སོགས་རྙིང་དགོན་ཆེ་ཁ་ཡི་ཕྱག་མགྲོན་སོགས་དྲག་རིམ་བཀུག་ནས་རྒྱུ་མཚན་འདྲི་བའི་ཕྲེང་བ་རྒྱ་ཆེར་སྤེལ་བའི་སྐབས་ཉིད། ལྷ་སའི་ཆེ་ཁག་རྣམས་ཀྱང་གཅིག་འོག་ཏུ་གཅིག་མི་འདུ་ཞིང་རེ་འཁོང་ཆེན་པོ་དང་བཅས་མཚོན་རྩེའི་རྐྱལ་པ་བཞིན་ནང་མི་གཤིམ་པ་སོགས་དུས་སྙིགས་མའི་རང་མཚང་ནི་གསལ་པོར་ངོམ་བཞིན་པས་ཡིད་སྐྱོ་བ་ཇེ་ཆེར་འཕེལ་བའི་རང་གཟུགས་ཉིད་དུ་གྱུར། ནག་ཟླའི་ཚེས་ཉི་ཤུ་ལ་རང་བྱུང་ཞབས་ཀྱིས་བྱིན་གྱིས་བརླབས་པའི་སྣང་བ་དང་བཅས་ཆོས་ཁམས་ལ་ངེས་ཤེས་ཁྱད་པར་ཅན་ཞིག་སྐྱེས། འདི་སྐབས་སྔ་ཕྱིར་མངའ་རིས་ནས་རྒྱལ་མོ་སྤུན་དང་། མངའ་རིར་རྗེ་འབྲུག་པའི་ཞལ་སྐྱིན་ཚུལ་དུ་འབྱོན་མཁན་གྱི་བླ་མ་ལོ་རི་བ། ལྷོ་བྲག་དྷི་ཚ་སྤྲུལ་སྐུ། ན་ལེནྡྲ་བཅོ་བརྒྱད་སྤྲུལ་པའི་སྐུ་རྣམས་བཀའ་ཆོས་ཀྱི་ཆེད་དུ་བྱོན་པར་སོ་སོའི་འདོད་ལྟར་ཅི་ནུས་ཀྱི་ཆོས་བཀའ་བཤད། གོང་ཞབས་ནས་དྭངས་བར་མཛད་པ་ཡི་རིམ་གྲོ་བ་ཆེན་པོའི་ལམ་ནས་བརྟག་པ་བགྱིད་དགོས་ཕེབས་པ་ཡང་། འབྱུང་འགྱུར་གནས་ཅུང་ཟད་གོ་ཡང་བརྡའ་དོན་འཕྲོད་རུང་ཙམ་ཞིག་ལས་ཕུལ་མ་སྤོབས། འོན་ཀྱང་དེ་ལ་དགྱེས་པས་དངུལ་གྱི་མཎྜལ་ཆུང་ངུ་ཞིག་དང་། གསེར་དངུལ་གྱི་ཕུར་མ་མཚོན་བྱེད་བཅས་སྐྱེས་སུ་ཕེབས། ནག་ཟླའི་ཚེས་བཅུ་བཞིའི་ནུབ་ལྷ་ཆེན་པོ་མ་ཧེས་ཤྭ་ར་འཕགས་ཡུལ་གྱི་སྒྲུབ་ཐབས་དང་མཐུན་པར་དྷ་རུ་དཀར་དམར་གྱི་མེ་ཏོག་ཤིན་ཏུ་མཛེས་པའི་རྒྱན་ཅན་ཞིག་ཀྱང་རྨི་ལམ་དུ་མཐོང་། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱིས་ཁོ་བོ་ལ་ཡང་ཡང་གཟིགས་པར་སེམས། ལར་ནི་རང་ཉིད་གཞོན་ནུའི་སྐབས་སུ་རྨི་ལམ་དགེ་བ་དང་མཐོང་སྣང་སྣ་ཚོགས་པར་རྩིས་སུ་བཟུང་ཡང་། དུས་ཕྱིས་དེ་ལ་ཅེར་ཅེར་པོ་མེད་ནས་ལོ་ཤིན་ཏུ་མང་ཞིང་། མཐའ་དག་ཡི་གེར་འབྲིར་ཡང་ག་ལ་ལོངས། གཞན་མཁའ་འགྲོ་རྣམས་ཀྱིས་ཀྱང་ཅུང་ཟད་བཀག་པས་སོ། །

དེ་ཡང་ལྷ་ལ་དགའ་བ་དང་འདྲེ་ལ་མི་དགའ་བ་མེད་ཞེས་རྟོགས་ལྡན་རྣམས་ཀྱིས་ཟེར་མོད། མཉམ་བཞག་དབྱིངས་སུ་ལ་བཟླ་བའི་སྐབས་དེ་ལྟ་ཡིན་མོད་ཀྱང་ཀུན་རྫོབ་ཀྱི་བདེན་པའི་མཐུས་ལྷ་མཐོང་བ་རྣམས་བག་བྲོ་ཞིང་ཉམས་དགའ་བ་དང་། བགེགས་མཐོང་ན་དེ་ལས་བཟློག་ཅིང་བར་མ་བཏང་སྙོམས་ཀྱི་ཚུལ་དུ་འཆར་བ་ད་ལྟའི་ཕུང་ཁམས་འདི་མི་འགྱུར་བདེ་བའི་དབྱིངས་སུ་དག་པ་ཡེ་ཤེས་ཀྱི་སྐུར་མ་སྨིན་བར་དེ་ལྟར་ཡོད་པར་གོ་ལ། འོན་ཀྱང་དགའ་སྡུག་བདེ་མི་བདེ་ལ་བཟང་ངན་གྱི་ཁྱད་འཛིན་ཅེར་ཅེར་པོ་མེད་ཆོས་ཉིད་གཉུག་མའི་དབྱིངས་སུ་ཁད་དེར་སྙོམ་པ་རྣལ་འབྱོར་ཐོབ་པ་ཁས་འཆེ་བ་རྣམས་ཀྱི་རྒྱུད་ལ་ངེས་པར་སྐྱེ་བའི་ཁྱད་ཆོས་སུ་བྱ་དགོས་སོ། །

སྤྱིར་བཏང་ཙམ་དུ་ཀུན་ལ་ཕན་གནོད་ཀྱི་ལྷ་འདྲེ་གང་མཐོང་ཡང་དགེ་དང་མི་དགེ་བའི་མཚན་མ་ཡིད་བདེ་དང་མི་བདེ་བའི་ཁྱད་པར་གྱིས་བརྟག་གོ་ཞེས་གྲགས་པ་ཡང་མཐུན་པའོ། །དུས་དེ་སྐབས་རྒྱང་ཤེར་བས་བློ་གྲོས་ཀྱི་ལང་ཚོ་ཕྱུང་ནས་ཀོང་པོ་ནས་ཕྱག་གར་ཡང་བསོ། རྣམ་གླིང་ནས་སྤྲུལ་བརྫུ་ཚུར་བཀུག བྱ་ཀོ་བའི་ལྷ་བུ་སྐུ་སྐྱེད་རྩེ་དྲུང་དུ་བཅུག དེའི་གཡོག་ཏུ་བྱ་རིས་པ་སོགས་དམ་ཉམས་ཁ་ཤས་དཀྲིས། མི་འོས་པའི་བྱ་བ་ལྷུ་རུ་བླངས་ནས་སྔོན་གྱི་གླེང་གཞི་རྩ་སློང་གི་བློ་འདོད་ཆེས་ཆེ་བ་ཡི་ཕུ་དཀྲུག་མདའ་དཀྲུག་བྱེད་ཀྱི་འདུག་པར་བློས་མ་བཟོད་པར་རྩེ་ཤོད་ཀྱི་མདུན་ན་འདོན་གལ་ཆེ་རིགས་ཐམས་ཅད་ལ་རྒྱུ་མཚན་ཞིབ་མོ་དངོས་པོའི་འབུལ་མནོན་རང་གི་རྔོ་གང་ཐོགས་བཅས་ལྷ་སར་བང་མི་ཡང་ཡང་གཟེར་གཏབ། ཞྭ་དམར་མཆོག་གི་ཕྱག་མཛོད་མགོན་པོ་ཡང་ལྷ་སར་ཡུན་རིང་པོའི་བར་དོན་དེ་སྐོར་གྱི་ཉན་ནོན་ཉེར་ལེན་བགྱིད་པར་བཞུགས་ཤིང་ཕྱག་ཏུ་དངོས་པོ་ཡང་སྲབ་པས་དཀའ་ཙམ་བྱུང་ཚོད་དང་། དཔའ་བོ་རིན་པོ་ཆེ་ཡང་དོན་འདི་སྐོར་ལ་ཐུགས་ངལ་ཆེ་ཡང་རེ་ཞིག་རང་ཕྱོགས་ལ་འཕོ་འགྱུར་གླིང་ལོག་མི་འབྱུང་བའི་རྐང་ཚུགས་སོང་རུང་རྒྱབ་སྐྱོར་སྐུའི་རིམ་གྲོ་ལ་འབད་དགོས་ནི་གལ་ཆེར་སྣང་།

དེ་ཡང་ཞྭ་དམར་མཆོག་གི་སྤྲུལ་པའི་སྐུ་རེ་ཞིག་བོད་དུ་གདན་ཆགས་ན་གླེང་གཞི་ཡང་རང་སར་གྲོལ་ཞིང་། ལུག་ལོ་ཤར་ཙམ་སྡེ་དགེ་ལྟ་བུའི་ཁམས་སུ་སྤྱན་འདྲེན་གྱི་དགོངས་ཞུ་གོང་ཞབས་ལ་བགྱིད་ན་ལྷིང་ཆགས་ཤིང་ལུགས་ལེགས་པ་ལྟ་བུར་སྣང་ཡང་། སྔ་སོར་མེ་སྟག་ལོར་ལྷ་ལྡན་བསམ་འགྲུབ་ཕོ་བྲང་དུ་སྡོད་སྐབས་ཉི་མ་ཤར་ཕྱོགས་ཀྱི་སྐུ་དོན་ནི་འགྲུབ་ཞེས་ལུས་མེད་ཀྱི་སྒྲ་གསལ་པོར་ཐོས་པ་དེ་སྐབས་དོན་ཅི་བཞིན་རྔོ་མ་ཐོགས་ཀྱང་ཡབ་སྲས་ལྷན་རྒྱས་མདོ་ཁམས་སུ་ཕེབས་རྒྱུའི་རྟེན་འབྲེལ་དུ་གོ །མཚུར་ལུགས་ཀྱི་ས་ག་དང་གཞུང་ལུགས་ཀྱི་ནག་པའི་ཚེས་ཉི་ཤུ་ལྔ་ལ་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོ་ཡང་ལྷ་ལྡན་དུ་གངས་ཅན་རྒྱལ་པོར་མཇལ་ཕྱག་ཞུ་བའི་ལམ་ཞུགས་གནང་བའི་སྐབས་ཀརྨ་པའི་སྐྱེ་འཕྲེང་ཞྭ་ནག་ཅོད་པཎ་བཅིང་བའི་སྐྱེས་བུ་ནི་བཅུ་གཅིག་གམ། བཅུ་གསུམ་ལྷག་མི་འབྱོན་པའི་ངེས་པ་ལུང་གིས་གྲུབ་བཞིན་ཀརྨ་པ་ད་ལྟའི་སྐུ་ཐོག་འདིར་ཞྭ་དམར་བ་དང་བླ་སློབ་ཀྱི་རྟེན་འབྲེལ་མ་འཆུག་པ་གནང་ཕྱིན་སླད་མར་ཞྭ་དམར་ཅོད་པཎ་འཛིན་པ་དང་། ཀརྨ་པ་གཉིས་སུ་མེད་པའི་སྒོ་ནས་གདུལ་བྱའི་དོན་མཛད་པ་ལས་ད་ཕྱིན་ཀརྨ་པའི་སྤྲུལ་སྐུར་སྒྲོ་བཏགས་ནས་ནག་པོའི་ཅོད་པཎ་བཅིངས་ན་མི་ལེགས་པར་ཀརྨ་པ་ཆེན་པོ་བཅུ་གསུམ་པ་རང་ཉིད་ཀྱི་ཐུགས་ཀྱི་དགོངས་བཞིན་དེ་དོན་ཕྱག་གི་ཨ་ཀྵ་ར་ལ་དྲི་བཟང་གི་ཕྱག་མཐིལ་གྱི་རྗེས་དང་བཀའ་རྟགས་ཕྱག་རྒྱས་སྤྲས་པ་དཔལ་ལྡན་དཔའ་བོ་རིན་པོ་ཆེ་དང་། ཞྭ་དམར་ནག་གི་མཛོད་པ། ངེད་བཅས་འདུས་པར་གནང་སོང་ཞིང་བདག་ནི་འདི་སྐབས་མཆིས་པའི་བྲོ་འཚལ་བས་ཕེབས་བསྐྱལ་རྒྱང་རིང་དུ་མ་ཐུབ་པར་གནམ་སྒོའི་མཚམས་སུ་ཕྱག་གསུམ་ཕྲག་དག་བཙལ་ནས་ཕྱག་དབང་ཞུས། སྐུ་ཞབས་འདི་ནུབ་སྣ་དཀར་བཞུགས་རྩིས་སུ་ཕེབས།

ཚེས་ཉེར་དྲུག་གཟའ་སྐར་འགྲུབ་སྦྱོར་བཟང་པོ་ལ་སྐྱེར་སྒང་འབུམ་པའི་རྫ་ཏོག་དེ་མཁས་པ་ཆོས་མཛད་ཀྱི་ཟླ་བ་ཕྱེད་གཉིས་བར་དུ་བཅོས་ནས་གྲུབ་པའི་རྩིས་སུ་བྱས་ཡང་ཡིད་ཚིམ་པ་ཞིག་ནི་མ་བྱུང་། འོན་ཀྱང་དེར་འབད་ཀྱི་དགེ་བ་རྫོགས་བྱང་དུ་བསྔོས། མཚུར་ཕུ་ནས་རང་ཉིད་འཕྲལ་དུ་ཐོན་རྩིས་ཡིན་ཡང་ལྷ་ལྡན་དུ་རྣམ་གླིང་བ་དང་། གར་ཤེ་སོགས་ནས་བྱེད་རྒྱུ་མང་བར་བསྐྱར་ནན་གྱི་རྩེ་ཤོད་དུ་ཞུ་ཡིག་རེ་འབུལ་བར་བརྫངས་བར་དགྱེས་པའི་ངང་ཚུལ་དང་བཅས་རང་གི་བཞེད་ལྟར་གནང་རྒྱུའི་རྩིས་སུ་བྱུང་། དཔལ་ཀརྨ་པ་ཆེན་པོ་ཡང་ལྷ་སར་ཟླ་གཅིག་ལྷག་ཙམ་གདན་ཆགས་པར་མཆོག་དམན་མཐའ་དག་ནས་གུས་ཞབས་ཆེ་ཞིང་གཞུང་ལུགས་ས་གའི་ཉེར་བཞི་ལ་གོང་ཞབས་དང་མཇལ་འཕྲད་སྐབས་ལྡང་བ་མཐོང་བཞེས་བཟོས་སྒོ་སོགས་གང་ཅི་འདི་རེས་རིངས་སྔར་ལས་ལེགས་ཆ་ཆེ་བ་ཡང་རྟེན་འབྲེལ་གྱི་མཐུ་ལས་བྱུང་འདུག་ཅིང་། གཞུང་ལུགས་ཀྱི་སྣྲོན་ཟླའི་ཚེས་ལྔ་ལ་མཚུར་དུ་བདེ་བར་ཕེབས་པར་ཕེབས་བསུར་མཐིལ་དུ་ཕྱིན་ལུས་ཀྱི་མལ་ལྔ་ས་ལ་ཕབ་པའི་ཕྱག་སྔོན་དུ་འགྲོ་བས་ཕྱག་དབང་ཞུས། རྗེ་འབྲི་གུང་ཡབ་སྲས་ནས་ཀྱང་ལྷ་ལྡན་དང་འདི་རུ་ཡང་ཕོ་ཉ་སྔ་ཕྱིར་གནང་ཞིང་སྔར་ནས་དག་པའི་སྣང་བ་རྒྱས་བཞིན་གོང་འཕེལ་དུ་གྱུར། དེ་ལྟར་མཚུར་དུ་འདི་རེས་ཞག་ཁ་ཡར་ལས་མི་སྡོད་པའི་རྩིས་སུ་བྱས་ཀྱང་ཟླ་ངོ་དྲུག་དང་ཧྲིལ་པོ་ལྔ་ཡི་རིང་འགོར་ཞིང་ཕྱི་ནས་དགྲ་ཟླ་ནང་ནས་འཐབ་འཁྲུག་བར་ནས་ཟེར་གསོག་ཆེ་བར་མ་ཟད་ཡབ་སྲས་ཀྱི་གྲྭ་རུས་ནས་ཀྱང་གཟིགས་ཕྱོགས་དང་བརྗོད་པ་སྣ་ཚོགས་པས་ཚེར་མའི་དོང་དང་ཤིག་ནད་ཀྱི་བྲོ་ཚལ་བ་ལྟར་སྒོ་གསུམ་ངལ་དུབ་ཆེ་ཆེ་འདྲ་བ་བྱུང་ཡང་ཕལ་ཆེར་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ལ་བཟླ་བའི་ཁུལ་ཙམ་བྱས་ཤིང་། ཞྭ་དམར་སྤྲུལ་པའི་སྐུ་འདི་ཉིད་ཁྲིར་འཁོད་པ་དང་ལྷན་དུ་རང་གི་ལས་ཁུར་དེས་ཟིན་པ་ཡིས། སླད་ནས་འདི་སྐོར་ལ་འཇུག་མི་དགོས་པའི་ཞུ་བཀྲོལ་ཡང་དག་གྲུབ་ཟིན་པ་ཡིན་ཡང་འདི་ལོ་ཤིན་ཏུ་ཉེན་ཅིང་འགྱུར་བ་ཆེ་བའི་སྐབས་སུ་གྱུར་པ་ཡི་སླར་ཡང་ཡབ་སྲས་རྣམས་ལ་སྨན་པའི་བྱ་བ་སྒོ་དུ་མ་ནས་རྒྱ་མ་ཆུང་ཙམ་གྲུབ་སྟེ་དོན་འདི་ཀུན་སྔོན་གྱི་སྨོན་ལམ་གྱི་འཕེན་པས་རང་གི་ལས་ཀྱི་རྒྱུ་བར་སྙིང་ནས་ངེས་ཤེས་ཀྱི་སྟེགས་བུར་ཡིད་ཀྱི་ཁྱེའུ་ངལ་གསོས་ཐོབ།

སྐབས་འདིར་མཐའ་དང་བོད་ཡུལ་གྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ཆེས་འཁྲུག་པའི་ལྟས་དང་། ཆོ་འཕྲུལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དུ་མ་བར་མི་ཆད་དུ་འབྱུང་བའི་སྐབས་སུ་ཡིན། མཚུར་སྒར་ཆེན་ཡར་ཕེབས་པའི་རྗེས་སུ་ཡང་འགོང་པོ་ཉི་ཚེ་བ་ཁ་ཤས་འབྲང་བའི་ལྟས་བྱུང་བས་རྫོང་ན་ལེགས་ཚུལ་སྨྲས་པར་ཆ་གསུམ་ལན་ཁ་ཤས་དང་ཚེས་བརྒྱད་ལ་ལྷ་བསངས་རྒྱས་པ་ཞིག་ཀྱང་བཏང་སོང་། འདི་སྐབས་ཞྭ་དམར་མཆོག་དང་། སི་ཏུ་རིན་པོ་ཆེའི་སྐུ་ཞབས་སུ་བང་མི་རྫོང་རྒྱུའི་ཞུ་ཡིག་རྣམས་བྲིས་ཤིང་ལྷག་ཏུ་སི་ཏུ་རིན་པོ་ཆེའི་ཞལ་སྔར་བཀའ་རྒྱུད་གསེར་འཕྲེང་དང་། སྒྲ་རིག་ཙནྡྲ་པའི་འགྲེལ་པ། སྔགས་རྒྱུད་ཁ་ཡར་ལ་འགྱུར་ཞུས་སོགས་སྔར་ན་གསོལ་བ་བཏབ་བཞིན། འདི་རེས་ཡང་ནན་བསྐྱེད་ཀྱིས་བསྐུལ་མ་དང་། ཡབ་སྲས་རྣམས་ཞབས་པད་བརྟན་ཅིང་ངེས་དོན་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་སྨོན་ལམ་ལ་སྙིང་ཐག་པ་ནས་རྟག་ཏུ་འདེབས་བཞིན་པའོ། །

འདིར་སྨྲས་པ། དུས་ཀྱི་ཆུ་གཏེར་རླབས་འཕྲེང་ཆེས་འཁྲུག་ཅིང་། །འཇིགས་རུང་འཇིགས་པས་ཕྱོགས་ཀུན་ཡོངས་བསླད་ཀྱང་། །པད་འབྱུང་ཐུགས་རྗེའི་སྣང་བས་ཕྱོགས་རྙེད་ཅིང་། །བསོད་ནམས་གྲུ་ཆེན་བློ་གྲོས་གཟེར་གྱིས་བསྡམ། །སྨོན་ལམ་རླུང་གིས་འདེད་པའི་བ་དན་གཡོས། །སྐྱེས་མཆོག་སྐྱེས་དགུ་རྣམ་པ་མང་པོ་དག །ངལ་འཇིགས་ལས་འདས་དགའ་བདེའི་གླིང་བཟང་པོར། །དབུགས་དབྱུང་གྲུ་ཆེན་གྲུབ་པའི་ངང་ཚུལ་ཡིན། །ཞེས་སོ། །འདི་སྐབས་ཀྱི་སྤྱད་རབས་ཞིབ་མོར་བགྱིས་ན་ཆེས་མང་ཡང་འདིར་ཕྱོགས་མཚོན་ཙམ་སྟེ་ཞིབ་པར་སླར་བརྗོད་པར་འདོད་དོ། །སརྦ་མངྒ་ལཾ། །

གསང་བ་མནལ་ལམ་སྐོར་གྱི་རྣམ་ཐར།

༸སྔགས་ཀྱི་རྣལ་འབྱོར་པ་ཚེ་དབང་ནོར་བུ་པདྨ་གར་གྱི་དབང་ཕྱུག་བདེ་ཆེན་ནུས་ལྡན་དྲག་པོ་རྩལ་གྱི་གསང་བའི་རྣམ་ཐར་ལས། བཛྲ་གུ་རུ་བིདྱཱ་དྷ་ར་ཛ་མ་ཡཱ་ཙརྱཱ་མུ་ལ་ཨ་གྲ་ན་མཿ ཡེ་ནས་བདག་འཛིན་གྱིས་འཁྲུལ་སྲིད་པའི་བར། །ཡོངས་སུ་ཕོལ་མིག་ལྟར་གྲུབ་སོ་སོའི་སྐྱེ། །རང་སྣང་དག་པའི་རང་ངོ་མ་ཤེས་པར། །མ་དག་འཁྲུལ་མུན་འཐིབ་པོས་རབ་གཡོགས་ཤིང་། །དེར་སྣང་ཞེན་པས་རབ་འཁྱོག་རྨི་ལམ་ཞེས། །མི་རྟོག་གཏི་མུག་བར་འཐུམས་པ་ལ། །རྒྱལ་བའི་ཐུགས་རྗེའི་ཟེར་གྱིས་རབ་དཀྲོལ་ནས། །འདི་སྣང་བདེན་མེད་སྒྱུ་མ་ཆེན་པོ་ལ། །རྟོག་བྲལ་ཆོས་དབྱིངས་ཡེ་ཤེས་རོལ་པའི་ཀློང་། །འོད་གསལ་དབུ་མའི་སྦུབས་སུ་འཇུག་བྱས་ཏེ། །ཅིར་སྣང་རང་རིག་ཆོས་སྐུ་ཕྱམ་བརྡལ་བར། །འཁོར་འདས་མཉམ་ཉིད་རང་གྲོལ་བྱིན་གྱིས་རློབས། །དེ་ཡང་བདག་འདྲ་སོ་སྐྱེས་བླ་མའི་ཚུལ། །བརྫུས་གྱུར་སྔགས་སྨྱོན་ཚེ་དབང་ནོར་བུ་བདག །མ་རིག་སྲིད་པའི་འཁོར་ལོར་ལས་ཀྱི་ནི། །ཤ་གཟུགས་གྲུབ་དེའི་ཉིན་འཁྲུལ་མཚན་སྣང་དུ། །ཤར་གྱུར་ཉོན་མོངས་རང་གཟུགས་སྟོན་པའི་སྡེ། །བརྗོད་མི་ལང་ཡང་མདོར་བསྡུས་ཐར་ཐོར་གཅིག །འདི་རུ་བཀོད་རུང་བདག་སྔོན་ལས་བཟང་འཕྲོ། །ད་ལྟའི་རིམ་གཉིས་སྦྱང་སྒོམས་མེད་པས་མཐུས། །དག་པའི་ཉམས་རྨི་འབྲི་རྒྱུ་མེད་ལགས་ཀྱང་། །འོན་ཏེ་རྙེད་དཀའ་མཚན་ལྡན་བླ་མ་མཇལ། །ཟབ་གསང་བླ་མེད་ཕྱག་རྫོགས་ཆོས་སྒོར་ཞུགས། །ཆུང་ནས་དད་དམ་མིག་འབྲས་ལྟར་དུ་བསྲུངས། །ཉམས་མྱོང་མེད་ཀྱང་ཆོས་ཚུལ་ཅུང་ཟད་གོ །དེས་ན་ལམ་རྟགས་གང་ཟག་དབང་པོའི་ཁྱད། །རབ་འབྲིང་དངོས་ཉམས་ཡིན་ཀྱང་བདག་འདྲ་ནི། །དབང་དམན་ཚད་མ་རྨི་ལམ་བཟུང་ལུགས་ཀྱི། །རྨི་ལམ་བདེན་མེད་འཁྲུལ་བ་ཡིན་ཞེས་ན། །ཉིན་སྣང་འདིའང་བདེན་མེད་འཁྲུལ་བར་གསུངས། །རྟོགས་པའི་ཚེ་ན་བདེན་བཟུང་ག་ལ་ཡོད། །མ་རྟོགས་བར་དུ་རྟེན་འབྲེལ་ཐམས་ཅད་བདེན། །དེས་ན་སྒྱུ་མའི་སྐྱེས་བུ་སྒྱུ་མའི་འཁྲུལ། །ཡོངས་སུ་བཀོད་ལྟར་རྨི་ལམ་ཡིད་གཟུགས་སོགས། །འདི་རུ་རྫུན་མེད་དྲང་བོར་བཀོད་ནའང་། །གཞན་དག་གིས་འཕྱ་འདི་ལ་སུ་ཞིག་མགུ། །

དེ་ཡང་བདག་རིགས་ལྷ་ལྡན་དཀར་པོ་རུ། །སྐྱེ་མེད་ཕ་དང་འགྱུར་མེད་མ་ཡི་མིང་། །༼ཨ་དང་རྡོ་རྗེ། ༽བུ་རུ་དགུང་ལོ་ཧསྟི་ས་སྟག་མཚམས། །སྐྱེས་ཏེ་བག་ཆགས་བཟང་པོ་ལེགས་སད་ཅིང་། །སིདྡྷི་ཨིནྡྲའི་སྤྲུལ་བར་ཞལ་ཀྱང་འཆེས། །རྟགས་སུ་པདྨའི་གཟུགས་བརྙན་ལེགས་འཇལ་ཞིང་། །མིག་གི་བདུད་རྩི་འོད་གསལ་འཕྲུལ་ཆེན་པོས། །བྱིས་པའི་སྐབས་ཀུན་འབྲེལ་བའི་སྣང་བ་ཤར། །ལན་གཅིག་རང་ལོ་ལྔ་ཙམ་ལོན་པའི་སྐབས། །དངོས་འདྲའི་ཉམས་སྣང་བུད་མེད་གཟུགས་འཆང་ཞིང་། །མན་རོ་དྲེད་འདྲ་གཉིས་ཀྱིས་བདག་བདས་བྲེད། །འདི་ནི་ཤ་ཟ་དྷ་ཀིའི་ཆོ་འཕྲུལ་གོ །དེ་བཞིན་རེ་ཞིག་ཁྲོ་རྒྱལ་མགོར་སྡོད་དུས། །ལྕགས་སྲེག་ལྟ་བུའི་ཀུ་ཀུ་ཞིག་གི་ཁར། །ར་མ་ཁྲག་གི་གཟེར་བུ་ཐོར་བཟུང་ནས། །བདག་དྲུང་ཡང་ཡང་ཉུལ་མཐོང་ཕུར་སྲུང་སྙམས། །དེ་ནས་རང་ལོ་བདུན་ཙམ་ལོན་པའི་སྐབས། །སྟག་འུ་སེའུ་ལུང་དུ་ཨ་མའི་རྗེས། །སོང་སྐབས་ནུབ་གཅིག་ཕྱུགས་བསྡུ་སོང་བ་ན། །དངོས་སམ་རྨི་ལམ་ཡིན་སྣམ་རྟོགས་པས་སྙད། །དེ་ནས་བཟུང་སྟེ་སྒྱུ་མ་ལྟ་བུ་རུ། །དངོས་སྣང་འཛིན་མེད་པར་བུན་ཞིག་སྟེ། །དེ་ནས་སྨྱོ་རྒྱུ་ཡིན་འདུག་སྙམ་ནས་ཞེད། །དེང་བསམ་རྩེ་གཅིག་རྣལ་འབྱོར་སྐྱེས་པར་འདུག །དེ་ནས་བསྭོ་ཕྱིན་རོལ་ལམ་རི་ཁྲོད་དུ། །རུ་བ་སྡོད་སྐབས་དགོན་དུ་སོང་བའི་ནུབ། །བྲག་རི་ངོས་བཟང་ཞིག་ལོགས་གྱེན་འཕུར་ནས། །སོང་ཚེ་བདག་ལུས་རྗིད་ཡུར་ཐེག་མ་ཐུབ། །དེ་ཚེ་བདག་དྲུང་བུད་མེད་གཅིག་འདུག་དེས། །ཁྱོད་རང་གུ་རུར་གསོལ་བ་དྲག་ཐོབ་དང་། །རྣམ་སྤྲུལ་ཡིན་པས་ཐུགས་རྗེས་བཟུང་ངོ་ཟེར། །དེ་ཡི་ཕྱི་ནུབ་ཨ་ཕྱི་ངེད་གཉིས་ནི། །སོང་ལམ་རྡོ་ནི་ཤ་ཝའི་རྭ་འདྲ་ཞིག །འདུག་པ་ཨ་ཕྱིའི་རེག་ནས་འདི་སྐད་ཟེར། །འདི་ཡི་ནང་དུ་ཡིད་བཞིན་ནོར་བུ་ཡོད། །སྨྲས་བྱུང་བདག་གིས་དེ་བཅག་བསམ་པ་ལ། །མ་གཅོག་མིན་པ་དུག་སྦྲུལ་འོང་ངོ་ཟེར། །དེའི་མོད་ཁང་ཆུང་ཞིག་ནང་སླེབས་པ་ལ། །སྐྱེས་བུ་རྟ་ནག་ཞོན་པ་གསུམ་བྱུང་བས། །སུ་ཡིན་སྨྲས་པས་འདི་ཡིན་པི་ཤ་ཙིཿ ལྷ་འདྲེའི་དཔོན་ཏེ་ཁྲལ་སྡུད་བྱུང་བ་ཡིན། །ཞེས་ཟེར་བདག་བྲེད་དེ་མོད་བླ་མ་རྗེ། །བཞུགས་འདུག་དེ་དྲུང་ཚོགས་འཁོར་རྫས་རོལ་མོད། །སྡོང་པའི་རྒང་དེར་ཤིང་སྐྱེལ་དག་སླེབས་ནས། །ཁ་ནས་གཏོར་ཆུ་ཞལ་དུ་སྐྱུགས་སོང་སྟེ། །བླ་མ་སེང་ལྡེང་ཕུར་པ་གྱུར་རྨི་སད། །འདི་བརྡ་ད་དུང་མ་འབྱེད་བརྟག་པར་འོས། །རེ་ཞིག་འབུམ་སྐྱེས་ཞེས་སུ་སྡོད་པ་ལ། །བྲམ་ཟེ་ཡིན་ཞེན་རྒན་པོ་ཨག་ཚོམ་དཀར། །ཞུད་ཅན་ཞིག་གིས་ན་རེ་བལ་ཡུལ་དུ། །མ་ཡིས་བུ་གསོད་འདུག་པ་སྙིང་རྗེ་ཟེར། །ག་ན་སྨྲས་པས་ང་ཡིས་མིག་ལྟོས་ཟེར། །བལྟས་པས་རང་ཉིད་བལ་ཡུལ་སྐྱེས་པའི་ཚུལ། །གསལ་ཞིང་རང་ཉིད་ཤིན་ཏུ་སྐྱོ་བས་སད། །དེ་ནས་རང་ལོ་བརྒྱད་པ་ཙམ་གྱི་སྐབས། །ཁྱི་བསྭོ་ཞེས་སུ་རུ་བ་སྡོད་པའི་ཚེ། །རང་གི་ཞང་པོ་གཏེར་སྟོན་པ་བྱོན་བྱུང་། །རྗེས་སུ་ཕ་མས་བཤོལ་བར་མ་ཐུབ་འབྲངས། །ཡུལ་དེར་བསོད་སྙོམས་སྒར་བཏབ་བདག་ལའང་། །གྲྭ་བ་རེ་བཅོལ་བསོད་སྙོམས་གྱིས་ཞེས་གནང་། །རེ་ཞིག་ལྟ་ཞེས་སྒར་བཏབ་སྡོད་པའི་སྐབས། །ཡུལ་དེའི་གཞི་བདག་སེང་ཁྲོམ་ཡིན་ཞེས་པ། །སྐྱེས་བུ་གཞོན་ནུ་རྟ་དཀར་ལྡན་གཅིག་བྱུང་། །བདག་གི་གནས་སུ་ཁྱོད་ཉིད་བྱོན་དགོས་ཞེས། །ཁོང་གི་རྟ་དེ་ང་ལ་བསྐྱོན་དེ་ནས། །ལུང་ཁོག་དོག་མོ་ཞིག་ནང་སོང་བའི་ཕུར། །མཁར་ཆེན་དགུང་ལ་བསྙེགས་ཞིག་འདུག་ནང་ཕྱིན། །བདག་ཉིད་ཁྲི་ལ་སྡོད་བཅོལ་སྔར་གཞོན་ནུ། །བཙུན་རྒན་ཡིག་དྲུག་འདྲེན་པ་ཞིག་ཏུ་སོང་། །བདག་ལ་གྲོ་བཏང་དགའ་གུས་དཔག་མེད་བྱས། །དེ་མོད་ཕྱིར་འོང་གོང་གི་མཁར་དེ་གཡས། །ཁང་བཟང་ཞིག་འདུག་བློན་པོའི་མཁར་ཡིན་ཞེས། །གཞོན་ནུ་གཟུགས་བཟང་མང་པོས་འགྲོ་ཟེར་ཀྱང་། །མ་སོང་ཕྱི་རུ་འོང་སྙམ་རྨི་ལམ་སད། །ནུབ་གཅིག་འདྲེ་ཡི་བདས་པས་དྲག་སྔགས་ཀྱི། །གཟིར་བས་ཀླག་ལྟ་མ་ནུས་ཕྱིར་སོང་རྨིས། །དེ་ནས་དགོན་དུ་སླེབས་ནས་ནུབ་གཅིག་ལ། །བདག་གི་རྔ་གཅིག་ཞོན་བྱས་མཁའ་ལ་ལྡིང་། །ལྷ་ཡུལ་ཡིན་ཞེས་ས་གཞི་ཁོད་སྙོམས་བདེ། །གསལ་ཞིང་བསིལ་དྲོོད་རན་ལ་བདེ་གསལ་ཉམས། །རང་བཞིན་འབོལ་ཞིང་ཉམས་དགའ་ཚལ་དབུས་དེར། །ཁྲི་ཆེན་སྟེང་དུ་དགེ་སློང་ཞི་དུལ་སྐུ། །དེ་གཡོན་ལྷ་དབང་ཡིན་ཞེས་རྒྱལ་པོའི་ཆས། །དཔུང་བཅས་འདུག་པས་བདག་ལ་དྲི་རྨེད་མཛད། །དགེ་སློང་ཞལ་རས་མ་གསལ་སྐུ་ལུས་གསལ། །རང་གི་སྒྲིབ་པ་འཐུག་པས་སྒྲིབ་པར་གོ །དགེ་སློང་ངོ་བོ་བྱམས་མགོན་ཡིན་ནམ་སེམས། །ཕྱིར་འོང་སྐད་ཅིག་མས་ཐོན་བསམ་ཚེ་སད། །ནུབ་གཅིག་ཁྱེའུ་གཞོན་ནུའི་ལྕགས་ཀྱི་ནི། །མདའ་གཞུ་འཆང་བས་མདའ་གཞུ་བདག་ལ་སྦྱིན། །བདག་གི་མདའ་གཞུ་ལག་བཟུང་བྲག་རི་གཅིག །རྒྱབ་ཏུ་ཁུར་རྨིས་བླ་མ་ལ་ཞུས་པས། །ཡེ་ཤེས་མགོན་པོའི་ཆོ་འཕྲུལ་འདུག་གོ་གསུངས། །འདི་སྐབས་བླ་མས་བདག་རྒྱུད་བྱིན་རླབས་ཏེ། །ཤུགས་འབྱུང་ཙམ་པ་ཐར་ཐོར་འགའ་ཡང་ཤེས། །དེ་ནས་ཨ་མ་བསུ་བྱུང་རུ་བ་ནི། །འབྲོག་གུ་ཞེས་སུ་འདུག་པ་དེར་སོང་སྟེ། །དགོན་ལ་སྤྲོ་ཡང་རེ་ཞིག་ཐབས་མ་རྙེད། །ལན་ཅིག་ཉ་གུ་ཞེས་པར་སྡོད་པའི་སྐབས། །རྨི་ལམ་ཟ་ཟི་ལྟ་བུར་ཀུན་བཟང་ཉིད། །སྐུ་ཡི་མཚན་མ་བཟུང་དུ་མེད་པ་ཞིག །ལྷང་ངེར་ཤར་ལ་རང་སྒྲ་འདི་སྐད་ཐོས། །ཨེ་མ་ཧོ་ཀུན་བཟང་གཞན་མིན་རང་རིགས་སྣང་ལ་སྟོང་། །འཁོར་འདས་སོ་སོར་མ་འཛིན་རང་གི་སེམས། །གསུང་མོད་རྐྱེན་ལ་བརྟེན་ནས་མནལ་སད་ཤོར། །ཀུན་བཟང་མཇལ་བའི་རྨི་ལམ་འདི་འདྲ་ནི། །བརྗོད་པར་མ་སྤོབས་རྫུན་དུ་རྟོགས་པ་གསང་། །ངག་འཆལ་བསགས་པའི་རྒྱུ་རུ་འགྱུར་བར་གོ །འོན་ཏེ་རང་གི་རྫུན་དུ་ཡིན་རེ་ཀན། །ནུབ་གཅིག་ཟང་མདོག་དཔལ་རི་ཡིན་ཞེས་པ། །རི་རྩེ་ན་བུན་གྱིས་གཡོག་བྲག་དམར་ཟངས། །ཞིག་འདུག་འདི་རུ་གུ་རུ་པདྨ་ནི། །བཞུགས་ཞེས་མཇལ་འགྲོ་སེམས་ནས་སོང་བ་ལ། །རི་དེའི་མཐའ་མར་ཆུ་ཆེན་ཞིག་གིས་བསྐོར། །འདུག་པས་མ་ཐར་དེ་ཚེ་སྤྲིན་གསེབ་ནས། །པད་འབྱུང་མཚོ་རྒྱལ་ཡིན་ཞེས་གཉིས་བྱོན་ནས། །སྙུག་སྦུག་ཞིག་ནང་འབྲུ་གཅིག་བཅུག་ནས་བཅད། །དེ་ཡི་མོད་སད་བརྡ་དེ་དཔྱད་མ་ཐུབ། །ནུབ་གཅིག་ཆེ་ཆེན་པོ་དྲུང་བདག་འགའ་ཞིག །དུག་པ་ཀུན་གྱིས་པད་རྒྱལ་བཤོལ་ལོ་ཞེས། །བལྟས་པས་བེར་ཕོད་དམར་ཅན་བླ་མ་བྱོན། །བདག་ཅག་རྣམས་ལ་ཕྱག་དབང་གནང་བྱུང་རྨིས། །

དེ་ནས་རང་ལོ་བཅུ་བཞི་སྟེང་ཙམ་དེར། །ཕ་མ་རྫི་བོ་སྤང་ནས་བླ་མའི་དྲུང་། །དགོན་དུ་སྡོད་རྩིས་དེ་སྐབས་རྨི་ལམ་དུ། །བྲག་རི་ངམ་གྲོག་ཞིག་ནས་ཐོན་རྩིས་པས། །ད་དུང་བཙན་དང་རྒྱལ་པོའི་བར་ཆད་ཡོད། །ཐོས་མོད་མནལ་སད་དེ་ནས་བ་ཟུར་དུ། །བླ་མ་རྣམ་གཉིས་བུམ་སྒྲུབ་མཛད་སར་ཕྱིན། །ནུབ་གཅིག་བཀའ་བརྒྱད་དྲག་སྔགས་མེ་དཔུང་གིས། །ཡིག་འབྲུ་ཅུང་ཟད་མ་ཚང་འཆོས་འདོད་པ། །འདུག་ལས་མེ་འབར་བདག་ལུས་ཚིག་པ་རྨིས། །དེ་ནས་ཕྱིར་འོང་རོལ་ལམ་བླ་མ་ཡི། །ཁང་པ་གཡར་ནས་རེ་ཞིག་སྡོད་པའི་ཚེ། །ནུབ་གཅིག་རྨི་ལམ་ཐོ་རངས་དག་ལ་ནི། །བུད་མེད་སྔོ་བསང་ནད་རྐྱལ་ཐོགས་པ་ཞིག །བར་ཆད་བརྩམས་བྱུང་བདག་ཉིད་ཆེ་མཆོག་གི །ང་རྒྱལ་གྱིས་ནི་དུམ་བུར་གཏུབ་བྱས་མོད། །གང་དེའི་མིང་པོ་ཀླུ་བཙན་ཡིན་ཞེས་པ། །མི་དམར་གཟུགས་ནི་ཐང་ཤིང་ཙམ་འདུག་པ། །དམ་བཏགས་སྤྱི་བོར་གླེགས་བམ་བཞག་པ་རྨིས། །དེ་བཞིན་ནུབ་གཅིག་རྟ་སྔོན་བཞོན་པ་ཡི། །སྐྱེས་བུ་གཅིག་བྱུང་གནོད་པ་བྱེད་གྲབ་ལ། །བདས་ནས་སྙིང་བླང་ཟོས་ཏེ་ཁྱོད་སུ་ཡིན། །སྨྲས་པས་བདག་ནི་གདེངས་ཀར་དབང་བསྒྱུར་བའི། །ཀླུ་བཙན་ཡིན་ཟེར་དམ་ལ་བཞག་པ་རྨིས། །ནུབ་གཅིག་རྟ་དཀར་ལ་ཞོན་སྐྱེས་བུ་གཅིག། །རལ་གྲི་འཇིགས་ཁྲོས་བདག་ལ་རྡེག་བརྩམས་ཚེ། །བདག་ཉིད་ལྷ་ཡི་ང་རྒྱལ་གཅིག་བསྐྱེད་པས། །མི་དེ་ཁྲོས་པ་ཞི་ནས་རྟར་བབས་ཏེ། །བདག་ནི་ལྷ་ཡི་གནོད་སྦྱིན་དྲག་ཤུལ་ཅན། །གཅིག་ཡིན་བསྟན་པ་སྲུང་ལ་བརྩོན་པ་ལགས། །ཁྱོད་ཀྱིས་དུས་ཆེན་རྣམས་སུ་བསྐང་གསོ་འབུང་། །བདག་གིས་ཁྱོད་ལ་སྡོང་གྲོགས་བྱེད་དོ་ཟེར། །ངས་སྨྲས་ཁྱོད་མཚན་འཁོར་གཡོག་དུ་ཙམ་ཡོད། །བྱས་པས་ང་ལ་སྡེ་ཚན་བཞི་ཡོད་དེ། །བདག་ནི་གཙོ་བོ་ཉིད་དང་དབྱེ་བ་མེད། །དུས་མཚན་མ་ཞེས་མིང་བརྗོད་མི་རུང་ཡོད། །གཞན་ཡང་གནོད་སྦྱིན་གཟའ་བཙན་དྲེགས་པ་མང་། །ཟེར་མོད་མནལ་སད་འདི་ནི་བསྟན་སྲུང་ཞིག །བདག་གི་ཏིང་འཛིན་དྲོད་ཚུན་ཉུལ་བར་གོ །ཆོས་སྐྱོང་གང་ཡིན་ད་དུང་དབྱེ་མ་ཐུབ། །རེས་ཞིག་སྐྱེས་བུ་སོལ་བའི་རྟ་ཞོན་པ། །མང་བྱུང་ཁྱེད་རྣམས་སུ་ཡིན་སྨྲས་པ་ལ། །ངེད་རྣམས་འགོང་པོ་ཡིན་ལ་དབུས་གཙང་དུ། །བདག་གི་གྲོགས་འགའ་སྔགས་པ་ཚོས་མནན་པ། །ད་རེས་ལྷ་བཟང་གིས་བྱུང་བྲོས་ཐལ་ཟེར། །ང་ཡིས་ལྷར་བསྐྱེད་ཕྱག་མཚན་གྱིས་བསྡིག་པས། །རླུང་ནག་འཚུབ་མར་གྱུར་ནས་ཤར་ཕྱོགས་སུ། །བྲོས་ཐལ་རྨི་ཞིང་སད་ཙ་སེམས་མ་བདེ། །དེ་ནི་འགོང་པོའི་བོད་ཁམས་དཀྲུགས་པར་གོ །

འདིའི་དཔེ་ད་སྔ་ཐོབ་ཚད་བསྡུར་བ་ཡིན་ལ་ཁ་ཤས་འཕྲོ་ཅན་བྱས་འདུག་ལ་ཁ་ཤས་ལ་ལྡེབས་གྲངས་བཅས་འདི་རྫོགས་པ་ཡིན་པའི་ཚུལ་བྲིས་འདུག་པས་དཔྱད་འཚལ།

མ་བཅོས་པའི་ཟོག་པོ་སྔགས་རིག་འཛིན་པ་ཚེ་དབང་ནོར་བུ་རང་ཉིད་ཀྱི་སྤྱད་རབས་ཆུ་ཀླུང་ལས་ཐིགས་པ་ཙམ་ཀྱུ་རུ་ལུགས་སུ་སྨོས་པ་སྙིམ་པའི་ཆུ་སྐྱེས།

༄༅། །པྲཀྲྀཏམཱཡིཀམནྟྲབཱིཏྱཱདྷརེཤྭརམཎྱཏྨབཙརིཏཀཐཾནཱཏྱཱཿ བིནྡྷུམཏྲརྀཛུབྲབཱིཏཱཉྫལྱཔྫནཱམབིཛཧར། །

༄༅། །མ་བཅོས་པའི་ཟོག་པོ་སྔགས་རིག་འཛིན་པ་ཚེ་དབང་ནོར་བུ་རང་ཉིད་ཀྱི་སྤྱད་རབས་ཆུ་ཀླུང་ལས་ཐིགས་པ་ཙམ་ཀྱུ་རུ་ལུགས་སུ་སྨོས་པ་སྙིམ་པའི་ཆུ་སྐྱེས་ཞེས་བྱ་བ་བཞུགས་སོ། །

༈ ཨ་ཧོ༔ སྐྱེ་བ་འདི་ནས་བྱང་ཆུབ་ཆེ། །ཐོབ་བར་རིགས་བདག་གཅིག་པུ་པ། །པད་འབྱུང་བདེ་ཆེན་གླིང་པ་དང་། །དཔའ་བོ་གསུང་རབ་རྒྱ་མཚོར་འདུད། །གང་དེའི་བཀའ་འབངས་ཐ་ཤལ་དུ། །གྱུར་པའི་ཚེ་དབང་ནོར་བུ་བདག །སྔོན་ནས་སྦྱངས་སྟོབས་ཡོན་ཏན་ཆུང་། །འཕྲལ་དུ་ཐོས་བསམ་སྒོམ་པས་དབེན། །དེས་ན་ཐུན་མོང་ཐུན་མིན་གྱི། །རྣམ་ཐར་བརྗོད་འོས་གཏན་ནས་མེད། །འོན་ཀྱང་མོས་པའི་བརྟུལ་ཞུགས་ཅན། །དམ་པས་བསྐུལ་ཕྱིར་ཅུང་སྨྲ་ཡང་། །ཐུན་མོང་སྐྱེ་བོའི་ཀུན་སྤྱོད་དང་། །མཐུན་ལ་སྨྲ་བའི་དགོས་པ་ཅི། །ཐུན་མིན་ཡོན་ཏན་རིག་གྱུར་པ། །རློམ་ནུས་མེད་པས་ཅི་ཞིག་སྨྲ། །གང་ལྟར་སྒྲོ་དང་སྐུར་བྲལ་བའི། །གཏམ་ནི་རྒྱལ་བས་ལེགས་པར་གནང་། །དེས་ན་བཞད་གད་འཆོར་བའི་རྒྱུར། །རྟོགས་པས་ས་བོན་ཙམ་བརྗོད་བྱ། །དེ་ཡང་ཁོ་བོའི་སྔོན་གནས་ནི། །རང་གིས་དྲན་པ་དཀའ་མོད་ཀྱང་། །རྗེ་བཙུན་བླ་མ་མཆོག་རྣམས་ཀྱི། །བཀའ་ལུང་ལ་བརྟེན་གཞན་རྣམས་ལ། །གྲགས་ཚོད་ལྟར་དུ་སྨྲ་བ་ན། །གྲུབ་དབང་ནམ་མཁའི་སྙིང་པོ་ཡིས། །སྤྲུལ་པའི་སྐྱེས་བུ་རིག་པ་འཛིན། །པདྨ་ནོར་བུ་ཞེས་བྱ་བ། །ཨོ་རྒྱན་ཟབ་གཏེར་ཁ་བྱང་འཛིན། །དམ་པ་དེ་ཉིད་ཡིན་ནོ་སྐད། །དེ་ནས་འཕོས་ཚེ་དག་པའི་སྐུ། །པདྨ་འོད་དུ་དབུགས་དབྱུང་ཞིང་། །མ་དག་གདུལ་བྱ་འདུལ་བའི་ཕྱིར། །བློ་གསལ་ལག་འགྲོའི་ཚུལ་ཡང་བཟང་། །དེ་འཕོས་ད་ལྟའི་ལུས་འདི་སྲིད། །ཕ་རིགས་འོད་གསལ་ལྷ་བབས་རྒྱུན། །ཧོར་རྒྱལ་སྟོབས་ཆེན་གོ་བེ་ལ། །ཆོས་རྒྱལ་འཕགས་པ་ཡོན་མཆོད་ཀྱིས། །ཆོལ་ཁ་གསུམ་ལ་ལུང་བསྒྱུར་སྐབས། །མདོ་ཁམས་དཔོན་ཆེན་བཞི་ཡི་གྲས། །རྔུ་ཞེས་བྱ་བའི་རུས་ཁུངས་ལ། །མི་ཆོས་སྟོབས་ཀྱི་འཁོར་ལོ་ཅན། །ས་སྐྱོང་སྡེ་དགེ་ཞེས་པ་ཡི། །རྒྱུད་པ་ཉམས་མེད་གནས་པ་དང་། །རྒྱལ་བསྟན་འཛིན་པའི་སྐྱེས་བུ་ཡང་། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཆེ། །ཀུ་ཀུ་རི་འཕྲུལ་ཆོས་རྡོར་སོགས། །མཁས་ཤིང་གྲུབ་པའི་སྐྱེས་བུ་ནི། །ཆད་མེད་འཁྲུངས་པའི་རིགས་ཉིད་ལས། །ནང་ཚན་གོ་བ་ཟེའུ་སྟེ། །ཕ་མིང་ཨ་ཏི་ནཱ་ཐ་ཞེས། །དཔའ་ཞིང་བརྟུལ་ཕོད་སྟོབས་རྩལ་ལྡན། །གཞོན་ནུ་ཉིད་ནས་ཆོས་སྒོར་ཞུགས། །ཡི་དམ་ལྷ་བསྙེན་མང་སོང་ཞིང་། །ཡ་རབས་སེམས་ལྡན་ཞིག་ཡིན་ལགས། །མ་ནི་འབྲུ་ཞེས་ཆེ་བཙན་རིགས། །རྒྱ་ནག་བོད་ཀྱི་ཡུལ་མཚམས་ན། །པཱ་ལ་ཀྵེ་མདོ་ཞེས་གྲགས་པ། །རྟ་ཞོན་དག་གི་གྲོ་སྐད་རེར། །གྲོང་ཁྱེར་མཐའ་སྐོར་ནུས་ཙམ་པའི། །དཔོན་པོ་དེ་ཡི་རིགས་སྐྱེས་པའི། །བཛྲ་ས་མུ་ཏྲ་ཞེས་པ། །ཆོས་ལ་མོས་ཤིང་དད་བརྩོན་ཅན། །ལྷག་པའི་ལྷ་ཡང་ཞལ་མཇལ་ཞིང་། །གཉུག་མའི་ངོ་མཐོང་ཞིག་ཡིན་ལགས། །ཆོ་འབྲང་དེ་འདྲའི་བུ་རུ་བདག །ཨོ་རྒྱན་གནས་དང་དབྱེར་མེད་པའི། །ཁམས་ཀྱི་བཙན་རི་བཀྲ་བཟང་གི། །ནུབ་བྱང་རི་ཁྲོད་དུང་དཀར་ཞེས། །བསམ་གཏན་སྒོམ་པའི་སྤྱིལ་བུ་རུ། །ཟ་བྱེད་རྒྱལ་གྱི་ཟླ་བར་སྐྱེས། །སྐྱེས་ཞག་བདུན་ནས་རྗེ་དམ་པ། །བདེ་ཆེན་གླིང་པས་རྗེས་སུ་བཟུང་། །ཚེ་དབང་ནོར་བུར་མིང་དུ་བཏགས། །ཟླ་ངོ་གསུམ་ནས་ཚིག་བརྡའ་སྤྲོད། །བདུན་ནས་བྲི་དང་ལན་འདེབས་ཤེས། །ལོ་གསུམ་ལྷག་པར་དུས་ཀུན་ཏུ། །མཁའ་འགྲོ་ཆོས་སྐྱོང་གིས་བསྲུང་བའི། །རྟགས་མཚན་ཉེ་བར་གནས་པ་ཀུན། །མཐུན་སྣང་ཉིད་དུ་གྲུབ་བྱུང་ཞིང་། །སྔོན་གྱི་བག་ཆགས་འགའ་ཡང་སད། །ཚེ་རབས་རྟགས་ཀྱི་རིགས་བདག་པོ། །པདྨ་མཁའ་ལ་ཡང་ཡང་མཇལ། །སྐྱེ་བ་སྔ་མའི་ཡོངས་འཛིན་འགའ། །སུས་མ་བསླབ་པར་མཚན་བཀླག་ཅིང་། །སྐྱབས་འགྲོ་ལྷ་ཕྱག་འཚལ་བ་དང་། །སྐབས་རེ་ཧཱུྃ་གི་གླུ་བླངས་ཤིང་། །དབང་བསྐུར་ཆོས་བཤད་ངང་ཚུལ་སོགས། །དམ་པའི་བག་ཆགས་ཉིད་ལ་སྤྱོད། །སྔོན་གྱི་སྐྱེ་གནས་འཕྲེང་བ་ཡང་། །མང་ཞིག་རྨི་ལམ་སད་སྣང་ལྟར། །ཡིད་ལ་ཡང་ནས་ཡང་དུ་དྲན། །སྐབས་སུ་གཞན་རྒྱུད་ཤེས་པ་སོགས། །སྔོན་སྦྱངས་མངོན་པ་འགའ་ཡང་བྱུང་། །ལོ་ལྔ་ལོན་ཚེ་གོང་མ་ཡི། །དབོན་གྱུར་རྣམས་ཀྱིས་བདག་གི་ཚོད། །བགམ་ཕྱིར་འདྲ་མིན་ཆས་རྣམས་ཀྱང་། །མ་འདྲེས་མངོན་གྱུར་རྙེད་ནའང་། །ཁྲེལ་ཁྲེལ་མཛད་པའི་རྒྱུ་མཚན་ལས། །ཕན་འདོགས་བདག་རྐྱེན་བྱས་པ་མེད། །འདི་ལོར་ཀློག་ཀྱང་བསླབ་བྱས་པས། །དབུ་ཅན་དབུ་མེད་ཚེགས་མེད་ཆུབ། །དྲུག་ལ་རྩ་བའི་བླ་མའི་དྲུང་། །སྙིང་ཐིག་རྫོགས་ཆེན་ཡོངས་རྫོགས་དང་། །བཻ་རོའི་དགྲ་ལྷ་མགོན་པོ་ཡིས། །སྒྲུབ་སྐོར་རབ་ཆེན་ཕལ་ཆེར་ནོས། །བདུན་ལ་རྡོ་རྗེ་གྲོ་ལོད་ཀྱི། །ལས་བྱང་བློར་བཟུང་ཡི་དམ་བྱས། །བསྐྱེད་རིམ་དག་ལ་བློ་ཡང་བྱང་། །འདྲེ་བགེགས་འདུལ་བའི་སྙེམས་པ་སྐྱེས། །ལྷ་ཡིས་རྗེས་སུ་བཟུང་བའི་རྟགས། །ཐུན་མོང་ཐུན་མིན་འགའ་ཡང་བྱུང་། །ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས། །བརྒྱད་ལ་གཏེར་སྟོན་སངས་རྒྱས་གླིང་། །གཏེར་ཆོས་ཐུགས་རྗེ་ཆེན་པོའི་སྐོར། །རྒྱབ་ཆོས་ཡང་གསང་འོད་དྲ་ལ། །བལྟས་པས་ཚིག་ལ་གོ་བ་ཆགས། །རྐྱེན་དེས་སད་ནས་ད་བར་དུ། །རྩ་བ་ཡན་ལག་བླ་མ་ལ། །ཉམས་ཆགས་མེད་ཅིང་གུས་པ་བྱས། །བཅུ་ལ་བློ་གྲོས་ཅུང་ཟད་རྒྱས། །ཡུལ་དེའི་རྣམ་དཔྱོད་གྲུབ་པ་ལ། །ཆོས་ཀྱི་འབེལ་མཆིད་གླེང་བསླང་ནུས། །མང་ཞིག་སུན་ཕྱུངས་ཁ་སྐྱེངས་བཅུག །དེང་སང་དྲན་ཚེ་ལས་བསོག་པར། །མཐོང་ནས་འགྱོད་བཤགས་བགྱིས་ཤིང་མཆིས། །བཅུ་གཅིག་ལོན་ཚེ་བླ་མ་ཚེ། །དྲན་མཆོག་སྲོག་གི་དྭངས་མའི་དྲུང་། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི །ལུང་རྣམས་ལྷག་ལུས་མེད་པར་མནོས། །གཞན་ཡང་དབང་ལུང་ཅི་རིགས་ཐོབ། །སྣང་བ་སེམས་སུ་གོ་བ་སྐྱེས། །སྒྱུ་མ་ལྟ་བུར་བདེན་མེད་རྟོགས། །ཚེ་འདིའི་ནུས་པས་དབེན་ན་ཡང་། །སྐྱེ་སྔོན་ཡི་དམ་ལྷག་པའི་ལྷས། །བྱིན་གྱིས་བརླབས་མཐུས་དེ་ཡི་སྐབས། །གཟའ་བཙན་ཀླུ་བདུད་མ་མོ་སོགས། །དྲེགས་པ་མང་པོས་སྲོག་སྙིང་ཕུལ། །བཅུ་གཉིས་ལོན་ཚེ་དམ་པ་མཆོག །གཏེར་སྟོན་འགྱུར་མེད་རྡོ་རྗེ་ཡི། །ཐུགས་སྲས་བི་མུཀྟི་བྷ་ཏྲ། །འདུས་པ་མདོ་སྒྱུ་སེམས་ཀྱི་དབང་། །གཏད་རྒྱ་བཅས་ཏེ་ཡོངས་སུ་མནོས། །གཞན་ཡང་གཏེར་གསར་སྐོར་ཡོངས་རྫོགས། །དབང་ལུང་ཆ་ཚང་ལེགས་པར་ཐོབ། །འདི་དུས་བྱིས་པའི་ཚུལ་མེད་པར། །སྡོད་ཚུགས་བརྟན་ཞིང་དབང་ཆོས་ཚིག །ལེགས་ཉན་ལྷག་ཆད་མེད་པར་བྱས། །དེ་ནས་རང་ལོ་བཅུ་གསུམ་པར། །ཅི་རོང་དབེན་པ་རོལ་ལམ་དུ། །རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར། །དཔའ་བོ་པདྨ་བདེ་གླིང་དྲུང་། །བྱང་ཆུབ་ཟླ་བའི་ཚེས་བརྒྱད་ལ། །མདོ་རྒྱུད་ཆོས་རྣམས་ཐམས་ཅད་ཀྱི། །སྙིང་པོ་སེམས་ཉིད་གཉུག་མའི་དོན། །དབང་རྣམས་ཀུན་གྱི་མཐར་ཐུག་པ། །བསྐྱེད་རིམ་ཡོངས་ཀྱི་སྙིང་པོ་ཆེ། །ཐབས་ལམ་ཡོངས་ཀྱི་གཙོ་གྱུར་པ། །ལྷན་སྐྱེས་ཡེ་ཤེས་གནས་ལུགས་ཞེས། །དོན་གྱི་སྡོམ་པའི་མཆོག་གྱུར་པ། །དོན་དམ་སེམས་ནི་སེམས་བསྐྱེད་གཙོ། །དམ་ཚིག་ཀུན་གྱི་བསྡུས་དོན་ནི། །ཕྱག་རྫོགས་ཞེས་སུ་གྲགས་གྱུར་ཏེ། །སྦྱོར་དངོས་རྗེས་ཚང་སྨིན་ཁྲིད་མནོས། །འདི་སྐབས་གསུང་ཚིག་ཁྲིད་ཐུན་ཀུན། །ད་བར་ཡིད་ལ་མ་བརྗེད་ཞིང་། །དེང་སང་གཞན་ལ་འཆད་སྐབས་ཀྱང་། །བླ་མའི་གསུང་ཉིད་ཤས་ཆེར་ཡིན། །འདི་ལོ་རང་གི་ཉམས་མྱོང་ཡང་། །འཇིགས་འཇིགས་སྦད་ཁམ་བྱེད་ཆོག་པ། །མེད་ཀྱང་གནས་འགྱུ་རིག་པ་ཡིས། །བརྟེན་ཕུར་འཁྲུལ་མེད་ལམ་རྐང་ཟིན། །མཚན་སྣང་ཕལ་ཆེར་འདྲེས་པ་བྱུང་། །བཀའ་དྲིན་ཅན་དེའི་ཐུགས་རྗེའོ། །རང་ལོ་བརྒྱད་ནས་འདི་སྐབས་ཀུན། །བུས་པའི་བག་ཆགས་ཆེར་མེད་པར། །རྗེ་བཙུན་བླ་མ་དམ་པ་ལ། །ཆོས་ཀྱི་དྲི་སྨེད་རྟགས་བྱས་ཤིང་། །བཀའ་བསྩལ་མེ་ལོང་ཆུ་བླུགས་སུ། །མ་སོང་ཡིད་ལ་རབ་ཏུ་འཇགས། །བླ་མའི་མཛད་པ་མཐའ་དག་ཀྱང་། །བརྡའ་དང་རྟེན་འབྲེལ་མ་གཏོགས་པ། །ཐ་མལ་ཚུལ་སྤྱོད་ཡིན་སྙམ་མེད། །དམ་ཚིག་ཆེད་དུ་ལུས་སྲོག་ལ། །ལྟོས་པ་མེད་པའི་ཞེ་གདེང་ཡོད། །རང་གི་དངོས་ཆས་གང་ཡོད་ཀུན། །བླ་མར་འབུལ་བའི་ཞེ་ཁམས་ཡོད། །འཁོར་བའི་ཆོས་ལ་སུན་པ་ནི། །པང་དུ་སྦྲུལ་ཞུགས་ལྟ་བུ་ཡོད། །དམ་པའི་ཆོས་ལ་སྤྱོད་འདོད་པ། །མ་གཅིག་བུ་འཕྲད་འདོད་འདྲ་ཡོད། །འདི་སྐབས་གྲོགས་རྐྱེན་ངན་པ་དང་། །འགྲོགས་མེད་རི་ཁྲོད་བརྟེན་ནས་ནི། །ད་བར་ཉམས་ལེན་དྲིལ་བ་ཞིག །བྱུང་ན་རིག་འཛིན་གོང་མ་ཡིས། །རྒྱལ་ས་ཟིན་ཙམ་འདུག་ལགས་ཏེ། །ཕ་མ་འཁོར་སློབ་གྲོགས་མང་གིས། །ད་ལྟ་ཆོས་བརྒྱད་གཏིང་ན་མཆིས། །བསམ་ཞིང་སྙིང་ནས་སྐྱོ་བ་སྐྱེས། །ལོ་དེའི་སྟོན་གཞུག་རིག་འཛིན་རྗེ། །པད་མ་ནོར་བུའི་གདན་ས་རུ། །རྗེ་དེའི་རིགས་དབོན་ཆོས་ཀྱི་སྲས། །སྐལ་བཟང་བསྟན་འཛིན་སྐུ་ཞོགས་ནས། །བསུ་བར་བྱུང་ཞིང་གདན་སར་ཕྱིན། །གྲྭ་འཁོར་ཀུན་ནས་ཁས་དམན་པ། །སྤུ་མེད་སྐོམ་གདན་ཚུལ་དུ་བྱས། །བདེ་དང་སྡུག་བསྔལ་སྣ་ཚོགས་མྱོང་། །འདི་སྣང་ཆོས་བརྒྱད་ཞེན་པ་ཡི། །ཆུ་མགོ་ཐོག་མ་དེ་ནས་བརྩམས། །བཅུ་བཞིར་སྐྱེ་མང་ལས་འབྲེལ་བའི། །བླ་མ་ཀཿཐོག་རྒྱལ་བའི་སྲས། །བསོད་ནམས་ལྡེའུ་བཙན་ཞབས་པད་བསྟེན། །རྩ་གསུམ་དབང་བཞི་ཟབ་རྒྱས་དང་། །ཡན་ལག་དཀྱིལ་འཁོར་དྲུག་ཅུ་ཙམ། །ལུང་དང་རྗེས་གནང་རྒྱས་པར་མནོས། །སྐལ་བཟང་བསྟན་འཛིན་ཞབས་ལ་ཡང་། །དབང་ཆོས་གདམས་པ་མང་དུ་ཐོབ། །དེ་སྐབས་གདན་སའི་ལས་ཚན་ཚོས། །ཁྱད་གསོད་བརྙས་པ་མ་གཏོགས་པར། །བདག་ལ་མཐོང་བཀུར་མ་མཛད་ཀྱང་། །རིག་འཛིན་རྒྱལ་བའི་སྲས་དེས་ནི། །ཐུགས་ཀྱི་སྲས་སུ་ཡོངས་བཟུང་ནས། །བརྩེ་གཟིགས་གཞན་ལས་ཁྱད་འཕགས་གནང་། །རྡོ་རྗེ་རིག་པའི་ཁྱེའུ་ཆུང་གིས། །སྤྲུལ་པས་ཕྱི་མཐའ་གཟིགས་པར་ངེས། །ལོ་དེའི་མཇུག་ལ་ཅི་རོང་དུ། །སྐྱབས་མཆོག་བླ་མའི་ཞབས་པད་བསྟེན། །བཅོ་ལྔར་ཕྱག་ཆེན་གདམས་པ་ལ། །ཉམས་ལེན་ཞི་གནས་བརྟན་པོར་སྐྱེས། །དགུན་ངོར་ཉི་ཕུག་གྲུབ་པ་རུ། །སྐྱེ་བདུན་སྒྲུབ་པའི་གྲལ་དུ་ཕྱིན། །ཐུགས་རྗེ་ཆེན་པོ་ཡང་ཏིག་གིས། །འདུས་པ་ཆེན་པོའི་སྒྲུབ་དབང་མནོས། །དེ་ནི་ཤིན་ཏུ་སྐལ་བ་བཟང་། །བཅུ་དྲུག་དག་ལ་རྫོགས་ཆེན་གྱིས། །སེམས་བྱུང་སྐོར་དང་ཡང་གསང་གནས། །གཞན་ལས་ཁྱད་འཕགས་སྒེར་དུ་མནོས། །ཐབས་ལམ་གཏུམ་མོའི་སྐོར་ཡང་ཐོབ། །ལྷག་མཐོང་ཉམས་མྱོང་བཟང་པོ་སྐྱེས། །དེང་སང་རྩེ་གཅིག་སྐད་དེ་ལོ། །ལོ་དེར་རྡོ་རྗེ་འཆང་དབང་ཡང་། །ཆོས་ཉིད་ཞི་ལ་གཤེགས་གྱུར་པས། །དགོངས་པ་རྫོགས་ཐབས་གང་འགྲུབ་བྱས། །བཅུ་བདུན་ལོ་ལ་བཅད་རྒྱའི་ཁུལ། །ཅུང་ཟད་བྱས་ཀྱང་སེམས་ཉིད་ཀྱི། །འཁྲུལ་རྒྱུན་ལུག་རྒྱུད་མ་བཅད་པས། །ཉམས་ལ་བོགས་སྐྱེད་ཆེར་མ་བྱུང་། །འོན་ཀྱང་རྨི་ལམ་འབྱུང་གྱུར་ལྟས། །མཚར་མཚར་རྒྱུ་བ་མང་ཞིག་དང་། །ཚེ་འདིའི་རྟེན་འབྲེལ་གྱུར་འགའ་ལ། །སྔགས་བསྲུང་འཚུབ་ཀྱང་ཅི་རིགས་བྱུང་། །མགྲིན་པའི་རླུང་སྦྱོར་ནུས་པ་ཡིས། །རྩོམ་པ་སྔར་ལས་མྱུར་ཙམ་བྱུང་། །བཅོ་བརྒྱད་སྣེ་ལ་གཙང་གྲོ་ཡི། །གནས་མཇལ་སོང་བས་ཉམས་མྱོང་བོག །ཅུང་ཟད་ཐོན་གྱུར་སླར་གདན་སར། །ཕྱིན་ཞིང་འདི་ལོར་མཁའ་འགྲོ་ཡིས། །ཆོ་འཕྲུལ་གྱུར་པ་མང་ཙམ་དང་། །གནམ་གཏེར་ཞིག་ཀྱང་ཤར་ཚད་ཚད། །བྱུང་ཡང་གཉེར་ཁ་མ་བྱས་ཤིང་། །བཏང་སྙོམས་ངང་དུ་བཞག་བྱས་སོ། །དེ་ཡི་རྒྱུ་མཚན་གང་ཞེ་ན། །གནམ་གཏེར་ཚད་ལྡན་བྱུང་བ་ནི། །ནང་གི་གཏེར་ཡིན་ཆེས་ཟབ་ཀྱང་། །ཚད་ལྡན་གྱུར་པ་རེ་རེ་ཙམ། །དེ་བས་སྙིགས་དུས་འདི་འདྲ་ཡིས། །བསླུ་བ་ཁེ་ཉེན་ཆེ་བ་དང་། །ཟབ་མོའི་རྟེན་འབྲེལ་སྒྲིབ་པ་ཡང་། །ཡོད་ཞེས་བླ་མ་རྗེ་ལས་ཐོས། །དེས་ན་དོ་གལ་ཡེ་མ་བྱས། །ལྷར་རེ་འདྲེར་དོགས་རྣམ་རྟོག་ཆེར། །རང་རྒོད་ལོ་འདོད་དབང་གྱུར་པའི། །འདྲེ་ཁྱེར་བླ་རུལ་རྒྱུད་པ་མིན། །རང་དབང་རང་གིས་མ་ཐོབ་པའི། །བསྙེན་མཚམས་དག་ཀྱང་ཅུང་ཟད་བྱས། །ཡོན་ཏན་ལྟས་དང་ལྷོང་ཚད་ཀྱང་། །བཟོད་པར་དཀའ་བ་མང་དུ་བྱུང་། །ཉམས་ངོར་ཨོ་རྒྱན་རྗེ་ཡང་མཇལ། །འབྱུང་འགྱུར་དུས་ཀྱི་ལུང་བསྟན་ཡང་། །རིམ་པ་གཉིས་ཙམ་སྐབས་འདིར་བྱུང་། །ལོ་མཇུག་གདན་སའི་གྲྭ་ཚང་གི །ཡིད་འབྱུང་རང་ཉིད་གཅིག་པུ་རུ། །བསྭོ་ལ་བརྒྱུད་ནས་གཙང་གྲོ་རུ། །སྒྲུབ་པ་བྱེད་པའི་འདོད་པས་ཕྱིན། །དེར་ཡང་རང་དབང་མ་ཐོབ་སྟེ། །གྲོགས་ངན་དབང་གིས་སྒྲུབ་པ་བཤོལ། །བཅུ་དགུར་དྲན་མཆོག་དྭངས་མ་ཡི། །བསྟི་གནས་སེང་ཁྲོམ་རི་ངོགས་སུ། །བསྙེན་མཚམས་ཅུང་ཟད་ཞིག་ཀྱང་བྱས། །ཟབ་མོའི་སྒོ་འཕར་འབྱེད་ནུས་པའི། །ལྟས་གྱུར་ཡང་ཡང་བྱུང་ན་ཡང་། །རང་ཉིད་ལེ་ལོ་ཆེ་བ་དང་། །གྲོགས་ངན་རྐྱེན་གྱིས་ཡལ་ཏེ་སོང་། །འོན་ཏེ་ཆོས་ཟབ་བདུད་ཟབ་པས། །འགའ་ཞིག་ལས་འཕྲོ་བཟང་ལྡན་ཡང་། །ཟབ་མོའི་རྟེན་འབྲེལ་མི་འགྲིག་བཞིན། །བར་ཆད་དབང་གི་གཡོ་ཟོལ་སོགས། །ལོག་པའི་ལམ་དུ་གྱུར་མང་པས། །བདག་ནི་ཁྱབ་བདག་བླ་མའི་མཐུས། །རྒྱུ་འབྲས་ལས་ལ་ཡིད་ཆེས་ཤིང་། །རེ་དོགས་རྟོག་པས་མི་ཐུག་པས། །ཟབ་མོའི་རྟེན་འབྲེལ་མ་འགྲིག་ཀྱང་། །ལོག་པའི་ལམ་དུ་ཡོངས་མ་ཞུགས། །བདག་འདྲ་ཕྱི་འབྱུང་གྱུར་རྣམས་ཀྱང་། །འདི་འདྲར་བག་ཟོན་སྙིང་ནས་འཚལ། །སླར་ཡང་གདན་ས་ཕྱོགས་སུ་ཕྱིན། །ཡུལ་ལྗོངས་དུ་མ་ཐག་ལྟར་བྲན། །ལོ་རྒྱུས་བརྗོད་ལ་དུབ་པ་སྐྱེས། །རང་ལོ་ཉི་ཤུའི་སྣེར་འཁྱོལ་ཚེ། །གནས་མཆོག་དཔལ་གྱི་རི་བཀྲ་རུ། །སྒྲུབ་མཚམས་དམ་པོར་བགྱིད་བྱས་ནས། །ལྷག་པའི་ལྷ་ཡི་གྲངས་ཚད་ཀྱིས། །བསྙེན་པ་བསྐྱལ་བས་ཡི་དམ་ལྷས། །རྗེས་བཟུང་བགེགས་ལས་གྲོལ་བའི་ལྟས། །མང་བྱུང་མཐའ་གཞུག་ཅུང་མ་འཁྱོལ། །སླར་ཡང་གནས་དེར་མཁའ་འགྲོ་ཡི། །བསྙེན་མཚམས་བྱས་སྐབས་སྙན་གྲགས་ཆེ། །འབྱུང་བའི་ལྟས་ཀྱང་ལེགས་པར་བྱུང་། །ལུང་བསྟན་ཐན་ཐུན་འདྲ་ཡང་ཤར། །ཡེ་ཤེས་མཁའ་འགྲོའི་སྙན་བརྒྱུད་མཆོག །ཤིན་ཏུ་ཟབ་པ་འགའ་ཡང་བྱུང་། །དེ་སྐབས་ཡུལ་དེར་འཁྲུག་ལོང་པས། །སྲི་བཏུལ་ཁ་མཆུ་བསྡུམ་པ་ཡི། །གཡེང་བས་བསྟན་འགྲོར་ཕན་ངེས་པའི། །ཟབ་མོའི་རྟེན་འབྲེལ་འགའ་འཆུག་སོང་། །རང་ལོ་ཉེར་གཅིག་ཟིན་པའི་སྐབས། །སྦས་པའི་སངས་རྒྱས་གྲུབ་པའི་དབང་། །ཀུན་བཟང་རིན་ཆེན་ཞབས་བསྟེན་ནས། །ཐབས་ལམ་ཟབ་པའི་གནད་ཆེན་པོ། །ཡི་གེ་མེད་པ་མང་ཞིག་དང་། །དྲག་སྔགས་ཕྱག་བཞེས་ཅི་རིགས་ཞུས། །དྲག་པོ་ཡེ་ཤེས་རབ་འབར་གྱི། །དབང་ལུང་སྨིན་ཅིང་རྒྱས་པའང་ནོས། །ལོ་དེར་ཡེ་ཤེས་དྷཱཀྐི་མས། །རྗེས་སུ་བཟུང་ལྟས་ཁྱད་པར་ཅན། །དུ་མ་ཡང་ནས་ཡང་དུ་བྱུང་། །རྫས་གཏེར་ཕྲན་བུ་རྙེད་ན་ཡང་། །གཞན་རྐྱེན་རྟོག་པས་ཆུད་ཟོས་སོང་། །ཉམས་ཀྱི་སྣང་བར་དཔལ་ཆེན་པོ། །བཛྲ་ཀུ་མ་རའི་ཞལ་མཇལ། །ཉམས་མྱོང་སྔར་དང་མི་འདྲ་བ། །རིག་པ་རྩིས་གདབ་མེད་པ་ཡིས། །ཁྲལ་ཁྲོལ་བན་བུན་ཡད་མ་ཡུད། །རྐྱེན་ཀུན་ལམ་དུ་བླངས་ནུས་ཤིང་། །སྣང་སེམས་ཟུང་འཇུག་ཉམས་མྱོང་སྐྱེས། །སྔར་ལོ་འདི་ལོ་གཉིས་ཀ་རུ། །ཁ་མཆུའི་འཆིང་སྒྲིགས་གྲོང་ཆོག་སོགས། །མི་ཆོས་གོ་ཆོད་ཡིན་འདྲ་བའི། །མཛེས་མཛེས་དེ་འདྲ་མ་བྱས་པར། །རང་དབང་རང་གིས་ཐོབ་བཞིན་དུ། །སྒྲུབ་པར་ནན་ཏན་བགྱིད་ཐུབ་ཅིང་། །བྱིན་རླབས་བླ་མའི་རྟེན་འབྲེལ་ཡང་། །འགྲིག་པར་གྱུར་ན་ཕྱི་ནང་གི །མཆོག་ལ་ལེགས་པར་སྤྱོད་གྱུར་ཞིང་། །སྐྱེ་དང་འཆི་བ་ཡང་ནས་ཡང་། །སུན་པ་མ་དགོས་ཙམ་ཡོང་བར། །ཡོད་ཀྱང་གཞན་དབང་རྐྱེན་གྱིས་ནི། །ཟབ་མོའི་རྟེན་འབྲེལ་ཡལ་ཏེ་སོང་། །གོ་མ་ཆོད་པའི་རྟོག་སྤྱོད་ལགས། །ཉེར་གཉིས་ལོ་ལ་རྩེན་ཆེན་དུ། །དད་ལྡན་བདུན་ཕྲག་ལྷག་ཙམ་ལ། །ཟབ་མོའི་ཁྲིད་ཀྱང་ཕྲན་བུ་བཤད། །ཐབས་ལམ་ཉམས་ལེན་སྔར་ནས་ཀྱང་། །བྱེད་ཁུལ་འདི་དུས་གཏན་ལ་ཕབས། །བླ་མ་མཁའ་འགྲོས་བྱིན་རླབས་པའི། །མཚན་མ་ཅུང་ཟད་ཙམ་རྙེད་ནས། །གསང་ལམ་སྐོར་འགའ་ཡི་གེར་བཀོད། །དབྱར་ངོ་ཤིན་དགུ་གངས་རར་ཕྱིན། །ལྷོངས་ཚད་ཚར་ཚད་ཉམས་མཚར་བ། །མང་བྱུང་རེ་ཞིག་འདིར་མ་སྨོས། །སེར་ཚོགས་སྟོང་ཕྲག་གསུམ་ལྷག་དབུས། །མངོན་སྤྱོད་གཏོར་མ་བརྗིད་པས་འཕངས། །ཕྱི་ནང་གསང་བའི་ལྟས་འགའ་ཤར། །ལོ་མཇུག་སྟག་བུ་རེ་ཁེའི་རྫོང་། །སེའུ་ལུང་གི་དབེན་གནས་སུ། །བརྒྱ་ཕྲག་ལྷག་ལ་ཚོགས་ཁྲིད་བྱས། །འདུ་དུས་ཁྲིད་ལོ་ལེགས་པ་ཡིས། །ཀུན་ལ་ངོ་སྤྲོད་ཐེབ་པར་བྱུང་། །ཚེ་འདིའི་ཁེ་དྲེག་མེད་ངོས་ནས། །བླ་མའི་ཐུགས་དགོངས་རྫོགས་དམིགས་ཏེ། །འགྲོ་དོན་ཡིན་ཁུལ་ཆོས་བཀའ་ཁྲིད། །བཤད་པའི་ཐོག་མ་འདི་ནས་ཡིན། །དེ་འཕྲོར་ཅི་རོང་ཏིང་རི་རུ། །རྩ་བའི་བླ་མའི་རིགས་ཀྱི་སྲས། །དམ་པར་གཏུམ་མོའི་ཁྲིད་བསྐྱར་ཕུལ། །གནས་བདག་འཚུབ་ཉམས་ཆེན་པོ་ཡིས། །དགུན་སྒོང་ཧོར་ཟླ་བཅུ་གཉིས་པར། །ཐོག་འཁྱུག་སེར་བ་བབ་པ་བྱུང་། །ཏིང་ངེ་འཛིན་གྱིས་གཟིར་པ་ཡིས། །ཕྱི་ནི་ས་བདག་མོ་དེས་ཀྱང་། །རང་གཟུགས་བསྟན་ནས་བྲན་ཁས་བླངས། །མཐར་ནི་གནས་དེར་རབ་དགེ་བའི། །འཇའ་ཡི་རྐང་པ་ཡ་མཚན་ཟུག །འཁོར་ལོ་པདྨ་རྒྱ་གྲམ་དང་། །རིན་ཆེན་འབར་བའི་གཟུགས་གྱུར་པ། །གར་མཁན་ལག་པས་ཕྱོགས་མཚོན་ཡང་། །བཅོས་པར་དཀའ་བའི་ཆར་བ་འབབ། །རྨི་ལམ་དགེ་མཚན་འགའ་ཡང་ཤར། །ཁྱད་པར་དམ་པ་མི་ཕམ་མགོན། །ཞལ་མཇལ་བྱིན་རླབས་ཕྱག་ཆེན་གྱི། །གདམས་པ་བཀའ་གཏད་ཟབ་མོ་ཐོབ། །ཉེ་བའི་མགོན་པོ་སྤྲིན་འཛིན་གྱིས། །ཐུན་མོང་དངོས་གྲུབ་བཟང་པོ་ཡི། །རྟེན་འབྲེལ་དགེ་བ་དུས་དེར་སྒྲིགས། །ཉེར་གསུམ་སྣེ་ལ་མཆོག་སྤྲུལ་རྗེ། །གཏེར་སྟོན་ལ་ལི་ཏ་བཛྲ། །ཞབས་པད་བསྙེགས་པར་འདོད་ན་ཡང་། །བསོད་ནམས་ཆུང་བའི་དབང་གིས་བཤོལ། །ཅི་རོང་རོལ་ལམ་རི་ཁྲོད་དུ། །ཕུར་པའི་བསྙེན་མཚམས་ཡོད་པའི་སྐབས། །རྨི་ལམ་སྣང་བར་རིག་འཛིན་དེ། །མཇལ་ཞིང་སྨོན་ལམ་བྱིན་རླབས་གནང་། །དེ་དུས་ཞིང་གཞན་གཤེགས་ཚོད་གདའ། །མཆོག་དེའི་ཞལ་དཀྱིལ་མ་མཇལ་བར། །ད་ལྟ་ཤིན་ཏུ་འགྱོད་པར་ཡོད། །གནས་དེར་མདུན་རྒྱབ་ཐུར་མར་སྦྱངས། །དེ་དུས་རྩོལ་བ་མ་བཤོལ་ན། །སྲོག་ཐུར་འདྲེས་ལ་ཚེགས་མེད་བྱུང་། །འོན་ཀྱང་ཉམས་རྒྱུས་ཆུང་བས་བཤོལ། །དགོན་དེར་ཆོས་ཁྲིད་ཅུང་བཤད་པས། །ཁོང་ཚོར་ཕན་ཙམ་བྱུང་ན་ཡང་། །དམ་ཚིག་གནས་མིན་ཅི་རིགས་པས། །རང་ལ་གྲིབ་ལྡང་འཁུ་ལྡོག་བྱུང་། །དེ་འཕྲོ་ཏིང་རི་ཀྲོ་གོམ་དུ། །རྒྱལ་བའི་སྲས་པོའི་ཞབས་དྲུང་དུ། །ཟླ་ཤས་སྡོད་གསུང་བཀའ་ལྟར་བྱས། །

ཀྱཻ་མ། རང་ལོ་ཉེར་གསུམ་ཟིན་དེའི་བར། །རང་གི་ཉམས་མྱོང་རྟོགས་པ་ནི། །ཕྱོགས་ཆ་ཙམ་ཞིག་མཐོང་ན་ཡང་། །ལྟ་བ་ཀློང་དུ་མ་གྱུར་ཞིང་། །མོས་གུས་གནད་དུ་འགྲོ་མི་འགྲོ། །ཉམས་རྟོགས་འཕེལ་གྲིབ་ཚད་བཟུང་མེད། །ལྡང་གྲོལ་ཤར་ཆ་ཐ་ཟད་ཅིང་། །སྐབས་སུ་གནས་ལུགས་ངོ་མཐོང་བ། །དེ་ལས་ལྷག་འདོད་ལྟོས་གཞི་སྒྲིབ། །སྐབས་སུ་བཅོས་སྒོམ་དྲི་ཅན་ལ། །ཡིན་རློམ་ཁེངས་པས་ངོ་བོ་སྒྲིབ། །སྔོན་ལས་དབང་དང་འཕྲལ་རྐྱེན་སྟབས། །རྩ་རླུང་ཐིག་ལེའི་བྱེད་པ་ཡིས། །ཁམས་འདུས་སྙིང་རླུང་ལ་སོགས་དང་། །བདེ་གསལ་མི་རྟོགས་ལ་སོགས་པ། །བརྗོད་པའི་མཐའ་གཞལ་སུ་ཡིས་ནུས། །སྐབས་སུ་སྣང་སེམས་འདྲེས་འདྲ་ཞིང་། །སྐབས་སུ་གཟུང་འཛིན་ཕྲ་རགས་འཚུབས། །སྐབས་སུ་སྟོང་ཉིད་རྟོགས་འདྲ་ཞིང་། །སྐབས་སུ་ཨ་འཐས་ཞེན་དབང་ཤོར། །སྐབས་སུ་ལྟ་གདེངས་ཐོབ་འདྲ་ཞིང་། །སྐབས་སུ་ཡིད་གཉིས་མང་པོ་ལྡང་། །དེ་ཀུན་ཉམས་ཀྱི་ཤར་བ་སྟེ། །འཕྲེལ་འགྲིབ་ཁོ་ཡི་ཆོ་འཕྲུལ་འཆར། །དེ་སྐབས་དུས་ཀུན་རང་ཉིད་ཀྱང་། །ལུས་གནད་མཉམ་བཞག་ལྟ་སྟངས་ལ། །དགའ་ཞིང་གཞན་ལའང་མ་ཡེངས་ཞེས། །ཡང་ཡང་བསྐུལ་མ་འདེབས་ཤིང་ཡོད། །དེ་ཡང་ཉམས་ཐུག་ཞད་དུ་འདུག །སེམས་ཀྱི་རང་མདངས་ཕྱི་ནས་ཡང་། །དངོས་དང་ཁྱད་པར་ཉམས་ཀྱི་སྐབས། །ཡེངས་མ་ལམ་དང་ཡད་ཡུད་དུ། །ཡི་དམ་ལྷ་དང་ཨུཏྟ་ར། །མཁའ་འགྲོ་ཆོས་སྐྱོང་ལྷ་འདྲེ་ཚོགས། །ཡིད་ངོར་ཟད་མེད་མཐོང་བ་སོགས། །རྟོག་ཚོགས་རང་མདངས་ཅིར་ཡང་སྣང་། །སྐབས་སུ་ཆོས་ཚིགས་ངོ་མཚར་བ། །ཚིགས་བཅད་གཉིས་གསུམ་བཞི་ལ་སོགས། །མ་བསམ་ཁ་ནས་ཐོལ་ཐོལ་རྡོལ། །གཏམ་རྒྱུད་ངོ་མཚར་འགའ་ཞིག་དང་། །ཆོས་ཀྱི་གོ་དོན་ཟབ་པ་ཡང་། །ཡིད་ལ་མ་དཔྱད་ཤུགས་འབྱུང་འཆར། །རྣལ་འབྱོར་ཉམས་དང་དབྱར་གྱི་སྤང་། །ཅི་ཡང་རྡོལ་བའི་དཔེ་རུ་སྣང་། །དེ་དུས་ཉམས་ཀྱི་བོགས་འདོན་མཁན། །ལྟ་གདེངས་ཐོབ་པའི་བླ་མ་ཞིག །མཇལ་བའི་དུང་པ་ཆེས་ཆེ་ཞིང་། །རྒྱལ་ཁམས་འགྲིམས་འདོད་ཤར་ན་ཡང་། །སྔོན་གྱི་ལས་སྨོན་ཁྱད་པར་དུ། །འཕྲལ་རྐྱེན་གྲོགས་པོ་ཆོས་སེམས་ཅན། །མེད་པས་གཞན་དུ་ཐོན་མ་ཐུབ། །རང་ཡུལ་དེར་ནི་དུས་དེ་སྐབས། །ཉམས་རྟོགས་མཐར་ཕྱིན་ངེས་ཤེས་སུ། །གྱུར་ཅིང་རང་གི་བློར་བབས་པ། །སྐྱེ་སྔོན་ལས་འབྲེལ་ཐོབ་པ་ཡི། །བླ་མ་ཞིག་ནི་མ་བྱུང་བས། །དབང་ལུང་འབྲེལ་པ་ཙམ་མ་གཏོགས། །ཉམས་ལེན་གེགས་སེལ་བོགས་འདོན་སོགས། །ཞུ་འདོད་མེད་པས་ཅི་བདེར་ལུས། །དེ་དག་ཞར་གྱི་གླེང་མོར་སྨྲས། །རང་ལོ་ཉེར་གསུམ་ལོན་པ་ཡི། །སྟོན་དུས་རྗེ་བཙུན་རྡོ་རྗེ་འཆང་། །དྲན་མཆོག་རྩ་བའི་བླ་མ་ཡི། །གཉིས་པ་ཆེ་ཚངས་མཆོག་སྤྲུལ་ཞབས། །བསྟེན་ཕྱིར་སྨར་ཁམས་དབེན་རྫོང་ཕྱིན། །ཕྱག་ཆེན་གདམས་པ་ཟབ་ཁྱད་དང་། །རྡོ་རྗེ་འཆང་གི་སྨིན་བྱེད་མནོས། །རྫོགས་ཆེན་གསང་བ་ཡེ་ཤེས་ཀྱི། །ཐོད་རྒལ་དོན་གྱི་ངོ་སྤྲོད་ཐོབ། །ཕ་ཡི་བུ་ལྟར་བརྩེ་གཟིགས་དང་། །བཀའ་དྲིན་ཤིན་ཏུ་ཆེ་བས་བསྐྱང་། །གཞན་དོན་གྱིས་ཞེས་དབུགས་དབྱུང་མཛད། །སླར་ཡང་རང་གནས་ཡོང་བའི་མཚམས། །འབྱུང་ཁམས་འཁྲུག་པའི་ནད་ཀྱིས་ཉེན། །ལམ་ཁྱེར་རྟོགས་པའི་བོགས་ཀྱང་ཐོན། །དེ་སྐབས་དྲེགས་པ་འགའ་ཡིས་ནི། །སྲོག་གི་སྙིང་པོ་ཕུལ་བ་དང་། །བདེ་ཆེན་རི་དབང་བན་རག་གིས། །ཡུལ་ཕྱོགས་དེ་ཡི་གཏེར་སྟོན་རིགས། །འགའ་ལ་ཚད་ལྡན་ཡིན་མིན་གྱིས། །ལུང་བསྟན་བྱས་པ་དང་དག་ཀྱང་མཆིས། །བཤད་ན་ཁྲོམ་གསེབ་མདུང་བསྐོར་དགོས། །དེ་ལྟར་དྲན་བསམ་སྨིན་པ་ནས། །རང་ལོ་ཉེར་གསུམ་འཁོད་ཀྱི་བར། །ཆོས་ཀྱི་ཕྱག་རྒྱ་སྐད་པ་ཡི། །ལྷ་སྐུ་བསྐྱེད་རིམ་སྒྱུ་མ་ལྟར། །རྒྱུན་དུ་གསལ་ངར་མ་ཐེབ་ཀྱང་། །ཝལ་ཝལ་རྟག་ཏུ་གང་འདྲིས་བྱས། །དམ་ཚིག་ཕྱག་རྒྱ་རྩ་རླུང་ཡང་། །རྡོར་བཟླས་རླུང་སྦྱོར་བུམ་པ་ཅན། །གཏུམ་མོ་ལས་དང་ཡེ་ཤེས་ཀྱི། །རྣལ་འབྱོར་ནར་མར་སྤྱོད་པ་དང་། །བཅུ་དྲུག་སྐབས་ནས་བླ་མ་རྗེའི། །བཀའ་བཞིན་ལོ་དགུ་རས་རྐྱང་བྱས། །ལས་བཞིའི་ཐིག་ལེའི་རིམ་པ་ཡང་། །བཅུ་གཅིག་སྐབས་སུ་ཐབས་ལམ་གྱི། །ཡིག་ཆ་མཐོང་བས་མོས་གུས་སྐྱེས། །གསང་ཁྲིད་ཆོས་ཞོར་ལ་མནོས་ཤིང་། །དེ་ནས་བཟུང་སྟེ་ཉེར་གསུམ་བར། །དམ་པ་འགའ་ལ་གསང་ཁྲིད་སྐོར། །ལེགས་ཞུས་ཡེ་ཤེས་ཤེས་རབ་ལ། །བརྟེན་ནས་དྭངས་མ་སྐྱིལ་བཟློག་བཀྲམ། །རྗེས་མཐུན་བདེ་སྟོང་ཟུང་འཇུག་གཤིས། །གྲོལ་ལམ་སྙིང་པོའི་བོགས་འདོན་དུ། །ཐབས་ལམ་རང་ལུས་བྱང་བྱས་ཤིང་། །ཕྱི་ཡི་ཀུན་སྤྱོད་ཚངས་མཚུངས་ལས། །གདམས་པ་ཐོབ་ནས་གོམས་འདྲིས་ཀྱི། །ལོང་མེད་བུད་མེད་ཧབ་ཐོབ་དང་། །འཕྲུལ་འཁོར་ཀྱག་ཀྱོག་སད་སུད་རླུང་། །རྡོ་རྗེས་ཧུ་སྒྲ་སྒྲོགས་ཙམ་ལ། །ཁེངས་ནས་ཟབ་མོའི་གདེངས་མེད་པར། །བག་མེད་དབང་གིས་གཞན་ལུས་ལ། །རིང་བར་རྔམས་པ་དེ་མ་བྱས། །ཕྱག་ཆེན་གནས་ལུགས་གཉུག་མའི་དངོས། །ཁྲེགས་ཆོས་དོན་གྱི་ཉམས་ལེན་ཀྱང་། །བཅུ་གཅིག་སྐབས་སུ་ཞི་གནས་སྐྱེས། །བཅུ་གསུམ་ལོ་ལ་ངོ་སྤྲོད་ཐོབ། །ཞི་ལྷག་ཕྱོགས་རེ་མ་ཡིན་པར། །ཟུང་འཇུག་ཉིད་དུ་སྐྱེས་གྱུར་ཀྱང་། །འོན་ཏེ་བརྩོན་འགྲུས་དམན་པ་ཡིས། །གོང་དུ་ཅུང་ཟད་སྨོས་པ་ལྟར། །རྟོགས་པ་བརྟན་པོ་མ་ཤར་ཡང་། །གེགས་གོལ་དབང་དུ་ཡེ་མ་གྱུར། །འོད་གསལ་ཐོད་རྒལ་སྣང་བཞི་ལ། །སྐྱེ་སྔོན་ལས་དབང་ཞིག་གིས་ནི། །ལོ་བཞི་སྐབས་ནས་མངོན་སུམ་དོན། །ངོ་འཕྲོད་ཉམས་ལེན་ཚུལ་མཚོན་ཤེས། །སྐྱོང་ཁུལ་བྱས་པས་སྣང་མུན་དུ། །རིགས་པ་ཅི་བཞིན་འཆར་བར་འགྱུར། །ཞེས་རང་ལོ་ཉེར་གསུམ་པ་ཡན་གྱི་རྟོགས་བརྗོད་ས་བོན་ཙམ་སོང་ངོ་། །

དེ་ཡི་འཕྲོས་བརྗོད་པ། རང་ལོ་ཉེར་བཞི་ལོན་པའི་ཚེ། །ཀོ་ཤའི་ཚལ་མཚུངས་བརྩེ་ཆེན་དུ། །སྐལ་བཟང་སློབ་མ་བཅུ་ཕྲག་བདུན། །ལྷག་ཙམ་དག་ལ་ཡང་གསང་ཆེ། །རྡོ་རྗེ་སྙིང་པོ་རྫོགས་ཆེན་ཁྲིད། །ཐོད་རྒལ་མ་གཏོགས་ཐམས་ཅད་ལ། །ནོར་འཁྲུལ་མེད་པར་ཞིབ་བཤད་བྱས། །དེ་སྐབས་རྨི་ལམ་སྣང་བ་རུ། །སྔོན་བྱོན་རྫོགས་ཆེན་བླ་རབ་འགའ། །ཞལ་མཇལ་གསུང་ཐོས་རྗེས་གནང་ཐོབ། །དེ་དང་ཁྱད་པར་ཚེ་འདི་རུ། །རང་སྐབས་བབས་པ་རྡོ་རྗེ་འཆང་། །རྩ་བའི་བླ་མ་རྣམ་གཉིས་ཀྱིས། །བྱིན་རླབས་མཚན་མ་བཟང་པོ་རུ། །ཉམས་ལེན་བོགས་ཀྱང་ཅི་རིགས་ཐོན། །གོ་དཀའི་རྡོ་རྗེའི་ཚིག་རྣམས་ཀྱང་། །སྔར་ལས་ཅུང་ཟད་བློ་རྒྱས་ཏེ། །རྫོགས་ཆེན་གནད་གསང་འགའ་ཡང་ཁྲོལ། །གནས་ལུགས་གཤིས་ཀྱི་ངོ་བོ་ཡི། །ཕྱོགས་ཆ་དེ་དུས་མངོན་གྱུར་བས། །བདེ་སྡུག་འཕེལ་འགྲིབ་བྱུང་ཀྱང་རུང་། །ཁོ་རང་གཉིས་མིན་གཅིག་ཏུ་འདྲེས། །དེ་དང་ལྷག་མཐོང་ངོ་བོ་ནི། །ཐ་སྙད་ཐོབ་རུང་མ་ཐོབ་རུང་། །དུས་དེར་དགེ་སྦྱོར་རྐང་པ་ཚུགས། །ལོ་དེའི་དབྱར་ངོར་རྒྱ་ཡན་ཕྱོགས། །ཕྱིན་པས་ཡུལ་གྱི་བདུད་རྩིས་མཐུས། །སྔར་ལས་ཉམས་མྱོང་རྩལ་ཁ་རྒྱས། །གང་ཤར་ཁོ་ཡི་རོལ་ཙམ་མཐོང་། །སྦས་ཡུལ་གསེར་ཁྲོམ་གཡང་རར་ཡང་། །བསྒྲོད་པས་པདྨའི་སྐུ་བརྙན་སོགས། །སྔོན་མེད་མང་པོ་ལྟད་མོར་མྱོང་། །ལོ་མཇུག་བླ་མ་དམ་པ་ཡི། །བསྟི་གནས་ཅི་རོང་གསེར་ཁྲོམ་ཞོལ། །བསྟན་དང་འགྲོ་དོན་ལྷག་བསམ་གྱིས། །ལྷ་བྷེམ་གྱད་སྟོབས་ཅུང་སྙེམས་པས། །ལས་བྱེད་མ་མགོན་ཕོ་ཉ་ཡི། །དཀྱིལ་འཁོར་ཞལ་ཕྱེས་ཟླ་གཅིག་བར། །བསྙེན་དང་སྒྲུབ་པའི་གཞུང་བཟུང་ནས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །གསང་ཆེན་སྙིང་པོའི་རིང་ལུགས་ལ། །སྡང་བར་བྱེད་པའི་དགྲ་བོ་དང་། །ཁྱད་པར་བླ་མའི་སྐུ་ཡི་དགྲ། །གཞན་ཡང་ཉེས་མེད་ལ་འཚེ་བྱེད། །མངོན་སྤྱོད་གདུལ་བྱར་གྱུར་པ་འགའ། །དཀར་དམར་ནག་པོར་བྲིས་གྱུར་བཀོད། །སྤྱིར་ནི་མི་ཁྲི་རྟ་འབུམ་མཚོན། །བྱེ་བྲག་མིང་གསལ་བདུན་ཅུ་ལྷག །ཧོམ་དུ་སྒྲུབ་ནས་རྦད་བསད་ཀྱི། །ལས་ལ་སྦྱར་བས་རྟགས་ཀྱང་རྫོགས། །ཁྱད་པར་ཡེ་ཤེས་མགོན་པོ་ནི། །རྡོ་རྗེ་སློབ་དཔོན་སྐུར་སྤྲུལ་ནས། །དངོས་སུ་བྱིན་རླབས་ཆོས་བཀའ་གཏད། །མགོན་པོར་དམ་ཚིག་བསྲེ་བའི་སྐབས། །དེར་འདུས་གྲོགས་རྣམས་འཇིགས་གཟུགས་ཀྱི། །རེངས་ལ་ཁད་པར་བྱུང་ཟེར་ཞིང་། །བསྒྲལ་དང་མེ་ཧོམ་སྐབས་སུ་ཡང་། །རང་ལ་མཐོང་སྣང་འགའ་བྱུང་ཞིང་། །ཉེར་དགུར་དྲག་པོའི་ཟོར་འཕེན་བྱས། །བསྲེགས་ཐལ་མཛེ་ཐོད་དམར་པོར་གྲུབ། །གཏིང་རིང་གཤིན་རྗེའི་དོང་དུ་འཕང་། །ཧོམ་སྦྱོར་གཟས་པོ་མིང་གསལ་རྣམས། །ལོ་གསུམ་ཁོང་དུ་ཕལ་ཆེ་བ། །ལྷོ་ཕྱོགས་གྲོང་ཁྱེར་ཉམས་དགར་དེངས། །དྲེགས་གྱུར་མི་ཀུན་དཔའ་ཡང་འཁུམ། །དེ་ལྟར་ལས་སྦྱར་གཟས་པོ་ལ། །ཆོས་ཁྲིམས་བཤིག་ཅིང་ཕྱག་རྫས་དཀོར། །བྲུང་ཇག་རྒྱུགས་པའི་སེར་གཟུགས་གཅིག །མ་གཏོགས་བསྟན་དང་བླ་མ་ཡི། །སྐུ་དགྲར་གྱུར་པ་འབའ་ཞིག་ལས། །རང་གི་དགྲ་ནི་གཅིག་ཀྱང་མེད། །འདིར་སྣང་ཞེན་དབང་དྲག་སྔགས་ཀྱིས། །སྦྱོར་བས་ཐར་མེད་ངན་སོང་གི །གཏིང་རྡོ་བྱེད་མཁན་མ་ཡིན་གྱི། །རྒྱལ་བའི་བསྟན་དང་བླ་མ་མཆོག །གཉན་ཕྱིར་མངོན་སྤྱོད་དྲག་པོ་ལས། །རང་འདོད་གསལ་བ་ཡེ་མེད་པར། །དྲག་སྔགས་སྒྲུབ་པའི་སྔགས་འཆང་ཡིན། །ཕྱོགས་ཞེན་ཉེ་རིང་གཉེན་དོན་དང་། །རང་འདོད་ཞེན་པས་སྒྲུབ་མ་མྱོང་། །འོན་དེ་རྟག་འཁོན་ཞེ་གནག་འགའ། །ལས་ལ་སྦྱོར་བ་མ་བྱས་ཀྱང་། །སྲུང་མས་བཀའ་ཆད་འབེབས་པར་སྣང་། །རྔམ་རྔམ་རྩིག་རྩིག་དྲག་སྔགས་ལ། །ནུས་པ་ཆེ་ཆེ་པོ་མིན་ཡང་། །དམ་ཚིག་དབང་གིས་བསྲུང་མ་རྣམས། །ལས་ལ་ཅུང་ཟད་འཁོལ་ཏེ་མཆིས། །ཉེར་ལྔའི་ལོ་དེར་རྫོང་འབུར་མོར། །ཕག་དམར་བསྙེན་པ་ཚད་ལ་བསྐྱལ། །བར་ཆད་མེད་པར་མཐའ་རུ་སོན། །བསྐྱེད་རིམ་ཕྲ་མོར་གོམས་འདྲིས་གྱུར། །བ་ཟིལ་དགོན་དུ་ཚོགས་ཆེན་ལ། །ཕྱག་རྫོགས་ཁྲིད་བཤད་དག་ཀྱང་བྱས། །དེ་བཞིན་སེའུ་ལུང་ཚོགས་པ་ནི། །མཆོག་དམན་སུམ་བརྒྱ་ལྷག་ཙམ་ལ། །ཁྲི་བཤད་གུ་རུའི་སྒྲུབ་ཆེན་བཙུགས། །དེ་འཕྲོར་བླ་མ་རིན་པོ་ཆེ། །ཀུན་རྣམ་དང་བཅས་གླེ་གསལ་གྱི། །ནང་འཁྲུགས་བསྡུམ་ནས་བདེ་བར་བྱས། །དེ་ནས་བོད་ཆེན་རྡོ་རྗེ་གདན། །ཀཿཐོག་རྒྱལ་བའི་བསྟི་གནས་མཆོག །དེར་ཕྱིན་རྒྱལ་བའི་རྒྱལ་སྲས་གང་། །ལེགས་མཇལ་སྨིན་གྲོལ་ཆོས་ཆར་བབ། །འབྱུང་འགྱུར་མཁྱེན་བཞིན་རྒྱལ་ཚབ་ཏུ། །རབ་བསྔགས་དབུགས་དབྱུང་རྡོ་རྗེའི་ཁྲིར། །བཀོད་ནས་ཤིས་བརྗོད་ལེགས་ཚོགས་བརྩམས། །དེ་ནས་མི་རིང་ཞི་བར་གཤེགས། །དེ་ནས་ཡར་རྒྱུད་བསོ་དགོན་ཕྱིན། །མཛེས་བྱེད་དབྱར་རའི་ཚེས་བཅུ་ལ། །བླ་མའི་སྐུ་གདུང་འོད་ཞུ་ཕུལ། །དེ་འཕྲོར་དྲག་པོ་ཨེ་ཀློང་དུ། །དྲག་སྔགས་སྒྲུབ་པས་ཕྱི་ནང་རྟགས། །ཡ་མཚན་དང་བཅས་མཐའ་ཡི་དམག །རེ་ཞིག་བསྲིང་བའི་གསལ་སྣང་ཤར། །ལོ་དེའི་མཇུག་ལ་རང་དབང་ཅུང་། །ཐོབ་པས་དབུས་གཙང་དག་ཞིང་ཆས། །ཐོག་མར་དཔལ་ལྡན་བླ་མ་ཡི། །གདན་ས་སྨར་ཁམས་བདུད་རྩི་མཐིལ། །ཕྱིན་ནས་རྡོར་འཆང་མི་ཡི་ཟོལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །ཧེ་རུ་ཀ་དཔལ་བདེ་བ་མཆོག །དོན་གྱི་སླད་ནས་མཚན་གསོལ་བ། །རིག་འཛིན་གསུང་རབ་རྒྱ་མཚོ་ཞེས། །བདག་གི་རིགས་བདག་དྲན་མཆོག་མགོན། །དེ་ཡི་ཞབས་པད་ཉེར་བསྟེན་ནས། །ཏིལླི་ནས་བཟུང་ཆིག་རྒྱུད་བཀའ། །ཡི་གེའི་རྒྱུན་ལ་མ་འཕེལ་བའི། །སྙན་རྒྱུད་རྩ་བ་ཟབ་དོན་དང་། །ཀམ་ཚང་སྙན་བརྒྱུད་ནོར་བུའི་སྐོར། །གསུམ་ལྡན་བུམ་པ་གང་བྱོས་མནོས། །གཞན་ཡང་གདམས་ངག་ཅི་རིགས་ཐོབ། །ཁྱད་པར་རང་སེམས་ཞེས་བྱ་བ། །ཀུན་གྱི་རྩ་བ་ཁོ་ཐག་ཆོད། །ད་ལྟ་རྟོགས་གདེང་མི་ལྡན་ཡང་། །འབྱུང་འགྱུར་བསྐལ་བཟང་ལུང་བསྟན་ཚུལ། །ཕྱག་ཆེན་རྟོགས་པའི་ངོ་སྤྲད་བསྩལ། །གང་ལྟར་ཐར་བའི་ལམ་རྐང་ནི། །མགོན་དེའི་བཀའ་དྲིན་མཆོག་ལས་རྙེད། །སྤྱི་ཡང་ལྷན་སྐྱེས་སེམས་ཉིད་ཀྱིས། །ངོ་སྤྲོད་མཁན་དེར་དབང་ཆོས་གཞན། །ཚིག་གཅིག་མ་ཐོབ་ན་ཡང་རུང་། །རྩ་བའི་བླ་མ་དངོས་ཡིན་ལ། །དབང་ཁྲིད་རྒྱ་མཚོ་ལྟར་མནོས་ཀྱང་། །སེམས་ཉིད་ངོ་སྤྲོད་མ་ཐོབ་ཕྱིན། །དྲིན་ཆེན་བླ་མ་ལོས་ཡིན་ཀྱང་། །རྩ་བའི་བླ་མར་མི་འཛིན་ཞེས། །བཀའ་བརྒྱུད་བླ་མ་ཡོངས་ཀྱིས་བཞེད། །སྤྱིར་ནི་སྡོམ་པ་གསུམ་ལྡན་དང་། །དབང་རྒྱུད་མན་ངག་མནོས་ཡུལ་དེ། །རྩ་བའི་བླ་མ་ཡིན་ནོ་ཞེས། །སྔ་ཕྱི་ཤིང་རྟ་ཆེ་རྣམས་གསུངས། །དོན་ལ་འཕགས་བོད་གཉིས་ཀ་ནས། །གནས་ལུགས་དོན་དམ་ངོ་སྤྲད་མཛད། །དེ་ནི་རྩ་བའི་བླ་མ་རུ། །འཛིན་མཐུན་བོད་ཡུལ་ཕྱག་ཆེན་པ། །རྣམས་ནི་སྤྲོས་བྲལ་ངོ་བོ་ཉིད། །སྟོན་མཛད་དེ་ན་རྩ་བར་བཞེད། །དེ་ཡང་དེང་སང་དུས་དབང་གིས། །ཕྱག་ཆེན་ངོ་བོ་ཕྱོགས་མཐོང་ནི། །རྩེ་གཅིག་སྐབས་སུ་ཡིན་གསུང་པས། །ཞི་ལྷག་ཟུང་འཇུག་རྩེ་གཅིག་གི །ངོ་བོར་བོགས་འདོན་ངོ་སྤྲོད་མཁན། །དེ་ལ་རྩ་བའི་བླ་མར་མཛད། །འོན་ཀྱང་རྙིང་ལུགས་རྫོགས་ཆེན་གྱི། །ཁྲེགས་ཆོད་ངོ་སྤྲོད་ཐེབ་ཙམ་དང་། །ཐོད་རྒལ་སྣང་བ་མངོན་བསྟན་བཞིན། །གོ་དོན་མ་ནོར་སྐྱེས་པ་ན། །དེ་སྟོན་རྩ་བའི་བླ་མར་ངེས། །བདག་ནི་སེམས་ཉིད་ངོ་མཐོང་ནི། །རིག་འཛིན་བདེ་ཆེན་གླིང་པས་སྤྲད། །དེ་བོགས་གསུང་རབ་རྒྱ་མཚོས་སྟོན། །རྟོགས་ནི་གཉིས་ཀའི་དྲིན་ལས་རྟོགས། །དེ་ན་ཚེ་འདིར་སངས་རྒྱས་ལས། །ལྷག་པའི་དྲིན་ཅན་རྩ་བ་ཡི། །བླ་མ་དམ་པ་དེ་གཉིས་ལགས། །གཞན་གྱུར་གང་ཟག་ངོ་མཚར་དང་། །ཆོས་འབྲེལ་ཐོབ་པའི་བླ་མ་ཀུན། །ཁོང་གཉིས་རྣམ་སྤྲུལ་རོལ་པར་གོ །རྩ་བའི་བླ་མ་གཉིས་པོ་ཡང་། །ད་ལྟ་རང་སེམས་གཅིག་དང་འདྲེས། །མདངས་ལ་མོས་གུས་ལྷང་ལྷང་སྣང་། །བསམ་བཞིན་བླ་མའི་བཀའ་དྲིན་དྲན། །དེ་ལྟར་རང་ལོ་ལྔ་ཕྲག་ལྔ། །ཆ་ཤས་ལྷག་བཅས་ལོ་ཡི་ཚིགས། །མ་ཆད་ས་བོན་ཙམ་སྨྲས་ཤིང་། །ཞིབ་པར་རྟོགས་པ་བརྗོད་པ་ནི། །གཞན་དུ་སྟོན་པ་ལས་ཤེས་བྱ། །དེ་འཕྲོ་ནས་བཟུང་ད་བར་དུ། །རྒྱས་པར་ལམ་ཡིག་ལ་བཀོད་རུང་། །འདི་རུ་མཆོག་གི་སྤྲུལ་པའི་སྐུའི། །བཞེད་པ་ཇི་བཞིན་ཅུང་ཟད་སྨྲས། །

ཁྲོ་མོ་ཤིང་འབྲུག་དབྱར་ཟླ་བ། །རྩི་བདུད་རྒྱས་པའི་དུས་སྐབས་སུ། །བླ་མའི་བསྟི་གནས་ནས་ཐེགས་ཏེ། །མདོ་ཁམས་གནས་མཆོག་ཀེ་རོང་ནས། །རིམ་པར་ཀརྨ་རིན་ཆེན་བརྒྱུད། །སྤར་གནས་མཇལ་ནས་སྤུ་བོར་ཕྱིན། །རིག་འཛིན་ཆེན་པོ་ནུས་ལྡན་པའི། །གདུང་རྒྱུད་སྐུ་མཆེད་ཞབས་པད་བསྟེན། །བྱིན་རླབས་དབང་བཞིའི་བདག་བློ་སིམ། །ལོ་དེའི་མཇུག་ལ་ཡི་གོང་སླེབ། །སྟོང་ཕྲག་ལྷག་གི་ཚོགས་པ་ལ། །བཀའ་བརྒྱད་ལ་སོགས་ཞི་བཀའ་བསྐུར། །རི་རྒྱ་ཀླུང་རྒྱ་ལ་སོགས་པ། །སྲོག་འདོན་དགེ་བ་ལེགས་ཚོགས་སྒྲུབ། །སྣ་ཚོགས་དབྱིག་ཞེས་ཤིང་སྦྲུལ་ལོ། །སྣེ་ཟིན་སྐབས་ནས་བྲག་སྐས་ལྗོངས། །རྒྱང་ཕུར་གང་རར་གནས་འབྲེལ་བྱས། །དེ་སྐབས་འདྲེ་དམག་སྙིང་རླུང་སོགས། །ཆོ་འཕྲུལ་མང་ཤར་ཡེ་ཤེས་ཀྱི། །མཁའ་འགྲོའི་བྱིན་རླབས་ལྟས་ཀྱང་བྱུང་། །དབྱར་ངོར་དགོན་པ་ཡས་མན་གྱི། །ལྷ་ཁང་ནང་རྟེན་བཞེངས་བྱས་ཤིང་། །ཁྲིད་བཤད་ཀུན་ཀྱང་ལེགས་ལམ་བཀོད། །རི་རྒྱ་རྟག་འཇག་འགའ་ཡང་བྱུང་། །འགྲོ་ཕན་སྒྲུབ་པའི་ཆ་ཤས་གྱུར། །སྟོན་ལ་བྲག་ལ་ལ་ནས་ཐོན། །བྱང་སྐོང་ཉན་གཞུང་འོལ་ཁ་བརྒྱུད། །ཁྲ་འབྲུག་ཟན་ཡང་གཙུག་ལག་ཁང་། །ལེགས་མཇལ་སྨོན་ལམ་བཟང་པོ་ཐེབས། །མཚུར་ཕུ་བདེ་བའི་ཕོ་བྲང་དུ། །མི་བསྐྱོད་འོད་མཚན་ཅོད་པན་ཅན། །མཇལ་བྱས་ཆོས་འབྲེལ་ཙམ་རེ་ཐོབ། །ཟིལ་གནོན་མེ་རྟ་ཤར་བའི་ཚེ། །རྟག་སྣ་ཆོས་ཀྱི་ཕོ་བྲང་དུ། །བྱང་སེམས་དགེ་སློང་རྡོ་རྗེ་འཛིན། །རྗེ་བཙུན་བྱང་ཆུབ་ཆོས་དབང་པོའི། །ཞབས་པད་བསྙེན་ནས་རྫོགས་པ་ཆེ། །འཇའ་ལུས་སྲོག་སྒྲུབ་དབང་ཁྲིད་དང་། །ཀུན་བཟང་དགོངས་པ་འདུས་པ་ཡི། །ཐོད་རྒལ་དོན་གྱི་ངོ་སྤྲོད་ཐོབ། །རྙིང་རྒྱུད་དབུ་མཐའ་བར་གསུམ་མནོས། །གཞན་ཡང་དབང་ཁྲིད་ཅི་རིགས་ཞུས། །ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། །དེ་འཕྲོར་ཟབ་ལུང་གནས་འབྲེལ་ཕྱིན། །རྩ་གསུམ་མཁའ་འགྲོའི་བསྙེན་ཚད་བསྐྱལ། །དེར་འདུས་དད་སྐལ་ལྡན་རྣམས་ལ། །སྙིང་ཐིག་དབང་ཁྲིད་ལུང་རྫོགས་དང་། །བླ་མ་དགོངས་འདུས་དབང་བཀའ་ཕུལ། །དྲེགས་པའི་སྲོག་དབང་བགྱིད་པའི་སྐབས། །གཏེར་བསྲུང་མི་ལ་བརླམ་བྱས་ནས། །གུས་པའི་ཕྱག་ཕུལ་དགའ་ཚོར་ཚུལ། །དུ་མ་བྱས་བྱུང་དགྱེས་ལྟས་གོ །སླར་ཡང་ཏྲེ་བོའི་ཞབས་པད་བསྟེན། །དབང་ཆོས་དག་ཀྱང་ཅི་རིགས་ཞུས། །བདག་ལ་ཤིས་བརྗོད་མངའ་གསོལ་གནང་། །དེ་ནས་བྱ་བཏང་ཆས་ཞུགས་ཏེ། །སོག་པོ་ནས་བརྒྱུད་རྟ་ནག་ཕུ། །ཚ་ལུང་བླ་མར་ནཻ་གུ་ཡི། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་མནོས། །རྨི་ལམ་ལྟས་ཀྱང་ངོ་མཚར་བྱུང་། །ཕུན་ཚོགས་གླིང་དང་ཇོ་ནང་མཇལ། །བྱང་རྒྱུད་རུ་ལག་རི་སུལ་དུ། །རྡོ་རྗེའི་རྣལ་འབྱོར་གྲུབ་ཐོབ་མཆོག །བྷ་ཊ་ས་མནྟ་ཡི་དྲུང་། །རྡོ་རྗེའི་རྣལ་འབྱོར་ཞུ་འདོད་པས། །ཆེད་གཏད་ཕྱིན་ནས་ཞག་གསུམ་བར། །གསོལ་བ་བཏབ་ཀྱང་ཞལ་མཇལ་ཙམ། །མ་བྱུང་བླ་མའི་མཛད་སྤྱོད་ནི། །ཆོས་བརྒྱད་མེད་པར་ཡི་རང་ཞིང་། །དད་གུས་མཆོག་ཏུ་འཕེལ་བར་བྱུང་། །གྲྭ་པ་ཚོ་ལ་ཅུང་མ་མགུ །སྤྱིར་ནི་ཁོ་བོའི་གཤིས་ཁམས་ལ། །དག་སྣང་གྲུབ་མཐའ་ཕྱོགས་རིས་མེད། །འཕྲད་ཐག་མོས་མོས་ཞུམ་ཞུམ་པོ། །རྗེས་སུ་མཐའ་མེད་ཡལ་མཁན་མིན། །མཁས་པའི་དཔྱད་པ་མི་ལྡན་ཡང་། །བླུན་པོའི་དད་པ་བརྟན་པོ་ཡིན། །དད་ཅིང་དབང་ལུང་ཞུ་ཡུལ་དེས། །ཕྱིས་ནས་མི་བསད་རྟ་འགྱེད་བ། །བྱས་ཀྱང་དག་སྣང་གང་འབྱོངས་ལས། །མི་དད་ལོག་ལྟ་མེད་པར་མཆིས། །སྤྱིར་ནི་ལེ་ལོ་ཆེས་ཆེ་ཡང་། །ཆོས་ལ་བརྩོན་པ་བྱེད་ཁུལ་བྱས། །འདི་དག་ཁོ་བོའི་ངང་ཚུལ་དུ། །ཞར་བྱུང་འཕྲོས་སུ་སྨྲ་བར་སོང་། །དེ་ནས་ལ་སྟོད་དིང་རི་ནས། །སྙེ་ནམ་བརྒྱུད་དེ་བལ་པོར་ཕྱིན། །ཁ་ཤོར་ཤིང་ཀུན་མཆོད་རྟེན་དང་། །ཡང་ལེ་ཤོད་སོགས་ལེགས་མཇལ་ཞིང་། །ལྷག་བསམ་སྨོན་ལམ་རྒྱ་ཆེར་བཏབ། །སྤྲེའུ་ཞེས་གྲགས་མེ་ལུག་ལོར། །མང་ཡུལ་སྐྱིད་གྲོང་དག་ཏུ་སླེབས། །རང་བྱོན་ཝ་ཏི་མཇལ་བྱས་ཤིང་། །དཔལ་འབར་རི་ལ་དབང་གསུམ་པའི། །བླ་སྒྲུབ་བསྙེན་པ་ཚད་ལ་བསྐྱལ། །ཞིང་སྐྱོང་མ་མོ་ཀུན་ཏུ་རྒྱུའི། །ག་ན་ཙཀྲར་ལོངས་ཡང་སྤྱད། །གནས་དེར་འཚོ་བའི་མཐུན་རྐྱེན་ནི། །ཚེ་རིང་དོན་ལྡན་ཞེས་བྱ་བའི། །རྣམ་དཀར་སྨོན་ལམ་དག་དེས་སྦྱར། །འཇམ་གླིང་བླ་མ་ཡབ་སྲས་ལ། །གསར་རྙིང་འདོད་ཆོས་འགའ་ཡང་ཞུས། །ཞུར་མོ་གངས་རར་མཇལ་ཕྱིན་ཞིང་། །དྷཱ་ཀིའི་ཚོགས་བསྐང་བརྒྱ་རྩ་ཕུལ། །བར་ཆད་སེལ་བའི་ལྟས་ཀྱང་བྱུང་། །དེ་ཡི་འཕྲོ་ནས་རིམ་བཞིན་དུ། །མདོ་བོ་ཆེ་ཡི་སྔགས་འཆང་དང་། །འཇམ་གླིང་དྲུང་དང་བྱམས་སྤྲིན་གྱི། །བླ་མ་རྣམས་དང་རྫོང་འཛིན་པའི། །སྡེ་པ་ལ་སོགས་མཆོག་དམན་གྱི། །ཚོགས་པ་རྣམས་ལ་དབང་ལུང་ཁྲིད། །གང་ལ་གང་འཚམས་རེ་བ་བསྐང་། །དེ་དག་ཁྲོད་ནས་ཆོས་རྒྱུད་ལ། །ཕན་པར་བྱེད་སྙམ་འགའ་ཟུང་ལ། །ཁྲེགས་ཆོད་ཐོད་རྒལ་ཟབ་བཤད་བྱས། །གསང་ལམ་མཁའ་འགྲོའི་སྙན་བརྒྱུད་ཀྱང་། །ཛྙཱ་ན་ཤྲི་བྷ་ཊ་ཞེས། །སྐྱེ་སྔོན་ལས་བཟང་འབྲེལ་ཅན་དེར། །ཆོས་བཀའ་འབྱེད་བྱས་ཐོག་མར་བཤད། །སྟོན་ལ་རྗེ་བཙུན་མི་ལ་ཡི། །རྫོང་དྲུག་མཇལ་ཞིང་དེ་ཞོར་དུ། །དད་ལྡན་འདོད་ཆོས་འགའ་ཡང་བཤད། །གུང་ཐང་རྒྱལ་ཁབ་རྟེན་མཇལ་ཞུས། །སྡེ་པ་ཟུང་ལ་དབང་བཀའ་ཕུལ། །རེ་ཞིག་རྗེ་བཙུན་བཞད་རྡོར་དང་། །གསང་བདག་རྡོ་གྲགས་མཇལ་བའི་གནས། །ཟ་འོག་ཕུག་པར་སྡོད་པའི་སྐབས། །གསེར་བཟང་གྲུབ་པའི་དབང་ཕྱུག་སྲས། །སྟོབས་ལྡན་ཤུགས་འཆང་རྩལ་དང་འཕྲད། །སྨིན་གྲོལ་སྤྱི་དང་ཁྱད་པར་དུ། །ངེས་གསང་སྙིང་པོའི་སྐོར་རྣམས་བསྟན། །དེ་ནས་ལྷ་ལྡིང་རི་འདབས་རྒྱུད། །ནུབ་རིར་ཕྱིན་ནས་སྦས་ཚུལ་གྱི། །རྣལ་འབྱོར་གྲུབ་དབང་འགའ་ཞིག་ལ། །ཁྲིད་རྒྱུན་དཀོན་གྱུར་འགའ་ཡང་ཐོབ། །དེ་དག་སྐབས་སུ་རང་རེས་ཀྱང་། །གར་དབང་རྒྱལ་དབང་སྤྲུལ་སྐུ་དང་། །ཆེ་ཆེན་འཁྲུལ་ཞིག་དམ་པ་སོགས། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་དང་། །ལྷ་ལྡིང་བླ་མ་ལ་སོགས་པ། །དད་ལྡན་ཚོགས་ལ་ཁྲིད་ལུང་དབང་། །སོ་སོའི་ཐུགས་བཞེད་བཞིན་དུ་བྱས། །ཕུར་བུ་ས་སྤྲེལ་ལོ་མགོ་ལ། །གཙང་ནས་མི་ཡི་དབང་པོ་ནི། །བསོད་ནམས་སྟོབས་རྒྱས་ལུང་ཕེབས་བཞིན། །བསྟན་འགྲོའི་དོན་དུ་བལ་པོའི་ཡུལ། །མཆོད་རྟེན་བྱ་རུང་ཁ་ཤོར་གྱི། །རབ་ཏུ་གནས་པ་བྱེད་ཕྱིར་ཕྱིན། །འགྲོ་བ་སྤྱི་ཡི་བསོད་དབང་གི །རྟེན་འབྲེལ་ལེགས་ཚོགས་ཅི་ལྟ་བར། །འགྲིག་པར་དཀའ་བ་ཆོས་ཉིད་དུ། །གྱུར་ཀྱང་འོན་ཏེ་འཕྲལ་ཅུང་ཟད། །ཕན་པའི་རྟེན་འབྲེལ་བཟང་པོ་ཤར། །དེར་བསྒྲོད་ཡར་མར་རེས་གཉིས་ཀར། །མི་དབང་ཆེན་པོའི་བཙུན་མོ་ལ། །ཞི་དྲག་དབང་བཀའ་མང་ཙམ་ཕུལ། །ལམ་ཞོར་ཝ་ཏི་མཇལ་ཡང་ཕྱིན། །དེ་ནས་བྱམས་སྤྲིན་ལ་བརྒྱུད་དེ། །ད་ལྟ་མངའ་རིས་མང་ཡུལ་དབུས། །རི་བོ་དཔལ་འབར་རི་ངོགས་སུ། །ཟབ་མོའི་གནས་ལུགས་སྐྱོང་བཞིན་དུ། །བསྟན་འགྲོར་ཕན་འདུན་གང་དྲག་བྱས། །ཅོག་གེར་གནས་པ་འདི་ཀ་ལགས། །སླད་མར་ཚེ་མཐར་འཁྱོལ་ཐུབ་ན། །བླ་མའི་ཐུགས་ཀྱི་དགོངས་རྫོགས་ཆེད། །བསྟན་འགྲོའི་དོན་དུ་སྒྲུབ་ཚུགས་ལ། །དམིགས་སྲོལ་འདྲེན་པར་ནུས་པ་ཞིག །བགྱིད་བློ་མཆིས་ཀྱང་ཅི་ཞིག་ཆ། །སྙིགས་དུས་ཚེ་འདི་གློག་དང་འདྲ། །ནམ་འཆི་ཆ་མེད་སྐྱོ་བའི་གནས། །མྱུར་དུ་བསྒོམ་ལ་བསྐུལ་རེ་རན། །དེ་ལྟར་ལོ་རྐང་མ་ཆད་ཙམ། །སུམ་ཅུའི་སྣེ་ཟིན་ཡན་ཆད་ཀྱི། །རྟོགས་བརྗོད་ས་བོན་ཙམ་སོང་ཞིང་། །ཞིབ་ཏུ་བལྟ་འདོད་གཞན་དུ་ཤེས། །དངོས་དང་རྨི་ལམ་སྣང་བ་ལ། །ཁྱད་པར་ཉམས་སྣང་སྟོང་གཟུགས་སུ། །རྩ་གསུམ་མཇལ་དང་ཆོས་སྐྱོང་རྣམས། །འགོ་བའི་མཚན་མ་བསྟན་པ་དང་། །ལྷ་འདྲེ་གཞི་བདག་ལ་སོགས་པའི། །གཟུགས་བསྟན་གཏམ་ཐོས་གྱུར་པ་ནི། །སྒྱུ་མའི་འཁྲུལ་འཁོར་ཇི་ལྟ་བར། །བདེན་མེད་རྫུན་མེད་ངང་སྣང་བ། །བརྗོད་པས་ཅི་བྱ་ཅི་བདེ་བར། །རང་གི་ངོ་བོར་རང་ཉིད་ཐིམས། །འོན་ཏེ་དད་ལྡན་འགའ་ཡི་ངོར། །ཆ་ཤས་ཙམ་ནི་སླར་བརྗོད་སྲིད། །ལར་ནི་ཆོས་ཀུན་རང་རིག་མདངས། །གཏད་མེད་བན་བུན་ཨ་ལ་ལ། །

ཀྱེ་མ་ཧོ། ཚེ་དབང་ནོར་བུ་ཞེས་བྱ་བ། །ཟོག་གིས་ཁེངས་པའི་རྣལ་འབྱོར་པ། །སྒྱུ་མའི་ཁྱེའུ་ཆུང་འཁྲུལ་པའི་སྲས། །རྨོངས་གྱུར་བདག་གི་ངང་ཚུལ་ཉིད། །ད་དུང་ཡང་ནི་འདི་སྐད་སྨྲ། །རང་ལོ་ཉེར་གསུམ་སྣེ་ནས་བཟུངས། །ད་ལྟ་སུམ་ཅུ་སྣེ་ཟིན་བར། །དཔལ་ལྡན་བླ་མའི་དགོངས་རྫོགས་སུ། །དམིགས་ནས་ལྷག་བསམ་དག་ངོས་ནས། །རང་གཞན་དོན་གཉིས་གང་གྲུབ་ཁུལ། །བགྱིད་བློ་མ་དོར་ཙམ་པ་བྱས། །བསྐྱེད་རིམ་སྣང་སྟོང་སྒྱུ་མའི་འགྲོས། །བསམ་གཏན་དུག་གིས་མ་སྦགས་པར། །གསལ་སྣང་བརྟན་པ་གང་ཐོབ་དང་། །རྒྱུན་བསྙེན་འབད་རྩོལ་ཅི་ནུས་ཀྱིས། །ཟུང་འཇུག་འབར་ཞུ་མྱོང་བ་ཡང་། །ཞེན་མེད་མཉམ་སྦྱོར་འདུ་ཤེས་པས། །རྡུལ་ཅན་ཕྱོགས་ནི་རིགས་ཀྱི་སྒྲངས། །ལོངས་སྤྱོད་སྡོམ་འཛིན་རྗེས་མཐུན་སྒྲུབ། །སེམས་ཉིད་གཉུག་མའི་ངོ་བོ་ཡང་། །གོལ་ཤོར་ལོག་ནོར་མཐའ་སྤང་ནས། །དྲི་མེད་རིག་པའི་ངོ་བོ་ཉིད། །རང་སྟོབས་གཏན་ལ་གང་ཕེབས་བྱས། །མངོན་སུམ་དབྱིངས་རིག་སྣང་བ་ཡང་། །བཤད་པ་ཁ་ལ་མ་ཁྱེར་བར། །ཕྱོགས་རེ་མ་ཡིན་ཟུང་འཇུག་དངོས། །དབང་པོར་སྤྱོད་ལ་གང་ནུས་ཀྱི། །ཁ་འབྱམས་ཚིག་གདེང་མ་ཁུར་བར། །སེམས་ཀྱི་སྒྲོ་འདོགས་ཅི་ཆོད་བྱས། །རང་ཉིད་ཞི་བདེ་གཉེར་མིན་པར། །གཞན་ཕན་བསམ་པ་གང་ནུས་བྱས། །བྱ་བ་གང་དང་གང་བྱས་པ། །རྒྱལ་བ་དགྱེས་པའི་ཐབས་སུ་བསྔོས། །དུས་ཀུན་མི་རྟག་འཆི་བ་དེ། །ནམ་ཡོང་ཆ་མེད་དྲན་ངེས་བྱས། །སྣང་བ་ཐམས་ཅད་སྒྱུ་མ་བཞིན། །ཡད་ཡུད་བན་བུན་ལམ་བླངས་བྱས། །རྒྱལ་བས་གནང་རྣམས་མ་གཏོགས་པར། །རྩ་སྡོམ་སྙིང་གི་ནོར་བུར་བྱས། །ཉེས་ལྟུང་ཆ་ཤས་གོས་ཀུན་ཡང་། །བཟང་རྫུས་ཟོ་ལེར་མ་བཞག་པར། །བསླུ་མེད་ལས་ལ་རབ་འཇིགས་པས། །སུན་འབྱིན་སྟོབས་ཀྱིས་བཤགས་སྡོམ་བྱས། །ལས་འབྲས་དག་ལ་ཡིད་ཆེས་པས། །འདོར་ལེན་རང་གི་གང་ནུས་བྱས། །གཞན་རྒྱུད་ཆོས་མཐུན་སྦྱོར་བསམ་ལས། །ཚེ་འདིའི་ཁེ་དྲེག་བསླབ་མ་མྱོང་། །རང་སྐྱོན་རང་གིས་བརྟག་དཔྱད་བྱས། །གཞན་སྐྱོན་འབའ་ཞིག་བརྟག་མ་མྱོང་། །ཚེ་འདིའི་བྱ་བ་ལ་ཞེན་ནས། །ཧ་ཅང་གཞན་དང་བསྟུན་མ་མྱོང་། །ཤུགས་འབྱུང་གཞན་ཕན་སྒྲུབ་པ་ལ། །ཧ་ཅང་འབྲེལ་ཐག་བཅད་མ་མྱོང་། །རང་དབང་རང་གིས་གང་ཐོབ་ལས། །སྣ་ཐག་གཞན་ལ་གཏད་མ་མྱོང། །དཀོར་ནོར་རྫས་ལ་ཞེན་པ་ཡི། །གཞན་སྒྲུབ་ལོག་འཚོ་སྤྱོད་མ་མྱོང་། །མཐའ་མི་གསར་འགྲོགས་ཁྲེལ་མེད་སོགས། །ཀླད་ཆུང་སྤྱོད་པ་སྐྱོང་མ་མྱོང་། །བྱ་བ་ཐམས་ཅད་དམ་ཆོས་དང་། །མཐུན་པར་སྤྱོད་པ་གང་ནུས་བྱས། །ཆོས་རྣམས་ཐམས་ཅད་རྨི་ལམ་བཞིན། །ཞེན་མེད་སྙིང་པོའི་ཉམས་ལེན་བྱས། །དེ་དག་ཁོ་བོའི་ངང་ཚུལ་ནི། །སྒྲོ་སྐུར་བྲལ་བའི་རྟོགས་བརྗོད་ལགས། །ཀྭ་ཡེ་སྔོན་ལས་ཕ་མའི་རྩ་རིགས་དབང་། །ཁོ་བོའི་མི་ཡི་གཤིས་ཚུལ་ཁམས། །སྦ་གསང་བྲལ་བའི་རྟོགས་བརྗོད་ཅིག །ཡང་ཞིག་ད་དུང་འདི་སྐད་ལོ། །རྩ་བའི་བླ་མར་མོས་གུས་ནི། །བླ་མའི་ཆེད་དུ་ལུས་སྲོག་ལ། །ལྟོས་མེད་མཆིས་པས་དེང་སང་གི །དུས་བབས་དང་བསྟུན་དགའ་རབ་རློམ། །ཉམས་ལེན་རྟོགས་པ་མི་མཐོ་ཡང་། །ཕྱག་རྫོགས་ཆོས་ཀྱི་གནས་ལུགས་དོན། །ནོར་འཁྲུལ་སྐྱོན་མེད་ཚུལ་བཞིན་གོ །རང་སྐྱ་ཕེར་བའི་གདེང་ཚད་ལོང་། །སྤྱོད་པ་གཞན་དོན་མཛེས་མཛེས་དང་། །ལྐོག་ཏུ་འཆལ་སྤྱོད་མེད་པ་རུ། །ངོ་ལྐོག་གཉིས་པོ་གང་མཚུངས་སུ། །རང་སེམས་དཔང་པོ་བཅས་ཏེ་བྱས། །འོན་ཀྱང་ལས་འབྲས་ཕྲ་བཅས་ལ། །ཡིད་ཆེས་གྱུར་ཀྱང་སྙིགས་མའི་དུས། །དུག་ལྔ་རགས་པའི་སྐབས་སྐྱེས་པས། །འདོར་ལེན་སྤྱོད་པ་ཆེ་དཀའ་ཡང་། །རང་རྒྱུད་ཆོས་དང་གང་འདྲེས་སུ། །སྤྱོད་ལོ་མ་དོར་རྟག་ཏུ་བྱས། །གསང་སྔགས་དམ་ཚིག་གཉན་པོ་འདི། །འཇིགས་དང་ཕན་ཡོན་ལ་སེམས་པས། །རང་གི་སྲོག་ལས་ལྷག་བལྟས་ནས། །ཤིན་ཏུ་འབད་པས་བསྲུང་བློ་བྱས། །སྔར་ཕན་འཕྲལ་སྤྱོད་འགའ་ཞིག་ནི། །མི་ཆོས་ལྟར་དུ་སྣང་སྲིད་ཀྱང་། །བསྟན་འགྲོར་ཕན་ཐབས་ལྷག་བསམ་དང་། །ལྡན་པས་རང་འདོད་ཞེ་རྣོག་མེད། །ཚེ་འདིར་གཞན་དབང་བླ་གཟུགས་ཀྱི། །གདུལ་བྱ་ཟ་ཟིར་འདུ་བའི་ཐབས། །སྔར་ཡང་ཡེ་ནས་མ་བྱས་ཤིང་། །ད་ཡང་ཡེ་ནས་བྱེད་མི་འགྱུར། །རང་ཤུགས་འདུ་བའི་གདུལ་བྱ་ཡང་། །ཞེན་མེད་ཆོས་ལ་གང་འབྱོར་བགྱིས། །དད་པའི་དཀོར་རྫས་ཟང་ཟིང་རྣམས། །རང་གི་ཟས་ཞིམ་གོས་འཇམ་དང་། །གཞན་བསླུ་ལོག་འཚོར་མ་སོང་བར། །མཆེད་དང་སྦྱིན་ལ་གང་འགྲོ་བྱས། །སྔར་ཕན་ཆུང་ངུའི་དུས་ཉིད་ནས། །ནོར་ལ་སྲེད་པ་ཆེ་བ་མེད། །ཆོས་ཀྱི་གྲོལ་བ་མ་ལགས་ཏེ། །རང་བཞིན་མི་ཡི་གཤིས་ཁམས་འགྱུར། །འཕྲལ་དུ་ཅུང་ཟད་བསགས་པ་ཡང་། །བསྟན་དང་བླ་མའི་ཞབས་ཏོག་ཆེད། །བསམ་ལས་ཕུགས་ནོར་བགྱིད་སྙམ་པའི། །རྟོག་པ་ཡེ་ནས་ཤར་མ་མྱོང་། །ནོར་རྫས་ཆགས་པ་ཆུང་ཤོས་ཏེ། །བུད་མེད་ལ་ནི་དགའ་སེ་ཡིན། །སྙིང་ལ་བུད་མེད་བཅངས་བཞིན་དུ། །ཁ་མཛེས་བཙུན་ཟོག་ཚོང་དོན་མེད། །འོན་ཀྱང་འཕྲལ་དུ་དགའ་བ་ལས། །ཕུགས་སུ་ཞེན་སྲེད་ཆེན་པོ་མེད། །མི་སྤངས་མི་སྒྲུབ་ལམ་འཁྱེར་ལས། །ཧ་ཅང་འཆི་སྤར་འཐམ་མཁན་མིན། །ཞེ་སྡང་འཕྲལ་དུ་ལང་རྐྱེན་ལ། །ཕུགས་སུ་ཡལ་བ་འགྱོགས་པ་མཆིས། །རྐྱེན་ཆེར་གྱིས་བསླད་ཁོང་ཁྲོ་ནི། །ལང་ཀ་གཏིང་ནས་རབ་གནས་པ། །བཟློག་པར་འདོད་ཀྱང་མི་གཤིས་ཀྱི། །འཕྲལ་དུ་བསྒྱུར་བཀོད་དཀའ་ཙམ་འདུག །འོན་ཏེ་གཞན་ངོར་སྔོན་བཀའ་རྒྱུད། །ཞེ་སྡང་ཁོང་ཁྲོ་ཅི་སྐྱེས་ཀྱང་། །གཏིང་ན་སྙིང་རྗེའི་ས་བོན་ནི། །མེད་པ་ནམ་དུ་ཡོང་མ་མྱོང་། །སེམས་ནི་ཁྲོ་འཁྲུག་འབར་བཞིན་དུ། །ཁ་ནས་གཡོ་སྒྱུས་ཚིག་འཇམ་པོ། །སྨྲ་བའི་བསྐལ་པ་མ་ཐོབ་པས། །མདོ་ཁམས་ནས་བཟུང་འདི་ཡི་བར། །གྱོང་བའི་གྲགས་པ་འབའ་ཞིག་ཐོབ། །ང་རྒྱལ་ཅན་དང་འགྲོགས་པའི་དུས། །བདག་ཀྱང་ང་རྒྱལ་ཅན་དུ་ཡོད། །ང་རྒྱལ་ཆུང་དང་འགྲོགས་པའི་དུས། །བདག་ཀྱང་ང་རྒྱལ་མེད་པར་ཡོད། །ཆོས་ལ་བཟོད་པ་མ་ཐོབ་པས། །གྲོགས་སྤྱོད་དབང་གི་འཆར་བར་འདུག །ཕྲག་དོག་ད་བར་ཤིན་ཏུ་ཆུང་། །མ་འདྲིས་མི་ལ་སྨྲ་བ་དོག །འདྲིས་ཤིང་ངག་ཀྱང་སྨྲ་བར་ཡོད། །ཚུར་ལ་རང་དང་བསྟུན་བཞིན་དུ། །ཕར་ལ་གང་ནུས་བསྟུན་མཁན་ཡིན། །ཚུར་ལ་ཡང་ཡང་བརྙས་པ་ན། །བྱང་གི་གཡག་རྒོད་འདྲ་བ་ཡིན། །ཁ་གསག་མཛའ་མཛའ་མི་ཤེས་པས། །མི་རྣམས་མི་མགུ་འདུག་ན་ཡང་། །འདི་སྣང་ཆུ་ཡི་རི་མོ་ལ། །གཏད་སོ་མེད་དོ་ཅི་བདེར་ཆུག །སམ་སམ་རྫིག་རྫིག་ཆེ་འདོད་ཀྱང་། །བྱེད་མེད་ཅི་བདེར་སྤྱོད་མཁན་ཡིན། །འདི་ཕྱི་ཀུན་གྱི་རེ་ལྟོས་ཡུལ། །རྩ་བའི་བླ་མ་གཅིག་པུ་བསྟེན། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱང་། །དེ་ལ་མ་འདུས་གཅིག་ཀྱང་མེད། །འདི་ནས་སངས་རྒྱས་མ་ཐོབ་བར། །སྨོས་ཀྱང་ཅི་དགོས་དེ་བས་ཀྱང་། །རྫོགས་པའི་སངས་རྒྱས་ཐོབ་ན་ཡང་། །རིགས་ཀྱི་བདག་པོར་ཡོངས་སུ་མཆོད། །སྙམ་པའི་མོས་གུས་བརྟན་པོ་ནི། །གནས་སྐབས་ཙམ་མིན་དུས་ཀུན་ཡོད། །བླ་མ་དཀོན་མཆོག་དགྱེས་པ་ན། །སུ་མ་མགུ་ཡང་ཞེ་བློ་བདེ། །ཞེ་བློ་བདེ་བའི་གདེངས་མཆིས་ཀྱང་། །ད་དུང་འབྲེལ་ཐག་མི་ཆོད་མཚར། །དམ་ཆོས་རྫོགས་ཆེན་ཉམས་བླངས་ནས། །ལྷག་མེད་འོད་སྐུར་བསྙེགས་པ་ཞིག །བྱེད་བསམ་བྱིས་པའི་དུས་ཉིད་ན། །མཆིས་ཀྱང་དབེན་པ་བསྙེགས་པའི་དབང་། །ལས་ཀྱིས་མ་བྱུང་ཀྱེ་ཧུད་ཀྱེ། །རི་གཟེར་རྦབ་ལྟར་ལྡོག་མེད་བློ། །ཆེ་བཞག་ཆུང་བཤོལ་བྱས་ནས་ནི། །དབེན་པའི་གནས་སུ་མ་བྲོས་ན། །འཁོར་བའི་དུ་ཁ་ཐར་བ་ཡི། །གོ་སྐབས་ཡེ་ནས་མི་རྙེད་པར། །རྣམ་གཡེང་བདུད་དུ་ངོ་ཤེས་ཀྱང་། །ཀླུ་ཡི་རྒྱལ་པོ་ཨེ་ལ་བཞིན། །ལས་ཀྱིས་གྲུབ་འདི་དཀའ་བའི་གནས། །བདག་སྐྱོན་ཀུན་གྱི་ཆེ་ཤོས་སུ། །ལེ་ལོ་འདི་ཆེ་བརྩོན་འགྲུས་ཆུང་། །དེ་ལ་བསམ་ཞིང་རང་ཉིད་ཀྱི། །རང་ལ་ཆེ་སྐྱོ་མཆི་མ་དཀུ །འོན་ཀྱང་རྡོ་རྗེ་ཐེག་པའི་ལམ། །བླ་མའི་ཐུགས་རྗེ་ལ་བསྟེན་ནས། །ཡེ་ཤེས་རྟོགས་ནས་སུས་ཅི་སྨྲ། །དེ་ལྟར་རང་གི་སྐྱོན་གྱུར་ཀུན། །བཟང་བཟང་ཕག་ཏུ་མ་སྦས་པར། །གང་ཤར་ལྷུག་པར་བརྗོད་པ་སྟེ། །འདམ་གྱི་ནང་ནས་ནོར་བུ་དང་། །མི་གཙང་འདམ་ནས་པདྨ་བཞིན། །སྐྱོན་གྱུར་དག་ནས་ཡོན་ཏན་བསྒྱུར། །འགྱུར་བར་ཡོངས་སུ་རྒྱས་བཏབ་སྟེ། །སྨྲས་འདི་ཀུན་གྱི་ཁྲེལ་ལམ་སྙམ། །ད་དུང་ཡང་ནི་ཟོག་པོ་ཆེ། །སྟོང་ཤོབ་མཁན་དེས་འདི་སྐད་སྨྲས། །

ཨ་ཧོ། ཚེ་འདི་སྣང་བ་རྨི་ལམ་བཞིན། །ཡད་མ་ཡུད་འདི་ཡ་རེ་ཆ། །ཡ་ཆ་ཁོ་ཡང་ཨ་ཐང་ཆད། །བྱར་མེད་ངང་དུ་ཏ་ལ་ལ། །ལེགས་ཉེས་དགའ་སྡུག་བདེ་མི་བདེ། །ཐོས་པར་བྱེད་དང་དེ་གཞན་འཆད། །གཅིག་ལ་བླངས་ནས་གཞན་ལ་བསྟེན། །ཞིབ་དང་རྩིང་པོར་སྤྱོད་པ་སོགས། །མཐའ་དག་སྒྱུ་མའི་འཕྲུལ་འཁོར་བཞིན། །ངོ་བོ་ཅིར་ཡང་མ་གྲུབ་པའི། །སྟོང་ཉིད་རྣམ་ཀུན་མཆོག་ལྡན་མཁའ། །བརྗོད་དུ་བྲལ་བའི་ངོ་བོར་ལྟོས། །ལྟོས་ཞེས་ཚིག་ཀྱང་ཕྱི་ཤུན་ཏེ། །ཕྱི་ཤུན་ཉིད་ཀྱང་ཡང་དག་དོན། །ཡོད་ལ་མེད་པའི་སྙིང་པོ་ཅན། །མེད་ལ་ཡོད་པའི་ངེས་པ་ཅན། །ཡོད་མེད་མཐའ་བྲལ་ཀློང་དུ་ཐིམ། །ཐིམ་མིན་ཐིམ་མོ་བརྗོད་པ་ཡང་། །ངོ་བོར་ལྟས་ན་ཡ་རེ་ཆ། །གང་མང་མེད་དོ་ཅིར་ཡང་ཤར། །སྐྱེ་འགག་གནས་མཐའ་བྲལ་ལོ་སྐད། །ཕྱི་ནང་ཀུན་རྟོག་བཅོས་མས་བསླད། །མ་བཅོས་བཞག་ན་ཕྱི་ནང་ཅི། །ཅི་ཡང་མེད་པའི་ཉམས་ལེན་བྲལ། །ཡོད་མེད་ཁོ་རང་གཞི་རྩ་སྟོང་། །རྩ་བ་བྲལ་བའི་རིག་པ་འདི། །འདི་ཞེས་གཏད་སོ་ཀུན་དང་བྲལ། །གཏད་མེད་ཆད་སྟོང་ཡང་མ་སོང་། །སངས་རྒྱས་ཀྱིས་ཀྱང་བརྗོད་དཀའ་བ། །ཁོ་ཡི་གནས་ལུགས་ངོ་བོ་མཚར། །འཁོར་བ་མྱང་འདས་བདེན་པར་གྲུབ། །བདེན་མིན་སེམས་ཉིད་གཅིག་གིས་ཤེས། །གཅིག་མིན་གཉིས་མིན་འདི་ཡང་མཚར། །སྐྱེ་དང་འཆི་དང་བར་མ་དོ། །གཅིག་ལ་རྣམ་རྟོག་ཡོ་ལང་གི །མང་པོར་འཛིན་པ་ཡ་རེ་ཆ། །རྣམ་རྟོག་གཅིག་ཏུ་ཞི་བར་མཚར། །གཅིག་ལ་མ་འདྲེས་འཇའ་ལྟར་སྣང་། །སྣང་བ་ཆོས་སྐུའི་རོལ་རྩལ་དེ། །ཆོས་སྐུ་དེ་ཡང་མིང་དང་བྲལ། །མིང་མེད་མིང་བཏགས་རྒོད་རེ་བྲོ། །ཞེ་སྡང་སྙིང་རྗེ་འདོད་ཆགས་བདེ། །གཏི་མུག་འོད་གསལ་སྐད་པ་ཡིས། །ཉོན་མོངས་ཡེ་ཤེས་གྲགས་པ་ཡང་། །རྦ་རླབས་རྒྱ་མཚོར་ཐིམ་པ་བཞིན། །སེམས་བྱུང་སེམས་ལ་ཐིམ་ལས་ཅི། །འཁོར་བ་མེད་དོ་མྱང་འདས་མེད། །གནས་མེད་འགྱུ་མེད་མཉམ་རྗེས་མེད། །གཤིས་ལ་གང་གིས་ཡང་མ་གོས། །འཕོ་མེད་ཟུང་འཇུག་རྡོ་རྗེ་སེམས། །གཞོན་མེད་དྭངས་མ་བདེ་བ་ཆེ། །མཐའ་བྲལ་འོད་གསལ་ཆེན་པོ་འདི། །འདིའོ་སྨྲ་མཚོན་མ་མཆིས་ཏེ། །རྒྱལ་བས་ཀྱང་ནི་སྨྲ་རྒྱུ་མེད། །གདུལ་བྱ་བྱིས་པར་གྱུར་པ་ལ། །མིང་མེད་མིང་བཏགས་བྱས་པ་འདི། །བློ་ཆུང་འགའ་ཡིས་བདེན་པར་བཟུང་། །མེད་པར་སྨྲ་བ་སུས་ནུས་ཏེ། །ཡེ་ཤེས་རང་རྩལ་མ་འདྲེས་པ། །མངོན་སུམ་གྱུར་པ་འདི་ལ་ལྟོས། །རང་ལ་རང་གི་གད་མོ་ཤོར། །སེམས་ཞེས་སྣང་བ་འདི་ཉིད་ལ། །དབུ་ཕྱག་ཞི་གཅོད་རྫོགས་ཆེན་སོགས། །དུ་མའི་མིང་དུ་བཏགས་ནས་ཀྱང་། །གྲུབ་མཐའ་དབྱེ་བ་རྒོད་རེ་བྲོ། །ཐ་སྙད་ཚིག་གིས་ཅི་ཞིག་ཕན། །རྣམ་ཀུན་མཆོག་ལྡན་མཐོང་ན་ཕན། །མ་མཐོང་བར་དུ་མཐོང་འདོད་ཆེ། །མངོན་སུམ་མཐོང་ཚེ་མཐོང་བྱ་ཡལ། །དོན་དམ་ངོ་བོ་མ་མཐོང་བར། །གྲུབ་མཐའ་ཁྱོད་ལས་མ་མཐོ་ཞེས། །བསྡུ་ཁ་བཏང་བ་སྟོང་ལས་ཟད། །ངོ་བོ་དྲི་མེད་དེ་མཐོང་ཚེ། །གྲུབ་མཐའ་ཀུན་ཀྱང་རོ་གཅིག་བྲོ། །འདྲེས་དང་མ་འདྲེས་བརྗོད་བྱ་གཏོར། །བྱར་མེད་ངང་དུ་གར་སྟབས་བགྱིས། །གཏད་མེད་ངང་དུ་ཞབས་བྲོ་རྒྱོབ། །འཛིན་མེད་གདོད་མའི་བྷཱ་ག་ལ། །བརྗོད་མེད་རིག་པའི་རྡོ་རྗེས་བསྣུན། །བློ་བྲལ་ཉག་གཅིག་བར་སྣང་ལ། །བློས་བྱས་མདུང་རྣོན་ད་སྐོར་ཅིག ཕཊཿ ཕཊཿ ཕཊཿ དེ་སྐད་བླ་མའི་ཐུགས་རྗེ་ཡིས། །ཚིག་དོན་སྙིང་ལ་ཉམས་མྱོང་བའི། །ཟོག་པོ་ཚེ་དབང་ནོར་བུ་དེས། །ཤུགས་འབྱུང་གླུ་དབྱངས་ཉམས་ཚར་སོང་། །

ཧེ་ཧེ། དེ་ལྟར་སྤྲང་བན་སྨྱོན་པ་ནི། །ཡན་པ་བློ་བདེ་ཞེས་ཀྱང་བྱ། །ཚེ་དབང་ནོར་བུ་གྲགས་བདག་གི །སྤྱད་ཚུལ་ཆུ་ཀླུང་ལས་ཐིག་པ། །ཙམ་སྣང་ཀྱུ་རུ་ལུགས་བརྗོད་པ། །སྙིམ་པའི་ཆུ་སྐྱེས་ཞེས་བྱ་འདི། །ཀུན་གྱི་ཁྲེལ་རྒོད་འཆོར་རྟེན་ལས། །ཡ་མཚན་བརྗོད་པ་ཚིག་གཅིག་ཀྱང་། །མེད་པའི་ངེས་པ་རང་རྒྱུད་རང་། །ཤིན་ཏུ་ཟབ་པར་གྱུར་པས་ན། །མི་སྨྲའི་བརྟུལ་ཞུགས་འཛིན་སྤྲོ་ཡང་། །འཕགས་མཆོག་མིག་མི་འཛུམ་སྲས་ཀྱི། །ཐུགས་རྗེའི་ཟློས་གར་བསྒྱུར་བ་ལས། །ཡོངས་ཤར་བཛྲ་དྷེ་ཝ་ཡེ། །སྐྱེ་མཐའ་རིག་འཛིན་སྤྲུལ་པའི་སྐུ། །ཤུགས་འཆང་རྡོ་རྗེ་སྙིང་པོའི་གཏེར། །ཀུན་ཏུ་བཞད་མཛད་མཆོག་དེ་དང་། །སྔོན་ཚེ་ལས་སད་སྨོན་ལམ་འབྲེལ། །མཆོག་བརྙེས་དམ་པའི་ཚུལ་སྤྱོད་པ། །སྡོམ་བརྩོན་རྣལ་འབྱོར་དབང་ཕྱུག་ཆེ། །ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ། །གང་དེའི་དངོས་བརྒྱུད་དུ་མ་རུ། །རྗེས་འཇུག་མོས་པའི་གསོལ་འདེབས་སུ། །རང་རེའི་ངང་ཚུལ་གླེང་ཞིག་ཞེས། །ལྕོག་པར་མ་ནུས་བྲི་ཚད་ཚེ། །རང་ལ་ཡོན་ཏན་ཅང་མེད་པར། །རྟོགས་བརྗོད་གཞན་གྱིས་ཅིས་མི་འཁྲེལ། །རང་ཡང་རང་གི་སྣང་བ་ལ། །གད་མོ་སྙིང་གི་དཀྱིལ་ནས་ཤོར། །འོན་ཀྱང་སྒྲོ་བཀུར་སྐྱོན་སྤང་བའི། །རང་སྤྱོད་གང་ཤར་མ་བཅོས་སྨྲས། །དེ་ལ་ཕྱི་ཡི་རྣམ་ཐར་དུ། །མིང་བཏགས་ངོམ་འཕེར་སྤྱད་རབ་མེད། །གསང་བའི་རྣམ་ཐར་མིང་བཏགས་ནས། །སྦ་དགོས་སྐྱོན་ཡོན་གཉིས་ཀ་མེད། །ནང་གཙང་ངག་འཁྱལ་ཆལ་ཆོས་ཏེ། །ནང་གི་རྣམ་ཐར་མིང་དུ་འདོགས། །གཞན་དག་མགུ་དང་མི་མགུ་དང་། །ཅི་ལྟར་དགྱེས་དགྱེས་ཉིད་དུ་མཛོད། །སྤྱིར་ཡང་ཁོ་བོའི་འབེལ་ཙམ་ཚིག །ཤུགས་འབྱུང་སྨྲས་གྱུར་འདི་རྣམས་ལ། །བཟོད་ཐོབ་སྐྱེས་བུ་མཆོག་རྣམས་ནི། །ཆོས་ཀུན་ལ་བཟོད་མི་དགྱེས་མེད། །ལོག་ལྟ་ཅན་གྱི་སྐྱེ་བོས་ནི། །སྣང་ཀུན་སྐྱོན་མཐོང་སུས་མི་བཟློག །གཞན་རྒྱུད་ཤེས་ཤིང་ཆེར་མཁས་པ། །གཟུ་བོར་གནས་པས་སྤྱད་མཛད་ནས། །ལེགས་ཉེས་དགག་སྒྲུབ་གནང་བ་ན། །སྙིང་ནས་ཡི་རང་ཐལ་མོ་སྦྱར། །ལྷག་མ་གཞན་གྱི་ཆལ་ཆོལ་ཚིག །འབྲུག་ལྟར་སྒྲོགས་ཀྱང་ཁོ་བོ་ཡིས། །བ་སྤུ་ཡང་ནི་གཡོ་མི་བྱེད། །གདུལ་བྱར་འགྱུར་བར་སྙིང་ནས་སྨོན། །དེ་སྐད་བལ་བོད་ས་ཡི་མཚམས། །མང་ཡུལ་ས་ཡི་ཐིག་ལེ་ནི། །རི་ཡི་རྒྱལ་པོ་དཔལ་འབར་ངོགས། །མི་ཤིག་རྡོ་རྗེའི་སྤྱིལ་པོ་རུ། །ས་སྤྲེལ་ཧོར་ཟླ་བཞི་པ་ཡི། །དམར་ཕྱོགས་ཚེས་བརྒྱད་ཚེས་དགུ་ཡི། །ཐུན་སྐབས་ཅུང་ཟད་རེ་བྲིས་ཤིང་། །ཚེས་བཅུའི་སྔ་ཆར་ལེགས་པར་སྒྲུབ། །ཡིག་རིགས་ཕུལ་བྱུང་འགྱུར་མེད་པའི། །དད་ལྡན་ཕུན་ཚོགས་དགེ་ལེགས་སོ། །འདི་བྲིས་ཉེས་གྱུར་གསང་སྒྲོགས་སོགས། །ཆོས་མི་མཐུན་ཀུན་བླ་མར་བཤགས། །ལེགས་གྱུར་དགེ་བ་མཆིས་པ་ན། །བདག་དང་འབྲེལ་ཚད་འགྲོ་བ་ཀུན། །ཁམས་གསུམ་འཁོར་བ་ལས་གྲོལ་ཏེ། །ཕྱིར་མི་ལྡོག་པའི་ས་ཆེན་བརྙེས། །རྡོ་རྗེ་སེམས་དཔའ་མྱུར་ཐོབ་ཤོག །མངྒ་ལཾ། ཛ་ཡནྟུ།

ཨ་ཐ། མཚུངས་མེད་དྲིན་ཅན་རྩ་བ་ཡི། །བླ་མ་རྣམས་ཀྱི་ཞབས་ཀྱི་རྡུལ། །གསེར་གྱི་བུ་གར་འཁོར་ལོ་ཡི། །ཆུ་སྐྱེས་དབུས་སུ་འབྲལ་མེད་པར། །སྒོ་གསུམ་གུས་པས་རབ་བཏུད་ནས། །རང་གི་སྤྱད་རབ་རང་ཉིད་ཀྱིས། །མདོ་རུ་ས་བོན་ཙམ་སྨྲས་གྱུར། །སྙིམ་པའི་ཆུ་སྐྱེས་བཏགས་པའི་འཕྲོ། །བརྗོད་པར་གྱིས་ཞེས་ཡང་ནས་ཡང་། །བླ་མ་ཆོག་གྱུར་དམ་པ་ཡི། །གསུང་ངོར་ཅུང་ཟད་འདི་གླེང་བྱས། །དེ་ནས་མང་ཡུལ་སའི་ཐིག་ལེ། །རི་རྒྱལ་དཔལ་འབར་ལྟེ་བ་ཡི། །བདུད་རྩི་ཕུག་ཏུ་སྡོད་བྱས་ཏེ། །ཕྱི་མཚམས་ཁུལ་ནས་རང་ཉིད་ཀྱིས། །སྐྱེ་བ་སྔ་མའི་རྟེན་འབྲེལ་གནད། །འཆུག་རྣམས་སོར་ཆུད་ཕྱིར་དང་ནི། །བསྟན་འགྲོར་ཕན་པའི་ཆེད་དམིགས་ནས། །མཁའ་འགྲོའི་གཏོར་ཆེན་འགའ་ཡང་བཏང་། །ཁྱད་པར་གཙུག་ལག་ཁང་པ་རུ། །རང་གི་དངོས་པོས་གཞི་བཟུང་ནས། །བོད་ཁམས་སྤྱི་ཡི་བདེ་ཐབས་སུ། །དུས་ངན་ཕྱིར་བསྲིང་བསམ་བཟང་གིས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ཞལ་ཕྱེས་གཟིར་མནན་འཕང་། །ལྷག་པའི་བསམ་པ་ཁོ་ནས་བྱས། །དཔལ་འབར་མདུན་དུ་གླིང་བཞི་ཡི། །མདོས་ཆེན་ཚུལ་མཐུན་དག་ཀྱང་བསྒྲུབ། །ལམ་ཞུགས་རིམ་གྱིས་མཆེས་མཁར་ཕྱིན། །མཁན་ཆེན་ཆོས་གྲགས་དག་དང་མཇལ། །རྡོར་སེམས་སྙན་རྒྱུད་ཟབ་ཁྲིད་ཕུལ། །དེ་ནས་ཁ་ལ་བརྒལ་བྱས་ནས། །འཇིགས་མེད་དབྱངས་ཅན་དགའ་བ་ཡི། །བསྟི་གནས་དཔལ་མོ་ཆོས་སྡིངས་སུ། །རྗེ་དབེན་མཁྱེན་པའི་སྤྱན་ཡངས་དེས། །ཤོག་གསུང་བཞིན་སོང་ཞག་ཤས་སྡོད། །སྨིན་དབང་བྱེ་བྲག་ཇི་སྙེད་དང་། །རྫོགས་ཆེན་ཟག་མེད་ཁྲིད་བཀའ་བཤད། །དེ་ནས་སྙ་ནམ་ཡུལ་བརྒྱུད་དེ། །གནས་མཆོག་ལ་ཕྱི་ཆུ་དབར་དུ། །བསྒྲོད་པས་གནས་ཀྱི་ནུས་པ་ཡིས། །ཉམས་རྟོགས་རིག་པའི་ངར་ཐོབ་ཅིང་། །འཇིག་རྟེན་དྷཱ་ཀིའི་ཆོ་འཕྲུལ་འཚུབ། །སྟོན་ཡང་བར་ཆད་མེད་པ་རུ། །ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན། །དིང་རི་སླེབ་ནས་དམ་པ་ནི། །རྒྱ་གར་ནག་པོའི་སྒྲུབ་གནས་མཆོག །གླང་འཁོར་གནས་རྟེན་ཞིབ་པར་མཇལ། །ལོ་པཎ་བླ་མར་ཆོས་དབང་གི །གཏེར་ཆོས་སངས་རྒྱས་མཉམ་སྦྱོར་གྱི། །ཁྲིད་ལུང་ཤིན་ཏུ་སྨིན་པ་དང་། །བདེ་སྟོང་རྒྱ་མཚོའི་སྐོར་ཡང་ཐོབ། །ཕར་ལ་རྫོགས་ཆེན་ཡང་ཏིག་གི །ཁྲེགས་ཆོད་ཐོད་རྒལ་ཁྲིད་ཟབ་བཤད། །སྙིང་གི་ཐིག་པ་ལྟ་བུ་ཕུལ། །རྒྱལ་གྱི་ཤྲཱི་བསྐོར་བཞིན་དུ། །ཕྱོགས་བཞིར་གཏོར་ཚོགས་རྒྱས་རེ་བྱས། །བྲང་སོར་ཕྱིན་ནས་རྫོང་ཕུ་ཡི། །སྤྲུལ་སྐུ་འཕྲིན་ལས་རབ་བརྟན་དྲུང་། །འཇིགས་མེད་ཞབས་བརྒྱུད་འཇིགས་དགེས་དང་། །གསང་འདུས་འཕགས་ཞབས་ལུགས་གཉིས་དབང་། །རས་བྲིས་ལ་བརྟེན་རྒྱས་པར་ཞུས། །གཞན་ཡང་གྲུབ་ཐོབ་རང་རིག་པར། །ཁོང་གི་གསན་བཞིན་བར་འབྲུག་གི །ཆོས་སྐོར་ཚང་བ་དག་ཀྱང་མནོས། །མཻ་ཏྲི་པ་དང་དམ་པ་ཡི། །བདེ་མཆོག་དབང་དང་སོ་རིགས་ཀྱི། །ཁྲིད་བཀའ་ཤིན་ཏུ་སྨིན་པར་ཐོབ། །ཕར་ལ་བྱང་གཏེར་ཕུར་པ་ཡི། །དབང་བཀའ་བླ་མ་དམ་པ་དང་། །དེ་འཁོར་རྣམས་ལ་རྒྱས་པར་བྱས། །དེ་ནས་ལྷང་ང་ལ་བརྒྱུད་ནས། །རུ་ལག་དབེན་ནས་འབྲས་སྤུངས་ཡོངས། །ཁྱབ་བདག་དང་པོའི་སངས་རྒྱས་དང་། །གཉིས་མེད་རྡོ་རྗེ་རྣལ་འབྱོར་གྱི། །གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཆོས་རྗེ་ཀུན་བཟང་དབང་པོ་ཡི། །ཞབས་བསྙེག་ཟླ་བ་གསུམ་ལྷག་ཙམ། །བརྟེན་ནས་མདོ་ཆོས་མཐར་ཐུག་པ། །སྙིང་པོའི་གནས་ལུགས་གཏན་ཕབས་བྱེད། །གཞན་སྟོང་དབུ་མའི་ལྟ་ཁྲིད་དང་། །སྔགས་ཆོས་ཟབ་ཆོས་གཉིས་མེད་རྒྱུད། །དུས་འཁོར་དབང་རིམ་བཅུ་གཅིག་བཅས། །བདག་པོ་བདག་པོ་ཆེས་སྨིན་བྱས། །རྫོགས་རིམ་སྦྱོར་བ་ཡན་ལག་དྲུག །ཉམས་ཁྲིད་ཤིན་ཏུ་སྨར་བ་དང་། །རིམ་གཉིས་བཤད་པ་གཞུང་མན་ངག །ཟབ་རྒྱས་ཡིད་བཞིན་ལེགས་པར་བསྩལ། །གཞན་ཡང་སྨིན་གྲོལ་གདམས་པ་ནི། །རྣམ་གྲངས་ཤིན་ཏུ་མང་ཡོ་ཡིས། །བློ་ཡི་ངལ་བ་བསྲོང་བར་འགྱུར། །སྤྱིར་ཡང་ཁོ་བོ་ཆུང་ངུའི་སྐབས། །ཀུན་མཁྱེན་ཇོ་ནང་ཡབ་སྲས་ཀྱི། །མཚན་ཐོས་ཉིད་ནས་དད་པ་གཡོས། །ཁྱད་པར་རྣམ་འདྲེན་རྒྱལ་བའི་དབང་། །ཀྲེ་བོ་མཆོག་སྤྲུལ་ཞལ་སྔ་ནས། །ཇོ་ནང་བཀའ་བརྒྱུད་བསྔགས་པའི་གསུང་། །ཐོས་པ་ཙམ་གྱིས་དགའ་བདེས་ཁྱབ། །རྐྱེན་དེས་ཆོས་རྒྱུན་འབད་བཙལ་ནས། །འདི་སྐབས་རྗེ་བཙུན་གྲུབ་མཆོག་ལ། །གདམས་ངག་རང་བློ་ཚིམ་མནོས་ནས། །ཀུན་མཁྱེན་ཇོ་ནང་ཡབ་སྲས་ཀྱི། །གྲུབ་མཐར་ཐུན་མོང་མ་ཡིན་པའི། །ངེས་ཤེས་ཁྱད་དུ་འཕགས་པ་ཐོབ། །འདི་ནས་བྱང་ཆུབ་ཆེན་པོའི་བར། །བཀའ་དྲིན་སྙིང་གི་ཐིག་ལེར་སིམ། །དེ་འཕྲོར་རྗེ་བཙུན་སྐུ་ཞབས་ནས། །གྲོམ་པ་རྒྱང་དུ་ཡོངས་བྱས་ཏེ། །ས་བྱ་ཆོ་འཕྲུལ་ཡར་ངོ་ལ། །དུས་འཁོར་བསྙེན་མཚམས་ཞིག་ཀྱང་བགྱིས། །གྲོལ་བསྟུན་ལྷ་རྩེ་ཕྱོགས་སེར་སྐྱར། །ཁྲོམ་དབང་འདོད་ཆོས་ཅི་རིགས་བྱས། །ཟྭོ་ལུང་སོགས་སུ་ཆོས་ཀྱི་ཆེད། །ཞག་ཤས་ཕྱིན་ཤིང་དེ་ཡི་ཞོར། །མང་མཁར་བསམ་གླིང་རྫོང་ནས་ནི། །སེ་དཀར་རིགས་ཀྱི་སྙིང་པོ་ནི། །འདར་པ་མི་རྗེ་སྐུ་མཆེད་ཀྱིས། །སྤྱན་འདྲེན་བྱུང་ཕྱིན་དབང་ཆོས་སོགས། །ཐུགས་ཀྱི་རེ་བ་ཁེངས་པར་བྱས། །དེ་ནས་རིམ་གྱིས་ལ་སྟོད་བྱང་། །བགྲོད་ལམ་དཀའ་ཚེགས་ཆེས་དུབ་ཀྱང་། །ཆོས་ཕྱིར་སྙིང་ཁམས་བསྐྱེད་བྱས་ནས། །སྒྲུབ་གནས་ལས་ལུང་བསམ་གླིང་ཕྱིན། །ཁྱབ་བདག་རྡོ་རྗེ་སློབ་དཔོན་ནི། །གཉག་རིགས་གསུམ་ལྡན་རྡོ་རྗེ་འཛིན། །མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཆེ། །པདྨ་རིག་འཛིན་དབང་རྒྱལ་དྲུང་། །ལེགས་མཇལ་གསང་ལས་ཆེས་གསང་བ། །འོད་གསལ་རྡོ་རྗེ་སྙིང་པོའི་ཆོས། །ཀུན་གྱི་ཕྱི་མོ་བི་མ་ལའི། །སྙིང་ཏིག་ཟབ་པ་མདོ་བཞི་ཡི། །སྨིན་དབང་ལུང་བཅས་ཡོངས་རྫོགས་མནོས། །གཞན་ཡང་ཀརྨ་སྙིང་ཏིག་ལུང་། །བྱང་གཏེར་སྐོར་ཡང་ཅི་རིགས་པ། །མདོ་དབང་གཏད་རྒྱ་དག་ཀྱང་ཞུས། །རང་ངོར་རྫོགས་ཆེན་བསྟན་པ་མཆོག །འཛིན་པའི་སྐྱེས་བུར་ཆེས་བསྔགས་པའི། །དབུགས་དབྱུང་ཐུན་མོང་མ་ཡིན་གནང་། །ཐུགས་ལ་ཤིན་ཏུ་བཅུག་པར་མཛད། །དེ་རུ་སྡོད་རིང་གསེར་ཟངས་ཀྱི། །སྤྲུལ་པའི་སྐུ་དང་སྐུ་སྐྱེ་དྲུང་། །རྡོ་དམར་དྲུང་དང་ཆོས་སྡིངས་ཀྱི །གདན་དྲུང་བ་སོགས་བླ་མའི་རིས། །ཟོ་ལུང་བྲག་ནག་སྔགས་འཆང་དང་། །དད་འབྱོར་དཔལ་ཡོན་སྟོབས་ལྡན་པའི། །ས་ཁའི་དཔོན་ཆེན་ནོ་ནོ་དང་། །འཇིགས་བྲལ་དབོན་རིགས་ཨ་ཇོ་སོགས། །ཕྱོགས་ནས་འདུ་མི་ཅི་རིགས་པར། །དབང་ཁྲིད་གང་འཚམས་ཅི་ནུས་བྱས། །དེ་ནས་རིམ་གྱིས་ནུབ་དགོན་བརྒྱུད། །སླར་ཡང་མངའ་རིས་རྫོང་དཀར་ཕྱིན། །དེ་རུ་འདུས་པའི་སེར་སྐྱ་ལ། །དབང་བསྐུར་རེ་བ་བསྐང་བར་བགྱིས། །དེ་འཕྲོར་ནུབ་རི་སྒང་ཆེན་ཕྱིན། །འཚོ་མཛད་ཆོས་བཟང་གང་དེ་ལ། །འདོད་ཆོས་ཤིན་ཏུ་སྨར་བ་ཐོབ། །ཕར་ལ་རྫོགས་ཆེན་ཟབ་ཁྲིད་ཕུལ། །རྟ་སྒར་སྤོང་རོང་རྗེ་དབོན་གྱིས། །འབོད་བཞིན་ཕྱིན་ནས་དབང་འབྲེལ་བགྱིས། །རྟ་ལར་གྲུབ་མཆོག་ཤཱཀྱ་སེང་ལ། །རས་ཆུང་སྙན་བརྒྱུད་བདེ་མཆོག་སྐོར། །གསར་པའི་དབང་ཁྲིད་ལུང་བཅས་ཞུས། །ཕྱོགས་དེའི་དགོན་ཡུལ་མཐའ་དག་པ། །མཇལ་བྱུང་ཆོས་འབྲེལ་ཅི་ནུས་བྱས། །བྱང་ཐང་བརྒྱུད་དེ་གློ་བོ་ཕྱོགས། །དགེས་རྡོར་རྩ་རྒྱུད་བརྟག་གཉིས་ནས། །ཟིན་པའི་མུ་མུ་ནི་ཀྵེ་ཊ། །ཕྲལ་དུ་ཆུ་མིག་བརྒྱ་རྩ་ཞེས། །རྡོ་ཆུར་རང་བྱུང་མེ་འབར་བར། །ཕྱིན་ཞིང་ཞག་ཤས་གནས་འབྲེལ་བཅབ། །ཚོགས་གཏོར་མཆོད་པ་ཅི་ནུས་ཕུལ། །ཟུང་འཇུག་མྱུར་ཐོབ་སྨོན་ལམ་བཏབ། །སྤྱིར་ནི་འདི་ལོ་འཁོར་ངན་གྱི། །སྤྱོད་པས་གྲྭ་ཚང་སྤང་སྙིང་འདོད། །ཁྱད་པར་ཁམས་ཀྱི་ཕོ་ཉ་བ། །གསར་པ་འདི་རུ་བསླེབས་གྱུར་ཅིང་། །དམ་པ་མཆོག་རྣམས་ཞིང་གཤེགས་ཤིང་། །དུས་ཀྱི་ཟི་བུན་ཆེ་ཐོས་ནས། །སྙིང་ནས་སྐྱོ་བ་ཆེས་ཆེར་འཕེལ། །རྐྱེན་དེ་ལ་བརྟེན་ཆོས་ཐམས་ཅད། །བདེན་མེད་སྒྱུ་མ་ཅི་ལྟ་བ། །ཕྱད་ཕྱོད་ཡུན་རིང་བར་དུ་ཤར། །དེ་སྐབས་གློ་སྟོད་སྨོན་ཐང་ནས། །གནོད་དབང་རྣམ་སྲས་མདུང་དམར་གྱི། །རྣམ་སྤྲུལ་ཨ་མ་དཔལ་གྱི་གདུང་། །ཆོས་རྒྱལ་ཕྲེང་བར་བྱོན་པའི་རྒྱུད། །རྒྱལ་པོ་ཡབ་ཡུམ་བཀའ་ཡི་བློན། །བཅས་པས་སྤྱན་འདྲེན་བཞིན་དུ་ཕྱིན། །དགེ་དཀར་བསམ་ཕུག་གཙང་རོང་དུ། །ཟླ་ཤས་སྡོད་ནས་སྨིན་བྱེད་དབང་། །ཁྱད་པར་ཁྲིད་བཀས་ཐུགས་བཞེད་བསྐང་། །དེ་ནས་དོལ་གནས་མཇལ་བའི་ཆེད། །སླར་ཡང་གྲོ་སྨད་ཕྱོགས་སུ་བསླེབས། །སྔ་སོར་ཆུ་མིག་ཡོང་རེས་དང་། །ད་རེས་སྐབས་སུ་ཛར་རྫོང་གི །ཁྲི་ཐོག་དཔོན་དྲུང་ཆེ་གྲས་རྣམས། །རིམ་མཇལ་ཆོས་འབྲེལ་ཞུ་བ་དང་། །སྲས་མོ་རེ་ཡང་ཆོས་སྒོར་བཅུག །བཙུན་མ་གསར་བྱེད་མང་བར་བྱུང་། །གློ་དོལ་ལམ་བར་ལ་མཐོ་ཞིང་། །ཁ་ལྷག་གྲང་ངར་ཆེས་ཆེ་ཡང་། །གནས་སྐོར་ལུས་ཀྱི་སྒྲིབ་སྦྱང་དུ། །དམིགས་པས་བཟོད་ཅིང་ལམ་ཁྱེར་བགྱིས། །སྐབས་འདིར་རྒྱལ་ཆེན་ཁྱུང་ཆེན་གྱི། །གཞི་བདག་མཁའ་འགྲོ་མ་སོགས་ཀྱི། །སྦས་ཡུལ་དེར་འགྲོ་བསྐུལ་ན་ཡང་། །འདི་རིས་འཕྲལ་དུ་འགྲོ་མ་བྱས། །རིམ་གྱིས་རྒྱ་གར་ཡུལ་གྱི་ཆ། །སྔོན་ཚེ་ཡད་རྩེ་རྒྱལ་པོའི་ཤུལ། །ད་ལྟ་བཱ་ལི་རཱ་ཙ་ཞེས། །ཕྱི་རོལ་གྲུབ་མཐའ་ལ་མོས་ཤིང་། །རྒྱལ་ཕྲན་ཉི་ཤུར་དབང་བསྒྱུར་བ། །འཛུམ་ལང་གྲགས་པ་དེའི་མངའ་འོག །མོན་རོང་རི་རྒྱལ་པཉྩའི་མདུན། །རང་བྱུང་དུར་ཁྲོད་ཕག་མོའི་གནས། །དེ་རུ་གནས་འབྲེལ་ཞག་ཤས་འདུག །ཕྱི་ནང་རྟེན་འབྲེལ་མཐུ་ཡིས་ནི། །རྣམ་མང་གྲུབ་མཐའི་བཞེད་པ་ཀུན། །མ་འདྲེས་བློ་ལ་འཆར་ནུས་བྱུང་། །ཕྱོགས་དེའི་སེར་སྐྱ་མཐའ་དག་པ། །རིམ་གྱིས་མཇལ་བྱུང་དབང་ཆོས་ཀྱི། །འབྲེལ་བཏགས་དགེ་བསྐུལ་གང་སྒྲུབ་བྱས། །སྐབས་དེར་ཨོ་རྒྱན་གུ་རུ་ཡི། །ལུང་འཛིན་སྐྱེས་བུ་གྲུབ་པའི་དབང་། །ཨོ་རྒྱན་བསྟན་འཛིན་སྐུ་ཞོགས་ནས། །འཕྲད་བཞེད་མཛད་བཞིན་རྟ་གླར་ཕྱིན། །གར་དབང་སྙིང་པོའི་གཏེར་ཆོས་ནི། །ཟབ་ཏིག་རྩ་བ་གསུམ་སྙིང་ཏིག །བྱང་གཏེར་ཉོན་མོངས་རང་གྲོལ་གྱི། །དབང་ཁྲིད་ལུང་གསུམ་ཚང་བ་དང་། །ནུས་ལྡན་ཞབས་ཀྱི་འཇའ་སྐུ་ཡང་། །ཁྲིད་བཀའ་ཤིན་ཏུ་སྨིན་པ་མནོས། །བྱིན་རླབས་རྒྱུན་གྱིས་བདག་རྒྱུད་རླབས། །ཕར་ལའང་ཐུགས་བཞེད་བཞིན་དུ་ནི། །པདྨ་བདེ་ཆེན་གླིང་པ་ཡི། །སྙིང་ཏིག་དབང་ཁྲིད་ལུང་བཅས་པ། །དཔེ་རྒྱུན་དེར་བཞུགས་ཀུན་ཕུལ་ཏེ། །སྙིང་ཐིག་བདག་པོར་དབུགས་དབྱུང་བྱས། །དེ་ནས་སླར་ཡང་ས་འདུལ་ནས། །རྟ་རོང་རྒྱུད་དེ་རྟ་རབ་སྨད། །གུ་རུའི་གནས་ཆེན་འབུམ་སར་སླེབ། །ཞག་ཤས་རྒྱུན་བསྙེན་ཁ་གསོ་བར། །མཚམས་ཞུགས་དེ་འཕྲོ་དོན་གཉེར་ཅན། །རྣམས་ལ་ལ་ཆོས་འབྲེལ་གང་འཚམས་བགྱིས། །དེ་ལྟར་རང་གི་སྤྱད་རབས་ཆ། །ས་སྤྲེལ་ནས་བཟུང་ལྕགས་ཕོ་ཁྱིའི། །ལོ་འགོ་བར་གྱི་ངང་ཚུལ་རྣམས། །བླ་མའི་བཀའ་བཞིན་མདོ་ཙམ་སྨྲས། །དེང་སང་འཆང་ཐུབ་ཕལ་ཆེ་ཡི། །མཁས་བཙུན་ཚུལ་དང་མངོན་པར་ཤེས། །གྲུབ་རྟགས་སྟོན་ཚུལ་ལ་སོགས་པ། །རང་རང་གདུལ་བྱའི་སྒོ་སྐལ་ལ། །དུ་མ་གླེང་བར་ཐོས་ན་ཡང་། །བདག་ནི་མི་མཁས་མ་བསྡམ་ཞིང་། །མཉམ་པར་བཞག་ལ་མ་བརྩོན་ཕྱིར། །ལས་ཉོན་སྒྲིབ་པ་ཆེས་འཐུག་པས། །མཁས་བཙུན་བཟང་པོའི་ཡོན་ཏན་ནི། །ཅུང་ཟད་ཙམ་ཡང་མ་མཆིས་མོད། །འོན་ཀྱང་སྔོན་ཚེ་ཚུལ་ཁྲིམས་སོགས། །བསོད་ནམས་ལ་བརྟེན་དལ་འབྱོར་ལུས། །སྐྱོན་བྲལ་མདོ་ཁམས་ཀཿཐོག་ལྷོར། །ཆོས་ལྡན་ཕོ་མོའི་བུ་རུ་སྐྱེས། །བསྟན་པའི་འཇུག་སྒོ་མ་ནོར་ཏེ། །ཐེག་ཆེན་གསང་བ་སྔགས་དང་མཇལ། །བརྒྱུད་ཕུག་བླ་མ་མ་ནོར་སྟེ། །རྒྱལ་ཀུན་ཡེ་ཤེས་གཅིག་དྲིལ་བ། །འཆི་མེད་སངས་རྒྱས་འོད་མཐའ་ཡས། །པདྨ་འབྱུང་གནས་དེ་ལ་ཐུག །མཚན་ལྡན་བླ་མ་མ་ནོར་ཏེ། །པད་འབྱུང་ཐུགས་དང་དབྱེར་མེད་པའི། །རྩ་བའི་བླ་མ་རྣམ་གསུམ་དང་། །རྡོ་རྗེ་སློབ་དཔོན་བཅོ་ལྔ་བསྟེན། །རྩ་བའི་བླ་མ་གང་དེ་ནི། །སངས་རྒྱས་ཀུན་གྱི་ཆོས་སྐུའི་དངོས། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གཙོ། །ཡིན་པའི་ངེས་ཤེས་ཁ་ཚིག་ཙམ། །མ་ཡིན་སྙིང་ནས་རབ་ངེས་པས། །རྫོགས་པའི་སངས་རྒྱས་ཡི་དམ་ལྷ། །མཇལ་ཡང་དེ་ཡི་རྣམ་སྤྲུལ་ལས། །གཞན་དུ་མེད་པས་སྨོན་རྒྱུ་བྲལ། །དེས་ན་རྒྱལ་བ་རྒྱ་མཚོ་དངོས། །དཔལ་ལྡན་བླ་མ་མཇལ་བ་འདི། །ཁོ་བོའི་ཞལ་གཟིགས་མཐར་ཐུག་ཡིན། །ཉམས་ལེན་དམ་ཆོས་རིམ་པ་ཡང་། །རྒྱལ་བའི་བསྟན་པ་རྣམ་མང་ཀུན། །གདུལ་བྱའི་བློ་རིམ་འདྲེན་ཕྱིར་ཏེ། །རིས་མེད་དག་པའི་སྣང་བས་ཁྱབ། །རང་གི་གྲུབ་མཐའ་མ་ནོར་ཏེ། །ཐེག་པ་ཀུན་གྱི་མཐར་ཐུག་པ། །བླ་མེད་སྔགས་ཀྱི་བླ་མ་མཆོག །སངས་རྒྱས་ཡེ་ཤེས་དྲང་ཐད་དུ། །སྟོན་པའི་ལམ་མཆོག་རྡོ་རྗེ་སྙིང་། །ཨ་ཏི་འོད་གསལ་རྫོགས་པ་ཆེ། །གྲུབ་མཐའི་རྩེ་རྒྱལ་དེ་དང་འཕྲད། །རང་ཉིད་བསམ་བཞིན་བསྐལ་བཟང་འཁུམས། །བྱ་སྤྱོད་ཚུལ་ཡང་མ་ནོར་ཙམ། །དགེ་སྡིག་ཡིད་ཆེས་སྤང་བླངས་བསྒྲུབ། །དམ་ཚིག་ངོ་ལྐོག་མེད་བྱས་ཤིང་། །རིག་པ་གནས་ལུགས་དོན་རྟོགས་ཁུལ། །དེ་དག་ཁོ་བོའི་སྤྱད་རབས་ལས། །སྐྱོན་སྦས་ལེགས་ཤོས་སྨྲས་གྱུར་པ། །མ་ནོར་ལྔ་ཡི་རྟོགས་བརྗོད་འདི། །རང་དང་སྐལ་མཉམ་རྡོ་རྗེ་མཆེད། །ཀུན་གྱི་ཐུན་མོང་རྟོགས་བརྗོད་དུ། །གྱུར་ལས་བདག་ཉིད་གཅིག་པུ་ཡི། །བྱེ་བྲག་ཁྱད་ཆོས་མ་ཡིན་ཏེ། །རང་རེ་བླ་མ་གྲུབ་པའི་མཐའ། །གཅིག་གྱུར་རྣམས་ཀྱི་དགོངས་པར་འཚལ། །དེ་སྐད་བོད་ཡུལ་གངས་ལྗོངས་སྟོད། །མངའ་རིས་སྨད་གྱུར་དོལ་པོ་ཞེས། །ལུམ་བའི་ཚལ་དང་གཉིས་མེད་པ། །ཇོ་ནང་ཀུན་མཁྱེན་འཁྲུངས་པའི་ཡུལ། །དེ་དང་མི་རིང་ཉེ་བ་རུ། །ཡང་དག་འཇོག་ལ་གནས་སྐབས་སུ། །སྔོན་ཚེ་གུ་རུའི་སྤྱན་སྔ་རུ། །གཡུ་སྒྲ་སྙིང་ཞེས་རྣམ་སྤྲུལ་ནི། །ཨོ་རྒྱན་བསྟན་འཛིན་ཞེས་བྱ་བ། །རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱིས། །ཡང་ཡང་བཀའ་ནན་གྱིས་བསྐུལ་ངོར། །ལྩགས་ཁྱི་ནག་ཟླའི་ཚེས་བཅུ་ལ། །ཀཿཐོག་པར་གྲགས་རིག་པ་འཛིན ། །ཚེ་དབང་ནོར་བུ་དེ་ཡིས་སྨྲས། །རྟོགས་བརྗོད་ཡ་མཚན་ཅན་མེད་ཀྱང་། །རྫུན་ཟོག་མ་ཡིན་དྲང་པོའི་གཏམ། །ཆུ་འབབ་བརྗོད་ལ་ཉེས་ཅི་ཡོད། །ཉེས་ན་ལྷ་དང་བླ་མར་བཤགས། །དགེ་མཆིས་འོད་དཔག་མེད་ཅི་བཞིན། །བདག་བཅས་ཚོམ་བུ་ཡོངས་འགྲུབ་ཤོག །དགེའོ། །མངྒ་ལཾ། །

རིག་པ་འཛིན་པ་རྡོ་རྗེ་ཚེ་དབང་ནོར་བུའི་སྔོན་གྱི་ལས་སྨོན་དང་འཕྲལ་གྱི་རྐྱེན་ལ་ཡང་བརྟེན་ཏེ་ཚེ་འདིར་ལེགས་ཉེས་ཀྱི་འཇུག་སྒོ་སྣ་ཚོགས་པར་དཔྱད་པའི་ཚུལ་ཆུ་རྒྱུན་ལ་ཐིགས་པ་ཙམ།

༄༅། །རིག་པ་འཛིན་པ་རྡོ་རྗེ་ཚེ་དབང་ནོར་བུའི་སྔོན་གྱི་ལས་སྨོན་དང་འཕྲལ་གྱི་རྐྱེན་ལ་ཡང་བརྟེན་ཏེ་ཚེ་འདིར་ལེགས་ཉེས་ཀྱི་འཇུག་སྒོ་སྣ་ཚོགས་པར་དཔྱད་པའི་ཚུལ་ཆུ་རྒྱུན་ལ་ཐིགས་པ་ཙམ་ཞེས་བྱ་བ་བཞུགས་སོ། །

༈ ཨ་ཐ། ད་ནི་སྤྱི་དོན་གཉིས་པ་སྔོན་གྱི་ལས་སྨོན་དང་འཕྲལ་གྱི་རྐྱེན་ལ་ཡང་བརྟེན་ཏེ་ཚེ་འདིར་ལེགས་ཉེས་ཀྱི་འཇུག་སྒོ་སྣ་ཚོགས་པར་དཔྱད་པའི་ཚུལ་ཆུ་རྒྱུན་ལས་ཐིགས་པ་ཙམ་ཞིག་འཆད་པར་བྱ་ན། དེ་ཡང་ཁོ་བོ་སྐྱེ་བའི་ཡུལ་ནི་རི་ཁ་བ་ཅན་གྱི་ལྗོངས་བོད་དང་བོད་ཆེན་གྱི་ཟླས་ཕྱེ་བའི་བོད་ཆེན་དེ་ལ་སྟོད་སྨད་བར་གསུམ་གྱི་མདོ་སྨད་ཀྱི་ཆ། གུ་རུའི་གནས་ཀྱི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་མདོ་ཁམས་སྟག་ཚངས་སེང་གེ་བསམ་འགྲུབ་ཀྱི་བྱང་སྒང་ཆེན་ལྔའམ་དྲུག་ཏུ་དབྱེ་བའི་བུམ་པོར་སྒང་དང་སྨར་ཁམས་སྒང་དང་ཟླ་རྒྱུད་སྒང་གསུམ་གྱིས་བསྐོར་བའི་དབུས་སུ་གྱུར་ཅིང་ཅུང་ཟད་ཙམ་གྱིས་བུམ་པོར་སྒང་དང་ཉེ་བ་འཕགས་མ་དམ་ཚིག་མ་ཡི་སྐུ་བརྙན་བྲག་ལ་རང་བྱུང་དུ་གནས་པ་ལས་ཆུ་རྒྱུན་བབ་པས་མིང་ལྗང་ཆུ་གཤིས་སུ་གྲགས་ཤིང་ལུང་པ་ཁ་བྱང་དུ་ཕྱོགས་པའི་མདོར་གསེར་གྱིས་འདྲེན་པའི་ཆུ་ཀླུང་ཆེན་པོ་རྒྱུ་བ་ལས་ལྗང་ཆུའི་གཡོན་ཡུལ་དེའི་ས་ཡི་ཐིག་ལེ་མདོ་ཁམས་ཀྱི་རི་བོ་བཀྲ་བཟང་ངམ་བཙན་རྒོད་རི་བཀྲ་དང་བཙན་རི་རྡོ་རྗེ་བྲག་ཞེས་ཀྱང་བརྗོད་པ། འཇིག་རྟེན་སྐྱེ་བོ་རྣམས་ཀྱི་ངག་རྒྱུན་དུ་རི་དེ་རྒྱ་དཀར་ནས་བོད་དུ་བྱོན་པ་སྟེ་སླར་རྒྱ་དཀར་དུ་ལྡོག་དོགས་རི་གཞན་གྱི་དབུས་སུ་བཅུག་པ་ཡིན་ཞེས་ཟེར་ལ། སྤྱིར་དེ་འདྲ་ཡི་རྣ་གཏམ་ཅི་རིགས་ཡོངས་ཀྱིས་འདུག་པར་ངེས་བྱིས་པའི་སྐབས་སུ་ནི་ཡིད་ལ་ཤིན་ཏུ་མི་འཐད་མོད། ཕྱིས་མངོན་བརྗོད་ཀྱི་གཞུང་རྣམས་སུ་སྔོན་གྱི་བསྐལ་པར་འཛམ་བུའི་གླིང་གི་རི་རྣམས་ཕན་ཚུན་དུ་རྒྱུ་འགྲུལ་བྱེད་པ་ལས་སེམས་ཅན་ལ་ཤིན་ཏུ་གནོད་པ་ཆེས་ཆེ་བ་བསྐྱལ་བ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེས་རི་རྣམས་ཀྱི་རྐང་པ་བཅག་སྟེ་རྒྱུ་འགྲུལ་མེད་པར་བྱས་ཤིང་། དེ་སྐབས་རི་ཁ་ཤས་གཅིག་རྒྱ་མཚོའི་གཏིང་དུ་བྲོས་ཏེ་ཡོད་ལ། བརྒྱ་བྱིན་གྱི་རྡོ་རྗེའི་མིང་རི་འཇོམས་སུ་དེས་བཏགས་པ་ཡིན་ཞེས་དང་། དེ་བཞིན་རི་བོ་གངས་ཅན་གྱི་བུ་རི་བོ་ཉ་ཅན་དང་རི་བོ་ངུར་པ་གཉིས་འཁྲུགས་པ་ལ་རི་བོ་གཞན་གྱིས་བསྡུམ་ཀྱང་དུམ་པར་མ་ནུས་པས་གྲུབ་པའི་ལྷ་རྣམས་ཀྱིས་གདོང་དྲུག་ལ་གསོལ་བ་བཏབ་པས་གདོང་དྲུག་གིས་བསྡུམ་པས་ཀྱང་མ་ཉན་པར་ང་ཐུང་འཕོང་ནས་རི་བོ་ངུར་པ་ཚལ་པར་བཀས་པ་ཡིན་ཞེས་ཀྱང་བརྗོད་པར་མཐོང་བས། དེས་ན་ཚིག་འདི་དག་ཕྱི་རོལ་མུ་སྟེགས་རིག་བྱེད་གཞུང་ལས་བྱུང་བའི་གཏམ་དང་མཐུན་པ་ཞིག་སྔར་དུ་བྱུང་བར་སྣང་བས་གསར་དུ་དགག་བསྒྲུབ་བྱར་མེད་དོ། །

བཙན་རྒོད་རི་འདི་ལ་བླ་མ་གོང་མ་རྣམས་ནས་ཁམས་ཀྱི་པཎ་ཎེ་རི་བཀྲའི་ཡིན་ཞེས་གསུང་རུང་ཁམས་ཀྱི་པཎ་ཎེ་རི་བཀྲའི་མིང་ཅན་བར་ཁམས་ཁྱུང་པོར་ཡང་ཡོད་རུང་དོན་དུ་ནི་བདག་གི་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས་འབྲི་རྒྱུད་རེ་ཁེ་ལྗོངས་ཀྱི་ཡུལ་ལྷ་སྟྭ་མ་སྟེའུ་པོའམ་ཡོན་ཏན་རི་བཀྲར་གྲགས་པ་འདི་པཎ་ཎེ་རི་བཀྲ་ཡིན་གསུང་བས་རི་དབང་སྤུན་དགུའི་ཡ་གྱལ་ནི་དེ་ཁ་ནས་ངེས་པར་བཙན་རྒོད་རི་བཀྲ་དང་མི་གཅིག་གོ །གཞན་ཁམས་ཀྱི་རི་བོ་བཀྲ་བཟང་ཡིན་པ་ནི་དམ་པ་རྣམས་ཞལ་མཐུན། གང་ལྟར་ཨོ་རྒྱན་གུ་རུའི་བྱིན་གྱིས་བརླབས་པའི་གནས་ཆེན་ཟབ་གཏེར་བཅུ་གསུམ་ཙམ་བཞུགས་པ་ཞིག་སྟེ། རི་དབྱིབས་རྡོ་རྗེ་རྩེ་ལྔ་ལྟ་བུ་ལ་རྒྱབ་ངོས་ཀྱི་ཆ་ཅུང་ཟད་ཙམ་ལས་མཐའ་སྐོར་དུ་ཆུ་མིག་བར་མི་ཆད་པ་བརྒྱ་པྲག་དུ་མས་བསྐོར་བ་རི་ངོས་སུ་གྱེན་དུ་དྷེ་ཝ་དྷ་དུ་དང་། ས་ལ་དང་། ནི་ཙུ་ལ་དང་། ཨ་ཤྭཏ་ཐ་དང་ཨ་ཀ་རུ་ལ་སོགས་པའི་གནས་ཚལ་གྱི་འཕྲེང་བ་བཟང་པོ་སྟེ་ཤིང་སྣ་བརྒྱ་དང་བརྒྱད་ཡོད་པར་གྲགས་ཤིང་ཀུན་ཏུ་འཐུག་པ་དང་། དེ་རྣམས་ཀྱི་བར་མཚམས་ཀྱི་བྲག་རི་དཀར་དམར་གྱི་འཕྲེང་བ་དང་། གྲོགས་པོ་དང་ཤ་ལ་དཀར་པོའི་གྱེན་འགྲེང་བ་གདུགས་ཀྱི་རྩིབས་མ་ལྟར་སྤེལ་ཞིང་ཤིན་ཏུ་མཛེས་པ་སྟག་གཟིག་དོམ་དྲེལ་གུང་སྲམ་གསའ་སྤྱང་འཕར་བ་སོགས་བོད་འདིར་མཆིས་པའི་གཅན་གཟན་མ་ཚང་བ་མེད་པ་ལྟ་བུ་དང་། དེ་བཞིན་བྱ་རྒོད་ཁྲ་གླག་ནེ་ཙོ་བྱ་ཝང་ཁུ་ལིང་གུང་མོ་སོགས་བྱ་རིགས་ཀྱང་སྣ་ཚོགས་པ་དང་མི་རྒོད་སྤྲེའུ་ཕྱི་བ་དང་རི་དྭགས་ཀྱི་རིགས་རྣ་བ་གླ་བ་རི་བོང་སོགས་སེམས་ཅན་རིགས་མི་གཅིག་པ་དུ་མ་རྟག་ཏུ་འཕྱོ་བ་བག་དྲོ་ཞིང་བྱིན་ཆེ་བ་སྐྱི་ཟ་ཞིང་ཡ་ང་བ་ཡ་མ་ཆ་ཡི་གནས་རི་བོ་དེའི་ངོགས་སུ་མི་རྣམས་རྒྱུ་འགྲུལ་ཆེས་དཀའ་བ་ཨོ་རྒྱན་ཆེན་པོས་རྒྱ་དཀར་དུར་ཁྲོད་བསིལ་བ་ཚལ་དང་མཚུངས་ཞེས་པ་དང་། གཏེར་ལུང་ཁ་ཅིག་ཏུ་ཨོ་རྒྱན་དྷཱ་ན་ཀོ་ཤ་དང་ངེས་པར་མཉམ་ཞེས་གསུང་བ་དེ་ཡི་ནུབ་བྱང་གི་མཚམས་བྲག་རིའི་ངོས་སུ་འདབ་ཆགས་མགོན་པོ་ཀླུ་སྦྲུལ་འཛིན་ཏེ་ནམ་མཁའ་ལ་ལྡིང་བའི་གཟུགས་བརྙན་ཤིན་ཏུ་གསལ་བ་རི་བོ་བྱ་ཁྱུང་དུ་གྲགས་པའི་མདུན་དུ་བྲག་དུང་གཡས་སུ་འཁྱིལ་བ་ལྟ་བུའི་གོས་སྔོན་རྣལ་འབྱོར་སྒྲབ་པ་པོ་མང་པོས་བསྟི་བར་བྱས་པའི་དུང་དཀར་རི་ཁྲོད་གྲགས་པའི་འདབས་བསམ་གཏན་གྱི་སྤྱིལ་པོ་ཆུང་ངུ་ཞིག་ཏུ་བཙས་པ་ཡིན་འདུག་སྟེ། དེ་ཡང་ཨོ་རྒྱན་ཆེན་པོའི་ལུང་ལས༔ དུས་ངན་བར་གྱི་ཚིག་པ་ལ༔ བསྐལ་པ་དུམ་བུ་རྩོད་པ་དར་བ་ཡི༔ སེམས་ཅན་ཞེ་སྡང་རགས་པའི་དུས་སུ༔ མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ ཞེས་པ། རི་བོ་ཁྱུང་ཆེན་ལྡིང་བའི་དྲུང་དུ་འབྱུང་ངོ་༔ ཞེས་གསུངས་བ་ལུང་ཚིག་དེ་ནི་སྔོན་གུ་རུ་ཇོ་བོ་རྩེ་མོ་དང་། བར་དུ་རཏྣ་གླིང་པ་རྣམས་ལ་ཡང་མཐུན་པར་སྣང་ལ། ཕྱི་མའི་དུས་འདིར་བདག་ཀྱང་ཚུལ་དེ་འགྲིགས་པ་ལྟར་གྱུར་པ་ཞིག་གོ །

བདག་གི་དལ་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ལུས་རྟེན་འདིར་བསྐྱེད་པར་བྱེད་པའི་ཆ་ནི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡི་རིགས་སུ་གྱུར་པ་མི་ཆོས་སུ་དགྲ་གཉེན་ལ་ཆགས་སྡང་གི་རུས་ཐོན་པ་དཀོན་མཆོག་གསུམ་ལ་མཆོག་ཏུ་དད་གུས་དང་ལྡན་ཅིང་རྡོ་རྗེ་སེམས་དཔའི་སྙིང་པོ་ཡིག་བརྒྱ་འབའ་ཞིག་ལ་ཡི་དམ་དུ་བྱེད་པས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞལ་མཇལ་བ་བཛྲ་ས་མུ་ཏྲ་ཞེས་བྱ་བ་ལ་ཕ་ནི་འཇིག་རྟེན་ཐུན་མོང་དུ་ད་ལྟ་གྲགས་ཚོད་ཀྱི་རིགས་ནི་ཁམས་མི་ཉག་གི་ཡུལ་དུ་དཀར་པོ་སྒོ་ཡི་རིགས་ལས་སྒོ་བཟའ་ལྷ་མོ་ཞེས་ལྷའི་བུ་མོ་ལ་འགྲན་པར་བཟོད་པ་ཞིག་བྱུང་ཞིང་། ཡུལ་དེའི་ལྷ་མཐུ་བོ་ཆེ་བཞག་བྲལ་ལྷ་རྩེའི་རྩེར་ནམ་མཁའི་ལྷ་ཞིག་རྨུག་ཐག་ལ་བརྟེན་ནས་བབ་སྟེ་སྒོ་བཟའ་ལྷ་མོ་དང་ཤེས་པའི་བུ་བརྒྱུད་ཡིན་ཞེས་པ་ལ་ཀུན་སློང་ཅན་དུ་མ་དཔུང་དུ་ཚོགས་ནས་ལན་བརྒྱར་བསླད་ཅིང་སྦས་ཀྱང་རྙོགས་པར་མ་ནུས་ཤིང་། སྔོན་རབས་ཉིད་ནས་གྲགས་པའི་གཏམ་གསར་དུ་འགོག་མ་སྤོབས་པས་ད་ལྟ་ཡང་རླུང་ལྟར་ཀུན་གྱི་ངག་སྒོར་གནས་ཤིང་རྒྱུ་བ་འདིའོ། །འོན་ཀྱང་ཁ་ཅིག་གིས་སྒོ་བཟའ་ལྷ་མོ་དེ་བུད་མེད་བཟང་མོ་མི་མ་ཡིན་རྣམས་དང་རྟག་ཏུ་བརྩོན་ནུས་པ་ཞིག་སྟེ། རེ་ཞིག་ན་བཞག་བྲའི་གཞི་བདག་དེ་སྐྱེས་བུ་མི་ལས་འདས་པའི་མཚར་སྡུག་དུང་གི་གོ་ཆ་ཅན་ཞིག་ཏུ་བརྫུས་པ་དང་བཤོས་པས་སང་ཕོད་དུས་སུ་ཁྱེའུ་ཞིག་བྱུང་ཞེས་རང་གི་བློ་ལ་ནི་ཕྱི་མ་འདི་ནི་རིགས་མཐུན་གཞན་དག་གིས་ངེས་པས་འཐད་ལ། གང་ལྟར་ལྷ་ཡི་ཁྱེའུ་བཙས་ནས་མི་རིང་བར་མ་དང་བྲལ་ནས་བ་ཡི་འོ་མས་བསྐྱེད་སྲིངས་ཤིང་མིང་ལ་ངུ་རྒུ་ཞེས་སུ་བཏགས་ཏེ་འདི་ནི་མི་ཉག་གི་སྐད་དུ་མངོན་པས། ཡུལ་དེའི་མི་ལ་དྲིས་ཚེ་ངུ་རྒུ་མེ་ཞེས་བོད་སྐད་དུ་བ་ཡི་འོ་མ་འཐུང་བའི་དོན་ཡིན་ཟེར་ལ། ཁྱེའུ་དེ་ལང་ཚོ་ལ་བབ་པ་ན་ཚོ་ཆེན་པོ་བཅོ་བརྒྱད་ཀྱི་བདག་པོར་གྱུར་ཅིང་ཕུལ་བྱུང་ཙམ་དུ་ཡུལ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ལ་དབང་བྱས་པ་ཡིན་ཞེས་འུད་ཆེ་བར་སྒྲོགས་པས། དེ་ན་རྒྱ་རིགས་སུ་རྟོགས་པ་ཞིག་གོ །འདི་དང་མི་ཉག་གྷ་ཡི་རྒྱལ་པོའི་ལོ་རྒྱུས་ཕྱོགས་མཐུན་ཅིང་ངུ་ཞེས་མིང་ཡང་གཅིག་རུང་གྷ་ཡི་རིགས་ཁུངས་སྨོན་ཤྲི་གྱི་གཞི་བདག་ཡིན་པར་འདོད་པས། དེ་ནི་བཞག་བྲའི་བློན་པོ་མཐུ་ཤིན་ཏུ་བཙན་པ་ཞིག་ཡིན་ཟེར་རོ། །བཞག་བྲ་ནི་རྨ་རྒྱལ་སྤོམ་རའི་བུ་དགུ་ཡི་ཐུ་བོར་གྲགས་ལ། སྤོམ་བྲ་རང་ཉིད་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་བུ་ཡི་སྲས་སུ་གྱུར་པ། དེ་ཡང་ནོར་སྦྱིན་གྱི་ངོ་བོར་གནས་ཞེས་གུ་རུ་པདྨ་ཀ་རས་གསུངས་པས་དེས་ན་འདོད་རྒྱལ་རྒྱལ་ཆེན་བཞིའི་རིགས་ལས་བྱུང་བར་སྨྲའོ། །དེ་ཡང་དཀར་པོ་སྒོ་ནི་ངུ་རྒུ་མེའི་ཞང་པོ་ཡིན་ཅིང་ངུ་རང་ཉིད་ཀྱི་རིགས་ནི་དེ་ལས་གཞན་པར་ངེས་དགོས་སོ། །གང་ལྟར་དུ་མི་རིགས་དེ་ལས་ནང་ཚན་གོ་ས་ཟེའུ་ཞེས་པའི་རྒྱུད་དུ་སྐྱེས་པའི་ཁྱིམ་བཙུན་དགེ་བསྙེན་ལྷ་ཆོས་སུ་ལོ་མང་པོའི་བར་དུ་ཡི་དམ་གྱི་བསྙེན་བསྒྲུབ་ཐེམ་པར་བྱས་ཤིང་མི་ཆོས་རྒྱུད་དྲངས་ཤིང་ཁྲོ་གཏུམ་ཆེ་ཞིང་དཔལ་བརྟུལ་སྙིང་སྟོབས་ཀྱི་ངར་དང་ལྡན་པ་ཨ་ཏི་ནཱ་ཐ་རཾ་ཀ་ཞེས་ཡིན་པར་སྒྲོགས་ཏེ། དེ་ཚེ་འཕགས་པ་ཤཱ་རིའི་བུའི་སྨོན་ལམ་དང་མཐུན་པ་ཡིན་ལ། ཐུན་མོང་མ་ཡིན་པའི་ཕ་ནི་གོང་དུ་སྨོས་པའི་གནས་ཆེན་རི་བོ་བཀྲ་བཟང་གི་ཞིང་སྐྱོང་གཙོ་བོ་དེ་ཡིན་ཞེས་རང་གི་ཨ་ཕྱི་དང་ཨ་མ་ནས་རྒྱུ་མཚན་ཞིབ་མོ་ཡང་ཡང་བསྙད་ཀྱི་འདུག་པ་དང་། རྗེ་བཙུན་བླ་མ་མཆོག་ནས་ཀྱང་དེ་ལྟར་དགོངས་སོ་ཞེས་ཐོས་ལ། དེས་ན་ཡུལ་ལྷ་ཆེན་པོ་དེ་ནི་བླ་མ་གོང་མ་རྣམས་ཀྱི་ཆོས་བོན་སྐྱེ་བོས་གསོལ་བའི་མིང་ཐ་དད་ཅན་དྲེགས་བྱེད་སྟོང་སྡེའི་རྗེ་བོ་ཡིན་ཞེས་དང་། མཆོག་གི་བདག་ཉིད་ཆེན་པོར་གྱུར་པའི་གཏེར་ནས་བྱོན་པའི་སྒྲུབ་ཐབས་དང་མཐུན་པར་གཟིགས་སྣང་དུ་གཏེར་བདག་གནོད་སྦྱིན་དབང་པོའི་སྒྱུ་འཕྲུལ་ལྟར་བཞེད་པ་སོགས་གང་ལྟར་མཐུ་དང་རྫུ་འཕྲུལ་ཆེ་བ་ཞིག་གོ །ཡང་ཁ་ཅིག་ནས་མིང་གི་རྣམ་གྲངས་རྡོ་རྗེ་བྲག་བཙན་ཞེས་ཀྱང་འདོད་ན། དེ་ནི་གློ་དང་ཀོང་ཡུལ་སོགས་སུ་གྲགས་ཆེ་ཞིང་ཆགས་པའི་གནས་དང་མིང་གི་རྣམ་གྲངས་ཁུངས་ལྡན་ཅི་རིགས་སྣང་ཡང་དགོས་པ་མི་ཆེ་བས་ན་འདིར་མ་སྨྲས་ལ། སྤྱིར་ཡང་ཁོ་བོ་ཅག་མི་མ་ཡིན་དེ་ལྟའི་བུ་རུ་སྨོས་པ་འདི་ཡང་འཕྱར་བའི་གནས་ནི་ནམ་ཡང་མ་ཡིན་ཏེ། ཅི་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་བྱིན་དང་ཉེ་དབང་ངམ་དབང་ལྡན་བདག་པོ་ལྟ་བུའི་ལྷ་ཆེས་ཆེ་བའམ་དེ་བཞིན་ཀླུ་དང་། ཡི་དྭགས་ཀྱི་རྒྱལ་པོ་ཆེན་པོ་སོགས་མི་མ་ཡིན་མཐུ་ལྡན་གྱི་སྲས་སུ་སྣང་བར་མ་མཛད་ཅིང་། རྫོགས་སངས་རྒྱས་པའི་རྟེན་ནི་མི་ཁོ་ནར་ངེས་པ་དང་། བཀའ་ལས་ཀྱང་བྱང་ཆུབ་ཀྱི་ལམ་སྡོམ་པ་སྐྱེ་བའི་རྟེན་དང་སངས་རྒྱས་མྱུར་དུ་བསྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ནི་ལྷ་ལས་ལྷག་པའི་མི་ཡི་ལུས་ཁམས་དྲུག་ལྡན་པ་ཁོ་ན་ཆེ་ཐང་དུ་མས་བསྔགས་པར་མཛད་ན་རིགས་རུས་བསྐྱེད་པའི་ཕ་མི་ལས་ལྷག་པ་གཞན་ནམ་ཡང་ཡོད་པ་མ་ཡིན་ན་དེ་ལས་ལྡོག་སྟེ་བདག་ནི་འབྱུང་པོ་ཤ་རྗེན་བཟའ་བའི་རིགས་སོ་ཞེས་པ་ནི་གནོང་པར་བྱེད་པའི་ཚིག་ཏུ་ཟད་མོད། གཞན་སྐྱེ་བོ་ཕལ་པ་དྲག་རྩལ་ཅན་ཁ་ཅིག་ཡུལ་ལྷ་སོགས་ཀྱི་བུ་རུ་རློམས་ཤིང་འཕྱར་བ་ནི་འཇིག་རྟེན་ཕལ་པའི་ལུགས་ངན་ལས་དམ་པའི་ཆོས་ལས་སྤྱོད་པ་རྣམས་ཀྱིས་རྒྱང་རིང་པོར་དོར་བྱར་ཤེས་སོ། །དེ་ལྟ་ན་ཡང་རང་གི་མ་ཡི་གཏམ་སྟེ་རྫུན་མེད་ངེས་པ་ཡི་སེམས་ཅན་ལས་ཚུལ་འགོག་པ་མེད་པ་དང་ཡིན་ལུགས་ཇི་བཞིན་བརྗོད་ན་མི་མ་ཡིན་དེ་ཡང་མགུ་བ་སྐྱེས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་བརྟས་པའི་རྒྱུར་ཡང་སྲིད་དོ་སྙམ་ནས་སྨྲས་པ་སྟེ། དཔྱོད་ལྡན་དམ་པ་རྣམས་ཀྱི་ཐུགས་ཀྱིས་མི་ཁྲེལ་བར་སྙིང་ནས་གསོལ་བ་འདེབས་སོ། །

འགྲོ་དྲུག་སེམས་ཅན་ཐམས་ཅད་ཕ་མ་ཉིད། །ལས་ཀྱི་ཚུལ་ཡང་བསམ་གྱིས་མི་ཁྱབ་སྟེ། །བྱས་གཟོ་དྲིན་དུ་ཤེས་པའི་ངང་ཚུལ་གྱིས། །ཐོག་མེད་དུས་ནས་ཚེ་འདིའི་ཕ་མའི་བར། །ཀུན་གྱི་སྡུག་བསྔལ་མཐའ་དག་སེལ་སླད་དུ། །བྱང་ཆུབ་མཆོག་གི་བཤུལ་ལམ་འདིར་ཞུགས་པས། །བྱང་ཆུབ་སྤྱོད་བརྩོན་རིང་མིན་རྫོགས་སངས་རྒྱས། །ཕ་མའི་ཚོགས་ཀྱང་སངས་རྒྱས་སར་སྒྲོལ་ཤོག །ཉམས་ཐག་ཕ་མའི་སྡུག་བསྔལ་མི་ལྟ་བར། །རང་ཉིད་ཁོ་ན་ཞི་བདེ་ཙམ་གྱི་བློ། །ཁྲེལ་མེད་ངོ་ཚ་བོར་བ་མ་རབས་ལུགས། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྨད་པའི་གནས། །ཞི་བ་ཕྱོགས་གཅིག་མྱ་ངན་འདའ་བའི་སེམས། །རང་རྒྱུད་རྣམ་རྟོག་ནམ་ཡང་མི་སྐྱེ་ཞིང་། །ཚད་མེད་སྙིང་རྗེས་ཕ་མའི་སྡུག་བསྔལ་ཀུན། །ཇི་སྲིད་བར་དུ་སེལ་བའི་བྱེད་པོར་ཤོག །འགྲོ་བ་ཐམས་ཅད་ཕ་མར་ཤེས་པ་དང་། །ལས་ཀྱི་ཚེ་འདིའི་ཕ་མའི་ཚུལ་ཇི་འདྲ། །ཆ་ཙམ་བརྗོད་ལ་ཉེས་པ་མེད་སྙམ་ཡང་། །ཉེས་ན་དམ་པ་རྣམས་ལ་བཟོད་ཀྱང་གསོལ། །ཞེས་པ་ཡང་སྨྲས་སོ། །

རིགས་ཀྱི་མཚན་ཉིད་ཕ་མ་དེ་ལྟ་བུའི་བུ་རུ་ཕྱུགས་བདག་གི་ལོར་མངལ་ཆགས་ནས་འབྲས་བུ་སྣ་ཚོགས་རྒྱས་པའི་ལོ་རྒྱལ་གྱི་ཟླ་བའི་དམར་ཕྱོགས་ཀྱི་ཚེས་དགེ་བར་པདྨ་ཊཱཀྐི་རྒྱུ་བའི་དུས་སུ་བདག་སྐྱེས་ཤིང་སྐྱེས་པའི་ཉི་མ་དེར་ནམ་མཁའ་མཐིང་ཞུན་སྔོན་པོས་ཁེབས་ཤིང་ཉི་མའི་འོད་ཟེར་རབ་ཏུ་བཀྲ་བར་གྱུར་ཞེས་ཀྱང་གྲགས་ལ་སྐྱེས་ནས་ཟླ་བ་གསུམ་ལོན་པ་ཙམ་ནས་ཚིག་གི་བརྡའ་ཅུང་ཟད་སྦྱོར་ནུས་ཤིང་ལོ་རུ་ལོངས་པ་ན་རེ་ཞིག་གི་ཚེ་རིག་འཛིན་པདྨ་མ་ཎིའི་ཕྱག་བྲིས། བླ་མ་ལོངས་སྐུ་གསུང་རྡོ་རྗེ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དཔེ་གོང་མའི་གྲྭ་རིགས་ཞིག་གི་ལག་ཏུ་ཐོག་པ་ཁོ་བོས་བླངས་པ་མ་གཏད་པར་ཡིད་སྐྱོ་ཚུལ་གྱིས་འདི་ནི་ངེད་རང་གི་དཔེ་ཡིན་ཞེས་སོགས་ངེས་ངེས་འདྲ་བ་མང་ཞིག་སྨྲས་པས་ཁོང་ཀྱང་རིག་འཛིན་གོང་མ་དེ་རྗེས་སུ་དྲན་པའི་དད་པས་མཆི་མ་འཁྲུག་ཅིང་ཕྱིན་ཆད་བྱམས་པར་བྱས་ཞེས་གྲགས་ལ་པདྨ་ནོར་བུའི་སྤྲུལ་སྐུ་ཡིན་མིན་ཇི་ལྟར་ཡང་ཚེ་འདིར་སྔོན་གནས་རྗེས་དྲན་གྱི་ཁུལ་གཞན་ལ་སྨྲས་པའི་ཐོག་མ་དེ་ཡིན་པར་ཐོས་ལ་དེ་ནས་བརྩམས་སྔོན་གྱི་ངང་ཚུལ་ཅི་རིགས་པ་སྨྲ་བ་ཞིག་བྱུང་བར་སྣང་ལ། དེར་ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ནི་སྐྱེ་བ་ཤིན་ཏུ་གསལ་བར་དྲན་པ་ཞིག་གོ་སེམས་ཤིང་ཡིད་མགུ་ཞིང་སིམ་པར་བྱེད་དོ། །གཞན་ཁ་ཅིག་ནས་དེ་ལ་ངན་སྨྲ་དང་རྨུ་ཅོར་སྣ་ཚོགས་བརྗོད་པར་གྲགས་ཀྱང་ངེད་ལ་ནི་ཁྱད་པར་གང་ཡང་མ་བྱུང་ངོ་། །སྔོན་ཚེ་ཡུལ་གྲུ་ཉི་ཚེར་གྱུར་དེ་རུ། །དམ་པའི་གྲགས་ལྡན་དེ་ཙམ་ཡང་སྲིད་དུ། །ཐོས་ཀྱང་ངན་སྨྲས་ལ་གོམས་བླུན་རྣམས་ཀྱིས། །དེ་ཡི་ཡང་སྲིད་མིན་ཞེས་མགྲིན་རྔ་བརྡུང་། །ད་ནི་འཛམ་གླིང་འབོད་འདིར་ཕྱག་རྒྱ་ཆེའི། །རིག་འཛིན་མཆོག་བརྙེས་གང་དེའི་སྒྱུ་འཕྲུལ་ཞེས། །གྲགས་པ་རིན་ཆེན་དོ་ཤལ་གངས་ཅན་གྱིས། །ཕྱོགས་མཚམས་བུ་མོའི་རྣ་ཆར་ཡོངས་འཁོད་ཚེ། །ངེད་ཀྱི་ཕ་མཚུན་མིན་ཞེས་བདག་བཟང་པོར། །བགྱིད་འོས་དེ་ཡི་མཚན་ཡང་མེ་ཁྱེར་སྲིན། །ཇི་བཞིན་རང་གནས་འཇག་ཟིལ་གསེབ་ཡིབ་པའི། །བྱེད་པོ་རྟ་བདུན་མཐོང་ཚེ་ཅི་སྨྲ་སེམས། །བདག་ནི་སོ་སོ་སྐྱེ་ཡིན་དམ་པ་མིན། །དེས་ན་གྲུབ་པའི་སྒྱུ་འཕྲུལ་ཇི་ཞིག་འགྱུར། །འོན་ཀྱང་དགེ་འབྲས་སྨིན་འོས་རྣམ་ཤེས་ཞིག །མགོན་དེས་བྱིན་གྱིས་བརླབས་སམ་ཡང་སྤྲུལ་གྱུར། །དཔུང་རང་གི་དཔག་པར་མི་ནུས་ན། །རང་མཚུངས་གཞན་གྱིས་བརྟག་པའི་ཡུལ་མ་གྱུར། །ནམ་ཡང་དད་ལྡན་མི་བསླུའི་གདེངས་ལྡན་ན། །བརྟག་དཔྱད་དགོས་མེད་ཆུ་ཡི་རི་མོར་མངོན། །འདི་འདྲའི་ཚུལ་ལ་ཅིས་ཀྱང་བརྟག་འདོད་ན། །ཡེ་ཤེས་སྤྱན་ལྡན་འཕགས་པའི་ས་སྒྲུབ་འཚལ། །ཞེས་སོ། །

དེ་ནས་རིམས་ཀྱིས་ནར་སོན་ཏེ་ལོ་གསུམ་བཞིའི་སྐབས་སུ་གནས་མལ་ངེས་པ་མེད་པའི་དབང་གིས་རྡོ་གྲམ་ཞེས་པའི་གྲོང་ཆུང་དེར་སྡོད་ཀྱི་ཡོད་སྐབས། རང་གི་ཨ་ཕྱིར་འཕགས་མས་བྱིན་གྱིས་བརླབས་པར་གུ་རུའི་ལུང་གིས་ཟིན་པ་དེ་ཡི་དཀར་ཁྲིད་ཀྱི་རྣལ་འབྱོར་བྱེད་པ་མཐོང་བས་རྐྱེན་སད་དེ་ཕྱིན་ཆད་ཚུལ་དེ་ལ་ཡིད་རབ་ཏུ་ཞུགས་པར་གྱུར་པ་ཡི་སྐྱོང་བའི་རྣམ་འགྱུར་ཁོ་ན་བྱས། དེ་འཕྲོས་ལོ་ལྔའི་སྣེ་ཟིན་ཙམ་པར་བྲག་དམར་དགོན་དུ་ཕྱིན་པར་ཚད་ཐུབ་གཏེར་སྟོན་མང་པོའི་ཞབས་ལ་ཐུག་ཅིང་། གནུབ་ཆེན་བུདྡྷ་ཛྙཱ་ནའི་སྤྲུལ་པར་གྲགས་པ་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཞེས་རང་གི་རིགས་ཀྱི་ཁུ་བོར་སྙེགས་པ་ཞིག་ཡོད་པ་དེ་དང་ཡུད་ཙམ་མཇལ་བ་ན་དགྱེས་པས་བདག་གྲལ་གྱི་སྒང་དུ་བཞག བཞེས་པའི་ཕུད་ནས་དྲངས་བ་སོགས་དགོངས་ཡུལ་དེའི་ཡང་སྲིད་བདག་ཡིན་མིན་ཇི་ལྟར་ཡང་ནུས་པ་ཤེད་མ་བྱེ་བ་ཞིག་ལ་སྔར་གོ་སའི་བབ་ཕྱོགས་མཚུངས་ཙམ་ཁྲེལ་ཡོད་ངོ་ཚ་ཤེས་ནས་མཛད་པ་ཁོང་ཁོ་ནར་ངེས་གཞན་རང་རང་ཕྲལ་ཆོས་བརྒྱད་སུ་རེམ་ལས་སྔར་གྱི་གོ་ས་མནོ་མཁན་མེད་པ་སྤྱིར་ཁྲེལ་ངོ་ཚ་ཆུང་བར་མ་ཟད་ལྷག་ཏུ་བདག་གི་སྐྱེ་བའི་ཡུལ་ཕྱོགས་དེར་དེ་འདྲ་ཤིན་ཏུ་གངས་ཤིང་དེ་ཡང་མི་སྐྱའི་གནས་ལས་ཆོས་གཟུགས་བཙུན་པ་རྣམས་ལྷག་པར་ཁྲེལ་ལ་མི་གནས་པར་ཐུབ་ཆོད་ཁོ་ནར་སྤྱོད་པ་ཞིག་གོ །སྤྱོད་ལྡན་ཁྲེལ་ཡོད་སྔོན་རབས་བཟང་པོའི་སྲོལ། །དེང་སང་དུས་སུ་མིང་ཙམ་ཁོ་ནར་གྱུར། །ལྷག་པར་མཐའ་ཁོབ་རེ་ཁེ་ལྗོངས་དེ་རུ། །འདི་སྣང་དྲེགས་པས་ཆོས་བརྒྱད་སུ་རེམ་ལས། །གོ་སའི་ཚུལ་ལ་དམིགས་པ་ཡེ་མ་མཐོང་། །གང་ཞིག་རྟེན་གྱི་ཁྱད་པར་དགེ་སློང་ངམ། །ཡི་དམ་ནུས་པ་རྙེད་པ་མ་ཡིན་པར། །རིགས་རུས་སྐྱེ་བས་ཐོབ་པའི་གོ་ས་ལ། །ཟང་ཟིང་ཁུར་གྱིས་དྲེགས་ནས་འགོང་མི་རུང་། །ཅི་ཕྱིར་གཏོང་འཛིན་ལྷ་ཡི་ཞེ་ཁྲེལ་ཞིང་། །བསོད་ནམས་ལས་ཉམས་མི་ཤེས་རྒྱུ་རུ་བཤད། །དེ་ལྟ་ན་ཡང་དེང་སང་དུས་དབང་གིས། །ཕྱོགས་དེར་མི་ནག་སྐྱེ་བོ་ཡ་རབས་ལས། །ཆོས་གཟུགས་འཛིན་རྣམས་ལྷག་པར་ཆགས་སྡང་ཆེ། །བག་མེད་ཆང་དང་བརླང་པོའི་བརྟུལ་ཞུགས་ཀྱིས། །བཟང་པོའི་སྲོལ་རྣམས་ཕལ་ཆེར་དྲི་མར་བྱས། །ཅེས་སོ། །

དཀྱུས་སུ་འཇུག་པ་བཞུགས་གྲལ་དེར་བདག་བྱིས་པར་སོང་བའི་བློ་བྲིད་པའི་སླད་དུ་གུ་རུ་པདྨའི་སྐུ་ཞིག་ཕྱག་གི་བྲི་བར་གནང་ཞིང་བདག་གི་སྔོན་གནས་རྗེས་སུ་དྲན་པའི་ཚུལ་ལས་བརྩམ་གསུང་གླེང་མང་དུ་བྱུང་བས་ཀྱང་རྐྱེན་བྱས་འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་སྐྱོང་ཚུལ་ཅི་རིགས་ཤིག་དེ་དུས་ནས་ཤེས་ཤིང་དྲན་ཏེ་ད་ལྟ་བར་མོས་པ་ལམ་བྱེད་ཙམ་དུ་སྙིང་གི་དབུས་སུ་བཟུང་སྟེ་གནས་མོད། དེང་སང་ཕལ་ཆེར་འཚོགས་དབུས་འཕྱོར་རྒྱན་ངོམ་ཆོས་སུ་བྱེད་ཀྱི་འདུག་ཀྱང་བདག་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་རིག་འཛིན་དགའ་རབ་རྡོ་རྗེ་ཡི་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ནན་ཏན་ཆེན་པོ་ཡི་ཤིན་ཏུ་གསང་བར་གདམས་ཤིང་གལ་ཏེ་འཕྱར་ན་སྙིང་ཁྲག་སྐྱུགས་ཏེ་ཚེ་ཡི་དུས་བྱས་ཤིང་རྡོ་རྗེ་དམྱལ་བར་བསྐལ་པ་བདུན་འབུམ་དུ་གནས་པའི་དམོད་པར་འཇིགས་པས་ཚུལ་འདི་བབ་ཆོལ་གྱི་བྱིས་པ་ནས་ད་ལྟའི་བར་ནམ་ཡང་སྨྲ་མ་མྱོང་ངོ་། །ལར་སངས་རྒྱས་ཀྱི་གསུང་ཀུན་གྱིས་བདེན་པར་འཛིན་ན་དམོད་པ་འདི་ནི་ཤིན་ཏུ་གནན་པར་རྟོགས་དགོས་སུ་སྣང་ལགས་སོ། །འདི་ལྟ་བུའི་དམོད་པ་ལ་མི་འཇིགས་ན་རྒྱུ་འབྲས་དམ་ཚིག་གཞན་ལ་ཅི་ཕྱིར་འཇིགས། དེ་བས་ཚུལ་འདི་ལ་བག་ཡོད་པར་བྱོས་ཤིག་ཁོས་སྙིང་ཁོང་རུས་པའི་གཏིང་ནས་ཐལ་མོ་སྦྱར་ཏེ་གསོལ་བ་ལགས།

སྨྲས་པ། སྔོན་སངས་རྒྱས་བསྟན་པ་རྫོགས་ལྡན་སྐབས། །མི་ཀུན་ཀྱང་ཤིན་ཏུ་གསང་བ་བསྲུང་། །གནད་དེ་ཡི་འབུམ་ཕྲག་འགྲོ་བ་ཡང་། །དུས་གཅིག་ཆར་གྲོལ་བ་ཁོ་ནར་གྱུར། །བོད་འདིར་ཡང་ཆོས་རྒྱལ་བྱང་སེམས་སྐབས། །རྗེ་གུ་རུའི་དབང་བསྐུར་མཛད་པའི་མིང་། །གསང་སླད་དུ་དབང་ལ་རིམ་པར་བཏགས། །མིང་ཁོ་ནར་དོགས་པ་དེ་ཙམ་ན། །དབང་གདམས་པ་དངོས་ལ་སྨོས་ཅི་འཚལ། །དུས་དེང་སང་སྙིགས་མའི་མར་གཤམ་གྱུར། །ཆོས་ཟབ་དགུ་ཁྲོམ་དུ་ཟོང་ལས་འཕེལ། །སྔགས་གྲུབ་པ་ཐོབ་པ་སྨོས་ཅི་འཚལ། །སེམས་ངོ་བོ་ཆ་མཐུན་མཐོང་ཡང་དཀོན། །དཔལ་ཀུན་བཟང་པདྨ་འབྱུང་གནས་ཀྱི། །བཀའ་གསང་རྒྱས་བཏབ་པ་རྒྱབ་ཀྱིས་ཕྱོགས། །ཆོས་མ་ཡིན་སྒྲིབས་ཤིང་ཆོས་ལ་བཅོལ། །རི་ཀླིང་ཀུན་གློ་སྐམ་ཐུག་པ་བཞིན། །ངེད་གྲུབ་ཐོབ་འཁྲུལ་ཞིག་ཡིན་ནོ་ལོ། །གསང་ཁྱད་གསོད་ཐུགས་ཀྱི་དམ་ཉམས་པ། །ཚུལ་འདི་འདྲས་ཁེངས་འདི་ཀྱེ་མ་ཧུད། །ཞེས་བར་སྐབས་ཀྱི་འཕྲོས་ཏེ།

དེའི་རྗེས་ཚེས་བཟང་བ་ཞིག་ལ་བྲག་དམར་བླ་བྲང་དུ་གདན་བཤམས་བཟོས་སྒོ་ཆེ་བར་མཛད་དེ་ངེད་གྲ་འབོད་མི་གནང་བྱུང་ཡང་རང་ཉིད་བྱིས་པའི་རྟགས་ཀྱིས་འགྲོ་མ་ཐུབ་པ་ཕྱོགས་དེར་རྟེན་འབྲེལ་ཁ་ཤས་ལ་གནོད་རུང་སྔོན་གྱི་ལས་ཚུལ་ཞིག་ཏུ་སྣང་། ལོ་དེ་ཡི་དཔྱིད་དེར་བླ་མ་གོང་མའི་དབོན་རིགས་ཁ་ཤས་པས་སྤྲུལ་སྐུ་ངོས་འཛིན་གྱི་ཁུལ་དུ་རྩེ་རུ་བར་ལན་གཅིག་བོས། ལམ་བར་དུ་སྔོན་གནས་རྗེས་དྲན་ཁ་ཡར་བསྙད་པར་དེ་སྐབས་མི་མགུ་བའི་གཏམ་དུ་སྨྲས་ཀྱང་། ངེད་རང་ནས་ནི་སུ་ཞིག་དྲན་པ་ཡིན་ཡང་རུང་ཕྱོགས་དེར་མི་འཚོགས་བརྒྱ་ཕྲག་པུ་བ་ཞིག་ལ་དབང་བསྐུར་བྱས་པ་ནི་ད་ལྟ་ཡང་ཡིད་ལ་ཝལ་ཝལ་དྲན་ངེས་ཡིན། དེ་གང་ཡིན་མཛུབ་མོ་བཙུག་སྟེ་སྨྲ་མ་དགོས་ན་ཁྱེད་རྣམས་སེམས་མ་འཁྲུག་ཅིག གང་ལྟར་རུ་བར་སླེབ་བསྙེན་བཀུར་ནང་དེ་ནས་ནི་ཁོ་རང་ཚོའི་ཆུ་འབབ་དེ་བྱས། ངེད་ལ་སྒེར་དུ་བཀུར་གཟོས་མ་དགོས་པ་གཞི་གྲུབ། གཞན་ནས་ནི་འབྲེལ་འབྲེལ་མེད། ཕྱིས་ངེད་ལོ་བཅུ་བདུན་ལོན་པར་ས་དམར་ཕྱོགས་སུ་ཕྱིན་སྐབས་དེ་དུས་ཀྱི་ཁྱིམ་མཚེས་བུད་མེད་ཞིག་གི་སྔར་བྱིས་པ་ཆུང་ངུ་ཞིག་བྱུང་བ་དེ་བླ་མ་འདི་འདྲ་ཨེ་ཡོང་མ་ཤེས་དེ་ཤེས་ན་ལན་ཅིག་བོས་ཏེ་འོ་མ་ཕོར་གང་ཙམ་བྱིན་ཆོག་རྒྱུ་ཡིན་འདུག་ཀྱང་མ་བྱུང་ཟེར་བ་དེ་སྐབས་ཡིན། གོང་མའི་སྐུ་གཉེན་ཚོས་ངེད་མ་མཐོང་ཅི་ཙམ་བྱས་མཐའ་དག་དེས་མཚོན་ནུས་སོ། །དེར་ཞག་ཤས་བསྡད་སླར་རང་གནས་ལོག་ཡོང་སྐབས་སྐྱེལ་མཁན་གྲུལ་བཏུབ་མེད་པས་ཞོན་རྟ་ལས་བརྡབ་དལ་འབྱོར་རྟེན་ཆུད་ཟོས་དོས་ཤོར་བྱས།

སྐུ་སྐྱེ་སྤྱི་ལ་མེད་པའི་ངེད་ལ་དགོས་ཆོས་མགྲོན་ལན་གཅིག་བུ་དེ་ཡི་སྐབས་སུ་ཡང་ངོ་མཚར་ཅན་དེ་འདྲ་བརྡོག དེ་ནས་བརྩམ་ངེད་ལོ་བཅུ་གསུམ་སྐབས་སྔར་ཟུར་བཞུགས་ཕྱིས་གདན་སར་གྱུར་པ་བླ་མ་སྐལ་བཟང་དྲུང་ནས་གདན་སར་བོས་པའི་བར་ཁོང་རྣམས་དང་ལན་གཅིག་འཕྲད་པ་ཙམ་ཡང་མ་བྱུང་ངོ་། །གཞན་ཡང་དེ་མཚུངས་ཀྱི་གཏམ་ཤིན་ཏུ་མང་བ་ཞིག་ཡོད་པ་ནི་རང་གི་སྔོན་གྱི་ལས་དང་ཕྲལ་གྱིས་རྐྱེན་ལས་གྲུབ་པར་གདའ།

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བླ་གཟུགས་གཞན་རྒྱུད་ཤེས་གྲགས་ལུང་བསྟན་དང་། །མཁྱེན་དཔྱོད་བློ་གྲོས་ཆེར་རློམ་མང་ཞིག་གིས། །ཁ་མཚོན་གཅོད་འགའ་སྔ་ཕྱི་མི་མཚུངས་པ། །རང་གི་མཚན་ཉིད་སྟོན་ལས་ཅི་ཞིག་གུ། །ཕྱོགས་རིས་དབང་གིས་བསྟོད་པ་འགའ་མེད་ཅིང་། །སྨད་ཚིག་མང་ཡང་བྲག་ཆ་ལྟ་བུར་ཡལ། །བཅོས་མས་མ་ཡིན་རང་བཞིན་གཤིས་ཉིད་དུ། །སྤྲུལ་པའི་མིང་ཙམ་གྲགས་ལ་ཆེས་སྡང་ན། །བཅོས་མར་གྱུར་རྣམས་ཐལ་བར་བརླག་ངེས་ཀྱང་། །དགའ་འཛུམ་མདངས་ཀྱིས་བསུ་འདི་ཡ་མ་ཆ། །རྗེ་བཙུན་བླ་མ་པདྨ་མ་ཎི་དེ། །སྐྱེས་མཆོག་ཡོན་ཏན་དུ་མས་ཆེ་མོད་ཀྱང་། །རྣམ་པ་ལུང་ཆུང་ཀྱོག་པོའི་བས་མཐའ་རུ། །གནས་པའི་སྦས་ཚུལ་གྲུབ་བརྙེས་བཞུགས་ཤིག་གོ །བདག་ནི་གཞན་དྲིང་མི་འཇོག་རང་ལམ་དུ། །རང་སྐད་རྒྱབ་ནས་རྒྱལ་ཁམས་བགྲོད་པ་པོ། །མིང་གོག་དེ་གསོབ་འཇུག་རིན་ཅི་ཕྱིར་ཆོག །མིང་དེ་བདག་གིས་བདེ་སྤྱོད་བྱས་མིན་ན། །མིང་གོག་དེ་ལ་ཐུགས་རྩིས་མཛད་པ་པོ། །སོ་སོས་ཅི་བདེར་ཐུགས་ཚེག་མཛོད་ཅིག་གུ། །ཕ་ཤུལ་བུས་འཚོབ་གསེར་གྱི་འཕྲེང་བ་བཞིན། །གོང་མའི་རྣམ་ཐར་འཛིན་ནུས་འཆང་ཐུབ་ཀྱི། །བདག་ལ་རྟག་ཏུ་སྤྱོ་བར་མཛད་སྲིད་ཀྱང་། །བདག་སྐྱོན་ཉིད་ངེས་མི་མགུ་ཅི་ཞིག་འཚལ། །ཕ་མེས་ཙནྡན་བུ་ཚ་འགལ་དུམ་ཤིང་། །བསྟན་འཛིན་སྐྱེས་བུའི་ཤུལ་དུ་བསྟན་འཚོང་མཁན། །དེ་འདྲས་བདག་ལ་དམོད་པར་བྱེད་པ་འདི། །མཚན་ཉིད་ཅི་འདྲ་གཟུར་གནས་ཀྱིས་ལྟས་གསལ། །ཕ་མེས་བླ་འཚོང་གོང་མའི་རྐང་འདྲེན་པ། །རང་སྐྱོང་རི་བོའི་ཁུར་ལ་མི་ལྟ་བར། །གཞན་སྐྱོན་སྐྲ་རྩེའི་ཉག་ལས་གཞལ་མཁས་པའི། །མ་རབས་དེ་འདྲར་སྙིང་རྗེ་མཆི་མ་འཁྲུག །ཀྱེ་མ་འཁོར་བའི་གནས་ཚུལ་འདི་ལྟ་སྟེ། །དགྲ་ལ་གཉེན་དང་གཉེན་ལ་དགྲ་རུ་མཐོང་། །འཁྲུལ་སྣང་དྷ་དྷི་ར་ཡི་མྱོས་པ་བཞིན། །བསམ་བཞིན་ངེས་པར་སྙིང་ནས་སྐྱོ་བ་འཕེལ། །ཀྱེ་མ་སྒྱུ་མ་མཁན་གྱི་འཕྲུལ་འཁོར་བཞིན། །འདི་ལ་ནམ་ཡང་ཞེན་པའི་ཡུལ་མ་གྱུར། །འོན་ཀྱང་བྱས་འབྲས་སེམས་ལ་འཆར་སྨིན་པ། །ཀུན་རྫོབ་ངང་ཚུལ་གཏམ་དུ་དེ་སྐད་སྨྲས། །ཞེས་སོ། །

ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ། དེ་ནས་མི་རིང་བར་རྡོ་གྲམ་ཞེས་སུ་ཕྱིན་ཅིང་སྡོད་པའི་སྐབས་གཏེར་སྟོན་བླ་རབས་ཁ་ཤས་ཀྱི་ཞལ་ཐང་མཐོང་བས་རྐྱེན་བྱས་དུས་རེ་ཞིག་ན། ཉིན་གཅིག་བྱིས་པའི་རྩེད་མོར་ནས་ཀྱི་སོག་སྦུག་གཅིག་ཤགས་པའི་ཕྱེད་ཚལ་གྱི་ནང་དུ་གཏེར་སྟོན་རིན་པོ་ཆེ་རཏྣ་གླིང་པ་ཞིག་པོ་གླིང་པ་ནུས་ལྡན་རྡོ་རྗེ་ཀློང་གསལ་སྙིང་པོ་སྟག་ཤམས་རྡོ་རྗེ་སྟེ་གྲུབ་པའི་སྐྱེས་བུ་དེ་ལྔ་གྲལ་སྟབས་སུ་བཞུགས་ཤིང་སྐུའི་རྣམ་པ་ཤིན་ཏུ་གསལ་བ་ཞིག་བྱུང་སྟེ། མངོན་སུམ་ནི་ཅི་ལ་ཡིན། སྟོང་གཟུགས་ལྟ་བུ་ཡང་མ་ཡིན། གསལ་ནི་ཤིན་ཏུ་རང་ཡིད་ངོར་གསལ་བས་ད་ལྟ་བརྟག་ན་བསྐྱེད་རིམ་གྱི་གསལ་སྣང་ཤར་བ་ལྟ་བུ་ཞིག་འདུག་ཀྱང་། དེ་དུས་གསལ་སྣང་ཐེབས་དོན་ནི་མེད་ལ་གང་ལྟར་ཡ་མཚན་པ་བྱུང་། དོན་དུ་ནི་དེ་དག་གི་བྱིན་རླབས་ཞུགས་པའི་ལྟས་ཤིག་ཡིན་ནམ་སྙམ། གོང་གི་དེ་རྣམས་དང་ལྷན་དུ་གཞན་ཡང་འགའ་རེ་འདུག་སྙམ་རིབ་རིབ་སྣང་ཡང་ངེས་གསལ་མི་དྲན་པས་སྨྲ་མ་ནུས་སོ། །གཞན་ཡང་དེ་སྐབས་ཕལ་ཆེར་ཞིག་ཡིད་ཀྱི་ངོར་གུ་རུ་པདྨའི་སྐུ་ཡི་བཀོད་པ་ཁོ་ན་ལམ་ལམ་སར་བྱེད་པ་ལྷག་ཏུ་སློབ་དཔོན་པདྨ་ཆ་ལུགས་སྤྱི་དང་འདྲ་བ་ལས་ཕྱག་གཡས་ས་གནོན་རྡོ་རྗེ་གཡོན་མཉམ་བཞག་ཐོད་པ་གྲུ་མོར་ཁ་ཊྭཱཾ་ག་འཛིན་པ་ཞིག་ཡང་ཡང་དུ་ལོ་ངོ་གཅིག་ཙམ་གྱི་བར་དུ་བྱུང་སྟེ། དེ་ཡང་ཆུ་བུར་མིག་གི་སྤྱོད་ཡུལ་ཅན་ནི་མ་ཡིན་མོད། མ་བསམ་པར་ཡིད་ངོར་མངོན་སུམ་ལྟ་བུར་ལམ་ལམ་པར་ཤར་བ་ཞིག་གོ །མེ་ལོང་ལ་པྲ་ཕབ་ཇི་བཞིན་དུ། །ཡོད་མེད་གཉིས་མཐའ་ལ་མ་ལྷུང་བར། །རང་སེམས་ཀྱི་ཡུལ་ན་སྣང་བའི་གཟུགས། །རྡོ་རྗེ་ཡི་སྐུ་དེ་ཅིས་མི་འཚར། །ནམ་མཁའ་ནི་ནམ་ཡང་རྒྱར་མ་ཆད། །འགྲོ་ཀུན་ལ་ནམ་མཁའ་ཁྱད་པར་སྣང་། །རྒྱ་ཆད་དུ་འཛིན་པ་བླུན་པོའི་བློ། །ཁྱབ་གདལ་དུ་ཤེས་འདི་ངོ་མཚར་ཆེ། །ལོ་ལྔ་པའི་མཇུག་དེར་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ནས་ཀ་ཁ་ཡི་སྦྱོར་ཀློག་སློབ་པའི་དབུ་ཚུགས་ཤིང་དེ་འཕྲོར་རྒན་རབས་ཀྱིས་ཅུང་ཟད་ལས་གཅུན་མ་དགོས་པར་ད་ལྟའི་ཀློག་ཡིག་འབྲིང་ཙམ་འདི་ལོ་དྲུག་སྐབས་ཉིད་དུ་ཚེགས་མེད་པར་ཁོང་དུ་ཆུད་པ་ཡིན་ནོ། །

ལོ་དྲུག་ལོན་པའི་དཔྱིད་དེར་ཞང་པོའི་རྗེས་སུ་འབྲངས་ནས་ཁྲོ་རྒྱལ་དགོན་དུ་འཁོར་ཙམ་ཕྱིན་ཞིང་སླར་རང་གནས་ལྡོག་པའི་མཚམས་གཞན་རྐྱེན་གྱི་གཟེར་རོ་མང་པོ་ལ་རྟེན་ཡུལ་ངེས་པ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་དགོས་པ་བྱུང་། དེ་དག་གི་བར་སྐབས་རྣམས་སུ་བཀྲེས་སྐོམ་དང་ཚ་གྲང་གི་སྡུག་བསྔལ་ཡང་ཅི་རིགས་པ་ཉམས་སུ་མྱོང་། བདག་ལོ་བདུན་པའི་སྐབས་དེར་རྗེ་བཙུན་འཁོར་ལོའི་མགོན་པོ་ཡང་རེ་ཁེ་སྨད་བསྭོ་ལྕི་རོང་རོལ་ལམ་དགོན་དུ་གདན་ཕབ་པར་མཛད་ཅིང་བདག་ཅག་ལྟོས་བཅས་རྣམས་ཀྱང་དེ་མཐུན་ཕྱོགས་དེར་སྡོད་གནས་བྱེད་པར་ཤར། དེ་སྐབས་རང་ལོ་བདུན་བརྒྱད་པའི་མཚམས་རྣམས་སུ་དཔལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ནོར་བུའི་འཕྲེང་བ་ཀློག་འཛིན་ཡི་དམ་བགྱིས་པར་བར་ཆད་སེལ་བ་དང་། ཐོག་མར་དངོས་གྲུབ་ལྟས་ཅི་རིགས་པར་ཤར་ཡང་། ཕྱིས་བསྙེན་བསྒྲུབ་འཕྲོ་འཐུད་རྒྱུ་མ་བྱུང་བས་དངོས་གྲུབ་ཀྱི་མཚན་མ་ཕྱིར་ཕྱོགས་སོང་། དེས་ན་ཕྱིས་འབྱུང་གིས་བྱིས་པའི་དུས་ནས་ཡི་དམ་ལྟེམ་རྐྱང་མི་རུང་ཚུལ་སྨྲ་དགོས་རྒྱུར་གདའ་ཡང་ངེད་ལ་དེ་འདྲ་མཁན་མ་བྱུང་བའི་སྐྱོན་ནོ། །

སྤྱིར་རང་ལོ་བརྒྱད་པའི་སྐབས་དེར་རྨི་ཉམས་ཀྱི་རང་བཞི་ཅི་རིགས་པ་ཞིག་བྱུང་ཞིང་ལྷག་ཏུ་ཚེ་འདིར་ཨོ་རྒྱན་ཆེན་པོའི་ཟབ་གཏེར་གྱི་སྒོ་འཕར་འབྱེད་པ་དང་མི་འབྱེད་པའི་ལྟས་རྣམས་ཀྱང་གསལ་པོར་ཤར་བ་ཡིན་འདུག ལོ་དེའི་སྔར་ཕྱིའི་ཁོངས་སུ་སྣང་བ་འདི་ཡང་བདེན་ཞེན་མེད་པ་དངོས་དང་རྨི་ལམ་དབྱེ་གསལ་མི་བཏུབ་པ་འལ་མ་འོལ་ཞིག་ཤར་ཏེ། དེ་དུས་ངོ་སྤྲོད་ཞིག་ཐོབ་ན་རྩལ་ཤིན་ཏུ་ཆེ་བ་ཡོང་རྒྱུར་འདུག་སྟེ་མ་བྱུང་། ལོ་བཅུ་གཅིག་པར་རྗེ་བཙུན་རྡོ་རྗེ་འཆང་ལ་བླ་མ་དམ་པ་ཀུན་རིམ་པས་ཉམས་རྟོགས་ཀྱི་ངང་ཚུལ་ཞུ་གནང་མཛད་པ་ཐོས་པ་སེམས་ཀྱི་འཇོག་ཕྱོགས་ཆ་ཤས་ཤེས་ནས་བསྒོམ་པ་གནས་ཉམས་ཅི་རིགས་པ་སྐྱེས། ལོ་བཅུ་གསུམ་ལོན་པར་རྒྱལ་བའི་དུས་ཆེན་ས་ག་ཟླ་བའི་ཚེས་བཟང་པོར་བཀའ་དྲིན་ཅན་བྱིན་རླབས་ཅན་ཐུགས་རྗེ་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་པད་ལ་སྤྱི་བོར་བཏུད་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་བཀའ་སྔོན་འགྲོ་དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་ལས་རྒྱུ་འབྲས་ཀྱི་ཁྲིད་སྐྱབས་འགྲོ་སེམས་བསྐྱེད་དེ་སྐྱེས་བུ་གསུམ་གྱི་ལམ་རིམ་མ་ཚང་བ་མེད་པ་དང་མཎྜལ་རྡོར་སེམས་བསྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཅས་སྨིན་ཁྲིད་དུ་བཏང་བའི་རྗེས་སུ་སེམས་འཛིན་ནས་བརྩམས་དམིགས་པའི་སྤེལ་བསྒྱུར་རིམ་པར་གནང་བ་ལས་རྟོགས་འབུལ་གཉིས་ཟིན་པའི་སྐབས་སུ་རིན་ཆེན་ཟངས་ཀྱི་སྣོད་རྒྱ་ཇ་ངད་ལྡན་བསིལ་མས་བཀངས་ཏེ་ཐོག་མར་བཅུད་དང་མཐར་སྣོད་ཡང་སྩལ་ཞིང་གནས་འགྱུར་རིག་གསུམ་ཇི་བཞིན་ངོས་ཟིན་པའི་དབུགས་དབྱུང་བ་རྡོ་རྗེའི་བཀའ་ཡིས་གནང་བླ་མའི་བྱིན་རླབས་མཐུའི་རིང་པོར་མ་ཐོགས་པར་སེམས་ཆ་མཐུན་པ་གནས་འགྱུར་རིག་པ་ཡིད་ཆེས་རྐང་ཚུགས་སྐྱེས་ཀྱང་ལོ་དེའི་གཞུག་ལ་རིག་འཛིན་ཆེན་པོ་པདྨ་མ་ཎིའི་རིགས་དབོན་རིན་པོ་ཆེ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་དྲུང་ནས་ཀཿཐོག་གི་མངའ་རིས་སྤྱི་དང་བྱེ་བྲག་ལྷོ་ཕྱོགས་རེ་ཁེ་ལྗོངས་ཀྱི་ཆར་རྒྱལ་བསྟན་འཛིན་འགྱུར་ཡོངས་ཀྱི་སྤྱི་ཕུད་ཚད་སྐྱོབ་དཀར་པོའི་རྩེ་མོའི་དབལ་ལྟར་མངོན་པར་མཐོ་བ་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་བསུ་བའི་དགོངས་བཞེད་ཀྱི་ཆེད་དུ་མངགས་ཏེ་གཉེར་པ་ལྕི་རོང་རོལ་ལམ་དུ་བྱུང་བར་བརྟེན་རྩ་བའི་བླ་མ་ལ་དགོངས་པ་ཞུས་ཏེ་གཟའ་སྐར་ལེགས་པ་ལ་ལམ་དུ་ཞུགས་ཤིང་རིམས་ཀྱིས་གསེར་གྱི་འདྲེན་པའི་ཆུ་ཀླུང་གནམ་སྔོན་ཞུ་བ་ལྟ་བུ་གཙང་ཐལ་དུ་ཀོ་བ་ལ་བརྟེན་ནས་བརྒལ་ཏེ་གསལ་སྨད་དུ་རྗེ་བླ་མ་ཡང་ངེད་བསུ་བར་ཕེབས་འདུག་པ་དང་མཇལ་བའི་ཐོག་མ་དེ་ཀར་རིག་འཛིན་གོང་མ་ཉིད་དུ་དགོངས་བཞིན་ཡུལ་ཕྱོགས་དེའི་སྐྱེ་རྒུ་མཆོག་དམན་ཐམས་ཅད་ཀྱི་གཙུག་ཏུ་ལུགས་གཉིས་ཀྱིས་མངོན་པར་མཐོ་བ་འཇིགས་མེད་སེང་གེའི་ཁྲིར་བྱིན་གྱིས་བརླབས་འགྱུར་རྟེན་འབྲེལ་བཟང་པོའི་གདན་དགེ་བ་ལ་བདག་འཇོག་ནས་གུས་པའི་ཕྱག་དང་དགྱེས་པའི་བཀུར་གཙོ་ཆེ་བར་མཛད་ཀྱང་ངེད་ཀྱིས་ནི་ལྡང་བ་དང་ཕྱག་ལན་སོགས་དེ་སྐབས་ཆོས་འབྲེལ་མེད་པས་འབུལ་མ་ཐུབ།

སྤྱིར་ངེད་ཆུང་ངུའི་སྐབས་ལྟག་ཚུག་ཟིན་མདོག་ཁ་བ་ཞིག་ཡོད་པས་ལོ་ཉི་ཤུ་རྩ་གཅིག་མར་བཏགས་ཆོས་འབྲེལ་མེད་པའི་བླ་མ་ལ་ཕྱག་མ་འཚལ། ཅི་ཕྱིར་བླ་མ་མིན་ལ་ཕྱག་མི་བཙལ་ཞེས་རྒྱ་གར་གྱི་ཡུལ་ཆོས་སུ་ཡང་དེ་ལྟར་ཡོད་པར་ཐོས་པ་ཡིན་ལ། དེ་ལྟ་ཅི་དགའ་བྱ་ཆོག་པ་ནི་རང་གི་སྐྱེ་ཡུལ་ལུང་ཁྱོག་ཏུ་སོང་བའི་ཕན་ཡོན་ཙམ་དུ་སྣང་། ཕྱིས་རྒྱལ་ཁམས་གནས་སྐོར་ལ་ཕྱོགས་ནས་ཆོས་འབྲེལ་མེད་ཀྱང་གོ་ས་དང་ངོ་བསྲུང་དབང་གིས་ཕྱག་དང་ཕྱག་ལན་ཅི་རིགས་བྱེད་དགོས་ལྷུན་གྱིས་གྲུབ། དེར་ཡང་མ་ཟད་མེ་རྟ་ལོ་གཞུག་བལ་པོའི་གནས་སྐོར་ཕྱིན་སྐབས་དམན་པའི་ས་བཟུང་དག་པའི་སྣང་བ་སྦྱངས་རྒྱུའི་རྩིས་ཀྱི་ལོ་ངོ་གསུམ་ཙམ་བླ་གཟུགས་ཆེ་ཆུང་མཆོག་དམན་མེད་པ་ཀུན་ལ་ཕྱག་དང་ཕྱག་ལན་ལྷུར་བླངས། རྗེས་སོར་མཐར་ནི་མ་འཁྱོངས་པར་དམན་ས་བཟུང་དག་སྣང་ཕྱོགས་མེད་འབྱོངས་ན་ལེགས་མོད་ཀྱང་མཐའ་མི་འཁྱོངས་ཕྱིན་གོ་བབ་མ་རྩིས་པའི་ཕྱག་དང་ཕྱག་ལན་དེ་ཡང་ངོ་མཚར་དུ་མ་སོང་ཕྲལ་སྣང་ངོར་མ་མཛེས་ཤིང་ཕུགས་རྟེན་འབྲེལ་ལ་གནོད་པར་གོ །ཉང་སྟོད་ཨརྱཱ་བས་རྒས་ཆལ་སྔ་མ་དེ་ལོ་ཉི་ཤུ་ཙམ་ནས་སླེབ་ཡོང་ཟེར་བའི་དཔེ་བྱུང་སོང་། དེ་ནས་རྗེ་བླ་མའི་ཞབས་ཕྱིར་དཀྲིས་ཏེ་ལྗང་ཆུའི་གྲོང་ཚོ་ཅི་རིགས་པར་ཕྱིན། འགྲུ་སྲིབ་ཏུ་འབྱོར་བ་ན་ཚེ་དབང་རྒྱལ་བ་འདུས་པའི་ལྷ་དབང་གཏོར་མའི་བྱིན་རླབས་ཤིག་ཞུས། དེ་ནས་བརྩམས་ཕུད་བླ་མ་ལ་ཞུས་ཞེས་པ་ཅི་ནུས་སུ་བགྱིས། དེ་ནས་བཙན་རི་གནས་ནང་དུ་སླེབ། དགུན་ངོ་དེ་དང་ལོ་ཕྱི་མའི་དབྱར་སྟོན་གྱི་བར་དུ་དེར་སྡད་ནས་འཕྲལ་ཉེ་མཁོ་བློ་འཛིན་ཐན་ཐུན་བླ་མའི་བཀའ་ལྟར་བགྱིས་རུང་། གྲྭ་ཚང་མིག་སྲོལ་གཡེང་བས་སླད་དེ་སྔར་གྱི་ཉམས་ཕྲན་བུ་དེ་ཡང་ཇེ་ཡལ་དུ་སོང་། དེར་ཡང་མ་ཟད་ཀྱི་ལོ་བཅུ་གསུམ་མར་བཏགས་མཚན་མོ་སྟོང་གཟུགས་དང་འབྲེལ་བའི་ལྷ་སྐུ་ཡི་སྣང་བ་འབྱམས་ཀླས་པར་ཤར་བ་དང་། མི་མ་ཡིན་མང་པོའི་གཟུགས་བརྙན་རྒྱུན་དུ་མཐོང་ཞིང་། རྨི་ལམ་གྱི་སྣང་བ་ཡང་འདུན་པ་གཏད་རེས་ཀྱི་ཟིན་པས་ལྷ་འདྲེ་མང་པོ་དམ་ལ་འདོགས་པ་དང་། ལེགས་ཉེས་ཀྱང་ལྐོག་གྱུར་པའི་གནས་རྣམས་གསལ་པོར་རྔོ་ཐོགས་པ་སོགས་སྒྲིབ་པ་ཅུང་ཟད་སྲབ་ཅིང་གཞོན་ནུ་རྩ་ཁམས་དྭངས་པའི་ནུས་པ་བརྗོད་ཀྱི་མི་ལངས་བ་ཡོད་པ་ཐམས་ཅད་མེ་ལོང་ལ་སྣུམ་གྱིས་བྱུགས་པ་ལྟར་གདན་སར་སླེབ་ནས་བཟུང་རིམ་གྱིས་འགྲིབ་པའི་དབུ་ཚུགས་སོང་དེ་ཡང་གྲྭ་ཚང་ནང་ནས་ནི་བརྙས་བཅོས་དང་ཁྱད་གསོད་ཀྱི་ཉམ་ཐག་པའི་གནས་སུ་འཁོད་པ་ཡིན་ཡང་ཕྱི་རོལ་ནས་བླ་མར་དམིགས་ཏེ་དཀོར་རྫས་འདྲ་ཅི་རིགས་སྦྱིན་མཁན་བྱུང་བ་ཡི་སྐྱོན་ཡང་ལོས་ཡིན། གང་ལྟར་ཚེ་འདིར་དགོས་གལ་ཆེ་བ་མང་ཞིག་མི་འགྲུབ་པའི་སྣེ་ཟིན་པ་དེར་གདའ། དེས་ན་བསམ་བཞིན་སྲིད་པར་སྐྱེ་བ་འཛིན་པ་རྣམས་མ་གཏོགས་བདག་ལྟའི་སྐྱེ་བོ་ལ་མིང་སྐུ་སྐྱེར་བཏགས་ཏེ། དེ་ལ་བླུན་ཞེན་ཅན་རྣམས་ཚོགས་ནས་འདི་ངེད་ཀྱི་བླ་མའི་སྐྱེ་བའོ་ཞེས་དང་། འདི་ངེད་ཀྱི་མེས་པོའི་སྐྱེ་བའོ་ཞེས་དང་། འདི་ཨ་ཁུའི་སྐྱེ་བའོ། །འདི་ཨ་ཞང་གི་སྐྱེ་བའོ། །ཞེས་སྒྲོགས་ཤིང་བྱིས་པ་སྭོ་མ་རྫོགས་པ་ནས་དཀོར་ལ་རྐང་རྫོངས་སུ་བཅོས་ཤིང་ནམ་ཞིག་ནར་སོན་ནའང་། རང་ཡང་དེ་ཀ་ཡིན་དྷུའི་ཁུལ་གྱི་མི་ཚེ་སྟོང་ཟད་དུ་སོང་བ་དེ་རང་གིས་ནི་མ་མནོས། གཞན་རྐྱེན་དགེ་བའི་བཤེས་གཉེན་མཚན་ལྡན་གྱིས་ནི་མ་ཟིན། རིམ་གཉིས་དགེ་སྦྱོར་ནི་མ་ནུས། དམ་ཚིག་རྒྱུ་འབྲས་ཀྱི་སྤངས་བླངས་ནི་རྐུབ་ཡང་སེ་བ་ཞིག་ལ། ཧམ་པ་ཕེ་ཟོ་མཐོ་ཙམ་ཞིག་བྱས་ཤིང་འཇིག་རྟེན་ཆོས་བརྒྱད་ཀྱི་གོ་ཆ་སྲ་བརྟན་རེ་བགོས་ནས་གཤིན་དཀོར་གསོན་གླུད་ལ་ལོགས་སྤྱད་དེ་མཐར་སྐྱེ་བ་སྔ་མའི་དགེ་འབྲས་ཅི་རིགས་པ་ཚེ་འདིར་རྫོགས་པས་ཐར་པའི་དཔྱང་ཐག་ཆད་ནས་འཁོར་བ་མཐའ་མེད་ཀྱི་གཡང་སར་ལྷུང་ཚབས་ཆེན་པོར་སྤྱོད་པ་ལ་ཨ་ཙ་མ་ཡ་རེ་ང་། དེ་ཕྱིར་བདག་ནི་སྐྱེ་བ་འདི་ནས་བཟུང་བླ་མེད་ཡང་དག་འཕགས་པའི་ས་མཆོག་དམ་པ་མ་མཐོབ་བར་དུ་སྐྱེ་བར་མིང་བཏགས་ནས་རང་དོན་ཚགས་སུ་མ་ཚུད་བཞིན་རྣམ་གཡེང་འཁོར་བའི་ལས་ལ་སྤྱོད་པ་འདི་ལྟ་བུ་གཏན་ནས་མ་གྱུར་ཅིག

དེ་ནས་དཀྱུས་སུ་འཇུག་པར་བྱ་སྟེ། རི་བཀྲ་གནས་ནང་དུ་སྡོད་པའི་ལོ་དེའི་དབྱར་དུས་དེར་ཀ་ཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་དང་མཇལ་ནས་དབང་བཀའ་ལྗགས་ལུང་མང་དུ་ནོས་ནས་བྱིན་རླབས་ཀྱི་རྒྱུ་ཁྱད་པར་ཞིག་ནི་གྱུར་འདུག སྟོན་ཁ་ཤར་ཙམ་ན་གདན་དྲུང་རྗེ་དབོན་རིན་པོ་ཆེའི་བཀའི་ཁྲོལ་ཆ་ཞུས་ནས་བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བདེ་བ་ཆེན་པོའི་ཞབས་པད་བསྙེན་པར་ལྕི་རོང་གི་དབེན་པར་སོང་སྟེ། དེ་ཡང་གདན་ས་ནས་ཚུར་འོང་སྐབས་སུ་ད་ལམ་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱེད་དགོས་ལ། ལྷག་ཏུ་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་གཞི་རྩ་ཡང་དག་པ་ནི་ལྟ་སྒོམ་རྟོགས་པའི་གདེང་དང་ལྡན་དགོས་ངེས་སུ་འདུག་པས། དེ་སྟོན་པར་བྱེད་པ་རྩ་བའི་བླ་མ་མཚན་ཉིད་ལྡན་པ་ལ་རག་ལས་པས། རྩ་བའི་བླ་མ་ནི་འདི་ལྟ་བུ་ཆེས་ཆེར་མཇལ་དཀའ་བ་ནི་ཨུ་དུམྺ་རའི་མེ་ཏོག་ལས་ཀྱང་དཀོན་ཞིང་། གདུལ་བྱ་བསོད་ནམས་དམན་པས་ཡུན་དུ་བཞུགས་པར་ཡང་ཁ་ཚོན་མི་ཆད་ཀྱི། ད་ལྟའི་སྐབས་བསྒོམ་པ་ལ་བརྩོན་འགྲུས་ཉིན་མཚན་ཁ་སྦྱོར་དུ་བྱེད་དགོས་སོ་ཞེས་བློར་བཏགས་ཏེ་འོང་ན་ཡང་། རང་གནས་སུ་སླེབས་སྐབས་རང་གིས་རང་ལ་དཔའ་གདེངས་ཐེར་ཚུགས་ཀྱི་བསྒོམ་བསྒྲུབ་བྱེད་པའི་བློ་བརྟན་རླིང་ནི་ན་ཚོད་བྱིས་སྦར་སོང་ཞིང་སྐལ་བ་དམན་པས་འགྱང་། གཞན་རྐྱེན་གྲོགས་ནི་བསྒོམ་བསྒྲུབ་བྱེད་དགོས་ཚུལ་གྱི་གཅུང་ཐག་བླང་མཁན་སུ་ཡང་མེད། དེས་ན་ཆོས་གཤའ་མ་ཞིག་བྱེད་པའི་བློ་གཞི་ཡོད་ཀྱང་ལག་ཐོགས་འགེལ་ནུས་པའི་མཐུ་མ་ཐོབ་པར་བསྒྲུབ་པ་ཡང་དག་ཅིག་སང་བགྱིད་དོ་གནང་བགྱིད་དོ་སྙམ་པའི་ངང་ལ་བྱས་པ་དོན་མེད་ཀྱི་རོ་སྲེགས་ཕ་འདེབས་དབང་བསྐུར་གྱི་བྱ་བས་སངས་མེད་བདུད་ཀྱི་ཕྱེ་གཏོར་ལ་ཡེངས་ཏེ་ལོ་གཅིག་གཉིས་ངང་དུ་རྫོགས་ནས་རྒྱལ་བ་དགྱེས་ཤིང་འགྲོ་དོན་ནུས་པའི་གཞི་རྩ་རང་དོན་ཚགས་སུ་ཚུད་པའི་བསྒོམ་བསྒྲུབ་ཀྱི་བླ་མའི་དགོངས་པ་མཉེས་པ་གཅིག་བྱེད་བསམ་པའི་ངང་དུ་མ་འགྲུབ་པ་འདི་ནི་ད་ལྟ་འགྱོད་པ་ཆེ་བ་ལས་ཀྱང་ཆེས་ཆེ་བས་མཆི་མ་འཁྲུག་ཅིང་ཀྱེ་མ་ཀྱེ་ཧུད་ཅེས་སྨྲེང་བ་ལགས་སོ། །

ཀྱེ་མ་དལ་འབྱོར་ཐོབ་པ་དོན་ལྡན་བསྒྲུབ་བསམ་ཀྱང་། །བདུད་ཀྱི་བྱིན་གྱིས་བཤོལ་དུས་ཀྱིས་འགྱང་། །མི་ཚེ་མདོ་ཤོར་དོན་མེད་ངང་དུ་འཁྱམས། །བསམ་ཞིང་སྙིང་རླུང་དེ་ལ་ཅིས་མི་ལྡང་། །དེས་ན་བསྒོམ་བསྒྲུབ་ཕྱི་བཤོལ་མ་ཤོར་བར། །ཆེ་བཞག་ཆུང་བཤོལ་གནམ་ས་གོ་ལྡོག་ཀྱང་། །རང་ཐག་རང་གཅད་ཕ་མ་གཉེན་ཚན་དང་། །གྲོགས་འཁོར་དབང་དུ་ནམ་ཡང་མི་བཏང་བར། །རྩེ་གཅིག་དབེན་པར་ངེས་དོན་སྙིང་པོ་ལ། །ལེ་ལོ་མེད་པར་བསྒོམ་བསྒྲུབ་ནན་ཏན་བརྩོན། །ཆོས་ཀྱི་སྲོག་ཤིང་བླ་མའི་དམ་ཚིག་སྟེ། །རང་སྲོག་ཆད་སླ་དེ་ཉིད་མི་ཉམས་བསྲུང་། །

ད་དུང་སྐབས་ཀྱི་འཕྲོས་སུ་བརྗོད་ན། །དེ་ལྟར་བསྒོམ་བསྒྲུབ་ཀྱི་བསམ་པ་སྐྱེས་ཕྱིན་རང་ཉིད་ན་ཚོད་རྒན་རུང་གཞོན་རུང་ལྷག་བསམ་སྐྱེས་ཤིང་ཆོས་པའི་གྲལ་དུ་ཆུད་པ་ཡིན་པས་དེ་ལས་བློ་གཞན་དུ་འགྱུར་བ་མེད་པའི་ཞེ་གདེངས་འཆའ་སྟེ་དེ་ལ་གཞན་རྐྱེན་སྟེང་ནས་རི་ཉིལ་འོག་ནས་མཚོ་རྡོལ་ཀྱང་རང་གི་ལྷག་བསམ་དེ་ཁོ་ནར་ཐེར་བཙུགས་ཏེ་དེ་ལ་ཕ་མ་གཉེན་ཚན་གྲོགས་འཁོར་གང་གི་དབང་དུ་མི་བཏང་བར་རབ་མི་ཚེ་སྒྲུབ་པར་བསྐྱལ་བ། འབྲིང་བཅུ་གཉིས་ལོ་བསྐོར། ཐ་མ་ཡང་ལོ་འཁོར་ཕྱེད་དེ་དྲུག ཡང་མཐའ་ཡང་ལོ་གསུམ་གྱི་མཐའ་བརྟེན་པ་རེ་དམ་བཅས་ཤིང་། རང་ཉིད་འཆི་ཡང་མཚམས་ཁང་དུ་འཆི་ནུས་པ། ན་ཡང་མཚམས་ཁང་དུ་ན་ནུས་པ། སེམས་ལྷོང་སྡུག་བསྔལ་བློ་མི་བདེ་བ་ཅི་བྱུང་ཡང་ལམ་དུ་ཁྱེར་ཞིང་ཉིན་མཚན་ཐུན་དྲུག་ཏུ་བགོ་ནས་རིམ་གཉིས་ཀྱི་ཉམས་ལེན་ལ་ལྟེམ་རྐྱང་ལེ་ལོ་ཡུད་ཙམ་ཡང་མ་ཤོར་བར་བྱ་དགོས་ཀྱི་སྤྱི་མཚམས་བསྒྲུབ་ཀྱི་ཁུལ་ལ་ནང་རོ་ཉམས་རྐང་བརྐྱང་གཉིད་དང་སེམས་རྣམ་རྟོག་གི་འཕྲེང་བ་བསྒྲང་ན་ཕྱི་བ་ཁུངས་སུ་ཉལ་བའི་དཔེ་ཟླར་མ་ཡིན་པར་བསྒོམ་བསྒྲུབ་བྱས་པའི་རྗེས་ཡོད་ངེས་པ་རང་གི་ཡིད་རང་གི་ཆེས་ཐག་ཆོད་ཅིག་བྱིས་སྦ་ཆུང་ངུ་ནས་བརྩོན་དགོས་པར་འདུག་གོ །

དེ་ལྟར་བསྒོམ་བསྒྲུབ་བྱ་དགོས་ཀྱི་ལྷག་བསམ་སྐྱེས་པ་ཙམ་ནས་བདུད་ཀྱི་བར་ཆད་བརྩོམ་ཞིང་བསྒོམ་བསྒྲུབ་མ་ཞུགས་པར་ཐག་ཆོད་ཚེ་ལྷག་པར་བར་དུ་གཅོད་ལ། དེ་ཡང་རང་གི་ཕ་མ་ལ་སོགས་གཉེན་དུ་རྫུས་ནས་བཤོལ་འདེབས་པ་དང་། དེ་བཞིན་མཛའ་བའི་གྲོགས་དང་གྲྭ་འཁོར་སྦྱིན་བདག་ཞེན་ཡོད་ཡོད་པོ་དང་རང་བཞིན་གྱི་བཏང་སྙོམས་གནས་པས་ཀྱང་ཞལ་ལྕེའི་ཚུལ་དུ་དང་། མཁན་པོ་སློབ་དཔོན་དང་ཁྲིམས་ཀྱི་ཞལ་ལྟ་བ་སོགས་གང་ལ་གང་འཚམས་སུ་རྫུ་ནས་བསྒྲུབ་པ་བཅོམ་སྟེ། ད་ལྟ་ན་ཚོད་གཞོན་གྱི་བསྒྲུབ་པ་སླད་མར་བྱ་ལོང་ཡོད་ཞེས་པ་དང་། ལ་ལས་ནི་ད་རིས་གདུལ་བྱ་འཕྲིན་ལས་ཀྱི་མགོ་ཚུགས་ཚེ་རེ་ཞིག་དེ་སྐྱོང་གལ་ཆེ་ལ་མཐར་བསྒྲུབ་པ་བྱེད་ཆོག་ཞེས་པ་དང་། ལ་ལས་ནི་ངེད་ཀྱི་ཤ་ཚའི་གྲོས་འདེབས་འདི་ལྟར་བྱེད་ཀྱང་མི་ཉན་པར་ཀྱེ་ཧུད་ཞེས་སྙིང་བརྩེ་བརྩེ་ཉམས་ཐག་ཁུལ་གྱིས་བསྲུང་བ་དང་། ལ་ལས་ནི་བསྒྲུབ་པ་ལ་ཁུགས་ན་ངེད་འཁྱམ་མམ་ལྕེབ་སམ་བྱེད་ཞེས་པ་དང་། ལ་ལས་ནི་ཁྱོད་བསྒྲུབ་པ་བྱེད་ན་ངེད་ཀྱི་འཚོ་བ་དང་གཡོགས་ནི་བྱེད་མི་བཏུབ་ཀྱི་ཁྱོད་རང་ཅི་དགའ་ལ་རྒྱུགས་ཞེས་དང་།

རེས་ནི་འདི་ལོ་བྱ་བ་གལ་ཆེན་ག་གེ་མོ་དང་ཆེ་གེ་མོ་འདི་རྣམས་གྲུབ་པར་གྱིས་ལ། སང་ནས་བསྒྲུབ་པ་ལ་ངེས་པར་ཞུགས་ཆོག་ཅེས་པ་སོགས་མདོར་ན་ཞི་བས་བློ་བྲིད་ཀྱིས་བསླུ་བ། ཁྲོ་བས་བསྡིག་སྟེ་དྲག་པོ་བྱེད་པ། ཞི་ཁྲོས་གྲོས་འདེབས་སྣ་ཚོགས་པ་འདེབས་མཐའ་དག་བརྗོད་ཀྱི་མི་ལོང་སྟེ། དེ་ལྟར་ཆོས་ཀྱི་བཤོལ་འདེབས་དེ་ཀུན་ཀྱང་སྒྱུ་མ་ལྟ་བུར་ཤེས་ཤིང་མི་དགའ་ཁྲོ་བའི་རྣམ་པ་ཡང་མི་བྱེད་པར། དེའི་དབང་དུ་མི་ཤོར་བའི་ཐབས་བདག་དགོས་ཏེ། དེ་ཡང་ཕ་མ་ལ་སོགས་ཀྱིས་བཤོལ་ཚེ། ངེད་རྨི་ལྟས་ལོགས་ཤིང་མིག་ལྟས་ངན་པ་མང་དུ་མཐོང་བས་འདི་ལོ་བསྒྲུབ་པ་མ་བྱུང་ན་ངེད་འཆི་ངེས་པར་ཡོད་པས་བརྩེ་བས་རེ་ཞིག་དགོངས་པ་གནང་མཛོད།

སླད་མར་ཕ་མའི་ཅི་གསུང་བསྒྲུབ་ཞེས་ཐབས་མཁས་པོས་བྲིད་པ་སོགས་དགོངས་པ་ཁྲེལ་ཐབས་ལ་བརྩོན་པ་ཡིན་ཏེ། ཅི་ཕྱིར་ཕ་མ་ནི་ཚེ་འདིར་རང་ལ་བཀའ་དྲིན་ཆེས་ཆེ་ཞིང་ལུས་རྟེན་འདི་ཐོབ་པའི་རྒྱུ་ཡིན་པས་འཕགས་པ་རྣམས་དང་ཆ་མཚུངས་ཙམ་དུ་བསྙེན་ཞིང་བཀུར་བའི་ཡུལ་དུ་རྒྱལ་བས་གསུང་པས་ན་རབ་ཕ་མ་དགྱེས་བཞིན་པ་དང་། འབྲིང་མི་དགྱེས་མེད་པར་གནང་བ་ཐོབ་ཙམ་དང་། ཐ་མ་ཡང་རང་གི་ཆེད་དུ་ཕ་མའི་ལུས་སྲོག་ལ་བར་ཆད་མི་འགྱུར་ཞིང་གནང་བ་ཆ་ཤས་ཐོབ་པ་ཞིག་ཞི་བའི་སྒོ་ཐབས་དུ་མས་བྱ་དགོས་ལ། དེ་བས་གཞན་གྱུར་རྣམས་ལ་ཞི་བ་དང་དྲག་པོའི་སྒོ་དུ་མ་ནས་བསྒྲུབ་པ་བཤོལ་མེད་པར་ཁོ་ཐག་རང་གིས་ཆོད་དགོས་པ་ཡིན།

ཡང་བདུད་ཀྱི་བར་ཆད་ཚབས་ཆེ་བ་ལ་ནི་ཡུལ་ལ་དབང་བའི་རྒྱལ་པོ། ཞང་བློན་གཙོ་བོ་ལ་སོགས་པས་དགག་པ་དང་། ལ་ལ་ནི་ཕ་རོལ་དགྲ་བོ་མང་དུ་ཡོང་ནས་དབང་མེད་ཆགས་སྡང་ལ་སྤྱོད་འཇུག་པ་རྣམས་ཏེ། དེ་དག་ནི་འཕྲལ་གཅོད་དུ་དཀའ་བས་འཁོན་འཛིན་ཡོད་པ་ལ་རང་ཕམ་ཁ་འཛིན་ཏེ་མཁོན་སངས། རྗེ་དབོན་ལ་ཟང་ཟིང་དང་ཚིག་སྙན་དུ་མས་དགོངས་པ་ནན་གྱིས་དཀྲོལ་ལ། ཅིས་ཀྱང་རང་དབང་མི་འདུས་ན་སྤྲང་པོར་བརྫུས་ནས་གར་སོང་མེད་པར་གཞན་ཡུལ་དུ་ཕྱིན་ནས་བསྒོམ་བསྒྲུབ་ལ་འབད་པར་བྱ་དགོས་སོ། །ཡང་ལ་ལ་ནི་གནས་དང་སྐབས་ཀྱི་བླ་མ་དང་། མཆེད་གྲོགས་དབང་ཆེ་བས་ཆོས་ཀྱི་ཕྱི་བཤོལ་བྱེད་པ་ཡང་དཀའ་བའི་གནས་ཡིན་པས་ཐབས་ལ་མཁས་པས་དེ་དབང་མ་སོང་བར་ཆོས་ཇི་བཞིན་སྤྱོད་པར་འཇུག་དགོས་པ་ཡིན། དེ་ལྟར་དཀའ་བ་དུ་མས་བསྒོམ་བསྒྲུབ་བྱེད་ཆོག་པའི་རང་དབང་བྱུང་ཚེ་བསྒྲུབ་པའི་ས་སྡེ་བཙུགས་ནས་རིམ་གཉིས་ལ་དྲོད་ཐོབ་པ་ཞིག་བྱེད་དགོས་ཀྱི། དེ་མ་བྱུང་ན་འདི་ཕྱི་གང་ལ་ཡང་བྱས་པ་དོན་མེད་དུ་སོང་བ་ཡིན་པས་སྙིང་ལ་རུས་པ་བཏོན་དགོས་པ་གལ་ཆེའོ་གལ་ཆེའོ། །

ཡང་། གང་གི་བླ་མ་མཁན་སློབ་མཆེད་གྲོགས་ཞེས་པའི་སྐབས་སུ་འདི་ལྟར་གོ་དགོས་ཏེ། རང་གི་ཆོས་འབྲེལ་མེད་ཀྱང་དགོན་སྡེ་གྲྭ་རིགས་ལ་དབང་བྱེད་པའི་དཔོན་པོ་ལྟ་བུར་སོང་བ་རྣམས་ཡིན་ལ་ཆོས་ཀྱི་འབྲེལ་པ་ཡོད་ཕྱིན་ཅི་མཛད་ལེགས་མཐོང་གི་དག་སྣང་ཁོ་ན་ལ་འབད་པར་གཅེས་ཤིང་རང་ཉིད་བསྒྲུབ་པ་ལ་བློ་གཞོམ་ན་ཡང་ཐབས་མཁས་ཀྱི་དམ་སེལ་མེད་པར་བྱེད་དགོས་པས་བཀའ་ཡི་གནང་བ་ཟུར་ཙམ་རེ་ཅིས་ཀྱང་ཅི་ཐོབ་བྱ། དེ་བས་རྡོ་རྗེ་སློབ་དཔོན་ཇི་ལྟར་བ་དབང་ཁྲིད་ལུང་གི་བཀའ་དྲིན་ཐོབ་པ་ནི་བླ་མ་དམ་པ་ཞེས་བྱ་སྟེ། དེ་ཉིད་མི་དགོས་བཞིན་བཀས་མ་གནང་ན་བསྒོམ་བསྒྲུབ་བསྐལ་པ་བརྒྱར་འབད་ཀྱང་ཡོན་ཏན་མི་འབྱུང་སྟེ་ཆུ་སྔོན་བསྲུབ་ནས་མར་ལེན་འདོད་པ་དང་འདྲ་ལ། དེ་ཉིད་དགེས་ན་མི་དགེ་བ་སྤྱད་ཀྱང་བྱང་ཆེན་ལམ་དུ་འགྲོ་བས། དེས་ན་དེ་ཉིད་དགྱེས་པའི་བྱ་བ་ཁོ་ན་ལ་འབད་པ་ལས་འོས་མེད་ཀྱི། དོན་ལ་ཡང་དཀའ་སྤྱད་སྡུག་བསྒུར་ལོ་བརྒྱ་ཕྲག་དུ་མ་བགྱིས་པ་ལས་ཀྱང་སྒོ་གསུམ་རྣམ་དག་གིས་བླ་མའི་ཞབས་ཏོག་ཅུང་ཟད་ཙམ་ལས་བསོད་ནསམ་ཆེ་ངེས་ཡང་ཡིན་པས་འབད་པས་ཞབས་ཏོག་ཁོ་ན་བྱའོ། །

དེ་ལྟར་དབྱེ་གསལ་མ་ཕྱེད་པར་མགོ་ཐོམ་ལོང་ན་སླ་འདོད་ལ་ཆོས་པ་བྱེད་སྙམ་ཞིག་ལ་རྡོ་རྗེ་དམྱལ་བའི་བཞུགས་གདན་ལ་འབྱར་དོགས་ཆེ་ལགས། དེ་ལྟ་བུའི་འཕྲོས་དོན་བརྗོད་ན་དཔག་ཏུ་མེད་པས་འདིར་ཡིག་ཚོགས་སུ་འགྱུར་གྱི་མི་སྨྲ་ལ་དེ་ཙམ་ནི་ངེད་རང་གི་མདོ་མེད་པའི་ཆ་མྱོང་མི་ཚེ་སྟོང་ཟད་དུ་ཤོར་བར་ཡིད་སྐྱོ་བྱུང་བས་གཞན་དག་ལྟ་སྐུ་སྐྱེ་དང་དབོན་པོ་གྲགས་པ་རྣམས་ཀྱི་དལ་འབྱོར་དོན་མེད་དུ་མ་སོང་བར་ཆུང་ངུ་ནས་བསྒོམ་བསྒྲུབ་ལ་རང་དབང་འདུས་པོར་སྤྱོད་ནས་འཆི་ཁར་མི་འཇིགས་པའི་གདེང་རེ་ཚུགས་དགོས་རྒྱུར་གདའ་ཞེས་གལ་ཆེན་དུ་གྲོས་འདེབས་པ་ཡིན་ནོ། །

མི་ཁོ་བོ་ནི་བྱིས་སྦའི་སྐབས་དུས་དེར། །བློ་ལྷག་བསམ་གྱི་བསྒོམ་བསྒྲུབ་བྱེད་འདོད་ཀྱང་། །རྐྱེན་བདུད་དབང་ནི་གྲོང་ཆོག་ཟ་ཐང་གིས། །བསྒོམ་བསྒྲུབ་བློ་དེ་ཡད་ཡུད་ངང་དུ་བཤོལ། །ད་འགྱོད་སེམས་གཅིག་སྙིང་ནས་སྐྱེས་ལགས་ཀྱང་། །དཔེ་བྱི་བ་བྲོས་ཤོར་གྱི་ཁུངས་འགེག་འདྲ། །དོན་དེ་ཕྱིར་དུ་ཕྱིས་འབྱུང་བདག་འདྲ་བ། །ཆོས་བསྒོམ་བསྒྲུབ་ལ་ཆུང་ནས་ཧུར་ཐག་འཚལ། །དེ་ལྟར་གྲོང་ཆོག་གི་ཟ་ཐང་ཡད་ཡུད་ལ་བརྟེན་ནས་རི་དྭགས་རྨས་མ་ལྟར་བགྱིད་བློ་ཡོད་པ་དེ་ལྟར་བྱེད་དུ་མ་བྱུང་མོད། འོན་ཀྱང་དམ་པ་ཞལ་བཞུགས་རིང་ལོ་ཁ་ཤས་དེར། ཟབ་པ་ལས་ཀྱང་ཆེས་ཆེར་ཟབ་པའི་གདམས་ངག་བཟུང་ན་འདྲིལ་བ་སྤྲོས་ན་རྒྱ་ཆེ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་བསྒྲུབ་པར་བྱེད་པའི་ལམ་གྱི་གཙོ་བོ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་རང་རིག་རང་གསལ་རྗེན་པར་སྟོན་པའི་ཞལ་གདམས་ཀྱི་སྙིང་པོ་ཡང་དག་པར་འདོམ་པར་མཛད་པའི་བཀའ་དྲིན་ནི་ནམ་མཁའི་ཁམས་སུ་ཡང་ཤོང་བར་དཀའ་བ་ཉིད་དོ། །དེས་ན་བླ་མ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ནི་འདི་ཉིད་དུ་ངེས་པར་རྙེད་ལགས། སངས་རྒྱས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་ཤིང་རང་ལ་བཀའ་དྲིན་ཆེ་བའི་སྒོ་ནས་ནི་སངས་རྒྱས་ལས་ཀྱང་ལྷག་པའོ། །སྤྱིར་ཡང་རང་ཉིད་སྐྱེས་ནས་ཞག་བདུན་ལོན་སྐབས་སུ་ཚེ་དཔག་མེད་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་པར་མཛད་ཅིང་རྗེས་སུ་བཟུང་བ་ནས་མཐར་གནས་ལུགས་ཡེ་ཤེས་ཆ་ཙམ་ལས་ལྷག་མཐང་གི་ཉམས་མྱོང་རྒྱུད་ལ་སྐྱེས་ཀྱི་བར་དངོས་སུ་བཀའ་དྲིན་གྱིས་བསྐྱང་བ་དང་། རང་གི་ཚེ་འདིར་མཇལ་བའི་བླ་མ་མཐའ་དག་ལས་ཀྱང་ཕུལ་དུ་བྱུང་བའི་དད་མོས་གུས་པ་ནི་འདི་ཁོ་ནར་ཐོབ་པས་ཚེ་རབས་དུ་མའི་ཡོངས་འཛིན་དུ་སྙིང་ནས་ངེས་སོ། །

དེ་ལྟ་ན་ཡང་བློ་མིག་མ་དག་པ་ཁ་ཅིག་གི་རྨོངས་ཞེན་ཕྱོགས་འཛིན་གྱི་དད་པ་ཡིན་ནམ་ཞེ་ན་མ་ཡིན་གྱི། བདག་གི་རྩ་བའི་བླ་མ་འདིའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་ཤེས་ནས་མི་ཕྱེད་པའི་དད་པ་ཤར་ཡིན་གྱི་དེ་གང་ཞེས་ན་གཏེར་སྟོན་པའམ་སྐྱེ་བ་སྔ་མ་ཞིག་གྲུབ་པར་བྱས་པ་ཡིན་ཞེས་པའི་མིང་རྐྱང་ཙམ་མ་དགོས་པར། སྐུ་ཚེ་འདིར་བསྒྲུབ་པའི་ས་སྡེ་བཙུགས་ནས་རྡོ་རྗེ་ཐེག་པའི་ས་ལམ་མ་ལུས་པར་སྦྱངས་ཤིང་བསྒྲོད་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་གྱུར་པའི་རྡོ་རྗེའི་གནས་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱར་དབང་ཐོབ་པའི་གྲུབ་པ་ལས་ཀྱང་གྲུབ་མཆོག་འཁོར་ལོས་བསྒྱུར་བ། དེ་ལྟར་གྲུབ་པ་ཡིན་ཞེས་པའི་མཐའ་གཅིག་པུ་ལ་ཡང་བརྟེན་མ་དགོས་པར་ཚེ་འདིར་བསླབ་སྦྱང་གི་ཚུལ་ཆ་ཕྲ་མོ་ཡང་མ་བྱས་པར་སྔོན་གོསམ་སྦྱངས་སྟོབས་ཀྱི་རང་བྱུང་གི་ཤེས་རབ་འགྲན་བྲལ་ཕུལ་དུ་བྱུང་བས་མདོ་རྒྱུད་ཀྱི་ཚིག་དོན་མ་ལུས་པ་མཁྱེན་ཞིང་རྟོགས་པས་ཆོས་སྒོ་ཟབ་དང་རྒྱ་ཆེ་བ་བརྟན་བརླིང་རྟོགས་པར་དཀའ་བའི་གནས་ཀུན་གསུང་ཚིག་རེ་རེས་བདེ་བླག་ཏུ་རྟོགས་པར་བྱེད་ཅིང་། དེ་ལྟའི་ཆོས་ཚུལ་བསྐལ་པ་བརྒྱ་མཚོར་སྨྲ་ཡང་འཇིགས་པ་དང་ཞུམ་པ་ནམ་ཡང་མེད་པས་ན་མཁས་པའི་མཁས་པ་ཆེན་པོ་སྟེ། ཁྱད་པར་དུ་ཡང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མན་ངག་ཆེས་ཕྲ་ཞིང་གསང་བའི་གནས་སུ་གྱུར་པ་རྣམས་འཆད་པ་ལ་ཀུན་བཟང་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་པ་ལྟ་བུ་ཞིག་ཡོད་ལ།

མདོར་ན་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐམས་ཅད་བླ་མེད་བྱང་ཆེན་གྱི་སར་འདྲེན་པ་ལ་མཁས་པ་འཕྲིན་ལས་བཞིའི་བདག་ཉིད་ཅན་དམ་པ་ལས་ཀྱང་དམ་པའི་ཆོ་འཕྲུལ་དུ་མ་འཆང་བ་པོ་སྟེ། ངེས་པའི་དོན་ནི་རྫོགས་པའི་སངས་རྒྱས་ཉིད་ཡིན་པས་བློའི་ར་ལས་བརྒལ་མོད་གདུལ་བྱར་གྱུར་པ་པོ་སྐྱེ་བོ་བློ་དམན་རྣམས་ཀྱི་སྣང་ངོར་མཐུན་གྲུབ་ཏུ་ཡང་དེ་འདྲ་ན་སྐལ་བཟང་རྣམས་ལ་དེ་བས་ཀྱང་སྨོས་ཅི་དགོས། དེ་ལྟའི་ཡོན་ཏན་ཁྱད་པར་ཅན་ཡོད་པར་ངེས་ཀྱང་མི་མཐོང་བའི་ལོག་རྟོག་ཅན་གྱི་འགྲོ་བ་ནི་མིག་ནད་ཀྱིས་དུང་སེར་པོར་སྣང་བ་བཞིན་ལས་ཀྱི་རྐྱེན་དུ་ཤེས་པར་བྱ་ཞིང་། རང་སྣང་མ་དག་པས་སྐྱོན་གྱི་ཕུང་པོར་མཐོང་། ཁ་ཟས་རོ་བརྒྱ་དང་ལྡན་པའི་བདུད་རྩི་ལ། །ལས་ངན་ཡི་དྭགས་ཀྱིས་ཁྲོ་ཆུ་ཁོལ་མར་མཐོང་། །བདུད་རྩི་ཡི་སྐྱོན་མིན་རང་སྣང་སྐྱོན་ཡིན་པས། །སྔོན་བསགས་ལས་ངན་དུ་རང་མཚང་རང་ངོས་བཟུང་། །པད་འབྱུང་བཻ་རོ་ཡི་སྒྱུ་འཕྲུལ་རྒྱལ་བའི་དབང་། །བདེ་ཆེན་གླིང་པ་ལ་ཤིན་ཏུ་མོས་པར་རིགས། །

དེ་ནས་ཡང་དཀྱུས་སུ་འཇུག་སྟེ། ཁོ་བོ་རང་ལོ་བཅུ་དྲུག་གི་སྣེར་ཟིན་ལ་ཉེ་བ་མགོ་ཟླའི་གནམ་སྟོང་རྫོགས་རྒྱལ་ཟླའི་ཚེས་ཤར་འོད་གསལ་དུས་ཁྱད་པར་བ་དེར་རྩ་བའི་བླ་མ་དམ་པ་དེ་ཉིད་ཞིང་འདིར་སྐུ་དངོས་ཀྱིས་གདུལ་བྱར་གྱུར་པ་དེ་ཙམ་དུ་གཟིགས་ཤིང་ཞིང་གཞན་དག་པའི་གདུལ་བྱ་རྗེས་སུ་དགོངས་ནས་གཟུགས་སྐུ་ཞལ་ཕྱག་གི་རྣམ་པ་དེ་ནང་གསལ་གཞོན་ནུ་བུམ་སྐུ་ཆོས་ཀྱི་དབྱིངས་ཀྱི་སྦུབས་སུ་ཞུགས་ཏེ། དེ་ལྟ་ཡང་བདག་ལྟའི་སྐལ་དམན་ངོར་རྟག་ཞེན་བཟློག་ཕྱིར་དུ་བསྟན་པ་ལས། སྐལ་ལྡན་མཆོག་རྣམས་ཀྱི་བློ་ངོར་འཕོ་ཆེན་དྭངས་མ་རྡོ་རྗེའི་སྐུར་གཤེགས་པ་གོར་མ་ཆགས་པས་གཤེགས་བཞུགས་མི་མངའ་མོད་འོན་ཀྱང་བདག་བློ་མ་དག་པས་རེ་ཞིག་སྐུའི་བཀོད་པ་མངོན་སུམ་མི་སྣང་བས་སྙིང་ཁྲི་ཕྲག་གས་པ་ལྟ་བུའི་སྡུག་བསྔལ་སྐྱེས་ཀྱང་ཐབས་མ་རྙེད་པས་གསོལ་བ་རྩེ་གཅིག་གདུང་ཤུགས་དྲག་པོས་བཏབ་པར་བྱའོ། །སྐབས་འདིའི་རྟོགས་བརྗོད་ཅུང་ཟད་རྒྱས་པར་བརྟག་འདོད་ན་སྐྱོ་ཤས་ཀྱི་གླུ་དབྱངས་སྣ་ཚོགས་པདྨའི་འཕྲེང་བ་ཞེས་པ་སྔར་བརྗོད་ཟིན་གྱི་དེར་བལྟའོ། །

དེང་སང་རང་གི་རྩ་བའི་བླ་མ་གྲོངས་ཀྱང་སྡུག་བསྔལ་མེད་པར་གདོང་དཀར་འཛུམ་གྱི་ཉམས་བཅས་ཕོ་ཟ་སྔར་ལས་ཆེ་ཙམ་བྱེད་པ་འོང་འདུག་སྟེ་དེ་ནི་དམ་ཉམས་ཀྱི་གྲལ་དུ་འཁོད་པ་ལས་འོས་ཅི་ཡོད། རྣལ་འབྱོར་གྱི་དབང་ཕྱུག་རང་སེམས་ཆོས་ཀྱི་སྐུ་བླ་མའི་ཐུགས་དང་རོ་གཅིག་བརྙེས་པ་རྣམས་ཀྱང་གདུང་བའི་གླུ་བླངས་ཤིང་སྡུག་བསྔལ་གྱི་ཚུལ་སྟོན་ན་དེང་སང་གི་བྱ་བ་ཕལ་ཆེ་བ་ནི་བཀའ་དྲིན་མ་དྲན་པའི་ཁྲེལ་མེད་པོ་ལས་གཞན་ཅི་ཞིག དེ་ཡང་གཙོ་བོ་ནི་བླ་མ་ཞལ་བཞུགས་དུས་ཉིད་དུ་དགྱེས་པའི་ཞབས་ཏོག་འབད་པ་ཉིད་ཡིན་མོད། དེ་འོག་ནི་བླ་མ་གཤེགས་པའི་དགོངས་རྫོགས་དགེ་བ་བྱེད་པ་ཉིད་ཚོགས་ཆེ་བས་བླ་མ་དྲན་པའི་གདུང་ཤུགས་ཀྱི་འབད་པ་ཡིན་ཏེ། ཕལ་དུ་སྣང་གསལ་བྱེ་བ་ཕྲག་བརྒྱ་དགེ་བར་བསྔོ་བ་ལས་བླ་མར་སྙིང་ནས་གདུང་ཤུགས་ཀྱི་དགོངས་རྫོགས་སུ་དམིགས་ནས་མར་མེ་གཅིག་ཕུལ་བས་ཕན་ཡོན་ཆེ་སྟེ། དེས་རིགས་བསྒྲེ་ནས་དགེ་བ་གཞན་ཀུན་ཀྱང་དེ་འདྲ་བས་བླ་མའི་དགོངས་རྫོགས་སུ་དམིགས་ནས་གདུང་ཤུགས་དྲག་པོས་དགེ་བ་ལ་འབད་པ་གལ་ཆེན་གྱི་གནས་སོ། །

དཔལ་ལྡན་བླ་མ་ཡི་ཐུགས་ནི་མཁའ་འདྲ་ཡང་། །རང་ཉིད་སྡིག་རྒྱུན་ཀུན་ཟད་ཕྱིར་སྡུག་བསྔལ་དང་། །ཚོགས་གཉིས་རྒྱ་ཆེན་པོར་འཕེལ་ཕྱིར་དགོངས་རྫོགས་སུ། །དགེ་ལས་ལ་ཆེས་ཆེར་འབད་འདི་གནད་ཆེན་ཡིན། །དེ་ནས་ལོ་དེའི་དཔྱིད་ལ་དབྱར་བཏགས་མཚམས་ཀྱི་ཁུལ་བྱས་ཀྱང་ནང་དགེ་སྦྱོར་ཡ་ཧུར་བསྐྱེད་དུ་མ་བྱུང་བས་ཡི་དམ་གྱི་བསྙེན་བསྒྲུབ་འདི་གྲུབ་ཡང་མེད། རྫོགས་རིམ་ལ་གནད་དུ་དྲིལ་བ་ཡང་མེད་པས་སོས་དལ་ཉལ་རྒྱུ་བྱུང་བ་ལས་དགོས་ནུས་གང་ཡང་མེད་དོ། །

དེ་སྐབས་སུ་རྨི་ལམ་དང་འདྲེས་པའི་ཉམས་སྣང་ལྟ་བུར་རྩ་བའི་བླ་མ་དེ་ཉིད་ལན་མང་དུ་མཇལ་ཞིང་གདམས་པ་དང་རྗེས་སུ་གདམས་པ་སྩལ་ནས་བྱང་ཆེན་སྙིང་པོའི་བར་དུ་རྗེས་སུ་བཟུང་བ་ཡང་ཞལ་གྱིས་བཞེས་འོན་ཀྱང་རང་ཉིད་ཨ་འཐས་ཀྱི་བློས་བཅིངས་བས་དངོས་སུ་མཇལ་དུ་མེད་པ་ཡིས་ཡིད་སྐྱོ་བ་ནི་སངས་དུ་མེད་དོ། །ལོ་དེའི་དབྱར་སྟོན་མཚམས་སུ་གདན་དྲུང་རྗེ་དབོན་སྐལ་བཟང་ཞབས་ནས་འབོད་མཁན་སླེབ་པ་བཅས་གདན་སར་ཕྱིན་ཅིང་བླ་མའི་ཞབས་ཕྱིར་དཀྲིས་དུས་དེར་རང་གིས་རང་ལ་ཆོས་ཀྱི་བསྐུལ་འདེབས་ཀྱི་གླུ་ཡང་མང་དུ་བླངས་ལ། ལྷག་པར་གྲོས་འདེབས་དམ་བཅའ་བཅུ་གཉིས་པ་བྱས། སྤྱིར་རང་ཉིད་ཆུང་ངུའི་སྐབས་ནས་རྣ་བར་ཝང་ཝང་ཞེས་པའི་སྙན་ཞིང་སྐྱེ་བའི་སྒྲ་གཅིག་རྟག་ཏུ་ཡོང་ལ། ལྷག་པར་ལོ་དེ་སྐབས་སུ་ཆེར་སོང་ནས་བུད་མེད་དབྱངས་སྙན་པོ་ཡིས་གླུ་བླངས་པའི་ངག་རྟ་འདྲ་བ་ཞིག་ཇེ་གསལ་ཇེ་གསལ་སོང་སྟེ་ཚིག་ལ་ལ་ནི་སྐྱོར་དུ་ཡང་རུང་བ་དེ་ཐོས་པས་འཆི་བ་དབང་མེད་དུ་དྲན་ཞིང་བསྒོམ་བསྒྲུབ་མ་གྲུབ་པར་ཡིད་རབ་ཏུ་ངལ་ཞིང་ཚེ་འདིར་སྣང་གི་བྱ་བ་ལ་འཇུག་སྙིང་མི་འདོད་པར་བཙན་ཐབས་སུ་བློ་ལོག་ནུས་པ་ཞིག་ལོ་དེ་ནས་བཟུང་ལོ་གསུམ་བཞི་ཙམ་གསལ་པོ་དང་ཐོ་རེ་བ་ལོ་ལྔ་དྲུག་བར་ཙམ་བྱུང་ལ། དེ་ནས་བར་སྐབས་ཤིག་ནས་ཇེ་ཡལ་དུ་སོང་མཐར་ལོ་ཁ་ཤས་ནས་མེད་སོང་། དུས་ཕྱིས་བྱ་ལོ་ལ་སྔར་ལྟར་མི་གསལ་ཡང་ཝང་ཙམ་པ་རེ་བྱུང་ལ། ད་ལྟ་ཡང་སྐབས་སྐབས་ཡོང་འདུག དེ་དུས་ལྷ་འདྲེ་མོ་རྒྱུད་ཞིག་གནོད་པ་ཡིན་ནམ་སྙམ་ཡང་དེང་སང་བརྟག་ན་ནི་དགེ་བ་ཞིག་ཡིན་པ་འདྲ། གང་ལྟར་འདི་སྣང་ཞེན་པ་བཟློག་ཅིང་ཆོས་ལ་བསྐུལ་འདེབས་ནི་ཆེ་བ་རང་བྱུང་བས་བཀའ་དྲིན་ཆེའོ། །དེ་འདྲ་ཞིག་མ་བྱུང་ན་འདི་སྣང་ལ་ཞེན་པ་ཆེན་པོ་ཞུགས་ནས་འཁོར་བར་འཁྱམས་ངེས་སུ་གདའ།

ཚེ་རབས་དུ་མ་རུ་བསྒྲུབ་པ་ལྷག་པའི་ལྷ། །དཔལ་ལྡན་བླ་མ་ཡི་ངོ་བོ་ནཱ་དུའི་སྐུ། །ཡེ་ཤེས་མཁའ་འགྲོ་ཡི་མགྲིན་ནས་གླུ་རུ་ཐོན། །སྐལ་ལྡན་ཐར་ལམ་དུ་འགུགས་འདི་མི་མཚར་རམ། །དེ་ནས་མྱོས་བྱེད་ཀྱི་ལོ་ཤར་ཙམ་སྐབས་གནས་ཆེན་རྡོ་རྗེ་ཁྲོ་ལོད་མཇལ་བར་ཕྱིན། ལོ་གཞོན་སྐབས་ད་ལྟའི་རྒས་འཆལ་ནི་མ་བསླེབ་པས་ཀྱེལ་ཆེ་ཁུལ་ཞིག་ཡོད་གཤིས་ཟླ་བོ་ཚེས་ནི་གནས་སྐོར་ཡིན་བསམ་ལས་གཞན་མེད། ཡིན་པ་ནི་རྨི་ལམ་གྱི་ལྟས་ཤིག་ལ་བརྟེན་ནས་ཕྱིན་པ་ཡིན། དེ་སྐབས་ལྟས་དང་ཆོ་འཕྲུལ་ཅི་རིགས་བྱུང་བ་ནི་འདིར་སྨྲ་མ་དགོས་དེ་འཕྲོར་གདན་སར་འོང་བའི་ཞོར་ཉི་མ་ཕུག་གི་བྲག་ཅིག་རློག་པའི་གསེབ་ནས་ས་ཡི་རིལབུ་ཁ་དོག་དཀར་པོ་ཆེ་ཆུང་སྣ་ཚོགས་བདུན་ཅུ་ལྷག་ཙམ་གཅིག་བྱུང་། བདག་རང་ཆུང་ངུ་ནས་ཆོས་ཁོ་ནར་སྲེད་པ་ཆེས་པས་ཆོས་གཏེར་ཤོག་སེར་ནི་མི་འདུག་འདི་དམ་རྫས་ཡིན་རྒྱུའི་ཕྱག་རྟགས་ཨཿམཿའི་རི་མོ་ཡང་མི་སྣང་། དགོས་པ་ཅི་ཡོད་སྙམ་ནས་རྩིགས་ཀྱང་མ་བྱུང་ལ་ཕྱིས་དེ་ཀར་བདག་རྐྱེན་ཡང་མ་བྱས་པས་ཟག་སོང་། དེ་ཡང་དུས་དེར་བདག་བློ་ཆུང་བའི་སྐྱོན་ཏེ། དམ་རྫས་ཨཿམཿཞེས་གཏེར་སྟོན་ཕལ་ཆེར་མཚོ་རྒྱལགྱི་མཐེབ་མཛུབ་ཀྱི་རི་མོར་བཟུང་ཡང་། ལ་ལ་ནི་དེ་ལྟ་ཡང་ཡིན་མོད། ཕལ་ཆེར་དམ་རྫས་ཉིད་ལ་རང་བྱུང་ཤར་བ་ཡིན་གྱི་དེས་ན་ཡིག་འབྲུའི་གཟུགས་མེད་པ་ཡང་མི་འགལ་ཞིང་། ཡིག་འབྲུ་ཆེ་ཆུང་སྣ་ཚོགས་འབྱུང་བ་ཡང་དོན་དེས་ཡིན། འོན་ཀྱང་རྫུན་ཟོག་གི་སླད་པའི་ཐལ་བ་རུ་གཏེར་རྣམས་དང་མ་ནོར་བ་ནི་གལ་ཆེའོ། །ལོ་དེར་ཡིད་ལ་མ་བསམ་རང་ཤར་གྱི་ཚིག་ཐོལ་ཐོལ་དུ་མ་བྱུང་བ་ཐུགས་གཏེར་གྱི་ཁུལ་དུ་ཡི་གེར་བཀོད་པས་གུ་རུ་རཀྵ་ཐོད་ཕྲེང་གི་ཆོས་སྐྱོང་གླེགས་བམ་ཆེན་པོར་ལོང་ཙམ་གྲུབ་མཚམས་དགོས་མེད་ཅིག་སྙིང་ལ་ཤར་ནས་མེ་ལ་སྲེགས་པ་དེ་དུས་རྒྱུས་ཡོད་ཀྱི་གྲྭ་པ་ཡང་མང་། དེང་སང་ལ་ལ་ཞིག་ལ་ཡིད་ལ་ཚིག་དོན་ལེགས་སུ་ཆ་བ་དེ་འདྲ་ཞིག་རང་ཤར་དུ་བྱུང་ན་བར་ཆད་ཡིན་ཡང་སྤྱན་བཙུམ་པ་འདྲ་སྟེ་ངེད་ནི་ཆུང་ངུ་ནས་བླ་མའི་གསུང་ལ་ཡིད་ཆེས་མཁན་གཅིག་ལགས་པས་དེ་འདྲ་ཅི་དགའ་ལ་བོར་བ་ཡིན། ལར་འདི་འདྲ་བྱུང་བའི་རིགས་བླང་དོར་གྱི་གནས་ངོས་འཛིན་དཀའ་ཞིང་། དབྱེ་གསལ་བྱེད་ནུས་སོ་ཡང་དཀོན་མོད། འོན་ཀྱང་སངས་རྒྱས་པདྨ་འབྱུང་གནས་ཀྱི་ཞལ་ལུང་རིག་འཛིན་བརྒྱུད་ལྡན་བླ་མའི་གསུང་ངག་ལས་འབྱུང་བར་བརྟག་དགོས་མོད། འདིར་ནི་དོག་བསླངས་ཙམ་ལས་ཡིག་ཚོགས་འབྱམས་ཀླས་ཀྱི་ངལ་བས་མ་སྨོས་ཤིང་གཞན་དུ་ཟུར་ཙམ་བརྗོད་པར་སྲིད་དོ། །

ཁོ་བོ་ཅག་གི་འདི་དུས་ཀྱི་སྐབས་དེ་ནི་རྩ་རླུང་ཉམས་ཀྱི་ཆོ་འཕྲུལ་ཙམ་དུ་རྟོགས་ཤིང་། དེ་ལ་རེ་ཞིག་ཆེད་འཛིན་གྱིས་བདག་གིར་བྱར་མི་བཏུབ་ཅིང་། དེ་ལྟར་བགྱིས་ན་བདུད་ཀྱི་བར་ཆད་དབང་དུ་འགྱུར་བའི་ངོས་ཚིག་རང་ལ་ཐུན་མོང་མ་ཡིན་པ་ཡོད་མོད་ཀྱང་འདིར་གསལ་བར་སྨྲ་ནི་མི་བཏུབ་པ་ཞིག་གོ །སྤྱིར་འདི་འདྲ་ཡོངས་སྐབས་མི་ཆོས་ཀྱི་བར་ཆད་ནི་ཡོང་ཉེན་ཆེན་པོ་འདུག་སྟེ་ཁོ་བོ་ཡང་ལོ་བཅུ་གསུམ་སྣེ་ཟིན་ཙམ་གྱི་བྱིས་སྦའི་དུས་དེར་བློ་ལ་མ་བསམ་པར་རང་རྡོལ་གྱི་ཆོས་ཚིག་དེ་འདྲ་ཤར་བར་དགོངས་གཏེར་ཡིན་ཁུངས་བཅུག་ནས་དེ་ཞོར་ལ་བར་ཆད་ཚབས་ཤིན་ཏུ་ཆེ་བ་ཞིག་ཀྱང་ཞུགས་ཉེ་བར་བྱུང་བ་ཡིན། དེ་གང་ཞེ་ན་དགོངས་གཏེར་ལ་ཐུགས་དགྱེས་ཚོར་སག་གེ་བ་དེའི་ཁོངས་ནས་མི་ཆོས་རྫུན་མང་ཞིག་ཐོན་དུ་ཆ་མ་བྱུང་བས་སོ། །དེ་ཡང་ཅི་འདྲ་བྱུང་ཞེས་ན་རྣམ་རྟོག་ཧྲག་པོས་ཤར་བའི་གསལ་སྣང་ཕྱོགས་མཐུན་པའི་ལྷ་སྐུར་སྣང་བ་དང་། དེས་གསུང་བར་སྙམ་པའི་རྣམ་རྟོག་རང་ཤར་གྱི་ཚིག་དེ་འདྲ་ལ་ལྷ་མཐོང་ངོ་ཆོས་གསུངས་སོ་ཞེས་པའི་སྒྲོ་བཏགས་པས་སོ། །དེའི་ཅིར་འགྱུར་ཞེ་ན་མི་ཆོས་བླ་མའི་རྫུན་དུ་གྱུར་ནས་མནར་མེད་དམྱལ་བར་བསྐལ་པ་དུ་མར་གནས་པའི་ལུས་འགྲོ་བས་བར་ཆད་ཤིན་ཏུ་ཆེ་བ་ཞུགས་སུ་ཉེ་བ་བྱུང་ཞེས་པ་དེ་ལ་ཟེར་བ་ལགས། དེས་ན་རང་དང་རིགས་སྐལ་མཐུན་པ་རྣམས་ཀྱིས་དེ་འདྲར་དོགས་ཟོན་འཚལ་ཞེས་སྙིང་གྲོས་སུ་སྨྲ་བ་ཡིན།

ངེད་རང་ལ་འཆར་སྒོ་སྣ་ཚོགས་བྱུང་བ་དེ་ལྟར་ཡང་། སྐྱེ་བ་སྔ་མའི་བསགས་སྦྱངས་བསོད་ནམས་ཀྱི་མཐུ་ཡིས་རྩ་བའི་བླ་མ་དམ་པ་རྣམས་དང་མཇལ་ནས་སྐྱེ་བ་དུ་མར་རྒྱུ་འབྲས་ལ་ཡིད་ཆེས་བྱས་པའི་བག་ཆགས་ཅུང་ཟད་སད་ནས། མི་ཚེ་འདི་ཡུན་རིང་ཞིག་མེད་ཅིང་མི་གནས་པར་ཡང་མཐོང་། དེ་ལ་ཞེན་རྒྱུ་མེད་པར་ཡང་གོ །གང་ཤར་བཟང་ངན་ཀུན་སྒྱུ་མ་ལྟར་ལམ་དུ་ཁྱེར་ཚུལ་ཡང་ཐོས་པས། ལས་དང་རྟེན་འབྲེལ་གྱི་འཆར་ཆ་དེ་ཀུན་ལ་ཞེན་མྱོང་ཆེན་པོ་མི་བྱེད་པའི་ཁུལ་ཅིག་ཡིན་པས། ཟག་ཟོག་ལོག་ལས་བདུད་ཀྱི་དོང་དུ་མ་ཕྱིན་པས། དེ་ངོས་ནས་དལ་འབྱོར་དོན་མེད་མ་སོང་བ་ཙམ་པར་རློམ་མོ། །

ཚེ་རབས་གཏན་གྱི་སྐྱབས་གཅིག་ནི་འཕུལ་འགྲོའི་བླ་མ། བདུད་འདུལ་དཔའ་བོ་རུ་སྐུར་བསྟན་ཆེ་མཆོག་ཁྲོ་ལོད། བྱིན་རླབས་ནུས་པ་ཡི་ཟེར་བརྒྱ་ཕྱོགས་བཅུར་འཕྲོ་ཚེ། བདུད་ཚོགས་མུན་པ་ཀུན་ཕྱེ་མར་འཐག་པས་རྨད་དོ། །དྲན་མཆོག་བླ་མ་དེ་པདྨ་བདེ་ཆེན་གླིང་པ། ཡང་དག་ངོ་བོ་ལ་ཀུན་བཟང་རྡོ་རྗེ་སེམས་སོ། །མགོན་ཁྱོད་བྱིན་རླབས་དེ་སྙིང་ལ་ཅུང་ཟད་ཞུགས་མཐུས། ཅི་བྱས་བདེ་བའི་ཡེ་ཤེས་ཆ་ཤས་དེ་རྟོགས་པས། གང་ཤར་འགའ་ཡང་སྒྱུ་མ་ལྟར་བདེན་འཛིན་གྲོལ་སོང་། རྟེན་འབྲེལ་རོལ་པ་ཆ་ཤས་ལ་འཕྲིག་ཀྱང་ཚུད་སོང་། བཟང་བཟང་པོའི་འདོད་པའི་བརྫུ་བག་དེ་རང་སར་ཞིག་པས། དལ་འབྱོར་དོན་ལྡན་དེ་མིན་ཡང་དོན་མེད་སོང་། ད་དུང་འཕྲོས་དོན་དོགས་སློང་ཙམ་སྨྲ་ན། སྤྱིར་བསོད་ནམས་དམན་པ་རྣམས་མི་ཆོས་ཀྱི་བར་ཆད་འཇུག་པའི་སྒོ་མང་ཡང་ཕལ་ཆེ་ཞིག་ནི། སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་ཅན་མཐོང་བའམ་ཐོས་པས་རྐྱེན་བྱས། རང་ལ་ཡང་དེ་འདྲ་ཡོང་བའི་བརྐམ་ཆགས་སྐྱེས་པ་དང་། ཡང་ཁ་ཅིག་ནི་ལོ་ཟླ་ཁ་ཤས་རེ་བསྒྲུབ་ཚུགས་བཟུང་བས་ཡུས་ཏེ་ཐུན་མོང་ལྟར་སྣང་གི་གྲུབ་རྟགས་ལ་བསྐམ་པ་དང་། ཁ་ཅིག་བསྒྲུབ་པ་ཡེ་རྒྱབ་མ་དགོས་པར་སྔོན་སྦྱངས་སྐྱེས་བུ་མཆོག་ལ་བྱུང་བ་ལྟར་གྲུབ་རྟགས་འབྱུང་འདོད་པ་དང་། ཁ་ཅིག་ནི་ཐོག་མར་རྨི་ལམ་དངོས་ཉམས་སུ་བཟང་བཟང་འདྲ་རུང་གི་ལྟས་ཐན་ཐུན་བྱུང་བར་ཕྱོགས་འཛིན་རློམ་ཞེན་དྲག་པོ་ཞུགས་ཤིང་དེ་གཞན་ལ་ངོམ་ངོམ་བྱེད་ཅིང་མཐར་གང་ཡང་མི་ཡོང་ཚེ་རེ་དོགས་ཀྱིས་ཡིད་སྨོན་མང་པོ་བཏང་བ་དང་། ལ་ལ་ནི་མཆེད་གྲོགས་གྲྭ་རིགས་གཉེན་ཚན་སྦྱིན་བདག་འདྲ་རང་ལ་དད་གུས་ཡོད་ཁུངས་ཚོས་ཉིད་ཅག་ག་གེ་ཆེ་གེ་མོས་ལུང་བསྟན་བཟང་པོ་བྱས་པ་ཡིན་ཞེས་པའི། གྲུབ་པའམ་གཏེར་སྟོན་ནམ་དམ་པ་ཁྱད་པར་བའི་སྐྱེ་བར་གྲགས་པས་གྲུབ་པའི་གནས་ཚུལ་ལྐོག་གྱུར་པ་ཡོད་པས་གསུང་བར་ཞུ་ཞེས་བསྐུལ་བས་རང་ཡང་དེ་ལྟ་ལ་བློ་འདོད་དྲག་པོ་ལྡང་ཞིང་རང་མཐོང་བཅས་པ་དང་། ཁ་ཅིག་ནི་རང་དང་འགྲན་ཟླར་འོས་པ་ཞིག་ལ་ངོ་མཚར་བྱུང་བའི་གཏམ་ཐོས་པས་དེ་ལ་ཕྲག་དོག་གིས་རང་ལ་ཡོན་ཏན་ཡོད་རྫུ་འདོད་པ་དང་། ཡང་ཁ་ཅིག་རང་ཉིད་གཞན་དང་མི་མཉམ་ལྷག་པའི་བློ་འདོད་དམ།ཡང་རང་ཉིད་དམན་པའི་རྭ་བ་ལས་ཐར་ཏེ་ཚེ་འདིར་ཁ་རྗེ་ཟ་ཐང་ཆེ་རུ་རེ་བ་སོགས་ཏེ་མདོར་ན་ལྷ་མཇལ་ལུང་བསྟན་ཐོས་མངོན་ཤེས་ཤར་ཐུན་མོང་གི་གྲུབ་རྟགས་མངོན་གྱུར་བ་ཞིག་འདོད་པའི་བརྐམ་ཆགས་དུང་དུང་པས་ཡིད་ཀུན་ཏུ་སྤྱོད་པར་བྱེད་པ་དེ་བྱུང་ཕྱིན་བར་ཆད་བདུད་ཀྱི་འཇུག་སྒོ་ཆེས་ཆེ་བ་དེ་དོད་ཚར་བ་ཡིན་པས། ཚེ་འདི་ཡུན་རིང་མི་གནས་མྱུར་དུ་འཇིག་པ་རྨི་ལམ་སད་ཁ་ལྟ་བུར་ཤེས་ནས་ཞེན་པ་མི་བྱེད། དེང་དུས་ཡིད་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་རྣམས་སྐྱེ་བ་སྔ་མ་དགེ་བའི་བསོད་ནམས་བསགས་པ་ལས་ཡིན་ལ་ཡིད་ལ་མི་འདོད་པ་འབྱུང་བ་རྣམས་ཀྱང་ལས་ངན་གྱི་འབྲས་བུ་ལས་བྱུང་བས་དགེ་སྡིག་ལ་ཡིད་ཆེས་ཡང་དག་པར་སྐྱེས་ནས་འདོར་ལེན་ངེས་པར་བྱེད་པའི་ཡིད་གདེངས་སུ་འཆའ་བས་བདུད་ཀྱི་བར་ཆད་འཇུག་པ་ལས་གྲོལ་ཏེ་བྱང་ཆུབ་ལམ་ལ་འཇུག་པར་འགྱུར་རོ། །དེ་ལྟ་མ་ཡིན་པར་ཚེ་འདིའི་གནས་སྐབས་ཀྱི་བདེན་ཞེན་ལ་བློ་བརྟས་ཏེ། གཞི་ཅུང་ཟད་ཡོད་པ་ལ་སྒྲོ་བཏགས་ནས་བཟང་རྫུའི་ཚིག་རང་འདོད་དབང་གིས་སྨྲ་བ་ནི་བར་ཆད་ཆོས་མིན་ཞུགས་པའི་རྨང་གཞི་ཐིངས་ཚར་བ་ཡིན། གཞི་མེད་པར་ལྷ་དང་མ་མཇལ་ཞིང་ལུང་བསྟན་མངོན་ཤེས་གྲུབ་རྟགས་གཏེར་ཁ་སོགས་མེད་པ་ལ་ཡོད་པར་ཐབས་བརྫུ་བཏང་བ་ནི་བདུད་ཀྱི་བར་དུ་གཅོད་ཟིན་ནས་ལས་ཀྱང་གྲུབ་པ་སྟེ། མནར་མེད་དམྱལ་བར་བསྐལ་ཆེན་དུ་མར་བཞུགས་གྲབ་ཀྱི་འབྱོན་ཆོག་མ་དེ་ཡིན།

དེ་ལྟར་མི་ཆོས་ཀྱིས་གཞན་བསླུས་ནས་རང་ཉིད་ཕུང་ཚབ་ཆེན་པོ་ལ་སྦྱོར་བའི་སྙིང་རུལ་པོ་ནི་སྔར་མང་དུ་བྱུང་སྐད་ལ། ད་ལྟ་ཡང་མཐོང་ཐོས་ཀྱི་གནས་སུ་ཆེས་མང་མོད། མ་འོངས་ན་ཡང་དུས་དབང་གིས་མང་དུ་ཀ་འགྲོ་ཉེན་གདའ། དེ་དག་བྱེད་པའི་རྒྱུ་ནི་འདི་སྣང་ལ་ཞེན། རྒྱུ་འབྲས་མ་ཤེས། འཁོར་བའི་ཉེས་དམིགས་མ་ཐོས་པས་ལན་ཏེ། དེ་ཡང་སྐྱེ་བ་སྔ་མའི་བསགས་པ་བསོད་ནམས་དམན་པས་གྲོགས་ངན་རྐྱེན་གྱིས་འབྱུང་བ་ཡིན་ནོ། །ལས་དེ་ལྟར་སྤྱད་པ་རྣམས་ཀྱང་འདུལ་བ་ཡི་རབ་བྱུང་ཡན་ཆད་ལ་རྩ་བའི་ཕམ་པ་བཞི་སྟེ་མི་ཆོས་ཀྱི་རྫུན་ཚིག་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་ཕྱིན་སླར་བཤགས་སྡོམ་སོགས་ཀྱིས་གསོ་མི་བཏུབ་པ་རྫ་བེའུ་ཆགས་པ་དང་འདྲ་བར་ལུས་རྟེན་དེའི་ཐར་པའི་དཔྱང་ཐག་ཆད་པ་ཡིན་པར་བཤད་རུང་། ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལྟར་ན། ལས་བསགས་པ་དེ་དག་ལ་དྲན་པས་རྗེས་སླེབས་ཀྱི་སྦ་གསང་མེད་པར་སྟོབས་བཞི་ཚང་པ་བཤགས་སྡོམ་དྲག་པོར་རྟག་ཏུ་འབད་ན་སྒྲིབ་པ་དག་རྒྱུ་ཡོད་པར་བཤད་ཡོད་དེ། དེ་འདྲ་བྱེད་མཁན་ནི་དཀའ། འགྱོད་པ་ཕོང་པར་ཅུང་ཟད་སྐྱེ་སྲིད་ཀྱང་ངེད་ལ་སྐྱོན་འདི་བྱུང་ཞེས་རང་མཚང་ངོས་ལོང་མཁན་ནི་ཤིན་ཏུ་དཀོན། ལས་ཆེན་པོ་རྣམས་ལ་དེ་ལྟར་མ་བྱས་ཕྱིན་སྡིག་པ་འདག་པར་ཡང་དཀའ། སྔར་བྱས་པ་དེ་བཤགས་རུང་ཕྱིས་སྤྱད་ན་སླར་ཡང་ཉེས་པ་སྔ་མ་ཡང་ལྡོག་ནས་ཆེ་རུ་འགྲོ། དེས་ན་སྔར་ལས་ངོ་ཚ་བ་དང་ཕྱིས་སྤྱོད་སྡོམ་པའི་ཆེད་དུ་ཉེས་བྱས་མིང་ནས་ཐོས་ཏེ་བཤགས་པ་གལ་ཆེ་སྟེ། སྡིག་བཤགས་ཐམས་ཅད་ལ་འདྲ། ལར་ཟག་ཟོག་ཚབ་ཆེན་སྤྱད་མཁན་རྣམས་ཀྱི་སྟོབས་བཞི་ཚང་བའི་བཤགས་པ་བྱེད་པ་དཀའ། དེ་མ་བྱུང་ཕྱིན་མནར་མེད་དུ་འབྱོན་ཆོག་མ་ཡིན། སྔར་རིག་འཛིན་ཆེན་པོ་རོལ་པ་རྡོ་རྗེའི་སྤྱན་སྔར་གཏེར་སྟོན་དུ་རྫུ་བ་ཞིག་གི་རང་མཚང་ངོས་ལེན་གྱི་བཤགས་སྡོམ་བྱེད་པར་ཐོས་པས་རྗེས་སུ་ཡི་རང་གཞན་ཟོག་བྱེད་པ་མང་དུ་མཐོང་ཐོས་ཡང་སྟོབས་བཞིའི་བཤགས་སྡོམ་བྱེད་སྐད་རང་ནི་མ་ཐོས་པས་ཡིད་སྐྱོའོ། །དེས་ན་གཞན་ཕལ་གྱིས་ནི་གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་དཀའ་ཡང་། རང་ལ་བྱ་བ་ལྐོག་གྱུར་ཅི་འདུག་ནི་རང་གིས་རྟོགས་པར་ནུས་པས་མི་ཆོས་ཟག་ཟོག་གི་བྱ་བ་འདྲེས་པ་ཚོ་རང་གི་སྣ་རང་གི་མཛུབ་མོ་བཙུགས་ནས་འགྱོད་བཤགས་སྤང་བླངས་བྱ་འོས་པ་རྣམས་མི་ཚེ་ཡུད་ཙམ་པ་འདིར་མ་ཞེན་པར་རང་གིས་རང་ལ་སྙིང་རྗེ་དྲག་པོས་འཚལ་ཞེས་ཁོ་བོ་རྒྱལ་ཁམས་པའི་སྙིང་གྲོས་ཡང་དག་པ་ལགས་པས་གལ་ཆེ། དེ་ལྟར་ཡང་གཞན་ལ་བརྩེ་ཕྱིར་སྨྲ་བ་ལས་ཟོག་པོ་ཚོ་ཡི་མཚང་ལ་རྒོལ་འདོད་དེ་ནི་མ་ཡིན་གྱི། དེས་ན་རྫོགས་པའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པ་ཡིན་པའི་གོ་ས་ཙམ་ནི་ཡོད། དེས་ན་ཟོག་པོ་ཡང་སངས་རྒྱས་ཀྱི་སྒྱུ་འཕྲུལ་དུ་དག་སྣང་སྦྱངས་བ་རུང་ཞིང་ཟོག་པོ་ལ་མི་དགའ་བ་དང་ཞེ་སྡང་ཆེན་པོ་ཞིག་མེད་དོ། །

བསྐལ་པ་དུ་མ་རུ་འགྲུབ་དཀའ་དལ་འབྱོར་རྟེན། །ཕུན་ཚོགས་རིན་ཆེན་ནི་མི་ལུས་ཐོབ་ལགས་ཀྱང་། །བསགས་པ་བསོད་ནམས་དེ་དམན་པས་བདུད་ཀྱིས་བསླུས། །མནར་མེད་དམྱལ་བ་དེ་མཐོ་རིས་གནས་ནས་འཁོར། །ཀྱེ་ཧུད་ཡ་ང་ནི་ལོ་ཟླ་ཞག་གྲངས་མེད། །ཡུན་སྲིད་བསྐལ་ཆེན་ཞེས་ཐོས་ཀྱང་ཡིད་སོ་ངལ། །དེ་བས་རང་ལ་ནི་རང་གིས་སྙིང་རྗེ་ལྟོས། །འདི་སྣང་ཡུད་ཙམ་ལ་མ་ཞེན་རང་གྲོས་ཐོབ། །ཅེས་སོ། །ཡང་དཀྱུས་སུ་འཇུག་པར་བྱ་སྟེ། དེ་ནས་གདོང་ངན་གྱི་ལོ་ལ་སྟག་ཚང་གི་གནས་ཆེན་གྲོ་ལོད་དུ་བསྒྲུབ་པ་ལྷུར་ལེན་ཞིག་བྱ་སྙམ་ན་ཡང་གྲོས་ངན་སྟབས་ཀྱིས་ལག་དུ་མ་ལོང་བས་ཅི་རོང་དུ་འོང་ནས་བས་མཐའ་རོལ་རམ་དུ་རང་ཤོང་གི་སྒྲུབ་ཁང་དྲག་པོ་ཨེ་ཀློང་ཞེས་བཏགས་པ་ཞིག་བཅོས་ནས་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བླ་བསྒྲུབ་གསེར་གྱི་འབྲུ་གཅིག་གི་བསྙེན་བསྒྲུབ་ཁུལ་ཙམ་བྱས་ཀྱང་གཞུང་བཞིན་བཅས་པ་དམ་པོར་མ་གྱུར་པ་དང་ལྷག་ཏུ་ལུས་ཡང་ཡེངས་མེད་ཙམ་སྔགས་བཟླས་ལ་ཞུགས་ཚུལ་གྱིས་ཀྱང་ཡིད་རྣམ་རྟོག་གི་དབང་དུ་བསྐྱོད་བས་བསྒྲུབ་རྟགས་མཚན་མ་རྨི་ལམ་བཟང་པོར་གྲུབ་ཙམ་ཡང་མ་བྱུང་། སྤྱིར་དེ་དུས་སྐབས་རྟགས་མཚན་ལ་རེ་དགོས་ཆེན་པོ་བྱས་པའི་སྐྱོན་ཡང་ལོས་ཡིན། ཕྱིས་བསྒྲུབ་པ་ལ་སྒྲལ་མཚམས་སྔགས་བཟླས་མང་ཉུང་ཇི་ཙམ་སོང་བའི་ཕན་ཡོན་གྱིས་ནི་ནམ་ཡང་མི་བསླུ་བས་རྟགས་མཚན་མ་བྱུང་ན་སླའོ་བསམ་པ་བྱུང་བས་དེ་ནི་ཡིན་པར་ཡང་འདུག ལར་བསྙེན་བསྒྲུབ་བྱེད་པར་རློམ་ནས་སྔགས་ཡེངས་ཤིང་བཟླས་ན་རྟགས་མཚན་གྱི་རེ་བ་ཅི་ཡོད། དེ་བས་ལྟ་སྒོམ་དང་སྔགས་ལ་ཡིད་གཏད་ནས་རྣམ་རྟོག་གཞན་སྤང་བ་རང་གལ་ཆེན་དུ་སྣང་ཡང་། དེ་དུས་རྫོགས་རིམ་ཡིན་རྒྱུའི་གོ་བ་ལམ་པ་དེ་ངང་བཞག་པས་ཆོག་ཁུངས་བྱས་ཏེ་མ་ཤེས་པར་གདའ། ལར་འདི་དུས་སྐྱོ་ཤས་ཆེ་ཞིང་རང་ཉིད་ལེ་ལོས་ཆོས་མ་གྲུབ་པར་ཡིད་རབ་ཏུ་གདུང་བ་བྱུང་བས་སྐྱོ་ཤས་ཀྱི་གླུ་ཡང་མང་དུ་བླངས། ལྷག་ཏུ་རྨི་ལམ་དུ་རང་དབང་གཏེར་གནས་སུ་མང་དུ་སླེབ་པ་དང་། ཟབ་གཏེར་ཁ་བྱང་ལུང་བསྟན་དུམ་བུ་ཡང་མང་དུ་བྱུང་ཡོད། དེ་ཡི་རྟེན་འབྲེལ་གྱི་སྒོ་ཇི་བཞིན་པ་ནི་བསྒྲིགས་མ་ནུས་པར་ཟད་དོ། །གཞན་ཡང་དེ་སྐབས་རང་ཉིད་ཇི་སྲིད་འཚོ་ཡི་བར་དུ་ངོ་བསྲུང་ཁྲལ་འཇལ་ལྟ་བུ་མ་ཡིན་པར། རང་གིས་དྭངས་བས་དབང་བསྐུར། ཁྲིད་རྒྱུན་ཞུས་པར་རྩ་བའི་དམ་ཚིག་སྲོག་གི་ཕྱིར་ཡང་མི་སྤང་བ་དང་། གནས་སྐབས་ཀྱི་དགེ་སྦྱོར་ཚིག་བདུན་གསོལ་འདེབས། ཟབ་ལམ་བླ་མའི་རྣལ་འབྱོར། ཛབ་སྔགས་བཛྲ་གུ་རུ་ཡི་གེ་དྲུག་མ། རླུང་བུམ་པ་ཅན་གྲངས་བཅད་རྣམས་ཐོག་མར་ཟླ་དུས་ཀྱི་གྲངས་འཛིན་བྱས་པ་ཡིན་ཡང་ཕྱིས་ཉིན་ཞག་ཕྲུགས་རེར་བྱས། ལར་ངེད་བརྩོན་འགྲུས་ཤིན་ཏུ་ཆུང་བས་རང་ལ་རང་ཡིད་ཆད་པའི་མཆི་མ་བཀུ་བར་འདུག་ལགས་སོ། །

རང་ཉིད་ལེ་ལོ་ཆེ་ལ་ཆོས་བསྐུལ་ཕྱིར། །མགོན་པོ་མ་གཟའ་དམ་ཅན་དཔང་བཙུགས་ནས། །དམ་བཅའ་སྙིང་པོ་རྩ་བ་གཅིག་དང་ནི། །

ཡན་ལག་བཞི་བགྱིས་དགེ་བ་བྱང་ཆེན་བསྔོ། །ལྷག་བསམ་གྱིས་ཟིན་དགེ་བ་ཆེ་ཆུང་གང་། །གང་གཱའི་རྒྱུན་ལྟར་བྱང་ཆེན་མཚོར་འཇུག་ཞེས། །རྒྱལ་བས་གསུང་ན་སྣ་རེའི་དགེ་བ་ཡང་། །སངས་རྒྱས་བསྒྲུབ་འདོད་རྣམས་ཀྱིས་འབད་པར་རིགས། །

དེ་ནས་གསེར་འཆང་གི་ལོ་ལ་ཡི་དམ་ལྷག་པའི་ལྷ་བཅོམ་ལྡན་འདས་བཛྲ་ཀུ་མ་རཱ་ཡི་བསྙེན་བསྒྲུབ་ཞིག་ཀྱང་བགྱིས་པས་དེ་སྐབས་སུ་༸རྗེ་གདན་དྲུང་རིན་པོ་ཆེ་ཕྱོགས་ཕེབས་མཛད་པར་ཕེབས་སྐབས་ཕྱག་དབང་ཞིག་ཞུ་བར་མ་ཕྱིན་ན་ངེད་ཨོ་ཟོབ་བྱས་པ་ལྟ་བུར་འགྲོ་ཞིང་དགོངས་མི་ཁྲེལ་བའི་ངེས་པ་མེད་སྙམ་བློར་ཤར་ནས་མཚམས་ཐུན་བཀྲལ་ནས་ཕྱག་དབང་ཞུ་བར་ཕྱིན་པས་བླ་མ་དམ་པ་དང་མཆེད་གྲོགས་ཤེས་ལྡན་ཚོ་མཚམས་དམ་པོར་ཡོད་པ་དེ་མི་ལེགས་ཙ་གསུང་བྱུང་ཡང་ངེད་རང་བློ་ཆུང་པའི་སྐྱོན་ཡིན། གཞན་དེང་སང་བླ་མ་ཁ་ཅིག་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ་ཡང་ལྟག་ཚུགས་བཟུང་བར་བག་གྲོ་གྲོ་པོ་བྱེད་ལུགས་པ་ལྟས་ན་ཆོས་འབྲེལ་ཐོབ་ཙམ་བཀའ་དྲིན་ཅན་བླ་མ་ཕྱོགས་ཕེབས་ཞབས་བ་ལ་མཚམས་བཀྲལ་ནས་བར་ཆད་ཞུགས་དོགས་མི་དགོས་འདུག ངེད་ཀྱི་བླ་མའི་བྱ་བ་དེ་འདྲ་ལ་སྙིང་སྲབ་པོ་གཅིག་ཡོད་ཀྱི་ཞེ་ཁམས་ཆེན་པོ་བསྐྱེད་ནུས་མཁན་ཅིག་མིན་ལགས། ལར་བསྒྲུབ་པ་གློ་བུར་དུ་དེ་ལྟར་བཀྲལ་བ་ནི་བསྒྲུབ་པའི་གཡང་ཉམས་པར་རྒྱལ་བ་ཡང་དགོན་པས་གསུང་འདུག་པ་དེ་ངེས་པར་ཐུགས་མད་འདུག དུས་ཕྱིས་བསྒྲུབ་པའི་འཕྲོ་ལུས་པ་རེ་རྟག་ཏུ་བྱུང་། དེ་འདྲ་ལ་བློ་གདེངས་བསྐྱེད་ནས་དམ་བཅའ་གང་ཡིན་མ་གྲུབ་པར་རྐྱེན་དབང་གིས་བར་མ་ཆོད་པར་གལ་ཆེ་འདུག བསྒྲུབ་པ་དེ་སྐབས་སུ་སྔར་ལྟར་རྣམ་རྟོག་དབང་ཆེར་འབྱམས་པ་དེ་མ་བྱས་ཁུལ་ཡིན་ཡང་། འོན་ཏེ་གཞུང་དོན་ཇི་བཞིན་མ་རྟོགས་པས་བསྒྲུབ་པ་ཚད་ལྡན་ནི་ཅི་ལ་འགྱུར། རྟགས་ཀྱི་རིམ་པ་ཡང་ནད་གདོན་ཐོན་པའི་ལྟས་ཙམ་ལས་གཞན་ནི་ཆེ་བ་མ་བྱུང་། རྡོ་རྗེ་རྩེ་དགུ་པ་རྭ་མ་ཚངས་བ་གཅིག་ལག་ཏུ་བླངས་བ་ཡང་ཡང་རྨིས། རྭ་མ་ཚངས་བ་དེ་ཡི་དམ་གྱི་དབང་བསྐུར་ཞུས་པའི་བླ་མར་ལྟེམ་རྐྱང་ཞིག་ཤར་ཡོད་དམ་བསྐྱེད་རིམ་ཐང་ལྷོད་ཤོར་བའི་ལྟས་གང་ཡིན་ནམ་ངོས་མ་ཟིན།

ཡི་དམ་དཀྱིལ་འཁོར་ནི་ནམ་མཁའི་སྐར་ཚོགས་འདྲ། །ངོ་མཚར་ནུས་པ་ནི་རང་སོར་ཆེ་མོད་ཀྱི། །ཀུན་གྱི་ཐུགས་རྗེ་དང་འཕྲིན་ལས་འདུས་པའི་ལྷ། །བར་ཆད་ཀུན་སེལ་ཞིང་དངོས་གྲུབ་སྩོལ་མངགས་པའི། །གསང་བདག་རྡོ་རྗེ་འཆང་རྒུད་བྲལ་གཞོན་ནུའི་སྐུ། །ཉི་ཟླ་ལྟར་གྱུར་པའི་ལྷ་མཆོག་ཀཱི་ལ་ཡང་། །པད་འབྱུང་ཡབ་ཡུམ་གྱི་ལྷག་པའི་ལྷ། །དེ་ཡི་ངང་ཉིད་ལ་ཁོ་བོས་ཡི་དམ་བགྱིས། །འཕྲལ་རྐྱེན་སྤྱོད་དབང་གི་ཀླུ་གདོན་ཞུགས་ཆ་བ། །ལྷ་མཆོག་དེ་ཉིད་ཀྱི་ནུས་པས་རང་སར་དེངས། །གནས་སྐབས་ཅུང་ཟད་རེ་སྔགས་བཟླས་དེ་འདྲ་ན། །གསལ་གསུམ་ཡུན་བསྒོམ་ན་མཆོག་དོན་ཅིས་མི་འགྲུབ། །ལོ་དེར་གསལ་དུ་ནང་འཁྲུག་བྱུང་བ་སོགས་གདན་སའི་དབང་གིས་རྣམ་གཡེང་ཤིན་ཏུ་ཆེ་བས་རང་བློ་ཁེངས་པའི་བསྒྲུབ་པ་ལག་ཏུ་བླངས་རྒྱུ་ནི་བྲལ་མོད། འོན་ཀྱང་དལ་སྐབས་ཅུང་ཟད་བྱུང་རིམ་གྱིས་བསྒྲུབ་པ་ཞག་བདུན་མ་རེ་བགྱིས་ཤིང་། བར་གཅིག་རྡོ་རྗེ་རྣལ་འབྱོར་མ་ཡི་བསྙེན་པ་བདུན་ཞག་གཅིག་བྱས་པས། དེ་སྐབས་ཕྱིས་རིམ་གྱི་སྙན་པ་མངའ་ཐང་ཅུང་ཟད་འབྱུང་བའི་ལྟས་ཀྱང་བྱུང་བས།

རྣལ་འབྱོར་ང་དང་བྱ་རྒྱལ་ཁུ་བྱུག་གཉིས། །རྒྱང་རྒྱང་འགྲོ་བཞིན་སྐད་འཕང་མཐོ་རུ་འགྲོ། །དེ་ལྟ་འཚོགས་ནང་གཞོན་ནུ་ཉམས་ཉེས་དེ། །ཁྱད་གསོད་མཐོ་གནོན་བྱེད་པ་རང་ངལ་ཡིན། །ཆུ་དང་ཤིན་རྡོལ་ས་རྡོས་མི་ནོན་ཞིང་། །གནས་སྐབས་དམོད་པས་མཐར་ཐུག་གནོད་པ་མིན། །ཨེ་བདེན་ལོ་རེ་ལོ་གཉིས་འགྱང་བཞིན་དུ། །ཚིག་འདི་ཇེ་ལས་ཇེ་ཆེར་གསལ་དུ་འགྲོ། །ཞེས་སོགས་པའི་གླུ་དབྱངས་མང་དུ་བླང་ཞིང་ཡི་གེར་ཡང་བྲིས། ཡང་དུས་དེར་དབུས་གཙང་དུ་ཇོང་འགར་གྱི་དུས་འགྱུར་བསྟན་པའི་ཇུས་ཆགས་དེ་འབྱུང་ལྟས་ཡང་ཤར་རུང་ཕྱིས་བར་དཔྱད་མ་ཐུབ། གཞན་ཡང་རྨི་ལྟས་ལ་རྟེན་འབྱུང་འགྱུར་གནས་མང་ཙམ་ཤར། ལོ་འདི་ནས་བཟུང་རང་ལོ་ཉེར་ལྔའི་བར་དུ་བསྒོམ་བསྒྲུབ་ཚད་ལྡན་བསྐྱལ་རྒྱུ་བྱུང་ན་གུ་རུ་པདྨའི་སྲས་ཀྱི་དྭངས་མར་གཏོགས་པ་ཞིག་དེ་སྐབས་ནས་ཡོངས་རྒྱུ་དེ་ཡང་གནས་སྐབས་ཉི་ཚེའི་རྐྱེན་དབང་གིས་ཡལ་སོང་། ལོ་དེར་སྤྱིར་སྦྱིན་བདག་རིམ་གྲོ་བྱ་དགོས་མང་ཞིང་། ལྷག་ཏུ་སྟོན་སེར་དུད་ཚངས་གྲིབ་ཅན་ཞིག་གི་རིམ་གྲོར་གདན་དྲུང་རིན་པོ་ཆེ་དང་ཕྱག་མཛོད་ཀྱི་གསུང་ནན་ལ་བརྟེན་མི་འདོད་བཞིན་དུ་ཕྱིན་པས་ཚུར་དགོན་དུ་སླེབ་མཚམས་སིབ་ནད་ཀྱིས་བཏབ་ནས་སྤྱོད་ལམ་ལོག་པས་ཟླ་གཅིག་ལྷག་ཙམ་འཆི་ལ་ཕྱོགས་པའི་ནད་ཆེ་བ་བྱུང་། ངེད་རང་འཆི་བ་ཡས་ཆུང་རུང་། ཕྱག་མཛོད་སོགས་ནས་ནད་ན་མི་ཆོག་པའི་བསྒྱུར་སྦྱངས་ལྕི་བས་སོ་མ་གསོད་ཅིང་ཡིད་སྐྱོ་རབས་བྱུང་།

སྤྱིར་ཡང་རྗེ་དབོན་གདན་དྲུང་རིན་པོ་ཆེས་ནི་རྩེ་བའི་སྤྱན་གྱིས་སྐྱོང་བ་དང་ལྷག་ཏུ་དབང་ཆོས་ཀྱི་འབྲེལ་པ་ཞུས་པའི་བླ་མར་གྱུར་པས་བཀའ་དྲིན་མཆོག་ཏུ་ཆེ་ཞེས་སྨྲ་ཡོད། དེ་བས་དེང་སང་སྐུ་སྐྱེ་གཞན་ཁ་ཅིག་ལྟར་གདན་སར་སླེབ་ནས་དབོན་རིགས་གྲ་འཁོར་བུ་སློབ་སྦྱིན་བདག་རྣམས་ཀྱིས་བཀུར་བཀུར་ཅག་ཅོག་པོ་དེ་འདྲ་ངེད་ལ་ཡེ་ནས་མེད་པ་དེ་ཀུན་གསལ་ཡིན། ལར་སྐུ་སྐྱེ་ཟེར་བ་རྣམས་ཐེ་ཚོམ་ཟ་བ་ནི་ཤིན་ཏུ་ནས་བདེན་གྱི་ངེད་རང་ཡང་དེ་ལྟ་བུར་བློ་འགྲོ་དཀའ་བ་རང་ཡིན། དེ་ལྟར་སོམ་ཉི་ཡོད་ཕྱིན་སྐུ་སྐྱེར་མངའ་གསོལ་ནས་གདན་སར་བསུ་བ་དེ་མི་འཚལ་ལ། དེར་ནི་སུས་ཀྱང་མགུ་འཁང་བྱེད་དུ་ཅི་ལ་ཡོད། དེ་མ་ཡིན་པར་གདན་སར་སྐུ་སྐྱེར་མངའ་གསོལ་ཕྱིན་སྐྱེ་བ་ཡིན་མིན་ཐེ་ཚོམ་ཟ་རུང་དབོན་རིགས་གྲ་འཁོར་རང་རང་འཐད་ནས་མ་ཆད་པར་གང་ལེགས་རེ་བྱེད་དགོས་པ་ནི་བབ་མོད། ལེགས་སོ་བྱེད་ཞེས་པ་ཡང་འཇིག་རྟེན་གྱི་ཕོ་སྒོ་གཏམ་གཤེད་ཧམ་པ་ཐོ་ཅོ་ཆང་འཐུང་རྟ་རྒྱུགས། བག་མེད་ཀྱི་རྩེ་འཇོ་སོགས་བློ་ཆོས་ལ་དྲེད་དེ་རྒྱུ་འབྲས་རྩིང་པོར་སྤྱོད་པའི་གཞི་རྩ་དང་། དཀོར་བསྡུད་ལུགས་ཧབ་ཐོབ་བྱེད་ལུགས་ཟས་ནོར་ལ་ཆོས་ཕྱིར་མ་ཡིན་པའི་བསགས་བཀྲུན་བྱེད་ལུགས་སོགས་འཇིག་རྟེན་འདི་སྣང་གི་ལེགས་ལེགས་ལྟར་སྣང་བའི་ཕུག་ངན་སོང་གི་གཏིང་རྡོ་བྱེད་སའི་ཆར་འགྲོའི་དཔྱང་ཐག་དེ་འདྲ་ནི་སློབ་མཁན་དང་ཉན་མཁན་ཐམས་ཅད་བདུད་ཀྱིས་བསླུས་པ་སྟེ། ཕན་པ་ལྟར་བསྟན་ནས་མནར་མེད་དུ་བསྒྱུར་བ་ཡིན་པས་ལེགས་སོ་མི་ཟེར་ཏེ་ཉེས་པའི་མཐར་ཐུག་པ་ཡིན་གྱི་གོ་དགོས། དེ་བས་གནས་སྐབས་ཟས་གོས་འཕངས་མེད་དང་ནོར་ཟས་ཅི་རིགས་བསྟབ་ཅིང་སྙན་པར་བརྗོད་པ་ནི་འཇིག་རྟེན་ལུགས་ཀྱི་ཕན་འདོགས་བཟང་ངེས་ཡིན་མོད། ཡང་དག་པར་ནི་དེ་ཡང་ཁམས་མི་ཆེ་སྟེ། དེ་མ་ཡིན་པའི་ལེགས་སོ་ཇི་ལྟ་བུ་དགོས་ཤེ་ན། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བྱང་ཆུབ་བསྒྲུབ་པར་སློབ་པ་ལ་ཟེར་ཏེ། དེ་ལྟར་ན་སྲོག་འཚོའི་ཟས་ངན་ངོན་ཙམ་དང་གྲང་སྐྱོབས་གོས་ཧྲུལ་པོས་ཆོག་ཤེས་མོད། འདིར་སྣང་གི་ནོར་རྫས་རྨི་ལམ་ལྟ་བུར་ཞེན་རྒྱུ་ཅི་ཡོད། དེ་བས་ཆུང་ནས་ཆོས་མིན་བློ་དྲེད་དུ་མ་སོང་བར་རྒྱུ་འབྲས་དམ་ཚིག་གི་ཁེ་ཉེན་ཞིབ་ཏུ་བཤད་ནས་བློ་རྒྱུད་ཆོས་ལ་དཀྲིས་ནས། བསླབ་ཤེས་ཀྱི་ཡོན་ཏན་ལ་དོ་གལ་བཅུག བསླབ་གསུམ་རྣམ་པར་དག་དགོས་པའི་ཞལ་ལྟ་བྱེད། བསྒོམ་བསྒྲུབ་ལ་བརྩོན་པ་བསྐྱེད་པའི་བསྐུལ་ལྕགས་བཏང་། ཁྱད་པར་དུ་ས་ཉེ་རིང་གང་དུ་འདུག་ཀྱང་བཤེས་གཉེན་དམ་པ་ལ་མཚམས་སྦྱོར་ནས་དམ་ཚིག་རྣམ་པར་དག་པ་དང་གནས་ལུགས་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲིབ་་མེད་ལྟ་བར་ཡང་ཡང་དུ་ཞི་དྲག་དུ་མས་འབད་དེ་བསྐུལ་བ་དེ་ནི་ཕན་འདོགས་ཡང་དག་པ་སྟེ་ལེགས་པའི་མཐར་ཐུག་ཡིན་མོད། དེ་འདྲ་སློབ་མཁན་དཀོན་ནི་དཀོན་པོར་གདའ། དེ་འདྲ་སློབ་མཁན་བྱུང་ཚེ་སྐུ་སྐྱེའམ་སུ་ཡང་རུང་སྟེ་མནོ་ཤེས་གྲུལ་བཏུབ་རིགས་ཡིན་ན་བྱ་བ་དྲིན་དུ་ཤེས་ཤིང་གཟོར་ཡོང་། དེ་ལྟ་བུར་བྱ་བ་དྲིན་དུ་མི་རྩི་ན་རང་ཉིད་ལ་མདོ་མ་བྱུང་བ་ཡིན་གྱི་གོ་དགོས་སུ་གདའོ། །དེ་ལྟར་ཆོས་འཇིག་རྟེན་གྱི་ཕན་འདོགས་གང་ཡང་མེད་པར་སྐུ་སྐྱེར་ངོས་བཟུང་གདན་སར་མངའ་གསོལ་བཞིན་དེ་ལ་ཁྱད་གསོད་བརྙས་པ་མཐོ་ནོན་ངན་སློབ་བྱེད་པ་ནི། རང་རང་བླ་མ་གོང་མ་ལ་དད་མོས་གུས་ཞེན་མེད་པའི་མཚང་དང་དམ་ཚིག་ཉམས་ཆགས་ཡང་ངེས་པར་ཡོང་བ་ཡིན་ནོ། །དེ་ཡང་ཇི་ལྟར་བུ་ཞེ་ན་སྐྱེ་བར་དབུགས་དབྱུང་ཤིང་གདན་སར་མངའ་གསོལ་བའི་སྐུ་སྐྱེར་གྲགས་པ་དེ་ཉིད་ཆོས་ལ་བློ་ཁ་ཕྱོགས་ཤིང་བསྟན་འགྲོར་ཕན་པའི་ལྷག་བསམ་གྱི་དོན་གཉིས་བསྒྲུབ་པའི་བསམ་གཞི་ཡོད་པ་གཅིག་ཡིན་ཕྱིན་སྐྱེ་བ་ཡིན་མིན་ཐེ་ཚོམ་ཟ་བའམ། གལ་ཏེ་སྐྱེ་བ་མིན་པར་གྱུར་པ་ཞིག་ཀྱང་བརྙས་ཤིང་ཁྱད་དུ་གསོད་ན། དཔེར་ན་འཇིམ་གཟུགས་ཀྱི་ཤཱཀྱ་ཐུབ་པ་ཤཀ་ཐུབ་དངོས་མིན་ཡང་དེ་ལ་སྨོད་ན་རྣམ་སྨིན་ལྕི་བ་དང་བཤིག་པ་སོགས་ཀྱིས་ནི་མི་ཟད་པའི་ལས་ངན་དུ་འགྲོ་བ་དང་མཚུངས་པས་སོ། །ཡང་འདི་ལ་སྐྱེ་བ་ཡིན་མིན་གང་ལྟར་ཡང་བསྟན་འགྲོར་ཕན་འདོགས་ཀྱི་ནུས་པ་མེད་པར་ཆོས་མིན་གྱི་སྤྱོད་པར་དུས་འདའ་ཞིང་རྒྱལ་བའི་བསྟན་དང་བླ་མ་གོང་མའི་མཚན་ལ་རྨ་འབྱིན་ཅིང་དཀོར་གྱི་སྤྱང་ཀིར་ལྟ་བུ་སུན་ཕྱུངས་ན་གོང་ལྟར་ཉེས་པ་མི་འབྱུང་སྟེ། ཇི་ཞེ་ན། སྐུ་སྐྱེར་གྲགས་ཀྱང་ཆོས་མིན་སྤྱོད་པ་དེ་ནི་མི་གཙང་བའི་ཕུང་པོར་ཤཱཀ་ཐུབ་ཡིན་སྨྲས་མཁན་ལ་སྒྲིབ་པར་འགྱུར་ལ། དེ་ལ་འདི་མི་གཙང་བའི་ཕུང་པོའོ། །ཤཱཀྱ་ཐུབ་པ་མ་ཡིན་སྨྲ་ན་སྒྲིབ་པར་མི་འགྱུར་བར་མཚུངས་པར་གོ་དགོས་སོ། །དེ་ལྟར་ཡང་ཕྱིས་འབྱུང་རང་འདྲ་སྐྱེ་བར་གྲགས་པ་རྣམས་དང་གདན་དབོན་གྲྭ་འཁོར་ཀུན་གྱིས་ངེས་ཤིང་རྟོགས་པར་བྱ་དགོས་མོད། འོན་ཀྱང་སྤྲང་པོའི་གླུ་ལ་སྙན་ཚིག་ཡོད་ཀྱང་ཉན་མཁན་མེད་པའི་དཔེ་དང་འདྲ། དེ་ལྟའི་འཕྲོས་དོན་སྨྲས་བ་ན་ཟད་པ་མེད་མོད་ཀྱི།

ད་ནི་དཀྱུས་སུ་འཇུག་ན་ཁོ་བོ་ཅག་གདན་སར་མ་སླེབ་སྔོན་ནི་སྨོས་ཀྱང་མ་དགོས་སླེབ་ནས་ཡང་༸རྗེ་གདན་དྲུང་གི་ཐུགས་རྗེས་གཟིགས་པ་དེ་ཁོ་ན་ལས། གཞན་དེ་སྐབས་ཀྱི་དབོན་རིགས་གྲྭ་འཁོར་ཚོས་ཆོས་ཀྱི་ཕན་འདོགས་ནི་རང་རང་ལ་གཞི་མ་གྲུབ་པས་ཅི་བྱེད། འཇིག་རྟེན་གྱི་ཕན་འདོགས་ཡང་ཡེ་ནས་མ་བྱུང་མོད། དེ་ཡང་ཕར་བཞག་གདན་སར་སླེབ་ནས་མི་ལོ་བརྒྱད་ཀྱི་བར་དུ་གདན་སའི་དབོན་གཉེར་གྲྭ་འཁོར་དྲག་པ་ཕལ་ཆེ་པས་སྤྱན་རས་བཟླུམ་པོས་སྤྲུལ་སྐུ་ཞེས་མིང་ཟུར་ལ་བཀའ་བཀྱོན་རྟག་ཏུ་ཡོང་བའི་གནས་སུ་བྱས་ནས་སྡོད་པ་ཡིན། སྐུ་སྐྱེ་གཞན་ལྟར་ངེད་མིན་ཞེས་པ་དེ་ཡང་ལགས། གང་ལྟར་ཁོ་བོ་སུ་ཞིག་གི་སྐྱེ་བ་ཡིན་ཀྱང་རུང་། ངེད་རང་ལ་ནི་ཁྱད་ཅུང་ཟད་ཡང་མི་བདོག རིག་འཛིན་པདྨ་ནོར་བུའི་སྐུ་ཉེ་གྲྭ་རིགས་མང་ཞིག་གིས་དེ་མི་སྐྱེ་བ་བདག་མིན་པར་བསྒྲུབ་བཞིན་མིན་དུ་རུང་མོད། དེ་ལྟ་ན་ཡང་སྔོན་ལས་ཀྱི་དབང་གིས་ཚེ་འདིར་མིང་སྤྲུལ་སྐུར་གྲགས་དགོས་ཞིག་དང་། དེ་ཡི་ཁྲལ་ཆོས་རྗེ་པདྨ་བློ་གྲོས་ཀྱི་གདན་རབས་ལ་མཇལ་དགོས་བྱུང་འདུག་པ་དེ་ལ་ཁྱེད་རྣམས་ཁོང་ཁྲོ་དྲག་པོ་མ་མཛད་ཅིག ཁོ་བོ་ནི་བྱ་བྲལ་གུ་ཡངས་ཡན་པ་བློ་འདིའི་སྐྱེ་བར་སྨོན་གྱིས་མཆིས་ལགས་སོ། །དེ་ཡང་གདན་ས་ཡི་མིང་ཅན་དེར་རང་ཉིད་སླེབ་པ་ནས་བཟུང་རྒྱལ་ཁམས་མ་འགྲིམས་ཀྱི་བར་བླ་གྲྭའི་ནང་དུ། མཐོན་པོ་རྣམས་ལ་འགྲན་སེམས་མེད་པར་གོང་དུ་ཁུར་མཁས། བར་པ་རང་མཉམ་རྣམས་ལ་མཐོས་གནོན་མེད་པར་འགྲོགས་མཁས། དམན་པ་རྣམས་ལ་ཁྱད་གསོད་མེད་པར་བཀོལ་མཁས་སུ་རང་ངོས་ནས་ནི་བགྱིས་ཁུལ་བྱས། འོན་ཀྱང་རྒྱུད་མི་བསྲུན་པ་རེས་འགའ་དང་སྤྱོ་དངོས་པར་ནི་མཐའ་མ་བཀག་མོད། དུས་དེ་སྐབས་ཀྱི་སྤྱོད་པའི་ལོ་རྒྱུས་ཡིན་ལུགས་དྲང་པོ་ཀུན་ལ་གསལ་བ་དེ་ཡིན་ནོ། །གང་ལྟར་རྗེ་གདན་དྲུང་སྐུ་ཞོགས་སུ་སྡོད་རིང་ཡུལ་དེར་དཔག་པའི་སྐུ་སྐྱེའམ་སྤྲུལ་སྐུའི་མིང་ཅན་རྣམས་ཀྱི་མིག་སྲོལ་ལ་ངེད་རང་ནས་སྤངས་རྟོགས་ཡོན་ཏན་མེད་པས་བཟང་དཔེ་ནི་ཅི་ལ་འགྱུར། འོན་ཀྱང་ཕྱིའི་ཀུན་སྤྱོད་ལ་མ་དཔེར་འགྲོ་བ་ནི་མ་བྱས་ཏེ་འདི་སྐོར་གྱི་རྟོགས་བརྗོད་ཆ་ཤས་གཞན་དུ་བྲིས་པ་ལས་ཤེས་སོ། །

གསེར་འཕྱང་གི་ལོ་འདི་ནས་ཕྱིའི་དགོན་རིས་སྦྱིན་བདག་ཡུལ་སྡེ་ཡོངས་ནི་མགུ་ཞིང་འཕྲིན་ལས་ནི་རྒྱས་པའི་དབུ་ཚུགས། སིན་པ་ནི་གཞན་དོན་མི་ནུས་པ་ལ་འཕྲིན་ལས་སྐྱེ་བ་བདུད་ཀྱི་ཕྱེ་གཏོར་དུ་ནི་སྙིང་ནས་ངེས། ནང་གི་གྲྭ་རིགས་རྣམས་ཀྱིས་ནི་སྔར་ལས་ལྷག་ཙམ་གྱི་བཀའ་སྐྱོན་བརྙས་པ་ཁོ་ན་གནང་། རང་ཉིད་རྣམ་གཡེང་ཟང་ཟིང་གི་བློ་འདོད་དེ་འདྲ་སྙིང་ནས་མེད་ངེས་ཡིན་ཞིང་། དེ་སྟབས་རྗེ་བླ་མར་དགོངས་པ་ལན་གཅིག་མ་ཡིན་པར་ཡང་ཡང་ནན་དུ་ཞུས་པས། འདི་ལོ་ཟུར་མང་གཏེར་སྟོན་དྲུང་དུ་འགྲོ་ཆོག་པའི་བཀའ་ཡི་ཁྲོལ་ཆ་ཡང་བྱུང་ལ། དེ་མིན་སྡོད་དགོས་བྱུང་བར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཚིག་དོན་མཛོད་དཔེ་ལྟ་བྱས་པས་རྐྱེན་བྱས། དེ་ཕན་ཆད་ཀྱི་ཉམས་ལེན་མཉམ་མེད་སྒམ་པོ་པ་ཡབ་སྲས་ཀྱི་རྩེ་གཅིག་གི་རྣལ་འབྱོར་དུ་བརྡར་བཞག་པའི་གནས་འགྱུ་བར་ལག་འགྱེལ་བའམ་གཉིས་མེད་དུ་རྟོགས་པ་ནི།

ཁྱབ་བདག་རྩ་བའི་བླ་མ་ཀུན་བཟང་པདྨ་བདེ་བ་ཆེན་པོའི་སྤྱན་སྔར་སྐྱེས་ཤིང་ངོ་འཕྲོད་ཀྱང་འདི་སྐབས་སུ་དེ་ཡང་ཕྱོགས་རེ་བ་རྒྱ་ཆུང་ངུར་སོང་སྟེ་སེམས་གཞི་མེད་རྩ་བྲལ་ཞེས་པ་དེ་སེམས་འཚོལ་སྐབས་ཀྱི་གོ་བབ་ཤེས་རབ་ཅན་ཕལ་ཆེ་ལ་བླ་མ་མྱོང་བ་ཅན་གྱི་ངོ་སྤྲོད་ཚེ་བློ་ཡུལ་དུ་ཡོང་བ་ཐུན་མོང་དེ་དང་ཡེ་མི་འདྲ་བའི་མྱོང་བ་ཞིག་སྐྱེས་པས་སྔར་གྱི་ཚིག་དེ་ཚོ་གོ་པ་འོལ་ཅི་རུ་སོང་། འདི་སྐབས་སུ་ཡང་ཕྱོགས་གཅིག་ནས་གོ་བར་འདུག་ཀྱང་གོ་བ་དེ་ནི་ཡང་དག་པའི་གོ་བ་སྤྲོས་པ་ཆོད་པ་དེར་གྱུར་གོ་བ་རྣམ་པར་དག་པ་དང་ནི་རྟོགས་པ་དང་གཉིས་ཧ་ཅང་གི་ཁྱད་ཆེ་བ་མེད་ཞེས་གྲུབ་ཐོབ་ཨོ་རྒྱན་པའི་གསུང་ཡིད་བཟང་བརྩེ་བའི་རྣམ་ཐར་དུ་དྲངས། ངེད་རང་གི་ཤར་ཚུལ་དང་ནི་ཐུན་གཞན་ཚོ་དང་མཐུན་མིན་ནི་མ་ཤེས་སོ། །དེ་ཡན་ཆད་དུ་ཉམས་ཀྱི་འཆར་ཆ་ཚད་བཟུང་ལས་འདས་པ། བྱུང་བ་སྔོན་གྱི་སྦྱངས་ལྷག་ཏུ་གྱུར་ཀྱང་དེ་ངོ་ཅུང་ཟད་མ་འཕྲོད་པ་དང་ཚུལ་བཞིན་སྐྱོང་རྒྱུ་མ་བྱུང་བས་ཕྱིས་དཀོར་རྫས་ལ་ལོངས་སྤྱོད་ཚེ་འགྲིབ་པར་གྱུར་པ་ཡི་ཚད་བཟུང་མ་ནུས་གཤིས། དེས་ན་སྐབས་འདིའི་ཉམས་མྱོང་ཉིད་ཚེ་འདིར་དགེ་སྦྱོར་གཤའ་མ་སྐྱེ་བའི་རྐང་དེ་ནས་ཚུགས་པ་ཡིན་འོན་ཀྱང་འདི་དུས་ཀྱི་ཕྱག་ཆེན་ལ་མོས་ཞེན་ཆེ་ཞིང་སེམས་ངོ་གོམས་འདྲིས་ཡང་དེ་གའི་ཞེས་པ་ལྟར་སྐྱོང་བ་ཡིན་པས། དེ་ལ་བཀའ་བརྒྱུད་པ་གོང་མ་རྣམས་ཀྱི་ཞལ་ནས་ཕྱག་ཆེན་རྟོགས་པའི་སྣེ་ཟིན་དགེ་སྦྱོར་སྐྱེས་ཀྱང་དེ་སྐབས་བརྩོན་པས་མ་སྐྱོངས་ན་སྒོམ་འགྲིབ་འགྲོ་གསུངས་པ་དེ་ཡང་ཤིན་ཏུ་ནས་ཐུགས་ཆད་འདུག དེ་ལ་མཁས་གྲུབ་སོག་བཟློག་པ་ཡབ་སྲས་རྣམས་ཀྱི་ནི། སེམས་ཕྱོགས་ཀྱི་མན་ངག་སྤྱི་བཏང་ཡུལ་ལམ་དུ་བྱེད་པ་དང་། ཀློང་ཆེན་པ་ཡན་ཡུལ་ཅན་ལམ་དུ་བྱེད་པས་རྫོགས་ཆེན་སྙིང་ཐིག་ལུགས་ལ་ངོ་བོ་མཐོང་ཕྱིན་མི་འགྲིབ་ཅེས་གསུངས་པ་དེ་ཡང་ཅི་ལྟ་བ་མཁྱེན་པའི་ལེགས་བཤད་ཡང་དག་པར་མངོན་ནོ། །

བསོད་ནམས་མཐུ་ཡིས་བདེ་ཆེན་གླིང་དང་མཇལ། །རྒྱུ་དེས་ཆོས་ཀྱི་སྲོག་རྩ་བྱིན་རླབས་ཞུགས། །སྨོན་ལམ་སྟོབས་ཀྱི་ཀུན་མཁྱེན་གསུང་ལ་མོས། །རྐྱེན་དེས་རྫོགས་ཆེན་གྲུབ་མཐར་མོས་གུས་བརྙེས། །དེ་དག་སྟོབས་ཀྱི་ཉམས་ལེན་རྐང་པ་ཚུགས། །སྐལ་པ་དམན་ཡང་སྐལ་མེད་མིན་ཙམ་མངོན། །བཟང་ངན་ལས་ཀུན་བསླུ་མེད་རྒྱལ་བས་གསུངས། །ཇི་བཞིན་མ་འདྲེས་སྣང་བ་ཡ་མཚན་སྐྱེས། །ཞེས་སོ། །ཉམས་མྱོང་དེ་ཀའི་རྒྱུན་ལ་བརྟེན་ནས་བླ་མ་གོང་མ་མང་ཞིག་གིས་བཞེད་པ་ལྟར་ན་བདེ་སྟོང་དཔེ་ཡི་ཡེ་ཤེས་ཡང་དེ་སྐབས་ཆ་མཐུན་སྐྱེས་པར་རློམ་ཡང་། རྒྱུད་སྡེ་ཆེན་པོའི་དགོངས་དོན་ལྟར་ན་དེ་ཅུང་ཟད་མིན་པར་སྣང་ཡང་། གང་ལྟར་ཉམས་མྱོང་བརྟན་པོར་སྐྱེས་པའི་ནུས་པས་ཕྱི་ནང་རྟེན་འབྲེལ་གཅིག་པའི་གནད་ཀྱིས་ཕྱི་ན་ཡང་རང་ཉིད་གར་གནས་དེ་རུ་སྤྲིན་སྨུག་ན་བུན་འཇའི་རང་བཞིན་ཡ་མཚན་པ་དང་། རླུང་ཡང་དལ་བར་གཡོ་ཞིང་བག་དྲོ་ཡིད་དུ་འོང་བའི་རྣམ་པ་དང་། རང་གི་དྲུང་ན་འཁོད་པ་ཀུན་བག་ཕེབས་པ་དགའ་འཛུམ་གྱི་ངང་ཚུལ་དུ་སྣང་སྟེ། དོན་ལ་རང་སེམས་ལ་བདེ་ཉམས་ཀྱི་ཤར་ལུགས་ཙམ་ལས་ངེས་བཟུང་ཚད་མ་ནི་ཕྱིར་ཡོད་གང་ལྟར་དེ་སྐབས་སུ་བདེ་སྡུག་སྙན་མི་སྙན་ཚ་གྲང་གི་མྱོང་རེག་རྣམས་ཀྱང་རྣམ་རྟོག་གི་རང་གཟུགས་ལས་གཞན་པའི་རང་རྒྱུད་བྱེ་བྲག་པར་མ་འགྲུབ་པའི་ངང་ཚུལ་དུ་རྟོགས་པས་དེ་དག་ཀུན་ཀྱང་རིག་ངོ་རོ་མཉམ་ཉིད་དུ་ཤར་བ་དང་། ལྷ་ལ་ཆགས་པ་འདྲེ་ལ་སྡང་ཞེན་ཡང་རེ་དོགས་ཀྱི་འཆར་ཆ་ཕྲ་མོ་ཙམ་ལས་གཞན་རང་སར་ཞི་ཞིང་མངོན་ཞེན་རེ་དོགས་ཁོ་རང་ཡང་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་ཡོ་ལོང་ལས་གཞན་དུ་མེད་པ་ནི་ངེས་ཤེས་གཏིང་ཚུགས་པ་སོགས་གཞན་བློར་འགལ་བ་རང་བློར་མ་འགལ་བའི་མྱོང་བ་དུ་མ་ཞིག་ཤར་ཏེ། དེ་ངང་ཟླ་བ་གསུམ་ཙམ་བར་དུ་ཉམས་དེ་ཀ་བརྟན་པར་གནས་སོང་། འདི་སྐབས་སུ་དབེན་པའི་གནས་བརྟེན་གཏུམ་མོ་རླུང་ཐིག་གནད་དུ་བསྣུན་ནས་བོགས་བསྟེན་དགོས་རྒྱུ་ལ། དེ་ལྟར་མ་འགྲུབ་པས་ཕྱིས་དགེ་སྦྱོར་ལ་བོགས་བསྐྱེད་ཤིན་ཏུ་ཆུང་བ་བྱུང་། སྤྱིར་ནི་མི་བརྟན་པའི་མྱོང་བ་རྣམས་ཉམས་དང་བརྟན་པ་ནི། རྟོགས་པ་ཡིན་ཞེས་སྨྲ་ཡང་དོན་ལ་སེམས་ཉིད་རིགས་རྒྱུད་རང་གསལ་གྱི་ངོ་བོ་ལ་ནི་ནམ་ཡང་འཕོ་འགྱུར་མེད་ཀྱང་། གནས་སྐབས་སུ་ཀུན་རྫོབ་རྩ་རླུང་ཐིག་ལེ་འཕེལ་འགྲིབ་ཀྱི་རྟེན་འབྲེལ་དང་རྐྱེན་དབང་རྣམ་རྟོག་རླུང་གི་བྱེད་ལས་ཀྱི་དགེ་འབྱོར་ལ་འཕེལ་བ་དང་འགྲིབ་པའི་ངང་ཚུལ་དུ་མ་ཞིག་ནི་སྟོན་མོད། འཕེལ་འགྲིབ་སྣང་ཡང་འཕེལ་འགྲིབ་ཀྱི་རྣམ་རྟོག་ཁོ་རེའི་རང་ངོ་མཉམ་ཉིད་དུ་ཤེས་པས་རྦ་རླབས་རྒྱ་མཚོར་ངོ་ཤེས་པ་ལྟ་བུར་སྙིང་ནས་ཐག་ཆོད་ཅིང་ཐེ་ཚོམ་ཕྲ་བ་ཅི་བྱས་གུ་ཡངས་ཟོལ་བདེ་བ་རྟོགས་པ་ཡིན་ལ་དེ་མ་ཡིན་པར་ངོ་བོ་འགྱུར་མེད་དེ་རྣམ་རྟོག་འགྱུར་བཅས་ཀྱིས་བསྒྲིབས་ནས་འཕེལ་འགྲིབ་ཉམས་ལ་བླང་དོར་དང་གང་ཤར་དེ་ཐོག་ཏུ་མི་བདེ་བའི་ཡིད་གཉིས་ཕྲ་མོ་ཡོད་ཕྱིན་ཉམས་མྱོང་ཕྱོགས་སུ་རང་ལུགས་ལ་བཞག་གོ །དེ་ལྟའི་རྣམ་བཞག་དང་རང་གི་ཉམས་མྱོང་ཕྲན་བུ་སྐྱེས་པའི་ངང་ཚུལ་རྒྱས་པར་ཡི་གེ་འཇིགས་པས་འདིར་མ་བཀོད་ཀྱི་གཞན་དུ་སྨྲ་བས་དེར་རྟོགས་པར་བྱའོ། །འདི་ལོ་ཟུར་མང་དུ་འགྲོ་ཐག་ཆོད་རྩིས་ཀྱི་རྗེ་གདན་དྲུང་ལ་ཐོན་ཕྱག་ཞུ་བའི་ཕྱིར་ཉི་མ་ཕུག་ཏུ་སླེབས་སྐབས་གདན་ས་ནས་ཕོ་ཉ་ཆེད་མངགས་ཀྱི་ཕྱག་མཛོད་རི་བཀྲ་གནས་ནང་འགྲོ་ལམ་དུ་གློ་བུར་གནམ་རྡོ་ཞིག་སྤྱི་བོར་ལྷུངས་ནས་ཚེ་དུས་བྱས་པར་ཇི་མྱུར་དུ་གཤེད་འཕྲལ་དད་ལམ་བསྟན་ཡོངས་དགོས་ཚུལ་ཕེབས་པས་དེ་ཕྲལ་དུ་སྐུ་ཞོགས་སུ་བཅར་ནས་གཤེད་ཕྲལ་ལམ་བསྟན་རྣམས་ཁ་ཞེ་མེད་པར་བསྒྲུབ།

དེ་སྐབས་ལན་གཅིག་ཉམས་ཀྱི་སྣང་བར་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཁྲུ་གང་པ་ཙམ་དང་། རྨི་ལམ་དུ་འོད་ཀྱི་རྣམ་པར་རྡོ་རྗེ་ཁྲོ་ལོད་དཀར་པོ་ཞིག་ཀྱང་མཇལ་ཕྱག་མཛོད་ཀྱི་གཤེགས་རྫོང་གྲུབ་ཕྲལ་དུ་ཟུར་མང་དུ་འགྲོ་རྩིས་ཡིན་ཡང་ཕྱག་མཛོད་གཤེགས་སྟབས་ཀྱིས་གདན་དྲུང་ནས་རེ་ཞིག་བཀའི་མ་གནང་ཞིང་། དེ་ནས་བྱ་བ་གཅིག་གྲུབ་ཚེ་གཅིག་ཤར་བ་ཆུའི་གཉེར་མ་བཞིན་སངས་དུས་མེད་པས་དུས་འདས་ནས་རང་གི་བློ་འདོད་ལ་ཡོད་པའི་རི་དྭགས་རྨས་མ་ལྟ་བུ་དབེན་པའིག་ནས་སུ་རྩེ་གཅིག་ཏུ་བསྒྲུབ་པ་ལ་གཞོལ་ནས་ལུས། རྟེན་འདིར་གྲུབ་པ་ཐོབ་པ་ཞིག་ཅིས་ཀྱང་བྱའོ་སྙམ་ཡང་མ་གྲུབ་པ་དེར་གདའ། གང་ལྟར་གོང་གི་ཉམས་ཀྱི་འཕྲོས་སུ་འདི་སྐབས་ཅི་སྣང་ཀུན་ལྷ་ཡི་རང་བཞིན་དུ་རང་ཤར་བ་ཞིག་བྱུང་། དེ་སྐབས་དགེ་སྦྱོར་སྐྱེ་ཚུལ་ཙམ་ལས་གཞན་དུ་མ་དམིགས་ཡང་། དུས་ཕྱིས་རྒྱུད་གཞུང་གི་དོན་ཆ་ཤས་ཐོས་ཚེ། རྒྱུད་ནས་བཤད་བཞིན་པའི་ལུས་དབེན་རྣམ་པ་སྐྱེས་པ་ཡིན་འདུག

འདིར་སྨྲས་པ། བཅོས་མེད་ཆོས་ཉིད་བཅོས་མའི་སེམས་ཀྱིས་བསྒྲིབས། །མ་བཅོས་རང་རིག་རང་ངོ་ཤེས་པའི་ཚེ། །ཅིར་སྣང་བདེ་ཆེན་ལྷ་ཡི་རོལ་པར་ཤར། །ཞལ་ཕྱག་ཅན་དང་ཤེས་ལས་འདས་པའི་ལྷ། །གཟོ་མེད་གཉུག་མའི་མཁའ་ལ་རང་གྲུབ་འདི། །ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རང་འགྲོས་ཏེ། །རྡོ་རྗེ་ཐེག་པའི་སྤྱི་གཞུང་གསང་འདུས་ཀྱི། །རྒྱུད་ལ་ཐུག་ཞེས་འཕགས་བོད་ཤིང་རྟ་ཆེ། །ཀུན་གྱིས་བཞེད་བཞིན་ངེས་ཤེས་སྙིང་ནས་སྐྱེས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །མཐའ་བྲལ་ཕྱག་རྒྱ་ཆེ་འདི་རྨད་དུ་བྱུང་། །ཚུལ་འདི་རང་ཡང་སྐལ་བཟང་ཉིད་དུ་སེམས། །ཞེས་སོ། །ལྷག་ཏུ་འདི་དུས་ཟུར་མང་གཏེར་སྟོན་རིན་པོ་ཆེ་བཛྲ་ལ་ལཱི་ཏ་དང་མཇལ་དགོས་ཡོད་ཀྱང་རང་དབང་དུ་མ་གྱུར་ཏེ། རིན་ཆེན་ཆོས་དག་དཀོན་ལ་རྟག་ཏུ་འཚེ་བ་མང་། ཞེས་པ་ལྟར་ཕྱག་མཛོད་དུས་ལས་ཡོལ་བ་དེས་ངེད་རང་ལ་ནི་གདན་སའི་ཁུར་གྱིས་ཆོས་ཀྱི་བར་ཆད་ཤིན་ཏུ་ཆེ་བ་བྱུང་། ཕྱིས་ཆོས་བསྒྲུབ་བཞེད་རྣམས་ཕྱི་བཤོལ་དབང་དུ་ཡུད་ཙམ་ཡང་བཏང་མི་རུང་བར་གདའོ། །ལོ་དེར་གསལ་གྱི་ནང་འཁྲུག་སྟོབས་ཆེ་བ་དེ་ཡང་བཟླུམ་པས་ཐོག་མར་དཀའ་ཚེགས་ཆེ་ཡང་རང་གི་འབད་པ་ཆེན་པོ་བྱས་ཤིང་མཐར་འགྲིག་ལ་ཉེ་སྐབས་༸རྗེ་གདན་དྲུང་དང་ཀུན་རྣམ་ཡང་བྱོན་པ་ཡིན། ལོ་དེའི་སྟོན་གཞུག་ལ་ཀཿཐོག་ཏུ་ཕྱིན་རྒྱལ་བའི་སྲས་བསོད་ནམས་ལྡེའུ་བཙན་ཞལ་མཇལ་ཞིང་ལྷ་ལས་བབ་པའི་དུས་བཟང་པོར་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་སྐྲ་ཕུད་ཡང་དེ་སྐབས་སུ་ཕུལ་བས་མིང་བསོད་ནམས་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོར་བཏགས། སྐྱབས་འགྲོའི་བསླབ་བྱ་སྡོམ་པ་ནི་སྔར་ནས་ཡང་ཐོབ་མོད། སྐྲ་ཕུད་ནི་དེ་སྐབས་བར་ཕུལ་རྒྱུ་མ་བྱུང་། ཡིན་པ་ནི་གྲོགས་ཀྱི་མིག་སྲོལ་ངན་པའི་སྐྱོན་དང་རྩ་བའི་བླ་མ་ཞལ་མ་བཞུགས་ཕྱིན་གང་འབྱུང་དུ་འབུལ་པར་བློ་མ་ཕྱོགས་པའི་དོན་ཀྱང་ཡིན། དེ་བས་སྔོན་ལ་ཕོ་མོ་སྐྲ་བཅད་ནི་མང་དུ་བྱུང་ཡང་། རང་གི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་ཡོད་པས་ལྟུང་བ་ཆེན་པོ་ནི་མི་འགྱུར་རུང་རང་གི་སྐྲ་མ་གཅོད་པར་གཞན་གྱི་སྐྲ་བྲེག་པར་ནི་ཉེས་བྱས་ནི་ཡོང་བར་བྱེད་དགོས། ལར་སྐྱབས་འགྲོ་ནས་ཚངས་སྤྱོད་ཀྱི་དགེ་བསྙེན་བར་བླངས་ཡུལ་མ་འབྱོར་ན། དཀོན་མཆོག་རྟེན་གྱི་དྲུང་དུ་རང་གིས་བླངས་བར་ཡང་རུང་བར་བཞེད་པས་སོ། །

འདི་རེས་རིག་འཛིན་རོལ་པ་རྡོ་རྗེ་ཉག་གཤིས་ཕྱོགས་སུ་བཞུགས་ཡོད་འདུག་པས་མཇལ་འདོད་སྐོམ་ནད་ཅན་ཆུས་གདུང་བ་ལྟ་བུས་རྒྱུ་ཤས་གྲུ་ཁ་བར་ཕྱིན་ཀྱང་ཟླ་བོ་གཉིས་འགྲོ་མ་འདོད་པའི་གཡོ་སྒྱུས་དེ་ནས་ལོག་དགོས་བྱུང་། དེ་མིན་ངེད་རང་གཅིག་པུར་འགྲོ་ཆོག་མོད་ཀྱང་། མི་རྣམས་ཀྱི་སྨྱོ་འདུག་ཞེས་པའི་ཁ་ཟེར་ལ་འཇིགས་ནས་འགྲོལ་བཏུབ། ཚེ་འདིའི་གཏམ་མི་སྙན་པར་དགོས་པས་བསླུས་པ་ཡིན། དམ་པའི་ལྷ་ཆོས་སྙིང་ནས་བསྒྲུབ་པ་རྣམས་ཚེ་འདི་སྣང་ལོ་འདོད་ཀྱི་གཏམ་མཐའ་དག་རྒྱབ་ཏུ་བོར་དགོས་འདུག་གོ །མི་ཚེ་ཡུད་ཙམ་ལས་མི་ཡི་འཕྱ་ཁྲེལ་ངན་བརྗོད་ཅི་བྱུང་བཟོད་པར་ལྷ་ཆོས་གཤའ་མ་ཞིག་དགོས་པར་གདའ་སྟེ། ད་རེས་ངེས་བློ་ཚན་ཨན་ཆུང་བས་བླ་མ་མ་མཇལ་གྱིས་ཕོང་ངོ་། །དེ་ཡང་གྲོགས་ངན་སྤྱང་ཀི་རྒྱབ་སེར་རྐྱེན་ལས་བྱུང་བ་ཡིན། ཆོས་ཀྱི་གེགས་བྱེད་པའི་གྲོགས་དེ་ལྟ་བུའི་དབང་དུ་འདི་ནས་བྱང་ཆུབ་ནམ་ཐོབ་བར་དུ་མི་འགྲོ་བར་སྨོན་གྱིས་འགྲུབ་པའི་དཔང་པོ་རྒྱལ་བ་སྲས་དང་། སློབ་མ་དེས་གསུང་བཀའ་ལུང་རྣམས་ཀྱིས་མཛོད་ཅིག འདི་བྲིས་དགེ་བས་མཉམ་འགྲོ་བ་ཀུན། །རྗེ་བཙུན་བླ་མའི་རྣམ་ཐར་རྗེས་ཞུགས་ཏེ། །ས་དང་ལམ་གྱི་ཡོན་ཏན་རིམ་རྫོགས་ནས། །ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་ཤོག །མངྒ་ལཾ།

མ་བཅོས་གཉུག་མའི་ཟོག་པོ་མིང་གི་བླ་བཏགས་རིག་པ་འཛིན་པ་ཚེ་དབང་ནོར་བུའི་འཁྲུལ་སྣང་རྫུན་གྱི་རི་མོ་ཆ་ཤས་ཙམ་བཀོད་པ་སྨིག་རྒྱུའི་ཆུ་བོ་ཞེས་བྱ་བ།

༄༅། །མ་བཅོས་གཉུག་མའི་ཟོག་པོ་མིང་གི་བླ་བཏགས་རིག་པ་འཛིན་པ་ཚེ་དབང་ནོར་བུའི་འཁྲུལ་སྣང་རྫུན་གྱི་རི་མོ་ཆ་ཤས་ཙམ་བཀོད་པ་སྨིག་རྒྱུའི་ཆུ་བོ་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་མ་ཧཱ་གུ་རུ་མུ་ལ་པདྨ་སམྦྷ་ཝ། མཚུངས་མེད་སངས་རྒྱས་རྒྱལ་དབང་པདྨ་འབྱུང་། །གསང་བདག་བདེ་ཆེན་དབྱིངས་བདག་མཚོ་རྒྱལ་མ། །རིགས་འདུས་ཐུགས་ཀྱི་རྡོ་རྗེ་བདེ་ཆེན་གླིང་། །རྩ་བའི་བླ་མར་གུས་པས་ཕྱག་འཚལ་ལོ། །དེ་ཡང་སྔགས་འཆང་ཟོལ་འཛིན་རྨོངས་རྒན་བདག །ཐ་མལ་རིགས་སྐྱེས་ཐོས་བསམ་སྒོམ་པ་དབེན། །ཉོན་མོངས་རགས་ཤིང་སྔོན་ལས་མ་དག་འཐུག །ཡང་ནན་དཀོར་སྒྲིབ་བག་ཆགས་ངན་པས་གཡོགས། །འཁྲུལ་ཚབ་ཆེ་ཞིང་མི་དགེའི་ལས་ཀྱང་བསགས། །ཕོ་ཟོབ་གཡོ་སྒྱུ་ཆོས་བརྒྱད་ཤུགས་ཀྱི་ཚངས། །ཁེ་གྲགས་ལོ་འདོད་སྐྱིད་འདོད་རབ་ཏུ་དགའ། །བག་མེད་བཏང་སྙོམས་སྟོབས་ཆེ་སྡོམ་ཀྱང་ལྷོད། །དེས་ན་རང་གི་སྤྱོད་ལ་རང་བལྟས་པས། །ངེས་པར་བདུད་ཀྱི་བྱིན་གྱིས་བརླབས་པའམ། །དགེ་ཟད་དམྱལ་བར་འགྲོ་བའི་རིགས་ཅིག་ནི། །ཡིན་སྙམ་རང་ཉིད་ཡང་ཡང་སེམས་གྱུར་མོད། །འོན་ཀྱང་སར་གནས་སེམས་དཔའ་རྡོ་རྗེ་འཛིན། །དམ་པ་མང་མཇལ་སྨིན་གྲོལ་གདམས་པ་མནོས། །ལས་ཅན་སྐྱེས་བུར་དབུགས་དབྱུངས་ཐུགས་སྲས་བཟུང་། །དམ་སེལ་སྐྱོན་མེད་བདག་རྐྱེན་ཁྱད་འཕགས་གནང་། །དེ་ལ་དཔག་ན་རང་གི་སེམས་རྒྱུད་ལ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྟེན་འབྲེལ་གནད། །མ་ནོར་མ་འཆུག་མང་པོ་རྒྱུད་ལ་འཆར། །ཆོས་ཚུལ་རང་རྡོལ་ཤེས་རབ་འགའ་ཡང་རྒྱས། །དཀའ་བའི་གནད་གྱུར་འགའ་ཡི་དོན་ཀྱང་རྟོགས། །དད་མོས་གུས་པ་འགྱུར་མེད་རབ་ཏུ་བརྟན། །སེམས་རྒྱུད་སྡིག་པའི་ལས་ལ་ཆེར་ཆར་འབགས། །ཆོས་མིན་གཞན་མགོ་མ་གཡོགས་དྲང་པོར་བསྲོང་། །དེས་ན་ད་ལྟ་བདག་ལ་ཡོན་ཏན་ཆ། །མེད་རུང་སྐྱེ་སྔོན་ལས་འཕྲོ་དམ་ཆོས་ལ། །བཞག་པ་ཞིག་གི་བྱིན་གྱིས་རླབས་པ་ནི། །སྲིད་མཐའ་མ་བཀག་ཙམ་དུ་འགྱུར་རམ་སྙམ། །དེ་ཚེ་རང་གི་ཚེ་འདིར་ལེགས་ཉེས་ཀྱི། །འཇུག་སྒོ་ཉིད་ལས་ཟབ་དང་རྒྱ་ཆེ་བའི། །དག་སྣང་མོས་གུས་མེད་རུང་འཁྲུལ་བ་ཡི། །འཁྲུལ་སྣང་དཔྱད་དངོས་ཉམས་དང་རྨི་ལམ་གྱི། །ཤར་ཚུལ་ཞར་བྱུང་གསང་བར་འོས་པའི་སྐོར། །འགའ་བཅས་ཐོ་ཙམ་རྫུན་མེད་ཉིད་བྲི་ན། །བླ་མ་ལྷ་དང་དྷཱ་ཀིས་ཡོངས་གནང་ཞིང་། །བར་ཆད་ཉེས་བྲལ་དངོས་གྲུབ་སྩལ་དུ་གསོལ། །

ཞེས་ཕྱག་འཚལ་བ་དང་བཤད་པར་དམ་བཅའ་སྔོན་དུ་བཏང་ནས། །དེ་ཡང་རྨོངས་ལས་ཆེས་རྨོངས་པའི་གཏི་རྒན་དོན་མེད་མིང་དད་ལྡན་པའི་བླ་གཟུགས་བདག་འདྲའི་འཁྲུལ་སྣང་ཁ་འཁྱལ་གྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཚུལ་ལས་སྤྱད་རབས་ཅུང་ཟད་ཅིག་སྨྲ་ན། སྔོན་གྱི་གནས་དང་ཕྱི་མའི་ཚུལ་རྣམས་ནི་གསལ་བར་བརྗོད་པ་རྔོ་མ་ཐོགས་ཤིང་། ཆ་ཤས་ནི་གཞན་དུ་བརྗོད་པར་འགྱུར་ལ། ཚེ་འདིར་ཡང་སྔོན་གྱི་ལས་འཕྲོ་སྨོན་ལམ་གྱི་མཐུས་ཀུན་བཟང་རྡོ་རྗེ་སེམས་དཔའ་དང་ཞལ་མི་གཉིས་པའི་བླ་མ་མཆོག་རྣམས་ཀྱི་རྗེས་སུ་བཟུང་ནས་སྨིན་གྲོལ་གྱི་གདམས་པ་ཐོས་ཤིང་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་རྙེད་པ། ཡི་དམ་གྱི་ལྷའི་ཞལ་ཡང་ཡུད་ཙམ་ཡུད་ཙམ་མཐོང་བ་དང་། མཁའ་འགྲོ་ཆོས་སྐྱོང་ཡང་འདུ་ཞིང་སྡོང་གྲོགས་ཀྱི་མཚན་མ་མངོན་གྱུར་ཇི་སྙེད་པ་ཐོབ་པར་གྱུར་པ་ཡོངས་སུ་སྨྲ་བའི་གོ་སྐབས་ནི་མེད་ཀྱང་ཆ་ཙམ་སླད་མར་བྲི་བ་ཡང་སྲིད་ལ། འདིར་རང་གི་སྣང་ཚུལ་འགའ་ཞིག་གིས་བསྐུལ་བ་པོའི་ངོ་དང་། དགོས་དོན་ཕྲན་བུ་ཡང་མཆིས་པས་བཀོད་ལ། དེ་ཡང་བདེ་གཤེགས་སྙིང་པོས་ཁྱབ་པའི་རྣམ་ཤེས་དགེ་འབྲས་ཐོབ་པ་བར་དོར་སྲིད་འཚོལ་བ་ཞིག་སྤྲུལ་གཞི་གང་ཡིན་པ་དེའི་བྱིན་གྱིས་བརླབས་ནས་ད་ལྟའི་ལུས་འདི་གྲུབ་པ་སྙམ་བྱེད་ཅིང་། སྐྱེ་བ་དུ་མར་རྡོ་རྗེ་ཐེག་པའི་ལམ་ལ་མོས་པས་སྤྱོད་པའི་བག་ཆགས་ནི་སད་རྒྱུ་ངེས་པར་འགྲུབ། རྟེན་འདིའི་སྔ་མར་གུ་རུ་པདྨ་བཛྲ་གྱིས་དངོས་ཉམས་རྨི་ལམ་དུ་མར་རྗེས་སུ་ཡང་དག་པར་བཟུང་བ་དང་། རྡོ་རྗེ་སློབ་དཔོན་ཆེན་པོ་ཧེ་རུ་ཀའི་གོ་འཕང་ལ་མངོན་སུམ་དུ་རེག་པ་སུ་ག་ཏ་ས་མཱ་ཛ་སོ་ཀྲ་མ་ཡིས་དབང་བསྐུར་ཞིང་དེ་ཁོ་ན་ཉིད་མངོན་པར་བྱས་པ་བྱིས་པའི་དུས་སུ་ཤིན་ཏུ་གསལ་བར་ཡིད་ལ་འཆར་བས་རྡོ་རྗེ་སློབ་དཔོན་དེ་དང་ཚེ་འདིའི་རྩ་བའི་བླ་མ་ཐ་མི་དད་པར་ཤེས་པས་དེའི་ཆོས་རྒྱུད་ལ་མོས་ཞེན་ཆེན་པོ་ཀ་བདོག་ལ། ཆུང་ངུའི་སྐབས་སུ་དེས་རྗེས་སུ་བཟུང་བའི་ལྟས་ཅི་རིགས་པའང་མངོན་ཞེས་མངོན་གྱི་ཚུལ་ལས་ཅུང་ཟད་ཙམ་གླེང་བར་བྱའོ། །གཞན་ཡང་སྐྱེ་བ་སྔ་མའི་ཡང་སྔ་མ་གང་རུང་ཞིག་གི་ལས་ཀྱི་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་དབང་བསྐུར་སྐབས་སུ་དགེ་མཚན་མཐོང་ཞིང་བསྐྱེད་རྫོགས་ལ་ཡང་གོ་བ་བཟང་པོ་ཆགས་པ་དང་། དཔལ་ཆེ་མཆོག་ལ་ཡང་དེ་དང་ཆ་མཐུན་ཙམ་པ་བྱུང་ལ། འཇམ་དཔལ་དཀར་པོ། དབྱངས་ཅན་མ་དམར་མོ། མི་གཡོ་དཀར་པོ་རྣམས་ཡང་སྐྱེ་སྔོན་ཡི་དམ་དུ་བྱས་པའི་མཚན་མ་ཅུང་ཟད་རེ་མཐོང་། རྒྱལ་བའི་བསྟན་སྲུང་ཆེན་པོར་སྐུར་བསྟན་པ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་མགོན་པོ་བྲམ་གཟུགས། ཞིང་སྐྱོང་སེངྒེ་ནག་པོ། དབྱིངས་ཀྱི་མ་མོ་རལ་པ་གཅིག་མ། དྲང་སྲོང་ཆེན་པོ་རྣམས་རབ་ཏུ་ཉེ་བའི་ལྟས་ཤར་ཡང་སྐྱེ་བ་སྔ་མའི་ལས་འབྲས་སུ་གོ །

ཅི་ཡང་ལོ་བཅུ་གཉིས་ཙམ་མན་ཆད་དུ་དངོས་སྣང་ཐམས་ཅད་སྒྱུ་མ་ལྟ་བུ་བདེན་འཛིན་མེད་པ་དང་། སྐབས་འགར་གཞན་རྒྱུད་ལ་ཝལ་ཝལ་ཤེས་ཤིང་། འདུན་པ་གཏད་ཙམ་ནས་རྨི་ལམ་རྒྱུན་མི་ཆད་པར་ཟིན་པ་ལྷའི་ང་རྒྱལ་བརྟན་པོས་ལྷ་འདྲེ་དྲེགས་པ་ཅན་རྣམས་དམ་ལ་བཏགས་པའི་སྣང་བ་མང་དུ་བྱུང་། ཕྱིས་པདྨ་ནོར་བུའི་སྤྲལ་སྐུ་ཡིན་མིན་ཆ་མེད་ཀྱང་མིང་བཏགས་པའི་རྗེས་སུ་འབྲངས་ཏེ་གདན་སའི་ཁུངས་རི་བཀྲར་སླེབས་ནས་བཟུང་རིམ་གྱིས་གཞན་རྒྱུད་ཤེས་པ་ནི་ལྟ་ཅི་སྨོས་རང་གི་གནས་སྐབས་ཀྱི་དཔྱད་པ་ཐིག་པོ་ཙམ་ཡང་འགྲིབ་ཅིང་ཉིན་མཚན་འཁྲུལ་པ་རྒྱ་འབྱམས་རྣམ་གཡེངས་ཀྱི་འཁོར་ལོས་དམ་པའི་ཆོས་དང་རྒྱབ་གྱེས་སུ་གྱུར་པ་འདི་ཀ་གྱུར་སོང་། འོན་ཀྱང་སྐྱེ་བ་སྔ་མའི་ལས་འབྲས་བཟང་པོ་ཡོངས་སུ་འདོམས་པའི་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་དྲན་མཆོག་སྲོག་གི་དྭངས་མ་དཔལ་བདེ་བ་ཆེན་པོ་དང་ཀརྨ་རིག་པ་འཛིན་པ་སྟེ་རྩ་བའི་བླ་མ་རྣམ་གཉིས་ཀྱི་ཐུགས་རྗེས་བཟུང་མཐུས་ཡོན་ཏན་ཆ་ཤས་ཙམ་བདོག་འདིའོ། །གཞན་ཨོ་རྒྱན་པདྨའི་ཟབ་གཏེར་མཆོག་ལ་སྤྱོད་པར་ལྷ་དང་བླ་མ་མཁའ་འགྲོས་མགྲིན་གཅིག་ཏུ་དབུགས་དབྱུང་ཀྱང་གདན་སའི་རྒྱུན་སྲོལ་གྱིས་གཞན་དོན་གཙོ་བོ་ཡུལ་མི་འཁྲུགས་བསྡུམ། གྲོང་ཆོག་སོགས་ཀྱི་བྱ་བས་ལོ་ཤས་དུས་འདའ་པས་དུས་དེ་དང་དེར་གཏེར་སྒྲུབ་སོགས་ཕྱིས་རྟེན་འབྲེལ་ཅི་བཞིན་མ་བྱུང་སྟེ་བྱ་བ་ཆུང་ངུ་ཕྲན་ཚེགས་ཀྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་དེ་བཤོལ་སོང་ནས་ལུས་པ་ད་ལྟ་ཡན་ཆད་འདི་ཡིན་ནོ། །ཞེས་གནས་ཚུལ་སྤྱི་དོན་དུ་གླེང་ནས་ཐོར་བུ་འགའ་ཞིག་བརྗོད་ན། རང་ལོ་ཉེར་གཅིག་སྣེ་ཟིན་སྐབས་བྱེད་ཅིང་རྟེན་འབྲེལ་གྱི་གནད་དང་། བླ་མའི་བྱིན་རླབས་ཀྱི་དེ་བཞིན་ཉིད་ཀྱི་རྟོགས་པ་ཆ་ཤས་ངོ་འཕྲོད་ཅིང་སྣང་ཉམས་ཤེས་ཉམས་འཇིགས་པ་ལ་ཡ་མཚན་མང་དུ་བྱུང་ཡང་ཨུཏྟ་ར་བི་མུཀྟིར་གནས་ཉི་མ་ཕུག་ཏུ་བླ་མ་དགོངས་འདུས་ཀྱི་དབང་ལུང་ཐོ་རེ་ཙམ་ཞིག་མནོས། དེ་སྐབས་ནུབ་གཅིག་མིག་སྨན་ལྟར་གནག་པའི་ཤུགས་འཆང་གི་སྟེགས་ལ་བསྡད་ནས་གྱེན་ཞིག་ཏུ་ཕྱིན་པའི་ལམ་དུ་དགོན་སྡེ་རྙིང་པ་ལྟ་བུ་སྐྱ་ཧམ་ཞིག་འདུག་པའི་ནང་ནས་ཡིད་དུ་མི་འོང་པའི་བཙུན་གཟུགས། བུད་མེད། ཞ་བོ། ལོང་པ། སྤྲང་པོ། ཧྲལ་ཧྲུལ་གོས་ཅན་མང་པོ་ཞིག་ཐོན་བྱུང་བ་ལ་བདག་གི་ཞུ་སྣང་བ་བུད་མེད་ཅིག་འདུག་པ་དེས་འདི་རྣམས་འགོང་པོ་སྤུན་དགུ་ཡིན་པས་དམ་ལ་ཐོགས་ཞེས་བསྐུལ་བས་དཔལ་ཆེན་པོ་ནག་པོ་རྟ་སྐད་ཅན་གྱི་སྙེམས་པ་དང་བཅས་ལག་ཏུ་གླེགས་བམ་ཞིག་འདུག་པ་དེ་རྣམས་ཀྱི་སྤྱི་བོར་བཀོད་ནས་དམ་ཚིག་ལ་བཀོད་པའི་བདེན་སྟོབས་དྲག་པོས་གཅུན་པས་དེ་རྣམས་ཀྱི་བཀའ་ལས་མི་འདའ་བར་ཁས་བླངས་ཤིང་སྲོག་སྙིང་ཕུལ་བ་ནི། ཡ་ཏྲི་ཛཿ ཡ་ཏྲི་ཛཿ མ་ཏྲི་ཛཿ མ་ཏྲི་ཛཿ མ་ཁུ་ཏྲི་ཛཿ མ་ཁུ་ཏྲི་ཛཿ ཏྲི་ཛཿ ཏྲི་ཛཿ བྲམ་ཛཿ བྲམ་ཛཿ ཞེས་ཕུལ་བའི་མཐར་རྨི་ལམ་སད།

རང་ལོ་ཉེར་གཉིས་པའི་སྐབས་ཤིན་ཏུ་ཏིང་རིར་རིག་འཛིན་པདྨ་དབང་རྒྱལ་ལ་གཏུམ་མོའི་ཁྲིད་འབུལ་སྐབས་ནུབ་ཅིག་རྗེ་བཙུན་མ་ཛ་ཡ་མུ་ཏྲ་ལྟ་བུའི་རིགས་སྔགས་འཆང་བ་ཞིག་གིས་ཉེ་བའི་མགོན་པོ་སེངྒེ་ནག་པོའི་དཀྱིལ་འཁོར་དུ་དབང་བསྐུར་གནང་བའི་འཇུག་པའི་སྐབས་རིགས་པའི་མེ་ཏོག་ལྷོར་བབ་སོང་བས་ཁྲི་ལ་དབང་པར་ལུང་བསྟན་ཞིང་གསང་མཚན་པདྨ་སྟོབས་ལྡན་རྩལ་དུ་བཏགས་པ་རྨིས་སོ། །ལོ་དེ་ཉིད་ཀྱི་དབྱར་དུས་བརྩེན་དུ་ཡོད་སྐབས་འོད་གསལ་དང་འདྲེས་པའི་རྨི་ལམ་ཞིག་ཏུ་གནས་གཙང་ཁ་གྲོ་ལོད་ལྟ་བུར་ཕྱིན་པའི་སྣང་བ་ཤར་ཞིང་། དེར་སྐྱེས་བུ་བསེ་རྨོག་བསེ་ཁྲབ་ཅན་གཡས་ཟངས་གྲི་དང་གཡོན་བསྭེ་ཕུབ་བཟུང་བ་ལུས་རླུང་ནག་འཚུབ་མ་འཁྲིགས་པའི་དཀྱིལ་དུ་གནས་པ་དེས་སྲོག་གི་སྙིང་པོ་ཕུལ་བ་ནི། ཙ་ཏྲི་ཙ་ཏྲིཿ ཙ་མུན་ཏྲི་ཤུ་ལཿ ཞེས་དང་གསང་མཚན་བཤད་ཙ་ན་མ་རྫོགས་པར་ཉམས་ཡལ་ལོ། །ཡང་རང་ལོ་ཉེར་གསུམ་པའི་སྣེ་སོན་སྐབས། ཅི་རོང་ཟལ་དགོན་དུ་མགོ་ནད་དྲག་པོ་ཞིག་གིས་རབ་ཏུ་གཟིར་ཚེ་རྒྱལ་འགོང་གདུག་པ་ཅན་དེ་བླ་མ་རང་བྱུང་ཆས་ལྡན་དུ་བརྫུས་བྱུང་བ་ལ་བདག་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ང་རྒྱལ་བརྟན་པོས་རྡོ་རྗེས་ཁོའི་ལུས་ཟངས་ཐལ་དུ་ཁྲོལ་ཚག་ལྟར་མ་གྱུར་བར་བསྣུན་པས། ཕྱག་འཚལ་ཞིང་དམ་ལས་མི་འདས་ཁས་བླང་བྲོ་བོར་བར་གྱུར། དེ་ནས་བདག་གིས་འདི་སྐད་དྲིས་ཏེ། བདག་ནད་འདི་ལས་ཐར་རམ། ནད་འདིའི་རྒྱུ་གང་ཡིན་དྲིས་སྨྲས་པས། ཁོ་ན་རེ། གསོན་དང་རིག་འཛིན་དམ་པ་ལགས། །ནད་འདིའི་རྒྱུ་ནི་སྲུང་མ་ཡིས། །འཁུ་ལྡོག་དག་དང་ཁྱད་པར་དུ། །གྲིབ་ཅན་བུད་མེད་ཕྱག་རྒྱ་རུ། །བརྟེན་པས་མཁའ་འགྲོ་མ་དགྱེས་ནས། །འབྱུང་བཞི་འཁྲུགས་པའི་ནད་དུ་ཤར། །ད་རེས་འཆི་རྐྱེན་མི་ཡོངས་ཏེ། །རིམ་གྲོ་མཁའ་འགྲོའི་གྲིབ་སེལ་གཅེས། །ཞེས་ཟེར། ཡང་དྲིས་པ། དེང་དུས་ཁ་ཅིག་གིས་རྒྱལ་པོ་པེ་ཧར་སངས་རྒྱས་ཚར་ཟེར་བ་བདེན་ནམ་བྱས་པས། ཆོས་འཁོར་རྒྱལ་པོ་པེ་ཧ་ར། །ད་ལྟ་བསམ་ཡས་སྨྱུགས་དྲུང་ན། །ཨོ་རྒྱན་ཡུལ་ལ་ཁ་བསྒྱུར་ཏེ། །འདུག་མོད་སངས་རྒྱས་ག་ལ་ཟེར། །སུམ་ཅུའི་ལོའམ་སུམ་བརྒྱའི་མཚམས། །བསམ་ཡས་མེ་ཡིས་བཤིགས་ཏེ་འགྲོ། །དེ་ནས་པེ་ཧར་རྒྱལ་པོ་ཡང་། །ཨོ་རྒྱན་གཙུག་ལག་ཁང་དུ་འགྲོ། །ཞེས་ཟེར། ཡང་དྲིས་པ། རྒྱལ་པོ་པེ་ཧར་ཨོ་རྒྱན་ཆེན་པོའི་དྲུང་དུ་དགེ་བསྙེན་བསྒྲུབ་ནས་འགྲོ་བ་ལ་གནོད་འཚེ་སྤངས་བར་དམ་བཅས་པ་དང་ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་གྲགས་ཚེ་སེམས་ཅན་སྤྱི་དང་ཆོས་མཛད་རྣམས་ལ་འཚེ་དོན་ཡོད་དམ། འཁོར་བདུག་པ་ཅན་གྱིས་འཚེ་བར་བྱེད་པ་གཙོ་བོས་ཤེས་སམ་བྱས་པའི་ལན་དུ། རྒྱལ་པོ་འཁོར་འདས་ས་མཚམས་ནས། །ཁོ་རང་ཆོས་བཞིན་སྤྱོད་པ་ལ། །གནོད་འཚེ་ཆེན་པོ་མི་བསྐྱལ་ཡང་། །ཁོ་ཡིས་སེམས་ལ་ཅི་འགྱུ་བ། །ཕན་གནོད་ཐམས་ཅད་སྤྲུལ་པས་བསྒྲུབ། །གཙོ་བོའི་ཐུགས་ལ་གང་དགོངས་ཏེ། །འཁོར་གྱིས་ཐོགས་མེད་བརྩོན་པ་ཡིན། །དེས་ན་ཕལ་ཆེར་ཁོང་གིས་ཤེས། །བདག་ནི་རྒྱལ་ཕྲན་ཚུལ་དུ་ནི། །རྒྱལ་པོ་ཆེན་པོའི་སྤྲུལ་བ་ཡི། །ཞེས་ཟེར། གཞན་ལྐོག་གྱུར་གྱི་གནད་འགའ་རེ་དྲིས་པའི་ལན་ཡང་བརྗོད་བྱུང་རུང་། ལ་ལ་ནི་སྣེ་ཟུར་ཐག་ཐུག་འགྲོ་འགྲོ་འདུག་པས་མི་བརྗོད་ལ། འགའ་ཞིག་ནི་ཡུན་རིང་བས་བརྗེད་སོང་། མཐར་ཕཊ་དྲག་པོ་བརྗོད་པ་དང་ཁོ་ཤར་ཕྱོགས་སུ་སོང་སྙམ་པའི་ངང་ལ་སད།

ཡང་སྐབས་དེར་ཉམས་ཀྱི་འོད་གསལ་ཁྲལ་ཁྲོལ་འདྲེས་པའི་སྣང་བ་ཞིག་ཏུ་སྟྭ་མ་སྟེའུ་སོ་ཁོ་སྐྱེས་བུ་ལང་ཚོ་དར་ལ་བབ་པ་རིན་པོ་ཆེས་བརྒྱན་དུ་མས་སྤྲས་པ་རྟ་ངང་སེར་ལ་ཞོན་པ་ཞིག་དང་བུད་མེད་གཡུ་གཡུའི་རྒྱན་ཆ་ཅན་ཞིག་ཀྱང་བྱུང་ནས་དེ་དང་ལྷན་དུ་བདག་ཀྱང་ཁོ་བོའི་གནས་སུ་འགྲོ་བ་ལ་དྲོ་ཞིང་འཇམ་ལ་རབ་ཏུ་ཡངས་པ་ཟླ་ཞུན་ལྟར་དཀར་བའི་གོས་སྤྲད་བྱུང་བ་བགོས་ནས་སོང་བའི་ལམ་དུ་འབྱུང་པོ་ཁྲ་བར་ཡིན་ཞེས་ཞུབ་ཆེན་རྟ་ཞོན་མང་བྱུང་བས་གཙོ་བོ་དེས་སྟྭ་མ་སྟེའུ་སོ་མཐོང་བ་ཚེ་ལམ་དེར་ཁ་སྦུབས་སུ་ཉལ་ནས་ལུས་གནད་དུ་བཏིང་བ་མཐོང་། དེ་ནས་བདག་ཅག་མཚོ་ཆུང་ཞིག་གི་ཁར་གཡུའི་ཐེམ་སྐས་སྒྲིགས་སུ་ཡོད་པའི་མདུན་དུ་སླེབས་ཏེ་ཁོས་གུས་པའི་ཞེ་ས་ཕུལ་ནས་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ཉི་ཤུ་རྩ་ལྔའི་ལྡེའུ་མིག་གཉེར་གཏད་བཀའ་ཡི་བསྲུང་མར་བསྐོས་ཚུལ་དང་། གསང་བའི་མཚན་རྡོ་རྗེ་འགྱུར་མེད་རྩལ་ཞེས་སྐད་པ་དང་། གཞན་ཡང་འཕྲོས་གླེང་འགའ་རེ་བྱུང་སྨོས་ན་གཞན་ལ་གནོད་དོགས་རེ་ཞིག་འདིར་མ་བྲིས། སྤྱིར་ཡུལ་ལྷ་འདི་གཞན་དང་མི་མཚུངས་པར་ཆེ་བའི་དྲེགས་པ་ཅན་ཞིག་ཏུ་གདའོ། །ཡང་ཆུ་སྟག་ལོར་ལ་སྟག་ཡུལ་སེའུ་ལུང་དུ་ཆོས་ཁྲིད་འཆད་སྐབས། ནུབ་གཅིག་ཐོ་རངས་ཁར་ཐོག་མར་བླ་མ་གཞན་ཞིག་དང་མཐར་སྨིན་གླིང་གི་ཞལ་ངོ་འདྲ་བ་དཔོན་གཡོག་མང་དུ་བྱུང་བར་བདག་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ང་རྒྱལ་བརྟན་པོས་དེ་དཔོན་གཡོག་གི་ནང་དུ་ཐལ་གྱིས་ཕྱིན་ནས་གཙོ་བོའི་སྐྲ་ལ་བཟུང་བས་བནྡྷེ་གཞོན་ནུ་རིད་པ་གཅིག་ཏུ་གྱུར་ཏེ་ཕྱག་འཚལ་བར་བདག་གིས་སྨྲས་པ། ཁྱོད་མིང་གང་ཡིན། སྲོག་སྔགས་གང་ཡིན། གནས་ཡང་ཡིན། ལས་ཅི་ནུས། འཁོར་གང་ཡིན་ཤོད་ཅིག་བྱས་པས། ཁོ་ན་རེ། བདག་ནི་ཆོས་སྐྱོང་གི་འགབ་འདྲེ་བྱེད་པའི་རྒྱལ་པོ་ཤེལ་གིང་དཀར་པོ་ཡིན། སྲོག་སྔགས་ནི། ཏྲི་ར་ཙ་གིང་ཀ་རཿ གནས་ཡུལ་ཁམས་ཀུན་ཏུ་ངེས་པ་མེད། ལས་ཆོས་སྐྱོང་གི་སྣ་འདྲེན་བྱས་ནས་དགྲ་བོ་སྒྲོལ་བ་ལ་རྣོ། འཁོར་ནི་འགོང་པོ་དང་ཡུལ་ལྷ་རྣམས་ཡང་གྲོགས་འཁོར་སྡོང་ཟླ་བྱེད་པ་ལགས་ཟེར། ཡང་ཁོ་བོས། དེང་ནས་སྤྱི་དང་ཁྱད་པར་བདག་གི་རིགས་ཆོས་ཀྱི་རྗེས་སུ་འཇུག་པ་ལ་བར་ཆད་མི་བྱེད་ཅིང་སྡོང་གྲོགས་བྱེད་པར་བྲོ་བོར་ཅིག་སྨྲས་པས་ཁོས་ཀྱང་དེ་ལྟར་བྱེད་པ་བཛྲ་ན་ར་ཀན་གྱི་བྲ་བོར། སླར་ཡང་དམོད་པ་མང་པོས་གཅུན་ཞིང་དམ་པ་བཞག་པའི་མཐར་ཡལ་སོང་།

སྔ་སོར་ས་ཁྱི་ལ་མེ་ལོང་དགོན་དུ་ཕྱིན་སྐབས་དཀོར་བདག་ཆེན་པོས་གཏག་སྟོང་འབྲུག་གཉིས་གཉིས་ཁྲག་ལས་གྲུབ་པ་གཡོ་འདར་ཅན་ཕུ་ལ་ཡིན་རུང་རྒྱུད་མི་གཅིག་པ་ཡིན་ནམ་ཡང་ཡང་དམ་ལ་འདོགས་དགོས་པའི་བཀའ་བྱུང་། ཆུ་སྟག་ལོ་མཇུག་དེར་བ་ཁྲོད་ཀྱི་དཀོར་བདག་གདུག་པ་ཅན་ཡང་དམ་ལ་བཞག་མཆིས། ཆུ་ཡོས་ལོར་ཀཿཐོག་གི་ངེད་དམ་ཅན་ཁང་ཉིད་དུ་སྐྱེས་བུ་ཆེན་པོའི་སྤྱི་བོར་དམ་ཚིག་རྡོ་རྗེ་བཀོད་ཅིང་ལྗགས་ལ་ཨ་མྲྀ་ཏའི་ཆུ་བཞག་ནས་དམ་ཚིག་བསྲེས་པ་སྟེ་ཆོས་རྒྱུན་ལ་འགོ་བར་འགྱུར་སྙམ། ཤིང་སྦྲུལ་ལོར་སྤུ་བོ་བྲག་སྐས་རྫོང་གི་སྒོ་སྲུང་ཤིན་ཏུ་མི་བསྲུན་པའི་མགྲོན་ཐང་བདུད་དེ་ཉིད་འགྲོ་བ་ལ་རབ་ཏུ་འཚེ་བར་ཐོས་ཏེ་ཏིང་ངེ་འཛིན་གྱིས་གཅུན་པས་ཁོའི་རང་གཟུགས་ཁྱི་ནག་གདོང་དཀར་ཞིག་ཏུ་བསྟན་ནས་སྲོག་སྙིང་ཕུལ་བྱུང་བ་ལ། ཕྱིས་ཁོ་བོའི་གནས་སུ་ཕྱིན་ནས་གཅུན་ནུས་པས་སླར་ཡང་སྲོག་སྙིང་གདོང་གསོལ་དུ་ཕུལ་བ་ནི། མ་ར་དུ་ཏྲི་ཛ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཞེས་སོ། །གཞན་ཡང་བརྟགས་ཆགས་ཀྱི་ལྷ་འདྲེ་ཕྱི་ནང་གི་དྲེགས་པ་མང་པོས་གུས་པའི་ཞེ་ས་གསོལ་བ་དང་། སྲོག་གི་སྙིང་པོ་ཕུལ་བ་དང་འཕྲིན་ལས་སྒྲུབ་པར་ཁས་བླང་པ་ནི་དུས་རྟག་ཏུ་འབྱུང་འདུག་རུང་། དེ་ལ་དགའ་བྲོད་དང་སྙེམས་པ་སོགས་ཆེར་འཇུག་ཏུ་མེད་པ་སྒྱུ་མ་ལྟ་བུར་ཤེས་པ་བཞིན་ལགས་ཤིང་ཡོངས་སུ་བརྗོད་པའི་དགོས་པ་ཆེར་མ་མཐོང་ལགས། འགའ་དང་འགའི་སྡིག་བསོགས་པའི་རྒྱུུ་རུ་ཡང་འགྱུར་བར་དོགས་པས་བརྗོད་པར་མ་བྱས་སོ། །འོན་ཀྱང་དེ་སྐད་ཆ་ཤེས་གླེང་འདི་ཡང་། རང་ཉིད་ཆེ་དང་གཞན་ལ་འགྲན་འདོད་མིན། །མ་བྱུང་བྱུང་དང་མ་མཐོང་མཐོང་ངོ་ཞེས། །མི་ཆོས་བླ་མའི་བརྫུན་གྱིས་ཡོངས་མ་གོས། །དེས་ན་བདེན་བརྗོད་ངང་ཚུལ་ཕྲན་འདིའི་ཀྱང་། །ཟག་ཟོག་བརྫུན་གྱིས་འཕྲེང་བ་སྤེལ་བའི་གཏམ། །གླེགས་བམ་ཆེན་པོར་ལོང་བ་ཐམས་ཅད་ཀྱང་། །ཉི་མའི་འོད་ཀྱིས་མེ་ཁྱེར་བཞིན་དུ་བྱས། །བླ་མའི་དྲིན་གྱིས་སེམས་ཉིད་ངོ་མཐོང་བས། །ཆོས་ཀུན་སྒྱུ་འདྲ་འདི་སྣང་ཞེན་ཆེན་མེད། །རྗེས་དཔག་གཏམ་ལ་བདེན་བརྫུན་གཏམ་འདྲེས་པའི། །ཉེས་ཡོད་སྲིད་ན་བླ་མ་ལྷ་ལ་བཤགས། །ཅལ་ཅོལ་མུ་ཅོར་ཚིག་གི་སྐྱོན་མེད་པས། །ནོངས་པ་མ་མཆིས་དགེ་ཚོགས་འགྲོ་ལ་བསྔོ། །

ཞེས་རང་ཉིད་ཀྱི་སྙིང་གི་བུ་ལས་སྨོན་རྣམ་པར་དག་ཅིང་རྡོ་རྗེ་སློབ་དཔོན་ལ་སངས་རྒྱས་དངོས་སུ་མཐོང་བའི་དད་མོས་དམ་ཚིག་མཆོག་དང་ལྡན་པ་གསེར་བཟང་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ནོར་བུ་དང་། མདོ་ཁམས་པ་ཨོ་རྒྱན་འཕྲིན་ལས་བསྟན་འཛིན་ཟུང་གིས་བསྐུལ་ངོ་མ་ལྕོགས་ཙམ་ཆ་ཤས་འདི་ནི་མངའ་རིས་གློ་བོ་སའི་ཐིག་ལེ་སྨོན་ཐང་རྒྱལ་པོའི་ཁབ་དང་ཉེ་བ་བསམ་འགྲུབ་སྦུག་ཏུ་ས་བྱ་ལོར་ཟླ་བཅུ་པའི་ཚེས་བཟང་པོར་ཚེ་དབང་ནོར་བུ་རང་ཉིད་ཀྱི་རྒྱུས་རང་གིས་གླེང་པར་བྱས་པའི་ཡིག་རིས་ནི་བསྐུལ་བ་པོ་སྤྲུལ་སྐུ་འཕྲིན་ལས་བསྟན་འཛིན་གྱིས་བགྱིས་སོ། །ཤུབྷཾ།

རིག་པ་འཛིན་པ་ཚེ་དབང་ནོར་བུའི་རང་མྱོང་ཐུན་མོང་མ་ཡིན་པ་གསང་བའི་རྟོགས་པ་བརྗོད་པ་བག་ཆགས་ཡིད་ཀྱི་རང་གཟུགས་གསལ་བའི་མེ་ལོང་།

༄༅། །རིག་པ་འཛིན་པ་ཚེ་དབང་ནོར་བུའི་རང་མྱོང་ཐུན་མོང་མ་ཡིན་པ་གསང་བའི་རྟོགས་པ་བརྗོད་པ་བག་ཆགས་ཡིད་ཀྱི་རང་གཟུགས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭ་སྟི་སིདྡྷི་རསྟུ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དཔལ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ལོ། །

འདིར་གཏད་མེད་སྨྱོན་པ་ཚེ་དབང་ནོར་བུ་སླ་ཆོས་དང་འགྲོག་པའི་གཏམ། །སྒྱུ་མ་ཇི་བཞིན་རང་མྱོང་ཇི་བཞིན་པ་རེ་ཞིག་རབ་ཏུ་ཡིད་ཆེས་པར་ཡང་རུང་བ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་འཁོར་བ་ཐོག་མ་མེད་པའི་དུས་ནས་མ་རིག་པའི་ལས་དབང་གིས་འཁོར་བའི་འཁྲུལ་འཁོར་སྣང་དུཿཁ་དྲག་པོ་མནར་བཞིན་པ་ལས། བདག་གི་རྣམ་པར་ཤེས་པ་དམ་པའི་རྐྱེན་ལ་རྟེན་ཁམས་ཀྱི་ནུས་པ་ཕྲའུ་སད་པའི་ངང་ཚུལ་ཅུང་ཟད་ཞིག་གླེང་ན། དེ་ཡང་སྐྱེ་བའི་ཕྲེང་བ་ཇི་ལྟ་བ་ནི་རྫོགས་པའི་སངས་རྒྱས་དང་འཕགས་པའི་སྐྱེས་བུ་རྣམས་ལས་བདག་ལྟ་མོས་སྤྱོད་ལ་གནས་པ་ཞིག་གིས་རྔོ་མི་ཕྱིར་ཐོག འོན་ཀྱང་འོལ་སྤྱི་ཙམ་ཞིག་ལ་བརྟེན། བདག་གི་སེམས་ཀྱི་རྒྱུན་འདི་སྔགས་རྙིང་ལུགས་ཀྱི་རྒྱ་བོད་ཀྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་དུ་གྲགས་པའི་ཡ་གྱལ་ཐུགས་ཀྱི་རིག་འཛིན་ཧཱུྃཿཀ་ར་དང་། གྲུབ་ཆེན་གནུབ་བན་ནམ་སྙིང་གི་སྤྲུལ་པ་ཡིན་ཞེས་གུ་རུ་པདྨའི་གཏེར་ལུང་རྩོད་བྲལ་རྣམས་ནས་བསྟན་མོད། དེ་ལྟར་ན་ཡང་རང་ཉིད་ཀྱི་བློ་ལ་ནི་དེས་བྱིན་གྱིས་བརླབས་པ་ཙམ་ལ་སྤྲུལ་པའི་ཐ་སྙད་དུ་ཁས་བླང་བར་བྱ། དེས་ན་བྱིན་གྱིས་བརླབས་པ་པོ་དེ་ཉིད་སྤྲུལ་གཞིའི་ཚུལ་དུ་ངོས་འཛིན་ཏེ། དེ་ཡང་སློབ་དཔོན་ཧཱུྃཿཀ་ར་དང་ནམ་སྙིང་གཉིས་ཐུགས་རྒྱུད་གཅིག་པ་ལས་སྐྱེ་བ་རིམ་ཅན་ལྟ་བུ་ནི་མ་ཡིན་གྱིས་དུས་མཚམས་པར་མ་ཟད་ཧཱུྃཿཀར་གྱི་སློབ་མ་ནམ་སྙིང་ཡིན། ནམ་སྙིང་སྤྲུལ་གཞི་ནི་དཔའ་བོ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་སྟེ། དོན་གྱི་གསང་བའི་བདག་པོ་ངོ་བོ་གཅིག་ཅིང་། གནས་སྐབས་སུ་རྫོགས་པའི་སངས་རྒྱས་དངོས་ཀྱི་སློབ་མ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་གསང་བའི་བདག་པོར་གྱུར་པ་དེ་ཡིན་ལ། དེ་ཉིད་བཞུགས་པའི་གནས་ནི་འོག་མིན་ཆོས་དབྱིངས་ཕོ་བྲང་མེ་རི་འབར་བའི་དུར་ཁྲོད་ན་ཡིན་པས་ཀུན་ན་སྣང་བའོ། །བྱེ་བྲག་དེང་སང་རྒྱ་བལ་ཕལ་གྱིས་ཛ་ག་བ་ཞེས་བྱ་ལ། ལེགས་པར་སྦྱར་བས་ཨོ་ཌི་ཡཱ་ན་དང་ཟུར་ཆག་གི་ཨོར་ཡན་དང་། ཨོ་རྒྱན་དུ་འབོད་པའི་ཡུལ་དེ་མི་ཡི་མཐུན་སྣང་དུ་མ་ཁ་དང་ཉེ་བའི་ཡུལ་ཟླ་ཕྱེད་ཀྱི་ལམ་གྲུ་གསུམ་གྱི་ལུང་བ་ཅན་ལ། མི་མ་ཡིན་པའི་མཁའ་འགྲོ་འབྱུང་པོ་ཕལ་གྱི་སྣང་ངོར་བདེ་བ་ཅན་དང་ཕྱོགས་འདྲ་བའི་དཔག་ཚད་བྱེ་བ་འབུམ་གྲུ་གསུམ་པའི་དབུས་དེར། བསྟི་གནས་དཔག་ཚད་འབུམ་ཕྲག་གསུམ་དང་། ཕོ་བྲང་དཔག་ཚད་སྟོང་དང་། སྙིང་པོའི་དཀྱིལ་འཁོར་དཔག་ཚད་བརྒྱར་ཡོད་པ་དེ་ན་བཞུས་པ་སྟེ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའམ་པདྨ་བཛྲ་ཡང་ཕོ་བྲང་དེ་ན་བཞུགས་ལ་དོན་གྱིས་དགོངས་པ་ཡང་གཅིག་པ་ཉིད་དོ། །

དེ་ནི་རིག་སྔགས་འཛིན་པའི་གནས་མཁའ་སྤྱོད་ཀྱི་ཞིང་ཞེས་སྤྲུལ་སྐུའི་ཞིང་མཆོག་གྱུར་རྣམས་དང་རྗེས་མཐུན་པ་ཡིན་ལ། མི་ཡི་ལོ་ཀར་འགྲོ་དོན་མཛད་པ་མང་པོ་ཞིག་དེ་ནས་བྱོན་པ་སྟེ། རྗེ་བཙུན་སྒྲོལ་བའི་མགོན་པོ་ཡང་རང་ཉིད་ཀྱི་གསང་བའི་རྣམ་ཐར་དུ་ཨོ་རྒྱན་གྱི་ཞིང་གི་བཀོད་པ་འདི་ཁོ་ན་ལྟར་གསུང་ཞིང་། དབུས་ཀྱི་ཕོ་བྲང་གི་ཕྱི་རོལ་ཤར་ལྷོ་ན་ལྕམ་དཔལ་མཛད་མ་ལ་འཁོར་ཕྲག་ཁྲིག་བཅུ་གཉིས་ཡོད་པའི་ནང་ནང་འཁོར་གསེར་གྱི་རིགས་ཅན་མའི་དཔའ་བོ་བིཥྞ་རཱ་ཛ་(ཁྱབ་འཇུག་རྒྱལ་པོ་)ཞེས་རིག་པ་འཛིན་པའི་ས་ལ་བརྙེས་པ་དེ་ཡི་སྐྱེ་བར་ཞལ་གྱིས་བཞེས་ལ། གཞན་ཡང་རྙིང་མའི་གཏེར་སྟོན་ཤས་ཆེ་བ་ཞིག་ཀྱང་དེ་ནས་ཡིན་ལ། མངོན་གྱུར་དུ་མ་དང་ལྐོག་གྱུར་བསམ་གྱིས་མི་ཁྱབ་པ་ཡོད། བདག་གི་རྩ་བའི་བླ་མ་དང་། ཆོས་འབྲེལ་ཡོད་པའི་བླ་མ་ཁ་ཤས་ཀྱང་ཞིང་དེ་ནས་འགྲོ་དོན་དུ་བྱོན་པར་རྟོགས། དེ་ལྟར་གནས་དེ་ཡི་གཙོ་བོ་གསང་བདག་ཐུགས་ཀྱི་རྡོ་རྗེ་ཡི་སྤྲུལ་པ་དཔལ་ནམ་མཁའི་སྙིང་པོ་ཡིན་པར་རྟ་མཆོག་གསང་བ་རྫོགས་པ་ཆེན་པོ་འཁོར་འདས་རང་གྲོལ་གྱི་རྒྱུད་དུ་བཤད་པ་བཞིན་བྱིན་གྱིས་བརླབས་པའི་སྤྲུལ་གཞི་ཡིན་གྱི། གཞན་ལ་ལ་ན་རྒྱལ་བ་པདྨ་ཀ་རའི་ཐུགས་ཀྱི་སྤྲུལ་པར་འདོད་པའང་གོང་དུ་བཤད་པ་དང་དགོས་དོན་གཅིག་པའོ། །གཞན་ཡང་གཏེར་ལུང་འགའ་ན། སངས་རྒྱས་ཀྱི་ཉན་ཐོས་དགྲ་བཅོམ་ཆེན་པོ་ཉེ་བར་འཁོར་དང་། ཐེག་ཆེན་གི་སློབ་དཔོན་འདུལ་འཛིན་ཡོན་ཏན་འོད་དང་། རྒྱལ་བའི་སྲས་ཤནྟ་དེ་ཝི་སོགས་དཔལ་ཆེན་པོ་ནམ་མཁའི་སྙིང་པོའི་སྐྱེ་རྒྱུད་དུ་གསུངས་མོད། སྐྱེ་ཕྲེང་དངོས་ཡིན་ནམ་ཐུགས་རྒྱུད་གཅིག་པ་ལ་དགོངས་བདག་གིས་བསམ་པར་མ་ནུས་ལ། སྤྲུལ་གཞི་གཙོ་བོ་ནི་གོང་དུ་བཤད་པ་ཉིད་དོ། །དཔལ་ནམ་མཁའི་སྙིང་པོའི་ཐུགས་རྒྱུད་ཀྱི་སྐྱེ་བ་སྔ་མ་དངོས་ནི་རྒྱ་གར་ནམ་མཁའ་རྡོ་རྗེ་བྱ་བར་གྱུར་ཅིང་། དེ་ལ་སློབ་དཔོན་པདྨ་མ་ཀུ་ཏ་ཡི་བྲག་ཕུག་ཏུ་ཕྱི་ཡི་དབང་བསྐུར་གནང་བར་བཤད་དོ། །ནམ་སྙིང་གི་སྐུ་ལུས་རྟེན་དེ་ཀ་གདུལ་བྱའི་ངོར་ཡུན་རིང་བར་བཞུགས་ཤིང་། མཐར་མཆོག་གི་དངོས་གྲུབ་ཅི་བཞིན་པ་འཕགས་ལམ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་སྐུ་ལས་དེས་བརྙེས་པར་མཛད།

དེས་ན་འཕགས་པའི་གོ་འཕང་བརྙེས་པའི་སྤྲུལ་བ་ནི་བསམ་གྱིས་མི་ཁྱབ་པ་རྫོགས་པའི་སངས་རྒྱས་དང་འཕགས་པ་ཉིད་ལས་གཞན་སུ་ཞིག་གིས་ཤེས་ནུས། འོན་ཀྱང་ཟུར་ཙམ་ཞིག་ནི་རིག་འཛིན་སྔ་མའི་ལུང་ལྟར་ན། ཟུང་ཆུང་ཤེས་རབ་གྲགས་པ། དྭགས་པོ་སྒོམ་ཚུལ། ལྷ་རི་ནམ་མཁའ་འོད། གནུབ་ལོ་ཙཱ་བ་བྱམས་པ་དཔལ། ཐང་དབོན་གྲགས་པ་དཔལ། གཞོ་ལུང་ཀུན་རིན་པ་དང་། དེ་བཞིན་ཟླ་བན་གཟི་འབར། གྲྭ་བ་བཛྲ། རྣལ་འབྱོར་ཙ་རི། རིག་པ་འཛིན་པ་ཨེ་མ་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཅི་རིགས་རྒྱུན་མི་ཆད་པ་བྱུང་མོད། གཞན་ཡང་ས་སྐྱ་བཟང་པོ་དཔལ། ཀཿཐོག་ཚུལ་ཁྲིམས་འབུམ། འབྲས་ཡུལ་སྐྱེད་ཚལ་གྱི་ཀུན་མཁྱེན་སངས་རྒྱས་འཕེལ། བདག་སྨོན་ཀུན་ལེགས་སོགས་ཁ་ཤས་ནི་བླ་མ་གོང་མར་རིག་འཛིན་ནུས་ལྡན་རྡོ་རྗེའི་ངོས་འཛིན་གནང་འདུག་པ་དེ་ལྟར་ཡང་ཡིན་ལ། དེ་བཞིན་ཀཿཐོག་གི་གོང་མ་མཆོག་ཞིག་དང་། ཤངས་པའི་རྒྱུད་འཛིན་དམ་པ་ཞིག་ཀྱང་གོང་མས་ཁས་ལེན་མཛད་པས་རྒྱུད་གཅིག་པ་ནི་སེམས་སོ། །དེ་རྣམས་ཐོག་མཚུངས་པ་དང་བླ་སློབ་ཏུ་གྱུར་པ་ཅི་རིགས་པར་སྣང་བས་ན་དོན་ལ་རྒྱུད་གཅིག་པ་དང་དེ་དང་དེས་བྱིན་གྱིས་བརླབས་པ་ལ་ཡང་ཡང་དགོངས་པས་སྐྱེ་བ་དངོས་བརྒྱུད་ཡིན་མིན་ཅི་རིགས་པར་མངོན། གཞན་ཁུངས་ཐུབ་གཏེར་ལུང་དུ་མར་སྐྱེ་འཕྲེང་བགྲང་འོས་པ་མང་དུ་སྣང་ཡང་མཐའ་དག་འབྲི་དགོས་རིགས་ཀྱང་མི་འདུག་ལགས། འདིར་ནི་རང་རྒྱུད་བྱིན་གྱིས་བརླབས་པ་པོ་དང་འབྲེལ་བའི་སྙིང་པོ་ཁོ་ན་མདོར་སྨོས་པ་ཡིན་ནོ། །

ངེད་ཀྱི་ཡིད་ངོར་སྣང་བ་ནི་འདི་ལྟར་ཏེ། ནམ་མཁའི་སྙིང་པོའི་སྐྱེ་སྤྲུལ་མིན་ཡང་བྱིན་གྱི་བརླབས་པའི་ནུས་པ་ཞིག་ཡིན་ཏེ་འོང་། ཆུང་ངུ་ནས་ད་ལྟའི་བར་དེ་ཡི་བག་ཆགས་ཡད་ཡུད་ཞིག་ངེས་པར་ཤར། གཞན་གོ་རིམ་སྔ་ཕྱི་མ་ངེས་པར་རྒྱ་གར་ཤར་ཕྱོགས་ཀྱི་ལྗོངས་ཞིག་ཏུ་སྡིག་སྤྱོད་ཀྱི་རྒྱལ་པོར་སྐྱེས་པ་ནང་པའི་གྲུབ་ཐོབ་ཞིག་གིས་དེ་ལས་བཟློག་ནས་རྒྱལ་བའི་བསྟན་ལ་གུས་པར་མཆོད་པ་དང་། ཡང་གྲུབ་ཐོབ་ཆེན་པོ་ལ་ལི་ཏ་བཛྲ་གྱི་སྐབས་སུ་སྔགས་འཆང་མ་ནུས་པ་ཆེ་བ་ཞིག་ཏུ་སྐྱེས་པ་གྲུབ་ཆེན་གྱི་ཚོགས་ཀྱི་གཟུང་མར་སྔགས་ཀྱིས་བཀུག་ནས་ལས་ཀྱི་ཕྱག་རྒྱར་བྱས་ཤིང་བྱིན་གྱིས་བརླབས་པས་ད་ལྟ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལ་མོས་ཤིང་བག་ཆགས་སད་པ་དང་། ཨིནྡྲ་བྷུ་ཏི་ཆུང་བའི་སློབ་མ་ཀམ་བྷ་ལ་ཞེས་མཁའ་འགྲོ་ནི་གུ་མ་ཡི་བླ་མར་གྱུར་པ་དེས་རྗེས་སུ་བཟུང་བའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཚོང་དཔོན་གྱི་རིགས་ལས་བྱུང་བའི་རྣལ་འབྱོར་པ་ཞིག་ཏུ་གྱུར་པ་དང་། བལ་ཡུལ་ཡེ་རང་དུ་སྐྱེས་པའི་མ་རྒྱུད་ཆོས་ཀྱི་བདག་པོ་ཛ་ཡ་སེ་ནར་(རྒྱལ་བའི་སྡེ་)གྱུར་པ་ཡང་དྲན། བོད་དུ་ཡང་གོང་དུ་སྨོས་པ་རྣམས་ནི་གུ་རུ་པདྨའི་ལུང་གི་བསྟན་པ་སྟེ། དེ་དག་གི་གྲལ་ནས་ཡུད་ཡུལ་སྣང་བ་རེ་རེ་ཙམ་བྱུང་བ་ནི་དེར་ཟད། གཞན་ཡང་གུ་རུ་ཆོས་དབང་རིན་པོ་ཆེའི་སློབ་མ་མ་ཎི་རིན་ཆེན་ཡིན་སྙམ་ཝལ་ཝལ་དང་། གཞན་ཆུང་ངུའི་དུས་ཤིག་ཏུ་ཀརྨ་པ་རང་བྱུང་ཞབས་དང་། ཞྭ་དམར་གྲངས་སེང་གི་སློབ་མ་རི་ཁྲོད་དར་རྒྱས་གྲགས་པ་བག་ཆགས་དེ་གསལ་བྱུང་ཞིང་། དེ་དང་དུས་མཚུངས་པར་ཀུན་མཁྱེན་དོལ་པོ་བའི་སློབ་མ་ས་བཟང་མ་ཏི་(བློ་གྲོས་རྒྱལ་མཚན་)པཎ་ཆེན་དུ་སྐྱེས་པ་ཡང་ཡད་ཡུད་དུ་དྲན་པ་དུས་ཕྱིས་སུ་བྱུང་བ་དེ་གཉིས་རྒྱུད་གཅིག་པར་ཁས་བླངས། དེ་བཞིན་ཀུན་མཁྱེན་སངས་རྒྱས་འཕེལ་དང་དུས་འོལ་སྤྱིར་མཚུངས་པའི་ཤངས་པ་བསོད་ནམས་མཆོག་གྱུར་ཞེས་འཇིགས་མེད་གསང་བ་སྦྱིན་གྱི་སློབ་མ་དེ་ཡང་ཡིན་སྙམ་བྱེད།

དཔལ་ཁུད་བྱ་མང་པོའི་གཏེར་སྟོན་བྱང་ཆུབ་གླིང་པ་ཡིན་པར་ལུང་ལས་གསུང་བ་ལྟར་རྗེས་དཔག་ལྟ་བུ་ཅི་རིགས་དང་། ཀོང་ཡུལ་སྙིང་ཕུར་གཏེར་སྟོན་བྱང་ཆུབ་གླིང་པའི་གདུང་གྱུར་སངས་རྒྱས་བློ་གྲོས་ཞེས་དཔལ་རྟ་མཆོག་གི་དངོས་གྲུབ་བརྙེས་པ་དེ་རེ་གསལ་དྲན་ཡང་དགེ་ལུགས་ཀྱི་དགེ་བཤེས་ཆེན་པོ་སྣར་ཐང་གི་མཁན་པོ་བཟོད་པ་དཔལ་གྲུབ་བྱ་བར་སྐྱེས་པ་དང་། ཁྱད་པར་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་(སྒྲོལ་བའི་མགོན་པོ་)ཡི་སློབ་མའི་ཐུ་བོ་གཏིང་སྐྱེས་རྒྱལ་པོའི་སྲས་ཛྙཱ་ན་སཱ་ཀ་རར་(འཇམ་དབྱངས་ཡེ་ཤེས་རྒྱ་མཚོ་)སྐྱེས་པ་གསལ་བོར་དྲན་པས། དེ་ཡི་གྲུབ་མཐའ་ལ་དགའ་ཚོར་ཤིན་ཏུ་ཆེ་ཞིང་མི་ཕྱེད་པའི་དད་པས་བསྟན་པར་ལྷག་པར་སེམས་པའི་རྒྱུ་ཡང་དེ་ཀས་ཡིན། རང་རེའི་སྐྱེ་བ་དྲན་ཚད་ཅིག་ལ་བག་ཆགས་དེར་འཐུག་པར་གདའ། རྗེ་ཡེ་ཤེས་རྒྱ་མཚོ་བ་དེ། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་པ་ཡིན་པར་རྗེ་བཙུན་སྒྲོལ་མགོན་གྱིས་ངོས་བཟུང་ཞིང་། ཁོ་རང་གི་ཁས་ལེན་ཡང་གནང་འདུག་པས། དེ་ལྟར་ན་གྲོལ་མཆོག་ཞབས་དང་རྗེ་བཙུན་སྒྲོལ་མགོན་ཏེ་སྐུ་སྐྱེ་སྔ་ཕྱི་གཉིས་ཀའི་རྟོགས་བརྗོད་དུ་བྲག་དཀར་སེམས་དཔའ་ཆེན་པོ་དང་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས་པས། དེ་ན་རྗེ་བཙུན་ཏཱ་ར་ནཱ་ཐ་དང་ཐུགས་རྒྱུད་གཅིག་ཅིང་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པས་ཀྱང་བྱིན་གྱིས་བརླབས་པར་མངོན་ནོ། །མདོ་ཁམས་ཀཿཐོག་དང་ཉེ་བར་འཁྲུལ་ཞིང་རང་གྲོལ་དབང་དྲག་རྒྱ་མཚོ་དང་། གཏེར་སྟོན་རཏྣ་གླིང་བའི་གདུང་ལས་ཀུན་དགའ་བསྟན་འཛིན་དུ་གྲགས་པ་དེ་ཡང་རྒྱུད་གཅིག་ཏུ་ཁས་བླངས། ཡང་དབུས་པ་པདྨ་ཀུན་སྐྱོང་གླིང་པའི་སྲས་ཉི་ཟླ་བཟང་པོ་ཡང་ཡིན་པར་འདོད། སྐྱེ་བའི་ཕྲེང་བ་དེ་དག་ལ་ཆུང་ངུའི་དུས་སུ་དྲན་པ་དང་། ལ་ལ་ཕྱིས་སུ་སད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་དྲན་པ་ཡང་མང་དུ་བྱུང་མོད། གཞན་ཡང་རྒྱ་གར། རྒྱ་ནག ལི་བལ་རྣམས་སུ། རྒྱལ་བློན། བུད་མེད། རིགས་ངན། རི་ཁྲོད་པ་སོགས་ཅི་རིགས་སྐྱེས་པ་དང་། དེ་བཞིན་བྱོལ་སོང་སོགས་དང་། དམྱལ་བ་ཡི་དྭགས་རྣམས་ཀྱི་ལུས་བླང་ཞིང་དུ་ཁ་ཡིས་མནར་བ་ཡང་མང་དུ་དྲན་མོད་ཀྱང་འདིར་མ་སྨོས།

བདག་ཆུང་དུ་སྨྲ་ཤེས་ཙམ་ནས་རིག་འཛིན་པདྨ་མ་ཎི་ཡིན་པ་ཡང་ཡང་སྨྲས་ཤིང་གྲགས་འདུག་པས། དེ་ག་ཡིན་པ་ཡང་ཁས་བླང་དུ་རུང་མོད། གཞན་མཐུ་སྟོབས་ཆེན་པོར་གྲགས་པ་ཝནྟི་བི་ཛ་ཡ་(རྣམ་རྒྱལ་)ཡང་ཡིན་སྙམ་བྱེད། གང་ལྟར་ཡང་རང་ཐོག་མཚུངས་པའི་སྙན་གྲགས་ཆེན་པོ་དང་ལྡན་པ་ཁམས་པ་སྐུ་སྐྱེ་ཞེས། ངག་དབང་ཀུན་དགའ་བསྟན་འཛིན་པ་ཡང་བདག་དང་རྒྱུད་གཅིག་པར་ཁས་བླངས་ཀྱི། དེས་ན་ཁོང་གི་སྤྲུལ་གཞི་ཡང་ནམ་མཁའི་སྙིང་པོར་གཅིག དེ་བཞིན་རྒྱ་གར་གྱི་ལྷོ་འགྲོ་ལྡིང་གི་གླིང་ན། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཡི་སྐྱེ་བ་དངོས་ཡིན་པ། སུ་ཁ་ནཱ་ཐ་(བདེ་བའི་མགོན་པོ་)བྱ་བའི་སློབ་མ་ཙི་ཀྲ་ནཱ་ཐ་(སྣ་ཚོགས་མགོན་པོ་)བྱ་བ་ཞིག་ངེད་དང་རྒྱུད་གཅིག་པར་ཡོད། གཞན་ཡང་། རྒྱལ་པོ། དགེ་བཤེས། སྔགས་ཀྱི་རྣལ་འབྱོར་གྱི་གཟུགས་སུ་བྱས་པ་ཡང་ཡོད་མོད་ཀྱི། ཞིབ་པར་བརྗོད་མ་བཏུབ། སྔོན་རིག་འཛིན་པདྨ་མ་ཎིའི་སྐབས་སུ། དེ་དང་རྒྱུད་གཅིག་པའི་སྟོད་ཏ་སྟག་གཟིགས་ཀྱི་མ་ཁའི་ཡུལ་ན་ཇིང་གི་མི་གན་ཞེས་རྒྱལ་པོ་དང་། འབྲས་ལྗོངས་ཀྱི་ཕྱོགས་སུ་མོན་གྱི་ལིང་པའི་ཚུལ་དང་། ལྷ་ལྡན་དུ་བུད་མེད་མཛེ་ཡིས་གདུང་བའི་ཚུལ་ཅན་དུ་ཡོད་གསུངས་པ་ལྟར། ད་ལྟ་ཡང་ཞང་ཞུང་གི་ཡུལ་མཐར་མོན་གྱི་ལིང་པ་དང་། མ་ཧཱ་ཙི་ནའི་ཕྱོགས་སྨད་འཚོང་གི་གཟུགས་སུ་ཡོད་པར་འདོད།

སྤྱིར་འཛམ་བུའི་གླིང་འདིར་དཔལ་ཆེན་པོ་ནམ་སྙིང་གི་དངོས་བརྒྱུད་བྱིན་གྱིས་བརླབས་པ་ཁྱོན་ལྔ་ཕྲག་ལྔ་རེ་དུས་ཕལ་ཆེར་བྱོན་པར་བཞེད། དེ་ལས་ཁོ་བོ་ཅག་ནི་ཀུན་གཞིའི་རྒྱུད་ལ་བྱང་ཆུབ་ལམ་གྱི་བགོ་སྐལ་ཡོད་པ་ཞིག་དཔལ་ཆེན་པོ་ནམ་སྙིང་གི་བྱིན་གྱིས་བརླབས་ནས། མངོན་གྱུར་ཡོན་ཏན་མེད་པར་སྦས་པའི་ཚུལ་ཐ་མལ་སོ་སྐྱེ་རང་གཟུགས་ཀྱི་དགེ་བའི་བཤེས་གཉེན། རྒྱལ་བའི་བསྟན་པ་ཅི་ནུས་སུ་འཛིན་ཅིང་འགྲོ་ཕན་ཕྲའུ་ཕྲའུ་བསྒྲུབ་པ་པོ་འདིར་གདའ། ཁོ་བོ་ཚེ་འདིར་གུ་རུ་པདྨའི་ཟབ་གཏེར་ལ་སྤྱོད་པའི་སྐལ་བ་མཆོག་དང་ལྡན་པ་ཞིག་ཡིན་ལ་རྟེན་འབྲེལ་མ་འཆུག་ན་བསྟན་འགྲོར་ཕན་པ་རྒྱ་ཆེན་འགྲུབ་ཡོད་ཀྱང་སྔོན་ལས་རྐྱེན་དབང་གིས་སྔོན་དུ་རྔོ་མ་ཐོག་པར་དེར་གདའ། སླད་མར་ཟབ་གཏེར་རྟེན་འབྲེལ་གྱི་སྒོ་ལེགས་པར་འགྲིགས་ཤིང་བསྟན་འགྲོར་སྨན་པ་ཆེན་པོས་གུ་རུའི་དགྱེས་པ་འགྲུབ་པར་སྙིང་ནས་སྨོན་པ་ལགས། གཏེར་སྟོན་རིག་འཛིན་ཆེན་པོའི་རྡོ་རྗེ་འཆང་པདྨ་བདེ་ཆེན་གླིང་བའི་ཞལ་ནས་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་འདི་ཁྱོད་ཀྱི་གཏེར་སྐལ་ཡིན་ཡང་ངེད་ལ་བཀའ་བབས་ངེད་ཀྱི་གཏེར་ཞབས་ཁྱོད་ལ་དབང་བ་ཡིན་ཞེས་གསུངས་པ་ཡང་དེ་ལྟར་ལ། རྩ་བའི་བླ་མ་དམ་པ་འདིར་སྐྱེ་བ་མང་པོར་ལས་སྨོན་དག་པས་བླ་སློབ་རེས་མོས་སུ་གྱུར་ཅིང་ཕྱི་མའི་ཚེ་རྫོགས་པའི་སངས་རྒྱས་ནའང་ཚོམ་བུ་གཅིག་ཏུ་བྱང་ཆུབ་པ་ཡིན།

དེ་བཞིན་རྒྱལ་བའི་སྲས་པོ་ཀརྨ་པ་ཡང་ཚེ་རབས་དུ་མར་བླ་མར་འབྲེལ་བས་བྱིན་གྱིས་བརླབས་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་མང་དུ་ཡོད་ཀྱང་འདིར་མ་སྨོས། ཁོ་བོ་ཅག་སྐྱེ་བ་འདི་ཡི་འོག་ཏུ་ཡུལ་སྣ་ཚོགས་པར་ལས་དང་སྨོན་ལམ་དབང་གིས། དགེ་བཤེས་མཁས་པ་ནུས་པ་ཅན་དང་། སྒྲུབ་པ་པོ་ཉམས་རྟོགས་ཀྱིས་བརྒྱན་པ་གཉིས་ཀ་ཡང་སྡོམ་གསུམ་གྱི་བཅས་པ་རྣམ་པར་དག་པ་འཆང་བ་སྟེ། ལྷག་ཏུ་འདུལ་བ་ལ་མཁས་ཤིང་བསླབ་སྡོམ་ལ་གནས་པ། གསང་སྔགས་ཀྱི་དམ་ཚིག་ལ་ཤིན་ཏུ་མཁས་བརྩོན་ཞིང་གཙང་མར་སྤྱོད་པ་ཡི་བསྟན་པའི་མིག་སྲོལ་ལ་ཕན་པར་བྱེད་པ་དེ་ལྟའི་སྐྱེ་བ་འགའ་ཞིག་དང་། གཞན་ཡང་ས་ལ་དབང་བའི་རྒྱལ་པོ་དང་། དེ་ཡི་ཁ་ལོ་པ་དང་། དམངས་ཁྱིམ་པ་ཆོས་ལྡན་གྱི་སྐྱེ་བ་ཡང་རེ་ཟུང་བླངས་ཤིང་། རེ་འགའ་ཙམ་ན་རང་གི་སྒྲིབ་པའི་ལྷག་མ་སྦྱང་བ་དང་དེར་གནས་པའི་འགྲོ་བ་ཡང་སྨིན་པའི་ཆེད་དུ་དམྱལ་བ་དང་བྱོལ་སོང་དུ་ཡང་སྐྱེ་བར་བྱེད་དོ། ཡང་སྐྱེ་བ་ཧ་ཅང་མི་མང་བའི་སྐབས་ཤེད་དུ་ཐེག་ཆེན་གྱི་ལམ་ལ་སྤྱོད་པ་རུས་པའི་རྒྱན་གོན་རྡོ་རྗེའི་གླུ་ལེན་མཁའ་འགྲོའི་འདུ་བ་ཐོབ་ཅིང་།སྐབས་ཕལ་མོ་ཆེར་མངོན་གྱུར་གྱི་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་ཡུལ་ཉེར་བཞིར་སྤྱོད་པ་རྒྱུ་བ་ཞིག་སྐྱེས་ནས་འགྲོ་བའི་དོན་རླབས་པོ་ཆེ་ལ་སྤྱོད་པར་བྱེད་དོ། གང་ལྟར་ཡང་སྐྱེ་བ་མང་པོ་མི་འགོར་བར་དཔལ་ཆེན་པོ་ཧེ་རུ་ཀ་ནམ་མཁའི་སྙིང་པོའི་ཐུགས་ཀློང་དུ་ཉི་མ་ལ་ཟེར་འདུ་བ་བཞིན་རོ་གཅིག་ཏུ་ཐིམ་པར་ཐེ་མི་ཚོམ་པའི་ངེས་པ་ཅན་ཡིན་ནོ། །མཐར་ནི་སངས་རྒྱས་ཀྱི་ཞིང་ནམ་མཁའ་རྣམ་པར་བཀོད་པ་ན། སངས་རྒྱས་ནམ་མཁའ་རྣམ་པར་རོལ་བ་ཞེས་བྱ་བའི་རྒྱལ་བར་གྱུར་ནས་འབྲེལ་བཅས་ཀྱི་འགྲོ་བ་རྣམས་དེར་བྱང་ཆུབ་ཀྱི་ས་རྙེད་པར་བྱེད་དོ། །དེ་ལྟར་སྐྱེ་བའི་ཚུལ་གོང་དུ་སྨོས་པ་ས་བོན་ཙམ་དེ་དག་དང་གཞན་ཡང་ཅི་རིགས་སྐབས་འགའ་དང་འགར་ཡིད་ངོར་ཝལ་ཝལ་སྙམ་བྱེད་ཅིང་། སླད་མའི་ཚེ་ན་ཡང་རྟོག་ཚོགས་སུ་འགའ་ཞིག་སྣང་བར་གོར་མི་ཆག་གོ །

དེ་དག་ལ་ཆེས་ཆེར་པོ་ཡང་མེད་ལ། མཐའ་དག་ཡང་སྨོན་རིན་ཆོག་པ་ཡང་མི་འགྱུར་ཞིང་། ངེས་པའི་དོན་ལ་རྣམ་པར་མི་རྟོག་གི་རི་མོ་དེ་དག་སྒྱུ་མ་ལྟ་བུར་ཟད་ཀྱི་སྙིང་པོ་རྟག་བརྟན་ཐེར་ཟུག་ཞིག་ཀྱང་ག་ནས་ཡོད། དེ་ལྟར་མ་ཟད་དངོས་ནས་ཇི་བཞིན་གཏན་ལ་ཕེབས་ནུས་པ་ཡང་དཀའ་སྟེ། རྣལ་འབྱོར་གྱི་རྩ་རླུང་ཐིག་ལེའི་བྱེད་པས་ཁམས་འདུས་ཀྱི་རོལ་པ་སྣ་ཚོགས་འབྱམས་ཀླས་ཤར་པ་ཉིད་ཀྱིས་སོ། །དེ་ན་གཞན་ཡང་གྲིབ་ཀྱིས་མ་གོས་ཤིང་དབེན་པར་མཉམ་བཞག་ལ་འདའ་བའི་གནས་སྐབས་རྣམས་སུ་ཡང་ཕ་རོལ་གྱི་རྣམ་རྟོག་དང་། སྤྱོད་ལམ། དེ་བཞིན་དུས་ཀྱི་འགྱུར་བ་སོགས་གསལ་སྣང་གིས་ཤེས་སྙམ་བྱེད་རུང་དེ་དག་ཀྱང་ཤ་ཁྲག་གི་ལུས་དངོས་རང་རྒྱུད་འདི་མི་འགྱུར་བདེ་སྟོང་ཏིང་ངེ་འཛིན་གྱི་ལུས་སུ་མ་གྱུར་བར་དངོས་གནས་ཇི་བཞིན་ཡིན་པའམ་དཀའ་ལ། ཁ་ཤས་ཙམ་བདེན་པར་སྲིད་ཀྱང་རྨི་ལམ་གྱི་སྣང་བ་ལྟར་ཤེས་པས་དངོས་ཞེན་དགའ་བྲོད་དང་ངོ་མཚར་ཆེས་ཆེར་འཛིན་པ་ཡང་མ་བདོག་ལགས། ཚུལ་འདི་རྣལ་འབྱོར་ལམ་ཞུགས་ཀུན་གྱིས་གོ་དགོས་ངེས་ཏིག་ཅན་ནོ། །གོང་དུ་སྐྱེ་ཕྲེང་གི་ཚུལ་དུ་རང་གི་ཡིད་ལ་དྲན་ནས་བརྗོད་པ་དེ་ཡང་མཐའ་དག་སྐྱེ་སྲིད་གཅིག་ནས་གཅིག་ཏུ་བརྒྱུད་ལྡན་ཡིན་པ་ནི་དཀའ་ལ། ཡིན་པ་ཡང་ཅི་རིགས་ཡོད་ཅིང་ཕལ་ཆེར་དེ་དང་དེ་ཡི་བྱིན་གྱིས་ནི་ངེས་པར་བརླངས་པའོ། །

བདག་ཚེ་འདིར་བྱིས་པའི་སྐབས་ཕལ་ཆེ་བར་སྒྱུ་མ་རྨི་ལམ་ལྟ་བུ་ཡད་ཡུད་ཀྱི་སྣང་བ་ལས་འཇིག་རྟེན་ཐ་མལ་གྱི་དངོས་འཛིན་དཀོན་ཅིང་། སྟོང་ཉིད་སྙིང་རྗེའི་མྱོང་བ་བཟང་པོ་རྟག་ཏུ་འཆར་བ་དང་། སྟོང་གཟུགས་མཚན་རྟགས་ཀྱི་ལས་སྣང་སྒྲིབ་ཐུབ་ཙམ་གྱི་ཡིད་སུན་སུན་དུ་འཆར་བ་དང་། གཞན་གྱིས་བསླབས་པར་རང་ཤུགས་ཀྱི་བླ་མ་དཀོན་མཆོག་ལ་དད་གུས་དམ་ཚིག་མི་བྱེད་པའི་རྐང་ཚུགས་ཤིང་། རྒྱུ་འབྲས་ལ་ཡིད་ཆེས་འདོར་ལེན་ལ་འབད་པ་དང་རྩ་བའི་བླ་མ་ལས་མན་ངག་ཐོབ་པ་ཅུང་ཟད་རེ་བསྒོམ་པས་ཀྱང་ཡོན་ཏན་བཟང་བ་རྒྱུད་ལ་སྐྱེ་བ་དང་། ཚེ་འདི་སྣང་བ་ཞེན་པ་ཆེན་པོ་མི་སྐྱེ་ཞིང་མི་རྟག་སྐྱོ་ཤས་ཀྱིས་ཉིན་མཚན་འཁོར་ཡུག་འབྲེལ་བ་སོགས་སྐྱེ་བ་སྔོན་མའི་བག་ཆགས་བཟང་པོ་ཅི་རིགས་པ་བྱུང་ཡང་ཕྱིས་ཆོས་བརྒྱད་ཀྱི་བླ་གཟུགས་འཛིན་པ་འདིས་རིམ་གྱིས་འགྲིབ་སོང་། འོན་ཀྱང་ཕྱག་ཆེན་དུ་གྲགས་པའི་གནས་ལུགས་ཟབ་མོའི་ལྟ་བའི་ཉམས་རྟོགས་རྗེས་མཐུན་པ་རྒྱུད་ལ་ཚེགས་ཆུང་ངུའི་སྐྱེས་པ་དང་། དབང་བཞི་པའི་ཕྱག་ཆེན་ཕྱག་ཆེན་ཟབ་གསལ་བདེ་བ་ཆེན་པོ་མ་ནོར་ཚུལ་བཞིན་དུ་གོ་བས་སངས་རྒྱས་ཀྱི་ཡེ་ཤེས་བཞུགས་ཚུལ་ཕྱོགས་མཐུན་པ་གཏན་ལ་ཕབ་པ་དང་། དེང་སང་ཕལ་པ་གཞན་གྱིས་མ་གོ་ཞིང་མ་རྟོགས་པའི་གནད་མདོ་རྒྱུད་ཀྱི་རྡོ་རྗེའི་ཚིག་གི་དགོངས་དོན་འགའ་ཡང་ཚེ་འདིར་བསླབ་སྦྱང་ཞུ་ཏིག་ཁོ་ན་ལ་ཡང་མ་ལྟོས་པར།

ཚེ་རབས་རིགས་ཀྱི་བདག་པོ་པདྨ་ཀ་རའི་སྒྱུ་འཕྲུལ་སྐྱེ་སྔོན་གྱི་རྨད་བྱུང་བླ་མ་ཤིང་རྟ་ཆེན་པོ་འགའ་དང་འགའ་ཡིས་བྱིན་རླབས་ཚེ་འདིའི་རྩ་བའི་བླ་མས་མཚམས་སྦྱར་བས་དེ་དག་གི་བཞེད་པ་ཇི་བཞིན་པ་རྣམ་རྟོག་གི་རྐང་ཚུགས་པ་དང་། རང་ཉིད་གཅིག་པོ་ཞི་བདེ་དང་ཐར་འདོད་ཀྱི་བསམ་པས་མ་བསླད་པར་ཐེག་ཆེན་གྱི་སྨོན་ལམ་རྒྱ་མཚོ་འདེབས་ཤིང་། འབྲེལ་བཅས་ཀྱི་འགྲོ་བ་བྱང་ཆུབ་ལམ་ལ་སྦྱོར་བའི་བསམ་པ་ལྷུར་ལེན་པ་དང་། འགྲོ་ཀུན་གྱིས་འཇིགས་ཤིང་ཡ་ང་བའི་གནས་སུ་བྱེད་པའི་འཆི་བ་དང་བར་དོ་ཡང་ཧ་ཅང་དེ་ཙམ་གྱིས་འཇིགས་པ་དང་ཡ་ང་མེད་པ་རྣམ་རྟོག་གི་རང་གཟུགས་ཙམ་དུ་རང་གྲོལ་གྱི་གདེངས་རྙེད་པ་དང་། དེ་བཞིན་ལས་འབྲས་ལ་ཡིད་ཆེས་ཤིང་ངན་འགྲོའི་གནས་ཡ་ང་བ་ཤེས་རུང་། དེར་ནམ་ཕུག་བདག་འཁྱམས་ཡོང་སྙམ་པའི་རྩི་གུམ་གུམ་དེ་ཡང་མི་འཆར་མོད། དེར་མ་ཟད་འགྲོ་བ་ལ་ཕན་པ་རྒྱ་ཆེན་བསྒྲུབ་ན་དབྱར་བར་ཡང་རང་ཉིད་འཇུག་མི་སྤྲོ་བ་ཆེས་ཆེ་བ་མེད་པས། གཞན་ཡང་བྱང་སེམས་འཕགས་པའི་ས་ཆེན་པོ་ནི་དུས་དུས་མྱུར་དུ་ཐོབ་འདོད་ཀྱི་བློ་ཐུན་མོང་མ་ཡིན་པ་རྒྱུན་དུ་ཡོད་ལ། དེ་ཡང་སངས་རྒྱས་གོ་འཕགས་པའི་ས་ཆེན་པོ་ནི་དུས་དུས་མྱུར་དུ་ཐོབ་འདོད་ཀྱི་བློ་ཐུན་མོང་མ་ཡིན་པ་རྒྱུན་དུ་ཡོད་ལ། དེ་ཡང་སངས་རྒྱས་གོ་འཕང་ཐོབ་དགོས་པ་གཞི་བཅས་ཤིང་ཐོབ་འདོད་ཀྱི་དགེ་བ་ཀུན་འབྲས་བུ་དེར་བསྔོ་ཡང་།

འཕྲལ་དགེ་བ་གང་འབྲས་བུ་དེར་བསྔོ་བ་གང་རང་དུ་ཐོབ་འདོད་དུང་དུང་ཧ་ཅང་གི་རེ་བ་ཆེར་ཆེ་བ་ནི་མི་བདོག་ཏེ། ཚུལ་དེ་དག་ཅི་ལྟ་བུ་ཞིག་ཡིན་ཀྱང་རུང་ལ་རྫུན་ཟོག་དང་མ་འདྲེས་པར་རང་གི་རྒྱུད་ལ་རྟོག་བཅས་ཀྱི་འགྲོས་འཆར་ལུགས་དེ་འདྲ་ཞིག་ནི་གདའ། དེ་ལྟ་བུའི་རྟོགས་ཚོགས་མང་དུ་ཡོད་མོད་ཀྱང་མཐའ་དག་ནི་འབྲི་བར་ག་ལ་སྤོབས། འདིར་ནི་སྔོན་རབས་ཀྱི་ཚུལ་ཅི་རིགས་པ་དྲན་པའི་ས་བོན་ཙམ་བརྗོད་པ་སྟེ། ཇི་སྐད་དུ། གྲོལ་མཆོག་ཞབས་ཀྱིས། དྲན་པ་གསལ་དུས་མ་བྲིས་ན། །ཤི་ནས་སུས་ཀྱང་རྟོགས་པར་དཀའ། །གསུངས་པ་དང་ཚུལ་མཚུངས་པས་སོན། ཚེ་འདི་ཡི་འཆར་མྱོང་སྣང་ཚུལ་རྒྱས་པ་ནི་གཞན་དུ་འཆད་པར་བྱའོ། །གཞན་ངོར་ཇི་ལྟར་ཡང་རང་མྱོང་ཐུན་མོང་མ་ཡིན་པའི་རྣམ་པར་རྟོག་པའི་ཡི་གེ་དྲང་པོའི་ས་བོན་འདི་ནི་དད་པའི་སྐལ་བ་ཅན་རྣམས་ཀྱིས་གསང་སྟེ་བཟུང་བར་བྱ་ཡི་ཧ་ཅང་གི་འཆར་གཡེངས་སུ་ཤོར་བར་མི་བྱ་ལ། ཅིའིཕྱིར་ཞེ་ན། ལོག་པར་ལྟ་བ་དང་ཐེ་ཚོམ་ཅན་འགའ་ཡིས་སྒྲོ་སྐུར་སྤྱོད་ཅིང་ངན་འགྲོའི་རྒྱུ་བསགས་པ་དང་། དེ་བཞིན་བླུན་པོ་འགའ་ནི་ཚིག་འདི་ལྟ་བུའི་རྗེས་སུ་བརྟགས་པར་མུ་ཅོར་གྱ་ཚོམ་མེད་དུ་སྨྲ་བ་དང་། འགའ་ཞིག་ནི་བླུན་པོ་གྲགས་རྗེས་འབྲངས་པས་དྲེགས་ཤིང་ཁོང་པ་རྣམས་རང་གདེངས་མེད་བཞིན་ཕལ་གྱི་འཆར་སྒྲོགས་འདི་ལྟ་བུའི་ཚུལ་མཐུན་དུ་དེ་རང་བབ་ཀྱིས་སྡེབས་པ་དང་།

ཁྱད་པར་ཆེས་སྙིགས་མའི་དུས་དབང་གིས་ཕལ་ཆེ་མི་ཆོས་བླ་རྫུན་གྱི་ཉེས་པ་མ་གོའམ་གོ་ཡང་མ་འཛེམ་པ་ཤེས་ཆེ་ཞིང་། ལྷག་ཏུ་བདག་ལྟའི་བླ་ཆུང་ཆེ་འདོད་ཅན་ཚོའི་བདུད་དུ་དེ་རང་བབ་ཀྱིས་འདུག་སྟེ། ཡི་གེ་འདི་ལྟ་བུ་མཐོང་ན་ལྷག་པར་ཁ་དྲག་གདོན་གྱིས་ཟིན་ནས་དེ་ལྟ་ལས་ལྷག་པའམ་མཉམ་པར་འདོད་པའི་བློས་ཟོག་རྫུན་ཐོ་ཅོའི་ཕ་རོལ་པོ་དེའི་ཡི་གེ་དང་འདྲ་མཚུངས་སུ་བལྟ་བ་ཡང་མང་དུ་འཐོང་བས། དེས་ན་ཡི་གེ་འདི་ལྟ་བུ་རྒྱུ་འབྲས་རྩིང་པོར་སྤྱོད་པའི་ཆེ་འདོད་ཅན་རྣམས་ཀྱི་ཐར་བའི་སྲོག་རྩ་གཅོད་པའི་སྤུ་གྲིར་འགྱུར་བས་གསུང་རབ་ཏུ་དམ་པར་བྱའོ། །དེ་ཡང་ཡི་གེ་འདི་ཉིད་དྲེགས་པའི་གཙོ་བོ་མ་ནིང་དྲག་ཤད་མེ་ཡི་ཁ་རླངས་ཅན། སྲིང་གཅིག་རེ་ཏི་ནག་མོ་ཁྲག་འཛག བཀའ་ཉན་མོན་པ་ཕོ་མོའི་ཚོགས་དང་། མ་མོ་སྔགས་བདག་རལ་གཅིག་མ། ཤན་པ་ནག་མོ། གཟའ་རྒོད་ཆེན་པོ། གནོད་སྦྱིན་དམར་ནག དམ་ཅན་ཐིག་ལེ་རྩལ་གཙོ་འཁོར་རྣམས་དང་། བདུད་ཀྱི་མགོན་པོ་ཀུན་དགའ་གཞོན་ནུ། ཡུམ་མཆོག་སི་ན་རཱ་མ། ལས་མཁན་དུས་མཚན་ཕོ་མོ་བཅས་ལ་གཉེར་དུ་གཏད་ཀྱི་གཡེལ་མེད་དུ་འཆང་བར་གྱིས་ཤིག སཱ་མཱ་ཡཱ་གཉེར་རྒྱཿ དམ་རྒྱཿ སྦེད་རྒྱཿ དེས་ན་པད་འབྱུང་ནམ་མཁའི་སྙིང་པོའི་འདུལ་བྱར་གྱུར་བའི་སྐལ་བ་ཅན་རྣམས་ཀྱིས་གླེགས་བམ་འདི་ཉིད་ལ་གུས་ཤིང་དད་པས་གསང་སྟེ་བཅང་ཞིང་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན་ཚེ་རབས་ཀྱི་ཡོངས་འཛིན་མགོན་དུ་པད་འབྱུང་ནམ་མཁའི་སྙིང་པོ་ཐོབ་ཅིང་དངོས་བརྒྱུད་སྤྲུལ་བས་རྗེས་སུ་བཟུང་ནས་གཏན་བདེ་བྱང་ཆུབ་ལ་སྦྱོར་བར་འགྱུར་གྱི་སྨོན་ལམ་གྱི་མཐུ་བཙན་པ་ཉིད་ཀྱིས་སོ། །སཱ་མཱ་ཡཱ་གཏད་རྒྱཿ འཆང་རྒྱཿ སྤེལ་རྒྱཿ དེ་ལྟ་མ་ཡིན་པར་ཐེ་ཚོམ་སྐུར་འདེབས་འགྲན་སེམས་འདྲ་ལེན་གྱི་རྒྱུ་རུ་འགྲོ་བ་ལ་སྤེལ་བ་དང་། དེ་ཡི་ཆེད་དུ་ཡི་གེ་འདི་བལྟ་བའམ་འབྲི་ཀློག་བྱེད་པ་པོ་བྱུང་ན། དེ་མ་ཐག་དེ་ཡི་བླ་རྟེན་སོ་སོར་ཁྲོལ་ལ། ཚེ་སྲོག་དྲོད་དབུགས་མཐུ་ཆེན་དྲེགས་པ་རྣམས་ཀྱི་རྔམ་ཟས་དང་། སྙིང་དང་སྙིང་ཁྲག་དགྱེས་པའི་སྟོན་མོར་ཧ་ཧ་ཧི་ཧིའི་གད་རྒྱངས་བཅས་ཏེ་རོལ་བར་གྱིས་ཤིགཿ སཱ་མཱ་ཡཱཿ དམ་ཛཿ གསང་རྒྱཿ བཀའ་རྒྱཿ གཉན་རྒྱཿ

ཨེ་མ། སྔོན་ནས་གོམས་པ་སྟོབས་སུ་འཕོས། ཚུལ་འདི་དད་པས་ལང་ཚོས་རབ་འབྱོར་ཞིང་། །མི་བྱེད་དགེ་བ་ཡིན་གྱི་སྒེག་གྱུར་གང་། །ཚེ་རབས་ལྷན་ཅིག་འགྲོགས་ཕྱིར་མགུལ་གྱི་རྒྱན། །སྦྱིན་གྱིས་རིན་ཐང་བྲལ་བའི་ནོར་བུར་ཟུངས། །གུས་ཤིང་དད་པས་འདི་ཀློག་འདི་འཆང་ཀུན། །སྐྱེ་ཀུན་པད་འབྱུང་ནམ་མཁའི་སྙིང་པོ་ཡི། །དངོས་བརྒྱུད་སྤྲུལ་པས་རྗེས་བཟུང་དུས་མྱུར་དུ། །དེ་ཡི་ཐུགས་དང་རོ་མཉམ་སངས་རྒྱས་ཤོག །དེ་ལྟར་སྨོན་ཀྱི་པདྨ་ཀ་ར་ཡི། །བདེན་ཚིག་བསླུ་མེད་རྡོ་རྗེ་ལྟ་བུ་དང་། །རྒྱལ་དང་སྲས་བཅས་སློབ་མར་བཅས་རྣམས་ལ། །དེ་འགྲུབ་གསོལ་བ་གདབ་ཀྱི་ཇི་བཞིན་ཤོག །བདག་ནི་སོ་སྐྱེས་ལམ་ཞུགས་ཆེས་དམན་ཞིང་། །མངོན་གྱུར་ཡོན་ཏན་མེད་རུང་སེམས་རྒྱུད་ལ། །དམ་པས་བྱིན་གྱིས་བརླབས་མཐུས་བག་ཆགས་བཟང་། །གཞན་གྱིས་རྟོགས་དཀའ་རང་གིས་མྱོང་བ་སྟེ། །ཚུལ་ཏེ་རང་སེམས་སླད་མེད་རྣམ་རྟོག་གཟུགས། །ཅི་ལྟར་ཤར་བཞིན་བརྗོད་པར་སེམས་ན་ཡང་། །རྗེས་དཔག་ཐོ་ཅོའི་སྐྱོན་དང་འདྲེས་སྲིད་ཚེ། །དེ་ཡང་སྒྲིབ་མེད་དགེ་ཚོགས་དབུགས་དབྱུང་གསོལ། །ཚུལ་འདི་བདག་ཉིད་སྒྲོགས་ཕྱིར་ཁོ་ན་མིན། །འགྲོ་འགའ་རྣམ་དཀར་འབྲེལ་བའི་རྒྱུར་དམིགས་ནས། །བརྗོད་པའི་དགེ་གང་ཟླ་བའི་རི་མཆོག་བཞིན། །བདག་གཞན་རྣམ་དཀར་སྨོན་ལམ་མཐུན་སྤྱད་ཤོག །

དེ་སྐད་རང་མྱོང་ཐུན་མོང་མ་ཡིན་པ་ལྐོག་གྱུར་གསང་བའི་གནས་ཇི་བཞིན་པར་གདོང་དམར་བོད་ཀྱི་ཤམྦྷ་ལ་རྩང་རི་ཁྲོད་ཆེན་པོ་ཇོ་ནང་སྟོད་ནས་ཅུང་ཟད་བྲིས་ཤིང་། དེ་འཕྲོ་ལ་སྟོད་ལྷོ་བྲང་མཚོ་བསམ་རྫོངས་དགོན་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུ་རང་ལོ་སུམ་ཅུའི་གུང་དུ་སླེབས་པ་ཀུན་དགའ་ཤིང་སྟག་སྨིན་དྲུག་ཟླ་བའི་ཚེས་བཅུ་ནས་ཐུན་ལ་སླེབས་སྐབས་གྲུབ་པར་བྱས་པ་སྟེ། འདི་ནི་རང་ལ་མོས་པའི་སློབ་མ་དམ་པ་མང་པོས་ནན་ཏན་དང་བཅས་ཏེ་དུས་ཡུན་རིང་ནས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། གཞན་ཡང་ལས་སྐལ་མཐུན་པའི་གདུལ་བྱ་ཅི་རིགས་པ་མཆིས་ཚེ་དེ་རྣམས་ཀྱི་བྱང་ཆེན་ལམ་གྱི་ས་བོན་དད་པའི་གསོས་སུ་ལྷག་པའི་བསམ་པས་བཀོད་པ་སྟེ། དགེ་བ་དེས་ཀྱང་ཚུལ་འདི་མཐོང་ཐོས་དྲན་རེགས་ཀྱི་འགྲོ་བ་ཀུན་པད་འབྱུང་ནམ་མཁའི་སྙིང་པོའི་ཐུགས་ཀློང་དུ་གྲོལ་བར་གྱུར་ཅིག །མངྒ་ལ་བི་ཛ་ཡནྟུ།

ལ་དྭགས་རྒྱལ་པོ་དང་མུ་ཝེ་རྒྱལ་པོ་གཉིས་ཀྱི་ཆིངས་འདུམ་ལ་ཕེབས་སྐོར།

༄༅། །ལ་དྭགས་རྒྱལ་པོ་དང་མུ་ཝེ་རྒྱལ་པོ་གཉིས་ཀྱི་ཆིངས་འདུམ་ལ་ཕེབས་སྐོར། །

༈ ཨོཾ་སྭཱསྟི་སིདྡྷི་ཛྙིཾ་རཱ་ཛ་བྷ་ཝནྟུ། མི་འགྱུར་གདོད་ནས་དག་པ་ཆོས་ཀྱི་དབྱིངས། །བྲི་གང་ལས་འདས་རྟག་པ་གཡུང་དྲུང་ཆེ། །སྲིད་ཞི་ཕུན་ཚོགས་དཔལ་ཀུན་འབྱུང་བའི་གནས། །རང་བཞིན་འོད་གསལ་ཆོས་སྐུ་ངོ་བོ་ཉིད། །ཀུན་གྱི་རྒྱུད་དུ་ཏིལ་ལ་མར་བཞིན་དུ། །གནས་མོད་གསེར་ལ་གཡའ་བཞིན་གློ་བུར་གྱིས། །སྒྲིབ་པ་གསལ་བྱེད་བདེན་གཉིས་ཟུང་འཇུག་སྐུ། །དྲན་མཆོག་བླ་མ་ཀུན་ཏུ་བཟང་པོར་འདུད། །རྣམ་ཀུན་མི་འགྱུར་བདེ་བ་ཚད་མེད་པ་ཡི་ནམ་མཁའི་མཐར་གཏུགས་སེམས་ཅན་སྒྲོལ་སླད་དུ། །རྫོགས་སངས་རྒྱས་འགྱུར་ཡི་དམ་ཞི་དང་ཁྲོ་བོ་མཆོག་གི་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་གར། །དེ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་སློབ་གྱུར་རང་སངས་རྒྱས་དང་ཉན་ཐོས་འཕགས་པའི་ཚོགས། །གང་གི་ཐུགས་དང་ཞལ་ལ་ལེགས་གནས་ལུང་དང་རྟོགས་པའི་དམ་པའི་ཆོས་རིན་ཆེན་སྒྲོན་མེ་ཆེ། །རིན་ཆེན་མཆོག་གསུམ་རབ་ཏུ་གཉེན་ཞིང་བསྟན་པ་ཡུན་དུ་གནས་པའི་ཕྱིར། །ས་བཅུའི་མགོན་པོ་རྡོ་རྗེ་ཆོས་སྐྱོང་ཆེན་པོར་སྤྲུལ་དང་དེ་ལས་གཞན། །འཇིག་རྟེན་ལས་ཀྱི་ཚུལ་སྣང་ཕྱོགས་སྐྱོང་ཞིང་སྐྱོང་བསྲུང་མ་དམ་ཚིག་ཅན། །མཐུ་དང་རྫུ་འཕྲུལ་འབྱམས་ཀླས་ལེགས་ཉེས་སྟངས་འཛིན་རིག་དུས་ཀུན་མཁྱེན་ཆེ། །དེ་ལྟར་གཅིག་དང་དུ་མའི་སྤྲོས་བྲལ་གཅིག་ཏུ་མ། །རང་ཤར་དཀོན་མཆོག་རིན་ཆེན་རྩ་བ་གསུམ་གྱི་ཚོགས། །མ་གྲུབ་བཞིན་སྣང་སྒྱུ་འདྲའི་འགྲོ་ལ་དུས་རྟག་པར། །ཕན་དང་བདེ་བའི་འབྱུང་གནས་རྟོག་མེད་རྗེས་ཆགས་ཀྱི། །རྒྱུན་ཆད་མེད་མཛད་དེ་ལ་བསྐུལ་བརྟན་མི་འཚལ་ཡང་། །གཉིས་འཛིན་ལས་ཉོན་སྒྲིབ་པས་བཅིང་རྣམས་སྙིགས་དུས་ཀྱི། །མི་བཟད་དུཿཁས་རབ་ཏུ་མནར་ལ་མ་བཟོད་པས། །དཔུང་དང་ར་མདར་སྒྲན་གྱིས་དུས་འདིར་དགོངས་མཛོད་ལ། །སྐྱེ་དགུ་སྤྱི་དང་བྱེ་བྲག་རྒྱལ་བའི་བསྟན། །ཉེར་གནས་གནས་རིའི་བསྐོར་བའི་ཡུལ་ལྗོངས་འདིར། །ནད་ཞི་མུ་གེ་མེད་ཅིང་ཁྱད་པར་དུ། །མཐའ་དམག་གདུག་པའི་མཚོན་སྐལ་ཡོངས་ཉམས་ནས། །རིས་མེད་འགྲོ་ཀུན་ཕན་བདེའི་དཔལ་བཟང་པོས། །བསྲུང་ཕྱིར་གངས་ཅན་མགོན་པོའི་ཕྲིན་ལས་སུ། །མར་ཡུལ་བདག་པོའི་ལེགས་བཟླུམ་བདག་འབད་འདི། །ཇི་བཞིན་དུས་སྲིད་བར་དུ་གནས་པར་མཛོད། །

ཅེས་སྐྱབས་ཡུལ་རྣམས་ལ་མཆོག་ཏུ་གུས་པས་རང་བློ་ངལ་གསོ་བའི་སླད་དུ་གསོལ་འདེབས་ཤུགས་འབྱུང་འགག་པ་མེད་པའི་ཚིགས་སུ་བཅད་པ་ཁ་ཤས་ཤིག་གིས་མདུན་བསུས་ཏེ་འདིར་བརྗོད་པར་བྱ་བ། དེ་ཡང་རྒྱལ་བ་ཆོས་ཀྱི་སྐུ་ཡི་ཞིང་ནམ་མཁའི་མཐའ་ཐུག་པ་ཉིད་དུ་རྒྱ་ཆད་ཕྱོགས་ལྷུང་ལས་འདས་པ་མི་གནས་གནས་པ་ཆེན་པོའི་བརྡར་བཞག་པ་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་སྐུའི་ཞིང་རྒྱན་སྟུག་པོ་བཀོད་པ་ཡེ་ཤེས་ཀྱི་གཟི་བརྗིད་དཔལ་དུ་འབར་བས་སྒྲིབ་གཉིས་ཀྱི་དྲི་མ་བཅོམ་པར་སླ་བ། དེ་ལས་མཆོག་གི་སྤྲུལ་པའི་སྐུའི་ཞིང་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་ལས་མ་གཡོས་བཞིན་དུ་བསྒྱུར་བའི་ཟློས་གར་འཇིག་རྟེན་གྱི་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་བདག་ཉིད་ཅན་སྟོན་པ་སྐུ་གསུམ་གྱི་རྒྱལ་བ་ཆོས་ཀྱི་སྐུ་ཆོས་ཀྱི་དབྱིངས་གཅིག་ཏུ་མཉམ་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་དང་ཐ་དད་པ་མ་ཡིན་པ། སྤྲུལ་པའི་སྐུ་གདུལ་བྱའི་མོས་པ་བཞིན་མ་འདྲེས་སོ་སོར་སྣང་བའི་བདག་ཉིད་ཅན་རྒྱལ་བ་ཐམས་ཅད་ཀྱི་བཀོད་པ་རྟག་པར་མཉམ་པ། དེ་ལྟ་བུ་ལས་དུས་འདིར་རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བཟོད་པ་དང་ལྡན་པ་མི་མཇེད་འཇིག་རྟེན་གྱི་ཁམས་ལྷ་རྣམས་ཀྱི་གསེར་གྱི་པདྨ་འདབ་མ་བཅུ་ཕྲག་བརྒྱར་བྱས་པ་རྒྱལ་བའི་དགེ་མཚན་གྱི་སྤྲས་པ་མཐོང་བས་བསྐལ་པ་བཟང་པོ་ཞེས་གདགས་པ་རྣམ་འདྲེན་མཆོག་གྱུར་སྟོང་ལས་བཞི་པ་ཁམས་གསུམ་གྱི་བླ་མ། འཇིག་རྟེན་གསུམ་གྱི་མགོན་པོ། སྲིད་པ་གསུམ་གྱི་སྒྲོན་མེ། མཚུངས་པ་མི་མངའ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་ཤཱཀྱའི་ཏོག་ཤཱཀྱ་དོན་ཀུན་གྲུབ་པ་ཞེས་རྫོགས་པའི་སངས་རྒྱས་གཞན་རྣམས་ལས་ཆེས་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱིས་ཛམྦུ་གླིང་གི་སྐྱེ་དགུ་བསྐལ་པ་རྩོད་ལྡན་གྱི་མཐའ་ལ་མཐར་ཐུག་པ་ཕ་ལ་ཕར་མི་འཛིན་ཞིང་། མ་ལ་མར་མི་འཛིན་པ། བྲམ་ཟེ་དང་དགེ་སྦྱོང་ལ་ཁྱད་པར་དུ་མི་བྱེད་ཅིང་། མི་དགེ་བའི་ལས་ལམ་བཅུ་ཡོངས་སུ་བདོ་ཞིང་མཚམས་མེད་པའི་ལས་ལ་ཞུགས་པའི་དུས་སུ་དགའ་ལྡན་གྱི་གནས་ཆོས་ཀྱི་རྒྱལ་མཚན་མཐོན་པོ་ནས་སྐྱེ་བ་སྤྲུལ་པའི་སྐུ་དམ་པ་ཏོག་དཀར་པོ་ཉིད་གཟིགས་པ་ལྔས་ཛམྦུ་གླིང་དུ་སྐྱེ་བའི་སྲིད་པ་ཡོངས་སུ་བཟུང་བའི་ཚུལ་སྣང་བར་བྱས་ཏེ་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་བླ་ན་མེད་པ་སྟེ་ཚུལ་བཅུ་གཉིས་ལེགས་པར་བརྟན་པ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བདེན་པ་བཞི་དང་། མཚན་མ་མེད་པ་དང་། ཕྱིར་མི་ལྡོག་པ་སྙིང་པོའི་གཏམ་སྟེ། དང་པོ་ནི་དྲང་བ་དང་། བར་བ་ནི་ངེས་པའི་དོན་རྩ་བ་ཉིད་དང་། ཕྱི་མ་ནི་ངེས་དོན་གསལ་བ་ལེགས་པར་རྣམ་པར་དབྱེ་བ་བཤད་སྦྱར་ཚུལ་གྱི་སྟེ་གདུལ་བྱ་རྣམས་རང་རང་དབང་སྐལ་དང་ལྡན་དང་མཐུན་པར་དཀྲི་བར་མཛད་ཅིང་། རིག་པ་འཛིན་པའི་སྡེ་སྣོད་རྣམས་ནི་ཐུན་མོང་གི་གནས་ཨོ་རྒྱན་གྱི་ཡུལ་དང་དཔལ་ལྡན་འབྲས་སྤུངས་སོགས་སུ་ཡང་སྣང་བར་མཛད་ཅིང་ཐུན་མོང་མ་ཡིན་པ་རྡོ་རྗེ་བཙུན་མོའི་མཁར་རྟག་ཏུ་གནས་བཞིན་པར་བརྟན་པར་མཛད་པ་དང་། གདུལ་བྱ་འགའ་ཞིག་ལ་དགོངས་ཏེ་ཐེག་པ་གསར་ལ་མ་འོངས་འབྱུང་འགྱུར་དུ་ལུང་བསྟན་པའི་ཚུལ་ཡང་མཛད་ནས་ཐུན་མོང་གི་ངོར་བྱང་ཕྱོགས་གྱད་ཀྱི་ཡུལ་རྩྭ་ཅན་དུ་དགུང་ལོ་བརྒྱད་ཅུ་པར་མྱ་ངན་ལས་འདས་པའི་ཚུལ་སྤྲུལ་པའི་སྐུ་ལོངས་སྐུ་བཞི་མཐུན་པའི་བཀོད་པས། ཞི་བ་ཆོས་ཀྱི་སྐུར་གཤེགས་པའི་ཚུལ་བསྟན་ཅིང་གང་གི་བསྟན་པ་རིན་ཆེན་སྒྲོན་མེ་ཡུན་རིང་དུ་གནས་པའི་ཆེད་དུ་ཐུན་མོང་གི་སྡེ་སྣོད་རྣམས་འཕགས་པའི་གནས་བརྟན་བཅུ་དྲུག་དང་། རྒྱལ་ཚབ་འོད་སྲུང་སོགས་ལ་གཏད་ཅིང་། ཐེག་ཆེན་རྣམས་རིགས་གསུམ་མགོན་པོ་སོགས་ཉེ་སྲས་རྣམས་དང་། རྒྱལ་ཚབ་བྱམས་པ་ལ་ཉེ་བར་གཏད་ཅིང་སྨོན་ལམ་གྱི་མཐུས་བསྟན་པ་ལྔ་བརྒྱ་ཕྲག་བཅུའམ་བཅུ་གཅིག་ཏུ་གནས་པར་བྱིན་གྱིས་རླབས་ཤིང་། དེ་ཡང་བྱང་ནས་བྱང་གི་ཕྱོགས་སུ་འཕེལ་ཞིང་ལྷོ་ཕྱོགས་སུ་བསྡུད་པར་གསུང་བ་ལྟར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བས་ཡོངས་སུ་བརྒྱན་པའི་རི་བོའི་ཁྲོད་བྷོ་ཊ་ཞེས་བོད་དུ་སྒྲོགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་གིར་བཟུང་བའི་ཡུལ་ཁམས་ས་ཡི་དཀྱིལ་འཁོར་རྒྱ་ཁྱོན་ནི་མི་ཁྱིམ་བྱེ་བའི་གྲངས་སུ་ཉེ་བས་བཅིང་བའི་ཡུལ་གྱི་ཚད་ཅན་དུ་མཁས་པའི་དབང་པོ་ཁ་ཅིག་གིས་བཞེད་བཞིན་སྔོན་དུས་སྐྱེ་བོའི་ཚོགས་ཀྱི་ཡོངས་སུ་ཁེངས་ཤིང་འབྱོར་བར་ངེས་ཀྱང་། དེང་དུས་སངས་རྒྱས་ཀྱི་བསྟན་པ། རིན་ཆེན་དང་མཇལ་བའི་མི་ལུས་དམ་པ་རྙེད་པར་དཀའ་བའི་མཚན་ཉིད་ཀྱི་མི་ཁྱིམ་གྱི་གྲངས་ནི་དེ་ལྟར་སྨོས་ཀྱང་ཅི་འཚལ་ཏེ་སྐྱེ་བོའི་གྲངས་ཡོངས་སུ་བསྡོམས་ཀྱང་དེའི་རྗེས་སུ་འགྲོ་བ་དཀའ་བར་སྣང་ལ། གང་ལྟར་ཡུལ་ལྗོངས་འདིར་འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་བྱོན་ནས་སེམས་ཅན་ལ་ཕན་ཅིང་བདེ་བའི་སླད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་མཛད་པ་སྟེ། དེ་ཡང་ཐོག་མར་ཡུལ་ལ་དབང་བ་རྒྱལ་པོའི་ཚུལ་གྱི་འདུལ་བར་དགོངས་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པའི་ཚུལ་ཅན་ཆོས་ཀྱི་རྒྱལ་པོ་མེས་དབོན་ཡབ་སྲས་རྣམས་རིམ་པར་བྱོན་ཞིང་དེ་རྣམས་ཀྱི་དུས་སུ་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འགྲོ་བའི་ཡུལ་དུས་དབང་པོ་དང་མཚམས་པར་སློབ་དཔོན་ཆེན་པོ་དང་མཁན་པོ་ཆེན་པོ་སོགས་འཇིག་རྟེན་མིག་མཁས་པོ་ཆེན་པོ་རྣམས་སུ་སྣང་བར་མཛད་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་སྲོལ་གཏོད་པ་དང་དར་རྒྱས་སུ་སྤེལ་བར་བྱས་ཤིང་། དེ་ནས་ཡང་རིམ་པས་ད་ལྟ་ལ་ཐུག་གི་བར་མོས་པ་ཐ་དད་ཀྱི་ངོ་བཞིན་པཎྜི་ཏ་དང་། ལོ་ཙཱ་བ་དང་། རབ་ཏུ་བྱུང་བ་དང་། དགེ་བསྙེན་གྱི་ཚུལ་བགྲང་གིས་མི་ཆོད་པ་བྱོན་ཏེ། དམ་པའི་ཆོས་ཚུལ་གྱི་སྒོ་ཕར་བརྒྱ་ཕྲག་དུ་མ་དབྱེ་བར་མཛད་ཅིང་། གདུལ་བྱ་རྣམས་ཀྱི་འཁོར་བའི་སྒོ་བཅད། ཐར་པའི་ལམ་དབྱེ་བྱང་ཆུབ་ཀྱི་འབྲས་བུའི་གསོས་རྨད་དུ་བྱུང་བ་ཡི། སྒྱུ་འཕྲུལ་མདོ་དང་སེམས་ཀློང་མན་ངག་གི་སྡེ་འཛིན་པ་དང་། ལམ་འབྲུ་དང་བཅས་ཤིང་། ཆོས་དྲུག་གི་གདམས་པ་རིགས་གཉིས་དང་། དུས་འཁོར་བདེ་དགྱེས་གསང་འདུས་ཀྱི་མཚོན་སྔགས་བླ་ན་མེད་པའི་ཆོས་ཚུལ་འབྱམས་ཀླས་པ་དང་། གཞན་ཡང་གཉུག་མའི་དོན་ཟབ་མོ་གཙོ་བོར་སྟོན་པ་ཞི་བྱེད་སྤྱོད་ཡུལ་ཕྱག་ཆེན་བསམ་གྱིས་མི་ཁྱབ་པ་དང་། དབུ་མའི་ལྟ་ཁྲིད་སོགས་རྣམ་གྲངས་བརྗོད་པར་དཀའ་བ་དང་། ཐེག་པ་ཆེན་པོ་ལམ་གྱི་གཞུང་ཤིང་མེད་དུ་མི་རུང་བ་ཤིང་རྟ་ཆེན་པོའི་སྲོལ་བསྟན་པ་སྤྱིའི་རིམ་པའམ་བྱང་ཆུབ་ལམ་རིམ་དུ་གྲགས་པ་ཉིད་དང་། བྱང་ཆུབ་བློ་སྦྱོང་གི་གདམས་པ་ཚོགས་དུ་མ་འབྱམས་ཀླས་པ་སོགས་མདོར་ན་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་སོ་ཐར་བྱང་སེམས་རིག་འཛིན་གྱི་སྡོམ་པ་གསུམ་གྱི་རྒྱུན་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་པའི་མན་ངག་རྣམ་གྲངས་ཚད་བཟུང་ལས་འདས་པ་ཀུན་ཀྱང་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་ཐར་པ་མཆོག་གི་ལམ་དུ་འཇུག་པ་བླ་ན་མེད་པའི་གོ་འཕང་བསྒྲོད་པ། དུས་གསུམ་གཤེགས་པའི་ཤུལ་དུ་སྙེག་པ་དེ་ལྟ་བུའི་ཆོས་ཚུལ་མཆོག་ཏུ་གྱུར་པ་དུ་མས་འཛམ་གླིང་སྤྱི་ལས་ཁྱད་པར་དུ་བྱས་པས་གངས་རིའི་ཁྲོད་འདི་ནི་ཡུལ་གྱི་ཆ་ནས་དམན་པ་དང་ཉུང་ངུ་ཉིད་དུ་ཟད་ཀྱང་། མངོན་མཐོ་ངེས་ལེགས་ཀྱི་སྒོ་ནས་གངས་ཅན་བྷོ་ཊ་ཉིད་བྱང་ཕྱོགས་ཤམྦྷ་ལ་ལས་ལྷག་པར་བདོ་བུའི་ངང་ཚུལ་ཅན་སྟེ། ད་ལྟ་འཛམ་གླིང་འདི་ན་གདུགས་ཀྱི་ཏོག་གམ་རྒྱལ་མཚན་གྱི་རྩེ་མོ་བཞིན་མངོན་པར་མཛེས་ཤིང་འཕགས་པར་གྱུར་པའི་ཡུལ་བོད་དང་བོད་ཆེན་པོ་གཉིས་སུ་བཞག་པའི་བོད་ཆེན་པོ་ཞེས་ཉི་འོག་གི་ཡུལ་མདོ་ཁམས་སྒང་ལྔའམ་སྒང་དྲུག་ཏུ་གྲགས་པ་དང་། བོད་ཀྱི་རྒྱལ་ཁམས་ཉིད་ལ་གླིང་དགུ་བཅད་པའི་དབུས་འགྱུར་གྱི་མཚལ་དུ་བཞི་དང་། སྟོད་དུ་རྣམ་པར་གྱེས་པའི་ཡུལ་མངའ་རི་སྐོར་གསུམ་སྟེ། དེ་ན་སྐྱེ་རྒུ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ལྷར་བཅས་འགྲོ་བ་ཡོངས་ཀྱི་མཆོད་འོས་ལག་ན་པདྨོ་འཛིན་པ་གང་ངུར་སྨྲིག་གར་གྱིས་སྒེག་པ་ངེས་ལེགས་ཀྱི་དེད་དཔོན་ཆེན་པོ་མངོན་མཐོ་གྲུ་འཛིན་གྱི་སྤོར་སེང་གེའི་ཁྲིར་འཇིག་རྟེན་མཛེས་པའི་རྒྱན་གྱུར་བདུན་པས་ཡུལ་དབུས་སུ་བསྟན་པ་བསྐྱང་བའི་ལོ་ཀན་ལྡན་ལྕགས་བྱི་ནས་སོ་གསུམ་འདས་ཤིང་ད་ལྟ་དཔལ་གདོང་ཆུ་བྱ་སྟེ་སོ་བཞིའི་སྟེང་དུ་སླེབ་པ་དང་། འཛམ་གླིང་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་རྣམས་ལས། ཏ་སིག་རྒྱལ་པོས་ཧ་ཧ་བཱཀྵཿ ར་འབོད་པ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་བར་ས་ཡི་དཀྱིལ་འཁོར་ཆེན་པོ་ལ་དབང་མཛད་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མ་ཤུབ་ཙི་ན་གྱི་གདུང་ལས་གནམ་སྐོས་ལྷས་སྐྱོང་གི་རྒྱལ་ཐབས་བསྐྱང་ནས་ལོ་བཅོ་བརྒྱད་པ། ལྷོ་ཕྱོགས་འཕགས་པའི་ཡུལ་རྒྱ་བལ་གྱི་མཚམས་སིནྡྷུ་ལ་ནས་རྒྱ་མཚོ་ཆེན་པོའི་བར་ས་ཡི་དཀྱིལ་འཁོར་མཐའ་དག་ལ་དབང་སྤྱོད་པ་ནུབ་ཕྱོགས་ཏ་སིག་ཅེས་དང་། ད་ལྟར་ཟུར་ཆག་སྐད་སྟག་གཟིག་ཅེས་བརྗོད་པ་ཀླ་ཀློའི་རྒྱལ་པོ་བཱ་ཀྵཱཿ དྷེ་བྷཪྴའི་རིགས་ལས་བཱཀྵཱ་ཨ་མ་རཱ་ཞེས་པས་ཌི་ལིར་སྲིད་བསྐྱང་ནས་ལོ་བདུན་གྱི་སྟེང་དུ་གནས་པ། བྱང་ཕྱོགས་བསིལ་ལྗོངས་དང་ཉེ་བའི་ཡུལ་ས་ཋ་ན་ཞེས་སྔར་ཌི་ལིའི་འོག་ཏུ་འདུས་ཀྱང་ད་ལྟ་རང་དབང་དུ་ཤས་ཆེ་བ་ཡུལ་ན་དིཪྵ་ནས་བྱུང་བའི་རིགས། རཱ་ཛ་མ་ལ་ར་ཁང་གི་སྲིད་སྐྱོང་ནས་ལོ་བརྒྱད་སོང་བའི་སྐབས། ཆུ་ཀླུང་ཆེན་པོའི་ནཱི་ལའི་ངོགས་རི་བོ་གངས་ཅན་ཆེན་པོའི་ལྷོ་སྨད་ཀྱི་ཆར་འཛམ་གླིང་སུམ་ཆུའི་ཡུལ་དུ་མངོན་རློམ་གྱི་ང་རྒྱལ་ལྡན་པ་བསྟན་བཅོས་རྣམས་སུ་རཀྨ་ཞེས་དང་། ད་ལྟ་ཟུར་ཆག་གི་རུམ་དུ་འབོད་པའི་སྟོབས་ཀྱི་རྒྱལ་པོ་ཧ་སི་རཏྟི་ཨ་ཝ་བྷ་ཀ་ར་སིདྡྷིའི་རྒྱུད་ཧ་སི་རཏྟི་ཨ་ལས་ཁྲིམས་བསྐྱང་བའི་དུས་ཏེ་སྐར་རྩིས་པ་སྤྱིའི་རབ་བྱུང་བཅུ་གཉིས་འདས་ཤིང་བཅུ་གསུམ་པ་ཤར་ནས་ལོ་ལྔ་སོང་བ། དེའི་དུས་རྒྱ་དཀར་དང་རྒྱ་ནག་གི་མངའ་རིས་ཀྱི་མཚམས་སྟོད་ཧོར་དང་སོག་པོའི་རྒྱུ་སྲང་བོད་ཡུལ་གྱི་སྟོད་མངའ་རི་སྐོར་གསུམ་གྱི་ས་ཡི་ཐིག་ལེ་རི་ཡི་རྒྱལ་པོ་ཀེ་ཏ་རའི་ནུབ་ཕྱོགས་ཀླུང་སེང་གེ་ཁ་འབབ་དུ་གྲགས་པ་ནཱི་ལའི་ཆུ་མགོ་མར་ཡུལ་གཡའ་ཡིས་སྐོར་བའི་ལྗོངས་ཀྱི་བདག་པོ་རྒྱལ་པོ་མང་པོས་བསྐུར་བའི་རིགས་དྲི་མ་མེད་པ་ཤཱཀྱ་ལིཙྪ་བའི་རྒྱུད་བོད་ཀྱི་རྗེ་བོ་ལྷ་བཙད་པོ་མེས་དབོན་གྱི་གདུང་ལས་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས། མགོན་གསུམ་གྱི་གཅེན་དཔལ་ལྡེ་རིག་པ་མགོན་ནས་མངའ་ཐང་ལང་ཚོ་ད་ལྟའི་བར་དུ་ཉམས་པ་མེད་པ་སྤྱོད་པའི་རྒྱུན་མར་ཡུལ་ལ་དྭགས་རྒྱལ་པོ་ཞེས་ཡུན་ནས་ཡུན་དུ་དགེ་བའི་དཔལ་དང་ལྡན་པ་དེ་ལྟ་ལ། ཕྱི་མའི་དུས་འདིར་ཆུ་བོ་སི་ཏའི་ལྷོ་ཕྱོགས་ཀྱི་ཁྱོན་འདིར་རྒྱལ་པོ་ཆེན་པོ་དང་། ཁམས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་དང་རྒྱལ་རིགས་ཀྱི་ཚོགས་མཐའ་དག་ཐུབ་བསྟན་ལྔ་བརྒྱའི་མཚམས་དུས་ཀྱི་འགྱུར་བས་གཅིག་ལ་གཅིག་གིས་རྒོལ་ཞིང་མཛའ་བཤེས་ཉེ་དུ་རྣམས་ཀྱང་བརྩེ་བ་ཆུང་ཞིང་ཕན་པའི་མཚམས་སྦྱོར་དཀོན་ཞིང་གནོད་པའི་སྦྱོར་བ་ལྷུར་ལེན་པའི་སྐྱེ་བོ་མང་བ་ཡི་མར་ཡུལ་བདག་པོ་ཁུ་དབོན་ཡང་མི་མཛའ་བའི་ངང་ཚུལ་བརྟས་པས་མཐའི་དམག་དཔུང་ཆེན་པོ་དྲག་ཏུ་གཡོ་བའི་རྒྱུ་རྐྱེན་ལ་ཞུགས་ཏེ་སྐྱེ་རྒུ་མཐའ་ཡས་པ་ལ་བཟོད་པར་དཀའ་བའི་དུཿཁ་སྟེར་བར་ཆས་པ་ལ། གངས་ཅན་མགོན་པོ་ལག་ན་པདྨོ་སྡོམ་བརྩོན་རྒྱལ་པོའི་ཚུལ་དུ་སྤྲུལ་གྱུར་གང་གི་རིས་སུ་མ་ཆད་པའི་སྐྱེ་རྒུ་མཐའ་དག་ལ་བྱམས་པ་དང་བརྩེ་བའི་ཐུགས་ཀྱི་ཡོངས་སུ་བྱས་པས་འགྲོ་བ་སྤྱི་དང་བྱེ་བྲག་ཏུ་མར་ཡུལ་ཕན་བདེའི་རྩ་ལག་ཏུ་དགོངས་ནས་གངས་ཅན་ཁྲིམས་ཀྱི་བྱེད་པོ་མདུན་ན་འདོན་ཆེན་པོ་རྣམས་བརྒྱུད་དེ་ཉི་འོག་བོད་ཆེན་གྱི་ཕྱོགས་སུ་རང་དབང་གི་ཆོས་སྨྲ་བའི་གོ་སར་སྐྱེས་གྱུར་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ་བསྟེན་པ་བཞི་ལྡན་བྷོ་ཊ་ཛོ་ཀི་ཧ་རི་ནཱ་ཐ་ལ་རྒྱལ་བའི་ཕྲིན་ལས་ཀྱི་བྱེད་པོར་མངའ་རི་སྟོད་ཀསྨི་ར་ཡི་ཡུལ་མཚམས་སུ་ཁྱོད་ཉིད་བགྲོད་པས་འོས་ཞེས་བཀའ་ལུང་ཕེབས་པར་གྱུར་ཡང་། རང་ཉིད་སྤྱིར་ནམ་འཆི་ཆ་མེད་ཀྱི་བློ་ལ་ལྷག་ཏུ་བསྒྲང་བྱས་ཡོངས་སུ་བསོད་ནམས་ཚོགས་ཆེན་གྱི་ལས་སུ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་ཞིག་གྲུབ་ན་སྙམ་པ་ཙམ་ལས་གཞན་ཕྱོགས་བགྲོད་ཀྱི་སྤྲོས་པ་མང་པོ་མི་ལྡན་པ་དང་། སྟོད་ཕྱོགས་སུ་བགྲོད་པར་ལྟས་ཀྱང་ཅུང་ཟད་འཚུབ་ཅིང་། ལྷག་ཏུ་བདག་ལྟ་བློ་གྲོས་ཀྱི་ལང་ཚོ་མ་བརྟས་པས་འཇིག་རྟེན་མཐུན་འཇུག་གི་སྤྱོད་པར་མི་མཁས་པ་ཀུན་གྱི་མངོན་པར་གསལ་བར་གྱུར་པ་དེ་བཞིན་པས་རྒྱལ་པོ་དྲེགས་ལྡན་དག་གི་ལེགས་བཟླུམ་རྔོ་ཐོགས་པར་དཀའ་བ་ཡི་འགྲོ་བར་མི་སྤྲོ་ཚུལ་གསོལ་ཡང་སྐྱེ་རྒུ་དུ་མར་ཕན་བདེའི་བཙས་སུ་བཀའ་ནན་ཆེན་པོས་བཅིང་བ་ལ་རྟེན་སྒོ་གསུམ་གྱི་ངལ་བ་མཐའ་དག་ཁྱད་དུ་བསད་དེ་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་བདུན་པར་མརའ་རི་སྟོད་སྒར་ཐོག་ཏུ་འབྱོར་ཞིང་། ལ་དྭགས་རྒྱལ་པོ་དང་མུལ་ལྦེ་རྒྱལ་པོ་གཉིས་ཀ་ཝཾ་ལེར་འཕྲལ་འབྱོར་དགོས་ཚུལ་གྱི་སྔ་འགྲོས་སོ་སོའི་ཕེབས་བསུ་དེར་བྱུང་བའི་ཁྲོད་ནས་བརྫངས་ཤིང་རང་ཉིད་ཟླ་བ་དེའི་དམར་ཕྱོགས་ཚེས་བཅུར་བོད་ཡུལ་རྗེ་བོ་དང་ལ་དྭགས་བདག་པོའི་ཡུལ་མཚམས་གུ་རུའི་གནས་ཆེན་བདེ་མཆོག་ལྷ་རི་དཀར་པོ་དང་། ཧོར་ཟླ་བརྒྱད་པའི་ཚེས་༡ལ་ཁ་སྦྱོར་དུ་སོན། ལ་དྭགས་ནས་རྒྱལ་སྲས་དང་རྒྱལ་མོ་ཡང་ཝཾ་ལེར་རིགས་ཁྱད་ཀྱི་ཕེབས་གྲུབ་འདུག་ཅིང་། མུལ་ལྦེ་རྒྱལ་པོ་སྔར་བླ་མ་དཀོན་མཆོག་ལ་དད་པ་ཆེ་བར་གྲགས་གཤིས་ཕྲལ་འབྱོར་ཡོང་བར་བྱས་ཀྱང་ཟླ་བ་དེ་ཀའི་ཚེས་༡༧ལ་མུལ་ལྦེ་རྒྱལ་པོའི་བཀའ་བློན་བསྟན་འཛིན་སོན་པའི་རག་མར་ལ་དྭགས་རྒྱལ་པོའི་ཕོ་ཉ་ཁ་ཆེ་ནས་ཡོང་བར་ཁ་ཆེ་ནས་དཔུང་ཆེ་བ་གཉིས་ཡོང་རྒྱུའི་མི་དང་ཡི་གེ་ལག་ཟིན་བྱུང་གཤིས། དོགས་ཟིན་གྱི་ཕྲལ་ཡོང་མ་བདེ་བས་ཟླ་མཚམས་ཙམ་ལ་ཡོང་རྩིས་ཡིན་ཚུལ་བྱུང་བ་དེ་ལྟར་གངས་ཅན་རྗེ་བོ་གཞུང་ས་མཆོག་ཏུ་བར་འཆིང་བགྱིད་པར་ངེད་དགོས་ཚུལ་གསོལ་བ་བཞིན་ཁ་ཆེའི་དཔུང་གི་སྣ་འདྲེན་བྱེད་པ་མི་འོས་ཤིང་། ཡིད་ཀྱང་འཁྲུགས་པས་ཕན་ཚུན་ལ་འཕྲོས་ཀྱང་གསལ་བར་བགྱིས་པར་ལ་དྭགས་རྒྱལ་བློན་ནས་ཁྱོད་ལ་དྭགས་སུ་ཡོངས་བའི་ངེས་པ་མ་རྙེད་གོང་དུ་ཁ་ཆེར་ཨ་ཁུའི་སྣ་ཚོགས་ཞུས་པར་བརྟེན་དེ་དང་ཆ་མཐུན་གྱི་ཉེར་ལེན་བཏང་བ་ལས་འདིར་ཕེབས་རྒྱུར་ཐོས་ནས་བཏང་བ་མིན་ཚུལ་སོགས་དང་།མུལ་ལྦེ་རྒྱལ་པོའི་བློན་པོས་ཀྱང་ཁྱོད་འདིར་ཕེབས་རྒྱུར་ཐོས་པ་ནས་རྒྱལ་པོ་ནས་ཀྱང་དམག་འཁྲུག་གི་བསམ་སྦྱོར་བཤོལ་བ་ཡིན་ཚུལ་ཟེར་བས་དེ་ལ་ངོས་ཀྱི་ལ་དྭགས་དང་མུལ་ལྦེ་རྒྱལ་པོ་ཁུ་དབོན་གཉིས་ཐད་ནས་ཁ་ཆེར་ན་བབ་དང་ཝ་གིར་ལ་རྒྱལ་པོ་ཁུ་དབོན་སྐུ་ངོ་ནང་ལེགས་སྤེལ་གྲུབ་གཤིས་ཁ་ཆེ་ནས་དཔུང་དང་མི་སྣ་སུ་ཡང་ཡོང་མི་དགོས་ཚུལ་ཡི་གེ་ཕྲལ་བཏང་དགོས་ཚུལ་སྨྲས་བཞིན་ལ་དྭགས་པས་ཟེ་རེག་མིག་སྟོན་དང་མུལ་ལྦེ་ནས་ཀྱང་ཟེར་རེག་དེ་མཐུན་སྟོན་རྒྱུར་དགོས་ཚུལ་བཅས་ཕོ་ཉ་ཚེས་ཉེར་བདུན་ལ་བརྫངས་ཀྱང་མུལ་ལྦེ་རྒྱལ་པོ་རང་ནས་འདི་རིགས་ལ་དྭགས་པའི་རྫུན་རྩོམ་ལ་གསན་པ་ཡིན་འདུག་ཞེས་ཕོ་ཉ་ཟློག་འདུག ཁ་ཆེའི་དཔུང་འཇུག་འདི་ཚབ་ཤིན་ཏུ་ཆེ་གཤིས་དེ་རྟིང་ཡང་ལན་གཉིས་བསྐྱར་ནན་བྱས་ཀྱང་སྔ་ཕྱི་གསུམ་ཀ་མལ་ལྦེ་རྒྱལ་པོ་རང་གི་ཐུགས་རྟོག་སྟབས་བཏང་བར་མ་མཛད་ཅིང་། ཁོང་རང་ནས་ངེད་ཀྱི་ངག་བཀོད་དང་མཐུན་པའི་ཡི་གེ་ཞིག་བསྐུར་ཡོད་ཟེར་འདྲ་བཤུས་ནི་སྟོན་མ་བྱུང་། དེ་སྐབས་ཁ་ཆེའི་ཡི་གེ་དེ་ཕྱིས་ཁ་ཆེའི་ཡིག་མཁན་རྣམས་ཀྱི་བོད་སྐད་དུ་བསྒྱུར་ཚིག་འོག་ཏུ་འཆད་པར་འགྱུར་ལྟར་གྱི་དམག་ཉེན་ཤིན་ཏུ་ཆེ་བ་ཡོད་ངེས་ཡིན་འདུག་པ་དེ་ལྟར་ངེད་ནས་ལྷག་བསམ་དག་པས་ལ་དྭགས་པའི་ཕོ་ཉ་བརྫང་བ་ལན་དུ་མར་བཟློག་པར་བྱེད་པ་ནི་སྤྱིར་ཁ་བ་ཅན་དགོས་ལ་དྭགས་ལྗོངས། ཡང་དགོས་མུལ་ལྦེ་རང་མ་རུང་བར་འགྱུར་བའི་གོད་ཆག་ཡིན་འདུག་ཀྱང་འདི་ལོ་དཀོན་མཆོག་གི་ཐུགས་རྗེས་ཁྱབ་ནས་རྐྱེན་མ་བྱུང་བ་དེར་གདའ། རྒྱལ་པོ་ཕུན་སུམ་ཚོགས་རྣམ་རྒྱལ་ནི་རྒྱུ་རྐྱེན་མང་པོ་ཞིག་གིས་ངེད་ལ་དྭགས་སུ་སླེབ་སྐབས་ཟུར་བཞུགས་མཛད་ནས་ཟླ་བ་ཁ་ཤས་སོང་འདུག་པ། དེ་ཡང་ལེགས་སྤེལ་གང་སྐབས་བབ་བྱུང་ན་བྱེད་རྒྱུ་གང་སྤྱིར་ཐོག་མར་ཁུ་དབོན་ལེགས་སྤེལ་བྱེད་སྐབས་སྐུ་ངོ་ཚང་མ་འཛོམ་པ་ཁོ་ན་ལེགས། མུལ་ལྦེ་རྒྱལ་པོ་མ་འབྱོར་བ་ཡུན་རིང་སྐབས་གསུང་པ། དེ་ཡང་རྒྱལ་པོ་ཆོས་ལ་མི་མོས་པ་མིན། ངེད་ལ་དད་པ་མེད་པ་ཡང་མིན། བླང་དོར་གྱི་གནས་གཏན་ནས་མི་ཤེས་པ་ཡང་མིན་འདུག་རུང་རྒྱ་འདྲེ་འགོང་པོ་དུ་རུ་ཀའི་འདྲེ་གསར་བྱུང་ནག་པོའི་ཕྱོགས་ཅན་མང་པོ་མཐའ་དམག་གི་སྣ་འདྲེན་སོགས་རྒྱལ་ཁམས་དུ་མི་ངན་པ་སྣ་ཚོགས་བསྐྱེད་པར་འདོད་པས་ཡིད་བསྒྱུར་བ་ཉིད་དུ་ཤེས་ལ། དེ་དང་དེའི་ཆོ་འཕྲུལ་མངོན་གྱུར་དང་ལྐོག་འགྱུར་ཆེས་མང་བ་སྔ་ཕྱི་རིམ་ཅན་དུ་བྱུང་ཞིང་། དེ་རྣམས་ཀྱི་ནུས་པས་མི་རྣམས་ཀྱང་རྣམ་རྟོག་སྣ་ཚོགས་པའི་ལབ་ཆོལ་སེལ་འཇུག་ཕུང་ཁྲོལ་གྱི་ཚིག་མང་པོས་དུས་འདའ་བ་ཞིག་འདུག་ཀྱང་། དུས་འདིར་གཞུང་གི་སྐུ་རིམ་གོང་སའི་ཐུགས་རྗེ་ལ་རྟེན། འགོར་ཆེའི་མཐར་མར་ཡུལ་བདག་པོ་ཡས་མས་ཀུན་ཝཾ་ལེར་ལྷན་ཅིག་ཏུ་འཛོམས་པར་གྱུར་པས་ལེགས་ཚོགས་ཀྱི་རྒྱུར་གྱུར། རང་ཡང་མར་ཡུལ་དུ་སླེབ་ནས་རྩ་ཆུ་ཡི་སྙོམས་པས་གྲོ་ཚལ་བ་དང་། སྐབས་སུ་རྩ་དཀར་དང་རླུང་ནད་ཀྱིས་ཀྱང་ཚེར་བ་སོགས་ལུས་ཀྱང་མི་བདེ་ཞིང་། ལྷག་ཏུ་རང་ཉིད་ནམ་འཆི་ཆ་མེད་དུ་ངེས་ན་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་ལ་རིང་བས་ཐོག་མར་ལ་དྭགས་ཕྱོགས་སུ་ཟླ་བ་གསུམ་ལས་མི་སྡོད་པའི་རྩིས་བྱས་ཤིང་། ཅིས་ཀྱང་འདི་ལོ་དགུན་བལ་པོར་བགྲོད་མ་ཐུབ་ཚེ་ཞང་ཞུང་དང་མར་ཡུལ་དག་གི་ཡུལ་མཐའ་ལྷོ་ཕྱོགས་ཀྱི་འཆར་གདོད་ནས་གྲུབ་པའི་གནས་ཆེན་རྒྱ་བོད་དུ་གྲུབ་མཐའ་འཛིན་པ་ཀུན་ལ་རླུང་ལྟར་དུ་གྲགས་པ་ཡུལ་ཉེར་བཞི་ལས་མཁའ་སྤྱོད་ཀྱི་གནས་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པ་དང་། སྒྱུ་འཕྲུལ་སྲས་ཀྱི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་གསེར་གྱི་རི་བོར་བྱིན་གྱིས་རླབས་པར་དགོངས་པ་གཎྜ་རི་དང་། ལན་ཚྭའི་འབྱུང་ཁུངས་སུ་སྣང་བ་མཎྜོ་རི་སོགས་དཔའ་བོ་དང་རྣལ་འབྱོར་མ་ངེས་པར་འདུ་བའི་གནས་ཆེན་དེ་རྣམས་སུ་ཚོགས་གཏོར་འདུ་མཆོད་སོགས་འགྲུབ་ན་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་ཆེ་བའི་ལྟས་ངེས་པ་དང་། རང་གི་ཚོགས་གསུམ་འཕེལ་བ་ཡང་གཞིར་བཅས་ཀྱི་ས་ཁད་ཀྱང་ཤིན་ཏུ་ཉེ་ཞིང་བསྒྲོད་འདོད་ཐུན་མོང་མ་ཡིན་པ་ཡོད་ན་ཡང་། རྒྱལ་པོ་སྤྱིར་མུལ་ལྦེ་ནས་མ་བྱོན་ཞིང་། བྱོན་ནས་ཤེལ་དུ་དོན་གཞན་མེད་པར་ཟླ་བ་ཧྲིལ་པོ་གཉིས་རང་གཞན་དུཿཁ་དྲག་པོ་ལ་འཁོད་པར་མཛད་པས་བདག་གི་དགེ་ལེགས་དེ་རྣམས་བཤོལ་བའི་རྒྱུར་སོང་། འོན་ཀྱང་ད་ལྟ་ཁུ་དབོན་བཟང་སྤེལ་ལེགས་པར་གྲུབ་པའི་འདི་བསྟན་འགྲོ་སྤྱི་དང་བྱེ་བྲག་མང་པོར་ཕན་པ་དང་བདེ་བའི་རྒྱུར་རྒྱལ་བ་དགྱེས་པའི་ཆེད་དུ་དམིགས་ནས་བློ་ཡི་ངལ་བ་སངས་བ་ལས་འོས་ཅི་ཡོད། མང་ཡུལ་རྒྱལ་ལ་གཏམ་ཁུངས་སྐྱེལ་དྲིས་པར། མི་ཚོགས་ནས་དེ་ལྟ་ངེས་པར་ཟེར་བ་ལས་ཁུངས་འདི་ཡིན་སྟོན་རྒྱུ་མེད་ཟེར། ངེས་པར་ཟེར་ན་རྩ་བ་སྟོན་དགོས་དང་། ངེས་མེད་ཡིན་ཚེ་ངེས་པ་དང་མི་འབྲེལ་ཞིང་། སྤྱིར་ཡང་རྒྱལ་རིགས་དྲ་མ་རྣམས་ཀྱི་ཁྱད་པར་གྱི་ཡོན་ཏན་ལྔ་ལས་དཔྱད་བཟོད་དུ་བྱེད་པ་ཉིད་ཀྱང་གཙོ་བོ་ཡིན་ན་ཁུངས་དང་མི་ལྡན་པའི་ཁ་ལ་སླ་ཆོལ་གྱི་རྒྱུག་པ་རྒྱལ་པོ་རང་གི་མཚན་ཉིད་ཅི་ལྟར་འགྱུར་རྒྱལ་པོ་ཉིད་རང་དང་ཤེས་ལྡན་མཐའ་དག་གིས་གཟིགས་ཤིག །ངེད་ལྟ་བུ་ཡང་ལས་ཉོན་མ་སྤང་པས་དགྲ་གཉེན་གྱི་སྣང་བ་དབྱིངས་སུ་དག་པ་ནི་སྨོས་ཅི་འཚལ། ཚུལ་དེ་ཧྲག་བ་ཡང་ཡོད་པས་འཁྲུལ་ཞིག་དང་དངོས་གྲུབ་ཀྱི་དྲི་ཙམ་ཡང་མེད་མོད། འོན་ཀྱང་ཆོས་ལྟར་བཅོས་པའི་སྒྲིབ་ཤིང་ལ་བརྟེན། དད་ལྡན་རང་འདོད་ཆེད་གཉེར་གྱིས་ཤེས་བཞིན་བསླུས་པ་ནི་བྱིས་པ་མོན་ཤེས་ནས་ད་ལྟའི་བར་སྔར་ཡང་མ་བྱས། ད་ཡང་མི་བྱེད་ལ། དེར་ཡང་མ་ཟད་སྐྱེ་བ་ཀུན་ཏུ་ཚུལ་དེར་ནི་འཇུག་པར་མི་འགྱུར་གྲངས། ཁོ་བོ་ཅག་བྱ་བྲལ་ཁོས་མེད་ཁྱེར་ཞན་པ་ཞིག་ཡིན་ཡང་ཡུལ་རྒྱ་དཀར་དབུས་འགྱུར་གྱི་ཆ་ནས་རྒྱ་ནག་གྲག་སྒོའི་བར་རང་འཁོས་ཀྱི་ཆོས་སྨྲ་བ་པོ་དམ་པ་ཆོས་ཀྱི་འཕྲིན་ལས་སྐྱོང་བ་ཞིག་ཡིན། ཞེས་སྨྲས་པར་བདག་དེ་སྐབས་ལྷ་འདྲེས་བསླུས་པ་ཡིན་འདུག་ཞེས་གསང་སྔགས་གཅིག་དང་ཕྱག་རྒྱ་གཅིག་ལ་ཞེ་གདེང་མཛད་ཕྱིར་ཞུ་ཐེས་ཡང་མི་འདུག་ལ། གཞན་གྱི་ཞུ་དབང་དུ་མ་སོང་བ་དགོས་གསུང་བ་ནི་ངོས་རང་ལོ་བཅུ་དྲུག་ནས་ཕལ་གྱི་ངག་རྗེས་སུ་འབྲང་འདོད་མ་བྱུང་ཞིང་། རྒྱལ་བས་གསུང་པའི་བླང་དོར་གནས་གང་ཐུབ་དང་། སྙིགས་མ་ལྔ་བདོ་བའི་མཐར་ཐུག་ཏུ་སྐྱེས་པས་ཉོན་མོངས་པ་དང་། བག་མེད་དབང་གིས་མ་ཐུབ་པ་ཡང་བཏང་སྙོམས་མ་ཡན་པར་འགྱོད་བཤགས་ཅི་ནུས་བྱས། ཉེས་པ་གང་ཡང་ལོག་ལྟ་ཡི་དབང་གིས་བྱས་པ་ནི་ཡེ་ནས་མེད་ངེས་ཡིན། རྩ་བའི་བླ་མའི་བཀས་ངེས་པར་གནང་ན་སྲོག་ཀྱང་འདོར་ནུས་པའི་ཞེ་གདེང་ཡོད་ལ། ཡན་ལག་གི་བླ་མ་རྣམས་ལ་ཡང་དག་སྣང་སྦྱང་ཞིང་བཀའ་སྩལ་འབད་པས་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་པ་ཡི་སྒོ་ནས་སྒྲུབ་ཅི་ནུས་བྱས། གཞན་ནི་ཚེ་འདི་སྣང་གི་ཉེ་དུ་གྲྭ་འཁོར་སྦྱིན་བདག་མཛའ་བཤེས་གུས་པ་བྱེད་མཁན་རྣམས་ལ་ཡང་འཕྲལ་ཡུན་བདེ་བའི་བསྔོ་སྨོན་ཉིད་ལ་གང་ཟེར་ལ་ཉན་པ་དེ་སྔར་ཡང་ཡེ་ནས་མ་བྱེད་ན། ད་ལམ་ལ་དྭགས་རྒྱལ་པོའི་གཟི་བརྗིད་མི་བཟོད་ནས་ཞུས་ཚད་ཉན་འགྲོ་དགོངས་པ་ཡིན་སྲིད་ཀྱང་མར་ཡུལ་བདག་པོའི་ལེགས་སྤེལ་བྱེད་ན་རང་གི་མ་སྨད་པའི་བློ་གྲོས་སྟེང་ནས་གཟུ་བོས་དཔྱད་དེ་བྱེད་པ་ལས། སྔར་རྒྱལ་སྲས་སྐུ་མཆེད་ཀྱི་བར་དུ་ཡང་གཞན་མེད་ཅིང་ད་དུང་ཁུ་དབོན་ལེགས་སྤེལ་ལྟ་བུ་ཞིག་བགྱིད་པར་སྲིད་ན་ཡང་ལ་དྭགས་རྒྱལ་པོའི་ཞུས་དབང་དང་མུལ་ལྦེ་རྒྱལ་བློན་ཏེ་ཕྱོགས་གཉིས་ཀའི་ཞུས་དབང་དུ་བདག་ག་ལ་འགྱུར་བས་ཚུལ་དེ་ཐུགས་ལས་ཆུང་ངུར་གནང་ཆོག སམ་ཊ་ཞེས་རྡུལ་བྱང་ལ་བཀོད། མུལ་ལྦེ་རྒྱལ་པོ་སྔར་འགོར་ཆེ་བའི་བཤགས་སྟེན་ཨ་ཆེད་འཕགས་ཡུལ་གྱི་ཀརྴ་པ་ཎའི་ཕུང་པོ་རྣམ་པར་སྤུང་ནས་བསྟན་པར་མཛད་པ། རྒྱལ་པོ་ནས་དེ་ལྟར་གསུང་བ་གནོང་བའི་ལས་གནོང་བར་ངོས་བཟུང་ནས་འགྱོད་བཤགས་བྱེད་པ་ཡང་མཁས་པ་དམ་པ་ཡིན་མོད། འོན་ཀྱང་བློ་འདུས་བྱས་ཡིན་པས་མི་རྟག་རུང་ད་ལྟའི་དུས་སྐབས་འདིར་གཞན་གྱི་རིན་ཐང་མཆོག་ཏུ་རྩི་བའི་དངོས་པོ་འདི་ལྟའི་རིགས་ལ་བདག་རང་གི་བློ་ལ་ཧ་ཅང་གི་ཅེར་ཅེར་པོ་མི་འཆར་ཞིང་སྔོན་བསགས་ལས་འཕྲོ་གུ་རུའི་ཐུགས་རྗེས་ཕྱོགས་མེད་ཡུལ་དུ་ལྟོ་རྒྱབ་ཕྱེད་ཙམ་གྱིས་དད་རྫས་རྟག་པར་དཔྱད་དུ་ཡོད་ན་ལབ་ཆིང་གི་ཞུ་རྟེན་དང་བཤགས་པར་དམིགས་པའི་རྫས་འདི་ལྟ་ནི་སེ་བ་གང་བདག་གིར་མི་བྱ་སྟེ། དེར་མ་ཟད་མར་ཡུལ་ལྗོངས་སུ་སླེབ་ནས་ངེད་ལོ་ཕྱེད་ལྷག་སོང་ཡང་དེ་རིང་ངེད་རང་དཔོན་སློབ་ཚང་མའི་འཚོ་ཆས་ཀྱང་རིན་བཅད་ཏེ་ཉོས་པ་ལས། ལ་དྭགས་རྒྱལ་པོ་ཡོན་སྦྱར་བ་ཅུང་ཟད་ཡང་མ་བླང་བ་ཀུན་གྱི་མཐོང་ཡུལ་དུ་བབ་པ་འདི་ཡིན། དེ་ལྟར་འཚོ་ཆས་ཙམ་ཡང་ཁྱེད་རྒྱལ་པོ་ཡས་མས་ནས་སྔར་དང་ད་དུང་ཡང་མི་བླང་ན་ཕྱོགས་བཞིའི་ལབ་ཆིང་ཆེད་དུ་ཁབ་སྐུད་ཙམ་ཡང་མི་ལེན་པའི་ཞེ་དམ་བཅས་པ་ཡིན་པས་རྒྱལ་པོའི་མཐོལ་བཤགས་ནི་བླང་ལ། དངོས་པོ་ནི་མི་འཚལ། ཞེས་དུས་སྙིགས་མ་དེར་ཀར་ཟློག་མུལ་ལྦེ་རྒྱལ་བློན་སོགས་ནས་ཕན་ཚུན་ཤོར་གླེང་བགྱིས་བཞིན་མ་དུ་འགྲོ་བས་རང་གཞན་སུམ་པ་ལས་མི་འདུག་གཤིས་སྐུ་ཞབས་ནས་ཐུགས་རྗེ་གང་ཆེ་དགོངས་བཅད་ཀྱི་གཅོད་མཚམས་ཞུས་པར་༝ གཞི་ནས་སྔར་ཕན་ཚུན་ལབ་ཤེར་ཅུང་ཟད་ཉན་རྩིས་མ་བྱས་ནའང་བདེན་ཚིག་བརྗོད་ལོང་མ་བྱུང་བར་གཅོད་མཚམས་བྱས་སོང་ཞེས་མ་འོངས་ཀླན་ཀ་འབྱུང་བར་དོགས་པས་དེ་ལྟ་ཉན་པ་མི་བྱེད་དཀའ་མེད་དེ་སྐད་ལ་དྭགས་ཡུལ་སྐད་བྱེ་བྲག་པ་ནི་སྔར་བོན་གྱི་སྟོན་པ་གཤེན་རབ་གུ་གེར་འཁྲུངས་ཤིང་། ཞང་ཞུང་ཞེས་པ་ནི་མངའ་རི་སྐོར་གསུམ་གྱི་སྤྱི་མིང་དང་། ལ་དྭགས་ཡུལ་དབུས་འགྱུར་གྱི་སེར་སྐྱ་ལྟ་བུ་ནི་གུ་གེ་ཡིན་ཡང་། སྔོན་ཞང་ཞུང་གི་སྐད་ཞེས་བོད་ཀྱི་བརྡ་ལས་ཕལ་ཆེར་ལག་པ་ཞིག་ཡོད་སྣང་ཡང་ད་ལྟ་བོད་ཀྱི་སྐད་དང་ཕལ་ཆེར་གཅིག་པར་གྱུར་ཡང་། ཞང་ཞུང་གི་སྐད་རྙིང་གནས་པ་ཡང་མང་དུ་སྣང་ཞིང་། ལ་དྭགས་ཀྱི་ཡུལ་མཚམས་བྷ་ཏིའི་རང་སྐད་རྙིང་པ་དངོས་འབྲུ་ཤ་དང་བོད་སྐད་འདྲའོ་ཆ་ལྟ་བུར་ཡོད་དགོས་ཀྱང་ད་ལྟ་ནི་དེ་ལས་ཟུར་ཆགས་ཤིང་གྲུབ་མཐའི་དབང་གིས་ཀླ་ཀློའི་སྐད་རིམ་གྱིས་འཕེལ་ཡོད་འདུག་པས།༝ ཇི་སྐད་དུ། རྒྱལ་རིགས་འཕྲིས་ཀྱང་ཐུབ་ཆོད་སྤང་། །གཞོན་ནུ་བརྙས་པ་ཡང་མི་བྱ། །དྲེགས་པ་ཅན་ལ་གནོང་མི་བཀུར། །ཆེན་པོ་རྣམས་ལ་དྷ་མི་འབེབས། །ཞེས་ལྟར། དེ་སྐབས་ཁ་ཅིག་ནས་ན་རེ། མུལ་ལྦེ་རྒྱལ་པོར་རིགས་སྲས་འབྱུང་ན་བར་སྨོན་ལ་དེ་ལྟ་བྱུང་ན་སྨོས་མེད་དང་། དེ་མིན་རྒྱལ་སྲས་རྒྱལ་མོའི་སྲས་དང་མུལ་ལྦེ་རྗེའི་སྲས་མོ་ཞིག་ཡོད་པ་ཆབ་ཅིག་བཞག་ན་ཇི་ལྟར་རུང་ཞེས་བདག་ལ་དྲི་བར་མཛད་པ་དེ་ལ་སྨྲས་པ། ཚུལ་དེ་བདག་ལ་དྲི་བར་མི་འོས་ཤིང་། ལན་འདེབས་ཀྱང་མི་བཏུབ་ལ། གཡོང་ནི་ཕ་ཡི་རིགས་དགུ་རྒྱུད། མ་ཡི་རིགས་གསུམ་རྒྱུད་ཀྱི་བར་གཉེན་དུ་མི་སྡེབ་པར་ཕྱི་ནང་གི་གཞུང་ལུང་མང་པོར་རླུང་ལྟར་དུ་གྲགས་ཤིང་། བོད་ཡུལ་དབུས་སུ་ཕ་ཡི་རིགས་སུ་གྱུར་ཚད་དང་། གཙང་པ་རྣམས་ཀྱིས་དེ་ཡི་ཁར་མ་ཡི་རིགས་གསུམ་རྒྱུད་ཀྱི་བར་དུ་འཛེམས་ཤིང་། རྒྱ་ནག་ཏུ་ཡང་དེ་དང་འདྲ་སྐད་དང་། ད་ལྟ་འཕགས་ཡུལ་དུ་སངས་རྒྱས་ཀྱི་གྲུབ་མཐའ་དཀོན་ཡང་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་གར་ཡོད་དུ་གོང་དུ་བཤད་པ་དེ་ལས་མི་འདའ་མོད། འོན་ཀྱང་བོད་ཡུལ་མཐའ་འཁོབ་ཁ་ཅིག་དང་། འཕགས་ཡུལ་ཀླ་ཀློའི་གྲུབ་མཐའ་ལྷག་པར་དར་བའི་གནས་སུ་སྤུན་དངོས་མའི་བུ་དང་བུ་མོ་ཁྱིམ་ཐབ་ཏུ་སྦྲེལ་བར་ཐོས་ཏེ། དེ་ནི་བྱམས་པ་ལུང་བསྟན་པའི་མདོ་ལས། རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་མི་གནས་ཤིང་། མཚོན་གྱི་བསྐལ་པ་དང་ཉེ་བ་ཆ་མཐུན་སྐབས་མི་རྣམས་ཁྲེལ་དང་ངོ་ཚ་བྲལ་ཏེ། ཁྱི་དང་། ཕག་པ། ཝ་སྐྱེས་བཞིན། སྲིང་མོ་དང་བུ་མོ་སོགས་དང་། ལྷན་ཅིག་ཏུ་འཚོགས་ཤིང་དེ་ནས་མཚོན་གྱི་བསྐལ་པ་དངོས་ཀྱི་འཛམ་གླིང་གི་སྐྱེ་རྒུ་ཕལ་ཆེར་ཁ་དག་པར་གསུངས་ཏེ། སྤྱིར་དེ་ལྟ་བུའི་དུས་ཀྱི་ཉེན་པ་དང་། ཡུལ་ཁིནྟུ་སྟེས་དབང་གི་དེ་ལྟར་གྱུར་པ་ལ་ནི། ཡུལ་གྱི་ལྷ་རྣམས་གྲིབ་ཀྱིས་ནོན་ཅིང་། བཀྲ་མི་ཤིས་པའི་རྒྱུ་ལྟས་ངན་དུ་སྐྱེ་བོ་མཁས་པ་རྣམས་ཀྱིས་བརྗོད་པར་བྱས་ན་ཡ་རབས་དྲྭ་མ་རྣམས་ཀྱིས་ཚུལ་ལུགས་ལ་ནི་དེ་མི་འབྱུང་མོད། འོན་ཀྱང་མི་ངན་ཅི་བྱེད་ཡ་ཆ་ཁ་ཅིག་ནས་ཡུལ་དབང་རྗེ་བཙན་མགུ་བའི་ཁ་བསག་ཚུལ། དེ་ལྟ་ཤཱཀ་རིགས་ཡིན་ཞེས་སྨྲེང་བ་པོ་བྱུང་བ་ནི་ཚིག་དེ་རྣམ་པར་འཁྱམས་པ་སྟེ། སྔོན་དྲང་སྲོང་སེར་སྐྱའི་གསུང་ནི། དགོས་པས་དགག་པ་ཟིལ་གྱི་གནོན་པ་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱིུ་ནས་དབང་བསྐུར་བར་འོས་པའི་བུ་ལ་ཕ་ཡི་བཀས་གནང་སྟེ་རྒྱལ་སྲིད་ཀྱི་དབང་ཐང་བོར་ནས་དཀའ་ཐུབ་ཀྱི་ནགས་སུ་གནས་ནས་རིགས་མི་མཉམ་པ་དང་། མཉམ་ཡང་གཞན་གྱི་བུད་མེད་ལ་ལག་པས་རེག་པ་ཙམ་ཡང་མི་བྱེད་པའི་བརྟུལ་ཞུགས་འཛིན་པར་མས་དབེན་གྱི་སྙིང་པོ་བསྟེན་པར་གསུང་པ་ཡིན་གྱི། དེ་མ་ཡིན་པ་གཞན་ལ་ཕྱི་རོལ་དྲང་སྲོང་གི་རིག་བྱེད་དུ་ཀུན་ཏུ་མ་བསྟེན་པ་ཡིན་ནོ། །གལ་ཏེ་རིགས་བྱེད་དུ་བསྟན་ན་ཡང་། སངས་རྒྱས་བསྟན་པ་དང་མི་མཐུན་པའི་ཚིག་ཅིའི་ཕྱིར་གཡུལ་དུ་ཤི་བ་ལྷར་སྐྱེ་བ་དང་། རྒྱལ་རིགས་ཀྱི་ཆེད་དུ་མི་དགེ་བའི་ལས་ལམ་ཆེན་པོ་རུང་བར་བཤད་པ་ནི་ལོག་པར་བལྟ་བས་ཀུན་ཏུ་ནོན་པ་ཡིན་པས་དེ་ཡང་སྤང་བྱར་ཤེས་པས་རྟོགས་པ་ཉིད་དོ། །དྲང་སྲོང་སེར་སྐྱས་སྐྱོང་བའི་རྒྱལ་རིགས་ཤཱཀྱ་སྤུན་རྣམས་ནུ་བོ་རྒྱལ་སྲིད་ལ་དགའ་བ་ཤི་བའི་འོག་ཏུ་ཤཱཀྱར་གྱུར་པ་སྤུན་ཆེ་རིམ་ནས་རྒྱལ་སྲིད་ལ་བཀོད་ཀྱང་ཕོ་བོ་གསུམ་ལ་སྲས་མ་བྱུང་བར་གྲོངས་ཤིང་། ནུ་བོ་ལ་སྲས་བྱུང་བའི་རྒྱུད་ཤཱཀྱ་ཆེན་པོའི་རིགས་ལས་བསྐལ་བཟང་འདྲེན་པ་བཞི་པ་བྱོན་པ་སྟེ། དེ་ཡང་མས་དབེན་སྲིང་མོའི་བུ་རྒྱུད་ལས་མིན་པ་ཤེས་དགོས་སོ། །དེས་ན་ཚིག་འདི་དག་ནི་མི་རིགས་པས་གཞན་ལ་གོ་བར་གྱིས་ཤིག ཅིའི་ཕྱིར་འདི་ཡི་སྐྱེ་བོ་མང་པོ་ལ་ཕན་ནམ། དེ་ལས་ལྡོག་གམ། མངོན་ཤེས་མ་ཐོབ་པས་བརྟག་མི་ནུས་པ་ཡིས་སོ། །ཞེས་སྨྲས་པ་གོང་གི་སྨྲ་བ་པོ་རྣམས་སྤྱོམ་ཆུང་ངུ་ཁ་རོག་སྟེ་སྡོད་དོ། །འདིར་ཡི་གེའི་ཚེགས་སུ་ཆེ་ཡང་སྐྱེ་བོ་དྲྭ་མ་རྣམས་ཀྱི་ཚུལ་སྤྱོད་ལ་ཕན་ཕྱིར་ཉུང་ངུའི་ངག་གིས་ཆ་ཙམ་བྲིས་པའོ། །དེ་ལྟར་ལེགས་ཉེས་བྱེད་ཤེས་སྙིང་ནས་བཅོལ་བར་ཁྲེལ་གཞུང་ངོ་ཚས་དབུལ་བ་རྣམས་ནི་བག་ཡངས་སྤྱོད་པའི་བཙས་སུ་ཆེ་ཡང་ཁྲེལ་ལྡན་མཛངས་པའི་ཚོགས་རྣམས་འཆིང་བའི་ཞགས་པར་དམ་པ་དང་།༝ གང་གི་བཀའ་དྲིན་མི་བརྗེད་པར་དྲན་ཞེས་དོན་གྱིའམ་གཅམ་བུ་ཡིན་ཀྱང་རུང་དུས་དེར་ནི་དགའ་ཚོར་ཚད་མེད་བྱས་སོང་ཡང་། ཡིད་ལ་རིང་དུ་གནས་མིན་ནི་མ་ཤེས་མོད། སྤྱིར་ཁོ་བོ་ནི་བྱ་བྲལ་ཕྲ་མོ་ལས་ཀྱང་། ཕྲ་མོར་གྱུར་གཤིས་དངོས་སུ་ཕན་གནོད་རྔམ་ཆེན་འགྲུབ་མཁན་ནི་མིན་མོད། འོན་ཀྱང་མདོ་ཁམས་ནས་ད་ལྟའི་བར་གནོད་པ་སྐྱལ་བའི་ཡུལ་ནི་ཧ་ཅང་མི་མང་སྟེ་ཉུང་ངུ་ཉིད་དུ་ཟད། ཕན་གདགས་ནི་ཁོས་དཔག་གིས་མཆོག་དམན་དུ་ག་ལ་བྱས་ཀྱང་དེ་ཀུན་དགེ་བའི་ལས་འབྲས་བསླུ་མེད་ཉིད་ལས་རང་གི་ལས་ཀྱི་རྒྱུ་བས་དྲིན་དུ་སེམས་པ་ནི་ཤེས་ལྡན་དམ་པ་རེ་ཟུང་ཙམ་སྟེ། གཞན་ནི་ཤིན་ཏུ་ཕྲ་བར་ཟད་དོ། །༝ དུས་སྐབས་འདིར་ཡང་སྐྱེ་རྒུ་སྤྱི་དང་བྱེ་བྲག་མང་པོའི་བདེ་ཐབས་སུ་དགོངས་ནས། གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་བཀས་མངགས་བཞིན་བལ་ཡུལ་ནས་ཆུ་སྤྲེལ་སྦོ་ཟླའི་མཐར་མར་ཡུལ་གྱི་ལམ་དུ་ཞུགས། ད་ལྟ་ཆུ་བྱ་སྣྲོན་ཟླ་རྫོགས་སུ་འཆའ་བ་སྟེ་ད་དུང་བལ་ཡུལ་སླེབ་པར་ལས་སྔར་ལོ་ཧྲིལ་པོ་གཅིག་དང་ཕྱེད་གཉིས་རིང་སྒོ་གསུམ་གྱི་ངལ་བ་ཀུན་བཟོད་པ་གསུམ་གྱི་གོ་ཆས་དང་དུ་བླང་། མར་ཡུལ་སྟོད་རིང་ལབ་ཆིང་ལ་བརྟེན་པའི་དར་སྐུད་གཅིག་གསེར་དངུལ་ཀེ་བ་གང་གུང་གུམ་འཇག་མ་གཅིག་གིས་མཚོན་སྟེ་དངོས་པོའི་ཡོ་བྱད་ཕྲ་མོ་དེ་ཡང་སྔར་མ་བླང་ན་རགས་པ་སྨོས་ཅི་འཚལ། ད་དུང་ཡང་བླང་བར་མི་བྱེད་སྟེ། དེར་ཡང་མ་ཟད་རང་ཉིད་ཀྱི་འཚོ་ཆས་ཀྱང་ཟོང་གིས་བཅད་ནས་ལ་དྭགས་པས་ཉིན་རེར་བུད་ཤིང་ཁུར་ཁ་ཤས་ཀྱི་མཚན་མཐེ་ཐུག་ཙམ་ལས་རྒྱལ་པོ་ཡས་གསུང་ལ་ཡང་ཚེགས་སུ་འགྲོ་བ་ཅུང་ཟད་ཀྱང་མེད་པ་ཀུན་གྱིས་མཐོང་གསལ་གཏན་ལ་ཕབ་པ་འདི་ཡིན།༝ ༝ ༝ ཅི་ཕྱིར་གདེང་ཅན་དབང་པོ་ཆེ་རིམ་བཞིན་མགོ་བོ་ཡང་མང་ལ་སྡུག་བསྔལ་ཡང་དེ་ཉིད་ཐོབ་པར་གསུང་བ་བཞིན། རྨད་དུ་བྱུང་བའི་བསོད་ནམས་ཅན་རེ་ཟུང་ནི་སྲིད་མཐའ་མ་སྐག གཞན་ནི་ཅི་ཙམ་འབྱོར་བཞིན་སྡུག་བསྔལ་ཡང་དེ་སྙེད་ལྡན་པ་ལུང་རིགས་མཐུན་པར་མ་ཟད་དངོས་སུ་གྲུབ་བཞིན་པ་དང་།༝ ༝ ཡ་རབས་དྲ་མ་རྣམས་ནི་ཁྲེལ་ཡོད་ངོ་ཚ་ཆེ་ཞིང་བྱ་བ་དྲིན་དུ་བཟོ་བའི་རང་བཞིན་ཅན་ཡིན་ལ་དོན་དུ་ཡང་དེ་མེད་ཐབས་མེད་པ་སྟེ་མངོན་མཐོ་ལྷ་མིའི་ཐེག་པ་ལ་དེ་མེད་ན་ངན་འགྲོ་ལས་མི་གྲོལ། ཉན་རང་གི་ཐེག་པར་ཞི་ལམ་གྱི་བསླབ་པའི་ཀུན་སྤྱོད་ལ་དེ་མེད་ཐབས་མེད། ཐེག་ཆེན་གྱི་ལྷག་བསམ་ཡང་ཁྲེལ་ངོ་ཚ་བྱས་བཟོ་ལས་སྐྱེ་སྟེ་དེ་མེད་ན་མཁའ་ཁྱབ་པ་མ་ཡིན་པས་མི་ཕན། འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཡང་མེད་ཐབས་མེད་དེ་དྲིན་གཟོ་མ་དགོས་ན་སངས་ཐམས་ཅད་ལས་རྩ་བའི་བླ་མ་ལྷག་ཞེས་ག་ལ་བརྗོད། དེས་ན་ཡ་རབས་ཀྱི་གོ་འཕང་ལ་གནས་པ་རྣམས་ཡ་རབས་ཀྱི་རྣམ་ཐར་ལ་ངེས་པར་སློབ་དགོས་ཞེས་པའི་དོན་ཡིན་གྱི་ངེད་ལ་སྟོད་ར་བཏང་དགོས་ཞེས་པའི་ཚིག་ལ་སྙེགས་པ་མིན་ལ།

སྨྲས་པ། གཞན་གྱི་སྐྱོན་ཡོན་ཆ་ཤས་འོལ་ཕྱི་ཉིད། །ཐོས་པའི་མོད་ལ་ངང་ཚུལ་ཕྱོགས་མཐོང་མོད། །འོན་ཀྱང་རྩིང་ངེ་སྤང་སྟེ་ཞིབ་དཔྱད་བློས། །གཟུར་གནས་དྲང་པོ་ཉིད་ཀྱི་ཐིག་བཏབ་པས། །སྐྱེ་དགུ་རིས་མེད་དགའ་དགུ་བསྐྱེད་པ་འདི། །སྐྱེས་མཆོག་མི་ཡི་སེང་གེ་གངས་ཅན་མགོན། །གང་གི་ཐུགས་རྗེས་འཇུག་པ་ཁོ་ན་ལས། །བདག་གིས་བགྱི་བ་ཅུང་ཟད་ཡང་མ་དམིགས། །ཞེས་སོ། །

ལ་དྭགས་ཡུལ་སྐད་ཞབས་འཐམས་སུ་གྲགས་པ་རྗེ་བོ་གཅིག་ཤོས་ལ་མ་མགུ་ནས་གཅིག་ཤོས་ལ་མགོ་བཏད་ཞུ་ནས་བླང་བ་འདི་རིགས་ཆེ་ཕྲ་སུ་ལ་ཡང་ནང་མི་ཤིམ་པའི་རྒྱུ་མཐོང་ཐོས་མྱོང་གྲུབ་ཏུ་སྣང་བས་དེ་རིགས་སྐུ་ངོ་ནང་ཐབས་མཁས་མཐུན་འཇུག་གི་སྟེང་ནས་བླང་ན་མ་གཏོགས། མ་གཟོས་པའི་རང་མཚམས་ཀྱི་སྐུ་ངོ་ནང་ཕན་ཚུན་སྨོས་ཅི་འཚལ་ཡུལ་སྤྱི་གང་དང་མི་མཐུན་པའི་མི་མགོ་ལྟད་བཞེས་ན་མི་མཛེས་པའི་རྒྱུར་འགྲོ་བས་གལ་ཆེ་ཐུགས་སུ་འཇུག་འོས་དང་ ༝ དེ་ལྟར་ད་ལྟའི་དུས་ན་དུཿཁ་རཱུ་པ་ཀ་ར་ཎ་ཡི་སྒོ་ཆུ་བདག་གི་ཕྱོགས་ནས་ཆུ་གཏེར་གྱི་དཀྱིལ་འཁོར་འཁྲུག་ནས་ལུད་པ་ལྟ་བུ་འབྱུང་བར་ཉེ་བ་ཉིད་མཐུན་པའི་རླུང་ཤུགས་ཀྱིས་བརྡས་པ་ལྟར་དུས་ལོ་རེ་ཞིག་བར་ཕྱིར་བཅིལ་བ་ཡི་བསིལ་ལྗོངས་ཀྱི་ར་བར་འཁོད་པའི་སྐྱེ་དགུའི་ཡིད་ཀྱི་ངལ་གསོར་གྱུར། ལར་རྒྱའི་གནས་གལ་ཆེ་བའི་རིགས་རྣམས་སྐུ་མཆེད་དངོས་སུའམ་དེ་མིན་ཕོ་ཉ་ཚད་ཐུབ་ཡི་གེའི་ལམ་ནས་མོལ་མཆིད་ཞིབ་གྲོས་བཟང་པོས་བླང་དོར་འཇུག་པ་མཐུན་པར་བྱ་སྟེ་འདི་ནི་ཡུལ་ཁམས་མི་ཉམས་པའི་རྒྱུ་བདུན་རྒྱལ་བས་བསྔགས་པའི་ནང་ཚན་གཙོ་ཆེ་ཤོས་ཤིག་ཡིན། དེ་ཡང་དེ་ལྟར་ཐུགས་སུ་བཞག་འོས་ཏེ། དེ་བཞིན་གཤེགས་པས་མ་སྐྱེའི་དགྲ་ཡི་མདུན་ན་འདོན་བྲམ་ཟེ་དབྱར་བྱེད་ལ་ཡུལ་ཡངས་པ་ཅན་མི་ཉམས་པའི་རྒྱུ་བདུན་བཀའ་སྩལ་པ། ངས་སྤོང་བྱེད་པ་ལ་རྣམ་པར་མི་འགྱུར་བའི་རྒྱུ་བདུན་བཤད་དོ། །བདུན་ནི་ཡང་དང་ཡང་དུ་འདུ་ཞིང་འདུ་བ་ལ་རིང་དུ་གནས་པ་དང་། ༡ འགྲོ་འདུག་དང་དགོས་པ་དང་བྱ་བ་མཐུན་པར་གནས་པ་དང་། ༢ སྨོན་པར་བྱ་བ་མ་ཡིན་པ་ལ་མི་མོས་སྨོན་པ་མི་འདིར་ཁྲིམས་བཅས་པ་བཞིན་དུ་སྤྱོད་པ་དང་། ༣ བུད་མེད་བགྲོད་བྱ་མ་ཡིན་པ་ལ་མི་བགྲོད་པ་དང་། ༤ རྒན་རབས་ལ་བཀུར་སྟི་བྱེད་ཅིང་ཚིག་ཉན་པ་དང་། ༥ མཆོད་རྟེན་ལ་མཆོད་ཅིང་སྔོན་གྱི་མཚན་མ་མི་འདོར་བ་དང་། ༦ ཡུལ་གྱི་དགྲ་བཅོམ་པ་རྣམས་ལ་དད་པས་བསྙེན་བཀུར་བྱེད་པའོ། ། ༧ སྤོང་བྱེད་པ་རྣམས་དེ་དག་གཅིག་དང་ལྡན་ན་ཡང་། མ་སྐྱེས་དགྲས་ཐུབ་པར་མི་འགྱུར་ན་བདུན་དང་ལྡན་ན་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར་སྟེ། སྔོན་གྱི་མཚན་མ་མི་འདོར་བ་ནི་ཞྭ་གོས་རྒྱན་རྣམས་སྔར་རྙིང་པ་ལ་སྤྱོད་ཅིང་གསར་འགྲོ་མི་བྱེད་པའི་དོན་ཡིན་ལ། དེང་དུས་དགྲ་བཅོམ་མངོན་གྱུར་མི་རྟོགས་ཚེ་ཕྱོགས་རེ་མ་ཡིན་པར་སངས་རྒྱས་པ་ཡི་གྲུབ་མཐའ་རིས་མེད་ཀྱི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ཀུན་ལ་བསྙེན་བཀུར་བ་སྟེ། དེ་རྣམས་ངེས་པར་ཕྱི་མཐར་ཐུག་གི་བར་དུ་འབད་བྱའི་གཙོ་བོ་ཡིན་ཞེས་འདིར་ཁོ་བོས་ལེགས་པར་གདམས་པ་ལགས་ན་མཆོག་དམན་ཀུན་གྱིས་འབད་པས་ལྷུ་རུ་བླང་བར་འོས་སོ། །འཇིག་རྟེན་ན་གསལ་གྲགས་ཡ་རབས་མཆོག །ཁྲེལ་ཡོད་ངོ་ཚ་མཐོ་རིས་ལྷ་མིའི་ཐེག །ལེགས་པར་སྤྱོད་ནི་ངེས་ལེགས་ཐར་པ་ཡང་། །རིང་པོ་མ་ཡིན་མྱུར་དུ་འགྲུབ་པར་ངེས། །ཞེས་པ་ཡང་སྨྲས་སོ། །དེ་ལྟར་དམ་དུ་བཅའ་བ་ཚུལ་ཇི་བཞིན་དང་དུ་བླང་བའི་ལེན་པའི་དབང་པོར། འཕགས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྟེ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། དམ་པའི་ཆོས། འཕགས་པའི་དགེ་འདུན་གྱི་ཚོགས་མཁའ་ཁམས་ཕྱུར་ཕུར་ཁེངས་པ་ཉིད་དང་། བླ་མེད་སྔགས་ཀྱི་དཀོན་མཆོག་གསུམ། དཀྱིལ་འཁོར་རིགས་ཀྱི་གཙོ་བོ་བླ་མ། དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཡི་དམ། རང་སྣང་ཡུམ་དང་ཆོས་ཀྱི་གཉེར་འཛིན་མཁའ་འགྲོ་སྟེ་རྩ་བ་གསུམ་དང་། དེ་ལྟར་དཀོན་མཆོག་རྩ་གསུམ་གྱི་རང་མདངས་སྒྱུ་འཕྲུལ་གྱི་རོལ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཉེན་པར་བྱེད་ཅིང་སེམས་ཅན་གྱི་བདེ་སྐྱིད་སྤེལ་བར་ལེགས་ཉེས་ཀྱི་གཏོང་ཚུལ་བཞིན་དུ་འཛིན་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང་། རྡོ་རྗེ་ལྷ་མོ་ནག་མོའི་ཚོགས་ཏེ། དེ་ལས་རྫོགས་པའི་སངས་རྒྱས་འོད་ཟེར་དཔལ་རྩེགས་རྒྱལ་པོ་གང་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་སྤྲིན་གྱི་དབང་ཕྱུག་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྙིགས་དུས་ཆོས་བྱེད་སྒྲུབ་པོ་རྣམས་ལ་འཚེ་བའི་དགྲ་བགེགས་བསྒྲལ་དང་། རྣལ་འབྱོར་ཕལ་གྱུར་རྣམས་ཀྱི་བར་དོའི་དུཿཁ་བསལ་བ། དབུལ་འཕོང་གྱུར་པ་རྣམས་ལ་ནོར་གྱི་དངོས་གྲུབ་སྟེར་བ་སྟེ་ཚུལ་དེ་གསུམ་ལ་གཞན་ལས་རྨད་དུ་བྱུང་བའི་ཐུགས་བསྐྱེད་གསར་དམ་ཅན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཡབ་ཡུམ་སྲས་འཁོར་བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་པ་དང་། དཔལ་ཧེ་རུ་ཀས་གདུག་པ་ཅན་རྣམས་ཐབས་ཀྱི་རང་འདྲའི་གཟུགས་ཀྱིས་བཏུལ་ཕྱིར་འཇིགས་བྱེད་དྲེགས་པའི་ཆ་བྱད་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་ཡབ་ཡུམ་སྲས་འཁོར་དང་བཅས་པ་དང་། དཔལ་ཁྲག་འཐུང་ཆེན་པོ་གངས་རིའི་བདག་པོའི་གྲས་ཀྱི་ཚུལ་བཟུང་ཞིང་རྒྱལ་བའི་བསྟན་པ་ཉེ་བར་བསྲུང་བ་ཐལ་བས་ཁེབས་པའི་ཞིང་དུ་ཐལ་བའི་དབང་པོར་སངས་རྒྱས་པ་རྡོ་རྗེ་ནག་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུ་སྲིད་ཞི་ཟབ་གསལ་ཕོ་མོ་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་རོ་མཉམ་ཞིང་དྲེགས་པའི་གཙོ་བོ་ལྷ་ཆེན་ཀླུ་བདུད། སྒྲ་གཅན་སྟེ་འཆི་བདག་གསུམ་གྱི་སྲོག་དབྱེར་མེད་དུ་འདྲེས་པས་མ་ནིང་ནག་པོ་ཞེས་སུ་མཚན་གསོལ་བ་གཅིག་གྱུར་རིག་པའི་རྒྱལ་པོ་འཁོར་འདས་དུར་ཁྲོད་ཀུན་ཏུ་སྤྱོད་པའི་མངའ་བདག་ལྷ་ཡི་ལྷ་བདུད་ཀྱི་བདུད་བགེགས་ཀྱི་བགེགས་ཆེན་པོ་བླ་མེད་རྡོ་རྗེ་ཐེག་པའི་བསྲུང་མ་རྨད་དུ་བྱུང་བ་འཆོལ་པའི་ཁྲོ་རྒྱལ་ནག་པོ་སྐལ་ལྡན་ནག་པོ་སྨུག་འཛིན་ནག་པོ་རིག་པའི་རང་མདངས་ལས་ཤར་བའི་རང་སྣང་གི་ཡབ་རང་སྣང་གི་ཡུམ་དབྱེར་མི་ཕྱེད་ལ་ཐ་དད་དུ་གྲུབ་པ་སྔགས་ཀྱི་བདག་མོ་རྡོ་རྗེ་རལ་གཅིག་མ་དང་བཅས་པ་མ་ནིང་ནག་པོ་ཡབ་ཡུམ་སྲས་འཁོར་བྲན་གྱི་ཚོགས་དང་བཅས་པ་ཞིང་རབ་འབྱམས་མཚམས་སྦྱོར་གྱི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་དང་། གཞན་ཡང་སྟག་ཞོན་ལ་སོགས་པ་སྐུའི་མགོན་པོའི་རིགས་དང་། ལ་ལ་གྷོ་ར་སོགས་གསུང་གི་མགོན་པོའི་རིགས་དང་། རྡོ་རྗེ་གུར། བེར་ནག མིའུ་ཐུང་། ལྷོ་ནུབ་ཟང་གྲི་ཅན་སོགས་ཐུགས་ཀྱི་མགོན་པོའི་རིགས་དང་། སེང་ཞོན་ཚོགས་བདག་ལྗང་སྔོན་སོགས་ཡོན་ཏན་གྱི་མགོན་པོའི་རིགས་དང་། ཏྲཀྵད་བདུད་རྒྱལ་ཐོད་པ་ཅན་སོགས་ཕྲིན་ལས་ཀྱི་མགོན་པོའི་རིགས་དང་། དེ་བཞིན་ཞལ་བཞི་པ་སེང་གེ་ནག་པོ་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་ལ་སོགས་པ་ཉེ་བའི་མགོན་པོ་དང་། ནག་པོ་ཆེན་པོ་དེ་རྣམས་དང་མཐུ་དང་རྫུ་འཕྲུལ་ཡོན་ཏན་མཚུངས་པར་སྤྱོད་པ་འདོད་ཁམས་ཀྱི་བདག་མོ་སྲིད་པ་གསུམ་གྱི་རྒྱལ་མོ་ལྷ་རྣམས་བསྲུང་བའི་རྫོང་། ལྷ་མ་ཡིན་རྣམས་འཇོམས་གཤེད་མ་འཆི་བདག་ལས་ཀྱི་གཤིན་རྗེའི་སྲིང་མོ་ལྷ་དབང་གཞན་འཕྲུལ་དབང་བྱེད་ཀྱི་ཡིད་སྐྱེས་སྲས་མོ་དབང་ལྡན་བདག་པོའི་རིགས་ཀྱི་བུ་མོ་རྡོ་རྗེ་ནག་མོ་རི་ཁྲོད་དབང་ཕྱུག་མ་དུད་པ་ལྟར་སྔོ་ཞིང་སོལ་བ་ལྟར་གནག་པ་དེ་བཞིན་གཤེགས་པ་ལས་ཀྱི་རིགས་དང་ལྡན་ཞིང་མ་འོངས་པ་ན་དམ་ཚིག་སྒྲོལ་མར་སངས་རྒྱས་པའི་རང་རྟགས་ལག་ན་རལ་གྲིའི་མཚོན་ཆ་འཛིན་པ་སྲིན་གྱི་རྒྱལ་པོ་ཟིལ་གྱིས་གནོན་ཅིང་། ཆགས་ལྡན་དྲེགས་པ་རྣམས་ཀྱི་མདངས་འཕྲོག་ཕྱིར་ཁ་ར་ལ་ཞོན་ཏེ་སྐད་ཅིག་གི་སྲིད་གསུམ་ཁྱབ་པར་ཉུང་བ་དཔལ་ལྡན་ལྷ་མོ་ནག་མོ་ཉིད་དང་། དེ་དང་གཉིས་སུ་མེད་པ་སྔགས་ཀྱི་རང་གཟུངས་སྨོན་ལམ་གྱི་མཐུའི་བྱུང་བ་རྡོ་རྗེ་རེ་མ་ཏི་ནམ་གྲུ་ནག་མོ་དྲེའུ་ལ་ཞོན་པ་དཔོན་གཡོག་གཉིས་ངེས་པའི་དོན་དུ་དགྲ་བཅོམ་མར་གྱུར་ཀྱང་གདུལ་བྱ་འདྲེན་པའི་ཐབས་ལ་མཁས་པས་འཕགས་པ་བརྒྱད་དང་བཅུ་ཡི་དབང་བསྐུར་ཐོབ་པར་བསྟན་པ་རང་རང་གི་ཡབ་དང་སྲས་དང་འཁོར་དང་གཡོག་བྲན་འབངས་ཀྱི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་དང་། རྒྱལ་བའི་ཐུགས་རྗེའི་འཇུག་པ་དང་སེམས་ཅན་ལས་ཀྱི་འཇིག་རྟེན་སྐྱོང་བ་ཆེན་པོར་གྲུབ་པ་ཚངས་པ་དང་། དྲག་པོ་དང་། ཁྱབ་འཇུག་དང་། དབང་པོ་དང་། རྟོག་འདོད་དང་། སྐེམ་བྱེད་དང་། དགྲ་སྟ་ཅན་སོགས་མཐུ་དང་ལྡན་པ་རྒྱལ་བའི་ཞལ་མཐོང་ཞིང་འཇིག་རྟེན་གྱི་འཕེལ་ཟད་བྱེད་པའི་ཚུལ་ཅན་དང་། དེ་བཞིན་གཤེགས་པས་བསྟན་པ་ལེགས་པར་གཏད་པ་ཀུན་རྫོབ་ཉན་ཐོས་ཀྱི་ཐེག་པར་ཆོས་མིན་རྡུལ་མེད་བསྙེས་པའི་ཚུལ་བཟུང་། བཟུང་ཞིང་ཐེག་པ་ཆེན་པོར་ས་བརྒྱད་པ་དང་། ཡང་བཅུ་པའི་བྱང་ཆུབ་སེམས་པར་ཡང་གསུང་ཞིང་ངེས་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པར་ཡང་བསྟན་པ་ཕྱོགས་བཞིར་བསྟན་པ་སྐྱོང་བ་ངལ་སོས་པོ་སོགས་རྒྱལ་པོ་ཆེན་པོ་བཞི་སླས་ཀྱི་བཙུན་མོ་དང་མཛའ་མོ་དང་། བྲན་མོ་དང་སྡེ་ཆེན་སྟོབས་དང་ལྡན་པ་སྲས་དང་གཡོག་དང་དཔུང་གི་ཚོགས་མ་ལུས་པ་རྣམས་དང་། འགྲོ་བ་ལྷ་དང་བཅས་པའི་འཇིག་རྟེན་ལ་ལེགས་ཉེས་ཆོས་བཞིན་དུ་སྤྱོད་པའི་ཁྲིམས་ཀྱི་བདག་པོ་ཆེན་པོ་དཔལ་ཆེན་པོ་བཀའ་སྡོད་མཐུ་ཆེན་དྲེགས་པ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་དགེ་སྡིག་གི་རོང་འཛིན་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡུམ་ཙ་གུཎྜི་དང་བཅས་པ་དང་། གཞན་ཡང་ཚངས་པ་ལྷ་ཡི་གཤིན་རྗེ་གཅེར་བུ་ནག་པོ། དབང་པོ་གཤིན་རྗེ་སྲོག་བདག་དམར་པོ་མེ་འབར་གཤིན་རྗེ་མ་རུ་ཙེ། སྲིན་པོའི་གཤིན་རྗེ་རཱ་ཧུ་ལ། ཀླུ་ཡི་གཤིན་རྗེ་ནཱ་ག་རཀྵ། གནོད་སྦྱིན་གྱི་གཤིན་རྗེ་དྲག་པོ་རྟ་སྔོན། དབང་ལྡན་གྱི་གཤིན་རྗེ་ཙུ་ཚུནྡ་ར་དང་། ས་འོག་གི་གཤིན་རྗེ་བྱེ་བ་གུ་རིང་སྟེ་སྲིད་གསུམ་གཤིན་རྗེའི་ཚོགས་ཡབ་ཡུམ་སྲས་འཁོར་མ་ལུས་པ་མེད་པ་དང་། རྒྱལ་བའི་བསྟན་བསྲུང་ཨརྐ་དཀར་ལ་དམ་བཅས་པ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། ཨརྐ་དམར་ལ་དམ་བཅས་པའི་མགོན་པོ་ཉི་ཤུ་རྩ་ལྔ། དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད། ཕྱིའི་ལྷ་སྲིན་སྡེ་བརྒྱད། ནང་གི་ལྷ་སྲིན་སྡེ་བརྒྱད། གསང་བའི་ལྷ་སྲིན་སྡེ་བརྒྱད། གབ་པའི་ལྷ་སྲིན་སྡེ་བརྒྱད། བརྟགས་ཆགས་ཀྱི་ལྷ་སྲིན་སྡེ་བརྒྱད་སོགས་ལྷ་མ་ཡིན་སྡེ་རིགས་སུམ་བརྒྱ་དྲུག་ཅུ། ཀུན་གྱི་མཐུ་སྟོབས་གཅིག་ཏུ་དྲིལ་བ་གླིང་ཆེན་བཅུ་དྲུག་གཙོ་བོ་གྱད་ཆེན་དམར་པོ་ཕྱག་གཉན་ཚང་པ་དུང་གི་མཆེ་བ་ཅན་འཁོར་འབྱུང་པོ་འགོང་པོ་རྒྱལ་བསྭེན་མི་སྲུན་པ་བྱེ་བ་ཕྲག་དུང་ཕྱུར་གྲངས་མེད་ཚོགས་དང་བཅས་པ། འཛམ་གླིང་བོད་ཀྱི་གཙུག་ལག་ཁང་། གཡུ་རུ་ཁྲ་འབྲུག་ར་ས་འཕྲུལ་སྣང་། གཞན་ཡང་དཔལ་གྱི་བསམ་ཡས་མཐའ་འདུལ། ཡང་འདུལ་གྱི་གཙུག་ལག་ཁང་གི་བསྲུང་མ་རྣམས་དང་། དབུས་ཀྱི་ཟབ་ཕུ་ལུང་། ཤར་གྱི་ལྗོན་པ་ལུང་སོགས་ལུང་ཆེན་ལྔ། ལུང་ཕྲན་བརྒྱད། དཔལ་གྱི་ཙ་རི་ཏྲ་དང་སྟག་ཚང་ལ་སོགས་པའི་གནས་ཆེན་བཞི། གནས་ཕྲན་བཅུ་དྲུག གྲགས་པའི་མཚོ་ཆེན་བཞི། གངས་རི་ཆེན་པོ་ཉི་ཤུ་རྩ་གཅིག རྫོང་བཅོ་བརྒྱད། པདྨ་བཀོད་སོགས་སྦས་པའི་ཡུལ་ཆེན། འབྲས་ལྗོངས་སོགས་སྦས་ཡུལ་འབྲིང་པོ། རོལ་པ་མཁའ་འགྲོའི་གླིང་སོགས་སྦས་ཡུལ་ཆུང་ངུ་སྟེ་མདོར་ན་སྦས་པའི་ཡུལ་ལྗོངས་ཆེ་ཕྲ་སུམ་ཅུ་རྩ་དྲུག་རྣམས་ཀྱི་བསྲུང་མ་དང་། བོད་ཡུལ་གྱི་མཐུ་ཆེན་དྲེགས་པ་སྡེ་བཞི། ཕྲང་བསྲུང་བཞི། སྒོ་བསྲུང་བཞི། གཙུག་ལག་ཆོས་འཁོར་གྱི་དཀར་བདག་གཙོ་བོ་ཐུགས་ཀྱི་རྒྱལ་པོ་སྡེར་ཆེན། གསུང་གི་རྒྱལ་པོ་དགྲ་ལྷ། སྐུའི་རྒྱལ་པོ་པུ་ཏྲ། ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན། ཕྲིན་ལས་པེ་ཧར་མེའོ་ཆེ། བཙུན་མོ་ལྔ། བློན་པོ་ལྔ། རྒྱལ་ཆེན་ལྔ། རུ་འདྲེན་བཞི་སོགས་མཐུ་ལྡན་དྲེགས་པ་བརྗོད་ལས་འདས་པ་དང་། བོད་ཡུལ་རྟགས་ཆགས་ཀྱི་ལྷ་ཆེན། ཏི་སེའི་ཞིང་སྐྱོང་ལེགས་གྲུབ་རྡོ་རྗེ། རྨ་རྒྱལ་སྤོམ་ར། རྡོ་རྗེ་གཡུང་དྲུང་། གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ། འཛམ་གླིང་སྐྱེས་གཅིག་རྡོ་རྗེ་ལེགས་པ་སོགས་དགེ་བསྙེན་ཉི་ཤུ་རྩ་གཅིག གནམ་མཚོ་ཕྱུག་མོ། ཤ་མེད་གངས་དཀར། རྐོང་བཙུན་དེ་མོ་སོགས་འཛམ་གླིང་བསྟན་མ་བཅུ་གཉིས། མངའ་རིས་ཕྱོགས་སུ་མཐུ་སྟོབས་ནུས་པ་ཅན། ཆེ་བཙན་རོལ་པ་སྐྱ་བདུན། སྟ་སྒོ་གངས་བཙན། སྐུ་ལྷ་གེ་གོད། རོང་གི་སྐུ་ལྷ་མཆེད་གསུམ་སོགས་ཕོ་རྒྱུད་རྣམས་དང་། ཙ་མུཎ་མ་སོགས་མ་ཡུམ་སྲིད་པའི་རྒྱལ་མོ་ཆེན་མོ་རྣམས་དང་། སྐྱིད་གྲོང་བྷོདྷེ་མ་བདུན། གློ་བོའི་རྡོ་རྗེ་ལེགས་ལྡན། ཁྱུང་ལུང་བྷོདྷེ་སྤྱན་གཅིག་སོགས་མ་མོ་བདུན། ཕུག་བདག་ཆེན་མོ་དགུ་ལ་སོགས་པའི་མོ་རྒྱུད་ཀྱི་སྤྱི་དང་། ཁྱད་པར་དུ་མར་ཡུལ་ལྗོངས་སུ་དཀར་པོའི་ཕྱོགས་སྐྱོང་བའི་ཡུལ་བདག་མ་ཆེན་མོ་སྔོན་ཚེ་དཔལ་ཆེན་པོ་པདྨ་སཾ་བྷ་ཝའི་སྤྱན་སྔར་སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ་ནས་དམ་ཚིག་གཉན་པོ་བླང་ཞིང་། བར་དུ་ཇོ་བོ་རྗེ་དང་། ལོ་ཆེན་རིན་ཆེན་བཟང་པོའི་སྤྱན་སྔར་སེམས་བསྐྱེད་གསོན་གཤིན་ཆོས་བཞིན་སྒྲུབ་པའི་གང་ཟག་སྐྱོང་བར་ཞལ་གྱིས་བཞེས་བཞིན་ཕྱི་མའི་དུས་འདིར་མར་ཡུལ་གྱི་རྒྱལ་བློན་རྣམས་དགེ་བའི་རྩས་སུ་བདག་གི་བསྒྲུབ་པའི་གྲོགས་མོ་མཛའ་བཤེས་མ་རྡོ་རྗེ་ཆེན་མོ་སྡེ་འཁོར་གཡོག་དང་བཅས་པ་རྣམས་དང་། དེ་བཞིན་བདག་གི་དགེ་བའི་འཕྲིན་ལས་བྱེད་པ་པོ་མཐུ་ཆེན་དྲེགས་པའི་ཚོགས་སྤྱི་དང་བྱེ་བྲག་མ་ལུས་པ་དང་། གཞན་ཡང་ཁ་ཆེ་ཁྲི་བརྟན་གྱི་ཡུལ་དང་། ཁ་ཆེ་ཛ་ལནྡྷ་རིའི་ཕུག་ཡུལ་ག་དྷ་ཝར་ཞང་ཞུང་འབྲུ་ཤ་སོགས་ད་ལྟ་ཀླ་ཀློ་རྣམས་ཀྱི་བརྡས་ནང་ཁོམ་དང་ཆགས་སོར་འབོད་པའི་ཡུལ་གྱི་མངོན་ཤེས་དང་རྫུ་འཕྲུལ་དྲེགས་པའི་མཐུ་དང་ལྡན་པ་རྣམས་དང་། སྐྱེ་བོ་རྣམས་ཀྱི་མནའ་དང་བུག་གི་དབང་པོར་གཞན་གྱི་མ་བཅོལ་ཀྱང་ལས་ཀྱི་ཤུགས་ཀྱིས་བྱེད་པ་དཀར་པོ་སྤྱན་གཅིག་སོགས་སྲོག་བདག་དགུ་དང་། སེར་སྐྱོང་སོགས་སྲོག་བདག་སྟོང་སྡེའི་ཚོགས་རྣམས་ལེགས་བཟླུམ་ཆད་དོན་གྱི་ཡི་གེ་འདི་ཡི་རྒྱབ་རྫི་གཉེར་དམ་དུ་ཞུ་ཞིང་གསོལ་བ་ཡིན་པས་ཁྱེད་རྣམས་མཐུ་དང་སྟོབས་དང་ནུས་པ་རྩལ་ཤུགས་མ་ཆུང་བར་གང་ཞིག་ཆེད་དོན་འདི་ལ་མི་གནས་པ་བྱེད་པ་པོ་གང་ཡིན་པ་དེ་ལ་བཀའ་ཡི་ཆད་པ་དྲག་པོ་ཕོབས་ཤིག དེ་ཡང་ལྷ་ཆེན་པོའི་དམོད་པ་དང་་། དྲེགས་པ་དྲག་ཤུལ་ཅན་གྱི་ཆད་པ་དང་། རིགས་སྔགས་གྲུབ་པའི་རྦོད་གཏོང་རྣམས་ཀྱི་ནུས་མཐུ་ནི་མཚན་ཉིད་གསུམ་དང་ལྡན་པ་སྟེ། རྣམ་སྨིན་འཇིག་རྟེན་ཕྱི་མར་དུས་མི་བཏབ། ལས་ཀྱི་རྣམ་པར་སྨིན་པ་དབང་བཙན་ནོ་ཞེས་པའི་སྙད་མི་གདགས། རང་བཞིན་གྲུབ་པའི་སྐྱེ་འཆིར་ཁུང་མི་འབྱིན་པ་སྟེ། དེས་ན་འདིར་ཡང་ཡེ་ཤེས་དང་ལས་དང་འཇིག་རྟེན་རང་རྒྱུད་ཀྱི་གྲུབ་པར་བསམ་པ་ཙམ་གྱི་ལས་སྒྲུབ་པར་དབང་བ་སྔགས་ཀྱི་དམོད་པའི་མཚོན་ཆ་ཅན་དྲག་ཤུལ་ནུས་པའི་སྟོབས་དང་ལྡན་པ་ཁྱེད་རྣམས་ཀྱི་རྣལ་འབྱོར་པ་བདག་གི་འཕྲིན་ལས་སུ་བཅོལ་བའི་ལས་ནི་སེམས་ཅན་གྱི་བདེ་སྐྱིད་འཕེལ་བར་བྱེད་པ་དང་། ཆོས་བཞིན་གྱི་ཁྲིམས་བཙན་པར་འགྱུར་བ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ནུབ་མེད་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འབད་པས་བསྒྲུབ་པར་བགྱིས་པ་འདི་ཡི་གཉེར་མཛོད་ལ། ལེགས་སྤེལ་བཟང་བཟླུམ་གྱི་ཡི་གེ་འདི་ཡི་ཆད་མདོའི་དོན་ལས་ཆེ་ཕྲ་སུའི་འགལ་བ་བྱས་པ་ཡིན་ཡང་རུང་། དེ་ལ་བཀའ་ཡི་ཆད་པ་དྲག་པོ་ལོ་དང་ཟླ་བ་མི་འགྱང་བར་ཞག་དང་། ཟ་མའི་ཁོངས་སུ་ངེས་པར་འབེབ་པ་དང་། དེ་ཡང་མནའ་དང་ཆད་ལ་མི་རྩི་བ་གང་ཡིན་པ་དེ་ཡི་ལུས་སྲོག་ཕྲོལ་ཅིག ཀླད་ཁྲག་ཞོ་ལྟར་དཀྲུག་ཅིག སྙིང་ཕྱུང་ཤིག སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ་ཤིག སྲོག་རྩ་ཆོད་ཅིག ཚེ་དང་བསོད་ནམས་སྣུབས་ཤིག དྲོད་དབུགས་ཁྲོལ་ཅིག མདངས་དང་རླུང་རྟ་ཉམས་པར་གྱིས་ཤིག ལས་ཀྱི་རླུང་དམར་དྲག་པོ་ལ་སྐྱོན་ཅིག གཤིན་རྗེའི་ལྕགས་མཁར་ནག་པོའི་སྒོ་དྲུང་དུ་སྐྱོལ་ཅིག འཆི་བདག་ལས་ཀྱི་གཤིན་རྗེའི་ལྟོ་བར་བྲུབ་ཅིག བདུན་བརྒྱུད་ཚུན་ཆད་ཀྱི་རིགས་རུས་སྡེ་ཆེན་མཐའ་དག་བརླག་པར་གྱིས་ཤིག མངའ་ཐང་ལོངས་སྤྱོད་མཐའ་དག་པ་མོ་སད་ཀྱིས་ཁྱེར་བ་བཞིན་དུ་ཆོམ་ཤིག གང་ཞིག་དཀོན་མཆོག་ཚད་ལ་བཞག་པའི་བྲོ་ཚལ་བ་བསླུ་བར་བྱས་ན་མཆོད་འོས་བསླུ་བ་དང་དམ་པའི་ཆོས་སྤོང་བ་ཉིད་ཡིན་པས། དེ་ཡི་རྣམ་པར་སྨིན་པ་ནི་མཚམས་མེད་ལྔ་ལས་ཀྱང་ལྕི་བའི་རྣམ་སྨིན་ཅན་ཏེ་དེས་ན་མནར་མེད་པའི་དམྱལ་བ་ཆེན་པོ་མཆོག་གི་བསྐལ་པའི་བར་དུ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བར་གདོན་མི་ཟ་བས་དེས་ན་འདི་དང་ཕྱི་མ་གཉིས་ཀའི་ཁེ་ཉེན་ལ་ལེགས་པར་བསམ་ནས་མནའ་དཔང་དེ་ལ་རྗེ་བློན་འབངས་བཅས་སུས་ཀྱང་འདའ་བར་མ་བྱེད་ཅིག །འདིར་བཀོད་པའི་བླང་དོར་ཚུལ་བཞིན་བཟུང་བར་བྱེད་པ་སུ་ཡང་རུང་སྟེ་དེ་ལ་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དམ་ཅན་ཡེ་ཤེས་སྤྱན་དང་ལྡན་པ་རྣམས་ཀྱི་དགྱེས་པའི་སྤྱན་རས་ཀྱི་བུ་ལྟར་རྟག་ཏུ་བཙའ་བར་མཛད་པ་དང་། མི་མ་ཡིན་མཐུ་ལྡན་དྲེགས་པ་རྣམས་ཀྱིས་ཡང་གྲོགས་ལྟར་བསྲུང་བ་ཡི། འདིར་ཚེ་དང་བསོད་ནམས་དཔལ་དང་ལོངས་སྤྱོད་སྙན་པ་དང་གྲགས་པ་སྟོབས་དང་གཟི་བརྗིད་དབང་ཐང་དང་ཕྱུག་གཡང་རིགས་རྒྱུད་དང་འཁོར་གཡོག་མཐའ་དག་གོང་དུ་འཕེལ་ཞིང་རབ་ཏུ་རྒྱས་པ་དང་། མི་དང་མི་མ་ཡིན་པ་ཀུན་གྱི་ཡིད་དུ་འོང་བ་དང་། ལྷ་འདྲེ་མི་གསུམ་དགའ་བས་འདུ་ཞིང་འཇིགས་པ་བརྒྱད་ཅུ་དྲག་ངེས་པར་ཞི་བ་དང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མི་འབྱུང་ཞིང་། དུས་ཀྱི་འཆི་བར་གྱུར་པ་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛོད་སྤུ་ནས་བྱུང་བའི་འོད་ཟེར་གྱིས་རེག་སྟེ་འཆི་བའི་སྡུག་བསྔལ་དང་བར་དོའི་འཇིགས་སྐྲག་མེད་པར་སྐད་ཅིག་མ་དེར་མངོན་པར་དགའ་བ་ལྟ་བུ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་བདེ་བ་ཅན་གྱི་ཞིང་དུ་མེ་ཏོག་པདྨའི་སྦུབས་སུ་ཞུགས་ཏེ་སྐྱེ་བའི་ཉིང་མཚམས་སྦྱར་ནས་དེ་མ་ཐག་མེ་ཏོག་པདྨའི་སྡོང་པོ་ཁ་དབྱེ་ཞིང་སངས་རྒྱས་འོད་དཔག་མེད་པའི་ཞལ་མཐོང་ནས་གསུང་གི་གནང་བ་གནོད་པར་གྱུར་ཅིག བདེ་བ་ཅན་དུ་ཉིན་རེ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འབྱོན་པ་རྣམས་ཀྱི་ཞལ་མཇལ་ཞིང་གདམས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ཞིང་གཞན་ཚད་མེད་པ་དུ་ཡང་འོད་དཔག་མེད་པའི་སྨོན་ལམ་གྱི་མཐུའི་ཡོངས་སུ་བསྒྲོད་དེ་སངས་རྒྱས་གྲངས་མེད་པའི་ཞལ་ལྟ་ཞིང་དམ་པའི་ཆོས་ཐོས་ཤིང་། ཚོགས་རྣམ་པ་གསུམ་ཡོངས་སུ་སྤེལ་ཞིང་རྒྱལ་བ་དང་རྒྱལ་བའི་སྲས་ཀྱི་ཐུ་བོ་རྣམས་ཀྱི་སྨོན་ལམ་མཆོག་ཅི་ཙམ་པ་དེ་ཐམས་ཅད་ལ་སྤྱོད་པའི་སྐལ་བ་མཆོག་དང་ལྡན་ཅིང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲོལ་བའི་དེད་དཔོན་བླ་ན་མེད་པའི་གྲུ་ཐར་པའི་བཤེས་གཉེན་ལྷ་དང་མིའི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་རིང་པོ་མ་ཡིན་པར་མྱུར་བ་ཉིད་དུ་འགྲུབ་པར་གྱུར་ཅིག །དེ་ལྟར་མར་ཡུལ་ལྗོངས་རི་ཡི་རྒྱལ་པོ་ཀེ་ཏ་ར་ཡི་བྱ་འདབ་ནས་འབྲུ་ཤའི་ཡུལ་ལ་རེགས་ཀྱི་བར་དུ་སྐྱེ་དགུ་རྣམས་ཀྱི་བླང་དོར་གྱི་གནས་ལེགས་ཉེས་ཀྱི་གཏོང་ཆོས་བཞིན་ཉིད་དུ་འཛིན་པ་དཀོན་མཆོག་སྤྱི་དང་མགོན་པོ་ཚོགས་དང་དྲག་ཤུལ་དྲེགས་པ་ཅན་རྣམས་ལ་ཡང་གསོལ་བ་འདེབས་ཤིང་འཕྲིན་ལས་བཅོལ་བ་དེ་རྣམས་ཇི་བཞིན་ཉིད་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མེད་བསྔགས་ཀྱི་དཀོན་མཆོག་རྩ་གསུམ་གྱི་བདེན་པའི་མཐུ་བྱིན་གྱིས་རླབས་པའི་ནུས་པས་དེ་ཁོ་ན་ཉིད་དུ་འགྲུབ་པ་དང་། ལྷག་དང་དྲང་སྲོང་བདེན་ཚིག་གྲུབ་པ་དང་། འབྱུང་པོ་ཚིག་གི་ནུས་པ་ཐོབ་པ་རྣམས་ཀྱི་ཡང་འགྲུབ་པའི་གྲོགས་མཛོད་ཅིག། གཞན་ཡང་བདག་ཉིད་ལས་ཀྱི་བྱ་བ་འདིར་ཞུགས་ཏེ་མཐོང་དང་ཐོས་པ་དང་དྲན་པ་དང་རེག་པ་དང་བགྲོད་པའི་བཤུལ་ལམ་དུ་སྲིན་འབུ་ཕྲ་མོ་ཉམས་པར་བྱས་པ་ཡང་སྟེ་རླུང་གི་རྫི་ཕྱོགས་ཀྱི་བྱབ་པའི་བཏང་སྙོམས་ཉིད་དུ་གནས་པའི་འགྲོ་བ་དང་བཅས་ཤིང་། དེ་ནི་ཞི་བ་དང་ཆགས་པའི་ཡུལ་དུ་གྱུར་པ་དང་། དེ་ལས་ཀྱང་ཁྲོ་བ་དང་འཁྲུག་པའི་ཡུལ་དུ་གྱུར་རྣམས་ཏེ་མདོར་ན་འབྲེལ་གྱུར་གྱི་འགྲོ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་ཡོངས་སུ་བཟུང་ཞིང་དགེ་བའི་ཚོགས་ཐུན་མོང་དུ་བསྔོས་པ་ཉིད་དང་། ཁྱད་པར་ས་ཡི་ཕྱོགས་འདིའི་འགྲོ་བ་རྣམས་ཀྱི་སེམས་སྡང་བ་དང་། འཁྲུག་པ་དང་། ཀུན་ཏུ་མི་བཟད་པས་དཀྲིས་ཏེ་གཡུལ་བཤམས་པ་དང་། འགྱེད་པ་དང་། འཐབ་པ་སོགས་ལས་ལྡོག་པར་བྱས་ཤིང་འགྲོ་བ་ཕལ་མོ་ཆེ་བྱང་ཆུབ་སེམས་ཀྱི་སྡོམ་པ་ལ་ཡང་དག་པར་བཀོད་ཅིང་། ཅི་ལྟར་འོས་པའི་བསླབ་པ་ལ་བརྒྱུད་པ་སོགས་དགེ་བའི་རྩ་བ་འདི་དག་བདག་གི་ཡོངས་སུ་མ་བཟུང་བར་གཞན་ལ་བསྔོ་བའི་མཐུ་དང་ནུས་པ་ལ་བརྟེན་ཏེ་འགྲོ་བ་དེ་ཀུན་ཚེ་འདིར་རང་རང་གི་ལེགས་པ་ཕུན་སུམ་ཚོགས་པའི་དཔལ་མ་ལུས་པ་རབ་ཏུ་རྒྱས་ནས་ཡོངས་སུ་སྤྱོད་པ་དང་། མི་བྲལ་བ་དང་། སྐྱེ་བ་ཕྱི་མ་ཡང་བདེ་བ་དང་དགེ་བ་དང་རྟག་ཏུ་འགྲོགས་ཤིང་ཐར་པ་བྱང་ཆུབ་མཆོག་གི་འབྲས་བུ་རིང་པོ་མ་ཡིན་པ་མྱུར་དུ་ཐོབ་པའི་རྒྱུ་རུ་སྨོན་ལམ་གྱིས་རྒྱས་བཏབ་པ་དེ་ཁོ་ན་ཉིད་དུ་འགྲུབ་པར་གྱུར་ཅིག ཁྱད་པར་དུ་བསིལ་ལྡན་ར་བའི་ལྗོངས་འདིར་རྣམ་འདྲེན་རྒྱལ་བ་གངས་ཅན་མགོན་པོ་སོགས་སྐྱེས་བུ་མཆོག་གྱུར་དམ་པ་རྣམས་སྐུ་ཚེ་འཚོ་བཞེས་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགུ་ལྷུུན་གྱིས་གྲུབ་པ་དང་། རྒྱལ་བསྟན་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་འཕེལ་ཞིང་དེ་རྣམས་ཐུགས་མཛའ་བཤེས་དམ་པ་ཆོས་ཀྱི་སྒྲ་རྒྱུན་མི་ཆད་པ་དང་། མངའ་འབངས་ཀྱི་སྐྱེ་རྒུ་ཁོལ་བུ་དང་ཉི་ཚེ་ཙམ་མ་ཡིན་པར་རྒྱལ་ཁམས་ཀུན་ནད་དང་མུག་མཚོན་ཆའི་བསྐལ་པ་ལས་ཐར་ཏེ་རྫོགས་ལྡན་བཀང་པོའི་དགའ་སྟོན་པ་རྟག་ཏུ་སྤྱོད་པའི་རྒྱུར་གྱུར་ཅིག །དེ་སྐད་རྣམ་པར་དགེ་བའི་རྒྱ་མཚོ་ལ། །རྒྱལ་བའི་ཐུགས་རྗེ་སུམ་རྩེན་བདག་པོ་ཡི། །གཞན་ཕན་བཀའ་ལུང་ནོར་རྒྱས་བསྲུབ་ཐག་གིས། །བདག་བློ་དག་པའི་གྱེན་ཕྱུར་ཡིད་འཛིན་གྱི། ། ༡ ལེགས་བསྲུབ་རྒྱལ་ཁམས་ལྷ་རྫིང་མཛེས་པའི་རྒྱན། །ཚིག་གི་ཟླ་བ་གཞོན་ནུ་འདི་ཤར་བས། །ཕྱོགས་ཀྱི་བུ་མོའི་རྣ་བ་མཛེས་པའི་རྒྱན། །ཨུཏྤལ་དཀར་པོའི་ཆུན་པོར་ཅིས་མི་འགྱུར། ། ༢ དེས་ན་ལེགས་སྤེལ་ཚིག་གི་འཕྲེང་བ་འདི་ཇི་བཞིན། །སྨོན་ཞིང་རེ་བར་བྱས་པའི་དོན་ཀུན་གྱི་མཐའི་མཐར། །འབྲི་རྒུད་མེད་པར་ཡོངས་འདུ་ཤིང་གི་རྩ་བ་བཞིན། །བསྐལ་པའི་བར་དུ་ཉམས་མེད་རབ་ཏུ་གནས་པར་ཤོག ། ༣ སྙིགས་དུས་འགྲོ་བ་བསོད་ནམས་ཆེས་ཆེར་དམན་ན་ཡང་། །རྒྱལ་བའི་ཐུགས་རྗེའི་འཇུག་པ་བསམ་གྱིས་མི་ཁྱབ་པས། །མི་ཟད་སྡུག་བསྔལ་ལས་རྒྱུན་སྐད་ཅིག་ཉིད་ལ་བཟློག །དགེ་ལེགས་ཕུན་ཚོགས་དཔལ་གྱི་དགའ་སྟོན་ལ་སྤྱོད་ཤོག ། ༤ ཁྱད་པར་སཱ་ལའི་ངང་མཚུངས་རྡུལ་དཀར་གྱིས་སྤྲས་ནོར་འཛིན་མེ་ལོང་ངོས། །སྐྱེ་དགུ་དགའ་བདེའི་དཔལ་སྤྱོད་མིག་ཡངས་འཛུམ་པའི་རྣམ་འགྱུར་བརྟན་ལྟར་གསལ། །དེ་ལ་མི་བདེ་ར་རིའི་གོས་མིན་དགའ་བོའི་སྲས་མོའི་བླ་གབ་བཞིན། །འཆི་མེད་དགའ་བའི་ཚལ་གནས་ཇི་བཞིན་དགའ་བའི་དཔལ་གྱིས་ཡོངས་འཚོ་ཤོག ། ༥ ཐོག་མ་མེད་པའི་དུས་ནས་རབ་བསགས་འདུ་དགེ་སིནྡྷི་སུ་ཏ་ཀ་ཡི་སྦྱོར་བ་དང་། །བདག་མེད་འདུས་མ་བྱས་པ་ཆོས་དབྱིངས་དོན་དམ་བདག་པོ་ཟབ་གསལ་ནོར་བུ་ཀཽསྟུ་བྷི། །གང་དག་དེ་མཐུས་འཁོར་བའི་རང་བཞིན་རོལ་ཧའི་ཕུང་པོ་མཐའ་དག་ས་ལེ་སྦྲམ་དུ་བྱས། །འགྲོ་ཚོགས་བདེ་བས་ཕོངས་རྣམས་ཡིད་མཛོད་ཕུན་ཚོགས་ནོར་བུ་ཡོངས་བཀང་བྱེད་པོར་བདག་གྲུབ་ཤོག །༦ གང་ཞིག་བདག་སེམས་ཆགས་པས་བཟུང་བའི་ཡུལ། །ཁྱད་པར་མི་བཟད་སྡང་པའི་ཡུལ་གྱུར་ལ། །བདག་གི་དུས་གསུམ་དགེ་བསྐྱེད་ཡོངས་བསྔོའི་མཐུསའི། །བདག་དང་ཚོམ་བུ་གཅིག་ཏུ་བྱང་ཆུབ་ཤོག ། ༧ ནམ་མཁའི་མཐར་ཐུག་ཅི་ཙམ་སེམས་ཅན་ཀུན། །མ་ལུས་བདག་གི་མཛའ་བོར་ཡོངས་བཟུང་ཞིང་། །སངས་རྒྱས་བྱང་འཕགས་ཕྲིན་ལས་མ་ལུས་པའི། །བྱེད་པོ་ཉིད་དུ་བདག་ཉིད་ཡོངས་གྲུབ་ཤོག ། ༨ ཞེས་ཡུལ་བསིལ་ལྡན་གངས་ཀྱི་ཕྲེང་བས་སྐོར་བའི་སྟོད་མངའ་རི་སྐོར་གསུམ་གྱི་གངས་རིའི་རྒྱལ་པོ་ཀེ་ཏ་ར་ཡི་ནུབ་ཕྱོགས་བོད་པ་རྣམས་ཀྱི་སེང་གེ་ཁ་འབབ་ཏུ་བརྗོད་པ་འཕགས་ཡུལ་ཀླུང་ཆེན་པོ་ནཱི་ལ་མི་ཆུ་མགོ་ལྗོངས་མར་ཡུལ་གཡའ་ཡི་སྐོར་བ་ཞེས་ཀསྨི་ར་ཡི་ཡུལ་དང་ཉེ་བར་འབྲེལ་བ་བོད་ཀྱི་ལ་དྭགས་དང་། སྟག་གཟིག་གི་ཀ་ར་ཏི་བོད་དུ་བསང་གྲགས་པ། ད་ལྟའི་དུས་སུ་འཛམ་གླིང་འཛིན་མའི་ལྷོ་ཡི་ཁྱོན་ཕྱོགས་གསུམ་རྒྱ་མཚོ་ལ་ཐུག་གི་བར་དུ་དབང་བསྒྱུར་བ་དབང་ཐང་དང་སྟོབས་ཀྱི་དཔུང་པས་ཆེས་ཆེར་དྲེགས་པ་ཏ་སིག་དུ་རུ་ཀ་ཡི་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་བཱཀྵ་ཡི་མངའ་འོག་ཏུ་གནས་པ་ཡུལ་ལ་དྭགས་ཀྱི་མངའ་བདག་ལྷ་རིགས་བཙད་པོའི་གདུང་རྒྱལ་པོ་ཁྲི་ལ་བཞུགས་པ་ཆེ། ཟུར་དུ་གྱེས་པ་ཁུ་བོ་རྒྱལ་པོ་བཅས་ལེགས་སྤེལ་ཇི་བཞིན་པ་མར་ཡུལ་སྟོད་ཝམ་ལེའི་དགོན་དུང་གྱིས་ཤིང་དེ་ཡི་གྲོས་ཞིབ་མོར་བགྱིས་འོས་ཁ་ཤས་ནི་རྒྱལ་པོ་ཁ་དབོན་ཡུལ་ལྗོངས་དེ་ཡི་སེར་སྐྱ་མཆོག་དམན་མཐའ་དག་གི་འདོད་གདུང་ཆེན་པོ་དང་མི་མ་ཡིན་མཐུ་སྟོབས་ནུས་པ་ཅན་གྱིས་ཀྱང་བསྐུལ་བ་ཡི་འགྲོ་བར་མི་སྤྲོ་བཞིན་མར་ཡུལ་གྱི་མཐིལ་ཤེལ་གྱི་ཕོ་བྲང་བར་དུ་ཕྱིན་ཅིང་། དེར་རྒྱལ་པོ་རྣམས་ཀྱི་ལེགས་སྤེལ་ཞིབ་ཚང་བློན་བུ་དག་ལ་ཡང་སྤྲོད་འཇིགས་གསར་དགོས། ཧེ་ན་ཀུའི་རྒྱལ་པོ་ལ་ཡང་ཁོ་རང་གི་དབང་རིས་བདག་ཐོབ་གེས་ཉི་མའི་སྐབས་སུ་འཛགས་པ་གང་ཡིན་བཅོས་བསྒྱུར་མེད་པར་མུལ་ལྦེ་དང་ཟངས་དཀར་བཞིན་གཏན་འཇགས་ཀྱི་བརྟན་བརླིང་ཁ་ཆེ་དང་ལ་དྭགས་བར་གྱི་ཚོང་པའི་རྒྱུ་འགྲུལ་ལ་ཕན་པ་ལ་ཡིག་ཟངས་ཀྱི་བྱང་བུ་མཐའ་བཙན་བཅས་རྣམ་པར་དཀར་བ་དགེ་བའི་བགྱིད་པ་ཅི་ནུས་རྒྱལ་བ་མཆོག་གི་འཕྲིན་ལས་སུ་འབད་པར་བྱས་ཤིང་། ས་ཡི་ཕྱོགས་འདི་ཉིད་སྟོབས་འབྱོར་ཅི་ལྟར་ཡང་རང་སོ་རྒྱལ་རིགས་དྲ་མ་དང་པོ་ཉིད་ནས་གནས་ཤིང་། ཏ་སིག་རྒྱལ་པོས་ཀྱང་བུར་བཟུང་སྟེ་རཱ་ཛ་ཞེས་མིང་གི་གསང་མཐོན་པོར་སྡོད་པ་ལ་རྟེན་གངས་ཅན་དབུས་འགྱུར་དབྱིངས་ནས་བསྔགས་པའི་ཕྲིན་ལས་པར་གྱུར་ཀྱང་ཕན་ཚུན་ཀུན་ཏུ་འཇམ་དེས་གཟོས་ཤིང་རླིང་བས་ལེགས་ཟླུམ་ཆད་པོའི་ཡི་གེ་རྣམས་བྲིས་རིམ་བཞིན་སོ་སོར་ཞིབ་ཏིག་བྱས་ཤིང་མཐར་ཐུག་མདོ་དོན་མནའ་རྩིགས་བསྐོར་ཆུ་བྱ་སྣྲོན་ཟླའི་ཚེས་ཉི་ཤུ་བརྒྱད་ལ་བཀླགས། དེ་ལ་ཕན་ཚུན་གྱི་ཡིད་མཐུན་པར་བྱས་ནས་རྒྱབ་ཡིག་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་བླང་ནས་གཉིས་ལ་གྲུབ་པར་བྱས། འདའ་མེད་བྲོ་བོ་བ་དངོས་གཞི་ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་དཔལ་གྱི་གཏོར་མ་བཤམ་ནག་པོ་ལྕམ་དྲལ་གྱི་སྐུ་བརྙན་བྱིན་ལྡན་ཡུལ་དེ་ཡི་རྟེན་དུ་བཞག་པ་དག་སྤྱན་དྲངས་ནས་བཀོད། དགོན་ཁག་སོ་སོ་རང་ལུགས་བསྲུང་མའི་བྲིས་སྐུ། བདག་གི་ཡང་ཅི་ནུས་པའི་བདེན་སྟོབས་བརྗོད་ནས་རྩིགས་ཀྱི་ཡི་གེ་བསྒྲགས་ཤིང་། རྒྱལ་པོ་བློན་འབངས་དང་བཅས་པའི་ཚོགས་སྤྱི་ཡི་སྤྱི་བོར་ཆོས་སྐྱོང་གི་སྐུ་བརྙན་དང་། དཔལ་གྱི་གཏོར་མ་བཀོད་དེ་གོང་གསལ་གྱི་བྲོ་ཚིག་རང་རང་གི་མནའ་དམ་ལེགས་པར་བླང་བ་ཡིན་ལ། དེས་ན་ཕན་ཚུན་ཐམས་ཅད་ཀྱང་ཡིད་ཆེས་ཡིད་བདེའི་གནས་སུ་འཁོད་སོང་ལ། དེ་ཡི་ཉི་མ་ཕྱི་མ་ཚེས་བདུན་ལ་རྒྱུད་རྩིས་ལུགས་ཀྱི་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་སྨོན་ལམ་ཚིགས་བཅད་བཟང་པོས་མཐའ་བསྐང་ནས་རྒྱུད་རྩིས་པའི་ཚེས་བཅུ་གཅིག་གི་སྔ་ཆར་རྒྱལ་པོ་ཕན་ཚུན་གྱི་སྣ་ཆེན་ཞང་བློན་རྒན་གཙོ་དགོན་སྡེའི་བླ་མ་ལས་སྣེ་བཅས་ཚངས་པའི་དབུས་སུ་ལེགས་པར་བཀླགས་ཏེ་ལེགས་སྤེལ་བྱ་བ་རྗེས་གཙང་ཐག་ཆོད་བཀྲ་ཤིས་དགེ་བའི་འཁོར་ལོ་བཟང་པོར་གྲུབ་པ་དེ་དུས་ཇི་སྲིད་རྟག་ཏུ་གནས་པར་གྱུར་ཅིག །རྒྱལ་ཀུན་ཐུགས་ཀྱི་གོ་འབྱེད་དམིགས་མེད་བརྩེ་བློའི་སྤྲིུན་སྤུང་ཡོངས་རྒྱས་ཤིང་། །རྒྱལ་གྱུར་སྨོན་ལམ་བཟང་འཇུག་འགྲོ་ཕན་དོན་བསྒྲུབ་ཆུ་ཁུར་མྱུ་གུའི་རྒྱུན། །རྒྱལ་ཞིང་སྐལ་ལྡན་བཟང་པོའི་འདུན་སར་ཕུན་ཚོགས་དཔལ་སྙེ་ཡོངས་རྒྱས་བྱེད། །རྒྱལ་བ་རྒྱ་མཚོའི་མངའ་བདག་ཐར་འབྲས་ཡོངས་སྟེར་གང་གི་བཀའ་དྲིན་གྱིས། །རྒྱལ་ཁམས་དགེ་ལེགས་བྱེད་པའི་དཔལ་གྱུར་གང་། །རྣམ་པར་རིག་པའི་བློ་གྲོས་མ་སྨད་པས། །ལེགས་བྱས་འཛིན་མའི་ཁྱོན་ཀུན་བདེ་བའི་བཙས། །དམ་པ་གང་འདི་ཡུན་ནས་ཡུན་གནས་ཤོག །སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ། དགེའོ། །དགེའོ།། །།