cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་ལྔ་པ་བརྒྱུད་འདེབས་དང་གསོལ་འདེབས་ཞབས་བརྟན་གྱི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བརྒྱུད་འདེབས་དང་གསོལ་འདེབས་ཞབས་བརྟན་གྱི་སྐོར།

དབང་ཁྲིད་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་འདེབས་ཇི་སྙེད་པ།

ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་གསོལ་འདེབས་མི་ཤིགས་དྭངས་མའི་དངོས་གྲུབ།

༈ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་གསོལ་འདེབས་མི་ཤིགས་དྭངས་མའི་དངོས་གྲུབ་ཅེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ་ཧཱུྃ་ཧྲཱིཿ མི་ཤིག་དྭངས་མ་རྟག་བརྟན་གཡུང་དྲུང་གི །ངོ་བོར་རབ་བཞུགས་བདེ་ཆེན་འཁོར་ལོས་བསྒྱུར། །རྒྱལ་བ་རྒྱ་མཚོའི་སྤྲུལ་བཞི་འོད་དཔག་མེད། །ཚེ་བདག་མགོན་པོ་མཆོག་དེར་གསོལ་བ་འདེབས། །པདྨའི་རིགས་ཅན་ཡོངས་ཀྱི་བདག་པོ་ཆེ། །རྒྱལ་བ་སྲས་བཅས་ཐུགས་རྗེ་གཅིག་བསྡུས་དཔལ། །ལག་ན་པདྨོས་བརྒྱན་པ་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བ་ཡོངས་དང་སངས་རྒྱས་སྟོང་། །མཐུ་སྟོབས་བྱིན་རླབས་གཅིག་བསྡུས་ཀོ་ཥའི་མཚོར། །རང་བྱུང་རྡོ་རྗེ་སྐུ་བརྙེས་པདྨ་འབྱུང་། །མ་ནོར་བླ་མ་མཆོག་དེར་གསོལ་བ་འདེབས། །ཁ་སྦྱོར་ཡན་ལག་བདེ་བ་ཆེན་པོའི་སྐུ། །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ། །སྟོང་ཉིད་མཁའ་ལ་སྙིང་རྗེའི་གཏེར་འགྲོ་བ། །མཁའ་འགྲོ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །སྤང་རྟོགས་མཐར་ཕྱིན་རྒྱལ་བར་ཡོངས་གྲུབ་ཀྱང་། །གདུལ་བྱར་སྨན་པའི་གཟུགས་སྐུར་ཅིར་ཡང་འཆར། །འདྲེན་པ་ཡོངས་ཀྱི་གཙོ་མཆོག་བདེ་ཆེན་གླིང་། །རིག་འཛིན་འཁོར་ལོས་གྱུར་དེར་གསོལ་བ་འདེབས། །གང་གིས་རྗེས་བཟུང་ཐུགས་ལས་སྐྱེས་པའི་སྲས། །ལུང་རྟོགས་ཆོས་ཀྱི་དམ་པའི་གདུང་འཚོབ་བ། །རྣལ་འབྱོར་རྡོ་རྗེ་ཚེ་དཔག་ནོར་བུའི་སྡེ། །དྲིན་ཆེན་བླ་མ་མཆོག་དེར་གསོལ་བ་འདེབས། །སྨིན་དབང་ཆུ་རྒྱུན་གྲོལ་བྱེད་གདམས་པའི་གཏེར། །ལེགས་པར་སྩོལ་ནས་ཐར་པ་མཆོག་སྦྱིན་མཛད། །འགྲོ་བའི་འདྲེན་མཆོག་བཀའ་དྲིན་ཟླ་མེད་མགོན། །འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །ཀུན་རྫོབ་དོན་དམ་འཆི་མེད་རྡོ་རྗེ་ཚེ། །འགྱུར་མེད་དངོས་གྲུབ་སྩོལ་མཛད་ཚེ་དཔག་མེད། །གོས་དཀར་མགྱོགས་མར་བཅས་ལ་གསོལ་བ་འདེབས། །ཚེ་ཡི་བར་ཆད་སེལ་ཞིང་འཕྲིན་ལས་བསྒྲུབ། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །བདག་སྐྱོབས་ལྷ་དང་དཀར་པོའི་ཆོས་བསྲུང་བའི། །དམ་ཆེན་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་ཚེ་ཡི་དཀྱིལ་འཁོར་བླ་མ་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་འཕགས་ནོར་བདུན་གྱིས་ཕྱུག །དལ་འབྱོར་རྟེན་ཐོབ་བཤེས་གཉེན་དམ་པས་བཟུང་། །བསླབ་གསུམ་རྣམ་དག་ཐེག་ཆེན་ས་ལམ་གྱིས། །ཡོན་ཏན་མ་ལུས་མྱུར་ཐོབ་རྩལ་ཆེན་རྫོགས། །དོན་གཉིས་ཕུན་ཚོགས་རྒྱལ་བའི་གནས་དམ་པ། །བདུད་སྡེའི་བཞི་བཅོམ་འཆི་མེད་རྡོ་རྗེའི་སྐུ། །སྐལ་པ་དྲུག་ལྡན་མཐའ་ཡས་འགྲོ་བའི་དཔལ། །སྲིད་ཞི་ལས་འདས་དེ་བཞིན་གཤེགས་པའི་གནས། །བདེ་ཆེན་མགོན་པོའི་གོ་འཕང་ལ་འཁོད་ཤོག །

དེ་ལྟར་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མན་ངག་འཆི་མེད་རྡོ་རྗེའི་རྒྱ་མདུད་ཀྱི་རྒྱུད་པའི་གསོལ་འདེབས་མི་ཤིག་དང་མ་ཡོངས་འགྲུབ་ཅེས་བྱ་བ་འདི་ནི་ཞ་ལུ་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་ཆོས་དར་གྱིས་ཡང་ནས་ཡང་དུ་གསུང་གིས་བསྐུལ་བར་བརྟེན་རིག་འཛིན་ཚེ་དབང་ནོར་བུས་དྲག་པོ་ལྕགས་སྤྲེལ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཚེས་བཅུའི་ཐུན་ཆ་ཤས་གཅིག་ཏུ་གློ་ལམ་དཀར་ནག་གི་དབུས་རྟག་བརྟན་རིན་པོ་ཆེ་དེ་དབུའི་སྐྱེད། བསམ་གཏན་སྒོམ་པའི་སྤྱིལ་པོ་འཆི་མེད་གཡུང་དྲུང་འཁྱིལ་བར་བྲིས་པ་སྟེ་དགེའོ། །སརྦ་མངྒ་ལཾ།

རྫོགས་ཆེན་དཀོན་མཆོག་སྤྱི་འདུས་བརྒྱུད་པའི་གསོལ་འདེབས་རྒྱུན་ཁྱེར་ཡིད་བཞིན་གཏེར་སྦྱིན།

༈ རྫོགས་ཆེན་དཀོན་མཆོག་སྤྱི་འདུས་བརྒྱུད་པའི་གསོལ་འདེབས་རྒྱུན་ཁྱེར་ཡིད་བཞིན་གཏེར་སྦྱིན་ཞེས་བྱ་བ་བཞུགས་སོ། །

གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ གདོད་ནས་བྱང་ཆུབ་སྤྲོས་བྲལ་བདེ་བ་ཆེ། །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །ཚད་མེད་སྙིང་རྗེའི་གཏེར་ཆེན་ཀུན་ཏུ་རྒྱས། །འཕགས་མཆོག་ནམ་མཁའི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་འཕྲིན་ལས་གཅིག་བསྡུས་པ། །སངས་རྒྱས་པདྨ་འབྱུང་ལ་གསོལ་བ་འདེབས། །བདེ་ཆེན་གཉུག་མའི་ཆོས་དབྱིངས་ཞིང་གི་བདག །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །དྲི་མེད་འོད་གསལ་རྒྱས་པའི་རང་གཟུགས་ཉིད། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། །ཐོག་མེད་ཟང་ཐལ་བརྟུལ་ཞུགས་སྤྱོད་པའི་དཔལ། །རིག་འཛིན་བདུད་འདུལ་རྡོ་རྗེར་གསོལ་བ་འདེབས། །རྒྱུན་མཐའི་སར་བཞུགས་བྱང་སེམས་འགྲོ་བའི་མགོན། །རིག་འཛིན་ཀློང་གསལ་སྙིང་པོར་གསོལ་བ་འདེབས། །སྲིད་ཞི་སྤྱི་དཔལ་ཀུན་བཟང་སྒྱུ་འཕྲུལ་གར། །པདྨ་བདེ་ཆེན་གླིང་པར་གསོལ་བ་འདེབས། །སྙིགས་དུས་འགྲོ་འདུལ་དལ་བའི་འཕྲིན་ལས་པ། །རིག་འཛིན་ཚེ་དབང་ནོར་བུར་གསོལ་བ་འདེབས། །བདག་རྒྱུད་སྨིན་གྲོལ་མཛད་པའི་བཀའ་དྲིན་ཅན། །འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག །གུ་རུ་ཞི་དང་དྲག་པོར་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་སྤྱི་དཔལ་ཆེ། །ཌཱཀྐི་སིདྡྷ་མུ་ཁར་གསོལ་བ་འདེབས། །དེ་ལྟར་བླ་བསྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་མར། །རྩེ་གཅིག་གསོལ་བ་བཏབ་མཐུས་རྣལ་འབྱོར་བདག །དུས་འདི་ནས་བརྩམས་སྐྱེ་བ་ཇི་སྲིད་དུ། །དད་གུས་ཤེས་རབ་ལས་འབྲས་ཡིད་ཆེས་ལྡན། །དམ་པས་རྗེས་བཟུང་དབང་ཁྲིད་གདམས་པ་རྫོགས། །དམ་ཚིག་རྣམ་དག་བསྐྱེད་རྫོགས་ཡོན་ཏན་རྒྱས། །མཐོང་ཐོས་དྲན་རེག་འགྲོ་ཀུན་ཐར་ལམ་ལ། །འདྲེན་པའི་བྱེད་པོར་བདག་ཉིད་འགྱུར་བ་དང་། །མཐར་ཐུག་རང་དོན་ཆོས་ཀྱི་སྐུར་གྲོལ་ནས། །གཞན་དོན་གཟུགས་སྐུ་རྒྱུན་མི་ཆད་པ་ཡི། །ནམ་མཁའི་མཐའ་ཀླས་འགྲོ་བ་འདྲེན་བྱེད་པ། །མགོན་པོ་འོད་དཔག་མེད་དང་མཚུངས་པར་ཤོག །

དེ་ལྟར་བླ་བསྒྲུབ་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་ཞེས་བྱ་བ་འདི་ཡང་ས་ཕོ་རྟ་ཡི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་གང་བ་བོད་ཡུལ་དབུས་འགྱུར་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུས་སུ་རིག་འཛིན་ཚེ་དབང་ནོར་བུས་སྤོམ་རོང་རྗེ་འབངས་དད་པ་ཅན་གྱི་ངོར་བརྗོད་པ་དགེའོ། །དགེའོ། །དགེའོ། །བཀྲ་ཤིས།

འཇམ་དཔལ་ནག་པོ་ཐུགས་ཀྱིས་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས།

༄༅། །འཇམ་དཔལ་ནག་པོ་ཐུགས་ཀྱིས་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་སོ། །

ཨོཾ་ཨཱཿཧཱུྃ། ཀུན་བཟང་འཇམ་དཔལ་པདྨ་ཐོད་ཕྲེང་རྩལ། །མངའ་བདག་ཡབ་སྲས་ཡེ་ཤེས་མཚོ་རྒྱལ་མ། །ཟབ་གཏེར་མངའ་བདག་ཨོ་རྒྱན་སངས་རྒྱས་གླིང་། །རང་སྲས་བདུན་བརྒྱུད་བདེ་ཆེན་དར་རྒྱས་དང་། །བཀའ་དྲིན་མཚུངས་མེད་བདེ་ཆེན་རབ་གསལ་ཞབས། །རྩ་བའི་བླ་མ་དྲན་ཆོག་འཁོར་ལོའི་མགོན། །འཇམ་དཔལ་ཡང་ཞུན་སྨིན་གྲོལ་བརྒྱུད་པ་ཡི། །བླ་མ་རྣམ་དང་ཡི་དམ་ལྷག་པའི་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །ལས་བཞི་ལྷུན་གྲུབ་གྲུབ་པ་ཆེ་བརྒྱད་ཐོབ། །ཁྱད་པར་ཚེ་དབང་ཕྱག་རྒྱ་ཆེ་མཆོག་གྲུབ། །འཇམ་དཔལ་གོ་འཕང་ཚེ་འདིར་ཐོབ་བྱིན་རློབས། །ཞེས་འཇམ་དཔལ་ནག་པོ་ཐུགས་ཀྱི་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྦྱར་བའོ། །སརྦ་མངྒ་ལཾ། །

སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ཏོག་གི་ཕྲེང་བ།

༈ སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ཏོག་གི་ཕྲེང་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ་ཧྲཱིཿ ཁྱབ་བརྡལ་ཕྱོགས་བྲལ་ཆོས་དབྱིངས་ཞིང་ཁམས་སུ། །རང་བྱུང་ཡེ་སངས་རྒྱས་པ་གདོད་མའི་མགོན། །རྒྱལ་ཀུན་མེས་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ བདེ་ཆེན་འདུས་མ་བྱས་པའི་ཞིང་ཁམས་སུ། །སྐུ་ལྔའི་བདག་ཉིད་གསུང་གི་རྡོ་རྗེ་འཆང་། །པདྨ་རྒྱལ་པོ་འོད་དཔག་མེད་མགོན་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ འོད་ལྔ་ཐིག་ལེ་འདུས་པའི་ཞིང་ཁམས་སུ། །རིགས་རྣམས་ཀུན་འདུས་སྒྱུ་འཕྲུལ་དྲ་བའི་གཙོ། །རིག་པ་ཡེ་ཤེས་རྡོ་རྗེ་སེམས་མཆོག་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ འགྱུར་མེད་པདྨ་འོད་ཀྱི་ཞིང་ཁམས་སུ། །དུས་གསུམ་སངས་རྒྱས་ཡོངས་ཀྱི་ངོ་བོ་ཉིད། །མཚོ་སྐྱེས་སངས་རྒྱས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ འཕོ་མེད་དགའ་བཞིའི་དངས་མའི་ཞིང་ཁམས་སུ། །རྒྱལ་ཀུན་སྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན། །བདེ་ཆེན་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ ཟག་བྲལ་གཉུག་མ་རང་གསལ་ཞིང་ཁམས་སུ། །རིག་པའི་རྩལ་རྫོགས་རྒྱལ་བ་ཀུན་གྱི་སྲས། །བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་འཆང་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ མ་ཚོགས་མཁའ་འགྲོ་འདུ་བའི་ཞིང་ཁམས་སུ། །འགྲོ་བ་ཡོངས་འདུལ་བརྟུལ་ཞུགས་ནུས་པའི་བདག །པདྨ་ནོར་བུ་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ སྐལ་ལྡན་སྨིན་ཅིང་གྲོལ་བའི་ཞིང་ཁམས་སུ། །རིག་འཛིན་ཆེན་པོ་ཡོངས་ཀྱི་འཁོར་ལོས་བསྒྱུར། །དྲན་མཆོག་དང་མ་པདྨ་བདེ་ཆེན་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ ཕྱོགས་མེད་འགྲོ་དོན་སྐྱོངས་པའི་ཞིང་ཁམས་སུ། །འབྲེལ་ཚད་དོན་ལྡན་མཆོག་གི་སྤྲུལ་བའི་སྐུ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ སྤྱི་གཙུག་བདེ་ཆེན་དག་པའི་ཞིང་ཁམས་སུ། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་དབང་ཕྱུག་ཆེ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ སྣང་བ་དག་པ་ཆོས་ཀྱི་ཞིང་ཁམས་སུ། །རྡོ་རྗེ་སློབ་དཔོན་དབང་ཁྲིད་ལྟ་སྤྱོད་མཐུན། །དམ་ཚིག་ཆིག་འདྲེས་རྡོ་རྗེ་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ འཇའ་ལུས་མེ་དཔུང་ཐིག་ལེའི་ཞིང་ཁམས་སུ། །ཡི་དམ་དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཆོག །གཏུམ་དྲག་མེ་འཕྲེང་རྡོ་རྗེ་གྲོ་ལོད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ གནས་གསུམ་དག་པ་ལྷ་ཡི་ཞིང་ཁམས་སུ། །སྒྲུབ་མཆོག་རྟག་ཏུ་སྐྱོང་ལ་གཡེལ་མེད་པ། །མ་མོ་མཁའ་འགྲོ་དཔའ་བོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ མཁའ་སྤྱོད་རྔམ་པ་སྒྲ་སྒྲོག་ཞིང་ཁམས་སུ། །ལས་དང་ཡེ་ཤེས་སྲུང་མ་ཀུན་གྱི་མཐུ། །གཅིག་འདུས་ཉེ་མགོན་གཟི་ལྡན་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃཿ དེ་ལྟར་སྙིང་ཐིག་བླ་བསྒྲུབ་བརྒྱུད་པ་ཡི། །བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ། །རྩེ་གཅིག་གུས་པ་དྲག་པོས་གསོལ་བཏབ་མཐུས། །ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེ་གཟི་བྱིན་གྱིས། །ནུས་པའི་ཤུགས་ཕྱུང་སྐད་ཅིག་ད་ལྟ་འདིར། །བདག་གི་ཉོན་མོངས་འཁྲུལ་རྟོག་ཀུན་བཅོམ་ནས། །འཇིག་རྟེན་འཇིག་རྟེན་ལས་འདས་དངོས་གྲུབ་ཀུན། །རྩ་བའི་བླ་མའི་བྱིན་རླབས་ཡོངས་ཞུགས་ཏེ། །ཨ་ཏི་རྫོགས་ཆེན་ཉམས་རྟོགས་རྩལ་རྫོགས་ཤིང་། །ཕུང་ཁམས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ། །མངོན་གྱུར་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག །དེ་ལྟར་མ་ཐོབ་བར་དུ་སྐྱེ་བ་ཀུན། །ཁམས་དྲུག་མངོན་མཐོ་ངེས་ལེགས་བརྒྱན་ཐོབ་ཅིང་། །འཇིགས་ཞི་འབྱོར་རྒྱས་ཆོས་མིན་རྣམ་རྟོག་འགག །དམ་ཚིག་སེལ་མེད་བླ་མའི་དགྱེས་དགུ་འགྲུབ། །ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཤོག །སྣང་སྲིད་ཐམས་ཅད་འོད་གསལ་གཞོམ་མེད་ཅིང་། །སྒྲ་གྲགས་ནཱ་ད་དྲན་རྟོག་གཟུང་འཛིན་བྲལ། །འུབ་ཆུབ་ཀུན་བཟང་དགོངས་པའི་དབྱིངས་ཉིད་དུ། །ཁམས་གསུམ་འགྲོ་འདྲེན་བྱེད་པོར་བདག་གྱུར་ཅིག །

ཅེས་སྙིང་ཐིག་སྙན་བརྒྱུད་བླ་བསྒྲུབ་ཀྱི་གསོལ་འདེབས་འདི་ནི་དད་ལྡན་སྦྱིན་བདག་དཔོན་དྲུང་ཚེ་དབང་དཔལ་འབྱོར་རབ་རྒྱས་དང་ཆོས་མཛད་ཡེ་ཤེས་པད་དཀར་ཆོས་ཉིད་རང་བྱུང་སྙན་གྲགས་ལྔའི་ཡང་ཡང་བསྐུལ་ངོར། མདོ་ཁམས་ཀཿཐོག་ལྷོ་ཕྱོགས་འོད་གསལ་ལྷ་རིས་སྐྱེས་པའི་རིག་པ་འཛིན་པ་ཚེ་དབང་ནོར་བུ་འགྲོ་བ་ཡོངས་འདུལ་རྩལ་གྱིས་སྟོད་མངའ་རིས་གློ་བོ་སྨད་རྒྱ་གར་དང་བོད་ཀྱི་མཚམས་བཀག་པའི་ས་མཐའ་བསམ་འགྲུབ་ཆོས་ལྡིངས་སུ་ས་བྱ་རྒྱལ་ཟླ་དམར་ཕྱོགས་ཉ་ལ་༸བླ་མའི་དུས་མཆོད་སྐབས་སུ་ཐུན་གཅིག་བྲིས་པའོ། །མངྒ་ལཾ། བཀྲ་ཤིས།

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་བླ་མའི་གསོལ་འདེབས་ངེས་དོན་སྙིང་པོའི་བཅུད་ལེན།

༈ རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་བླ་མའི་གསོལ་འདེབས་ངེས་དོན་སྙིང་པོའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

ཨ་ཧོ། མ་བཅོས་མཐའ་བྲལ་གདོད་ནས་སྣང་བའི་མགོན། །གཡོ་མེད་ཡེ་ཤེས་རྒྱལ་བ་ཀུན་གྱི་དཔྱིད། །མ་སྐྱེ་འགག་མེད་བརྡལ་ཁྱབ་ཀུན་ཏུ་བཟང་། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། ། ༡ དམིགས་མེད་སྤྲོས་བྲལ་འོད་གསལ་མི་འགྱུར་ཡུམ། །རྒྱལ་ཀུན་ཐུགས་མཆོག་རྡོར་སེམས་གསང་བའི་བདག །མཚན་དཔེ་ཡོངས་རྫོགས་མཆོག་སྤྲུལ་དགའ་རབ་རྗེ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། ། ༢ རང་རིག་དབང་ཐོབ་རིག་འཛིན་ཤྲཱི་སེང་། །རྫོགས་སངས་རྒྱས་དངོས་གུ་རུ་པདྨ་འབྱུང་། །ཟག་མེད་འཇའ་ལུས་མཁའ་འགྲོ་མཚོ་རྒྱལ་ལ། །གསོལ་བ༴ གསང་གཏེར་སྙིང་ཐིག་སྒོ་འབྱེད་ལས་འབྲེལ་སྩལ། །བསྟན་པའི་སྒྲོན་མེ་རྒྱལ་སྲས་ལེགས་ལྡན་པ། །རྒྱལ་བ་གཉིས་པ་རང་བྱུང་རྡོ་རྗེ་འཆང་། །གསོལ་བ༴ གསང་སྔགས་གྲུབ་པའི་དབང་ཕྱུག་གཡུང་སྟོན་དཔལ། །ཐམས་ཅད་མཁྱེན་གཟིགས་ཀརྨ་ཀ་རོལ་རྡོར། །གསོལ་བ༴ རྟོགས་ལྡན་རྒྱལ་པོ་ནམ་མཁའ་རྡོ་རྗེ་མཆོག །ལུང་རྟོགས་བསྟན་པའི་གསལ་བྱེད་ཚུལ་ཁྲིམས་འབུམ། །ཡང་དག་དོན་བརྙེས་ཚུལ་ཁྲིམས་རྒྱལ་བའི་མཚན། །གསོལ་བ་འདེབས་སོ༴ ངེས་གསང་འཕྲིན་ལས་སྤེལ་མཁས་ཆོས་འབུམ་ཞབས། །འདུལ་དཀའ་ཡོངས་འདུལ་ཡེ་ཤེས་རྒྱལ་བའི་མཚན། །འགྲོ་ལ་བརྩེ་གཟིགས་ཆོས་རྗེ་བྱང་ཆུབ་སེང་། །རྫ་ཡིག་ཀུན་མཁྱེན་ཆེན་པོ་ཚུལ་ཁྲིམས་རྒྱལ། །རྩེ་ལེ་རིག་འཛིན་བསོད་ནམས་རྣམ་པར་རྒྱལ། །རྒྱལ་བའི་ཐུགས་སྲས་བསྟན་འཛིན་མཆོག་དབྱངས་ཞབས། །གསོལ་བ༴ ཆོས་ཉིད་མངོན་གྱུར་ཀུན་བཟང་དཔལ་འབྱོར་བ། །གསང་སྔགས་གྲུབ་བརྙེས་མདོ་སྔགས་བསྟན་འཛིན་བཟང་། །རིམ་གཉིས་མངོན་འགྱུར་འཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ༴ གསང་ཆེན་སྟོན་པ་འགྱུར་མེད་རྡོ་རྗེ་སྩལ། །ཐུགས་ཀྱི་སྲས་མཆོག་ཨོ་རྒྱན་རྣམ་གྲོལ་བཟང་། །སྙིང་པོའི་དོན་གཏེར་དཔལ་ལྡན་བླ་མ་རྗེ། །གསོལ་བ༴ རབ་འབྱམས་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ། །རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་འདེབས། །བདག་ནི་དེང་ནས་རྫོགས་སངས་མ་རྒྱས་བར། །ངན་སོང་གནས་སྤོང་བདེ་འགྲོ་རྟག་ཐོབ་ཅིང་། །མཐོ་རིས་ཡོན་ཏན་འཕགས་ནོར་བདུན་གྱིས་ཕྱུག །ཡང་དག་ལམ་ནས་ཕྱིར་མི་ལྡོག་པར་ཤོག །སྐྱེ་ཀུན་མཚན་ཉིད་ཀུན་ཚང་བླ་མ་དང་། །ལེགས་འཕྲད་ཐུགས་ཀྱི་དགྱེས་དགུ་བདག་གིས་གྲུབ། །ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །མ་འདུས་ཡོངས་རྫོགས་བདག་གིས་ཐོབ་པར་ཤོག །ཆོས་མིན་ལས་ལ་སྐད་ཅིག་མི་འཇུག་ཅིང་། །ཆོས་བཞིན་སྤྱོད་པར་ཉིན་མཚན་དུས་འདའ་ནས། །ས་ལམ་དྲོད་ཚད་མ་ལུས་ཚེ་གཅིག་རྫོགས། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཤོག །ཁྲེགས་ཆོད་ལྟ་བའི་གནས་ལུགས་མཐར་ཐུག་རྟོགས། །ཐོད་བརྒལ་མངོན་གསུམ་སྒོམ་པ་ཟད་པར་འཁྱོལ། །རྣམ་དག་སྤྱོད་པས་འགྲོ་ལ་ཕན་ཆེན་འགྲུབ། །མི་སློབ་ས་མཆོག་ཚེ་འདི་ཉིད་བརྙེས་ཤོག །ཆོས་ཀུན་གདོད་མའི་གནས་ལུགས་སྤྲོས་དང་བྲལ། །མཐའ་རྒྱས་ལས་འདས་ཐེག་དགུའི་ཡོངས་རྩེ་མཆོག །ཡིད་དཔྱོད་བྱར་མེད་འོད་གསལ་རྫོགས་པ་ཆེ། །མངོན་འགྱུར་གདོས་བཅས་འོད་སྐུར་ཡལ་བར་ཤོག །དམིགས་བསམ་བློ་ཡིས་བཅོས་མས་མ་གོས་པ། །ཡིད་བྱེད་ཀུན་བྲལ་ཆོས་ཉིད་མངོན་སུམ་དུ། །སྣང་བ་བརྡ་དོན་རྟགས་གསུམ་དབྱེར་མེད་ལམ། །རྩོད་བྲལ་ཨ་ཏིའི་རྟོགས་པ་མངོན་གྱུར་ཤོག །དུས་ཀུན་རྒྱུ་འབྲས་ལས་ལ་ཡིད་ཆེས་ཤིང་། །རྒྱུ་འབྲས་ལས་འདས་ལྟ་བའི་གདེངས་ཚད་ཐོབ། །ནམ་ཡང་གསང་སྔགས་དམ་ཚིག་ཉམས་མེད་བསྟན། །ཡེ་བསྲུང་སྤྲོས་བྲལ་ཆེན་པོར་རྟག་གནས་ཤོག །ཚེ་འདིའི་བསླུ་བྲིད་ཆོས་ལ་མི་ཞེན་པར། །ངེས་གསང་བླ་མེད་ལམ་མཆོག་ལ་ཞུགས་ནས། །རང་གཞན་དོན་གཉིས་འགྲུབ་པའི་དབང་ཕྱུག་ཆེ། །སྐུ་གསུམ་རྒྱལ་བའི་གོ་འཕང་མཆོག་བརྙེས་ཤོག །ཚེ་རབས་རྟག་ཏུ་ཡང་གསང་རྫོགས་ཆེན་དོན། །དབང་འབྱོར་རྒྱལ་བསྟན་འགྲོ་ལ་ཕན་ཆེན་གྲུབ། །འཕགས་ནོར་བདུན་ལྡན་རྒྱུད་འཛིན་སློབ་སྲིད་རྒྱས། །ཚོམ་བུ་གཅིག་ཏུ་འགྲོ་ཀུན་བྱང་ཆུབ་ཤོག །

ཅེས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས་སུ་རྣམ་པར་དཀར་བའི་ལས་ལ་མཆོག་ཏུ་བརྩོན་ཞིང་ངེས་གསང་རྫོགས་པ་ཆེན་པོར་མི་ཕྱེད་པའི་དད་གུས་ཅན་སྐལ་ལྡན་མི་མཆོག་ལྕགས་བྲག་སྡེ་པ་ལྟ་བུ་ཚེ་རིང་དོན་ལྡན་ནམ་ཀུན་བཟང་ངེས་དོན་རང་གྲོལ་དབང་པོའི་གསུང་གིས་བསྐུལ་ངོར་མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་ལྷ་བན་ཚེ་དབང་ནོར་བུས་མང་ཡུལ་སྐྱིད་གྲོང་གྲ་ཕུ་ཆོས་གླིང་རི་ཁྲོད་དུ་མེ་ལུག་སྟོན་རའི་ཚེས་བཟང་པོར་བྲིས་པ་དགེའོ། །སརྦ་མངྒ་ལཾ་ཀུརྦནྟུ།

རྫོགས་ཆེན་མཁའ་འགྲོ་ཡང་ཞུན་གྱི་གསོལ་འདེབས་རྩ་གསུམ་བྱིན་རླབས་འདྲེན་པའི་ལྕགས་ཀྱུ།

༈ རྫོགས་ཆེན་མཁའ་འགྲོ་ཡང་ཞུན་གྱི་གསོལ་འདེབས་རྩ་གསུམ་བྱིན་རླབས་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ་ཧཱུྃ་ཧྲཱི༔ ཁྱབ་བརྡལ་ཡེ་ཤེས་གཡོ་མེད་ཞིང་ཁམས་ནས། །རིག་པ་རང་བྱུང་སངས་རྒྱས་ཀུན་གྱི་ཡབ། །གདོད་མའི་མགོན་པོ་འོད་དཔག་མེད་པ་ལ། །གསོལ་བ་འདེབས་སོ་དབང་བསྐུར་མཆོག་མཐུན་སྩོལ། །ཡེ་ཤེས་ལྔ་ལྡན་རང་འོད་ཐིག་ལེ་ཀློང་། །སྒྱུ་འཕྲུལ་ཞི་ཁྲོ་འདུས་པའི་ངོ་བོ་ཉིད། །ཧེ་རུ་ཀ་དཔལ་རྟ་ཕག་ཡབ་ཡུམ་ལ། །གསོལ་བ༴ རྒྱལ་བའི་ཞིང་ཁམས་མུ་མཐའ་མེད་པ་རུ། །སྔགས་ཀྱི་སྟོན་པ་མཚོ་སྐྱེས་རྡོ་རྗེ་སེམས། །འགྱུར་མེད་ཡེ་ཤེས་པདྨ་འབྱུང་གནས་ལ། །གསོལ་བ༴ མཁའ་སྤྱོད་གསང་བ་མཆོག་གི་དུར་ཁྲོད་དུ། །བདེ་སྟོང་དབང་ཕྱུག་རྒྱལ་བ་ཀུན་གྱི་ཡུམ། །བདུད་འདུལ་དྲག་མོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ༴ ཤཱཀྱའི་ཞིང་ཁམས་བོད་ཆེན་ཤར་ཕྱོགས་སུ། །རྒྱལ་ཀུན་ཡེ་ཤེས་འདུས་པའི་སྲས་གཅིག་པུ། །དྲན་མཆོག་པདྨ་བདེ་ཆེན་གླིང་པ་ལ། །གསོལ་བ༴ ཕྱོགས་མེད་འགྲོ་དོན་སྐྱོང་བའི་གནས་མཆོག་ནས། །གུ་རུའི་ལུང་བསྟན་འབྲེལ་ཚད་དོན་དང་ལྡན། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ལ། །གསོལ་བ༴ མོན་ཡུལ་དབེན་པའི་གནས་མཆོག་རྟ་གྲུ་ནས། །རིམ་གཉིས་མངོན་གྱུར་གྲུབ་པའི་དབང་ཕྱུག་ཆེ། །རྡོ་རྗེ་སློབ་དཔོན་ཨོ་རྒྱན་བསྟན་འཛིན་ལ། །གསོལ་བ༴ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ། །བཀའ་དྲིན་མཚུངས་མེད་རིགས་ཀུན་འདུས་པའི་གཙོ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ༴ ཧྲཱི༔ དབང་ཆེན་མེ་རླུང་འཁྲུལ་དཀྱིལ་ཟླ་གམ་དབུས། །ཡི་དམ་དཀྱིལ་འཁོར་ཀུན་གྱི་སྤྱི་དཔལ་གཙོ། །པདྨ་གར་དབང་གསུང་དམར་ཞི་ཁྲོ་ལ། །གསོལ་བ༴ གནས་གསུམ་དག་པ་རྩ་རླུང་ཐིག་ཞིང་དུ། །བདེ་ཆེན་ཕོ་ཉ་ཡོངས་ཀྱི་དབང་ཕྱུག་སྐུར། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་ལ། །གསོལ་བ༴ དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་དུ། །རྫོགས་སངས་རྒྱས་ཉིད་བསྟན་པ་བསྲུང་ཕྱིར་སྐུ། །སྟོན་གྱུར་ཡེ་ཤེས་མགོན་པོ་མ་ནིང་ལ། །གསོལ་བ༴ གཏེར་གནས་སྨུ་རྡོ་མཁའ་འགྲོ་འབུམ་འདུས་ནས། །ཟབ་མོའི་གཏེར་མཆོག་མཁའ་འགྲོ་སྙིང་ཏི་ཀ །གཏེར་སྲུང་མ་གཟའ་རྡོར་གསུམ་བཅས་པ་ལ། །གསོལ་བ༴ སྨོན་ལམ་ལས་འཕྲོ་དག་པའི་ཞིང་ཁམས་སུ། །རྡོ་རྗེ་ཐེག་པའི་དམ་ཚིག་གིས་བསྡུས་པའི། །དག་སྣང་ཆིག་འདྲེས་མཆེད་དང་ལྕམ་དྲལ་ལ། །གསོལ་བ༴ དེ་ལྟར་སྙིང་ཐིག་བླ་མ་དཀྱིལ་འཁོར་ལྷ། །བཀའ་བསྟོད་བཅས་ལ་གུས་པས་གསོལ་བཏབ་མཐུས། །ཆོས་ཀྱི་ཕྱག་རྒྱ་བསྐྱེད་རིམ་སྣང་སྟོང་འབྱོངས། །དམ་ཚིག་ཕྱག་རྒྱ་གཏུམ་མོའི་བདེ་དྲོད་འབར། །ལས་ཀྱི་ཕྱག་རྒྱ་དབབ་ལྡོག་དགའ་བཞི་རྫོགས། །ཕྱག་ཆེན་བདེ་གཤེགས་སྙིང་པོའི་གནས་ལུགས་རྟོགས། །འོད་གསལ་ཐོད་བརྒལ་སྣང་བཞི་མཐའ་རུ་ཕྱིན། །ཟུང་འཇུག་རྡོར་སེམས་ཚེ་འདིར་ཐོབ་པར་ཤོག །

ཞེས་རྫོགས་ཆེན་མཁའ་འགྲོ་ཡང་ཞུན་གྱི་གསོལ་འདེབས་འདི་ནི། གློ་བོ་དོམ་པོའི་བླ་མ་རིན་པོ་ཆེ་དཔལ་ལྡན་གྲུབ་པའི་དབང་ཕྱུག་ཨོ་རྒྱན་བསྟན་འཛིན་མཆོག་གི་ཞལ་སྔ་ནས་བསྐུལ་བའི་ངོར། །མདོ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུ་ཡིས་ལྕགས་ཀྱི་ཆུ་ཟླའི་དམར་ཕྱོགས་གང་བའི་ཚེས་ཀྱི་ཉི་མ་རྩེ་ཤར་ལ་མོན་ཡུལ་རྟ་གྲུ་གནས་མཆོག་ཏུ་སྨྲས་པ་སརྦ་མངྒ་ལཾ།

བླ་མ་དགོངས་པ་འདུས་པའི་དབང་ལུང་མན་ངག་གི་རྒྱུད་པའི་བླ་མར་གསོལ་བ་འདེབས་པ་བྱིན་རླབས་སྙིང་པོའི་བཅུད་ལེན།

༈ བླ་མ་དགོངས་པ་འདུས་པའི་དབང་ལུང་མན་ངག་གི་རྒྱུད་པའི་བླ་མར་གསོལ་བ་འདེབས་པ་བྱིན་རླབས་སྙིང་པོའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བྷྱ༔ གདོད་ནས་རྣམ་དག་བྲི་གང་ཡོངས་བྲལ་བ། །ཆོས་སྐུ་ཀུན་བཟང་མཐའ་ཡས་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །དོན་གཉིས་ལྷུན་གྱི་གྲུབ་པར་བྱིན་གྱིས་རློབས། །རབ་འབྱམས་ཞིང་ཁམས་སྤྲུལ་མཛད་གངས་ཅན་གཙོ། །ལོངས་སྐུ་འཁོར་ལོས་བསྒྱུར་བ་རིགས་ལྔ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །དོན་གཉིས་ལྷུན་གྱི་གྲུབ་པར་བྱིན་གྱིས་རློབས། །འགྲོ་འདུལ་རྒྱལ་ཀུན་སྤྲུལ་བཞི་སྤྲུལ་སྐུ་ཆེ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ༴ དོན་གཉིས༴ སངས་རྒྱས་ཀུན་འདུས་སྐུ་གསུམ་ངོ་བོ་ཉིད། །བདེ་ཆེན་རྡོ་རྗེ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ༴ དོན་གཉིས༴ གསུང་རབ་རྒྱ་མཚོ་ཡོངས་འཆང་ཤེར་ཕྱིན་མ། །འཁོར་ལོའི་བདག་མོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ༴ དོན་གཉིས༴ འཇམ་དཔལ་དཔའ་བོ་གངས་ཅན་མི་རྗེའི་ཚུལ། །བསྟན་པའི་སྒྲོན་མེ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ༴ དོན་གཉིས༴ སྤྱན་རས་གཟིགས་དབང་སྨོན་ལམ་གྱིས་བསྐྲུན་སྐུ། །ལྷ་སྲས་ཚུལ་བཟུང་མུ་ཏིག་བཙན་པོ་ལ། །གསོལ་བ༴ དོན་གཉིས༴ གུ་རུས་རྒྱལ་ཚབ་དབང་བསྐུར་ཟབ་གཏེར་བདག །མཆོག་གྱུར་སྤྲུལ་སྐུ་སངས་རྒྱས་གླིང་པ་ལ། །གསོལ་བ༴ དོན་གཉིས༴ ཆོས་བདག་ཡོངས་གཙོ་དངོས་གྲུབ་གཉིས་བརྙེས་པ། །སྲས་མཆོག་འགྲོ་འདུལ་ཡེ་ཤེས་རྡོ་རྗེ་ལ། །གསོལ༴ དོན་གཉིས༴ དབང་ཆེན་སྤྲུལ་པ་སྤྱི་བོར་རྟ་སྐད་སྒྲོགས། །གྲུབ་པའི་དབང་ཕྱུག་སངས་རྒྱས་བློ་གྲོས་ལ། །གསོལ༴ དོན་གཉིས༴ སྐྱེས་མཆོག་གདུང་འཛིན་སྨིན་གྲོལ་ཡོངས་སུ་རྫོགས། །རིགས་སྔགས་འཆང་བ་བསོད་ནམས་ལྷུན་གྲུབ་ལ། །གསོལ་བ༴ དོན་གཉིས༴ སྦས་པའི་ཚུལ་གྱིས་གསང་སྔགས་ཡོན་ཏན་བརྙེས། །རྣལ་འབྱོར་དབང་ཕྱུག་ཀརྨ་བཟང་པོ་ལ། །གསོལ་བ༴ དོན་གཉིས༴ གུ་རུའི་བཀའ་གསང་གསེར་ཆོས་ཟབ་དགུ་ཡི། །སྐལ་ལྡན་གསོས་མཛད་ཀརྨ་སྔགས་འཆང་ལ། །གསོལ༴ དོན་གཉིས༴ གདམས་པའི་རྒྱུད་ཀྱིས་འགྲོ་ཕན་བསམ་མི་ཁྱབ། །ཡེ་ཤེས་ཆེས་བརྙེས་གྲུབ་མཆོག་བཟང་པོ་ལ། །གསོལ་བ༴ དོན་གཉིས༴ གཏེར་སྲས་བདུན་རྫོགས་གདུང་མཐར་མཁས་གྲུབ་མཆོག །ལྷ་སྲས་སྐྱེ་མཐའ་རིག་འཛིན་སྙིང་པོ་ལ། །གསོལ་བ་འདེབས་སོ༴ དོན་གཉིས༴ ཟབ་མོའི་ལམ་ལ་གཡེལ་མེད་རིག་འཛིན་གཙོ། །མངོན་པར་གྲུབ་པ་བདེ་ཆེན་དར་རྒྱས་ལ། །གསོལ་བ༴ དོན་གཉིས༴ གུ་རུའི་ལུང་ཟིན་འབྲེལ་ཚད་སྨིན་གྲོལ་སྦྱོར། །མཚུངས་མེད་རྗེ་བཙུན་བདེ་ཆེན་རབ་གསལ་ལ། །གསོལ་བ༴ དོན་གཉིས༴ པདྨ་དབང་བསྐུར་དེས་སྟོན་བསྟན་པའི་བདག །རྒྱལ་སྲས་རིག་འཛིན་ཚེ་དབང་ནོར་བུ་ལ། །གསོལ་བ༴ དོན་གཉིས༴ ཚེ་གཅིག་ཉམས་ལ་གཏན་བདེ་སངས་རྒྱས་སར། །དཀྲི་མཛད་དྲིན་ཆེན་རྩ་བའི་བླ་མ་ལ། །གསོལ་བ༴ དོན་གཉིས༴ བླ་མའི་རང་བཞིན་པདྨ་བཛྲ་རྩལ། །ཚོམ་བུ་དགུ་རྫོགས་ཡི་དམ་རབ་འབྱམས་ལ། །གསོལ་བ༴ དོན་གཉིས༴ བླ་མའི་རོལ་རྩལ་དཔའ་བོ་མཁའ་འགྲོ་མ། །བཀའ་སྲུང་གཏེར་བདག་གྲངས་མེད་འཆར་བ་ལ། །གསོལ་བ༴ དོན་གཉིས༴ དེ་ལྟར་བླ་མ་དགོངས་པ་སྤྱི་འདུས་ཀྱི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་མར། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །རྩ་གསུམ་ལྷ་ཡི་བྱིན་རླབས་སྙིང་ལ་ཞུགས། །དབང་བཞིས་བདག་རྒྱུད་ཡོངས་སུ་སྨིན་གྱུར་ཅིང་། །བསྐྱེད་རིམ་ཡེ་ཤེས་དབང་ཕྱུག་མྱུར་ཐོབ་ཤོག །ལས་ཕྲན་ལས་ཆེན་མཐའ་དག་ཐོགས་མེད་གྲུབ། །རྡོ་རྗེ་འཛིན་པའི་ས་མཆོག་ཡོངས་བརྙེས་ཤོག །རྫོགས་རིམ་མཐར་ཐུག་རྒྱལ་ཀུན་བསྒྲོད་ཅིག་ལམ། །ཆེས་གསང་ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེ། །ཁྲེག་ཆོད་ལྟ་བུའི་ཕུ་ཐག་གཏིང་ནས་ཆོས། །ཐོད་བརྒལ་སྣང་བཞི་ཟད་པར་འཁྱོལ་བར་ཤོག །རྫོགས་རིམ་གདུལ་བྱ་བྱེ་བྲག་ལ་སྣང་ཆོས། །མཐའ་བྲལ་ཕྱག་ཆེན་ཆོས་ཀུན་རང་རྒྱལ་ཐོབ། །ཕར་ཕྱིན་ཡུལ་འཁྲུལ་སྣང་གྲག་གྲོགས་སུ་གཅེས། །ཚུལ་དེས་འཕགས་པའི་བདེན་པ་མངོན་གྱུར་ཤོག །ཟུང་འཇུག་ཡེ་ཤེས་མཁའ་འགྲོའི་གསེང་ལམ་མཆོག །ཕོ་ཉ་མྱུར་མགྱོགས་སྟེང་འོག་སྒོ་གཉིས་ཀྱི། །རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ཡི། །ཟུང་འཇུག་བདེ་ཆེན་སྐུ་མཆོག་མྱུར་འགྲུབ་ཤོག །དེ་ལྟར་ཚེ་འདི་ཉིད་ལ་མངོན་སངས་རྒྱས། །སྐལ་བརྩོན་དམན་པས་དེ་ལྟར་མ་འགྲུབ་ཀྱང་། །རིགས་དྲུག་འཁོར་བའི་སྐྱེ་སྒོ་ཡོངས་ཆད་དེ། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བྱང་ཆུབ་ཤོག །གལ་ཏེ་སྲིད་པར་སྐྱེས་ཀྱང་ལས་སྨོན་མཐུས། །དལ་འབྱོར་ལུས་ཐོབ་བླ་མ་དམ་པ་མཇལ། །དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་མཁས་ཤིང་། །སྨིན་གྲོལ་ཡོངས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག །མདོར་ན་བདག་ནི་དུས་འདི་ནས་ཙམ་སྟེ། །བྱང་ཆུབ་སྙིང་པོ་ཐོབ་ཀྱི་བར་དུ་ནི། །བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང་། །རྒྱུ་འབྲས་ཡིད་ཆེས་འདོར་ལེན་མཁས་པར་ཤོག །ཁྱད་པར་གསང་སྔགས་དམ་ཚིག་སྙིང་པོ་ནི། །སྐྱིད་སྡུག་ལེགས་ཉེས་ཇི་ལྟར་གྱུར་ཀྱང་རུང་། །མ་ཉམས་རང་སྲོག་ལ་ཡང་ལྟོས་མེད་པར། །རྒྱལ་བ་ཀུན་ལམ་མཆོག་དེར་འབད་བརྩོན་ཤོག །དེ་ལྟར་བླ་མར་མོས་གུས་རྣམ་དག་གི །ཡོངས་དྲངས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །ཚོགས་གཉིས་ཡོངས་རྫོགས་མཐའ་ཡས་འགྲོ་བའི་མགོན། །བདག་གྱུར་བླ་མའི་ཕྲིན་ལས་ཡོངས་བསྒྲུབ་ཤོག །

ཅེས་བླ་མ་དགོངས་འདུས་ཀྱི་དབང་ཁྲིད་ལུང་བཅས་ཀྱི་གཏེར་སྲས་ནས་བརྒྱུད་པའི་གསོལ་འདེབས་སྨོན་ལམ་བཅས་པ་འདི་ནི། ལོང་པོ་གྱིང་གི་ཞལ་ངོ་ཉང་རྗེ་གཙོས་པའི་རིགས་རྒྱུད་དད་གུས་དཔལ་གྱིས་འཚོ་བ་བསྟན་འཛིན་འབྲུག་གྲགས་ཡབ་སྲས་ཀྱིས་ཡང་ཡང་ནན་ཏན་ཆེན་པོའི་གསོལ་བ་བཏབ་པའི་ངོར་ཤར་ཕྱོགས་བོད་ཆེན་དུ་སྐྱེས་པའི་རིག་པ་འཛིན་པ་སྔགས་ཀྱི་པཎྜི་ཏ་དཔལ་ཚེ་དབང་ནོར་བུས་མེ་སྦྲུལ་ཁྲུམས་ཟླའི་དམར་ཕྱོགས་གང་བའི་དུས་ཆེན་པོར་དགོངས་འདུས་གཏེར་གནས་རིན་ཆེན་འབར་བར་ཐུན་བར་ཡུད་ཙམ་ཅིག་ལ་བྲིས་པ་དགེའོ། །

བྱང་གཏེར་ཐུགས་བསྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་ཀྱི་གསོལ་འདེབས་བྱིན་རླབས་འདྲེན་པའི་ལྕགས་ཀྱུ།

༈ བྱང་གཏེར་ཐུགས་བསྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་ཀྱི་གསོལ་འདེབས་བྱིན་རླབས་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ། རྒྱལ་བ་ཀུན་མེས་མཁའ་ཁྱབ་ཆོས་དབྱིངས་བདག་པོ་ཀུན་བཟང་ཧེ་རུ་ཀ །ལྷུན་གྲུབ་དག་པའི་ཞིང་ནས་ཡེ་ཤེས་ལྔ་ལྡན་རིག་ལྔ་བདེ་བར་གཤེགས། །མེ་རི་འབར་བར་རྒྱལ་བ་ཀུན་གྱི་གསང་འཛིན་ལག་ན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་རང་རིག་སྐུ་གསུམ་མངོན་གྱུར་དུས་འདིར་ཐོབ་བྱིན་རློབས། །ཀུན་ཏུ་བཟང་མོའི་ཐུགས་སྤྲུལ་རྒྱུད་སྡེའི་བདག་མོ་སྨུག་ནག་དབང་མཁའ་འགྲོ། །རྒྱལ་བའི་རྣམ་འཕྲུལ་ལྷ་ཀླུའི་ཚུལ་འཛིན་ཚངས་དབང་བརྒྱ་བྱིན་འཇོག་པོ་ཆེ། །མི་ཡི་རིགས་འཁྲུངས་གྲུབ་པ་ཀུན་གཙོ་གསང་བའི་བདག་པོ་རྒྱལ་པོ་ཛ། །གསོལ་བ༴ ཟ་ཧོར་རྒྱལ་སྲས་རིམ་དགུ་ཐེག་པའི་མངའ་བདག་ཤཱཀྱ་པྲ་བྷ་ཝ། །རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་ཡེ་ཤེས་ཟླུམ་པའི་སྐུར་གྱུར་པདྨ་འབྱུང་། །ཕྱག་རྒྱ་ཆེ་མཆོག་བརྙེས་པ་དྲི་མེད་བཤེས་དང་བལ་པོ་ངང་ཚུལ་འཇམ། །གསོལ༴ སྣ་ནམ་རིགས་འཁྲུངས་ཡི་དམ་ལྷ་ཡིས་རྗེས་བཟུང་རྡོ་རྗེ་བདུད་འཇོམས་དཔལ། །མཛོད་ལྔ་དབང་བསྒྱུར་རྒོད་སྒྲོའི་ཕུད་ཅན་དངོས་གྲུབ་རྒྱལ་མཚན་ཉི་ཟླ་འོད། །དེ་ཡི་ཐུགས་སྲས་ཟབ་དགུ་ཆོས་ཀྱི་སྡུད་པོ་སངས་རྒྱས་བྱམས་པ་བཟང་། །གསོལ༴ སེ་ཡི་རིགས་ལས་སྦྱོར་སྒྲོལ་ནུས་པ་དཔག་མེད་ཉི་མ་བཟང་པོའི་ཞབས། །མགོན་པོ་བཟང་པོ་ལུང་རྟོགས་ཡོན་ཏན་དུ་མས་ཡོངས་ཕྱུག་སྐལ་ལྡན་དཔལ། །རིག་ཆེན་རྒྱལ་མཚན་སྔ་འགྱུར་བསྟན་པའི་སྲོག་ཤིང་འཆང་ལ་ལན་བརྒྱར་མཁས། །གསོལ་བ༴ མགོན་པོ་ཟླ་བ་ཆོས་སྦྱིན་ཕྱོགས་ཀུན་དགྱེས་པའི་སྤྱན་རས་ཟུམ་མེད་གཟིགས། །གྲུབ་མཆོག་ནམ་སྙིང་སྤྲུལ་པར་ཞལ་བཞེས་བསྟན་པའི་སྒྲོན་མེ་བྱམས་པ་ཆོས། །གང་གི་ཆོས་སྲས་བློ་གྲོས་རྒྱལ་མཚན་ཀུན་ཏུ་རྒྱས་པ་ནུབ་དགོན་ཞབས། །གསོལ༴ རྣམ་པར་རིག་པ་གྲོལ་བའི་སྒྲ་བརྒྱ་རབ་ཏུ་སྒྲོགས་མཛད་བྱམས་པ་བཟང་། །སྲིད་གསུམ་རྣམ་རྒྱལ་རྡོ་རྗེའི་སྤོ་ལ་ངེས་དོན་གསལ་མཛད་ཀུན་བཟང་ཉི། །རྟོགས་པའི་གར་མཁན་འོད་གསལ་རྡོ་རྗེ་སྙིང་པོ་རྒྱས་མཛད་འབྲུག་སྒྲ་བཟང་། །གསོལ༴ རིགས་པ་སྔགས་འཆང་རིམ་གཉིས་ཡོན་ཏན་ཡོངས་བརྙེས་ཕྲིན་ལས་ལྷུན་གྲུབ་ཆེ། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་གཙུག་གི་མངོན་མཆོད་ཆོས་དབྱིངས་རང་གྲོལ་ཞབས། །འཕགས་ཆེན་ས་ལ་ལེགས་བཞུགས་རྒྱལ་བས་ལུང་བསྟན་པདྨ་འཕྲིན་ལས་ཅན། །གསོལ༴ སྤྱན་རས་གཟིགས་སྤྲུལ་སྡོམ་བརྩོན་མཁས་པའི་དབང་པོ་པདྨ་རིག་འཛིན་དབང་། །བླ་མའི་ཐུགས་སྲས་འབྲེལ་ཚད་དོན་ལྡན་རིག་འཛིན་ཚེ་དབང་ནོར་བུའི་སྡེ། །རང་རིག་དྲི་མེད་ཆོས་སྐུའི་རང་ཞལ་སྟོན་མཛད་རྩ་བའི་བླ་མ་མཆོག །གསོལ༴ ཡི་དམ་བདེ་གཤེགས་ཀུན་འདུས་སྤྱི་དཔལ་རྡོ་རྗེ་དྲག་པོ་ལྷ་ཡི་ལྷ། །རྡོ་རྗེ་ཕག་མོ་ཡེ་ཤེས་འཇིག་རྟེན་ལས་ཀྱི་མཁའ་འགྲོ་ཡོངས་ཀྱི་གཙོ། །ཕོ་མོ་མ་ནིང་དྲེགས་པའི་རྗེ་བཙུན་བསྟན་བསྲུང་ཡོངས་རྫོགས་ནག་པོ་ཆེ། །གསོལ༴ རང་ཉིད་ཤེས་རབ་ཕར་ཕྱིན་ཉིད་ལས་གཞན་མིན་འདུལ་བར་རག་གདོང་མ། །དམ་ལྡན་བུ་ལྟར་སྐྱོང་བ་དམ་ཅན་རྡོ་རྗེ་འབར་བ་ཐིག་ལེ་རྩལ། །མ་མོ་བསྟན་མ་སྟོང་དཔོན་གཏེར་གནས་བསྲུང་མ་ཁྲོམ་སྐྱེས་ཞིང་སྐྱོང་ཚོགས། །གསོལ༴ དེ་ལྟར་གུ་རུའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཚབ་གྱུར་ཐུགས་བསྒྲུབ་ཀྱི། །ཡོངས་སྙིང་ཐུགས་ཀྱི་ཡེ་ཤེས་མངོན་བྱེད་ཐུགས་ཚབ་ཡང་ཏིག་གཅེས་སྒྲོན་གང་། །བརྒྱུད་པའི་བླ་མ་དམ་པ་རྣམས་དང་ཡི་དམ་ཆོས་སྐྱོང་བསྲུང་བ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་བདེན་མཐུ་བྱིན་རླབས་ནུས་པའི་སྟོབས་དག་གིས། །བདག་གི་སྐྱེ་ཀུན་རང་གཞན་དོན་གཉིས་སྤྱོད་ལ་གཡེལ་མེད་ངེས་འབྱུང་རྒྱས། །སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་གསུམ་བཟུང་སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །འགལ་སྤང་མཐུན་རྐྱེན་སྒྲུབ་ལ་རབ་བསྔགས་རྡོར་སེམས་བསྒོམ་བཟླས་མཎྜལ་བརྩོན། །ཆོས་ཀུན་སྙིང་པོ་བླ་མའི་རྣལ་འབྱོར་ལ་འབད་ཐུགས་ཡིད་གཅིག་འདྲེས་ཤོག །མ་དག་དངོས་ཞེན་ཡོངས་འགོག་བདག་ལུས་སྣང་སྲིད་ལྷ་ཡི་རོལ་པར་རྒྱས། །གཉིས་མེད་ཡེ་ཤེས་རང་སྒྲས་གཉིས་སྣང་ཀུན་རྟོགས་ཚོགས་ཀུན་ཟིལ་གྱིས་གནོན། །གནད་བཞིའི་རྟེན་འབྲེལ་ལ་བརྟེན་སེམས་ཉིད་མ་བཅོས་གཉུས་མ་བཟོ་བྲལ་ཉིད། །རྟག་ཏུ་མཉམ་བཞག་སྐྱོན་ལྔ་བླ་མའི་བྱིན་རླབས་ཏིང་འཛིན་གྱིས་སེལ་ཤོག །རྡོ་རྗེ་ཧཱུྃ་ཡིག་བྱུང་གནས་འགྲོར་བརྟགས་སྒོ་གསུམ་མ་འཁྲུལ་སྲང་དུ་གཞུགས། །རྒྱལ་བ་ཀུན་གྱི་གསུང་དབྱངས་རྡོ་རྗེ་སློབ་དཔོན་གཟུགས་ཤར་པདྨ་འབྱུང་། །དེ་ཡང་རང་རིག་ཆོས་སྐུར་ངོ་སྤྲད་མཛད་པོ་བླ་མ་དབྱེར་མེད་པར། །ལྟེམ་རྐྱང་ཡིད་གཉིས་མེད་པར་ཕུར་ཚུགས་ཉིད་ཀྱི་བྱིན་རླབས་བདག་འཇུག་ཤོག །ནམ་མཁའ་ལ་བརྗེན་སྐྱེ་འགགས་གནས་བྲལ་རིག་པ་རང་ངོས་བར་དོ་སྒྲོལ། །དངས་གསལ་མན་ཤེལ་སྣང་སེམས་ཅེར་གྲོལ་ཡེ་ཤེས་མི་འགྱུར་འདུ་བྲལ་མེད། །མཛུབ་ཚུགས་གཟུང་འཛིན་གློ་བུར་དྲི་བྲལ་འོད་གསལ་རང་ངོ་བརྟན་པར་རྟོགས། །རྣམ་གསུམ་ངོ་སྤྲོད་རྒྱུད་ལ་སྦྱར་ནས་ཀ་དག་གནས་ལུགས་གཏན་ཕེབས་ཤོག །མཉམ་རྗེས་དབྱེར་མེད་ཆོས་ཉིད་རོ་གཅིག་མངོན་དུ་མ་གྱུར་བར་དུ་ནི། །པད་འབྱུང་ཞལ་གདམས་དགོངས་པར་བརྒྱད་དང་མི་འབྲེལ་ཡང་དག་འཇོག་བརྩོན་ཞིང་། །སྙིང་པོ་བླ་མར་དད་གུས་མོས་པའི་གདུང་ཤུགས་ནམ་ཡང་ལྷོད་མེད་བརྟེན། །སྤངས་བླང་གནས་རྣམས་ཀུན་བཟང་རྡོ་རྗེ་འཆང་གི་གསུང་བཞིན་སྤྱོད་པར་ཤོག །མདོར་ན་ཚེ་རབས་རྟག་ཏུ་རྫོགས་སངས་རྒྱས་ཀྱི་བསྟན་བཞུགས་དམ་པ་མཇལ། །སྨིན་བྱེད་དབང་གི་ཡོངས་སྨིན་གྲོལ་བྱེད་རིམ་གཉིས་བསྒོམ་རྩལ་ཡོན་ཏན་རྫོགས། །དོན་དམ་ནོར་འཁྲུལ་སྐྱོན་མེད་ཡིན་ལུགས་གཏན་ལ་ཕབས་པ་རང་དོན་ཆོས་སྐུ་གྲུབ། །སྙིང་རྗེའི་འབྲས་བུ་གཞན་དོན་གཟུགས་སྐུའི་འགྲོ་དོན་རྟག་ཏུ་སྤྱོད་པར་ཤོག །

ཅེས་བྱང་གཏེར་ཐུགས་བསྒྲུབ་ཀྱི་ཡང་སྙིང་གུ་རུ་པདྨའི་དགོངས་པའི་ཚབ་རྫོགས་པ་ཆེན་པོ་ཡང་ཏིག་གཅེས་པའི་སྒྲོན་མེའི་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་པ་འདི་ནི་རྒྱལ་བསྟན་འདྲེན་པའི་ཤིང་རྟ་གཞུང་རྣམ་གྲངས་བཅོ་བརྒྱད་ཐོགས་པ་མེད་པར་སྨྲ་བའི་རབ་འབྱམས་པ་པདྨ་རིག་འཛིན་གྱིས་ཡང་ནས་ཡང་དུ་གསོལ་བ་བཏབ་པའི་ངོར། མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སུ་སྐྱེས་ཤིང་རྫོགས་པ་ཆེན་པོ་ལ་མོས་པས་སྤྱོད་པའི་རིག་འཛིན་ཚེ་དབང་ནོར་བུས་ཡོངས་འཛིན་དབྱུག་གུ་ཟླ་བའི་ཡར་ཚེས་བཞི་ལ་ལ་སྟོད་བྱང་པ་བསམ་རྫོང་དུ་་སྨྲས་པའི་ཡི་གེའི་རིས་བྱེད་ནི་ཤཱཀྱའི་དགེ་སློང་རིག་གནས་མཁན་པདྨ་གཡུང་དྲུང་གིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

རྫོགས་ཆེན་ཕུང་པོ་ཟག་མེད་ཀྱི་བརྒྱུད་འདེབས་རིན་པོ་ཆེའི་ཕྲེང་བ།

༈ རྫོགས་ཆེན་ཕུང་པོ་ཟག་མེད་ཀྱི་བརྒྱུད་འདེབས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །

ཨོཾ་ཨཱཿ ཧཱུྃ་ཧོཿ གདོད་ནས་བྱང་ཆུབ་འདུས་མ་བྱས་པའི་སྐུ། །ཡེ་ཤེས་ཉིད་གྱུར་རྒྱལ་བ་ཀུན་གྱི་ཡབ། །མཐའ་བྲལ་གཤིས་ལུགས་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །འོད་ལྔ་རང་གསལ་དྭངས་མ་ཆོས་ཉིད་དབྱིངས། །མཚོན་མེད་ཁྱབ་བརྡལ་སྐུ་དང་ཐིག་ལེའི་གར། །ཡོངས་བརྩོན་རིགས་དྲུག་རྡོར་འཆང་ཡབ་ཡུམ་ལ། །གསོལ་བ༴ རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་མཐུ། །གཅིག་ཏུ་བཟླུམ་པ་རང་རིག་དོན་དམ་གཤིས། །མ་བཅོས་སངས་རྒྱས་སེམས་དཔའ་ཡབ་ཡུམ་ལ། །གསོལ༴ ལྟ་ངན་མཐོང་འདིར་བླ་མེད་ཐེག་པའི་སྙིང་། །འོད་གསལ་རྡོ་རྗེའི་སྟོན་པ་གཅིག་པུ་པ། །ཐུབ་པ་ཆེན་པོ་དགའ་རབ་རྡོ་རྗེ་ལ། །གསོལ༴ ཆོས་ཀུན་དབྱེར་མེད་ཆོས་ཉིད་དབྱིངས་སུ་ཐིམ། །མི་སློབ་ལམ་རྫོགས་གདོད་མའི་ས་ལ་གཤེགས། །ཐུགས་རྗེ་ཆེན་པོ་དཔལ་གྱི་སེང་གེ་ལ། །གསོལ༴ སངས་རྒྱས་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་འཆང་། །དཔལ་ཆེན་པོར་གྱུར་ཀུན་བཟང་ཐོད་ཕྲེང་རྩལ། །ཨོ་རྒྱན་རྒྱལ་པོ་པདྨ་འབྱུང་གནས་ལ། །གསོལ༴ རྡོ་རྗེ་རྣལ་འབྱོར་མི་ཡི་གཟུགས་བཟུང་ནས། །གསང་སྔགས་རྒྱ་ཆེན་བཀའ་ཡི་བསྡུ་བ་པོ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ། །གསོལ༴ སྨོན་ལམ་ལས་སད་སྦྱངས་པ་མཆོག་དང་ལྡན། །དག་པའི་སར་འཁོད་འབྲེལ་ཚད་སྨིན་གྲོལ་གྱུར། །ཟབ་གཏེར་མངའ་བདག་ཚེ་དབང་རྒྱལ་པོ་ལ། །གསོལ༴ བསྐྱེད་རྫོགས་མངོན་གྱུར་ཐབས་ལམ་ཡོན་ཏན་བརྙེས། །པདྨས་ལུང་བསྟན་ལས་སྐལ་མཆོག་དང་ལྡན། །རྣལ་འབྱོར་དབང་ཕྱུག་གསང་སྔགས་རྡོ་རྗེ་ལ། །གསོལ༴ བླ་མས་རྗེས་བཟུང་ཡང་དག་དོན་རྟོགས་ཤིང་། །ཡི་དམ་ཞལ་གཟིགས་མཁའ་འགྲོའི་གཏད་རྒྱ་ཐོབ། །རིག་འཛིན་ཐེག་ཆེན་མཆོག་རང་གྲོལ་རྡོ་རྗེ་ལ། །གསོལ༴ གཞུང་ལུགས་དུ་མ་སྨྲ་བའི་སྟོབས་ལྡན་ཞིང་། །ཕྱི་ནང་རིག་པའི་གནས་རྟོགས་བྱ་བྲལ་བ། །ཐོགས་མེད་རབ་འབྱམས་ངག་གི་དབང་ཕྱུག་ལ། །གསོལ༴ སྔོན་སྦྱངས་མཐུ་ལྡན་དམ་པའི་ཡོན་ཏན་སྨིན། །མུན་པར་སྣང་བ་བཞི་ཡི་རྩལ་རྫོགས་ཤིང་། །མཆོག་གཟིགས་གྲུབ་དབང་ནམ་མཁའ་སངས་རྒྱས་ལ། །གསོལ༴ དཀའ་སྤྱད་མཐར་ཕྱིན་གནས་ལུགས་མངོན་དུ་གྱུར། །རླུང་སེམས་ལས་རུང་བསྒྲུབ་པའི་རྒྱལ་མཚན་བཙུགས། །རྣལ་འབྱོར་གྲུབ་མཆོག་འཆི་མེད་འོད་ཟེར་ལ། གསོལ༴ པདྨའི་སྤྱན་སྔར་གཞན་ཕན་སྨོན་ལམ་མཐུས། །སྙིགས་དུས་སྤྲུལ་པའི་གཟུགས་བསྟན་འགྲོ་འདུལ་སྐུར། །སྣང་བ་སྐྱེས་མཆོག་རྒྱལ་བ་སེངྒེ་ལ། །གསོལ༴ བླ་མའི་བཀའ་བཞིན་ཚེ་གཅིག་བསྒྲུབ་ལ་བརྩོན། །སྐྱེ་མེད་སྤྲོས་བྲལ་འོད་གསལ་རྟོགས་པ་བརྙེས། །སྦས་པའི་ཚུལ་འཛིན་ཤཱཀྱ་སེངྒེ་ལ། །གསོལ༴ བླ་མའི་བྱིན་རླབས་ཉམས་མྱོང་རྒྱུད་ལ་སྐྱེས། །དམ་ཚིག་ཚུལ་འཛིན་མཁའ་འགྲོ་གྲིབ་ལྟར་འགྲོགས། །རྣལ་འབྱོར་གཟུགས་འཛིན་ཚེ་དབང་ནོར་བུ་ལ། །གསོལ༴ རྒྱལ་ཀུན་གཤེགས་ཤུལ་ཡང་དག་རྟོགས་པ་ཆེ། །མངོན་སྟོན་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ༴ རང་ལུས་ཕུང་ཁམས་དག་པའི་དཀྱིལ་འཁོར་ནས། །ཡེ་ཤར་རྒྱལ་བའི་དཀྱིལ་འཁོར་ལྷ་མི་ཚོགས། །ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོ་ལ། །གསོལ༴ རང་བྱུང་མཁའ་ཀློང་གནས་ཡུལ་ཕོ་བྲང་ནས། །རྒྱལ་བའི་བསྟན་སྲུང་དམ་ལྡན་བུ་ལྟར་སྐྱོང་། །མ་གཟའ་རྡོར་ལེགས་དམ་ཆེན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ གཏེར་གནས་ཚེ་དཔུང་མི་ཤིག་བྷ་ག་ནས། །ཟབ་ཆོས་སངས་རྒྱས་ཀུན་གྱི་དགོངས་པའི་བཅུད། །སྐད་ཅིག་གྲོལ་བྱེད་རྫོགས་ཆེན་ཟག་མེད་ལ། །གསོལ༴ སྔོན་གྱི་སྨོན་ལམ་དག་པས་སྐལ་མཉམ་ཞིང་། །ལྷ་དང་ཐ་མ་གདམས་ངག་གཅིག་གྱུར་བའི། །མཆེད་དང་ལྕམ་དྲལ་རྡོ་རྗེ་སྤུན་རྣམས་ལ། །གསོལ༴ དེ་ལྟར་རྩ་བརྒྱུད་བླ་མ་ཡི་དམ་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་འདིར་ཞེན་པའི་སྣང་བ་ཀུན་བྲལ་བར། །དབེན་པའི་གནས་སུ་བསྒྲུབ་པ་མཐའ་རུ་ཕྱིན། །སྣང་བཞི་མཐར་ཕྱིན་ཟག་མེད་འོད་སྐུར་འགྲུབ། །ཀུན་བཟང་རྡོར་སེམས་ས་ལ་གཤེགས་པར་ཤོག །བྱ་བ་ཐམས་ཅད་འགྲོ་ཕན་ཉིད་འགྲུབ་ཅིང་། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །སྟོན་པའི་སྒྲོན་མེ་བདག་ཉིད་འགྲུབ་པར་ཤོག །མདོར་ན་བདག་དོན་རྡོར་སེམས་གོ་འཕང་ཐོབ། །གཞན་དོན་འབྲེལ་ཚད་འཁོར་བ་དོང་སྤྲུག་ཤོག །

ཅེས་སངས་རྒྱས་དགོངས་འདུས་ཀྱི་རྫོགས་ཆེན་ཟག་མེད་དབང་ཁྲིད་ལུང་དང་བཅས་པའི་བརྒྱུད་འདེབས་སུ་བླ་མའི་བཀའ་དང་མཆོག་གི་སྤྲུལ་སྐུ་ཀརྨ་གར་དབང་དོན་འགྲུབ་ཀྱི་གསུང་གིས་བསྐུལ་ངོར། མངའ་རིས་གུང་ཐང་ནུབ་རི་གློ་མོན་བོད་ཀྱི་མཚམས་ས་མཐའ་ཏ་ལ་ཞེས་པར་ས་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་བཅུ་བདུན་བཟང་པོར་སྔགས་ཀྱི་རྣལ་འབྱོར་པ་ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོས་སྨྲས་པ་སརྦ་མངྒ་ལཾ།

༈ ཚེ་སྒྲུབ་རྡོར་ཕྲེང་བརྒྱུད་འདེབས།

ཨོཾ་བྷྲུཾ། འཆི་མེད་རྒྱལ་བ་ཡོངས་ཀྱི་སྤྱི་མེས་ཆེ། །གདོད་ནས་བྱང་ཆུབ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་འབྲས་བུ་མཆོག །འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །དག་པ་གཞན་དབང་སྟུག་པོ་བཀོད་པའི་བདག །ཚེ་བདག་པདྨ་གངས་ཅན་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་འབྲས་བུ་མཆོག །འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །སྡུག་བསྔལ་ཀུན་སྤངས་བདེ་ལྡན་ཞིང་གི་མགོན། །ཚེ་འོད་ཡེ་ཤེས་དཔག་མེད་ཡབ་ཡུམ་ལ། །གསོལ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །བཟང་པོའི་ཞིང་དུ་ཐུབ་ཆེན་སྤྲུལ་པའི་སྐུ། །གསུང་གི་རྡོ་རྗེ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །རྒྱལ་བ་ཀུན་གྱི་གསང་གསུམ་དབང་བསྒྱུར་མཛད། །མཁའ་སྤྱོད་གཙོ་མོའི་གཟུགས་འཆང་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །རྒྱལ་བ་མར་མེ་རི་རབ་རྒྱལ་པོ་ཡིས། །སྤྲུལ་པའི་རྣམ་རོལ་གཏེར་སྟོན་པདྨ་གླིང་། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །གང་གི་གསུང་ལས་སྐྱེས་པའི་སྲས་ཀྱི་མཆོག །གདམས་པའི་མཛོད་འཛིན་གྲུབ་པ་ཀུན་འདུས་ཞབས། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །པདྨའི་གདམས་པ་ཆད་མེད་ཡིད་བཞིན་གཏེར། །ལེགས་པར་སྤེལ་མཁས་པདྨ་འཕྲིན་ལས་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །པད་གླིང་གསུང་གི་འོད་ཟེར་ལས་སྤྲུལ་པའི། །མཚུངས་མེད་བླ་མ་ཚུལ་ཁྲིམས་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །སྔ་འགྱུར་རིང་ལུགས་གསལ་བའི་སྒྲོན་མེ་མཆོག །བོན་ལུང་དཔལ་འབྱོར་ཚུལ་ཁྲིམས་རྒྱལ་བའི་མཚན། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །མཁྱེན་པའི་སྤྱན་ཡངས་ངེས་དོན་ཉམས་རྟོགས་རྒྱས། །རྣལ་འབྱོར་དབང་ཕྱུག་ཡེ་ཤེས་དཔལ་འབར་ཞབས། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །བྱིན་རླབས་བརྒྱུད་ལྡན་སྨིན་གྲོལ་གཏེར་མཛོད་མགོན། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ངོ་བོ་ཉིད། །ཚེ་དཔག་མེད་མགོན་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །ཚེ་ཡི་མཐུན་རྐྱེན་བསྒྲུབ་ཅིང་བར་ཆད་སེལ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ལ། །གསོལ་བ་འདེབས་སོ༴ འཆི་མེད་རྒྱལ་བ་དུས་འདིར་འགྲུབ་བྱིན་རློབས། །དེ་ལྟར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བཅས་ལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དམ་ཆོས་སྒྲུབ་པའི་རྟེན་བཟང་མཐོ་རིས་ལུས། །སྐྱེ་ཀུན་རིགས་བཟང་གཟུགས་མཛེས་དབང་པོ་གསལ། །ནད་མེད་ཚེ་རིང་ཕུན་ཚོགས་འབྱོར་བ་རྒྱས། །རྒྱུ་འབྲས་བླང་དོར་ལ་མཁས་འཕགས་ནོར་ཕྱུག །མ་ནོར་ལམ་སྟོན་དགེ་བའི་བཤེས་གཉེན་མཇལ། །དམ་པ་བསྟེན་མཁས་སྔགས་ཀྱི་སྨིན་གྲོལ་ནོད། །དམ་ཚིག་སྲོག་ལས་ལྷག་པར་གཅེས་སྲུང་ཞིང་། །རིམ་གཉིས་ལ་བརྩོན་ཡོན་ཏན་མངོན་དུ་གྱུར། །ཕུང་པོ་དག་པ་ལྷ་ཡི་སྐུ་རུ་སྨིན། །འཕོ་བཅས་འཆི་བ་འཕོ་མེད་དབྱིངས་སུ་གྲོལ། །ཉོན་མོངས་འཛག་མེད་མི་འགྱུར་བདེ་ལ་ཐིམ། །སྒྲིབ་གཉིས་ལྷ་བུ་སྒྲིབ་བྲལ་མཁའ་ལ་སངས།།མཁའ་མཉམ་རྒྱལ་བའི་དཀྱིལ་འཁོར་ཡོངས་གྲུབ་ནས།།སྤྲུལ་པས་མཁའ་ཁྱབ་སེམས་ཅན་མ་ལུས་པ། །གང་འདུལ་རོལ་པས་སྲིད་དང་ཞི་བ་ཡི། །མཐའ་གྲོལ་བྱང་ཆུབ་མཆོག་ལ་འགོད་པར་ཤོག །

ཅེས་དེ་ལྟར་ཚེ་གྲུབ་རྡོ་རྗེ་ཕྲེང་བ་ཡི་དབང་ཁྲིད་ལུང་གསུམ་ཀའི་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་འདི་ནི་རྡོ་རྗེའི་སློབ་མ་དད་གུས་ཀྱི་ལང་ཚོ་མཆོག་ཏུ་བསྟན་པ་ཉང་སྟོད་སྡེ་བ་ཁང་དམར་འཆི་མེད་རྒྱལ་ཕུར་གྱིས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཤིང་གླང་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་ཀོང་ཡུལ་གསུང་འཁོར་གྱི་ཕུ་གྲུབ་པའི་བསྟི་གནས་ཁྱུང་ཕུག་ཏུ་བྲིས་པ་དགེའོ། །སརྦ་མངྒ་ལཾ།

ཚེ་སྒྲུབ་འཆི་མེད་དཔལ་གཏེར་གྱི་གསོལ་འདེབས་ཟབ་ཡངས་མཆོག་སྒྲུབ།

༈ ཚེ་སྒྲུབ་འཆི་མེད་དཔལ་གཏེར་གྱི་གསོལ་འདེབས་ཟབ་ཡངས་མཆོག་སྒྲུབ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་གཏེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སེལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཟུང་འཇུག་སྒྱུ་འཕྲུལ་གར་དབང་གཏེར་བཞེད་གླིང་། །འགྲོ་འདུལ་རིག་འཛིན་གུ་རུ་ཞི་བ་འོད། །པདྨའི་ཐུགས་སྤྲུལ་བདེ་བ་ཆེན་པོའི་ཞབས། །གང་འདུལ་འགྲོ་འདྲེན་ཚེ་དབང་ནོར་བུའི་སྡེ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ༴ བྱིན༴ འཆི་བ་མེད་པ་དོན་དམ་གདོད་མའི་གཤིས། །མི་ཤིག་དྭངས་མ་འཕོ་བྲལ་རྡོ་རྗེ་ཚེ། །གཡོ་མེད་རིག་པ་རང་འབྱུང་བདེ་བ་ཆེ། །མངོན་གྱུར་ཟུང་འཇུག་མཆོག་འབྲས་ཐོབ་བྱིན་རློབས། །

ཞེས་པ་ཡང་བྱར་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གསང་སྔགས་པས་ནང་གི་དགེ་སློང་ཕྱོགས་སུ་རློམ་པ་ཚེ་དབང་ནོར་བུ་གང་ཤར་གཟའ་གཏད་བྲལ་བ་དེས་ཞི་བ་ས་བྱ་ཆོ་འཕྲུལ་ཟླ་བའི་ཚེས་བཟང་ཉེར་གཉིས་ལ་རུ་ལག་གྲོམས་པ་རྒྱང་དུ་སྦྱར་བ་སརྦ་མངྒ་ལཾ། དགེའོ། །

གསང་ལམ་སྙན་བརྒྱུད་ཀྱི་གསོལ་འདེབས་བྱིན་རླབས་ནུས་མྱུར་རྡོ་རྗེའི་ཐོལ་གླུ།

༈ གསང་ལམ་སྙན་བརྒྱུད་ཀྱི་གསོལ་འདེབས་བྱིན་རླབས་ནུས་མྱུར་རྡོ་རྗེའི་ཐོལ་གླུ་བཞུགས་སོ། །

ཨོཾ་ཨཱ་ཧཱུྃ་ཧྲཱི། དབྱིངས་ཡེ་གདངས་ལྔ་ལྷུན་གྲུབ་དཀྱིལ་འཁོར་ནས། །རང་བྱུང་ཀ་དག་གཤིས་ལུགས་ཀུན་བཟང་མོ། །རིག་གྲོལ་གདོད་མའི་རྒྱལ་བ་ཀུན་ཏུ་བཟང་། །གསོལ་འདེབས་བུ་ལ་དབང་བསྐུར་བྱིན་ཕོབ་ཅིག །རྩ་རླུང་ལས་རུང་རླུང་སེམས་དབུ་མར་ཆུད། །བདེ་དྲོད་རང་འབར་ཉམས་རྟོགས་གོང་དུ་འཕེལ། །ཐིག་ལེ་ལས་རུང་རང་རིག་རྩལ་དབང་ཐོབ། །ཉམས་ལེན་ནུས་པ་མྱུར་ཐོབ་བྱིན་གྱིས་རློབས། །ཟག་མེད་བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་ནས། །རང་རིག་རྒྱལ་པོ་གཟི་བརྗིད་སྣང་མཐའ་ཡས། །འབྱུང་ཁམས་གནས་དག་རང་རྩལ་གོས་དཀར་མོ། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ དབྱིངས་རིག་ལྷན་སྐྱེས་རང་གྲུབ་དཀྱིལ་འཁོར་ནས། །སྣང་བ་ཐབས་མཆོག་དཔའ་བོ་རྟ་གདོང་ཅན། །སྟོང་དབྱིངས་ཤེས་རབ་ཌཱ་ཀི་ཕག་གདོང་མ། ། གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ ཆོས་དབྱིངས་བདེ་བ་ཐིག་ལེའི་ཕོ་བྲང་ནས། །རིག་རྩལ་དབང་ཐོབ་རིག་འཛིན་པདྨ་འབྱུང་། །བདེ་ཆེན་ལྷུན་གྲུབ་རྣལ་འབྱོར་མཚོ་རྒྱལ་ལ། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ དབུ་མའི་མདུད་གྲོལ་ཀ་དག་ཕོ་བྲང་ནས། །ཐོག་མེད་ནུས་ལྡན་མངྒ་ཨ་ཡུའི་མཚན། །བདེ་འཕེལ་གསང་བའི་ལས་མཛད་ལྕམ་བཅས་ལ། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ ཕྱོགས་བྲལ་ཟང་ཐལ་སྒྱུ་འཕྲུལ་ཕོ་བྲང་ནས། །འཇིགས་མེད་རྣལ་འབྱོར་སེང་གེའི་རྩལ་རྫོགས་དཔལ། །དགྱེས་བདེ་ལྡན་ཞིང་ཌཱ་ཀི་བཅས་རྣམས་ལ། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ དུ་མ་རོལ་གཅིག་ཤར་བའི་ཕོ་བྲང་ནས། །སྣང་སེམས་དབྱེར་མེད་མངོན་གྱུར་བདེ་ཆེན་གླིང་། །ཟུང་འཇུག་རྒྱུད་ལ་མངོན་མཛད་ཡེ་ཤེས་མར། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ འཛིན་མེད་སྟོང་གསལ་དག་པའི་ཕོ་བྲང་ནས། །གསང་བའི་དོན་སྟོན་རྣལ་འབྱོར་ཆེན་པོའི་ཞབས། །བདག་གྲོལ་བྱིན་གྱིས་བརླབས་མཛད་ཌཱ་ཀིར་བཅས། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ དག་པ་རབ་འབྱམས་བདེ་ཆེན་ཕོ་བྲང་ནས། །བཀའ་དྲིན་མཉམ་མེད་རྒྱལ་མཆོག་རིག་འཛིན་རྗེ། །གནས་ཡུལ་མཚན་ལྡན་ཕྱག་རྒྱའི་ཚོགས་བཅས་ལ། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ གཞོན་ནུ་བུམ་སྐུ་ཚོམ་བུའི་ཕོ་བྲང་ནས། །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་སྡེ་ལྔ་གནས་ཡུལ་སྐྱོང་བའི་ཚོགས། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ རབ་འཇིག་མེ་འབར་བསྟན་སྲུང་ཕོ་བྲང་ནས། །དཔལ་མགོན་མ་ནིང་ཞིང་སྐྱོང་གཟི་ལྡན་ཆེ། །སྔགས་སྲུང་དབྱིངས་ཀྱི་མ་མོ་རལ་གཅིག་མར། །གསོལ་བ༴ རྩ་རླུང༴ ཐིག་ལེ༴ ཉམས་ལེན༴ ཧཱུྃཿ བརྒྱུད་ལྡན་བླ་མར་གསོལ་འདེབས་བྱིན་ཕོབས་ཅིག །ཡི་དམ་ལྷ་ཚོགས་གསོལ་འདེབས་བྱིན་ཕོབས་ཅིག །མ་སྲིང་མཁའ་འགྲོར་གསོལ་འདེབས་བྱིན་ཕོབས་ཅིག །གསོལ༴ བསྟན་སྲུང་དམ༴ བྱིན་ཆེན་བྱིན་རླབས་སྤྲིན་ཕུང་ཐིབ་སེ་ཐིབ། །བྱིན་ཆེན་ཐུགས་རྗེའི་གློག་ཞགས་ཁྱུག་སེ་ཁྱུག །བྱིན་ཆེན་དྲག་སྔགས་འབྲུག་སྒྲ་འུར་རུ་རུ། །བྱིན་ཆེན་དངོས་གྲུབ་ཆར་བ་ད་ཕོབ་ཅིག །བར་ཆད་བསྐྲད་བྱེད་ཁྲོ་ཆུང་ཐ་ར་ར། །བག་ཆགས་སྲེག་བྱེད་མེ་ཕུང་ལྷབ་སེ་ལྷབ། །དགྲ་བགེགས་གྲོལ་བྱེད་མཚོན་ཆ་སྐར་ལྟར་འཁྲུག །བྱང་ཆུབ་གྲུབ་པའི་བར་ཆད་ད་བཟློག་ཅིག །རྣལ་འབྱོར་ལུས་ལ་རས་གོས་བག་རེ་བརྗིད། །ལྕང་ལོ་རུས་རྒྱན་ཁ་ཊྭཱཾ་བྱིན་རེ་ཆེ། །གཅེར་བུའི་ལུས་ལ་བདེ་དྲོད་ཞག་རེ་སྣུམ། །དམ་ལྡན་བུ་ལ་ཡེ་ཤེས་ད་སྦོར་ཞོག །ལུས་ལ་བདེ་དྲོད་ངག་ལ་ནུས་པ་བསྐྱེད། །སེམས་ལ་རང་རིག་རིག་པའི་རྩ་དབང་བསྐུར། །རྐྱེན་ངན་ཀུན་ཞི་སྣང་སྲིད་ཆོས་སྐུར་རོལ། །རྩ་རླུང་ཐིག་ལེ་སྐུ་གསུམ་མངོན་དུ་བསྒྱུར། །ཆོས་ཟད་བློ་འདས་འཕོ་མེད་དབྱིངས་གྲོལ་ཤོག །ཨཿ མཿ ཧཿ རིཿ ནིཿ སཿ ཨཿ དྷིཥྛཿ ཏེཿ ཛྙིཿ ན་ཛོ་ལ་ཨཿ

ཞེས་པ་རྩ་རླུང་ཐིག་ལེའི་གདམས་པ་སྙན་བརྒྱུད་ཡིག་མེད་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ནུས་མྱུར་རྡོ་རྗེའི་ཐོལ་གླུ་འདི་ཉིད། བདེ་རས་པ་རྣལ་འབྱོར་ཚེ་དབང་ནོར་བུའམ། བསོད་ནམས་ཐེག་མཆོག་བསྟན་འཛིན་པས་སྟག་ཡུལ་སེའུ་ལུང་ཆོས་གྲྭར་ས་ཕག་ཟླའི་ཚེས་གསུམ་ལ་སྦྱར་བ་དགེའོ། །

ཉམས་ལེན་བུ་ལ་སྔགས་ཀྱི་སྲུང་མས་གྲོགས་མཛོད་ཅིག །ཚོད་ལྟ་ཐེ་ཚོམ་མཁན་ལ་བཀའ་ཆད་ཆོད། །

ཨོཾ་ཨཱཿཧཱུྃ། སྤྲོས་བྲལ་དབྱིངས་རིག་སྣང་མཐའ་གོས་དཀར་མོ། །བདེ་སྟོང་ཟུང་འཇུག་རྟ་མཆོག་ཕག་གདོང་མ། །ཟག་མེད་འཇའ་སྐུ་པད་འབྱུང་མཚོ་རྒྱལ་མ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་དབང་སྩོལ། །བར་འབྲུག་གྲུབ་གཙོ་མང་ག་ཨ་ཡུའི་ཞབས། །ཟང་ཐལ་སྤྱོད་པའི་མངའ་བདག་གཏེར་བཞེད་སྙིང་། །རིམ་གཉིས་མཆོག་བརྙེས་པདྨ་མ་ཎིའི་མཚན། །གསོལ་བ༴ ཆོས་ཀུན་རོ་མཉམ་པདྨ་བདེ་ཆེན་གླིང་། །ཟབ་གསང་མཛོད་འཛིན་བི་བྷུ་ཏི་ཤྲཱི། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མའི་ཞབས། །གསོལ༴ ཟབ་གསང་བརྒྱུད་པའི་བླ་མ་ཡི་དམ་ལྷ། །མཁའ་འགྲོ་སྲུང་མར་བཅས་པར་གསོལ་འདེབས་མཐུས། །དབང་བཞིའི་ཆུ་བོས་བདག་རྒྱུད་རབ་ཏུ་སྨིན། །བསྐྱེད་རྫོགས་ཟུང་འཇུག་ཐབས་ལམ་ཕོ་ཉ་ཡི། །ཟག་བྲལ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །དམིགས་མེད་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་མཆོག་ལ་ཚེ་འདི་ཉིད་འཁོད་དེ། །འཇའ་ལུས་འོད་གསལ་རྡོ་རྗེའི་སྐུ་བརྙེས་ཤོག །

ཅེས་གཙང་སྙེ་མོའི་བསྒྲུབ་ཆེན་ཀུན་བཟང་ཉི་མས་བསྐུལ་ངོར་རང་བཞིན་རྣལ་འབྱོར་གྱི་གཟུགས་འཛིན་ཚེ་དབང་ནོར་བུ་གར་དབང་འགྲོ་འདུལ་གྱིས་གཡས་རུ་ཤངས་ཀྱི་སྟག་ནར་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་དྲུག་ལ་བཀོད་པ་ཡིག་རིགས་ཨོ་རྒྱན་བློ་གྲོས་དབང་པོའོ། །

བཅོམ་ལྡན་འདས་དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ།

༈ བཅོམ་ལྡན་འདས་དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃཿ ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་ཉིད། །རང་བྱུང་གི་རྟག་ཀུན་བཟང་དང་པོའི་མགོན། །ཞི་ཁྲོ་སྒྱུ་འཕྲུལ་རྒྱ་མཚོའི་མངའ་བདག་གཙོ། །གསོལ་འདེབས་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཆོས་ཉིད་ཞི་ལས་མ་གཡོལ་གདུལ་བྱའི་ངོར། །བདུད་དང་རུ་ཏྲ་འདུ་ཕྱིར་ཁྲོས་པའི་གར། །བསྒྱུར་མཛད་སྤྱན་རས་གཟིགས་དབང་རྟ་མཆོག་དཔལ། །གསོལ་འདེབས༴ རྒྱལ་བ་ཡོངས་ཀྱི་གསང་གསུམ་དབང་བསྒྱུར་ཞིང་། །དྲེགས་པ་ཀུན་གྱི་གཉེན་པོ་ལྷ་ཡི་ལྷ། །བཅོམ་ལྡན་ལག་ན་རྡོ་རྗེ་སེམས་དཔའ་ཆེ། །གསོལ་འདེབས༴ ཆོས་དབྱིངས་མཁའ་ལ་རིག་པ་སྐུ་རུ་ལྡིང་། །མི་སྲུན་གདུག་པ་འདུལ་མཛད་བཅོམ་ལྡན་འདས། །རབ་འཇིགས་རྡོ་རྗེ་མཆུ་ཅན་ཁྲོ་ཆེན་གཙོར། །གསོལ་འདེབས༴ རྒྱལ་བ་ཀུན་གྱི་ཐུགས་རྗེ་འཕྲིན་ལས་དཔྱིད། །གཅིག་བསྡུས་སྤྱི་དཔལ་རྡོ་རྗེ་ཁྲག་འཐུང་ཆེ། །རིག་འཛིན་ཚུལ་སྣང་པདྨ་ཐོད་ཕྲེང་ལ། །གསོལ་འདེབས༴ རྒྱལ་བ་ཀུན་གྱི་གསུང་གི་གསང་བ་གང་། །ལྷ་མོའི་གཟུགས་སུ་ཤར་བ་དབྱངས་ཅན་ནི། །བོད་ཀྱི་དཔལ་མགོན་སྣང་བསྒྱུར་མཚོ་རྒྱལ་མར། །གསོལ་འདེབས༴ སྟུག་པོ་བཀོད་པར་ངེས་ལྔ་རྒྱལ་བའི་གཙོ། །སྙིགས་དུས་འགྲོ་ལ་ཕན་མཛད་པད་འབྱུང་གི །ཕོ་ཉའི་ཚུལ་གཟུང་བདུད་འཇོམས་རྡོ་རྗེ་ལ། །གསོལ་འདེབས༴ སྐྱབས་ཀུན་ངོ་བོ་རྡོ་རྗེ་སེམས་དཔའ་གང་། །མི་ཡི་སྲིད་པར་རྡོ་རྗེ་སློབ་དཔོན་ཚུལ། །རྒྱལ་བས་བསྔགས་གྱུར་རྩ་བའི་བླ་མ་ལ། །གསོལ་འདེབས༴ རྫོགས་སངས་རྒྱས་གང་ཡེ་ཤེས་སྒྱུ་འཕྲུལ་གར། །རབ་འབྱམས་རྒྱ་མཚོ་ཡི་དམ་རྒྱུད་སྡེ་བཞིའི། །ཀུན་འདུས་ངོ་བོ་དྲག་པོ་ལྷ་གསུམ་ལ། །གསོལ་འདེབས༴ རྒྱལ་བ་རྣམས་ཀྱི་རང་གི་འཕྲིན་ལས་ཉིད། །སྐྱོང་ཕྱིར་ཡེ་ཤེས་ངང་ལས་ལས་ཀྱི་ཚུལ། །མ་མགོན་ལྕམ་དྲལ་སྤྲུལ་པའི་མཆེད་གསུམ་ལ། །གསོལ་བ་འདེབས༴ དེ་ལྟར་ལྷག་པའི་ལྷ་མཆོག་ཧེ་རུ་ཀ །རྡོ་རྗེ་པདྨ་ཁྲག་འཐུང་འཇིགས་བྱེད་གཙོ། །བདུད་སྡེའི་དཔུང་འཇོམས་གཙོ་འཁོར་བཅས་པ་ཡིས། །ལྷ་ཡི་ཚོགས་དང་བརྒྱུད་པའི་བླ་མ་ལ། །བདག་གིས་རྩེ་གཅིག་གསོལ་བ་འདེབས་པ་ཡིས། །རྒྱལ་བའི་སྨོན་ལམ་ཐུགས་རྗེ་ཤུགས་ཆེན་པོས། །མ་དོར་བརྩེ་བའི་སྤྱན་གྱིས་དུས་འདིར་གཟིགས། །བྱིན་རླབས་དངོས་གྲུབ་མཐུ་དབང་མྱུར་དུ་སྩོལ། །བདག་ནི་དུས་རྟག་ལྷ་ཁྱེད་རྗེས་སུ་ཟུངས། །ཐེག་ཆེན་སྤྱི་ལས་ཁྱད་པར་གསང་སྔགས་ཀྱི། །དོན་སྟོན་རྡོ་རྗེ་སློབ་དཔོན་ཆོས་རྗེས་བཟུང་། །དབང་བཞི་ཐོབ་ཅིང་དེ་སྲོག་དམ་ཚིག་བརྟན། །གྲོལ་བྱེད་བསྐྱེད་རིམ་ལྷ་སྐུ་འོད་ལུས་གྲོལ། །སྔགས་དབྱངས་དྷུ་ཏིར་གཞོམ་མེད་ནཱ་དར་གྱུར། །སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་རུ་གྲོལ། །ལྷ་མཆོག་ཉིད་དང་མཚུངས་པར་བྱིན་གྱིས་རློབས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ཡི་དམ་ཁྱེད་དང་མི་འབྲལ་རྟག་ཏུ་འགྲོགས། །བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་ཀུན་ཡང་། །ལྷ་མཆོག་ཁྱེད་ཀྱི་གདུལ་བྱར་འགྱུར་བར་ཤོག །བདག་ནི་ཚེ་རབས་རྟག་ཏུ་ལྷག་པའི་ལྷ། །ཁྱེད་བསྙེན་ཁྱེད་ཀྱི་ཞལ་མཇལ་གསུང་ཐོས་ཤིང་། །བརྩེ་བས་རྗེས་བཟུང་ལས་བཞི་གྲུབ་ཆེན་བརྒྱད། །ཕྱག་རྒྱ་ཆེ་མཆོག་དངོས་གྲུབ་ཐོབ་པར་ཤོག །ནང་གི་གཟུང་འཛིན་འཁྲུལ་པའི་བཞིན་རས་མདངས། །གཉིས་སྣང་མེ་ལོང་ལ་འཕོས་མི་བསྲུན་གཟུགས། །གཟའ་ཀླུ་རྒྱལ་སོགས་དྲེགས་པའི་ཉེར་འཚེ་ཀུན། །གཉིས་མེད་འོད་གསལ་ཀློང་དུ་གྲོལ་བར་ཤོག །སྲིད་པར་འཆིང་བྱེད་བདག་འཛིན་རྟོག་པ་ཀུན། །བདག་མེད་སྟོང་པའི་དབྱིངས་སུ་དག་པ་དང་། །ཞི་བར་གནས་པ་འགོག་པའི་ཏིང་འཛིན་གང་། །སྙིང་རྗེའི་སྒྲ་དབྱངས་ཆེན་པོས་སད་པར་ཤོག །སྲིད་ཞི་ལས་གྲོལ་སངས་རྒྱས་ཀུན་ཡེ་ཤེས། །ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ། །དྲག་པོ་ལྷ་གསུམ་རྣམ་པར་ཡོངས་ཤར་བའི། །གོ་འཕང་དེ་ལ་བདག་ནི་མྱུར་འཁོད་ཅིག །

དེ་ལྟར་དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་འདི་ནི་གྲུབ་པའི་སློབ་དཔོན་རྩ་རི་རས། རྒྱུད་གཙང་རོང་ཆུང་དཀར་པོ་ཆོས་ལུང་དབུ་རྩེའི་བླ་མ་གསོ་རིག་པ་ཚེ་དབང་གི་དུས་རིང་བཀོན་བཏེན་ཆེན་པོས་ཡང་ཡང་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་དུས་ཀྱི་ཕོ་ཉ་ཞེས་པ་རྟ་ཡི་ལོ་སྣྲོན་ཟླ་བའི་དཀར་ཚོགས་གུ་རུའི་དུས་ཆེན་ཚེས་བཅུ་ལ་བོད་ཡུལ་དབུས་ས་ཡི་ཐིག་ལེ་ལྷ་ལྡན་གཙུག་ལག་ཁང་དང་མི་རིང་བའི་འདབས་གུང་ཐང་བླ་མ་ཞང་གི་གཟིམ་སྤྱིལ་དུ་ཐུན་གཅིག་ལ་སྨྲས་པའི་ཡི་གེ་པ་ཤེས་རབ་བསྟན་འཛིན་ནོ། །དགེའོ། །སརྦ་མངྒ་ལཾ།

སྙིང་དོན་གསུམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས།

༈ སྙིང་དོན་གསུམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་སོ། །

ན་མོ་གུ་རུ་ཝེ། ཐུགས་རྗེས་མངའ་བདག་སྤྱན་རས་གཟིགས་དབང་པོ། །ལྷ་སྲས་བློ་གྲོས་རིན་ཆེན་སྤྲུལ་པའི་སྐུ། །སྒྲུབ་པ་མཆོག་བརྙེས་ཏེ་ལོར་གྲགས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ལྔ་རིག་པའི་པཎ་ཆེན་ན་རོ་པ། །བཤེས་གཉེན་རྣལ་འབྱོར་མཚན་གསོལ་སྒྱུ་མའི་སྐུ། །བྱམས་པའི་རྣམ་སྤྲུལ་རྗེ་བཙུན་ལོ་ཙཱ་བ། །གསོལ་བ་འདེབས་སོ༴ དེ་སྲས་མཚུངས་མེད་སེམས་དཔའ་ཆེན་པོ་དང་། །ཡ་རྩེ་པར་གྲགས་རིན་ཆེན་སེངྒེའི་ཞབས། །དགྲ་བཅོམ་ཆེན་པོ་ཡོན་ཏན་བློ་གྲོས་ལ། །གསོལ་བ་འདེབས་སོ༴ ལྕང་ལུང་བ་གྲགས་མཁས་གྲུབ་གཞོན་ནུའི་མཚན། །གདམས་པའི་མཛོད་འཛིན་མཆོག་ལྡན་ལེགས་པའི་བློ། །གཞོན་ནུ་ཆོས་གྲུབ་དམན་འགྲོ་ཕ་མའི་མགོན། །གསོལ༴ འཇམ་མགོན་གྲུབ་པའི་དཔའ་བོ་ཆོས་ཀྱི་རྗེ། །ལུང་རིགས་རྒྱ་མཚོ་ཡེ་ཤེས་རོལ་བའི་མཚོ། །སྤྱོད་འཆང་དཔའ་བོ་འགྲོ་ཀུན་གྲོལ་བའི་མགོན། །གསོལ་བ༴ འཕྲིན་ལས་དབང་མོ་བདེ་ཆེན་དགའ་བཞིའི་གཏེར། །གསུང་རབ་རིན་ཆེན་རྒྱ་མཚོའི་སྐེ་རག་ཅན། །སྙིང་པོའི་དོན་སྟོན་མཐའ་ཡས་གདུལ་བྱའི་དཔལ། །གསོལ་བ༴ ཀུན་བཟང་སྙིང་རྗེའི་དབང་པོ་འཁོར་ལོའི་མགོན། །གང་གི་ཐུགས་ལས་སྐྱེས་གྱུར་ཆོས་ཀྱི་སྲས། །རིག་པ་འཛིན་པ་ཚེ་དབང་ནོར་བུའི་སྡེ། །གསོལ་བ༴ ཐུགས་རྗེའི་སྤྱན་རས་རྟག་ཏུ་རྒྱས་གྱུར་མགོན། །རྩ་བའི་བླ་མ་སྐྱབས་གནས་ཀུན་གྱི་དངོས། །གཞན་ཡང་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔོན་འགྲོའི་ཆོས་ཀྱིས་ཆོས་མིན་སྤོང་བ་དང་། །དངོས་བཞིའི་ཆོས་ཀྱིས་རང་རྒྱུད་སྨིན་པ་དང་། །བསྲེ་འཕོའི་ཆོས་ཀྱིས་གཞན་རྒྱུད་གྲོལ་བྱས་ནས། །སྤྱན་རས་གཟིགས་ཀྱི་གོ་འཕང་དེ་ཐོབ་ཤོག །

ཅེས་རྗེ་བཙུན་ཆེན་པོ་ཏཱ་ར་ན་ཐའི་གསུང་གི་འཕྲོ་ཚེ་དབང་ནོར་བུས་མཐུད་པ་དགེའོ། །མངྒ་ལཾ།

ཟབ་གསལ་རྡོ་རྗེ་རྣལ་འབྱོར་གྱི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་ཡིད་བཞིན་དབང་གི་རྒྱལ་པོ།

༈ ཟབ་གསལ་རྡོ་རྗེ་རྣལ་འབྱོར་གྱི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ་ཧཱུྃ་ཧོ་ཧཾ་ཀྵ། དང་པོའི་སངས་རྒྱས་རྣམ་ཀུན་མཆོག་དང་ལྡན། །འཁོར་འདས་སྒྱུ་འཕྲུལ་འཆར་དག་དུས་འཁོར་ལོ། །གསོལ་བ་འདེབས་སོ་ཟུང་འཇུག་རྡོ་རྗེ་སེམས། །བདག་གིས་དེ་རིང་ཉིད་ཐོབ་བྱིན་གྱིས་རློབས། །ལྷ་མིའི་བླ་མ་བླ་མེད་རྫོགས་སངས་རྒྱས། །སྤྲོས་བྲལ་མཁའ་ཁྱབ་ཡེ་ཤེས་ཤཱཀྱ་ཐུབ། །གསོལ་བ་འདེབས་སོ་ཟུང་འཇུག་རྡོ་རྗེ་སེམས། །བདག་གིས་དེ་རིང་ཉིད་ཐོབ་བྱིན་གྱིས་རློབས། །རྒྱལ་ཉིད་གྲུབ་ཀྱང་ཆོས་སྤྲིན་དབང་ཕྱུག་ཚུལ། །ཆོས་རྒྱལ་རིག་ལྡན་སོ་ལྔ་གདུལ་བྱའི་དཔལ། །གསོལ་བ་འདེབས་སོ་ཟུང་འཇུག་རྡོ་རྗེ་སེམས། །བདག་གི་དེ་རིང་ཉིད་ཐོབ་བྱིན་གྱིས་རློབས། །ལྷ་དང་དབྱེར་མེད་འོད་གསལ་རྡོ་རྗེའི་སྐུར། །ཡོངས་གཤེགས་དུས་ཞབས་ཆེན་པོ་འཇམ་རྡོ་རྗེ། །གསོལ་བ་འདེབས་སོ༴ བདག་གི་རིང་ཉིད༴ མཁས་ཤིང་རྫུ་འཕྲུལ་འཕྲིན་ལས་ཅི་ཡང་བསྒྱུར། །མཆོག་གཟིགས་དུས་ཞབས་ཆུང་བ་ཤྲཱི་བྷ་དྲ། །གསོལ་བ་འདེབས་སོ༴ བདག་གི་དེ་རིང་ཉིད་ཐོབ༴ རིག་གནས་ཀུན་མཁས་ལས་བཞི་རླུང་གིས་གྲུབ། །རྒྱལ་བའི་སྲས་པོ་བྷོ་དྷི་བྷ་དྲ་ལ། །གསོལ༴ བདག་གི༴ མཁས་གྱུར་མི་བརྗེད་གཟུངས་ལྡན་ལྟ་སྟངས་ཐོབ། །ཡེ་ཤེས་སྐུ་བརྙེས་པཎྜི་ཏ་ཟླ་མགོན། །གསོལ་བ་འདེབས་སོ༴ བདག་གི༴ གཉིས་སྨྲ་རྒྱུད་སྡེ་དུ་མར་ཡོངས་མཁས་ཤིང་། །དམ་པའི་ཐུགས་ཟིན་འབྲོ་སྟོན་ཤེས་རབ་གྲགས། །གསོལ༴ བདག་གི༴ སྔགས་ཤེས་བླ་མ་ཆེར་དགྱེས་ཉམས་རྟོགས་རྫོགས། །མངོན་ཤེས་ནུས་པ་དཔག་མེད་དཀོན་མཆོག་སྲུང་། །གསོལ་བ༴ བདག་གི༴ ཡི་དམ་ཞལ་གཟིགས་མཁའ་འགྲོས་ཅི་བསྒོ་ཉན། །སྒྲིབ་མེད་མཁྱེན་ལྡན་འགྲོ་དོན་རྣམས་ལ་གཟིགས། །གསོལ་བ་འདེབས་སོ༴ བདག་གི༴ སྣ་ཚོགས་ཡུལ་རྣམས་སྤྲུལ་སྒྱུར་སྐུ་ཡི་ཉུལ། །སྙིང་པོའི་དོན་གཟིགས་དད་པའི་རྒྱལ་པོ་ལ། །གསོལ་བ་འདེབས་སོ༴ བདག་གི༴ མཁྱེན་པས་མཁས་ཀུན་ཟིལ་ནན་རྟོགས་པ་ཡི། །འཇམ་དབྱངས་སྤྲུལ་པར་གྲགས་པའི་ཆོས་དབང་ཕྱུག །གསོལ་བ་འདེབས་སོ༴ བདག་གི༴ རྡོ་རྗེ་ཕག་མོ་དབྱངས་ཅན་ཞལ་གཟིགས་ཤིང་། །ལུང་རིགས་རྟོགས་པའི་མཛོད་འཛིན་ནམ་མཁའ་འོད། །གསོལ་བ༴ བདག་གི༴ བཅོམ་ལྡན་དཔལ་མོ་སྤྲུལ་པའི་སྒྱུ་འཕྲུལ་ནི། །ལྷག་མེད་འཇའ་སྐུར་གཤེགས་པའི་ཇོ་འབུམ་མ། །གསོལ་བ༴ བདག་གི༴ བཅུ་བཞི་སྐྱེ་བས་རྫོགས་སངས་རྒྱས་གྱུར་པ། །དུས་ཀུན་མཁྱེན་པ་ནམ་མཁའ་རྒྱལ་བའི་མཚན། །གསོལ་བ༴ བདག་གི༴ འཇམ་དབྱངས་ཞལ་གཟིགས་བློ་གསལ་ཁྱུ་མཆོག་ཆེ། །ཆོས་ཉིད་བདེན་མཐོང་ཤེས་རབ་འོད་ཟེར་ལ། །གསོལ་བ༴ བདག་གི༴ འོད་གསལ་འཁོར་ཡུག་སྤངས་རྟོགས་ཡོན་ཏན་རྫོགས། །སྤྲུལ་པའི་སྐུ་མཆོག་ཀུན་མཁྱེན་ཆོས་སྐུ་ལ། །གསོལ་བ་འདེབས་སོ་ཟུང་འཇུག་རྡོ་རྗེ་སེམས། །བདག་གི་དེ་རིང་ཉིད་ཐོབ་བྱིན་གྱིས་རློབས། །མཁྱེན་པའི་དཔལ་རྒྱས་ཀུན་སྤང་བརྟུལ་ཞུགས་ཀྱིས། །ངེས་གསང་རྒྱས་མཛད་ཐུགས་རྗེ་བརྩོན་འགྲུས་ལ། །གསོལ་བ༴ བདག་གི༴ འཕགས་མཆོག་དུ་མའི་ཐུགས་ཀྱི་བཅུད་སྡུད་མཛད། །བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་ཞབས། །གསོལ་བ༴ བདག་གི༴ དྲི་མེད་བསླབ་པ་གསུམ་གྱི་ཡོན་ཏན་རྫོགས། །སྙིང་པོའི་དོན་སྤེལ་མཁས་བཙུན་ཡོན་ཏན་འོད། །གསོལ་བ༴ བདག་གི༴ རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་འགྲོ་འདུལ་སྐུ། །རྒྱལ་བའི་སྲས་པོ་ལག་ན་པད་དཀར་འཆང་། །གངས་རིའི་ལྗོངས་སུ་བདེ་གཤེགས་སྙིང་པོའི་ལམ། །རྡོ་རྗེ་རྣལ་འབྱོར་སྟོན་ཕྱིར་མི་ཡི་ཟོལ། །མཁས་བཙུན་བཟང་པོའི་མཐར་ཐུག་དོལ་པོ་པ། །ཀུན་མཁྱེན་སངས་རྒྱས་ཤེས་རབ་རྒྱལ་བའི་མཚན། །གསོལ་བ༴ བདག་གི༴ ཆོས་ཀྱི་སྤྱན་ལྡན་ལུང་རྟོགས་དབང་ཕྱུག་ཆེ། །རྒྱལ་བའི་རྒྱལ་ཚབ་ཕྱོགས་ལས་རྣམ་རྒྱལ་ལ། །གསོལ་བ༴ བདག་གི༴ ལོག་རྟོགས་ཀུན་འཇོམས་དབུ་མ་ཆེན་པོའི་སྲོལ། །སྤེལ་བའི་མངའ་བདག་ཉ་དབོན་ཀུན་དགའ་དཔལ། །གསོལ་བ༴ བདག་གི༴ རྒྱལ་རིགས་ཀུན་སྤངས་མཁས་ཤིང་གྲུབ་པ་ཡིས། །ཁྱུ་མཆོག་དམ་པ་ཀུན་དགའ་བློ་གྲོས་ལ། །གསོལ་བ༴ བདག་གི༴ འཇམ་དབྱངས་སྤྲུལ་པའི་སྐྱེས་བུ་སྐྱེ་བར་བརྒྱུད། །བདེན་གཉིས་མངོན་གྱུར་དཀོན་མཆོག་བཟང་པོའི་ཞབས། །གསོལ་བ༴ བདག་གི༴ བདག་གིས་བཤད་སྒྲུབ་བསྟན་པའི་ཉི་མ་འོད་པོ་ཆེ། །སྨྲ་བའི་སེངྒེ་ནམ་མཁའ་ཆོས་སྐྱོང་ལ། །གསོལ་བ༴ བདག་གི༴ དུས་ཀྱི་འཁོར་ལོའི་མན་ངག་དོན་ཀུན་གཟིགས། །ལྔ་རིག་གྲགས་ལྡན་ནམ་མཁའ་དཔལ་བཟང་པོ། །གསོལ་བ༴ བདག་གི༴ སྤྱན་རས་གཟིགས་དབང་རང་ཉིད་འཕྲིན་ལས་མཆོག །སྤྲུལ་ཕྱིར་སྤྲུལ་གར་རཏྣ་བྷ་དྲའི་ཞབས། །གསོལ་བ༴ བདག་གི༴ མཁའ་འགྲོའི་དབང་ཕྱུག་བསམ་བཞིན་སྤྲུལ་པའི་སྐུ། །གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་སྡེ། །གསོལ་བ༴ བདག་གི༴ སྡོམ་བརྩོན་གྲུབ་བརྙེས་ལུང་རིགས་རྒྱ་མཚོའི་དབང་། །ཆོས་སྐུ་ཇི་ལྟ་མངོན་རྟོགས་ལྷ་དབང་གྲགས། །གསོལ་བ༴ བདག་གི༴ རྒྱལ་བས་ལུང་བསྟན་བར་དོར་མངོན་སངས་རྒྱས། །བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་ཀ་ཧྣ་པ། །ཡང་སྲིད་མཁས་མཚོའི་དབུས་ན་ཡིད་བཞིན་དབང་། །སྔོན་མེད་ལེགས་བཤད་གསར་པའི་ལྔ་སྒྲ་ཅན། །འགྱུར་མེད་བདེ་བའི་སར་གཤེགས་ཧེ་རུ་ཀ །རྡོ་རྗེ་སེམས་དངོས་ཏཱ་ར་ནཱ་ཐའི་ཞབས། །གསོལ་བ༴ བདག་གི༴ རྒྱལ་སྲས་འཇམ་དབྱངས་རིན་ཆེན་རྒྱ་མཚོའི་སྡེ། །ཟབ་གསང་བསྟན་སྲོག་སྙིང་པོ་བློ་གྲོས་ཞབས། །གསོལ་བ༴ བདག་གི༴ སྒྲོལ་བའི་མགོན་པོ་རིང་ལུགས་སྙིང་མེད་པར། །ཡོངས་འཛིན་བླ་མ་ངག་དབང་འཕྲིན་ལས་དཔལ། །གསོལ་བ༴ བདག་གི༴ གྲངས་མེད་སྔོན་ནས་སྒྲིབ་རྫོགས་ཡོངས་སྤང་ཡང་། །རྒྱལ་བའི་བསྟན་ལ་རྒྱལ་སྲས་མི་ཡི་ཚུལ། །བཟུང་ནས་ཐོས་བསམ་ཡོན་ཏན་ཀུན་རྫོགས་ཤིང་། །ཉམས་རྟོགས་མཐར་ཕྱིན་ཟག་མེད་མངོན་ཤེས་ལྡན། །དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་བླ་མའི་སྐུར། །བཞེངས་གྱུར་འདྲེན་མཆོག་ཀུན་བཟང་དབང་པོའི་ཞབས། །གསོལ་བ༴ བདག་གི༴ ཡང་དག་བཅུད་འཆང་འདུལ་བྱ་སྨིན་གྲོལ་འགོད། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ༴ བདག་གི༴ རྒྱལ་གསུང་ཆོས་ཀུན་སྙིང་པོ་རྣལ་འབྱོར་ཆེ། །གཉིས་མེད་དུས་ཀྱི་འཁོར་ལོ་བརྒྱུད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །སྐྱེ་ཀུན་ཁམས་དྲུག་རྡོ་རྗེའི་ལུས་ཐོབ་ཅིང་། །སྐྱེ་མ་ཐག་ཏུ་སྔོན་གནས་རྗེས་སུ་དྲན། །བདག་མེད་སྤྱོད་སྤོང་རྣམ་དཔྱོད་མཆོག་དང་ལྡན། །ཤེས་རབ་རྩལ་རྒྱས་དགེ་ལ་ཆོས་འདུན་ཤོག །རྒྱུད་སྡེ་ནས་བཟུང་མཚན་ལྡན་བླ་མ་དང་། །ལེགས་འཕྲད་རྗེས་བཟུང་བསླབ་གསུམ་ལམ་ལ་དཀྲི། །ཁྱད་པར་ཐེག་མཆོག་དུས་ཀྱི་འཁོར་ལོ་ཡི། །བཅུ་གསུམ་དབང་གིས་བདག་རྒྱུད་སྨིན་བྱས་ནས། །གྲོལ་ལམ་སངས་རྒྱས་ས་ལ་མངོན་སྦྱོར་བ། །ཡན་ལག་དྲུག་ལྡན་རྡོ་རྗེ་རྣལ་འབྱོར་གྱིས། །དགེ་བ་གསུམ་རྫོགས་ཟུང་འཇུག་རྡོ་རྗེ་སེམས། །ཚེ་གཅིག་ཉིད་ལ་མངོན་དུ་བྱེད་པར་ཤོག །དུས་གསུམ་སངས་རྒྱས་ཀུན་དངོས་ཐམས་ཅད་མཁྱེན། །དོལ་པོ་པ་དང་ཏཱ་ར་ནཱ་ཐ་ཡིས། །ཇི་བཞིན་གྲུབ་མཐའི་སྙིང་པོ་གང་ཡིན་པ། །བདག་གི་བློ་རུ་དྲི་མེད་ཡོངས་སུ་འཆར། །ཕྱིར་མི་ལྡོག་པ་མཐཀད། །ངེས་དོན་བསྟན་པ་ནུབ་མེད་བྱེད་པར་ཤོག །མདོར་ན་ཚེ་རབས་ཀུན་ཏུ་རྒྱུ་དང་འབྲས། །འདོར་ལེན་ལ་མཁས་དམ་ཚིག་བསྲུང་སྡོམ་བརྩོན། །བླ་མར་མོས་གུས་འགྲོ་ཕན་སྙིང་རྗེ་རྒྱས། །སྤྱོད་ཀུན་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་ཞིང་། །རྒྱལ་བའི་དབང་པོ་རིག་ལྡན་ཇོ་ནང་པའི། །ཐུགས་ཀྱི་དགྱེས་དགུ་བདག་གིས་འགྲུབ་པ་དང་། །ཐུགས་ཡིད་གཉིས་མེད་དེ་རིང་ཉིད་ནས་འདྲེས། །དེ་བསྟན་བསྐལ་པ་རྒྱ་མཚོར་རྒྱས་བྱེད་ཤོག །

ཅེས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཁྲིད་ལུང་གི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་འདི་རྒྱལ་ཀུན་ཡེ་ཤེས་གཅིག་ཟླུམ་མཚུངས་མེད་བླ་མ་རྡོ་རྗེ་སེམས་དངོས་གྲུབ་པའི་དབང་ཕྱུག་ཀུན་བཟང་དབང་པོའི་རྗེས་སུ་བཟུང་ཞིང་ཐུགས་ཡིད་གཅི་གཏུ་འདྲེས་པ་ཚེ་དབང་ནོར་བུ་རྡོ་རྗེ་ཡེ་ཤེས་རྣམ་པར་རྒྱལ་བས་ཞི་བ་ས་བྱ་དབྱུ་གུ་ཟླ་བའི་ཡར་ཚེས་ལྔ་ལ་སྟོད་མངའ་རིས་གློ་དང་མོན་ཡུལ་གྱི་ཚ་རྡོ་དང་ཆུ་ལ་རང་བྱུང་གི་མེ་འབར་བ་རྒྱུད་སྡེ་ནས་བསྔགས་པའི་གནས་ཆེན་མུ་ཁུ་བི་ཥེ་ཊ་ཞེས་ཟུར་ཆག་སྐད་དུ་མུ་ཏ་ཥ་ཊ་དང་། བོད་ཀྱི་ཆུ་མིག་བརྒྱ་རྩར་སྨྲས་པའི་ཡིག་རིག་ནི་རིགས་ལུང་རྒྱུད་སྡེ་སྨྲ་བ་སྤྲུལ་སྐུ་ཨོ་རྒྱན་འཕྲིན་ལས་བསྟན་འཛིན་དཔལ་བཟང་པོས་བགྱིས་པ་དགེའོ། །

བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་བཏབ་པ་གསེར་གྱི་པདྨ་རྒྱས་པའི་ཕྲེང་བ།

༈ བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་བཏབ་པ་གསེར་གྱི་པདྨ་རྒྱས་པའི་ཕྲེང་བ་ཞེས་བྱ་བཞུགས་སོ། །

ཨོཾ་ཨཱ༔ ཧཱུྃ། རྒྱལ་གསུང་བརྒྱད་ཁྲི་བཞི་སྟོང་སྒོ། །ཀུན་གྱི་སྙིང་པོ་བླ་མེད་པ། །སངས་རྒྱས་ཡེ་ཤེས་དྲང་ཐད་དུ། །སྟོན་གྱུར་རྫོགས་པ་ཆེ་ལ་འདུད། །དུས་གསུམ་ཡོངས་ཀྱི་འབྱུང་གནས་ནི། །ཆོས་དབྱིངས་རྣམ་དག་གདོད་མའི་ཡེ་ཤེས་ཏེ། །དེ་ཉིད་ཞལ་ཕྱག་བྲལ་ལས་ཞལ་ཕྱག་ཚུལ། །སྟོན་པ་ཀུན་ཁྱབ་ཀུན་ཏུ་བཟང་པོར་འདུད། །ཆོས་ཉིད་ངོ་བོར་གཉིས་འཛིན་སྤྲོས་པ་བྲལ། །གཅིག་པུ་གཉིས་མིན་དཔྱད་པའི་ཡུལ་ལས་འདས། །མཐའ་བྲལ་ཡེ་ཤེས་ཀུན་བཟང་ཡབ་དང་ཡུམ། །མཉམ་སྦྱོར་རྒྱལ་བ་མཆོག་དེར་གསོལ་བ་འདེབས། །ཡེ་ཤེས་ལྡོག་ཆས་རབ་སྣང་རྒྱལ་བ་རིགས། །ཆིག་བསྡུས་ཁྱབ་བདག་དང་པོ་རྡོ་རྗེ་སེམས། །འཁོར་ལོས་བསྒྱུར་བ་དེ་ལ་གསོལ་བ་འདེབས། །ལྷ་གནས་གསུམ་དང་མི་ཡི་གདུལ་བྱའི་ངོར། །རྒྱལ་བ་འགྲོ་འདུལ་ཐབས་ལ་མཁས་པ་ཡི། །རྒྱལ་སྲས་ཚུལ་བཟུང་བྱམས་མགོན་སེམས་ལྷག་ཅན། །དགའ་རབ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་ནི། །མ་ཧཱ་ཙི་ནའི་ཡུལ་དུ་སྐུ་འཁྲུངས་ཤིང་། །གནས་ལྔ་རིག་གཙོ་འཇའ་ལུས་རྡོ་རྗེའི་སྐུ། །ཤྲཱི་སིངྷའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བ་ཡོངས་འདུས་ངོ་བོ་ཉིད། །པདྨ་ཀ་ར་རྒྱལ་བ་འོད་དཔག་མེད། །རབ་འབྱམས་དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ །ཐུབ་ཆེན་སེངྒེ་དེ་ལ་གསོལ་བ་འདེབས། །འཇམ་དཔལ་དཔའ་བོ་ས་སྐྱོང་རྒྱལ་པོའི་ཚུལ། །ལྷ་ཡི་མེ་ཏོག་བོད་ཁམས་སྐྱེ་རྒུའི་མགོན། །དབྱངས་ཅན་ལྷ་མོའི་རང་བཞིན་ཀུན་ཏུ་བཟང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །གུ་རུ་པདྨའི་སྲས་གྱུར་ཟབ་གཏེར་བདག །ཡོངས་ཀྱི་གཙོ་གྱུར་ཆོས་ཀྱི་དབང་ཕྱུག་ཅེས། །འཇིག་རྟེན་དབང་ཕྱུག་སྤྲུལ་པ་མཆོག་གྱུར་ཅིང་། །ཐུགས་ཀྱི་གཏེར་གཅིག་བདག་པོར་གསོལ་བ་འདེབས། །དེ་ཡི་རིགས་སྲས་བཀའ་བབ་ཆོས་ཀྱི་བདག །ལང་གྲོ་ལོ་ཙཱའི་རྣམ་སྤྲུལ་པདྨ་དབང་། །རྟ་མཆོག་ཞལ་གཟིགས་མཆོག་གི་དངོས་གྲུབ་བརྙེས། །རྒྱལ་སྲས་མཆོག་གྱུར་དེ་ལ་གསོལ་བ་འདེབས། །དེ་བཞིན་དམ་པའི་གདུང་འཛིན་ཆོས་རྒྱལ་མཚན། །ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཀུན་གྲོལ་མ། །བསྐྱེད་རྫོགས་གདེང་བརྙེས་ཆོས་ཀྱི་རྡོ་རྗེ་འཛིན། །སྤྲུལ་སྐུ་ནོར་བུ་འཛིན་ལ་གསོལ་བ་འདེབས། །སྨིན་གྲོལ་མཛོད་འཛིན་དོན་ཡོད་རྒྱལ་བའི་མཚན། །སྤྲུལ་པའི་སྐུ་མཆོག་བཤེས་གཉེན་ནོར་བུའི་ཞབས། །སྔ་འགྱུར་བསྟན་པའི་སྲོག་ཤིང་ཆོས་ཀྱི་དབང་། །ཀརྨ་གུ་རུའི་ཞབས་ལ་གསོལ་བ་འདེབས། །དམ་པའི་སྲོལ་འཆང་ཀརྨ་དབང་ཕྱུག་ཆེ། །མང་ཐོས་བླ་ཆེན་བློ་མཆོག་རྡོ་རྗེ་རྩལ། །རྒྱལ་བའི་སྲས་པོ་ངག་དབང་འཇམ་དབྱངས་པ། །འཇམ་དབྱངས་ལྷུན་གྲུབ་དཔལ་ལ་གསོལ་བ་འདེབས། །ཉང་རིགས་གྲུབ་པའི་སྲས་གྱུར་རིག་པ་འཛིན། །ངེས་སངས་རྫོགས་ཆེན་རྣལ་འབྱོར་ཡོངས་ཀྱི་གཙོ། །སྦས་ཚུལ་གྲུབ་པའི་སྐྱེས་བུ་མཆོག་དམ་པ། །པདྨ་དབང་གྲགས་ཞབས་ལ་གསོལ་བ་འདེབས། །དེ་ཡི་ཆོས་ལས་སྐྱེས་གྱུར་སྲས་ཀྱི་གཙོ། །དེང་དུས་སངས་རྒྱས་མཉམ་སྦྱོར་བསྟན་འཛིན་མཆོག །མདོ་ཁམས་ཤར་འཁྲུངས་མཁས་ཤིང་ཉམས་རྟོགས་ལྡན། །ཚེ་དབང་ནོར་བུར་གྲགས་ལ་གསོལ་བ་འདེབས། །ཟབ་དགུ་དམ་ཆོས་ཡོངས་ཀྱི་སྙིང་པོ་འདི། །ཚེ་གཅིག་སངས་རྒྱས་ལམ་མཆོག་རྫོགས་པ་ཆེ། །སྨིན་གྲོལ་ཟབ་དགུའི་ཡང་སྙིང་མཉམ་སྦྱོར་གྱི། །དེ་སྟོན་རྩ་བའི་བླ་མར་གསོལ་བ་འདེབས། །ཤུ་བྷཾ།

ནེ་གུ་གསེར་ཆོས་ཀྱི་བརྒྱུད་འདེབས་རིན་ཆེན་དབང་གི་འཕྲེང་བ།

༈ ནེ་གུ་གསེར་ཆོས་ཀྱི་བརྒྱུད་འདེབས་རིན་ཆེན་དབང་གི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

རང་བཞིན་ཡེ་གྲོལ་ཀུན་ཁྱབ་རྫོགས་སངས་རྒྱས། །ཟབ་ཞི་འོད་གསལ་ཤེས་རབ་རྒྱལ་བའི་ཡུམ། །འགྱུར་མེད་སྐུ་གསུང་ངོ་བོ་བླ་མ་ཆོག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིགས་དྲུག་ཁྱབ་བདག་ཆོས་སྐུ་རྡོ་རྗེ་འཆང་། །དབྱེར་མེད་འཇའ་ལུས་མཁའ་འགྲོ་ནཻ་གུ་མ། །སྤྲུལ་པའི་སྐུ་མཆོག་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ༴ འོད་གསལ་གཉིས་འདྲེས་རྨོག་ཅོག་རིན་བརྩོན་པ། །སྤྱན་རས་གཟིགས་དབང་སྐྱེར་སྒང་ཆོས་སེང་གེ །མཁྱེན་པའི་དབང་ཕྱུག་གཉེན་སྟོན་ཆོས་ཤེས་རབ། །གསོལ་བ་འདེབས་སོ༴ མཆོག་གྲུབ་སངས་རྒྱས་སྟོན་པ་བརྩོན་འགྲུས་སང་།།སྒྲིབ་མེད་མཁྱེན་མངའ་དག་པའི་ས་བརྙེས་པ།།ཤངས་པ་བཀའ་བརྒྱུད་རིན་ཆེན་སྣ་བདུན་ལ།།གསོལ་བ་འདེབས་སོ་༝ཚུལ་ཁྲིམས་མཐར་ཕྱིན་སྟོན་གཙང་རིན་ཆེན་འབུམ།།བླ་མའི་ཐུགས་སྲས་མཁས་གྲུབ་རྒྱལ་མཚན་འབུམ།།ཆོས་ཀུན་མངོན་གཟིགས་འཇག་ཆེན་བྱམས་པ་དཔལ།།གསོལ་བ་འདེབས་སོ་༝གྲུབ་པའི་མངའ་བདག་ཆོས་འབྱུང་རིན་པོ་ཆེ།།སྐྱེས་མཆོག་དམ་པ་ཀུན་ནས་དགའ་བའི་མཚན། །ལུང་རྟོགས་དབང་འབྱོར་ཤེས་རབ་བཟང་པོ་ལ། །གསོལ་བ་འདེབས་སོ༴ འབྲེལ་ཚད་དོན་ཡོད་སྙིང་པོའི་རྒྱལ་མཚན་འཛིན། །མཁྱེན་རབ་ཡོན་ཏན་དཔལ་ཀུན་འབྱུང་བའི་གནས། །དོན་གཉིས་ལྷུན་གྲུབ་བསོད་ནམས་ཤེས་རབ་ཅན། །གསོལ་བ་འདེབས་སོ༴ བྱ་བ་ཀུན་བཏང་ཀུན་དགའ་རྒྱལ་མཚན་ཆེ། །འཇམ་པའི་དབྱངས་དངོས་ཨ་ནནྟ་བྷ་དྲ། །འགྲོ་བའི་མགོན་པོ་ཀརྨ་བསྟན་འཕེལ་སྡེ། །གསོལ་བ་འདེབས་སོ༴ གྲུབ་པའི་དབང་ཕྱུག་ཀུན་དགའ་ཆོས་ལྷུན་མཚན། །རྣལ་འབྱོར་རྒྱལ་པོ་ཀུན་མཁྱེན་ཆོས་འཕེལ་ཞབས། །མཁས་བཙུན་གྲུབ་གྱུར་བསོད་ནམས་རྒྱལ་བའི་མཚན། །༝ དམ་པའི་རིགས་ལ་སྤྲུལ་པའི་སྐུ་རུ་འཁྲུངས། །སྦས་པའི་ཚུལ་ལ་མཆོག་གི་གྲུབ་པ་བརྙེས། །ཡོངས་འཛིན་འདྲེན་མཆོག་ཆོས་དབང་རྡོ་རྗེ་ལ། །གསོལ་བ༴ རྒྱལ་ཀུན་ཡེ་ཤེས་ངོ་བོ་འདུས་པའི་གར། །འོད་གསལ་སྒྱུ་མའི་གཟུགས་སྐུ་ཡོངས་ཤར་ནས། །ཚེ་གཅིག་སངས་རྒྱས་སྙན་བརྒྱུད་འགྲོར་སྟོན་མཛད། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དག་པ་སྒྱུ་འཕྲལ་དྲ་བ་འཁོར་ལོས་བསྒྱུར། །རྒྱུད་སྡེའི་སྙིང་པོ་ལྔ་ལྡན་ཡེ་ཤེས་ལྷ། །རིག་རྩལ་ཐོགས་མེད་དཔའ་བོ་མཁའ་འགྲོ་མ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རྒྱལ་བའི་བསྟན་སྲུང་རྨད་བྱུང་ཐུགས་རྗེ་ཆེ། །མྱུར་མཛད་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །གསོལ་བ་འདེབས་སོ་འཕྲིན་ལས་རྣམ་བཞི་བསྒྲུབ། །ཆོས་མིན་རང་སར་གྲོལ་བར་བྱིན་གྱིས་རློབས། །དེང་ནས་བདག་གི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་འཕགས་ནོར་བདུན་ལྡན་ཞིང་། །དམ་པས་རྗེས་བཟུང་འཁོར་བར་ཞེན་ལོག་སྟེ། །ཐར་པའི་གྲོང་ལ་རབ་ཏུ་འཇུག་པར་ཤོག །ཆོས་མིན་མི་སྤྱོད་ཆོས་ནས་ཆོས་བཞིན་དུ། །ལེ་ལོ་མེད་པར་བརྩོན་པས་རྒྱུད་བསྐུལ་ནས། །ཡང་དག་བླ་ན་མེད་པ་སྙིང་པོའི་དོན། །ཕྱིར་མི་ལྡོག་ལ་མྱུར་དུ་འཁོད་པར་ཤོག །དམིགས་མེད་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཕྲ་ཟབ་ཡངས་པ་ཆེན་པོ་གཉུག་མའི་དོན། །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་ངོ་བོ་སྟེ། །ཕྱི་མའི་དུས་མིན་དེ་རིང་ཉིད་རྟོགས་ཤོག །ཕ་མའི་རང་བཞིན་མཁའ་ཁྱབ་སེམས་ཅན་ལ། །རང་ཤུགས་སྙིང་རྗེ་བཟོད་མེད་ཉིད་འཁྲུངས་ཏེ། །ཐབས་མཁས་ཕྲིན་ལས་དཔག་ཏུ་མེད་པ་ཡི། །འགྲོ་ལ་ཕན་བདེ་རྒྱུན་མི་ཆད་སྟོན་ཤོག །བྱིན་རླབས་རྩ་བ་ཟབ་མོའི་དོན་སྟོན་པའི། །བླ་མ་མཆོད་དང་ཐུགས་ཡིད་གཅིག་ཏུ་འདྲེས། །དམ་ཚིག་སེལ་མེད་དགོངས་པ་དགྱེས་དགུ་འགྲུབ། །འཕྲིན་ལས་མཐའ་དག་བདག་གིས་སྐྱོང་པར་ཤོག །ཆོས་ཀུན་ཡང་ཞུན་ནཻ་གུའི་ཐུགས་ཀྱི་བཅུད། །ཐབས་ལམ་གཏུམ་མོའི་བདེ་དྲོད་རབ་འབར་ཏེ། །བདེ་ཆེན་མི་ཤིགས་དྭངས་མར་རབ་ཏུ་སྨིན། །ཆོས་ཀུན་སྒྱུ་མར་རྟོགས་ཤིང་མངའ་བརྙེས་ཤོག །འཁྲུལ་པའི་རྨི་ལམ་རྨི་ལམ་ཆེན་པོ་ཀུན། །བདེན་མེད་ངོ་ཤེས་ཆོས་ཉིད་དབྱིངས་སུ་གྲོལ། །བྱར་མེད་གཏིང་གསལ་དཔག་དཀའ་རང་བཞིན་གྱིས། །འོད་གསལ་འཛིན་མེད་མ་བུ་འདྲེས་པར་ཤོག །བདེ་ཆེན་དབུ་མའི་ལམ་ནས་རང་རིག་མདའ། །ལྷག་མེད་སྐུ་གསུམ་དབྱིངས་སུ་མངོན་གྱུར་ཅིང་། །བར་དོར་སྒྲིབ་པའི་ཚོགས་ཀུན་གཏན་སྤངས་ནས། །སྐུ་གཉིས་འབྲས་བུ་མངོན་དུ་འགྱུར་བར་ཤོག །སེམས་ཉིད་ཡིད་བཞིན་ནོར་བུ་ཕྱག་ཆེན་རྟོགས། །བདེ་ཆེན་འདུ་འབྲལ་མེད་པའི་མཁའ་ལ་སྤྱོད། །རང་བཞིན་འཆི་མེད་འོད་གསལ་བཙན་ས་ཟིན། །ལམ་འཁྱེར་རྒྱན་རྫོགས་ཚེ་གཅིག་སངས་རྒྱས་ཤོག །མདོར་ན་བདག་གི་སྒོ་གསུམ་བྱ་སྤྱོད་ཀུན། །ལོག་པའི་ལས་དང་བཏང་སྙོམས་མི་འགྱུར་བར། །རྣམ་དཀར་ལས་དང་རྒྱལ་བའི་བསྟན་ཕན་ཞིང་། །འགྲོ་ཀུན་བྱང་ཆུབ་མཆོག་སྦྱོར་རྒྱུར་གྱུར་ཅིག །

ཅེས་རྒྱང་སྟོན་རྗེ་བཙུན་ངག་དབང་རྡོ་རྗེ་མཆོག་གི་དྲུང་དུ་ནཻ་གུ་གསེར་ཆོས་རྩ་བ་ཆོས་དྲུག་སྔོན་འགྲོ་ཞེས་དེ་ཉམས་སུ་ལེན་སྐབས་རྨི་ལམ་ཕལ་ཆེར་རང་ངོ་ཟིན་ཞིང་ཡ་མཚན་ལྟས་མང་ཤར་ཞིང་མི་ཕྱེད་པ་སྙིང་ལ་ཐིམ་མཐུས་བསྟན་པ་ལུགས་ཆོས་དབྱར་མོ་བསིལ་གྱི་ཕོ་བྲང་གཙང་ཇོ་མོ་ནགས་རྒྱལ་མདུན་ངོས་ཚེ་མདོ་གཙང་ཆབ་ངོགས་སུ་རང་ཤོང་རས་གུར་གྲུ་བཞིའི་ནང་ནས་རྣལ་འབྱོར་པ་ཚེ་དབང་ནོར་བུས་མེ་རྟ་ཧོར་ཟླ་བཅུ་གཉིས་པའི་ཚེས་མངའ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་དགེའོ། །

ཚམ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་བརྒྱུད་འདེབས་ནོར་བུའི་ཕྲེང་བ།

༈ ཚམ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་བརྒྱུད་འདེབས་ནོར་བུའི་ཕྲེང་བ་བཞུགས་སོ། །

ན་མོ་མ་ཧཱ་མུ་དྲ་ཡེ། ཁ་སྦྱོར་ཡན་ལག་བདུན་ལྡན་རྒྱལ་ཀུན་གཙོ། །རིགས་དྲུག་ཁྱབ་བདག་སངས་རྒྱས་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདག་ལ་ཐུགས་རྗེས་གཟིགས། །རྒྱལ་ཀུན་ཡེ་ཤེས་མྱུར་རྟོགས་བྱིན་གྱིས་རློབས། །སྙིང་ཉིད་རྡོ་རྗེ་བཙུན་མོ་འོད་གསལ་བ། །ཤེས་རབ་ཕར་ཕྱིན་བཅོམ་ལྡན་ལྷན་སྐྱེས་མ། །གསོལ་བ་འདེབས་སོ༴ རྒྱལ་ཀུན༴ མཁའ་ཁྱབ་བདག་པོའི་སྒྱུ་འཕྲུལ་སྟོན་པའི་སྐུ། །འགྲོ་འདུལ་ཡེ་ཤེས་མར་འབྱིན་ཏེ་ལོ་པ། །གསོལ་བ༴ རྒྱན་ཀུན༴ དཀའ་སྤྱད་ལམ་སྦྱངས་ཡེ་ཤེས་ཆེན་པོ་རྟོགས། །བྱིན་རླབས་མངའ་བ་རྩ་ནས་ན་རོ་པ། །གསོལ་བ༴ རྒྱན་ཀུན༴ འཕགས་པའི་ཡུལ་བགྲོད་རྒྱུད་སྡེ་བཞི་མངའ་བརྙེས། །རྟོགས་པའི་གར་མཁན་མར་སྟོན་ཆོས་བློ་གྲོས། །གསོལ་བ༴ རྒྱན་ཀུན༴ སྙིང་རུས་ཕུལ་བྱུང་བསྒྲུབ་པའི་རྒྱལ་མཚན་འཛིན། །རླུང་སེམས་མངའ་བརྙེས་མི་ལ་བཞད་རྡོར་ལ། །གསོལ་བ༴ རྒྱན་ཀུན༴ རྒྱལ་བས་ལུང་བསྟན་ངེས་དོན་སྟོན་པ་ཆེ། །སྤྲུལ་པའི་སྐུ་མཆོག་དྭགས་སྒོམ་ལྷ་རྗེ་ལ། །གསོལ་བ༴ རྒྱན་ཀུན༴ རྒྱལ་བའི་ཞིང་རྣམས་སྐད་ཅིག་སྤྲུལ་པས་ཉུལ། །འོད་གསལ་རྒྱུན་མཐར་དྭགས་པོ་བསྒོམ་ཚུལ་ལ། །གསོལ་བ༴ རྒྱན་ཀུན༴ གུ་རུའི་ཐུགས་སྤྲུལ་གསང་བའི་མཚན་བརྒྱད་ལྡན། །སྐྱེ་མེད་སྙིང་རྗེའི་གར་བསྒྱུར་རྒྱལ་དབང་ཞང་། །གསོལ་བ༴ རྒྱན་ཀུན༴ མཁའ་ལ་ལྡིང་ཞིང་རི་རབ་ཞབས་ཀྱིས་བརྙིལ། །སྦྱོར་སྒྲོལ་མཐར་ཕྱིན་མན་ལུང་བྱང་ཆུབ་སེམས། །གསོལ་བ༴ རྒྱན་ཀུན༴ ས་སྐྱོང་གཙུག་རྒྱན་བདུད་འཇོམས་སྐྱེ་བ་བརྒྱད། །པདྨས་བྱིན་རླབས་སྤྲུལ་སྐུ་སྟོན་པ་ལ། །གསོལ་བ༴ རྒྱན་ཀུན༴ བཅོ་ལྔར་རྒོལ་ངན་ཚར་བཅད་རྗེས་བཟུང་ནས། །མཁྱེན་རབ་ཆོས་རྒྱལ་འཇམ་དབྱངས་གྲགས་པ་ལ། །གསོལ་བ༴ རྒྱན་ཀུན༴ རྡོ་ལ་མེ་འབར་གྲུབ་རྟགས་སྣ་ཚོགས་བསྟན། །སྔགས་ཀྱི་རིག་འཛིན་དཔལ་ལྡན་གཞོན་ནུའི་སྡེ། །གསོལ་བ༴ རྒྱན་ཀུན༴ ནམ་མཁའ་མཛོད་བརྙེས་རྨད་བྱུང་ཆོ་འཕྲུལ་ལ། །དབང་བསྒྱུར་གྲུབ་མཆོག་འཇམ་དབྱངས་བསོད་ནམས་ཞབས། །གསོལ་བ༴ རྒྱན་ཀུན༴ འདས་ཚེ་སྒྲ་འོད་རིང་བསྲེལ་ངོ་མཚར་བྱོན། །རྟོགས་པ་མངོན་གྱུར་ཡེ་ཤེས་དཔལ་ལྡན་ལ། །གསོལ་བ༴ རྒྱན་ཀུན༴ མི་མིན་དྲེགས་པ་ཟིན་གནོན་བྲན་དུ་བཀོལ། །རིམ་གཉིས་མངོན་གྱུར་ཆོས་སྐྱོང་འཕགས་པ་ལ། །གསོལ་བ༴ རྒྱན་ཀུན༴ ཕྱག་རྒྱ་མཆོག་བརྙེས་མགོན་པོའི་ལུང་བསྟན་ཐོབ། །ནམ་མཁའི་རྣལ་འབྱོར་དཀོན་མཆོག་མཆོག་ལྡན་ལ། །གསོལ་བ༴ རྒྱན་ཀུན༴ ཡི་དམ་ཞལ་གཟིགས་མཆོག་ཐུན་དངོས་གྲུབ་བརྙེས། །སྣང་བ་དབང་བསྒྱུར་ཆོས་སྐྱོང་དཔལ་ལྡན་ལ། །གསོལ་བ༴ རྒྱན་ཀུན༴ བྱང་ཆུབ་སེམས་འབྱོངས་གང་ཤར་གདོང་འདེད་སྤྱོད། །རྣལ་འབྱོར་དབང་ཕྱུག་སེམས་དཔའ་ཆོས་རྗེ་ལ། །གསོལ་བ༴ རྒྱན་ཀུན༴ ཡང་དག་དོན་རྟོགས་བརྟུལ་ཞུགས་ནུས་པའི་བདག །སྤྲུལ་པའི་སྐྱེས་བུ་སྔགས་འཆང་མེ་འབར་ལ། །གསོལ་བ༴ རྒྱན་ཀུན༴ རིག་གནས་ཀུན་མཁྱེན་འཇམ་དབྱངས་སྤྲུལ་པར་གྲགས། །ངག་གི་དབང་ཕྱུག་ཉི་ཟླ་འོད་དཀར་ལ། །གསོལ་བ༴ རྒྱན་ཀུན༴ ཚུལ་ཁྲིམས་རྣམ་དག་སྒྲུབ་བརྒྱུད་རྒྱལ་མཚན་འཛིན། །རྡོ་རྗེ་འཛིན་པ་ཆོས་སྐྱོང་སེང་གེ་ལ། །གསོལ་བ༴ རྒྱན་ཀུན༴ རྟ་མགྲིན་ཞལ་ཁུམ་ཕྱག་རྒྱའི་རིག་འཛིན་བརྙེས། །གྲུབ་པའི་རྒྱལ་པོ་བསྟན་པ་རྒྱལ་མཚན་ལ། །གསོལ་བ༴ རྒྱན་ཀུན༴ དཔལ་ཆེན་དངོས་མཇལ་གཟའ་རྒོད་བྲན་དུ་འཁོལ། །ལྟ་བའི་གདེངས་ལྡན་བསྟན་པའི་ཉི་མ་ལ། །གསོལ་བ༴ རྒྱན་ཀུན༴ ལྷ་སྲས་རྣམ་སྤྲུལ་སྦས་ཚུལ་གྲུབ་པའི་དབང་། །རྣལ་འབྱོར་དམ་པ་བསྟན་འཛིན་སེང་གེ་ལ། །གསོལ་བ༴ རྒྱན་ཀུན༴ སྣང་སེམས་འདྲེས་པས་རྡོ་ལ་ཕྱག་རྗེས་བཞག །གནས་ལུགས་མངོན་གྱུར་ནམ་མཁའ་ཚེ་བརྟན་ལ། །གསོལ་བ༴ རྒྱན་ཀུན༴ མཉམ་བཞག་བརྟེན་ཐོབ་ཆོས་ཀུན་སྒྱུ་མར་གཟིགས། །འཁྲུལ་ཞིག་ནམ་མཁའ་ཆོས་ཀྱི་ཉི་མ་ལ། །གསོལ་བ༴ རྒྱན་ཀུན༴ རྒྱལ་བའི་གདུང་འཚོབ་བྱིན་རླབས་ཆུ་བོ་བརྙེས། །འདྲེན་མཆོག་མགོན་པོ་རྩ་བའི་བླ་མ་ལ། །གསོལ་བ༴ རྒྱན་ཀུན༴ ཁྱབ་བརྡལ་དབྱིངས་ནས་སྒྱུ་འཕྲུལ་དྲ་བའི་གར། །ཆེ་མཆོག་བདེ་བའི་འཁོར་ལོ་ཡབ་ཡུམ་ལ། །གསོལ་བ༴ རྒྱན་ཀུན་ཡེ་ཤེས༴ ཤེས་རབ་ཕར་ཕྱིན་གཏེར་མཛད་དགའ་ཆེན་ཡུམ། །བཅོམ་ལྡན་འདས་མ་བཛྲ་ཝཱ་ར་ཧི། །གསོལ་བ༴ རྒྱན་ཀུན༴ སྙིང་རྗེས་ཆེར་ཁྲོས་བདུད་དང་མུ་སྟེགས་བཅོམ། །བསྟན་སྲུང་སྐུར་སྟོན་བྱ་རོག་མཚན་ཐན་ལ། །གསོལ་བ༴ རྒྱན་ཀུན༴ བླ་མ་དཀྱིལ་འཁོར་ལྟ་སྤྱོད་གཅིག་གིས་བསྡུས། །དམ་ཚིག་སྲོག་འབྲེལ་རྡོ་རྗེ་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་བདག་ལ་ཐུགས་རྗེས་གཟིགས། །རྒྱལ་ཀུན་ཡེ་ཤེས་མྱུར་རྟོགས་བྱིན་གྱིས་རློབས། །དེ་ལྟར་དོན་དམ་ལྷན་ཅིག་སྐྱེས་སྦྱོར་གྱིས། །བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྡོ་རྗེ་མཆེད་རྣམས་ལ། །རྩེ་གཅིག་གུས་པ་དྲག་པོས་གསོལ་འདེབས་ན། །ཁྱེད་ཀྱི་མཁྱེན་བརྩེ་བྱིན་རླབས་ནུས་པ་ཡིས། །བདག་བློ་འཁོར་བའི་ཆོས་ལ་ཞེན་ལོག་ཅིང་། །ངེས་འབྱུང་བྱང་ཆུབ་ལམ་ལ་མི་ཕྱེད་པའི།།རྩེ་གཅིག་དབེན་པའི་གནས་སུ་ཆོས་སྤྱོད་ཤོག །སྐྱབས་སེམས་སྐྱེས་བུ་གསུམ་གྱི་ཡོན་ཏན་རྫོགས། །གཞན་ཕན་སྙིང་རྗེའི་བརྩེ་དང་འབྲལ་མེད་པར། །བྱ་བ་ཐམས་ཅད་བཏང་སྙོམས་མ་ལུས་ཤིང་། །འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་པར་ཤོག །རང་གཞན་སྒྲིབ་སྦྱངས་ཚོགས་བསགས་ལ་མཁས་ཤིང་། །རྟེན་འབྲེལ་རབ་འབྱམས་ཀུན་རྟོགས་བྱང་ཆུབ་དེ། །རིང་པོར་མི་ཐོགས་བྱང་ཆུབ་ཆེན་པོའི་ཁབ། །དེ་རུ་རྒྱལ་བའི་མཛད་པ་བསྟན་པར་ཤོག །བླ་མ་བསྟན་མཁས་མོས་གུས་རྩེ་མོར་བྱིན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་དག་སྣང་འབྱོངས། །ཅི་མཛད་ལེགས་མཐོང་ཅི་གསུང་ཚད་མར་འཛིན། །དམ་ཚིག་སེལ་མེད་ཐུགས་ཡིད་གཅིག་འདྲེས་ཤོག །སྒྲུབ་དང་ཤེས་རབ་རྣམ་པར་དག་པ་ཡི། །ཉིན་མཚན་དུས་འདའ་བླ་མའི་བཞེད་དགུ་སྒྲུབ། །སུན་ངལ་རང་འདོད་མེད་པར་འགྲོ་བའི་དོན། །ལྷུར་ལེན་ངེས་དོན་བསྟན་པ་རྒྱས་བྱེད་ཤོག །སེམས་ཀྱི་མེ་ལོང་ཀུན་རྟོགས་གཟུགས་བརྙན་གཤིས། །སྒྱུ་འཕྲུལ་ལྷ་ཡི་འཁོར་ལོར་ཡོངས་བརྟས་ཏེ། །བདེན་གཉིས་འགྱུར་མེད་ཐིག་ལེར་ཡིད་འཇུག་པས། །གཡོ་མེད་བདེ་གསལ་མི་རྟོགས་བརྟན་པར་ཤོག །མ་བཅོས་དུས་གསུམ་གཟུང་འཛིན་བྲལ་བའི་སེམས། །རང་བབ་ཡེངས་མེད་གནད་དུ་བསྣུན་བྱས་ཏེ། །ཡུལ་སྣང་འཁྲུལ་རྒྱུན་ཆད་ནས་རང་ངོ་ལ། །ལྷོད་ཆགས་རྩེ་གཅིག་གནས་པ་བརྟན་པར་ཤོག །འགྱུར་མེད་སྐྱེ་འགག་གནས་བྲལ་རྟོགས་པའི་གདེངས་། །སྤྲོས་བྲལ་སྟོང་ཉིད་མཉམ་བཞག་རྟེན་ཐོབ་ཅིང་། །ཟུང་འཇུག་ཡེ་ཤེས་སྣང་བ་མངོན་མཐོང་ནས། །ཤེས་རབ་འོད་གསལ་རྒྱུན་མི་ཆད་པར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །དྲི་བྲལ་ལྷུན་གྲུབ་བདེ་གཤེགས་སྙིང་པོའི་དངོས། །སྒྲིབ་མེད་དངོས་སུ་མཐོང་ནས་ཡེ་ཤེས་སྐུ། །ཡང་དག་ཚེ་འདི་ཉིད་ནས་ཐོབ་པར་ཤོག །ལྟ་བ་ཕྱག་ཆེན་བསྒོམ་པ་རྣལ་འབྱོར་བཞི། །གཟེར་ལྔས་གེགས་སེལ་བྱང་ཆུབ་སེམས་མཆོག་སྤྱོད། །བྱེད་ཅིང་གཏུམ་མོས་དྷི་ཏའི་རྩ་མདུད་བཀྲོལ། །ཡན་ལག་དྲུག་གི་འབྲས་བུ་བརྙེས་པར་ཤོག །ས་དང་ལམ་གྱི་ཡོན་ཏན་རྩལ་ཀུན་རྫོགས། །རང་གཞན་དོན་གཉིས་འབྲས་བུ་ཡོངས་སུ་སྨིན། །རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅི་འདྲ། །དེ་འདྲ་བདག་ཀྱང་མྱུར་བ་ཉིད་ཐོབ་ཤོག །

དེ་ལྟར་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ཁྲིད་སྐྱེ་མེད་ཞང་ཚལ་པ་ནས་བརྒྱུད་པའི་གསོལ་འདེབས་མ་ཎི་ཀའི་ཕྲེང་བ་ཞེས་སྨོན་ལམ་དང་བཅས་པ་འདི་ཉིད་མདོ་ཁམས་ཀཿཐོག་ལྷོར་ལྷ་རིག་རྔུ་ཡི་བཙུན་པ་ཚལ་པའི་སྒོམ་ཆུང་ཚེ་དབང་ནོར་བུ་འཇམ་དཔལ་རྒྱ་མཚོའམ་འཇམ་དབྱངས་སེང་གེ་ཡིས་སྙིང་ནས་མོས་གུས་དྲག་པོས་ས་བྱ་དབོ་ཟླའི་ཚེས་བཟང་ཉེར་ལྔའི་སྐབས་སུ་གང་ཤར་རང་བབ་ལྷུག་པར་གཙང་ལ་སྟོད་བྱང་། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བསྟི་གནས་ཡོངས་གྲུབ་ལྕགས་ཁ་ལོ་ཧི་ཏའི་ཀླུང་གནམ་སྔོན་ཞུ་བ་ལྟ་བུའི་འགྲམ་དུ་སྦྱར་གྲུབ་པ་བྱས་ཏེ།

འདིར་སྨྲས་པ། ངེས་སྟོན་བསྟན་པའི་ཤིང་རྟ་དྭགས་རྒྱུད་ཀྱི། །གྲུབ་མཐའ་འཆང་ནས་འཛིན་མའི་ཁུར་ལྕི་ཡང་། །ཚལ་བརྒྱུད་སྙིང་པོའི་ཆོས་ནི་ཆེས་ཕྲ་བར། །གྱུར་ཀྱང་ལེགས་པར་རྙེད་འདི་བདག་སྐལ་བཟང་། ། ༡ ཐབས་བཀྲོལ་ཟུང་རེས་ཆོག་མི་ཤེས་མིན་ཡང་། །ཕྱོགས་རེས་མ་ཡིན་བླ་མེད་རྒྱུད་བཞིའི་སྙིང་། །རེ་རེས་གང་ཟག་ཚེགས་མེད་གྲོལ་བའི་ལམ། །སྐྱེ་མེད་ཞང་གི་བཞད་པ་རྨད་དུ་བྱུང་། ། ༢ ཡིན་ངེས་བཞི་དང་གཉིས་བསྣན་རྣམ་པ་དྲུག །ཀུན་གྱི་ཐུགས་བཅུད་འདུས་པའི་བྱིན་རླབས་གཏེར། །མ་ཚང་མེད་པའི་ཡིད་བཞིན་དབང་གི་རྒྱལ། །ཚལ་པ་ལས་རྒྱུད་ཕྱག་ཆེན་དོན་གྱི་ཁྲིད། ། ༣ ངེས་པར་ཐོས་སོ་ཤར་ཕྱོགས་བདེ་ཆེན་ནས། །འོང་མི་ལྷ་རིགས་གཞོན་ནུ་རྣལ་འབྱོར་རོ། །དེ་ནི་མངའ་རིས་གུང་ཐང་ནུབ་རིས་སུ། །འཐོན་རིགས་འཁྲུལ་ཞིག་སྦས་པའི་སངས་རྒྱས་ནི། ། ༤ ནམ་མཁའ་བསྟན་འཛིན་ཆོས་ཀྱི་ཉི་མ་ཞེས། །རྗེ་བཙུན་དེ་ཡི་བཀའ་དྲིན་མཆོག་ལས་སོ། །ནམ་ཡང་བསྐྱུད་པ་མེད་དོ་འཐོན་བརྩོན་ཞབས། །བཀའ་དྲིན་སྙི་ནས་དྲན་ནོ་མན་ལུང་པ། །བདག་རྒྱུད་སྨིན་གྲོལ་མཛོད་ཅིག་ཚལ་ཆེན་རྗེ། །བྱིན་རླབས་ཉམས་ལེན་སྩོལ་ཅིག་ཆོས་གཉིས་མ། །བདག་ནི་སྐྱེ་ཀུན་གུ་རུ་ཞང་སྟོན་གྱིས། །བསྟན་པའི་སྲོག་ཤིང་འཆང་སྤེལ་བྱེད་པོར་ཤོག ། ༥

ཅེས་པའང་ལྷ་རིགས་གཞོན་ནུ་ཚེ་དབང་ནོར་བུས་སྨྲས་སོ། །སརྦ་མངྒ་ལཾ།

༈ གྲུབ་པའི་དབང་ཕྱུག་དབུས་སྨྱོན་ཧེ་རུ་ཀ་དཔལ་ཀུན་དགའ་བཟང་པོ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་བླ་རབས་གསོལ་འདེབས།

ཨོཾ་ཨཱ༔ཧཱུཾ། མ་ཧཱ་མུ་ཏྲ་སིདྡྷི་ཕ་ལ་ཧཱུཾ། ཨཱ། རྒྱལ་བ་ཡོངས་ཀྱི་ཡེ་ཤེས་ཆིག་མཉམ་ཆོས་སྐུ་རྡོ་རྗེ་འཆང་། །འོད་གསལ་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་སྐུ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་གཉུག་མའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གང་། །བླ་མའི་མཐུ་ཡིས་དེ་རིང་མངོན་རྟོགས་འབྲས་བུ་བརྙེས་བྱིན་རློབས། །ཛ་གོར་ཡུལ་ནས་བྲམ་ཟེའི་རིགས་ལ་སྤྲུལ་སྐུ་ཏེ་ལོ་པ། །དཔེ་མེད་གྲོང་འཁྲུངས་ནཱ་རོ་ཏ་པ་མཁས་གྲུབ་སྙན་གྲགས་བཟང་། །གསོལ་བ་འདེབས་སོ༴ བླ་མའི་མཐུ་ཡིས༴ མར་སྟོན་གཉིས་སྨྲ་རྒྱུད་སྡེ་བཞི་བརྙེས་དཔལ་ལྡན་ཆོས་བློ་གྲོས། །བླ་མའི་ཐུགས་ཟིན་དཀའ་སྤྱད་མཐར་ཕྱིན་མི་ལ་རས་ཆེན་ཞབས། །གསོལ་བ་འདེབས་སོ༴ བླ་མའི༴ ཟབ་གསལ་རྡོ་རྗེའི་ཐུགས་བརྙེས་དྭགས་པོ་ལྷ་རྗེ་ཟླ་འོད་པ། །སྨན་པའི་རྒྱལ་པོ་ཞིང་འདིར་སྤྲུལ་བསྒྱུར་དཔལ་ལྡན་ཕག་མོ་གྲུ། །གསོལ་བ༴ བླ་མའི༴ འདའ་བསྣུན་རྟོགས་པར་ཅོ་འདྲིའི་མཁའ་འགྲོའི་དབང་ཕྱུག་གླིང་རིས་པ། །ལག་ན་པདྨ་རས་གོས་ཀྱིས་དབྱིབས་འགྲོ་མགོན་རྒྱ་རས་ཞབས། །གསོལ་བ༴ བླ་མའི༴ ཁ་བ་ཅན་གྱི་དཔལ་རིར་ཡེ་ཤེས་གར་མཁན་རྒོད་ཚང་པ། །ཕྱི་ནང་གཞན་གསུམ་སྒྲིབ་མེད་སྤྱན་ལྡན་ཆོས་རྗེ་ལྷ་སྡོང་ཞབས། །གསོལ་བ༴ བླ་མའི༴ སྦས་ཚུལ་སྒྲུབ་པའི་སེངྒ་ཚེ་ལ་མངའ་བརྙེས་རྒྱལ་མཚན་འབུམ། །འོད་གསལ་གནས་ལུགས་ལེགས་གཟིགས་རྣལ་འབྱོར་དབང་པོ་ཤེས་རབ་མགོན། །གསོལ་བ༴ བླ་མའི༴ རིན་ཆེན་རྒྱལ་བའི་ཐུགས་མཆོག་རོལ་གར་མངོན་གྱུར་ཀུ་མ་ར། །དྲི་མེད་ཤེས་རབ་རྣམ་དག་མཁྱེན་མངའ་བསོད་ནམས་རྒྱལ་བའི་མཚན། །གསོལ་བ་འདེབས་སོ༴ བླ་མའི༴ རཏྣ་བྷ་དྲ་ཕག་གྲུར་སེང་ཁྲིར་དོན་དམ་འོད་གསལ་ཐུགས། །དབུས་སྨྱོན་ཀུན་བཟང་ཡེ་ཤེས་སྒྱུ་ལུས་བརྟུལ་ཞུགས་སྤྱོད་མཛད་གཙོ། །གསོལ་བ་འདེབས་སོ༴ བླ་མའི༴ རླབས་གསུམ་གྱིས་མཛེས་དམ་པ་མང་པོའི་གསང་འཛིན་རྣམ་གྲོལ་བཟང་། །མི་ཤིགས་གསུམ་འབྲས་ཆོས་ཉིད་བདེན་མཐོང་ཆོས་སྐྱོང་རྡོ་རྗེ་དཔལ། །གསོལ་བ༴ བླ་མའི༴ རླུང་སེམས་ལས་རུང་སྤྲོས་བྲལ་དོན་རྟོགས་ཡོན་ཏན་རྒྱ་མཚོའི་སྡེ། །སྦས་པའི་ཡུལ་བགྲོད་གཉིས་སྤངས་རྣལ་འབྱོར་ཤཱཀྱ་བཟང་པོ་ལ། །གསོལ་བ་འདེབས་སོ༴ བླ་མའི༴ རིམ་གཉིས་ལམ་ལ་ནམ་ཡང་གཡོ་མེད་ཡོན་ཏན་རྒྱལ་བའི་མཚན། །གནས་ལུགས་ཕྱག་རྒྱ་ཆེན་པོ་ཇི་བཞིན་མངོན་གྱུར་ཀརྨ་དཔལ་རྡོ་རྗེ། །གསོལ་བ༴ བླ་མའི༴ དམ་པས་རྗེས་བཟུང་ཡང་དག་ལམ་མཁན་ཤེས་རབ་གསུམ་གྱིས་ཕྱུག །ལྷ་སྔགས་ཏིང་འཛིན་རྟག་བརྩོན་གྲུབ་དབང་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོ། །གསོལ་བ༴ བླ་མའི༴ སྨིན་གྲོལ་མཐར་ཐུག་གནས་ལུགས་ཡེ་ཤེས་རྒྱུད་ལ་སྟེར་མཛད་པ། །བཀའ་དྲིན་མཚུངས་མེད་རྡོ་རྗེ་སློབ་དཔོན་མཆོག་གྱུར་རྩ་བ་ལ། །གསོལ་བ༴ བླ་མའི༴ དངོས་གྲུབ་མཆོག་སྟེར་ཧེ་རུ་ཀ་དཔལ་འཁོར་ལོའི་བསྒྱུར་མཛད་པ། །བདེ་མཆོག་དྲ་བ་སྡོམ་པ་དགྱེས་མཛད་དཔའ་མ་ཝཱ་ར་ཧི། །གསོལ་བ༴ བླ་མའི༴ གནས་གསུམ་ལ་བརྟེན་ལྷན་སྐྱེས་བདེ་བ་སྦྱིན་མཛད་ཕོ་ཉ་མོ། །རྒྱལ་བའི་བསྟན་སྐྱོང་དམ་ཚིག་བཀའ་ཡིས་སྲུང་མ་མཐུ་ལྡན་ལ། །གསོལ་བ་འདེབས་སོ༴ བླ་མའི༴ དེ་ལྟར་ཕྱག་རྒྱ་ཆེན་པོ་ལྷན་གཅིག་སྐྱེས་སྦྱོར་བརྒྱུད་པ་ཡིས། །རྩ་བ་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་མཆོག་རྣམས་ལ། །མི་ཕྱེད་གསོལ་བ་བཏབ་པས་དམིགས་མེད་ཡེ་ཤེས་མཆོག །བླ་མའི་མཐུ་ཡིས་དེ་རིང་ཉིད་དུ་བདག་གིས་མངོན་རྟོགས་ཤོག །གསལ་སྟོང་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་རབ་ཤར་རྩེ་གཅིག་གནས། །སྐྱེ་འགག་གནས་བྲལ་རྟོགས་ཚོགས་རང་གྲོལ་ངོ་བོ་སྤྲོས་བྲལ་བ། །གཉིས་ཆོས་གཉིས་མེད་རོ་གཅིག་དཔེ་ཡི་འོད་གསལ་མངོན་གྱུར་ནས། །བྱ་རྩོལ་ལས་འདས་བསྒོམ་མེད་འོད་གསལ་དོན་དམ་མྱུར་ཐོབ་ཤོག །མེ་ལོང་ལྟ་བུའི་སྐུ་དང་ཡེ་ཤེས་ཟུང་འཇུག་བདེ་བ་ཆེ། །སངས་རྒྱས་ཀུན་གྱི་ཐུགས་མཆོག་ཆོས་ཀྱི་སྐུ་དེ་ཡོངས་གྲུབ་ནས། །ནམ་མཁའི་ཁྱོན་ཁེངས་འགྲོ་ངོར་བསམ་གྱིས་མི་ཁྱབ་གཟུགས་ཀྱི་སྐུ། །ལྷུན་གྱིས་གྲུབ་པ་སེམས་ཅན་མ་ལུས་བྱང་ཆུབ་ཆེར་བཀོད་ཤོག །

ཅེས་པ་ཡང་གྲུབ་པའི་དབང་ཕྱུག་དབུས་སྨྱོན་ཧེ་རུ་ཀ་དཔལ་ཀུན་དགའ་བཟང་པོ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་བླ་རབས་གསོལ་འདེབས་འདི་ནི་མདོ་ཁམས་ཤཱཀྱའི་དགེ་བསྙེན་ཚེ་དབང་ནོར་བུས་རང་གཉིས་མོས་པའི་རྐྱེན་གྱི་ལྕགས་ཁྱི་རྒྱལ་ཟླའི་ཚེས་བཟང་བཅུ་ལ་མངའ་རིས་གློ་བོའི་རྒྱལ་ཁབ་སྨོན་ཐང་དུ་སྦྱར་བའི་ཡི་གེའི་གཟུགས་བརྙན་དུ་སྒྱུ་པ་པོ་སྤྲུལ་པའི་སྐུ་དམ་པ་འཕྲིན་ལས་བསྟན་འཛིན་ནོ། །དགེའོ། །

ཕྱག་ཆེན་ལྷན་སྐྱེས་བར་འབྲུག་ནས་བརྒྱུད་པའི་གསོལ་འདེབས་ཉུང་ངུ་བྱིན་རླབས་མྱུ་གུ།

༈ ཕྱག་ཆེན་ལྷན་སྐྱེས་བར་འབྲུག་ནས་བརྒྱུད་པའི་གསོལ་འདེབས་ཉུང་ངུ་བྱིན་རླབས་མྱུ་གུ་ཞེས་བྱ་བཞུགས་སོ། །

ན་མོ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །ཤེས་རབ་བཟང་པོ་དཔལ་ལྡན་རྩ་ཤད་པ། །ཆོས་ཀྱི་བློ་གྲོས་བཞད་པ་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་ཕྱག་ཆེན་དངོས་གྲུབ་སྩོལ། །དྭགས་པོ་ལྷ་རྗེ་འགྲོ་མགོན་རྡོ་རྗེ་རྒྱལ། །པདྨ་རྡོ་རྗེ་ཡེ་ཤེས་རྡོ་རྗེའི་ཞབས། །དབོན་རས་དར་སེང་གཞོན་ནུ་སེངྒེ་ལ། །གསོལ་བ་འདེབས་སོ༴ ཉི་མ་སེངྒེ་སེངྒེ་ཤེས་རབ་ཆེ། །སེངྒེ་རིན་ཆེན་སེངྒེ་རྒྱལ་པོ་མཆོག །ཀུན་དགའ་སེངྒེ་བཛྲ་རཏྣ་ལ། །གསོལ་བ་འདེབས༴ བློ་གྲོས་སེངྒེ་ཤེས་རབ་སེངྒེ་དཔལ། །ཛྙཱ་རཏྣ་བློ་གྲོས་མཆོག་ལྡན་པ། །ནམ་མཁའི་རྣལ་འབྱོར་འབྲུག་པ་རྒྱལ་དབང་རྗེ། །གསོལ་བ༴ ངག་དབང་ཆོས་རྒྱལ་བྱར་པ་ཆོས་ཀྱི་གྲགས། །གཉིས་སྤང་རྣལ་འབྱོར་མི་ཕམ་པདྨ་དཀར། །ངག་དབང་བཟང་པོ་ཤེས་རབ་སྤྲིན་སྒྲ་རྒྱས། །གསོལ་བ༴ སྒོམ་སྨྱོན་སྤྲུལ་སྐུ་ཕྱག་རྡོར་ནོར་བུ་དཔལ། །རང་རིགས་རས་པ་ཀུན་དགའ་རྒྱ་མཚོའི་སྡེ། །སྦས་པའི་སངས་རྒྱས་འཇམ་དབྱངས་འཕྲིན་ལས་ཞབས། །ཕྱག་ཆེན་ལྷན་སྐྱེས་ངོ་སྤྲོད་རྩ་བ་ཡི། །བླ་མ་བརྒྱུད་པར་བཅས་ལ་གསོལ་བཏབ་མཐུས། །ཚེ་རབས་རྟག་ཏུ་ངེས་དོན་ཆོས་དང་འཕྲད། །དབང་བཞིས་རྒྱུད་སྨིན་གནས་ལུགས་ལྟ་བ་རྟོགས། །ནོར་འཁྲུལ་ཡོངས་སྤངས་སྒྲུབ་བརྒྱུད་བསྟན་པ་སྤེལ། །བུ་སློབ་རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ། །འཁོར་བར་ཞེན་ལོག་བླ་མར་མོས་གུས་རྒྱས། །བརྩོན་འགྲུས་མཐར་ཕྱིན་རྒྱུ་འབྲས་རྟེན་འབྲེལ་ཤར། །རྐྱེན་ཀུན་རོ་སྙོམས་ཟབ་མོ་ཕྱག་རྒྱ་ཆེ། །དེ་ལས་མི་འདའ་སྐུ་གསུམ་འབྲས་ཐོབ་ཤོག །

ཞེས་ཕྱག་ཆེན་བརྒྱུད་པ་བར་འབྲུག་གདན་རབས་ནས་བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་ཤིན་ཏུ་མང་ལ་དད་པའི་མོས་པའི་ས་བོན་ཙམ་དུ་ཚེ་དབང་ནོར་བུས་གློ་བོ་སྨོན་ཐང་དུ་ལྕགས་ཁྱི་རྒྱལ་ཟླའི་ཚེས་བཅོ་ལྔར་སྨྲས་པའི་ཡིག་རིས་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་གྱི་བགྱིས་པ་དགེའོ། །དགེའོ། །དགེའོ། །

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བོ་དོང་འཇིགས་མེད་དབྱངས་ཅན་དགའ་བ་ནས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་རིན་ཆེན་ཕྲེང་བ།

༈ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བོ་དོང་འཇིགས་མེད་དབྱངས་ཅན་དགའ་བ་ནས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་རིན་ཆེན་ཕྲེང་བ་བཞུགས་སོ། །

ན་མོ་མ་ཧཱ་མུ་དྲ་ཡ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་ལ་འདྲེའོ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤར་བྷང་ག་ལ་ཡི་ཡུལ་ལྗོངས་སུ། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུཥྤ་ཧ་རིའི་དགོན་པ་རུ། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་ཕོ་བྲང་དུ། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །གནས་ལ་ཕྱི་གངས་ཀྱི་ར་བ་རུ། །དབང་ཕྱུག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཤར་དྭགས་ལ་སྒམ་པོའི་དགོན་པ་རུ། །ལྷ་རྗེ་ཟླ་འོད་གཞོན་དུ་ལ་གསོལ་བ་འདེབས། །གནས་ཕག་མོ་གྲུ་པའི་མཐར་རྩ་རུ། །བདེ་གཤེགས་རྡོ་རྗེ་རྒྱལ་པོ་ལ་གསོལ་བ་འདེབས། །གནས་སྣ་ཕུ་ཆོས་ལུང་གི་དགོན་པ་རུ། །གླིང་རས་པ་པདྨ་རྡོ་རྗེ་ལ་གསོལ་བ་འདེབས། །འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས། །ཤྲཱི་རྒོད་ཚང་ཤེལ་གྱི་བྲག་ཕུག་ཏུ། །རྒོད་ཚང་མགོན་པོ་རྡོ་རྗེ་ལ་གསོལ་བ་འདེབས། །གནས་ལྷ་གདོངས་དཔལ་གྱི་ཡར་དགོན་ནས། །སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་ལ་གསོལ་བ་འདེབས། །གནས་ཀླུ་རྒྱལ་བུ་ལེའི་གངས་ཁྲོད་ནས། །ཐུགས་སྲས་སྤྱན་ལྔ་རིག་ལྡན་ལ་གསོལ་བ་འདེབས། །གནས་ཐར་ཕུག་དཔལ་གྱི་དགོན་པ་རུ། །ཆོས་རྗེ་རིན་ཆེན་དཔལ་བཟང་ལ་གསོལ་བ་འདེབས། །མུས་ཐ་གོང་དཔལ་གྱི་དགོན་པ་རུ། །བླ་མ་གཉེན་སྟོན་པ་ཆེན་པོ་ལ་གསོལ་བ་འདེབས། །མུས་ཤུ་གུ་འཚལ་གྱི་གཙུག་རྒྱན་དུ། །བླ་མ་ཤེས་རབ་འབུམ་ལ་གསོལ་བ་འདེབས། །གནས་དངུལ་ཆུ་ཆོས་རྫོང་གི་དགོན་པ་རུ། །སྐྱེས་མཆོག་རྒྱལ་སྲས་ཐོགས་མེད་ལ་གསོལ་བ་འདེབས། །གྱམ་བསམ་གཏན་གླིང་གི་དགོན་པ་རུ། །འཁྲུལ་ཞིག་ལོ་ཆེན་བྱང་རྩེ་ལ་གསོལ་བ་འདེབས། །གནས་ལ་སྟོད་ཤེལ་དཀར་གྱི་ཆོས་སྡེ་རུ། །ལོ་ཆེན་གྲགས་པ་རྒྱལ་མཚན་ལ་གསོལ་བ་འདེབས། །གནས་ཆོས་ལྡིངས་རྒྱལ་བའི་ཞིང་ཁམས་སུ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །འཇིགས་མེད་དབྱངས་ཆེན་དགའ་བ་ལ་གསོལ་བ་འདེབས། །ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ་གསོལ་བ༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛི་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་སྒོ་མོ་ཆོས་སྡེའི་དགོན་པ་རུ། །སྤོ་པ་ཆོས་རྒྱལ་བཟང་པོ་ལ་གསོལ་བ༴ གནས་གར་བཞུགས་དག་པའི་དབེན་གནས་སུ། །སྐུ་ཞང་ཀུན་དགའ་སྙིང་པོ་ལ་གསོལ་བ༴ གནས་དཔལ་མོ་ཆོས་སྡིངས་ཀྱི་དགོན་པ་རུ། །ཉམས་མེད་ཤེས་རབ་རྒྱ་མཚོ་ལ་གསོལ་བ༴ གནས་བསམ་གཏན་རྩེ་མོའི་དགོན་པ་རུ། །མཁས་བཙུན་ནམ་མཁའ་འོད་ཟེར་ལ་གསོལ་བ༴ གནས་མངོན་དགའ་ཆོས་ཀྱི་ཕོ་བྲང་ནས། །ཆོས་རྒྱལ་ནམ་མཁའ་རིན་ཆེན་ལ་གསོལ་བ༴ གནས་བསམ་གཏན་ཞལ་གཟིགས་དགོན་པོ་རུ། །འདུལ་འཛིན་ནམ་མཁའི་རྒྱལ་པོ་ལ༴ གནས་གསང་སྔགས་བདེ་ཆེན་གྱི་དགོན་པ་རུ། །མཁས་གྲུབ་ནམ་མཁའ་དཀར་པོ་ལ༴ གནས་འབྲངས་རྒྱས་བསམ་གཏན་གླིང་གི་དབེན་གནས་སུ། །ཡོངས་འཛིན་ནམ་མཁའ་ནོར་བུ་ལ་གསོལ་བ༴ གནས་བྲང་མཚོ་རྫོང་ཕུག་གི་སྒྲུབ་ཁང་ནས། །འདྲེན་མཆོག་འཇམ་དབྱངས་འཕྲིན་ལས་ལ༴ གནས་ཕྱོགས་མེད་འགྲོ་དོན་སྐྱོང་བ་ནས། །རིག་འཛིན་ཚེ་དབང་ནོར་བུ་ལ་གསོལ་བ༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །འདྲེན་མཆོག་འཁོར་ལོའི་མགོན་པོ་ལ༴ གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ནས། །ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ༴ གནས་མཁའ་སྤྱོད་དག་པའི་ཞིང་ཁམས་སུ། །ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༴ གནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴ གནས་ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ༴ ཆོས་བདག་དཔའ་བོ་མཁའ་འགྲོ་ལ༴ གནས་དམ་ཚིག་གཙང་མའི་གཞལ་ཡས་སུ། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ༴ སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་འདི་སྣང་བློ་ཡི་བོར་ནུས་ཤིང་། །ཟག་མེད་དག་སྣང་ལ་རང་བྱན་ཆུད་པ་ཡིས། །མཚན་ལྡན་བླ་མ་ལ་ཕུར་ཚུགས་དད་གུས་ཀྱིས། །བྱིན་རླབས་འཕོ་བ་མཆོག་སྙིང་དབུས་མྱུར་འཇུག་མཛོད། །འཕྲལ་རྐྱེན་ཕྱི་ནང་གི་བར་ཆད་སེལ་བ་དང་། །འདོད་དོན་ཡིད་བཞིན་དུ་ལྷུན་གྱིས་གྲུབ་པ་ཡི། །མཆོག་ཐུན་དངོས་གྲུབ་ཀུན་འབད་མེད་སྙིང་བརྙེས་པས། །ཚེ་གཅིག་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱིན་རློབས། །

ཞེས་པ་མ་ཧཱ་པཎྜི་ཏ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ནས་བརྒྱུད་པའི་ཕྱག་ཆེན་ལྷན་སྐྱེས་ཀྱི་བླ་མ་རྣམས་ལ་གསོལ་འདེབས་སྔར་གྱི་རྙིང་པ་ལ་ཚིག་བསྒྱུར་བཅོས་ཁ་བསྐངས་བ་ནི་ཚེ་དབང་ནོར་བུས་བག་ཡོད་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ལ་རུ་ལག་འབྲས་སྤུངས་སུ་བྲིས་པ་སརྦ་མངྒ་ལཾ།

ཡང་བརྒྱུད་པ་ལུགས་གཅིག་ལ། ནམ་མཁའ་ནོར་བུ་ནས། ནམ་མཁའ་བསྟན་འཛིན་དང་། དེས་ཟབ་གསལ་ཆོས་འཕེལ་ཏེ། དེ་ལ་ཁོ་བོས་ལེགས་པར་འཁུམ་པས། དེ་ལྟར་ན། གནས་ཆོས་དབྱིངས་རྒྱལ་བའི་གདན་ས་ནས། །ཆོས་རྗེ་ནམ་མཁའ་བསྟན་འཛིན་ལ་གསོལ་བ་འདེབས། །གནས་བསྟས་དགའ་ཙན་དན་ཤུག་ཁྲོད་ནས། །གྲུབ་མཆོག་ཟབ་གསལ་ཆོས་འཕེལ་ལ་གསོལ་བ་འདེབས། །གནས་ཕྱོགས་མེད་མན་ཆད་སྔར་ལྟར་རོ། །དེ་ཡང་ཚེ་དབང་ནོར་བུས་སོ། །སརྦ་མངྒ་ལཾ།

མན་ངག་ཟབ་མོ་བརྒྱུད་པའི་བླ་མའི་བརྒྱུད་པའི་གསོལ་འདེབས།

༈ མན་ངག་ཟབ་མོ་བརྒྱུད་པའི་བླ་མའི་བརྒྱུད་པའི་གསོལ་འདེབས་བཞུགས།

ན་མོ་བུདྡྷ་བྷོ་དྷི་ས་ཏྭ་བྷྱ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཟབ་གསལ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ཡི་མན་ངག་ཟབ་མོ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་འཁོར་བའི་དུཿཁས་མནར་བའི་འགྲོ་བ་རྣམས། །ཡང་དག་ལམ་ལ་དཀྲི་བར་བྱེད་པ་རྗེ་བཙུན་མཆོག །འཇམ་དཔལ་དཔའ་བོ་བསམ་གྱིས་མི་ཁྱབ་སྒྱུ་འཕྲུལ་གྱིས། །སྣང་བ་ཆོས་ཀྱི་ཉི་མ་བླ་མ་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྙིང་པོ་གདོད་ནས་མི་འཇིགས་སྟོབས་ལ་སོགས། །ཡོན་ཏན་ཀུན་ལྡན་གློ་བུར་དྲིས་སྒྲིབ་བདེ་གསལ་འབྲས་བུ་ནི། །སྤངས་རྟོགས་ཕུན་ཚོགས་རིགས་མཆོག་སྒྱུ་འཕྲུལ་སྲས་པོ་ལྷ་ཡི་ལྷ། །རྒྱལ་མཆོག་དོན་གྲུབ་རིན་ཆེན་སྙིང་པོ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་དུ་གྱུར་ཀྱང་རྒྱལ་བའི་སྲས་ཚུལ་ཆོས་འཕྲིན་གྱིས། །དབང་ཕྱུག་ཆེན་པོ་རྒྱལ་བའི་སྲས་གསུམ་དབང་བྱེད་འཕགས་མཆོག་གིས། །རབ་དཀར་པདྨོ་ལག་དང་ཟུར་ཕུད་ལྔས་རྒྱན་གཞོན་ནུའི་ལུས། །གསང་བའི་རྒྱལ་པོ་རྡོ་རྗེ་མཆོག་གང་ལ་ཕྱག་འཚལ་ལོ། །ལྷ་ཡི་འགྲོ་ལ་ཕན་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཉ་ཡི་མགྲིན། །རབ་མཛེས་ལྷ་ཡི་ལུས་སུ་སྤྲུལ་བསྒྱུར་རྒྱལ་སྲས་བློ་གྲོས་རིན་པོ་ཆེ། །རྒྱལ་བ་གཅིག་ཆར་རྟོགས་པའི་བདག་པོར་ལུང་བསྟན་ཐེག་ཆེན་གྱིས། །ཤིང་རྟ་མཆོག་གྱུར་དཔལ་ལྡན་མདའ་བསྣུན་སྒྲ་གཅན་འཛིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་ཤཱཀྱའི་བསྟན་པའི་གདུལ་བྱའི་ངོར། །རབ་དགའི་སར་བཞུགས་སེམས་དཔའི་ཚུལ་བསྟན་མཚན་དཔེས་བརྒྱན་པའི་སྐུ། །སྲིད་གསུམ་དབང་པོ་ཀུན་གྱིས་མཆོད་པའི་ཞིང་གྱུར་འཇིག་རྟེན་མགོན་པོ་ནི། །སྡེ་སྣོད་བཞི་ཡིས་མཛོད་ལ་དབང་བརྙེས་ན་ག་ཛུ་ནར་ཕྱག་འཚལ་ལོ། །གང་གི་རྒྱལ་ཚབ་ཐུ་བོ་དམ་པ་སེངྒེ་ལ་ཡི་རྒྱལ་པོའི་སྲས། །ལུང་རྟོགས་ཆོས་ལ་དབང་བསྒྱུར་ཨརྱ་དེ་བ་ལྷ་ཡི་ལྷ་མཆོག་དཔལ། །འཕགས་པ་ཡབ་སྲས་ཐུགས་ཀྱི་བཅུད་གྱུར་མན་ངག་གསང་བའི་མཛོད་ཀུན་འཛིན། །འཆི་མེད་ཚེ་ལ་མངའ་བརྙེས་ཀླུ་ཡི་བྱང་ཆུབ་དེ་ལའང་ཕྱག་འཚལ་ལོ། །འཕགས་པའི་ཞབས་བརྟན་སྲས་ཀྱི་མཆོག་གྱུར་སྡེ་སྣོད་ཀུན་འཆང་ལུས་དེའི་འོག །བདེ་བ་ཅན་དུ་གཤེགས་གྱུར་བྱང་ཆུབ་སེམས་དཔའ་འམ་སྒྲ་གཅན་འཛིན་བཟང་པོ། །སྦྱངས་པའི་ཡོན་ཏན་ལ་སྤྱོད་ཐེག་ཆེན་འཛིན་མཁས་སྒྲ་གཅན་འཛིན་བཤེས་གཉེན། །འགྲོ་ལ་སྨན་ཆད་ཡུན་འཚོར་གྱུར་པ་ཀླུའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །འཕགས་ཀླུའི་རྗེས་འབྲང་མཚན་མེད་ལྟ་བའི་སྲོལ་བཏོད་དགེ་འདུན་བསྲུང་བ་པ། །ངོ་བོ་ཉིད་མེད་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར་ཅིང་རིལ་བུ་ཡི། །རྣམ་སྨིན་ཕུང་པོ་མ་སྤངས་རིག་པ་འཛིན་པའི་སར་གཤེགས་སངས་རྒྱས་སྐྱོང་། །དེ་ཡི་རྗེས་ཞུགས་ཐེག་ཆེན་མིག་གྱུར་པདྨོའི་བློ་ལ་ཕྱག་འཚལ་ལོ། །སྐྱེ་བ་དུ་མར་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་མཁས་ལ་མཁས་པའི་མཆོག །རྒོལ་པ་མཐར་བྱེད་ངག་གི་དབང་ཕྱུག་ངོ་མཚར་མཛད་པ་དུ་མའི་བདག །མཐའ་བྲལ་དོན་སྟོན་འཇའ་ལུས་རྡོ་རྗེའི་སྐུར་ཟླ་བ་གྲགས་པའི་དཔལ། །དེ་ཡི་རྗེས་བཟུང་རྫུ་འཕྲུལ་མཆོག་བརྙེས་སྲུང་བའི་ཞབས་ལ་ཕྱག་འཚལ་ལོ། །བྲམ་རིགས་ཆེས་མཁས་སེང་བཟང་སྒེག་རྡོར་དཔལ་མོ་བྱིས་སྦིས་ཞབས། །ལེགས་བསྙེན་སྡེ་སྣོད་བཞིར་སྦྱངས་ཤེས་རབ་རྒྱུད་ལས་ཆོས་རྒྱུན་ཏིང་འཛིན་བརྙེས། །བསྲུང་པ་ལི་ཏ་བའི་ཞབས་ལ་གསང་འདུས་བཅོ་བརྒྱད་ཚར་ཉན་དྲག་ཤུལ་སྤྱོད་པ་ཡིས། །ལུང་བསྟན་ཐོབ་ནས་འཇམ་དཔལ་སྤྲུལ་པའི་དགེ་སྦྱོང་གཉིས་སྤངས་ཚུལ་བཟུང་གྱུར། །པདྨའི་སྦུབས་སུ་སྐུ་འཁྲུངས་འཇམ་དཔལ་བཤེས་གཉེན་ཕྱི་མར་ཡོངས་གྲགས་པ། །གང་གི་སྒྱུ་འཕྲུལ་བདེ་བར་གཤེགས་འདུས་བཅུ་དགུའི་དཀྱིལ་འཁོར་མངོན་བསྟན་ནས། །དབང་བསྐུར་ཞལ་ལུང་ཐོབ་པས་མཆོག་ཏུ་ཕྱག་རྒྱ་ཆེན་པོ་ཁོ་ན་ཉིད། །མངོན་གྱུར་ནུས་པ་དཔག་མེད་སངས་རྒྱས་ཡེ་ཤེས་ཞབས་ལ་ཕྱག་འཚལ་ལོ། །དེ་སློབ་མཆོག་གི་བདེ་ཆེན་ཞིང་དུ་སངས་རྒྱས་འོད་དཔག་མེད་པ་གང་། །ཞིང་འདིར་ཐུབ་པའི་རྒྱལ་ཚབ་ཚུལ་བཟུང་ཨོ་རྒྱན་རྒྱལ་པོ་ཐོར་ཅོག་ཅན། །རྒྱལ་ཀུན་ཕྲིན་ལས་བྱེད་པོར་གྱུར་པས་སངས་རྒྱས་ཀུན་ལས་འཕགས་ཞེས་བྱ། །བདེ་བ་ཆེར་གྲགས་པདྨ་འབྱུང་གནས་ཞབས་ལ་རྟག་པར་ཕྱག་འཚལ་ལོ། །གཞན་ཡང་ཡེ་ཤེས་ཞབས་བརྟན་མཐོང་བའི་ཆོས་ལ་མྱང་འདས་གྱུར་པ་ནི། །སྒྲ་གཅན་འཛིན་བཟང་རབ་ཞི་བཤེས་གཉེན་མར་མེ་མཛད་དཔལ་ཡེ་ཤེས་དང་། །རྒྱལ་ཚབ་སར་གཤེགས་སངས་རྒྱས་ཞི་སངས་ཆོས་འབྱུང་གཙུག་ཏོར་སྨན་པའི་ཞབས། །རྡོ་རྗེ་སློབ་དཔོན་ཆེན་པོ་དེ་སྲས་སློབ་མའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །བདེ་བ་ཆེན་པོ་པདྨ་འབྱུང་གནས་ཞབས་དང་སྨན་པའི་ཞབས་བསྙེན་ནས། །རིམ་གཉིས་ཡོན་ཏན་ཡོངས་རྫོགས་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཡི་གེ་ཞབས། །དེ་ཡི་རྒྱུད་འཛིན་དམ་པ་ཡེ་ཤེས་ཚེ་དབང་བརྙེས་པ་ཀརྣ་ཧཱད། །གནས་ལྔ་རིག་པའི་ཕུལ་གྱུར་ཡེ་ཤེས་དཔལ་བཤེས་ཞབས་ལའང་ཕྱག་འཚལ་ལོ། །རྣམ་གནོན་གཏོར་མི་སློབ་དཔོན་བྱིན་རླབས་ནུས་མཐུ་ཆེ་ལྡན་ཀླུ་སྒྲུབ་མཚན། །དེ་ཡི་སློབ་མ་གངས་རིའི་ཁྲོད་དུ་གཉོས་ཀྱི་རིགས་འཁྲུངས་འབྱུང་པོ་ཞེས། །ཆོས་རྒྱལ་མྱ་ངན་མེད་པའི་སྐྱེ་བར་ཞལ་བཞེས་མ་ཧཱ་ལོ་ཙཱ་བ། །ཡོན་ཏན་གྲགས་ཞེས་མཁས་ཤིང་གྲུབ་པ་དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡི་རིགས་སྲས་ཆོས་ཀྱི་གདུང་འཚོབ་རྡོ་རྗེ་བླ་མ་ནུས་པར་ལྡན། །ཇོ་སྲས་དཔལ་ལེ་ཡི་དམ་ཞལ་གཟིགས་གྲགས་དཔལ་མཁས་ཤིང་ཆོས་སྐྱོང་ཁོལ། །སྤྱོད་འཆང་ནག་པོ་ངུར་སྨྲིག་གོས་ཀྱིས་མཛེས་བྱས་གནས་ལུགས་ཕྱག་ཆེན་ལ། །བྱན་ཆུད་ལྷ་ནང་པ་ཞེས་སངས་རྒྱས་རས་ཆེན་ཞབས་ལ་ཕྱག་འཚལ་ལོ། །སྟོད་ལུང་ཡེ་ཤེས་འབར་ནི་མཁྱེན་རབ་ཕུལ་བྱུང་ཟབ་གསལ་བདེན་དོན་རྟོགས། །ཆོས་འོད་གཞུང་ལུགས་ལ་སྦྱང་འཕགས་འོད་འོད་གསལ་རྒྱུན་གྱི་རྣལ་འབྱོར་གྱུར། །མི་བསྐྱོད་རྒྱལ་བས་བྱིན་རླབས་མཁས་པའི་ཕུལ་གྱུར་ཀུན་མཁྱེན་རིན་ཆེན་གྲུབ། །མཁས་ཤིང་ཡེ་ཤེས་ཆེ་ཐོབ་བྱང་རྩེ་གྲགས་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གྲོལ་མཐའ་ཡས་མགོན་པོ་ཞིང་འདིའི་འགྲོ་སླད་རྒྱལ་སྲས་ཚུལ། །འཇིགས་མེད་དབྱངས་ཅན་དགའ་ཞེས་ལུང་རྟོགས་བསྟན་པ་ཡོངས་རྫོགས་འཛིན་པའི་དཔལ། །རྡོ་རྗེ་སེམས་དང་རྣལ་འབྱོར་མ་ཚོགས་ཀུན་གྱི་སྡུག་དབྱུང་སློབ་དཔོན་ཆེན་པོ་གསང་བ་སྦྱིན། །མ་ཧཱ་པཎྜི་ཏར་གྱུར་ཆོས་ཀྱི་རྒྱལ་བའི་རྒྱལ་མཚན་དེ་ལ་སྙིང་ནས་ཕྱག་འཚལ་ལོ། །གང་གི་ཞབས་བརྟན་མི་ཤིགས་དྭངས་མའི་སྐུ་ཐོབ་བསོད་ནམས་མཆོག་གྱུར་མཚན། །ཕྲ་རགས་དབུར་ཐིམ་འོད་གསལ་རྒྱུན་བརྙེས་མོན་རྫོང་ཟླ་བ་རྒྱལ་བའི་མཚན། །རྒྱལ་བསྟན་སྙིང་པོ་འཇིགས་མེད་བཞེད་པ་ལེགས་མཁྱེན་ནམ་མཁའ་རིན་པོ་ཆེ། །རྟོགས་པའི་གར་མཁན་རྣལ་འབྱོར་དབང་ཕྱུག་ལྷ་དབང་གྲགས་པར་ཕྱག་འཚལ་ལོ། །གདོད་ནས་བྱང་ཆུབ་བརྙེས་ཀྱང་སྙིང་རྗེ་མཆོག་གི་འགྲོ་རྣམས་བཏང་མིན་པས། །རྟག་ཏུ་གཟུགས་སྐུའི་རོལ་པ་སྟོན་ལ་གཡེལ་མེད་རྣམ་པ་ཐམས་ཅད་པ། །པདྨ་འབྱུང་གང་སྤྱོད་འཆང་ནག་པོའི་མཚན་གྱིས་བསྒྱུར་བའི་སྒྱུ་འཕྲུལ་མཆོག །སྔོན་མེད་ལེགས་བཤད་སྤྲོ་མཁས་སྒྲོལ་བའི་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །དམ་པའི་རིགས་འཁྲུངས་བྱང་ཆུབ་སེམས་འབྱོངས་ཟབ་གསལ་ཉམས་མྱོང་ནམ་མཁའ་དཀར། །སྡོམ་བརྩོན་མང་ཐོས་བཤད་སྒྲུབ་བསྟན་པ་སྤེལ་བརྩོན་ནམ་མཁའ་ནོར་བུའི་ཞབས། །སྦས་པའི་ཚུལ་གྱིས་ངེས་དོན་གསལ་བྱེད་སྒྲོན་མེ་ཧེ་རུ་ཀ་དཔལ་དཔའ། །རྡོ་རྗེ་སློབ་དཔོན་འཕྲིན་ལས་རབ་བརྟན་ཞབས་ལ་རབ་ཏུ་གུས་ཕྱག་འཚལ། །སྔོན་ལས་བཟང་པོས་བློ་གྲོས་པདྨོ་རྒྱས་ཤིང་རིས་མེད་གྲུབ་པའི་མཐར། །གུས་པས་ཟབ་དགུའི་བཅུད་བླངས་མཐར་ཐུག་སྙིང་པོ་མི་ཤིག་དྭངས་མ་ཆེ། །ཟབ་གསལ་ངོ་བོ་སྒྲོ་འདོགས་ཆོད་པ་བྱ་བྲལ་ནམ་མཁའི་རྣལ་འབྱོར་པ། །རིག་སྔགས་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོར་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱིས་བགྲོད་པ་གཅིག་གི་ལམ་གྱུར་ཟུང་འཇུག་སྔགས་ཀྱི་ཆོས། །ཟབ་གསལ་དབྱེར་མེད་གནས་ལུགས་སེམས་ཉིད་ངོ་བོ་སྟོན་པར་མཛད་པ་པོ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཆེ་ཐོབ་རྩ་བའི་བླ་མ་གང་། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན་གྱི་སྙིང་པོ་ཟབ་གསལ་དབྱེར་མེད་ལམ། །སངས་རྒྱས་ཡོངས་ཀྱི་གསང་ཚིག་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་ཀུན་ཏུ་བཟང་། །དྭངས་མ་གསུམ་ལྡན་མི་ཤིག་གྲོལ་ཐིག་མཆོག་ཏུ་བདེ་བའི་རང་བཞིན་ཆེ། །རྒྱུད་ལ་འཆར་བྱེད་ཚིག་དང་ཡི་གེར་བྱོན་པའི་ཆོས་ལ་ཕྱག་འཚལ་ལོ། །དེ་ལྟར་ཟབ་གསལ་ལུང་རྟོགས་མངའ་བདག་བླ་མ་རྩ་བར་བརྒྱུད་པར་བཅས། །ཀུན་ལ་རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་འབུལ་བདག་སོགས་སྡིག་ཀུན་བཤགས། །དགེ་ལ་ཡི་རང་ཆོས་གསུང་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཐམས་ཅད་ཡོངས་བསྡུས་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་གྱུར་ཅིག །སརྦ་མངྒ་ལཾ།

སྨྲ་བའི་སེང་གེའི་དོན་བརྒྱུད་གསོ་རིག་པ་གཅེར་མཐོང་དུ་གྲགས་པའི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་སྙིང་པོ་དོན་གྱི་གཏེར་སྦྱིན།

༈ སྨྲ་བའི་སེང་གེའི་དོན་བརྒྱུད་གསོ་རིག་པ་གཅེར་མཐོང་དུ་གྲགས་པའི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་སྙིང་པོ་དོན་གྱི་གཏེར་སྦྱིན་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔ ཧཱུྃ༔ ཆོས་ཉིད་དབྱིངས་ལས་ནམ་ཡང་མ་གཡོགས་གཡོ་མེད་སྤྲོས་བྲལ་ངང་། །རང་བཞིན་དག་པའི་ཞིང་ན་ངེས་པ་ལྔ་ལྡན་རྒྱལ་བའི་གཙོ། །མི་མཇེད་གནས་ལ་བྱེ་བ་ཕྲག་བརྒྱ་སྤྲུལ་མཛད་ཤཱཀྱ་ཐུབ། །གསོལ་བ་འདེབས་སོ་རིག་པ་མངོན་གྱུར་སངས་རྒྱས་ཐོབ་བྱིན་རློབས། །གྲངས་མེད་སྔོན་སངས་རྒྱས་ཀྱང་འགྲོ་ངོར་རྩེ་རྒྱལ་སྲས་འཇམ་དཔལ་དབྱངས། །སྐལ་བཟང་རྣམ་འདྲེན་དྲུག་པ་སེངྒེར་ཞལ་བཞེས་དམ་པ་མགོན། །རང་རིག་དྲི་མེད་མངོན་གྱུར་དམ་པ་སོ་ཆུང་དགེ་འདུན་འབར། །གསོལ་བ་འདེབས་སོ༴ མཁྱེན་པས་རྒོལ་བ་ཚར་གཅོད་བླ་མའི་ཐུགས་ཟིན་འཆུས་དེར་བརྩོན། །གང་གི་རིགས་སྲས་གདམས་པའི་བུམ་བཟང་འཛིན་མཁས་བརྩོན་སེང་ཞབས། །མཁྱེན་བརྩེ་ནུས་ལྡན་ཚོགས་གཉིས་ཡོངས་རྫོགས་རྒྱལ་སྲས་ཤེས་རབ་འོད། །གསོལ་བ་འདེབས་སོ༴ ཆོས་རྣམས་མ་ལུས་ཐུགས་སུ་ཆུད་པ་ཀུན་མཁྱེན་བསོད་ནམས་དཔལ། །རྒྱལ་བ་མ་ཆགས་པདྨར་སྐྱེ་བར་གཅིག་ཐོག་ཀུན་དགའ་བཟང་། །གང་གི་རིགས་ཀྱི་གཅུང་དང་ཆོས་ཀྱི་སྲས་གྱུར་དོན་འགྲུབ་མཚན། །གསོལ་བ་འདེགས་སོ༴ རྒྱ་ཡི་རིག་པ་ཞི་བྱེད་བསྟན་གསལ་སྨོན་ལམ་ཤེས་རབ་པ། །ཆོས་རྗེ་མཁས་བཙུན་བློ་གྲོས་རྒྱ་མཚོ་ཞེས་བྱ་ཀུན་མཁྱེན་ཆེ། །རྡོ་རྗེ་བསྟན་པ་ལུང་རྟོགས་མངའ་བདག་གནས་ལུགས་གཟིགས་པའི་གཙོ། །གསོལ་བ་འདེབས་སོ༴ རྒྱ་མཚོ་སྦྱིན་པ་སྨིན་གྲོལ་ལམ་གྱི་ཡོན་ཏན་རྫོགས་པའི་དཔལ། །བདེ་ལྡན་ལྷུན་གྲུབ་ལམ་ལྔའི་གསང་ལ་ཞུགས་ནས་རང་རིག་རྟོགས། །ནམ་མཁའ་བཟང་པོ་རིམ་གཉིས་དྲོད་ཚད་ཡོན་ཏན་ཡོངས་སུ་རྫོགས། །གསོལ་བ་འདེབས་སོ༴ དཔལ་འབྱོར་ལྷུན་གྲུབ་བྱང་སེམས་གཉིས་བརྙེས་རང་རིག་བཙན་ས་ཟིན། །བཀྲ་ཤིས་བཟང་པོ་ཀུན་སྤངས་བརྟུལ་ཞུགས་ཡང་དག་རྟོགས་པའི་གདེང་ཚད་ལོན། །འཆི་མེད་བློ་བརྟན་སྙིགས་དུས་ཞི་བྱེད་སྒྲོན་མེ་འགྲན་ཟླ་བྲལ། །གསོལ་བ་འདེབས་སོ༴ གནས་ལུགས་ཕྱག་ཆེན་ཐུགས་ཆུད་རང་རིག་མངོན་གྱུར་སྤྲུལ་པའི་སྐུ། །སྦས་ཚུལ་འཁྲུལ་ཞིག་རྣལ་འབྱོར་སྤྱོད་པ་འཕྲིན་ལས་རབ་བརྟན་ཞབས། །གང་གི་བཀའ་དྲིན་སྨིན་གྲོལ་གདམས་པའི་མཛོད་འཛིན་ཚེ་དབང་ནོར་བུའི་དཔལ། །གསོལ་བ་འདེབས་སོ༴ ཁྱད་འཕགས་མན་ངག་རང་རིག་དྲི་མེད་ལམ། །མངོན་པར་བསྟན་མཛད་དྲིན་ཆེན་ཆོས་ཀྱི་རྗེ། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ རྒྱལ་ཀུན་གཤེགས་ཤུལ་དོན་བརྒྱུད་སྙིང་པོའི་ཆོས། །དེ་ཡི་ལམ་ལ་རྟག་ཏུ་བདག་ཞུགས་ཤིང་། །བསླུ་མེད་སངས་རྒྱས་བླ་མར་སྐྱབས་སུ་མཆི། །འགྲོ་ལ་ལྷག་བསམ་བྱང་ཆུབ་སེམས་བསྐྱེད་ཤོག །དལ་འབྱོར་རྙེད་དཀའ་འཇིག་སླ་འཁོར་བའི་རྒྱུན། །ཡུན་རིང་དུཿཁས་མནར་ལ་སྐྱོ་བ་སྐྱེ། །མ་ནོར་ལམ་སྟོན་རྩ་བའི་བླ་མ་ནི། །སངས་རྒྱས་ལས་ལྷག་འབད་པས་བསྟེན་པར་ཤོག །དད་པ་མི་ཕྱེད་མོས་གུས་ཕུར་ཚུགས་པས། །རྩེ་གཅིག་གསོལ་བ་བཏབ་པས་བདག་སོགས་འགྲོའི། །སྒྲིབ་དག་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །གྲུབ་ཐོབ་དོན་བརྒྱུད་རྒྱལ་ས་ཟིན་པར་ཤོག །བཅའ་བ་ལྟ་སྟངས་བཞག་ཐབས་སེམས་ཀྱི་གནད། །དབང་དམན་རྟེན་ཅན་རྟེན་མེད་ལམ་ལ་བཀྲིས། །དབང་འབྲིང་སྣང་རིག་རྩ་བྲལ་ལམ་དུ་ཁྱེར། །དབང་རབ་རིག་པ་ཅོག་གཞགས་གདིང་ཐོབ་ཤོག །མ་ནོར་ངོ་འཕྲད་དེ་ཉིད་གོམས་འདྲིས་བརྟན། །སྐྱོན་སེལ་ཡོན་ཏན་དྲོད་ཚད་འཛིན་མཁས་ཤིང་། །རྗེས་ཐོབ་ཆུ་བོ་རྒྱུན་གྱིས་རྣལ་འབྱོར་གྱིས། །ཚེ་ལ་དབང་བརྙེས་དམ་པ་མི་ཕམ་མགོན། །གང་གི་དོན་བརྒྱུད་ཡིད་བཞིན་ནོར་བུ་བཞིན། །རིག་པ་གཅེར་མཐོང་གདམས་པ་མཆོག་དེ་ཡི། །ལམ་འབྲས་ཡོངས་རྫོགས་མྱུར་ཐོབ་བྱིན་གྱིས་རློབས། །

ཅེས་གསོ་རིག་པ་གཅེར་མཐོང་གི་དབང་ཁྲིད་ཀྱི་བརྒྱུད་འདེབས་སུ་ཡོངས་འཛིན་སྨིན་དྲུག་ཟླ་བའི་ཚེས་བཟང་པོ་ལ་སྟོད་བུད་ཀྱི་ལུང་མདོ་སྦས་མཁན་པ་རྫོང་གི་གནས་སྒོ་མཁའ་འགྲོ་ཞ་མི་ལྷ་ཁང་འདབས་སུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་རང་གི་མོས་པས་སྨྲས་པའི་ཡིག་རིགས་དགེ་སློང་གཡུ་རུང་ངོ་། །སརྦ་མངྒ་ལཾ།

ནཱ་རོ་ཆོས་དྲུག་ཟབ་ཁྲིད་སྒམ་པོ་གདན་རབས་ནས་བརྒྱུད་པ་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་བྱིན་རླབས་མྱུར་འབེབས།

༈ ནཱ་རོ་ཆོས་དྲུག་ཟབ་ཁྲིད་སྒམ་པོ་གདན་རབས་ནས་བརྒྱུད་པ་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ། །

རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །ལྷན་གཅིག་སྐྱེས་སྦྱོར་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་ཐབས་ལམ་སྔོན་དུ་གྱུར། །ཟུང་འཇུག་ཡེ་ཤེས་སྐུ་ཐོབ་བྱིན་གྱིས་རློབས། །རྒྱལ་བའི་སྲས་པོ་གྲུབ་ཆེན་ཏེ་ལོ་པ། །གནས་ལྔ་རིག་པའི་རྣལ་འབྱོར་ནཱ་རོ་པ། །གསོལ་བ་འདེབས་སོ༴ ཟུང་འཇུག་ཡེ་ཤེས༴ རྒྱུད་སྡེ་བཞི་བརྙེས་ལོ་ཙཱ་ཆོས་བློ་གྲོས། །ཡེ་ཤེས་སྒྱུ་མའི་སྐུ་བརྙེས་བཞད་རྡོ་རྗེ། །གསོལ་བ་འདེབས་སོ༴ ཟུང་འཇུག་ཡེ་ཤེས༴ པད་འབྱུང་ཐུགས་སྤྲུལ་མྱང་སྨད་ལྷ་རྗེའི་ཞབས། །རྒྱུད་མཐིལ་ས་བརྙེས་དྭགས་བསྒོམ་ཚུལ་ཁྲིམས་སྙིང་། །གསོལ་བ་འདེབས་སོ༴ ཟུང་འཇུག༴ འོད་གསལ་དཀྱིལ་འཁོར་མངོན་བརྙེས་བྱང་ཆུབ་གྲུབ། །བསླབ་གསུམ་དྲི་མེད་མཁའ་ཆེན་བྱེ་དཀར་བ། །གསོལ་བ་འདེབས་སོ༴ ཟུང་འཇུག༴ རྟོགས་པའི་དབང་ཕྱུག་སྙིབ་པ་སྒོམ་ཆེན་པ། །ཆོས་ཀྱི་རྒྱལ་པོ་འབྲི་གུང་གླིང་པ་མཆེད། །གསོལ་བ་འདེབས་སོ༴ ཟུང་འཇུགས༴ སྒྲུབ་རྒྱུད་འཛིན་མཁས་དཔལ་ལྡན་ལྷ་ལུང་པ། །ངེས་དོན་རྟོགས་པ་ལྷ་སའི་བཙུན་པ་ཆེ། །གསོལ་བ་འདེབས་སོ༴ ཟུང་འཇུག༴ གནས་ལུགས་མངོན་གྱུར་ཇོ་སྲས་རྡོ་རྗེ་བློ། །མཚུངས་མེད་བླ་མ་ཆོས་ཀྱི་རྒྱལ་བའི་མཚན། །གསོལ་བ་འདེབས་སོ༴ ཟུང་འཇུག༴ ཆོས་ཀྱི་སྤྱན་ལྡན་སྨྲ་བའི་སེངྒེ་པ། །ཆོས་ཀྱི་དབང་ཕྱུག་འགྲོ་བའི་བླ་མ་ཆེ། །གསོལ་བ་འདེབས་སོ༴ ཟུང་འཇུག༴ མཁས་བཙུན་བཟང་ལྡན་རྒྱལ་མཚན་དཔལ་བཟང་པོ། །སྤྱན་སྔ་ཆོས་རྒྱལ་བསོད་ནམས་རྒྱ་མཚོའི་སྡེ། །གསོལ་བ་འདེབས་སོ༴ ཟུང་འཇུག༴ གཉུག་མའི་དོན་གཟིགས་བསོད་ནམས་ལྷུན་གྲུབ་པ། །སྒམ་པོའི་སེང་ཁྲི་བསྲུང་མཛད་མཆོག་རྣམས་ལ། །གསོལ་བ༴ ཟུང་འཇུག༴ གཞལ་མེད་མཁས་གྱུར་དྭགས་པོ་པཎྜི་ཏ། །འོད་གསལ་རྡོ་རྗེ་ཐུགས་ལྡན་མངྒ་ལ། །གསོལ་བ༴ ཟུང་འཇུག༴ སྒྲུབ་པའི་སྐྱེས་མཆོག་དམ་པ་པུཎྱེའི་མཚན། །མཆོག་གི་སྤྲུལ་སྐུ་ནོར་བུ་རྒྱན་པའི་ཞབས། །གསོལ་བ༴ ཟུང་འཇུག༴ མཁས་ཤིང་གྲུབ་པ་སྤྱན་སྔ་རིན་རྡོར་བ།།འདྲེན་མཆོག་རྒྱལ་དབང་བཟང་པོ་རྡོ་རྗེ་དཔལ།། གསོལ་བ༴ ཟུང་འཇུག༴ སྦས་པའི་སངས་རྒྱས་འོད་གསལ་དབང་པོའི་ཞབས། །རིམ་གཉིས་དྲོད་བརྙེས་ཚེ་དབང་དཔལ་ནོར་བུ། །གསོལ་བ༴ ཟུང་འཇུག༴ བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་སོགས། །ཐབས་ལམ་ཆོས་དྲུག་བརྒྱུད་པའི་བླ་མ་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་མཐུས། །སྲོག་རྩོལ་རླུང་ཀུན་དྷུ་ཏིར་ཞུགས་གནས་ཐིམ། །འབར་འཛག་དུཿཁ་ཉོན་དག་བདེ་བ་བརྙེས། །ཡས་བབས་མས་བརྟེན་དགའ་བ་ཡོངས་སུ་རྫོགས། །བསམ་གྱིས་མི་ཁྱབ་རྡོ་རྗེའི་སྐུ་ཐོབ་ཤོག །ཙཎྜ་ལི་ཡི་ཕུང་ཁམས་འོད་སྐུར་སྨིན། །སྒྱུ་མའི་བློ་ཡིས་དངོས་པོར་འཛིན་པ་ཞིག །འཁྲུལ་པའི་རྨི་ལམ་ངོ་ཤེས་རང་སར་གྲོལ། །འོད་གསལ་འཁོར་ཡུག་ལྟ་བའི་གདེངས་ཐོབ་ཤོག །བར་དོ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཐོབ། །འཕོ་བས་བཙན་ཐབས་སངས་རྒྱས་ས་བརྙེས་ཤིང་། །མདོར་ན་སྲིད་ཞིའི་ལས་གྲོལ་དེ་བཞིན་གཤེགས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །ཚེ་རབས་ཀུན་ཏུ་བླ་མེད་སྔགས་ལམ་འཕྲད། །དབང་ཐོབ་དེ་ཡི་སྡོམ་པ་ཉམས་མེད་ཅིང་། །མ་ནོར་དཔེ་དོན་ཡེ་ཤེས་མངོན་དུ་གྱུར། །ཚོམ་བུ་སྤྲུལ་པས་འགྲོ་ཀུན་དོན་བྱེད་ཤོག །

དེ་ལྟར་སྒམ་པོ་གདན་རབས་ནས་བརྒྱུད་པའི་ཆོས་དྲུག་གི་ཡིག་ཆ་རྗེ་བཙུན་གྲུབ་པའི་དབང་ཕྱུག་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་དེ་ཉིད་ཤིན་ཏུ་ལེགས་པར་སྣང་བས་དེའི་ཁྲིད་ཀྱི་བརྒྱུད་འདེབས་སུ་མངའ་རིས་དོམ་པོའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བཞེད་ལྟར་མདོ་ཁམས་སུ་སྐྱེས་ཤིང་སྔགས་ལ་བློ་སྦྱངས་པའི་རྣལ་འབྱོར་ཚེ་དབང་ནོར་བུས་གློ་བོ་སྨོན་ཐང་གི་རྒྱལ་པོའི་ཁབ་ཏུ་ལྕགས་ཁྱི་རྒྱལ་ཟླ་ཚེས་པའི་སྔ་ཆར་སྨྲས་པ་དགེའོ། །

ཚེ་སྒྲུབ་སྤྱི་ཡི་ཁ་སྐོངས་གསོལ་འདེབས་འཆི་མེད་བུམ་བཟང་།

༈ ཚེ་སྒྲུབ་སྤྱི་ཡི་ཁ་སྐོངས་གསོལ་འདེབས་འཆི་མེད་བུམ་བཟང་བཞུགས་སོ། །

ཧྲཱི༔ ཚེ་བདག་རྒྱལ་བ་མགོན་པོ་འོད་དཔག་མེད། །ཚེ་ལྷ་སྤྲུལ་པའི་སྙིང་རྗེ་སྤྱན་རས་གཟིགས། །ཚེ་དབང་གྲུབ་པའི་རིག་འཛིན་པད་མ་འབྱུང་། །ཚེ་ཡི་མངའ་བདག་མཆོག་ལ་གསོལ་བ་འདེབས། །ཚེ་ཡི་ལྷ་མོ་གོས་དཀར་མན་དྷ་ར། །ཚེ་བདག་རྒྱལ་མོ་བདེ་ཆེན་མཐིང་འོད་འབར། །ཚེ་མཆོག་འོད་གསལ་གྲུབ་དཔལ་རྗེ་འབངས་སོགས། །ཚེ་ལམ་རིག་སྒྲུབ་རྣམས་ལ་གསོལ་བ་འདེབས། །ཚེ་ཡི་གཏེར་སྟོན་རིག་འཛིན་དབང་ཕྱུག་རྗེ། །ཚེ་ཆོས་བདག་པོ་བཀའ་བབ་རྒྱུད་འཛིན་དང་། །ཚེ་ཡི་དབང་བསྐུར་བྱིན་རླབས་རྩ་བ་ཡིས། །ཚེ་ཡི་བླ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཚེ་ཡི་ཡི་དམ་རིགས་ལྔ་ཡབ་ཡུམ་དང་། །ཚེ་བདག་འགྱོགས་མ་སྒོ་མ་བཞི་ལ་སོགས། །ཚེ་བསྲུངས་རྒྱལ་ཆེན་ལོ་ཟླ་ཞག་དུས་ལྷ། །ཚེ་ཡི་དཀྱིལ་འཁོར་རྣམས་ལ་གསོལ་བ་འདེབས། །ཚེ་དཀྱིལ་བརྒྱུད་པར་དེ་ལྟར་གསོལ་བཏབ་མཐུས། །ཚེ་འདིར་ཚེ་རིང་དཔལ་རྒྱས་བསོད་ནམས་འཕེལ། །ཚེ་དབང་རིག་འཛིན་ས་ལ་འཁོད་གྱུར་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཚེ་ལྷ་རིག་འཛིན་རྣམས་ལ་གསོལ་བཏབ་པ། །ཚེ་སྒྲུབ་གང་ལ་སྦྱར་ཀྱང་རུང་བ་འདིར། །ཚེའི་རིག་འཛིན་པའི་དུས་ཆེན་ཚེས་བཅུ་ལ། །ཚེ་དབང་ནོར་བུས་གང་དྲན་ཤར་གྱིས་བྲིས། །རང་ལོ་བཅུ་བདུན་སྐབས་སུ་བྲིས་པ་དགེའོ། །དགེའོ། །དགེའོ། །

བརྡ་སྤྲོད་པ་དབྱངས་ཅན་མདོ་གཞུང་སྟོན་བྱེད་བླ་མ་བརྒྱུད་པར་གསོལ་འདེབས་དབྱངས་ཅན་དགྱེས་པའི་སྙན་གླུ།

༈ བརྡ་སྤྲོད་པ་དབྱངས་ཅན་མདོ་གཞུང་སྟོན་བྱེད་བླ་མ་བརྒྱུད་པར་གསོལ་འདེབས་དབྱངས་ཅན་དགྱེས་པའི་སྙན་གླུ་ཞེས་བྱ་བ་བཞུགས་སོ། །

ན་མཿསྭ་ར་སྭ་སྟི་ཡེ། ཆོས་དབྱིངས་ཁམས་ལ་རྟག་པར་གནས་གཡོ་འགྲོ་འོང་ལས་འདས་པ། །སྣང་སྲིད་ཀུན་གྱི་མགོན་བཅུད་དྭངས་མ་ཟབ་གསལ་མི་འགྱུར་སྐུ། །ཀུན་ཁྱབ་བདེ་ཆེན་རང་བཞིན་གདོད་ནས་རྣམ་དག་ཡེ་ཤེས་ངང་། །དེ་བཞིན་གཤེགས་པ་ཀུན་གྱི་ངང་ཚུལ་བདག་ཉིད་ཆེ་ལ་འདུད། ། ༡ མ་སྐྱེས་མི་འགག་མཁའ་ཁྱབ་སྤྲོས་བྲལ་ཉིད་ལ་རྟག་བཞུགས་ཤིང་། །བྲལ་ཞིང་སྨིན་པའི་ཡོན་ཏན་ཡོངས་རྫོགས་ཆུབ་པའི་མཐར་ཐུག་དཔལ། །གདུལ་བྱའི་དོན་ལ་རྒྱུན་ཆད་མེད་པ་རྒྱ་ཆེན་རྒྱལ་བའི་དབང་། །གོ་ཏམ་ཟས་གཙང་སྲས་པོ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། ། ༢ རྒྱལ་བ་ཀུན་གྱི་བསྐྱེད་བཞི་མ་མ་འོད་གསལ་བདེ་གཤེགས་སྙིང་། །དྲི་མ་ཡོངས་བྲལ་ཤེས་རབ་ཕ་རོལ་ཕྱིན་མ་བཅོམ་ལྡན་འདས། །མི་འགྱུར་བདེ་བ་འདྲེན་པའི་དཔལ་མོ་མཚོ་བྱུང་དབྱངས་ཅན་མ། །ལེགས་བཤད་རྒྱ་མཚོའི་འབྱུང་གནས་རྒྱུད་མང་འཛིན་ལ་ཕྱག་འཚལ་ལོ། ། ༣ རིག་གནས་བཅོ་བརྒྱད་མཁྱེན་པའི་ཕུལ་བྱུང་གཙང་མའི་མཆོག་དམ་པ། །ཕྱི་ནང་གཞུང་ལུགས་ཁོང་ཆུད་འཕགས་མ་བསྙེན་པ་ལྷོད་མིན་པ། །སྒྲིབ་སྦྱངས་སྨོན་ལམ་སྟོབས་ཀྱིས་བཅོན་ལྡན་མའི་ཞལ་མཇལ་ནས། །གསུང་གི་སྣང་བ་ལེགས་ཐོབ་རྗེས་སྦྱོར་ཞབས་ལ་ཕྱག་འཚལ་ལོ། ། ༤ གང་གི་རྗེས་འབྲང་དབྱངས་ཅན་བརྡ་སྤྲོད་གཞུང་ལ་ལེགས་སྦྱངས་ཤིང་། །ལེགས་པར་སྦྱར་བའི་སྐད་ཀྱི་འགྲོ་བློའི་མུན་སེལ་ཉི་མ་མཆོག །གནས་ལྔ་རིག་པའི་དབང་པོ་བློ་གྲོས་རྒྱུད་མང་མགྲིན་པའི་དབྱངས། །སྒྲོགས་མཁས་འཕགས་པའི་ཡུལ་བྱོན་བརྒྱུད་པའི་བླ་མར་ཕྱག་འཚལ་ལོ། ། ༥ འཕགས་ཡུལ་ས་ཡི་ཐིག་ལེ་ཝ་ར་ན་སིར་བྲམ་ཟེའི་རིགས། །སྐུར་འཁྲུངས་བྱེ་བྲག་པ་དང་རིག་ཅན་རིག་བྱེད་མཐའ་པའི་གཞུང་། །སྦྱངས་པ་ཆེ་ཐོབ་གྲུབ་འབྲས་ལེགས་སྦྱར་སྐད་མཁས་བྲམ་ཟེའི་གཙོ། །ལྔ་རིག་ཁྱུ་མཆོག་ཀྲིཥྞར་གྲགས་པ་དེ་ལ་ཕྱག་འཚལ་ལོ། ། ༦ འཕགས་ཡུལ་ནུབ་ཕྱོགས་ཀུ་རུ་ཀྵེ་ཏྲའི་གྲོང་ཁྱེར་ཆེན་པོ་རུ། །གནས་ལྔ་རིག་པ་ཆེན་པོ་གཅན་གྱུར་སྟོབས་བཟང་པོ་ཞེས་དང་། །གཅུང་གྱུར་པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ། །བྲམ་ཟེའི་རིགས་འཁྲུངས་མཆེད་གྱུར་དམ་པ་དེ་ལ་ཕྱག་འཚལ་ལོ། ། ༧ བརྡ་སྤྲོད་དབྱངས་ཅན་གངས་རི་ཁྲོད་འདིར་གསར་འདྲེན་ཤིང་རྟ་མཆོག །སྤྱོད་འཆང་ནག་པོ་ལེགས་བཤད་སེང་གེའི་ང་རོ་སྒྲོགས་ཕྱིར་དུ། །བསམ་བཞིན་སྐྱེ་བཞེད་མཁས་ལ་མཁས་པའི་མཆོག་ཆེན་དཔེ་མེད་པ། །སྒྲོལ་བའི་མགོན་ཞེས་ཀུན་དགའ་སྙིང་པོ་དེ་ལ་ཕྱག་འཚལ་ལོ། ། ༨ མ་ཧཱ་ཙི་ནི་ཡུལ་ནས་ལེགས་བྱོན་ཁམས་པ་ཨ་སེ་ཞེས། །སྔ་འགྱུར་གྲུབ་དེའི་གདུང་རིགས་གནས་ལྔ་རིག་པའི་མཁས་པ་ནི། །འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་བརྡ་སྤྲོད་དབྱངས་ཅན་མདོ། །སྟོབས་བཟང་མཆེད་པོས་སླར་གྱུར་སྤེལ་རྒྱས་མཛད་པ་ཕྱག་འཚལ་ལོ། ། ༩ བརྡ་སྤྲོ་ཀུན་གྱི་མཆོག་གྱུར་དེ་བཞིན་གཤེགས་པའི་རྡོ་རྗེའི་གསུང་། །དབྱངས་ཅན་མདོ་གཞུང་དགོངས་འགྲེལ་ལེགས་བཤད་མདོ་འདིར་བཞུགས་ཀུན་གྱི། །བསྡུ་བ་དཔེར་གྱུར་ཞུས་ཆེན་འཇིག་རྟེན་མིག་གྱུར་གཅིག་པུ་བ། །དགེ་མཛད་དཔལ་བོ་མི་ཡི་གཟུགས་སྤྲུལ་མི་ཕམ་ཆོས་རྒྱལ་ཞེས། ། ༡༠ མངོན་པར་མཐོ་དང་ངེས་ལེགས་དུ་མས་ཡོངས་བརྒྱན་རྒྱལ་ཚབ་སྐུར། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་སྐྱེས་མཆོག་སྐྱེ་བ་འཕྲེང་བ་ནི། །མཚར་དངར་རྟག་འཆར་ངུར་སྨྲིག་གོས་འཆང་ཁྲོ་བུ་པཎྜི་ཏ། །ངག་དབང་བསྟན་འཛིན་དབང་པོ་གང་གི་ཞབས་ལ་ཕྱག་འཚལ་ལོ། ། ༡༡ སྐྱེ་བ་ཀུན་ཏུ་དམ་པས་རྗེས་གཟུང་སྐྱེ་བ་ཉིད་ཀྱི་དང་། །སྦྱངས་སྙིང་སྟོབས་མཆོག་གི་མཁས་པའི་ཞལ་ལུང་ཀུན་འཐུང་པས། །དབྱངས་ཅན་ཆ་བསགས་ཟླ་བའི་ཀུན་མུཏ་པ་ནའི་བརྡ་སྤྲོད་ཆེ། །སྡེབ་སྦྱོར་སྙན་ངག་མངོན་བརྗོད་སྐར་རྩིས་གཡུལ་ལས་རྒྱལ་བ་སོགས། ། ༡༢ རིག་གནས་རྒྱ་མཚོའི་མཐར་སོན་དེང་དུས་བསིལ་ལྗོངས་ར་བ་འདིར། །དཔེ་ཟླ་བྲལ་བའི་མཁས་མཆོག་ལེགས་བཤད་སྨྲ་དབང་བསླབ་གསུམ་འཛིན། །མ་ཧཱ་ལོ་ཙཱ་ངག་དབང་བློ་བཟང་བཀྲ་ཤིས་རྣམ་རྒྱལ་ཞེས། །འཇིག་རྟེན་མིག་གཅིག་གང་གི་ཞབས་ལ་གུས་ཕྱག་འཚལ་ལོ། ། ༡༣ རིག་པའི་གནས་ཆེན་བཞི་ལས་སཾ་སྐྲྀ་ཏ་ཡི་སྐད་གྱུར་པ། །མ་རྨོངས་དོན་སྟོན་བརྡ་སྤྲོད་ཀུན་གྱིས་འཇུག་སྒོ་མཆོག་གྱུར་ནི། །དབྱངས་ཅན་མདོ་དོན་མ་ནོར་འཁྲུལ་མེད་དོན་མཛད་མཁས་གྱུར་པ། །རྩ་བའི་བླ་མའི་ཞབས་ལ་རབ་དྭངས་གུས་པས་ཕྱག་འཚལ་ལོ། ། ༡༤ དེ་ལྟར་བརྡ་སྤྲོད་དབྱངས་ཅན་མདོ་སྟོན་རྩ་བརྒྱུད་བླ་མ་ལ། །ཕྱག་འཚལ་མཆོད་འབུལ་གསོལ་བཏབ་དགེ་ཚོགས་བྱང་ཆེན་རྒྱུར་བསྔོ་ཞིང་། །ལྷ་ལས་ཕུལ་བྱང་ཡང་དག་སངས་རྒྱས་བསྟན་པ་རྒྱས་སླད་དུ། །གཞན་གྱིས་རྒོལ་འཇོམས་རིག་པ་འདིར་སྦྱངས་ལྷག་བསམ་བསོད་ནམས་ཀྱིས། ། ༡༥ བདེན་འབྲས་ནམ་ཡང་བསླུ་མེད་མཆོག་གི་དུས་འདི་ནས། །ཇི་སྲིད་ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་ལ་འཁོད་ཀྱི་བར། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་རིགས་བཟང་མཚན་ལེགས་ལུས་ཐོབ་ཅིང་། །སྐྱེ་འཕྲལ་སྨྲ་ཤེས་འགྲོ་ཤེས་སྔོན་གནས་མ་ལུས་རྗེས་དྲན་ཤོག ། ༡༦ ཀུན་ཏུ་བཟང་མོ་དབྱངས་ཅན་ལྷ་མོའི་ཞལ་ལུང་བརྡ་སྤྲོད་མདོ། །བརྡ་ཆད་དབྱངས་དང་རང་བཞིན་གསལ་བྱེད་རྣམ་བཅད་མཚམས་སྦྱོར་ལྔ། །རྣམ་དབྱེ་གཉིས་ཀྱི་ཐོག་མ་པི་སོགས་གྲགས་གྱུར་ཉི་ཤུ་བཞི། །རྐྱེན་བྱིན་ཕོ་མོ་མ་ནོར་རྟགས་ཅན་དབྱངས་ཀྱི་མཐའ་ལས་སྐྱེས། ། ༡༧ དེ་བཞིན་གསལ་བྱེད་ཧ་སའི་མཐའ་ཅན་ཕོ་མོ་མ་ནིང་རྟགས་གྱུར་དང་། །ཟུར་བཀོལ་རྣམ་འགྱུར་མི་ཟད་སྡེ་རིགས་བུད་མེད་རྐྱེན་འཇུག་དང་། །དབྱེ་ཅན་ཞེས་གྲགས་རྒྱ་ཆེའི་དོན་ལ་རྣམ་དབྱེ་འཇུག་པའི་ཚུལ། །ཚིགས་སུ་དེ་ཕན་དེ་ཀུན་ཚེགས་མེད་སྐད་ཅིག་ཉིད་རྟོགས་ཤོག ། ༡༨ རྣམ་པ་གཉིས་པ་ཏེ་སོགས་རྣམ་གྲངས་བརྒྱ་དང་བརྒྱད་ཅུ་ཡིས། །འཇིག་པས་སྒྲ་ཡིས་རྣམ་གྲངས་མཐའ་ཀླས་སྟོན་དང་དེ་བཞིན་ཀྲྀཏ། །བྱིངས་མའི་སྒྲུབ་སོགས་སྐད་ཅིག་གི་ཤེས་དེ་བཞིན་གཞུང་ལུགས་ཆེ། །ཀུན་ཀྱང་ཐོགས་མེད་བདེ་བླག་ཉིད་དུ་ཁོང་ཆུད་བྱན་ཆུད་པས། ། ༡༩ སྒྲ་མདོ་དངོས་ཟིན་སྤྱི་མིག་ཤུགས་བསྟན་དོན་དང་དེ་ལས་གཞན། །འཇིག་རྟེན་མཁས་བཤད་ངེས་ཚིག་རིག་བྱེད་གསང་ཚིག་སྟེ། །བསྒྲུབ་ཚུལ་རྣམ་བཞི་ཕུལ་བྱུང་སྦྱོར་བཞི་ཆོ་ག་རྣམ་ལྔ་སོགས། །འཇིག་རྟེན་གྲུབ་ཀུན་གཞན་དྲིང་མི་འཇོག་རང་བྱུང་ཉིད་དུ་ཀུན་ཤེས་ཤོག ། ༢༠ མདོར་ན་བདག་ནི་ཚེ་རབས་ཚེ་རྒྱུད་ཇི་སྲིད་ཀུན། །ངག་དབང་ལྷ་མོས་དབང་སྐུར་སྒྲ་སྙན་སྡེབ་སྦྱོར་ཟློས་གར་རྩིས། །མ་ནོར་འཁྲུལ་མེད་ནོར་བུ་དྲི་མེད་ལྟ་བུའི་ཤེས་བྱའི་གནས་དེ་ཀུན། །མིང་ཙམ་རྣ་བའི་བུ་གར་ཐོས་དེ་བུདྷ་ཉིད་གྱུར་ནས། ། ༢༡ གཞན་གོལ་ཀུན་བཅོམ་རང་ལུགས་སྐྱོན་མེད་འཇོག་མཁས་ངག་གི་དབང་། །དབྱངས་ཅན་མགྲིན་པར་རྟག་ཞུགས་རྣམ་དཔྱོད་ལང་ཚོར་སུ་ཡིས་ཀྱང་། །སྡོ་མིན་མི་བརྗེད་གཟུངས་དང་སྤོབས་པ་མཐའ་ཀླས་གྲུབ་པའི་མཐུ། །རྡོ་རྗེ་ཕ་ལམ་ཇི་བཞིན་བདག་བློས་གཞན་དཔྱོད་ཀུན་བཅོམ་ཤོག ། ༢༢ དེ་ལྟར་ཡི་ནི་སྲིད་པ་ཀུན་ནས་མཚུངས་མེད་འགྲོ་འདྲེན་མཆོག །སངས་རྒྱས་བསྟན་ལ་བྱ་བ་རྟག་པར་ངལ་མེད་འཆད་རྩོད་རྩོམ། །བརྩོན་པས་རྒྱལ་བའི་བསྟན་པ་མཉམ་མེད་གོང་འཕེལ་ཕྱོགས་མཐའ་གྲུར། །སྤེལ་བའི་བྱེད་པོ་བདག་ཉིད་རྟག་པ་ཉིད་དུ་འགྲུབ་གྱུར་ཅིག ། ༢༣

ཅེས་བརྡ་སྤྲོད་པ་དབྱངས་ཅན་མདོ་གཞུང་མན་ངག་གི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་དབྱངས་ཅན་དགྱེས་པའི་སྙན་གླུ་ཞེས་བྱ་བ་འདི་ནི་དེང་དུས་གངས་ཅན་བོད་ཡུལ་གྱི་རིག་གནས་པ་མཐའ་དག་གི་གཙུག་གི་ནོར་བུ་གཅིག་པུ་འཇིག་རྟེན་མིག་གཅིག་ངག་དབང་བཀྲ་ཤིས་རྣམ་རྒྱལ་ཞབས་ཀྱི་བཀའ་དྲིན་ལ་བརྟེན་ནས་བརྡ་སྤྲོད་གཙུག་ལག་དབྱངས་ཅན་མདོ་ལ་ཅུང་ཟད་སྦྱངས་པའི་མིང་དུ། ངག་དབང་དབྱངས་ཅན་གྲུབ་པའི་རྡོ་རྗེ་བཞེད་དང་ཕྱོགས་ཀུན་ཏུ་གྲགས་པའི་མིང་མ་སྦས་པའི་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའམ་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་སང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་རྒྱལ་དབང་པོའི་སྡེ་ཞེས་པ་རང་ཉིད་བརྡ་སྤྲོད་ཀྱི་མིང་སྟོན་དུ་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ་སེང་གེའི་དུས་སྦྱོར་སྐབས་སུ་སྨྲས་པ་སྟེ་ཡི་གེ་པ་ནི་དམ་པའི་གདུང་རིགས་པདྨ་ཀུན་དགའ་བཀྲ་ཤིས་རབ་བརྟན་ལེགས་པའི་དཔལ་དེས་སོ། །དགེའོ། །དགེའོ། །བཀྲ་ཤིས།

བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་རབ་ཏུ་དགའ་བའི་ཏམྦུ་ར།

༈ ཨོཾ་སྭཱསྟི། སྙན་ངག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་རབ་ཏུ་དགའ་བའི་ཏམྦུ་ར་ཞེས་བྱ་བ་བཅོམ་ལྡན་འདས་འཕགས་མ་དབྱངས་ཅན་མ་ཕྱག་འཚལ་ལོ། །

མཁའ་ཁྱབ་གསུང་གསུམ་དཔལ་འབར་དྲི་མེད་ཡེ་ཤེས་ཕུང་པོ་ཅན། །འགྲོ་ལ་བདུད་རྩི་ཉེར་རྩོལ་མཚན་དཔེ་མཆོག་ཏུ་གསལ་བའི་སྐུ། །སྲིད་ཞི་ལས་འདས་ཕུན་ཚོགས་དཔལ་རྣམས་མ་ལུས་འབྱུང་བའི་གནས། །ཚོགས་གཉིས་རྒྱུན་སྩོལ་ལྷུང་བཟེད་འཛིན་གྱུར་དེར་ཕྱག་འཚལ་འདུད། །སྟོབས་དང་མི་འཇིགས་མ་འདྲེས་ཆོས་རྣམས་ཡོངས་སུ་རྫོགས་གྱུར་ཅིང་། །འཇིགས་པ་མེད་པའི་ངག་ལྡན་ཀུན་ལ་ཕན་བདེ་འབའ་ཞིག་སྦྱིན། །ལྷར་བཅས་སྐྱེ་དགུའི་ཚོགས་ཞིང་ངུར་སྨྲིག་རྒྱལ་མཚན་འཆང་བ་པོ། །རང་བྱུང་སངས་རྒྱས་ཐུབ་དབང་འཇིག་རྟེན་མགོན་དེར་ཕྱག་འཚལ་འདུད། །མཁའ་ལྟར་ཡངས་པའི་སྤྱན་གྱི་མཁའ་མཉམ་འགྲོ་ལ་བརྩེ་བས་གཟིགས། །སྟོན་ཟླ་བྱེ་བའི་ཁ་དོག་ལ་ཁུ་མཆོག་ཏུ་དཀར་བའི་སྐུ། །ཚད་གདུང་སེལ་བ་བསིལ་ཟེར་ཇི་བཞིན་ཁམས་གསུམ་སྡུག་བསྔལ་གཞིལ། །རྫོགས་སངས་རྒྱས་པ་ཇི་འདྲ་སྤྱན་རས་གཟིགས་དེར་ཕྱག་འཚལ་འདུད། །འཕགས་ཚེམས་གཡས་འཁྱིལ་ཤར་རིའི་ཕྲག་ནས་ཉེར་འཕོས་སྒྲ་དབྱངས་ཀྱི། །ལྷ་མོ་ཟླ་བའི་དཀྱིལ་འཁོར་རབ་མཛེས་དཔེ་ཟླ་གཞན་མེད་པ། །ཚངས་པའི་དབྱངས་ཀུན་གཅིག་ཏུ་བསྡུས་པའི་རྒྱུད་མངས་ཕྱག་ན་བསྣམས། །ཤེས་རབ་ཕར་ཕྱིན་ངོ་བོ་དབྱངས་ཅན་ལྷ་མོར་ཕྱག་འཚལ་འདུད། །རྒྱུ་འོ་སྲིད་གསུམ་ཀུན་ཏུ་སྲོག་གྱུར་རླུང་གི་གཡོ་བ་སྟེ། །ཡིད་བཞིན་ནོར་བུ་མཆོག་གི་འགྲོ་བའི་དབུལ་ཕོངས་མཐའ་དག་སེལ། །ཁྱོད་རབ་སྙན་པའི་གྲགས་དཀར་འཛིན་མའི་ཁྱོན་གང་ངག་དབུལ་སེལ། །སྙན་ཚིག་ནོར་བུའི་དགའ་སྟོན་དགྱེས་མཁས་པཎྜིར་ཕྱག་འཚལ་འདུད། །བསྐོར་བའི་རྒྱན་མི་ཤེས་རྨོངས་པའི་ཚོགས་རྣམས་གཞན་དུ་སོང་ནས་ཤེས་རབ་འཕེལ། །བརྗེད་ངེས་ཡོངས་སུ་སྤོབས་པས་གཟུངས་མཆོག་ངག་གི་དབང་ཕྱུག་གྲུབ། །སོ་སྐྱེའི་སྤྱོད་པ་ལས་འདས་རབ་མཆོག་གྲུབ་པའི་དབང་པོར་གྱུར། །འཇིགས་མེད་སློབ་དཔོན་ངག་དབང་ཤཱི་ལ་ཀཏྟིར་ཕྱག་འཚལ་འདུད། །ཐེ་ཚོམ་འགོག་རྒྱན་སྡེབ་སྦྱོར་སྙན་ལེགས་མཛེས་པའི་ཚིག་ནི་འབབ་སྟེགས་དཀྲོལ་ལའང་ཅི། །བདག་མེད་དོན་སྟོན་ཐར་པ་མཆོག་ལ་འཇུག་འདི་གཞན་གྱི་མིན། །དེ་ཕྱིར་འཕགས་ཡུལ་པཎ་ཆེན་རརྣའི་མཚན་དང་ཕུན་ཚོགས་ལིཀྞཾ་ཀ་ར་བྱེད། །སངས་རྒྱས་གྲུབ་མཐའ་འཛིན་སྤེལ་ཡོངས་སུ་ཤེས་པས་ཕྱག་འཚལ་འདུད། །གངས་ཅན་བོད་དུ་བལྟམས་ཡང་འཕགས་ཡུལ་རྣམ་དཔྱོད་བློ་གྲོས་མཐུ། །མ་རྨད་རིག་གནས་ལྔ་ཕྲག་དག་གི་རྒྱུད་ཕྱུག་ཕྱགས་འདི་རུ། །བརྡ་སྤྲོད་སྡེབ་སྦྱོར་སྙན་ཚིག་རྒྱ་ཆེར་སྤེལ་མཛད་ལོ་ཙཱ བ། །རྡོ་རྗེ་རྒྱལ་མཚན་བློ་གྲོས་བརྟན་པ་མཆེད་པ་ཕྱག་འཚལ་འདུད། །ལག་གིས་མ་བཀུག་དབང་པོའི་གཞུ་ནི་དབྱར་གྱི་ལང་ཚོ་སྟེ། །རྨ་ཡིས་མ་མཚོན་རིག་པའི་མདའ་ཡི་གཞར་རྒོལ་ཡོངས་འབིགས་བྱེད། །གཟའ་སྐར་ཆུ་བཀྲ་རྣམ་དཔྱོད་བློ་ལ་རིག་པའི་གནས་ཀུན་གསལ། །མང་མཁར་ལོ་ཙཱ་མཆོག་ལྡན་ལེགས་པའི་བློ་དེར་ཕྱག་འཚལ་འདུད། །མུན་པའི་ཚོགས་གསལ་བླང་དོར་གནས་རྣམས་ཇི་བཞིན་སྣང་བྱེད་པར། །ཉིན་མོར་བྱེད་དང་དཔང་སྟོན་ལོ་ཙཱ་བློ་གྲོས་བརྟན་པ་དག །ཐ་དད་ཡོད་མིན་འོན་ཀྱང་ཉིན་བྱེད་བེམ་པོ་མཁའ་ལ་རྒྱུ། །ཁྱོད་ནི་ཤེས་ལྡན་རིག་དབང་ཉིད་དེ་དེ་ལ་ཕྱག་འཚལ་འདུད། །འཛིན་ཁྲི་དང་བྲལ་ཟབ་པའི་ཆུ་གཏེར་བྱང་ཆུབ་རྩེ་མོ་རྒྱས། །མཁྱེན་རབ་ཟླ་བ་སྐྱེ་བྲི་ཡོངས་སྤངས་ནམ་མཁའ་བཟང་པོའི་སྡེ། །རྩེ་མ་ཅན་སྤངས་འཁོར་བའི་སྣང་གསལ་ཐུགས་རྗེ་ཆེན་པོ་དཔལ། །གྲགས་པའི་རྒྱལ་མཚན་རབ་སྒྲེང་བླ་མ་རྣམས་ལ་ཕྱག་འཚལ་འདུད། །རིག་པའི་གནས་ཀུན་ཁུར་བླངས་བསླབ་གསུམ་རྒྱན་གྱིས་ཆེར་ཀླུབ་ཡང་། །ངལ་མེད་བདེར་སྤྱོད་འདི་ནི་སྲེད་མེད་བུ་ཡི་སྟོབས་རྙེད་དམ། །ཡིད་གཉིས་གནས་གྱུར་རྒྱལ་བསྟན་འཛིན་པའི་སྟོབས་ལྡན་ཆོས་སྐྱོང་བཟང་། །དེ་སྲས་རིན་ཆེན་བཀྲ་ཤིས་བཅས་ལ་ཕྱག་འཚལ་འདུད། །གངས་ཅན་བརྡ་དང་ལེགས་སྦྱར་སྐད་ལ་བདག་ནི་མཁས་གྱུར་ཞེས། །ལོ་ཆེན་རིག་བཟང་སྙེམ་མི་འཚལ་དེ་ཀུན་དགའ་རྒྱལ་མཚན་ཡངས། །ཕྱི་མའི་དུས་འདིར་གཤིན་རྗེ་རྣམ་རྒྱལ་དག་གི་དབང་པོ་དག །བརྡ་སྤྲོད་སྙན་ཚིག་སྨྲ་ལ་ཟླ་མེད་མཁས་དེར་ཕྱག་འཚལ་འདུད། །སྙན་པའི་རྒྱུད་མངས་མཐའ་དག་རྒྱུད་གཅིག་གིས་ཟིལ་གནོན་པ། །སྙན་ངག་གླེགས་བམ་ཀུན་ཀྱང་སྙན་ངག་གླེགས་བམ་གཅིག་གི་འགོག །དེ་ལྟའི་ངང་ཚུལ་འདི་གང་མི་བདག་ངག་དབང་འཇིགས་མེད་གྲགས། །དེ་སྲས་སྙན་ངག་མཁན་པོ་ཟླ་བཟང་ལ་ཡང་ཕྱག་འཚལ་འདུད། །གཞན་རྒོལ་འཇོམས་པ་སྤོབས་པའི་ཤེས་རབ་རལ་གྲི་འཆང་བར་འཛིན། །ཆོས་ཚུལ་མཐའ་དག་གསལ་བའི་གླེགས་བམ་ཤེས་རབ་གཟུགས་ཀྱིས་བཟུང་། །དེ་ཕྱིར་འཇམ་དཔལ་དཔའ་བོ་ཡང་ནི་ཁྱོད་དུ་བདག་བློ་འཁྲུལ། །ངག་དབང་སངས་རྒྱས་རྡོ་རྗེ་མཚན་འཆང་དེ་ལ་ཕྱག་འཚལ་འདུད། །དཔལ་མཆོག་བསྡུས་པ་རྒྱུད་དང་དེ་འབྲེལ་སྟོང་ཕྲག་བཅུ་གཉིས་པ། །མགྲིན་པར་ཡོངས་བརྒྱན་འཕགས་པས་དུས་ཞབས་དབྱེ་བ་གང་གི་ཕྱེད། །སྙན་ངག་མེ་ལོང་མེ་ལོང་གསར་བཀོད་དེ་ཚེ་པཎྜི་པུ། །དེ་འདྲ་དུས་ཞབས་པ་དང་བོད་མཁས་པ་ལ་ཕྱག་འཚལ་འདུད། །སྒྲུབ་བརྒྱུད་བསྟན་འཛིན་གཞུང་ལུགས་རྒྱ་མཚོ་སྨྲ་ལ་འཇིགས་མེད་པ། །ངག་གི་དབང་པོ་དེ་ནི་པདྨ་དཀར་པོ་ལ་ཡིན་ཏེ། །བསྟན་འཛིན་དབང་པོར་ཡོངས་དེས་སྙིགས་དུས་ཐམས་ཅད་དེ་དང་། །དེ་དང་མཚུངས་གྱུར་བཀྲ་ཤིས་རྣམ་པར་རྒྱལ་ལ་ཕྱག་འཚལ་འདུད། །དགེའོ། །

སྒྲུབ་ཐབས་གསོ་སྦྱོང་དང་འགྲེལ་པ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་གསོལ་འདེབས་ཚད་མེད་ཐུགས་རྗེ་རྒྱུན་འབེབས།

༈ ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་གསོ་སྦྱོང་དང་འགྲེལ་པ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་གསོལ་འདེབས་ཚད་མེད་ཐུགས་རྗེ་རྒྱུན་འབེབས་ཞེས་བྱ་བ་བཞུགས་སོ། །

ན་མོ་ལོ་ཀེ་ཤྭ་ར་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམས་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨིཎྜ་བྷོ་དྷིས་ལུང་བསྟན་འཕགས་པ་བསྒྲུབ། །ཤིང་འཕེལ་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །མཁར་ས་པཎིར་ཆོ་འཕྲུལ་ཆེན་པོ་བསྟན། །དཔལ་ལྡན་དཔལ་མོའི་ཞབས་ལ་ཕྱག་འཚལ་ལོ། །མི་བཟད་སྡུག་བསྔལ་ལམ་གྱི་གྲོགས་སུ་ཤར། །དད་པའི་སྟོབས་ཀྱི་བླ་མ་འཕགས་པར་གཟིགས། །བསྒྲུབ་ལ་བརྩོན་པས་མཆོག་གི་དངོས་གྲུབ་བརྙེས། །ཡེ་ཤེས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དཔལ་སྨྲ་བའི་སེང་གེས་ལུང་བསྟན་ནས། །ཐུགས་རྗེ་ཆེན་པོ་སྒྲུབ་པས་དངོས་གྲུབ་བརྙེས། །གནས་ལྔ་རིག་པའི་བལ་པོ་པཎྜི་ཏ། །སེ་ཉ་པའི་ཞབས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཟུང་གི་དཀྱིལ་འཁོར་རབ་རྫོགས་ཤིང་། །སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཅན། །ཐུགས་རྗེ་ཆེན་པོ་དགེ་སློང་ཚུལ་བསྟན་པའི། །བྱང་སེམས་ཟླ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གུས་པས་བླ་མ་དམ་པ་ཉེར་བསྟེན་ཅིང་། །བསྒྲུབ་ལ་བརྩོན་པས་དངོས་གྲུབ་མཆོག་བརྙེས་ནས། །འགྲོ་ལ་བརྩེ་བས་གཞན་དོན་ལྷུར་ལེན་པའི། །གྲུབ་ཐོབ་ཉི་ཕུག་པ་ལ་ཕྱག་འཚལ་ལོ། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །འཕགས་པའི་ནོར་བདུན་ལྡན་པ་འགྲོ་བའི་མགོན། །རྡོ་རྗེ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྦྱིན་པས་བསྡུས་པའི་འགྲོ་ལ་ཕར་ཕྱིན་དྲུག །སྙན་པར་སྨྲ་ནས་དེ་བཞིན་བསྒྲུབ་འཇུག་ཅིང་། །བདག་ཉིད་ཕར་ཕྱིན་དྲུག་ལ་རྗེས་འཇུག་པའི། །ཞང་སྟོན་དགྲ་འཇིག་ཞབས་ལ་ཕྱག་འཚལ་ལོ། །མཐུན་པའི་ཡུལ་གནས་སྐྱེས་བུ་དམ་པ་བསྟན། །བདག་གི་ལེགས་སྨོན་སྔོན་བསགས་བསོད་ནམས་ཅན། །འཁོར་ལོ་བཞི་དང་ལྡན་པ་ཆོས་ཀྱི་རྗེ། །བདེ་བ་ཅན་པའི་ཞབས་ལ་ཕྱག་འཚལ་ལོ། །ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་གོས་ཤིང་། །གཡེལ་བ་མེད་པར་དགེ་བའི་ཆོས་ལ་བརྩོན། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་པའི། །བྱང་སེམས་ཆུ་བཟང་པ་ལ་ཕྱག་འཚལ་ལོ། །དགོས་འདོན་མ་ལུས་འབྱུང་བའི་རིན་པོ་ཆེ། །གནས་ལུགས་ཇི་བཞིན་རྟོགས་པའི་ཤེས་རབ་ཅན། །ཡོན་ཏན་འབུམ་ཕྲག་དཔག་ཏུ་མེད་པའི་གཏེར། །ཆོས་རྗེ་ཤེས་རབ་འབུམ་ལ་ཕྱག་འཚལ་ལོ། །ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་འབྲས། །རྫོགས་སངས་རྒྱས་ཀྱང་སྨོན་ལམ་མཐའི་གདུལ་བྱ། །འདྲེན་པའི་དེད་དཔོན་རྒྱལ་སྲས་སེམས་པའི་ཚུལ། །ཐོགས་མེད་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་གནོད་སེམས་འཚལ་ཚུལ་ཀུན་སྤངས་པ། །བློ་མཛོད་དམ་ཆོས་རིན་ཆེན་གྱིས་ཁེངས་ནས། །གདུལ་བྱའི་དབུལ་བ་སེལ་མཛད་སེམས་དཔའ་ཆེ། །ཆོས་ཀྱི་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །ཡེ་ཤེས་དོན་དམ་སེམས་ཀྱི་ནམ་མཁའ་ལ། །བསོད་ནམས་ཀུན་རྫོབ་སེམས་ཀྱི་རིན་ཆེན་སྤྲིན། །གཞན་ཕན་བདུད་རྩིའི་རྒྱུན་འཛག་སེམས་དཔའ་ཆེ། །བསོད་ནམས་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །འབྱམས་ཀླས་བསོད་ནམས་ཀླུ་དབང་ལས་བྱུང་བའི། །ཕུན་ཚོགས་བསམ་འཕེལ་རྒྱལ་མཚན་འོད་ཀྱིས་རྟོགས། །འགྲོ་བའི་རེ་འདོད་ཡོངས་སྩལ་སེམས་དཔའ་ཆེ། །བསོད་ནམས་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཀུན་ཏུ་རྒྱལ་བསྟན་མང་ཐོས་གླེགས་བམ་དང་། །རབ་དགའ་མཁྱེན་པའི་རལ་གྲི་ཟླ་མེད་འཛིན། །སེམས་ཀྱི་མདུད་གྲོལ་ཕྱོགས་ཀྱི་སྤྱོད་པ་སྐྱོང་། །འཇམ་མགོན་གྲོལ་མཆོག་ཞབས་ལ་ཕྱག་འཚལ་ལོ། །ཀུན་གསལ་རྣམ་དཔྱོད་གྲུ་གཟིངས་བཟང་པོ་ཡིས། །སྡེ་སྣོད་རྒྱ་མཚོར་དགའ་བས་རབ་འཇུག་ནས། །རིམ་གཉིས་ནོར་བུའི་རྒྱལ་མཚན་འཛིན་མཁས་པ། །ཀུན་དགའ་རྒྱལ་བའི་མཚན་ལ་ཕྱག་འཚལ་ལོ། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་མཆོག་དགའི་གཏེར། །སྙིང་པོའི་གསལ་འབྱེད་ཟླ་མེད་ཤིང་རྟ་ཆེ། །གྲུབ་པ་བྱེ་བས་ཕྱག་བྱས་ཏེ་ཧེ་རུ་ཀ །འཇམ་མགོན་ཀུན་དགའ་སྙིང་པོར་ཕྱག་འཚལ་ལོ། །ཀུན་ནས་མཁྱེན་སྤྱོད་མ་སྨད་ཆེ་དགའ་བས། །རྗེ་བཙུན་ཡེ་ཤེས་སྐུ་ཆེན་ཐུགས་ཀྱི་བཅུད། །ངོམ་མེད་བདུད་རྩི་རྒྱ་མཚོར་རྟག་རོལ་མཛད། །སྐྱེས་མཆོག་ཡེ་ཤེས་རྒྱ་མཚོར་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པས་རྒྱལ་ཚབ་དབང་བསྐུར་ཞིང་། །ཤེས་རབ་རིན་ཆེན་གསུམ་གྱི་སྨིན་གཏོང་གི །སྐལ་ལྡན་རྒྱ་མཚོའི་ཚོགས་ཀུན་ཚིམ་མཛད་པ། །རྒྱལ་ཚབ་རིན་ཆེན་རྒྱ་མཚོར་ཕྱག་འཚལ་ལོ། །ཟབ་ལམ་སྙིང་པོའི་བསྟན་པ་འཛིན་མཛད་མགོན། །བློ་གྲོས་རྒྱ་མཚོའི་འཇིང་ལ་དབང་བསྒྱུར་ཞིང་། །རྣམ་ཀུན་རྒྱལ་བའི་སྲས་གྱུར་རྣལ་འབྱོར་གཙོ། །སྙིང་པོ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་ཀུན་ནས་དགའ་བའི་དཔལ། །རྡོ་རྗེའི་རྣལ་འབྱོར་བསྒྲུབ་པའི་འཕྲིན་ལས་རྒྱུན། །ཕྱོགས་ཀུན་རྒྱལ་མཛོད་དཔལ་ལྡན་ཆང་ལུང་པ། །ངག་དབང་འཕྲིན་ལས་དཔལ་ལ་ཕྱག་འཚལ་ལོ། །སྙིགས་དུས་འགྲོ་ལ་ཀུན་ཏུ་བཟང་པོ་ཉིད། །རྣལ་འབྱོར་དབང་པོའི་ཚུལ་དུ་བསྐུར་བསྟན་ནས། །སྙིང་པོའི་བསྟན་པས་ས་གསུམ་འགེངས་མཛད་པ། །རྗེ་བཙུན་ཀུན་བཟང་དབང་པོར་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །གཅིག་བསྡུས་གདུལ་བྱའི་འདྲེན་པ་རྡོ་རྗེ་འཛིན། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་ཆེ། །དྲིན་ཆེན་རྩ་བའི་བླ་མར་ཕྱག་འཚལ་ལོ། །མཁའ་ཁྱབ་བླ་མ་སངས་རྒྱས་སྲས་བཅས་ལ། །མཁའ་ཁམས་ཁེངས་པར་རྡུལ་སྙེད་ལུས་སྤྲུལ་ཞིང་། །མཁའ་དབྱིངས་ཀུན་བཟང་མཆོད་སྤྲིན་གྱིས་གཏིབ་བཞིན། །མཁའ་ཁྱབ་འགྲོ་ཀུན་དོན་དུ་ཕྱག་འཚལ་ལོ། །རྩ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །རྒྱལ་བ་རྒྱ་མཚོ་ཀུན་དངོས་སྤྱན་རས་གཟིགས། །དེ་ལ་བདག་གི་སྙིང་ནས་རབ་གུས་ཤིང་། །མི་ཕྱེད་དད་མོས་དང་བའི་ཡིད་བཟང་པོས། །ངག་ནས་བསྟོད་སྙན་བརྗོད་ཅིང་ལུས་བཏུད་བྱས། །སྒོ་གསུམ་དགེ་བའི་རྩ་བ་བསགས་འདི་ཡི། །བདག་སོགས་སེམས་ཅན་ཀུན་གྱི་ཐོག་མེད་ནས། །བསགས་པའི་མི་དགེ་སྡིག་སྒྲིབ་ཀུན་དག་ཅིང་། །དགེ་བའི་རྩ་བ་ཅུང་ཟད་མཆིས་ཀུན་ཡང་། །མ་ཉམས་འགྲིམ་མེད་བྱང་ཆུབ་ཆེན་པོར་འབབ། །ཀུན་ཀྱང་རྒྱལ་བའི་ལམ་བཟང་ཐེག་པ་ཚོར། །ཞུམ་མེད་དགའ་བའི་སེམས་ཀྱི་གཞོལ་བར་ཤོག །བདག་སོགས་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་དང་འཕགས་ནོར་བདུན། །རྣམ་པར་སྨིན་པའི་ཡོན་ཏན་བཟང་པོ་བརྒྱད། །མི་འབྲེལ་འཁོར་ལོ་རྟག་ཏུ་སྤྱོད་པར་ཤོག །གཞན་རྐྱེན་མ་ལྟོས་སེམས་ལ་རང་རྡོལ་གྱི། །འགྲོ་ལ་རྟག་ཏུ་སྙིང་རྗེའི་རྒྱུན་འཛག་ཅིང་། །བྱམས་པས་བུ་བཞིན་བལྟས་ནས་གཞན་ཕན་སྤྱོད། །དེ་ལ་ལྡེམ་ཀྱང་ངལ་བ་མེད་པར་ཤོག །ཁྱད་པར་དགེ་མཐུ་འདི་ཡི་ཚེ་རབས་ཀུན། །ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་མཆོག །མཚན་ལྡན་ཀུན་མཇལ་ཐུགས་ཀྱི་བརྩེ་བས་བཟུང་། །དེ་དགྱེས་ལས་ལ་རྟག་ཏུ་སྤྱོད་པར་ཤོག །ཆོས་ཀྱི་གེགས་གྱུར་ཁྲོ་འཁོན་འཛིན་པ་དམ། །ནོར་ལ་སྐམ་དང་བག་མེད་ལེ་ལོ་རྣམས། །རིང་སྤངས་དགེ་བའི་བཤེས་གྱུར་རྒྱུ་ཚོགས་ཀུན། །ཚང་ལ་མ་ཉམས་རྣམ་དག་ཉིད་ལྡན་ཤོག །སྤངས་འོས་རྣམ་རྟོག་སྤང་ཞིང་རྒྱུན་ཆད་ནུས། །འོས་རུང་དགེ་སེམས་ཀུན་འཆང་བརྟན་ཚུགས་ཤིང་། །ཉིན་མཚན་འཁོར་ཡུག་དམ་ཆོས་ཐོས་བསམ་སྒོམས། །དགེ་ལས་འཁོར་ལོ་རྒྱུན་མི་ཆད་སྤྱོད་ཤོག །སྐྱེ་ཀུན་གང་དུ་གནས་པའི་ས་ཕྱོགས་དེར། །ནད་ཉུང་གདོན་ཞི་དུག་མཚོན་སྐལ་བ་ཉམས། །མུ་གེ་མེད་པར་སྨན་འབྲུ་ཕྱུགས་འབྱོར་འཕེལ། །འགྲོ་ཀུན་མཛའ་བཤེས་བདེ་ལ་སྤྱོད་ཤོག །ཁྱད་པར་བདག་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་བ་ཀུན་གྱི་སྡུག་བསྔལ་རྒྱུ་འབྲས་ཟད། །དྲི་མེད་ཚོགས་གསུམ་ལ་འཇུག་ཡོན་ཏན་འཕེལ། །ཀུན་ནས་ཀུན་བཟང་ཇི་འདྲ་དེ་ཐོབ་ཤོག །གནས་སྐབས་ནུབ་ཕྱོགས་ཞིང་ཁམས་བདེ་བ་ཅན། །མེ་ཏོག་པདྨའི་དབུས་སུ་བརྫུས་སྐྱེས་ཏེ། །སངས་རྒྱས་འོད་དཔག་མེད་ལ་ཆོས་ཉན་ཅིང་། །སངས་རྒྱས་མ་ལུས་མཆོད་པས་དགྱེས་བྱེད་ཤོག །མདོར་ན་འོད་དཔག་མེད་མགོན་སྤྱན་རས་གཟིགས། །གང་གི་བྱང་ཆུབ་བསྐྱེད་སྤྱོད་སྨོན་ལམ་གང་། །མདོར་ན་འོད་དཔག་མེད་མགོན་སྤྱན་རས་གཟིགས། །གང་གི་བྱང་ཆུབ་བསྐྱེད་སྤྱོད་སྨོན་ལམ་གང་། །དེ་འདྲ་ཇི་བཞིན་བདག་གི་ཉེར་འགྲུབ་ཅིང་། །དེ་ཡི་གོ་འཕང་མྱུར་ཏུ་ཐོབ་པར་ཤོག །

དེ་ལྟར་ཕྱག་འཚལ་རྒྱས་པ་དང་། འབྲིང་པོ་ནི་བཅུ་གཅིག་ཞལ་གྱི་མཆོག་གི་དཀྱུས་སུ་བསྟན་པ་གཉིས་དང་གལ་ཏེ་དེ་ཡང་མདོར་བསྡུས་པར་འདོད་ན་འདི་ལྟར་བྱ་སྟེ།

ན་མོ་ལོ་ཀེ་ཤྭ་ར་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེས་མཁའ་ལྟར་བརྡལ་བའི་སྤྱན་རས་གཟིགས། །ཤེས་རབ་ངོ་བོ་དགེ་སློང་དཔལ་མོས་ཞབས། །གྲུབ་བརྙེས་ཟླ་བ་གཞན་དུ་ཡེ་ཤེས་ཞབས། །པེ་ཉ་པ་སྟེ་རྒྱ་བལ་པཎྜི་ཏ། །སྤྱན་རས་གཟིགས་སྤྲུལ་ཟླ་བ་རྒྱལ་བའི་མཚན། །གྲུབ་གྱུར་ཉི་ཕུག་སྤུ་སྟོན་ཞང་དགྲ་འཇིག །མཁན་ཆེན་རྩེ་འདུལ་བ་དང་བདེ་བ་ཅན། །བྱང་སེམས་ཆུ་བཟང་ཆོས་རྗེ་ཤེས་རབ་འབུམ། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་ཞབས། །སེམས་དཔའ་ཆོས་རིན་བསོད་ནམས་རིན་པོ་ཆེ། །བསོད་ནམས་རྒྱལ་མཚན་སེམས་ཀྱི་མདུད་གྲོལ་ཏེ། །མཆོག་གཉིས་ཐུགས་སྲས་ཀུན་དགའ་རྒྱལ་བའི་མཚན། །རྡོ་རྗེ་སེམས་དཔའ་དངོས་གྱུར་ཀུན་དགའ་སྙིང་། །སྐྱེས་མཆོག་ཡེ་ཤེས་རིན་ཆེན་རྒྱ་མཚོ་སྟེ། །སྙིང་པོ་བློ་གྲོས་ངག་དབང་འཕྲིན་ལས་དཔལ། །རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་ཀུན་བཟང་དབང་། །མཚུངས་མེད་རྩ་བརྒྱུད་བླ་མར་ཕྱག་འཚལ་ལོ། །བདག་གི་ཚད་མེད་བྱམས་པའི་ཆུ་རྒྱུན་གྱིས། །ཐོག་མེད་ནས་རེངས་བདག་བློའི་ཐ་རྒོད་བརླན། །ཐུགས་རྗེའི་གཤོལ་གྱིས་ཡོངས་སུ་རོལ་བྱས་ཏེ། །བྱང་ཆུབ་མཆོག་ཏུ་དགའ་བའི་ས་བོན་བསྐྲུན། །སྡང་སྲེད་ཡོངས་སྤངས་བཏང་སྙོམས་རླུང་གིས་བསྐུལ། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྨྱུ་གུ་ལ། །དོན་དམ་བྱང་ཆུབ་སེམས་ཀྱི་སྟོན་འབྲས་སྨིན། །བྱང་ཆུབ་མཆོག་གི་བདག་པོའི་མཛོད་ཁེངས་ནས། །ཕུན་ཚོགས་ཀུན་ཏུ་བཟང་པོའི་དགའ་སྟོན་གྱིས། །མཁའ་མཉམ་གདུལ་བྱའི་ཡིད་ཀྱི་དབུས་སེལ་ཞིང་། །མངོན་མཐོའི་དཔལ་འབྱོར་མཐར་ཐུག་ངེས་ལེགས་འབྲས། །འཇིག་རྟེན་དབང་ཕྱུག་གོ་འཕང་བཀོད་པར་ཤོག །

ཅེས་སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བའི་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་རྒྱས་པའི་ཆོས་རྗེ་ཤེས་རབ་འབུམ་ཡན་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་གསུང་དང་། དེ་འཕྲོས་སུ་བླ་བརྒྱུད་ཁ་སྐོང་དང་ཕྱག་འཚལ་བསྡུས་པ་གོང་འོག་གི་སྨོན་ལམ་དང་བཅས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུའི་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་ནག་ཟླའི་ཚེས་དྲུག་ཀུན་མཁྱེན་དོལ་པོ་པའི་དུས་ཆེན་དུ་བོད་ཡུལ་སྟོད་མངའ་རིས་མང་ཡུལ་ལྗོངས་ལ་དྭགས་རྒྱལ་པོའི་ཁ་ཊྭ་ཝཾ་ལེའི་གཙུག་ལག་ཁང་འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་བརྙན་ལྷ་བཙུན་ན་ག་ར་ཛའི་ཐུགས་དམ་རྟེན་མཆོག་བཞུགས་པའི་ངོགས་སུ་བཀོད་པ་དགེའོ། །འདིའི་བརྒྱུད་པར་ཟླ་བ་གཞོན་ནུ་དང་ཡེ་ཤེས་བཟང་པོ་གཉིས་ཀ་དཔལ་མོའི་ཞབས་ལ་ཐུག་པ་ཡིན་པས་རྒྱལ་སྲས་ཆོས་རྫོང་བས་ཕྱག་འཚལ་སྐབས་ཡེ་ཤེས་བཟང་པོས་བཀོད་ཅིང་། རྒྱལ་སྲས་ཐོགས་མེད་ནས་གྲོལ་མཆོག་བར་བརྒྱུད་པའི་རྣམ་གྲངས་གཞན་ཡིན་ཡང་། རྗེ་རྡོ་རིང་བས་སེམས་པ་བསོད་ནམས་རྒྱལ་མཚན་དང་། གྲོལ་མཆོག་ཞབས་ལ་གསན་པས། སེམས་དཔའ་ཆེན་པོ་དང་ལྷན་དུ་བགྲང་བ་ཡིན་ལ། གཞན་ཡང་འདི་ལ་བརྒྱུད་པའི་རྣམ་གྲངས་ཁ་ཤས་ཡོད་པ་ཡང་ཤེས་པར་བྱའོ། །སརྦ་མངྒ་ལཾ།

ཕྱག་རྒྱ་ཆེན་པོ་ཡང་དག་པ་སྙིང་པོའི་དོན་གྱི་གཏེར་མཛོད་ཀྱི་བརྒྱུད་པའི་བླ་མར་གསོལ་འདེབས་བྱིན་རླབས་མྱུར་འདྲེན།

༈ ཕྱག་རྒྱ་ཆེན་པོ་ཡང་དག་པ་སྙིང་པོའི་དོན་གྱི་གཏེར་མཛོད་ཀྱི་བརྒྱུད་པའི་བླ་མར་གསོལ་འདེབས་བྱིན་རླབས་མྱུར་འདྲེན་ཞེས་བྱ་བ་བཞུགས་སོ། །

མ་ཧཱ་གུ་རུ་ཨ་དྷིཥྛ་ཏེ་ན་མ། གདོད་ནས་ཉིད་དག་ཡེ་ཤེས་ངང་ཉིད་ལས། །མ་གཡོས་ཆོས་ཉིད་དྲི་བྲལ་གནས་ལུགས་གཤིས། །གདངས་རྩལ་མ་འགག་སྒྱུ་འཕྲུལ་བདེ་ཆེན་སྐུ། །དབང་ཕྱུག་བརྒྱད་ལྡན་རིགས་དྲུག་རྡོ་རྗེ་འཆང་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཕྱག་རྒྱ་ཆེ། །བདེ་ཆེན་གཉུག་མའི་ཡེ་ཤེས་ངོ་བོ་ཉིད། །བརྗོད་བྲལ་བློ་འདས་འོད་གསལ་བླ་མེད་མཆོག །དེ་རིང་ཉིད་ནས་རྟོགས་བྱིན་གྱིས་རློབས། །རྡོ་རྗེ་ཅན་ཉིད་མི་ཡི་གཟུགས་གྱུར་ཏེ། །རིམ་གསུམ་གང་ཟག་བློ་ངོ་དང་མཐུན་ཕྱིར། །ཕྱོགས་དང་སྤྲུལ་པ་རང་རྒྱུད་ཚུལ་སྟོན་མཁས། །བདེ་བའི་འཁོར་ལོ་ཆེན་པོ་ཏེ་ལོ་པར། །གསོལ་བ་འདེབས་སོ༴ ལ་སོགས་ཤྭ་ལོ་ཀ་གྲེས་ཕྱུང་། །བླ་མེད་ལམ་ལ་མའི་བཀའ་བཞིན་དུ། །སྤྱད་པས་སྐྱེ་བ་གཅིག་གི་བྱང་ཆུབ་ཆེ། །སྦྱོར་བར་དེ་ཉིད་གདུལ་བྱ་ལ་སྟོན་ཕྱིར། །ཕྱག་རྡོར་མི་ཟོལ་དཔལ་ལྡན་ན་རོ་པར། །གསོལ་བ་འདེབས་སོ༴ འཕགས་ཡུལ་གྲུབ་པའི་མན་ངག་རྟོགས་པའི་བཅུད། །བསིལ་ལྡན་ལྗོངས་སུ་འདྲེན་ནས་བསྐལ་བཟང་ཀུན། །ཚིམ་ཕྱིར་མཁའ་འགྲོའི་ཡབ་གཅིག་དགྱེས་པ་ཆེ། །སྐད་གཉིས་སྨྲ་བའི་ཚུལ་སྟོན་ཆོས་བློ་གྲོས། །གསོལ་བ་འདེབས་སོ༴ འཇམ་དཔལ་དའ་བོ་ཐོས་པ་དགའ་བའི་སྐུར། །བསྟན་ནས་འཁོར་བའི་ཆོས་བརྒྱས་དམག་དཔུང་ཀུན། །དཀའ་སྤྱད་བརྩོན་འགྲུས་མཚོན་གྱིས་མཐར་བྱས་ཏེ། །སྒྲུབ་བརྒྱུད་འཁོར་ལོ་བསྒྱུར་བ་མི་ལ་རས། །གསོལ་བ་འདེབས་སོ༴ རྩིབས་སྐྱེས་གསེར་གྱི་བུ་ཆུང་འགྲོ་འདུལ་གྲོགས། །སྙིང་པོ་དོན་གྱིས་བསྟན་པ་རྒྱས་ཕྱིར་དུ། །གསུང་གི་རྡོ་རྗེ་ཞིང་འདིར་སྣང་གྱུར་པ། །དམྱལ་མེད་ལྷ་རྗེ་དཔལ་ལྡན་སྒམ་པོ་པར། །གསོལ་བ་འདེབས་སོ༴ སྨན་པའི་རྒྱལ་པོ་སྐལ་བཟང་ཞིང་འདི་ཡི། །འདྲེན་པ་ཐོག་མ་འཁོར་བ་འཇིག་གྱུར་ཀྱང་། །ཐུབ་བསྟན་སྙིགས་དུས་འགྲོ་ལ་བརྩེ་བ་ཡི། །སྤྲུལ་པའི་སྐུར་བྱོན་ཕག་གྲུ་རྡོར་རྒྱལ་ལ། །གསོལ་བ་འདེབས་སོ༴ ཕྱག་ན་པདྨོའི་ལུང་བསྟན་བདེ་གཤེགས་མཇལ། །བྱིན་རླབས་ཆེར་ཞུགས་ཅིག་ཆར་བསྒོམ་མེད་རྟོགས། །ཚེ་གཅིག་སངས་རྒྱས་མདའ་སྣུན་ཡོངས་སྐྱོང་བའི། །མཆོག་སྙེས་གླིང་རས་པདྨ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ བླ་མའི་ཐུགས་བཅུད་ལྷག་མེད་ངོམ་པར་བླངས། །བདེན་དོན་མངོན་གྱུར་རྟེན་འབྲེལ་ཐམས་ཅད་མཁྱེན། །རོ་མཉམ་ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ །གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ གླུ་མཁན་ལེགས་བཤད་རྐྱེན་གྱི་སྔོན་ལས་འཕྲོ། །པད་མའི་ཚུལ་བཅས་མགོན་རྟེན་ཆོས་སྐུ་རྟོགས། །སྐྱེ་བ་གཅིག་གི་རྒྱལ་བ་པདྨའི་སྤྱན། །ཞལ་བཞེས་རྒོད་ཚང་མགོན་པོ་རྡོ་རྗེ་ལ། །གསོལ་བ༴ སྐྱེ་མ་ཐག་ནས་དམ་པའི་རྣམ་ཐར་འཛིན། །སྐྱེ་མཐར་མཆོག་གི་མཛད་པ་ཇི་བཞིན་སྐྱོང་། །ཕྱི་ནང་གཞན་གསུམ་ཐམས་ཅད་མཁྱེན་པའི་དཔལ། །ཡང་དགོན་མི་བསྐྱོད་ཐུགས་ཀྱི་རྡོ་རྗེ་ལ། །གསོལ་བ༴ མཆོག་གི་སྤྲུལ་སྐུ་གཙུག་གི་ནོར་བུ་རུ། །འབྲེལ་མེད་བརྟེན་ནས་ཐུགས་ཀྱི་གསང་བའི་མཛོད། །ཡོངས་འཛིན་དོན་ཉིད་འབྲས་བུ་མཐར་ཕྱིན་པའི། །སྤྱན་སྔ་རིན་ཆེན་དཔལ་དང་ལྡན་པ་ལ། །གསོལ་བ༴ མཁས་ཤིང་གྲུབ་གྱུར་བླ་མ་ཟུང་བརྟེན་ནས། །ཐུགས་ཀྱི་སྲས་གྱུར་ཟབ་དགུའི་མན་ངག་རྫོགས། །གྲུབ་པ་མཆོག་བརྙེས་བསྒྲུབ་པའི་སྡེ་ཆེན་བཙུགས། །ཤྲཱི་ཟུར་ཕུག་རིན་ཆེན་དཔལ་བཟང་ལ། །གསོལ་བ༴ གཞོན་ནུ་ཉིད་ནས་བསྐྱེད་རྫོགས་དྲོད་ཚད་ཐོབ། །དམ་པ་མང་བསྟེན་སྨིན་གྲོལ་རྒྱ་མཚོ་ནོད། །དོན་ཉིད་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོ། །འབར་ར་སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ༴ བྱིན་རླབས་རྟོགས་པའི་བཀའ་བབ་ལེགས་ཐོབ་ནས། །དོན་བརྒྱུད་ཆུ་བོ་གཉིས་མེད་འཛིན་པའི་བདག །བསྐལ་བཟང་སྐྱེས་བུ་དགའ་བའི་རྣལ་འབྱོར་མཆོག །སྒྲོལ་མ་བསམ་ལྡིང་ནམ་མཁའ་སེང་གེ་ལ། །གསོལ་བ༴ བསླབ་པ་རྣམ་དག་བྱང་ཆུབ་སེམས་དཔའ་ཆེ། །ལུང་དང་རྟོགས་པའི་མཛོད་འཛིན་འཆང་ཐུབ་ཀྱི། །མཆོག་གྱུར་གྲུབ་པའི་བདག་ཉིད་དམ་པ་རྗེ། །ཀུན་ནས་དགའ་བ་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ༴ སྔོན་ལས་འཕྲོ་སད་ཆོ་ཀུན་སྒྱུ་མར་གཟིགས། །དབུ་མའི་མདུད་གྲོལ་རྩ་རླུང་རང་དབང་ཐོབ། །འོད་གསལ་གཉིས་འདྲེས་འབྲེལ་ཚད་སྨིན་གྲོལ་སྦྱོར། །མོན་རྫོང་ར་ས་ཟླ་བ་རྒྱལ་མཚན་ལ། །གསོལ་བ༴ དུས་ཀུན་དབེན་པའི་གནས་ལས་མི་འདའ་ཞིང་། །བསྒྲུབ་པའི་གོ་ཆ་དཀའ་སྤྱོད་མཐར་ཕྱིན་ཏེ། །ཉམས་དང་རྟོགས་པ་ཀློང་གྱུར་གྲུབ་ཐོབ་ཆེ། །མངའ་རིས་རས་ཆེན་ནམ་མཁའ་རྡོ་རྗེ་ལ། །གསོལ་བ༴ མང་དུ་ཐོས་ཤིང་བསམ་པའི་མཐུ་ཆེན་ཐོབ། །མཆོག་བརྙེས་བླ་མར་བསྙེན་ནས་མཉེས་བྱས་ཤིང་། །གནས་ལུགས་བསྒོམ་པས་ལྟ་བ་མངོན་དུ་གྱུར། །རབ་འབྱམས་ཆེན་པོ་ལྷུན་གྲུབ་དཔལ་འབྱོར་ལ། །གསོལ་བ༴ མཁས་གྲུབ་བླ་མ་དམ་པའི་ཞབས་ལ་བཏུད། །བསྙེན་བསྒྲུབ་མཐར་ཕྱིན་ཡི་དམ་ཞལ་དངོས་གཟིགས། །ཐབས་ལམ་ལས་རུང་མཉམ་ཉིད་ཕྱག་ཆེན་རྟོགས། །འཛམ་གླིང་མཁས་གྲུབ་སངས་རྒྱས་ཆོས་འཕེལ། །གསོལ་བ༴ སྙིགས་དུས་འདུལ་དཀའ་འགྲོ་ལ་བརྩེ་བ་ཡི། །སྨིན་གྲོལ་བསྟན་པའི་སྒྲོན་མེ་སྦར་བའི་ཕྱིར། །སྤྲུལ་པའི་སྐུར་བྱོན་འབའ་ར་གསུམ་པ་རྗེ། །བྱ་བཏང་ཆེན་པོ་ཀརྨ་གསལ་བྱེད་ལ། །གསོལ་བ༴ མི་ཆོས་ཟང་ཟིང་མི་གཙང་རྩྭ་ལྟར་སྤངས། །སྦས་ཡུལ་དབེན་རྟེན་ཚེ་དང་སྒྲུབ་པ་མཉམ། །འཁྲུལ་ཞིག་བདེ་ཆེན་གཉུག་མའི་རྣལ་འབྱོར་པ། །སྐྱིད་གྲོང་རས་པ་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ༴ བསམ་བཞིན་གདུལ་བྱའི་དོན་དུ་འཇུག་པ་ཡི། །སྐྱེ་བཞེད་ཤིས་བཞིན་དོན་བསྒོམས་བསྟན་པ་མཆོག །གསོ་མཛད་འབའ་ར་བཞི་པ་སྤྲུལ་པའི་སྐུ། །རྗེ་བཙུན་རིན་ཆེན་བརྟེན་པའི་གསལ་བྱེད་ལ། །གསོལ་བ༴ དམ་པ་མང་བརྟེན་ཐུགས་བཅུད་བུམ་པ་བཟང་བལྟམས། །སྦས་པའི་ཚུལ་ལ་བསྒྲུབ་པའི་སྡེ་ཆེན་འཛིན། །གནས་ལུགས་བདེན་པ་ཕྱག་ཆེན་ངོ་བོ་མཐོང་། །འཛམ་གླིང་རིན་ཆེན་བློ་གྲོས་ཆོས་འཕེལ་ལ། །གསོལ་བ༴ དཔེ་མཚོན་ཚིག་གི་བརྡ་སྦྱོར་སྟོན་མཛད་ཅིང་། །དོན་དམ་དཔེ་མཚོན་ཚིག་ཡུལ་ལས་འདས་དོན། །བྱིན་རླབས་འཕོ་བ་ཐུགས་ནས་ཐུགས་བརྒྱུད་པའི། །ཡེ་ཤེས་ལྔ་བདག་རྩ་བའི་བླ་མ་ལ། །གསོལ་བ༴ དེ་ལྟར་ཆོས་སྐུ་ཡེ་ཤེས་ངོ་བོའི་གཤིས། །འགྲོ་ཀུན་སྙིང་ལ་སར་རང་ངོ་རང་། །སྟོན་བྱེད་རྡོ་རྗེ་འཆང་ནས་རྩ་བ་ཡི། །བླ་མའི་བར་བྱོན་དོན་གྱི་ཤིང་རྟ་ཆེ། །གསོལ་བ༴ རྟེན་དང་བརྟེན་པ་སྣོད་བཅུད་དཀྱིལ་འཁོར་ནས། །འབྱུང་དང་ཕུང་ཁམས་ལྷན་སྐྱེས་རྒྱལ་བའི་དངོས། །དག་པ་རབ་འབྱམས་ཅིར་སྣང་བདེ་ཆེན་འཕྲུལ། །རྒྱུད་སྡེ་བཞི་རིམ་ཡི་དམ་ལྷ་ཚོགས་ལ། །གསོལ་བ༴ ཕྱི་ནང་གསང་བའི་གནས་ཡུལ་དུར་ཁྲོད་ནས། །སྐུ་གསུམ་ཌཱ་ཀི་ས་གསུམ་དབང་བསྒྱུར་མ། །སྐད་ཅིག་ཐོགས་མེད་འཕྲིན་ལས་སྒྲུབ་པའི་དཔལ། །ཡེ་ཤེས་འཇིག་རྟེན་ལས་ཀྱི་ཚོགས་རྣམས་ལ། །གསོལ་བ༴ བདེ་བར་གཤེགས་ཀྱང་འགྲོ་ལ་སྨན་པའི་སླད། །རྒྱལ་བའི་བཀའ་དང་དེ་འཛིན་གསུངས་པའི་ཕྱིར། །ཐུགས་རྗེ་སྐུར་སྟོན་དམ་ཅན་རྒྱ་མཚོ་ཆེ། །ཆོས་མཛད་བུ་ལྟར་སྐྱོང་བའི་ཚོགས་རྣམས་ལ། །གསོལ་བ༴ འདི་ལྟར་སྙིང་ནས་གུས་པའི་གསོལ་འདེབས་ཀྱིས། །རྩ་བརྒྱུད་བླ་མའི་ཐུགས་རྗེ་རབ་གཡོས་ཏེ། །བདག་རྒྱུད་ཐོག་མེད་ནས་གོམས་འཁྲུལ་མུན་སྟེ། །དེ་རིགས་བྱིན་རླབས་སྒྲོན་མེས་གསལ་བྱས་ནས། །མི་རྟག་འཆི་བ་སྙིང་ནས་དྲན་པ་དང་། །ཆོས་བརྒྱད་ཞེན་ལོག་འཇིག་རྟེན་འཁྲི་བ་ཆོད། །རྒྱུ་འབྲས་ངེས་ཤེས་སྤང་བླང་གནས་ལ་མཁས། །ཚེ་འདི་བློ་ཡིས་མཐོང་བར་བྱིན་གྱིས་རློབས། །བླ་མར་མོས་གུས་ཆུག་མེད་སྙིང་ལ་གཟེར། །དད་པ་འགྱུར་ལྡོག་མེད་པར་རྟག་ཏུ་བརྟེན། །ཅི་མཛད་ལེགས་པར་མཐོང་བའི་དག་སྣང་འབྱོངས། །ཅི་གསུང་འདའ་མེད་བདག་གི་གཉེན་གྱུར་ཤོག །བླ་མའི་བྱིན་རླབས་སྙིང་ལ་ཞུགས་གྱུར་ཏེ། །གནས་ལུགས་གཉུག་མ་དག་ལ་ཕྱག་རྒྱ་ཆེ། །མངོན་སུམ་རྟོགས་ནས་ས་ལམ་གེགས་མེད་པར། །ཚེ་གཅིག་ཉིད་ལ་རྡོ་རྗེ་འཆང་བྱིན་རློབས། །ཐབས་ལམ་ཆོས་དྲག་གནད་དུ་ཚུད་ནས་ཀྱང་། །བདེ་ཆེན་སྤྲུལ་ལོངས་ཆོས་སྐུ་ལྷུན་གྲུབ་དོན། །ཟུང་འཇུག་མངོན་གྱུར་འགྲོ་ཀུན་འདྲེན་གྱུར་པའི། །དེད་དཔོན་དམ་པར་བདག་ཉིད་གྱུར་བར་ཤོག །

ཅེས་ཕྱག་རྒྱ་ཆེན་དོན་ཁྲིད་སྐྱེ་མཆོག་ཡང་མགོན་པའི་བཀའ་བརྒྱུད་འབའ་ར་རྒྱལ་མཚན་དཔལ་གྱིས་མཛད་པའི་ཁྲིད་ཡིད་ཆེན་མོ་ཡང་དག་པ་སྙིང་པོ་དོན་གྱི་གཏེར་མཛོད་ཀྱི་ཁྲིད་ལུང་ལེགས་པར་ཐོག་པའི་ཚེ་བརྒྱུད་པའི་གསོལ་འདེབས་སུ་མདོ་ཁམས་ཀཿཐོག་པ་འོད་གསལ་ལྷ་རིགས་རྔུ་ཡི་བཙུན་གཟུགས་རྣལ་འབྱོར་ཚེ་དབང་ནོར་བུ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་གྱིས་མེ་ལུག་ནག་པ་ཟླ་བའི་དམར་ཕྱོགས་གང་བ་ཐུབ་པའི་དུས་བཟང་པོར་བལ་བོད་ཀྱི་མཚམས་མང་ཡུལ་གྱི་གྲོང་གྲྭ་འཇམ་དཔལ་གླིང་དུ་ཨ་ལོ་ཀེའི་མདང་ལ་གྲུབ་པར་སྦྱར་བའོ། །དགེའོ་དགེའོ། །

ཕྱག་ཆེན་ལྷན་སྐྱེས་གསོལ་འདེབས་བྱིན་རླབས་མྱུར་སྩོལ།

༈ ཕྱག་ཆེན་ལྷན་སྐྱེས་གསོལ་འདེབས་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ། །

ཨོ་ཨཱ་ཧཱུྃ༔ ཡན་ལག་བདུན་ལྡན་རིགས་དྲུག་རྡོ་རྗེ་འཆང་། །ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་བཙུན་མོ་ཆེ། །ས་བཅུའི་དབང་ཕྱུག་བློ་གྲོས་རིན་པོ་ཆེ། །གཅིག་འཆར་རིགས་གྲོལ་བྲམ་ཟེ་ས་ར་ཧ། །གསོལ་བ་འདེབས་སོ་ལྷན་སྐྱེས་མཉམ་སྦྱོར་ཆེ། །ཆོས་ཉིད་ཕྱག་རྒྱ་མྱུར་དུ་རྟོགས་གྱུར་ནས། །ཉམས་ལེན་མཐར་ཕྱིན་ལྟ་བའི་གདེང་ཚད་སྐྱོལ། །འབྲས་བུ་མྱུར་དུ་ཐོབ་པར་བྱིན་རླབས་སྩལ། །ཆོས་སྒོ་བརྒྱད་ཁྲི་མཆོག་བརྙེས་ཀླུ་སྒྲུབ་སྙིང་། །འོད་གཟུགས་གྲུབ་པའི་རྒྱལ་པོ་ཤ་བ་རི། །བྱང་ཆུབ་སེམས་མཆོག་མངའ་བདག་མཻ་ཏྲི་པ། །གཉིས་སྨྲའི་ངང་ཚུལ་དགྱེས་རྡོར་ཆོས་བློ་གྲོས། །གསོལ་བ་འདེབས་སོ༴ ༼སོགས་ཤོ་ལོ་ཀ་འདྲེས་སྣང་། ༽གསང་བ་འདུས་དངོས་མཁའ་སྤྱོད་མི་ལ་རྗེ། །གསུང་གི་རྡོ་རྗེ་དཔལ་ལྡན་སྒོམ་པོ་པ། །འཁོར་བ་འཇིག་བྱེད་ཕག་གྲུ་རྡོ་རྗེ་རྒྱལ། །ཆོས་ཀྱི་ཁྱུ་མཆོག་སྨར་ཚང་ཤེས་ཡེའི་ཞབས། །གསོལ་བ༴ གྲུབ་པའི་དབང་པོ་ཤ་ཡངས་ཡེ་ཤེས་རྒྱལ། །ཡང་དག་བརྩོན་ལྡན་སྤྱན་སྔ་བྱང་ཆུབ་གྲགས། །རྟོགས་མཆོག་དབུ་རྩེ་བསོད་ནམས་ཡེ་ཤེས་པ། །སྙིང་པོའི་བཅུད་ལེན་དཔལ་ལྡན་རིན་ཆེན་གླིང་། །གསོལ་བ༴ འཇིག་རྟེན་དབང་ཕྱུག་སྤངས་མཁན་འོད་ཟེར་ཞབས། །འཁྲུལ་གྲོལ་ཤིང་མགོ་དཀོན་མཆོག་རྒྱལ་བའི་མཚན། །ཞིག་པོ་རུ་དབོན་ཆོས་ཀྱི་རྡོ་རྗེ་བ། །བསྟན་པའི་ཟླ་ཤར་ཛྙ་ན་ཀེ་རུ་ཆེ། །གསོལ་བ༴ ལུང་རྟོགས་གཉིས་སྤེལ་བྱང་སེམས་རྒྱལ་སིང་པ། །གྲུབ་པའི་མཚན་རཏྣ་ཏྲ་ཡ་ཀེ་རུ་ཆེ། །གྲུབ་པ་མཆོག་ཐོག་རོང་པ་ཏྲ་བཛྲ། །བཤད་སྒྲུབ་བསྟན་སྤེལ་ཤཱཀྱ་རྒྱལ་བའི་མཚན། །གསོལ་བ་འདེབས་སོ༴ ལྟ་བ་ཀློང་གྱུར་བྷོ་དྷི་སིངྒ་པ། །མཚུངས་མེད༴ མཆོག་སྤྲུལ་བཀྲ་ཤིས་རྒྱ་མཚོ་ཆེ། །ཚེ་གཅིག་གྲུབ་བརྙེས་བསྟན་པ་སེངྒེ་བ། །གནས་ལུགས་མཐར་ཕྱིན་ཆོས་ཉིད་རྒྱ་མཚོའི་ཞབས། །གསོལ་བ༴ རྟོགས་ལྡན་རྒྱལ་པོ་ཤེས་རབ་རྒྱ་མཚོ་དཔལ། །སྣང་སེམས་མངོན་འདྲེས་ཡེ་ཤེས་རྒྱལ་བའི་མཚན། །རིག་འཛིན་མཆོག་གཙོ་པདྨ་བདེ་ཆེན་གླིང་། །གདམ་ངག་རྗེན་བཤད་རྩ་བ་རྒྱུད་པ་ལ། །གསོལ་བ༴ དེ་ལྟར་བྱིན་རླབས་རྟོགས་པ་ཁོ་ན་ཉིད། །སྙིང་པོའི་དོན་རྟེན་གདམས་བརྒྱུད་བླ་མ་ལ། །རྩེ་གཅིག་འདྲེན་མཆོག་རྟག་ཏུ་གུས་པ་ཆེས། །སྙིང་ནས་གསོལ་བ་བཏབ་པའི་བདེན་ནུས་འབྲས། །གཞི་ཡི་གནས་ལུགས་ལྟ་བ་ཕྱག་རྒྱ་ཆེ། །ཡོད་མེད་མཐའ་བསམ་བློ་འདས་ཡིད་བྱེད་ཟད། །ཤིང་གདོང་རྩལ་ཕྲོ་ལྷུན་གྲུབ་སྤྲོས་བྲལ་ཆེ། །སྣང་སྲིད་ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །ལམ་གྱི་ཉམས་ལེན་བསྒོམ་པ་ཕྱག་རྒྱ་ཆེ། །བཞི་གནས་བརྟེན་སྐྱེས་ལྷག་མཐོང་མངོན་དུ་གྱུར། །རྣལ་འབྱོར་བཞི་ཡི་ཉམས་ལེན་མཐའ་རུ་ཕྱིན། །ཆོས་ཟད་བློ་འདས་རྟོགས་པར་བྱིན་གྱིས་རློབས། །འབྲས་བུ་མངོན་གྱུར་སྐུ་གཉིས་ཕྱག་རྒྱ་ཆེ། །སྟོང་ཉིད་རང་གཟུགས་རང་དོན་ཆོས་སྐུར་ཐིམ། །སྙིང་རྗེའི་རང་གཟུགས་གཞན་དོན་གཟུགས་སྐུར་འཆར། །མཁྱེན་གཉིས་ཡན་ལག་བདུན་འགྲུབ་བྱིན་གྱིས་རློབས། །

ཅེས་ཕྱག་རྒྱ་ཆེན་པོ་ལྷན་གཅིག་སྐྱེས་སྦྱོར་གྱི་བརྒྱུད་པ་སྨར་ཚང་བ་ལས་འབྱུང་བའི་བདེ་ཆེན་གླིང་པ་ལས་ཐོབ་པའི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་རྣལ་འབྱོར་པ་ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོས་ལྕགས་བྱི་ཟླ་བ་བཞི་པའི་ཚེས་ཉིན་ལ་ཏིར་རི་ལྗོན་པའི་ར་བར་བྲིས་པ་དགེ་ལེགས་འཕེལ། །དགེའོ། །

ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད།

༈ ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ། ཁྱབ་བརྡལ་ཆོས་ཉིད་མགོན་པོ་འོད་དཔག་མེད། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །སངས་རྒྱས་ཀུན་འདས་མཚོ་སྐྱེས་པདྨ་འབྱུང་། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་བསྐྱེད་ཡུམ་དབང་མོ་མཚོ་རྒྱལ་མ། །གངས་ཅན་གཏེར་སྟོན་རྒྱལ་པོ་ཆོས་དབང་ཕྱུག །ཐུགས་ཆེན་བཀའ་བབ་མ་ཎི་རིན་པོ་ཆེ། །གསོལ་བ༴ འགྲོ་འདུལ་ཆོས་རྗེ་ཀེ་རུ་སིང་ཧ་པ། །ཆོས་ཉིད་དོན་རྟོགས་མཐར་ཕྱིན་ཐུགས་རྗེ་དཔལ། །རིམ་གཉིས་དངོས་གྲུབ་མཆོག་བརྙེས་ཚུལ་ཁྲིམས་འབུམ། །གསོལ་བ༴ སྤང་རྟོགས་རྩལ་རྫོགས་དྷརྨཱ་པཀྵི་ཞབས། །བསྟན་པའི་སྒྲོན་མེ་གྲུབ་མཆོག་ཡེ་ཤེས་རྒྱལ། །འཁྲུལ་ཞིག་རང་གྲོལ་ཕྱོགས་མེད་བྱང་ཆུབ་སེམས། །གསོལ་བ༴ ཤེས་རབ་གསུམ་རྒྱས་ཡེ་ཤེས་ཀློང་དུ་གྱུར། །ཆོས་ཉིད་མངའ་བརྙེས་བསྟན་འཛིན་དབང་པོ་རྗེ། །པདྨ་འཕྲིན་ལས་མངའ་བདག་གུ་རུ་དཔལ། །གསོལ་བ༴ སྨིན་གྲོལ་རྩ་ལག་པདྨ་རྒྱལ་བའི་མཚན། །མཁས་གྲུབ་ཁྱུ་མཆོག་པདྨ་བློ་གྲོས་ཆེ། །ཟབ་གསང་འགྱེད་མཁས་རིག་འཛིན་རྣམ་པར་རྒྱལ། །གསོལ་བ༴ ཀུན་བཟང་གོ་འཕང་མངོན་གྱུར་ཁྱབ་བརྡལ་ལྷུན། །རྡོ་རྗེ་འཆང་དབང་པདྨ་བདེ་ཆེན་གླིང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་ཞབས། །གསོལ་བ༴ དངོས་གྲུབ་མྱུར་གཏེར་ཡི་དམ་ཞི་དང་ཁྲོ། །རྟེན་ཅིང་འབྲེལ་བར་འབྱུང་སྟོན་མཁའ་འགྲོ་མ། །བར་ཆད་སེལ་མཛད་ཆོས་སྐྱོང་སྲུང་མ། །གསོལ་བ༴ གཏེར་གནས་དྷེ་ཝི་ཀོ་ཊའི་ཕུག་རིགས་ནས། །ས་འོག་གཏེར་གཅིག་ཐུགས་ཆེན་ཡོངས་སྙིང་འདུས། །མཐོང་ཐོས་སྨིན་ཅིང་གྲོལ་བའི་དམ་ཆོས་ལ། །གསོལ་འདེབས་ཚིག་ཁོང་དོན་ཆུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཕྲལ་རྐྱེན་ཀུན་སེལ་གཏན་བདེའི་བཞི་མ་ཐིང་། །སྟོང་ཉིད་སྙིང་རྗེ་རབ་རྒྱས་འབྲས་བུ་སྨིན། །སྐུ་གཉིས་ལྷུན་གྲུབ་འཁོར་བ་དོང་སྤྲུག་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔

ཞེས་པ་རང་གི་སློབ་མ་དད་མོས་དང་ནན་པ་རབ་འབྱམས་པས་ཡང་ཡང་སྐུལ་བའི་ངོར་ཁྲོ་ལོ་ཞེས་ཤིང་འབྲུག་གི་ལོ་སྟག་གི་ཟླ་བའི་ཚེས་བཅུ་གཅིག་ཉིན་ཚེ་དབང་ནོར་བུ་པདྨ་གར་གྱི་དབང་ཕྱུག་ཙམ་གྱི་ཏིང་རི་ལྗོན་པ་ཡིད་བཞིན་དབང་གི་ར་བར་སྦྱར་བའི་ཡིག་རིགས་བསྐུལ་པ་པོ་ཉིད་དོ། །དགེའོ། །དགེའོ། །

དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་བ་འདེབས་པ་རྒྱུད་འཛིན་མཆོག་རྒྱལ།

༈ དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་བ་འདེབས་པ་རྒྱུད་འཛིན་མཆོག་རྒྱལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ་ཧོ། མཆོག་རྒྱས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡན་ལག་བདུན་ལྡན་བཅོམ་ལྡན་དུས་འཁོར་ལོ། །གསོལ་བ་འདེབས་སོ་ཐུགས་རྗེ་བདག་བློ་ཟུངས། །རྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ཨེ་ཝཾ་རྡོ་རྗེ་འཆང་ཆེན་ཤཱཀྱ་ཐུབ། །རྒྱལ་བ་གཉིས་པ་གསང་བདག་ཟླ་བ་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེ་བདག་བློ་ཟུངས། །རྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ས་བཅུའི་སེམས་དཔའ་ཆེ་དང་མཁའ་འགྲོའི་གཙོ། །རྣམ་སྤྲུལ་ཆོས་རྒྱལ་རིགས་ལྡན་སུམ་ཅུ་ལྔར། །གསོལ་བ་འདེབས་སོ༴ རྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །གྲུབ་པ་ཡོངས་གཙོ་དུས་ཞབས་འཇམ་རྡོ་རྗེ། །མཁས་གྲུབ་དུས་འཁོར་བོ་དྷི་ས་ཡབ་སྲས། །གསོལ་བ་འདེབས་སོ༴ རྒྱུད་པ་འཛིན་ནོ༴ མཁས་ཤིང་མཆོག་གཟིགས་པཎ་ཆེན་ཟླ་བ་མགོན། །འཇིག་རྟེན་མི་འགྱུར་འབྲོ་ལོ་ཤེས་རབ་གྲགས། །གསོལ་བ༴ རྒྱུད་པ་འཛིན༴ རྫོགས་སྦྱོར་ལམ་གྱིས་གྲུབ་བརྙེས་དཀོན་མཆོག་གསུམ། །མཁའ་འགྲོས་ཆོས་གྱུར་དཔའ་བོ་གནམ་ལ་བརྩེགས། །གསོལ་བ༴ རྒྱུད་པ་འཛིན་ནོ༴ འདུལ་འཛིན་ཡེ་ཤེས་ཆེས་རྙེད་དད་པའི་རྒྱལ། །འཇམ་དཔལ་གཞོན་ནུའི་རྣམ་འཕྲུལ་ཆོས་དབང་ཕྱུག །གསོལ་བ༴ རྒྱུད་པ་འཛིན་ནོ༴ ལྷག་ལྷས་རྗེས་བཟུང་མཁས་པ་ནམ་མཁའ་འོད། །མཁའ་སྤྱོད་ཡོངས་གཙོ་འཇའ་ལུས་ཇོ་འབུམ་ལ། །གསོལ་བ་འདེབས་སོ༴ རྒྱུད་པ་འཛིན་ནོ༴ ས་བཅུའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་པ། །འཇམ་དཔལ་དཔའ་བོས་རྗེས་བཟུང་ཤེས་རབ་འོད། །གསོལ་བ་འདེབས་སོ༴ རྒྱུད་པ་འཛིན་ནོ༴ སངས་རྒྱས་རབ་གསལ་ངོ་བོ་ཆོས་འོད་ཟེར། །རིགས་ལྡན་རྣམ་འཕྲུལ་ཀུན་སྤངས་ཞང་བརྩོན་འགྲུས། །གསོལ་བ་འདེབས་སོ༴ རྒྱུད་པ་འཛིན་ནོ༴ བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་དཔལ། །མཁས་བཙུན་བཟང་པོའི་མཐར་ཐུག་ཡོན་ཏན་མཚོ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ པད་དཀར་འཆང་དངོས་ཀུན་མཁྱེན་དོལ་པོ་པ། །དེ་བསྟན་འཛིན་མཁས་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ༴ རྒྱུད་པ་འཛིན་ནོ༴ སྨྲ་བའི་སེངྒེ་ཉ་དབོན་ཀུན་དགའ་དཔལ། །འཁྲུལ་ཞིག་རྣལ་འབྱོར་གྲུབ་ཆེན་ཀུན་བློ་གྲོས། །གསོལ་བ༴ རྒྱུད་པ་འཛིན་ནོ༴ ལུང་རྟོགས་བསྟན་པ་ཡོངས་རྫོགས་དཀོན་མཆོག་བཟང་། །ངེས་དོན་གསལ་སྒྲོན་ནམ་མཁའ་ཆོས་སྐྱོང་མཚན། །གསོལ་བ༴ རྒྱུད་པ་འཛིན་ནོ༴ གནས་ལྔ་རིག་པ་ནམ་མཁའ་དཔལ་བཟང་པོ། །འཕགས་པའི་རྣམ་སྤྲུལ་ཡོངས་གྲགས་རིན་ཆེན་བཟང་། །གསོལ་བ༴ རྒྱུད་པ་འཛིན་ནོ༴ འཇམ་མགོན་གྲུབ་པ་སྤྱོད་འཆང་གྲོལ་མཆོག་ཞབས། །འདུལ་འཛིན་མཁས་གྲུབ་ལུང་རིགས་རྒྱ་མཚོའི་སྡེ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ འཇིགས་མེད་ཤིང་རྟ་ཀུན་རྙིང་རྡོ་རྗེ་འཆང་། །རྒྱལ་ཚབ་གནས་བརྟན་རིག་ཆེན་རྒྱ་མཚོ་ཆེ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ ཟབ་ལམ་བསྟན་པའི་སྲོག་འཛིན་བློ་གྲོས་རྒྱལ། །རྡོ་རྗེའི་རྣལ་འབྱོར་ངག་དབང་འཕྲིན་ལས་དཔལ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ སྦས་པའི་སངས་རྒྱས་ཆོས་རྗེ་ཀུན་བཟང་དབང་། །རྒྱལ་སྲས་རིག་འཛིན་ཚེ་དབང་ནོར་བུའི་སྡེ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ གདུལ་བྱ་ཐར་ལམ་མཆོག་གྱུར་ཕྱག་རྒྱ་ཆེ། །སྟོན་མཛད་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ རྒྱུད་སྡེའི་མཐུ་ཡི་དམ་ཡོངས་ཀྱི་གཙོ། །དུས་ཀྱི་འཁོར་ལོ་བཅོམ་ལྡན་རྡོ་རྗེ་སེམས། །གསོལ་བ༴ རྒྱུད་པ་འཛིན་ནོ༴ རྒྱུད་ཀྱི་བདག་མོ་རྣལ་འབྱོར་མ་རིགས་བརྒྱ། །བར་ཆད་སེལ་མཛད་སྲུང་མ་དྲུག་ཅུ་ལ། །གསོལ་བ༴ རྒྱུད་པ་འཛིན་ནོ༴ དེ་ལྟར་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི། །རྒྱུད་པ་ཡིད་བཞིན་ནོར་བུས་གསོལ་བཏབ་མཐུས། །གང་གི་ཐུགས་རྗེ་བདག་བློ་དད་པ་དང་། །ངེས་འབྱུང་ལྷག་བསམ་རྣམ་དག་སྡོམ་གསུམ་བརྟན། །བྱིན་རླབས་ཞུགས་མཐུས་གཞན་སྟོང་ལྟ་བའི་གནད། །ཅི་བཞིན་བློར་ཆུད་རྡོ་རྗེ་རྣལ་འབྱོར་ལམ། །སྒོམ་པས་ཚེ་གཅིག་ཉིད་ལ་དབང་བཞིའི་དོན། །མ་ནོར་རྡོར་སེམས་འབྲས་བུ་ཐོབ་བྱིན་རློབས། །

ཅེས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་པ་ཡན་ལག་དྲུག་བྱིན་རླབས་རྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་འདི་ཡང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ལྷོ་ཕྱོགས་ཀྱི་ཤམ་བྷ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་དུ་ཤིང་སྟག་ནག་ཟླའི་ཚེས་ཉེར་གསུམ་མ་ཆོས་འཆད་པའི་ཐུན་སྐབས་གཅིག་ཏུ་བརྗོད་པའོ། །དགེའོ། །དགེའོ། །དགེའོ། །

ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚེམ་བུ་ལུགས་ཀྱི་རྒྱུད་སྡེ་བདེ་ཆེན་ལྕགས་ཀྱུ།

༈ ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚེམ་བུ་ལུགས་ཀྱི་རྒྱུད་སྡེ་བདེ་ཆེན་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཨོཾ། ཕྱོགས་དུས་སངས་རྒྱས་ཀུན་གྱི་བསྐྱེད་མཛད་སྙིང་རྗེ་ཡིས། །སྤྱན་རབ་རྟག་གཟིགས་དེ་དང་ལྷན་སྐྱེས་ཤེས་རབ་ཀྱི། །ཕ་རོལ་ཕྱིན་མ་དོན་དམ་འོད་གསལ་རྒྱལ་བ་ཀུན། །ཡུམ་གྱུར་བཅོམ་ལྡན་འདས་མ་དེ་ལ་ཕྱག་འཚལ་ལོ། །དྲི་མེད་འོད་གསལ་རང་ཤར་རྡོ་རྗེ་རྣལ་འབྱོར་མས། །རྗེས་བཟུང་ཡང་དག་དོན་ལ་གཡོ་མེད་ཚེམ་བུ་པ། །བདེ་ཆེན་མཆོག་བརྙེས་སྤྱི་བོ་ལྷ་ལས་བྱང་ཆུབ་འོད། །འཁྲུལ་སྣང་བཅོམ་མཁས་བྱང་ཆུབ་ཚུལ་ཁྲིམས་ཞེས་པ་ལ་འདུད། །ཆོས་ཉིད་ངོ་བོ་རབ་གཟིགས་བསོད་ནམས་སྙིང་པོའི་མཚན། །མཐའ་ཡས་ཞིང་སྦྱོང་རྒྱལ་སྲས་ཐུགས་རྗེས་བརྩོན་འགྲུས་ཞབས། །བྱང་སེམས་གཉིད་མཉེས་རྒྱལ་ཀུན་ཐུགས་གསང་ཡེ་ཤེས་འཆང་། །བསླབ་གསུམ་རྩེར་སོན་ཡོན་ཏན་རྒྱ་མཚོའི་སྡེ་ལ་འདུད། །ལག་ན་པདྨོ་མངོན་གསུམ་འགྲོ་ངོར་དོལ་པོ་བ། །ངེས་དོན་བསྟན་པའི་མངའ་བདག་ཉ་དབོན་ཀུན་དགའ་དཔལ། །སྙིང་པོ་སྨྲ་བའི་སེངྒེ་ཉག་ཕུ་བསོད་ནམས་བཟང་། །ཡོངས་འཛིན་ཆེན་པོ་འཇམ་དཔལ་བཟང་པོའི་ཞབས་ལ་འདུད། །སྐྱེ་ཀུན་བརྟན་པའི་གསལ་བྱེད་གཉན་པ་བཀྲ་ཤིས་དཔལ། །མཁས་གྱུར་ཁྱུ་མཆོག་མི་བསྐྱོད་མཐོན་མཐིང་ཅོད་པཎ་ཅན། །རྒྱལ་བ་འོད་མཚན་རྣམ་སྤྲུལ་གར་དབང་ལྔ་པའི་ཞབས། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྡོ་རྗེ་འཆང་ལ་འདུད། །ཆོས་རྣམས་མ་ལུས་མཁྱེན་གཟིགས་ཐུགས་མངའ་ཆོས་དབང་ཕྱུག །ས་བཅུའི་དབང་ཕྱུག་སྐྱེ་བ་བཅུ་པ་ཆོས་དབྱིངས་མཚན། །བསམ་བཞིན་འགྲོ་དོན་སྐུར་བཞེངས་མི་ཤེས་སྙིང་པོ་དཔལ། །ཀུན་ཏུ་ས་ལ་གཡོ་མེད་ཡེ་ཤེས་རྡོ་རྗེར་འདུད། །ཨོ་རྒྱན་མཚོ་སྐྱེས་རྒྱལ་དེ་གངས་རིའི་ཁྲོད་འདི་རུ། །འགྲོ་འདྲེན་བླ་མར་སྐུར་བསྟན་དཔལ་ཆེན་ཆོས་དོན་གྲུབ། །རྫོགས་སངས་རྒྱས་ཀུན་འཕྲིན་ལས་ཆིག་བསྡུས་བདག་གི་ཆེད། །རྨད་བྱུང་མཆོག་སྤྲུལ་བྱང་ཆུབ་མཆོག་གི་རྡོ་རྗེར་འདུད། །ཡོན་ཏན་བཀོད་པའི་ཞིང་ན་མགོན་མཆོག་ཚེ་དཔག་མེད། །གྱུར་ཀྱང་འགྲོ་ལ་བརྩེ་ཆེན་གྱིས་བཞུགས་སྤྲུལ་པའི་སྐུ། །རྒྱལ་སྲས་ཚུལ་བཟུང་མངའ་སྤང་གཉིས་པ་ཆོས་ཀྱི་རྗེ། །ཏྲེའོ་བྱང་ཆུབ་ཆོས་ཀྱི་དབང་པོར་གུས་པས་འདུད། །སྐྱེ་བ་དུ་མར་བྱང་ཆུབ་སྤྱད་ཆོས་དག་པ་ཡི། །སྨོན་ལམ་སྟོབས་ལྡན་རིག་འཛིན་ཚེ་དབང་ནོར་བུ་དཔལ། །རྒྱལ་བའི་གདུང་འཚོབ་མཁས་ཤིང་གྲུབ་གྱུར་སྐྱེས་བུ་མཆོག །འབྲེལ་ཚད་དོན་ལྡན་རྩ་བའི་བླ་མར་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་རྣམས་འཁོར་བའི་རྒྱ་མཚོ་སྒྲོལ་བྱེད་པ། །ཐར་ལམ་གྲུ་འཛིན་དཔལ་ལྡན་རྩ་བའི་བླ་མ་མཆོག །དབྱེར་མེད་ཡི་དམ་རྒྱ་མཚོའི་རང་བཞིན་དཔལ། །སྤྱན་རས་གཟིགས་དབང་ཡིད་བཞིན་ནོར་བུ་པདྨ་མཆོག །མ་མོ་མཁའ་འགྲོ་མ་ཚོགས་བསྟན་བསྲུང་རྒྱ་མཚོར་བཅས། །དཀོན་མཆོག་རིན་ཆེན་རྩ་གསུམ་ལྷ་ཚོགས་ཁྱེད་རྣམས་ལ། །མི་ཕྱེད་རྩ་གཅིག་སྙིང་ཁོང་གཏིང་ནས་གསོལ་འདེབས་ཀྱི། །བདག་སོགས་ཁམས་གསུམ་འགྲོ་རྣམས་སྡུག་བསྔལ་མྱུར་གྲོལ་ཞིང་། །འདི་གཟུང་རྫོགས་སངས་རྒྱས་འབྲས་ནམ་བསྙེས་ཚེ་རབས་ཀུན། །གར་སྐྱེ་རང་དབང་ཐོབ་ནས་བྱང་ཆུབ་སྤྱོད་ལ་བསླབ། །མཐོ་རིས་འཕགས་ནོར་ཡོན་ཏན་ཡོངས་ཚང་ཕྱིན་དྲུག་རྫོགས། །འཕགས་མཆོག་པད་དཀར་འཆང་དང་མཚམས་བུ་ཆིག་འགྲུབ་ཤོག །དེ་ཡང་བདག་ནི་བཟོད་ཐོབ་བར་དུ་ཁམས་གསུམ་གནས། །ཡོངས་སྤངས་བདེ་ཆེན་ཞིང་དུ་སྐྱེས་ནས་བྱང་ཆུབ་སྤྱོད། །ཐེག་ཆེན་ས་ལམ་ཡོན་ཏན་མ་ལུས་སྔགས་ལམ་གྱིས། །ཚེ་གཅིག་ལ་བགྲོད་དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་སེམས། །ཡིད་བཞིན་ནོར་བུ་བདེ་བ་མཆོག་གི་གནས་དམ་པར། །རྟག་ཏུ་རྒྱལ་བའི་གོ་འཕང་མྱུར་བ་ཉིད་ཐོབ་པ། །རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་མཐུ་ཆེན་པོས། །བདག་གི་ལྷག་བསམ་སྨོན་ལམ་འདི་འགྲུབ་བྱིན་གྱིས་རློབས། །

དེ་ལྟར་ཐུགས་རྗེ་ཆེན་པོ་ཚེམ་བུ་ནས་ལུགས་ཡི་དམ་སྤྱིའི་དམར་ཁྲིད་དུ་བྱུང་བ་དེའི་བརྒྱུད་པའི་གསོལ་འདེབས་འདི་ནི་ཕ་ཆོས་ཀྱི་རྒྱལ་པོ་ཏྲེ་བོ་ཆོས་ཀྱི་དབང་པོས་ཞབས་བསྐུལ་སྤྱི་བོས་བཏུད་པའི་མདོ་ཁམས་ཀྱི་སྔགས་འཆང་རིག་འཛིན་ཚེ་དབང་ནོར་བུའམ། ཀརྨ་རིན་ཆེན་མཆོག་དགའ་དགེ་བའི་དཔལ་གྱི་ལྕགས་ཕོ་ཁྱིའི་ལོ་ཞལ་གསར་དུ་ངོམ་པ་ཆུ་འཕྲུལ་ཟླ་བའི་ཚེས་བཟང་པོ་ཉི་ཤུར། གངས་ཅན་རི་བརྒྱུད་པཉྩ་ལིའི་མདུན་པ་འདུས་ཞེས་བོད་ཡུལ་གྱི་མཐར་ཐུག་ནས་རྒྱ་གར་ཡུལ་གྱི་ཆ་ཟུར་ཆག་སྐད་སྨྲ་བའི་ས་དེར་དོན་གཉེར་ཅན་འགས་བསྐུལ་ངོར་སྨྲས་པའོ། །མངྒ་ལཾ།

༈ ལས་འཕྲོའི་གཏེར་མ་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བརྒྱུད་འདེབས།

ཨོཾ་ཨཱ༔ཧཱུྃ་ཧྲཱི། ཁྱབ་བརྡལ་མཁའ་མཉམ་ཆོས་དབྱིངས་ཞིང་ཁམས་སུ། །དང་པོའི་སངས་རྒྱས་རྒྱལ་ཀུན་སྤྱི་དཔལ་ཆེ། །སྤྱན་རས་གཟིགས་དབང་ཀུན་བཟང་ཡབ་ཡུམ་ལ། །བདག་གི་གསོལ་འདེབས་དངོས་གྲུབ་མཆོག་ཀུན་སྩོལ། །ཡེ་ཤེས་ལྔ་ལྡན་འོད་ལྔའི་ཞིང་ཁམས་སུ། །ཡེ་ཤེས་རྩལ་རྫོགས་བདེ་བ་ཆེན་པོའི་སྐུ། །སྤྱན་རས་གཟིགས་དབང་རིགས་ལྔ་ཡབ་ཡུམ་ལ། །བདག་གི་གསོལ་འདེབས༴ གདུལ་བྱ་རྒྱས་པ་སྣང་བ་ཚོགས་ཞིང་དུ། །རྒྱུད་པ་གདོང་སྤྲུག་ཁམས་གསུམ་འགྲོ་བའི་མགོན། །སྤྱན་རས་གཟིགས་དབང་ཐུབ་པ་རིགས་དྲུག་ལ། །བདག་གི་གསོལ་འདེབས༴ རྒྱལ་བའི་འཕྲིན་ལས་རྒྱུན་ཆད་མེད་ཞིང་དུ། །སངས་རྒྱས་ཀུན་གྱིས་ཐུགས་རྗེས་འདུས་པའི་སྤྱི། །སྤྱན་རས་གཟིགས་དབང་པདྨ་འབྱུང་གནས་ལ། །བདག་གི་གསོལ༴ ཐབས་ཤེས་ཟུང་འཇུག་ཆོས་ཀྱི་ཞིང་ཁམས་སུ། །རྡོ་རྗེ་ཆོས་དང་དབྱེར་མེད་ལྷ་མོའི་ཚུལ། །སྤྱན་རས་གཟིགས་དབང་ཡེ་ཤེས་མཚོ་རྒྱལ་ལ། །བདག་གི་གསོལ་འདེབས༴ སྨོན་ལམ་རྣམ་པར་དག་པའི་ཞིང་ཁམས་སུ། །སྤྱན་རས་གཟིགས་ཀྱི་ཟབ་གཏེར་རྒྱ་བཀྲོལ་ནས། །སྐལ་ལྡན་འགྲོ་འདུལ་ལམ་འཕྲོ་གླིང་པ་ལ། །བདག་གི་གསོལ་འདེབས༴ གཏེར་ཆོས་ཞིང་དུ་གཏེར་སྤྱོད་རིག་འཛིན་གདུང་། །འོད་གསལ་རྒྱ་མཚོ་ལུང་རིགས་རྒྱ་མཚོའི་སྡེ། །བསྟན་འཛིན་དབང་བསྒྱུར་ཨོ་རྒྱན་འཕྲིན་ལས། །བདག་གི་གསོལ་འདེབས༴ པདྨས་ལུང་བསྟན་གདུང་རབས་ལྔ་རྫོགས་མཐའ། །དམ་ཆོས་ཚངས་པའི་དབྱངས་ཀྱི་གཞན་ཕན་ཅན། །རིག་འཛིན་རྩལ་འཆང་པདྨ་ཚངས་དབྱངས་ལ། །བདག་གི་གསོལ་འདེབས༴ ཐུགས་རྗེ་ཆེན་པོའི་ཟབ་ཆོས་ཞིང་ཁམས་སུ། །དོན་གསལ་སྒྲོན་མེ་སྨིན་གྲོལ་ཁྲིད་ཀྱི་རྒྱུན། །བྱི་བཞི་བཞུགས་གྱུར་ཚེ་དབང་ནོར་བུ་ལ། །བདག་གི་གསོལ་འདེབས་དངོས་གྲུབ་མཆོག་ཀུན་སྩོལ། །སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཞིང་ཁམས་སུ། །ཐུགས་རྗེ་ཆེན་པོའི་དབང་ཁྲིད་མན་ངག་མཛོད། །ཉེར་མཛད་འདྲེན་མཆོག་རྩ་བའི་བླ་མ་ལ། །བདག་གི་གསོལ་འདེབས༴ དེ་ལྟར་འཕགས་མཆོག་སྤྱན་རཟ་གཟིགས་དབང་ཕྱུག །ཐུགས་རྗེ་ཆེན་པོའི་དོན་གསལ་སྒྲོན་མེ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བཏབ་མཐུས། །སྔོན་འགྲོ་ངེས་འབྱུང་བསམ་པས་བརྒྱུད་ཁོལ་ཞིང་། །ཚོགས་བསགས་སྒྲིབ་སྦྱངས་ལམ་ལ་ངལ་མེད་བརྩོན། །བླ་མའི་མོས་གུས་སྙིང་གི་དཀྱིལ་དུ་ཐེབས། །དབང་བཞིའི་བདག་བརྒྱུད་མ་ལུས་ཡོངས་སུ་སྨིན། །གྲོལ་བྱེད་བསྐྱེད་པས་མ་དག་དངོས་སྣང་ཁེག །སྔགས་ཀྱི་ནུས་པས་རླུང་གི་འཕོ་བ་དག །ཡེ་ཤེས་འཁོར་བཅས་མི་འགྱུར་བདེ་བ་ཆེ། །ཟབ་གསལ་དབྱེར་མེད་གདོན་ནས་དག་པའི་ཁམས། །བདེ་གཤེགས་སྙིང་པོ་གློ་བུར་དྲི་མའི་ཚོགས། །ཡོངས་སྤངས་རྡོ་རྗེ་བཞིའི་རང་བཞིན་ཉིད། །རྒྱལ་བ་གཟི་བརྗིད་འོད་དཔག་མེད་མགོན་ཆེ། །སྤྱན་རས་གཟིགས་དབང་ཅི་འདྲ་དེ་བཞིན་དུ། །ཕ་མའི་རང་གཞན་ནམ་མཁའ་མཐར་ཐུག་པའི། །སེམས་ཅན་ཀུན་གྱིས་མྱུར་བ་ཉིད་ཐོབ་ནས། །ཀུན་ནས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཉིད། །རྒྱས་ཤིང་རབ་ཏུ་རྒྱས་པ་ཉིད་གྱུར་ཅིག །

ཟབ་ལམ་ནེ་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།

༈ ཟབ་ལམ་ནེ་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །

ན་མོ་གུ་རུ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ༴ གནས་སེང་ལྡེང་འཁྲིག་པའི་ནགས་ཁྲོད་དུ། །ཡེ་ཤེས་མཁའ་འགྲོ་ནེ་གུ་ལ༴ ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ ཤར་མངོན་པར་དགའ་བའི་ཞིང་ཁམས་སུ། །རྨོག་ཅོག་པ་རིན་ཆེན་བཅུ་བདུན་ལ༴ ཤར་འོད་འཕྲོ་ཅན་གྱི་ཞིང་ཁམས་སུ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ ཤར་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །གཉེན་སྟོན་སྦས་པའི་སངས་རྒྱས་ལ༴ གནས་དག་པ་ཤར་ཕྱོགས་ཀྱི་ཞིང་ཁམས་སུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ ཆོས་རྗེ་སྟོན་པའི་ཞབས་དྲུང་དུ། །མཁས་གྲུབ་གཙང་མ་ཤངས་སྟོན་ལ། །ནུབ་པདྨོ་ཅན་གྱིས་ཞིང་ཁམས་སུ། །ཁྱུང་པོ་ཚུལ་ཁྲིམས་མགོན་པོ༴ སྟེང་དགའ་ལྡན་ལྷའི་བཞུགས་གནས་སུ། །བྱ་བྲལ་རི་ཁྲོད་རས་ཆེན་ལ༴ བྱང་ཤམྦྷ་ལ་ཡི་ཕོ་བྲང་དུ། །ཤང་དཀར་བ་རིན་ཆེན་རྒྱལ་མཚན་ལ༴ ལྷ་མི་འཁྲུག་མགོན་པོའི་ཞིང་ཁམས་སུ། །མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ རྗེ་བླ་མ་གོང་མའི་དག་ཞིང་དུ། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ ཞིང་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ གནས་ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །གྲོལ་མཆོག་སེམས་ཀྱི་མདུད་གྲོལ་ལ༴ གནས་བྲག་སྟོད་ཆོས་སྐུའི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་གྲགས་པ་ལ༴ གནས་སྨན་པའི་རྒྱལ་པོའི་ཞིང་ཁམས་སུ། །རྗེ་བཙུན་ཏཱ་ར་ཏཱ་ཐ་ལ༴ གནས་པདྨ་འོད་ཀྱི་ཕོ་བྲང་ནས། །རྗེ་བཙུན་ཡེ་ཤེས་རྒྱ་མཚོ་ལ༴ གནས་དག་པ་སྤྲུལ་སྐུའི་ཞིང་ཁམས་ནས། །བྱམས་པ་ཡོན་ཏན་མགོན་པོ་ལ༴ གནས་འོད་གསལ་མཁའ་སྤྱོད་ཞིང་ཁམས་ནས། །འཇའ་ལུས་མགོན་པོ་དཔལ་འབྱོར་ལ༴ གནས་མངོན་པར་དགའ་བའི་ཞིང་ཁམས་ནས། །གྲུབ་མཆོག་མགོན་པོ་གྲགས་པ་ལ༴ གནས་བདུད་རྩི་རྒྱུན་གྱི་ཡོངས་རྫོགས་ནས། །ཁྱབ་བདག་མགོན་པོ་རྣམ་རྒྱལ་ལ༴ གནས་འོད་ཡུག་ཕྱི་གོ་ཛ་ར་ནས། །རིག་འཛིན་ཚེ་དབང་ནོར་བུ་ལ༴ སེམས་དག་པའི་འདུ་ས་ངེས་མེད་དུ། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ༴ གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ལ༴ གནས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་ཡེ་ཤེས་མགོན་པོ་ལ༴ ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །ཆོས་བདག་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །གསོལ་བ༴༝

ཕྱག་ཆེན་ལྷན་སྐྱེས་གསོལ་འདེབས་ཉུང་ངུ་བསྡུས་པ།

༈ ཕྱག་ཆེན་ལྷན་སྐྱེས་གསོལ་འདེབས་ཉུང་ངུ་བསྡུས་པ་བཞུགས།

ཨོཾ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་དབང་ཏེ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་རིན་པོ་ཆེ། །ཕག་གྲུ་གླིང་རས་འགྲོ་མགོན་རྒྱལ་རས་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྒྱལ་བ་རྒོད་ཚང་ལྷ་གདོང་སྤྱན་སྔ་པ། །ཟུར་ཕུ་པ་དང་སྐྱེས་མཆོག་འབའ་ར་བ། །སྟག་མཚང་རས་ཆེན་བརྩོན་འགྲུས་དར་པོ་དྲུང་ཆེན་ཀུན་དགའ་ཆུ་བོ་རི་པ་རྣམ་རྒྱལ་ཞབས། །གསོལ་བ༴ བཀའ་དྲིན་གསུམ་ལྡན་ཨོ་རྒྱན་རྒྱལ་མཚན་དཔལ། །ཕྱག་ཆེན་ལྷན་སྐྱེས་བརྒྱུད་པའི་བླ་མ་ལྷ། །དཔལ་བོ་མཁའ་འགྲོ་སྲུང་མར་བཅས་པ་ལ། །གསོལ་བ༴ བྱིན་རླབས་རྒྱུད་པ་བླ་མའི་ཡེ་ཤེས་མཐུས། །བདག་རྒྱུད་དེ་རིང་ཉིད་དུ་སྨིན་ཅིང་གྲོལ། །ཕྱག་ཅེས་གཉིས་མེད་ཡེ་ཤེས་ངོ་བོ་ལ། །རྒྱ་ཞེས་འཁོར་བའི་མདུད་པ་ཀུན་གྲོལ་བ། །ཆེན་པོ་ཟུང་འཇུག་འོད་གསལ་མངོན་གྱུར་པའི། །འབྲས་བུ་སྐད་ཅིག་མ་འདིར་ཐོབ་བྱིན་རློབས། །

ཅེས་ཕྱག་རྒྱ་ཆེན་པོ་རྒྱུད་པའི་བྱེ་བྲག་འདི་ཡང་༸ཚེ་དབང་ནོར་བུས་ལྕགས་ཁྱི་རྒྱལ་ཟླའི་ཚེས་བཟང་བཅོ་ལྔར་སྨྲས་པའི་ཡིག་རིགས་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་ནོ། །

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དོན་ཁྲིད་བརྒྱུད་པའི་བླ་མར་གསོལ་འདེབས་བསྡུས་པ་རིན་ཆེན་འཕྲེང་བ།

༈ ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དོན་ཁྲིད་བརྒྱུད་པའི་བླ་མར་གསོལ་འདེབས་བསྡུས་པ་རིན་ཆེན་འཕྲེང་བ་བཞུགས་སོ། །

ན་མོ་མ་ཧཱ་མུ་ཏྲ་ཤྲཱི་ཧེ་རུ་ཀ །གཉིས་མེད་ཆོས་སྐུ་ཡོངས་ཟླུམ་རྡོ་རྗེ་འཆང་། །གསང་གསུམ་དབང་བསྒྱུར་རྒྱལ་སྲས་རྡོ་རྗེ་སྙིང་། །གསོལ་བ་འདེབས་སོ་ལྷན་སྐྱེས་རང་ངོ་ཤེས། །སྐུ་གསུམ་འབྲས་བུ་བརྙེས་པར་བྱིན་གྱིས་རློབས། །རྡོ་རྗེའི་སྐུ་བརྙེས་སྤྲུལ་སྐུ་ཏེ་ལོ་པ། །ཚངས་རིགས་མཁས་མཆོག་གྲུབ་ཆེན་ན་རོ་པ། །གསོལ་བ་འདེབས་སོ༴ འདྲེས་འོ་སྐུ་གསུམ་འབྲས་བུ༴ གཉིས་སྨྲ་རྒྱུད་སྡེའི་དབང་ཕྱུག་ཆོས་བློ་གྲོས། །ཟད་པའི་ཟིལ་གནོན་མཆོག་གྲུབ་བཞད་རྡོ་རྗེ། །གསོལ་བ་འདེབས་སོ༴ སྐུ་གསུམ༴ ཏིང་འཛིན་ཁྲག་ཁྲིག་དབང་ཐོབ་མཚོ་མཛད་ཞབས། །འཁོར་བ་འཇིག་མཛད་དཔའ་བོ་ཕག་གྲུ་པ། །གསོལ་བ་འདེབས་སོ༴ སྐུ་གསུམ༴ འཁྲུལ་ཞིག་རྣལ་འབྱོར་སྒེར་བསྒོམ་ཞིག་པོ་ཆེ། །འོད་གསལ་མངོན་གྱུར་གསེར་ལྡིང་ཀུ་མ་ར། །གསོལ་བ་འདེབས་སོ༴ སྐུ་གསུམ༴ མཆོག་གི་དངོས་གྲུབ་ཡོངས་བརྙེས་ཆོས་འོད་ཟེར། །རྣལ་འབྱོར་དབང་ཕྱུག་ཐུགས་རྗེ་བརྩོན་འགྲུས་དཔལ། །གསོལ་བ༴ སྐུ་གསུམ༴ བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་སྡེ། །མཁས་ཤིང་གྲུབ་གྱུར་བློ་གྲོས་བཟང་པོ་པ། །གསོལ་བ༴ སྐུ་གསུམ༴ གནས་ལུགས་མངོན་གཟིགས་རསྨི་སིདྷའི་ཞབས། །འོད་གསལ་འཁོར་ཡུག་ནམ་མཁའ་རྒྱལ་བའི་མཚན། །གསོལ་བ༴ སྐུ་གསུམ༴ མཁས་བཙུན་བཟང་པོར་གྱུར་བ་ངག་དབང་པོ། །གནས་ལྔ་རིག་པ་སྟག་ལུང་ངག་དབང་གྲགས། །གསོལ་བ༴ སྐུ་གསུམ༴ སྦས་པའི་སངས་རྒྱས་སྨྲ་བའི་སེངྒེ་མཆོག །ཕྱོགས་ལས་རྣམ་རྒྱལ་གཙང་སྨྱོན་ཧེ་རུ་ཀ །གསོལ་བ༴ སྐུ་གསུམ༴ སྙན་བརྒྱུད་བསྟན་པའི་སྒྲོན་མེ་ལྷ་རྒོད་གཉིས། །ལུང་རྟོགས་དབང་ཕྱུག་བློ་གྲོས་རབ་ཡངས་པ། །གསོལ་བ༴ སྐུ་གསུམ༴ སྒྲུབ་རྒྱུད་གསལ་བྱེད་གྲུབ་ཐོབ་དབང་པོ་ཆེ། །དེས་དོན་ཕྱོགས་མཐར་རྒྱས་མཛད་སུ་མ་ཏི། །གསོལ་བ༴ སྐུ་གསུམ༴ རིམ་གཉིས་གྲུབ་པ་རྒྱལ་དབང་སེང་གེའི་སྒྲ། །སྦས་ཚུལ་མཆོག་གྲུབ་ཤཱཀྱའི་སིངྷའི་ཞབས། །གསོལ་བ༴ སྐུ་གསུམ༴ བླ་མེད་བྱིན་རླབས་ཡེ་ཤེས་བརྒྱུད་ལ་སྐྱེ། །རྟོགས་པའི་གར་མཁན་ཚེ་དབང་ནོར་བུའི་སྡེ། །གསོལ་བ༴ སྐུ་གསུམ༴ མཐའ་བྲལ་གནས་ལུགས་ཟབ་མོ་ཕྱག་རྒྱ་ཆེ། །མངོན་སུམ་འདོམས་མཛད་རྩ་བའི་བླ་མ་ལ། །གསོལ་བ༴ སྐུ་གསུམ༴ རབ་འབྱམས་དཀྱིལ་འཁོར་ཡོངས་ཀྱི་ངོ་བོ་ཉིད། །བླ་མ་བདེ་དགྱེས་ཧེ་རུ་ཀ་ཡི་དམ། །གསོལ་བ༴ སྐུ་གསུམ༴ ས་གསུམ་ལ་བསྟན་ལྷན་སྐྱེས་བདེ་བ་ཆེ། །རྣལ་འབྱོར་མཆོག་སྦྱིན་ཡེ་ཤེས་ཕོ་ཉ་མ། །གསོལ་བ༴ སྐུ་གསུམ༴ རང་གི་ངོ་བོ་རྣམ་པ་གཞན་གྱིས་ཚུལ། །དམ་ལྡན་སྐྱོང་མཛད་མ་མགོན་རྒྱ་མཚོ་ལ། །གསོལ་བ༴ སྐུ་གསུམ༴ དེ་ལྟར་ཕྱག་ཆེན་རྩ་བ་རྒྱུད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །རྩེ་གཅིག་གསོལ་བཏབ་པའི་ནུས་སྦྱིན་གྱིས། །མཐའ་བཞི་རྐྱེན་གསུམ་བྲལ་བའི་ཕྱག་རྒྱ་ཆེ། །ཆོས་ཉིད་གནས་ལུགས་བདེར་གཤེགས་སྙིང་པོའི་དོན། །ཇི་བཞིན་བླ་མའི་བྱིན་རླབས་འཕོ་བ་མཆོག །སྙིང་ལ་ཞུགས་པའི་ནུས་པ་མངོན་དུ་བྱས། །སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་ཤོག །སྐྱེ་འགག་གནས་བཞིའི་རྩ་བྲལ་རྒྱུ་ཡི་སྟོང་། །རྐྱེན་བྲལ་བཞག་ཐབས་དྲུག་གི་རང་ངོ་འཕྲོད། །རེ་དོགས་གང་དུ་མི་གནས་གོམས་པ་ཆོད། །གཉིས་མེད་ཡེ་ཤེས་ལམ་ཁྱེར་རྣམ་པ་དྲུག །ཧེ་རུ་ཀ་ཤྲཱི་རྡོ་རྗེའི་རང་སྒྲ་ཆེ། །ཕྱག་རྒྱ་ཆེན་པོ་ཡི་གེ་རྣམ་པ་བཞི། །དབང་དོན་ཐུན་དྲུག་ལྷན་སྐྱེས་གཉུག་མའི་ཁམས། །གདན་འདི་ཉིད་དུ་གྲུབ་པ་ཐོབ་པར་ཤོག །ཨ་མ་ན་སི་སྤྲོས་བྲལ་ཆོས་ཉིད་དོན། །ལྟ་སྒོམ་སྤྱོད་པའི་རིམ་པ་མཐར་ཕྱིན་ནས། །རྒྱལ་ཀུན་ཐུགས་རྗེའི་འཕྲིན་ལས་སྒོ་རབ་འབྱམས། །མ་ལུས་བདག་གི་མྱུར་དུ་འགྲུབ་བྱིན་རློབས། །

ཅེས་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་བརྒྱུད་པའི་གསོལ་འདེབས་འདི་ནི་སྨོན་མཐོང་མཁན་པོ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་ཕུན་ཚོགས་དཔལ་བཟང་པོས་གསུང་གི་བསྐུལ་བར་བརྟེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་མངའ་རིས་སྨད་གློ་བོ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་སྦྱར་བའི་ཡི་གེ་པ་ནི་རིང་ལུགས་རྒྱུད་སྡེ་སྨྲ་བའི་མཆོག་གི་སྤྲུལ་སྐུ་འཕྲིན་ལས་བསྟན་འཛིན་ནོ། །

ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་ཟུང་འབྲེལ་གྱི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་འབྱེད་ཅིང་ཉམས་རྟོགས་འབྲས་བུ་མྱུར་དུ་སྨིན་བྱེད།

༈ ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་ཟུང་འབྲེལ་གྱི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་འབྱེད་ཅིང་ཉམས་རྟོགས་འབྲས་བུ་མྱུར་དུ་སྨིན་བྱེད་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ༔ ཟུང་འཇུག་ཡན་ལག་ཆེན་པོ་བདུན་ལྡན་ཅིང་། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་བདག་ཉིད་ཆེ། །རིགས་དྲུག་སངས་རྒྱས་བཅོམ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བྱིན་རློབས་རྟོགས་མཆོག་སྩོལ། །བསམ་གྱིས་མི་ཁྱབ་བཱ་གིའི་དཀྱིལ་འཁོར་དུ། །ཟག་བྲལ་ལྷན་ཅིག་སྐྱེས་དགར་སྦྱོར་བྱེད་པ། །མི་གནས་བཙུན་མོ་རྡོ་རྗེ་རྣལ་འབྱོར་མར། །གསོལ་བ་འདེབས་སོ༴ རྡོ་རྗེ་ཅན་བདག་སྒྱུ་འཕྲུལ་རོལ་པའི་གར། །བདེན་གཉིས་མཐའ་ཀླས་མཛད་པ་དཔག་དཀའ་སྟོན། །བྲམ་ཟེའི་ཁྱིའུ་འོད་ལྡན་ཏེ་ལོ་པ། །གསོལ་བ༴ ལྔ་རིག་མཐར་ཕྱིན་མཁའ་འགྲོས་ལུང་བསྟན་ཐོབ། །བཅུ་གཉིས་དཀའ་སྤྱོད་དབང་དོན་མཐའ་རུ་ཕྱིན། །བརྟུལ་ཞུགས་ཆེར་སྤྱོད་བྲམ་ཟེ་ནཱ་རོ་པ། །གསོལ་བ༴ སྙད་གཉིས་མཐར་ཕྱིན་དཀའ་བ་ཁྱད་དུ་བསད། །རྒྱུད་སྡེ་བཞི་བརྙེས་དངོས་གྲུབ་རྣམས་གཉིད་སྤྱོད། །གྲུབ་པའི་དབང་ཕྱུག་སྨར་སྟོན་ཆོས་བློ་གྲོས། །གསོལ་བ༴ བླ་མའི་ལུང་བསྟན་དཔའ་སྤྱོད་བསྒྲུབ་ལ་བརྩོན། །རླུང་སེམས་དབུར་ཚུད་འབྱུང་ལྔ་རང་དབང་བརྙེས། །འཇིག་རྟེན་ཆོས་བཅོམ་མི་ལ་བཞད་རྡོ་རྗེ། །གསོལ་བ༴ རྒྱལ་བས་ཏིང་འཛིན་རྒྱལ་མདོར་ལུང་བསྟན་པའི། །མི་སློབ་མཐར་ཕྱིན་སྒྲུབ་བརྒྱུད་གཙུག་གི་རྒྱུན། །མདོ་སྔགས་གཉིས་སྟོན་སྙི་བསྒོམ་ཟླ་འོད་གཞོན། །གསོལ་བ༴ བསྐལ་བཟང་སངས་རྒྱས་དྲུག་པ་སེངྒེ་ཉིད། །ཚངས་སྤྱོད་མཐོན་མཐིང་བན་འཆང་ཀརྨ་པ། །དུས་གསུམ་མཁྱེན་གྱུར་ཀྲེ་བོ་རྟོགས་གྲོལ་ཞབས། །གསོལ་བ༴ ཡི་དམ་ཞལ་གཟིགས་ཆོས་སྐྱོང་བྲན་དུ་ཁོལ། །རླུང་སེམས་དབང་ཚུད་འཕྲིན་ལས་བསམ་མི་ཁྱབ། །འཁྲུལ་ཞིག་རས་ཆེན་བསོད་ནམས་གྲགས་པ་ཆེ། །གསོལ་བ༴ བྱིན་རླབས་སྐད་ཅིག་ཉིད་ཞུགས་བསྒོམ་མེད་རྟོགས། །མི་དང་མི་མིན་དབང་བསྡུད་ཆོས་ལ་བཀོད། །རྒྱལ་སྲས་པོམ་བྲག་བསོད་ནམས་རྡོ་རྗེ་རྒྱལ། །གསོལ་བ༴ མི་མཐུན་ཀུན་འཇོམས་འཇིགས་མེད་རྡོ་རྗེ་འཆང་། །སྣང་བ་དབང་ཐོབ་རྫུ་འཕྲུལ་ནུས་པའི་མཐུ། །དཔག་མེད་ཞྭ་ནག་ཅན་གྱུར་ཀར་པཀྴི། །གསོལ་བ༴ རྟོགས་པ་ཀློང་གྱུར་ཨོ་རྒྱན་ལ་སོགས་ཡུལ། །དགུར་གཤེགས་བརྟུལ་ཞུགས་རྟེན་འབྲེལ་གྲུབ་པའི་མཆོག །རྣལ་འབྱོར་དབང་ཕྱུག་སེངྒེ་དཔལ་ཆེན་པོར། །གསོལ་བ༴ ཀུན་བཟང་རྡོ་རྗེ་ལྗགས་ཀྱི་ཐལ་གྱུར་དུ། །ལུང་བསྟན་ཐམས་ཅད་མཁྱེན་གྱུར་རྒྱལ་བའི་དབང་། །ཅོད་པན་གསུམ་པ་ཀརྨ་རང་བྱུང་ཞབས། །གསོལ་བ༴ ལྔ་རིག་ལ་སོགས་མདོ་སྔགས་ཆོས་སྤྱི་ལ། །མཁས་ཤིང་ཁྱད་པར་གསང་ཆེན་སྙིང་པོ་ཉིད། །གྲུབ་བརྙེས་གྱུར་པ་གཡུང་སྟོན་རྡོ་རྗེ་དཔལ། །གསོལ་བ༴ བྱང་ཆུབ་སེམས་དཔའ་བསླབ་གསུམ་སྙིང་པོའི་དོན། །ལེགས་བསྟན་ཐོགས་མེད་མཁྱེན་བརྩེ་མཐར་ཕྱིན་པ། །ཀརྨ་སྐུ་བཞི་རང་བྱུང་རོལ་པ་རྗེ། །གསོལ་བ༴ ཞྭ་དམར་ཅོད་པན་འཛིན་གྱུར་མཁའ་ལ་སྤྱོད། །རྟོགས་ལྡན་དྲི་མེད་དཔལ་གྱིས་ཡེ་ཤེས་ཞབས། །གསོལ་བ༴ འཕགས་མཆོག་ལག་ན་པད་དཀར་གདུལ་བྱའི་ངོར། །ཉེར་བརྟེན་ལུང་རྟོགས་མཐར་སོན་ས་སྐྱོང་གིས། །གཙུག་རྒྱན་ཀརྨ་དེ་བཞིན་གཤེགས་ཆོས་དཔལ། །གསོལ་བ༴ རྒྱལ་བ་གཟི་བརྗིད་མཐའ་ཡས་བྱང་སེམས་ཚུལ། །སྣང་ནས་ཟབ་གདམས་སྙན་བརྒྱུད་མཛོད། །མངའ་བདག་མེ་ཉག་རྣལ་འབྱོར་བློ་རིན་ཆེ། །གསོལ་བ༴ ཇི་བཞིན་གནས་ལུགས་རྩེ་མོར་མངོན་གཟིགས་ཤིང་། །ཉམས་ལེན་ཆོས་སྐུའི་དགོངས་པ་ཉིད་གྱུར་པའི། །ཚབ་བཞིར་རྣལ་འབྱོར་འོད་ཟེར་སེངྒེ་བ། །གསོལ་བ༴ ལུགས་གཉིས་དཔལ་གྱུར་བཤད་སྒྲུབ་བསྟན་པ་ཉིད། །རྒྱ་ཆེར་བསྐྱེད་མཁས་སྙན་བརྒྱུད་སྒྲོན་མེ་མཆོག །རྒྱལ་བའི་སྲས་པོ་ཇོ་གདན་བློ་གྲོས་གྲགས། །གསོལ་བ༴ ཨུ་རྒྱན་གུ་རུའི་ལུང་བསྟན་ཕྱག་རྫོགས་ཀྱིས། །ཉམས་ལེན་མཐར་ཕྱིན་ངོ་མཚར་མཛད་པ་ཆེ། །སྟོན་མཛད་བྱ་བཏང་བློ་གྲོས་རྒྱ་མཚོའི་ཞབས། །གསོལ་བ༴ སྦས་པའི་ཚུལ་གྱིས་རིམ་གཉིས་གྲུབ་པ་ལ། །དུས་མཐའ་བདེན་གཉིས་ཐོབ་པའི་རྣལ་འབྱོར་པ། །དོན་ཀུན་གྲུབ་པ་བཀྲ་ཤིས་མཚནའཆང་བ། །གསོལ་བ༴ གཞན་དུ་མ་ཡིན་ཕྱག་རྒྱ་ཆེན་པོ་ལ། །ཉམས་ལེན་མཆོག་གྲུབ་གསང་སྔགས་འཆང་བ་པོ། །རླུང་སེམས་དབུར་འདུད་སངས་རྒྱས་རིན་པོ་ཆེ། །གསོལ་བར་སྔོན་སྦྱང་ཆོས་ཚུལ་ཞི་ལམ་ཕྱག་རྫོགས་ཆེ། །དུ་མ་ཐུགས་ཐུད་མཁྱེན་རྟོགས་རྩལ་རྒྱས་པའི། །སྤྲུལ་པའི་སྐུ་མཆོག་ཨ་ནནྟ་བི་ཛ། །གསོལ་བ༴ སྦྱངས་པ་མཆོག་ཐོབ་གྲུབ་ཆེན་སྤྲུལ་པའི་སྐུ། །ཀརྨའི་བསྟན་སྐྱོང་སྙན་བརྒྱུད་སྙིང་པོའི་གནད། །མངོན་རྟོགས་བློ་གྲོས་བསྟན་པའི་ཉི་མ་ཆེ། །གསོལ་བ༴ བསོད་ནམས་གཉིས་རྫོགས་གདུལ་བྱ་འདྲེན་པའི་དཔལ། །རྟོགས་པ་འགྱུར་མེད་རྣལ་འབྱོར་བཞི་མཐར་ཕྱིན། །སྙིང་པོའི་དོན་སྟོན་ཆེ་ཚང་ལྔ་པ་ཞབས། །གསོལ་བ༴ རྒྱལ་བུ་རྒོད་རས་སྒྱུ་མའི་འདོད་གར་ཆེ། །ལེགས་བསྒྱུར་ཕྱོགས་བྲལ་ཁྱབ་བདག་རྡོ་རྗེ་འཆང་། །དཀོན་མཆོག་ཀུན་འདུས་ལེགས་བཤད་བསྟན་པ་འཛིན། །གསོལ་བ༴ རྒྱལ་ཀུན་རིགས་བསྡུས་གསང་ཡུམ་རྡོ་རྗེ་འཛིན། །མཁྱེན་པའི་སྤྱན་ཡངས་གསུང་རབ་རྒྱ་མཚོ་ཆེར། །ལེགས་སྤྱོད་འཇམ་མགོན་ཀརྨ་རིག་པ་འཛིན། །གསོལ་བ༴ བྱིན་རླབས་རྒྱུད་ལྡན་རྟོགས་པའི་ཆུ་བོ་ཆེ། །སྐལ་ལྡན་ཞིང་ས་བརླན་མཁས་སྨིན་གྲོལ་གཉིས། །སྟོན་མཛད་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ ཧེ་རུ་ཀ་དཔལ་སྣ་ཚོགས་སྒྱུ་མའི་བདག །རྡོ་རྗེ་བཙུན་མོའི་བྷ་གར་སྙོམས་གནས་ཤིང་། །བདེ་བར་གཤེགས་གྱུར་བདེ་མཆོག་འཁོར་ལོ་ཆེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གནས་ཡུལ་ལྷན་ཞིང་སྔགས་ཀྱི་དྷཱ་ཀྐིའི་གཙོ། །མམ་གནས་ཀུན་གྱིས་རྒྱུད་ལ་རྟག་འཆར་བ། །བདེ་བའི་རང་ཞལ་རྡོ་རྗེ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་རྟེན་འབྲེལ་གཉིས་འཆར་སྩོལ། །བཅོམ་ལྡན་ཐུགས་ཀྱི་དབྱིངས་ནས་གདུལ་བའི་ཚོགས། །ཞི་བས་འདུལ་མིན་ཀུན་བཏུས་ཡེ་ཤེས་མགོན། །ཚད་མེད་ཐུགས་རྗེ་སྐུ་འཆང་ཕྱག་བཞི་པར། གསོལ་བ་འདེབས་སོ་རིམ་གཉིས་བར་ཆད་སེལ། །འདས་མ་བཞི་ལས་གཟུགས་འཆར་རལ་གཅིག་མ། །འདོད་ཁམས་དབང་བསྒྱུར་སེམས་མ་དུས་སོལ་ཆེ། །བསྟན་པ་གཉན་སྲུང་ཤན་པ་སྲོག་བསྒྲུབ་མོ། །གསོལ་བ་འདེབས་སོ་འཕྲིན་ལས་རྣམ་བཞི་སྩོལ། །དེ་ལྟར་བླ་མ་ལྷ་ལ་རྩེ་གཅིག་ཏུ། །བཅོས་མིན་དད་པའི་དུང་བས་གསོལ་བཏབ་མཐུས། །མོས་གུས་དག་སྣང་དམ་ཚིག་བརྟེན་ཕུར་གཙུག །ཞེན་ལོག་གོས་མེད་བརྩོན་འགྲུས་རྒྱུད་ལ་སྐྱེ། །སྙིང་རྗེ་བྱང་སེམས་བཏང་སྙོམས་གཞི་མ་ཐིང་། །ཟབ་ལམ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་། །འཁོར་བ་བརྟེན་གྱིས་བསྒྲུབ་པའི་རྐང་ཚུགས་ཟིན། །གདམས་ངག་བྱན་ཚུད་འཁོར་འདས་ཉག་གཅིག་ཐིམ། །བྱིན་རླབས་མཚོ་རྡོལ་རྐྱེན་ངན་གྲོགས་སུ་འཆར། །སྐྱེ་ཤི་རྩད་ཆོད་གཉིས་སྣང་རྫུན་ཁྲིད་ཡལ། །རེ་དོགས་སྒྲོག་ཆོད་གང་བགྲོད་ལྟོས་བཞི་ཟད། །སྐུ་གཉིས་ཟུང་འཇུག་རྩལ་སྣང་རྒྱས་བྱིན་རློབས། །

ཅེས་ཕྱག་རྒྱ་ཆེན་པོའི་གཞུང་སྨིན་སྒྲོལ་ཡོངས་རྫོགས་ཀྱི་ཁྱད་པར་སྙན་བརྒྱུད་རིན་པོ་ཆེ་དང་འབྲེལ་བའི་བརྒྱུད་འདེབས་ཆེན་མོ་བྱིན་རླབས་གཏེར་མཛོད་འབྱེད་པའི་ལྡེ་མིག་ཉམས་རྟོགས་འབྲས་བུ་མྱུར་སྨིན་ཐུགས་རྗེ་ཆུ་འབེབ་ཞེས་བྱ་བ་འདི་ནི། ཆེ་ཚང་སྤྲུལ་པའི་སྐུ་ཀརྨ་རིག་འཛིན་གྱི་ཞབས་བསྐུལ་གྱིས་བོས་ལོན་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོས་ཀུན་ལྡན་ལྕགས་བྱའི་དུས་ཀྱི་ཟླ་བ་བདེ་འབྱུང་གི་ཚེས་གཟའ་སྐར་ནམ་མཁའི་རྟོགས་དང་སྣ་ཚོགས་ལྷ་ལྡན་གྱི་འགྲུབ་སྦྱོར་ཉམས་རྟོགས་མཆེད་པ་ལ་སྦྱར་ནས་སྨར་ཁམས་དབེན་རྫོང་སྒར་ཐོག་ཏུ་བྲིས་པ་ཡིན་ཏེ། །

སྨྲས་པ། བདག་ལྟ་སྔོན་སྦྱངས་མེད་པས་ད་ལྟ་རྨོངས། །ད་ལྟའི་བརྩོན་པས་མ་ཕུལ་རིག་གནས་སྡུག །རྟེན་འབྲེལ་མ་རྟོགས་པས་ན་བསྒོམས་ཆུང་ཡང་དབེན། །སྒྲ་དང་སྙན་ངག་མངོན་བརྗོད་ཡོངས་མི་ཤེས། །དེས་ན་རྩོམ་ཆོས་བྱེད་པའི་སྤོངས་མིན་ཀྱང་། །གང་ཤར་ཆལ་ཆོལ་བྲིས་པའི་བློ་ཤར་ཚེ། །འབོད་རྩོམ་བཏགས་བཞིན་བྱེད་པའང་ཆེར་མ་གྲུབ། །དེས་ན་གང་དྲན་བྲིས་ཉེས་མཁས་པ་བཤགས། །ལེགས་གྱུར་དེ་བས་འགྲོ་ཀུན་ཕྱམ་གཅིག་ཏུ། །མཐའ་བྲལ་གནས་ལུགས་བཞི་ཡི་ཕྱག་རྒྱ་རྟོགས། །རྣལ་འབྱོར་བཞི་བགྲོད་ལམ་གྱིས་ཕྱག་རྒྱ་རྫོགས། །སྐུ་གསུམ་འབྲས་བུ་ཕྱག་རྒྱ་ཆེ་ཐོབ་ཤོག །དེ་སྐད་སྨྲ་བ་པོ་ཡང་ཚེ་དབང་ལགས། །དགེའོ། །སརྦ་མངྒ་ལཾ། དགེའོ། །

ཕྱག་ཆེན་དོན་དམ་གཉུག་མའི་བླ་མ་ཉེ་བརྒྱུད་བྱིན་རླབས་ཆུ་རྒྱུན།

༈ ཕྱག་ཆེན་དོན་དམ་གཉུག་མའི་བླ་མ་ཉེ་བརྒྱུད་བྱིན་རླབས་ཆུ་རྒྱུན་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ། རང་བཞིན་རྣམ་དག་ཆོས་ཉིད་ཡེ་ཤེས་སྐུ། །རིགས་དྲུག་ཁྱབ་བདག་སངས་རྒྱས་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདག་རྒྱུད་ཕྱག་རྒྱ་ཆེ། །ཡང་དག་རྟོགས་པ་མངོན་ཤར་བྱིན་གྱིས་རློབས། །ཟག་བྲལ་བདེ་ཆེན་སྟོང་ཉིད་ཡེ་ཤེས་ཁམས། །ཀུན་ཁྱབ་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ༴ ཡང་དག་རྫོགས་པ༴ གང་གི་དཔེ་བྲལ་ཡེ་ཤེས་མཐར་ཐུག་ཉིད། །ཡོངས་གང་བདེ་ཆེན་སྒྱུ་ལུས་ཤ་ཝ་རི། །གསོལ་བ༴ ཡང༴ འདྲེས་འབྱུང་། །ཟབ་མོའི་ལམ་མཆོག་གཉུག་མ་ལྷན་ཅིག་སྐྱེས། །སྙིང་པོའི་མངའ་བདག་དཔལ་ལྡན་བྱམས་པ་དཔལ། །རྒྱུད་སྡེ་བཞི་བརྙེས་ལུང་རྟོགས་གཉིས་ཀྱི་བདག །གཉིས་སྨྲ་མར་སྟོན་ཆོས་ཀྱི་བློ་གྲོས་ཆེ། །གསོལ་བ༴ ཡང༴ དཀའ་སྤྱད་མཐར་ཕྱིན་སྙན་བརྒྱུད་ཟབ་མཛོད་འཛིན། །མཁའ་འགྲོའི་དབང་ཕྱུག་མི་ལ་རས་པ་ཞབས། །གསོལ་བ༴ ཡང༴ གྲངས་མེད་བྱང་ཆུབ་མཆོག་བསྐྱེད་བདེན་གཉིས་དོན། །མངོན་གྱུར་མཚོ་བྱེད་དྭགས་བསྒོམ་རིན་པོ་ཆེ། །གསོལ་བ༴ ཡང༴ མི་བསྐྱོད་སྨན་པའི་རྒྱལ་པོ་གདུལ་བྱའི་དོན། །གཟུགས་སྐུར་སྟོན་པ་འཕགས་གྲུ་རྡོ་རྗེ་རྒྱལ། །གསོལ་བ༴ ཡང༴ རྟོགས་པའི་མཐུན་དྲུག་བླ་ན་མེད་པའི་ལམ། །རབ་གཟིགས་གླིང་རས་པདྨ་རྡོ་རྗེ་འཆང་། །གསོལ་བ༴ ཡང༴ དོན་དམ་སྐྱེ་མེད་ངོ་བོ་དྲི་བྲལ་ཉིད། །མངོན་གྱུར་རྒྱ་སྟོན་ཆོས་ཀྱི་བཟང་པོ་སྡེ། །གསོལ་བ༴ ཡང༴ ཁྱད་པར་མཆོག་དང་ཐུན་མོང་གྲུབ་པ་རྒྱས། །རབ་བརྙེས་མཆོག་ལྡན་རྡོ་རྗེ་དྲག་འབུམ་པ། །གསོལ་བ༴ ཡང༴ ཕྱི་ནང་གསང་བ་ཁོ་ན་ཉིད་གཏེར་ལ། །ལོངས་སྤྱོད་དཔའ་བོ་སྟག་ཤམ་ནུས་ལྡན་རྗེ། །གསོལ་བ༴ ཡང༴ ཆོས་ཀུན་དུ་མ་རོལ་གཅིག་ཉིད་དུ་གཟིགས། །ཁྱབ་བརྡལ་རྡོ་རྗེ་འཛིན་དབང་བདེ་ཆེན་གླིང་། །གསོལ་བ༴ ཡང༴ བྱིན་རླབས་ཡོན་ཏན་དུ་མའི་གཏེར་འཆང་ཞིང་། །སྙིགས་རྒྱས་འགྲོ་འདྲེན་རྩ་བའི་བླ་མའི་ཞབས། །གསོལ་བ༴ ཡང༴ རྨད་བྱུང་ཡེ་ཤེས་རྟོགས་པའི་ཆུ་བོ་གང་། །རྒྱུད་ལ་རང་བབ་མཚུངས་མེད་ཆོས་ཀྱི་རྗེ། །བཀའ་རྒྱུད་བླ་མ་མཆོག་ལ་གསོལ་འདེབས་ཀྱི། །བདག་དོན་ཆོས་སྐུ་ཡེ་ཤེས་ཉིད་རབ་རྟོགས། །གཞན་དོན་བདག་འབྲེལ་མཐོང་ཐོས་དྲན་རེག་ཀུན། །བདེ་ཆེན་མཆོག་ལམ་ལ་སྦྱོར་ཕྱིར་མི་ལྡོག །དོན་གཉིས་ལྷུན་གྲུབ་འགྲོ་མགོན་རྒྱལ་བ་ཡི། །གོ་འཕང་དེ་རིང་ཉིད་ནས་ཐོབ་བྱིན་རློབས། །ཨོཾ་ཨཱ༔ཧཱུྃ་ཧོ་སརྦ་སིདྡྷི་ཕ ལ་ཧཱུྃ་ཨཱ༔

ཞེས་ཕྱག་ཆེན་གཉུག་མའི་བླ་མ་ཉེ་རྒྱུད་དཔའ་བོ་སྟག་ཤམ་གྱི་གསང་བའི་རྣམ་ཐར་ནས་གསུང་པ་ལྟར་ལ་གསོལ་འདེབས་སུ་སྣ་ཚོགས་དབྱིག་གི་སྟོན་ཟླ་གསུམ་པའི་ཚེས་བཟང་ཉེར་གཉིས་ལ་ངོམ་ཞོས་ཀུན་བཟང་ནག་ཁྲོད་གདན་ས་མཐིལ། འགྲོ་མགོན་བཛྲ་ར་ཛ་ཡི་འཇག་སྤྱིལ་སྐུ་མདུན་དུ་ཚེ་དབང་ནོར་བུ་ཡི་སྨྲས་པ་མངྒ་ལཾ།

རྒྱལ་བའི་གསུང་རབ་མཐའ་དག་གི་སྙིང་པོ་ཟབ་གསལ་གཉིས་སུ་མེད་པའི་མན་ངག་གི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་རིན་པོ་ཆེ་འོད་འབར།

༈ རྒྱལ་བའི་གསུང་རབ་མཐའ་དག་གི་སྙིང་པོ་ཟབ་གསལ་གཉིས་སུ་མེད་པའི་མན་ངག་གི་བརྒྱུད་པའི་བླ་མར་གསོལ་བ་བཏབ་པ་རིན་པོ་ཆེ་འོད་འབར་ཞེས་བྱ་བ་བཞུགས་སོ། །

ན་མོ་ཤྲཱི་མཉྫུ་བཛྲ་གུ་རུ་བྷེ༔ རྒྱལ་བའི་གསུང་རབ་མཐའ་དག་གི །སྙིང་པོ་ཟབ་གསལ་ཟུང་འཇུག་གི །བརྒྱུད་པའི་བླ་མ་ཡི་དམ་ལྷ། །མཁའ་འགྲོའི་བཅས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱིས་ཐུགས་ཀྱི་ཡེ་ཤེས་གཅིག་བསྡུས་ཟབ་མོ་གང་། །གདུལ་བྱར་བརྩེ་བས་ཡེ་ཤེས་རང་སྣང་གསལ་བ་གཞོན་ནུའི་ལུས། །གཉིས་སྣང་རྙོག་པ་ཀུན་བྲལ་འཇམ་པའི་དཔལ་ཞེས་པ། །ཀུན་ཏུ་བཟང་པོ་ཟུར་ཕུད་ལྔ་པ་དེ་ཕྱག་འཚལ་ལོ། །རང་གི་སྤྲུལ་པས་རང་སློབ་ཚུལ་བཟུང་ཟབ་གསལ་ཟུང་འཇུག་པའི། །བདེན་དོན་མངོན་གྱུར་དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་སློབ་དཔོན་སྐུ། །དཔལ་ལྡན་སངས་རྒྱས་ཡེ་ཤེས་འཕགས་ཡུལ་གྲུབ་གྱུར་བྱེ་བ་ཡི། །བརྒྱུད་གྱུར་འཇམ་དཔལ་སྒྱུ་འཕྲུལ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །གང་དེའི་སློབ་མའི་ཚུལ་བཟུང་བདེ་ཆེན་ཞིང་གི་བདག་པོ་ནི། །ཞིང་འདིར་རྒྱལ་ཚབ་ཚུལ་བཟུང་ཨུ་རྒྱན་སིནྡྷུའི་མཚོ་པད་ལས། །བརྫུས་སྐྱེས་རྒྱལ་བ་མཚན་མཆོག་བརྒྱད་འཆང་བདེ་བ་ཆེན་པོ་ཞེས། །རྫོགས་སངས་རྒྱས་དངོས་པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །དེ་དང་སྨན་ཞབས་ལ་བརྟེན་གྲུབ་པ་མཆོག་བརྙེས་ཡི་གེའི་ཞབས། །དེའི་བརྒྱུད་འཛིན་ཀརྨ་པ་དང་པཎ་ཆེན་ཡེ་ཤེས་དཔལ། །གནམ་གནོན་གཏོར་མའི་སློབ་དཔོན་ཏེ་བ་ལིང་ཨ་ཙརྱ། །འཕགས་པའི་ཡུལ་བྱོན་འཇམ་གསང་སློབ་བཤད་འཛིན་དེར་ཕྱག་འཚལ་ལོ། །བ་ལིང་ཨ་ཙརྱ་ཡི་རྗེས་བཟུང་གངས་རིའི་ཁྲོད་འཁྲུངས་པ། །གཉོས་ལོ་ཡོནཏན་གྲགས་དང་དེའི་རིགས་སྲས་རིམ་བྱོན་པ། །རྡོ་རྗེ་བླ་མ་ཇོ་སྲས་དཔལ་ལེ་སྔགས་འཆང་གྲགས་པ་དཔལ། །སྤྱོད་འཆང་ནག་པོའི་རྣམ་སྤྲུལ་ལྷ་ནང་པ་ལ་ཕྱག་འཚལ་ལོ། །དེའི་ཆོས་ཀྱི་བརྒྱུད་འཛིན་སྟོད་ལུང་ཛྙ་ན་ཛ་ལ་དང་། །གསེར་ལྡིང་ཆོས་འོད་མཁས་གྲུབ་འཕགས་བོད་བུ་སྟོན་རིན་ཆེན་གྲུབ། །མཁས་པའི་ཁྱུ་མཆོག་བྱང་ཆུབ་རྩེ་མོ་ལོ་ཆེན་གྲགས་རྒྱལ་པ། །བརྒྱུད་ལྡན་བླ་མ་མཁས་ཤིང་གྲུབ་བརྙེས་རྣམས་ལ་ཕྱག་འཚལ་ལོ། །འཕགས་མཆོག་རྣམས་ནི་བཞི་ལ་བཞུད་མིན་འགྲོ་ལ་ཐུགས་བརྩེ་བ། །བསམ་བཞིན་སྐྱེ་བ་སྤྲུལ་སྐུར་ཡོངས་བཞེས་དབྱངས་ཅན་དགའ་བ་ཞེས། །མཁས་ཀུན་གཙོ་བོར་རྡོ་རྗེ་སེམས་དང་འཕགས་མོས་དབང་བསྐུར་བ། །ཧེ་རུ་ཀ་དཔལ་གྲུབ་པའི་འཁོར་ལོས་འགྱུར་དེར་ཕྱག་འཚལ་ལོ། །དེའི་ཞབས་བརྙེས་མི་ཞིག་དྭངས་མའི་སྐུ་བརྙེས་བསོད་ནམས་མཆོག །ཐུགས་ཀྱི་སྒོ་གཉིས་ཡོངས་དགྱེས་མངོན་ཤེས་མཐུ་བརྙེས་ཟླ་རྒྱལ་བ། །གནས་ལུགས་དོན་རྟོགས་ནམ་མཁའ་རིན་ཆེན་གྲུབ་མཆོག་ལྷ་དབང་གྲགས། །ཟབ་གསལ་བསྟན་པའི་མངའ་བདག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །སྤྱོད་འཆང་དཔའ་བོ་རྒྱལ་བསྟན་རྒུད་པ་གསལ་ཕྱིར་མི་ཡི་གཟུགས། །དངོས་སྤྲུལ་ཀུན་དགའ་སྙིང་པོ་ཞེས་བྱ་ངེས་དོན་ཤིང་རྟ་ཆེ། །མི་འགྱུར་བདེ་བའི་སྐུ་མཉེས་ཟབ་གསལ་ཇི་བཞིན་སྟོན་མཁས་དབང་། །སྨྲ་བའི་ཉི་མ་ཧཱ་ར་ནཱ་ཐའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡི་ཞབས་བསྙེས་དམ་པའི་རིགས་འཁྲུངས་སྐྱེས་མཆོག་ནམ་མཁའ་དཀར། །མང་ཐོས་སྡོམ་བརྩོན་ནམ་མཁའ་ནོར་བུའི་ཞབས་དང་དེའི་སློབ་ལ། །སྦས་ཚུལ་ཉིད་ཀྱི་གྲུབ་པ་ཡོངས་གཙོ་འཕྲིན་ལས་རབ་བརྟན་ཞབས། །དེའི་ཆོས་སྲས་ཡོངས་གཙོ་ཚེ་དབང་ནོར་བུར་ཕྱག་འཚལ་ལོ། །རྒྱལ་ཀུན་བགྲོད་པ་གཅིག་ལམ་ཟབ་གསལ་ལམ་སྟོན་བཀའ་དྲིན་ཅན། །འདྲེན་མཆོག་འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མར་ཕྱག་འཚལ་ལོ། །དེ་ལྟར་བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་ཀུན་གྱི་སྙིང་པོ་མཆོག །འཇམ་དཔལ་ཞལ་ལུང་གྲོལ་ཐིག་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཟབ་གསལ་ཟུང་འཇུག་བླ་མ་ལྷ་ལ་ཕྱག་འཚལ་མཆོད་འབུལ་ཞིང་། །སྡུག་བཤགས་དགེ་རང་ཆོས་འཁོར་རྒྱུན་འཁོར་མྱ་ངན་མི་འདའ་བཞུགས། །གསོལ་བ་འདེབས་བགྱིད་ཟབ་གསལ་བསྒོམ་སོགས་དགེ་ཀུན་ཡོངས་སྡོམ་ནས། །བྱང་ཆེན་རྒྱུར་བསྔོ་དེའི་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །དེ་སྲིད་སྐྱེ་བ་གང་དང་གང་དུ་ཇི་སྲིད་བཟོད་ཐོབ་པར། །དལ་འབྱོར་རིན་བཟང་མཚར་སྡུག་ཡིད་འཕྲོག་ཞི་དུལ་བྱང་སེམས་ལྡན། །འཁོར་བར་ཞེན་ལོག་དད་ངེས་འབྱུང་ལྷག་བསམ་ཡོངས་རྒྱས་པས། །སངས་རྒྱས་བསྟན་པའི་སྒོར་བཞུགས་སངས་རྒྱས་དགྱེས་བྱེད་ལས་འབད་ཤོག །དམ་ཆོས་སྟོན་བྱེད་མཚན་ཉིད་བཟང་པོ་མདོ་རྒྱུད་ནས་བསྔགས་ཀུན། །ཚངས་པས་རྗེས་བཟུང་དེ་ཡི་བཀའ་བཞིན་སྤྱད་ཅིང་བསླབ་པ་གསུམ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ལ་སྤྱོད་བསླབ་པ་དྲི་མེད་པར། །ཚུལ་བཞིན་ཉིད་ཀྱི་རྒྱལ་བསྟན་རྒྱས་པའི་བྱེད་པོར་རྟག་གྱུར་ཤོག །རྫོགས་སངས་རྒྱས་འབྲས་སྒྲུབ་བྱེད་མ་ནོར་ལམ་མཆོག་ཀུན་གྱི་སྙིང་། །ཟབ་གསལ་ཟུང་འཇུག་ལམ་བཟང་དང་འཕྲད་དེ་སྒོར་མི་ཕྱེད་པའི། །དད་པས་ཡོངས་ཞུགས་དེ་སྟོན་བླ་མ་སངས་རྒྱས་ལས་ལྷག་པའི། །མོས་གུས་གྱིས་བརྟེན་དམ་ཚིག་ལས་ལ་འདའ་མེད་ཉིད་སྤྱོད་ཤོག །དབང་བཞིའི་རྒྱུད་སྨིན་གྲོལ་བྱེད་ལམ་མཆོག་ཟབ་གསལ་དབྱེར་མེད་པ། །ཟབ་པ་སྤྲོས་པས་ཡོངས་དབེན་བདག་མེད་སྟོང་པ་ཉིད་ཆེན་པོ། །གསལ་བ་ཡེ་ཤེས་ངག་མེད་ལྷ་ཡི་དཀྱིལ་འཁོར་རང་སྣང་བ། །ཟུང་འཇུག་གདོད་མའི་གཤིས་ལུགས་མི་ཤིག་འབྲས་བུ་མངོན་གྱུར་ཤོག །མདོར་ན་ཚེ་གཅིག་ཉིད་ལ་ཡེ་ཤེས་སྐུ་འགྲུབ་རྣམ་པ་བཅུར། །དབང་ཐོབ་འཕྲིན་ལས་རབ་འབྱམས་འབད་མེད་དཔག་བསམ་ཡིད་བཞིན་ནོར། །ཇི་བཞིན་འགྲོ་བའི་དོན་བརྩོན་མཐའ་ཡས་ཕ་མའི་རང་བཞིན་ཀུན། །ཀུན་ཁྱབ་ཆ་མེད་སྐུ་གཉིས་རོ་མཉམ་ཚོམ་བུ་གཅིག་འགྲུབ་ཤོག །

ཞེས་ཨེ་བོ་དོང་འཇིགས་བྲལ་ཐམས་ཅད་མཁྱེན་པ་གསང་བ་སྦྱིན་གྱི་བསྟན་པའི་ཐིག་ལེ་ཟབ་གསལ་ལྟ་བ་ནི་བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་མཐའ་དག་གི་སྙིང་པོར་གྱུར་པ་དེ་ཉིད་ཀྱི་ཁྲིད་རྒྱུན་ལ་སྟོད་བྲང་སོ་རྫོང་སུ་བུ་སྤྲུལ་པའི་སྐུ་རིན་པོ་ཆེ་བཞུགས་འདུག་པས་བསྟན་པར་ལྷག་བསམ་གྱི་འབད་པས་ཞུས་ཤིང་སླར་ལ་སྟོད་དཔལ་མོ་དཔལ་ཕུད་ཀྱི་ཆོས་ལྡིང་རྒྱལ་བའི་བསྟི་གནས་གང་གི་བླ་མ་དམ་པ་དད་གུས་དམ་ཚིག་ཤེས་རབ་ཀྱི་རྒྱན་པ་ཀུན་བཟང་རིག་འཛིན་དབང་པོ་ལ་ཁྲིད་དགའ་ལེགས་པར་བཤད་པས་གང་བདེ་བརྒྱུད་པའི་གསོལ་འདེབས་ཤིག་དགོས་ཞེས་དངོས་རྒྱུད་དུ་མར་གསུང་གི་བསྐུལ་བར་བརྟེན་ཀུན་དགའ་ཞེས་ཤིང་སྟག་ལོ་ཞལ་གསར་དུ་ངོམ་པ་སྣྲོན་ཟླའི་ཚེས་བཅུ་གཉིས་སྤྱོད་འཆང་ནག་པོས་ཆོ་འཕྲུལ་རྟེན་པའི་དུས་ཆེན་དེའི་དགོངས་མཐུན་སྐབས་སུ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་གདན་ཐོག་གཅིག་ཏུ་སྨྲས་པའི་ཡི་གེ་དམ་པའི་གདུང་འཛིན་བཀྲ་ཤིས་རབ་བརྟན་ནོ། །དགེའོ། །སརྦ་མངྒ་ལཾ།

དྭགས་པོ་དེང་ལམ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་གངྒཱའི་ཆུ་རྒྱུན།

༈ དྭགས་པོ་དེང་ལམ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ༔ ཐོག་མཐའ་མེད་པའི་རྡོ་རྗེ་དང་པོའི་མགོན། །ལྷན་སྐྱེས་ཡེ་ཤེས་དཔལ་ལྡན་རྡོ་རྗེ་སེམས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །གནས་ལུགས་ཕྱག་རྒྱ་ཆེན་པོར་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཡེ་ཤེས་རྡོ་རྗེ་དཔལ་ཧེ་རུ་ཀ །རིགས་དྲུག་ཁྱབ་བདག་བཛྲ་དྷཱ་ར་སྔོ་སེང་སྒེག་པའི་སྐུ། །རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་ལ་རོལ་དེར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ཀུན་ཡུམ་གྱུར་ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ། །དགའ་རྒྱས་བཅུ་དྲུག་ན་ཚོད་དམར་སྨུག་ཁྲོད་འཛུམ་རལ་རྗེས་དབུས། །ཕག་ཞལ་ཕྱག་གཉིས་གྲི་ཐོད་འཆང་མཛད་ཞབས་ནི་བརྐྱང་བསྐུམ་གར། །མེ་ལོང་རབ་ཏུ་མཛེས་སྒེག་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྲས་པོ་ས་བཅུའི་དབང་ཕྱུག་དཔལ་ལྡན་རྡོ་རྗེའི་སྙིང་། །གདུལ་བྱའི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་གྲུབ་མཆོག་ཏིལ་བཏུང་ཞབས། །སྔོ་བསངས་གཅེར་བུ་རལ་པའི་ཐོར་ཚུགས་ཕྱག་གཉིས་སྐྱབས་སྦྱིན་ཅན། །སྟག་ཤམ་རུས་རྒྱན་རྣལ་འབྱོར་སྤྱོད་འཆང་ཚུལ་དེར་ཕྱག་འཚལ་ལོ། །གསང་གསུམ་བདག་པོའི་རྣམ་འཕྲུལ་བྲམ་ཟེའི་རིགས་འཁྲུངས་པཎྜི་ཏ། །བླ་མ་སྙན་ལ་འགྲན་མེད་མཁས་པ་དཔལ་ཆེན་ནཱ་རོ་པ། །དམར་སྨུག་ཟིལ་ལྡན་ཐོར་ཚུགས་རུས་རྒྱན་རྣལ་འབྱོར་ཙཏྱཱའི་ཆས། །ཐོད་ཁྲག་ལ་རོལ་མི་ལྤགས་རློན་པ་གསོལ་དེར་ཕྱག་འཚལ་ལོ། །དགེས་མཛད་དཔའ་བོ་རིག་སྔགས་འཆང་བའི་ཚུལ་བསྟན་ཧེ་རུ་ཀ །རྒྱུད་སྡེ་བཞི་ཡི་མངའ་བདག་མར་སྟོན་ཆོས་ཀྱི་བློ་གྲོས་ཆེ། །ཤ་ཉམས་རབ་རྒྱས་སྣུམ་བརྗིད་ཕྱག་གཉིས་དབུས་སྟེང་ས་ནོན་མཛད། །དབུ་སྐྲ་ལྕང་ལོ་འདུད་དམར་བེར་ཕྱམ་བཀླུབས་དེར་ཕྱག་འཚལ་ལོ། །འཇམ་དཔལ་གཤིན་རྗེ་འཇམ་དཔལ་ཉིད་ལས་གཞན་མིན་བོད་ཡུལ་གྱིས། །སྒྲུབ་བརྒྱུད་སྤེལ་བར་སྤྲུལ་སྐུ་མི་ལ་བཞད་པ་རྡོ་རྗེ་འཆང་། །སྐུ་མདོག་སྔོ་སྨུག་དབུ་སྐྲ་རལ་པ་ཁྲིལ་བུ་ནག་ལ་སེར། །རས་དཀར་གོས་གསོལ་་ས་གནོན་མཉམ་གཞག་བཞུགས་དེར་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་ངོ་བོ་འཕྲིན་ལས་གཅིག་བསྡུས་དཔལ། །འོད་དཔག་མེད་མགོན་འགྲོ་བའི་བླ་མ་པདྨ་འབྱུང་གནས་ཞབས། །སླར་ཡང་། ཐུབ་དབང་བསྟན་པ་རྒྱལ་ཚབ་སྤྲུལ་སྐུ་ས་བཅུའི་གཙོ། །གཉལ་སྨད་ལྷ་རྗེ་སྒམ་པོ་པ་ཞེས་ཟླ་འོད་གཞོན་ནུའི་ཞབས། །དཀར་དམར་མདངས་ལྡན་ཚངས་སྤྱོད་ཞི་དུལ་དབུ་ལ་དྭགས་ཞྭ་གསོལ། །ཆོས་གོས་རྣམ་གསུམ་བེར་ཟླུམ་པདྨ་དཔུང་ལྟར་མཛེས་ཤིང་བརྗིད། །རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་ཏིང་འཛིན་རབ་བཀྲམ་བརྒྱར། །གཡོ་མེད་ངང་བཞུགས་བསོད་ནམས་རིན་ཆེན་མཆོག་དེར་ཕྱག་འཚལ་ལོ། །སྣང་བཞི་མཐར་ཕྱིན་ཏིང་འཛིན་བཟང་པོ་སྐྱེ་བ་ཡེ་ཤེས་མཚན། །གདུལ་བྱའི་དོན་དུ་གཟུགས་ཀྱི་སྐུར་སྣང་གར་དབང་འཇའ་ཚོན་སྙིང་། །གཟུགས་མཐུང་དབུ་སྦོམ་དམར་སྨུག་རབ་ཆུང་ཆ་བྱད་པཎ་ཞུ་གསོལ། །རྡོ་རྗེ་ཕུར་གདེང་འཇའ་ཡི་གཤོག་པ་བཀྲ་ལ་ཕྱག་འཚལ་ལོ། །ཟླ་འོད་གཞོན་ནུ་རྒྱལ་བར་གྱུར་ཡང་ཞིང་འདིས་གདུལ་བྱའི་ཆེད། །སྐྱེ་བ་སྤྲུལ་སྐུ་འབྲེལ་ཚད་དོན་ལྡན་བཟང་པོ་དཔལ། །དཀར་སེར་ཞི་འཛུམ་དགེ་སློང་ཆ་བྱད་དྭགས་ཞུ་ལྷུན་བརྗིད་མནབས། །ཕྱག་གཉིས་མཉམ་བཞག་གླེགས་བམ་འཛིན་ལ་གུས་པས་ཕྱག་འཚལ་ལོ། །གང་གི་ངེས་དོན་བསྟན་པ་འཛིན་མཛད་ཆོས་ཀྱི་སྲས་ཐུ་བོ། །འོད་གསལ་བརྒྱུད་ལྡན་རྣལ་འབྱོར་དབང་ཕྱུག་འོད་གསལ་དབང་པོ་ནི། །ངང་སེར་བགྲེས་ཉམས་དགེ་སློང་ཆ་བྱད་ཞི་ཞིང་འཛུམ་བག་ལྡན། །ཕྱག་གཉིས་ཌཱ་མ་རུ་དྲིལ་བུ་འཛིན་ལ་གུས་ཕྱག་འཚལ་ལོ། །དེའི་ཆོས་སྲས་གཉུག་མའི་དོན་གཟིགས་རྣལ་འབྱོར་དམ་པ་ནི། །ཚེ་དབང་ནོར་བུ་བོད་སྔགས་ཆས་ལྡན་གཙུག་ན་དོ་གེར་ཅན། །ཁ་དོག་སྣ་ཚོགས་མཉམ་བཞག་ཕྱག་སྟེང་ནོར་བུ་འོད་འབར་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཏིང་ངེ་འཛིན་ངང་བཞུགས་དེ་ལ་ཕྱག་འཚལ་ལོ། །གསང་ལམ་བླ་མའི་མན་ངག་བྱིན་རླབས་དོན་རྒྱུན་ཆུ་བོ་གང་། །ལེགས་གདམས་བདག་རྒྱུད་བྱིན་གྱིས་རླབས་མཛད་རྡོ་རྗེ་འཛིན་དབང་ཆེ། །མཚན་དཔེ་ཡོངས་རྫོགས་ཡེ་ཤེས་གཟི་འོད་འབར་བ་རྡོ་རྗེའི་སྐུ། །འདྲེན་མཆོག་འཁོར་ལོའི་མགོན་གྱུར་དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ལོ། །དེ་ལྟར་རྒྱལ་བའི་རྒྱལ་སྲས་མཉམ་མེད་དྲགས་པོ་མཚོ་བྱེད་ཞབས། །གང་གི་ཐུགས་བཅུད་ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་མཆོག །གསང་ལམ་བླ་སྒྲུབ་སྨིན་གྲོལ་བརྒྱུད་པའི་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་བསྲུང་བཅས་ལ་གུས་པས་ཕྱག་འཚལ་ཞིང་། །གསོལ་བ་བཏབ་མཐུས་བདག་གི་སེམས་ཀྱི་ཁམས་འདི་མགོན་ཁྱོད་ཀྱི། །ཐུགས་རྗེས་ཉེར་དྲངས་སྐྱེ་བ་ཀུན་ཏུ་དལ་འབྱོར་མཐོ་རིས་ཀྱི། །ཡོན་ཏན་བདུན་རྫོགས་འཕགས་ནོར་བདུན་ལྡན་མཚན་དཔེ་ལུས་བཟང་ཐོབ། །ཡིད་གཞུང་མི་བརྗེད་བཟུང་ལྡན་དམ་པའི་ཆོས་ལ་བློ་འཇུག་ཤོག །མདོ་སྔགས་གནས་གསུང་དགེ་བའི་བཤེས་གཉེན་རྡོ་རྗེ་སློབ་དཔོན་གྱིས། །མཚན་ཉིད་ཡོངས་རྫོགས་བླ་མ་དམ་པས་རྗེས་སུ་ཡོངས་བཟུང་ནས། །མདོ་རྒྱུད་ཀུན་གྱི་སྙིང་པོ་བསམ་གྱིས་མི་ཁྱབ་གནས་ལུགས་ནི། །ཕྱག་རྒྱ་ཆེན་པོ་མཉམ་མེད་ལྷ་རྗེའི་བཞེད་སྒོ་ལ་ཞུགས་ཤོག །སྙེད་དཀའ་དལ་འབྱོར་རྟེན་འདི་ནམ་འཇིག་ཆ་མེད་འཇིག་སླ་ཉིད། །སྙིང་ལ་ཞེན་པས་འདི་སྣང་ཞེན་ལོག་ཆོས་བརྒྱད་འདུ་འཛི་སྤངས། །རྒྱུ་འབྲས་ལས་ལ་ཡིད་ཆེས་གྱུར་པས་མི་དགེའི་བྱ་བ་ཀུན། །ཡོངས་སྤངས་དགེ་བའི་ལས་ལ་འདོར་མེད་བརྩོན་པ་བསྐྱེད་པར་ཤོག །འཁོར་བའི་འཇིགས་མས་མ་ནོར་སྐྱབས་མཆོག་བླ་མ་དཀོན་མཆོག་ལ། །སྙིང་ནས་སྐྱབས་མཆིས་འགྲོ་ཀུན་དྲུག་འཁྲུལ་པའི་དུཿཁས་མནར་བ་ན། །ཕ་མར་ཤེས་པས་གཟོད་མེད་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་ཅིང་། །བདག་གཞན་ཚོགས་རྫོགས་ཆེད་དུ་མི་དལ་ལས་ལ་རབ་སྤྱོད་ཤོག །བདག་གཉིས་རྒྱལ་བའི་ཡུམ་ཤེར་སྙིང་གིས་དབུས་སུ་བརྟན་གཡོའི་བདག །ཁྱབ་བདག་བླ་མ་རྡོ་རྗེ་ཆོས་མཆོག་པད་འབྱུང་ཟླ་འོད་ཞབས། །རྩ་བའི་བླ་མ་བཞུགས་ལ་སྙིང་ནས་ཐང་ལྷོད་མེད་པ་ཡི། །ཕུར་ཚུགས་དད་པས་རླབས་ཆེན་བྱིན་ཉིད་བདག་རྒྱུད་ལ་འཇུག་ཤོག །སེམས་ཉིད་གནས་ལུགས་སྐྱེ་འགགས་མེད་པ་གནས་འགྱུར་གཏན་ཕབ་ཅིང་། །རང་རིག་རྗེན་པ་རྩེ་གཅིག་ཉོན་མོངས་འཐོར་བྱེད་སྤྲོས་བྲལ་རྟོགས། །ཕྱི་ནང་དབྱེར་མེད་རོ་གཅིག་རྩོལ་བྲལ་བསྒོམ་མེད་མངོན་གྱུར་ཤོག །རྡོ་རྗེ་ཐེག་པའི་ལམ་མཆོག་ཟུང་འཇུག་གསང་ལམ་ཆེ། །ཕག་མོའི་སྐུར་སྣང་ཕོ་ཉ་གསུམ་འདྲེས་སྣང་སྲིད་ལྷ་སྔགས་རྒྱས། །སྦྱངས་རྟོགས་སྦར་བའི་བདུད་རྩི་དམ་དབྱེ་རོ་མཉམ་རྒྱ་མཚོ་ཡི། །མཁའ་འགྲོ་ཡོངས་བསྐངས་དངོས་གྲུབ་བཅུད་གྱུར་བདག་གིས་མྱོང་བར་ཤོག །སྙིང་པོར་བསྐྱེད་བྱ་ལྷ་དང་རྟོགས་བྱ་ལྷ་ཀུན་རང་རིག་དངོས། །གཏན་ལ་ཕབ་མཛད་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་གཙོ། །པད་འབྱུང་ལྷ་རྗེ་དབྱེར་མེད་ཆོས་ཀྱི་སྐུར་སྣང་བདེ་བ་ཆེ། །དེ་ལྟར་གསོལ་བཏབ་ལྷ་སྔགས་རྡོ་རྗེ་གསུམ་འབྲས་མངོན་གྱུར་ཤོག །གཅིག་མཆོག་བླ་མར་གསོལ་བཏབ་སེམས་ཉིད་བླ་མ་ཆོས་སྐུར་མཇལ། །མི་འགྱུར་བདེ་བའི་དམ་རྫས་ལ་མྱོང་ཕྱིར་མི་ལྡོག་པ་ཐོབ། །ལྟ་བསྒོམ་བོགས་འདོན་སྤྱོད་པ་སྤོངས་གྱུར་ཤེས་པས་གཞི་ཐོག་བསྐྱལ། །སྐྱེ་འཆི་རྨི་ལམ་སྲིད་པའི་བར་དོ་ངོ་ཤེས་རང་གྲོལ་ཤོག །མདོར་ན་སྔགས་ལམ་ལ་བརྟེན་ཚེ་གཅིག་ཉིད་ལ་ཡེ་ཤེས་ཀྱི། །སྐུ་མཆོག་རྣམ་བཅུ་དབང་བསྒྱུར་འཕྲིན་ལས་རབ་འབྱམས་རྒྱ་ཆེ་བས། །དཔག་མེད་འགྲོ་བའི་དོན་ཆེན་འབད་རྩོལ་མེད་པ་ཡིད་བཞིན་ནོར། །བྱང་ཆུབ་ཆེན་པོའི་གོ་འཕང་ཉིད་ལ་ཚོམ་བུ་གཅིག་འགྲུབ་ཤོག །

ཅེས་གསང་ལམ་བླ་སྒྲུབ་ཀྱི་དབང་ཁྲིད་བཀླག་ལུང་གསུམ་ཚང་བའི་བླ་མ་རྒྱུད་པར་གསོལ་བ་བཏབ་པ་འདི་ནི་རྫོགས་པའི་སངས་རྒྱས་མཛད་བྱང་ཆུབ་སེམས་པའི་སྐུ་སྤྲལ་པ་རྡོ་རྗེ་འཛིན་མཆོག་འཇིགས་མེད་གསང་བ་སྦྱིན་པའི་དབོན་བརྒྱུད་གཉིས་མངོན་པར་མཐོ་བ་ཆོས་ཀྱི་རྗེ་ནམ་མཁའ་དཔལ་བཟང་གི་དངོས་རྒྱུད་དུ་མར་གསོལ་བ་བཏབ་པའི་ངོར་ཕྱག་ཆེན་གྱི་རྟོགས་ལྡན་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཀུན་དགའ་ཞེས་ཤིང་སྟག་དབོ་ཟླའི་ཚེས་བཅུ་གཉིས་ལ་སྨྲས་པ་མངྒ་ལཾ།

ཡང་། བརྒྱུད་པའི་རྣམ་གྲངས་གཅིག་ནི་གཏེར་སྟོན་འཇའ་ཚོན་པ་ནས་བསྒམ་པོ་ནོར་བུ་བརྒྱན་པ། སྤྱན་སྔ་རིན་ཆེན་རྡོ་རྗེ། མཆོག་སྤྲུལ་བཟང་པོ་དཔལ། དེས་འོད་གསལ་དབང་པོ་ཡང་བགྲངས་མོད། འདི་བརྒྱུད་པ་བདུན་མ་རྫོགས་བར་བཀླག་ལུང་ཐོབ་པས་གྲོལ་བར་རྡོ་རྗེའི་གསུང་གི་དམ་བཅས་པ་ཡིན་པས། དེས་ན་རྒྱུད་ཐག་ཉེ་བཞིན་བྱིན་རླབས་ཆེ་བས་གོང་གི་དཀྱུས་ལྟར་ཉིད་ལེགས་སོ། །བརྒྱུད་པ་བདུན་བགྲང་ཚུལ་ནི་གཏེར་སྟོན་འཇའ་ཚོན་པ་ནས་བགྲང་རྒྱུ་ཡིན་པ་གོ་དགོས་ལ། གཞན་ཡང་ཆོས་འདི་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ནས་སྒམ་པོ་པར་རྒྱུད་མཆོག་གི་ཏེ་ན་མར་མི་བརྒྱུད་པར་མ་བགྲང་ཡང་ཆད་པའི་སྐྱོན་མེད་ལ། ཕྱིས་བརྒྱུད་པའི་ཁ་སྐོང་དགོས་ཚེ་རྩ་བའི་བླ་མའི་གསོལ་འདེབས་མི་བསྒྱུར་བར་དེའི་གོང་དུ་བཞུགས་པར་བྱའོ། །

གསོལ་འདེབས་མདོར་བསྡུས་ལ་དགའ་ན་འདི་ལྟར་བྱ་སྟེ།

ཨོཾ་སྭསྟི་སིདྷི་རསྟུ། ཡང་དག་སངས་རྒྱས་མཐའ་དག་བསྐྱེད་མ་འཁྱུང་ཡུམ་གནས་པའི་དལ། །ཨེ་ཡིག་ཕྱག་རྒྱ་ཆེན་མོ་ཤེས་རབ་ཕར་ཕྱིན་རྡོ་རྗེ་ཕག །མི་འགྱུར་བདེ་བ་མཚན་དཔེས་ཡོངས་བརྒྱན་རྒྱལ་བ་ཀུན་ཡབ་ནི། །ཝཾ་ཡིག་གསུང་གི་རྡོ་རྗེ་པདྨ་འབྱུང་གནས་སྤྲུལ་སྒམ་པོ་པ། །དབྱེར་མེད་སྒྱུ་འཕྲུལ་འགོག་པ་མེད་ལས་སྤྲུལ་གྱུར་འཇའ་ཚོན་སྙིང་། །གང་གི་ཐུགས་དང་གཉིས་མེད་རྒྱལ་ཚབ་ས་བརྙེས་བཟང་པོ་དཔལ། །དེ་ཡིས་ཆོས་སྲས་ཐུ་བོ་འོད་གསལ་དབང་པོ་གྲུབ་པའི་གཙོ། །དེ་སྲས་ཚེ་དབང་ནོར་བུ་སྣ་ཚོགས་སྤྱོད་པས་འགྲོ་བ་འདུལ། །གསང་ལམ་རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས་སོ་ཀྱེ། །བདག་རྒྱུད་བྱིན་རློབས་སྐྱེ་ཀུན་ལམ་མཆོག་འདི་དང་རྟག་འཕྲོས་ནས། །འཁོར་བར་ཞེན་ལོག་ཐར་ལམ་ལ་ཞུགས་མཆོག་གསུམ་ལ་སྐྱབས་སོང་། །རྒྱ་ཆེན་སེམས་བསྐྱེད་ཚོགས་རྫོགས་ལ་བརྩོན་བླ་མར་གསོལ་འདེགས་ཤོག །གནས་ལུགས་ཕྱག་ཆེན་གནས་འགྱུ་གཏན་ཕབ་རིག་པ་གཅེར་ལ་ཕུད། །ཉོན་མོངས་རང་གྲོལ་སྣང་རོ་སྙམ་སྒོམ་མེད་འོད་གསལ་བ། །ཆུ་རྒྱུན་རྣལ་འབྱོར་ཟུང་འཇུག་སྐུ་ཐོབ་ཡན་ལག་བདུན་བསྙེས་ནས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་འདྲེན་པར་བདག་གྱུར་ཤོག །མདོར་ན་ཚེ་གཅིག་སངས་རྒྱས་ཉེ་ལམ་ཟུང་འཇུག་རྟག་རྙེད་ཅིང་། །དབང་གི་ཡེ་ཤེས་བདུད་རྩི་ལེགས་མྱོང་སྤྱོད་ལམ་ཡེ་ཤེས་རྩལ། །གདོད་ནས་ཡིན་ལུགས་མངོན་གྱུར་བར་དོ་རྣམ་དྲུག་རང་སར་གྲོལ། །སེམས་ཉིད་བླ་མ་ནོར་བུར་ཞལ་མཇལ་དོན་གཉིས་ལྷུན་གྲུབ་ཤོག །

ཞེས་པའང་གོང་གི་གསོལ་འདེབས་རྒྱས་པའི་ཁྲོས་གདན་ཐོག་གཅིག་ཏུ་སྦྱར་བ་པོ་ནི་རིག་འཛིན་པ་ཚེ་དབང་ནོར་བུའོ། །སརྦ་མངྒ་ལཾ།

༈ སྟོད་འབྲུག་མ་བདུན་བཀའ་བརྒྱུད་ཕྱག་ཆེན་བརྒྱུད་འདེབས།

ན་མོ་གུ་རུ་བྷྱ༔ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །རྒྱལ་བ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་གྲོང་ཁྱེར་དུ། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུལླ་ཧ་རིའི་དགོན་པ་རུ། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ༴ འབྲོག་ལ་ཕྱི་གངས་ཀྱི་ར་བ་རུ། །དབང་ཕྱུག་མི་ལ་རས་པ་ལ༴ ཤར་དྭགས་ལ་སྒོམ་པོའི་དགོན་པ་རུ། །ལྷ་རྗེ་ཟླ་འོད་གཞོན་ནུ་ལ༴ དཔག་ཕག་མོ་གྲུ་ཡི་མཐའ་རྩ་རུ། །འགྲོ་མགོན་ཕག་མོ་གྲུ་པ་ལ༴ གནས་སྣ་ཕུ་ཆོས་ལུང་གི་དགོན་པ་རུ། །གྲུབ་ཐོབ་གླིང་རྗེ་རས་པ་ལ༴ འབྲུག་སེ་བ་རི་བྱང་ཆུབ་ཀྱི་དགོན་པ་རུ། །གྲུབ་ཐོབ་གཙང་པ་རྒྱ་རས་ལ༴ རོང་དཀར་པོ་ཆོས་ལུང་གི་དབེན་གནས་སུ། །འགྲོ་མགོན་ལོ་རས་པ་ཆེན་པོ་ལ་གསོལ༴ བར་འབྲོག་རྡོ་རྗེ་གླིང་གི་དགོན་པ་རུ། །རྒོད་ཚངས་མགོན་པོ་རྡོ་རྗེ༴ གནས་གུང་ཐང་མདོ་ཆེན་གྱི་དགོན་པ་རུ། །ཆོས་རྗེ་མ་བདུན་རས་ཆེན་ལ༴ གནས་ལྕོགས་རི་བྱང་ཆུབ་ཀྱི་དབེན་གནས་སུ། །ཐུགས་སྲས་གདན་པ་རིན་ཆེན་ལ༴ གནས་དཔལ་ལྡན་ལྡིང་གི་དགོན་པ་རུ། །མཉམ་མེད་བྱིན་རླབས་རྡོ་རྗེ་ལ༴ གནས་ནང་ཁོང་དཔལ་གྱི་དགོན་པ་རུ། །ཆོས་རྗེ་སངས་རྒྱས་དབོན་ལ་གསོལ༴ གནས་མདོ་ཆེན་དཔལ་གྱི་དགོན་པ་རུ། །ཆོས་རྗེ་བསོད་ནམས་དབང་ཕྱུག་ལ༴ གནས་ཆོས་རྫོང་དཔལ་གྱི་དགོན་པ་རུ། །ཆོས་རྗེ་བསོད་ནམས་སྙིང་པོ་ལ༴ གནས་མདོ་ཆེན་དཔལ་གྱི་གཙུག་ལག་ཏུ། །མཉམ་མེད་ལྷུན་གྲུབ་བཀྲ་ཤིས་ལ༴ གནས་དམ་པ་ཆོས་ཀྱི་ཕོ་བྲང་ནས། །ཆོས་རྗེ་མགོན་པོ་དཔལ༴ གནས་གཞན་ཕན་ལྷུན་གྱིས་གྲུབ་པ་ནས། །ཆོས་རྗེ་ཀུན་དགའ་གཟི་བརྗིད་ལ༴ གནས་གུང་ཐང་མདོ་ཆེན་དགོན་པ་རུ། །ཆོས་རྗེ་ཆེ་མཆོག་རྡོ་རྗེ་ལ༴ གནས་བདེ་ཆེན་དཔལ་གྱི་ལྡིང་ཁང་ནས། །ཆོས་རྗེ་དཀོན་མཆོག་རྡོ་རྗེ་ལ༴ གནས་གར་བཞུགས་དག་པའི་ཞིང་ཁམས་ནས། །ཆོས་རྗེ་ནམ་མཁའ་ལྷུན་གྲུབ་ལ༴ གནས་ལས་འཕྲོ་དག་པའི་ཞིང་ཁམས་ནས། །ཆོས་རྗེ་ནམ་མཁའ་སེངྒེ་ལ༴ གནས་ཚེ་བསྒྲུབ་མཐར་ཕྱིན་གྱི་ཕོ་བྲང་ནས། །ཆོས་རྗེ་ནོར་བུ་བདེ་ཆེན་ལ༴ གནས་མཁྱེན་རབ་ལྷུན་གྲུབ་ཀྱི་ཕོ་བྲང་ནས། །ཆོས་རྗེ་བརྟན་པའི་ནོར་བུ་ལ༴ གནས་བསྐྱེད་རྫོགས་ཟུང་འཇུག་གི་ཕོ་བྲང་ནས། །སྔགས་འཆང་རྒྱལ་སྲས་སེངྒེ་ལ༴ གནས་ཕྱོགས་མེད་གདུལ་བྱའི་ཞིང་ཁམས་སུ། །རིག་འཛིན་ཚེ་དབང་ནོར་བུ་ལ༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །

གྲུབ་རྒྱལ་ཚེ་སྒྲུབ་ཀྱི་བརྒྱུད་འདེབས་འཆི་མེད་བུ་མོའི་གླུ་དབྱངས།

༈ གྲུབ་རྒྱལ་ཚེ་སྒྲུབ་ཀྱི་བརྒྱུད་འདེབས་འཆི་མེད་བུ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔ཧཱུྃ་ཧྲཱི༔་ཧྲཱི༔ ཚེ་དཔག་མེད་མགོན་འདོད་དགུའི་དཔག་བསམ་ཤིང་། །གྲུབ་པའི་རྒྱལ་མོ་མཚན་དཔེ་མེ་ཏོག་བརྒྱན། །ཏི་པུ་པ་མི་རྟོགས་པའི་འབྲས་བུ་བརྗིད། །རས་ཆུང་རྡོར་གྲགས་འཆི་མེད་ཆང་གིས་བཟི། །མི་ལ་རས་ཆེན་ཏིང་འཛིན་ཉམས་ཀྱིས་མྱོས། །དྭགས་པོ་ལྷ་རྗེ་རྟོགས་པའི་ནོར་གྱིས་ཕྱུག །ཕག་མོ་གྲུ་པ་ཕག་མོའི་སྐུ་ལ་འཁྱུད། །འཇིག་རྟེན་མགོན་པོ་འཇིག་རྟེན་གསུམ་གྱི་མགོན། །སྤྱན་སྔ་གྲགས་འབྱུང་སྤྱན་སྔ་མངོན་ཤེས་ཅན། །ཡང་དགོན་ཆོས་རྗེ་ཡང་ཡང་བསྒྲུབ་རྒྱུད་འཛིན། །ཐུགས་སྲས་རིག་ལྡན་ཐུགས་བརྒྱུད་ཆོས་བཞིན་སྤྱོད། །ཟུང་ཕུག་པ་ནི་ཉམས་རྟོགས་ཟུར་ངོམ་བྱེད། །སྐྱེས་མཆོག་ཆེན་པོ་སྐྱེ་འགྲོ་ཡོངས་ཀྱི་མགོན། །ནམ་མཁའ་རྒྱལ་མཚན་ཚེ་ཡི་རིག་འཛིན་བརྙེས། །འཇམ་དཔལ་རྒྱ་མཚོ་གྲུབ་པའི་འཁོར་ལོ་བསྐོར། །ཆོས་ཀྱི་རྒྱ་མཚོ་སྐལ་བཟང་འགྲོ་བའི་མགོན། །འཇམ་དགོན་བླ་མ་མཁྱེན་བརྩེ་ནུས་པར་ལྡན། །ལྷ་དབང་གྲགས་པ་ལྷ་བཅས་འགྲོ་བའི་མགོན། །སྒྲོལ་བའི་མགོན་པོས་འཁོར་བ་ཀུན་སྒྲོལ་མཛད། །བློ་གྲོས་རྣམ་རྒྱལ་ཐེག་མཆོག་རྒྱལ་མཚན་འཛིན། །ཀུན་དགའ་འཕྲིན་ལས་སྙིང་པོའི་དགའ་སྟོན་སྤེལ། །ཀུན་བཟང་དབང་པོ་དབང་བཞིའི་འབྲས་བུ་སྨིན། །རྩ་བའི་བླ་མ་བྱིན་རླབས་ཀུན་གྱི་མཛོད། །འཆི་མེད་རིགས་གྲུབ་རྒྱུད་པའི་ཚོགས་བཅས་ལ། །སྙིང་ནས་རྩེ་གཅིག་གུས་པས་གསོལ་བ་འདེབས། །བདག་རྒྱུད་བྱིན་རློབས་ཚེ་ཡི་དངོས་གྲུབ་སྩོལ། །གདོད་ནས་འགྱུར་མེད་ཡེ་ཤེས་སྙིང་པོའི་ཁམས། །གློ་བུར་དྲི་མའི་སྐྱེ་འཆི་ཀུན་སངས་བ། །མི་ཤིགས་དྭངས་མ་འོད་གསལ་རྡོ་རྗེའི་ཚེ། །བདག་སོགས་འགྲོ་བས་ད་ལྟ་ཉིད་ཐོབ་མཛོད། །ཞེས་གྲུབ་རྒྱལ་ཚེ་དབང་གི་བརྒྱུད་འདེབས་སྙིང་པོ་ལ། སྒྲོལ་མགོན་མ་ཧ་ཆད་ཁ་སྐོང་ཤོ་ལོ་ཀ་གསུམ་པོ། རྩ་བའི་བླ་མ་ཀུན་བཟང་དབང་པོའི་བཀའ་ཡི་སྣང་བ་ཐོབ་འཕྲལ་སྐུ་མདུན་ཉིད་དུ་ཚེ་དབང་ནོར་བུས་ཕུར་བུ་རྒྱལ་ཟླའི་ཚེས་བཟང་ཉེར་བརྒྱད་ལ་སྦྱར་བ། སརྦ་བྷ་མངྒ་ལཾ།

༈ བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་གྱི་འཕྲོ་ནི།

ཤེས་བྱའི་དཀྱིལ་འཁོར་རབ་གཟིགས་ཤིང་། །དམ་ཆོས་རིན་ཆེན་མཛོད་འཛིན་པས། །ཟབ་མོའི་དགོངས་གཏེར་རྒྱས་མཛད་པ། །ཀུན་མཁྱེན་ཆོས་རྗེ་ལ་ཕྱག་འཚལ། །བདེ་ལེགས་ཡོན་ཏན་ཐམས་ཅད་ཀྱི། །འབྱུང་གནས་མཁྱེན་བརྩེའི་རྒྱ་མཚོ་ཆེ། །བྱམས་དང་སྙིང་རྗེའི་གཏེར་གྱུར་པ། །བདེ་ལེགས་རྒྱ་མཚོ་ལ་ཕྱག་འཚལ། །འཁོར་བའི་བྱ་བ་ཀུན་སྤངས་ནས། །གཅིག་པུ་འོད་གསལ་སྙིང་པོ་བརྙེས། །མཁའ་འགྲོ་འབར་བའི་སྤྲིན་ཕུང་ཅན། །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ལེགས་གསུང་དམ་ཆོས་མཛོད་འཛིན་ཅིང་། །བཀྲ་ཤིས་འདོད་དགུ་འབྱུང་བའི་གནས། །སངས་རྒྱས་བཀྲ་ཤིས་ལ་ཕྱག་འཚལ། །ཡོན་ཏན་རིན་ཆེན་དཔལ་འབར་ཞིང་། །ཟབ་མོའི་དེ་ཉིད་ལེགས་རྟོགས་ན། །འགྲོ་རྣམས་སྨིན་གྲོལ་འགོད་མཛད་པའི། །གུ་ཎ་ཤྲི་ལ༴ སྣང་སྲིད་ཡེ་སངས་རྒྱས་པའི་དོན། །མ་ལུས་ཐུགས་སུ་ཆུད་མཛད་ཅིང་། །ཡེ་ཤེས་མཆོག་གི་ལམ་བགྲོད་པའི། །སངས་རྒྱས་ཡེ་ཤེས༴ སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །ཐུགས་ཀྱི་སངས་བ་རིན་པོར་ཆེ། །སྙིང་ཐིག་བསྟན་པའི་རྒྱལ་མཚན་འཛིན། །སངས་རྒྱས་རྒྱལ་མཚན༴ བསླབ་གསུམ་ཚུལ་ཁྲིམས་རྒྱན་གྱིས་སྤྲས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཆེ། །བླ་མེད་བསྟན་པའི་རྒྱལ་མཚན་འཛིན། །ཚུལ་ཁྲིམས་རྒྱལ་མཚན༴ བསོད་ནམས་ཚོགས་ཆེན་ལྷུན་རྫོགས་ཤིང་། །ཡེ་ཤེས་རང་སྣང་འོད་གསལ་བས། །སྲིད་ཞིའི་མཐའ་ལས་རྣམ་པ་རྒྱལ། །བསོད་ནམས་རྣམ་རྒྱལ་ལ༴ ཨོ་རྒྱན་སློབ་དཔོན་པདྨ་ཡིས། །རྗེས་བཟུང་ཤེས་བྱའི་དོན་རྣམས་གཟིགས། །སྙིང་པོའི་བསྟན་པ་འཛིན་མཛད་པ། །ཨོ་རྒྱན་བསྟན་འཛིན༴ རྒྱལ་བའི་འཕྲིན་ལས་མ་ལུས་ཀུན༴ འགྲོ་ལ་ཕན་པའི་རླབས་ཆེན་སྤྱོད༴ ཀུན་གྱིས་བླ་མ་རིན་པོ་ཆེ། །ཀརྨ་གུ་རུ༴ དྲི་མེད་ཚུལ་ཁྲིམས་པདྨའི་མཚོར། །བླ་མེད་ཡིད་བཞིན་སྙིང་པོ་བླང་། །བསྟན་པའི་རྒྱལ་མཚན་རྩེར་མཆོད་པའི། །པདྨ་རྒྱལ་མཚན༴ བློ་གསལ་པདྨའི་སྐྱེད་ཚལ་དུ། །བློ་གྲོས་འདབ་སྟོང་སྦྲང་རྩིའི་བཅུད། །བློ་ལྡན་བུང་བ་ཚིམ་བྱེད་པ། །པདྨ་མ་ཏི༴ རྣམ་གྲོལ་ཡོན་ཏན་དུ་མའི་མཛོད། །བཀྲ་ཤིས་ཕུན་ཚོགས་འདོད་དགུའི་གཏེར། །དགོས་འབྱུང་ཡིད་བཞིན་རིན་པོ་ཆེ། །མངྒ་རཏྣ༴ ཆོས་དབྱིངས་གདོད་ནས་དག་པའི་ཐུགས། །བཀྲ་ཤིས་དགེ་མཚན་འབུམ་གྱིས་སྤྲས། །བློ་ལྡན་སྨིན་གྲོལ་ལ་འགོད་མཛད། །བཀྲ་ཤིས་བློ་གྲོས༴ རྒྱལ་ཀུན་ཐུགས་ཀྱི་པདྨ་ལས། །ལེགས་འོང་མཚོ་སྐྱེས་རྡོ་རྗེའི་འཕྲུལ། །སྐལ་ལྡན་དབུལ་སེལ་ནོར་བུ་མཆོག །པདྨ་ནོར་བུ༴ ཨོ་རྒྱན་ཡེ་ཤེས་དྷཱཀྐི་ཡིས། །རྗེས་བཟུང་སྔགས་ཀྱི་བསྟན་པ་འཛིན། །བསྡུ་བ་བཞི་ཡིས་འགྲོ་བ་འདུལ། །གུ་རུ་སྐལ་བཟང་ལ༴ གོང་གི་བཀྲ་ཤིས་བློ་གྲོས་མན་མ་ཧཱ་གུ་རུའི་གསུང་ཡིན་ལགས།

སྙིང་ཏིག་ཡང་རྫོང་མའི་བླ་བརྒྱུད་ཁ་སྐོང་།

༈ སྙིང་ཏིག་ཡང་རྫོང་མའི་བླ་བརྒྱུད་ཁ་སྐོང་ནི།

གར་གྱི་དབང་ཕྱུག་དགོས་འདོད་རེ་བ་བསྐོང་། །མཆོག་བརྙེས་དམ་པ་གསུམ་ལ་གསོལ་བ་འདེབས། །ཡ་ཏི་དྷ་ཚ་མཁྱེན་བརྩེ་ནུས་པའི་གཏེར། །མི་འགྱུར་དབང་རྒྱལ་ཟབ་དོན་གསལ་བའི་དཔལ། །ཀུན་བཟང་རྣམ་རྒྱལ་རྫོགས་ཆེན་བསྟན་པའི་སྲོག །སྐྱེས་མཆོག་རིན་ཆེན་གསུམ་ལ༴ འབྲུག་སྒྲ་བཟང་པོ་སྨིན་གྲོལ་ཆུ་ཁུར་ཅན། །བསྟན་པའི་ཉི་མ་སྦས་པའི་སངས་རྒྱས་དངོས། །འཇིགས་བྲལ་ནམ་མཁའ་རྫོགས་ཆེན་རྣལ་འབྱོར་བ། །བསྟན་འཛིན་དམ་པ་གསུམ་ལ༴ རིན་ཆེན་བཟང་པོ་ཆོས་ཀྱི་རྒྱལ་མཚན་པར། །ཚེ་དབང་ནོར་བུ་གཞན་ཕན་འཕྲིན་ལས་སྤྱོད། །རྩ་བའི་བླ་མ་རྒྱལ་ཀུན་འདུས་པའི་ཞལ། །མཆོག་ཐུན་དངོས་གྲུབ་སྩོལ་བ་གསོལ་བ་འདེབས། །གར་གྱིས་དབང་ཕྱུག་མན་ཆད་ཀྱི་ཁ་བསྐང་རིག་འཛིན་ཚེ་དབང་ནོར་བུའི་ཆོས་འདིའི་ཁྲིད་ལུང་རྣམས་རྫོགས་པར་ཐོབ་པའི་དུས་སུ་སྦྱར་བའོ། །སརྦ་མངྒ་ལཾ།

༈ མ་ཅིག་རྒྱམ་ཐང་གསོལ་འདེབས་ཁ་སྐོང་།

ཆོས་ལུང་བྱང་བརྩེའི་དབེན་གནས་སུ། །རྗེ་བཙུན་གྲོལ་མཆོག་བྱིན་རླབས་ཅན། །བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང༴ ཆོས་ལུང་བདེ་ཆེན་ཕོ་བྲང་དུ། །ལུང་རིགས་རྒྱ་མཚོ༴ ཁམས་གསུམ་འགྲོ་བའི་སྤྱི་བོ་རུ། །ཀུན་དགའི་སྙིང་པོ༴ ཟར་གྱིས་གསང་རིའི་དགོན་པ་རུ། །རིན་ཆེན་རྒྱ་མཚོ༴ ཇོ་སྣང་དཔལ་གྱི་རི་ཁྲོད་དུ། །སྙིང་པོ་མཐའ་ཡས༴ དགེ་ཕུའི་རི་ཁྲོད་འབྲས་སྤུངས་ནས། །ཀུན་བཟང་དབང་པོ༴ ཕྱོགས་མེད་གདུལ་བྱའི་ཞིང་ཁམས་སུ༴ རིག་འཛིན་ཆེན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །

༈ ཨ་ཏི་ཟབ་དོན་གྱི་བརྒྱུད་འདེབས་ཁ་སྐོང་།

མངའ་རིས་དོལ་པོ་ཆོས་ཀྱི་སྐྱེད་ཚལ་ནས། །གྲུབ་མཆོག་ཨོ་རྒྱན་རྒྱལ་མཚན་ལ་གསོལ་བ་འདེབས། །ཕྱོགས་མེད་གཞན་ཕན་འཕྲིན་ལས་སྐྱོངས་བ་ནས། །རིག་འཛིན་ཚེ་དབང་ནོར་བུ་ལ་གསོལ་བ་འདེབས། །

༈ ཤའུ་གཏེར་བྱོན་ཐུགས་རྗེ་ཆེན་པོའི་དབང་ཁྲིད་ལུང་གསུམ་བརྒྱུད་འདེབས་ཁ་སྐོང་།

མོན་བོད་ས་མཚམས་གུ་རུའི་སྦས་ཡུལ་ངོགས། །ཟབ་བཟང་རྡོ་རྗེ་རྣལ་འབྱོར་གད་མོ་སྒྲོགས། །སྦས་པའི་རྣལ་འབྱོར་ཨུ་རྒྱན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕྱོགས་མེད་འགྲོ་དོན་སྐྱོངས་བའི་ཞིང་ཁམས་སུ། །གུ་རུའི་བྱིན་རླབས་ནམ་སྙིང་ཐུགས་སྤྲུལ་ནི། །འབྲེལ་ཚད་དོན་ལྡན་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སརྦ་མངྒ་ལཾ།

༈ ཁྲིད་བརྒྱ་བརྒྱུད་པ་ཀུན་གྱི་འཕྲོ་མཐུད།

རྒྱུད་པའི་ཆུ་བོ་ཀུན་འདུས་གྲོལ་མཆོག་ཞབས། །ཆོས་ཉིད་གཉུག་མའི་དོན་གཟིགས་ལྷ་དབང་གྲགས། །འཇིགས་མེད་ཤིང་རྟ་མཆོག་གྱུར་ཀུན་དགའ་སྙིང་། །མཁའ་སྤྱོད་གྲུབ་གཙོ་འཕྲིན་ལས་དཔལ་དབང་པོ། །རིན་ཆེན་རྒྱ་མཚོ་གནས་བརྟན་རྡོ་རྗེ་འཛིན། །སྙིང་པོ་མཐའ་ཡས་གྲུབ་བརྙེས་སྦས་པའི་ཚུལ། །འཁོར་ལོའི་མགོན་པོ་བརྩེ་ཆེན་ཀུན་བཟང་དབང་། །རྩ་རྒྱུད་བླ་མ་མཆོག་ལ་གསོལ་བ་འདེབས། །ཁྲིད་བརྒྱ་བརྒྱུད་པ་ཀུན་གྱི་འཕྲོ་མཐུད་དེ་ཁོ་ན་སྦྱར་བས་ཆོག་གོ །སརྦ་མངྒ་ལཾ།

༈ སྨར་ཁྲིད་རིགས་བཞི་དང་རྒྱལ་པོ་བཀའ་འབུམ་གྱི་རྒྱུད་པའི་འཕྲོ་རྣམས་ཆབ་གཅིག་ཏུ།

ཟབ་མོ་ཁྲིད་ཆེན་བརྒྱ་དང་རྩ་བརྒྱད་ཀྱི། །ལུང་རྟོགས་བྱིན་རླབས་གཅིག་ཏུ་སྡུད་མཛད་པའི། །རྗེ་བཙུན་བླ་མ་ཀུན་དགའ་གྲོལ་མཆོག་ཞབས། །ཐུགས་སྲས་ལྷ་དབང་གྲགས་པར་གསོལ་བ་འདེབས། །ཡོངས་རྫོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་། །རྗེ་བཙུན་བླ་མ་ཀུན་དགའ་སྙིང་པོ་དཔལ། །ཕྲིན་ལས་དབང་མོ་རིན་ཆེན་རྒྱ་མཚོའི་སྡེ། །སྙིང་པོ་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །འཁོར་ལོའི་མགོན་པོ་ཀུན་བཟང་དབང་པོ་དང་། །དེ་སྲས་མཐུ་བོ་ཚེ་དབང་ནོར་བུའི་སྡེ། །གདམས་ཟབ་ཆུ་རྒྱུན་སྩོལ་མཛད་བླ་མ་རྗེ། །བཀའ་དྲིན་མཚུངས་མེད་མགོན་པོར་གསོལ་བ་འདེབས། །ཞེས་ཁྲིད་ཆེན་ཐམས་ཅད་བརྒྱུད་པ་མཐུན་པར་འདྲེན། །

སངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར།

༄༅། །སངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་བཞུགས་སོ། །

༈ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ རྒྱལ་བ་རྒྱ་མཚོ་ཀུན་གྱི་ངོ་བོ། །གསུང་གི་རྡོ་རྗེ་འོད་དཔག་མེད་མགོན། །དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་གཙོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གདོད་མ་ཉིད་ནས་ཡོངས་གྲུབ་ཆོས་དབྱིངས། །སྐྱེ་འགག་གནས་བྲལ་བདེ་གཤེགས་སྙིང་པོ། །ཀུན་ཁྱབ་ཀུན་བཟང་ངོ་བོ་ཉིད་སྐུ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །ཕྲ་རབ་རྡུལ་འདས་རིག་པའི་ངོ་བོ། །ཡེ་ཤེས་སྐུ་ནི་མེ་ལོང་ལྟ་བུ། །སོར་རྟོག་བྱ་གྲུབ་མ་འདྲེས་རྩལ་རྫོགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་ཉིད་ཡེ་ཤེས་ཡངས་པ། །ཐ་དད་མ་ཡིན་གཅིག་པུ་དང་བྲལ། །བློ་འདས་སྤྲོས་བྲལ་གཉིས་མེད་ཐིག་ལེ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །སྲིད་པར་རྟག་ཏུ་ཁྱོད་ཉིད་སྣང་ཞིང་། །ཞི་དབྱིངས་རྟག་ཏུ་ཁྱོད་ནི་སྙོམས་བཞུགས། །སྲིད་ཞི་ཀུན་ལ་ཁྱབ་པའི་བདག་ཉིད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །འཁོར་བར་གནས་ཀྱང་འཁོར་འི་སྐྱོན་མེད། །མྱ་ངན་འདས་ཀྱང་ཞི་བར་གཟིམ་མིན། །དྲི་མེད་རྒྱལ་བ་ཀུན་གྱི་ངོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་རྟག་མཐར་ནམ་ཡང་མ་ལྷུང་། །སྟོང་ཞིང་བདག་མེད་ཁས་ལེན་དང་བྲལ། །རྟོག་མེད་ངང་ལ་རྟག་ཏུ་མཉམ་བཞག །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་མཐའ་གཉིས་གང་དུ་མི་གནས། །དབུ་མར་ཡང་ནི་དམིགས་པ་མ་ཡིན། །སྨྲ་བསམ་བརྗོད་མེད་སྐྱེ་འགག་ལས་འདས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་ཉག་ཅིག་ཉིད་དུ་གནས་ཤིང་། །རྣམ་པ་ཐམས་ཅད་དུ་མར་སྣང་བ། །བསམ་གྱིས་མི་ཁྱབ་རིག་པའི་ངོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་སངས་རྒྱས་ཀུན་གྱི་ངོ་བོ། །སངས་རྒྱས་ཀུན་གྱི་སྲས་ཀྱི་མཐུ་བོ། །སངས་རྒྱས་ཡོངས་ཀྱི་བསྐྱེད་པའི་ཡབ་ཡིན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱེད་ནི་རྒྱལ་བ་མཐའ་དག་སྤྲུལ་པ། །རྒྱལ་བ་ཡོངས་ཀྱི་སྤྲུལ་གཞི་གྱུར་པ། །རྒྱལ་བ་ཀུན་ལ་དབང་བསྐུར་མཛད་དོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་འདས་ཀུན་གྱི་སྔ་རོལ་ཉིད་ནས། །ཡོངས་སུ་གྲུབ་ཅིང་འཁོར་འདས་དབུས་གནས། །འཁོར་འདས་མཐར་བཞུགས་དུས་གསུམ་དུས་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་འདས་མེད་པའི་ངོ་བོ་ལ་བཞུགས། །གྲོལ་འཁྲུལ་མིང་རྟགས་ལས་འདས་གཤིས་ལུགས། །ཀུན་ལ་སྣང་ཞིང་ཀུན་གྱི་གཞིར་གྱུར། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རྣམ་ཤེས་ཚོགས་བརྒྱད་པདྨའི་དབུས་ན། །རིག་པ་རང་བྱུང་སྤྲོས་བྲལ་ངང་གནས། །འཁོར་འདས་ཀུན་གྱི་དྭངས་མ་ཉིད་གྱུར། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །མཐའ་དག་སྣང་བ་གདོད་ནས་མ་གྲུབ། །མ་གྲུབ་བཞིན་སྣང་གྲུབ་དང་མ་གྲུབ། །སྣང་ཞེས་བརྗོད་གཞི་གཞི་མེད་རྩལ་བྲལ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །སྣང་བ་སེམས་ཞེས་ཚུར་མང་མི་བསྡུད། །སེམས་མིན་གཞན་དུ་ནམ་ཡང་མ་གྲུབ། །རོ་མཉམ་ཞེས་སུ་བསྲེ་བའི་ཡུལ་སྟོང་། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གདོད་ནས་གཞི་མེད་རྩ་བྲལ་སྟོང་པ། །སྟོང་ཉིད་རིག་པ་གཞོམ་ཞིང་ལས་འདས། །སྣང་སེམས་གློ་བུར་རྟག་པ་ཀུན་སྟོང་། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གཤིས་ལུགས་འདི་ནི་ཤིན་ཏུ་རྟོགས་དཀའ། །ཡེ་ཤེས་འདི་ནི་ཆེས་ཆེར་ཕྲ་བ། །བསམ་གྱིས་མི་ཁྱབ་ཆོས་ཉིད་གནས་ལུགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །སྒམ་པོས་བཅོས་དང་བསྒྲིམ་པོས་མ་སླད། །ཀུན་གྱི་སྙིང་པོ་ཤིན་ཏུ་བཟང་པོ། །བཟང་ངན་བླང་དོར་སྤྲོས་པ་བྲལ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་ཁྱབ་སྐུ་དང་ཡེ་ཤེས་ལུས་གཅིག །དྲི་མའི་དབུས་བཞུགས་དྲི་མས་མ་གོས། །རབ་ཏུ་རྒྱ་ཆེ་ཤིན་ཏུ་ཕྲ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རྣམ་པར་ཤེས་པའི་ཆ་ཀུན་ཡོངས་སྤངས། །ཡེ་ཤེས་མ་ལུས་རྩལ་ཁ་རྫོགས་པ། །སྤངས་རྟོགས་འབྲས་བུ་མངོན་དུ་གྱུར་པའི། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་ནས་བརྟག་པ་རང་ངོས་སྟོང་ཞིང་། །གཞན་དབང་དོན་དམ་ངོ་ངོས་སྟོང་སྟེ། །སྟོང་ཉིད་རིག་པ་ཡོངས་གྲུབ་རྟག་བརྟན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་རྫོབ་ཆོས་ནི་ནམ་ཡང་མི་བརྟན། །དོན་དམ་བདེན་པ་ཤིན་ཏུ་བརྟག་སྟེ། །མི་ཤིགས་འགྱུར་མེད་རྡོ་རྗེའི་རང་བཞིན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །བརྟན་པའི་འཛིན་རྟོག་དམིགས་བཅས་ཞེན་པ། །བརྟན་དང་མི་བརྟན་གཞི་རྩ་སྟོང་པའི། །ཆོས་དབྱིངས་ཡེ་ཤེས་འཕོ་འགྱུར་མེད་དོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གང་ཟག་བདག་དང་ཆོས་ཀྱི་བདག་བྲལ། །བདག་མེད་ངོ་བོ་ཤེས་རབ་ཕར་ཕྱིན། །སྟོང་པ་ཉིད་དེ་མཚན་མ་སྨོན་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འབྲས་བུ་སྡུག་བསྔལ་རྒྱུར་གྱུར་ཀུན་འབྱུང་། །སྤང་བྱེད་ལམ་གྱི་ཐོབ་བྱ་འགོག་པ། །བདེན་བཞིའི་རང་བཞིན་གཉུག་མའི་འོད་གསལ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་བའི་གཞི་རྩ་མ་རིག་ངོ་བོ། །བདག་གཅེས་འཁྲུལ་པའི་དུཿཁ་གཟིར་ལ། །བདག་མེད་སྟོང་པའི་སེང་གེའི་སྒྲ་ཆེན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །བདག་གི་གཉེན་པོར་བསྔགས་པའི་སྟོང་པ། །དེར་དམིགས་སྟོང་པ་བཅོམ་ཕྱིར་བདག་མེད། །ངོ་བོ་ཆོས་དབྱིངས་དོན་དམ་བདག་མཆོག །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཕྱི་དོན་ཞེན་སྤངས་སྣང་བ་སེམས་བརྟན། །སེམས་འཛིན་བཅོམ་ཕྱིར་སྟོང་པར་ཡོངས་གསུངས། །གཉིས་ཀ་འགོག་ཕྱིར་ཟུང་འཇུག་སྟོང་ཉིད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འགོག་བདེན་རང་བཞིན་ཞི་བར་གནས་པ། །རང་རིག་རང་གསལ་ལྷག་མཐོང་ངོ་བོ། །ཞི་ལྷག་ཟུང་འཇུག་གདོད་མའི་ཡེ་ཤེས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གནས་ཞེས་ངོ་བོ་གཞི་རྟེན་མ་གྲུབ། །འགྱུ་ཞེས་རྣམ་པར་རྟོག་པས་མ་སྐྱོད། །གནས་དང་འགྱུ་ཞེས་གང་དུ་མ་དམིགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རིག་པ་ཞེས་བརྗོད་མིང་ལ་དོན་ཞེན། །དོན་ལ་མིང་ཞེས་རྣམ་པ་ཡོངས་སྤངས། །མི་ཤིག་ངོ་བོར་ཁས་ལེན་བྲལ་ངོས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཕུང་ཁམས་དབང་ཡུལ་སྤང་གཞི་དེ་གཞན། །གཤེགས་པ་ཡབ་ཡུམ་སེམས་དཔའ་སེམས་མ། །དཀྱིལ་འཁོར་འཁོར་ལོ་རབ་འབྱམས་སྤྲོ་མཛད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གཟུགས་མེད་གཟུགས་གསལ་མཚན་དཔེ་འོད་གསལ། །བདག་མེད་སྟོང་པ་རྣམ་རྟོག་སྤྲོས་བྲལ། །ཤེས་བྱ་ཀུན་ཁྱབ་ཟབ་གསལ་དབྱེར་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །དྲི་མ་འགྱུར་བཅས་བདུད་ཀུན་བཅོམ་ནས། །དྲི་མེད་མི་འགྱུར་བཅོམ་ལྡན་བདེ་ཆེན། །ཆ་མེད་ཀུན་འགྲོ་ཉག་གཅིག་རྒྱལ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །དེ་ལྟར་འཁོར་འདས་ཡོངས་ཀྱི་སྤྱི་དཔལ། །བརྟན་དང་གཡོ་བ་ཀུན་གྱི་རང་བཞིན། །སྲོག་ལྡན་ཀུན་གྱི་མགོན་དང་བཅུད་གྱུར། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་འབྱུང་ཁུངས། །འཁོར་འདས་ཐོག་མཐའ་མེད་པའི་མཚོ་ཀློང་། །རྣམ་ཤེས་པདྨ་རྒྱས་པའི་དབུས་སུ། །ཡོན་ཏན་ཀུན་འབྱུང་སྙིང་པོ་རིག་པ། །མི་འགྱུར་བདེ་ཆེན་ངོ་བོར་རྟག་གནས། །སངས་རྒྱས་ཀུན་དངོས་ཀུན་གྱི་རྒྱལ་པོ། །ཐུགས་རྗེ་ནུས་མཐུ་རྨད་དུ་བྱུང་གྱུར། །མ་ཧཱ་གུ་རུ་པདྨ་འབྱུང་གནས། །ལྷ་མི་ཡོངས་ཀྱི་བླ་མ་མཆོག་དེར། །བདག་གི་སྒོ་གསུམ་གུས་པ་ཆེན་པོས། །ཐལ་མོ་སྤྱི་བོར་སྦྱར་ནས་བློ་ཡི། །རྡུལ་སྙེད་ལུས་གོས་རང་བཞིན་མཉམ་ཉིད། །རབ་ཏུ་ཕྱག་འཚལ་ཕྱག་འཚལ་འདུད་ཀྱི། །མཐའ་ཡས་འགྲོ་བའི་སྒྲིབ་ཀུན་བཅོམ་ནས། །དྲི་མེད་ཟླ་བ་རྒྱས་བཞིན་བྱིན་རློབས། །བདག་ལུས་ལོངས་སྤྱོད་དཔལ་འབྱོར་དབང་ཕྱུག །ཚེ་སྲོག་རྣམས་དང་ཚོགས་གཉིས་དགེ་ཚོགས། །རྣམ་པ་ཀུན་ཏུ་བླ་མ་མཆོག་ལ། །བདག་མེད་ངང་དུ་འབུལ་གྱི་བཞེས་གསོལ། །སྒྲིབ་པའི་ངོ་བོ་གདོད་ནས་མ་གྲུབ། །གློ་བུར་རྣམ་རྟོག་དབང་གིས་བསགས་པའི། །སྡིག་པ་མི་དགེ་ཅི་མཆིས་པ་རྣམས། །མཐོལ་བཤགས་རོ་མཉམ་ངང་དག་གྱུར་ཅིང་། །ཡེ་ནས་རང་བྱུང་འདུས་མ་བྱས་དགེ །རྣམ་ཤེས་ཀྱིས་བསླུ་འདུ་བྱས་དགེ་བ། །འདུས་དང་འདུས་མ་བྱས་པས་སྐུ་གཉིས། །ཡེ་ཤེས་བསྒྲུབ་ལ་རྗེས་སུ་ཡི་རང་། །རྒྱལ་བའི་གསུང་གི་རྒྱུན་ཆད་མི་མངའ། །གསུང་དང་མི་གསུང་སྤྲོས་པས་དབེན་མོད། །ཡལ་ཡོལ་བཏང་སྙོམས་ནམ་ཡང་མི་གནས། །ཚུར་མཐོང་གདུལ་བྱར་ཆོས་ཀྱི་འཁོར་ལོ། །བསམ་གྱིས་མི་ཁྱབ་མོས་ངོ་དང་མཐུན། །རྟག་ཏུ་བསྐོར་བར་གསོལ་བ་འདེབས་སོ། །རྒྱལ་བ་གཤེགས་བཞུགས་ནམ་ཡང་མེད་ཅིང་། །མི་རྟག་འདུས་བྱས་ཆོས་ལས་འདས་མོད། །རྟག་བརྟན་ཉིད་ཡིན་བྱིས་པའི་ངོར་བསྟུན། །མྱ་ངན་མི་འདའ་གསོལ་བ་འདེབས་སོ། །ཡང་དག་དོན་ལ་འཁོར་གསུམ་དམིགས་མེད། །རྣམ་རྟོག་འབྱུང་བ་ཡོད་པ་དེ་སྲིད། །དགེ་བ་བསགས་དང་འཕགས་པའི་ས་ལམ། །རྒྱ་ཆེན་སྤྱོད་པའི་ཚོགས་གཉིས་འབྲས་བུ། །བྱང་སེམས་རྒྱ་མཚོ་དཔག་ཀླས་ཉིད་ཀྱི། །ཐེག་ཆེན་རྒྱ་མཚོ་སྨོན་ལམ་གང་བཏབ། །དགེ་ལེགས་རྒྱ་མཚོ་ཇི་བཞིན་འགྲུབ་གྱུར། །རྒྱལ་བ་རྒྱ་མཚོའི་འཕྲིན་ལས་མཐའ་དག །ཚེ་འདི་ཉིད་ནས་འགྲུབ་པའི་རྒྱུར་བསྔོ། །དབང་བཅུའི་མཐར་ཐུག་མྱུར་དུ་ཐོབ་ནས། །སེམས་ཅན་ཀུན་གྱི་རེ་བསྐང་ནོར་གྱུར། །ཡིད་བཞིན་བདེ་ལ་ཚོམ་བུ་གཅིག་སྤྱོད། །འཇམ་དཔལ་ལ་སོགས་བྱང་སེམས་མཐུ་ཆེན། །དབྱངས་ཅན་མ་སོགས་སེམས་མ་རབ་འབྱམས། །རྒྱ་ཆེན་སྨོན་ལམ་མཐུ་བརྙེས་མཛད་པ། །མཚོ་ལྟར་རྒྱས་ཀུན་མྱུར་འགྲུབ་བདག་སྨོན། །དེ་ལྟར་སངས་རྒྱས་པདྨ་འབྱུང་ལ། །བསྟོད་བསྔགས་ཡན་ལག་བདུན་གྱི་དགེ་བས། །བདག་སྐྱེ་ཀུན་ཏུ་པདྨ་ཀ་རས། །རྗེས་སུ་བཟུང་ཞིང་ཐེག་པ་མཆོག་གྱུར། །ངེས་དོན་ཆོས་འཁོར་ཡོངས་ཀྱི་མཐུན་འཇུག །བསྟན་པའི་སྙིང་པོ་ཤིན་ཏུ་རྣལ་འབྱོར། །ཆེས་ཆེར་གསལ་བའི་བྱེད་པོར་གྱུར་ཅིང་། །ངེས་གསང་རྡོ་རྗེའི་སྙིང་ལས་འགྲོ་ཀུན། །རབ་སྦྱོར་གྲུབ་པའི་གཙོ་མཆོག་པ་ལ། །རབ་བཞག་བྱང་ཆེན་བགྲོད་པའི་ཤིང་རྟ། །མུ་བཞི་བདུད་བཞིའི་ཕྱོགས་ལས་རྣམ་རྒྱལ། །ལྷུན་གྲུབ་རིག་འཛིན་དབང་པོའི་སྡེ་འགྲུབ། །རྒྱལ་བ་གཞན་གྱི་མཛད་འཕྲིན་རབ་འབྱམས། །རྒྱ་མཚོ་ཀུན་ཀྱང་བདག་གི་ཡོངས་གྲུབ། །རྒྱལ་ཀུན་མཁྱེན་བརྩེ་ནུས་འདུས་པདལ། །པད་འབྱུང་ཇི་ལྟར་བདག་འགྲུབ་རྒྱུར་བསྔོ། །

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མགོན་པོ་གཟི་བརྗིད་འོད་དཔག་ཏུ་མེད་པ་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པའི་རིན་ཆེན་གཏེར་ཞེས་བྱ་བ་འདི་ཡང་སྐྱེ་བ་དུ་མའི་རིགས་བདག་བླ་མ་པདྨ་ཀ་ར་གང་གི་སྒྱུ་འཕྲུལ་ཤིང་རྟ་ཆེན་པོ་དག་དང་། རྩ་བའི་བླ་མ་རྣམས་ཀྱི་བྱིན་རླབས་སྙིང་ལ་ཅུང་ཟད་ཞུགས་པའི་ནུས་པས། གྲུབ་མཐའ་ལ་ངེས་པ་ཇི་ཙམ་རྙེད་པ་དེའི་རྟོགས་བརྗོད་ཀྱི་ཚུལ་དུ། རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོ་ཡིས་རང་ལོ་སུམ་ཅུའི་གུང་དུ་སླེབས་པ་ཀུན་དགའ་ཤིང་སྟག་ཆུ་སྟོད་ཟླ་བའི་ཡར་ཚེས་རྒྱལ་བའི་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཐུན་སྐབས་ཤིག་ལ་ཕྱག་འཚལ་ཡོངས་སུ་རྫོགས་པ་དང་། ཚེས་ལྔའི་སྔ་ཁའི་ཐུན་གཅིག་ཏུ་ཡན་ལག་བདུན་གྱི་ལྷག་མ་རྣམས་གྲུབ་པར་བྱས་པ་སྟེ། རྒྱལ་མཆོག་གུ་རུ་པདྨའི་སྒྲུབ་གནས་སུ་ལག་གྲོལ་པ་རྒྱང་དུའོ། །

འདིར་སྨྲས་པ། ཐ་སྙད་ཀློག་པའི་གྲར་མ་ཞུགས། །བསླབ་སྦྱང་དཔེ་འཛིན་ཤིན་ཏུ་ཉུང་། །མཁས་པར་ཞེན་པའི་ཡོན་ཏན་སྐོར། །ཐོས་བསམ་མོས་ཀྱང་བརྩོན་པས་དཀོན། །འོན་ཀྱང་རྒྱལ་གསུང་ལ་ཡིད་ཆེས། །བསྟན་འདི་ལ་ནི་སྲོག་ལྟར་བརྩེ། །ཚུལ་འདིའི་ཆོས་ལ་དད་པས་བལྟས། །སྦྱང་པ་དུས་སུ་སད་པའི་རྐྱེན། །བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཉམས་མྱོང་རྟོགས་པ་ཅུང་ཟད་སྐྱེས། །དེས་ན་མཁས་པ་མགུ་ནུས་ཤིང་། །རྨོངས་པ་དཀྲི་བའི་ལམ་ལ་མཁས། །གཞན་ལ་འགྲམ་ཆུ་མི་ལྡང་ཞིང་། །ཧ་ཅང་བདག་མཐོང་ང་རྒྱལ་མེད། །ངེས་དོན་མཐར་ཐུག་ལྟ་གྲུབ་ལ། །ཤེས་བཞིན་མི་བྱེད་དད་རྐང་ཚུགས། །དེས་ན་རང་གི་རྟོགས་བརྗོད་ཚུལ། །ཡི་གེར་བརྗོད་པ་འདི་དག་རྣམས། །ལག་དལ་འབྲི་བསྲུབ་སྐྱེན་པོ་དང་། །གཞན་གསུང་ནས་བཏུས་བཅོས་བསྒྱུར་སོགས། །བྱས་པ་ཡིན་ཏེ་རང་བློ་རུ། །རྒྱལ་བཀའ་བླ་མའི་མན་ངག་དང་། །ཚད་མའི་བསྟན་བཅོས་བསྒོམ་པའི་དོན། །ཇི་ཙམ་བདག་བློར་འཁྱིལ་བ་དེ། །མཁས་འདོད་རྩབ་རྩུབ་ཀྱིས་ལ་སྦགས། །རང་དང་བསྐལ་བ་མཉམ་པ་དང་། །ཚད་མར་བྱེད་པའང་ཡོད་སྲིད་ན། །དེ་ཕན་སླད་དུ་འདི་དག་བྲིས། །ཁ་ཅིག་རྣམ་རྟོག་འཕྲོ་རྒོད་པའི། །གང་དྲན་ཁ་ནས་ཅི་ཐོན་དུ། །ཁུངས་མེད་སྨྲ་བའི་ལེགས་བཤད་ཉིད། །རློམ་ཡང་རྒྱལ་བསྟན་གསལ་བྱེད་མིན། །མུ་ཏོ་གྲོ་ཞེས་མཁར་འགའ་ཞིག །ཚིག་སྙན་སྦྱོར་བའི་བློ་གསལ་ཡང་། །རྒྱལ་བསྟན་གསལ་བྱེད་ག་ལ་འགྱུར། །ལེགས་ཀྱང་སྲིན་བུའི་ཤིང་རྗེས་འདྲ། །དེ་བས་ཚད་མའི་ཁུངས་ལ་སྡོག །རང་བློས་བཅད་པར་མི་ནུས་ཚེ། །སྔོན་རབས་མཁས་གསུངས་རྗེས་འབྲང་གཅེས། །དེ་ནི་བསྟན་པའི་གསལ་བྱེད་ཉིད། །བདག་ནི་ས་སྐྱེ་བློ་དམན་ཡང་། །ཚིག་འདི་རྒྱལ་བའི་རྗེས་སུ་འབྲང་། །དེས་ན་འདམ་གྱི་པདྨ་བཞིན། །སྐལ་ལྡན་བུང་བའི་གསོ་བླང་འཚལ། །

ཞེས་པའང་གྲུབ་མཐའ་ལ་ངེས་ཤེས་ཆ་ཙམ་ཞིག་རྙེད་པའི་རྟོགས་བརྗོད་གུ་རུ་པདྨའི་བསྟོད་དབྱངས་སུ་སྨྲས་པས་འཕྲོས་པའོ། །དགེའོ། །དགེའོ། །དགེའོ། །

གསོལ་འདེབས་རབ་སྙན་ལྷ་ཡི་རྔ་སྒྲ།

༄༅། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་། དཔལ་༼ སྤྲུལ་པ་༽རྒྱ་མཚོའི་ཚོགས་བཅས་ལ་གསོལ་འདེབས་རབ་སྙན་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་མ་ཎི་པདྨེ་ཧཱུྃ། མཁའ་ཁྱབ་སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གཟི་བརྗིད་ཚེ་འོད་དཔག་མེད་བཅོམ་ལྡན་འདས། །འགྲོ་བ་འདུལ་ཕྱིར་རྒྱལ་སྲས་ཚུལ་བཟང་ཞིང་། །སངས་རྒྱས་ཀུན་གྱི་སྤྲུལ་གཞི་བྱེད་པ་པོ། །རྒྱལ་བ་རྒྱ་མཚོ་ཡིད་བཞིན་ནོར་བུ་མཆོག །པདྨའི་དཀྱིལ་འཁོར་མངའ་བདག་ཐུགས་རྗེའི་གཏེར། །སེམས་ཅན་ཀུན་ལ་རྟག་དགྱེས་སྤྱན་རས་གཟིགས། །འོད་ཟེར་དཔལ་རྩེགས་རྒྱལ་པོར་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་སྤྲུལ་པའི་ཟློས་གར་ནི། །ནམ་མཁའི་མཐར་ཐུག་ཚད་བཟུང་བགྲང་ལས་འདས། །བཟང་མཐོང་ཞིང་འདིར་གཙོ་མཆོག་རྫོགས་སངས་རྒྱས། །བཅུ་ཕྲག་བརྒྱ་དང་འཁོར་ལོས་བསྒྱུར་རྒྱལ་སྟོང་། །ཀུན་གྱི་འཕྲིན་ལས་གཅིག་བསྡུས་སིནྡྷུའི་མཚོར། །རང་བྱུང་རིག་མཆོག་ཐུབ་ཆེན་པདྨ་འབྱུང་། །རྒྱལ་ཀུན་གསང་གསུམ་ཡོངས་བསྡུས་རྒྱལ་ཚབ་ཚུལ། །གུ་རུ་བདེ་བ་ཆེ་དེར་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་མཁའ་ཁྱབ་འགྲོར་བརྩེ་བཞིན། །གཡེལ་མེད་སྐྱོངས་ལས་ལྷག་ཏུ་གདུལ་དཀའ་ཡི། །ལྷ་སྐལ་ཞལ་བཞེས་གདོང་དམར་བོད་ཀྱི་ཆེད། །སྤྱི་བོར་ཨ་མི་ཏ་བྷའི་ཅོད་པཎ་ཅན། །མཚན་དཔེ་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོའི་ཚུལ། །རྫུ་འཕྲུལ་བཀོད་པ་རབ་འབྱམས་རྒྱ་མཚོའི་བདག །ཡེ་ཤེས་རྡོ་རྗེའི་སྐུ་མི་མངོན་སྟོན་པའི། །འཕགས་མཆོག་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་འཛམ་གླིང་སཱི་ཏའི་བྱང་། །བྱེ་བ་དགུ་བཅུ་རྩ་དྲུག་ཡུལ་བདག་པོ། །རྣམས་ཀྱི་གཙུག་གི་ནོར་བུས་མངོན་བཏུད་པའི། །གངས་ལྡན་ཆ་བསགས་སེང་ཁྲིར་མི་དབང་ཆེ། །ལྷ་ཡི་ལུས་གྱུར་འཆི་མེད་མཚན་དཔེ་ཅན། །པདྨ་དཀར་པོ་ལ་སོགས་རིགས་ལྡན་དང་། །སཱི་ཏའི་ལྷོ་ཕྱོགས་ཨོ་རྒྱན་རྒྱ་ཧོར་ལི། །བལ་བོད་སོགས་སུ་འཇིག་རྟེན་དབང་ཕྱུག་གི །སྤྲུལ་པའི་རྒྱལ་པོ་རྣམས༴ སྤྱན་རས་གཟིགས་དབང་བུད་མེད་གཟུགས་སྣང་བ། །སྒྱུ་འཕྲུལ་ཆེན་པོའི་སྤྲུལ་པའི་ཟློས་གར་ལས། །དཔལ་མཛད་བདེ་བའི་དངོས་གྲུབ་མཁའ་སྤྱོད་གཙོ། །མཚོ་ཡི་པདྨོ་གྲུབ་རྒྱལ་ངེས་སྦས་བདག །དུ་མར་འཆར་བ་ཀུན་གྱི་ངོ་བོ་ཉིད། །གངས་ཅན་འགྲོ་ལ་བཀའ་དྲིན་ཟླ་མེད་མགོན། །ཡེ་ཤེས་རྒྱ་མཚོ་རྒྱས་པའི་གཏེར་འཆང་བ། །མ་ཅིག་སྤྲུལ་པ་བཅས་ལ༴ སྤྱན་རས་གཟིགས་དབང་གཅིག་ཆར་སྐྱེས་བུའི་ཚུལ། །ཡོངས་བཟུང་མདའ་སྣུན་ཆེན་པོ་སྒྲ་གཅན་འཛིན། །རབ་དགའི་ས་ལ་བཞུགས་ཚུལ་དཔལ་མགོན་ཀླུ། །དེ་བཞིན་འདི་བྱང་སར་གནས་ཐོགས་མེད་ཞབས། །གྲུ་འཛིན་བདག་པོར་ཡོངས་གཤེགས་ཙནྡྲ་གོ །བྱིན་རླབས་ཆུ་རྒྱུན་བསྡུད་མཛད་ཏེ་ལོ་པ། །ཡེ་ཤེས་སྒྱུ་མའི་སྐུར་ཤར་དགའ་བའི་བཤེས། །མི་ཏྲ་ཛོ་ཀིར་གྲགས་ལ༴ སྤྱན་རས་གཟིགས་དབང་གྲུབ་ཆེན་ཆོས་སྤྲིན་པར། །བཞུགས་བསྟན་དམ་པ་རྒྱ་དཀར་མི་ཕམ་མགོན། །རྣལ་འབྱོར་ཚུལ་བཟུང་གོ་རཀྵ་ནཱ་ཐ། །གནས་ལྔ་རིག་པ་ཆེན་པོ་བོད་ཀྱི་ལྷ། །མར་མེ་མཛད་དཔལ་ཡེ་ཤེས་ཨ་ཏི་ཤ །དེ་བཞིན་དབུས་འགྱུར་པཎ་ཆེན་འཇིགས་མེད་འབྱུང་། །ཁ་ཆེ་བསོད་སྙོམས་པར་སྣང་ཤཱཀྱ་ཤྲཱི། །སྐལ་བཟང་སེམས་དཔའ་སྤྲུལ་ལ༴ སྤྱན་རས་གཟིགས་དབང་བྱང་ཆུབ་ལམ་སྤྱོད་ཚུལ། །འབྲོམ་སྟོན་རྒྱལ་འབྱུང་རྣལ་འབྱོར་དགོན་པ་བ། །སྐུ་མཆེད་རིགས་གསུམ་མགོན་ཞེས་བཀའ་གདམས་ཏེ། །ཇོ་བོའི་རྗེས་འཇུག་དམ་པའི་ཚོགས་སྤྱི་དང་། །ཡོངས་འཛིན་བཤེས་གཉེན་བློ་བཟང་གྲགས་པའི་དཔལ། །དངོས་རྒྱུད་སློབ་མའི་ཚོགས་དང་སྤྱིའི་འདྲེན་པ། །བློ་བཟང་རྒྱ་མཚོའི་རྒྱལ་བསྟན་སྒྲོན་མེ་ཆེ། །ཡབ་སྲས་སྐྱེས་མཆོག་རྣམས་ལ༴ སྤྱན་རས་གཟིགས་དབང་རྣལ་འབྱོར་རས་པའི་ཚུལ། །རྗེ་བཙུན་མི་ལ་ཞུ་བདེའི་འབྲས་བུ་རྒྱས། །རས་ཆུང་རྡོར་གྲགས་མཁའ་སྤྱོད་ཞིང་གི་བདག །གཙང་པ་རྒྱ་རས་འགྲོ་བ་ཡོངས་ཀྱི་མགོན། །ལོ་རྒོད་དབོན་རས་སྒྲུབ་རྒྱུད་བསྟན་པའི་བདག །རྒྱལ་མཚན་དཔལ་བཟང་ངེས་དོན་སྙིང་པོའི་མཛོད། །བྱང་འབུམ་རིན་དཔལ་ཕྲིན་ལས་རབ་འབྱམས་འཆང་། །སྐྱེ་རྒྱུད་སློབ་ཚོགས་བཅས་ལ༴ སྤྱན་རས་གཟིགས་དབང་ངེས་དོན་སྟོན་བསྒོམ་ཚུལ། །ཁ་རག་སྒོམ་ཆུང་སྒྲུབ་རྒྱུད་རྣ་བའི་རྒྱན། །ཁྱུང་པོ་ཚུལ་མགོན་སྒྱུ་ལུས་གྲུབ་ཀུན་གཙོ། །དྭགས་པོ་ལྷ་རྗེ་པད་འབྱུང་ཐུགས་ལས་སྤྲུལ། །རྡོར་རྒྱལ་ཞང་ཚལ་ཀུན་ཏུ་འོད་སར་བཞུགས། །ཟླ་རྒྱལ་སྐྱེར་སྒང་ཚེལ་བུ་དམ་པ་དམར། །འབྲི་སྟག་སྐྱེས་མཆོག་གཞན་ཕན་རྒྱ་མཚོའི་སྤྲིན། །སྐྱེ་སྤྲུལ་རྒྱུད་འཛིན་བཅས་ལ༴ སྤྱན་རས་གཟིགས་དབང་ཤཱཀྱའི་དགེ་སློང་ཚུལ། །ཀུན་གཟིགས་ཆོས་ཀྱི་གྲགས་ལྡན་མཁྱེན་བརྩེ་ནུས། །འཛམ་གླིང་རྒྱན་གྱུར་དཔལ་ཆེན་ཆོས་བླ་མ། །ཀུན་བཟང་རྡོ་རྗེ་ལྗགས་ཀྱི་ཐལ་འགྱུར་དུ། །ལུང་བསྟན་འཕགས་མཆོག་རང་བྱུང་རྡོ་རྗེ་སེམས། །དངོས་ཚུལ་རྡོ་རྗེའི་ཅོད་པཎ་འཛིན་བཅུ་གསུམ། །སློབ་ཚུལ་པདྨའི་ཅོད་པཎ་འཛིན་ཉེར་གཅིག །ཡབ་སྲས་སློབ་མར་བཅས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་མཁས་མཆོག་གཉིས་སྨྲའི་ཚུལ། །བློ་ཤེར་བྱམས་དཔལ་རྒྱལ་བསྟན་འབྱུང་ཁུངས་ཆེ། །གནས་ལྔ་རིག་གཙོ་ས་པཎ་འགྲོ་བའི་མགོན། །ཡོངས་རྫོགས་བསྟན་སྒྲོན་ཞ་ལུ་བོ་དོང་བ། །བདེ་གཤེགས་སྙིང་པོའི་གཏམ་མཆོག་སྨྲ་བའི་སེང་། །དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །བློ་གྲོས་མཐུ་ཆེན་མཆོག་ལྡན་ལེགས་བློ་སོགས། །བསྟན་པའི་ཤིང་རྟ་རྣམས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་རིགས་སྔགས་འཆང་བའི་ཚུལ། །འཇིག་རྟེན་ཀུན་རིག་རོང་ཟོམ་ཆོས་བཟང་པོ། །ཟབ་གཏེར་སྟོན་པའི་ཚུལ་གྱུར་མྱང་རལ་ཅན། །ཆོས་དབང་རྒོད་ལྡེམ་སངས་རྒྱས་གླིང་སོགས་དང་། །ཕྱོགས་དུས་རྫོགས་སངས་རྒྱས་ཀུན་ཐུགས་ཀྱི་དཔྱིད། །མ་ལུས་གཅིག་ཆར་སྟོན་ཕྱིར་སྤྱན་རས་གཟིགས། །ངག་དབང་དྲི་མེད་འོད་ཟེར་དྲི་མེད་བཤེས། །རྒྱལ་ཀུན་ངོ་བོར་འཆར་ལ༴ སྤྱན་རས་གཟིགས་དབང་སྙིགས་དུས་འགྲོ་འདྲེན་དཔལ། །ཞི་བ་སྦས་པ་བདེ་ཆེན་རྡོ་རྗེའི་སྐུ། །རྒྱལ་ཀུན་གསང་བའི་མཛོད་འཛིན་སྒྲོལ་བའི་མགོན། །ཞིག་པོ་འཇའ་ཚོན་གཏེར་བཞད་ཀློང་གསལ་སྙིང་། །སྟག་ཤམ་རྡོ་རྗེ་རོལ་པ་བདེ་ཆེན་གླིང་། །འཁོར་ལོའི་དབང་ཕྱུག་ཀརྨ་རིག་པ་འཛིན། །དཔལ་མཆོག་དང་པོ་ཆོས་དབང་ཀུན་བཟང་དབང་། །ཁྱབ་བདག་རྩ་བའི་བླ་མར་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་སྤྲུལ་པའི་རོལ་གར་ལས། །ཡོངས་གྲུབ་འགྲོ་བའི་འདྲེན་པ་མཐའ་དག་དང་། །ཁྱད་པར་གངས་རིའི་ཁྲོད་ཀྱི་སྐྱེས་བུ་མཆོག །གྱུར་ཀུན་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་ཏེ། །མཁས་བཙུན་གྲུབ་པའི་བརྟུལ་ཞུགས་སྤྱོད་པ་དང་། །ཞི་ཆགས་དྲག་པོ་ཐ་མལ་ཚུལ་ལ་སོགས། །མ་ངེས་ལྐོག་གྱུར་དུ་མས་འགྲོ་འདུལ་མཛད། །ཀུན་ལ་སྙིང་ནས་གུས་པས་གསོལ་འདེབས་ཀྱི། །དེ་ལྟར་ཐུགས་རྗེ་ཆེན་སྤྲུལ་བླ་མའི་ཚོགས། །ཀུན་ལ་རྩེ་གཅིག་གུས་པས་གསོལ་འདེབས་མཐུས། །བདག་ནི་དུས་འདི་ནས་བཟུང་ཚེ་རབས་ཀུན། །བཟོད་པ་མཆོག་གྱུར་ཡོངས་སུ་མ་ཐོབ་པར། །ངན་འགྲོ་སྤང་ཞིང་མཐོ་རིས་ཡོན་ཏན་བདུན། །འཕགས་ནོར་བདུན་བརྒྱན་དལ་འབྱོར་རྟེན་བཟང་ཐོབ། །དེས་ཀྱང་མི་དགེའི་བཤེས་གཉེན་ཡོངས་སྤངས་ནས། །དགེ་བཤེས་དམ་པས་རྗེས་སུ་བཟུང་བར་ཤོག །དད་པ་བརྟན་ཚུགས་ངེས་འབྱུང་རྣམ་པར་དག །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་སྤང་བླངས་མཁས། །ལྷག་བསམ་ཕུལ་བྱུང་བྱང་ཆུབ་སྤྱོད་པར་བརྩོན། །ཁྱད་པར་སྨིན་གྲོལ་གདེང་ཐོབ་སློབ་དཔོན་གྱི། །རྗེས་བཟུང་དཔལ་ལྡན་སྔགས་རྒྱུད་ནས་གསུང་བའི། །དམ་ཚིག་བཅས་ལ་འདའ་མེད་རྣམ་པར་དག །རིམ་གཉིས་ཡོན་ཏན་མཐའ་དག་གྲུབ་པར་ཤོག །མདོར་ན་སྐྱེ་ཀུན་ལྷ་མཆོག་སྤྱན་རས་གཟིགས། །སློབ་དཔོན་ཐོབ་ནས་ཞལ་བལྟ་གསུང་རྟག་ཉན། །ཅི་མཉེས་ཆེད་དུ་ལུས་སྲོག་ལྟོས་མེད་བསྙེན། །ཁྱེད་ཀྱི་དགྱེས་དགུ་བདག་གི་ཐོགས་མེད་འགྲུབ། །འོད་དཔག་མེད་མགོན་སྤྱན་རས་གཟིགས་དབང་པོ། །པད་འབྱུང་སྤྲུལཔར་བཅས་པས་ཐེག་ཆེན་གྱི། །སྨོན་ལམ་གང་བཏབ་ཇི་བཞིན་བདག་གི་འགྲུབ། །མགོན་ཁྱོད་གོ་འཕང་བདག་གི་མྱུར་ཐོབ་ཤོག །དེ་ལྟར་བདག་གི་ལེགས་སྤྱད་དགེ་བའི་མཐུ། །ཡོངས་བསྡོམས་མཁའ་མཉམ་འགྲོ་ཀུན་ལ་བསྔོ་བས། །དེ་དག་སྡུག་བསསྔལ་སེལ་གྱུར་དགེ་བ་ཐོབ། །བྱང་ཆུབ་ཆེ་འབྲས་རིང་མིན་རྙེད་གྱུར་ཅིག །

ཤླཽ་ཀ་ ༣༧ ཞེས་པའང་རི་ཁ་བ་ཅན་གྱི་ཁོངས་རྒྱལ་བསྟན་རིས་སུ་མ་ཆད་པར་ཁ་ཙམ་མ་ཡིན་སྙིང་ནས་དག་སྣང་གི་བློ་མིག་རྒྱས་པས་གྲུབ་མཐའ་ཐ་དད་ཀྱི་སྐྱེས་བུ་ཆེན་པོ་ཡོངས་གྲགས་རྣམས་ལ་གསོལ་འདེབས་ཤིག་འབྲི་འདུན་ཡོད་པས་ཉེ་ལམ་གཙང་སྙེ་མོ་བྱ་གོ་བ་ཐོན་རིགས་མི་རྗེ་ཕུན་ཚོགས་བཀྲ་ཤིས་དབང་ཕྱུག་གི་ཐུགས་རྗེ་ཆེན་པོའི་གསོལ་འདེབས་ཤིག་དགོས་ཞེས་གསོལ་བ་བཏབ་པས་རྐྱེན་བྱས་རང་དང་བསྐལ་མཚུངས་ཚུལ་འདི་ལྟར་དོན་དུ་གཉེར་བ་དག་ལ་སྨན་པའི་ཆེད་དུ་སྐྱེས་བུ་དམ་པ་རྣམས་ཐུགས་རྗེ་ཆེན་པའི་སྤྲུལ་པར་ངེས་པའི་སྒོ་ནས་རྒྱས་པར་རྒྱུན་གྱི་ཁ་འབྲི་འདོན་དུ་མ་བདེ་དོན་ད་ལམ་འཕགས་པའི་སྤྲུལ་པ་ཆེ་ལོང་ཙམ་གྱི་གསོལ་འདེབས་ཉུང་ངུར་དྲིལ་བ་སྟེ་འདི་ནི་མདོ་ཁམས་ཀཿཐོག་ལྷོ་རྒྱུད་འོད་གསལ་ལྷ་ལས་བབ་པ་དངུ་ཡི་རིགས་སུ་སྐྱེས་གྱུར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའམ་ཀུན་བཟང་འཕྲིན་ལས་འགྲོ་བ་ཡོངས་འདུལ་རྩལ་གྱིས་མེ་འབྲུག་ས་ག་ཟླ་བའི་དཀར་ཕྱོགས་ཚེས་ལྔའི་སྔ་ཆར་གྲུབ་པར་སྙེ་མོ་པ་གོར་བཻ་རོའི་སྒྲུབ་ཕུག་ཏུ་བྲིས་པ་སྟེ། དགེ་བས་འགྲོ་ཀུན་རྒྱུད་ལ་རིས་མེད་དགེ་བའི་བཤེས་གཉེན་གྱི་བྱིན་བརླབ་སྙིང་ལ་ཞུགས་ཤིང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་མྱུར་དུ་འཁོད་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་པད་དཀར་རྒྱས་པ།

༄༅། །འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་པད་དཀར་རྒྱས་པ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ནམ་མཁའི་མཐར་ཐུག་ཆོས་དབྱིངས་ཡེ་ཤེས་ཁམས། །དྲི་མེད་ངོ་བོར་རྟག་བཞུགས་རྒྱལ་ཀུན་གྱི། །ཐུགས་རྗེའི་རང་བཞིན་གཅིག་ཏུ་བསྡུས་པའི་གཟུགས། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༡ དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །ཚེ་དང་ཡེ་ཤེས་དཔག་མེད་སྣང་མཐའ་ཡས། །སྲས་ཚུལ་འགྲོ་ཀུན་འདྲེན་མཛད་འཕྲིན་ལས་ཅན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༢ ལོངས་སྤྱོད་རྫོགས་སྐུའི་ཞིང་ན་ཨ་རོ་ལིཀ །སྲིད་ཞི་ཀུན་གྱི་སྤྱི་དཔལ་གཉེན་གཅིག་པུ། །ཐུབ་ཆེན་འཇིག་རྟེན་དབང་ཕྱུག་གངས་ཅན་མཚོ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༣ མི་མཇེད་འཇིག་རྟེན་འོག་མིན་གནས་ཉིད་དུ། །གཙང་མ་ལྷ་ཡི་བུ་གྱུར་དབང་ཕྱུག་ཆེ། །སྤྲུལ་པ་བྱེ་བ་ཕྲག་བརྒྱའི་གཞི་སྤྲུལ་པའི། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༤ མི་མཇེད་འཛམ་གླིང་རི་བོ་གྲུ་འཛིན་དུ། །ས་བཅུའི་དབང་ཕྱུག་ཚུལ་བཟང་སྲིད་གསུམ་མགོན། །སྡུག་བསྔལ་ཆེ་ལ་ལྷག་པར་བརྩེ་བའི་བདག །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༥ བཟང་པོའི་ཀལྤར་སྒྲོན་མ་སངས་རྒྱས་སྟོང་། །འཁོར་ལོས་བསྒྱུར་བ་སྟོང་གི་སྐུ་འཕྲུལ་མཛད། །ནམ་མཁའི་རྒྱལ་པོ་རྒྱལ་བ་ཀུན་གྱི་ཡབ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༦ གང་འདུལ་སྐུ་ཡི་རོལ་པ་བསམ་ཡས་པ། །རིགས་དྲུག་དུཿཁ་མཐའ་དག་སེལ་མཁས་ཤིང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་མཛད་མགོན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ༧ ཁྱེད་ནི་བདག་གི་ཚེ་རབས་ཡུན་གྱི་ལྷ། །སྲོག་གི་ཕྱིར་ཡང་མི་སྤང་ཡི་དམ་སྟེ། །ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་འཇིག་རྟེན་གསུམ་གྱི་མགོན། ། ༨ བདག་ནི་དུས་འདི་ནས་བཟུང་བྱང་ཆེན་བར། །འཕགས་མཆོག་ཁྱེད་ཀྱི་དགེ་བའི་བཤེས་མཛད་ནས། །མི་དགེ་ལོག་པའི་ལམ་ནས་བཟློག་པ་དང་། །བྱང་ཆུབ་མཆོག་གི་བཤུལ་དུ་དཀྲི་མཛོད་ཅིག ། ༩ བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་ཀུན་ཡང་། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞལ་བཟང་པོ། །སྒྲིབ་ལྡན་བྱིས་པ་ཉིད་ནས་ལྟ་ནུས་ཤིང་། །གསུང་གི་སྣང་བ་ཐོབ་ཅིང་ཆོས་སྤྱོད་ཤོག ། ༡༠ ཁྱེད་མཐུའི་བདག་ཅག་སོ་སྐྱེ་ཕལ་ཉིད་ནས། །འཕགས་ཆེན་རྒྱལ་བའི་རྣམ་ཐར་རྗེས་སུ་སློབ། །འབྲེལ་ཚད་ཐར་པ་མཆོག་གི་སར་བཀོད་པའི། །རྨད་བྱུང་རླབས་ཆེན་སྤྱོད་པ་རྟག་ཐོབ་ཤོག ། ༡༡ བདག་སོགས་འབྲེལ་པར་བཅས་ཀུན་འཆི་བའི་དུས། །དེ་མ་ཐག་པར་ནུབ་ཕྱོགས་བདེ་ཆེན་ཞིང་། །པདྨར་རྫུས་སྐྱེས་སངས་རྒྱས་སྲས་བཅས་མཇལ། །ཕྱིར་མི་ལྡོག་པའི་གོ་འཕང་དེར་ཐོབ་ཤོག ། ༡༢ མདོར་ན་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །ཁྱེད་ཀྱི་བྱང་ཆུབ་སྨོན་ལམ་ཇི་འདྲ་བ། །མངོན་མཐོ་ངེས་ལེགས་ཡོན་ཏན་འཕྲིན་ལས་བཟང་། །དེ་འདྲ་ཁོ་ན་བདག་གི་མྱུར་འགྲུབ་ཤོག ། ༡༣

ཅེས་འཕགས་མཆོག་སྤྱན་རས་གཟིགས་ལ་བསྟོད་པ་པད་དཀར་རྒྱས་པ་ཞེས་བྱ་བ་འདི་ཡང་སྡིག་སྒྲིབ་ཉེས་སྐྱོན་ཟད་པར་བྱེད་པ་ཟད་བྱེད་ལོ་སྣྲོན་གྱི་ཟླ་བར་བྱང་གནམ་གྱི་དབུ་རིར་གྲུབ་པའི་སློབ་དཔོན་ཆེན་པོ་རྒྱལ་བ་ལོ་རས་ཀྱི་སྐུ་གདུང་མཐོང་གྲོལ་ཞིག་གསོ་ཡང་དག་བགྱིད་པའི་སྐབས་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པའོ། །སརྦ་མངྒ་ལཾ།

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུ་རྨི་ལམ་དུ་མཇལ་བ་ལ་བསྟོད་པ་མདོངས་མཐའ་ཅན་གྱི་གར་བསྒྱུར།

༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུ་རྨི་ལམ་དུ་མཇལ་བ་ལ་བསྟོད་པ་མདོངས་མཐའ་ཅན་གྱི་གར་བསྒྱུར་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྣམ་དག་རྒྱལ་བའི་ཞིང་ཁམས་གཡུ་ལོ་བཀོད། །ཡིད་འོང་རབ་མཛེས་མར་གད་ས་གཞི་ལ། །འདོད་དགུ་ལྷུན་གྲུབ་དཔག་བསམ་ནགས་ཚལ་འཁྲིགས། །ཨུཏྤལ་འཕྲེང་བ་རྣམ་པར་བཀྲ་ལ་འདུད། །སྤོས་ཀྱི་སྤྲིན་ལྡིང་མེ་ཏོག་ཆར་པ་འབེབས། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ་ཆུ་གཡོ། །རི་དྭགས་བྱ་ཚོགས་རྐང་དྲུག་འཕུར་ལྡིང་ཞིང་། །བྱང་ཆུབ་སེམས་ལྡན་འགྲོ་བས་གང་ལ་འདུད། །འཆི་མེད་གྲུབ་པ་དྲང་སྲོང་ལྷ་ཡི་ཚོགས། །རིག་པ་འཛིན་པ་དུ་མས་ཡོངས་གང་ཞིང་། །འཇིགས་པ་བརྒྱད་དང་བཅུ་དྲུག་བྲལ་བ་ཡི། །བདེ་བ་མཆོག་གི་ཞིང་ཁམས་དེ་ལ་འདུད། །དེ་དབུས་བཀོད་ལེགས་ཁྲུས་ཀྱི་རྫིང་བུའི་ནང་། །འདབ་སྟོང་ཨུཏྤལ་ཉི་ཟླ་སྒྲ་གཅན་སྟེང་། །ཏཾ་ཡིག་ལས་སྐྱེས་དུས་གསུམ་རྒྱལ་ཀུན་གྱིས། །ཡུམ་གྱུར་འཕགས་པ་དེ་ལ་གུས་པས་འདུད། །མཐིང་ལྗགས་ཞལ་གཅིག་རལ་མཛེས་སྤྱན་གསུམ་ལྡན། །ཕྱག་གཉིས་གཡས་པས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པས་པད་སྡོང་ལས་སྐྱེས་བྱང་ཆུབ་ཤིང་། །མེ་ཏོག་རྒྱས་པ་སྐྱབ་རྒྱས་འཛིན་ལ་འདུད། །དབུ་སྐྲ་རྟག་པར་བཅིང་ཞིང་གཙུག་ཏོར་རྩེར། །རིགས་ཀྱི་བདག་པོ་འོད་དཔག་མེད་པ་བཞུགས། །རིན་ཆེན་དུ་མའི་རྒྱན་གྱིས་ཡོངས་མཛེས་ཤིང་། །པཉྩ་ལི་ཀའི་སྨད་གཡོགས་གསོལ་ལ་འདུད། །ཞལ་གྱི་དཀྱིལ་འཁོར་རབ་སྒེག་འོད་ཟེར་གྱི། །ཆ་ཤས་ཟུར་ཙམ་གྱིས་ཀྱང་འཇིག་རྟེན་འདིར། །ཚངས་པའི་བུ་མོ་འབུམ་ཀྱང་མོག་མོག་པོར། །བྱེད་མཛད་འཕགས་མ་སྒྲོལ་མ་དེ་ལ་འདུད། །ཞབས་གཉིས་དྲང་པོར་བཞེངས་ཤིང་གདན་ལ་བརྟེན། །བཅུ་དྲུག་ལང་ཚོ་དཀར་འཛིན་ཆུ་འཛིན་རྒྱས། །ཟུར་མིག་མདའ་ཡི་ཟག་ཟད་དགྲ་བཅོམ་ཡང་། །ཡིད་བསྲུབ་བླང་ནུས་རབ་མཛེས་ཁྱོད་ལ་འདུད། །ཁྱོད་ནི་འདས་དང་ད་ལྟ་མ་འོངས་ཀྱི། །རྒྱལ་བ་ཀུན་གྱི་བསྐྱེད་པའི་ཡུམ་དུ་གྱུར། །མཚན་ཐོས་ཙམ་གྱི་སྡུག་བསྔལ་ཀུན་སེལ་ཞིང་། །བདེ་བ་རྒྱས་མཛད་བཅོམ་ལྡན་མ་ལ་འདུད། །ཁྱོད་ཉིད་ཡིད་བྱས་གུས་པས་གསོལ་བཏབ་ན། །འདི་དང་ཕྱི་མ་བར་དོ་དགེ་བ་ཡི། །འདོད་དོན་ཡོངས་སྟེར་མཐུན་འཇུག་བྱང་ཆེན་ཡང་། །སྩོལ་བར་མཛད་པའི་དམ་བཅའ་མཆིས་ཞེས་ན། །བདག་གི་ཁྱོད་སྐུ་སྒོམ་ཞིང་གུས་པའི་ཡིད། །རྩེ་གཅིག་གདུང་བས་གསོལ་བ་འདེབས་བྱེད་ཀྱི། །འཇིགས་ཞི་འབྱོར་རྒྱས་དགྲ་བགེགས་གདུག་པ་སྒྲོལ། །ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ། །བདག་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེར། །རྒྱལ་བའི་བསྟན་པ་དྲི་མེད་གོང་དུ་འཕེལ། །རྒྱལ་བློན་དགེ་ལྡན་ཆབ་སྲིད་དར་ཞིང་རྒྱས། །མི་ཕྱུགས་ནད་མེད་དམག་འཁྲུག་རྩོད་པ་ཞི། །རྫོགས་ལྡན་དང་པོ་ཇི་བཞིན་གནས་པར་མཛོད། །ཁྱད་པར་བདག་མཐོང་ཐོས་དྲན་རེག་པའི་འགྲོ། །ཀུན་ཀྱང་སྒྲིབ་ཚོགས་བྱང་ནས་མཆོག་འབྲས་སྨིན། །འཚེ་ཚེ་བར་དོར་ལྷ་ཁྱོད་ཞལ་མཐོང་ཞིང་། །བདེ་བ་ཅན་གྱི་ཞིང་དུ་འདྲེན་པར་ཤོག །མདོར་ན་དུས་འདི་ནས་བཟུང་བྱང་ཆུབ་བར། །འཕགས་མ་ཁྱོད་ཀྱིས་བྱིན་གྱིས་བརླབས་ནས་ཀྱང་། །ས་ལམ་ཡོན་ཏན་མྱུར་རྫོགས་འོད་དཔག་མེད། །ཇི་བཞིན་བདག་སོགས་འགྲོ་ལ་ཡོངས་གྲུབ་ཤོག །

ཅེས་རྨི་ལམ་གྱི་སྣང་བར་འཕགས་མ་དེ་ལྟ་བུའི་ཚུལ་མཇལ་བས་རྐྱེན་བྱས་མོད་ཀྱི་རྒྱལ་པོ་ཟུང་གི་འཆིངས་བསྒྲིགས་ཀྱི་སྐབས་ཀག་ཞེས་པར་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྦྱར་བའི་ཡི་གེའི་རིས་ནི་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་ངེས་དོན་ཆོས་ཀྱི་རྒྱལ་མཚན་གྱིས་བགྱིས་པ་དགེའོ། །

ཧེ་ཧེ། རྒྱལ་བ་ཡོངས་ཀྱི་ཡུམ་གྱུར་ཤེར་ཕྱིན་མ། །ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་གྱུར་མ། །རབ་འབྱམས་དཀྱིལ་འཁོར་གཙོ་མཆོག་བཅོམ་ལྡན་མ། །ཁྱོད་ཞབས་དྲན་པས་འཇིགས་སེལ་རྣལ་འབྱོར་མ། ། ༡ ཡང་དག་དོན་དུ་རང་རིག་གདོད་མའི་གཤིས། །རྡོ་རྗེ་ཅན་མ་ཉིད་ཡིན་འདུ་འབྲེལ་མེད། །འོན་ཀྱང་དེ་ཉིད་མངོན་དུ་མ་གྱུར་བར། །དམ་ཡེའི་ཚུལ་གྱི་ཡི་དམ་བསྙེན་བྱེད་བཞིན། ། ༢ བདག་གི་ཡུན་ནས་ལྷ་ཡི་ལྷ་མཆོག་མ། །ཁྱེད་བསྙེན་རྟག་ཏུ་གུས་པས་གསོལ་འདེབས་ན། །འདི་ལྟར་གནས་སྐབས་བླང་དོར་གནས་ཙམ་ཡང་། །མི་སྟོན་གཡེལ་བར་བོར་བ་ཅི་ཞིག་བྱུང་། ། ༣ འཇིག་རྟེན་འདྲེ་ངན་ཡི་དྭགས་ཕྲ་མོ་ཡང་། །གུས་བསྙེན་མཛད་ན་ཐུགས་རྗེ་ཆེ་ཞེས་ཅི། ། ༤ བེམ་པོའི་རང་བཞིན་ནོར་བུ་འབར་བ་ཡང་། །སེམས་ཅན་རེ་བ་ཡིད་བཞིན་བསྐང་མཛད་ན། །ཁྱོད་ནི་ལྷ་ཡི་ལྷ་ཞེས་འཁོར་འདས་མགོན། །གྲུབ་བཞིན་བདག་གི་རེ་བ་ཅིས་མི་བསྐངས། ། ༥ སྒྲིབ་པ་ཆེ་ཞེས་གཡེལ་བར་བོར་མཛད་ན། །སྒྲིབ་པ་མེད་ཚེ་ཁྱོད་ཀྱི་ཐུགས་རྗེས་ཅི། །བདག་ནི་སྒྲིབ་ལྡན་སྐྱབས་དང་མགོན་མེད་ན། །ཐུགས་རྗེ་ཆེ་མོའི་སྤྱན་གྱིས་ད་གཟིགས་ཤིག ། ༦ ལས་ལ་ཡིད་ཆེས་བཞིན་དུ་བདེན་འབྲས་གང་། །བཏང་སྙོམས་བཞག་ན་ཁྱོད་ཀྱི་དམ་བཅས་ཅི། །མི་བཟོད་དུཿཁས་གཟིར་བའི་སྐྱེ་བོ་རྣམས། །ལས་ཀྱི་མཐུ་ཞེས་ཁྱེད་ཀྱི་སྤངས་མཛད་ན། ། ༧ བཅོམ་ལྡན་འདས་མ་ཚད་མེད་ཐུགས་རྗེ་ཅན། །མིང་ཙམ་ཁོ་ནས་འགྲོ་ལ་ཇི་ལྟར་ཕན། །འཇིག་རྟེན་ལྷ་ཆེན་མཐུས་ཀྱང་ལུས་འགའ་ཞིག །རིང་དུ་སྤང་བར་ནུས་ན་ལྷ་ཡི་ལྷ། ། ༨ ཁྱོད་ཀྱི་ནུས་མཐུའི་འགྲོ་བའི་ལས་ངན་ཡང་། །རིང་སྤངས་གཞིལ་བའི་འཕྲིན་ལས་ཅིས་མི་མཛད། །བྷཽ་བྷཽ། ཨོ་རྒྱན་ཡུལ་གྱི་དབང་ཕྱུག་དཀྱིལ་འཁོར་གཙོ། །ལྷན་སྐྱེས་ཡེ་ཤེས་མཁའ་འགྲོས་འཁོར་ལོ་བསྒྱུར། ། ༩ བཅོམ་ལྡན་ཐུགས་རྗེའི་སྤྱན་རས་མ་བཏུལ་ཞིག །དག་པ་ཡེ་ཤེས་སྙན་གྱིས་མི་གསན་ནམ། །མཁའ་ཁྱབ་མཁྱེན་པའི་ཐུགས་ཀྱིས་མི་དགོངས་སམ། །སྐད་ཅིག་རྫུ་འཕྲུལ་ཞབས་ཀྱིས་མི་བགྲོད་དམ། ། ༡༠ སྔོན་གྱི་ཞལ་བཞེས་བདེན་ཚིག་མ་བསླུ་བར། །འདིར་གཤེགས་བདག་གི་འགྲོ་ལ་ཕན་དོན་དུ། །རྒྱལ་བའི་བསྟན་ལ་ལྷག་པར་བསམ་པའི་དོན། །འབད་པ་ཆེན་པོས་གསོལ་བ་བཏབ་པ་འདི། ། ༡༡ ཇི་བཞིན་རེ་བའི་འབྲས་བུ་བསླུ་མེད་པར། །དུས་འདི་ཉིད་དུ་གསལ་བར་སྟོན་མཛོད་ཀྱཻ། །

ཡང་ལྕགས་རྟ་ལོར་རྗེ་བཙུན་སྒྲོལ་མ་ལ་གསོལ་བཏབ་པ་ཡིན། །

འཇམ་དཔལ་གྱི་ལྷ་ཚོགས་ལ་ཕྱག་འཚལ་བ་རྡོ་རྗེ་དགའ་བའི་རྒྱུད་མང་།

༄༅། །འཇམ་དཔལ་གྱི་ལྷ་ཚོགས་ལ་ཕྱག་འཚལ་བ་རྡོ་རྗེ་དགའ་བའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། སངས་རྒྱས་བཅོམ་ལྡན་འདས་ཀུན་གཟིགས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མཐའ་དབུས་མེད་ཅིང་། །ཆོས་ཀུན་ངོ་བོ་ཆོས་ཀྱི་དབྱིངས། །རྟག་ཏུ་ཞི་བ་གཡུང་དྲུང་ཆེ། །འཇམ་དཔལ་ཀུན་ཏུ་བཟང་ལ་འདུད། ། ༡ རྣམ་པ་ཐམས་ཅད་ཁྱེད་ཀྱི་སྐུ། །དེ་བཞིན་སྒྲ་ཚིག་ཀུན་ཀྱང་གསུང་། །ཡིད་ཀྱང་ཁྱོད་ཀྱི་སྒྱུ་འཕྲུལ་སྟེ། །ཀུན་ཀྱང་འཇམ་དཔལ་ཉིད་ལ་འདུད། ། ༢ དེ་ལྟ་ནའང་སེམས་ཅན་གྱིས། །བློ་ཡི་དྲི་མ་སྦྱངས་སླད་དུ། །དྲི་མ་མེད་པ་ཡེ་ཤེས་སྐུ། །མཚན་དཔེ་ཀུན་ཏུ་རྒྱས་ལ་འདུད། ། ༣ ཆོས་ཀུན་ནམ་མཁའ་ལྟ་བུ་ལ། །ཕྱོགས་རིས་སྤྲོས་པའི་ཡུལ་ལས་འདས། །འོན་ཀྱང་གདུལ་བྱ་མོས་པའི་བློ། །ཐ་དད་སྣང་ངོར་ཐེག་པའི་ཚུལ། ། ༤ རིམ་པར་རྒྱུ་དང་འབྲས་བུའི་ཆོས། །གསང་བ་སྔགས་རྒྱུད་ཀྲི་ཡ་དང་། །ཨུ་པ་ཡ་དང་ཡོ་ག་དང་། །བླ་མེད་སྟོན་མཛད་ཁྱོད་ལ་འདུད། ། ༥ བྱ་རྒྱུད་དཔའ་བོ་གཅིག་གྲུབ་འཇམ་དཔལ་གཞོན་ནུ་ཆུ་སྐྱེས་ཚུལ། །འོ་མའི་མཚོ་དབུས་པད་དཀར་འདབ་སྟོང་ཟླ་བའི་དཀྱིལ་འཁོར་སྟེང་། །གཞོན་ནུ་བརྒྱད་གཉིས་ལང་ཚོ་ཟླ་བ་ཆུ་ཤེལ་ལྟར་དཀར་སྐུ། །སུམ་ཅུ་རྩ་གཉིས་མཚན་དང་དཔེ་བྱད་བརྒྱད་ཅུ་ཡོངས་སུ་རྫོགས། ། ༦ ཕྱག་གཡས་མཆོག་སྦྱིན་གཡོན་པས་རྩ་བ་མཐེབ་སྲིན་གྱིས་བཟུང་བའི། །ཨུཏྤལ་དཀར་པོ་སྙན་ཐད་གྱེས་སྟེང་ཤེར་ཕྱིན་གླེགས་བམ་མཛེས། །དར་དཀར་སྟོད་གཡོགས་སྣ་ཚོགས་སྨད་དཀྲིས་ཞབས་གཉིས་རྡོར་དཀྱིལ་བཞུགས། །བུང་བ་ལྟར་ནག་ཟུར་ཕུད་ལྔ་ཡིས་རབ་མཛེས་དེར་ཕྱག་འཚལ། ། ༧ སྤྱོད་རྒྱུད་བྱ་སྤྱོད་ཐུན་མོང་མ་ཡིན་གསང་བའི་བདག་པོ་ཕྱག་རྡོར་དབང་བསྐུར་རྒྱུད་ཆེན་པོར། །འཇམ་དཔལ་ཉིད་དང་གསང་བའི་བདག་པོ་མཐུ་སྟོབས་གཅིག་ཉིད་དུ། །སྟོན་སླད་རྡོ་རྗེ་ཅན་གྱི་མཚོན་ཆ་རང་གི་མཚན་མ་གང་། །ཨུཏྤལ་དབུས་སུ་ཉེར་བཟུང་དོན་ཆེན་དོན་ལྡན་རབ་མཛེས་པ། ། ༨ དཀར་སྔོ་རིན་ཆེན་པྲོག་ཞུས་དབུ་བརྒྱན་ཕྱག་གཡས་ཡེ་ཤེས་ཀྱིས། །རལ་གྲི་རྣོན་པོ་འཕྱར་བས་མི་ཤེས་དྲྭ་བ་མཐའ་དག་གཅོད། །ཁྲོ་འཛུམ་རྡོ་རྗེའི་གདན་གྱི་པད་ཟླ་ཉི་དལ་ལ་བཞུགས་པ། །བཅོམ་ལྡན་འཇམ་དཔལ་རྡོ་རྗེ་འཛིན་མཛད་དེ་ལ་ཕྱག་འཚལ་ལོ། ། ༩ འཇམ་དཔལ་སྒྱུ་འཕྲུལ་རྡོ་རྗེའི་གླུ་ཉིད་མཚན་བརྗོད་ཞེས་བྱ་བ། །རྒྱུད་རྣམས་ཀུན་ཁྱབ་དང་པོའི་སངས་རྒྱས་སྤྱི་ཏི་ཡོ་ག་སྟེ། །གསང་བའི་མཛོད་དེ་རྣལ་འབྱོར་ཡོ་གའི་རྒྱུད་ཀྱང་ཀུན་ཏུ་གྲགས། །མཚན་བརྗོད་འཇམ་དཔལ་ཡེ་ཤེས་སེམས་དཔའ་དཀར་ལ་གསེར་བའི་མདངས། ། ༡༠ དོ་ཀེར་ལྔ་བཅིངས་ཕྱག་བཞི་དང་པོ་གཉིས་ཀྱིས་རལ་གྲི་དང་། །ཨུཏྤལ་གླེགས་བམ་གྱིས་སྤྲས་འོག་མ་གཉིས་ཀྱིས་མདའ་དང་གཞུ། །འཛམ་བུའི་ཆུ་གསེར་དྲ་བ་བརྒྱན་འཕྲེང་ཡོངས་སྤྲད་འཇའ་ཚོན་གྱིས། །སྨད་དཀྲིས་པད་ཟླར་རྡོ་རྗེ་སྐྱིལ་དྲུང་མཛད་དེར་ཕྱག་འཚལ་ལོ། ། ༡༡ བླ་མེད་ཕ་རྒྱུད་གསང་འདུས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ། །འཇམ་པའི་རྡོ་རྗེ་ཞལ་གསུམ་རྩ་ཞལ་སྐུ་ལུས་གུར་གུམ་མདོག །གཡས་སྔོ་སྔོན་དཀར་ཕྱག་དྲུག་དང་པོ་རང་སྣང་ཡུལ་ལ་འཁྱུད། །བར་མ་རལ་གྲི་ཨུཏྤལ་མཐའ་གཉིས་མདའ་དང་གཞུ་འཛིན་མཛད། ། ༡༢ རལ་པ་ཟུར་ཕུད་ལྔ་བཅིངས་སྙན་གོང་ཨུཏྤལ་ལྟེང་ཀ་ཅན། །རིན་ཆེན་རྒྱན་ལྡན་དར་གྱི་ཆས་རྫོགས་རྡོ་རྗེ་སྐྱིལ་ཀྲུང་གི །པད་ཟླ་ལ་བཞུགས་རང་འོད་ཡུམ་གྱུར་རང་འདྲ་ཉིད་དང་སྦྱོར། །འོད་ཟེར་ལྔ་ལྡན་ཀུན་ཏུ་འཕྲོ་གྱུར་དེ་ལ་ཕྱག་འཚལ་ལོ། ། ༡༣ བླ་མེད་མ་རྒྱུད་འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེ་ནི། །ཞལ་དྲུག་རྩ་ཞལ་སྐུ་ལུས་ལི་ཁྲི་མདངས་ལྡན་གཡས་གཡོན་ཞལ། །སྔོ་སེར་ལྗང་དམར་སྟེང་ཞལ་དཀར་པོ་རབ་ཞི་གཞན་ཀུན་ཁྲོས། །ཐོད་སྐམ་ཨུ་རྒྱན་སངས་རྒྱས་ལྔས་སྤྲས་རལ་པ་དོ་ཀེར་ཅན། ། ༡༤ བཅུ་གཉིས་ཕྱག་རྒྱ་གཡས་ལྔ་རྡོ་རྗེ་རལ་གྲི་ལྕགས་ཀྱུ་མདའ། །ཅང་ཏེའི་གཡོན་ལ་དྲིལ་བུ་ཨུཏྤལ་ཞགས་པ་གཞུ་མཚང་མགོ །མཐའ་གཉིས་མ་ཚངས་པགས་ཞབས་གཉིས་བསྐྱང་སྐུམ་པད་ཉིར་དྲེགས་དུས་གནས། །ཕག་མོ་ལ་འཁྱུད་ཧེ་རུ་ཀ་དཔལ་དེ་ལ་ཕྱག་འཚལ་ལོ། ། ༡༥ དེ་ལྟར་རྒྱུད་སྡེ་རྣམ་པ་བཞིའི་དཀྱིལ་འཁོར་གཙོ་བོའི་སྐུར་སྣང་མཛད། །ཁྱབ་བདག་འཇམ་དཔལ་དཔའ་བོ་ལ། །སྙིང་ནས་གུས་པས་ཕྱག་འཚལ་འདུད། ། ༡༦ ཀུན་རྫོབ་འདུས་བྱས་འབྱུང་བ་བཞིར། །འདུས་མ་བྱས་པ་མཁའ་ཁྱབ་གདལ། །ཡེ་ཤེས་ལྷ་ཡི་སྒྱུ་འཕྲུལ་ཆེ། །བདེན་གཉིས་ཟུང་འཇུག་ལ་ཕྱག་འཚལ། ། ༡༧ རང་བྱུང་དུར་ཁྲོད་འཇིགས་རུང་རྦ་དོང་དང་པོར་བཞུགས་པའི་ལྷ། །འཇམ་དཔལ་སྐུ་མདོག་པུཎྜ་རི་ཀ་ཇི་བཞིན་དཀར་བ་ཡི། །ཞལ་བཞི་རང་མཛེས་ཕྱག་བརྒྱད་དང་པོ་རྡོ་རྗེ་དྲིལ་བུ་ཡི། །ཤེར་ཕྱིན་མ་འཁྱུད་དེ་འོག་ཉིད་ཀྱི་རལ་གྲི་ཨུད་པ་ལ། ། ༡༨ གསུམ་པ་མདའ་གཞུ་བཞི་པ་ལྕགས་ཀྱུ་ཞགས་པ་བསྣམ་པའི་པང་། །ཤེར་ཕྱིན་དམར་མོ་གྲི་ཁུག་ཐོད་པ་འཛིན་དང་མཉམ་སྦྱོར་ཞབས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་དར་དང་རིན་ཆེན་རུས་པའི་བརྒྱན། །ཡོངས་སྤྲས་མཚན་དཔེ་རབ་རྫོགས་པད་ཟླར་བཞུགས་ལ་ཕྱག་འཚལ་ལོ། ། ༡༩ རང་བྱུང་དུར་ཁྲོད་འཇིགས་རུང་རྦ་དོང་གཉིས་པར་བཞུགས་པའི་ལྷ། །བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོ་གདོང་དྲུག་པ། །ཞལ་དྲུག་ཀུན་ཀྱང་རབ་ཁྲོས་མཐོང་ཀ་སྟེང་ཞལ་ལྷག་པར་གནག །ཕྱག་དྲུག་གཡས་གཡུམ་ར་ལྡན་རྡོ་རྗེ་ཐོ་བ་འཕྱར། ། ༢༠ གཡོན་གསུམ་ཞགས་པས་ཁམས་གསུམ་མ་ལུས་འཆིང་བར་བྱེད། །ཞབས་དྲུག་རྡོ་རྗེའི་སྐྱིལ་ཀྲུང་དོར་སྟབས་དང་ནི་གར་སྟབས་ཀྱི། །འཆི་བདག་བདུད་བཞི་ཕོ་མོ་རབ་མནན་ཡེ་ཤེས་མེ་ཀློང་དུ། །དཔའ་གཏུམ་དུར་ཁྲོད་ཆས་བརྒྱན་པད་ཉིར་བཞུགས་དེར་ཕྱག་འཚལ་ལོ། ། ༢༡ རང་བྱུང་དུར་ཁྲོད་འཇིགས་རུང་རྦ་དོང་གསུམ་པར་བཞུགས་པའི་ལྷ། །དཔལ་ཆེན་ཐུགས་སྤྲུལ་ཚེ་བདག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །སྟེང་གསུམ་ཁྱུང་དང་རྨ་བྱ་ཀང་ཀ་བར་གསུམ་ཁྲོ་བའི་ཞལ། །མཐིང་དམར་དཀར་པོ་འོག་གསུམ་སྟག་སེང་མ་ཧེ་ཁྲོས་པའི་གདོང་། ། ༢༢ གཡས་དགུ་འཁོར་ལོ་རལ་གྲི་རྡོ་རྗེ་ཁ་ཊཾ་མདུང་ཞིང་དབྱུག །རྡོ་རྗེ་རྒྱ་གྲམ་མདའ་ཕུར་གཡོན་དགུ་བེ་ཅོན་གཏུན་ཤིང་དང་། །རྒྱུ་མ་སྦྲུལ་ཞགས་སྡིག་མཛུབ་ཏྲི་ཤུལ་དགྲ་སྟ་གཞུ་མི་སྙིང་། །དུར་ཁྲོད་ཆོས་རྫོགས་ཞབས་བརྒྱད་རུ་ཏྲ་རྫི་དེར་ཕྱག་འཚལ་ལོ། ། ༢༣ རང་བྱུང་དུར་ཁྲོད་འཇིགས་རུང་རྦ་དོང་བཞི་པར་བཞུགས་པའི་ལྷ། །རྣལ་འབྱོར་དབང་ཕྱུག་འཆར་ཁ་ནག་པོ་སྐུ་ཆེ་ཡན་ལག་རགས། །དབུ་སྐྲ་དམར་སེར་ཐོར་ཚུགས་རྩེ་མོར་སྐུ་གདུང་མཆོད་རྟེན་དཀར། །གཡས་གཡོན་ཕྱག་ན་མཆོད་རྟེན་དམར་དང་ནག་པོ་རབ་ཏུ་བརྗིད། ། ༢༤ ཞབས་གཉིས་བསྐྱང་བསྐུམ་དགྲ་བགེགས་ཀུན་མནན་འཁོར་ལོའི་གདན་ལ་བཞུགས། །ཐོད་སྐམ་དབུ་བརྒྱན་མགོ་འཕྲེང་དོ་ཤལ་སྟག་ཤམ་མི་པགས་གོས། །གདུག་པའི་སྦྲུལ་དང་རུས་པའི་རྒྱན་ལྡན་ཁྲག་ཞགས་ཐལ་ཆེན་བྱུག །སྲིད་གསུམ་ལྟོར་འཆང་མི་བཟད་ཁྲོ་བོ་དེ་ལ་ཕྱག་འཚལ་ལོ། ། ༢༥ རང་བྱུང་དུར་ཁྲོད་འཇིགས་རུང་རྦ་དོང་ལྔ་པར་བཞུགས་པའི་ལྷ། །སྤྲུལ་པའི་སྤྲུལ་པ་ལས་ཀྱི་ཚུལ་འཆང་གཤིན་རྗེ་ཆོས་ཀྱི་རྒྱལ། །དམར་སྨུག་སྤྱན་གསུམ་སྡང་མིག་ཞལ་གདངས་མཆེ་བ་ཟང་ཡག་གཙིགས། །སྐྲ་སེར་གྱེན་བརྫེས་སྨིན་མ་སྨ་ཚོམ་མེ་ཡི་གློག་སྟོང་འཁྱུག ། ༢༦ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཞིང་པགས་སྟོད་གཡོགས་གསོལ། །སྟག་ཤམ་སྦྲུལ་དང་རུས་པའི་རྒྱན་སྤྲས་ཆུ་གླང་སྔོན་པོའི་ཁྲིར། །བཙན་སྐྱིལ་གྱིས་བཞུགས་ཕྱག་གཉིས་ཁྲམ་བམ་དང་ནི་ཞགས་པ་བསྣམས། །ལྷོ་ཕྱོགས་སྐྱོང་མཛད་སྲོག་བདག་དེ་ལ་ཕྱག་འཚོལ་ལོ། ། ༢༧ དེ་ལྟར་ཆོས་གཉིས་སྐྱེ་མེད་ངང་། །འགག་མེད་གཟུགས་སྐུའི་རོལ་པ་ནི། །ཅིར་ཡང་སྟོན་ནས་འགྲོ་དོན་མཛད། །སྣ་ཚོགས་གཟུགས་ཅན་ལ་ཕྱག་འཚལ་ལོ། ། ༢༨ གངས་ཅན་བོད་ཡུལ་ཤིང་ལོའི་ཚལ། །ཟད་པ་ལྷོ་མོན་རྒྱ་གར་གྱི། །ཆུ་མགོ་སྦས་ཡུལ་དགུ་བརྒྱ་ལ། །རང་བྱུང་དུར་ཁྲོད་ཆེ་དེར་འདུད། ། ༢༩ ལས་ཀྱི་གཤིན་རྗེ་རྟག་གནས་གྲོང་། །འཇམ་དཔལ་དཔའ་བོས་བྱིན་བརླབས་ཤིང་། །རང་བྱུང་སྐུ་གསུང་ཐུགས་ཀྱི་རྟེན། །འགྲོ་བའི་དཔལ་དུ་བཞུགས་དེར་འདུད། ། ༣༠ དོན་དམ་སྤྲོས་པའི་ཡུལ་ལས་འདས། །འགྲོ་དོན་གཟུགས་སྐུ་ཅིར་ཡང་སྤྲོ། །བེམ་པོའི་ཚུལ་ལ་སེམས་པ་གསུམ། །བདེན་གཉིས་ཟུང་འཇུག་སྣང་དེར་འདུད། ། ༣༡ སྐུ་བརྙན་རྡོ་རྗེའི་བྲག་ལ་ཤར། །གསུང་དབྱངས་ཆུ་རྒྱུན་ཧྲཱི༔་ཥྚིའི་སྒྲ། །ཆད་མེད་ཆོས་དབྱིངས་ངང་དུ་གནས། །བྱིན་རླབས་མཐུ་དང་ལྡན་དེར་འདུད། ། ༣༢ ཁྱད་པར་ཐུགས་རྟེན་བུམ་པ་ནི། །རྡོ་རྗེའི་ཡོ་ལས་ཆེས་འབུར་ཚུལ། །ཁྲི་འཕང་བང་རིམ་བུམ་པ་སྟེ། །ཆོས་འཁོར་མངོན་སྣང་དེར་གུས་འདུད། ། ༣༣ དེ་ལྟར་རྟེན་དང་བརྟེན་པའི་ཚུལ། །འཇམ་དཔལ་སྐུ་གསུང་ཐུགས་རྡོ་རྗེ། །སྒྱུ་འཕྲུལ་དཔག་ཡས་སྣང་བ་ལ། །གུས་པས་ཕྱག་འཚལ་གསོལ་འདེབས་པས། ། ༣༤ བདག་སོགས་འགྲོ་བའི་སྒྲིབ་གཉིས་དག །ཚོགས་གཉིས་ཡོན་ཏན་རབ་ཏུ་རྒྱས། །འཇམ་དཔལ་དཔའ་བོ་དེ་ཇི་འདྲའི། །གོ་འཕང་རིང་མིན་མྱུར་ཐོབ་ཤོག ། ༣༥

ཅེས་ཀོང་ཡུལ་རྒྱ་ལྷ་རང་བྱུང་མཆོད་རྟེན་གྱི་ཞབས་རྟོགས་སུ་གཙུག་ལག་ཁང་གྲུ་བཞི་འདོམ་གང་པ་ཞིག་བཞེངས་པའི་ལོགས་རིས་བྲིས་ཡིག་དང་ལྷན་ཅིག་འཇམ་དཔལ་ལྷ་ཚོགས་ལ་ཕྱག་འཚལ་བ་རྡོ་རྗེ་དགའ་བའི་རྒྱུད་མངས་ཞེས་བྱ་བ་འདི་ཡང་རང་གི་སློབ་མ་རྣམ་དཔྱོད་ཀྱི་སྣང་བ་རྒྱས་པ་འཇམ་དབྱངས་བློ་གྲོས་རབ་རྒྱས་པས་གསོལ་བ་བཏབ་པའི་ངོར་༸དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་བསྲུང་བྱེད་མེ་སྟག་གི་ལོ་སྣྲོན་ཟླའི་ཚེས་བཟང་པོར་བོད་ཡུལ་དབུས་རུས་ཆ་གཞུ་ཚུར་མཚམས་རྒྱལ་བ་ལོ་རས་ཀྱི་བསྟི་གནས་བྱང་གནས་དབུ་རིས་འབྲིས་པ་དགེའོ། །དགེའོ། །

བྱ་རྒྱུད་ཀྱི་གཙོ་བོ་འཇམ་དཔལ་རྩ་རྒྱུད་ཡིན་ཡང་། བྲི་བདེ་བའི་འདིར་དཔའ་བོ་གཅིག་གྲུབ་ཀྱི་མངོན་རྟོགས་ལྟར་དང་ཕྱག་ན་རྡོ་རྗེའི་དབང་བསྐུར་གྱི་རྒྱུད་བྱ་རྒྱུད་ཤས་ཆེ་ཡང་། མཁས་པ་ཁ་ཅིག་གི་སྤྱོད་རྒྱུད་སོགས་དང་ཐུན་མོང་དུ་བཀྲལ་བ་ལྟར་འདིར་སྤྱོད་རྒྱུད་དུ་བསྡུས་པ་ཡིན་ལ། དེ་ལྟར་བྱ་སྤྱོད་རྣལ་འབྱོར་བླ་མེད་ཕ་མ་གཉིས་ཀྱི་ལྷ་ལོག་གཡས་སུ་བྲིས་ཤིང་། ཐོ་དོང་གི་ལྷ་ལྔ་ནི་གཡོན་ལོགས་སུ་འབྲི་བ་ཡང་ཤེས་པར་བྱའོ། །སརྦ་མངྒ་ལོ། དེ་བཞིན་ཟེ་ཕུའི་ལྷ་ཁང་དེར། དབུས་སུ་མ་ཧཱ་མཱ་ཡ་དང་། གཡས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དཀོན་མཆོག་སྤྱི་འདུས་ཞི་དྲག་སེང་གསུམ་གྱིས་མཚོན་པ་དང་། གཡོན་ངོས་སུ་གྲུབ་ཐོབ་ཆེན་པོ་ཀུ་ཀུ་རི་པ། རི་ལླི་ནཱ་རོས་མཚོན་ཇི་ལྟར་འོས་པ་འབྲི་ལུགས་ཀྱིས་ས་ལེགས་པར་གུམ། ཤུ་བྷཾ།

དཔལ་དམ་པ་དང་པོའི་སངས་རྒྱས་དུས་འཁོར་བརྒྱུད་པའི་བླ་མ་རྒྱལ་སྲས་གྱུར་ཤམྦྷ་ལར་སེངྒེའི་གདན་ཅན་ཆོས་རྒྱལ་རིག་ལྡན་རྣམས་ལ་ཕྱག་འཚལ་བ་གངས་ཅན་ཟླ་བའི་ཆུ་གཏེར།

༄༅། །དཔལ་དམ་པ་དང་པོའི་སངས་རྒྱས་དུས་འཁོར་བརྒྱུད་པའི་བླ་མ་རྒྱལ་སྲས་གྱུར་ཤམྦྷ་ལར་སེངྒེའི་གདན་ཅན་ཆོས་རྒྱལ་རིག་ལྡན་རྣམས་ལ་ཕྱག་འཚལ་བ་གངས་ཅན་ཟླ་བའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི་སིདྡྷནྟུ། ན་མོ་གུ་ར་ཝེ། ན་མ༔ཤྲཱི་ཀཱ་ལ་ཙཀྲ་ཡ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་མཆོག་གི་དང་པོའི་སངས་རྒྱས་ལ་གུས་པས་ཕྱག་འཚལ་ལོ། །ཕན་བདེའི་སྤྲིན་ཕུང་ཆེར་དགྱེས་དེ་བཞིན་གཤེགས། །ས་བཅུའི་མངའ་བདག་ཀུན་གྱི་ཐུགས་གསང་བཅུད། །བདུད་རྩིའི་ཆར་གྱིས་སྐལ་ལྡན་ཚིམ་མཛད་པའི། །དངོས་བརྒྱུད་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་ངོ་བོ་ཉིད། །མི་ཤིག་དངས་མ་ཐིག་ལེ་རྣམ་པ་ཐམས་ཅད་པ། །ཀུན་ཏུ་མཆོག་ལྡན་རིག་པ་དཔལ་མཆོག་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་དུས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །གདོད་མ་ཉིད་ནས་རང་བྱུང་སངས་རྒྱས་དམ་པ་དང་པོའི་མགོན། །སྐྱེ་འཇིག་འགྱུར་མེད་སྤྲོས་བྲལ་ཀུན་ཁྱབ་མི་འགྱུར་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་སྣ་ཚོགས་དབང་པོ་ནི། །ཀུན་ཏུ་བཟང་པོ་འོད་མི་འགྱུར་བ་རང་བཞིན་འོད་གསལ་བ། ། ༡ གཙང་བདེ་རྟག་པ་བདག་གི་ཕར་ཕྱིན་ཆ་མེད་ཀུན་འགྲོ་བ། །ཐིག་ལེ་ཆེན་པོ་ཡི་གེ་དྲུག་དང་སྟོང་ཆེན་ཡི་གེ་ལྔ། །ཟུང་འཇུག་དུས་ཀྱི་འཁོར་ལོ་ནོར་བུ་པདྨ་སངས་རྒྱས་ཀུན། །འབྱུང་གནས་ཨེ་ཝཾ་ངོ་བོ་ཉིད་ལ་ཕྱག་འཚལ་འདུད། ། ༢ ཀུན་ཏུ་བཟང་པོ་ཆོས་དབྱིངས་གཡུང་དྲུང་ངང་ལས་མ་གཡོས་པར། །མཁའ་ཁྱབ་སྒྱུ་འཕྲུལ་དྲ་བ་རྒྱ་མཚོ་སྤྲོ་དང་བསྡུ་བར་སྣང་། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཧེ་རུ་ཀ་ཤྲཱི་དང་། །ཡང་དག་མཉམ་སྦྱོར་མཁའ་འགྲོ་སྡོམ་པ་ཆེ་མཆོག་རྔམ་པ་གློག ། ༣ རིག་པའི་ཁུ་བྱུག་ཀུན་འདུས་རིག་པ་ཀུན་བྱེད་རྒྱལ་པོ་ཆེ། །དཔལ་མཆོག་དུས་འཁོར་སྣ་ཚོགས་དབང་པོ་ཨ་ཏི་ཡོ་ག་སོགས། །དུ་མའི་མཚན་སྤྲད་གཟུགས་སྐུ་རྒྱ་མཚོའི་འཆར་གཞི་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ངོ་བོ་ཉིད་སྐུ་ཆེ་དེར་ཕྱག་འཚལ་འདུད། ། ༤ དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་གདུལ་བྱའི་དོན་དུ་སྐུ། །ལྷ་མིའི་བླ་མ་ཤཱཀྱ་ཐུབ་ཞེས་མི་མཇེད་ཞིང་གི་དཔལ། །ཡོངས་སུ་སྣང་སྟེ་ཐུན་མོང་དུ་ཡང་གྲངས་མེད་བསྐལ་བའི་སྔོན། །དབང་པོའི་རྟོགས་དང་སྤྱན་ཆེན་པོའི་ཞེས་ཡང་དག་རྫོགས་སངས་རྒྱས། ། ༥ སླར་ཡང་འགྲོ་བའི་དོན་བརྩོན་ཤཱཀྱའི་རིགས་སུ་ཉེར་བལྟམས་ནས། །བཅུ་གཉིས་མཛད་པས་གདུལ་དཀའ་འདུལ་མཛད་སྒྱུ་འཕྲུལ་དྲ་བ་ཅན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མི་འཛད་རྒྱན་གྱི་འཁོར་ལོའི་བདག །ཐུབ་པ་སངས་རྒྱས་ཤིན་ཏུ་ཞི་བ་དེ་ལ་ཕྱག་འཚལ་འདུད། ། ༦ ཆོས་དབྱིངས་ད་ལ་སྲིད་གསུམ་རིན་ཆེན་དཔུང་པའི་མཆོད་རྟེན་དབུས། །བདུད་བཞི་མནན་སྟེང་སྣ་ཚོགས་རྡོ་རྗེའི་ལྟེ་བར་སེང་གེ་ཡི། །རྡོ་རྗེའི་གདུང་སྟེག་ཆུ་སྐྱེས་འདབ་འབུམ་ཉི་ཟླ་སྒྲ་གཅན་སྟེང་། །གསེར་སྦྱངས་བཙོ་མ་འབའ་ཞིག་ལས་བྱས་མི་མཇེད་བྱེ་བ་བརྒྱ། ། ༧ ཉི་མ་རབ་བཀྲམ་གྱིས་འཁྱུད་འོད་མདངས་ཁ་དོག་བསྡུས་འདྲའི་སྐུ། །མཚན་དཔེ་རབ་བརྒྱན་རྡོ་རྗེ་དཀྱིལ་ཀྲུང་ཆོས་གོས་རྣམ་གསུམ་གསོལ། །བདུད་འདུལ་ཏིང་འཛིན་ཕྱག་བརྒྱ་ཉེར་བཅས་ཤིན་ཏུ་དྲང་བར་བཞུགས། །དཔེ་མེད་བླ་མ་བཅོམ་ལྡན་ལྷ་ཡི་ལྷ་དེར་ཕྱག་འཚལ་འདུད། ། ༨ མུ་མཐའ་མེད་པའི་བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་སངས་རྒྱས་ཀུན་གྱི་ཡབ་གྱུར་ཀུན་གྱི་གཙོ་བོ་མཆོག །འཇིག་རྟེན་མགོན་མཛད་སྣང་མཛད་དག་པ་ཞི་བ་ཟས་གཙང་སྲས། །བསམ་གྱིས་མི་ཁྱབ་བསམ་ཡས་ཡུལ་དེ་དཔེ་མེད་དཔེར་བྱ་བ། ། ༩ གང་སྐུ་བསྐལ་པ་བརྒྱ་མཚོར་བལྟས་ཀྱང་ངོམ་པས་ཡོངས་སུ་དབུལ། །ཞི་ཆགས་ཁྲོ་གར་ཅིར་ཡང་སྟོན་ཀྱང་ཐུགས་རྗེའི་དབང་གི་སྡུག །མཁའ་ཁྱབ་བརྟན་གཡོའི་རྡུལ་ཕྲན་གཅིག་གི་གཡོ་བའང་སྒྲིབ་མེད་མཁྱེན། །གསང་གསུམ་མཁའ་མཉམ་བདེ་བར་གཤེགས་པ་དེ་ལ་ཕྱག་འཚལ་འདུད། ། ༡༠ དེ་སྲས་བསྐལ་ཆེན་གྲངས་མེད་དུ་མའི་སྔོན་དུ་སངས་རྒྱས་ཀྱང་། །གདུལ་བྱའི་ཆེད་དུ་བྱང་ཆུབ་སེམས་དཔའ་ས་བཅུའི་རྒྱུན་མཐའ་ནི། །ཆོས་ཀྱི་སྤྲིན་ཆེན་དབང་བསྒྱུར་དབང་ཕྱུག་ཆེན་པོ་ཡོངས་སྤྲུལ་པ། །ནམ་མཁའི་མཐའ་མཉམ་སྒྱུ་འཕྲུལ་རྒྱ་མཚོའི་བདག་ལ་ཕྱག་འཚལ་ལོ། ། ༡༡ འཛམ་གླིང་ཆུང་ངུའི་བྱང་ཕྱོགས་ཤམྦྷ་ལ་ཞེས་ཡུལ་གྱུར་ནི། །བྱེ་བ་དགུ་བཅུ་རྩ་དགུའི་དབུས་ན་མངོན་མཐོ་ཀཻ་ལ་ཤས། །ཡོངས་བསྐོར་བྱེ་བ་བཅུ་གཉིས་ཡུལ་གྱི་སྙིང་པོར་ཀ་ལ་པའི། །ཆོས་རྒྱལ་རིགས་ལྡན་ས་བཅུའི་དབང་ཕྱུག་རྣམས་ལ་འཚལ་འདུད། ། ༡༢ ཆོས་རྒྱལ་རྣམས་ཀྱི་དབང་པོ་བགེགས་རྣམས་མཐར་བྱེད་ཉི་མའི་འོད། །སྔོ་བསངས་ཁྲོ་ཚུལ་ཨམ་རྩིག་བསྡམ་ཞིང་རལ་པ་ཝང་མིག་སེར། །རིན་ཆེན་ཁྲི་ལ་རོལ་པའི་འདུག་སྟངས་གཡོན་བསྐྱངས་པདྨ་བརྫིས། །ཕྱག་གཉིས་མེ་འབར་རལ་གྲི་ཕུབ་བསོར་གར་གྱི་ཕུ་དུང་ཅན། ། ༡༣ དགྱེས་ཡུམ་རྡོ་རྗེ་གཞོན་ནུ་ལྷ་མོ་རྣམ་རྒྱལ་དཀར་སེར་མདོག །ཡབ་ལ་ཐབས་སྦྱོར་ཤཀྟི་མ་འཁྱུད་མཉམ་པའི་ཞབས་ཀྱིས་བཞེངས། །ཡེ་ཤེས་སྒྱུ་མའི་འཁྲུལ་ལས་བདེ་ལྡན་དབང་པོའི་འཛིན་པའི་ཡུལ། །ཐབས་མཁས་དགེ་བའི་སྒོ་བརྒྱ་འབྱེད་པར་མཛད་ལ་ཕྱག་འཚལ་ལོ། ། ༡༤ རྒྱལ་བ་ཀུན་གྱིས་གསང་གསུམ་བདག་པོ་ལག་ལ་རྡོ་རྗེ་འཆང་། །རྡོ་རྗེ་ཟླ་བའི་འོད་ཟེར་བཟང་པོ་མཐོན་མཐིང་འབར་བའི་མདོག །གཙུག་ཕུད་གསུམ་པ་རིན་ཆེན་པྲོག་ཞུ་རྡོ་རྗེ་ནོར་བུའི་ཏོག །སྐུ་ལ་མེ་ཏོག་འཕྲེང་བ་རིན་ཆེན་དར་གྱིས་རྒྱན་ཀུན་རྫོགས། ། ༡༥ ཕྱག་གཉིས་རྣམ་རོལ་ཕྱག་རྒྱས་ཐུགས་ཀར་ཨུཏྤལ་སྔོ་དམར་གྱིས། །འབྲས་བུ་རྡོ་རྗེ་དང་ནི་དྲིལ་བུས་མཚན་པ་རྩ་བ་གཟུང་། །སེམས་པའི་སྐྱིལ་ཀྲུང་དག་གི་ཟླ་བ་ཉི་མ་པདྨ་དང་། །རིན་ཆེན་ཁྲི་བཟང་དང་བཅས་ནོར་བུ་བྱེ་བ་ལས་བྱུང་བའི། ། ༡༦ ལྷ་ཡི་ཁང་པ་མཆོག་གྱུར་དྲག་པོ་འཇུག་སེལ་དབྱིག་སྙིང་དང་། །མཛོད་ལྡན་རྣམས་ཀྱི་ཤུགས་བཅས་ཀྱིས་བཏེགས་དབུས་སུ་བརྗིད་པར་བཞུགས། །སྐུ་ཡི་འོད་ཟེར་མཐོན་ཀ་དངོས་པོར་ཐོགས་མེད་མཁའ་མཉམ་འཕྲོ། །བགེགས་ཚོགས་ཀུན་འདུལ་ལྷ་རྣམས་ཡོངས་ཀྱི་དཔའ་བོ་རྨད་བྱུང་བ། ། ༡༧ དགྱེས་བསྐྱེད་ཡུམ་མཆོག་རྡོ་རྗེ་སྒྲ་དབྱངས་ལྷ་མོ་ནི་ལའི་མདོག །སྔོ་བའི་གོས་དང་རིན་ཆེན་གྱིས་སྤྲས་ཡབ་ཀྱི་སྐུར་བརྟེན་ནས། །ལྷ་ཡི་ཏམྦུ་ར་ཡི་ཕྲེང་སྤེལ་ཡན་ལག་དྲུག་ཅུའི་སྒྲ། །མ་ལུས་སྒྲོག་མཛད་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༡༨ ས་ཡི་སྙིང་པོ་ཆོས་རྒྱལ་ལྷ་དབང་དམར་པོ་རབ་ཏུ་མཛེས། །རལ་པ་མཐོན་མཐིང་ཐོར་ཅོག་མེ་ཏོག་སྔོན་པོས་ཐོད་བྱས་ཤིང་། །ཕྱག་གཡས་ཌཱ་རུ་གཡོན་ན་པད་དཀར་ནོར་བུ་བརྒྱན་པ་བསྣམས། །སྟོད་གཅེར་རིན་ཆེན་རྒྱན་སྤུད་ལྷ་གོས་སྨད་གཡོག་ནོར་བུའི་ཁྲི། ། ༡༩ གངས་བྲག་ནགས་རིས་བསྐོར་དབུས་རིན་ཆེན་ཁང་བཟང་དབུས་སུ་ནི། །རོལ་པའི་སྟབས་བཞུགས་སྟེང་ན་མཁའ་ལྡིང་དབང་པོས་ཚད་སྐྱོབས་མཛོད། །དགྱེས་ཡུམ་གཟུགས་ཀྱི་རྡོ་རྗེ་དཀར་མོ་འཇོ་སྒེག་རྒྱན་ཀུན་རྒྱས། །མེ་ལོང་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༢༠ གཤིན་རྗེ་མཐར་བྱེད་ཆོས་རྒྱལ་གཟི་བརྗིད་ལྡན་པ་གསེར་གྱི་མདོག །རལ་པ་དམར་སེར་ཐོད་གཙུག་མེ་གུར་འབར་ཞིང་གཡོ་བའི་ཚུལ། །སྐུ་སྟོད་གཅེར་བུ་འཇའ་ཡིས་སྨད་དཀྲིས་སྟག་ལྤགས་ཤམ་ཐབས་ཅན། །རིན་པོ་ཆེ་དང་སྦྲུལ་གྱིས་མཛེས་རྒྱན་ཞབས་གཉིས་རོལ་པའི་སྟབས། ། ༢༡ ཕྱག་གཉིས་གསེར་གྱི་འཁོར་ལོ་སྐྱེ་བ་ལྔ་པའི་དུང་གིས་བརྒྱན། །ཆུ་གླང་དམར་པོ་བརྒྱད་ཀྱི་བཏེགས་པའི་ཁྲི་ལ་བརྗིད་པར་བཞུགས། །དགྱེས་ཡུམ་ཤིན་ཏུ་སྟོབས་མ་སྔོན་མོ་འཇའ་ཡི་སྨད་དཀྲིས་ཅན། །གྲི་ཐོད་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༢༢ སྒྲིབ་པ་རྣམ་སེལ་ཆོས་རྒྱལ་ཟླ་བས་བྱིན་པ་སྦུར་ལེན་མདོག །རལ་པའི་དོ་ཀེར་སྐུ་སྟོད་གཅེར་བུ་ནོར་བུའི་དོ་ཤལ་འཕྱང་། །དར་གྱི་སྨད་གཡོག་རིན་ཆེན་བྲག་རིར་རོལ་པའི་འདུག་སྟངས་ཅན། །པདྨར་ཞབས་བརྟན་སྐུ་ལ་རིན་ཆེན་དུ་མས་མཛེས་པར་བྱས། ། ༢༣ ཨུཏྤལ་སྔོན་པོའི་འབྲས་བུས་རྡོ་རྗེ་མཚན་གཡས་པདྨ་དམར། །དྲིལ་བུས་སྤྲས་པ་གཡོན་མཛེས་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ཅན། །དགྱེས་ཡུམ་རེག་བྱ་རྡོ་རྗེ་སྔོན་མོ་འཇའ་ཚོན་སྨད་དཀྲིས་ཅན། །ལྷ་མོས་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༢༤ ཤེས་རབ་མཐར་བྱེད་ཆོས་རྒྱལ་ལྷ་ཡི་དབང་ཕྱུག་དམར་འཚེར་འབར། །དམར་སེར་རལ་པའི་ཐོར་ཅོག་གཟིག་ལྤགས་སྟོད་གོས་སྟག་ཤམ་ཅན། །པདྨ་དཀར་དམར་སྦྲུལ་གྱིས་ཆུན་པོ་དག་གིས་སྐུ་བརྒྱན་ཅིང་། །སེང་གེ་སྔོན་པོས་ཡོངས་སུ་བཏེགས་པའི་རིན་ཆེན་ཁྲིར་བཞུགས་ཞབས། ། ༢༥ བྱམས་པའི་བཞུགས་སྟངས་ཀྱིས་བརྗིད་ཕྱག་གི་དཀྱིལ་འཁོར་ཟུང་ཐག་ནི། །ཁ་ཊྭཱཾ་ཀ་གྱུར་དཀར་དང་རིན་ཆེན་ཞབས་པས་མཛེས་པར་བྱས། །དགྱེས་ཡུམ་ཁེངས་བྱེད་དཀར་མོ་ཁྲོ་མོས་ཆོས་ཅན་མི་ཡི་མདའ། །གཞུ་ཡི་ཕྱག་བརྒྱན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༢༦ པདྨ་ཐར་བྱེད་ཆོས་རྒྱལ་སྣ་ཚོགས་གཟུགས་ནི་གངས་རིའི་མདོག །རལ་པ་ཝང་མིག་དམར་སེར་སྐུ་ལ་སྦྲུལ་གྱི་ཆུན་པོས་མཛེས། །སྟོད་རྗེན་པདྨའི་ཕྲེང་བ་དར་གྱི་སྨད་གཡོག་རིན་ཆེན་སྤྲད། །དཔའ་གཏུམ་སྟག་གིས་བཏེགས་བྱེད་རིན་ཆེན་ཁྲི་ལ་རོལ་སྟངས་བཞུགས། ། ༢༧ ཕྱག་གཡས་རིན་ཆེན་སྙིང་པོ་ལས་གྲུབ་ཐོས་པ་ངོམ་པའི་ཚུལ། །གཡོན་ན་རབ་རྒྱས་པདྨ་དཀར་པོ་འདབ་མ་བརྒྱ་པ་འཛིན། །དགྱེས་ཡུམ་རྨུག་བྱེད་དམར་མོ་ཁྲོ་མོའི་ཚུལ་འཆང་ཅང་ཏིའུ་ཁྲོལ། །ཐོད་པ་ཡབ་སྟོབས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༢༨ ནམ་མཁའི་སྙིང་པོ་ཆོས་རྒྱལ་ལྷ་ཡི་དབང་ལྡན་དབང་སྔོན་མདོག །ཐོར་ཚུགས་མེ་ཏོག་སྔོན་པོའི་ཕྲེང་བས་ཐོད་བཅིང་ལུས་ཀུན་བརྒྱན། །ལྷ་གོས་སྔོན་པོ་ཤ་མིག་སྒྲིབ་པའི་ན་བཟའ་ལྷབ་ལྷུབ་གསོལ། །རྟ་མཆོག་སྔོན་པོ་གསུམ་གྱིས་དྲངས་བའི་རིན་ཆེན་ཁྲི་བཟང་པོར། ། ༢༩ དལ་པོའི་འདུག་སྟངས་དག་གིས་བཞུགས་ནས་ཕྱག་གིས་པདྨོ་གཟུང་། །རྡོ་རྗེའི་གྲི་གུག་དང་ནི་བདེ་སྐྱོང་བདུད་རྩིས་བཀང་བས་བརྒྱན། །སྣ་ཚོགས་ཡུམ་གྱུར་དྲི་མ་སེར་མོ་སྤོས་བཅས་སྣོད་དང་ལྷའི། །མེ་ཏོག་འཛིན་མཛད་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༣༠ གང་ཞིག་དཔལ་མཆོག་དམ་པ་དང་པོའི་སངས་རྒྱས་བཅོམ་ལྡན་འདས། །རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་འཛིན་མཛད་ཤིང་རྟ་ཆེར་གྱུར་པ། །མཁའ་ཁྱབ་འགྲོ་ལ་ལྷན་ཅིག་སྐྱེས་དགའ་ཡེ་ཤེས་མཆོག་གི་དཔལ། །སྩོལ་མཛད་ཆོས་རྒྱལ་དེ་ལྟའི་ཡབ་ཡུམ་རྣམས་ལ་ཕྱག་འཚལ་འདུད། ། ༣༡ སངས་རྒྱས་གཉིས་དང་གཉིས་སུ་མེད་པར་དམ་པ་དང་པོ་ཡིས། །རྒྱུད་རྒྱལ་སྟོང་ཕྲག་བཅུ་གཉིས་སྟོང་ཕྲག་གཅིག་ཏུ་བསྡུས་མཛད་པའི། །སྟོན་པར་ཡོངས་བསྔགས་རྒྱལ་བ་གཉིས་པ་འཇམ་དཔལ་གཞོན་ནུ་ནི། །མ་ལུས་རྡོ་རྗེའི་རིགས་གཅིག་བསྡུས་མཛད་ཆོས་རྒྱལ་རིགས་ལྡན་ཆེ། ། ༣༢ འཇམ་དཔལ་གྲགས་པ་ཁ་དོག་ཉི་མ་སྟོང་གི་འོད་ཀྱང་ཟིལ་ནོན་པའི། །དམར་སེར་མདངས་འབར་མཛེས་སྡུག་ལྷུན་ཆགས་དཔྲལ་བར་མཛོད་སྤུ་ཅན། །མཐོང་མཐིང་རལ་པ་ཟུར་ཕུད་ལྔ་འཕྱངས་ཡིད་བཞིན་བསམ་འཕེལ་གྱི། །པྲོག་ཞུ་མཛེས་བཅིངས་སྙན་གོང་ཨུཏྤལ་སྔོན་པོའི་གདན་ཀ་འཕྱར། ། ༣༣ ལྷ་གོས་ལྷབ་ལྷུབ་ནོར་བུ་མེ་ཏོག་ཡིད་འོང་ཕྲེང་བ་ནི། །རབ་བཟང་སྤེལ་ལེགས་སྐུ་ལ་བརྒྱན་ཅིང་ཞབས་གཉིས་སྐྱིལ་མོ་ཀྲུང་། །རྒྱུད་རྒྱལ་གླེགས་བམ་གཡོན་བསྣམས་གཡས་པ་ཆོས་འཆད་སྐུའི་གཡས་གཡོན། །ཨུཏྤལ་པདྨ་སྔོ་དཀར་རལ་གྲི་དང་ནི་གླེགས་བམ་བརྒྱན། ། ༣༤ སྐུ་ཡི་གཡོན་ན་དགྱེས་ཡུམ་འཕགས་མ་སྒྲོལ་མ་ལྗང་སྔོན་མཛེས། །མཚར་སྡུག་ལྷ་གོས་རིན་ཆེན་བརྒྱན་སྤྲས་ཨུཏྤལ་དཀར་པོ་འཆང་། །ཡབ་ཡུམ་གཉིས་ཀ་རིན་པོ་ཆེ་ཡི་གདན་གཅིག་ལ་གནས་ཤིང་། །སྟེང་ན་ནོར་བུའི་གདུགས་རྒྱས་འོག་ནས་སེང་གེ་དུ་མས་སྟེགས། ། ༣༥ གཡོན་ཕྱོགས་བློན་པོ་བྱང་སེམས་བློ་གྲོས་རྒྱ་མཚོ་ཨག་ཚོམ་གྱིས། །བྲང་ཡོད་གནོན་པ་དར་ཐོད་ཕོད་ཁ་གསོལ་བ་ཐལ་སྦྱར་འགྲེངས། །མདུན་དུ་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་སྐལ་ལྡན་མི། །ལྷ་ཀླུང་དུ་མས་ཡོངས་བཏུད་རྒྱལ་བ་དེ་ལ་ཕྱག་འཚལ་འདུད། ། ༣༦ གསུང་གི་རྡོ་རྗེ་འཇིག་རྟེན་མགོན་པོ་པདྨ་འབྱུང་གནས་ནི། །རྡོ་རྗེའི་རིགས་ལྡན་པདྨ་དཀར་ཞེས་བདེ་འབྱུང་རྒྱལ་པོའི་ཚུལ། །རབ་དཀར་ཟླ་བ་འབུམ་གྱིས་གཟི་བརྗིད་འཕྲོགས་ཤིང་མཚན་དཔེས་སྤྲས། །ལྟ་ན་སྡུག་པའི་རིན་ཆེན་ཁྲི་ལ་བྱམས་པའི་བཞུགས་སྟངས་ཀྱི། ། ༣༧ ཞབས་ཀྱི་མཐིལ་གཉིས་ཆུ་སྐྱེས་དཀར་དམར་ཟུང་གི་ཟེའུ་འབྲུ་གནོན། །ཕྱག་གི་པདྨོ་ཙིནྟ་མ་ཎིའི་ཕྲེང་དང་པད་དཀར་བརྒྱན། །རི་དྭགས་པགས་པས་ནུ་མ་གཡོན་བཀབ་གསེར་གྱི་ཚང་སྐུད་ཅན། །བུང་བ་ལྟར་ནག་རལ་པའི་ཐོར་ཅོག་ངོས་ལ་འོད་དཔག་མེད། ། ༣༨ ཉེར་རྒྱན་རབ་ཏུ་དཀར་བའི་འོད་ལ་ཁ་དོག་ལྔ་ཡི་ཟེར། །བྱེ་བ་འབུམ་འཕྲོ་སྙིང་རྗེའི་སྤྱན་རས་ཟུམ་མེད་འགྲོ་ལ་གཟིགས། །དགྱེས་ཡུམ་དཀར་ཤམ་ཆེན་མོ་པུས་བཙུག་ཙོག་བུ་རིན་ཆེན་བརྒྱན། །ཐལ་སྦྱར་གཙོར་བཏུད་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༣༩ གཤིན་རྗེ་མཐར་བྱེད་རིགས་ལྡན་བཟང་པོ་ཨིནྡྲ་ནཱི་ལིའི་མདོག །ཁྲོས་པའི་ཉམས་ལྡན་དབུ་སྐྲ་དམར་སེར་ཚོམ་བུ་གཡས་སུ་འཁྱིལ། །སྟག་ཤམ་སྦྲུལ་ཆུན་རིན་ཆེན་རུས་པའི་བརྒྱན་གྱིས་རབ་མཛེས་ཤིང་། །མ་ཧེ་དྲེག་པས་བཏེག་པའི་རིན་ཆེན་ཁྲི་ལ་རོལ་བཏབས་བཞུགས། ། ༤༠ རྡོ་རྗེའི་ཏོག་ལྡན་རྩ་བར་ནོར་བུས་སྤྲས་པས་དབྱུག་པ་ནི། །ཕྱག་གཡས་མཚན་ཞིང་དབང་གི་ལྕགས་སྒྲོག་འབར་བ་གཡོན་ན་བསྣམས། །དགྱེས་ཡུམ་རྡོ་རྗེ་རོ་ལངས་ནག་མོ་ཁྲོ་འཛུམ་ཐོད་ཁྲག་གཡས། །བླ་གོས་གཡོན་ཐོག་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༤༡ ས་སྙིང་རིགས་ལྡན་རྣམ་རྒྱལ་སྔོ་ལྗང་ཀར་ཀེ་ཏ་ཡི་མདོག །རྡོ་རྗེ་དང་ནི་ནོར་བུའི་འཕྲེང་བས་ཡོངས་སུ་བརྒྱན་བྱས་ཤིང་། །སྨད་གཡོག་སེར་པོ་རིན་ཆེན་ཁྲི་ལ་རོལ་བའི་སྟབས་བཞུགས་མདུན། །ལྷ་ཡི་ན་ཆུང་རྔ་བརྡུང་པི་ཝང་རྒྱུད་མངས་ཐོགས་པས་མཆོད། ། ༤༢ པདྨ་དཀར་པོ་ནོར་བུས་བརྒྱན་པ་གཡས་ཀྱི་ཕྱག་ན་སྟེ། །འབྲས་བུ་རྒྱས་པའི་ལྗོན་ཤིང་ཡལ་ག་གཡོན་གྱི་ཕྱག་ན་བཅིངས། །དགྱེས་ཡུམ་གཟུགས་ཀྱི་རྡོ་རྗེ་དཀར་མོ་གར་སྟབས་ཕྱག་པད་བསྐོར། །སྟེང་འོག་ལ་བསྒྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༤༣ ཤེས་རབ་མཐར་བྱེད་རིགས་ལྡན་བཤེས་གཉེན་བཟང་པོ་དུང་ལྟར་དཀར། །གཅེར་བུ་སྟག་ཤམ་སྔོ་ལྗང་གསེར་གྱི་སྦྲུལ་གྱིས་སྐུ་ལ་བརྒྱན། །དམར་སེར་རལ་མཛེས་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ནོར་བུའི་ཏོག །རྡོ་རྗེའི་མས་བརྟེན་དབྱུག་པ་དང་ནི་རྡོ་རྗེའི་ཞགས་པ་བསྣམས། ། ༤༤ ལྷ་ཡི་ཁྱེའུ་རིན་ཆེན་རྒྱན་སྤྲས་ལྷ་མིན་སྐྱེས་བུ་ནི། །གོ་མཚོན་ཐོགས་པས་ཡོངས་བཏེགས་རིན་ཆེན་ཁྲི་ལ་རོལ་བའི་སྟབས། །དགྱེས་ཡུམ་གཞན་གྱི་མི་ཐུབ་སེར་མོ་གཡས་པ་ཐལ་མོས་བཏུད། །གཡོན་ན་ཞགས་ཐོགས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༤༥ ཕྱག་ན་རྡོ་རྗེའི་རིགས་ལྡན་ཕྱག་དམར་བཻཌཱུར་སྔོན་པོའི་མདངས། །རིན་ཆེན་པྲོག་ཞུ་རྡོ་རྗེ་ཕྲེང་བ་དུ་མས་སྐུ་ལ་བརྒྱན། །འཇའ་ཡི་སྨད་གཡོག་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་གཡས་དགྲ་སྟ་དང་། །གཡོན་ན་ཚངས་མགོ་སེར་པོ་གདོང་བཞི་མེ་ཏོག་ཐོད་ཅན་བསྣམས། ། ༤༦ སེངྒེ་ཡན་ལག་དྲུག་པ་གླང་ཆེན་གཟུགས་བྱས་དངུལ་མདོག་ལུས། །ལི་ཁྲི་བྲང་ལྡན་རལ་པ་དམར་སེར་གཡོ་བའི་ཁྲི་ལ་བཞུགས། །དགྱེས་ཡུམ་རྡོ་རྗེ་གནྡྷཾ་རི་སྔོ་མཛེས་པའི་ཉམས་འགྱུར་བཅས། །རྡོ་རྗེར་དྲིལ་འཛིན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༤༧ པདྨ་མཐར་བྱེད་རིགས་ལྡན་ཁྱབ་འཇུག་སྦས་པ་ཆེས་དམར་བ། །ཨུ་དུམ་ཝ་རའི་མདངས་འབར་ཁྲོ་ཉམས་དབུ་སྐྲ་ཝང་མིག་སེར། །རིན་ཆེན་སྦྲུལ་གྱི་སྐུ་ལུས་བརྒྱན་ཅིང་སྟག་ལྤགས་ཤམ་ཐབས་བྱས། །ཕྱག་གཉིས་པད་དཀར་འདབ་བརྒྱ་པ་དང་རིན་ཆེན་ཞགས་པ་བསྣམས། ། ༤༨ ཀླུ་རྒྱལ་རྣམས་ཀྱིས་བཏེགས་པ་རིན་ཆེན་པད་དཀར་ཉི་མའི་ཁྲིད། །བྱམས་པ་བཞུགས་སྟངས་ཞབས་མཐིལ་ཉེར་དགའ་དགའ་བོས་གུས་པས་བརྟེན། །དགྱེས་ཡུམ་རྡོ་རྗེ་རལ་གཅིག་ནག་མོ་སྦྲུལ་བརྒྱན་སྤྲིན་སྟག་གོས། །གྲི་ཐོད་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༤༩ ནམ་མཁའི་སྙིང་པོ་རིགས་ལྡན་ཉི་མ་གྲགས་པ་ནམ་མཁའི་མདོག །རིན་ཆེན་པདྨའི་ཁྲི་ལ་འཇའ་ཡི་སྨད་དཀྲིས་སེམས་སྐྱིལ་བཞུགས། །མེ་ཏོག་སྔོན་པོའི་བརྒྱན་སྤུད་རི་དྭགས་ལྤགས་གསོལ་ཐོར་ཚུགས་ཅན། །ཐུགས་ཀར་ཆོས་འཆད་ཕྱག་རྒྱས་པད་དཀར་རལ་གྲི་མཚན་པ་གཡས། ། ༥༠ ཨུཏྤལ་སྔོན་པོ་ཆོས་འབྱུང་ཕྱི་དཀར་ནང་དམར་སྤྲས་གཡོན་བསྣམས། །སྟེང་གི་མཁའ་ནས་རིན་ཆེན་མེ་ཏོག་འཐུག་པོ་ཆར་དུ་འཕྲོ། །དགྱེས་ཡུམ་རྡོ་རྗེ་དྲི་མ་སེར་ལ་དྲི་ཞིམ་ཆུ་བཟང་གི །དུང་ཞལ་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༥༡ བགེགས་རྣམས་མཐར་བྱེད་རིགས་ལྡན་ཤིན་ཏུ་བཟང་པོ་མཐིང་ནག་མཚེར། །ཨམ་གཙིགས་གླང་སྟག་ལྤགས་གོས་རིན་ཆེན་དར་བརྒྱན་སྦྲུལ་ཆུན་སྤྲས། །སྐྲ་མཚམས་ཐོད་སྐམ་དབུ་སྐྲ་དམར་སེར་ཐོར་ཚུགས་རྡོ་རྗེའི་ཏོག །ཕྱག་གཉིས་རྡོ་རྗེའི་འཆར་འབེབས་རྡོ་རྗེ་དང་ནི་སྦྲུལ་ཞགས་བསྣམས། ། ༥༢ ཙོག་པུ་ཕྱེད་སྐྱིལ་རིན་ཆེན་ཁྲི་བཟང་གླང་གདོང་དཀར་པོ་དང་། །ཕག་གདོང་དམར་པོ་སྲིན་པོ་སྨུག་པས་བཏེག་པར་བརྗིད་ཚུལ་བཞུགས། །དགྱེས་ཡུམ་རེང་བྱེད་སེར་མོ་འཁོར་ལོ་ནོར་བུ་སྤྲད་པའི་ཕྱག །ཁྲོ་འཛུམ་ཉམས་འབར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༥༣ འཇིག་རྟེན་དབང་ཕྱུག་རིག་ལྡན་རྒྱ་མཚོ་རྣམ་རྒྱལ་གུར་གུམ་མདོག །རིན་ཆེན་ཁྲི་ལ་རོལ་པའི་སྟབས་བཞུགས་དར་གྱི་སྨད་དཀྲིས་ཅན། །ཡིད་བཞིན་ནོར་བུ་བསམ་འཕེལ་ལས་བྱས་དབུ་རྒྱན་འཕྲེང་བ་མཛེས། །དོ་ཤལ་འཕྱང་འཕྲུལ་དུ་མས་རབ་སྡུག་ལྷ་ཡི་མེ་ཏོག་སྤེལ། ། ༥༤ ནོར་བུ་ཏོག་གི་བློ་གྲོས་ཀྱིས་སྤྲས་པདྨ་དམར་པོ་གཡས། །ཟླ་ལྟར་རབ་དཀར་རྙོགས་པ་བྲལ་བའི་པདྨ་འདབ་བརྒྱ་གཡོན། །དགྱེས་ཡུམ་རོ་ཡི་རྡོ་རྗེ་སྔོན་མོ་དུང་ཤལ་ཤིང་ཐོགས་བསྣམས། །རིན་ཆེན་དར་རྒྱན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༥༥ མི་གཡོ་མགོན་པོ་རིག་ལྡན་རྒྱལ་དཀའ་ཤིན་ཏུ་དཀར་བའི་སྐུ། །ཙོག་པུ་པུས་བཙུགས་སྟག་ལྤགས་ཤམ་ཐབས་རིན་ཆེན་སྦྲུལ་ཆུན་བརྒྱན། །སྐྲ་སེར་གྱེན་བརྫེས་སྤྱན་གཉིས་འབྲུ་ཚུག་ཡ་སོས་མས་མཆུ་གནོན། །གཟའ་ཡིས་མདའ་འདྲ་མེ་འབར་རལ་གྲི་གཡས་ཀྱི་ཕྱག་ན་སྟེ། ། ༥༦ རྒྱ་མཚོ་འཇིང་གི་སྦྲུལ་འདྲ་ཞགས་པ་ཐུགས་ཀར་སྡིག་མཛུབ་གཡོན། །སེང་གེ་ལྔས་དྲངས་ཤིང་རྟ་ལ་བཞུགས་འོད་ཟེར་མེ་དཔུང་འཕྲོ། །དགྱེས་ཡུམ་ཁྲོ་གཉེར་སྤྱན་སེར་དབུ་སྐྲ་དོ་ཀེར་མཁའ་འགྲོའི་ཚུལ། །གྲི་ཐོད་ཕྱག་འཆང་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༥༧ འཇམ་དཔལ་དབྱངས་ནི་རིགས་ལྡན་ཉི་མ་སྔོ་ལ་དྭངས་པའི་ལུས། །བུང་བ་ལྟར་གནག་ཐོར་ཅོག་ལྔ་བཅིངས་སྙན་གོང་ཨུཏྤལ་རྒྱས། །ཨུཏ་པ་ལ་དང་རིན་ཆེན་ནོར་བུ་ལས་བྱས་བརྒྱན་བརྒྱད་སྤྲས། །འཇའ་ཡི་སྨད་དཀྲིས་རྡོ་རྗེ་སྐྱིལ་ཀྲུང་ཀླུ་དང་འདོད་ལྷ་གནན། ། ༥༨ གཡོན་ན་གཞུ་བཅས་པདྨ་དཀར་པོ་པུ་སྟིས་མཚན་བསྣམས་གཡས། །མདའ་དང་པདྨར་རལ་གྲི་ཅན་འཆང་རིན་ཆེན་ཁྲི་ལ་བརྗིད། །དགྱེས་ཡུམ་ཤེར་ཕྱིན་སྔོན་མོ་རིན་ཆེན་རྒྱན་བརྒྱན་མཛེས་སྡུག་མཆོག །གྲི་གུག་ཐོད་འཛིན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༥༩ འདོད་པའི་རྒྱལ་པོ་རིགས་ལྡན་སྣ་ཚོགས་གཟུགས་ནི་ལི་ཁྲིའི་མདོག །གཅེར་བུ་སྦྲུལ་རིགས་བརྒྱད་དང་རིན་ཆེན་པདྨ་དམར་པོ་ཡི། །ཉེར་བརྒྱན་སྟག་ལྤགས་འདོམ་དཀྲིས་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །ཁམས་གསུམ་དབང་བསྡུད་ལྕགས་ཀྱུ་གཡས་འཛིན་སྲིད་གསུམ་ཟིལ་གནོན་པའི། ། ༦༠ པདྨ་དམར་པོའི་འཕྲེང་བ་གཡོན་འཆང་ཙོག་པུའི་ཕྱེད་སྐྱིལ་གྱིས། །རྟ་མཆོག་དཀར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་ན་གནས། །དགྱེས་ཡུམ་ཙུནྡྷཾ་གླེགས་བམ་ལྷུང་བཟེད་བསྣམས་དཀར་ལྷ་གོས་མཆོག །ལྷབ་ལྷུབ་ཀྱིས་མཛེས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༦༡ སྒྲིབ་པ་རྣམ་སེལ་རིགས་ལྡན་ཟླ་འོད་པད་རྩ་ལྟར་དཀར་བ། །ལྷ་མིན་ཀླུ་ཡི་དབང་པོ་དང་ནི་སེང་གེ་དམར་པོས་བཏེགས་པ་ཡིས། །རིན་ཆེན་ཁྲི་ལ་ཕྱེད་སྐྱིལ་གྱིས་བཞུགས་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཐུགས་དཀར་བདུད་རྩི་ཁེང་བའི་བུམ་བཟང་འཛིན་ཅིང་གཡོན། ། ༦༢ ས་གནོན་མཛད་པའི་མཐེབ་མཛུབ་བར་ན་རྩ་བ་གནས་པ་ཡིས། །པདྨ་དཀར་པོ་ར་རིབ་མེད་པའི་ཟླ་བ་རྒྱས་སྤྲས་འཛིན། །དགྱེས་ཡུམ་རེག་བྱ་རྡོ་རྗེ་དཀར་མོ་ཡིད་འོང་བརྒྱན་འཆང་མཛེས། །ལྷ་གོས་འཛིན་སྟོབས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༦༣ དབྱུག་པ་སྔོན་པོ་རིགས་ལྡན་མཐའ་ཡས་པ་ལ་ཤ་ལྟར་སྔོ། །ཐོད་སྐམ་དབུ་བརྒྱན་ཕྲེང་བ་དོ་ཤལ་སྦྲུལ་རིགས་བརྒྱད་ཀྱིས་བརྒྱན། །མི་ལྤགས་སྟོད་གཡོག་སེང་ལྤགས་སྨད་གཡོག་སྐྲ་སེར་ཐོར་ཚུགས་ཅན། །གཡས་ན་དབྱུག་པ་རྩ་རྩེ་ནོར་བུའི་མཚན་པ་འཕྱར། ། ༦༤ གཡོན་པ་སྡིག་མཛུབ་ཁྲོས་པའི་རོལ་སྟངས་པད་དཀར་ཉི་མ་བརྫིས། །ཕག་པ་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་ཤིང་། །དགྱེས་ཡུམ་འོད་ཟེར་ཅན་མ་དམར་སེར་ཕྱག་གཉིས་མཆོག་སྦྱིན་དང་། །ཨ་ཤྭ་ཏ་འཛིན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༦༥ ཀུན་ཏུ་བཟང་པོ་རིགས་ལྡན་ས་སྐྱོང་འཆར་ཁའི་འོད་ལྟར་དམར། །སྐུ་སྟོད་གཅེར་བུ་རིན་ཆེན་དྲ་བས་ཡོངས་གཡོགས་སྐུ་སྨད་དུ། །ལྷ་གོས་ལྷབ་ལྷུབ་རིན་ཆེན་ནོར་བུའི་བརྒྱན་གྱིས་རབ་ཏུ་སྤུད། །ཕྱག་གཡས་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་ཅིང་གཡོན་ངལ་གསོ། ། ༦༦ གདན་ལ་བརྟེན་པའི་ཕྱག་གིས་པདྨ་དཀར་པོ་ཉིན་བྱེད་ལ། །བྱ་ཡི་རི་མོ་བཀྲ་བ་འཛིན་ཅིང་མཚོ་དབུས་པདྨར་བཞུགས། །དགྱེས་ཡུམ་མེ་ཏོག་དཀར་མོ་རིན་ཆེན་དང་སྤེལ་མེ་ཏོག་བརྒྱན། །མེ་ཏོག་གཞོང་ཐོགས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༦༧ ཁྲོ་བོ་སྟོབས་ཆེན་རིགས་ལྡན་དཔལ་སྐྱོངས་ཚོན་ཤེལ་སྔོ་སྐྱའི་མདོག །ཐོད་པ་སྐམ་པོས་དབུ་ལུས་ཡོངས་བརྒྱན་དར་དང་རིན་ཆེན་སྦྲུལ། །དུ་མས་མཛེས་ཚུལ་ཁྲོས་བྱས་ཁྲོས་ཚུལ་ཨམ་གཙིགས་པུས་བཙུག་ཕྱེད་སྐྱིལ་གྱིས། །བདུད་ཀྱི་ལུས་གནོན་ཕྱག་གཡས་ཁ་ཊྭཱཾ་དཀར་པོ་ངོམ་ཚུལ་འཛིན། ། ༦༨ གཡོན་ན་མ་རུང་འཆིང་བྱེད་ཞགས་པ་དང་བཅས་ཐོད་པ་བསྣམས། །གླང་ཆེན་མཆེ་དྲུག་བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་བཞུགས། །དགྱེས་ཡུམ་ལུག་རྒྱུད་ལྗང་ཁུ་རིན་ཆེན་རུས་རྒྱན་ལྕགས་སྒྲོགས་སྐྱབས་སྦྱིན་ཅན། །ཁྲོ་བོའི་འཚུབ་འཆང་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༦༩ མགོན་པོ་བྱམས་པ་རིགས་ལྡན་སེང་གེ་དམར་སེར་སྦྲང་རྩིའི་མདོག །རལ་པའི་ཐོར་ཚུགས་མཆོད་རྟེན་གྱིས་བརྒྱན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཆོས་འཆད་ཕྱག་རྒྱས་མེ་ཏོག་སྔོ་དམར་དབྱུག་གུ་རྩེ་གསུམ་ཅན། །པད་དཀར་སྤྱི་བླུག་མཚན་པ་དཔུང་པ་གཡས་གཡོན་ཐད་དུ་འཛིན། ། ༧༠ རི་དྭགས་ལྤགས་པས་སྟོད་གཡོག་ལྷ་ཡི་རྒྱལ་པོའི་ཚུལ་དུ་ནི། །རིན་ཆེན་ཁང་བཟང་མེ་ཏོག་འཛིན་པའི་ལྷ་བཞིས་བཏེགས་དབུར་བཞུགས། །དགྱེས་ཡུམ་ཟླ་མཆོག་ཟླ་བ་ལྟར་དཀར་རྨ་བྱའི་བསིལ་ཡབ་ཅན། །མེ་ཏོག་འཛིན་པ་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༧༡ གཙུག་ཏོར་འཁོར་བསྒྱུར་རིགས་ལྡན་རྣམས་གནོན་དཀར་སེར་བཻ་ཌཱུར་མདོག །རིན་ཆེན་རུས་པ་སྦྲུལ་གྱིས་རྒྱན་སྤྲས་སྟག་ལྤགས་ཤམ་ཐབས་ཅན། །མཁའ་ལྡིང་དབང་པོ་ཁ་དོག་ལྔ་པ་མདུན་གྱིས་ནམ་མཁའ་ལ། །ཉེ་བར་དྲངས་པའི་ཤིང་རྟ་ལ་བཞུགས་ཕྱག་གཡས་རྩེ་གསུམ་རྩེར། ། ༧༢ འཁོར་ལོས་མཚན་པས་བསྣམས་ཤིང་གཡོན་ན་ཁ་ཊྭཱཾ་ག་དཀར་པོ། །འཛིན་མཛད་དམར་སེར་རལ་པ་ཐོར་ཚུགས་ཞབས་གཉིས་རོལ་པའི་སྟབས། །དགྱེས་ཡུམ་ཤིན་ཏུ་སྔོན་མོ་སྟག་ཤམ་སྦྲུལ་དང་རྡོ་རྗེས་བརྒྱན། །རྡོར་དྲིལ་འཛིན་གྱུར་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༧༣ ས་ཡི་སྙིང་པོ་རིགས་ལྡན་སྟོབས་ཆེན་ཁ་བ་ལྟར་དཀར་འཚེར། །རིན་ཆེན་དུ་མས་ཉེ་བར་བརྒྱན་བཅིང་དར་སེར་སྟོད་གཡོག་ཅན། །མེ་ཏོག་སྔོན་པོའི་ཕྲེང་བས་ཐོད་བཅས་ཞི་བའི་སྤྱན་རྩ་དམར། །བྲག་རིའི་གདན་ལ་གཡས་བརྐྱང་ཞབས་ཀྱི་རིན་ཆེན་བུམ་པ་བརྗིད། ། ༧༤ ཕྱག་གཡོན་ལྗོན་ཤིང་ཡལ་བ་འཆང་ལ་འཁོར་ལོར་ནོར་བུའི་མཚན། །གཡས་ན་ཤིང་ལོ་འབྲས་བུ་དུད་པའི་ཆུན་པོ་རྒྱས་པ་འཛིན། །དགྱེས་ཡུམ་ས་ལྷ་སེར་མོ་མདུན་ན་རིན་ཆེན་གཏེར་ཆེན་ཡོངས་རྒྱས་ཤིང་། །ཕྱག་ན་བུམ་ཐོགས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༧༥ ཕྱག་ན་རྡོ་རྗེ་རིགས་ལྡན་མ་འགགས་དཀར་པོ་ཤེལ་ལྟར་དྭངས། །སྔོ་དང་ལྗང་ཁུའི་གོས་སུ་གསོལ་བྱས་ནོར་བུའི་རྒྱན་རྫོགས་ཤིང་། །རྡོ་རྗེའི་ཕྲེང་བ་དུ་མས་ཡོངས་ནི་ལུས་ཀུན་མཛེས་པར་བྱས། །རྡོ་རྗེ་འབར་བ་གཡས་ཀྱིས་མཐེབ་སྲིན་དག་ནི་ཐུགས་ཀར་འཛིན། ། ༧༦ ཕྱག་གཡོན་དྲིལ་བུ་དཀུར་བརྟེན་རོལ་པའི་སྟངས་སྟབས་དག་གིས་ནི། །གནོད་སྦྱིན་དུ་མས་བཏེགས་པའི་རིན་པོར་ཆེ་ཡི་ཁྲི་ལ་བཞུགས། །དགྱེས་ཡུམ་ནོར་རྒྱུན་སྔོ་ལྗང་ཕྱག་དག་བུམ་བཟང་རིན་ཆེན་ཆར། །ཐུགས་ཀར་སྐྱབས་སྦྱིན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༧༧ ཁྲོ་བོ་གནོད་མཛེས་རི་ལྡན་མི་ཡི་སེང་གེ་ཁ་དོག་སྔོ། །མཛེས་པའི་རི་བོ་མཚོ་གླིང་དབུས་རྟེན་ཤིང་ལྟར་ཁང་བཟང་ནི། །གངས་སེང་བཞི་དང་སེང་གེ་གཤོག་ལྡན་གསུམ་གྱིས་འདྲེན་པ་ལ། །ཕྱེད་སྐྱིལ་གྱིས་བཞུགས་རྡོ་རྗེའི་ཁྲབ་གསོལ་སྦྲུལ་དང་རྡོ་རྗེས་བརྒྱན། ། ༧༨ དབུ་སྐྲ་ནག་པོ་ཐོར་ཚུགས་རྡོ་རྗེའི་ཏོག་བྱས་ཕྱག་གཡས་ཀྱིས། །རྡོ་རྗེའི་གྲི་ཁུག་སྐུ་ཡི་སྐྱེད་རྟེན་གཡོན་ན་ཐོད་པ་འཆང་། །དགྱེས་ཡུམ་ཤིན་ཏུ་སྔོན་མོ་སྦྲུལ་བརྒྱན་ལྤགས་གོས་གསོལ་ཕྱག །དགྲ་སྟ་སྡིག་མཛུབ་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༧༩ ནམ་མཁའ་སྙིང་པོ་རིག་ལྡན་དབང་ཕྱུག་ཆེན་པོ་ནམ་མཁའི་ལུས། །རྟ་བདུན་གྱིས་དྲངས་ཉི་མའི་རྒྱབ་ཡོལ་པད་སྔོན་ཟླ་བའི་གདན། །ཕྱག་གཡས་སྤྲིན་དཀར་གཟུང་ཞིང་དེར་གནས་རྙོག་བྲལ་ཟླ་བ་ལ། །རི་ཕོང་སྤོས་ཕོར་ལྗོན་ཤིང་གྱིས་མཚན་གཡོན་ནི་ངལ་གསོ་ཡིས། ། ༨༠ གདན་ལ་ཉེར་བརྟེན་པདྨ་སྔོན་པོ་ཡིད་བཞིན་ནོར་བུས་བརྒྱན། །ལྷ་གོས་སྔོ་དང་མེ་ཏོག་སྔོན་པོས་རྒྱན་ཞལ་སྔོན་འཕྲོ། །དགྱེས་ཡུམ་ཟླ་བ་ལ་ནི་སེར་མོ་དྲི་བཟང་སྣོད་བཅས་འཛིན། །ངུར་པ་ལ་ཞོན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༨༡ སྤྱན་རས་གཟིགས་དབང་རིགས་ལྡན་མཐའ་ཡས་རྣམ་རྒྱལ་སྐྱ་རེངས་མདོག །རྒྱ་ནག་བླ་གོས་སྟོད་གཡོག་རི་དྭགས་ལྤགས་པས་སྨད་གཡོག་བྱས། །རིན་པོ་ཆེ་དང་པདྨ་ཟླ་བར་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རལ་པ་སྣག་སྣུམ་ཐོར་ཚུགས་བཅིང་བྱས་ངོས་ལ་ངོས་དཔག་མེད། ། ༨༢ གཡས་ཀྱིས་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་གཡོན་ན་རིན་ཆེན་ཞགས། །ཟླ་བ་ལྟར་དཀར་འོད་ཟེར་རབ་ཏུ་འཚེར་བས་རྒྱབ་ཡོལ་བྱས། །དགྱེས་ཡུམ་རོ་ཡི་རྡོ་རྗེ་དཀར་མོ་ཤེལ་གྱི་ལྷུང་བཟེད་ནི། །བདུད་རྩིས་བཀང་སྟོབས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༨༣ བཅོམ་ལྡན་འཇམ་དཔལ་དྲག་པོ་རིགས་ལྡན་ལྷ་ཡི་དབང་པོ་ཞེས། །འཁོར་ལོ་ཆེ་གྱུར་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲིར། །མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་ཁ་དོག་དམར་སེར་ཉི་མའི་འོད། །རིན་ཆེན་བརྒྱན་བརྒྱད་དར་གྱིས་ཆས་ལྔས་ཉེར་སྤུད་ཕྱག་གཉིས་ཀྱིས། ། ༨༤ ཆོས་འཆད་ཕྱག་རྒྱས་ཡོངས་གཟུང་གཡས་སུ་པདྨ་དམར་པོ་ལ། །གསེར་གྱི་འཁོར་ལོས་ཉེར་བརྒྱན་གཡོན་ན་ཨུཏ་པ་ལ་སྔོན་པོར། །རལ་གྲི་གླེགས་བམ་མཚན་པ་འཛིན་ཞིང་སྟེང་ན་རིན་ཆེན་གདུགས། །ལྷ་ཡི་བུ་དང་བུ་མོ་མང་པོས་མེ་ཏོག་ཆར་སོགས་དུ་མས་མཆོད། ། ༨༥ དགྱེས་ཡུམ་གཡས་སུ་དབྱངས་ཅན་ལྗང་ཁུ་ཙོག་པུ་ཕྱག་གཉིས་ཀྱིས། །ལྷ་ཡི་རྒྱུད་མངས་བསྐུལ་ཅིང་རིན་ཆེན་བྱེ་བས་ཡོངས་སུ་བརྒྱན། །གཡོན་ན་སྐྲ་ཅན་དཀར་མོ་ཐལ་སྦྱར་པད་དཀར་པོད་རལ་གྱིས། །སྤྲས་པ་ལེགས་འཛིན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༨༦ འཇམ་དཔལ་དཔའ་བོ་རིགས་ལྡན་འཁོར་ལོ་ཆེན་པོ་ཐུགས་རྗེའི་སྟོབས། །ཁྲོས་ནས་ཀླ་ཀློའི་དཔུང་ཚོགས་མ་ལུས་གཅོད་མཛད་དྲག་པོའི་ཚུལ། །རྡོ་ལས་གྲུབ་པའི་རྟ་མཆོག་སྔོན་པོ་རླུང་གི་གཤོག་ལྡན་སྟེང་། །རྟ་མཆོག་ཏིང་འཛིན་ལ་གནས་འདར་མེད་རྡོ་རྗེའི་སྐྱིལ་མོ་ཀྲུང་། ། ༨༧ མི་བཤིག་རྡོ་རྗེ་ཕ་ལམ་ལས་གྲུབ་ལ་ཡད་སྐུར་གསོལ་ཞིང་། །ཀླུ་ཡི་དབང་པོ་བཅུ་ཡིས་ཉེར་བརྒྱན་གཟི་བརྗིད་ཆེར་འབར་བ། །ཉི་མ་སྟོང་གི་འོད་འཕྲོས་དམར་སེར་རབ་ཏུ་འཚེར་བའི་མདོག །འཁོར་ལོ་དང་ནི་མདུང་ཐུང་ཕྱག་ན་བྱས་ཏེ་བདུད་ཚོགས་འཇོམས། ། ༨༨ དྲག་པོ་གདོང་དྲུག་ཚོགས་ཀྱི་དབང་པོ་འཕྲོག་བྱེད་ཀྱིས་བསྐོར་ནས། །དགའ་འཕྲོག་ལྷ་མིན་ཀླ་ཀློའི་རིགས་རྣམས་མ་ལུས་འཇོམས་བྱེད་ནས། །འཛམ་གླིང་ས་ཆེན་ཀུན་ཏུ་དགེ་བ་རྫོགས་ལྡན་དང་པོའི་དུས། །གསར་དུ་འགོད་མཛད་དྲག་པོ་ལྷ་མིའི་བླ་མར་ཕྱག་འཚལ་འདུད། ། ༨༩ འཁོར་ལོ་ཅན་སྲས་ས་ཡི་དཀྱིལ་འཁོར་ཕྱེད་ཕྱེད་སྐྱོང་བ་བཟུངས། །འཇམ་དཔལ་དབྱངས་ནི་རིགས་ལྡན་ཚངས་པ་རུ་ཛ་ན་ཡ་ནི། །མེ་ཏོག་ལྟར་དམར་རྡོ་རྗེ་དྲིལ་བུ་རྣམ་རོལ་ཕྱག་རྒྱས་འཛིན། །མཛེས་བྱེད་རྨ་བྱས་བཏེགས་པའི་རིན་ཆེན་ཁྲི་ལ་རོལ་སྟངས་བཞུགས། ། ༩༠ ཁ་དོག་སྣ་ཚོགས་ཨུཏྤལ་རིན་ཆེན་རྒྱན་ལྡན་འཇའ་རྣམས་ཅན། །རལ་པ་ཟུང་ཕུད་ལྔ་བྱས་སྟེང་ན་རྨ་བྱའི་སྒྲོ་གདུགས་མཛེས། །དགྱེས་ཡུམ་རྡོ་རྗེ་ཆོས་ལ་ལྗང་ཁུ་སྤྱི་བོར་ཐལ་མོ་སྦྱོར། །རྨ་བྱ་ལ་ཞོན་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༩༡ སྤྱན་རས་གཟིགས་དབང་རིགས་ལྡན་ལྷ་ཡི་དབང་པོ་སྐུ་ཡི་མདོག །ཏཱི་ལ་ཀ་ཡི་མེ་ཏོག་ལྟ་བུར་ཤིན་ཏུ་དཀར་ཞིང་མཛེས། །ནུ་གཡོག་རི་དྭགས་ལྤགས་བཀབ་གསེར་གྱི་ཚང་སྐུད་ཐོར་ཆོག་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་གདན་བརྟེན་པད་དཀར་རབ་རྒྱས་འཆང་། ། ༩༢ དར་གྱི་སྨད་དཀྲིས་ཞབས་གཉིས་སྐྱིལ་ཀྲུང་མཛེས་པའི་ཁྲི་བཅས་པའི། །རྩ་ཡི་སྤྱིལ་བོ་ཚང་དང་བརྒྱ་བྱིན་དག་གིས་བཏེགས་དབུས་བཞུགས། །དགྱེས་ཡུམ་འོད་ལྡན་མར་མེ་ལྷ་ཡི་ན་ཆུང་འཆོར་སྒེག་ཚུལ། །ནོར་བུ་འཛིན་པ་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༩༣ དུམ་བུའི་ས་སྐྱོང་བརྒྱད་ཀྱི་དང་པོ་རྡོ་རྗེ་སྙིང་པོ་ནི། །རིགས་ལྡན་འོད་བསྲུང་སྔོ་སྐྱ་ཀེ་ཀེ་རུ་ཡི་མདོག་ལྟར་མཚར། །རིན་ཆེན་ཁྲི་ལ་ཕྱེད་སྐྱིལ་ཀྱིས་བཞུགས་གཡོན་བརྐྱང་ཞབས་དག་ནི། །བྲག་རིའི་སྟེང་དུ་ཤིང་གི་ལོ་མར་ཉེར་བརྟེན་ལྷ་གོས་མཆོག ། ༩༤ གར་གྱི་ཕུ་དུང་དང་བཅས་རིན་ཆེན་དུ་མའི་རྒྱན་ལྡན་པ། །ཕྱག་གཉིས་རྡོ་རྗེ་གླེགས་བམ་བསྣམས་ཤིང་རལ་པའི་ཐོར་ཚུགས་ཅན། །དགྱེས་ཡུམ་ཕྲེང་མ་ལྗང་ནག་མདོག་འཚེར་རོལ་པའི་གར་དང་བཅས། །རིན་ཆེན་ཕྲེང་བསྣམས་དེ་ལྟའི་ཡབ་ཡུམ་ཟུང་ལ་ཕྱག་འཚལ་འདུད། ། ༩༥ དེ་ལྟར་བདེ་བ་འཛིན་པའི་ཡུལ་དབུས་གངས་ཅན་རི་སྟེགས་སུ། །རིན་ཆེན་ཆ་ཀུན་ཉེར་བསགས་མཛེས་པས་ཡོངས་ནི་ཆ་བསགས་ཞེས། །རྒྱལ་པོའི་ཁབ་དེར་མི་འཇིགས་སེངྒེ་གདན་ལ་འགྲོ་བའི་མགོན། །འཕགས་པ་ཆེན་པོ་ཆོས་རྒྱལ་རྡོ་རྗེའི་རིགས་ལྡན་རྣམ་སྤྲུལ་ནས། ། ༩༦ མ་ལུས་འགྲོ་བ་མཐའ་དག་འདྲེན་པའི་བླ་མར་གྱུར་པ་གང་། །དེ་རྣམས་ཡབ་ཡུམ་སྲས་བློན་འབངས་གྱུར་བྱང་ཆུབ་སེམས་དཔའ་དང་། །བྱེ་བའི་ཡུལ་དེར་དབང་བསྒྱུར་ལྷ་ཀླུའི་རྗེ་བོ་མི་བདག་ཚུལ། །རིགས་ལྡན་དཀར་གནས་དགུ་བཅུ་རྩ་དགུའི་ཚོགས་ལའང་ཕྱག་འཚལ་འདུད། ། ༩༧ འཛམ་གླིང་ཆུང་ངུའི་སི་ཏའི་ལྷོ་ཕྱོགས་ཡུལ་ན་རིགས་ལྡན་གྱིས། །རྣམ་པར་འཕྲུལ་པ་སྐུ་ཡི་བཀོད་པ་ཡོངས་སུ་ཤར་གྱུར་པ། །ཤིན་ཏུ་སྦྱོར་བ་དམ་པ་དང་པོའི་སངས་རྒྱས་སྟོན་མཛད་མགོན། །རྩ་བ་དང་ནི་རྒྱུད་པར་བཅས་པའི་བླ་མའི་ཚོགས་རྣམས་ལ། ། ༩༨ རབ་ཏུ་གུས་པ་ཆེན་པོའི་ཡིད་ལྡན་ལུས་ངག་མཐུན་སྦྱོར་ནས། །ཤིན་ཏུ་དྭངས་བ་མཆོག་གིས་ཕྱག་འཚལ་ཀུན་ཏུ་ཕྱག་འཚལ་འདུད། །བདག་གི་གཟུང་དང་མ་གཟུང་ཡོ་བྱད་འཇིག་རྟེན་ཁམས་ཀུན་གྱིས། །དལ་འབྱོར་མ་ལུས་བདག་བློ་དག་པས་ཁྱེད་རྣམས་ལ་ནི་འབུལ། ། ༩༩ སྲིད་འགྲོ་ཉམས་དར་བྱིས་པའི་བློ་ཡིས་ཤིན་ཏུ་མི་ཟད་སྡིག །སྟོབས་བཅུ་མངའ་བའི་སྤྱན་སྔར་དེ་ཀུན་སོ་སོར་བཤགས་པར་གྱིས། །སངས་རྒྱས་བྱང་སམས་རྣམས་དང་འཕགས་པའི་ཚོགས་ཀྱི་རྣམ་མང་དགེ །མཛད་གྱུར་མཐའ་དག་ལ་ནི་སྡིག་བྲལ་བྱང་ཆུབ་རྗེས་ཡི་རང་། ། ༡༠༠ བྱང་ཆུབ་སྤྱད་པ་སྤྱོད་བྱས་མཐར་ནི་རྫོགས་སངས་རྒྱས་བརྙེས་ཀྱང་། །ཆོས་གསུང་མི་བཞེད་སྙོམས་པར་བཞུགས་ལ་བདག་གིས་ཆོས་འཁོར་སྐོར། །བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །མཐའ་ཡས་འགྲོ་བའི་དོན་དུ་རྫོགས་སངས་རྒྱས་སུ་བདག་གྱུར་ཅིག ། ༡༠༡ དེ་ལྟར་རྒྱལ་བ་མཆོག་དང་སྲས་གྱུར་ས་བཅུའི་དབང་ཕྱུག་ཆེ། །ཆོས་རྒྱལ་རིགས་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་བདག་གི །ཆུ་སྐྱེས་ཡིད་ལ་འདྲེན་པའི་མཐུ་ཡི་འཁོར་བའི་དུཿཁ་ཀུན། །བཅོམ་བྱེད་ཞི་བའི་རྣལ་དུ་འཇུག་མིན་ཐར་པ་མཆོག་གི་གྲོང་། ། ༡༠༢ བདེ་བར་གཤེགས་པའི་ཁབ་ཏུ་ཉེ་བར་ཡོངས་སུ་འཇུག་བྱས་ནས། །མཐའ་ཡས་འགྲོ་བའི་ཚོགས་རྣམས་མ་ལུས་རང་གི་གོ་འཕང་ཇི་བཞིན་པ། །འོད་ཀྱི་ཕ་རོལ་ཕྱིན་པའི་རྒྱལ་བ་མཆོག་གི་ཡོན་ཏན་ཀུན། །རྫོགས་པའི་འབྲས་བུ་ཉིད་ལ་བདག་གཞན་འགྲོ་ཡིས་མྱུར་ཐོབ་ཤོག ། ༡༠༣ དེ་ལྟར་རྒྱལ་བ་མཆོག་གི་གོ་འཕང་བགྲོད་པར་བྱེད་པའི་ལམ། །རྨད་བྱུང་ཟབ་གསལ་ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་ཤིན་ཏུ་ཡི། །ཐེག་པ་དཔལ་མཆོག་སངས་རྒྱས་ཀུན་གྱིས་ཟ་མ་ཏོག་གང་ཨེ་ཝམ། །དུས་འཁོར་མན་ངག་བླ་མའི་ཞལ་ལུང་ཡིད་ཆེས་གསུམ་ཐོབ་ལམ། ། ༡༠༤ བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་དེ་འཐུང་ངོམ་མེད་སྤྱོད། །བྱེད་ཅིང་གཡོ་མེད་ནུས་པས་ཁུ་རྡུལ་མུན་པའི་སྒྲིབ་ཀུན་བཅོམ། །མི་ཤིག་དྭངས་མ་གསུམ་ལྡན་རྡོ་རྗེའི་རང་བཞིན་མཁའ་ཁྱབ་ཀྱི། །གསང་གསུམ་ཚེ་འདི་ཉིད་ལ་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག ། ༡༠༥ གལ་ཏེ་བདག་གི་སྐལ་བ་དམན་པས་མཆོག་གི་དངོས་གྲུབ་གང་། །ཚེ་འདིར་ཐོབ་པར་མ་གྱུར་ནའང་འཆི་བའི་དུས་གྱུར་འཆི་ཁ་དམར། །སྣང་གསུམ་སྒྲིབ་ཀུན་ཡོངས་བཅོམ་ཤིན་ཏུ་ཕྲ་བའི་འོད་གསལ་བ། །མངོན་བྱེད་བཞི་ལམ་འོད་གསལ་རོ་གཅིག་འབྲས་བུ་སངས་རྒྱས་ཐོབ། ། ༡༠༦ ཅིས་ཀྱང་སྐྱེ་བའི་སྲིད་པར་སྣང་ཚེ་རྒྱལ་བའི་བདེན་པའི་མཐུ། །སྔགས་ཀྱིས་ནུས་པས་ཐ་མལ་སྐྱེ་འོས་མངལ་དུ་མི་འཇུག་པར། །འདོད་གཟུགས་གཙོ་བོ་མཁའ་སྤྱོད་རིག་འཛིན་གྲོང་དུ་སྔགས་ལམ་ལ། །སྤྱོད་པའི་སྐལ་ལྡན་ལུས་དེས་བྱང་ཆེན་བགྲོད་བྱེད་སྐྱེ་འཛིན་ཤོག ། ༡༠༧ གལ་ཏེ་མི་རུ་སྣང་བར་གྱུར་ན་འཛམ་གླིང་ཆུང་ངུའི་བྱང་། །མི་བདག་ས་བཅུ་པས་བྱས་ཤམྦྷ་ལ་ཡི་ཡུལ་གྱི་དབུས། །ཀཻ་ལ་ཤ་སྟེང་ལྷ་ཡི་གྲོང་བཞིན་ཕུན་ཚོགས་མི་ཡི་ལྗོངས། །རྡོ་རྗེའི་རིགས་ལྡན་གྱིས་སྐྱོང་གནས་དེར་ཁམས་དྲུག་ལྡན་པའི་ལུས། ། ༡༠༨ དལ་འབྱོར་རྒྱན་ཐོབ་སྐྱེ་མ་ཐག་ཏུ་སྨྲ་ཤེས་འགྲོ་ཤེས་ཤིང་། །སྔོན་གྱིས་སྨོན་ལམ་དྲན་བཞིན་རིགས་ལྡན་ཞབས་ཀྱི་པདྨོར་བསྙེན། །སེམས་དཔའ་ཆེ་དེས་བརྩེ་བས་ཡོངས་སུ་རྗེས་གཟུང་སྨིན་གྲོལ་ཐོབ། །ལུས་དེས་དང་པོའི་སངས་རྒྱས་གོ་འཕང་བར་མེད་ཉིད་བགྲོད་ཤོག ། ༡༠༩ ཡང་གཅིག་ཆུ་བོ་སི་ཏའི་ལྷོར་གྱུར་འཕགས་པའི་ཡུལ་གྱི་ཆར། །སྐྱེས་པར་གྱུར་ཀྱང་མཐའ་ཁོབ་དང་ནི་གྲུབ་མཐའ་ངན་པ་ཡི། །རྗེས་སུ་འབྲང་མིན་དམ་པའི་ཆོས་སྟོན་རྣམ་དག་ཤེས་ཀྱིས་ཟིན། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་དབང་བསྐུར་བསྐྱེད་རྫོགས་དྲོད་ཚད་ཐོབ། ། ༡༡༠ བླ་མ་ལྷ་ཡི་གནང་བའི་མཚན་མ་ཐོབ་ནས་ཤམྦྷ་ལར། །འཇུག་པའི་བློ་ལ་ནམ་ཡང་ཞུམ་མེད་མཐའ་ཡས་འགྲོ་བ་ཡི། །སྒྲིབ་པ་སྦྱངས་སླད་ཀེ་ལ་ཤར་ཕྱིན་ས་བཅུའི་དབང་ཕྱུག་གི །རྗེས་གཟུང་མཆོག་གྲུབ་འགྲོ་ཀུན་འདྲེན་པའི་དཔའ་བོར་བདག་གྱུར་ཤོག ། ༡༡༡ མདོར་ན་ཡང་དག་རྫོགས་སངས་རྒྱས་ཀྱི་གོ་འཕང་མཆོག །མ་ཐོབ་བར་དུ་ངེས་དོན་ལྟ་བ་རྣམས་རིགས་དང་། །ཟུང་འཇུག་ལམ་མཆོག་ཨ་ཏི་ཟབ་གསལ་རྡོ་རྗེ་སྤྱོད། །འགྲོ་ཀུན་ལྟ་སྒོམ་དེ་ལ་གཞུག་བྱེད་བདག་གྱུར་ཤོག །ཚེ་རབས་རྟག་ཏུ་ས་བཅུའི་འཕགས་པ་མཇལ། །དབང་ཕྱུག་ཡོན་ཏན་བརྒྱད་ལྡན་མྱུར་དུ་ཐོབ། །མ་ནོར་ལམ་ལ་འགྲོ་ཀུན་འདྲེན་བྱེད་ནས། །ཚོམ་བུ་གཅིག་ཏུ་སངས་རྒྱས་གྲུབ་པར་ཤོག །དེ་ལྟར་འཛམ་གླིང་པ་ཡི་དུམ་བུ་ལྷོ་ཕྱོགས་འཛམ་གླིང་ཆུང་ངུའི་བྱང་གྱུར་ཤམྦྷ་ལ་ཡི་དབུས་གྱུར་ཀཻ་ལ་ཤར་མི་ཡི་བདག་པོ་སེང་གེ་བདེན་ཅན་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྲུལ་བཞི་བོད་དུ་བྱོན་པའི་ཤིང་རྟ་དམ་པར་གྱུར་པ་དག་གི་བཞེད་པ་ཅུང་ཟད་མི་འདྲ་བ་ལ་བརྟེན་སྐུ་ཡི་བཀོད་ཚུལ་ཡང་མང་དུ་ཡོད་མོད། དེ་ལས་འདིར་ནི་ཆོས་རྒྱལ་རིག་ལྡན་སུམ་ཅུ་རྩ་གཉིས་སམ་སུམ་ཅུ་རྩ་དྲུག་གི་སྤྲུལ་བཞི་ནི། འཇིག་རྟེན་དབང་ཕྱུག་དོལ་པོ་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་གསུང་ལྟར་ལ། སྐུ་ཡི་བཀོད་པ་དེ་ཡི་རྗེས་འབྲང་འབྲི་འབུར་མང་དུ་བཞུགས་པ་ལས་མཆོག་ཏུ་རྗེ་བཙུན་དམ་པ་སྒྲོལ་བའི་མགོན་པོ་ནས་ཇོ་ནང་དམ་ཆོས་གླིང་གི་མཐིལ་ཁང་རྡོ་རྗེའི་རྣལ་འབྱོར་བསྒྲུབ་པའི་གཟིམ་སྤྱིལ་ལོག་བྲིས་སུ་རང་བཞེད་ཁྱད་པར་བ་འཁོད་པ་མཛད་པ་དེ་ཤིན་ཏུ་ལེགས་ཤིང་བཀོད་པ་རྒྱས་པར་མཐོང་བས་འདིར་ཡང་དེ་དོན་བཞིན་བརྗོད་པར་བྱེད་པ་ཡིན་ནོ། །དེ་ཡང་ས་བཅུའི་དབང་ཕྱུག་ཆོས་རྒྱལ་རིགས་ལྡན་འདི་དག་གི་མཚན་ལན་གཅིག་ཐོས་པས་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ། དེ་ཕྱིར་མི་ལྡོག་པ་བྱང་ཆུབ་མཆོག་གི་ལམ་ལ་ངེས་པར་བཀོད་པའི་ཕན་ཡོན་ཆེན་པོ་ཡིད་དྲངས་ནས་མངོན་རྟོགས་དང་བཅས་པའི་ཕྱག་འཚལ་ནི་སྔོན་ཆད་གཞན་གྱི་མཛད་པ་ཞིག་མ་མཐོང་བས་རང་ཉིད་ཀྱི་བྲི་འདུན་རིང་ནས་བྱུང་ཡང་ལེ་ལོར་གྱུར་པ་ལས། སླར་ས་བཅུ་པ་འདི་རྣམས་ཀྱི་སྐུ་ཡི་སྣང་བ་བློ་ལ་བཀོད་པར་འདོད་པ་དག་འབྱུང་སྲིད་ཚེ་འཕགས་པའི་སྐྱེས་བུ་མཆོག་གི་བཀོད་པ་བྱིན་རླབས་ཆེ་ཞིང་ཁུངས་དང་ལྡན་པ་འདི་ལྟས་ཤིན་ཏུ་ཕན་པར་མཐོང་བས་བསྐུལ་ནས་ལྷག་པའི་བསམ་པས་ཇོ་སྣང་ཡབ་སྲས་ཀྱི་བཞེད་པ་ཇི་བཞིན་པར་རྒྱལ་དང་ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ་བའི་རིམ་པ་གངས་ཅན་ཟླ་བའི་ཆུ་གཏེར་ཞེས་བྱ་བ་ཚིགས་སུ་བཅད་པ་དབང་པོ་བདེ་འབྱུང་གི་གྲངས་དང་ལྡན་པ་ནི། དོན་གྲུབ་ཞེས་ས་མོ་ལུག་གི་ལོ་ས་ག་ཟླ་བའི་དགའ་བ་གཉིས་པ་ཀུན་མཁྱེན་དོལ་པོ་པའི་དུས་ཆེན་སྐབས་སུ་དབུ་བརྩམས་ནས་ཐུན་བར་དུ་ཚིགས་བཅད་རེ་ཟུང་བྲིས་པའི་འཕྲོ་རྒྱལ་བ་མངོན་པར་བྱང་ཆུབ་པའི་དུས་ཆེན་ཚེས་བཅོ་ལྔ་ལ་གྲུབ་པར་རྡོ་རྗེའི་རིག་འཛིན་ཚེ་དབང་ནོར་བུ་ཁྲོ་འདུལ་རྡོ་རྗེ་སེམས་དཔའ་འམ་མིང་གཞན་དུ་འཇིག་རྟེན་དབང་ཕྱུག་ཐུགས་རྗེས་ཆུ་རྒྱུན་ཆད་པ་མེད་པའི་དཔལ་ཞེས་པས་ཀོང་ཡུལ་ཉང་ཁ་ཅུམ་རིའི་གཡས་འདབས་བསམ་གཏན་ནགས་ཁྲོད་དུ་བཀོད་པར་བྱེད་པའོ། །འདིར་སྨྲས་པ། སངས་རྒྱས་ས་བཅུའི་དབང་ཕྱུག་ཚུལ་བསྟན་ནས། །དེ་ཡང་རྡོ་རྗེ་རིག་ལྡན་མི་བདག་ཚུལ། །འདི་ལྟའི་མཚན་ཙམ་གྱིས་ཀྱང་འཁོར་བ་ཡི། །སྡུག་བསྔལ་མཐའ་དག་དྲུང་ནས་འབྱིན་བྱེད་ན། །གང་སྐུ་ཡིད་ལ་བྱས་ནས་གུས་པ་ཡི། །བརྟེན་ན་བྱང་ཆེན་དངོས་ལ་ཅི་མི་སྦྱོར། །དེ་ན་དོན་ཆེན་མཆོག་ལ་རིགས་འདོད་ཀུན། །ཚུལ་འདི་རབ་ཏུ་འབད་པས་སྒྲུབ་འོས་ཡིན། །དེས་ན་བདག་གི་འདི་བགྱིས་དགེ་བ་ཡང་། །མི་བདག་ས་བཅུའི་མགོན་པོས་འཕྲིན་ལས་སྒྱུར། །བསྔོ་མཐུས་མཐའ་ཡས་འགྲོ་ཀུན་རིགས་ལྡན་མ། །ཆེར་གུས་ཞལ་མཇལ་དངོས་གྲུབ་མཆོག་ཐོབ་ཤོག །ཞེས་པའང་དཔལ་ཚེ་དབང་ནོར་བུས་ངེས་པར་བརྗོད་པའོ། །མངྒ་ལཾ། དགེའོ། །དགེའོ། །དགེའོ། །

དཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིག

དཔལ་ལྡན་རྩ་བའི་བླ་མ་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ་བརྩེགས་པ།

༄༅། །དཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིག་བཞུགས་སོ། །

༈ དཔལ་ལྡན་རྩ་བའི་བླ་མ་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ་བརྩེགས་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །

རྒྱལ་ཀུན་འབྱུང་གནས་ཆོས་ཀུན་གདོད་མ་ཡི། །གནས་ལུགས་སྒྲིབམེད་རང་བྱུང་རྫོགས་སངས་རྒྱས། །རྣམ་ཀུན་མཆོག་ལྡན་ཀུན་ཁྱབ་བདེ་བ་ཆེ། །ཀུན་བཟང་གདོད་མའི་མགོན་པོར་ཕྱག་འཚལ་ལོ། །གཞི་དབྱིངས་སྙིང་པོ་མེ་ཏོག་རྒྱས་པ་རུ། །མཆོག་གི་སྤྲུལ་སྐུའི་ཞིང་ཁམས་རབ་འབྱམས་ཀུན། །མཚན་དཔེ་གསལ་བར་སྐུ་ལས་ཉེར་སྤྲུལ་མཛད། །སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ། །མི་མཇེད་སྐལ་བ་བཟང་པོའི་ཞིང་ཁམས་འདིར། །སངས་རྒྱས་སྟོང་གི་བཀའ་ཡི་བསྡུ་བ་པོ། །གསང་གསུམ་དབྱེར་མེད་ངོ་བོ་ལྷུན་གྲུབ་པ། །བཅོམ་ལྡན་ལག་ན་རྡོ་རྗེར་ཕྱག་འཚལ་ལོ། །རྨད་བྱུང་རྫོགས་པའི་སངས་རྒྱས་ཐུབ་དབང་གི །ཉེ་གནས་མཆོག་གྱུར་སྤྲུལ་པའི་དགྲ་བཅོམ་པ། །སྡེ་སྣོད་རྣམ་གསུམ་བཀའ་ཡི་བསྡུ་བ་པོ། །འཕགས་པ་ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་ལ་སྨྲ་བའི་ཉི་མ་ཆེ། །རིགས་པའི་པད་ཚལ་ཀུན་ཏུ་རྒྱས་མཛད་མགོན། །སྨྲ་བའི་སེང་གེ་མུ་སྟེགས་རི་དྭགས་དགྲ། །སློབ་དཔོན་ཕྱོགས་ཀྱི་གླང་པོར་ཕྱག་འཚལ་ལོ། །བདག་ཉིད་ལྟ་བའི་བྲག་རི་མཁྲེགས་པོ་ཀུན། །བདག་མེད་སྨྲ་བ་རྡོ་རྗེ་དགྲ་བརྒྱ་པས། །འཇོམས་མཛད་སྤྲོས་བྲལ་སྨྲ་བའི་ཁྱུ་མཆོག་ཆེ། །དཔལ་ལྡན་ཟླ་བ་གྲགས་པར་ཕྱག་འཚལ་ལོ། །གངས་ཅན་མགོན་པོའི་མི་རྗེ་སྤྱན་རས་གཟིགས། །སྲོང་བཙན་སྒམ་པོའི་བཀའ་བཞིན་དམ་ཆོས་བརྡའ། །བོད་དུ་སྔར་མེད་གསར་འདྲེན་ངག་དབང་ཕྱུག །དྲིན་ཆེན་ཐོན་མིའི་ཞབས་ལ་ཕྱག་འཚལ་ལོ། །མཁས་ཤིང་གྲུབ་མྱུར་དུར་ཁྲོད་ཕུང་ལུང་དུ། །དཔལ་ཆེན་སྟོབས་ལྡན་ནག་པོའི་བདག་ཉིད་དང་། །མཚུངས་པར་དབང་བསྐུར་དྲག་སྔགས་ཀུན་གྱི་བདག །རིག་འཛིན་ཞི་བ་སྙིང་པོར་ཕྱག་འཚལ་ལོ། །དེ་དང་དུས་མཚུངས་བོད་ཡུལ་འཇིག་རྟེན་མིག །ཀུན་གྱི་འཁོར་ལོར་བསྒྱུར་བ་ཐེག་དགུའི་བདག །འཇམ་དཔལ་ཐུགས་དང་དབྱེར་མེད་འོད་སྐུ་གཤེགས། །ལོ་ཆེན་བཻ་རོ་ཙ་ནར་ཕྱག་འཚལ་ལོ། །སླར་ཡང་བསམ་བཞིན་མདོ་སྨད་གློ་ཐང་དུ། །སྨོན་ལམ་དབང་གི་སྐྱེ་བ་སྤྲུལ་པའི་སྐུ། །རྫོགས་ཆེན་སེམས་ཕྱོགས་ཉིན་ལྟར་བརྡལ་མཛད་མགོན། །ཡེ་ཤེས་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །མི་ཉག་ཡུལ་འཁྲུངས་འཕགས་པའི་ཡུལ་དུ་གཤེགས། །གནས་ལྔ་རིག་པའི་རྩེར་སོན་གྲུབ་པ་བརྙེས། །རྡོ་རྗེ་གདན་པའི་མཚན་ཅན་བཞི་པར་གྱུར། །ཙ་མི་སངས་རྒྱས་གྲགས་པ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་གཉིས་དང་སྐྱེས་མཆོག་བཞིའི། །གདམས་ངག་བཅུད་ལེན་ཁྱུང་པོ་རྣལ་འབྱོར་དང་། །དེའི་ཐུགས་སྲས་ཞང་སྒོམ་ཆོས་སེང་སྟེ། །ཡབ་སྲས་ཐུགས་བརྒྱུད་གཅིག་ལ་ཕྱག་འཚལ་ལོ། །དེ་དང་དུས་མཚུངས་ཉིད་དུ་ལ་སྟོད་བྱང་། །འབྲོག་མའི་ལོ་ཙྪའི་ཐུགས་སྲས་ཀུན་གྱི་མཆོག །གྷ་ཡ་དྷ་རའི་གསེར་ཆོས་གཅིག་ཆར་གསོལ། །སེ་སྟོན་ཀུན་རིགས་ཞབས་ལ་ཕྱག་འཚལ་ལོ། །ཆུ་སྟོད་ཟླ་གཟུགས་ཇི་བཞིན་སྤྲུལ་པའི་སྐུ། །འུག་པ་ལུང་དུ་སྔ་འགྱུར་བླ་མེད་ཆོས། །རྒྱུད་ལུང་མན་ངག་ཉི་བཞིན་བརྡལ་བ་པོ། །ཟུར་ཆེན་ཤཱཀ་འབྱུང་ཞབས་ལ་ཕྱག་འཚལ་ལོ། །བསྟན་པའི་འབྱུང་ཁུངས་དབུ་རུ་ལྷ་ལྡན་འདབ། །སྐུ་འཁྲུངས་ཡིན་ངེས་བཞི་ཡི་རྗེས་སུ་བཟུང་། །ཕག་མོས་སྲས་གྱུར་གསང་བའི་མཚན་བརྒྱད་བརྙེས། །སྐྱེ་མེད་བརྩོན་འགྲུས་གྲགས་པར་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱར་སྡེ་སྣོད་གསུམ་གྱི་བདག །འཇམ་དཔལ་དཔའ་བོས་བྱིན་རླབས་འཛམ་གླིང་འདིར། །ཟླ་མེད་ཉིད་ལྟར་གསལ་བའི་པཎྜི་ཏ། །ཀུན་དགའ་རྒྱལ་བའི་མཚན་ལ་ཕྱག་འཚལ་ལོ། །མདོ་ཁམས་ཀཿཐོག་དམ་པ་བདེ་གཤེགས་ཀྱི། །ཐུགས་དང་གཉིས་སུ་མེད་པ་སློབ་མའི་ཚུལ། །སྒྱུ་འཕྲུལ་འདུས་མདོ་རྫོགས་ཆེན་སྒྲོན་མེ་སྦར། །གཙང་སྟོན་རྡོར་རྒྱལ་མཚན་ལ་ཕྱག་འཚལ་ལོ། །རྒྱལ་གྱི་ཙིབ་རིའི་ཉེ་འདབ་ལྷ་གདོང་དུ། །སྙིང་པོའི་བསྟན་པ་རྒྱས་མཛད་འགྲོ་བའི་མགོན། །ཡེ་ཤེས་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་ཆེ། །ཡང་མགོན་ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །ཇོ་ནང་གནས་སུ་རིགས་ལྡན་སྤྲུལ་པའི་སྐུ། །གངས་རིའི་ཁྲོད་འདིར་རྡོ་རྗེ་རྣལ་འབྱོར་གཙོ། །མི་ཞིག་དང་མ་གསུམ་གྱི་སྐུ་བརྙེས་པ། །ཐུགས་རྗེས་བརྩོན་འགྲུས་ཆེ་ལ་ཕྱག་འཚལ་ལོ། །རིན་ཆེན་གླིང་སོགས་རྩོད་མེད་གཏེར་ཆེན་བདུན། །སློབ་མར་འདུས་ཤིང་སྨོན་གྲོལ་དགའ་སྟོན་རྒྱས། །ཐར་པའི་དེད་དཔོན་ཀོང་ཡུལ་བུ་ཆུར་འཁྲུངས། །འཁྲུལ་ཞིག་བདེ་བ་ཡངས་པར་ཕྱག་འཚལ་ལོ། །ཕྱི་ནང་གཙུག་ལག་ཀུན་ལ་དབང་བསྒྱུར་ཞིང་། །རྡོར་སེམས་ཕག་མོས་བྱིན་རླབས་འཇིགས་མེད་ངག །དེ་གཉིས་འདུས་པའི་རྒྱ་མཚོ་ཆེར་རྒྱས་པ། །བོ་དོང་དབྱངས་ཅན་དགའ་བར་ཕྱག་འཚལ་ལོ། །སྤྲུལ་སྐུ་སྐྱེ་འཕྲལ་གུ་རུའི་ཞལ་གཟིགས་ནས། །ཡེ་ཤེས་མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། །ཟབ་མོའི་གཏེར་ཁ་དང་རྩ་བརྒྱད་བཞེས། །ཨོ་རྒྱན་རྡོ་རྗེ་གླིང་པར་ཕྱག་འཚལ་ལོ། །ཐུགས་རྗེའི་འཇུག་པས་ཤངས་ཀྱི་ལྷ་བུར་འཁྲུངས། །ཟབ་ཕུ་ལ་སོགས་གཏེར་སྒོ་དཔག་མེད་ཕྱེས། །དྲེགས་པའི་སྐྱེ་བོ་རྫུ་འཕྲུལ་མཐུ་ཡིས་བཏུལ། །པདྨ་ཀུན་སྐྱོང་གླིང་པར་ཕྱག་འཚལ་ལོ། །གང་འདུལ་སྐུར་སྟོན་མདོ་ཁམས་ཉག་རོང་དུ། །བཤན་རིགས་སྐུ་བལྟམས་གཡུང་དྲུང་བོན་གཏེར་སྟོན། །མཐུ་སྟོབས་ནུས་པས་གདུག་པ་ཚར་གཅོད་མཛད། །བློ་གྲོས་ཐོགས་མེད་གྲགས་ལ་ཕྱག་འཚལ་ལོ། །འབྲོང་རི་སྨུག་པོར་བསྲུངས་མའི་ཟབ་གཏེར་སྒོ། །འབྱེད་མཛད་ཆུ་ཕོ་རྟོགས་ལྡན་ཞེས་ཀྱང་གྲགས། །དེ་ཡི་རིང་ལུགས་རྒྱས་མཛད་ལ་སྟོན་པ། །ནམ་མཁའ་རིན་ཆེན་ལ་ཡང་ཕྱག་འཚལ་ལོ། །ཚེ་རབས་མང་པོར་དཔལ་ལྡན་ཀ་རྨཀཱ་ཀཱས། །རྗེས་བཟུང་སྒྱུ་ལུས་རྨི་ལམ་འོད་གསལ་འབྱོངས། །འཕགས་ཡུལ་མི་ཏྲ་ཛོ་ཀིའི་བསྟོད་བསྔགས་ཡུལ། །མི་ཉག་གྲགས་རིན་པ་ལ་ཕྱག་འཚལ་ལོ། །དེ་དག་དུས་མཚུངས་བོད་ཡུལ་དབུ་རུའི་ཆར། །ཀུན་བཟང་གྲུབ་པའི་དཔའ་བོ་དབུས་སྨྱོན་པ། །གཙང་གི་བྱ་གཤོང་རིང་ལུགས་སྨྲ་བའི་དབང་། །འབུམ་ཕྲག་གསུམ་པར་གྲགས་པའང་ཕྱག་འཚལ་ལོ། །ལུང་དང་རྟོགས་པའི་ཡོན་ཏན་ཀུན་གྱིས་བརྒྱན། །གུ་རུ་པདྨའི་ཟབ་གཏེར་རྩོད་ལེན་བསྟོན། །སྐལ་ལྡན་སྨིན་གྲོལ་སར་བཀོད་འཕྲང་ཕུ་བ། །ཤེས་རབ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཁའ་སྤྱོད་ཞིང་དུ་ཧེ་རུ་ཀ །དཔའ་བོ་མཁའ་འགྲོ་ཚོགས་རྗེ་ཚོགས་ཀྱི་བདག །སྔགས་ཀྱི་ཐེག་པ་སྟོན་མཛད་བཅོམ་ལྡན་འདས། །དཔའ་བོ་ཐོད་པའི་དུམ་བུར་ཕྱག་འཚལ་ལོ། །གདུལ་བྱའི་དོན་དུ་སྐྱེ་བའི་འཕྲེང་བ་ཉིད། །ཡང་ཡང་བལྟམས་ནས་སྨིན་གྲོལ་ཆོས་འཁོར་བསྐོར། །མཐའ་ཡས་འགྲོ་བ་འདྲེན་པའི་གཉེན་གཅིག་པུ། །སྣང་མཛད་རྣམ་སྤྲུལ་ཀུན་ལ་ཕྱག་འཚལ་ལོ། །རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་དུས་འདིར། །གསུང་གི་རྡོ་རྗེར་པདྨ་འབྱུང་གནས་ཀྱི། །ཐུགས་ཀྱི་འོད་ཟེར་རྣམ་སྣང་མཛད་དབྱེར་མེད། །གུ་རུ་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །གདུལ་དཀའི་འདྲེ་སྲིན་བདུག་པ་དམ་ལ་བཏགས། །དམུ་རྒོད་སེམས་ཅན་མང་པོ་མཐར་ལམ་བཀོད། །འབྲེལ་ཚད་འགྲོ་ཀུན་བདེ་ཆེན་མཆོག་ལ་སྦྱོར། །པདྨ་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །གུ་རུའི་ཐུགས་བཅུད་མཁའ་འགྲོའི་གསང་གཏེར་སྟོན། །རང་དོན་གདེང་བཞིའི་དྲོད་ཚད་མངོན་དུ་གྱུར། །གཞན་དོན་ངེས་གསང་བརྟན་རྒྱུན་ཆད་མེད་སྤེལ། །ཀུན་བཟང་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །མ་འོངས་དུས་ན་སླར་ཡང་སྤྲུལ་པ་ཡིས། །མི་ཉག་དུར་ཁྲོད་ཕག་གདོང་རི་བོ་ནས། །མཁའ་འགྲོ་དགོངས་འདུས་ཟབ་གཏེར་སྟོན་ནས་ཀྱང་། །སྨིན་གྲོལ་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །བསྐལ་བཟང་ཞིང་འདིའི་སངས་རྒྱས་སྟོང་མཐའ་མ། །སངས་རྒྱས་དགུ་བརྒྱ་དགུ་བརྒྱ་རྩ་དགུ་ཡི། །མཛད་འཕྲིན་གཅིག་ཅར་སྐྱོང་བའི་འདྲེན་པ་ཆེ། །བཅོམ་ལྡན་མོས་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་བདག་བློ་མོས་པ་ཁོ་ན་ཡི། །རྒྱལ་བའི་སྤྲུལ་སྐུར་བསྔགས་པ་མ་ལགས་མོད། །གཤིས་ལུགས་ཉིད་དུ་རྒྱལ་བའི་དབང་པོ་རུ། །ཡེ་གྲུབ་བླ་མ་མཆོག་དེར་ཕྱག་འཚལ་ལོ། །ངེས་དོན་མཁའ་ཁྱབ་རྒྱལ་བ་ཡིན་མོད་ཀྱང་། །གདུལ་བྱའི་དོན་དུ་འཛམ་གླིང་ལས་ཀྱི་སར། །མི་ཡི་སྐྱེས་བུ་ལམ་ནས་སེམས་པའི་ཚུལ། །སྟོན་མཁས་རྒྱལ་བ་གཉིས་པར་ཕྱག་འཚལ་ལོ། །གང་ཞིག་ཁྱེད་ནི་འགྲོ་འོང་གནས་པ་མེད། །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །འགྲོ་བའི་དོན་དུ་སྐྱེ་འཕོའི་ཚུལ་སྟོན་མཛད། །སྤྲུལ་པའི་སྐྱེ་འཕྲེང་འཛིན་དེར་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ཀྱི་རྣམ་རོལ་ཆུ་གཏེར་ཉིད། །གཞལ་བར་སུ་ནུས་བདག་བློས་ཁོ་ན་ཡིས། །སོར་རྩེའི་ཆུ་ཐིགས་ཙམ་བརྗོད་དགེ་འདིའི་ཡང་། །མགོན་པོ་ཁྱེད་འགྲུབ་ཁྱེད་ཞལ་རྟག་མཐོང་ཤོག །བདག་གི་ཐོག་མེད་དུས་ནས་ད་ལྟའི་བར། །དུས་གསུམ་བསགས་ཡོད་དགེ་བའི་ཚོགས་ཐ་དག །ཚེ་སྲོག་ལུས་དང་ལོངས་སྤྱོད་དབང་ཐང་བཅས། །མགོན་ཁྱེད་ལ་འབུལ་བརྩེ་བས་བཞེས་སུ་གསོལ། །བདག་ནི་མི་ཤེས་བྱིས་པ་རང་བཞིན་གྱིས། །སྒོ་གསུམ་ཉེས་པའི་སྤྱོད་པ་འབའ་ཞིག་པས། །རྡོ་རྗེ་ཐེག་པ་དམ་ཚིག་ཉེས་པའི་ཆ། །མཆིས་ཀུན་མཐོལ་བཤགས་སྒྲིབ་མེད་དག་ཚངས་སྩོལ། །མགོན་ཁྱོད་ལ་སོགས་རྒྱལ་དང་རྒྱལ་བ་སྲས། །སློབ་མའི་ཚོགས་དང་སོ་སོའི་སྐྱེ་ཀུན་གྱི། །ཚོགས་གསུམ་དགེ་བའི་བྱ་བ་བགྱིས་ཀུན་ལ། །སྙིང་ནས་གུས་པ་ཆེན་པོས་ཡི་རང་ངོ་། །མཚུངས་མེད་མགོན་ཁྱེད་གང་དུ་སྐུ་བལྟམས་ནས། །དམ་ཆོས་བདུད་རྩི་འགྱེད་པའི་དུས་བབས་ཚེ། །དེ་ཡི་སྒོ་འཕར་དབྱེ་བའི་གསལ་འདེབས་པོ། །བདག་སྐྱེ་ཇི་སྲིད་བར་དུ་བྱེད་པར་ཤོག །མ་དག་གདུལ་བྱ་སྐྱོ་བ་བསྐྱེད་པའི་ཕྱིར། །མགོན་ཁྱེད་ཞིར་གཤེགས་བཞེད་ཚེ་སངས་རྒྱས་ལ། །བཙུན་ད་ཇི་བཞིན་ཁྱེད་སྐུ་བསྐལ་པ་ཆེར། །འཚོ་བཞེས་གསོལ་འདེབས་བདག་གི་བྱེད་པར་ཤོག །བདག་གི་བླ་མ་མཆོག་ལ་ཆེས་གུས་པས། །ཕྱག་འཚལ་མཆོད་འབུལ་གཤགས་དང་ཡི་རང་བ། །བསྐུལ་ཞིང་གསོལ་འདེབས་ལ་སོགས་དགེ་ཚོགས་ཀུན། །དཔལ་མགོན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ལས། །རང་ལ་བཀའ་དྲིན་ཆེ་བའི་སྒོ་ནས་ལྷག །དེས་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆི། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །བདག་གི་དྲིན་ཆེན་ཕ་མ་འབའ་ཞིག་སྟེ། །ཀུན་ཀྱང་བླ་མེད་བླ་མའི་གོ་འཕང་ལ། །བཀོད་ཕྱིར་བདག་གི་བྱང་ཆུབ་སེམས་བསྐྱེད་དོ། །མི་ཀློག་སྙིང་པོ་ལྟ་བ་རྣམས་དག་དང་། །ཕྱག་རྒྱ་ཆེན་པོའི་གནས་ལུགས་ཟབ་མོའི་དོན། །འོད་གསལ་རྡོ་རྗེ་སྙིང་པོར་མཉམ་སྦྱོར་བའི། །ཁྱེད་གཤེགས་ལམ་དེ་བདག་གིས་བརྟེན་བགྱིའོ། །དུས་འདི་ནས་རྩོམ་བྱང་ཆུབ་སྙིང་པོའི་བར། །བདག་གི་སྐྱེ་བ་ཚེ་རབས་ཇི་སྲིད་དུ། །ལུས་དང་སྲོག་ལ་ནམ་ཡང་ལྟོས་མེད་པར། །རྣམ་ཀུན་མགོན་པོ་ཁྱེད་དགྱེས་བསྒྲུབ་པར་ཤོག །བླ་མའི་སྐུ་གསུང་ཐུགས་ལ་མི་དད་པའི། །འགྲོ་རྣམས་བདག་གི་མཐུ་ཡི་ཉེར་བཏུལ་ཏེ། །མགོན་པོ་ཁྱེད་ལ་མི་ཕྱེད་དད་གུས་ཀྱིས། །ས་མཆོག་ཉིད་ལ་མྱུར་དུ་བཀོད་པར་ཤོག །ཁྱེད་ལ་དད་དང་གུས་གྱུར་མི་མི་མིན། །ཀུན་ཀྱང་ཚེ་རིང་མངའ་ཐང་དཔལ་འབྱོར་འཕེལ། །དབང་ཐང་མཐུ་སྟོབས་ཆེ་ཆེར་རྒྱས་གྱུར་ཏེ། །མགོན་ཁྱོད་བསྟན་ལ་བྱ་བ་བྱེད་པར་ཤོག །སངས་རྒྱས་ཐ་དད་དགྱེས་པའི་ལས་གཅིག་ཆོག །དཔལ་ལྡན་བླ་མ་མཆོག་ལས་གཞན་ཡོད་མིན། །དེ་ཕྱིར་བདག་གི་ལུས་སྲོག་ལོངས་སྤྱོད་ཀྱི། །ཚེ་རབས་རྟག་ཏུ་བླ་མ་མཆོད་པར་ཤོག །བླ་མ་དགྱེས་བྱེད་ལས་ལ་བདག་སྒོ་གསུམ། །ངལ་སྤངས་ཆོག་ཤེས་མེད་པར་དུས་རྟག་ཏུ། །སྲིད་ཞུ་བསྙེན་བཀུར་གུས་པའི་ཞབས་ཏོག་དང་། །བླ་མའི་སྙན་པ་བར་མེད་བརྗོད་པར་ཤོག །མདོར་ན་བླ་མའི་ཅི་མཛད་ལེགས་པར་མཐོང་། །ཅི་གསུང་དང་ལེན་ལེ་ལོ་སྙོམ་ལས་དབང་། །ཅུང་ཟད་ཙམ་ཡང་མ་སོང་དར་དྲག་པས། །ཐུགས་སུ་འཇུག་པའི་ལས་ལ་རྟག་བརྩོན་ཤོག །དམ་ཚིག་ཚུལ་བཞིན་བསྲུང་བའི་དམ་ཅན། །བདག་གི་སྤྱོད་ལམ་དམ་ཚིག་གཅིག་ཏུ་འདྲེས། །བླ་མའི་སྐུ་ལ་སྡང་བའི་དགྲ་བོ་རྣམས། །བདག་གི་སྐད་ཅིག་ཉིད་ལ་ཚར་གཅོད་ཤོག །བླ་མའི་ཐུགས་སུ་བྱོན་པའི་སྲས་ཉེའི་འཁོར། །ཀུན་ལ་བླ་མ་ཇི་བཞིན་བལྟ་བྱས་ནས། །དེ་དག་ལ་ཡང་སྨན་པའི་བྱ་བ་གང་། །རྟག་ཏུ་ལྷུར་རུ་བླང་ནས་བསྒྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཤེས་རབ་རྣམ་དག་དང་། །དམ་ཆོས་བསྒྲུབ་བརྩོན་སྒོ་གསུམ་བྲན་དུ་འབུལ། །རིན་ཆེན་འབྲུ་སྨན་དར་ཟབ་ལ་སོགས་པ། །མངོན་མཐོའི་འབྱོར་པས་བླ་མ་རབ་མཆོད་ཤོག །ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་གཅིག་ཅར་སྒྲུབ་ཐབས་བླ་མ་ཡི། །འཕྲིན་ལས་སྤེལ་ལས་ཡོད་མིན་དེ་ཕྱིར་བདག །བླ་མའི་འཕྲིན་ལས་མཆོག་རྒྱར་རྟག་སྤེལ་ཤོག །བླ་མ་དགྱེས་ན་མནར་མེད་དམྱལ་མེ་ཡི། །བསྐལ་པ་རྒྱ་མཚོར་བསྲེགས་ཀྱང་མི་སུན་ཅིང་། །བླ་མ་མ་དགྱེས་སྲིད་ཞིའི་དཔལ་འབྱོར་ཀུན། །མི་གཙང་རྫས་བཞིན་རིང་དུ་སྤོང་བར་ཤོག །མདོར་ན་རྩ་བའི་བླ་མ་རྫོགས་སངས་རྒྱས། །དགྱེས་པའི་ལས་ལ་འཁོར་མ་ཡུན་གཅོད་ཅིང་། །མི་དགྱེས་སྐད་ཅིག་དུས་མཐའི་ཡུན་ཙམ་ཡང་། །ཡོངས་སྤང་སྙིང་ནས་གུས་པས་བརྟན་པར་ཤོག །བདག་ནི་སངས་རྒྱས་གོ་འཕང་ཡང་མི་སྨོན། །བྱང་སེམས་འཕགས་པ་དག་པའི་ས་ཆེན་པོ། །བླ་མའི་ཐུགས་རྗེས་མྱུར་ཐོབ་ཚུལ་དེ་ཡི། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །དག་སར་གནས་པའི་བྱང་སེམས་སྨོས་ཅི་འཚལ། །གལ་ཏེ་བདག་ཉིད་རྫོགས་སངས་རྒྱས་སྲིད་ན། །མགོན་ཁྱོད་སྐུ་ཡི་བཀོད་པ་བདག་གི་གཙུག །རིགས་ཀྱི་བདག་པོའི་ཚུལ་དུ་བརྒྱན་པར་ཤོག །དེ་ལྟར་བླ་མ་མཆོག་ལ་རབ་གུས་པས། །དུས་གསུམ་ཀུན་ཏུ་སྨོན་ལམ་བཏབ་པ་རྣམས། །མི་བསླུ་ཇི་བཞིན་བདེན་པ་ཉིད་འགྲུབ་པར། །དཀོན་མཆོག་རྩ་གསུམ་རྒྱ་མཚོས་མཛད་དུ་གསོལ། །

ཞེས་དུས་གསུམ་སངས་རྒྱས་མ་ལུས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་འདུས་པའི་བདག་ཉིད་ཀྱི་དཔལ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་དང་དབྱེར་མ་མཆིས་པ། རྒྱན་མཆོག་སྲོག་གི་དང་མ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་སྐྱེ་འཕྲེང་ཇི་སྙེད་རྣམས་ལ་ཕྱག་འཚལ་གསོལ་འདེབས་སྨོན་ལམ་བཅས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་འདི་ནི་སྟོད་མངའ་རིས་གངས་རི་ཆེན་པོ་རིའི་སེའི་ནུབ་ཕྱོགས་ཀླུང་སེངྒེ་ཁ་འབབ་ཀྱི་ལྗོངས་སྐོར་གསུམ་ལས་གཡའ་ཡི་བསྐོར་བ་མར་ཡུལ་གྱི་སྟོད་ཝམ་ལེ་བདེ་ཆེན་རྣམ་རྒྱལ་དུ་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་གསར་དུ་འཆར་བ་རྒྱལ་ཟླའི་ཚེས་བཅུ་ལོ་དུས་ཀྱི་མཆོད་པའི་སྐབས་སུ། རྗེ་བཙུན་བླ་མའི་བཀའ་འབངས་ཐམས་ཅད་ཀྱི་མཐའ་ནས་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་སྡེ་དཔལ་ཀུན་ཏུ་རྒྱས་པ་མི་ཕྱེད་སྙིང་ནས་གུས་པའི་སྤུ་ལོང་གཡོ་བཞིན་དུ་བཀོད་པའི་འཕྲོ་ཅུང་ཟད་པ་ནི་ཟླ་བ་དེའི་དཀར་ཕྱོགས་རྒྱལ་བ་གསུམ་པ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ་གྲུབ་པར་བྱས་པ་སྟེ། དགེ་བས་སྐྱེ་བ་ཀུན་ཏུ་མགོན་པོ་དེའི་རྗེས་སུ་བཟུང་བའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།

ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་ཀྱི་འཁྲུངས་རབས་ཀྱི་འཕྲེང་བར་གསོལ་བ་འདེབས་པ།

ཨོཾ་སྭཱསྟི། ན་མོ་མ་ཧཱ་གུ་རུ་པདྨ་སིདྡྷི་བ་ར་ཡ། རྒྱལ་བ་ཀུན་གྱི་ཆོས་ཉིད་ཀུན་ཏུ་བཟང་། །རང་གཟུགས་སྟུག་པོ་བཀོད་བདག་རྣམ་སྣང་མཛད། །རིགས་དང་གདུང་རྒྱུད་ཀུན་བདག་པོ་རྡོ་རྗེ་ཅན། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །ཐུབ་དབང་བཀའ་ཡི་སྡུད་པོ་ཀུན་དགའ་བོ། །འཛམ་གླིང་རྒྱལ་བསྟན་མཛེས་རྒྱན་ཕྱོགས་གླང་ཆེ། །བདག་མེད་སྨྲ་བའི་སེང་གེ་ཟླ་བ་གྲགས། །དཔལ་ལྡན་ཨོཪྻན་པ་ཡི་དབང་ཕྱུག་དེ་ཝ་ཀ །གངས་ཅན་མིག་གཅིག་ཐུ་མི་སམྦྷོ་ཊ། །ཙཱི་ནར་བསླབ་གསུམ་འཛིན་མཆོག་གང་བའི་མཚན། །དཔལ་ལྡན་འཕགས་ཡུལ་གྲགས་སྔགས་རིག་འཛིན་ཞི་བ་སྙིང་། །བོད་ཡུལ་མཁས་གྲུབ་ཡོངས་གཙོ་བཻ་རོའི་ཞབས། །ཐ་དད་སྐུར་སྟོན་དོན་དུ་ངོ་བོ་གཅིག །དཔལ་ལྡན་བྱང་ཆུབ་སེམས་ཉིད་གསལ་མཛད་ཨ་རོ་རྗེ། །སྔ་འགྱུར་བསྟན་པའི་སྒྲོན་མེ་ཟུར་ཆེན་པ། །ཐུབ་པའི་རྒྱལ་ཚབ་རྡོར་སྡེན་ཙ་མི་རྗེ། །དཔལ་ལྡན་མཁའ་འགྲོ་ནེ་གུའི་ཐུགས་སྲས་ཁྱུང་པོའི་ཞབས། །དེའི་ཐུགས་དང་དབྱེར་མེད་ཞང་ཆོས་སེང་། །འབྲོག་མའི་ཐུགས་བཅུད་འཇོ་མཛད་ས་ཀུན་རིག །དཔལ་ལྡན་རྒྱ་གར་དམ་པའི་སློབ་མ་དྲག་པོ་ཡི། །བཀའ་བབ་བཛྲ་ཀྲོ་དྷ་ཞེས་ཀྱང་བྱ། །སྐྱེ་མེད་སྙིང་རྗེའི་གར་བསྒྱུར་རྒྱལ་བ་ཞང་། །དཔལ་ལྡན་བླ་མ་གནས་ལྔ་རིག་པ་ཀུན་དགའ་རྒྱལ་བའི་མཚན། །གང་གི་ཐུགས་དང་དབྱེར་མེད་སློབ་མའི་ཚུལ། །ཡེ་ཤེས་མཁའ་འགྲོའི་ཚོགས་དཔོན་ཡང་དགོན་པ། །དཔལ་ལྡན་ཀཿཐོག་དམ་པའི་རྒྱལ་ཚབ་གཙང་སྟོན་པ། །ཇོ་སྣང་རིགས་ལྡན་ཐུགས་རྗེས་བརྩོན་འགྲུས་ཆེ། །བོ་དོང་འཇིགས་མེད་གྲགས་གྱུར་གསང་བ་སྦྱིན། །དཔལ་ལྡན་ཟབ་གཏེར་བརྒྱ་རྩ་སྟོན་མཛད་རྡོ་རྗེ་གླིང་། །གང་གི་རྣམ་འཕྲུལ་རྩོད་མེད་ཀུན་སྐྱོང་གླིང་། །མདོ་ཁམས་བོན་གཏེར་བློ་གྲོས་ཐོགས་མེད་པ། །དཔལ་ལྡན་འབྲོང་རིའི་གཏེར་སྟོན་ཆུ་ཕོ་རྟོགས་ལྡན་ཆེ། །གང་གི་རིགས་ལུགས་རྒྱས་མཛད་ནམ་རིན་པ། །སྒྱུ་ལུས་རྩལ་འབྱོངས་གྲགས་པ་རིན་ཆེན། །དཔལ་ལྡན་ཀུན་བཟང་གྲུབ་པའི་དཔའ་བོ་དབུས་སྨྱོན་པ། །དུས་མཚུངས་བྱ་གཤོངས་འབུམ་ཕྲག་གསུམ་པའི་མཚན། །བསམ་བཞིན་སྤྲུལ་སྐུ་འཕྲེང་བུ་གཏེར་སྟོན་རྗེ། །དཔལ་ལྡན་མཁའ་སྤྱོད་ཚོགས་རྗེ་བཅོན་ལྡན་འདས་ཐོད་དུམ། །དེ་སོགས་རིམ་པ་གཉིས་དང་དུས་གཅིག་ཏུ། །ཆུ་སྣོད་ཟླ་ལྟར་འགོག་མེད་སྤྲུལ་གར་ཅན། །དཔལ་ལྡན་དུས་འདིར་གུ་རུ་པདྨའི་རྒྱལ་ཚབ་མཆོག །གདུལ་དཀའི་འགྲོ་འདུལ་ངེས་སྟོན་བསྟན་སྲོག་འཛིན། །རྒྱལ་ཀུན་ངོ་བོ་པདྨ་བདེ་ཆེན་གླིང་། །དཔལ་ལྡན་བླ་མར་གང་གི་སྐུ་འཕྲེང་ངོ་མཚར་རྒྱ་མཚོ་ལས། །བདག་བློ་དད་པའི་སྙོམ་པས་ཅུང་ཟད་ཅིག །བླངས་ནས་བརྩེ་གཅིག་གུས་པས་གསོལ་འདེབས་ན། །ཐུགས་རྗེས་གཟིགས་ཤིག་དྲན་མཆོག་དངས་མའི་མགོན། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །ཁྱོད་ཀྱི་དངོས་རྒྱུད་སྤྲུལ་པའི་རྣམ་རོལ་ཀུན། །མི་འབྲལ་སྤྱི་བོའི་བརྒྱན་དུ་རྟག་བཟུང་ནས། །དགྱེས་པའི་ལས་འཁོར་མ་ཡུག་སྤྱོད་པར་ཤོག །མདོར་ན་སྔགས་ཀྱི་དམ་ཚིག་རྣམ་པར་དག །དེ་ཡི་ས་ལམ་ཡོན་ཏན་གོང་འཕེལ་རྒྱས། །འབྲལ་བྱེད་ཁྱབ་བདག་བླ་མ་རྡོར་སེམས་ཀྱི། །གོ་འཕང་མཆོག་ལ་བདག་གི་བཀོད་པར་ཤོག །

ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བཀའ་དྲིན་བཞི་ལྡན་དྲན་མཆོག་དངས་མའི་མགོན་པོ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་ཀྱི་འཁྲུངས་རབས་ཀྱི་འཕྲེང་བར་གསོལ་བ་འདེབས་པ་འདི་ཡང་གང་གི་བཀའ་འབངས་ཐམས་ཅད་ཀྱི་ཐ་ཤལ་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་བོད་ཡུལ་སྟོད་མངའ་རིས་དང་ཁ་ཆེའི་ཡུལ་མཚམས་མར་ཡུལ་ཝམ་ལེར་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཡར་ངོ་ཚེས་བཅུའི་ཐུན་བར་ཅིག་ཏུ་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ།

ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་རྣམ་རོལ་ལ་གསོལ་བ་འདེབས་པ།

ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ། ཀུན་བཟང་རྣམ་པར་སྣང་མཛད་མོས་པ་ཆེ། །ཀུན་གསུམ་རྫོགས་སངས་རྒྱས་གསོལ་བ་འདེབས། །གསང་བདག་རྡོ་རྗེ་ཅན་དང་ཀུན་དགའ་བོ། །རྒྱལ་བཀའ་སྡུད་པ་པོ་ལ༴ རྒྱལ་པོ་ཟླ་གསུངས་མ་ཏི་ཙི་ཏྲ་ཆུང་། །ཐེག་ཆེན་གསལ་བར་བྱེད་ལ༴ ཕྱོགས་གླང་ཟླ་གྲགས་ཤིནྟ་གརྦྷ་ཏེ། །འཛམ་གླིང་མཛེས་བྱེད་གསུམ་ལ་ཕྱག་འཚལ་ལོ། །དྲིན་ཆེན་ཐུ་མི་ལོ་ཆེན་བཻ་རོའི་ཞབས། །ཟླ་མེད་གངས་ཅན་མིག་ལ༴ ཨ་རོ་ཡེ་འབྱུང་ཟུར་ཆེན་ཤེས་རབ་འབྱུང་། །སྔ་འགྱུར་བསྟན་སྲོག་འཛིན་ལ༴ ཁྱུང་པོ་རྣལ་འབྱོར་ཙ་མི་སངས་རྒྱས་གྲགས། །བོད་ཀྱི་རྒྱན་གྱུར་མཆོག་ལ༴ རྔོག་ལོ་ས་པཎ་བོ་དོང་གསང་བ་སྦྱིན། །རྒྱལ་བསྟན་མི་མཆོག་ལ༴ སེ་སྟོན་ཀུན་རིགས་ཇོ་ནང་ཀུན་ཡང་ཆེ། །ལམ་ཟབ་རྒྱས་མཛད་ཉིད་ལ༴ ཀཿཐོག་གཙང་སྟོན་རོག་བན་ཤེས་རབ་འོད། །སྐྱེས་མཆོག་དམ་པ་གཉིས་ལ༴ སྐྱེ་མེད་ཞང་དང་ལྷ་གདོང་ཡང་དགོན་པ། །མཁའ་འགྲོའི་ཚོགས་རྗེ་ཉིད་ལ༴ གཏེར་ཆེན་རྡོ་རྗེ་གླིང་དང་ཀུན་ཀྱོང་གླིང་། །རྩོད་མེད་སྤྲུལ་སྐུ་ཆེ་ལ༴ འཁྲུལ་ཞིག་བདེ་ཡན་དབུས་སྨྱོན་ཀུན་དགའ་བཟང་། །རྣལ་འབྱོར་དབང་ཕྱུག་གཉིས་ལ༴ གཡག་སྡེ་པཎ་ཆེན་བྱ་གཤོང་འབུམ་ཕྲག་གསུམ། །སྨྲ་བའི་ཁྱུ་མཆོག་གཉིས་ལ༴ ཆུ་ཕོ་རྟོགས་ལྡན་བློ་གྲོས་ཐོགས་མེད་བོན། །གང་འདུལ་གཞན་དོན་སྐྱོང་ལ༴ མི་ཉག་གྲགས་རིན་ལ་སྟོན་ནམ་རིན་པ། །གདམས་ཟབ་རྒྱས་པར་མཛད་ལ༴ རྩོད་མེད་གཏེར་སྟོན་ཤེས་རབ་འོད་ཟེར་དཔལ། །ལུང་རྟོགས་རྒྱལ་མཚན་འཛིན་དེར༴ བཅོམ་ལྡན་ཐོད་དུམ་གནས་གསུམ་དཔའ་བོ་དང་། །མཁའ་འགྲོའི་དབང་ཕྱུག་གྱུར་ལ༴ སྙིགས་དུས་འགྲོ་འདུལ་ངེས་དོན་བསྟན་པའི་སྲོག །པད་འབྱུང་བདེ་ཆེན་གླིང་པར་གསོལ་བ་འདེབས། །མ་འོངས་ཕག་རིའི་གཏེར་སྒོ་འབྱེད་མགོན། །སྤྲུལ་སྐུ་འབྱོན་གྱུར་ལ་ཡང༴ ཁྱོད་ནི་རྒྱལ་བའི་གོ་འཕང་བརྙེས་བཞིན་དུ། །འགྲོ་ལ་ཕན་ཞེས་སྤྲུལ་པའི་རྣམ་རོལ་གར། །གཅིག་དང་དུ་མ་ཆུ་སྣོད་ཟླ་གཟུགས་བཞིན། །ངོ་མཚར་ཅི་ཡང་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གུས་པས་གང་གིས་སྐྱེས་པའི་ཕྲེང་། །མདོ་ཙམ་ཉིད་ལ་རྩེ་གཅིག་གསོལ་འདེབས་ན། །དེས་ཀྱང་དཔལ་ལྡན་བླ་མེད་རྗེས་འཛིན་ཤོག །བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྒྱལ་བས་བཅས་པའི་བླ་མའི་དམ་ཚིག་ཀུན། །ཅུང་ཟད་ཙམ་ཡང་ཉམས་པ་མེད་པར་སྤྱོད། །འགྲོ་བ་ཀུན་ཀྱང་ལམ་མཆོག་དེར་བཀོད་ཤོག །རྡོ་རྗེར་ཐེག་པའི་ས་ལམ་ཡོན་ཏན་ཀུན། །རིང་མིན་མྱུར་དུ་གདན་ཐོག་འདིར་ཐོབ་ནས། །རྒྱལ་བའི་ཞིང་ཁམས་ཀུན་ཏུ་རྒྱལ་བ་བཞིན། །འགྲོ་ཀུན་བདེ་ལ་འགོད་པའི་བྱེད་པོར་ཤོག །

ཅེས་བཀའ་དྲིན་མཚུངས་པ་མེད་པ་དྲན་མཆོག་དྭངས་མའི་མགོན་པོ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་རྣམ་རོལ་ལ་གསོལ་བ་འདེབས་པ་འདི་ཡང་གང་གི་སློབ་མ་རྣམས་ཀྱི་ཡང་ཐ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཐུན་བར་དུ་མར་ཡུལ་སྟོད་ཝམ་ལེ་བདེ་ཆེན་རྣམ་རྒྱལ་དུ་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ།

སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དཔལ་བདེ་བ་ཆེན་པོའི་ཞབས་ལ་གསོལ་བ་འདེབས་པ།

ཨོཾ་སྭསྟི། ན་མོ་གུ་རུ་ཝེ། ཀུན་བཟང་ཆོས་སྐུ་མཁའ་ལྟར་བརྡལ་བ་ལས། །རྣམ་པར་སྣང་མཛད་ཉི་མའི་དཀྱིལ་འཁོར་བཞིན། །གང་འདུལ་སྤྲུལ་སྐུའི་འོད་ཟེར་འབྱམས་ཀླས་འཕྲོ། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །རྒྱལ་བཀའ་ཡོངས་འདུས་གསང་བདག་ཀུན་དགའོ། །རྒྱལ་པོ་ཟླ་སྲུང་མ་ཏི་ཙི་ཏྲ་ཕྱི། །ཕྱོགས་གླང་ཟླ་གྲགས་ཤིནྟཾ་གརྦྷ་སོགས། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །དྲིན་ཆེན་ཐུ་མི་ལོ་ཆེན་བཻ་རོའི་ཞབས། །ཨ་རོ་ཡེ་འབྱུང་ཟུར་ཆེན་ཤཱཀྱ་འབྱུང་། །ཙ་མི་ཞང་དང་གཙང་སྟོན་ཡང་དགོན་པ། །དཔལ་ལྡན་བླ་མའི༴ པཎ་ཆེན་ཀུན་དགའ་རྒྱལ་མཚན་འཇིགས་མེད་གྲགས། །གཏེར་སྟོན་རྡོ་རྗེ་གླིང་དང་ཀུན་གླིང་། །བདེ་ཡན་ཆུ་ཕོ་རྟོགས་ལྡན་དབུས་སྨྱོན་པ། །དཔལ་ལྡན་བླ་མའི༴ བོན་གཏེར་བློ་གྲོས་ཐོགས་མེད་ལ་ནམ་རིན། །འབུམ་ཕྲག་གསུམ་པ་ཕྲང་བུ་གཏེར་སྟོན་ཆེ། །ཧེ་རུ་ཀ་དཔལ་དཔའ་བོ་ཐོད་དུམ་ཅན། །དཔལ་ལྡན་བླ་མའི༴ སྙིགས་ལྔ་བདོ་བའི་དུས་འདིར་རྒྱལ་གཞན་ལས། །ཕྲིན་ལས་རྨད་བྱུང་ངེས་དོན་བསྟན་པའི་སྲོག །སངས་རྒྱས་ཀུན་འདུས་པད་འབྱུང་བདེ་ཆེན་གླིང་། །དཔལ་ལྡན་རྩ་བའི་བླ་མར༴ གང་ཁྱེད་ཐུགས་ནི་མཁའ་ཁྱབ་ཡེ་ཤེས་ཏེ། །གཟུགས་སྐུའི་བཀོད་པ་བདེ་བ་ཅན་ཞིང་དུ། །སངས་རྒྱས་འོད་དཔག་མེད་དྲུང་བྱང་ཆུབ་སེམས། །སྤྲུལ་པར་ཞལ་བཞེས་དེ་ལ༴ ཁྱེད་མཚན་བརྗོད་པར་དཀའ་ཡང་དད་གདུང་གི །མཚན་ནས་གསོལ་འདེབས་བདོག་དགུའི་ཡོངས་མཆོད་ན། །ཀུ་བཟང་རྣམ་སྣང་པད་འབྱུང་བཻ་རོ་དངོས། །མགོན་ཁྱོད་གོ་འཕང་བདག་གི་མྱུར་ཐོབ་ཤོག །

ཅེས་སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དཔལ་བདེ་བ་ཆེན་པོའི་ཞབས་ལ་གསོལ་བ་འདེབས་པ་འདི་ཡང་གང་གི་གསུང་ལས་སྐྱེས་པའི་སྲས་རིག་པ་འཛིན་པ་ཡོངས་ཀྱི་ཐ་ཤལ་དཔལ་ཚེ་དབང་ནོར་བུའི་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པར་མངའ་རིས་ཀྱི་སྟོད་ཁ་ཆེ་དང་ཉེ་བ་མར་ཡུལ་ཝམ་ལེར་སྨྲས་པའོ། །དགེའོ། །སརྦ་མངྒ་ལཾ།

ཨོཾ་སྭསྟི། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཀུན་བཟང་གདོད་མའི་མགོན་པོ་རྒྱལ་ཀུན་ཡབ། །ངེས་པ་ལྔ་ལྡན་བཅོམ་ལྡན་རྣམ་སྣང་མཛད། །མཆོག་གི་སྤྲུལ་སྐུ་ཡོངས་བསྲུང་སྡུད་བ་པོ། །གསང་བདག་ལག་ན་རྡོ་རྗེར་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་སྤྲུལ་སྐུ་འདོད་གར་ཉིད། །ཅིར་ཡང་བསྒྱུར་ལས་གངས་ཅན་ཀུན་གྱི་མིག །བསྟན་པའི་སྒྲོན་མེ་མཚུངས་མེད་མགོན་པོ་ཆེ། །བཻ་རོ་ཙ་ནའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་སྤྲུལ་པའི་རྣམ་རོལ་དུ་མ་ལས། །གཙོ་གྱུར་ཕྲག་ལྔའི་ནང་ནས་ཐུགས་ལས་སྤྲུལ། །པདྨ་འབྱུང་གནས་ཐུགས་ཀྱི་འོད་ཟེར་དང་། །ལྷན་གཅིག་ཧྲཱིཿབམ་གིས་མཚན་པདྨ་དམར། །མདོ་ཁམས་ཤར་ཕྱོགས་གསེར་རོང་དམུ་རྡོའི་འདབས། །པདྨ་དཔའ་བོ་ཉིད་དང་སྒྲོལ་མ་ཡིས། །བྱིན་རླབས་ཡབ་ཡུམ་ལྷུམས་སུ་ཉེར་ཞུགས་ནས། །ཡོས་ལོ་སྟོན་ཟླ་ར་བའི་ཚེས་བཅུ་ལ། །སྤྲུལ་སྐུའི་བཀོད་པ་འཆར་ལ་ཕྱག་འཚལ་ལོ། །ཟླ་བ་དགུ་ནས་བཟང་འགྲོ་གཏན་ཀུན་མཛད། །རཀྵ་ཐོད་ཕྲེང་རྩལ་དང་མཐོང་འོད་འབར། །སྲས་སུ་ཞལ་བཞེས་སྔོན་གནས་རྗེས་དྲན་ཚུལ། །དམ་པ་ཆོས་ཀྱི་སྤྱོད་པ་ཁོ་ན་མཛད། །རྩ་གསུམ་དཀྱིལ་འཁོར་ལྷ་དང་དམ་ཅན་ཚོགས། །མ་འདྲེས་ཆུ་ཟླའི་རོལ་བ་བཞིན་གཟིགས་ཤིང་། །འཇིག་རྟེན་ལྷ་འདྲེ་བར་དོའི་སེམས་ཅན་ཡང་། །གཟིགས་ནས་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ནར་སོན་གཞོན་ནུའི་སྐབས་སུ་ཕྱུགས་རྫིའི་ཚུལ། །གཤེགས་ཚེ་ཆོས་ཀུན་རོ་མཉམ་རྟོགས་པ་ཡི། །གཡང་ས་ཆེན་པའི་བྲག་ལ་བྱ་ལྟར་གཤེགས། །རྦ་ཀློང་ཆེན་པོའི་ཆུ་ལ་ཉ་ལྟར་འཕྱོ། །མི་མིན་གདུག་པ་ཅན་གྱི་གནས་རྣམས་སུ། །རྩེ་འཇོའི་ཚུལ་མཛད་དེ་རྣམས་ཞི་ལ་བཀོད། །མཐོང་བས་སྐྱེ་རྒུ་གཞན་གྱི་ཡིད་འཕྲོག་པའི། །གཞོན་ནུའི་རོལ་པ་སྟོན་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་འཕྲིན་ལས་མཚན་ཅན་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་གསན་པའི་ཚེ། །འཕགས་པའི་དཀྱིལ་འཁོར་ནམ་མཁའ་ཁེངས་པ་གཟིགས། །གྲོགས་སྟོབས་ནུས་པས་དེར་འདུས་ཀུན་གྱི་ཡང་། །པདྨ་དམར་པོ་མཁའ་ལ་འཕུར་ལྡིང་མཐོང་། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་འབད་པས། །སྙིང་པོའི་ཡི་གེ་དྲུག་མ་དུང་ཕྱུར་ལྷག །རྩེ་གཅིག་བཟླས་པར་མཛད་ལ་ཕྱག་འཚལ་ལོ། །དགུང་ལོ་བཅོ་བརྒྱད་མཐའ་རུ་ངེས་འབྱུང་གི །ཡོངས་སྐུལ་དད་པའི་གྲོགས་དང་ལྷན་ཅིག་ཏུ། །དབུས་གཙང་དག་པའི་གནས་ཀུན་མཇལ་བར་ཕེབས། །དེ་ཚེ་དབུ་རྡོའི་གནས་སུ་དྷཱ་ཀི་ལྔ། །ཀྲེ་ཤོད་གནས་སུ་བྱུ་མ་གྷ་ཡེ་དང་། །རྐོང་ཡུལ་བུ་ཆུར་སྤྱན་རས་གཟིགས་མཇལ་ཞིང་། །ཙ་རིར་པདྨ་འབྱུང་གནས་དངོས་བྱོན་ནས། །གསུང་གི་བླང་དོར་གསལ་དེར་ཕྱག་འཚལ་ལོ། །ཁྲ་འབྲུག་ཟན་ཡང་མཇལ་ཚེ་དག་པ་ཡི། །གཟིགས་སྣང་སྒྱ་འཕྲུལ་རོལ་པ་བསམ་ཡས་ཤིང་། །ཁྱད་པར་འཁྲུལ་སྣང་བོད་ཀྱི་རྟེན་གཙོ་མཆོག །ཤཱཀྱ་མུ་ནེའི་སྤྱན་སྔར་བྱོན་པའི་ཚེ། །གཟུགས་སྐུའི་སེམས་དཔའ་སུམ་བརྩེགས་རང་བཞིན་གྱིས། །གསུང་གི་སྣང་བ་དངོས་སུ་སྩལ་བའི་ཚེ། །ལྷན་ཅིག་འཁོད་པའི་གྲོགས་ཀྱིའང་ཐོས་གྱུར་པ། །རྨད་བྱུང་མཛད་པ་བསྟན་པ་ཕྱག་འཚལ་ལོ། །

སྟོན་པ་ཟླ་མེད་ཤཱཀྱ་མུ་ནེའི་བཀའ་དྲིན་དྲན་ཞིང་གསོལ་བ་འདེབས་པ་དད་པའི་ཆུ་གཏེར།

༈ སྟོན་པ་ཟླ་མེད་ཤཱཀྱ་མུ་ནེའི་བཀའ་དྲིན་དྲན་ཞིང་གསོལ་བ་འདེབས་པ་དད་པའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།

ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཚངས་དང་བརྒྱ་བྱིན་ཀླུ་ཡི་དབང་པོ་དང༌། །ཕྱོགས་སྐྱོང་ཀུན་ཀྱིས་མངོན་པར་བསྟོད་པ་ཡི། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །མཉམ་མེད་བླ་མ་ཤཱཀྱ་ཐུབ་པར་འདུད། །ཚོགས་གཉིས་མཐར་ཕྱིན་སྐུ་དང་གསུང་དང་ཐུགས། །ཤེས་བྱ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བ་ཆེ། །ཕལ་བའི་ཚིག་གིས་མི་མཚོན་དཔེ་ལས་འདས། །འདིར་ནི་ངོ་མཚར་ལས་གཞན་བརྗོད་མི་ཤེས། །ལེགས་ཉེས་བླང་དོར་རྣ་བས་ཐོས་པ་དང༌། །དེ་ཡི་བསླབ་བྱ་་ལམ་གྱི་བསྒྲོད་ཚུལ་དང༌། །སངས་རྒྱས་བྱང་སེམས་མདོ་རྒྱུད་རྒྱ་མཚོ་ཡི། །མཚན་ཙམ་ཤེས་པའང་སྟོན་པ་ཁྱོད་ཀྱིས་དྲིན། །རྒྱུ་འབྲས་ཤེས་པས་སྡིག་པ་སྤང་བ་དང༌། །གཏན་བདེར་འཇུག་ཕྱིར་དགེ་བ་ཕུན་ཚོགས་སྤྱད། །རང་སེམས་འདུལ་བའི་བསླབ་བྱ་ཉམས་ལེན་བཅས། །རིམ་བཞིན་མདོ་སྔགས་སྡོམ་དུ་གསུངས་པ་དྲན། །ལོ་གཅིག་འཚོ་ཡང་ཁྱོད་ཀྱི་བསྟན་པ་སྤེལ། །ཟླ་གཅིག་བསྡད་ཀྱང་གཞན་ཕན་ལས་ལ་འཇུག །ཞག་གཅིག་ལྷག་ཀྱང་ཁྱོད་ཀྱི་བཀའ་དྲིན་གསོ། །ན་འཆི་སྡུག་བསྔལ་བྱུང་རེས་ཁྱོད་ལ་རེ། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །བསྟན་པའི་ནང་མཛོད་སྡོམ་དང་དམ་ཚིག་སྲུང༌། །འཆད་རྩོད་རྩོམ་པས་མདོ་སྔགས་དམ་ཆོས་སྤེལ། །ཐོས་བསམ་སྒོམ་པས་བསྟན་པའི་རྒྱལ་མཚན་འཛུག །མཁའ་ཁྱབ་འགྲོ་བ་སྡུག་བསྔལ་རྒྱ་མཚོ་ལས། །སྣ་ཚོགས་ཐབས་ཀྱིས་སྒྲོལ་བའི་ཁུར་བཟུང་སྟེ། །མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་ཡོངས་སྒྲུབ་པའི། །སྨོན་ལམ་འགྲུབ་པར་བདེན་པས་བྱིན་རླབས་སྩོལ། །

ཅེས་གངས་རའི་ལྗོངས་ཀྱི་རིགས་ལྡན་རྒྱལ་པོའི་ཕོ་བྲང་ཇོ་ནང་རི་ཁྲོད་ཀྱི་གཟེར་ཟངས་ཀྱི་སྟོན་པ་གཙོ་འཁོར་བཞེངས་གྲུབ་པར་སྨོན་ཚིག་ཏུ་ཤིང་སྟག་ནག་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚེས་བཅུ་ལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བྲིས་པ་དགེའོ། །

བླ་མེད་སྔགས་ཀྱི་སྟོན་མཆོག་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོ་བྱེད་པའི་ཤིང་རྟ།

༄༅། །ཤྲདྡྷཱཡཿཔདྨཱཔུཥྐརོཏྤུལླཀམྨིཀཾདིཝཱཀརསྱཤཀཊནམོཏྟརམནྟྲསྱཤཱསྟེཏྟམཧཱགུརུཔདྨཱཀརབིམོཀྵདྷྱཥཎབིཛཧར། །

༄༅། །བླ་མེད་སྔགས་ཀྱི་སྟོན་མཆོག་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོ་བྱེད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་མཆོག་དམ་པ་དང་པོའི་སངས་རྒྱས། །ཀུན་ཏུ་བཟང་པོ་ཀུན་ཁྱབ་རྒྱལ་བ། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་གྱུར། །འོད་དཔག་མེད་པ་འཇིག་རྟེན་དབང་ཕྱུག །སངས་རྒྱས་ཀུན་གྱི་འཕྲིན་ལས་བྱེད་པོ། །རྒྱལ་བ་ཡོངས་ཀྱི་སྙིང་རྗེའི་རང་གཟུགས། །གདུལ་དཀའ་འདུལ་བའི་དེད་དཔོན་ཟླ་མེད། །ཧེ་རུ་ཀ་ཤྲཱི་པདྨ་བཛྲ། །བདེ་ཆེན་ཞིང་གི་འཁོར་ལོས་བསྒྱུར་རྒྱལ། །ཞིང་འདིར་ཐུབ་པའི་རྒྱལ་ཚབ་ཚུལ་སྤྲུལ། །ཁྱེད་ལ་སྙིང་ནས་གུས་པས་གསོལ་འདེབས། །ད་ལྟ་དུས་འདིར་བྱིན་རློབས་སྩོལ་ཅིག །རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོར། །བརྩེ་ཆེན་པདྨའི་སྦུབས་སུ་སྐུ་འཁྲུངས། །རང་བྱུང་མཚོ་སྐྱེས་རྡོ་རྗེ་སེམས་དཔའ། །ཨོ་རྒྱན་རྒྱལ་པོ་ཐོར་ཅོག་ཅན་ཞེས། །མི་ལ་ཡ་མཚན་རྨད་བྱུང་སྤྲུལ་སྐུ། །ཆོ་འཕྲུལ་གསུམ་གྱིས་འགྲོ་ཀུན་འདྲེན་མཛད། །ཐུབ་བསྟན་མཛེས་རྒྱན་གཅིག་པུ་པ་གྱུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མི་མཇེད་བསྐལ་བཟང་སྒྲོན་མ་བཞི་པ། །ཐུབ་ཆེན་རྒྱལ་པོས་ཆོས་འཁོར་བསྐོར་ཚེ། །གང་གི་ཐུགས་དང་གཉིས་སུ་མེད་པ། །ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷོ་དྷི། །ཐེག་ཆེན་ཐུན་མིན་ཀུན་གྱི་གླེང་བསླང་། །སྔགས་རྣམས་ཀུན་གྱི་སྡུད་པ་བྱེད་པོ། །རྒྱུད་ཀྱི་བདག་པོ་རྡོ་རྗེ་འཆང་དབང་། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཐུབ་དབང་གཟུགས་སྤྲུལ་ཞི་བར་བརྟུལ་ནས། །བརྒྱད་གཉིས་ལོ་ལོན་ཀ་པའི་མཚོ་དབུས། །མི་མཇེད་འགྲོ་བའི་མུན་པ་སེལ་ཕྱིར། །ཨུ་དུམ་ཝ་རའི་གེ་སར་ཟེའུ་འབྲུར། །རང་བྱུང་ཁྱེའུ་པདྨ་འབྱུང་གནས། །མཁའ་འགྲོ་མཁའ་འགྲོ་མ་ཚོགས་ཀྱིས་བསྐོར། །མི་མིན་འགྲོ་བའི་སྟོན་པར་སྣང་གྱུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཨོ་རྒྱན་རྒྱལ་པོ་དབང་འབྱོར་རིམ་དགུའི། །ལྔ་གསུམ་བར་པ་ཨིནྡྲ་བྷུ་ཏིའི། །སྲས་བསྐལ་བཟུང་ནས་ཕོ་བྲང་སྤྱན་དྲངས། །འཇིག་རྟེན་མཐུན་འཇུག་སྒྱུ་རྩལ་དུ་མས། །དྲེགས་ལྡན་བརྟུལ་ཞིང་བཙུན་མོའི་འཁོར་རོལ། །སྲིད་གསུམ་ཀུན་ཏུ་དགེ་མཚན་ཁྱབ་མཛད། །ཆོས་ཀྱི་འཁོར་བསྒྱུར་པདྨ་རྒྱལ་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དུས་དེ་ཉིད་དུ་མ་ལ་ཡ་རྩེར། །རིགས་ཅན་པཉྩས་རྫོགས་སངས་རྒྱས་ལ། །གསོལ་བཏབ་མཐུ་ཡི་འོག་མིན་གནས་ནས། །ཐུབ་པས་རྒྱལ་ཚབ་གསང་བདག་མངགས་ནས། །རྒྱུད་ལུང་བཤད་ཚེ་པདྨ་འབྱུང་གནས། །ཀུན་ཛ་ར་སྤྲུལ་བསྡུ་བ་པོ་མཛད། །རྒྱལ་པོ་ཛཿལ་པུས་སྟིའི་དབང་བསྐུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྲིད་པའི་དཔལ་ལ་ཞེན་མེད་སྟོན་ཕྱིར། །བརྟུལ་ཞུགས་སྤྱོད་པས་རྒྱལ་པོའི་སྲིད་སྤངས། །རྫུ་འཕྲུལ་མཐུ་ཡིས་མཁའ་ལ་གཤེགས་ཏེ། །ཤིང་ལེན་གོང་དུ་རྡོ་རྗེ་དབྱིངས་བསྒྲུབ། །ཐུན་མོང་དངོས་གྲུབ་ཆེན་རྣམས་ཀུན་ཐོབ། །བསིལ་བ་ཚལ་སོགས་དུར་ཁྲོད་གནས་སུ། །མི་མིན་རྣམས་དང་ལྷན་ཅིག་སྤྱོད་སྐྱོངས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གདུལ་བྱ་འདུལ་ཕྱིར་ཐབས་ལ་མཁས་པས། །རྡོ་རྗེ་གདན་དུ་ཆོ་འཕྲུལ་བསྟན་ཅིང་། །ཨ་སུ་ར་ཡི་བྲག་ཕུག་ཆེན་པོར། །འཕགས་པའི་དགྲ་བཅོམ་ཀུན་དགའ་བོ་ལ། །རབ་བྱུང་བཅུ་གཉིས་ལོ་བར་ཐུབ་གསུངས་། །ཀུན་གསན་ཆུ་བོ་གངྒཱའི་དབུས་སུ། །ཉི་མའི་གུང་དང་ལྷན་ཅིག་བསྙེན་རྫོགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གསང་སྔགས་ཐེག་པར་འཇུག་པའི་ཚུལ་གྱིས། །མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ། །སྨིན་བྱེད་དབང་བསྐུར་རྫོགས་པར་ཞུས་ཤིང་། །པྲ་བྷ་ཧ་སྟིར་རིམ་དགུའི་ཐེག་པ། །འཇམ་དཔལ་བཤེས་སོགས་རིག་འཛིན་བརྒྱད་དང་། །ལཱུ་ཧི་པ་སོགས་གྲུབ་ཐོབ་ཀུན་གྱི། །ཐུགས་ཀྱི་དགོངས་པ་རྫོགས་པར་བླངས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གསང་འདུས་སློབ་དཔོན་ཡེ་ཤེས་ཞབས་ཀྱི། །སློབ་མའི་གཙོ་མཆོག་འོད་དཔག་མེད་དངོས། །བདེ་བ་ཆེ་ཞབས་ཁྱེད་མཚན་ཡིན་ཞེས། །ཞབས་ལུགས་རྒྱུད་འཛིན་ཀུན་གྱིས་ཆེས་བསྔགས། །སྤྱན་རས་གཟིགས་སྤྲུལ་མི་ཏྲའི་སློབ་མའི། །ཚུལ་ཡང་མཛད་ཅེས་ཁ་ཅིག་ཏུ་གྲགས། །དཔག་དཀའ་ཆུ་སྣོད་ཟླ་གཟུགས་བཞིན་སྤྲུལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཁྱེད་སྐུ་སྐབས་འགར་འཇིག་རྟེན་གཞན་དང་།།ཞིང་འདིར་ཤེས་ཆེར་མི་མིན་གནས་གྱུར།།ལྷ་ཀླུ་ལྷ་མིན་སྲིན་པོའི་ཡུལ་དང་།།མཁའ་སྤྱོད་རང་བྱུང་གནས་ཡུལ་དུར་ཁྲོད།།ཀུན་ཏུ་མི་མིན་འགྲོ་བའི་དོན་མཛད།།སྐབས་སུ་མི་ཡི་གནས་སུ་སྣང་ནས།།རླབས་ཆེན་སྤྱོད་པས་སྔགས་ཀྱི་བསྟན་སྤེལ།།ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཨཱརྱ་དེ་ཝས་སྤྱོད་བསྡུས་སྒྲོན་མེར། །ཁུངས་སུ་མཛད་པའི་པདྨ་བཛྲ། །པདྨ་ལས་བྱོན་ཁྱོད་ཉིད་མཚན་ཡིན། །གཞན་ཡང་ས་ར་ཧ་དང་བི་རུ། །ཌོམྦྷི་སྤྱོད་འཆང་ཀཧྣ་པ། །ཨོ་རྒྱན་པདྨ་བཛྲ་རྣམ་གསུམ། །ཀུན་ཀྱང་ཆོས་སྐུའི་ཆོ་འཕྲུལ་ཉིད་ཡིན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དེ་ལྟར་འཛམ་གླིང་མི་ཡི་གནས་འདིར། །སྔ་ཕྱིར་ཡང་ཡང་དངོས་སུ་བྱོན་ཞིང་། །དུས་གཅིག་ཉིད་དུའང་སྐུ་ཡི་བཀོད་པ། །དུ་མ་སྟོན་ནས་གདུལ་དཀའི་འགྲོ་འདུལ། །ཁྱེད་བྱོན་དུས་དང་སྐུ་ཚེ་མཛད་ཕྲིན། །མོས་སྤྱོད་ཀྱིས་གཞལ་སྨོས་ཀྱང་ཅི་འཚལ། །སངས་རྒྱས་ཉིད་ལས་འཕགས་གཞན་གྱིས་མིན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྐུ་ཡི་བཀོད་པ་རྣམ་འགྱུར་དུ་མས། །གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས། །རེས་འགའ་ཟ་ཧོར་རྒྱལ་པོའི་རིགས་མཛད། །རེས་འགའ་ཨོ་རྒྱན་བྲམ་ཟེའི་རིགས་འཁྲུངས། །སྣ་ཚོགས་རིགས་དང་སྣ་ཚོགས་གཟུགས་སྟོན། །སྣ་ཚོགས་སྤྱོད་པས་སྲིད་ཞི་མཐའ་དག །སྒྲོལ་དང་བསླང་མཛད་བདེ་བ་ཆེན་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སངས་རྒྱས་ཀུན་ལས་སྔར་སངས་རྒྱས་ཀྱང་། །ཐུབ་པའི་བསྟན་ལ་རྒྱལ་སྲས་ཚུལ་བཟུང་། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོས། །དབང་བསྐུར་རྣམ་སྨིན་རིག་འཛིན་བརྙེས་ཤིང་། །ཨ་མར་ཏི་ལར་ཚེ་དཔག་མེད་པས། །དབང་བསྐུར་ཚེ་དབང་རིག་འཛིན་གྲུབ་ནས། །སངས་རྒྱས་བརྒྱ་སྟོང་དུ་མའི་ཞལ་གཟིགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཡང་ལེ་ཤོད་དུ་དཔལ་ཆེན་བསྒྲུབ་པས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཚོགས་ཀྱིས། །དངོས་སུ་བྱིན་རླབས་དབང་བསྐུར་བ་ཡི། །ཕྱག་རྒྱ་ཆེན་པོའི་རིག་འཛིན་མཆོག་བརྙེས། །བསིལ་བ་ཚལ་དུ་བདུད་བཞི་ཀུན་བཅོམ། །རྡོ་རྗེ་གདན་དུ་རྒྱུན་མཐའ་བརྙེས་གྱུར། །ལྷུན་གྲུབ་རིག་འཛིན་ཡོངས་ཀྱི་དབང་ཕྱུག །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཟ་ཧོར་ཁྱད་པར་ཨོ་རྒྱན་ཡུལ་དུ། །ཚ་བའི་མེ་དབུས་བསིལ་བའི་རྫིང་བུ། །པདྨ་གེ་སར་སྡོང་པོའི་རྩེ་རུ། །འོད་ལུས་བཞུགས་བཞིན་ཐུགས་ཀྱི་རྡོ་རྗེ། །འོད་དཔག་མེད་པའི་ཐུགས་ཀར་ཐིམ་ནས། །ཡ་མཚན་མཆོག་བརྙེས་རྒྱུད་ཀྱི་སྟོན་པ། །དཔལ་ཆེན་པདྨ་བཛྲ་ཞེས་གྲགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དུར་ཁྲོད་བརྒྱད་དུ་སྐུ་ཡི་བཀོད་པ། །རྣམ་པ་བརྒྱད་བསྟན་གུ་རུ་མཚན་བརྒྱད། །གཞན་ཡང་གང་འདུལ་མཚན་མཆོག་ཉི་ཤུ། །དེ་བཞིན་བརྒྱ་དང་སྟོང་དང་ཁྲི་ཕྲག །བྱེ་བ་ཕྲག་བརྒྱ་ཡང་ནི་སྟོན་སྟེ། །གང་ལ་གང་འདུལ་ཕྲིན་ལས་དཔག་མེད། །འགྲོ་བའི་དཔལ་མགོན་བླ་མེད་བླ་མ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རྣམ་བཅུ་དབང་དང་ལྡན་པའི་བདག་ཉིད། །ཚེ་དབང་ཁྱད་པར་ཕྱག་ཆེན་རིག་འཛིན། །གྲུབ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས། །ཀུན་དང་ཆོས་ཀྱི་བགྲོ་བ་མཛད་ནས། །སངས་རྒྱས་ཀུན་གྱི་རྨད་བྱུང་འཕྲིན་ལས། །རྒྱུན་མི་ཆད་དུ་ཆོས་ཀྱི་འཁོར་ལོ། །བསྐོར་ནས་འགྲོ་ཀུན་འཁོར་བ་ཡོངས་སྒྲོལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཡང་ལེ་ཤོད་དང་རྡོ་རྗེ་གདན་དུ། །ཁྱེད་ཐུགས་ནས་སྤྲོས་སྟེང་འོག་ཕྱོགས་མཚམས། །ཉེར་ལྔ་བརྩེགས་ཤིང་མཆོད་རྟེན་ཁང་བཟང་། །རྡོ་རྗེའི་ཀེའུ་ཚང་ལ་སོགས་སྐུ་ཡི། །རྣམ་འགྱུར་དུ་མར་སྐལ་ལྡན་འཁོར་བཅས། །ཟབ་མོ་གཏེར་གྱི་གླེང་གཞི་གླེང་བསླང་། །འགྲོ་ཕན་བཅས་སུ་སྟོང་གསུམ་འགེང་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གདུལ་བྱ་དུས་བབས་བོད་ཡུལ་ཞབས་བཀོད། །གནོད་སྦྱིན་གདུག་པའི་འདྲེ་སྲིན་ཀླུ་ཀུན། །དམ་བཞག་སངས་རྒྱས་བསྟན་བསྲུང་བཀའ་བགོས། །གཙུག་ལག་ས་བརྟུལ་མཐའ་འདུལ་ཡང་འདུལ། །བསམ་ཡས་མ་བཞེངས་རང་གྲུབ་ཚུལ་གྱུར། །དུས་དེར་སྐུ་ཡི་བཀོད་པ་གཅིག་ནི། །འགྲོ་ལྡིང་ཡུལ་བྱོན་སྔགས་བསྟན་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཇམ་དབྱངས་སྤྲུལ་པ་མངའ་བདག་རྒྱལ་པོའི། །ཆོས་བཞིན་རེ་བ་མཐའ་དག་སྐོང་མཛད། །ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གཙོ་མཆོག །སངས་རྒྱས་ཀུན་གྱི་རྡོ་རྗེ་བཙུན་མོ། །བོད་ཡུལ་དབུས་འཁྲུངས་ཡེ་ཤེས་མཚོ་རྒྱལ། །ཐུགས་སུ་བཟུང་ནས་མཁའ་འགྲོའི་གསང་མཛོད། །མ་ལུས་གངས་ཅན་བོད་དུ་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཆིམས་ཕུར་ལས་ཅན་ཐུགས་ཀྱི་བུ་དགུར། །བཀའ་བརྒྱད་དཀྱིལ་འཁོར་བདུན་བརྒྱ་ཉེར་ལྔའི། །ལྷ་ཚོགས་མངོན་པར་བསྟན་ནས་དབང་བསྐུར། །མངའ་བདག་རྒྱལ་པོར་བླ་མ་དགོངས་འདུས། །མུ་ཁྲི་བཙན་པོར་རྟ་མཆོག་རོལ་པ། །ཀུན་ཀྱང་ལྷ་ཚོགས་དངོས་བརྟན་དབང་བསྐུར། །གྲུབ་པས་གངས་ཅན་བོད་ཡུལ་འགེངས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཕགས་ཡུལ་གནས་དང་དེ་བཞིན་བོད་ཡུལ། །འཆིམས་ཕུ་ཏི་སྒྲོ་ཙ་རི་མཁར་ཆུ། །ཟབ་ཕུ་ལ་སོགས་གར་བཞུགས་གནས་དེ། །ལས་ཅན་འཁོར་ལ་སངས་རྒྱས་ཞིང་དུ། །མངོན་སུམ་བསྟན་ནས་རྒྱུད་ལུང་མན་ངག །སྟོན་མཛད་དཀྱིལ་འཁོར་གཙོ་མཆོག་ཉིད་སྤྲུལ། །རྡོ་རྗེ་སྲིན་པོ་འཆལ་བཀོད་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འགྲོ་ཕན་ཐུན་མོང་གཙུག་ལག་ཀུན་སྤྲུལ། །ཙཱི་ནར་འཇམ་དཔལ་ཉིད་དང་དབྱེར་མེད། །ཚངས་པའི་དྲང་སྲོང་བརྫུས་ནས་འབྱུང་རྩིས། །ཟན་ཡང་མངའ་བདག་རྒྱལ་པོས་བསྐུལ་ངོར། །སྨན་གྱི་གྲོང་ཁྱེར་སངས་རྒྱས་སྨན་བླ། །དྲང་སྲོང་གཉིས་བཅས་གླེང་གཞི་ལྟར་སྤྲུལ། །སྨན་དཔྱད་རྒྱུད་བཞི་ལེགས་པར་གསུང་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྟག་ཚང་གནས་ཉིད་ཆེ་འབར་དུར་ཁྲོད། །མངོན་སྤྲུལ་རྡོ་རྗེ་གཞོན་ནུ་ཉིད་དང་། །རྡོ་རྗེ་སྲིན་པོ་འཆོལ་པའི་ཁྲོ་བོའི། །སྐུར་བསྟན་བདུད་དང་དམ་སྲི་ཀུན་བཏུལ། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་ཕྲག །ཕྲ་མོ་ཁྲི་དང་འབུམ་ཕྲག་དུ་མ། །སྦེད་དང་སྟོན་པའི་སྤྲུལ་པ་འགྱེད་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །བོད་ཀྱི་ཕྱོགས་བཞིའི་བྲག་མཚོར་ཕྱག་ཞབས། །རྗེས་བཀོད་བྲག་ཕུག་གངས་ཆེན་གངས་ར། །གནས་ཆེན་བཞི་དང་ལུང་ལྔ་ལྗོངས་སོགས། །སྦས་ཡུལ་ཆེ་ཕྲ་དུ་མ་བྱིན་རླབས། །མདོར་ན་བོད་ཡུལ་ཀུན་ཏུ་ཞབས་བཅགས། །མ་འོང་སངས་རྒྱས་བསྟན་པ་དར་ཞིང་། །སྐྱེས་མཆོག་མང་བྱོན་སྨོན་ལམ་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཕྱེད་ལྷག་ང་ལྔའི་ལོ་བར་བོད་འདིར། །གདུལ་བྱ་མང་པོའི་མཐུན་སྣང་ཉིད་བཞུགས། །བོད་སྤྱིར་སྐུ་དངོས་གདུལ་བྱ་དེ་ཙམ། །དགོངས་ནས་ཟངས་གླིང་སྲིན་པོ་འདུལ་གཤེགས། །ལྷ་སྲས་མུ་ཁྲིའི་གུང་ཐང་བར་བསྐྱལ། །ཆོ་འཕྲུལ་མང་བརྟན་བྷ་ལ་ཧ་ཞེས། །རྟ་མཆོག་ཁྲིར་བཞུགས་ལྷོ་ནུབ་མཁར་གཤེགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མཚོ་རྒྱལ་ལ་སོགས་སྐལ་ལྡན་མཆོག་འགར། །བལ་ཡུལ་ལམ་ཞུགས་ཚ་ཤོད་བར་ཕེབས། །དེ་རུ་ཇོ་མོར་གདམས་ངག་རྩལ་སྤྲུགས། །བགེགས་འདུལ་ཕུར་པ་ཡང་ནི་གསུང་སྟེ། །ཆོས་ཉིད་ཟད་ཚུལ་འཇའ་འོད་ཟེར་བཅས། །གདོད་མའི་མགོན་པོ་ཀུན་བཟང་ཐུགས་དབྱིངས། །གཤེགས་ཚུལ་ཇོ་མོར་འདས་རྗེས་གསུམ་བབས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཐུགས་ཀྱི་རོལ་པ་ཨོ་རྒྱན་ཞིང་དུ། །དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ། །ཡེ་ཤེས་དཔའ་བོ་མཁའ་འགྲོས་ཡོངས་སྐོར། །དེ་བཞིན་རྔ་ཡབ་སྲིན་པོའི་གླིང་དུ། །སྐུ་ཡི་བཀོད་པ་རཀྴ་ཐོད་ཕྲེང་། །ལྷ་མིན་སྲིན་ཚོགས་ཐར་པ་ལ་འདྲེན། །འཛམ་གླིང་སྐྱེ་དགུ་བདེ་ལ་བཀོད་མཛོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཞིང་འདིའི་སྟེང་ཕྱོགས་འོག་མིན་དུར་ཁྲོད། །འཁོར་བ་ཡོངས་སྒྲོལ་གནས་སུ་ཁྲག་འཐུང་། །བཅོམ་ལྡན་དབང་ཆེན་རྔམས་པའི་སྐུར་སྣང་། །ཟངས་མདོག་དཔལ་རིའི་བྱང་ཕྱོགས་མཁའ་ལ། །གཏུམ་དྲག་མེ་འཕྲེང་ཅན་བསྟན་ཡང་སྤྲུལ། །འཆོལ་པའི་ཁྲོ་ཆུང་འཛམ་གླིང་ཀུན་ཏུ། །དུས་གཉན་སྐབས་ཉུལ་གདུག་པ་འདུལ་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རྔ་ཡབ་གླིང་དུ་གཤེགས་ཚུལ་བསྟན་ནས། །སླར་ཡང་བོད་རྗེ་ཁྲི་རལ་ཡན་དུ། །རི་སུལ་གངས་བྲག་གཙུག་ལག་ཁང་དུ། །སྐལ་ལྡན་ཚོགས་པ་མང་པོའི་དབུས་སུ། །དངོས་སུ་ཡང་ཡང་ཞལ་བསྟན་ཆོས་གསུངས། །དེ་སྐབས་ཡང་ནི་ཟབ་གཏེར་མང་སྦས། །གངས་ཅན་མགོན་པོ་པདྨ་འབྱུང་གནས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ད་ལྟ་ལ་སོགས་ཕྱི་མའི་མཐའ་མར། །སྐལ་ལྡན་རྣམས་ལ་དངོས་སུ་ཞལ་བསྟན། །བྱིན་རླབས་དབང་བསྐུར་གདམས་ངག་འབོག་མཛད། །མདོར་ན་མ་འོངས་རྫོགས་སངས་རྒྱས་པ། །བྱམས་པ་འཇིག་རྟེན་མ་བྱོན་བར་དུ། །ཁོལ་བུར་སྣོད་རུང་འཁོར་ལ་གསང་སྔགས། །སྨིན་གྲོལ་མཆོག་བསྟན་སངས་རྒྱས་སར་བཀོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །བསྟན་འདིར་ཇི་སྲིད་གདུལ་བྱར་དགོངས་པ། །ཉི་ཟེར་འཆར་བསྡུད་མདངས་ལ་འབྱོན་ཞིང་། །ཡར་མར་ཚེས་བཅུའི་དུས་དང་ཁྱད་པར། །དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་དུས་སུ། །གནས་ཡུལ་ཀུན་ཏུ་མངོན་སུམ་བྱོན་ནས། །སྒྲུབ་པོ་རྣམས་ཀྱི་བར་ཆད་སེལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་སྟེར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཁྱེད་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས། །ལྔ་ཚན་ལྔ་ལས་རྗེ་འབངས་ཉེར་ལྔ། །དེ་བཞིན་མྱང་དང་ཆོས་དང་དབང་རྒོད་ལྡེམ། །དྲི་མེད་གླིང་སོགས་སངས་རྒྱས་གླིང་སོགས། །གཏེར་སྟོན་ཉིད་དང་ཆོས་བདག་ཚུལ་གྱིས། །དམུ་རྒོད་སེམས་ཅན་ཁ་ལོ་གྱེན་བསྒྱུར། །སྨིན་གྲོལ་གདམས་པས་སྐྱེ་དགུ་འདྲེན་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྙིགས་ལྔ་བདོ་དུས་དེང་ནས་མཐའ་བར། །བདུད་འདུལ་བཞི་དང་སྙིང་པོ་རྣམ་ལྔ། །ནུས་ལྡན་རྡོ་རྗེ་ཉི་ཤུ་རྩ་གཅིག །ཀུན་འདུས་པདྨ་བདེ་ཆེན་གླིང་སོགས། །ངེས་དོན་སྙིང་པོའི་བརྟན་པ་ཆད་མེད། །ཡང་ནས་ཡང་དུ་སྤེལ་བར་བྱེད་པ། །འདི་ཡང་མགོན་པོ་ཁྱེད་ཀྱི་མཐུ་སྟེ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྔོན་གྱི་བསྐལ་པ་མུ་མེད་གོང་དུ། །འཁོར་ལོ་བསྒྱུར་རྒྱལ་རྩིབས་ཀྱི་མུ་ཁྱུད། །ཁྱེད་དེ་དེ་སྲས་གཞོན་ནུ་སྟོང་ཡང་། །རྫོགས་པའི་སངས་རྒྱས་སྟོང་དུ་གྱུར་ཅིང་། །དེ་ཡི་མདུན་ན་འདོན་ནི་ཐུབ་དབང་། །ཀུན་ཀྱང་སངས་རྒྱས་རིན་ཆེན་སྙིང་པོར། །ཐུགས་བསྐྱེད་ལུང་བསྟན་བརྙེས་ཚུལ་ཡང་སྟོན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཁོར་ལོ་བསྒྱུར་རྒྱལ་ཡུལ་འཁོར་སྐྱོང་སྲས། །གཞོན་ནུ་སྟོང་དང་རྫུས་སྐྱེས་གཉིས་བཅས། །ཀུན་ལ་དབང་བསྐུར་བཟང་པོའི་བསྐལ་པར། །སངས་རྒྱས་སྟོང་དང་སེམས་དཔའ་མཆོག་གཉིས། །ལུང་དུ་སྟོན་མཛད་མགོན་པོ་ཁྱེད་སྟེ། །སངས་རྒྱས་ནུས་ལྡན་རྡོ་རྗེ་ཞེས་གྲགས། །རྒྱལ་བ་རྣམས་ཀྱི་འདྲེན་པར་གྱུར་པ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྔོན་དུས་སངས་རྒྱས་འོད་སྲུང་དུས་ཀྱང་། །ས་བཅུའི་མགོན་པོ་པདྨ་འབྱུང་སྤྲུལ། །མ་འོངས་སངས་རྒྱས་བྱམས་པའི་དུས་སུ། །པདྨ་འགྲོ་འདུལ་ཞེས་ཀྱང་སྟོན་སྟེ། །སངས་རྒྱས་སྟོང་གི་རྒྱལ་ཚབ་ཀུན་ཏུ། །ཁྱེད་སྟེ་བྱ་སྤྱོད་རྣལ་འབྱོར་ཆེ་སོགས། །སྔགས་ཀྱི་བསྟན་པ་ལྷག་པར་སྤེལ་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས། །ཁྱད་འཕགས་བསྟན་པ་གསུམ་གྱི་སྟོན་པ། །གྲངས་མེད་སྔོན་དུ་མངོན་རྫོགས་རྒྱལ་པོ། །ད་ལྟ་ཐུབ་དབང་པདྨ་འབྱུང་གནས། །མ་འོངས་དུས་སུ་འཇམ་དཔལ་གཞོན་ནུ། །རྡོ་རྗེ་ཐེག་པའི་ཡོངས་རྫོགས་ཆོས་ཀྱི། །འགྲོ་རྣམས་ཚེ་གཅིག་སངས་རྒྱས་སར་བཀོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དེ་ལྟར་ཁྱེད་ཀྱི་རྣམ་ཐར་མཁའ་འདྲ། །གཞལ་དཀའ་ཇི་བཞིན་རྫོགས་སངས་རྒྱས་དང་། །དག་པ་ས་གསུམ་ལ་བཞུགས་འཕགས་ལས། །གཞན་གྱི་རྣམ་ཀུན་རྟོགས་པའི་ཡུལ་མིན། །དེས་ན་བདག་ལྟ་སོ་སྐྱེ་བྱིས་བློའི། །ཁབ་མིག་དབུས་སུ་ཕྱོགས་བྲལ་ནམ་མཁའ། །ཆུད་པའི་གོ་སྐབས་མེད་མོད་འོན་ཀྱང་། །མ་ཧཱ་གུ་རུར་སྙིང་ནས་གུས་པས། །རྣམ་ཐར་ཆུ་གཏེར་དབུས་ནས་སྐྲ་རྩེའི། །ཁྱོན་ཙམ་ལས་ཀྱང་ཆ་ཤས་ཕྲ་མོ། །ཅུང་ཟད་འདིར་བརྗོད་དགེ་བས་ཡང་ནི། །བདག་སོགས་འབྲེལ་བཅས་འགྲོ་བ་མ་ལུས། །དུས་འདི་ནས་བརྩམས་བྱང་ཆུབ་མཆོག་བར། །སྐྱེ་བ་ཚེ་རབས་ཀུན་ནས་ཀུན་ཏུ། །པད་འབྱུང་དངོས་བརྒྱུད་སྤྲུལ་པས་རྗེས་བཟུང་། །ཕར་ཕྱིན་ཁྱད་པར་སྔགས་ཀྱི་ས་ལམ། །ཡོན་ཏན་མ་ལུས་མྱུར་དུ་རྩལ་རྫོགས། །ཀུན་བཟང་འོད་དཔག་མེད་མགོན་ཐུབ་ཆེན། །པད་འབྱུང་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ། །ཇི་འདྲ་དེ་བཞིན་ཐོབ་པར་མཛོད་ཅིག །སྐད་ཅིག་མ་འདིར་ཐུགས་རྗེས་གཟིགས་ལ། །དགྱེས་པའི་ཞལ་རས་དུས་འདིར་བསྟན་ཅིང་། །བྱིན་རླབས་དབང་བསྐུར་དངོས་པོ་མཐའ་དག །གདན་ཐོག་གཅིག་འདིར་ཐོབ་པར་མཛོད་ཅིག །

ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཞིང་འདིའི་རྣམ་ཐར་གཅིག་པུ་ཡང་ཆུ་གཏེར་ལྟ་བུ་ལས་སྐྲ་རྩེའི་ཟིལ་བ་ཙམ་རང་གི་མོས་པ་ཁོ་ནས་བསྟོད་པ་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་བདུན་སྟེ་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོར་བྱེད་པའི་ཤིང་རྟ་འདི་ནི་རང་དང་སྐལ་བ་མཚུངས་པ་རྣམས་ཀྱི་དད་པའི་གསོས་སུ་བསམ་སྟེ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་རྫོགས་ཉེ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཅུ་ལ་ཤོ་ལོ་ལྔ་བཅུ་དང་། དེའི་འཕྲོ་རྨི་ལམ་དགེ་མཚན་གྱིས་བསྐུལ་ནས་དཔལ་གདོང་ཆུ་བྱ་ཡི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་ཤོ་ལོ་ཀ་སུམ་ཅུ་རྩ་བདུན་བཅས་མངའ་རིས་སྟོད་མང་ཡུལ་ཝཾ་ལེའི་གཙུག་ལག་ཁང་དུ་དཔལ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་བཀོད་པའོ། །འདི་ནི་སྔར་མ་གྲགས་པ་གསར་བརྗོད་མེད། །དེས་ན་ཡིད་ཆེས་ཚད་མའི་གནས་སུ་འོས། །བྲག་ཆ་བཞིན་དུ་སྐྱར་བཟློས་ཡང་མ་ཡིན། །སྔོན་མེད་ལང་ཚོ་གསར་པའི་གཏམ་དུའང་རུང་། །ལེགས་པར་བཤད་ཀུན་བླ་མའི་ཐུགས་རྗེའི་མཐུ། །ཉེས་པར་གྱུར་ཀུན་བདག་བློ་ངན་པའི་སྐྱོན། །ལྷག་བསམ་དག་པས་བཀོད་པའི་དགེ་ཚོགས་རྣམས། །འགྲོ་ཀུན་གུ་རུའི་གོ་འཕང་ཐོབ་ཕྱིར་བསྔོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

༈ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས་ཁ་སྐོང་།

གངས་ཅན་མཁས་གྲུབ་ཀྱི་དབང་པོ། །ཀུན་མཁྱེན་དྲི་མེད་ཀྱི་འོད་ཟེར། །འོད་གསལ་རྡོ་རྗེ་ཡི་སྙིང་པོའི། །རྩོད་མེད་ཐེག་མཆོག་གི་བདག་པོར། །གསོལ་འདེབས་བུ་མཆོག་ལ་དགོངས་དང་། །ཀ་དག་སྤྲོས་བྲལ་གྱི་ལྟ་བ། །གཞི་ཐོག་རིགས་སྟོང་གི་ངང་དུ། །གང་ཤར་གསོལ་སྟོང་དུ་ཤར་གྲོལ། །ལྷུན་གྲུབ་འོད་གསལ་གྱི་གཟིགས་མོ། །སྒྲོན་མ་བཞི་ལྡན་གྱི་གྲུ་བོར། །སྣང་མཐོང་གོང་འཕེལ་དང་ཚད་ཕེབས། །སྐུ་དང་ཞིང་ཁམས་ཀྱི་སྣང་བ། །ཡེ་ནས་འདུ་འབྲེལ་དུ་མེད་པ། །ཨ་ལ་ལ་ཧོ་ཧཱུྃ་སིདྡྷཱི། །དོན་དམ་རང་རིག་གི་རྩལ་དབང་། །སྐད་གཅིག་དུས་འདི་རུ་རྩོལ་གཅིག །

ཅེས་རྩོད་མེད་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པ་ཡི་ཀུན་མཁྱེན་རྒྱལ་བ་དྲི་མེད་འོད་ཟེར་ལ་གསོལ་བ་འདེབས་པ་ཨ་རི་རྫོགས་ཆེན་གྱི་རང་སྐད་ཇི་ལྟ་ཐོལ་བྱུང་རྡོ་རྗེའི་གསུང་བྱིན་རླབས་ཀྱི་མཚན་ཁ་རྨད་དུ་བྱུང་བ་སྟེ་ཤོ་ལོ་ཀ་ཡི་ཁ་སྐོང་ཚིག་རྐང་ཕྱེད་གསུམ་ཀཿཐོག་སྤྲུལ་སྐུ་རིག་འཛིན་པས་སོ། །སརྦ་མངྒ་ལཾ།

༈ གནུབས་ཆེན་ནམ་མཁའི་སྙིང་པོའི་གསོལ་འདེབས་ཚན་པ་གཉིས།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་ཀུན་གྱི་ངོ་བོ། །གསང་བ་རྒྱ་མཚོ་འབྱུང་བའི་གཏེར་མཛོད། །ཡེ་ཤེས་རྒྱ་མཚོའི་མངའ་བདག་ཆེན་པོ། །བྱིན་རླབས་རྒྱ་མཚོའི་སྤྱི་དཔལ་བླ་མ། །འཁོར་ལོའི་མགོན་པོ་མཚོ་སྐྱེས་རྡོ་རྗེ། །གཉིས་མེད་འོད་གསལ་ཕྱག་བརྒྱ་རྒྱ་ཆེན། །འདྲེན་མཆོག་ནམ་སྙིང་བདེ་བ་ཆེན་པོར། །སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས་ཤིག །

ཅེས་དྲན་མཆོག་རྩ་བའི་བླ་མ་སྙིང་ནས་དྲན་པའི་གདུང་ཤུགས་ཀྱི་གསོལ་བ་བཏབ་པ་ཤར་ཉང་པོ་རྒྱ་མདའ་ཡི་ཡུལ་འདབས་བཱ་ན་ཛ་ལ་ཙཱཀྲར་མེ་འབྲུག་མགོ་ཟླ་ཡི་དམར་ཉར་ཚེ་དབང་ནོར་བུས་སྨྲས་པའོ། །མངྒ་ལཾ།

ཨོཾ་སྭསྟི། རྒྱལ་བ་རྒྱ་མཚོ་ཀུན་འདུས་ངོ་བོ། །གསང་བ་རྒྱ་མཚོ་ཀུན་གྱི་འབྱུང་གནས། །ཡེ་ཤེས་རྒྱ་མཚོའི་དབང་བསྒྱུར་མངའ་བདག །མཚོ་སྐྱེས་རྡོ་རྗེ་བདེ་བ་ཆེན་པོ། །ཕྱག་བརྒྱ་རྒྱ་ཆེན་གྲུབ་པའི་དབང་ཕྱུག །ནམ་མཁའི་སྙིང་པོར་སྙིང་ནས་འདུད་དོ། །བྱིན་གྱིས་རློབས་ཤིག་ད་ལྟ་དུས་འདིར། །ཧེ་རུ་ཀ་དཔལ་ཁྱེད་མཚུངས་མཛོད་ཅིག །

ཅེས་དྲག་པོ་ལྕགས་སྤྲེལ་མོ་ཟླ་ཡི་ཤེས་རབ་ཀྱི་ཆ་ཤས་གང་བར་དྲན་མཆོག་པདྨ་བདེ་ཆེན་གླིང་པའི་དུས་མཆོད་སྐབས་སུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བརྗོད་པ་དགེའོ། །དགེའོ། །

༈ རྩ་གསུམ་གསོལ་འདེབས།

ཨོཾ་ཨཱ༔ཧཱུྃ༔ རྒྱལ་བ་ཀུན་འདུས་ཨོ་རྒྱན་ཡབ་ཡུམ་མཆོག །རྒྱུད་སྡེ་བཞི་འདུས་གསང་བདག་ཧེ་རུ་ཀ །ལྷན་ཞིང་སྔགས་འདུས་གསང་ཡེ་ཕག་ཁྲོས་མ། །ལས་ཡེ་དམ་འདུས་མ་མགོན་ཞིང་སྐྱོང་ཆེ། །ཁྱེད་ལ་མོས་གུས་སྙིང་ཁོང་རུས་གཏིང་ནས། །རྩེ་གཅིག་ཕུར་བཙུགས་དྲག་པོས་གསོལ་བ་འདེབས། །གཟིགས་ཤིག་ཐུགས་རྗེའི་མ་ཆུང་ལྷག་པའི་ལྷ། །མཆོག་ཐུན་དངོས་གྲུབ་བྱིན་ཆེན་དུས་འདིར་སྩོལ། །ཕྱི་ཡི་བར་ཆད་མི་དང་མི་མིན་གྱི། །གནོད་འགལ་གདུག་པ་ཟློག་མཛད་ནུས་ལྡན་ལྷ། །ནང་གི་བར་ཆད་འབྱུང་བཞི་འདུ་འཁྲུག་གནད། །གདོན་བགེགས་འཚེ་བ་ཐུལ་མཛོལ་ཐུགས་རྗེ་ཅན། །གསང་བའི་བར་ཆད་ལས་ཉོན་འཁྲུལ་པ་ཡིས། །རྣམ་རྟོག་དུག་ལྔ་ཞི་མཛོད་བྱིན་རླབས་ཚན། །ཆོས་མིན་ཟང་ཟིང་རྣམ་གཡེང་ཕྱི་ཡི་བདུད། །གཉིས་འཛིན་རྟོག་ཚོགས་རགས་རྩུབ་ནང་གི་བདུད། །མ་རིག་གཟུགས་འཛིན་དངོས་ཞེན་རང་འབྱུང་བདུད། །བག་ཆགས་ཕུང་པོ་འདོད་ཡོན་ལྷ་བུའི་བདུད། །འཁྲུལ་སྣང་ཉོན་མོངས་ལས་དབང་འཆི་བདག་བདུད། །ཐམས་ཅད་ལྷག་པའི་ལྷ་མཆོག་རྩ་གསུམ་གྱིས། །ཐུགས་རྗེས་བདེན་མཐུས་གཟི་བྱིན་རྨད་བྱུང་གི །ལོག་རྟོགས་བདུད་དཔུང་འཇོམས་མཛོད་མཐུ་མ་ཆུང་། །ལས་ངན་སྲ་བ་གཅོད་མཛོད་ཨོ་རྒྱན་རྗེ། །བདག་སེམས་ཡེ་ནས་འཁྲུལ་པའི་སྨག་རུམ་ལས། །མགོན་ཁྱོད་ཐུགས་རྗེའི་ཉི་མ་ད་སྟོན་འཚལ། །བར་ཆད་ཚང་ཚིང་མ་ལུས་འདུལ་མཛད་ལ། །འཆི་མེད་བདེ་ཆེན་དབང་བྱིན་དངོས་གྲུབ་སྩོལ། །

ཅེས་རང་ཉིད་ཕྱོགས་བསྒྲོད་ཤུལ་དུ་ཞུགས་པར་ཕྱི་འབྱུང་བཞི་བྱེད་པ་ཚ་གྲང་དང་ནང་ཉོན་མོངས་རྣམ་རྟོག་གི་ལྷོང་ཚད་རྩུབ་མོ་རྐྱེན་གྲྭ་འཁོར་ཆོས་མེད་དམ་དྲེད་ཀྱི་སྤྱོད་པས་རྒྱུད་རབ་ཏུ་འཁྲུག་པར་གྱུར་ཚེ་དེ་ཉིད་རང་ཞི་རང་གྲོལ་ཆེད་དུ་རྩ་བ་གསུམ་ལ་གསོལ་འདེབས་སུ་རྣལ་འབྱོར་ཚེ་དབང་ནོར་བུས་མདོ་ཁམས་རི་བོ་ཆེ་ཡི་དགོན་དུ་ཁྲོ་མོ་ཧོར་ཟླ་ལྔ་པའི་ཚེས་ལྔ་ལ་སྨྲས་པ་སརྦ་མངྒ་ལཾ།

༈ སྟག་ཤམ་རྡོ་རྗེའི་གསོལ་འདེབས་ཚན་པ་གཉིས།

ཨོཾ་ཨཱཿཧཱུྃ་ཧྲཱི༔ དཀྱིལ་འཁོར་ཡོངས་གཙོ་ཧེ་རུ་ཀ །དཔའ་བོ་ཆེན་པོ་སྟག་ཤམ་ཅན། །པདྨ་རྡོ་རྗེ་ཐོད་འཕྲེང་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །གསང་བ་ཀུན་གྱི་མངའ་བདག་ཆེ། །གཞན་དོན་ནུས་པའི་མཆོད་དཔལ་ལྡན། །གསུང་གི་རྡོ་རྗེ་རྟ་མཆོག་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །རྒྱལ་ཀུན་ཡེ་ཤེས་བཟླུམ་པའི་དངོས། །བསམ་གཏན་མཆོག་ལ་མངའ་བརྙེས་པ། །ཀུན་བཟང་རྡོ་རྗེ་འཆང་གི་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །བླ་མེད་བླ་མ་འདུས་པའི་བདག །ཡི་དམ་ཀུན་གྱི་རིགས་བདག་གསལ། །མཁའ་འགྲོའི་ཡབ་གཅིག་དཔའ་བོ་དབང་། །རྩ་བའི་བླ་མར་གསོལ་འདེབས་ཀྱི། །བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །སྒྲིབ་སྦྱངས་ཚོགས་རྫོགས་བདེ་འབྲས་ཐོས། །བྱང་ཆུབ་མཆོག་ལ་རབ་ཏུ་འཁོད། །སྐུ་གཉིས་འབྲས་བུ་མྱུར་སྨིན་ཤོག །

ཅེས་ལྷོ་གནས་གླང་མ་ལུང་གི་ལྟེ་བ་སྲོག་མཁར་ཆོས་ཀྱི་ཕོ་བྲང་དུ་བཙུན་པ་ཨོ་རྒྱན་དོན་བཟང་གི་བསྐུལ་ངོར་པད་འབྱུང་སྟག་ཤམ་རྡོར་མི་ཕྱེད་དད་པ་མཆོག་ཏུ་ཐོབ་པའི་རྣལ་འབྱོར་ཚེ་དབང་ནོར་བུ་པདྨ་གར་དབང་རྡོ་རྗེས་ཤིང་འབྲུག་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔར་སྨྲས་པ་དགེའོ། །

ཨོཾ་ཨཱཿཧཱུྃ་ཧྲཱི། རྒྱལ་ཀུན་འདུས་པའི་ངོ་བོ་པདྨ་འབྱུང་། །དྲེགས་པ་ཚར་གཅོད་རྡོ་རྗེ་དྲག་པོ་རྩལ། །ཞི་ཁྲོའི་ཉམས་འབར་བླ་མ་ཧེ་རུ་ཀ །ཞི་དྲག་གསང་བར་གསོལ་འདེབས་བདག་བྱིན་རློབས། །འོད་དཔག་མེད་མགོན་རྡོ་རྗེ་མཁའ་འགྲོ་ལུང་། །པདྨ་གར་དབང་ཆེན་པོ་རྟ་མཆོག་དཔལ། །ཐུགས་རྗེའི་འགྲོ་བ་དབང་བསྡུས་གསང་ཡེ་མ། །རྩ་གསུམ་དོན་སྦྱོར་གསོལ་འདེབས་བདག་བྱིན་རློབས། །དཀོན་མཆོག་སྤྱི་འདུས་བླ་མ་ཡིད་བཞིན་ནོར། །སྒྲུབས་ཆེན་ཡོངས་འདུས་ཡི་དམ་རྟ་མཆོག་དཔལ། །མཁའ་འགྲོ་ཀུན་འདུས་སྡེ་ལྔ་ཁྲོས་སེང་མ། །དགོངས་འདུས་གསུམ་ལ་གསོལ་འདེབས་བདག་བྱིན་རློབས། །ཀུན་གྱི་སྤྱི་གཟུགས་དཔའ་བོ་སྟག་ཤམ་ཅན། །གསང་བའི་བདག་པོ་ནུས་ལྡན་རྡོ་རྗེ་འཛིན། །བསམ་གཏན་རྡོ་རྗེ་དྲི་མེད་ཡེ་ཤེས་རྩལ། །རྩ་བའི་བླ་མར་གསོལ་འདེབས་བདག་བྱིན་རློབས། །ཚེ་རབས་སྒྲིབས་སྦྱངས་བསོད་ནམས་ཡེ་ཤེས་རྒྱས། །བཀྲ་ཤིས་བདེ་སྐྱིད་ཉམས་རྟོགས་གོང་དུ་འཕེལ། །ལྟ་བ་ཀློང་གྱུར་བདག་གཞན་དོན་གཉིས་གྲུབ། །རྡོ་རྗེ་འཆང་གི་གོ་འཕང་ལ་སྦྱོར་ཤོག །

ཅེས་པར་གཏམ་རི་ཁྲོད་དུ་ཚེ་དབང་དབང་ཕྱུག་གིས་བསྐུལ་ངོར་ཕྱོགས་མེད་མྱུལ་བའི་སྤྲང་བན་ཚེ་དབང་ནོར་ལྡན་འཇིགས་མེད་དགྱེས་པ་རྩལ་གྱིས་ཤིང་འབྲུག་ཧོར་ཟླ་ལྔ་པའི་ཚེས་བཅུ་བདུན་ལ་བྲིས་པ་དགེའོ། །སརྦ་མངྒ་ལཾ།

༈ བརྒྱུད་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །རིགས་ཀུན་འདུས་པའི་གསང་ཆེན་རྡོ་རྗེ་སེམས། །རྒྱལ་བའི་སྤྱི་གཟུགས་པདྨཱ་ཀ་རའི་ཞབས། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །གསང་བ་འདྲ་ཀིའི་ཡེ་ཤེས་མཚོ་རྒྱལ་མ། །སྙིགས་དུས་འདྲེན་པ་ནུས་ལྡན་གཏེར་བཞད་སྙིང་། །སྒྲུབ་པའི་དབང་ཕྱུག་རིན་འཛིན་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །ཐུགས་རྗེ་རྨད་བྱུང་གཏེར་སྟོན་རོལ་རྡོ་རྗེ། །གསུང་རབ་རྒྱ་མཚོ་དབང་བསྒྱུར་ཆེ་ཚང་ཞབས། །རྒྱུད་འཛིན་རྣལ་འབྱོར་ཚེ་དབང་ནོར་བུའི་ཞབས། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །དེ་ལྟར་བརྒྱུད་པའི་བླ་མར་གསོལ་འདེབས་མཐུས། །དབང་བཞིའི་བདག་སྨིན་བསྐྱེད་རྫོགས་ཟུང་གི་གྲོལ། །ཉམས་རྟོགས་མཐར་ཕྱིན་འབྲས་བུ་སྔོན་དུ་གྱུར། །དོན་གཉིས་ལྷུན་གྲུབ་འགྲོ་བའི་དཔལ་དུ་ཤོག །

ཅེས་ལོང་པོ་གྲུབ་ཆེན་སངས་རྒྱས་རྡོ་རྗེའི་སློབ་མ་སངས་རྒྱས་ལྷུན་གྲུབ་ཀྱིས་བསྐུལ་ངོར་རིག་འཛིན་ཚེ་དབང་ནོར་བུས་བྲག་གད་པདྨ་ཤེས་ཕུག་མདུན་དུ་སྨྲས་པ་སརྦ་མངྒ་ལཾ།

ཨོཾ་འཁོར་འདས་སྤྱི་དཔལ་ཀུན་བཟང་རྡོ་རྗེ་སེམས། །འགྲོ་འདུལ་འོད་སྐུ་དགའ་རབ་པདྨ་འབྱུང་། །ཐུགས་རྗེས་འདོད་གར་བདུད་འདུལ་བདེ་ཆེན་གླིང་། །ཀུན་འདུས་ངོ་བོ་རྩ་བའི་བླ་མའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་ཡེ་གོང་དུ་སྨན་ཆུའི་དཀོར་གཉེར་ལ་ཕན་གྱི་བསྐུར་ངོར་ཚེ་དབང་ནོར་བུས་བྲིས།

ཨོཾ་ཨཱ༔་ཧཱུྃ༔ ཀུན་བཟང་པདྨ་འབྱུང་གནས་སྒྱུ་འཕྲུལ་གར། །པདྨ་བདེ་གླིང་ཀརྨ་རིག་པ་འཛིན། །གཉིས་མེད་ཐུགས་སྲས་ཚེ་དབང་ནོར་བུའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད། །

ཅེས་རང་གི་སློབ་མ་ཐུབ་བརྟན་གྱིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཀུན་ལུང་གནས་སྒོ་སྨན་ཆུ་གཡུ་རྩེའི་རི་ཁྲོད་དུ་སྨྲས་པ།

༈ དུས་འཁོར་བརྒྱུད་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ རྒྱལ་བའི་སྤྱི་མེས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་དུས་འཁོར་ལོ། །འདྲེན་པ་རིགས་མཆོག་ཕོད་པའི་རྟོགས། །གསོལ་བ་འདབས་སོ་མཆོག་བྱིན་རློབས། །གསང་བའི་བདག་པོ་ཟླ་བ་བཟང་། །ཆོས་རྒྱལ་བདུན་དང་རིགས་ལྡན་ལྷ། །ཉི་ཤུ་ལྔ་འགྱུར་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་བྱིན་རློབས། །ཤམྦྷ་ལ་དང་རྒྱ་བོད་དུ། །རྡོ་རྗེ་གནས་ཀུན་མཁྱེན་པའི་དབང་། །མི་མཆོག་རིག་གྲུབ་ལོ་པཎ་ལ། །གསོལ་བ་འདེབས་སོ་མཆོག་བྱིན་རློབས། །དང་པོའི་སངས་རྒྱས་རྒྱུད་སྡེ་ཡི། །རིག་པའི་གནས་ཀུན་སྨྲ་བ་ཡི། །དབང་ཕྱུག་མ་ཧཱ་པཎྜི་ཏ། །འཇམ་དབྱངས་གསུང་རབ་རྒྱ་མཚོའི་སྡེ། །རྒྱུད་འཛིན་སློབ་མར་བཅས་པ་ལ། །གསོལ་བ་འདེབས་སོ་ཕྱི་ནང་གསང་། །བདེན་གཉིས་ཡོངས་རྟོགས་མཁྱེན་པ་རྒྱས། །

གྲུབ་ཆེན་འོད་གསལ་དབང་པོའི་སློབ་མ་རྐང་བན་བསྟན་པས་བསྐུལ་ངོར་ཚེ་དབང་ནོར་བུས་གོང་འབྲས་ཡུལ་དུ་སྨྲས་སོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ རིགས་བསྡུས་སྒྱུ་འཕྲུལ་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་མགོན། །

འོད་གསལ་སྒྱུ་མའི་སྐུ་བརྙེས་ཤ་བ་རི། །ཟློས་གར་ཀརྨ་རིག་པ་འཛིན་པ་ཆེ། །བརྒྱུད་འཛིན་ཐུགས་སྲས་སློབ་མར་བཅས་པ་ལ། །གསོལ་འདེབས་བྱིན་རློབས་སྨིན་གྲོལ་མཆོག་མཐུན་སྩོལ། །

ཞེས་ཡེ་གང་འབྲས་ཚལ་གྱི་དད་ལྡན་གཞོན་ནུ་ཚེ་རིང་བུ་ཁྲིད་ཀྱིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །ཆོས་ཀྱི་རྡོ་རྗེ་མགོན་པོ་འོད་དཔག་མེད། །སྙིང་རྗེའི་རང་མདངས་གདུལ་བྱའི་དཔལ་མགོན་དུ། །ཡོངས་ཤར་སྤྱན་རས་གཟིགས་དབང་གངས་ཅན་མཚོ། །དེ་ཡི་ངོ་བོར་གྱུར་ཅིང་སངས་རྒྱས་ཀྱི། །སྤྲིན་ཕུང་སྤྲོ་བསྡུ་བྱེད་པོ་པདྨ་འབྱུང་། །ངེས་དོན་བསྟན་པ་སྤེལ་ཕྱིར་སྤྲུལ་པའི་སྐུ། །ཤིང་རྟ་ཟླ་མེད་ཤེས་རབ་རྒྱལ་བའི་མཚན། །སླར་ཡང་སྙིགས་དུས་འགྲོ་བ་འདྲེན་སླད་དུ། །བརྟུལ་ཞུགས་མཛད་པ་རྨད་བྱུང་བརྩོན་འགྲུས་བཟང་། །གྲུབ་པ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེ། །མཚུངས་མེད་བླ་མ་མཆོག་དེར་གསོལ་བ་འདེབས། །གཞན་ཡང་པདྨཱ་ཀ་རའི་སྒྱུ་འཕྲུལ་རྩལ། །འཇམ་མགོན་གྲུབ་པ་ཀུན་དགའ་གྲོལ་བའི་མཆོག །བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ་དཔལ། །ལེགས་བཤད་གཏམ་གྱི་འབྱུང་ཁུངས་ཀུན་དགའ་སྙིང་། །དེ་དག་རྣམས་ཀྱི་བསྟན་པའི་སྙིང་པོ་གང་། །མ་ནོར་ཤེས་བཞིན་འཛིན་པའི་སྙིང་སྟོབས་ཅན། །ནམ་སྙིང་སྤྲུལ་གར་ཚེ་དབང་ནོར་བུའི་སྡེ། །དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས། །དེ་ལྟར་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །བདག་ནི་དུས་འདི་ནས་བཟུང་བྱང་ཆེན་གྱིས། །འབྲས་བུ་མ་ཐོབ་བར་དུ་ཚེ་རབས་རྟག །མཚན་ལྡན་བླ་མ་མཆོག་གི་རྗེས་སུ་གཟུང་། །དམ་ཚིག་སེལ་མེད་ཐུགས་ཀྱི་དགྱེས་དགུ་བསྒྲུབ། །གཞན་ཕན་འཕྲིན་ལས་སྤེལ་ལ་མི་གཡེལ་ཞིང་། །བླ་མེད་ཐུགས་ཀྱི་སྲས་མཆོག་གྱུར་ནས་ཀྱང་། །ཐེག་ཆེན་ས་ལམ་ཡོན་ཏན་མ་ལུས་རྫོགས། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་གྱི། །གོ་འཕང་མཆོག་ལ་མྱུར་དུ་འཁོད་གྱུར་ནས། །ནམ་མཁའི་མཐའ་མཉམ་འགྲོ་དོན་བྱེད་པར་ཤོག །

ཞེས་པ་འདི་ཡང་དབུས་ཆུ་བོ་རི་ལྕགས་ཟམ་སྤྲུལ་པའི་སྐུའི་ཕྱག་མཛོད་ངག་དབང་དགེ་ལེགས་ཀྱི་གསོལ་བ་བཏབ་པའི་ངོར་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་རྣམ་ཀུན་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།

༈ ཀུ་ཀུ་རི་པའི་གསོལ་འདེབས།

ན་མོ་གུ་རུ་ཀུ་ཀུ་རི་པ་ཡ། ཧེ་རུ་ཀ་དཔལ་གྱིས་ཐུགས་རྗེས་རོལ་རྩལ་ལས། །འཕགས་ཡུལ་དབུས་འགྱུར་དུ་རྒྱལ་བའི་རིགས་ལས་འཁྲུངས། །གཙུག་ལག་ན་ལེནྡྲར་དགེ་སློང་དངོས་པོར་གྱུར། །རྒྱ་གར་ཤར་ཕྱོགས་དུ་ཕག་མོས་བྱིན་གྱིས་རླབས། །ཀངྐུའི་བྲག་ཕུག་ནས་རྩ་གསུམ་ལྷ་ཡུལ་གཤེགས། །སྙིང་རྗེའི་དབང་གིས་ནི་སླར་ཡང་མི་ཡུལ་བྱོན། །རྡོ་རྗེ་མཁའ་འགྲོ་མ་ཀུ་ཀུའི་ཚུལ་དང་རོལ། ཨོ་རྒྱན་མཁའ་སྤྱོད་ནས་སྒྱུ་འཕྲུལ་རྒྱུད་ཆེན་བླང་། །སྤྱོད་པ་རྣམ་གསུམ་གྱིས་སྐལ་ལྡན་ཚོམ་བུ་བཅས། །གྲོང་ཁྱེར་སྐྱ་ནར་ནས་སངས་རྒྱས་ས་ལ་གཤེགས། །རྒྱ་གར་གྲུབ་ཐོབ་མཆོག་ཀུ་ཀུ་རི་པ་ཡི། །རྨད་བྱུང་རྣམ་ཐར་གང་ཐོས་ཤིང་དྲན་བྱས་ཏེ། །དད་དང་གུས་པ་ཡིས་ལྷང་ལྷང་གསོལ་འདེབས་ན། །མཁའ་སྤྱོད་དག་པ་ནས་ཐུགས་རྗེས་སྤྱན་གྱིས་གཟིགས། །བདག་སོགས་དད་ལྡན་ལ་བྱིན་བརླབ་འཕོ་བའི་དབང་། །གདན་ཐོག་འདི་ཉིད་དུ་བསྐུར་བར་མཛད་ནས་ཀྱང་། །དོན་དམ་ལྷན་སྐྱེས་ཀྱིས་ཡེ་ཤེས་ཟབ་གསལ་བདེ། །ཕྱག་རྒྱ་ཆེན་པོའི་དོན་ཁོངས་སུ་ཆུད་ནས་ཀྱང་། །རབ་འབྱམས་ལས་ཚོགས་དང་གྲུབ་པ་ཐོགས་མེད་བརྙེས། །མགོན་མཆོག་ཁྱེད་རང་དང་མཚུངས་པར་བྱིན་གྱིས་རློབས། །

ཞེས་པ་ཡང་ཤར་ཕྱོགས་ཀོང་ཡུལ་ཤིང་མོའི་ཚལ་ལྷ་རི་སེང་ངེའི་མདུན་ཀླུ་ངའི་ཕོ་བྲང་དུ་གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་དང་རྡོ་རྗེ་མཁའ་འགྲོའི་སྒྱུ་འཕྲུལ་ཀུ་ཀུའི་གཟུགས་ཅན་སྔོན་དུས་ཕྱོགས་དེར་ཕེབས་ཤིང་ཞབས་ཀྱི་དཀྱིལ་འཁོར་གྱི་རྗེས་སྲ་མཁྲེགས་རྡོ་ལ་ལེགས་པར་བཀོད་པར་བྱེད་པ་ཡང་ཡིད་ཀྱི་ཡུལ་དུ་གསལ་སྣང་འཆར་བའི་མདོ་ལ་ཚིགས་སུ་བཅད་པ་འདི་རྣམས་བྲིས་ཤིང་དེ་ཕྲལ་ཉིད་དུ་ཞབས་རྗེས་ཀྱང་མངོན་སུམ་མིག་གིས་མཐོང་བས་གཏན་ལ་ཕབ་ཏེ་ཆུ་ཕག་དབྱུ་གུ་ཟླ་བའི་ཡར་ཚེས་བརྒྱད་ལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སོ། ། འདིས་ཀྱང་འགྲོ་ཀུན་ཧེ་རུ་ཀ་ཀུ་ཀུ་རི་པའི་གོ་འཕང་ལ་འཁོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ་སྭཱཧཱ།

༈ ཇོ་ནང་བླ་བརྒྱུད་གསོལ་འདེབས།

ཨོཾ་སྭསྟི། རྒྱལ་གཞན་ལས་ལྷག་ཐུགས་བསྐྱེད་དཔའ་བོ་ཆེ། །བསྐལ་བཟང་འདྲེན་པ་ཡོངས་གཙོ་ཤཱཀྱའི་སྲས། །བདུད་དཔུང་མཐར་བྱེད་ཐུབ་ཆེན་ལྷ་ཡི་ལྷ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་དེར་ཕྱག་འཚལ། །གསང་གསུམ་མི་འཛད་མཁའ་ཁམས་མཐའ་ཐུག་པའི། །རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་སྐུ། །ཉིད་ལས་དེང་འདིར་བདག་ཅག་གདུལ་བྱའི་ངོར། །མཚན་དཔེ་ཡོངས་རྫོགས་འགྲོ་བའི་བླ་མར་འདུད། །གསེར་རི་བྱེ་འབུམ་མདངས་འཕྲོག་ཁྱོད་ཀྱི་སྐུ། །མིག་སྨན་བུང་བ་ལྟར་ནག་དཔལ་འཁྱིལ་སྐྲ། །རབ་འཚེར་ཆེས་དཀར་མཛོད་བུ་འོད་འབུམ་འཁྱིལ། །གཙུག་ཏོར་ནམ་མཁའི་ཕ་མཐར་ཁྱབ་ལ་འདུད། །ཞལ་སྒོ་མཛེས་འཛུམ་སྙན་གྱི་ཤས་རིང་ཞིང་། །ཤངས་ལེགས་ཡིད་འཕྲོག་སྤྱན་རས་རབ་ཏུ་དྭངས། །ཞལ་ཁྱིམ་ཕུལ་དུ་བྱུང་ཞིང་སྐུ་སྟོད་རྒྱས། །སྐལ་པར་ལྟས་ཀྱང་ངོམ་མེད་མཛེས་དེར་འདུད། །ཕྱག་གཡས་པད་གདན་སྙིང་པོས་ས་གནོན་མཛད། །གཡོན་པ་མཉམ་བཞག་ཕྱག་རྒྱ་ལྟེ་འོག་འཆང་། །ཚངས་སྤྱོད་ཆ་ལུགས་ངུར་སྨྲིག་ཆོས་གོས་གསོལ། །རྡོ་རྗེ་དཀྱིལ་ཀྲུང་པད་ཟླར་བཞུགས་ལ་འདུད། །སྐུ་རྒྱབ་འོད་ཀྱི་དཀྱིལ་འཁོར་རབ་ཏུ་རྒྱས། །མེ་ཏོག་ཆར་དང་རིན་ཆེན་གདུགས་མཛེས་ཕུབ། །མདངས་གསལ་ནམ་མཁའི་དབུས་སུ་ལྷམ་མེ་བ། །བཅོམ་ལྡན་རྫོགས་སངས་རྒྱས་ལ་གུས་པས་འདུད། །རྒྱལ་བའི་སྐུ་ཡི་གཡས་གཡོན་བར་སྣང་ལ། །ཆོས་རྒྱལ་ཟླ་བཟང་རིགས་ལྡན་འཇམ་དཔལ་གྲགས། །སྤྲུལ་བཞི་ཆོས་ཀྱི་སྤྲིན་གྱི་དབང་ཕྱུག་ཆེ། །རྒྱལ་སྲས་ཐུ་བོ་ཟུང་ལ་ཕྱག་འཚལ་ལོ། །གསང་བདག་སྔོ་བསང་སྐྱབས་དང་སྦྱིན་པའི་རྒྱ། །ཐུགས་ཀ་པུས་སྟེང་པདྨ་སྔོ་དམར་བཅས། །རྡོ་རྗེ་དྲིལ་འཛིན་སེམས་དཔའ་རིན་ཆེན་ཆས། །སེམས་དཀྱིལ་དར་གྱིས་སྨད་གཡོགས་ཅན་ལ་འདུད། །འཇམ་དཔལ་དམར་སེར་ཆོས་འཁོར་ཕྱག་རྒྱ་ཡི། །ཨུཏྤལ་སྟེང་ན་རལ་གྲི་གླེགས་བམ་འཛིན། །སེམས་དཔའི་དཀྱིལ་ཀྲུང་འཇའ་ཚོན་སྨད་གཡོགས་ཅན། །རིན་ཆེན་བརྒྱན་གྱིས་ཡོངས་མཛེས་དེ་ལ་འདུད། །རྒྱལ་བའི་མདུན་གཡས་ས་བཞིར་སྤྱན་རས་གཟིགས། །སྤྲུལ་པ་ཀུན་མཁྱེན་དོལ་པོ་སྐུ་ཤ་རྒྱས། །ས་ཞུ་ཆོས་གོས་གསུམ་གསོལ་གཡས་ས་གནོན། །གཡོན་པ་ཆོས་གོས་གྲ་ནས་འཛིན་ལ་འདུད། །རྒྱལ་བའི་མདུན་དངོས་ས་བཞིར་པདྨ་འབྱུང་གི །རྣམ་འཕྲུལ་ཏཱ་ར་ནཱ་ཐ་ཆོས་གོས་གསོལ། །ངུར་སྨྲིག་པཎ་ཞྭ་སྐྱབས་རྒྱ་གཡས་ཐུགས་ཀར། །གཡོན་པ་མཉམ་བཞག་གླེགས་བམ་འཛིན་ལ་འདུད། །དེ་ལྟར་རྒྱལ་བ་མཆོག་དང་རྒྱལ་སྲས་བཞིའི། །གཟུགས་བརྙན་གདུལ་བྱའི་ཚོགས་ཀྱི་ཞིང་དམ་པ། །རྟེན་བརྟེན་ཚུལ་གྱུར་སེམས་དཔའ་གསམ་གྱི་དངོས། །མོས་པའི་ངོ་རུ་སྣང་བ་མཆོག་དེ་ལ། །མི་ཕྱེད་དད་པའི་ཡིད་ཀྱི་བསྟོད་པའི་མཐུས། །བདག་ནི་སྐྱེ་བ་འདི་ནས་བྱང་ཆེན་བར། །རྒྱལ་དང་རྒྱལ་སྲས་ཞལ་བཟང་རྟག་མཐོང་ཞིང་། །རྒྱལ་བའི་བསྟན་ལ་ལྷག་བསམ་བྱ་བ་བྱེད། །མདོ་སྔགས་དགོངས་དོན་ཇི་བཞིན་མ་ནོར་བ། །གཞན་ལ་རྒྱ་ཆེར་སྟོན་པའི་འགྲོ་བ་ལ། །ཕན་པ་མཆོག་འགྲུབ་རྒྱལ་བ་སྲས་སློབ་བཅས། །དགྱེས་པའི་ལས་ཀུན་བདག་གི་འགྲུབ་པར་ཤོག །རྟག་བརྟན་འགྱུར་བ་མེད་པ་ཆོས་ཀྱི་དབྱིངས། །མི་ཞིག་བདེ་བ་ཆེན་པོ་ཡོངས་གྲུབ་པ། །ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཉིད། །མྱུར་བ་ཉིད་ཐོབ་དོན་ཉིད་ལྷུན་འགྲུབ་ཤོག །

ཅེས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་སྟོན་པའི་ཟབ་སྐུ་ཞལ་འབྱེད་ཚེ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པ་སྟེ་ཤིང་སྟག་ནག་ཟླའི་ཉེར་བརྒྱད་རྗེ་བཙུན་དམ་པའི་དུས་ཆེན་སྐབས་སུའོ། །མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙི་ཝི། །ཀ་ལ་པུ་རུ་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས། །འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས། །སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། །རྔ་ཡབ་གླིང་ན་པདྨ་འབྱུང་གནས་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །དེ་བཟློས་གསུང་རབ་ངེས་དོན་རྫོགས་པར་དགོངས། །དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །དོལ་པ་པོར་གྲགས་བླ་མའི་ཞབས་ལ་འདུད། །མངྒ་ལཾ་བྷ་ཝནྟུ་སྭཱཧཱ།

༈ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསོལ་འདེབས།

ཨོཾ་ཨཱ༔་ཧཱུྃ། ཀུན་ཁྱབ་སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ཁམས། །ཀློང་ཆེན་རབ་འབྱམས་ཆོས་སྐུར་གསོལ་བ་འདེབས། །གཡོ་མེད་དག་བསལ་རང་བཞིན་ཡེ་ཤེས་ལྔ། །དྲི་མེད་འོད་ཟེར་ལོངས་སྐུར་གསོལ་བ་འདེབས། །འབད་མེད་ལྷུན་གྲུབ་གང་འདུལ་འགྲོ་དོན་མཛད། །སྣ་ཚོགས་རང་གྲོལ་སྤྲུལ་སྐུར་གསོལ་བ་འདེབས། །མཉམ་ཉིད་ཁྱབ་བརྡལ་མ་འདྲེས་ཟུང་འཇུག་སྐུ། །བསམ་ཡས་ངོ་བོ་ཉིད་བསྐུར་གསོལ་བ་འདེབས། །ཚུལ་ཁྲིམས་ཨུཏྤལ་བློ་གྲོས་གླེགས་བམ་སྤུད། །ངག་གི་དབང་ཕྱུག་མཁྱེན་རབ་རལ་གྲི་ཡི། །མི་ཤེས་དྲ་བ་མཐའ་དག་གཅོད་མཛད་པ། །གཟི་བརྗིད་རྡོ་རྗེ་རྣོན་པོ་གསོལ་བ་འདེབས། །བྱར་མེད་ཀློང་ཡངས་ནམ་མཁའ་དྭངས་པ་ལ། །བློ་གྲོས་མཆོག་གི་ལང་ཚོ་སྟོང་འབར་བས། །འགྲོ་བའི་བློ་མུན་མཐའ་དག་སེལ་མཛད་མགོན། །ཀུན་བཟང་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ཐུབ་བསྟན་རྩོད་ལྡན་སྙིགས་དུས་མཐའ་ཐུག་འདིར། །ཐེག་མཆོག་རྫོགས་ལྡན་རྡོ་རྗེ་སྙིང་པོའི་ཆོས། །མ་ནོར་སྟོན་མཛད་པད་འབྱུང་བི་མ་ལ། །དངོས་གྱུར་ཀུན་བཟང་དྲི་མེད་འོད་ཟེར་ལ། །རབ་དད་སྙིང་ནས་སྔར་ཐུགས་གསོལ་འདེབས་ཀྱི། །བརྩེ་ཆེན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །འགྲོ་ཕན་རྒྱལ་བསྟན་སྒྲོན་མེ་ངག་དབང་ཕྱུག །ཁྱེད་འདྲ་དུ་མ་རྟག་ཏུ་འབྱུང་བ་དང་། །དེ་བརྟེན་འཛིན་པ་རྒྱུ་དཀར་བཀྲམ་པ་བཞིན། །དེ་ལ་ཆེ་བཙན་སྐྱེ་རྒུ་དྲེགས་པས་བཏུད། །འོད་གསལ་སྙིང་པོའི་ཚིགས་དོན་ལ་དགའ་བས། །ས་གསུམ་མཐའ་དག་ཁྱབ་པར་བྱིན་གྱིས་རློབས། །བདག་ཀྱང་སྐྱེ་ཀུན་ཁྱོད་ཀྱི་ཕྲིན་ལས་པ། །པད་འབྱུང་བི་མའི་དགོངས་བཞེད་རྫོགས་པ་ཆེ། །མ་ནོར་སྟོན་བྱེད་འགྲོ་བའི་དེད་དཔོན་མཆོག །གྱུར་ནས་ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །

ཅེས་པ་འདི་ཡང་དཀར་པོའི་ལོ་ཞལ་གསར་དུ་འཆར་བ་རྒྱལ་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོ་ཀུན་མཁྱེན་ཆོས་རྗེའི་དུས་ཆེན་སྐབས་སུ་སྙིང་ཐག་པ་ནས་མོས་གུས་ཀྱི་སྤུ་ལོང་གཡོ་བའི་རང་གདངས་ཚིགས་སུ་བཅད་པའི་གསོལ་འདེབས་མངའ་རིས་གུང་ཐང་ཟ་འོག་ཕུག་ཏུ་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། མཁྱེན་རབས་འོད་སྟོང་འབར་བའི་རལ་གྲི་ཡིས། །མི་ཤེས་མུན་པའི་དྲ་བ་མཐར་བྱེད་པ། །བརྩེ་བའི་ཨུཏྤལ་ཤེས་རབ་པུ་སྟིས་བརྒྱན། །འཇམ་དབྱངས་གཞོན་ནུར་སྙིང་ནས་གསོལ་བ་འདེབས། །གང་ཁྱེད་སངས་རྒྱས་ཀུན་གྱི་ཡབ་གྱུར་མོད། །སངས་རྒྱས་སྲས་ཀྱི་ཐུ་བོར་ཡང་ནི་རྫུ། །སྙིགས་དུས་འགྲོ་ལ་གཤིན་རྗེ་ཚུལ་ཡང་སྟོན། །རིན་ཆེན་གྲུབ་པའི་རྒྱ་མཚོར་གསོལ་བ་འདེབས། །དུས་འདིར་བཀའ་དྲིན་གསུམ་ལྡན་བླ་མ་གང་། །ཁྱེད་ལས་གཞན་མེད་ཁྱོད་དུ་ཤེས་བཞིན་པར། །གསོལ་བ་འདེབས་སོ་བྱིན་རླབས་ནུས་པའི་མཐུས། །ཁྱེད་རང་ཇི་བཞིན་འབྲས་བུ་མྱུར་ཐོབ་མཛོད། །

ཅེས་རང་གི་སློབ་མ་ཞ་ལུ་བ་ཆེན་པོ་སྡོམ་བརྩོམ་རྡོ་རྗེ་འཛིན་པ་བྱམས་པ་ཆོས་ཀྱི་རྒྱལ་པོས་བསྐུལ་བའི་ངོར་ཕྱོགས་མེད་རྒྱལ་ཁམས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆོས་འཁོར་དཔལ་གྱི་ལྷ་སར་གྲོ་ཞུན་ཟླ་བའི་ཡར་ཚེས་ཐོབ་པ་དང་པོ་ལ་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། བསྐལ་བཟང་རྫོགས་པའི་སངས་རྒྱས་རབ་གསལ་ཞབས། །སྔོན་ནས་བྱང་ཆུབ་རིན་ཆེན་ཏོགས་ཞེས་བྱ། །ད་ལྟའང་མངོན་དགའི་ཞིང་ན་མི་འཁྲུགས་མགོན། །ཞིང་འདིར་རྒྱལ་སྲས་བུ་སྟོན་སྤྲུལ་པའི་འདུད། །རིས་མེད་འགྲོ་ལ་བུ་ལྟར་བརྩེ་ཆེན་གཏེར། །སྟོན་པའི་རྒྱལ་ཚབ་རིན་ཆེན་བསྟན་པའི་བདག །མཁས་གྲུབ་ཡོངས་ཀྱི་སྤྱི་དཔལ་ཐམས་ཅད་མཁྱེན། །བུ་སྟོན་རིན་ཆེན་གྲུབ་ལ་གསོལ་བ་འདེབས། །མདོ་རྒྱུད་བསྟན་པ་ཀུན་གྱི་མིག་གཅིག་པུ། །རྒྱལ་དགོངས་འདྲེན་པའི་ཤིང་རྟ་མཆོག་ཁྱེད་ལ། །གསོལ་བ་བཏབ་མཐུས་ཁྱོད་བསྟན་དར་རྒྱས་ཤིང་། །བདག་ཀྱང་འགྲོ་ཕན་སངས་རྒྱས་མྱུར་འགྲུབ་ཤོག །

ཞེས་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་པ་འཇམ་དབྱངས་རྒྱ་མཚོས་གུས་པ་ཆེན་པོ་གཙང་རུ་ལག་བརྒྱན་བྱང་ཆུབ་དགོན་གནས་སུ་སྲིན་པོ་སྣྲོན་ཟླའི་ཤེར་ཕྱོགས་ཚེ་ལྔ་ལ་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་མཆོག་གི་ཟབ་གསལ་ཡེ་ཤེས་མཁའ་མཉམ་བརྙེས། །སྲིད་གསུམ་བདུད་སྡེའི་དཔུང་ཚོགས་ཕྱེ་མར་འཇོམས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་བི་རུ་པ་ལ་གསོལ་བ་འདེབས། །

ཞེས་ཟླུམ་གཙུག་ལག་ཁང་དུ་དཔལ་བི་རུ་པའི་གསོལ་འདེབས་འདི་བོ་དོང་འཇིགས་བྲལ་ཞབས་ཀྱི་བི་རུ་པར་དངོས་སུ་གཟིགས་པའི་སྐུ་བརྙན་མཇལ་མ་ཐག་ཐོལ་བྱུང་ཉིད་དུ་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །

༈ བོ་དོང་པའི་གསོལ་འདེབས།

ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་མཁྱེན་རབ་གསེར་གྱིས་འབྲས་ལྡན་ལྗོན་ཤིང་ནས་བལྟམས་པ། །ཚད་མེད་ཐུགས་རྗེའི་བློ་གྲོས་ནམ་མཁའི་མཐའ་ཀླས་ཡངས་པ་འཇམ་པའི་དབྱངས། །གངས་རིའི་ཁྲོད་འདིར་དཔལ་གྱི་རི་འདབ་ཉེར་འཁྲུངས་རྒྱལ་བའི་སྲས་མཆོག་གྱུར། །བོ་དོང་པ་ཞེས་ལུང་རིག་འཇིགས་མེད་འཕྲོག་བྱེད་དབང་པོའི་སྤོ་ཆེན་པོར། །མཛེས་པའི་རྒྱན་གཅིག་འཇིག་རྟེན་གསུམ་མགོན་རྗེས་འགྲོ་དེ་མཐུན་མཛེས་པའི་སྤྲུན། །དབྱངས་ཅན་མགྲིན་ཞུགས་ཨུཏྤལ་རྒྱས་པའི་གེ་སར་འཇམ་དཔལ་གྱིས་གླེགས་བམ་ནི། །དེ་གཉིས་འདུས་པས་ཉེར་མཚོན་ཆོས་ཀྱི་རྒྱལ་མཚན་ས་གསུམ་ཁྱོན་ཀུན་ཏུ། །རྒྱས་མཛད་དཔའ་བོ་དབྱངས་ཅན་དགའ་བ་ཞེས་བྱ་མཚུངས་མེད་བླ་མ་ཆེ། །ཐུབ་དབང་བསྟན་ལ་གཉིས་མེད་སྨྲ་བའི་ཁྱུ་མཆོག་ཟླ་བ་གྲགས་པ་དང་། །གངས་ཅན་མིག་གཅིག་ཐུ་མིར་གྲགས་དང་བཻ་རོ་ཙ་ནའང་ཁྱོད་ཉིད་ཡིན། །རྒྱུན་མི་ཆད་པར་འགྲོ་བའི་དཔལ་མགོན་ཀུན་མཁྱེན་བོ་དོང་རྒྱལ་བ་ལ། །སྙིང་ནས་ཕྱག་འཚལ་གུས་པས་བསྟོད་དོ་བདག་ལ་ཐུགས་རྗེས་བྱིན་གྱི་རློབས། །

ཞེས་དཔལ་མ་དཔལ་ཁུད་ཆོས་ལྡིང་དགེ་སློང་ལྷུན་གྲུབ་བཟང་པོའི་ཆེད་དུ་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོར་འཇིགས་པ་མེད་པར་ཞུགས་པ་བློ་གྲོས་ཀྱི་གྲུ་རྫིང་ཆ་ཤས་ཐོབ་པ་བོ་དོང་པའི་ལྟ་གྲུབ་ཇི་བཞིན་ཤེས་གྱུར་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བལ་ཡུལ་ཀཱི་ཌོའི་གཙུག་ལག་ཁང་ཆེན་མོར་ན་ཚོད་ལྡན་གྱི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་བཟང་པོ་གསུམ་པ་ལ་བྲིས་པ་དགེའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། འགྱུར་མེད་གདོད་ནས་རྣམ་པར་དག་པའི་ཁམས། །ཆོས་ཀུན་མཉམ་ཉིད་སྤྲོས་དང་བྲལ་བའི་གཤིས། །སྣ་ཚོགས་འགག་མེད་རྣམ་པར་ཐམས་ཅད་པ། །གནས་ལུགས་ཆོས་སྐུ་ཧཱུྃ་ནག་བདེ་གཤེགས་སྙིང་། །ཆགས་མེད་རང་བྱུང་པདྨ་རག་དབང་ཕྱུག །ཟག་མེད་བདེ་བ་ཆེན་པོའི་ངོ་བོ་ཉིད། །འདོད་དགུ་ལོངས་སྤྱོད་རྫོགས་པ་རྡོ་རྗེ་ཆོས། །བླ་མེད་བླ་མ་པདྨ་བདེ་ཆེན་གླིང་། །ཐོག་མེད་ནུས་པས་བདུད་བཞིའི་དཔུང་འཇོམས་ཤིང་། །སྒྲིབ་བྲལ་མཁྱེན་པས་རྡོ་རྗེའི་ཏིང་འཛིན་བརྙེས། །རྒྱལ་བའི་སྤྱོད་པས་སངས་རྒྱས་ཞིང་ཀུན་ཁྱབ། །ཧེ་རུ་ཀ་དཔལ་བདུད་འཇོམས་རྡོ་རྗེ་རྩལ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། རྒྱལ་ཀུན་ཐུགས་རྗེའི་མཚོར་སྐྱེས་འོད་དཔག་མེད། །པདྨ་འབྱུང་གནས་རེས་འགའ་ཀཧྣ་ཀ །དབྱེར་མེད་རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་སྡེ། །གང་གི་ཐུགས་དང་གཉིས་སུ་མེད་གྱུར་པ། །ཚེ་དབང་ནོར་བུ་དོན་དམ་རྡོ་རྗེ་སེམས། །དེ་ཡི་བྱིན་རླབས་བདེན་པའི་ནུས་མཐུ་ཡིས། །དུས་འདི་ནས་རྩོམ་བྱང་ཆུབ་སྙིང་པོའི་བར། །མགོན་དེས་རྗེས་བཟུང་སངས་རྒྱས་མྱུར་འགྲུབ་ཤོག །

ཅེས་པ་ཡང་རིག་འཛིན་རྒྱལ་ཁམས་པས་སྨྲས་པ་སརྦ་མངྒ་ལཾ།

༈ པདྨ་དབང་རྒྱལ་གྱི་གསོལ་འདེབས།

རིགས་དང་དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་མགོན། །འདྲེན་མཆོག་དྭངས་མ་བདེ་ཆེན་གླིང་པ་ཡི། །སྐུ་ཡི་སྲས་གྱུར་ཐུགས་ཀྱི་གདུང་འཚོབ་པ། །པདྨ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བཟུང་མངལ་གྱི་དྲིས་མ་གོས། །ཆུང་ངུ་ཉིད་ནས་དམ་པའི་རྣམ་ཐར་སྤྱོད། །ནར་སོན་ཚེ་ན་གཏེར་བདག་གླིང་པ་སོགས། །མཁས་དང་གྲུབ་མང་བརྟེན་དེར་གསོལ་བ་འདེབས། །དཀྱིལ་འཁོར་རྒྱ་མཚོའི་དབང་དང་སྒྲུབ་ཐབས་ཀུན། །ལེགས་ཉོས་སྨིན་གྲོལ་ལག་ལེན་ལྔ་རབ་བརྙེས། །ཕྱི་ནང་རྣམ་བཅུ་མཆོག་གི་ས་ལ་བསྙེགས། །རྡོ་རྗེ་སློབ་དཔོན་མཆོག་དེར་གསོལ༴ ཡེ་ཤེས་མཁའ་འགྲོས་རྟག་པར་བྱིན་རླབས་ཤིང་། །རྟོགས་པའི་ཟིལ་གྱིས་ལྷ་འདྲེ་མི་ཀུན་འདུ། །སྐལ་བ་ལྡན་ཀུན་བྱང་ཆེན་ས་ལ་སྦྱོར། །རྡོ་རྗེ་འཛིན་མཆོག་དེ་ལ་གསོལ༴ རང་དོན་སྔོན་སོང་གཞན་དོན་འཕྲིན་ལས་བདག །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན། །སྐྱེས་མཆོག་དམ་པ་ཁྱེད་ལ་གསོལ་བ་འདེབས། །བདག་སོགས་འགྲོ་བའི་དོན་དུ་ཞབས་བརྟན་གསོལ། །རྟག་ཏུ་ཁྱེད་དང་འབྲེལ་མེད་འགྲོགས་གྱུར་ཅིག །དམ་ཚིག་སེལ་མེད་ཆོས་ཀྱི་བདུད་རྩི་མྱང་། །ཐུགས་ཡིད་གཅིག་འདྲེས་དགའ་སྤྲོ་རྒྱུན་མི་ཆད། །བྱང་ཆུབ་ཆེ་བར་རྟག་ཏུ་བདེ་སྐྱིད་ཤོག །

ཅེས་བདེ་ཆེན་གླིང་པའི་སྲས་ཀྱི་དམ་པ་པདྨ་དབང་རྒྱལ་ལ་སྙིང་ནས་མོས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་བལ་བོད་མཚམས་མང་ཡུལ་གྱི་རི་བོ་དཔལ་འབར་དུ་མེ་ལུག་ནག་ཟླའི་དམར་ཕྱོགས་ཌཱ་ཀི་འདུའི་ཚེས་ལ་སྦྱར་བ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །སྙིགས་དུས་འགྲོ་འདུས་རྡོ་རྗེ་སློབ་དཔོན་ཆེ། །གྲུབ་རིགས་དབང་པོའི་སྐུར་སྟོན་འཁོར་ལོའི་མགོན། །རྗེ་བཙུན་ཀུན་བཟང་དབང་པོར་གསོལ་བ་འདེབས། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། ཀུན་བཟང་རྡོར་འཆང་ཤཱཀྱ་སེང་གེ་ཡི། །མདོ་རྒྱུད་ཀུན་ཏུ་བླ་མ་སངས་རྒྱས་ལས། །ལྷག་པར་བསྔགས་བཞིན་རྩ་བའི་བླ་མ་ལ། །ཤེས་བཞིན་མི་ཕྱེད་དད་པས་གསོལ་བ་འདེབས། །གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །སྙིགས་དུས་གདུལ་བྱར་ལྷགས་པར་བརྩེ་བ་ཡི། །ཚད་མེད་སྙིང་རྗེའི་རང་གཟུགས་བླ་མའི་སྐུ། །དཔལ་ལྡན་འབྲུག་པ་མཆོག་ལ་གསོལ་བ་འདེབས། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། ཀུན་མཁྱེན་རྒྱལ་བའི་དབང་ཕྱུག་ཀུན་ཏུ་བཟང་། །རིགས་དྲུག་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །གསང་ཆེན་རིགས་གཅིག་བཅོམ་ལྡན་རྡོ་རྗེ་སེམས། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །

ཨོཾ་སྭསྟི། འགྱུར་བཅས་དྲི་ཀན་མི་འགྱུར་བདེ་བ་ཆེ། །རབ་གཞོམ་གཉིས་མེད་སྤྲོས་མེད་ཆོས་ཀྱི་དབྱིངས། །དོན་དམ་རྡོ་རྗེ་ཐུགས་ཀྱི་རྡོ་རྗེ་སེམས། །བླ་མ་མཆོག་དེས་བདག་ལ་མཆོག་དགྱེས་མཛོད། །

ཅེས་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཤིང་ཁྱི་ས་ག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་༢༧སྐབས་བལ་ཡུལ་ཀཱི་ཌོར་ཆེད་དུ་བརྗོད་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཀུན་ནས་ཀུན་ཏུ་བཟང་པོའི་རོལ་པ་ཉིད། །དགའ་བཞི་དགའ་ཆེན་ཧེ་རུ་ཀ་དཔལ་ལ། །རྣམ་མང་འགྲོ་སྦྱོར་རྣམ་ཀུན་མཆོག་ལྡན་བདག །རྒྱལ་གྱུར་རྒྱལ་སྲས་དེ་ལ་གསོལ་བ་འདེབས། །

ཞེས་མཐུ་སྟོབས་འཇིགས་མེད་དཔའ་བོ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཤིང་ཁྱི་ས་ག་ཟླ་བའི་ཤར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ཉེར་དགུ་ལ་ཀཱི་ཌོར་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་དཔྱིད། །བདེ་ཆེན་ཐིག་ལེ་ཟུང་འཇུག་རྡོ་རྗེའི་ཁམས། །སྒྱུ་འཕྲུལ་དྲྭ་བ་སྡོམ་མཛད་ཧེ་རུ་ཀ །བློ་བཟང་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །

ཅེས་དད་ལྡན་ཀརྨ་རྡོ་རྗེའི་གསོལ་བ་བཏབ་པའི་ངོ་ག་རུ་དཔལ་རིག་པ་འཛིན་པས་དངོས་གྲུབ་ཕུག་བསམ་བརྟེན་སྤྱིལ་བོ་སྤེལ་བ་ཤུབྷཾ། སརྦ་མངྒ་ལཾ།

༈ བཀའ་དྲིན་མཚུངས་མེད་རྡོ་རྗེ་སློབ་དཔོན་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་རྒྱ་མཚོའི་སྤྲིན་ཕུང་།

ཨེ་མ་ཧོ། ན་མོ་བཛྲ་ཨ་ཙརྱ་པ་ར་མརྨ་སརྦ་པཱ་ཏཱ་ཡ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་ཞལ། །སྙིགས་དུས་གདུལ་བྱར་བསྟེན་མཛད་རྡོ་རྗེ་སེམས། །སྒྱུ་འཕྲུལ་གར་བསྒྱུར་པདྨ་ཐོད་འཕྲེང་རྩལ། །བདེ་བ་ཆེན་པོས་རྟག་ཏུ་བདག་སྐྱོངས་མཛོད། །ངེས་པའི་དོན་ལ་གྲངས་མེད་མངོན་རོལ་ཏུ། །རྫོགས་སངས་རྒྱས་ཀྱང་སླར་ཡང་གདུལ་བྱ་ལ། །སྙིང་རྗེས་གཟུགས་སྐུར་བཞེང་པ་བདེ་གཤེགས་སྙིང་། །དྲེན་མཆོག་དྭངས་མའི་མགོན་པོ་ལ་ཕྱག་འཚལ་ལོ། །ཚེ་རབས་འཕྲེང་བར་ཁྱོད་ཀྱི་རྗེས་སུ་གཟུང་། །སྨིན་གྲོལ་ཟུང་འཇུག་རྡོ་རྗེའི་ས་ལ་བཞག །དྲན་པ་ཙམ་གྱི་སྲིད་ཞིའི་གདུང་སེལ་བ། །པདྨ་བདེ་ཆེན་གླིང་པར་གསོལ་བ་འདེབས། །མཁའ་ཁྱབ་སྤྲོས་བྲལ་ཡེ་ཤེས་མཆོག་བརྙེས་ཤིང་། །སྒྱུ་འཕྲུལ་ཅིར་ཡང་སྟོན་མཛད་ཤ་བ་རི། །ཕྱོགས་འདིར་རྩོད་མེད་མཆོག་གི་སྤྲུལ་པའི་སྐུ། །བླ་མེད་བླ་མ་ཆེ་ཚང་ལ་གུས་འདུད། །ལུང་རིགས་སྤོབས་པ་དྲི་མེད་མཁའ་ལྟར་བརྡལ། །འོད་གསལ་ཐུན་མི་ཆད་པའི་ཡེ་ཤེས་གཟིགས། །སངས་རྒྱས་ཀུན་གྱི་ཐུགས་དང་གཉིས་མེད་དང་། །ཀརྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་གྱུར་གུ་རུའི་ལུང་གི་ཟིན། །རིག་སྔགས་འཆང་བ་ཡོངས་ཀྱི་འཁོར་ལོས་བསྒྱུར། །བསྟན་པའི་མངའ་བདག་དཔལ་ལྡན་ཀཿཐོག་པ། །བསོད་ནམས་ལྡེའུ་བཙན་ཞབས་གསོལ་བ་འདེབས། །དམ་པའི་རིགས་འཁྲུངས་རྩེ་གཅིག་བསྒྲུབ་ལ་བརྩོན། །ཡི་དམ་ལས་རུང་ལས་བཞི་ཐོག་མེད་གྲུབ། །ཧེ་རུ་ཀ་དཔལ་དཔའ་བོ་སྟག་རས་ཅན། །བསྐལ་བཟང་བླ་མ་མཆོག་དེར་གསོལ་བ་འདེབས། །སྦས་པའི་ཚུལ་གྱིས་སྤངས་རྟོགས་ཡོན་ཏན་རྒྱས། །དྲང་སྲོང་གཟུགས་ལ་རས་དཀར་གཤོག་པས་མཛེས། །ཕྱོགས་འདིར་རྣལ་འབྱོར་བརྟུལ་སྤྱོད་པའི་གཙོ། །ཀུན་བཟང་རིན་པོ་ཆེ་ལ་གསོལ༴ སྐྱེས་མཆོག་དམ་པས་རྒྱལ་ཚབ་ཅོད་པཎ་བཅིང་། །བླ་མེད་བསྟན་པ་རིས་མེད་ཕྱོགས་མཐར་འགྱེད། །ངེས་གསར་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །ཨུ་རྒྱན་བི་མུཀྟི་ལ་གསོལ༴ བླ་མེད་བྱིན་རླབས་ཟབ་གཏེར་ཁ་བྱང་འཛིན། །ཡེ་ཤེས་འཇིགས་མེད་གྲགས་དང་དབང་ཆེན་གྱིས། །བཀའ་བབ་གང་འདུལ་འགྲོ་སྐྱོང་ཆོས་རྗེ་གླིང་། །སྤྲུལ་པའི་གཏེར་སྟོན་གཉིས་ལ༴ བླ་མའི་སྲས་གྱུར་ལས་སྨོན་མཆོག་དང་ལྡན། །བློ་གྲོས་རབ་ཡངས་པདྨ་དབང་རྒྱལ་ཞབས། །ཆོས་བརྒྱད་ཞེན་ལོག་ནམ་མཁའ་རྒྱ་མཚོའི་སྡེ། །འབྲེལ་ཚད་དོན་ལྡན་གཉིས་ལ༴ གུ་རུའི་བསྙེན་པ་དྲངས་ཚད་མཐར་ཐུག་འཁྱོལ། །མོས་གུས་གཅིག་པུའི་ལམ་རྫོགས་དགེ་འདུན་བློ། །མཐར་ལམ་ལེགས་པའི་གྲོས་སྟོན་ཆོས་རྒྱན་སྐྱབས། །སྦས་པའི་བླ་མ་གཉིས་ལ༴ ཟབ་ཞི་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་པ། །གཉོས་རིགས་འཛིན་སྲས་རིན་ཆེན་རྣམ་པར་རྒྱལ། །ཟླ་བའི་འོད་ཟེར་འཕྲོ་བ་ཉེ་བའི་མགོན། །གྲུབ་པའི་གདུང་འཛིན་གཉིས་ལ༴ པདྨའི་བསྟན་པ་སྤེལ་ཕྱིར་སད་ན་ལེགས། །བསམ་ཞིང་གདུལ་བྱའི་དོན་དུ་སྐུ་སྤྲུལ་ཞིང་། །རྣམ་དཔྱོད་མཆོག་ལྡན་སྨིན་གྲོལ་གདམས་པ་འཛིན། །ཨུ་རྒྱུན་ལྷུན་གྲུབ་ཞབས་ལ༴ སྤྲུལ་པའི་སྐྱེ་བ་རྒྱུན་མི་ཆད་བཞེས་ནས། །སྙན་རྒྱུད་བསྟན་པ་ཀུན་ཏུ་སྤེལ་མཛད་པ། །བསྟན་འཛིན་མཆོག་དང་གར་དབང་གྲགས་པའི། །ཟུར་མང་སྤྲུལ་སྐུ་ཟུང་ལ༴ ཨོ་རྒྱན་གུ་རུའི་ཕྲིན་ལས་ཁ་ལོ་པ། །གྲགས་པ་མཐའ་ཡས་ཀུན་དགའ་བསྟན་འཛིན་དཔལ། །ལུང་རྟོགས་མངའ་བདག་སི་ཏུ་ཆོས་འབྱུང་ཞབས། །སྐྱེས་ཆེན་བླ་མ་ཉིད་ལ༴ སྟག་ལུང་ག་ཟིའི་གདུང་གི་ཐ་མ་པ། །རིགས་སྔགས་འཆང་བ་བཀྲ་ཤིས་རྣམ་པར་རྒྱལ། །བཟང་པོ་རྡོ་རྗེའི་རྗེས་གཟུང་འོད་གསལ་དབང་། །ཆོས་ཀྱི་དྲིན་ལྡན་ཉིད་ལ༴ ནུས་ལྡན་རྡོ་རྗེའི་རིགས་དབོན་གྲུབ་པའི་དབང་། །རྣམ་དག་ཚུལ་ཁྲིམས་བརྩེ་ཆེན་སྙིང་རྗེའི་གཏེར། །ཡོངས་འཆང་མཆོག་སྤྲུལ་རིག་འཛིན་རྣམ་པར་རྒྱལ། །བཀའ་དྲིན་མཚུངས་པ་མེད་དེར༴ བདུད་འདུལ་དཔའ་བོ་མཆོག་གི་སྐུ་ཡི་སྲས། །ཡི་དམ་ལྷ་དང་གཉིས་སུ་མེད་པ་ཡི། །སྔགས་ཀྱི་བརྟུལ་ཞུགས་གྲུབ་པའི་རིག་པ་འཛིན། །ཚེ་དབང་རྡོ་རྗེའི་ཞབས་ལ༴ འོད་དཔག་མེད་མགོན་ཐུགས་ཀྱི་རྣམ་སྤྲུལ་ནི། །པདྨའི་ཅོད་པཎ་གྱིས་སྒེག་བརྒྱད་པའི་སྐུ། །རྒྱུད་སྡེའི་ཉི་མ་ཆོས་ཀྱི་དོན་ཀུན་གྲུབ། །འདྲེན་པ་མཚུངས་མེད་མཆོག་དེར༴ ཨུ་རྒྱན་གུ་རུའི་ཐུགས་སྤྲུལ་འགྲོ་འདུལ་གྱིས། །མཛད་པ་ཉེར་སྐྱོང་རྒྱལ་ཀུན་འཕྲིན་ལས་པ། །བྱང་ཆུབ་རྡོ་རྗེ་སེམས་པའི་ཅོད་པན་ཅན། །རྒྱལ་བའི་དབང་པོའི་ཞབས་ལ༴ གྲངས་མེད་བསྐལ་པའི་སྔོན་ནས་རྒྱལ་ཀུན་གྱི། །ཡབ་གྱུར་སངས་རྒྱས་ཀུན་ལས་ལྷག་པའི་མཐུ། །མ་ལུས་ཐོབ་ཀྱང་སླར་ཡང་ཞིང་རྣམས་སུ། །སྤྲུལ་པས་སྐྱོངས་མཛད་ཏྲེ་བོར་མགོ་བོས་འདུད། །དུས་འདིར་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེ། །མཁས་བཙུན་བཟང་པོའི་མཐའ་ཐུག་འགྲོ་བའི་མགོན། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྙིང་པོ་ཞེས། །དཔལ་ལྡན་བླ་མའི་ཞབས་ལ༴ གྲུབ་པའི་ཡང་སྲིད་རྡོ་རྗེ་སྙིང་པོ་ཡི། །ལུང་རྟོགས་རྒྱས་མཛད་པདྨ་གར་གྱི་དབང་། །ལང་གྲོ་ལོ་ཙཱའི་རིགས་འཁྲུངས་སྒྲོལ་མ་བ། །སྔ་འགྱུར་གསལ་བྱེད་གཉིས་ལ༴ ཡེ་ཤེས་མཁའ་འགྲོ་ནེ་གུའི་གསེར་ཆོས་བཅུད། །ཆད་མེད་བྱིན་རླབས་བརྒྱུད་པ་ཡོངས་འཛིན་པ། །སྦས་ཚུལ་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་། །ཝགྟེབཛྲ་ཞབས་ལ༴ ལུང་རིགས་སྨྲ་མཁས་ངག་དབང་རིན་པོ་ཆེ། །བསླབ་གསུམ་རྒྱན་མཛེས་བཀའ་བཅུ་སུ་མ་དྷཱི། །ངེས་དོན་གྲུབ་བརྩོན་སྒོམ་ཆེན་ལྷ་སྐྱབས་ཞབས། །བཀའ་དྲིན་ཅན་གྱུར་གསུམ་ལ༴ ཡི་དམ་ཞལ་གཟིགས་ངེས་དོན་བསྟན་སྲོག་འཆང་། །མཆོག་གི་བདག་ཉིད་བློ་གྲོས་ཆོས་འཕེལ་ཞབས། །དེ་སྲས་སྡོམ་བཙན་རྣལ་འབྱོར་ངག་གི་དབང་། །འཛམ་གླིང་ཡབ་སྲས་གཉིས་ལ༴ འཁྲུལ་པ་ཀུན་ཞི་ནམ་མཁའ་བསྟན་འཛིན་དཔལ། །རྩ་ཐིག་ལས་རུང་ཟབ་གསལ་ཆོས་འཕེལ་མཚན། །ཞི་དུལ་དགེ་སྦྱོང་གུ་ན་ཤི་བྷ་དྲ། །ཆོས་ཀྱི་སྐྱོང་མཛད་གསུམ་ལ༴ ཟབ་གསང་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་སྐོར། །ལེགས་འཛིན་སྤྲོས་བྲལ་ལྟ་བའི་གནས་ལུགས་རྟོགས། །རྣལ་འབྱོར་དབང་ཕྱུག་ཤཱཀྱ་སེང་གེ་ཞེས། །བཀའ་དྲིན་མཉམ་མེད་ཞབས་ལ༴ ཉང་རིགས་སྔགས་ཀྱི་རྣལ་འབྱོར་རྡོ་རྗེ་འཛིན། །མཚུངས་མེད་བླ་མ་པདྨ་དབང་གྲགས་ཞབས། །འཚོ་མཛད་བྱང་ཆུབ་སེམས་དཔའ་ཆོས་བཟང་པོ། །བཀའ་དྲིན་མཆོག་གྱུར་གསུམ་ལ༴ རང་རིག་དཔའ་བོས་རྗེས་གཟུང་རྣལ་འབྱོར་པ། །མཆོག་གཟིགས་རྗེ་བཙུན་འཕྲིན་ལས་རབ་བརྟེན་ཞབས། །ཚེ་གཅིག་སྒྲུབ་བརྩོན་བསོད་ནམས་ཆོས་ཀྱི་དབང་། །རྣལ་འབྱོར་དབང་ཕྱུག་གཉིས་ལ༴ ཆོས་སྣང་རྒྱས་པ་བཛྲ་ན་ཐ་པ། །རིགས་སྔགས་འཆང་བ་ཟ་ལུང་པ་རྡོ་རྗེ། །གང་ཤར་གདོང་འདེད་སྐྱོང་བ་གཞོན་ནུ་བློ། །ཆོས་འབྲེལ་ཐོབ་པ་གསུམ་ལ༴ རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །དང་པོའི་སངས་རྒྱས་མི་ཡི་སྐུར་བཞེངས་པ། །རྡོ་རྗེ་སེམས་དངོས་ཀུན་བཟང་དབང་པོའི་སྡེ། །སྙིང་གི་ཐིག་ལེ་དབུས་སུ་རྣམ་ཀུན་འདུས། །དུས་འདིར་གདུལ་བྱ་རྣམས་ལ་ཁྱོད་སྣང་སྐུ། །ཐོས་དང་བསམ་པའི་ཡོན་ཏན་རབ་རྒྱས་ཤིང་། །མངོན་ཤེས་ལྔ་ལྡན་གདུལ་བྱའི་གཉེན་གཅིག་པུ། །ཆོས་རྗེ་བླ་མའི་ཞབས་ལ༴ རིགས་བརྒྱའི་ངོ་བོ་ཀུན་བཟང་གདོད་མའི་མགོན། །བདེ་ཆེན་སྒྱུ་མའི་སྐུར་བཞེང་བི་མ་ལ། །དེ་དང་གཉིས་མེད་གཉག་རིགས་གྲུབ་པའི་དབང་། །རིག་འཛིན་རྣམ་རྒྱལ་ཞེས་ལ༴

ཞེས་རང་ལོ་སུམ་ཅུ་སྣེ་ཟིན་ཡན་ཆད་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ལ་གསོལ་བ་བཏབ་པ་འདི་ནི་རྒྱལ་བ་ཀུན་ལས་བླ་མ་ལྷག་པ་ངེས་ཤེས་གཏིང་ནས་ཐོབ་པའི་མོས་གུས་ཅན་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པའི་དགེ་བསྙེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་གློ་བོ་ཅོང་བཞིའི་ཕུག་ཏུ་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་སྨྲས་པའི་ཡིག་རིག་ནི་རིག་ལུང་རྒྱུད་སྡེ་སྨྲ་བའི་ཁྱུ་མཆོག་དམ་པ་ཨོ་རྒྱན་ཀརྨ་ཤྭ་པ་ན་དྷ་ར་ཤྲཱི་རི་མ་བྷ་དྲ་སེ་ནས་བགྱིས་པ་དགེའོ། །

༈ འཇམ་དབྱངས་ཕྲིན་ལས་རབ་བརྟན་གསོལ་འདེབས།

ཨོཾ་རྒྱན་ཀུན་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་ཅན། །སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་རོལ་པ་ལས། །ཡོངས་ཤར་སྤྲུལ་པའི་ཟློས་གར་མི་ཡི་གཟུགས། །གྲུབ་པའི་ཤིང་རྟ་མཆོག་དེར་གསོལ་བ་འདེབས། །གང་འདུལ་གདུལ་བྱའི་དོན་དུ་སྣང་བའི་ཚེ། །བསམ་བཞིན་སྐྱེ་བའི་ཕྲེང་བ་ཡོངས་གཟུང་ནས། །གཞན་ཕན་རྒྱ་ཆེན་མཛད་པའི་བདག་ཉིད་ཆེ། །འདྲེན་མཆོག་སྤྲུལ་པའི་སྐུལ་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བ་གཙང་གི་རྫིང་བུ་རུ། །ཐོས་པ་རྒྱ་མཚོའི་འོ་མཚོར་རབ་འཁྱིལ་བར། །བསམ་པའི་ལྦུ་ཕྲེང་བྱེ་བ་རབ་གཡོ་ཞིང་། །བསྒོམ་པའི་ཟླ་རིགས་ཅན་དེར་གསོལ་བ་འདེབས། །བླ་མའི་བྱིན་རླབས་མངལ་ནས་ལེགས་ཐོན་པའི། །སྒྲིབ་མེད་ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐུ། །རྟེན་འབྲེལ་རལ་པའི་ཅོད་པཎ་འཁྲོལ་བཞིན་དུ། །རོ་མཉམ་རྒྱན་འཆང་དཔའ་བོར་གསོལ་བ་འདེབས། །གཙུག་ཏོར་རྩེ་མོར་རང་རིགས་རྗེ་སྙེམ་ནས། །གཉུག་མའི་ལག་ལ་མི་ཕམ་མགོན་པོ་ཡི། །རིག་པ་དྲི་མེད་རྡོར་དྲིལ་ཅིར་ཡང་བསྒྱུར། །རྒྱལ་བའི་རྒྱལ་ཚབ་མཆོག་དེར་གསོལ་བ་འདེབས། །འཇིགས་མེད་སྤྲོས་བྲལ་དགའ་མ་ལ་འཁྱུད་པ། །ཧེ་རུ་ཀ་དཔལ་བླ་མར་གསོལ་བ་འདེབས། །དེ་ལྟར་འཇམ་དབྱངས་ཕྲིན་ལས་རབ་བརྟན་མཆོག །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་ནས་ཀྱང་། །བདག་སོགས་གདུལ་བྱ་སྨིན་གྲོལ་མཆོག་ཐོབ་ཤོག །

ཅེས་རྗེ་བླ་མ་དམ་པ་འཕྲིན་ལས་རབ་བརྟན་ལ་གུས་པ་ཆེན་པོས་མདོ་ཁམས་དབུས་འགྱུར་གྱི་སྔགས་འཆང་ཚེ་དབང་ནོར་བུས་ཕུར་བུ་དབྱུ་གུ་ཟླ་བའི་ཚེས་བཟང་བཅུ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ། སྲིད་ཞི་སྤྱི་དཔལ་མགོན་མཆོག་པདྨ་འབྱུང་། །དེ་སྲས་མཆོག་ཕུར་བཀའ་བབས་ཀུ་མཱ་ར། །འགྲོ་ལ་རྗེས་ཆགས་སྤྲུལ་པའི་ཟློས་གར་གཟུགས། །ཅིར་ཡང་སྟོན་པར་གྱུར་ལ་གསོལ་བ་འདེབས། །རྟ་ནག་མཆོག་འཁྲུང་སྦས་ཚུལ་རྣལ་འབྱོར་པ། །ཀར་སྟོན་ཤཱཀ་གྲག་རིན་ཆེན་དཔལ་བཟང་པོ། །ཆོས་ཀྱི་རྒྱལ་མཚན་ཐུགས་རྗེས་བསམ་འགྲུབ་དང་། །ནམ་མཁའ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བོད་ཆེན་ཡུལ་འཁྲུངས་བསླབ་གསུམ་འཛིན་པའི་ཞེས། །དམ་པའི་སྐྱེས་མཐར་མང་ཡུལ་ཕྱོགས་སུ་བལྟམས། །བླ་མའི་ཐུགས་སྲས་ཀུན་བཟང་རང་རིགས་པ། །ངག་དབང་ཡེ་ཤེས་གང་དེར་གསོལ་བ་འདེབས། །གསོལ་བ་བཏབ་མཐུས་མགོན་ཁྱེད་སྐུ་ཚེ་བརྟན། །བརྟན་ནས་ངེས་དོན་བརྟན་པ་གོང་དུ་འཕེལ། །འཕེལ་པ་ཉམས་མེད་རྒྱ་མཚོའི་གོས་ཅན་ཁེངས། །ཁེངས་ནས་འགྲོ་ཀུན་རྫོགས་སངས་རྒྱས་ཐོབ་ཤོག །

དེ་སྐད་དད་ལྡན་སློབ་མ་ཤེར་འབྱུང་གི །ཡང་ཡང་གསོལ་བ་བཏབ་དང་ཉེ་བའི་ལམ། །གང་གི་ཞབས་རིང་དགེ་འདུན་གྲགས་པས་ཀྱང་། །ནན་ཏུ་བསྐུལ་ངོར་རིག་པ་འཛིན་པས་སྨྲས། །སློབ་མའི་གསོལ་འདེབས་བླ་མེད་བརྩམས་འོས་མིན། །འོན་ཀྱང་བླ་མས་བསྐུལ་བས་དམ་པ་འདིར། །དབང་འབྲེལ་ཞུས་པས་བླ་མའི་གྲངས་གཏོགས་ཕྱིར། །གུས་ཤིང་དྭངས་བའི་སེམས་ཀྱི་བྲིས་པ་ཡིན། །

༈ དཔལ་ལྡན་འབྲུག་པའི་གསོལ་འདེབས།

ཨོཾ་སྭསྟི། འགྱུར་མེད་གདོད་ནས་རྣམ་པར་དག་པའི་ཁམས། །བྲལ་སྨིན་རང་འབྱུང་རྩལ་རྫོགས་ཀུན་ཏུ་བཟང་། །མཁའ་ཁྱབ་འགྲོ་བའི་དཔལ་མགོན་རྫོགས་སངས་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ལྔ་ལྡན་རྒྱལ་བའི་ཞིང་ན་ཨ་རོང་མིག །གངས་ཅན་མགོན་པོ་ལག་ན་པད་དཀར་འཆང་། །དབྱེར་མེད་ཐུགས་རྗེའི་རང་གཟུགས་གདུལ་བྱའི་དཔལ། །མཚུངས་མེད་དཔལ་ལྡན་འབྲུག་པར་གསོལ་བ་འདེབས། །རྒྱལ་གཞན་ལས་ལྷག་ཐུགས་བསྐྱེད་དབང་གི་ནི། །བཀའ་རྒྱུད་སྙིང་པོའི་བསྟན་པ་སྤེལ་སླད་དུ། །ཕྲིན་ལས་རབ་འབྱམས་འདྲེན་པའི་ཤིང་རྟ་ཆེ། །རྣམ་འདྲེན་སྤྲུལ་སྐུ་མཆོག་དེ་གསོལ་བ་འདེབས། །གང་ཁྱེད་ངེས་དོན་སྐྱེ་འཆི་སྤྲོས་བྲལ་ཡང་། །གང་འདུལ་གདུལ་བྱའི་སྣང་ངོར་ཅིར་བསྟོན་ན། །ཞིང་འདིར་འགྲོ་བའི་མགོན་དུ་བསྐལ་པ་བརྒྱར། །ཁྱེད་ཞབས་རྡོ་རྗེ་ཁྲི་བལྟར་བསྟན་གསོལ་འདེབས། །གང་གི་ཚད་མེད་ཐུགས་རྗེའི་མཐུ་ལ་བརྟེན། །མཐའ་ཡས་འགྲོ་བའི་སྡུག་བསྔལ་ཡོངས་སེལ་ཞིང་། །ངེས་དོན་སྙིང་པོའི་བསྟན་པ་གོང་དུ་འཕེལ། །བསྟན་འཛིན་སྐྱེས་བུ་ས་སྟེང་ཁྱབ་པར་ཤོག །

ཅེས་དཔལ་འགྲོ་བའི་མགོན་པོ་རྣམ་འདྲེན་འབྲུག་པ་མཆོག་གི་སྤྲུལ་པའི་སྐུ་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་ཆེད་དུ་རིག་འཛིན་ཚེ་དབང་ནོར་བུས་མང་ཡུལ་གུང་ཐང་འཆི་མེད་གྲུབ་པ་རས་པ་ཡབ་སྲས་ཀྱི་སྒྲུབ་གནས་ཟ་འོག་ཕུག་ནས་ཕུལ་བ་སརྦ་མངྒ་ལཾ། །

དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལ།

༈ དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། ན་མོ་གུ་རུ་ཤྲཱི་ཝ་ཏི་ཝི་ར་ཡ། དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་འཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལཱ་ཞེས་བྱ་བ། འོད་དཔག་ཏུ་མེད་པའི་ངོ་བོ་པདྨ་འབྱུང་གནས་དང་གཉིས་སུ་མེད་པ་དཔལ་ཀརྨ་ཀ་ཡི་སྲས་མཆོག་དཔལ་ལྡན་དཔའ་བོ་ལ་ཕྱག་འཚལ། བཟོད་ནས་རྣམ་དག་ཡེ་ཤེས་དྲི་མ་ལས། །ཡོངས་སུ་གྲོལ་ཞིང་སླར་ཡང་རྒྱལ་སྲས་ཚུལ། །གདུལ་བྱ་འདྲེན་ཕྱིར་རྣམ་འགྱུར་ཅིར་ཡང་སྟོན། །མཚུངས་མེད་དཔལ་ལྡན་བླ་མ་གསོལ་བ་འདེབས། །རྒྱལ་བའི་ཞིང་ཁམས་པདྨ་བཀོད་པ་རུ། །རྫོགས་པའི་སངས་རྒྱས་ཨུ་དུམ་ཝ་ར་དམར་པོ་མཆོག་གི །སྤྱན་སྔགས་བྱང་ཆུབ་སྤྱོད་པ་ཉེར་སྤྱོད་པ། །རྒྱལ་སྲས་དམ་པར་གྱུར་ལ་གསོལ་བ་འདེབས། །མི་མཇེད་བཟང་པོའི་བསྐལ་པར་རྫོགས་སངས་རྒྱས། །ཀུན་གྱིས་ཕྲིན་ལས་བྱེད་པོ་པད་འབྱུང་དང་། །ཡིད་འཛིན་གྲུབ་པའི་རྒྱལ་མོས་རྗེས་གཟུང་བ། །ཤེས་རབ་འབྱུང་གནས་ཞབས་ལ་གསོལ༴ མཁས་མཆོག་རིན་འབྱུང་མར་མེ་མཛད་དཔལ་ཞབས། །ཉེར་བསྙེན་རྡོ་རྗེ་རྣལ་འབྱོར་མ་ཉིད་དང་། །དབྱེར་མེད་གྲུབ་གཙོ་དགེ་སློང་མ་ཡི་ཚུལ། །བདེ་སྐྱོང་བཟང་མོའི་ཞབས་ལ་གསོལ་བ་འདེབས། །དམ་པ་མི་ཕམ་མགོན་དང་མིའི་སེང་གེའི། །སྲས་ཀྱི་ཐུ་བོ་སྲིད་ཞི་ཡོངས་གྲོལ་སྐུ། །འཇམ་དཔལ་མགོན་དང་དབྱེར་མེད་གྲུབ་པ་ཆེ། །རོལ་པ་ཡེ་ཤེས་ཞབས་ལ་གསོལ་བ༴ སྟེན་ལོ་ཉང་རལ་ཞང་དང་སྟག་ལུང་པའི། །ཐུགས་ཀྱི་སྲས་གྱུར་རྡོ་བོད་གདུལ་བྱའི་མགོན། །རླབས་ཆེན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་པོ། །སངས་རྒྱས་རོང་སྟོན་ཆེན་པོར་གསོལ་བ་འདེབས། །གསེར་སྒོ་ཀླུ་ཕུག་ལས་འབྲལ་ཙལ་རྣམས་ཀྱི། །དོན་བརྒྱུད་ཆུ་བོ་འདུས་པའི་སྐྱེས་གཅིག་པུ། །པདྨའི་ཟབ་གཏེར་མཛོད་འཆང་རིག་འཛིན་ཆེ། །ཨུ་རྒྱན་རིན་ཆེན་གླིང་པར་གསོལ་བ་འདེབས། །སྔོན་འབྲེལ་རྩ་བ་གསུམ་གྱི་བྱིན་རླབས་ཞུགས། །སད་བྱེད་བླ་མེད་དོན་དམ་ཡེ་ཤེས་མཚོན། །ཟབ་གཏེར་སྒོ་འབྱེད་འགྲོ་འདུལ་བསམ་འགྲུབ་མགོན། །རྒྱལ་མཚན་དཔལ་བཟང་བཅས་ལ་གསོལ་བ་འདེབས། །གང་ཆེན་མགོན་པོ་མཚོ་སྐྱེ་རྡོ་རྗེ་དང་། །གྲུབ་མཆོག་དཔལ་ལྡན་བཟང་པོའི་ཐུགས་སྐྱེས་སྲས། །བརྟུལ་ཞུགས་ཐོགས་མེད་རོལ་པའི་གར་མཁན་ཆེ། །ཆོས་དབང་ལྷུན་གྲུབ་དཔའ་བོར་གསོལ་བ་འདེབས། །མི་འཁྲུགས་རྒྱལ་བས་ཨུ་རྒྱན་ཕུལ་བྱུང་གི །ཤེས་རབ་རལ་གྲི་འབར་དང་ལྷན་ཅིག་ཏུ། །འཆད་རྩོད་རྩོམ་པའི་ཨུཏྤལ་རྒྱས་གྱུར་ཅིག །ཡོངས་རྫོགས་གཙུག་ལ་འཕྲེང་དེར་གསོལ་བ་འདེབས། །སྤྱོད་པའི་རྡོ་རྗེ་དབང་ཕྱུག་ཀརྨ་ཀའི། །འཕྲིན་ལས་མཐའ་དག་བྱེད་པོར་དབང་བསྐུར་ཞིང་། །གསུམ་ལྡན་འཁོར་ལོས་བསྒྱུར་བའི་བདག་ཉིད་ཆེ། །གཙུག་ལག་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གདུལ་བྱ་ཀུན་བཟང་སྤྱོད་པས་དབུགས་དབྱུང་ཞིང་། །དོན་དམ་ཆོས་དབྱིངས་རྡོ་རྗེ་འདུལ་འབྲེལ་མེད། །འགྲོ་ལ་ཕན་བདེ་སྟེར་བ་མཛད་པ་པོ། །གཙུག་ལག་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །སྲིད་ཞི་ཡོངས་གྲོལ་འཇིག་རྟེན་མགོན་པོ་ཡི། །ཐུགས་ཀྱི་ཆུ་གཏེར་ལས་ཐོན་ཐོས་སྒོམ་གྱི། །བདུད་རྩིའི་ཉེར་གཏམ་འགྲོ་ལ་བདེ་སྟེར་མགོན། །གཙུག་ལག་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་ཆོས་ཉིད་རྡོ་རྗེ་སེམས། །གང་གི་ཐུགས་དང་གཉིས་མེད་མཉམ་ཡངས་པ། །གདུལ་བྱར་ཐར་མཆོག་བྱིན་པའི་དེད་དཔོན་ཆེ། །གཙུག་ལག་དོན་འགྲུབ་མཆོག་དེར་གསོལ་བ་འདེབས། །བྱང་ཆུབ་རྡོ་རྗེ་དགྱེས་པའི་ཐུགས་ཉིད་ཀྱི། །རྒྱལ་ཚབ་དམ་པ་དབང་བསྐུར་སྙིང་པོ་ཡི། །བསྟན་པའི་སྒྲོན་མེ་དོན་རྒྱུད་ཆུ་བོའི་བདག །གཙུག་ལག་དགའ་བའི་དབང་པོར་གསོལ་བ་འདེབས། །རྡོ་རྗེ་སེམས་དཔའ་སྙིགས་དུས་འགྲོ་བའི་དོན། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་སྣང་བས། །གདུལ་བྱ་ཐར་ལ་བཟུད་པའི་དེད་དཔོན་ཆེ། །སྐྱེས་མཆོག་སྐྱེ་བའི་འཕྲེང་བར་གསོལ་བཏབ་མཐུས། །བདག་སོགས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཡང་དག་ལམ་མཁན་དཔལ་ལྡན་དཔའ་བོ་ཡི། །དངོས་རྒྱུད་ཡུལ་གྱུར་མཚན་ཉིད་ཀུན་ལྡན་པའི། །བླ་མ་དམ་པས་རྟག་ཏུ་རྗེས་བཟུང་ཤོག །ཚུལ་ཁྲིམས་བསླབ་པ་སོ་ཐར་བྱང་ཆུབ་སེམས། །སྔགས་ཀྱི་དབང་བསྐུར་ཐོབ་ནས་དེའི་བཅས་པ། །དམ་ཚིག་སྲོག་གི་ཕྱིར་ཡང་མི་གཏོང་བར། །དཔལ་ལྡན་བླ་མའི་དགྱེས་པ་ཀུན་བསྒྲུབ་ཤོག །ཏིང་འཛིན་བསླབ་པ་འཇིག་རྟེན་འཇིག་རྟེན་ལས། །འདས་པའི་ཞི་གནས་སྐྱོན་མེད་རྣམ་དག་གྲུབ། །སྤྱན་དང་མངོན་པར་ཤེས་པའི་མཐུ་ཐོབ་ཅིང་། །ཏིང་འཛིན་གསུམ་གྱི་ཡོན་ཏན་གོང་འཕེལ་ཤོག །ཤེས་རབ་བསླབ་པ་ཐོས་པས་ཆོས་ཀུན་འཛིན། །ཚིག་རྗེས་དོན་སེམས་བསམ་པ་རྣམ་པར་དག །སྒོམ་པ་ལྷག་མཐོང་ཡེ་ཤེས་མངོན་དུ་གྱུར། །ཤེས་རབ་གསུམ་ལའང་རང་བྱན་ཆུད་པར་ཤོག །བདག་ནི་སྐྱེ་ཀུན་མཐོ་རིས་ཡོན་ཏན་དང་། །འཕགས་ནོར་རྣམ་སྨིན་ཡོན་ཏན་གྱིས་མངོན་མཐོ། །ངེས་ལེགས་བསླབ་གསུམ་དག་པས་རྒྱལ་དང་སྲས། །སློབ་བཅས་འཕགས་ཀུན་དགྱེས་ལ་རྟག་སྤྱོད་ཤོག །རྣམ་ཀུན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ་བས་འཁྱུད། །མ་གྲུབ་བཞིན་སྣང་སྒྱུ་འདྲའི་འགྲོ་བ་ཀུན། །རྡོ་རྗེ་སེམས་པའི་ས་ལ་བཞག་པར་ཤོག །

ཅེས་དཔལ་ལྡན་དཔའ་བོ་ཡི་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་ཏེ། སྐྱེ་འཕྲེང་དེ་རྣམས་ལས་ཤས་ཆེར་རིན་ཆེན་གླིང་པའི་རང་གཏེར་གྱི་རྒྱུད་དང་གུ་རུའི་ལུང་གིས་གསལ་བས་ངོ་མཚར་གྱི་གནས་སུ་མཐོང་བཞིན། རང་གི་མོས་པའི་གསོས་སུ་འབྲི་བར་རིང་ནས་སེམས་བཞིན་ལ། ཉེ་བར་དཔལ་ལྡན་དཔའ་བོ་བདུན་པ་གཙུག་ལག་དགའ་བའི་ཞབས་གང་གི་རིགས་ཀྱི་གཅུང་འཕྲིན་ལས་བྱེད་པོ་ཀརྨ་དོ་པ་སུ་ཥྲ་ཞེས་པས་གསུང་གིས་བསྐུལ་བ་དང་། རིམ་གྲོ་པ་ཀརྨ་ཚུལ་ཁྲིམས་ཀྱིས་ཀྱང་ཡང་ཡང་གསོལ་བ་བཏབ་པའི་ངོར། རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་དཔལ་ཚེ་དབང་ནོར་བུས་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ། མཚུར་གྱི་གམྦྷ་ལ་ཡང་བརྩེ་བཀྲ་ཤིས་ཀུན་གསལ་གཡུང་དྲུང་འཁྱིལ་བར་བྲིས་པའོ། །སརྦ་མངྒ་ལཾ། དགེའོ། །

༈ ཛྭ་ཀི་གོ་རཀྵ་ཡི་གསོལ་འདེབས།

ཨོཾ་སྭཱསྟི་ར་སུ། བསྐལ་བཟང་ཞིང་འདིར་རྫོགས་པའི་སངས་རྒྱས་སྟོང་། །ཀུན་གྱི་འཕྲིན་ལས་གཅིག་བསྡུས་པདྨ་འབྱུང་། །ཞིང་གནས་རྫོགས་པའི་སངས་རྒྱས་འོད་དཔག་མེད། །མགོན་ཁྱོད་དཔེ་ཟླར་ཟས་གཙང་སྲས་ལས་སུ། །དེས་ན་འཕགས་ཡུལ་རྒྱན་དྲུག་རིག་འཛིན་བརྒྱད། །གྲུབ་ཐོབ་བརྒྱད་ཅུ་ལ་སོགས་ངོ་མཚར་བའི། །གནས་སུ་གྱུར་ཀྱང་ཁྱོད་དང་མཚུངས་ལྡན་མིན། །མགོན་ཁྱོད་སྙིང་ནས་འདུད་དོ་ཐུགས་རྗེས་གཟིགས། །གང་གི་སྒྱུ་འཕྲུལ་འཕགས་ཡུལ་ལྷོ་ཕྱོགས་སུ། །སྐུ་འཁྲུངས་ལྷོ་ཕྱོགས་གདུལ་བྱ་སྐྱོང་མཛད་པ། །སྡེ་མཚན་བཅུ་གཉིས་ཛྭ་ཀོ་བླ་མ་ནི། །གོ་རཀྵ་ཞེས་པ་སྲིད་རྩེར་སྒྲོགས། །གང་ཁྱེད་མཛད་པ་དཔའ་དཀའ་ངོ་མཚར་འདི། །བདག་གི་གཙུག་ན་བདེ་ཆེན་གླིང་པ་དེ། །མ་བཞུགས་རྒྱ་གར་ཡུལ་ན་འཕོས་ཀྱི་དོག །བརྟགས་ཚེ་སྐུ་ཡི་རྣམ་པ་ཐ་དད་འགག །དེས་ན་ཐུགས་ཀྱི་ཡེ་ཤེས་གཅིག་གཉིས་བར། །མཐོང་བཞིན་དད་པའི་རྦ་རླབས་ལྷག་པར་གསོ། །མགོན་ཁྱེད་ཚལ་བཟང་མྱུར་དུ་ལྟ་བ་ལ་རིང་། །མོས་པའི་གསོས་སུ་གཟུགས་སྐུ་འདི་ཉིད་བྲིས། །རིང་མིན་བོད་ཀྱི་རྣལ་འབྱོར་ཀུན་ཏུ་རྒྱུ། །ཚེ་དབང་ནོར་བུ་དེ་ཡང་བ་བསྲུང་མགོན། །དྲུང་དུ་ཚོགས་ཀྱི་འཁོར་ལོར་ཡོངས་སྤྱོད་ནས། །ཞིང་སྐྱེས་ཕྱག་རྒྱ་ལ་བརྟེན་ལྷན་སྐྱེས་ཀྱི། །ཡེ་ཤེས་དོན་དམ་སྒྲིབ་མེད་འོད་གསལ་ཏེ། །མངོན་བྱས་འཆི་མེད་སུས་བཟང་ཡོངས་གྲུབ་སྟེ། །ནམ་མཁའི་མཐའ་ཀླས་འགྲོ་ཀུན་རྡོ་རྗེ་སེམས། །ཅི་བཞིན་ས་ལ་བདག་གི་བཀོད་པར་ཤོག །

ཅེས་པ་ཡང་བོད་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུའམ་རྒྱ་གར་གྱི་ཛཱ་ཀི་སྐབས་སུ་སླད་མང་མིང་དུ་གྲགས་གྱུར་ནི་ཙིནྡ་མ་ནི་ན་ཐ་ཞེས་པས་གྲོ་ཞུན་ཟླ་བའི་ཡར་ཚེས་གཅིག་ལ་སྨྲས་པ་དགེའོ། །

ལུས་འདིའི་སྟེང་དུ་ཆོས་གདམ་ཐོབ་བླ་མར་གསོལ་གདབ་པ།

༈ ལུས་འདིའི་སྟེང་དུ་ཆོས་གདམ་ཐོབ་བླ་མར་གསོལ་གདབ་པ་བཞུགས་སོ། །

ཨོཾ་ཨཱ༔་ཧཱུྃ་ཧྲཱི༔ སྟོང་གསལ་འཛིན་བྲལ་དག་སྣང་གསང་བའི་བདག །གསལ་བའི་སྤྱི་བོར་རང་༼པདྨ་གར་དབང་བདེ་བ་ཆེན་པོ་༽རིག་བདེ་ཆེན་གླིང་། །རིགས་རྩལ་༼ཀརྨའི་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་༽མཚན་དང་དབྱེར་མེད་པར། །སྤྲོས་བྲལ་གདོད་མའི་གདངས་སུ་ལྷ་གེར་ཆར། །ཨ་ཧོ། ཀུན་བཟང་རང་ལ་གནས་པའི་རང་ཞལ། །བདེ་གཤེགས་སྙིང་པོའི་དོན་ཆེན་སྟོན་མཛད། །ཆོས་སྐུའི་ཀློང་ལས་མི་གཡོ་ཁྱབ་པ། །ཀུན་བཟང་བདེ་ཆེན་གླིང་པ་མཁྱེན་ནོ། །རིག་འཛིན་ངོ་བོ་འཛིན་བྲལ་དབྱིངས་སུ། །རྒྱལ་གསུང་རབ་འབྱམས་དོན་ཀུན་རྫོགས་པར། །རང་ངོ་འཕྲོད་ཚེ་ཡེ་ཤེས་རྒྱ་མཚོར། །ལོངས་སྤྱོད་གསུང་རབ་རྒྱ་མཚོ་༼འདི་གཉིས་རྩ་བའི་བླ་མ་ཡིན་༽མཁྱེན་ནོ། །ཨ་ཧོ། མཉམ་མེད་རང་རིག་བླ་མའི་རོལ་སྩལ། །ཀློང་གསལ་ངེས་སྟོན་བསོད་ནམས་ལྡེའུ་༼སྐྲ་ཕུད་ཕུལ་བ་ཡང་ཡིན་༽བཙན། །སྨིན་དབང་སྒོ་འབྱེད་ཨཽ་ཊིའི་བི་༼རྡོར་སྙིང་སྣོད། མདོ་དབང་དང་འདུས་༽ནོད་མུག །ཐབས་ལམ་བསྲང་བཅུར་༼རླུང་ཁྲིད་དང་རབ་འབར་སྙིང་གཟེར་བ་ནོས་༽ཀུན་བཟང་རིན་ཆེན། །དཀྱིལ་འཁོར་མངའ་བདག་༼ཀ་ལ་གསང་བདག་སོགས་ནོད་༽བྷ་ཊ། བསྒྲུབ་ཐབས་སྟེར་མཛད་ཨཽ་ཊི་༼སེང་གདོང་སོགས་ནོས་༽ནི་རྦེ་༼འདི་ལྔ་དྲིན་ཆེན་བླ་མ་ཡིན༽། །འདུ་འཕྲོ་སྒྱུ་འཕྲུལ་ཨ་དེའི་༼ག་གདོད་མའི་ཁ་ལ་༽གར། །རྟག་ཏུ་དྲན་ནོ་དྲིན་ཆེན་མཁྱེན་ནོ། །ཨ་ཧོ། རྒྱལ་བའི་༼བཀའ་བརྒྱས་དབང་། ཚང་མ་༽གདུང་འཚོབ་༼འདི་རྣམས་དབང་ལུང་གི་འབྲེལ་པ་སྐྱོང་ས་རྣམས་ཡིན།༽ རནྟ་བི་ཛ། །ཐུགས་རྗེས་རྣམ་རོལ་པདྨ་བྷ་༼ཁྲོ་རོལ་ལྗགས་ལུང་༽དྲ། །པདྨ་དབང་གྲུབ་༼རྗེས་སྣང་མང་པོ་ནོས། ༽རྒྱལ་སྲས་དབང་རྒྱལ། །ཆོས་རྒྱལ་༼ཚེ་དབང་འཆི་མེད་ལྔ་སྒྲ༽་ཞེས་ལོག་ནམ་མཁའ་རྒྱ་མཚོ། །ཐར་ལམ་ལེགས་སློབ་ཆོས་ཀྱི་བླ་མ། །མཻ་ཏྲི་མཱ་ཡ་དྷརྨ་ཀ་༼ཕྱག་ཆེན་༽རྩ་ཚིག་ར། །མཆོག་དབྱངས་༼གཉིས་གཏེར་ཡོངས་རྫོགས་༽གར་བརྒྱད་དྷརྨ་༼སྭཱ་ཆོས་རྗེ་གླིང་པ་༽མི། །གནུབ་ཆེན་ཆོ་འཕྲུལ་༼དཀོན་མཆོག་སྤྱི་འདུས་༽ཛྙཱ་ན་༼ཡེ་ཤེས་འཇིགས་མེད་༽ཨ་བྷཱ། །གཡུང་པོ་ཧེ་རུ་ནི་ཏི་མཆོག་ཞི་དྲག་༼ཆ་མ་ཚང་། ༽སྤྲུལ། །གུས་རྟ་ཛོ་ཀི་སངྒ་མ་ཏི། །འབྲེལ་མེད་འཆར་གྱི་རྟག་ཏུ་མཁྱེན་ནོ། །

ཞེས་པ་འདི་ཉིད་རང་ལོ་ཉེར་གསུམ་མན་གྱི་ཆོས་འབྲེལ་ཐོབ་ཚད་ལ་གསོལ་བ་བཏབ་པ་སྟེ། སྤྱིར་རྩ་བའི་བླ་མ་གཉིས་དྲིན་ཆེན་བླ་མ་ལྔ། ཆོས་འབྲེལ་ཐོབ་པ་བཅུ་སྟེ། ཕྱིར་བསྡོམ་བཅུ་བདུན་མཆིས་པ་ལགས། ཅེས་འཕར་བ་ནག་ཟླའི་ཚེས་གཅིག་ལ་ཚེ་དབང་ནོར་བུ་ཨ་ཡུ། རྻནྡྲ་མ་ཎི་སམ་པུཎྱིཡཱ་ན་ས་ར་མ་དྷི་མ་དྷ་རས་བསོད་ནམས་ཐེག་མཆོག་བསྟན་འཛིན་གང་ཤར་ལྷུག་པར་བྲིས། དགེའོ། །

༈ གསོལ་འདེབས་བསྡུས་པ།

ཟབ་གཏེར་སྟོན་པ་ཡོངས་ཀྱི་གཙོ་བོ་མཆོག ཉང་དང་སྤངས་ཀྱི་རིགས་སུ་སྐུ་འཁྲུངས་པ། །ཉི་མ་འོད་ཟེར་ཡེ་ཤེས་མཁའ་དང་མཉམ། །གུ་རུ་ཆོས་དབང་ཆོས་དབྱིངས་དྲི་བྲལ་གང་། །གསང་ཆེན་སྙིང་པོ་བསྟན་པའི་སྲོག་རྩ་འཛིན། །རིགས་སྔགས་འཛིན་གྲུབ་འཁོར་ལོའི་བསྒྱུར་མཛད་པ། །གང་ཁྱེད་སྙན་པའི་རྔ་སྒྲས་སྲིད་གསུམ་གཡོ། །གཏེར་ཁ་གོང་འོག་གྲགས་ལ་གསོལ་བ་འདེབས། །བདུད་འདུལ་རྡོ་རྗེ་བརྟུལ་ཞུགས་བླ་ན་མེད། །པདྨ་ནོར་བུ་ཕྲིན་ལས་འགྲོ་འདུལ་རྩལ། །པདྨ་བདེ་ཆེན་བཻ་རོའི་ཐུགས་ཀྱི་སྤྲུལ། །གང་གི་བདག་ཅག་རྣམས་ལ་དགེ་ལེགས་མཛོད། །ནམ་སྙིང་ཐུགས་སྤྲུལ་མདོ་ཁམས་ཤར་དུ་འཁྲུངས། །འབྲེལ་ཚད་དོན་ལྡན་ཡེ་ཤེས་སྤྱོད་པ་ཅན། །སྔགས་ཀྱི་རིགས་འཛིན་ཚེ་དབང་ནོར་བུའི་སྡེ། །ཁྱེད་ལ་གསོལ་འདེབས་སྨིན་གྲོལ་དངོས་གྲུབ་སྩོལ། །བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེའི་གཟི་བྱིན་གྱིས། །བདག་ཅག་སྐལ་ལྡན་སྨིན་ཅིང་གྲོལ་བ་བརྙེས། །ས་ལམ་གོང་འཕེལ་ཡོན་ཏན་མྱུར་དུ་རྫོགས། །རྡོ་རྗེ་སེམས་དཔའི་གོ་འཕང་ཡོངས་ཐོབ་ཤོག །

ཅེས་བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་བ་ནམ་མཁའ་ཆོས་རྗེའི་ཞབས་ཀྱི་བཀའ་ཡི་བསྐུལ་ངོར་རྫོགས་ཆེན་པ་ཚེ་དབང་ནོར་བུས་ཁྲུམས་ཟླའི་ཡར་ཚེས་གསུམ་གྱི་སྔ་ཆར་དཔལ་ཞུད་ཆོས་ལྡིང་གྲུབ་པའི་བསྟི་གནས་སུ་སྦྱར་བའོ། །མངྒ་ལཾ། ཡིག་རིགས་སྒྲུབ་པོ་པདྨ་བྱང་ཆུབ་རྒྱལ་མཚན་ནོ། །

དཔལ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསོལ་འདེབས་བསམ་འཕེལ་དབང་གི་ཚོམ་བུ།

༈ དཔལ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསོལ་འདེབས་བསམ་འཕེལ་དབང་གི་ཚོམ་བུ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ་ཧྲཱི། རྣམ་དག་ཆོས་དབྱིངས་འབྱམས་ཀླས་ཀུན་ཏུ་བཟང་། །ལྔ་ལྡན་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ། །མ་ངེས་གང་འདུལ་སྤྲུལ་སྐུ་ཅིར་ཡང་སྟོན། །ཁྱབ་བདག་གསང་བ་སྦྱིན་ལ་གསོལ་བ་འདེབས། །གང་ཁྱེད་རྒྱལ་ཀུན་ཡེ་ཤེས་ངོ་བོ་རུ། །ཡོངས་གྲུབ་བསམ་གྱིས་མི་ཁྱབ་རང་བཞིན་ལ། །སྐྱེ་བའི་འཕྲེང་བ་ནམ་ཡང་མ་གྲུབ་སྟེ། །ཚུར་མཐོང་བློ་མིག་དམན་ངོར་སྤྲུལ་པའི་གཟུགས། །སྐྱེ་འཕོའི་ཚུལ་གཟུང་དུ་མས་མཐར་འདོད་ཀུན། །ཡང་དག་ལམ་ལ་བཀྲི་བའི་མཛད་འཕྲིན་ཅན། །ཁྱེད་ལ་ཡིད་ཆེས་དད་པའི་ཤུགས་དྲག་པོས། །རྩེ་གཅིག་གསོལ་བ་འདེབས་སོ་འཇིགས་མེད་གྲགས། །གང་ཁྱེད་རྒྱལ་བར་གྱུར་ཀྱང་རྒྱལ་སྲས་ཚུལ། །རྒྱ་ཆེན་གསང་གསུམ་དབང་བསྒྱུར་རྡོ་རྗེ་སེམས། །སྡེ་སྣོད་ཆོས་ཀྱི་སྡུད་པོ་ཀུན་དགའ་བོ། །ཡེ་ཤེས་སྤྱན་ལྡན་ཨིཎྜ་བྷུ་ཏི་ཛ། །མཐའ་བྲལ་སྨྲ་སེང་ཟླ་གྲགས་རིན་པོ་ཆེ། །ཕྱོགས་འདིར་རྒྱལ་བསྟན་འབྱུང་གནས་སམྦྷོ་ཊ། །མཁས་ལས་ཆེར་མཁས་ལོཙྪ་རོའི་ཞབས། །སྤྲུལ་པའི་སྐྱེ་སྟོན་ཀུན་མཁྱེན་བླ་མར་འདུད། །རྣམ་མཁྱེན་རྡོར་སེམས་སྐུར་གྱུར་ཟུར་པོ་ཆེ། །གྲུབ་པར་ཡོངས་གྲགས་མཁས་པ་རོང་ཟོམ་པ། །འཕགས་ཡུལ་རྒྱལ་བའི་བསྟན་འཛིན་ཙ་མིའི་ཞབས། །ལྔ་རིས་བློ་རྒྱས་ཀུན་དགའ་རྒྱལ་མཚན་འཛིན། །ཡིད་འཕྲོག་མཁས་དབང་དྲི་མེད་འོད་ཟེར་སྡེ། །རབ་གསལ་གཏེར་སྒོ་བརྒྱ་འབྱེད་རྡོ་རྗེ་གླིང་། །དོན་དམ་འོད་གསལ་ཐུགས་མཛེས་ཀུན་སྐྱོང་དཔལ། །སྤྲུལ་མཛད་པཎ་ཆེན་འབུམ་ཕྲག་བརྒྱ་པར་འདུད། །དབྱངས་ཅན་དགའ་བ་འཇམ་དཔལ་རྡོ་རྗེ་སེམས། །གྲུབ་པའི་དཔལ་ལྡན་ཡོངས་ཀྱིས་འཁོར་ལོས་བསྒྱུར། །མདོ་སྔགས་ཚིག་དོན་མ་ལུས་སྟོན་པ་ལ། །ཕྱོགས་དུས་རྒྱལ་བ་རྣམས་ཀྱི་དབང་བསྐུར་བས། །འཇིགས་མེད་གྲགས་པ་འོག་མིན་བར་དུ་ཁྱབ། །གངས་རིའི་ཁྲོད་འཁྲུངས་སྟོན་པ་གཉིས་པར་གྱུར། །ཕྱོགས་ལས་རྣམ་རྒྱལ་མ་ཧཱ་པཎྜི་ཏ། །ཆོས་ཀྱི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་བསྟོད། །ཁྱེད་ཀྱི་ཐུགས་ནི་དོན་དམ་འོད་གསལ་མཆོག །པད་བརྒྱན་ཞིང་ན་རྣམ་གྲོལ་མཐའ་ཡས་མགོན། །བྱང་ཆུབ་ཆེན་པོར་གྱུར་ཀྱང་སྙིང་རྗེའི་ལྡང་། །ཞིང་འདིར་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན། །འཆི་མེད་གོ་ཆ་ཆོས་ཀྱི་ཉི་མ་དཔལ། །དབུས་སྨྱོན་ཀུན་བཟང་ཤེས་རབ་འོད་ཟེར་སྡེ། །ཀུན་མཁྱེན་ཡེ་ཤེས་ལུས་ཅན་སྒྲོལ་མགོན་ཞབས། །རྣམ་འདྲེན་པདྨ་བདེ་བ་ཆེ་ཡང་གྲགས། །མ་འོངས་དུས་ན་སྐལ་བཟང་སངས་རྒྱས་ཀུན། །འཕྲིན་ལས་གཅིག་བསྡུས་རྒྱལ་བ་མོས་པར་སྣང་། །སྡུག་བསྔལ་གནས་ཀུན་སྟོང་མཛད་དཔའ་བོ་ཆེ། །ཁྱེད་ལ་བདག་གི་སྒོ་གསུམ་གུས་མཆོད་འབུལ། །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །གང་གསུང་དེ་ཉིད་འདུས་ཆེན་བསྟན་པ་རྒྱས། །མདོ་སྔགས་ལུང་རྟོགས་བཤད་སྒྲུབ་ཉམས་མེད་འཕེལ། །བསླབ་གསུམ་འཛིན་པས་ས་འདི་ཁེངས་གྱུར་ཅིག །སངས་རྒྱས་གྲུབ་མཐའི་རྩེ་མོ་དབུ་མ་ཆེ། །མཐའ་བྲལ་བདེ་གཤེགས་སྙིང་པོའི་གནས་ལུགས་དེ། །སྔགས་ལམ་ལ་བརྟེན་དྲི་བྲལ་མི་ཤིག་འབྲས། །གདུལ་བྱར་གྱུར་པས་མྱུར་ཐོབ་བྱིན་གྱི་བརློབ། །མདོར་ན་ཚེ་འདིར་འདོད་དགུ་བསམ་དོན་འགྲུབ། །ཕྱིར་མི་ལྡོག་པའི་ས་བརྙེས་དབང་བཅུ་ཐོབ། །ཡིད་བཞིན་ནོར་བུ་རྡོར་སེམས་གསང་བ་སྦྱིན། །ཅི་འདྲའི་གོ་འཕང་བདག་སོགས་ཀྱིས་ཐོབ་མཛོད། །

ཅེས་མ་ཧཱ་པཎྜི་ཏ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསལ་འདེབས་འདི་ནི་གཅམ་བུ་ཙམ་དུ་མ་ཡིན་པར་གང་དེར་ཡིད་ཆེས་ཀྱི་དད་པ་ཐོབ་པའི་བློ་ཅན་མདོ་ཁམས་ཀཿཐོག་ལྷོར་སྐྱེས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུ་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་གསང་གྲུབ་པའི་ཤིང་རྟར་གྲགས་དེས་གྲོ་ཞུན་ཟླ་བའི་དམར་མཆོག་ཚེས་བཅུར་དཔལ་ཁུད་གནས་མཆོག་ཆོས་ལྡིང་དུ་རང་གི་མོས་པ་དང་། མི་རྗེ་བློ་ལྡན་གསང་སྔགས་འཆང་བས་ཡང་བསྐུལ་བའི་རྐྱེན་ལ་བརྟེན་ཏེ་བྲིས་པ་དགེའོ། །སརྦ་མངྒ་ལཾ།

༈ ཏྲེ་བོ་རྗེ་བཙུན་ཆོས་ཀྱི་དབང་པོའི་གསོལ་འདེབས།

ན་མོ་མ་ཧཱ་གུ་རུ་མཱུ་ལ་དྷརྨཱ་ཨཎྜི་ཡེ། དགུ་ལྡན་རྒྱལ་བ་རྒྱལ་སྲས་མ་ལུས་ཀྱི། །ཆོས་དབྱིངས་རྣམ་དག་མཁྱེན་བརྩེ་ཡེ་ཤེས་ཀྱི། །དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་ཁྱེད་ཡང་དག་ངེས་པའི་དོན་དུ་ནི། །ཐོག་མེད་ཉིད་ནས་རང་བྱུང་བྱང་ཆུབ་སྟེ། །བདག་ཉིད་ཁྱབ་བརྡལ་རྒྱལ་མཆོག་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་མགོན་མཆོག་ཚེ་དཔག་མེད། །མ་ངེས་འགྲོ་འདུལ་འཕགས་ཆེན་སྤྱན་རས་གཟིགས། །རྫོགས་པའི་སངས་རྒྱས་མ་ཆགས་པདྨ་སོགས། །སྐུ་གསུམ་སྒྱུ་འཕྲུལ་རོལ་པ་འབྱམས་ཀླས་པའི། །མངའ་བདག་བླ་མ་དམ་པར་ཕྱག་འཚལ་ལོ། །དེ་ལྟར་གདོད་ནས་རྒྱལ་བ་ཉིད་གྲུབ་ཀྱང་། །ཐུགས་རྗེའི་ཞིང་འདིའི་གདུལ་བྱ་དྲངས་པའི་དོན། །ཤཱཀྱའི་ཏོག་དྲུང་གསང་བདག་ཨིནྡྲ་ཛ། །ཐེག་མཆོག་ཤིང་རྟ་ཀླུ་སྒྲུབ་ཏེ་ལོ་པ། །བྱང་ཆུབ་སེམས་མཆོག་ཞི་མཚོ་ཕྱོགས་གླང་པོ། །སྙན་བརྒྱུད་མཛོད་འཛིན་ཌོམྦི་ཏི་བུ་པ། །དེ་སོགས་རིག་འཛིན་གྲུབ་བརྙེས་པཎྜི་ཏ། །སྟོན་མཛད་བླ་མ་དམ་པར་ཕྱག་འཚལ་ལོ། །གཞན་ཡང་སྤྲུལ་པའི་ཟློས་གར་རབ་བསྒྱུར་ནས། །སངས་རྒྱས་བསྟན་འཛིན་འགྲོ་འདུལ་སྐྱེ་བའི་འཕྲེང་། །སྐྱོབ་པ་འཇིག་རྟེན་མགོན་དང་སོམ་བྲག་པ། །རྩལ་སྡེ་གྲུབ་ཆེན་མཚུར་བུ་འཇམ་དབྱངས་སོགས། །མཚུངས་མེད་མི་སེང་འགྲོ་བའི་མགོན་དུ་མ། །སྣང་མཛད་བླ་མ་དམ་པར་ཕྱག་འཚལ་ལོ། །དེ་ལ་སོགས་ཏེ་མི་མཇེད་འཛམ་བུའི་གླིང་། །ཀུན་ཏུ་གདུལ་བྱའི་དོན་དུ་རབ་བརྩེ་བའི། །རང་མདངས་སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་གར། །བསམ་གྱིས་མི་ཁྱབ་བདེ་ཆེན་བཀོད་པའི་བདག །མཆོག་ཁྱོད་སྐྱེ་སྤྲུལ་ཚུར་རོལ་བྱིས་པ་ཡི། །བློ་ཡིས་གཞལ་བྱའི་ཡུལ་དུ་མ་གྱུར་ཀྱང་། །གདུལ་བྱ་འདི་རུ་གྲགས་སམ་ཅུང་ཟད་མཚན། །བརྗོད་བཞིན་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཁྱད་པར་རྩུབ་འགྱུར་རྩོད་ལྡན་ཐ་མའི་དུས། །གངས་ཅན་འདུལ་དཀའ་འགྲོ་རྣམས་བདེར་འདྲེན་པའི། །ཐུགས་བསྐྱེད་རྨད་བྱུང་རླབས་ཆེན་ལས་སྐྱེས་པའི། །མཆོག་སྤྲུལ་མངའ་སྤངས་གཉིས་པ་ཆོས་རྒྱ་མཚོ། །གདུལ་བྱ་སྨིན་གྲོལ་ཡིད་བཞིན་དཔག་བསམ་དབང་། །རྒྱལ་བསྟན་འཛིན་མཛད་ཉ་མ་དར་རྒྱས་སྡེ། །མཚུངས་མེད་འགྲོ་མགོན་བསམ་བཞིན་སྲིད་པ་རུ། །སྐྱེ་བཞེས་བླ་མ་དམ་པར་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ཡི་ངང་ཉིད་ལས། །གཟུགས་སྐུ་སྤྲུལ་པའི་དབང་པོ་དམ་པ་ཆེ། །དོན་གཉིས་ལྷུན་གྲུབ་མདོ་སྔགས་ཆོས་རབ་འབྱམས། །རྒྱ་མཚོའི་མངའ་གསུམ་དཔལ་ལྡན་ཆོས་ཀྱི་རྗེ། །དྲི་མེད་བྱང་ཆུབ་རྒྱལ་བ་ཡོངས་ཀྱི་གཙོ། །བདེ་ཆེན་སྙིང་པོ་མཆོག་ལ་མངའ་བརྙེས་པ། །བླ་མེད་དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ །འགྲོ་མགོན་བླ་མ་དམ་པར་ཕྱག་འཚལ་ལོ། །སྐྱོན་བྲལ་ཡོན་ཏན་དཔག་མེད་གཏེར་འཆང་ཞིང་། །སྙིང་རྗེའི་མཛོད་འཛིན་མཆོག་དམན་གདུལ་བྱ་ཀུན། །ཐར་གླིང་འདྲེན་མཛད་བླ་མ་དམ་པ་ཆེ། །ཆོས་ཀྱི་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་སྐུ་གསུམ་མཆོག་གསུམ་རྩ་བ་གསུམ། །ཀུན་གྱི་ངོ་བོ་རྗེ་བཙུན་བླ་མའི་ཞབས། །བདག་གི་སྐུ་གསུམ་དད་མོས་གུས་པ་ཡིས། །རབ་ཏུ་དང་བ་ཆེན་པོས་ཕྱག་འཚལ་ཞིང་། །དངོས་དང་ཡིད་ལས་སྐྱེས་གྱུར་ཆོད་པའི་སྤྲིན། །ཕྱི་ནང་གསང་བ་བླ་ན་མེད་པའི་རྫས། །དཔག་མེད་ནམ་མཁའི་ཁམས་གང་འདོད་ཡོན་ཚོགས། །བློས་བླང་བདག་ཚོགས་རྫོགས་ཕྱིར་འབུལ་གྱིས་བཞེས། །བདག་སོགས་འགྲོ་རྣམས་ཐོག་མེད་ནས་འཁྲུལ་དབང་། །མི་དགེ་ལོག་ལྕི་མཚམས་མེད་སྡིག་བསགས་དང་། །བསླབ་སྡོམ་གསུམ་ལ་ཉེས་པར་གྱུར་པ་ཀུན། །རབ་ཏུ་འགྱོད་པས་བཤགས་ཀྱིས་དག་གྱུར་ཅིག །ཕྱོགས་དུས་སོ་སྐྱེས་ཉན་རང་བྱང་ཆུབ་སེམས། །རྒྱལ་གྱུར་ཡང་དག་ལམ་བཟང་བསྒྲུབ་པའི་ལས། །བསྐྱེད་བྱེད་ཕྱེ་ཕྲ་མཆོག་གྱུར་མ་ལུས་པར། །དགའ་མགུ་ཡི་རང་བདག་གིས་བསྐྱེད་ཀྱིས་འོ། །སྤངས་རྟོགས་མཐར་ཕྱིན་བྲི་གང་བྲལ་བའི་ལམ། །མངའ་བདག་རྡོ་རྗེ་སེམས་དཔའ་མི་ཡི་གཟུགས། །སྟོན་གྱུར་རྡོ་རྗེ་སློབ་དཔོན་སྤྲུལ་བྱེད་གང་། །གསང་གསུམ་ཆོས་འཁོར་རྟག་ཏུ་འཁོར་བར་བསྐུལ། །རྒྱལ་བར་ངེས་དོན་སྐྱེ་འཆི་མི་མངའ་ཡང་། །ཚུར་རོལ་བློ་དམན་སྣང་ངོར་གཤེགས་བཞུད་ཚུལ། །མི་སྟོན་བདག་སོགས་ཞིང་འདིའི་གདུལ་བྱའི་དོན། །བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ་བ་འདེབས། །མཐོང་ན་མི་མཐུན་མེད་པ་ཞི་དུལ་སྐུ། །རིས་མེད་ཆོས་ཀྱི་སྒྲ་སྒྲོགས་ཟབ་ཡང་གསུང་། །སྟོང་ཉིད་སྙིང་རྗེས་ཡོངས་གང་བྱང་ཆུབ་ཐུགས། །མཉམ་མེད་མཆོག་སྤྲུལ་བླ་མ་ཆེན་པོ་ཉིད། །ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་ནི། །བརྟན་པར་སྙིང་ཁོང་གཏིང་ནས་གསོལ་འདེབས་ཀྱི། །བསླུ་བ་མེད་པར་མཆོག་གསུམ་བདེན་ནུས་མཐུའི། །ངེས་པ་ཉིད་དུ་འགྲུབ་པར་གསོལ་བ་འདེབས། །དེ་ལྟར་ལྷག་བསམ་རྣམ་པར་དཀར་པ་ཡི། །གསོལ་བ་བཏབ་པ་དེ་ཉིད་ལེགས་འགྲུབ་ཅིང་། །བདག་གི་དགེ་བའི་རྩ་བ་ཅི་བསགས་ཀུན། །རིས་མེད་མཁའ་ཁྱབ་སེམས་ཅན་ལ་བསྔོས་མཐུས། །བརྒལ་དཀའ་སྲིད་པའི་ཆུ་ཀླུང་ཆེན་པོ་ལས། །འགྲོ་ཀུན་དམ་པ་ཁྱེད་ཀྱི་ཐུགས་རྗེའི་གྲུར། །རབ་བཅུག་གཏན་བདེའི་ཡང་དག་བླ་མའི་སར། །བདག་དེ་རིང་ཉིད་ནས་འགོད་པར་ཤོག །རྒྱལ་གྱུར་བླ་མའི་སྐུ་ཚེ་འཚོ་བཞེས་བརྟན། །བསྟན་པ་ཕྱོགས་དུས་ཀུན་ཏུ་ཉམས་མེད་རྒྱས། །བསྟན་འཛིན་སྐྱེས་བུའི་ཐུགས་ཡིད་རབ་ཏུ་མཐུན། །རྒྱལ་བའི་ལམ་མཆོག་འགྲོ་ཀུན་གྱིས་ཐོབ་ཤོག །

ཅེས་མཁན་ཆེན་ཞི་བ་འཚོ་ཡི་སྤྲུལ་པའི་སྐྱེ་བར་གྱུར་ཅིང་། ངེས་པའི་དོན་དུ་རྒྱལ་མཆོག་ཚེ་དཔག་མེད་ཀྱི་ཐུགས་རྗེའི་ཟློས་གར་ལས་སྣང་བ་རྗེ་བཙུན་ཆོས་ཀྱི་དབང་པོ་ཞེས་སྙན་པའི་རྔ་སྒྲ་ས་གསུམ་ཁྱབ་ཅིང་གངས་ཅན་སྐྱེས་མཆོག་རྣམས་ཀྱི་གཙུག་གི་རྒྱན་དུ་མཛེས་ཤིང་། གསར་རྙིང་གི་ཆོས་ཚུལ་རིས་མེད་རྒྱལ་བསྟན་མཐའ་དག་གི་སྒྲོན་མེ་གཅིག་པུ་པ་དེ་ཉིད་ཀྱི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ། མེ་རྟ་ཆོས་འཕྲུལ་ཟླ་བ་ཌཱཀྐི་འདུལ་བའི་དུས་ཆེན་ཚེས་བཅུར་རྒྱལ་བ་གོང་མི་བསྟི་གནས་ཆེན་པོ་རུ་མདོ་ཁམས་ཀཿཐོག་ཉེ་བའི་རེ་ཁེར་ལྷ་རིགས་སུ་སྐྱེས་པའི་སྔགས་འཆང་རིག་འཛིན་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་གྱི་གསོལ་འདེབས་ཡན་ལག་བདུན་པ་འདི་ཉིད་ཕུལ་བའི་ཡི་གེའི་རིག་བྱེད་ཨོ་རྒྱན་བློ་གྲོས་སོ། །དགེའོ། །བཀྲིས།

༈ གསོལ་འདེབས་བསྡུས་པ།

གུ་རུ་པདྨའི་སློབ་མ་རིག་པ་འཛིན། །ནམ་མཁའི་སྙིང་པོའི་ཐུགས་སྤྲུལ་འགྲོ་བའི་མགོན། །ཧེ་རུ་ཀ་དཔལ་ཚེ་དབང་རྡོ་རྗེ་སེམས། །སྙིང་ནས་གསོལ་འདེབས་མཆོག་གི་དངོས་གྲུབ་སྩོལ། །

ཞེས་ཅོང་བཞི་ཕུག་གི་བླ་མ་ནམ་མཁའ་ཆོས་རྗེའི་བསྐུལ་ངོར་ཚེ་དབང་ནོར་བུས་སྤེལ། སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་ཡེ་ཤེས་དཔག་མེད་འོད་ཀློང་ནས། །ཡོན་ཏན་བཀོད་པའི་སྟོན་པ་འོད་དཔག་མེད། །ཞིང་འདིར་རྒྱལ་སྲས་ཚུལ་བཟུང་ཏྲེ་བོ་ཞེས། །མཚན་གསོལ་ཆོས་ཀྱི་དབང་པོར་གསོལ་བ་འདེབས། ། ༡ འབྱོར་དབང་ཕྱོགས་གླང་ཀཧྣ་པ་དང་། །ཤནྟ་རཀྵི་བླ་ཆེན་དགོངས་རབ་གསལ། །གསང་བདག་སྒྲོབ་ཕུག་སྤོབ་བྲག་ཨོ་རྒྱན་པ། །དམ་པ་ཅིར་ཡང་སྟོན་པ་ཕྱག་འཚལ་ལོ། ། ༢ འཇམ་དབྱངས་དོན་འགྲུབ་འོད་ཟེར་ཆོས་རྒྱ་མཚོ། །དཔག་བསམ་དབང་པོ་བསྟན་པ་དར་རྒྱས་ཞབས། །མཆོག་གི་སྐྱེ་སྲིད་བསམ་བཞིན་འགྲོ་བའི་དོན། །སྐུར་བཞེངས་མངའ་སྤངས་བླ་མའི་ཞབས་ལ་འདུད། ། ༣ དུས་འདིར་བསྟན་དང་འགྲོ་བའི་དོན་མཛད་པ། །རྨད་བྱུང་བླ་མ་བློ་བཟང་ཆོས་ཀྱི་དབང་། །མཐོང་ཐོས་རེག་ཀུན་དོན་ལྡན་མཁས་བཙུན་བཟང་། །ཡོན་ཏན་རྫོགས་སྤྲུལ་དེ་ལ་མཆོད་པ་འབུལ། ། ༤ གང་ཁྱེད་ངེས་དོན་སྐྱེ་འཕོ་མི་དམིགས་ཀྱང་། །གདུལ་ངོར་ཅིར་ཡང་སྟོན་ལས་ད་དུས་འདིར། །ཞི་བར་གཟིམ་ཚུལ་སྟོན་ཚེ་དད་གུས་ཅན། །བདག་བློ་གདུང་བས་ཁྱོད་མཚན་གུས་མཆོད་ན། ། ༥ ཐུགས་རྗེ་མཆོག་གི་གཟུགས་བརྙན་སྤྲུལ་པའི་སྐུ། །མྱུར་བཞེང་ཐུགས་དམ་ཐུགས་བསྐྱེད་དུས་ལ་བབ། །བདག་ནི་སྐྱེ་ཀུན་མགོན་པོ་མཆོག་ཁྱོད་ཀྱི། །འཕྲིན་ལས་རབ་སྤེལ་དོན་གཉིས་ཡོངས་གྲུབ་ཤོག ། ༦

ཅེས་བཀའ་དྲིན་མཉམ་མེད་ཏྲེའོ་བཞི་པ་ཞི་བར་གཟིམ་པའི་དུས་ཆེན་དེ་ཉིད་ཀྱི་སྐབས་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་གྱི་གསུང་གིས་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་གློ་བོ་སྨོན་ཐང་རྒྱལ་ཁབ་ཏུ་སྨྲས་པ་སྐྱེ་ཀུན་བླ་མེད་རྗེས་སུ་བཟུང་བར་གྱུར་ཅིག །

༈ གསོལ་འདེབས་བསྡུས་པ།

རྒྱལ་ཀུན་ཐུགས་རྗེ་འཕྲིན་ལས་འདུས་པའི་དངོས། །རང་བྱུང་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །གཉིས་མེད་གྲུབ་དབང་པདྨ་བདེ་ཆེན་གླིང་། །མགོན་མཆོག་གསུང་རབ་རྒྱ་མཚོ་རྡོ་རྗེ་འཆང་། །མཆོག་གི་སྤྲུལ་སྐུ་ཆོས་ཀྱི་དབང་པོ་དང་། །གདུལ་དཀའ་འདུལ་མཁས་ཚེ་དབང་རྡོ་རྗེ་སེམས། །ཁྱེད་ལ་བདག་ཅག་གུས་པས་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འཆང་བ་མདོ་བོ་ཆེའི་གདུང་རིག་འཁྲུལ་མེད་ལས་སྐྱེས་པའི་སྔགས་འཆང་ཆེན་པོ་རྒྱལ་སྲས་སེངྒེ་ཡིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་ཡབ་གྱུར་རྒྱལ་སྲས་ཚུལ། །མཆོག་སྤྲུལ་ཆོས་ཀྱི་དབང་པོའི་སྡེ། །གང་ཁྱེད་ངེས་དོན་གཤེགས་བཞུད་ཀྱི། །སྤྲོས་པ་བྲལ་ཡང་ཚུར་མཐོང་འགྲོ། ། ༡ བྱིས་སྦིས་སྣང་ངོར་གཟུགས་ཀྱི་སྐུ། །ཆོས་ཀྱི་དབྱིངས་སུ་བཏུལ་བ་ན། །བདག་སོགས་གདུལ་བྱར་གྱུར་པ་རྣམས། །སྙིང་ནས་ཁྱོད་དྲན་མྱ་ངན་མེད། ། ༢ ཆེས་གདུང་མགོན་ཁྱོད་ཐུག་རྗེ་ཡི། །བཟོད་དམ་ཉམས་མེད་ཡེ་ཤེས་ལས། །སྤྲུལ་པའི་གཟུགས་བརྙན་དུས་འདི་རུ། །འབྱོན་པར་གསོལ་འདེབས་འགྲུབ་བྱིན་རློབས། ། ༣

ཞེས་རྗེ་བཙུན་རྡོ་རྗེ་འཆང་ཆོས་ཀྱི་དབང་པོའི་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་སུ་མར་བུའི་སློབ་དཔོན་ཀརྨ་དཔལ་འབྱོར་གྱི་གསུང་གི་ནན་དུ་བསྐུལ་ངོར་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུས་འཛམ་གླིང་ཆུ་བཞིའི་མགོ་བོ་ཏི་སེའི་མདུན་དུ་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ་ཧཱུྃ༔ ཆོས་སྐུ་བྱ་རྩོལ་ལས་འདས་ཞིང་གི་དབྱིངས། །ལོངས་སྐུ་ལྷུན་གྲུབ་ཞིང་དབྱིངས་མེ་ཏོག་རྒྱན། །སྤྲུལ་སྐུ་རབ་འབྱམས་མི་མཇེད་འཇིག་རྟེན་ཁམས། །དེ་རུ་སྣང་བའི་སྐུ་གསུམ་སྒྱུ་འཕྲུལ་ཆེ། །དཔག་ཏུ་མེད་དངོས་རིག་འདུས་པདྨ་འབྱུང་། །གར་བརྒྱའི་རོལ་པ་གདུལ་བྱའི་དཔྱིད་འཆར་བ། །གྲངས་མེད་སྟོན་ལས་ཁྱད་པར་སྙིགས་དུས་སྐྱབས། །གཡུ་སྒྲ་སྙིང་སྤྲུལ་རིག་འཛིན་རྣམ་པར་རྒྱལ། །བསམ་བཞིན་སྤྲུལ་པའི་སྐྱེ་བའི་རྒྱལ་བའི་སྲས། །རིག་པ་འཛིན་མཆོག་ཨཱ་ཡུ་ཏིཥྛ་ཁྱེད། །སྙིང་པོར་སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་སར། །གཡོ་མེད་གནས་ཀྱང་བདག་སོགས་གདུལ་སྣང་ངོར། །གཟུགས་ཀྱི་ཆུ་ཤེལ་ཆོས་སྐུའི་སྟོང་ལ་ནུབ། །བདག་ཅག་གཅོང་རོང་ཐུན་གསུམ་སར་གནས་རྣམས། །གདུང་བའི་འཆི་འཁྲུག་དད་པའི་སྤུ་གཡོ་བས། །བདེ་ཆེན་དག་པས་ཞིང་འདིར་གཟིགས་ནས། །བདག་ལུས་གུས་པའི་ཐལ་མོ་གཙུག་སྦྱར་ནས། །མོས་བློས་དངོས་སྤྲུལ་ཀུན་བཟང་རྒྱན་བཀོད་པའི། །མཆོད་པའི་སྤྲིན་དཔུང་དཔག་མེད་འདི་འབུལ་གྱི། །བདག་སོགས་ཚོགས་གཉིས་རྫོགས་ཕྱིར་དགྱེས་བཞེས་ནས། །བདག་གི་འགལ་འཁྲུལ་གྱིས་སྦག་ཐམས་ཅད་ཀུན། །བཟོད་པར་གཞེས་ནས་ཚངས་པའི་བྱིན་རླབས་སྩོལ། །སླར་ཡང་བདག་སོགས་འགྲོ་དོན་ཆེད་དུ་ནི། །ཆོས་ཉིད་སྤྲོས་མཚན་བྲལ་བའི་སྒོ་འབྱེད་ནས། །གཟུགས་སྤྲུལ་མཆོག་སྐུའི་མཚན་དཔེའི་འོད་བྱེད་པ། །མྱུར་དུ་འཆར་ནས་གདུལ་བྱའི་དོན་བརྟེན་རྒྱལ། །ཡུལ་ནས་གསོལ་འདེབས་བསླུ་མེད་འགྲུབ་པར་ཤོག །

ཅེས་མཆོད་ཕྲེང་དང་སྤྲུལ་སྐུ་འབྱུང་གྱུར་གྱི་གསོལ་བ་འདེབས་པ་ཞིག་མཛོད་ཅེས་མདོ་ཁམས་ཀཿཐོག་གི་གསེར་ཁྲིར་བརྗིད་པ་རྒྱལ་སྲས་བསོད་ནམས་ལྡེའུས་བསྐུལ་ཚིག་སྩལ་བ་བརྟེན་ནས་རྣལ་འབྱོར་ཚེ་དབང་ནོར་བུས་ལྕགས་བྱི་ཟླ་བ་དང་པོའི་ཚེས་༣ལ་འཛར་ཁ་གསང་སྔགས་གླིང་དུ་བྲིས་པའི་ཡི་གེའི་རིག་བྱེད་བུ་སློབ་ཐ་ཤལ་བ་འཕྲིན་ལས་བསྟན་འཛིན་གྱིས་བྲིས།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། རྒྱལ་བའི་གསུང་རབ་ཡོངས་ཀྱི་བཅུད་མཆོག་ནི། །བླ་མེད་བླ་མ་རྫོགས་པ་ཆེན་པོ་ཡི། །དཀྱིལ་འཁོར་སྟོན་མཛད་བླ་མ་མཆོག་དེ་ནི། །རྡོ་རྗེ་སེམས་དཔའ་ཉིད་དང་དབྱེར་ཡོད་མིན། །དེས་ན་བཀའ་དྲིན་འདྲེན་པའི་བླ་མེད་པ། །སྙིང་ཐིག་སྨིན་བྱེད་སྟོན་མཛད་རྡོ་རྗེ་འཆང་། །པདྨ་རིག་འཛིན་དབང་རྒྱལ་རྣམ་འདྲེན་རྒྱལ། །གང་ཁྱེད་ཡེ་ཤེས་སྤྱན་གྱིས་དུས་འདིར་གཟིགས། །བདག་གི་སེམས་ཀྱི་གཏིང་ནས་གཡོ་སྒྱུ་དང་། །མི་གུས་བསམ་པ་ཡེ་ནས་མེད་མོད་ཀྱང་། །འོན་ཏེ་དུས་ངན་སྙིགས་དུས་སྐྱེས་པའི་དབང་། །རང་ཤུགས་ལས་ངན་ཉོན་མོངས་ཧྲགས་པ་ཡི། །ཀུན་བཟང་རྡོ་རྗེ་སེམས་པའི་བཀའ་ལུང་དུ། །བཤད་པའི་དམ་ཚིག་རྩ་བ་ཡན་ལག་ཀུན། །ཚུལ་བཞིན་བསྲུང་བའི་ཞེ་གདེངས་ཡོད་ན་ཡང་། །དབང་མེད་ཚོར་དང་མ་ཚོར་དམ་ཚིག་ལ། །འགལ་ཉམས་རལ་པའི་སྐྱོན་གྱུར་ཕྲ་རགས་སྦོམ། །མཆིས་ཀུན་སྙིང་ནས་འགྱོད་པས་མཐོལ་ཞིང་བཤགས། །མགོན་ཁྱེད་དགོངས་པའི་དབྱིངས་སུ་དག་ཚང་བར། །སྒྲིབ་མེད་བཟོད་བཞེས་མཆོག་གི་དངོས་གྲུབ་སྩོལ། །བདག་ལ་འདི་ཕྱིའི་བར་དོ་སྒྲིབ་མེད་པར། །སྐྱེ་ཀུན་མཚན་ལྡན་བླ་མ་ཉིད་ལྟ་བུའི། །རྗེས་གཟུང་གསང་སྔགས་དམ་ཚིག་རང་སྲོག་ལས། །ལྷག་ལྟས་བླ་མ་དགྱེས་བྱེད་ལ་བརྩོན་ཤོག །མདོར་ན་བདག་གི་ཉེས་ཚོགས་ཡོངས་བཤགས་ཤིང་། །དགེ་གྱུར་འདུས་དང་འདུས་མ་བྱས་པ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་ཡོངས་སུ་བསྔོ། །དེ་འབྲས་ད་ལྟ་ཉིད་ནས་སྨིན་གྱུར་ཅིག །ན་མོ་རཪྣ་ཏྲ་ཡཱ་ཡ། ཏདྱ་ཐཱ་པཉྩ་པྲི་ཡ་ཨ་ཝ་བྷོ་དྷེ་ན་ཡེ་སྭཱ་ཧཱ།

ཞེས་པ་རང་ལ་བཀའ་དྲིན་ཆེ་བ་གསུམ་ལྡན་རྡོ་རྗེ་འཆང་རིག་འཛིན་པདྨ་དབང་རྒྱལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་གདུང་རྟེན་བཞེངས་བའི་མཆོད་སྤྲིན་མཚོན་ཙམ་དང་བྱང་རི་རྒྱལ་བཀྲ་བཟང་གི་སྒྲུབ་སྡེར་ཞག་བདུན་གྱི་དགེ་རྒྱུན་དམ་པ་དེ་ཉིད་དགོངས་རྫོགས་སུ་དམིགས་ནས་བགྱིས་པར་རང་གཞན་གྱི་སྡིག་སྦྱངས་ཁ་ཏོན་ཏུ་ཀཿཐོག་རིག་འཛིན་སྤྲུལ་སྐུར་གྲགས་པ་ཚེ་དབང་ནོར་བུས་ཡོངས་འཛིན་ཆུ་སྟོད་ཟླ་བའི་ཚེས་བཞིར་སྤེལ་བའི་ཡི་གེ་པ་ནི་ཤཱཀྱ་དགེ་སློང་གཡུང་རུང་ངོ་། །སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ ཕྱོགས་དུས་རབ་འབྱམས་རྒྱལ་བའི་ཞིང་གི་ཁམས། །དཔག་མེད་དག་ཏུ་བཞུགས་པའི་སྐུ་གསུམ་ཚོགས། །ཞི་དང་ཁྲོ་གར་ཡི་དམ་རིག་འཛིན་དང་། །དྷཱཀྐི་ཆོས་བསྲུང་རྡུལ་རྙེད་བཅས་རྣམས་ཀུན། །རྣམ་དག་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར། །དཔག་མེད་མཛད་འཕྲིན་ངོ་མཚར་རྒྱ་མཚོ་ཆེར། །བཀོད་ནས་སྐད་ཅིག་ཡུད་ཙམ་གཅིག་གི་ནི། །འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ། །དེ་ལྟར་མཆོག་གསུམ་རྩ་གསུམ་ཚོགས་རྣམས་ཀུན། །རྣམ་མང་འགྲོ་བའི་དོན་དུ་སྐུར་སྤྲུལ་རྣམས། །དྲི་མེད་ཐབས་ཤེས་ཉི་ཟླ་པདྨའི་སྟེང་། །རབ་དགྱེས་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །བདག་དད་སྒོ་གསུམ་གྲངས་མེད་རྡུལ་རྙེད་ཆེར། །རབ་ཏུ་སྤྲུལ་ནས་རྒྱལ་བ་སྲས་བཅས་ལ། །ཡན་ལག་ལྔ་བཏགས་རྣལ་འབྱོར་ཆེན་པོ་ཡི། །རབ་ཏུ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱོགས་བཅུའི་ཞིང་དང་ལྷ་མའི་ལོངས་སྤྱོད་སོགས། །དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་མཆོད་པའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་མཆོད་པ་རྣམས། །རྒྱལ་དང་རྒྱལ་སྲས་ཚོགས་ལ་འབུལ་བར་གྱིས། །བདག་གི་ཐོག་མེད་ནས་བསགས་ད་ལྟའི་བར། །འཁྲུལ་བའི་དབང་གྱུར་ལས་དང་ཉོན་མོངས་པས། །མི་དགེའི་དབང་གྱུར་སྡོམ་པ་གསུམ་དག་གི །འགལ་ཉམས་གྱུར་རྣམས་མཐོལ་ཞིང་བཤགས་པར་བགྱི། །ཀུན་ཏུ་སོ་སོ་སྐྱེ་བཅས་ཉན་ཐོས་དང་། །དགྲ་བཅོམ་རང་རྒྱལ་བྱང་སེམས་རྒྱལ་སྲས་ཚོགས། །འགྲོ་བའི་དོན་མཛད་དགེ་ཚོགས་བགྱིས་པ་ལ། །བདག་སོགས་རབ་ཏུ་དྭངས་བས་རྗེས་ཡི་རང་། །རྒྱལ་བའི་ཞིང་རབ་རྒྱ་མཚོའི་རྡུལ་ཀུན་ལ། །རྫོགས་སངས་རྒྱས་ནས་བདུད་རྩིས་ཆོས་མཆོག་ནི། །གསུང་བར་མི་བཞེད་སྙོབས་པར་གང་བཞུགས་པ། །འཁོར་ལོ་དཔག་མེད་བསྐོར་བར་བདག་གི་བསྐུལ། །རྒྱལ་བ་གང་དག་གདུལ་བྱ་རྫོགས་དགོངས་དང་། །ཞིང་གཞན་གཤེགས་དགོངས་མྱ་ངན་འདའ་བཞེད་ལ། །དེ་དག་ནམ་ཡང་མྱ་ངན་མི་འདའ་བར། །བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །དེ་ལྟར་དགེ་རྩ་ལྷག་བསམ་དེས་ཐོག་དྲངས། །བདག་གི་དགེ་བ་བགྱིས་དང་བགྱིས་སྩལ་ཀུན། །མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ་བྱས་ཏེ། །ཀུན་ཀྱང་བྱང་ཆུབ་སྙིང་མྱུར་ཐོབ་པར་ཤོག །

ཅེས་ཡན་ལག་བདུན་པ་འདི་ནི་ཉེར་གཅིག་ལོན་པའི་དབྱར་མེ་ཏོག་རྒྱས་པའི་ཟླ་བ་ལ་ཤར་ཕྱོགས་མདོ་ཁམས་རྡོ་རྗེ་གདན་ཀཿཐོག་གི་དགེ་འདུན་རྒྱ་མཚོ་དང་ཕྱོགས་ཐ་དག་གི་དགེ་འདུན་ཐམས་ཅད་ལ་མཆོད་པ་འབུལ་ཞིང་སྐུ་གསུང་ཐུགས་རྟེན་རྨད་བྱུང་མཇལ་ཚེ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བྲིས་པ་དགེའོ། །

དཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ།

༈ ཞྭ་དམར་པའི་ཞབས་བརྟན་གསོལ་འདེབས།

༄༅། །དཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ་བཞུགས་སོ། །

༈ ན་མོ་ཤྲཱི་རི་མ་ཧཱ་བཛྲ་དྷ་ར་དྷརྨཱ་སིདྡྷཪྠ། རྒྱལ་ཀུན་སྤྱི་མེ་གདོད་ནས་བྱང་ཆུབ་ཆེ། །ངོ་བོ་ཆོས་སྐུ་ཀུན་བཟང་འོད་མི་འགྱུར། །ཁ་སྦྱོར་བདུན་ལྡན་བདེ་ཆེན་འཁོར་ལོའི་བསྒྱུར། །རང་བཞིན་ལོངས་སྐུ་གངས་ཅན་འོད་དཔག་མེད། །བྱེ་བ་ཕྲག་བརྒྱར་མཚན་དཔེ་མཆོག་སྤྲས་པ། །ཐུགས་རྗེས་སྤྲུལ་སྐུ་དཀོན་མཆོག་ཡན་ལག་ཆེ། །སྐུ་གསུམ་རྣམ་འགྱུར་རབ་འབྱམས་རོལ་པ་ཀུན། །དབྱེར་མེད་ངོ་བོ་ཉིད་སྐུ་རྡོ་རྗེ་འཆང་། །མི་མཇེད་གདུལ་བྱའི་དོན་དུ་ཨོ་རྒྱན་མཚོར། །རང་བྱུང་རྒྱལ་བ་པདྨ་འབྱུང་གནས་ཉིད། །དུས་འདིར་གངས་ཅན་མགོན་པོ་ཀརྨ་པའི། །ཕྲིན་ལས་གྲོགས་བྱོན་བསྐལ་བཟང་འདྲེན་པ་མཆོག །གར་གྱི་དབང་ཕྱུག་སྐུ་བཞིའི་འདུས་པའི་དངོས། །རིགས་བརྒྱའི་ཁྱབ་བདག་ཡོན་ཏན་བརྒྱད་བསྙེས་པ། །མཚན་ཐོས་ཙམ་གྱིས་ངན་འགྲོའི་འཁྲུལ་སྣང་ཀུན། །སྒྲོལ་མཛད་དཔའ་བོ་སྡུག་བསྔལ་ཡོངས་བྲལ་བདག །བདེ་ཆེན་ཞིང་གི་རྒྱལ་པོ་དཔལ་མཐའ་ཡས། །གསུང་གི་རྡོ་རྗེ་སྒྱུ་འཕྲུལ་ཆེན་པོའི་སྡེ། །འཇིག་རྟེན་གསུམ་མགོན་འོད་མཚན་ཅོད་པཎ་གྱིས། །རབ་སྒེག་མཚུངས་མེད་དཀོན་མཆོག་ཡོངས་ཀྱི་གཙོ། །ཆོས་རྣམས་མ་ལུས་མཁྱེན་གཟིགས་རྒྱལ་ཀུན་གྱིས། །དོན་དམ་ཡེ་ཤེས་ངོ་བོ་ཉིད་ལྷུན་གྲུབ། །གསང་གསུམ་རྒྱུད་སྡེ་རྒྱ་མཚོར་དབང་བསྒྱུར་ཞིང་། །སྐུ་གསུམ་བསྟན་པའི་ཉི་མ་འོད་པོ་ཆེ། །མཆོག་ཁྱེད་ཞིང་འདིའི་གདུལ་བྱ་བདག་སོགས་དོན། །བསྐལ་པ་གྲངས་ཡས་རྣམ་མང་རྒྱ་མཚོའི་བར། །མཚན་དཔེ་སྐུ་ཡི་རྡོ་རྗེ་འགྱུར་མེད་བརྟེན། །འཆི་མེད་ཚེ་ཡི་གཡུང་དྲུང་འཕོ་བྲལ་འཚོ། །མཛད་པ་བཟང་པོའི་གདུག་ཆེན་ས་གསུམ་ཁེབ། །འཕྲིན་ལས་མི་ནུས་རྒྱལ་མཚན་སྲིད་རྩེར་སྦྲེང་། །ལུང་རྟོགས་ཆོས་འཁོར་རྒྱུན་ཆད་མེད་བསྐོར་ཞིང་། །ཞབས་པད་བརྟན་པར་སྙིང་ནས་གསོལ་བ་འདེབས། །དེ་ལྟར་བསླུ་མེད་དགུ་ལྡན་བླ་མ་ཆེ། །ཐེག་རིམ་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་གྱི་བདེན་སྟོབས་ནུས་པས་གཟི་བྱིན་མཐུས། །ངེས་པ་ཉིད་དུ་རྩ་བའི་བླ་མ་ཡི། །ཞབས་པད་བསྟན་པར་གསོལ་འདེབས་འགྲུབ་པར་ཤོག །བདག་སོགས་འགྲོ་ཀུན་མགོན་ཁྱེད་ཐུགས་རྗེ་ཡི། །ཐར་ལམ་མཆོག་བརྙེས་ཕྱིར་མི་ལྡོག་བྱིན་རླབས། །

ཞེས་རྒྱལ་བ་ཀུན་ལས་ཐུགས་བསྐྱེད་རྨད་བྱུང་བདེ་ཆེན་རྒྱལ་པོ་ཡི་ཐུགས་ཀྱི་ཡེ་ཤེས་རང་གཟུགས་ཞིང་འདིར་སྟོན་པ་འོད་མཚན་ཅོད་པཎ་འཛིན་གྱུར་སྐུ་བརྒྱད་པ་གངས་ཅན་བསྟན་པའི་ཉི་མ་འགྲན་བྲལ་ཐམས་ཅད་མཁྱེན་གཟིགས་པདྨ་གར་དབང་དཔལ་ཆེན་དཀོན་མཆོག་ཆོས་ཀྱི་དོན་འགྲུབ་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག་གི་ཞབས་པད་ཡིད་བཞིན་ནོར་བུ་བརྟེན་པའི་ཆེད་དུ་ཀཿཐོག་སྟགས་ཕུའི་ནགས་ལྗོངས་སུ་སྐྱེས་པའི་ལྷ་བཙུན་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་རྒྱ་མཚོས་མེ་སྟག་གཙུག་ལག་ཟླ་བ་དང་པོའི་ཡར་ཚེས་བཞི་ལ་ཁ་ཞེ་མེད་པར་གསོལ་བ་བཏབ་པ་ལགས། སརྦ་མངྒ་ལཾ།

༈ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ན་མཿཀཱརྨ་ཏ་ཡི་སི་ཏུ་དྷཱརྨ་ཀ་ར་ཡེ། རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་ཆིག་ཟླུམ་འཕྲུལ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་ཀརྨ་པའི། །འཕྲིན་ལས་སྤེལ་ཕྱིར་བྱམས་མགོན་མི་ཡི་ཟོལ། །མངོན་གྱུར་ཏ་ཡི་སི་ཏུ་རབ་གྲགས་ཉིད། །ཆོས་ཀྱི་དབྱིངས་ལས་གཟུགས་སྤྲུལ་བརྟན་པ་ཡིས། །འབྱུང་གནས་ལེགས་པར་བཀོད་པའི་གདུགས་དཀར་ཅན། །འཕྲིན་ལས་ཀུན་ཁྱབ་ཡེ་ཤེས་ཟེར་སྤྲོ་མཁས། །འགྲོ་བའི་དཔལ་མགོན་ལམ་བཟང་མཆོག་སྟོན་སོ། །ཁྱེད་ནི་བདག་སོགས་འགྲོ་དོན་བསྐལ་པ་རྒྱར། །མཆོག་གསུམ་རྩ་གསུམ་དྲངས་སྲོང་བདེན་པའི་མཐུས། །སྐུ་མཆོག་མཆོག་སྐུ་འཕོ་མེད་མཁའ་ལྟར་དུ། །མ་རིགས་གདོང་ལྔ་མི་ཤིག་རྡོ་རྗེའི་ཁྲིར། །ཚེ་ཡི་གཡུང་དྲུང་རྟག་བརྟན་བརྟེན་གྱུར་ནས། །མཛད་པ་ངོ་མཚར་རྨད་ཀྱི་ཆོས་མཆོག་རྒྱས། །འཕྲིན་ལས་རྒྱ་མཚོའི་གོས་བརྒྱན་ཡོངས་ཁྱབ་ཞིང་། །གཟུགས་སྐུའི་སྣང་བརྙན་འཕོ་མེད་མདའ་བྲལ་བར། །འཆི་བདག་ལས་རྒྱལ་འཆི་མེད་རྡོ་རྗེ་བརྙེས། །གཡོ་མེད་རྟག་པར་ཞབས་པར་བརྟན་གྱུར་ནས། །བདག་སོགས་སྨིན་གྲོལ་བྱིན་རླབས་གསོལ་བ་འདེབས། །

ཅེས་ཀརྨ་སི་ཏུ་བདུན་པ་ཆོས་ཀྱི་འབྱུང་གནས་ཉིད་ཞབས་པར་བརྟན་པའི་ཕྱིར་དུ་མདོ་ཁམས་ས་ཡི་ཐིག་ལེ་ཀཿཐོག་གི་ལྷ་སྟག་བུ་ཞེས་པའི་ནགས་སུ་སྐྱེས་པ་སྔགས་བན་ཕྱོགས་སུ་ནོར་སྐྱོང་ལྟར་དུ་ཞུལ་བ་ཚེ་དབང་ནོར་བུ་བསོད་ནམས་བསྟན་འཛིན་བཟང་པོས་དབེན་རྫོང་ཆོས་སྒར་ཟུར་མང་དུ་ཀུན་ལྡན་ལྕགས་བྱའི་སྤྲེལ་ཟླའི་ཉེར་གཅིག་ལ་ཕུལ་བ་བཀྲ་ཤིས་སོ། །

༈ ཀརྨ་པའི་ཞབས་བརྟན་གསོལ་འདེབས།

ན་མོ་ཛ་ཡ་ཨིནྡྲ་ཀཱརྨ་ཀ་བྷོ་དྷེ་བཛྲ། ཕྱོགས་དུས་རྒྱལ་དང་རྒྱལ་སྲས་མ་ལུས་ཀྱིས། །ཐུགས་བསྐྱེད་ཐུགས་རྗེས་འཕྲིན་ལས་གཅིག་བསྡུས་པའི། །དཔལ་ལྡན་དཔལ་མཆོག་སེང་གེ་ཀརྨ་པ། །འགྲོ་བའི་བླ་མ་བླ་མེད་རིགས་ཀུན་གཙོ། །མི་བསྐྱོད་རྡོ་རྗེར་མཐོན་མཐིང་ཅོད་པཎ་ཅན། །མཐོང་ཐོས་དྲན་པས་སྲིད་པའི་སྡུག་བསྔལ་ཀུན། །དྲུང་ནས་འབྱིན་མཛད་བདེ་ཆེན་ཀུན་ཏུ་འཆང་། །བྱང་ཆུབ་རྡོ་རྗེ་མཆོག་གི་བདག་ཉིད་ཅན། །ཁམས་གསུམ་འགྲོ་བ་མ་ལུས་འདྲེན་པའི་རྗེ། །དུས་གསུམ་རྒྱལ་བ་ཀུན་གྱིས་ཡབ་གཅིག་པུ། །སྲིད་གསུམ་འདི་ན་འདྲེན་བྲལ་ཡོན་ཏན་གཏེར། །ས་གསུམ་སྙན་པའི་རྔ་སྒྲས་ཁེངས་མཛད་པ། །མཚུངས་མེད་རྒྱལ་བ་ཡོངས་ཀྱི་དབང་པོ་ཆེ། །ཐར་པ་ཡང་དག་ས་མཁན་རྗེ་བཙུན་ཁྱེད། །ཅི་སྲིད་གདུལ་བྱའི་ཁམས་ཀུན་མ་ཟད་བར། །དེ་ཉིད་སྲིད་དུ་ཟབ་གསང་མཚན་དཔེ་ཡི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རིན་པོ་ཆེ། །ངེས་པའི་དོན་ལ་གཡོ་འགྱུར་མི་མངའ་ཡང་། །ཚུར་རོལ་བྱི་པའི་སྣང་ངོར་སྐུ་ཚེ་ལ། །བར་ཆད་ཉེས་ཚོགས་གསང་གིའང་མི་ཚུགས་པར། །ཐུགས་མཆོག་བཞད་དོན་དགྱེས་དགུ་ལྷུན་གྱི་གྲུབ། །གསུང་མཆོག་ཆོས་འཁོར་རྒྱུན་མའི་འཆད་པར་སྒྲོགས། །སྐུ་མཆོག་འགྱུར་མེད་མི་ཤིག་རྡོ་རྗེར་བརྟན། །ཚེ་མཆོག་གཡུང་དྲུང་མ་འགྱུར་རྟག་འཚོ་ཞེས། །མཛད་བཟང་ཡར་ཟླ་ལྟ་བུར་གོང་དུ་འཕེལ། །འཕྲིན་ལས་ཉམས་མེད་དབྱིག་འཛིན་ཁྱོན་ཁྱབ་ཅིང་། །ཞབས་པད་བསྐལ་མང་རྡུལ་སྙེད་རྒྱ་མཚོའི་བར། །བརྟན་པར་སྙིང་ནས་གསོལ་བ་འདེབས་པའམ། །སྐུ་གསུམ་རྩ་གསུམ་མཆོག་གསུམ་རབ་འབྱམས་ཆེ། །བསྲུང་མར་བཅས་པའི་ནུས་མཐུ་བདེན་སྟོབས་ཀྱི། །བསླུ་བ་མེད་པ་ངེས་པར་གྲུབ་གྱུར་ཏེ། །བདག་སོགས་འགྲོ་ཀུན་སྨིན་གྲོལ་བྱིན་གྱིས་རློབས། །

དེ་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་གངས་ཅན་མགོན་མཆོག་འགྲན་བྲལ་མཐོན་མཐིང་ཅོད་པཎ་འཛིན་གྱུར་ཀརྨ་པའི་སྐུ་བཅུ་གཉིས་པ་དཀྱིལ་འཁོར་ཡོངས་གཙོ་ཁྱབ་བདག་བྱང་ཆུབ་མཆོག་གི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞབས་པད་ཡིད་བཞིན་ནོར་བུ་བརྟེན་པའི་ཆེད་དུ། མདོ་ཁམས་བོད་ཆེན་ས་ཡི་ཐིག་ལེ་ཀཿཐོག་ནས་མི་རིང་བར་གསང་སྔགས་ཀྱི་འབྱུང་གནས་མ་ལ་ཡ་དང་གཉིས་མེད་གནས། སྟག་ཕུ་རེ་ཁེའི་ནགས་ཁྲོད་དུ་ལྷ་རིགས་ཐ་ཤལ་དུ་སྐྱེས་པ་ཕྱོགས་ཀུན་རྒྱུ་རྣལ་འབྱོར་གཟུགས་ཙམ་འཛིན་གྱུར་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་རྒྱ་མཚོས་མེ་སྟག་གཙུག་ལག་ཟླ་བ་དང་པོའི་ཡར་ཚེས་བཞི་ལ་ཁ་ཞེ་མེད་པར་གསོལ་བ་བཏབ་པ་ལགས། སརྦ་མངྒ་ལཾ།

༈ འབྲུག་པ་ཐམས་ཅད་མཁྱེན་པའི་ཞབས་བརྟན་གསོལ་འདེབས།

ན་མཿམ་ཧ་གུ་རུ་སརྦ་ཛྙ་པུཎྜ་རི་ཀ ཡེ་ཤེས་ཁྱབ་བརྡལ་མཉམ་ཉིད་འོད་དཔག་མེད། །ཐུགས་རྗེའི་རང་རྩལ་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་ཀུན་རིགས་འདུས་ངོ་བོ་པདྨ་འབྱུང་། །དབྱེར་མེད་རོལ་གར་ཀུན་མཁྱེན་པདྨ་དཀར། །སླར་ཡང་འགྲོ་བའི་དོན་དུ་འདྲེན་པ་ཆེ། །དཀྱིལ་འཁོར་རབ་འབྱམས་ཡོངས་གཙོ་རིགས་ཀྱི་བདག །མཚུངས་མེད་མི་ཕམ་མཆོག་གི་སྤྲུལ་པའི་སྐུ། །མི་ཤིག་རྡོ་རྗེ་ལྟ་བུར་བསྟན་བཞུགས་གསོལ། །ངོ་བོ་དྲི་མེད་ཇི་ལྟར་མཁྱེན་པའི་ཐུགས། །རང་བཞིན་འབད་མེད་བདེ་ཆེན་མཆོག་གི་གསུངས། །ཐུགས་རྗེའི་རྣམ་རོལ་བྱང་ཆུབ་མཆོག་གི་སྐུ། །མི་འགྱུར་གཡུང་དྲུང་ལྟ་བུར་བརྟན་བཞུགས་གསོལ། །སྐུ་ཚེ་རི་དབང་བཞིན་དུ་རབ་ཏུ་གནས། །མངོན་པར་མཐོ་བའི་བཀའ་བརྒྱུད་ས་རྙིང་ཁྲི། །ངེས་ལེགས་སྒྲུབ་རྒྱུད་ཤར་ར་བྷེའི་འདོག་ལྡིང་། །ཆོས་ཀྱི་འཁོར་ལོ་རབ་བསྒྱུར་དམ་པ་ཁྱེད། །མཛད་པ་བཅུ་གཉིས་ཁྱིམ་བདག་བཞིན་དུ་རྒྱས། །འཕྲིན་ལས་ལྷ་རྫིང་བཞིན་ཁྱབ་བསྟན་པའི་སྡེ། །མི་ནུབ་རྒྱལ་མཚན་ལྟ་བུར་བརྟན་བཞུགས་གསོལ། །ཞབས་པད་བསྐལ་བརྒྱར་འཚོ་བཞེས་རབ་བརྟན་ནས། །མཁྱེན་པའི་གོ་འབྱེད་ཆེ་ནས་རྩ་བ་ཡིན། །ནམ་མཁའི་གླང་པོ་རབ་འཕྲོ་སྨིན་གྲོལ་གྱིས། །སྤྲིན་གྱི་མུ་ཏིག་གསལ་བྱའི་ཞིང་ས་ལ། །རབ་འབེབས་བསྐལ་བཟང་དགའ་སྟོན་ཆེར་རྒྱས་ཤིང་། །ནམ་མཁའ་མཐའ་ཀླས་སྲིད་པའི་འགྲོ་བ་ཀུན། །འདྲེན་མཆོག་ཁྱེད་ཀྱི་ཐུགས་རྗེའི་རྫིང་བཟང་ལ། །བརྟེན་ནས་བྱང་ཆུབ་ཡང་དག་བདེ་ཆེན་ས། །མྱུར་བ་ཉིད་དུ་སྒྲོལ་བར་གསོལ་བ་འདེབས། །དེ་ལྟར་བདག་གི་རྣམ་དཀར་ལྷག་བསམ་ཆོས། །གསོལ་བ་འདེབས་པའི་བདེན་ཚིག་བསླུ་མེད་པས། །མཆོག་གི་སྤྲུལ་སྐུའི་སྐུ་ཚེ་ཉམས་མེད་པར། །འཕྲིན་ལས་ཡོངས་ཁྱབ་ཁྱབ་བརྡལ་རྟག་གནས་ཤོག །

ཅེས་རྒྱལ་བ་པད་འབྱུང་ཐུགས་ཀྱི་ཟློས་གར་ནཱ་རོ་ཏ་པ་དང་གཙང་པ་རྒྱ་རས་སོགས་སྤྲུལ་པའི་སྐྱེ་བ་བསམ་བཞིན་ལེན་པ་འབྲུག་པ་ཐམས་ཅད་མཁྱེན་པ་ཞབས་ཀྱི་སྤྲུལ་སྐུ་རིན་པོ་ཆེར་བརྟན་བཞུགས་སུ་མདོ་ཁམས་ཀཿཐོག་སྟག་ཕུའི་ཕྱོགས་སུ་སྐྱེས་པའི་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུལ་བའི་ཡིག་རིག་བློ་གྲོས་དབང་པོའི་བགྱིས་པ་དགེའོ། །

༈ མཆོག་སྤྲུལ་ངག་དབང་ཀུན་དགའི་ཞབས་བརྟན་གསོལ་འདེབས།

མ་ནཿམ་ཧཱ་གུ་རུ་ཨ་ཡུ་སི་དྷེ་ཧྲཱི༔ ཕྱོགས་དུས་རྣམ་འདྲེན་རྒྱལ་དང་རྒྱལ་བ་སྲས། །བཀའ་བརྒྱུད་རིགས་གྲུབ་ཡི་དམ་རྒྱུད་སྡེའི་ལྷ། །ཌཱཀྐི་ཆོས་བསྲུང་བཅས་ཀྱི་བདེན་ནུས་གཟིས། །དེང་འདིར་བརྟེན་བཞུགས་འགྲུབ་པའི་བྱིན་རླབས་སྩོལ། །དུས་བཞི་རྒྱལ་བའི་ཐུགས་འཕྲིན་འདུས་པའི་དཔལ། །ཁྱབ་བདག་ཨོ་རྒྱན་གུ་རུའི་ཐུགས་ཀློང་ལས། །ལེགས་ཤར་མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ། །མི་ཤིག་རྡོ་རྗེ་ཁྲི་ལ་བརྟན་བཞུགས་གསོལ། །མཐོང་ན་མི་མཐུན་མེད་སྐུའི་ཡིད་བཞིན་ནོར། །ངེས་དོན་མཚན་དཔེའི་འོད་ཟེར་དགོས་འདོད་དཔུང་། །འཛད་མེད་གདུལ་བྱའི་ཁོར་གཟུགས་ཚིམ་བྱེད་པའི། །སྐུ་མཆོག་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །ཐོས་པས་གདུང་སེལ་གསུང་གི་གསེར་འཛིན་ལས། །སྡེ་སྣོད་བཅུ་གཉིས་སྤྲིན་གྱི་མྱུ་གུའི་རྒྱུན། །རྒྱ་ཆེར་དབབ་ནས་གདུལ་བྱའི་ཚད་བསལ་བ། །གསུང་དབྱངས་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །དྲན་པས་བྱིན་རླབས་ཐུགས་ཀྱི་མཐིང་ཞུན་དངོས། །ཀུན་མཁྱེན་ཚད་མེད་ནམ་མཁའི་མདོག་ལྟར་མདངས། །རླིམས་པས་སྲིད་པའི་འཁྲུལ་མུན་སེལ་བྱེད་པ། །ཐུགས་གསང་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །སྐུ་གསུམ་རྒྱལ་བ་ཀུན་འདུས་རྒྱལ་བའི་དབང་། །གསང་གསུམ་ཐེག་པའི་མཛོད་ཀྱི་ཆོས་ཀུན་འཆང་། །བསླབ་གསུམ་པོ་ལ་གདུལ་བྱ་དཀྲིར་མཁས་པའི། །མཆོག་གསུམ་ཀུན་འདུས་མཆོག་གི་སྤྲུལ་པའི་སྐུ། །ངག་གི་དབང་ཕྱུག་སྐལ་ལྡན་རེ་བསྐང་མཁན། །རྣམ་ཀུན་དགའ་བདེར་འགྲོ་རྣམས་འདྲེན་པ་ཆེ། །མདོ་སྔགས་བསྟན་པ་ཡོངས་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བཀའ་རྒྱུད་གཞུང་བཟང་སྙིང་པོའི་སྡེ། །རྒྱ་ཆེར་འགྲེམ་མཛད་འཆང་ཐུབ་མི་ཡི་སེང་། །འགྲོ་བའི་མགོན་ཁྱེད་རྙིངས་བྲལ་གདོང་ལྔའི་ཁྲིར། །བདག་སོགས་གདུལ་བྱའི་དོན་དུ་བསྐལ་པ་བརྒྱར། །གཡོ་མེད་རྟག་པར་ཞབས་པད་བརྟན་གྱུ་ནས། །ཐེག་མཆོག་བསྟན་པའི་མདངས་འབར་ཡོངས་བརྡལ་ཏེ། །ལོག་རྟོག་བདུད་སྡེའི་མཐུན་གསུམ་ཡོངས་བཅོམ་ཞིང་། །སྐལ་ལྡན་པད་ཚལ་ཡོངས་སུ་རྒྱས་གྱུར་ཏེ། །གདུལ་བྱའི་ཚོགས་ཀུན་ཡོངས་གྲོལ་སངས་རྒྱས་ཤོག །དེ་ལྟར་བདག་གི་ལྷག་བསམ་དགེ་བའི་ཚིག །དེ་ཉིད་བརྗོད་འདིའི་རྟེན་འབྲེལ་བསླུ་མེད་མཐུས། །དེ་ཡིས་ནུས་པས་མཆོག་སྤྲུལ་སྐུ་ཚེ་ན། །དེ་བཞིན་ཉིད་དུ་བརྟན་པར་གསོལ་བ་འདེབས། །

ཞེས་པའང་གསང་སྔགས་གསར་རྙིང་གི་བསྟན་པ་རིས་མེད་དུ་སྐྱོང་བའི་སྐྱེས་ཆེན་དམ་པ་མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་དཔལ་བཟང་པོའི་སྡེ་ཆེན་པོ་དེ་ཉིད་ཨོ་རྒྱན་གུ་རུའི་སྤྲུལ་པ་འཁྲུལ་མེད་དུ་མཐོང་སྟེ་མོས་པ་ཆེན་པོ་ཐོབ་ཚེ་མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་སྟག་ཕུ་ཞེས་པའི་ཚུལ་དུ་སྐྱེས་ཤིང་། མཁས་གྲུབ་པདྨ་བློ་གྲོས་ཀྱི་རྟེན་ཁྲིར་གནས་ཤིང་ཅོད་པཎ་འཆང་རློམས་པའི་ཕྲན་བུ་ཕྱོགས་ཀུན་ཏུ་རྒྱས་པའི་རྣལ་འབྱོར་ཚེ་དབང་འཇིགས་མེད་གཞན་ཕན་ནོར་བུ་དཔལ་གྱི་རྒྱ་མཚོས་རང་ལོ་ཉེར་གཉིས་ལྕགས་བྱི་ཧོར་ཟླ་བརྒྱད་པའི་ཚེས་དགེ་བ་ལ་བརྟེན་འཆི་མེད་གུ་རུའི་སྐུ་ཡི་སྣང་བརྙན་དང་བཅས་ཏེ་དབོན་རྫོང་སྒར་ནས་ཕུལ་བ་མངྒ་ལཾ།

༈ གཉག་རིགས་ཚེ་དབང་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

ན་མཿམ་ཧ་བཛྲ་ཨཱ་ཙརྱཱ་པདྨ་བི་དྱཱ་དྷཱ་རེནྡྲ་ཛ་ཡ། རྣམ་ཀུན་འགྱུར་མེད་བདེ་གཤེགས་སྙིང་པོ་ཉིད། །དྲི་མ་ཡོངས་བྲལ་སྨིན་ཐོབ་མངོན་གྱུར་པ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་ཆོས་ཀྱི་སྐུ། །སྤྲོས་དང་བྲལ་ལས་རང་མདངས་གཟུགས་ཀྱི་སྐུ། །ཟུང་འཇུག་མཐའ་བྲལ་རང་བཞིན་སྒྱུ་འཕྲུལ་ཆེ། །ཅིར་ཡང་སྟོན་མཛད་པདྨ་ཀ་ར་ཞེས། །སངས་རྒྱས་ཀུན་ཡབ་ཀུན་ཏུ་བཟང་དེ་ཡི། །རིགས་དང་ཡོན་ཏན་ཀུན་འཛིན་ཕྲིན་ལས་ཀྱི། །དབང་ཕྱུག་རྒྱལ་བ་ཡོངས་ཀྱི་གདུབ་འཚོབ་དཔལ། །བདག་ཉིད་རྡོ་རྗེ་ཐེག་པའི་ཤིང་རྟ་ནི། །དུས་འདིར་ནམ་མཁའ་ཚེ་དབང་རྣམ་རྒྱལ་ཞེས། །རྡོ་རྗེ་སེམས་དངོས་བླ་མར་གསོལ་གསོལ་བ་འདེབས། །ཐེག་ལྷུན་རྒྱུ་འབྲས་བང་རིམ་གྱིས་མཛེས་གཙེར། །མཆོག་གྱུར་ཨ་ཏི་འཆི་མེད་མདུན་ས་རུ། །ལུང་རྟོགས་ཡོངས་རྫོགས་སྟོབས་ལྡན་མགོ་མང་ཁྲིར། །མཁྱེན་བརྩེ་ཕུལ་བྱུང་གསལ་བྱེད་སྟོང་སྤྲས་ཤིང་། །བླ་མེད་འོད་གསལ་ཞོ་འཐུང་རུས་རྩེ་བརྒྱ། །འཁྱོར་འཇིན་ཟེར་གྱི་འཁོར་བའི་སྡུག་བསྔལ་དཔུང་། །ཀུན་བཅོམ་ལྟ་ངན་ཐགས་བཟང་ཀླད་པ་འགེམ། །སྐལ་བཟང་ཉིད་མེད་ལམ་མཆོག་གི་འཚོ་བ། །སྨིན་གྲོལ་བདུད་རྩིའི་དགའ་སྟོན་འགྱེད་བརྩོན་ཞིང་། །བྱང་ཆེན་ཡོངས་སྦྱིན་གྲུབ་པའི་སྡེ་དཔལ་ཆེ། །རྒྱལ་བསྟན་སྒྲོན་མེ་རྡོ་རྗེ་སློབ་དཔོན་གྱི། །དབང་པོ་མཆོག་དེར་གུས་པས་གསོལ་བ་འདེབས། །གང་ཁྱེད་ཡང་དག་དོན་ལ་སྐྱེ་ཕོ་ཡི། །ཀུན་བཏགས་ཟད་ཀྱང་བྱིས་སྦིས་གདུལ་སྣང་ངོར་། །སྐུ་ཡི་སྣང་བརྙན་བསྐལ་པ་རྒྱ་མཚོའི་བར། །དྲི་མེད་ཞབས་ཀྱི་པདྨོ་བརྟན་བཞུགས་གསོལ། །མི་ཤིག་དྭངས་མ་འགྱུར་མེད་རྡོ་རྗེའི་གུར། །ཟབ་གསལ་གཞོམ་མེད་ཨ་ཧམ་ཉི་ཟླའི་ཁྲིར། །འཕོ་མེད་གཟུང་འཇུག་རང་རིགས་དོན་གྱི་སྐུ། །འཆི་མེད་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །མཚན་དཔེ་སྐུ་ཡི་རྒྱལ་མཚན་ནུབ་མེད་བརྟས། །ཚེ་ཡི་གཡུང་རུང་ཉམས་མེད་སྲ་ཞིང་བརྟན། །མཛད་བཟང་ཡོན་ཏན་ཡར་ཟླ་བཞིན་དུ་འཕེལ། །འཕྲིན་ལས་གདུགས་དཀར་ཡོན་ཏན་དབྱིག་འཛིན་ཤོག །དེ་ལྟར་བདག་སོགས་རབ་དཀར་ལྷག་བསམ་གྱིས། །རྩེ་གཅིག་གསོལ་བ་བཏབ་པ་འདི་ཇི་བཞིན། །བསླུ་མེད་མཆོག་གསུམ་རྩ་གསུམ་རྒྱལ་རྒྱལ་སྲས། །ཀུན་གྱི་བདེན་སྟོབས་ནུས་པས་ཡོངས་གྲུབ་ཤོག །

ཅེས་གཉག་རིག་གསུམ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གང་དེར་གསང་བ་སྙིང་ཐིག་དབང་བཞི་ཡོངས་སུ་ས་བྱ་བྱང་ཆུབ་དུས་ཆེན་ལ་རྫོགས་པར་ནོས་པའི་དགའ་སྟོན་སྐབས་སུ་བསིལ་ལྗོངས་ཀྱི་ལ་སྟོད་དོན་གྲུབ་གླིང་དུ་ཕུལ་བའི་ཡིག་རིག་ནི་དམ་པའི་རིགས་འཁྲུངས་བློ་གྲོས་རབ་ཡངས་སྐུ་སྐྱེ་རིན་པོར་ཚེ་དབང་པདྨ་གསང་སྔགས་བསྟན་འཛིན་དཔལ་བཟང་པོས་བགྱིས་པ་དགེའོ། །དགེའོ། །དགེའོ། །

༈ ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཞབས་བརྟན་གསོལ་འདེབས།

ན་མོ་མུ་ལ་མ་ཧཱ་གུ་རུ་ཏིཥྛ་བཛྲ་ཧྲཱི༔ དག་པར་རབ་འབྱམས་མཐའ་ཀླས་ཕྱོགས་དུས་ཞིང་། །བཞུགས་པའི་རྒྱལ་དང་རྒྱལ་སྲས་བྱང་ཆུབ་སེམས། །དགུ་ལྡན་བླ་མ་རིག་འཛིན་གྲུབ་པའི་ཚོགས། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོ་ལྷ། །ལྡན་ཞིང་འདུ་སྔགས་ཉེར་འདུའི་དྷཀྐི་མ། །རྒྱལ་བསྟན་བསྲུང་མ་བཀའ་བཞིན་སྐྱོང་ཀུན་གྱི། །སླུ་མེད་དྲང་སྲོང་བདེན་ནུས་གཟི་བྱིན་མཐུས། །བརྟན་བཞུགས་འགྲུབ་པའི་མཐུན་འགྱུར་བྱིན་བརླབ་སྩོལ། །ཨེ་མ་ཧོ། ངོ་བོ་ཀ་དག་སྟོང་པ་ཀུན་བཟང་དབྱིངས། །རང་བཞིན་ལྷུན་གྲུབ་འོད་གསལ་རྡོ་རྗེ་སེམས། །ཐུགས་རྗེ་ཟུང་འཇུག་རིག་པ་པདྨ་འབྱུང་། །དབྱེར་མེད་ཟློས་བསྒྱུར་ནུས་ལྡན་རྡོ་རྗེ་ཡི། །འགྲོ་བའི་དོན་དུ་རྣམ་རོལ་སྒྱུ་མའི་གར། །མཚུངས་མེད་མཆོག་སྤྲུལ་འདྲེན་མཆོག་འཁོར་ལོའི་མགོན། །རིག་པ་འཛིན་པ་བསོད་ནམས་ལྡེའུ་བཙན་ཉིད། །འགྱུར་མེད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །མཐོང་བས་བསྐུལ་ཞིང་ནུས་པ་རྨད་བྱུང་སྐུ། །ནོར་བུ་གཙུག་ཏོར་ནམ་མཁའ་འཁོར་ལོའི་མཐར། །བདེ་ཆེན་ཁམ་གྱི་དྭངས་མས་ཡོངས་གང་གི །ངོ་མཚར་རྡོ་རྗེའི་སྐུ་མཆོག་བརྟན་བཞུགས་གསོལ། །ཐོས་པས་སྨིན་གྲོལ་སར་སྦྱོར་རྨད་བྱུང་གསུང་། །མཆོག་ཕྲའི་མདུད་ཞིག་ལས་རླུང་དུས་སྦྱོར་འགག །ཡེ་ཤེས་དག་རླུང་གསུང་གསང་འཁོར་ལོས་བསྒྱུར། །ངོ་མཚར་རྡོ་རྗེའི་གསུང་མཆོག་བརྟན་བཞུགས་གསོལ། །དྲན་ཙམ་བྱིན་རླབས་མཆོག་བཙོལ་རྨད་བྱུང་ཐུགས། །ཆོས་ཉིད་ཀྱིས་གང་འབྲི་བ་ཡོངས་བྲལ་བ། །ཟང་གསང་ཏིང་གསལ་བརྗོད་འདས་ཐིག་ལེ་ཆེ། །གསང་གསུམ་མཛོད་ལ་མངའ་བརྙེས་ཆོས་ཀྱི་རྗེ། །དུས་གསུམ་མངོན་གཟིགས་མཁྱེན་གཉིས་སྤྱན་ཡངས་པ། །རྒྱལ་བ་ཡོངས་དབང་རྒྱལ་བའི་འཕྲིན་ལས་པ། །པད་འབྱུང་ཧཱུྃ་མཛད་རིག་པའི་ཁྱེའུ་ཆུང་འཕྲུལ། །དཀྱིལ་འཁོར་ཡོངས་གཙོ་གསང་བདག་ཧེ་རུ་ཀ །རྒྱལ་བའི་སྲས་གྱུར་རྒྱལ་ཀུན་གདུང་འཚོབ་དཔལ། །འགྲོ་འདུལ་ནུས་ལྡན་བསོད་ནམས་ལྡེའུ་བཙན། །རྡོ་རྗེ་འཛིན་ཁྱེད་བདག་སོགས་འགྲོ་བའི་དོན། །མི་ཤིག་རྡོ་རྗེའི་དཀྱིལ་འཁོར་དཀྲིག་པའི་དབུས། །དྭངས་མ་ལྔ་འདུས་མི་འགྱུར་གཡུང་དྲུང་ལྟེར། །མི་འཇིགས་འཆི་མེད་ཨཿཧཾཿན་དའི་དབྱིངས། །བདེ་ཆེན་འཕོ་མེད་འཆི་བདག་གཡུལ་ལས་རྒྱལ། །གསང་ཆེན་རིང་ལུགས་པ་ཡི་ཟླ་བའི་ཁྲིར། །མི་རྙིང་རྩལ་ལྡན་གདོང་ལྔས་བཏེགས་པའི་སྟེང་། །ཞབས་པད་བསྐལ་བརྒྱའི་བར་དུ་འཚོ་ཞེས་བརྟན། །མཛད་འཕྲིན་བཟང་པོའི་གདུགས་དཀར་ནོར་འཛིན་ཁྱབ། །ལོག་པའི་མདའ་ལྔ་ས་ཡི་དལ་བྱིན་བཅོམ། །བསྟན་པའི་སྒྲོན་མེ་ནུབ་མེད་རྟག་བརྟན་ཤོག །འདི་ལྟར་བདག་གི་ལྷག་བསམ་རབ་དཀར་བའི། །སྙིང་ནས་ཟོལ་མེད་གསོལ་འདེབས་བདེན་ཚིག་མཐུས། །རྩ་བའི་བླ་མའི་སྐུ་ཚེ་མཛད་ཕྲིན་ཀུན། །ཉམས་མེད་བསྐལ་པའི་བར་དུ་བརྟན་གྱུར་ནས། །བསྐལ་བཀའ་སྲིད་པའི་ཆུ་བོ་འཁྲུག་པ་ལས། །དམ་པ་ཁྱེད་ཀྱི་ཐུགས་རྗེས་གྲུར་བརྟེན་ནས། །གཏན་བདེ་བྱང་ཆུབ་འོད་གསལ་རྡོར་སྙིང་པར། །མཁའ་མཉམ་འགྲོ་ཀུན་ཡོངས་སུ་གྲོལ་བར་ཤོག །

ཅེས་པད་འབྱུང་བདུད་འདུལ་རྡོ་རྗེ་བསམ་བཞིན་དུ་སྐུ་བཞེངས་པ་མདོ་ཁམས་ས་ཡི་ཐིག་ལེ་ཀཿཐོག་རྡོ་རྗེ་གདན་གྱི་གསེར་ཁྲིར་ཆོས་ཀྱི་འཁོར་ལོས་སྒྱུར་བ་རིག་འཛིན་རྒྱལ་བའི་སྲས་བསོད་ནམས་ལྡེའུ་བཙན་རྡོ་རྗེ་འཆང་ཆེན་པོའི་དེ་ཉིད་སྐུ་ཚེ་དང་ཞབས་པད་བརྟན་པའི་ཕྱིར་དང་ཕྱོགས་ཀུན་ཏུ་རྒྱུ་བའི་སྔགས་སྨྱོན་ཚེ་དབང་ནོར་བུ་ཡིས་ཆུ་སྟག་ནོར་ཟླ་དང་པོའི་ཚེས་བཟང་གསུམ་ལ་འདྲེན་མཆོག་བླ་མའི་བསྟི་གནས་རོལ་ལམ་དུ་བྲིས་རྟེན་གདན་རྡོ་རྗེའི་དེ་ཝཱ་ཅན་གྱིས་མཚོན་དེ་ཕུལ་བ་བཀྲ་ཤིས། དགེའོ། །

༈ པདྨ་ཕྲིན་ལས་འགྲོ་འདུལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཚེ་དཔག་ཡབ་ཡུམ་འཆི་མེད་པདྨ་འབྱུང་། །རབ་འབྱམས་རྡུལ་སྙེད་རྒྱལ་དང་རྒྱལ་སྲས་ཆེ། །དེས་གསུང་བརྟེན་ལ་སྤྱོད་དང་བསྲུང་མའི་ཚོགས། །ཀུན་གྱི་བདག་སྨོན་འདི་འགྲུབ་ནུས་བྱིན་སྩོལ། །པད་འབྱུང་རྡོར་སེམས་ཐུགས་ཀྱི་ཡེ་ཀློང་ནས། །མ་འགག་ཧཱུྃ་དཀར་རིག་པའི་ཁྱེའུ་ཆུང་། །འཕྲིན་ལས་རྣམ་རོལ་སྤྲུལ་བསྒྱུར་རིག་པ་འཛིན། །འགྲོ་འདུལ་གཞན་ཕན་ནུས་ལྡན་རྡོ་རྗེ་སྩལ། །རབ་འཆང་རྡོ་རྗེ་འཛིན་གྱུར་དམ་པ་ཁྱེད། །བདག་སོགས་གདུལ་བྱའི་དོན་དུ་བསྐལ་པ་བརྒྱར། །མི་ཤིག་རྡོ་རྗེའི་གུར་ཆེན་གཏམས་པའི་དབུས། །འགྱུར་མེད་རྡོ་རྗེའི་དཀྲིགས་པའི་གདན་མཆོག་ལ། །སྐུ་ཡི་ཞབས་པད་གསེར་ལྷུན་ལྟར་དུ་བརྟན། །གསུང་ཆོས་བཅུ་གཉིས་ཁྱིམ་བདག་བཞིན་དུ་ཁྱབ། །ཐུགས་མཁྱེན་མཁའ་ལྟར་ཁེངས་བཞིན་འགྲོར་བརྩེ་བས། །གཟིགས་ནས་བརྟན་པར་བཞུགས་ལ་གསོལ་བ་འདེབས། །སྐུ་ཚེ་ལྷ་རྫིང་བཞིན་དུ་རབ་ཏུ་བརྟན། །མཛད་པ་ཡར་ཟླ་བཞིན་དུ་གོང་འཕེལ་རྒྱས། །འཕྲིན་ལས་ཆུ་གཏེར་བཞིན་དུ་ཡོངས་སུ་ཁྱབ། །སྙན་པ་དབྱར་རྔ་བཞིན་དུ་གྲགས་གྱུར་ནས། །ཟབ་གཏེར་ཆོས་ཀྱི་ཉི་འོད་རབ་བརྡལ་སྟེ། །ལུས་མེད་སྙིང་སྟོབས་ཅན་གྱིས་དལ་བྱིན་བཅོམ། །སྐལ་ལྡན་རེ་ཡིད་གཉིས་ཚིམས་ཡིད་དགའ་བྱེད། །དོན་གཉིས་མ་རྒྱུ་བཅུད་དུ་ལོངས་གྱུར་ཅིག །བརྒལ་དཀའ་འཁོར་བའི་རྒྱ་མཚོ་འཁྲུག་པ་ལས། །འགྲོ་རྣམས་དེད་དཔོན་མཆོག་ཁྱེད་ཐུགས་རྗེ་ཡི། །གྲུ་རྫིང་ཆེ་ལ་བརྟེན་ནས་གཏན་བདེ་བ། །རིན་ཆེན་གླིང་དུ་ཡོངས་སུ་ཕྱིན་པར་ཤོག །

ཅེས་པད་འབྱུང་བདུད་འདུལ་རྡོ་རྗེ་དང་རཀྴི་གཏེར་སྟོན་པདྨ་རིག་འཛིན་གཉིས་སུ་མེད་པའི་སྤྲུལ་གར་དུ་གྱུར་ཞིང་ཟབ་གཏེར་མཆོག་ལ་ལོངས་སྤྱོད་པའི་པདྨ་འཕྲིན་ལས་འགྲོ་འདུལ་སྩལ་ལམ། ཀརྨ་བཛྲ་དུ་གྲགས་པར་བརྟན་བཞུགས་སུ་གསོལ་བ་འདེབས་པར་ཕྱོགས་ཀུན་རྒྱུའི་སྔགས་འཆང་རིག་འཛིན་ཟོལ་འཆང་ཚེ་དབང་ནོར་བུ་པདྨ་གར་དབང་ཡོངས་འདུལ་རྡོ་རྗེ་དྲག་པོ་རྩལ་གྱིས་ཤིང་སྤྲེལ་ཟླ་བའི་ཚེས་བཟང་གསུམ་ལ་སྤུ་བོ་རྫོང་མགོར་བྲིས་ནས་ཕུལ་བ་དགེའོ། །སརྦ་མངྒ་ལཾ། གདན་སའི་དྲུང་སྐལ་བཟང་ཨུ་རྒྱན་བསྟན་འཛིན་ལགས།

༈ ཨོ་རྒྱན་ཆོས་དབང་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཆོས་ཉིད་མཁའ་ལས་ཐུགས་རྗེའི་རོལ་པ་ཡི། །རང་སྩལ་གཟུགས་སྐུ་མཚན་ལྡན་མི་ལ་རྗེ། །སྐལ་བ་བཟང་ལྡན་ཨོ་རྒྱན་ཆོས་དབང་ཁྱེད། །མི་འགྱུར་རྡོ་རྗེ་ཁྲི་ལ་བརྟན་བཞུགས་གསོལ། །སྐུ་མཆོག་མི་གཡོ་རྡོ་རྗེའི་རི་བ་ལྟར། །འཕོ་མེད་གདུགས་དཀར་ཡོངས་སུ་ཁྱབ་པ་བཞིན། །བསྟན་དང་བསྟན་འཛིན་ཆབ་སྲིད་རྒྱས་གྱུར་ཅིག །རབ་གནས་རྡོ་རྗེའི་སྐུ་གཟུགས་བརྟན་བཞུགས་གསོལ། །གསུང་མཆོག་འགག་མེད་ཡན་ལག་དྲུག་ཅུའི་སྒྲས། །དམ་ཆོས་ཆོས་ཆར་འབེབ་ལ་མཁས་གྱུར་ཏེ། །སྐལ་ལྡན་ཡོངས་སུ་ཚིམ་དེ་སྨིན་བྱེད་པའི། །གསུང་གི་རྡོ་རྗེ་མི་འགྱུར་བརྟན་བཞུགས་གསོལ། །ཐུགས་མཆོག་རང་འབྱུང་ཁྱབ་བརྡལ་དག་པའི་ཀློང་། །འགྲོ་ལ་བརྩེ་བ་གཟིགས་པའི་ཐུགས་རྗེ་བདག །ཡོངས་སུ་ཁྱབ་པ་འགྲོ་བའི་གཉེན་ཇི་བཞིན། །འཕོ་མེད་རྣམ་ཀུན་རྡོ་རྗེ་བརྟན་བཞུགས་གསོལ། །དེ་ལྟར་ཞིང་འདིར་སྐུ་གསུང་ཐུགས་མཆོག་ཉིད། །མི་འགྱུར་བསྟན་པར་བཞུགས་ནས་འགྲོ་བའི་དོན། །འབད་མེད་ལྷུན་གྲུབ་ཐེག་བསྟན་རབ་རྒྱས་ཤིང་། །འཕྲིན་ལས་མཐར་པྱིན་འགྲོ་རྣམས་སྨིན་གྲོལ་དུ། །གྱུར་ནས་བསྟན་པ་ནུས་མེད་རྟག་བརྟན་ཤོག །

ཅེས་འདི་ཉིད་གསེར་འཆང་མེ་བྱི་དབྱར་ཟླ་སྟོན་པ་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་དུས་ཆེན་ཚེས་བཅོ་ལྔ་དེར་སྤྲང་བན་ཚེ་དབང་ནོར་བུས་ཕུལ་བའོ། །

སྐུ་དྲུང་དུ། ཚོགས་བསགས་མཎྜལ་དངོས་པོའི་རྒྱུར་གྱུར་པ། །རབ་དཀར་གོས་ཆེན་སྔོན་པོ་བཟང་སྒྲོམ་གསུམ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །བདག་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རྣམ་དག་གྲིབ་བྲལ་ངོ་བོ་ཀ་དག་ཆོས་ལས་ནི། །རྣམ་ཀུན་མགོན་གྱུར་དཔལ་ལྡན་བླ་མ་གང་ཁྱེད་ཉིད། །བསྐལ་པ་རྒྱ་མཚོའི་མངོན་པར་ནས་སྲི་མོང་ཀུན། །རྣམ་གྲོལ་རྒྱ་མཚོའི་ས་ལ་བདག་སོགས་དཀྲིར་གསོལ་ཞེས། །

ཞེས་ས་མོ་ཕག་མོ་ཟླ་བ་དང་པོའི་ཚེས་རྣམ་པར་དགེ་བ་ལ་བཀའ་དྲིན་ཅན་ཨོ་རྒྱན་རྣམ་གྲོལ་ཞབས་སུ་ཚེ་དབང་ནོར་བུས་འཕུལ་བའོ། །སརྦ་མངྒ་ལཾ། བཀྲ་ཤིས།

༈ བླ་མ་ཨུ་རྒྱན་ལྷུན་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། དཀོན་མཆོག་རྩ་གསུམ་རྒྱལ་དང་རྒྱལ་བ་སྲས། །ཀུན་དངོས་སྐྱབས་གཅིག་རིག་འཛིན་པདྨ་འབྱུང་། །ཡབ་ཡུམ་སྤྱན་སྔར་རྒྱལ་སྲས་སད་ན་ལེགས། །དམ་པའི་སྐྱེ་འཕྲེང་སྨོན་ལམ་བཟང་པོའི་མཐུས། །དོན་ཉིད་ལྷུན་གྲུབ་རིག་འཛིན་གདུང་འཚོབ་ཆེ། །གསང་ཆེན་སྙིང་པོའི་སྒྲོན་མེ་དམ་པ་ཁྱེད། །གདུལ་བྱའི་དོན་དུ་བསྐལ་པ་རྒྱ་མཚོའི་བར། །མི་འཇིགས་སེངྒེ་སྲ་བརྟན་རྡོ་རྗེའི་ཁྲིར། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །ཞབས་པད་བརྟན་པའི་གསོལ་འདེབས་འགྲུབ་པར་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབས་ཏུ་བརྟན། །བསྟན་པ་འབྲི་མེད་ཡར་ཟླ་ལྟར་དུ་འཕེལ། །བསྟན་པའི་གདུལ་བྱ་སྐར་ཚོགས་བཞིན་དུ་བཀྲ། །བསྟན་སྙིང་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་རིག་འཛིན་རོལ་པ་རྡོ་རྗེའི་རིགས་ཀྱི་གཅུང་ཆོས་ཀྱི་སྲས་དམ་པར་གྱུར་པ། བླ་མ་ཨུ་རྒྱན་ལྷུན་འགྲུབ་ལ་རྟེན་འབྲེལ་གྱི་ཆེད་དུ་རྣམ་པ་དཀར་བའི་ལྷ་རེག་དགོངས་པ་འདུས་པའི་གླེགས་བམ་ཚོགས་ཀྱི་འཁོར་ལོ་དང་བཅས་དེ་མདོ་ཁམས་ཀཿཐོག་གི་སྟག་ཕུ་རིག་འཛིན་གྱི་བར་དུ་སྤྱོད་འཆང་བ་ཚེ་དབང་ནོར་བུས་ཁྲོ་ལོ་ས་གའི་ཚེས་བཟང་ལ་ཕུལ། སརྦ་མངྒ་ལཾ།

༈ ནུབ་དགོན་པདྨ་རིག་འཛིན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྣམ་ཀུན་མཆོག་ལྡན་གདོད་མའི་ཡེ་ཤེས་སར། །འཕོ་བ་ཆེ་བརྙེས་ལྔ་རིག་དྲི་མེད་ཤེས། །དུས་འདིར་ངུར་སྨྲིག་གིས་སྒེག་དགེ་བའི་བཤེས། །རིག་འཛིན་དབང་རྒྱལ་བསྐལ་བརྒྱར་ཞབས་བརྟན་ཤོག །རྒྱལ་གསུང་ཆུ་གཏེར་དབུས་ནས་སྔ་འགྱུར་གྱི། །རིང་ལུགས་འཛིན་པ་གདེངས་ཅན་དབང་པོ་རྩེར། །ཡིད་བཞིན་དབང་ལྟར་མངོན་མཐོ་བླ་མ་རྗེ། །སྐུ་ཚེ་སྙིང་ནས་བརྟན་པར་གསོལ་བ་འདེབས། །མཁྱེན་རྩེ་འཇམ་མགོན་སྡོམ་བརྩོན་ཞི་བ་འཚོ། །གྲུབ་པས་པདྨ་ཀ་རའི་རྗེ་འགྲོ་བ། །མཁས་བཙུན་བཟང་པོའི་ཡོན་ཏན་ཡོངས་རྫོགས་པའི། །རྡོ་རྗེ་འཛིན་དབང་ཁྱོད་ཞབས་རྟག་བརྟན་ཤོག །གཅམ་བུ་མ་ཡིན་སྙིང་ནས་གུས་པ་ཡིས། །དད་ལྡན་སློབ་མས་གསོལ་བ་བཏ་པའི་དོན། །ཇི་བཞིན་མགོན་ཁྱོད་སྐུ་ཚེ་བརྟན་པ་དང་། །སྙིང་པོའི་བསྟན་པ་དབྱར་མཚོ་ལྟར་རྒྱས་ཤོག །

ཅེས་རྩ་བའི་བླ་མ་རྡོ་རྗེ་འཆང་དང་རྣམ་དབྱེར་མེད་པའི་ནུབ་དགོན་པ་པདྨ་རིག་འཛིན་དབང་རྒྱལ་གང་གི་ཞབས་པད་བརྟན་པའི་གསོལ་འདེབས་འདི་ནི་བོད་ཆེན་དབུས་འགྱུར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པའི་རིག་སྔགས་འཆང་བ་ཚེ་དབང་ནོར་བུས་ལྕགས་ཕག་ཟླ་བའི་ཚེས་བཟང་པོར་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་དུ་སྨྲས་པའི་ཡི་གེའི་གཟུགས་སུ་བསྒྱུར་བ་པོ་ནི་ལས་སྨོན་རྣམ་པར་དག་པའི་མཐུ་བསྐལ་བཟང་པོར་གྱུར་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོའི་བགྱིས་པ་དགེའོ། །དགེའོ། །དགེའོ། །

༈ འཇམ་དབྱངས་ཕྲིན་ལས་རབ་བརྟན་གྱི་ཞབས་བརྟན་གསོལ་འདེབས།

རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་ཅན། །སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་རོལ་པ་ལས། །ཡོངས་ཤར་སྤྲུལ་པའི་ཟློས་གར་མི་ཡི་གཟུགས། །གྲུབ་པའི་ཤིང་རྟ་མཆོག་དེར་གསོལ་བ་འདེབས། །གང་འདུལ་གདུལ་བྱའི་དོན་དུ་སྣང་བའི་ཚེ། །བསམ་བཞིན་སྐྱེ་བའི་ཕྲེང་བ་ཡོངས་གཟུང་ནས། །གཞན་ཕན་རྒྱ་ཆེར་མཛད་པའི་བདག་ཉིད་ཆེ། །འདྲེན་མཆོག་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བ་གཙང་མའི་རྫིང་བུ་རུ། །ཐོས་པ་རྒྱ་མཚོའི་འོ་མཚོར་རབ་འཁྱིལ་བར། །བསམ་པའི་ལྦུ་ཕྲེང་བྱེ་བ་རབ་གཡོ་ཞིང་། །བསྒོམ་པའི་ཟླ་རིམ་ཅན་དེར༴ བླ་མའི་བྱིན་རླབས་མངའ་ནས་ལེགས་ཐོན་པའི། །སྒྲིབ་མེད་ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐུ། །རྟེན་འབྲེལ་རལ་པའི་ཅོད་པན་འཁྲོལ་བཞིན་དུ། །རོ་སྙོམས་བརྒྱན་འཆང་དཔའ་འོར༴ གཙུག་ཏོར་རྩེ་མོར་རང་རིག་རྗེ་སྙེམས་ནས། །གཉུག་མའི་ལག་ལ་མི་ཕམ་མགོན་པོ་ཡི། །རིག་པ་དྲི་མེད་རྡོར་དྲིལ་ཅིར་ཡང་བསྒྱུར། །རྒྱལ་བའི་རྒྱལ་ཚབ་མཆོག་དེར༴ འཇིགས་མེད་དགའ་བའི་བཞེད་གཞུང་ཟླ་ཚེས་དང་། །གནས་ལུགས་ནོར་བུ་མཆོག་སྤྲས་དོ་གེར་ཅན། །དཔེ་མེད་སྤྲོས་བྲལ་དགའ་མ་ལ་འཁྱུད་པ། །ཧེ་རུ་ཀ་དཔལ་བླ་མར༴ དེ་ལྟར་འཇམ་དབྱངས་ཕྲིན་ལས་རབ་བརྟན་མཆོག །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་ནས་ཀྱང་། །བདག་སོགས་གདུལ་བྱ་སྨིན་གྲོལ་མཆོག་ཐོབ་མཛོད། །

ཅེས་རྗེ་བླ་མ་དམ་པ་འཇམ་དབྱངས་ཕྲིན་ལས་རབ་བརྟན་ལ་གུས་པ་ཆེན་པོས་མདོ་ཁམས་དབུས་འགྱུར་འཆང་གི་སྔགས་འཆང་ཚེ་དབང་ནོར་བུས་ཕུར་བུ་དབྱུ་གུ་ཟླ་བའི་ཚེས་བཟང་བཅུ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ གྲལ་མཚོ་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེས་བྱིན་རླབས་བདེན་ནུས་གཟི་བྱིན་གྱིས། །དཔལ་ལྡན་བླ་མ་མཆོག་གི་སྤྲུལ་སྐུ་ཁྱེད། །སྐུ་ཚེ་བར་ཆད་མཐའ་དག་ཡོངས་ཞི་ནས། །མཛད་པ་ཉམས་མེད་ཡོན་ཏན་གོང་དུ་འཕེལ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །ཟབ་གསང་ཆོས་ཀྱི་ཉི་མ་ཕྱོགས་མཐར་བརྡལ། །ཀུན་ཏུ་ཀུན་ནས་འཕེལ་བའི་བཀྲ་ཤིས་ཤོག །

ཅེས་གྲལ་མཚོ་སྤྲུལ་སྐུར་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་ཕུལ་བ་མངྒ་ལཾ།

༈ ཕྲིན་ལས་རབ་བརྟན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། དཔལ་ལྡན་གྲུབ་པའི་དབང་ཕྱུག་འཁོར་ལོའི་མགོན། །དོན་རྒྱུད་སྙིང་པོ་སྟོན་པ་རྡོ་རྗེ་འཆང་། །བྱིན་རླབས་ཆུ་བོ་འདྲེན་པའི་ཤིང་རྟ་ཆེ། །རྩ་བའི་བླ་མ་འཕྲིན་ལས་རབ་བརྟན་ཞབས། །གདུལ་བྱའི་དོན་དུ་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་བརྟན་གནས་སྨིན་གྲོལ་ཆོས་ཀྱི་ཆར། །ལེགས་སྩལ་ཟུང་འཇུག་མྱུར་ཐོབ་བྱིན་གྱིས་རློབས། །

ཞེས་ཡོངས་འཛིན་དམ་པའི་ཞབས་པད་དུ་ཚེ་དབང་ནོར་བུས་ཕུལ་བ་དགེའོ། །

༈ མ་ཧཱ་པཎྜི་ཏ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི་སིདྷི་རསྟུ། གྲུབ་པ་མཆོག་ཏུ་གྱུར་པ་རྒྱལ་བའི་བསྟན། །སྙིང་པོ་རྟོག་པ་སྒྲུབ་བརྒྱུད་དོན་གྱིས་བདག །དཔལ་ལྡན་སྤྲིན་གྲ་ཅན་གྱི་བསྟན་པ་མཆོག །འཛིན་སྐྱོང་སྤེལ་ལ་གཡེལ་མེད་སྙིང་སྟོབས་ཅན། །སྔོན་བསགས་སྨོན་ལམ་དག་པའི་མཐུ་བྱིན་གྱིས། །དམ་པ་བསྟན་མཁས་ཐ་སྙད་གཙུག་ལག་ཀུན། །ཡོངས་སུ་འཛིན་མཁས་མ་ཧཱ་པཎྜི་ཏ། །ངག་དབང་བཀྲ་ཤིས་རྣམ་པར་རྒྱལ་བའི་ཞབས། །བསྟན་འགྲའི་དོན་དུ་ཞིང་འདིའི་གདུལ་བྱའི་དོན། །སྐུ་ཚེ་འཇིག་མེད་རྡོ་རྗེ་ལྟར་བརྙེས་ཤིང་། །མཛད་འཕྲིན་བཟང་པོ་ཡར་ངོའི་ཟླ་བ་ལྟར། །འཕེལ་རྒྱས་བསྐལ་པའི་བར་དུ་གནས་གྱུར་ཅིག །

ཅེས་རང་ཉིད་ཐ་སྙད་གཙུག་ལག་མ་ལུས་པའི་བློ་སྣང་རྒྱས་པར་བྱེད་པ་བཀའ་དྲིན་ཟླ་མེད་ཀྱི་རེ་པཎྜི་ཏ་འཇིག་རྟེན་མིག་གང་གི་ཞབས་བརྟན་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བག་ཡོད་ཆུ་གླང་ལྷ་བབ་ཟླ་བའི་ཚེས་བཟང་པོར་ཕུལ་བ་མངྒ་ལཾ། བྷ་ཝནྟུ།

༈ དགའ་ལྡན་ངག་དབང་རིན་ཆེན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ངག་གི་དབང་ཕྱུག་ཚད་མེད་ཐུགས་རྗེ་གཏེར། །ཡོངས་འཛིན་རིན་ཆེན་རྒྱལ་བསྟན་གསལ་བྱེད་ནི། །སྨྲ་བའི་སེངྒེ་ངག་དབང་རིན་པོ་ཆེ། །གདུལ་བྱའི་དོན་དུ་བསྐལ་བརྒྱར་ཞབས་བརྟན་གསོལ། །གངས་ཅན་མགོན་པོ་བློ་བཟང་གྲགས་པ་ཡིས། །ལྟ་གྲུབ་སྐྱོང་ལ་འཇིགས་མེད་སྙིང་སྟོབས་ཅན། །བསྟན་པ་ཡོངས་རྫོགས་བསླབ་གསུམ་འཛིན་པའི་དཔལ། །མཁས་པའི་ཁྱུ་མཆོག་ཁྱོད་ཞབས་བསྟན་གྱུར་ཅིག །

ཅེས་དགའ་ལྡན་ཕུན་ཚོགས་གླིང་གི་རིང་ལུགས་སྨྲ་བའི་ཁྱུ་མཆོག་དམ་པ་ངག་དབང་རིན་ཆེན་ཞབས་ཀྱི་བརྟན་བཞུགས་སུ་ཚེ་དབང་ནོར་བུས་སྙིང་ནས་གུས་པས་གསོལ་བ་འདེབས་པར་རྟེན་དོན་ལྡན་དུ་གྱུར་ཅིག །མངྒ་ལཾ། དགེའོ། །

༈ ཀརྨ་པ་ཡབ་སྲས་ཀྱི་ཞབས་བརྟན་གསོལ་འདེབས།

རྒྱལ་ཀུན་ཐུགས་ཕྲིན་གཅིག་བསྡུས་སངས་རྒྱས་པད་འབྱུང་གི །རྡོ་རྗེའི་གསུང་གི་རབ་བསྔགས་གངས་ཅན་འགྲོ་བའི་མགོན། །སྙིགས་དུས་ཉམ་ཐག་འགྲོ་རྣམས་སྐྱོང་བར་མཁྱེན་བརྩེ་ནུས། །གཞན་ལས་ལྷག་པའི་མཐུ་ཐོབ་དཔལ་ལྡན་བླ་མ་མཆོག །མགོན་པོ་ཚེ་འོད་དཔག་མེད་རྣམ་སྤྲུལ་ཆོས་དོན་འགྲུབ། །རྒྱལ་བའི་དབང་ཕྱུག་བསྐྱོད་མེད་བྱང་ཆུབ་རྡོ་རྗེ་སེམས། །ཐམས་ཅད་མཁྱེན་ལམ་མ་ནོར་ས་མཁན་གང་ཁྱེད་ལ། །རྩེ་གཅིག་གུས་པའི་སློབ་བུའི་སྙིང་ནས་གསོལ་འདེབས་ཀྱི། །ཞིང་འདིའི་འགྲོ་ཕྱིར་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་མཚོ་བར་གྱུར་ཅིག་དཀོན་མཆོག་གསུམ་གྱིས་མཐུས། །ཐུགས་ཀྱི་བཞེད་དོན་ཡོངས་གྲུབ་མཛད་འཕྲིན་ཆུ་གཏེར་གོས་ཀུན་ཁྱབ། །གངས་ལྗོངས་བསྟན་འགྲོའི་ཕན་བདེའི་ཉིད་ཁྱོན་ཡུན་གནས་ཤོག །

ཅེས་ཡབ་སྲས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ཉིད་མཚུར་ཕུ་བཞི་པ་གྲྭ་ཚང་གི་སློབ་དཔོན་སྙིང་པོ་དར་མ་དཔལ་འབྱོར་གྱིས་ནན་ཏུ་བསྐུལ་ངོར། གུ་རུ་པདྨའི་གཞུང་ལུགས་འཆང་ཞིང་ཀརྨ་ཀ་ལ་མི་ཚད་གུས་པའི་བློ་ལྡན་རིག་འཛིན་ཚེ་དབང་ནོར་བུས་འཛམ་གླིང་སའི་ཐིག་ལེ་ཆུ་བཞི་མགོ་གངས་རི་ཏི་སེའི་ངོགས་སུ་ལྕགས་ཀྱི་སྣྲོན་ཟླ་བའི་ཚེས་བཟང་པོར་སྨྲས་པའི་སིདྷི་རསྟུ།

༈ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་སངས་ཆེར་བརྒྱས་བདུད་རྩིའི་འབྱུང་གནས་མགོན། །རབ་ལེགས་རྟག་ཞི་བདུད་རྩི་དམ་པའི་ཆོས། །རབ་བསྐྲད་ཚོགས་མཆོག་བདུད་རྩི་སྤྱོད་པའི་དཔང་། །རབ་མཆོག་བླ་མེད་བདུད་རྩིའི་རྟག་བསྲུང་མཛོད། །ཕུང་པོའི་བདུད་བཅོམ་དཀྱིལ་འཁོར་འོད་གསལ་སྐུ། །འཆི་བདག་ཡོངས་ཡོངས་མི་ཤིག་སྙིང་པོའི་ཁམས། །ཉོན་མོངས་ཀུན་བྲལ་འགྱུར་མེད་བདེ་བ་ཆེ། །ལྷ་བུའི་བདུད་བཅོམ་འདོད་དགུའི་དབང་ཕྱུག་ཆེ། །བདག་གཙང་རྟག་བདེ་རྒྱལ་བ་ཚེ་དཔག་མེད། །གཅིག་དང་དུ་མའི་སྤྲོས་བྲལ་མཁའ་ཁྱབ་གཟུགས། །དྲི་མེད་རང་གི་ངོ་བོར་རོ་གཅིག་པ། །བདེན་གཉིས་ཟུང་འཇུག་ཚེ་དབང་མཆོག་གི་གཏེར། །བསླུ་མེད་མཆོག་ཏུ་བདེན་པ་དེ་ཡི་མཐུའི། །འཇིག་རྟེན་མིག་གྱུར་འགྲོ་འདྲེན་བླ་མ་མཆོག །ཆོས་ཀྱི་འབྱུང་གནས་གཟུགས་སྐུ་གདུལ་བྱའི་ངོར། །འཆི་མེད་སྐལ་ཆེན་ཡུན་དུ་བརྟན་གསོལ་འདེབས། །མ་གྲུབ་བཞིན་སྣང་རིས་མེད་འགྲོ་བ་ཀུན། །དམ་པ་མཆོག་དེའི་གདུལ་བྱ་གཅིག་ཏུ་ཟླུམ། །དད་མོས་གུས་ཐོབ་སྐལ་བཟང་ལམ་ལ་སྤྱོད། །ཚེ་གཅིག་འཆིམེད་མགོན་པོའི་གནས་ཐོབ་ཤོག །འཆི་མེད་ལམ་གྱི་འཇུག་ངོགས་བདེ་བ་ཆེ། །ཕྱིར་མི་ལྡོག་པ་ངེས་དོན་སྙིང་པོའི་གཏམ། །ཐུན་དྲུག་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །སྤྱོད་པ་ཁོ་ནས་ས་གསུམ་ཁེངས་པར་ཤོག །བདེ་ལེགས་ཀུན་གྱི་འབྱུང་གནས་བྱང་ཆུབ་སེམས། །བདེ་བ་ཉམ་མེད་རྒྱལ་བའི་རྒྱལ་སྲིད་ཆེ། །བདེ་ཆེན་བསམ་གྱིས་མི་ཁྱབ་གནས་ཐོབ་ནས། །བདེ་བའི་གནས་དེར་སེམས་ཅན་ཀུན་བཀོད་ཤོག །

ཅེས་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་མཆོག་གི་ཞབས་པད་ཡུན་རིང་དུ་འཚོ་ཞིང་བསྟན་པའི་སླད་དུ་དཀར་པོའི་ལོ་ཞལ་གསར་དུ་འཆར་བ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་མཉམ་བཞག་གི་ངང་དུ་གང་ཤར་ལྷུག་པར་སྐད་ཅིག་མར་རིག་འཛིན་ཚེ་དབང་ནོར་བུས་འཆི་མེད་བརྙེས་པ་རས་པ་ཡབ་སྲས་ཀྱི་བསྒྲུབ་གནས་མངའ་རི་གུང་ཐང་ཟ་འོག་ཕུག་ཏུ་བཀོད་ནས་ཕུལ་བ་ཀུན་ཏུ་དགེ་ལེགས་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། བྷ་ཝནྟུ།

ཀུན་མཁྱེན་བླ་མ་མཆོག་གི་ཞབས་པད་དུ་སྐུ་ཚེ་རྡོ་རྗེའི་རི་བོ་ལྟར་བརྟན་པའི་གསོལ་འདེབས་ཚིགས་སུ་བཅད་པ་ཕུལ་བའི་རྟེན་ཅིང་འབྲེལ་འབྱུང་རྟེན་གྱི་མཚོན་བྱེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བརྙན། འཕགས་ཡུལ་མ་ཧཱ་སིདྷཱ་དགོང་མོ་ལྔ་བརྒྱ་དང་བརྒྱད་ཅུ་བཞུགས་པར་གྲགས་པ་མི་ཕམ་མགོན་པོའི་རྣམ་པར་ཐར་པ་རྒྱས་པའི་རྩིས་སུ་བྱས་པ་འཕྲོས་བཞི་བྱེད་ཀྱི་སྐོར་ཁ་ཤས་བཅས་པའི་གླེགས་བམ་སྒྲོས་རྩང་དང་། བྷོ་དྷེ་ཙིརྟའི་བགྲང་ཕྲེང་བརྒྱ་དང་རྩ་བརྒྱད་པ། ལྷ་གོས་རྣམ་དཀར་སྲིད་དུ་རིང་བ་གདན་དཀར་རྡོ་རྗེའི་རེ་ཁ་བཅས་དངོས་པོ་སྣལ་མ་ལྟར་ཉག་ཤིན་ཏུ་ནས་ཕྲ་ཡང་ལྷག་པའི་བསམ་པ་མ་སྨད་ཆེར་སྦོམ་པོས་སྤྲས་དེ་ཕུལ་བ་ཀུན་ཏུ་དགེ་ལེགས་ཀྱི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། བྷཱ་ཝནྟུ། བཀྲ་ཤིས།

༈ ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་སྲས་སློབ་བཅས་རྣམས་ཀྱི། སྐུ་གསུང་ཐུགས་དང་བྱིན་རླབས་བདེན་པའི་མཐུ། །མ་ལུས་གཅིག་ཏུ་སྡོམ་ནས་དེངས་བདག་གི །གསོལ་བ་འདེབས་འདི་བསླུ་མེད་འགྲུབ་མཛོད་ཅིག །རྒྱལ་བ་ཡོངས་ཀྱི་འཕྲིན་ལས་རྒྱ་མཚོའི་གཏེར། །ཡོངས་སྡོམ་འཇིག་རྟེན་དབང་ཕྱུག་འགྲོ་བའི་མགོན། །གང་གི་ཐུགས་དང་གཉིས་སུ་མེད་པའི་དཔལ། །ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞེས། །པད་འབྱུང་རྡོ་རྗེའི་ལྗགས་ཀྱི་ལན་དུ་མར། །ཆོས་ཀྱི་སྤྱན་ལྡན་བྱང་ཆུབ་སེམས་དཔའ་ཆེར། །ལུང་བསྟན་བསྟན་པའི་ཉིན་བྱེད་འགྲོ་བའི་མགོན། །རྒྱལ་སྲས་ཐུ་བོ་མཁྱེན་བརྩེ་ནུས་པའི་མཛད། །ཡོངས་འཛིན་མགོན་ཁྱོད་ཡང་དག་ངེས་དོན་དུ། །སྐྱེ་འཆིའི་སྤྲོས་པ་གདོད་ནས་ཡང་མོད་ཀྱང་། །གདུལ་བྱའི་བློ་ངོར་སྐུ་ཡི་སྣང་བརྙན་འཛིན། །འཆི་མེད་མགོན་པོ་འོད་དཔག་མེད་ཇི་བཞིན། །བསྐལ་པ་འབྱམས་ཀླས་བར་དུ་འཚོ་ཞིང་བཞེས། །མི་ཤིག་རྡོ་རྗེའི་ཚེ་ལ་གཡུང་དྲུང་སྐུ། །རྟག་བརྟན་འགྱུར་མེད་བདེ་བ་ཆེན་པོའི་ངང་། །བསྟན་འགྲོའི་དོན་དུ་ཞབས་པད་བསྟན་གསོལ་འདེབས། །གང་ཁྱེད་སྐུ་ཚེ་རྡོ་རྗེའི་རི་བོ་བཞིན། །གནས་ཤིང་མཛད་བཟང་ཡར་ངོའི་ཟླ་ལྟར་འཕེལ། །སྙན་པ་བརྗོད་ལ་ས་གསུམ་འགྲོ་ཀུན་གཡོ། །འཕྲིན་ལས་ནམ་མཁའི་ཕྱོགས་ཀུན་ཁེངས་གྱུར་ཅིག །འགྲོ་ཀུན་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི། །སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་ནི། །མཚོ་ཞེས་བརྟན་པར་གདུལ་བྱར་གྱུར་རྣམས་ཀྱི། །བརྩེ་གཅིག་གུས་པས་གསོལ་བ་འདེབས་པ་འདི། །ཇི་བཞིན་མཆོག་གསུམ་རྩ་གསུམ་བདེན་མཐུ་ཆེས། །ངེས་པར་འགྲུབ་ནས་རྣམ་འདྲིན་མཆོག་ཁྱེད་ཀྱི། །ཞལ་བལྟ་གསུང་གི་བདུད་རྩི་རྟག་མྱོང་བས། །ཟུང་འཇུག་འགྱུར་མེད་ས་ལ་སྦྱོར་བར་ཤོག །

ཅེས་པའང་རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་པའི་ཆེད་དུ་དམིགས་མཛེས་ཁྲིག་མ་ཡིན་པར་སྙིང་ནས་སྨོན་མདུན་དྲག་པོ་ཡི་བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རི་ནས་རིག་པ་འཛིན་པ་ཚེ་དབང་ནོར་བུས་མེ་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཞི་ལ་ཕུལ་བ་དེ་ཇི་བཞིན་དུ་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།

༈ ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་གསོལ་འདེབས།

ཨོཾ་སྭཱསྟི། མི་ཤིག་འགྱུར་མེད་གདོད་ནས་དག་པའི་ཁམས། །རང་བཞིན་འོད་གསལ་བདེ་བ་ཆེན་པོའི་གཤིས། །མཁའ་ཁྱབ་ཡོངས་ཀྱི་དྭངས་མ་མགོན་དང་བཅུད། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །འཁོར་བའི་སྡུག་བསྔལ་ཡོངས་གཙང་ཞིང་བདེ། །འཕོ་བབས་དྲི་བཅོམ་འཕོ་མེད་བརྟགས་པའི་སྐུ། །གཟུང་འཛིན་བདག་སྤང་དོན་དམ་ཡོངས་གྲུབ་བདག །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །དག་པ་གཉིས་ལྡན་རྒྱལ་བ་ཀུན་གྱི་དངོས། །ལྔ་ལྡན་ངེས་པ་རྒྱན་གྱིས་འཁོར་ལོའི་བདག །མ་ངེས་འགྲོ་འདུལ་སྒྱུ་འཕྲུལ་རྒྱ་མཚོའི་གཏེར། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །དྲི་མེད་སངས་རྒྱས་ཡོངས་ཀྱི་ངོ་བོ་ཉིད། །སྡེ་སྣོད་ལུང་རྟོགས་མ་ལུས་འབྱུང་བའི་གནས། །འཕགས་པའི་དགེ་འདུན་རྒྱ་མཚོ་འཕྲོ་མཛད་པ། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །འགྲོ་བློ་རྨོངས་པའི་དྲྭ་བ་མཐའ་དག་པ། །མཁྱེན་རབ་རལ་གྲིས་སྐད་ཅིག་གཅོད་མཛད་མགོན། །ཕུལ་བྱུང་ཡོན་ཏན་དུ་མའི་ཟུར་ཕུད་ཅན། །བདུད་བཞི་དཔུང་བཅོམ་སྐྱེ་འཆི་བྲལ་མོད་ཀྱང་། །ཚུར་མཐོང་གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན། །དེས་ན་མགོན་ཁྱེད་བསྐལ་པ་རྒྱ་མཚོའི་བར། །གཞོམ་མེད་རྡོ་རྗེའི་གསུམ་ལྡན་དྭངས་པའི་སྐུར། །མི་འཇིག་སེངྒེ་རྟག་བརྟན་གཡུང་དྲུང་ཁྲིར། །ཚེ་འོད་དཔག་མེད་མགོན་དང་དབྱེར་མེད་པ། །རྒྱལ་བའི་འཕྲིན་ལས་བསྟན་པའི་ཉིན་བྱེད་དང་། །ཞབས་པད་བརྟན་པར་སྙིང་ནས་གསོལ་འདེབས་ན། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདེན་མཐུ་དང་། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་བཅས་ཀྱི། །བདག་གི་རེ་བ་ཇི་བཞིན་ཞབས་བརྟན་ཤོག །

ཅེས་ད་ལྟའི་དུས་ན་གངས་ཆེན་རི་བོའི་ཁོངས་འདིར་གཞུང་ལུགས་རྒྱ་མཚོའི་མངའ་བདག་རྒྱལ་བའི་འཕྲིན་ལས་པ་ཆེན་པོ་རྣམ་འདྲེན་རྡོ་རྗེ་འཛིན་དབང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་གང་གི་ཞབས་པད་བསྐལ་པར་བརྟན་པའི་ཆེད་དུ་སྙིང་ནས་གསོལ་བ་འདེབས་པ་འདི་ནི་སྔ་འགྱུར་རིང་ལུགས་ཀཿཐོག་རིག་པ་འཛིན་པ་ཚེ་དབང་ནོར་བུས་ལྕགས་བྱ་ས་ག་ཟླ་བའི་མར་ཕྱོགས་ཚེས་བཟང་པོར་རྟག་བརྟན་རིན་ཆེན་སྤུངས་ཕུལ་བ་སརྦ་མངྒ་ལཾ།

༈ རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྣམ་ཀུན་མཆོག་ལྡན་གཉིས་མེད་བདེ་བ་ཆེ། །ཟུང་འཇུག་འགྱུར་མེད་གདོད་ནས་དག་པའི་ཁམས། །བདུད་བཞིའི་གཡུལ་ལས་རྒྱ་བ་བཅོམ་ལྡན་འདས། །འཆི་མེད་མགོན་པོ་དུས་འདིར་དགེ་ལེགས་སྩོལ། །རབ་འབྱམས་རྒྱལ་བ་སྲས་དང་དེ་གསུང་ཆོས། །དཀྱིལ་འཁོར་འཁོར་ལོས་བདག་པོ་བླ་མ་ལྷ། །མ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བདག་གི་གསོལ་འདེབས་འདི་འགྲུབ་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་ཚད་མེད་སྙིང་རྗེའི་གཏེར། །གཅིག་ཏུ་ཟླུམ་པའི་སྙིང་པོ་པད་དཀར་འཆང་། །འགྲོ་ལ་ཕན་བཞེད་སྡོམ་བརྩོན་རྒྱལ་པོའི་ཚུལ། །གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །ཁམས་གསུམ་དྲི་མ་ཡོངས་སྤང་དྭངས་མ་གསུམ། །གངས་ཅན་མགོན་པོ་བསྐལ༴ རོལ་དང་བཅུད་ལེན་བསྒྲོད་པ་འཕོ་བཅས་ཁམས། །ཕོ་མེད་གཉིས་སྤངས་དབྱིངས་སུ་འབར་བའི་ཞུགས། །མི་སྐེམ་རྒྱུན་འདྲེན་བདེ་ཆེན་རྡོ་རྗེའི་སྐུར། །གངས་ཅན་མགོན་པོ༴ ཉི་ཁྲི་ཆིག་སྟོང་དྲུག་རྒྱ་དྲྭ་བའི་ཚོགས། །ཡོངས་གསལ་མི་འཆི་གཞོམ་མེད་གཞོན་ནུའི་འགྲོས། །འོད་གསལ་བདེ་བའི་ཀློང་དུ་རྟག་གནས་པ། །གངས་ཅན༴ ཆོས་ཉིད་ངོ་བོ་རྡོ་རྗེ་སྙིང་པོའི་ཁམས། །བདེན་གཉིས་ཟུང་འཇུག་ཨ་ཧམ་འཁོར་ལོའི་འགྲོས། །གཞིག་བྲལ་འཁྱམ་བརྡལ་རྡོ་རྗེའི་གུར་ཁང་དབུས། །གངས་ཅན༴ རྒྱལ་བའི་སྐུ་ནི་མཁའ་ཁྱབ་ཡེ་ཤེས་ཡིན། །དེ་ལ་འདུ་འབྲེལ་ཀུན་ཏུ་མ་དམིགས་མོད། །མོས་སྣང་མཁའ་ལས་སྔགས་ཀྱི་སྒྱུ་འཕྲུལ་བཞིན། །གངས་ཅན༴ རྩ་དག་མདུན་བྲལ་རྡོ་རྗེའི་གུར་ཁང་དབུས། །རླུང་དག་ལྔ་ལྡན་རྡོ་རྗེ་ས་གཞི་ལ། །དག་པའི་ཐིག་ལེ་འཆི་མེད་རྡོ་རྗེའི་དཔལ། །གངས་ཅན༴ མཐའ་ཡས་འགྲོ་བ་ཀུན་གྱིས་ཉེར་འཚོའི་དཔལ། །ཁྱད་པར་རྩོད་སྙིགས་ཀྱིས་མནར་འགྲོ་བ་རྣམས། །བདེ་བུའི་ས་བཀོད་དགེ་བའི་དབུགས་དབྱུང་མཛོད། །གངས་ཅན༴ དེ་ལྟར་བདག་མོས་ལྷག་བསམ་དག་པ་ཡི། །རྩེ་གཅིག་གསོལ་བ་བཏབ་པའི་འབྲས་བུ་གང་། །རྒྱལ་བའི་ཐུགས་རྗེས་དུས་ལས་ཡོལ་མིན་པར། །མགོན་ཁྱེད་ཞབས་པད་ས་སྐྱོང་བྱེ་བ་ཡིས། །སྤྱི་བོས་འདུད་བཞིན་མཐའ་བཞིའི་ཕུན་ཚོགས་དཔལ། །གངས་ཅན་འདིར་འདུ་སྙན་པ་ལྷ་ཡི་རྔ། །སྲིད་རྩེའི་བར་ཁྱབ་ཡོངས་རྫོགས་རྒྱལ་བའི་བསྟན། །ཡར་ཟླ་ལྟར་འཕེལ་རྒྱས་པར་བྱིན་གྱིས་རློབས། །

ཅེས་འགྲོ་བ་ཡོངས་ཀྱི་འདྲེན་པ་དམ་པ་ཡོངས་ཀྱི་སྤྱི་ཕུད་གངས་ཅན་ཕན་བདེའི་འབྱུང་གནས་ལགས་ན་པདྨོ་གངས་ཅན་མགོན་པོ་རྒྱལ་མཆོག་བདུན་པའི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན་པའི་ཆེད་དུ་བརྗོད་པའི་གསོལ་འདེབས་འདི་ནི་བོད་ཆེན་དབུས་འགྱུར་དུ་སྐྱེས་ཤིང་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་ཆོས་སྨྲ་བའི་ཟོལ་ཆེན་རིག་འཛིན་པ་ཚེ་དབང་ནོར་བུས་མི་ན་ཚོད་ལྡན་གྱི་ལོ་ཞལ་གསར་དུ་འཆར་ཉེ་བ་རྒྱལ་ཟླའི་ཡར་ཚེས་བཟང་པོ་བལ་ཡུལ་ཀཱི་ཌཱོའི་གཙུག་ལག་ཁང་ནས་གུས་པས་ཕུལ་པ་དེ་ཁོ་ན་བཞིན་རེ་འབྲས་དོན་དུ་སྩལ་དུ་གསོལ། །

༈ འབར་ར་བློ་གྲོས་ཆོས་འཕེལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ། བླ་མེད་བླ་མ་མཆོག་གསུམ་བདེན་ནུས་ཀྱི། །བདག་གི་གསོལ་འདེབས་འདི་ཉིད་འགྲུབ་གྱུར་ཅིག །འཕགས་ཡུལ་གྲུབ་མཆོག་རྒྱལ་སྲས་ལྭ་ཝ་པས། །བྱིན་རླབས་སྤྲུལ་པ་དཔལ་ལྡན་བླ་མ་རྗེ། །རྣལ་འབྱོར་དབང་ཕྱུག་བློ་གྲོས་ཆོས་འཕེལ་ཞེས། །བཀའ་བརྒྱུད་རྒྱལ་པོ་འབའ་རའི་བསྟན་པའི་སྲོག །ལེགས་འཆང་ཟབ་གསང་ཚད་མེད་འདི་རྨི་ལམ་སྣང་བར་དྷཱ་ཀིའི་གསུང་སྙེད་པ་ལས་ངོ་ཇོའི་མུ་ཅོར་ནི་སྨྲ་གལ་མེད་པས་མ་ལགས་སོ། །སྩོལ་མཛད་པ། །མཆོག་ཁྱེད་ལྗོངས་འདིར་བསྐལ་པ་རྒྱ་མཚོའི་བར། །འཆི་མེད་རྡོ་རྗེ་ལྟར་དུ་སྐུ་ཚེ་ཉིད། །གདུལ་བྱའི་དོན་དུ་འཚོ་བཞེས་རྟག་བརྟན་ནས། །ཐར་མཆོག་གྲུབ་བོ་ནུབ་མེད་བསྙེན་པ་ཡི། །བ་དན་སྲིད་མཐར་ཐུག་པར་རྒྱས་གྱུར་ཅིག །

ཅེས་འབར་ཆོས་ཟབ་གསང་གི་རྒྱུན། སྐྱེ་གྲོང་འཇམ་གླིང་བླ་མ་བློ་གྲོས་ཆོས་འཕེལ་དྲུང་དུ་ལེགས་ནོས་གྲུབ་འཕྲལ། རྗེ་དེ་ཉིད་ཀྱི་སྐུ་ཚེ་བརྟན་པའི་ཆེད་དུ། མདོ་ཁམས་ཀཿཐོག་གི་ཆར་འོད་གསལ་ལྷ་རིས་སུ་སྐྱེས་ཤིང་། རང་བཞིན་རྫོགས་ཆེན་རྣལ་འབྱོར་པ་དངོས་སློབ་ཚེ་དབང་ནོར་བུའམ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བས་ཀུན་ནས་དགེ་བའི་དཔལ་གྱི་ས་ག་ཟླ་བའི་དཀར་ཕྱོགས་དུས་ཚེས་༡༣ལ་རྣམ་པར་དགེ་བ་ལ་ཕུལ་བ་མངྒ་ལཾ།

༈ རིན་ཆེན་བཟང་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། འཆི་མེད་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བདག །གཞོམ་བྲལ་ཚེའི་དབང་ཕྱུག་བཅོམ་ལྡན་འདས། །འོད་སྣང་མཐའ་ཡས་དཔལ་དེའི་བདེན་པའི་མཐུའི། །དཔལ་ལྡན་བླ་མ་རྟག་པར་ཞབས་བརྟན་ཤོག །བཟང་པོའི་ཡོན་ཏན་གྱིས་ཕྱུག་རྡོ་རྗེ་འཛིན། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །སྙིགས་མའི་དུས་འདིར་ཆོས་སྣང་ཕལ་ཆེར་ནུབ། །དེ་ཚེ་མུན་གསལ་རིན་ཆེན་འོད་འཕྲོ་བཞིན། །ཡིད་ཀྱི་ངས་སེལ་རྡོ་རྗེ་འཛིན་བཟང་པོ། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །ཐོས་པའི་བང་མཛོད་བསམ་པས་ཡོངས་སུ་ཕྱུག །བསྒོམ་པའི་རིན་ཆེན་དུ་མས་ཉེར་བརྒྱན་པ། །བཟང་པོའི་དཔལ་འབར་རྡོ་རྗེ་འཛིན་དབང་ཆེ། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །མགོན་ཁྱོད་རྡོ་རྗེའི་ཐུགས་མཆོག་འོད་གསལ་བ། །སྐྱེ་འཆི་སྤྲོས་བྲལ་ནམ་མཁའ་རང་བཞིན་ཏེ། །ཚུར་མཐོང་གཟུགས་སྐུའི་སྤྲོས་པ་མི་སྟོང་བར། །གདུལ་བྱའི་ངོ་རུ་འཆི་མེད་ཞབས་བརྟན་གསོལ། །སྨིན་གྲོལ་སྟོན་པའི་རྡོ་རྗེ་སློབ་དཔོན་ནི། །དཀྱིལ་འཁོར་བདག་པོ་ཉིད་དང་དབྱེར་མེད་ཞེས། །རྒྱལ་བ་ཀུན་གྱི་མགྲིན་གཅིག་ཡོངས་སུ་བསྔགས། །དེ་དོན་ཤེས་བཞིན་ཁྱེད་ལ་འདུད་ཕྱག་འཚལ། །བདག་ནི་བྱིས་པའི་རང་བཞིན་ཉོན་མོངས་དབང་། །ང་རྒྱལ་གྱིས་ནོན་རྟོག་གེའི་དྲི་མས་སྦག །མཉམ་པར་མ་བཞག་པ་ན་བླ་མ་ཡིར། །མཐོང་བའི་ཉེས་བྱེད་མཆིས་སོགས་སྙིང་ནས་བཤགས། །མགོན་ཁྱེད་ཚེ་འོད་དཔག་མེད་བསྐུར་བཞེང་ནས། །སྙིང་པོའི་བསྟན་པ་སྤེལ་དང་བདག་སོགས་མགོན། །བསྐལ་པའི་ཡུལ་དུ་སྐུ་ཚེ་འཚོ་བཞེས་བརྟན། །སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །

ཅེས་ཐོག་མར་རང་ལ་རྫོགས་ཆེན་སྙིང་ཐིག་གསན་པའི་སློབ་མ་དང་། རྗེས་སུ་སྨིན་གྲོལ་ཆོས་ཀྱི་ཚུལ་མང་པོ་རང་གི་བཀའ་དྲིན་ཞུ་བའི་ཡུལ་རྡོ་རྗེ་དབང་རིན་ཆེན་བཟང་པོའམ་དཀོན་མཆོག་བཟང་པོའི་མཚན་ཅན་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་གསོལ་འདེབས་གཅམ་བུ་དང་ཟོལ་སྦྱོར་ཙམ་མ་ཡིན་པ་སྙིང་ཐག་པ་ནས་བགྱིས་པ་ཚིགས་སུ་བཅད་པ་བཀྲ་ཤིས་རྟག་གི་གྲངས་ལྡན་འདི་ནི་བོད་ཆེན་དབུས་འགྱུར་དམ་པའི་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱ་བ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུལ་བ་སྟེ་བཀྲ་ཤིས་དགེ་ལེགས་སུ་གྱུར་ཅིག །

༈ ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཚེ་རབས་ཀུན་ཏུ་བླ་མ་ཧེ་རུ་ཀ །དབང་བཞི་བསྐུར་ནས་རྒྱུན་བརླན་ཡེ་ཤེས་བརྙེས། །མ་ནོར་འཁྲུལ་མེད་ཐར་པའི་ལམ་མཆོག་སྟོན། །ནོར་བུ་ཇི་བཞིན་འདོད་དགུའི་ཆོས་འཆར་འབབས། །འཁོར་ལོའི་མགོན་པོ་ཚེ་དབང་ནོར་བུའི་ཞབས། །བསྐལ་བརྒྱའི་བར་དུ་སྐུ་ཚེ་འཚོ་བཞེས་ནས། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཆོག །སྤེལ་ཞིང་ཉམས་མེད་ཕྱོགས་ཀུན་འཕེལ་རྒྱས་ཤོག །ཨོ་རྒྱན་སྤྱན་སྔར་སྨོན་ལམ་བཟང་པོ་བརྙེས། །ཤེས་བྱ་ངག་དབང་ཡེ་ཤེས་འཆར་བའི་གར། །དཔལ་ལྡན་བླ་མའི་ཆོས་ལས་སྐྱེས་པའི་སྲས། །བསྐལ་བཟང་འགྲོ་བའི་མགོན་པོ་རྡོ་རྗེ་འཛིན། །བཀའ་བརྒྱུད་གཏེར་བརྒྱུད་ཆུ་བོ་ཆིག་འདྲེས་སུ། །བཀའ་བབ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ། །སྐུ་ཚེ་བསྐལ་བརྒྱའི་བར་དུ་འཚོ་བཞེས་ནས། །བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །

ཅེས་མང་ཡུལ་སྐྱེ་གྲོང་འཇམ་གླིང་བླ་མ་པདྨ་ཕྱག་རྡོར་དབང་ཕྱུག་དང་ཤེས་རབ་འབྱུང་གནས་སྐུ་མཆེད་ཀྱིས་གསོལ་བ་བཏབ་པའི་ངོར་ཚེ་དབང་ནོར་བུའི་མ་བསམ་ཐོལ་འབྱུང་ཚིགས་བཅད་དུ་ཡིག་རིག་གཞུང་ལུགས་སྨྲ་བའི་མཁས་པ་འཕྲིན་ལས་བསྟན་འཛིན་ནོ། །

༈ འབའ་ར་བ་ངག་དབང་ཡེ་ཤེས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ། རྒྱལ་བ་རྒྱལ་སྲས་རབ་འབྱམས་རྒྱ་མཚོ་ཡི། །བདེན་པས་བདག་གི་གསོལ་འདེབས་འགྲུབ་གྱུར་ཅིག །དྲི་མེད་ཟླ་ཤར་ཐུགས་རྗེའི་རྒྱ་མཚོ་ལས། །སྨོན་ལམ་རྒྱ་མཚོ་ཡོངས་བསྐྲུན་གཞན་ཕན་གྱིས། །འོད་དཀར་གདུལ་བྱའི་དཔལ་དུ་ལྷམ་མེ་བ། །པད་འབྱུང་རྡོ་རྗེ་གསུང་གི་ལུང་བསྟན་ཅིང་། །རྗེ་བཙུན་བླ་མའི་ཐུགས་ལས་སྐྱེས་པའི་སྲས། །དཔལ་ལྡན་བླ་མ་ངག་དབང་ཡེ་ཤེས་ཏེ། །གང་ཁྱོད་གདུལ་བྱའི་དཔལ་དུ་བསྐལ་པ་བརྒྱར། །མི་ཤིག་རྡོ་རྗེ་རྟག་བརྟན་གཡུང་དྲུང་ཁྲིར། །ཚེ་དཔག་མེད་ལྟར་སྐུ་ཚེ་འཚོ་བཞེས་ཤིང་། །སྨིན་གྲོལ་ཆོས་ཀྱི་སྙན་གྲགས་རྒྱུན་མི་ཆད། །མཛད་འཕྲིན་ཡར་ངོའི་ཟླ་ལྟར་ཡོངས་སུ་སྣང་། །ཀུན་ཏུ་དགའ་བའི་དཔལ་གྱི་ནོར་འཛིན་ཁྱབ། །ཟུང་འཇུག་གོ་འཕང་བསྒྲུབ་པའི་བསྒྲུབ་རྒྱུད་རྒྱུས། །རྟག་བརྟན་དགེ་ལེགས་རབ་ཏུ་འཕེལ་གྱུར་ཅིག །

ཅེས་སྐྱེས་མཆོག་ཆེན་པོ་འབའ་ར་བ་གང་གི་མི་འཇིགས་སེང་གེའི་ཁྲིར་ཆོས་སྨྲ་བའི་རྡོ་རྗེ་འཛིན་པ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོར་ཆེད་དུ་བསྔགས་པའི་ཞབས་བརྟན་དུ་རིག་འཛིན་པ་ཚེ་དབང་ནོར་བུས་ཁྱབ་བདག་བླ་མའི་གདན་ས་དཀར་ཅོག་ཏུ་བརྗོད་པ་དགེའོ། །སརྦ་མངྒ་ལཾ།

༈ ཞྭ་དམར་བཅུ་པའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། མཁའ་ཁྱབ་དང་པོའི་རྒྱལ་བ་ཀུན་ཏུ་བཟང་། །ལྔ་ལྡན་ལོངས་སྐུའི་ཞིང་བདག་རྡོ་རྗེ་ཆོས། །མཆོག་གི་སྤྲུལ་སྐུ་དཀོན་མཆོག་ཡན་ལག་ཞབས། །སྐུ་གསུམ་རྒྱལ་བ་མཆོག་ལ་གསོལ་བ་འདེབས། །ཞིང་འདིར་འགྲོ་བ་འདྲེན་ཕྱིར་རྒྱལ་སྲས་ཚུལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ཕྱུག །ཨ་ཀར་ལ་ཏི་སྲོང་བཙན་སྒམ་པོའི་དུས། །ལྷོ་ཕྱོགས་རྒྱལ་ཁམས་དམ་ཆོས་ལ་འཇུག་ཕྱིར། །རྒྱལ་པོ་ཨུད་ཏམ་ཀེ་སར་ཞེས་བྱར་གྲགས། །ཨ་དཀར་མ་ཏི་པདྨ་འབྱུང་གནས་སུ། །སྤྲུལ་ནས་བོད་ཀྱི་གདུལ་བྱ་འདུལ་བའི་ཚེ། །དེ་ཡིས་ཐུགས་སྲས་ཡེ་ཤེས་དབྱངས་ཞེས་པ། །ལུས་དེ་མངོན་སུམ་བདེ་བ་ཅན་དུ་གཤེགས། །སླར་ཡང་བསམ་བཞིན་སྤྲུལ་གར་དུ་མ་ལས། །མཆོག་ཏུ་ཞྭ་དམར་ཅོད་པཎ་འཛིན་པ་ཞེས། །སྐྱེ་བ་བརྒྱུད་མར་འཛིན་ལ་གསོལ་བ་འདེབས། །དུས་འདིར་ཅོད་པཎ་འཛིན་པ་བཅུ་པ་ནི། །མི་ཕམ་དཔལ་ལྡན་ཆོས་གྲུབ་རྒྱ་མཚོ་སྡེ། །རྒྱལ་བསྟན་ནུབ་པ་མེད་པའི་སྒྲོན་མེ་རུ། །ཡུན་ནས་ཡུན་བཞིན་བསྐལ་པར་ཞབས་བརྟན་གསོལ། །དམ་པ་མཆོག་རྣམས་ངེས་དོན་སྐྱེ་འཆི་སྤངས། །ཚུར་མཐོང་དུ་ཡང་དུས་འདིར་གདུལ་བྱའི་དོན། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཆི་མེད་མགོན་པོ་ཇི་བཞིན་ཞབས་བརྟན་གསོལ། །གང་གི་མཛད་བཟང་ཉི་ཟླའི་བསྒྲོད་པ་བཞིན། །འཕྲིན་ལས་རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ། །མངའ་ཐང་དབྱར་གྱི་ཆུ་བོ་བཞིན་རྒྱས་པས། །ངེས་དོན་བསྟན་དང་བསྟན་འཛིན་འཕེལ་པར་ཤོག །

ཅེས་ཞྭ་དམར་སྤྲུལ་པའི་སྐུ་བཅུ་པའི་ཞབས་པད་བརྟན་པའི་གསོལ་འདེབས་སུ་སི་ཏུ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བཀའི་བསྐུལ་བ་ལ་བརྟེན། འཆི་མེད་གྲུབ་པའི་སློབ་དཔོན་མང་པོས་བརྟེན་པའི་གནས་ཇོ་མོ་ཁ་རག་གི་འདབས་ནས་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་མེ་འབྲུག་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་ཕུལ། སརྦ་མངྒ་ལཾ།

༈ སི་ཏུའི་ཞབས་བརྟན་བསྡུས་པ།

ཨོཾ་སྭཱསྟི། འགྱུར་མེད་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་འཆར་བ་གཟུགས་ཀྱི་གར། །ཟུང་འཇུག་རྡོ་རྗེའི་རང་བཞིན་བླ་མའི་སྐུ། །ཡུན་ནས་ཡུན་བཞིན་འཆི་མེད་ཞབས་བརྟན་གསོལ། །གདོད་ནས་རྣམ་དག་རྒྱལ་བའི་ངོ་བོ་ལ། །འགྲོ་བའི་དོན་དུ་རྒྱལ་བའི་སྲས་ཀྱི་གཟུགས། །མི་བརྗོད་གཟུངས་ཐོབ་ས་ནས་སེམས་དཔའ་ཆེ། །ལྡན་མ་རྩེ་མོ་ཡང་དག་རྡོ་རྗེའི་ཐུགས། །དུས་འདིར་འགྲོ་བའི་འདྲེན་པ་མཚུངས་མེད་མགོན། །བསྟན་པའི་ཉི་མ་ཆོས་ཀྱི་འབྱུང་གནས་གང་། །འཆི་མེད་འཚོ་བཞེས་རྡོ་རྗེའི་རི་བོ་བཞིན། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །གང་གི་འཕྲིན་ལས་དགེ་བའི་སྒོ་འཕར་བརྒྱ། །ཀུན་ཏུ་དབྱེ་བས་ཕུན་ཚོགས་འདོད་དགུའི་སྐྱིད། །མཐའ་ཡས་འགྲོ་བའི་ཉེར་འཚོར་ཡོངས་འཕེལ་ཞིང་། །ཀུན་ཀྱང་སྙིང་པོའི་བསྟན་ལ་སྤྱོད་པར་ཤོག །

ཅེས་སི་ཏུ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་གང་གི་ཞབས་པད་ཡུན་རིང་དུ་འཚོ་ཞིང་བཞེད་པའི་སླད་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ས་འབྲུག་རྒྱལ་ཟླའི་ཚེས་བཅོ་ལྔར་འཆི་མེད་གྲུབ་པའི་སློབ་དཔོན་མང་པོས་བསྙེན་པའི་གནས་ཇོ་མ་ཁ་རག་གི་འདབས་ནས་ཕུལ་བ་སརྦ་མངྒ་ལཾ།

༈ འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཁྱབ་རྙོག་མེད་གདོད་ནས་དག་པའི་ཁམས། །ཀུན་བཟང་གདོད་མའི་མགོན་པོ་རྒྱལ་ཀུན་ཡབ། །ཀུན་སྣང་དམ་པ་སྐུ་གཉིས་སྤྱོད་དཔལ་ཆེ། །ཀུན་ཏུ་རྟག་བརྟན་གཡུང་དྲུང་ངོ་བོ་ཉིད། །འཕོ་འགྱུར་མི་མངའ་འཆི་མེད་རྡོ་རྗེ་འཆང་། །མི་ཤིག་དང་མ་ཚེ་བདག་འཁོར་ལོའི་བསྒྱུར། །གང་གི་བདེན་གཉིས་ཟུང་འཇུག་ནུས་པའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་མཛོད། །རྒྱལ་དང་དེ་སྲས་ཐུ་བོ་དམ་པ་རྣམས། །རྩ་བ་འཕོ་བཅས་རླུང་འགག་དེའི་རང་གཟུགས། །འཆི་བདག་བདུད་དཔུང་ཡོངས་སུ་བཅོམ་བྱེད་ན། །སྐྱེ་འཆིའི་སྤྲོས་པ་ནམ་དུའང་མི་མངའ་མོད། །འོན་ཀྱང་གདུལ་བྱ་འདྲེན་ཕྱིར་ཀུན་རྫོབ་ངོར། །འཇིག་རྟེན་མཐུན་འཇུག་མཛད་པ་ཅིར་ཡང་སྟོན། །དེས་ན་མགོན་ཁྱེད་རང་རིགས་རྡོ་རྗེ་སེམས། །ཡིད་བཞིན་ཞབས་པད་རྟག་ཏུ་བརྟན་གསོལ་འདེབས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྡོ་རྗེའི་གུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཞོམ་མེད་སྒྲ། །ཨ་ཧཾ་ཉི་ཟླ་ཁ་སྦྱོར་རྡོ་རྗེའི་ཚེ། །བདུད་བཞི་ལས་རྒྱལ་འཇིགས་མེད་སེངྒེའི་སྤོར། །སྣང་སྲིད་བདེ་ཆེན་རྡོ་རྗེའི་ཁྲིར། །སྲོག་ལྔ་དག་པ་ལྔ་ལྡན་རྡོ་རྗེའི་གདན། །འཕོ་སྤངས་ཞབས་ཟུང་རྡོ་རྗེའི་དཀྱིལ་མོ་ཀྲུང་། །འཕོ་ཆེན་ཟག་མེད་འོད་གསལ་རྡོ་རྗེའི་སྐུ། །དོན་དམ་གདོད་ནས་དག་པ་མཐོང་བརྙེས་པ། །ཀུན་རྫོབ་གདུལ་བྱའི་སྣང་ངོ་ཉིད་དུ་ཡང་། །བསྐལ་ཆེན་རབ་འབྱམས་རྒྱ་མཚོའི་ཡུན་དེ་སྲིད། །ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ཞབས་བརྟན་གསོལ། །སྙིགས་མའི་དུས་འདིར་རིས་མེད་རྒྱལ་བའི་བསྟན། །ཁྱད་པར་ངེས་དོན་སྙིང་པོའི་རིང་ལུགས་གང་། །ཇི་བཞིན་འཛིན་མཛད་དཔལ་ལྡན་འགྲོ་བའི་མགོན། །མཆོག་ཁྱེད་ཞབས་པད་སྙིང་ནས་བརྟན་གསོལ་འདེབས། །

ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་ལག་ན་པདྨོ་མི་ཡི་ཟོལ་འགྲོ་བའི་མགོན་པོ་གང་གི་སྐྱེ་བའི་ཕྲེང་བ་སྤྲུལ་པར་མཛད་པ་ཀུན་གཟིགས་རྗེ་བཙུན་འབྲུག་པ་སྤྲུལ་པའི་སྐུ་མཆོག་དམ་པ་རྒྱལ་དབང་དཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཞབས་པར་བརྟན་པར་གསོལ་འདེབས་པ་འདི་ཡང་འཛམ་གླིང་ཆུ་བཞིའི་མགོ་བོ་རི་རྒྱལ་ཀེར་ར་དང་ཉེ་བ་སྐར་མ་ཕུན་ཚོགས་རྩེ་ནས་དེ་ལ་དོང་ཆུ་བུ་གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རིག་འཛིན་རྒྱལ་ཁམས་པས་ཕུལ་བ་སརྦ་མངྒ་ལཾ།

༈ འབྲུག་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཟུང་འཇུག་མི་ཤིག་གདོད་ནས་རྣམ་དག་པ། །ཕུང་ཁམས་རྡོ་རྗེའི་རང་བཞིན་གཉིས་ཡང་དབྱིངས། །རྒུད་མེད་གནས་སུ་དཔལ་ལྡན་བླ་མའི་སྐུ། །ཡུན་ནས་ཡུན་བཞིན་རྟག་པར་ཞབས་བརྟན་གསོལ། །གཞོམ་མེད་ཡི་གེའི་རང་བཞིན་གཞོན་ནུ་ནཱ་དའི་དབྱངས། །རྡོ་རྗེའི་རང་སྒྲ་རྒྱུན་མི་ཆད་པའི་ཚིག །དམ་པ་ཆོས་ཀྱི་འཁོར་ལོ་བླ་མའི་གསུང་། །ཡུན་དུ་ཡུན་བཞིན་བརྟན་པར་ཞབས་བརྟན་གསོལ། །འཕོ་བཅས་དྲི་མ་ཡོངས་སྤངས་འཆོ་མེད་དངོས། །རྟག་བརྟན་གཡུང་དྲུང་བདེ་བ་ཆེན་པོའི་གཤིས། །སྤྲོས་བྲལ་འགྱུར་བ་མེད་པ་བླ་མའི་ཐུགས། །ཡུན་ནས་ཡུན་བཞིན་རྟག་པར་ཞབས་བརྟན་གསོལ། །མཁའ་ཁྱབ་སངས་རྒྱས་ཀུན་གྱི་གསང་བ་གསུམ། །སྤྲོ་དང་སྡུད་པོའི་བྱེད་པོ་རྡོ་རྗེ་སེམས། །དུས་འདིར་དཔལ་ལྡན་རྩ་བའི་བླ་མ་ཆེ། །རིགས་དང་དཀྱིལ་འཁོར་ཀུན་གྱིས་ཁྱབ་བདག་དཔལ། །རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་དབང་བསྒྱུར་ནས། །བཀའ་ལུང་མདོ་རྒྱུད་རིན་ཆེན་ནོར་བུའི་མཛོད། །སྤེལ་བའི་འཕྲིན་ལས་ནམ་ཡང་གཡེལ་མེད་མགོན། །ཐར་པའི་གྲུ་རྫིང་མཆོག་གི་ཤིང་རྟ་གང་། །གདུལ་བྱའི་དབུལ་སེལ་ཟླ་མེད་ཡིད་བཞིན་དབང་། །སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་པ། །རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟའི་སྡེ། །ཞབས་པད་འཚོ་བཞེས་བརྟན་པར་གསོལ་བ་འདེབས། །ཕྱོགས་དུས་ཉན་རང་བྱང་སེམས་འཕགས་ཚོགས་ཀྱིས། །ཡོངས་བསྐོར་རྒྱལ་བའི་དཀྱིལ་འཁོར་འཇམ་ཀླས་པའི། །བདེན་པའི་མཐུ་བྱིན་ནུས་པ་བསླུ་མེད་ཀྱི། །དཔལ་མགོན་བླ་མ་ཞབས་པད་བརྟན་གྱུར་ནས། །འཛིན་པའི་ཁྱོན་ཀུན་ངེས་དོན་སྙིང་པོ་ཡིས། །བསྟན་པ་རབ་རྒྱས་བསྟན་འཛིན་མཆོག་ཀུན་ཐུན། །བདེན་མཐོང་གྲུབ་སློབ་འབུམ་ཕྲག་ཚོམ་བུར་ཚོགས། །རྒྱ་ཆེ་རྒྱུན་མི་ཆད་གནས་བཀྲ་ཤིས་ཤོག །

ཅེས་དཔལ་ལྡན་སྤྲིན་སྒྲ་ཅན་གྱི་སྒྲུབ་རྒྱུད་འཛིན་པ་ཐ་དག་གི་སྤྱི་ཕུད་འགྲོ་བའི་མགོན་པོ་མཚུངས་པ་མི་མངའ་བ་དུས་འདིར་ཡོངས་རྫོགས་བསྟན་པའི་རྩ་ལག་ཆེན་པོ་རྒྱལ་བའི་དབང་པོ་རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་པད་ཡུན་རིང་དུ་བརྟན་པའི་རྟེན་འབྲེལ་དགེ་བའི་ཆེད་དུ་གསོལ་འདེབས་ཚིགས་སུ་བཅད་པ་འདི་ནི་ཕྱོགས་གྲོལ་རིས་མེད་རྣལ་འབྱོར་རྒྱལ་ཁམས་པ་དཔལ་རིག་པ་འཛིན་པ་རྡོ་རྗེ་ཚེ་དབང་ནོར་བུ་ཡིས་ན་ཚོད་ལྡན་སྦོ་ཟླའི་ཡར་ཚེས་བཟང་པོ་ལ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་བྱ་འདབ་ཀཱི་ཌཱོའི་གཙུག་ལག་ཁང་དུ་ཕུལ་བ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

༈ གྲམ་མཚོ་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱིས། །ཐུགས་རྗེའི་བྱིན་རླབས་བདེན་ནུས་གཟི་བྱིན་གྱིས། །དཔལ་ལྡན་བླ་མ་མཆོག་གི་སྤྲུལ་སྐུ་ཁྱེད། །སྐུ་ཚེའི་བར་ཆད་ཐམས་ཅད་ཡོངས་ཞི་ནས། །མཛད་འཕྲིན་མཉམ་མེད་ཡོན་ཏན་གོང་དུ་འཕེལ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །ཟབ་གསང་ཆོས་ཀྱི་ཆོས་ཀྱི་ཉི་མ་མཆོག་མཐར་བརྡལ། །ཀུན་ཏུ་ཀུན་ནས་འཕེལ་བའི་བཀྲ་ཤིས་ཤོག །

གྲམ་ཚོ་སྤྲུལ་སྐུར་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་ཕུལ།

༈ ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཏུ་བཟང་པོའི་རང་བཞིན་བདེ་བ་ཆེ། །གསུང་གི་རྡོ་རྗེ་ཨོ་རྒྱན་གུ་རུ་ཡི། །རིང་ལུགས་དྲི་མེད་འཛིན་པའི་སྙིང་སྟོབས་ཅན། །རྒྱལ་བའི་རྒྱལ་མཚན་དཔལ་ལྡན་བླ་མ་མཆོག །ཞབས་ཟུང་མི་ཤིག་རྡོ་རྗེའི་རི་བོ་ལྟར། །འཆི་མེད་འཚོ་བཞེས་བརྟན་ནས་མཁའ་མཉམ་འགྲོ། །འོད་གསལ་རྡོ་རྗེའི་སྙིང་པོའི་གྲུབ་མཐའ་ལ། །ཞུགས་ནས་ཚེ་གཅིག་རྒྱལ་བའི་གནས་ཐོབ་ཤོག །

ཅེས་དོལ་པོ་བླ་མ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་ཆེད་དུ་བརྗོད་པའི་ཞབས་བརྟན་ཚིགས་སུ་བཅད་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་དཀར་པོའི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་བཟང་པོ་དང་པོ་ལ་སྨོན་ཐང་ནས་ཕུལ་བ་སརྦ་མངྒ་ལཾ།

༈ འཆི་མེད་རྡོ་རྗེའི་ཞབས་བརྟན་གསོལ་འདེབས།

པདྨ་ཐོད་འཕྲེང་བདེ་གླིང་རིགས་ཀྱི་སྲས། །དབང་བཞི་སྨིན་གྲོལ་བརྙེས་པའི་རྣལ་འབྱོར་པ། །རྒྱལ་བའི་སྲས་མཆོག་འཆི་མེད་རྡོ་རྗེ་འཛིན། །མགོན་ཁྱོད་བསྐལ་བརྒྱར་འཚོ་བཞེས་ཞབས་བརྟན་ཤོག །

ཅེས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །

༈ ཤེལ་སྟོད་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་ཡོངས་ཀྱི་ངོ་བོ་ཉིད། །འཆི་མེད་ལྟ་བའི་ལྷ་མཆོག་ཚེ་དཔག་མེད། །ཡོན་ཏན་བཀོད་པའི་རྒྱལ་པོ་གང་དེ་ཡི། །བདེན་པའི་མཐུ་ཡི་བདག་སྨོན་འདི་འགྲུབ་མཛོད། །བསོད་ནམས་ཆུ་གཏེར་ཆེ་ལས་ལེགས་མཐོན་པའི། །ཕྱོགས་བྲལ་ནམ་མཁའི་ཁྱོན་ཁེངས་ནམ་མཁའ་ཡི། །གདུལ་བྱའི་ཞིང་ས་སྨིན་མཛད་དཔལ་ལྡན་མགོན། །མཚུངས་མེད་བླ་མ་བསོད་ནམས་ཕྱོགས་གླང་གང་། །མི་ཤིག་ཨ་ཝ་དྷུ་ཏའི་གུར་ཁང་དབུས། །མི་འགྱུར་ཨ་ཧཾ་ཉི་ཟླའི་དཀྱིལ་འཁོར་ལ། །རང་རིག་འཆི་མེད་རྡོ་རྗེའི་སྲོག་ཏུ་སྨིན། །གཞོམ་པ་མི་མངའ་བསྐལ་པའི་ཡུན་ཉིད་དུ། །ཞབས་བཟུང་རྡོ་རྗེའི་རི་བོ་ལྟར་བརྟན་ཅིང་། །ཆོས་ཡོན་ལེགས་དགུའི་མཛད་པ་གོང་དུ་འཕེལ། །གངས་ཅན་འགྲོ་བས་དགའ་བདེའི་དཔལ་སྤྱོད་ཤོག །

ཅེས་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡི་གཙུག་གི་རྒྱན་མཆོག་ཏུ་གྱུར་པ་ཤེལ་སྟོད་སྤྲུལ་པའི་སྐུ་རིན་པོ་ཆེ་བསོད་ནམས་ཕྱོགས་ཀྱི་གླང་པོ་གང་གི་ཞབས་སྟེགས་གསེར་གྱི་འཁོར་ལོ་གཡོ་མེད་བཞེས་པའི་སླད་དུ་བོད་ཆེན་པོའི་ཡུལ་དུ་སྐྱེ་ཞིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆོས་སྨྲ་བའི་གོ་འཕང་ཅན་རིག་པ་འཛིན་པར་སྒྲོ་བཏགས་པ་དེས་ལྕགས་རྟ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་དགེ་བ་ལ་གཉལ་སྨད་དགེ་རི་ནས་ཕུལ་བ་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ།

༈ འབྲི་གུང་དཀོན་མཆོག་ཆོས་ཀྱི་རྒྱལ་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་ཀུན་གྱི་སྤྱི་དཔལ་མཆོག །ཚེ་དང་ཡེ་ཤེས་གཟི་བརྗིད་འོད་དཔག་མེད། །འགྲོ་བའི་སྡུག་བསྔལ་ཡོངས་སེལ་བདུད་རྩི་མགོན། །ལྷག་པའི་ལྷ་དེས་འཆི་མེད་དགེ་ལེགས་སྩོལ། །གང་ཞིག་ཐུབ་བསྟན་མཐར་ཐུག་ངེས་པའི་དོན། །རྡོ་རྗེའི་གསུང་གི་ལེགས་པར་དཀྲོལ་མཛད་པ། །ཀླུ་སྒྲུབ་རྣམ་འཕྲུལ་འཇིག་རྟེན་གསུམ་གྱི་མགོན། །གང་གི་བསྟན་འཛིན་ཡོངས་ཀྱི་གཙུག་ནོར་ཆེ། །ལྷ་སྲས་སྤྲུལ་པ་སྙིགས་དུས་འགྲོ་བའི་སྐྱབས། །མཚུངས་མེད་བླ་མ་ཆོས་ཀྱི་རྒྱལ་པོའི་ཞབས། །ངེས་དོན་བསྟན་པ་སྤེལ་ཕྱིར་ཞིང་འདི་རུང་། །འཆི་མེད་མགོན་པོ་ཇི་བཞིན་ཞབས་བརྟན་གསོལ། །ད་ལྟ་ཐུབ་བསྟན་སྙིགས་མའི་མཐའ་ལ་ཐུག །ངེས་དོན་བསྟན་འཛིན་རེ་འགའ་ཙམ་དུ་གྱུར། །དེས་ན་སྙིང་པོའི་བསྟན་པ་རྒྱས་མཛད་ཕྱིར། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོའི་ཞབས། །མི་ཤིག་ཨ་ཝ་དྷུ་ཏིའི་གུར་ཁང་དབུས། །གཞོམ་མེད་ཨ་ཝམ་ཉི་ཟླའི་གདན་སྟེང་དུ། །ཚེའི་རང་བཞིན་རྡོ་རྗེ་འཆང་ཆེན་སྐུར། །འཕོ་མེད་རྟག་ཏུ་བརྟན་པར་གསོལ་བ་འདེབས། །འཕགས་པ་མཆོག་རྣམས་ངེས་པའི་དོན་ཉིད་དུ། །སྐྱེ་འཆི་རང་རྒྱུད་མཚན་མ་སྤངས་མོད་ཀྱང་། །གདུལ་བྱའི་དོན་དུ་སྣ་ཚོགས་སྤྱིར་ཡང་སྟོན། །དེ་ཚེ་མགོན་ཁྱོད་རྫུ་འཕྲུལ་རྐང་པ་ལ། །ཉེར་བརྟན་བསྐལ་བའམ་ནི་བསྐལ་པ་ལས། །ལྷག་པར་ཡོན་ཏན་བཀོད་པའི་མགོན་པོ་བཞིན། །དུས་འདིར་གདུལ་བྱ་རྣམས་ཀྱི་འདྲེན་པ་རུ། །ཞབས་པད་རྡོ་རྗེའི་རི་ལྟར་བརྟན་གསོལ་འདེབས། །གང་གི་མཛད་པ་ཡར་ངོའི་ཟླ་ལྟར་འཕེལ། །འཕྲིན་ལས་དབྱིག་འཛིན་ཁྱོན་ཀུན་ཡོངས་སུ་ཁེངས། །སྙན་པ་ས་གསུམ་ཀུན་ཏུ་རབ་གྲགས་པས། །གདུལ་བྱར་གྱུར་ཀུན་ཕུན་ཚོགས་དཔལ་སྤྱོད་ཤོག །

ཅེས་རྣམ་འདྲེན་འབྲི་གུང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་ཆེད་དུ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྙིང་ཐག་པ་ནས་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདི་ཡང་སྐྱེ་བདག་གི་ལོ་གསར་དུ་འཆར་བ་ཚུར་ལུག་གི་ཟླ་བའི་ཚེས་བཅོ་ལྔ་ལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་འདབ་ནས་ཐལ་མོ་སྦྱར་ཏེ་ཕུལ་བ་སརྦ་མངྒ་ལཾ།

༈ བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཕུན་ཚོགས་ཡོངས་ཀྱི་འབྱུང་གནས་རྫོགས་སངས་རྒྱས། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་གཙོ། །དེ་ལ་རྒྱལ་བ་སྲས་བཅས་མ་ལུས་པས། །སྐོར་བྱས་གསོལ་འདེབས་འདི་འགྲུབ་བྱིན་གྱིས་རློབས། །གང་ཞིག་འཇིག་རྟེན་འདི་ན་སྒྲོན་མེ་མཆོག །དམ་ཆོས་རིན་ཆེན་ངེས་དོན་སྙིང་པོ་ཡི། །བསྟན་པ་རྒྱ་ཆེར་སྤེལ་ཕྱིར་མིག་མི་འཛུམ། །དཔལ་ལྡན་རྩ་ཤད་ཅན་གྱི་བསམ་བཞིན་དུ། །སྤྲུལ་པའི་ཟློས་གར་བསྒྱུར་བ་འགྲོ་བའི་མགོན། །རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་ཆེ། །གང་ཁྱེད་གངས་ཅན་ལྗོངས་འདིར་གདུལ་བྱའི་ཆེད། །རྫུ་འཕྲུལ་རྐང་པ་ཉིད་ལ་མངའ་བརྙེས་པས། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཆི་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །དགོངས་པ་གཏད་དེ་ཡོན་ཏན་མགོན་པོ་ཡི། །ཞིང་གི་བདག་པོ་ཇི་བཞིན་ཞབས་བརྟན་ཤོག །འཛིན་མའི་ཁྱོན་འདིར་ངེས་གསང་སྙིང་པོ་ཡི། །འོད་ཟེར་ཕྱོགས་བརྒྱར་འགྱེད་པའི་ཉིན་བྱེད་མགོན། །གང་དེ་དུས་ཀྱི་མེ་ལས་གྲོལ་བ་བཞིན། །བསྐལ་བཟང་པད་ཚལ་རྒྱས་ཕྱིར་ཞབས་བརྟན་གསོལ། །སྙིགས་དུས་སེམས་ཅན་ལས་ཀྱི་སྙོག་མ་ཡི། །ཕན་བདེ་བརྒྱད་ལྡན་ཆུ་བོ་སླད་ན་ཡང་། །འགྲོ་བའི་མགོན་ཁྱེད་ཀེ་ཏའི་དབང་པོ་བཞིན། །འགྲོ་ལ་དགེ་ལེགས་སྩོལ་ཕྱིར་ཞབས་བརྟན་གསོལ། །རྒྱལ་གསང་མ་དྲོས་རྒྱ་མཚོ་ལས་འོངས་པའི། །སྨིན་གྲོལ་ཁྱོད་ཐུགས་ཤིང་རྟའི་རྒྱུན་བཟང་པོ། །ཆད་མེད་བསྐལ་ལྡན་རེ་བ་བསྐང་བའི་ཕྱིར། །ཞབས་པད་གཡུང་དྲུང་ལྟ་བུར་བརྟན་གྱུར་ཅིག །

ཅེས་རྣམ་པར་འདྲེན་པ་རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་པད་ཡུན་རིང་དུ་འཚོ་བཞེས་བརྟན་པའི་སླད་དུ་རྒྱལ་ཁམས་པ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྐྱེ་བདག་གི་ལོ་ཞལ་གསར་དུ་འཆར་བ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཟང་པོ་ལ་ས་ལ་སྤྱོད་པའི་འོག་མིན་ཚུར་གྱི་གཙུག་ལག་ཁང་ནས་ཕུལ་བ་སརྦ་མངྒ་ལཾ།

དཔལ་རིག་འཛིན་ཆེན་པོའི་བཀའ་འབུམ་ལས་གྲུབ་དབང་པདྨ་ནོར་བུའི་འཁྲུངས་རབས་དང་རྩ་བའི་བླ་མར་གསོལ་བ་འདེབས་པའི་རིམ་པ་ཇི་སྙེད་པ།

མཁས་ཤིང་གྲུབ་པའི་རྣལ་འབྱོར་པདྨ་ནོར་བུའི་སྐྱེ་བའི་ཕྲེང་བར་གསོལ་འདེབས་སུ་སྦྱར་བ།

༄༅། །དཔལ་རིག་འཛིན་ཆེན་པོའི་བཀའ་འབུམ་ལས་གྲུབ་དབང་པདྨ་ནོར་བུའི་འཁྲུངས་རབས་དང་རྩ་བའི་བླ་མར་གསོལ་བ་འདེབས་པའི་རིམ་པ་ཇི་སྙེད་པ་བཞུགས་སོ། །

༈ ཨོཾ་ཨཱ༔ཧཱུྃ༔ རང་བཞིན་སྤྲོས་མཚན་དང་བྲལ་ཆོས་ཀྱི་ལྷུམས། །རང་མདངས་འདུ་འཕྲོ་གཉིས་མེད་ཨེ་ཝཾ་དཔྱིད། །རང་ཤར་རོལ་བར་གཟུགས་ཀྱི་ཐིག་འཆར་བརྒྱུད། །རང་ངོར་སྣང་འདོད་རྒྱལ་བར་གསོལ་བ་འདེབས། །ངེས་སྣང་དག་པའི་ཞིང་ན་ལོངས་སྤྱོད་རྫོགས། །རིགས་བརྒྱ་གཅིག་བསྡུས་དཔལ་ལྡན་དང་པོའི་རྒྱལ། །སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་ལྷ་ཡི་ལྷ། །རྒྱལ་གྱུར་གཙོ་བོ་མཆོག་དེར་གསོལ་བ་འདེབས། །ཡང་དག་བདེ་གཤེགས་ས་ནས་ལྷག་སེམས་ཆེར། །གདུལ་བྱའི་དོན་སྐུར་བཞེངས་པ་ཉེ་སྲས་ལས། །བྱང་ཆུབ་སེམས་དཔའ་རྒྱལ་སྲས་བྱམས་པ་མགོན། །ས་བཅུའི་དབང་ཕྱུག་དེ་ལ༴ མེ་རིགས་འབར་བར་རྟ་མཆོག་ཧེ་རུ་ཀ །ཐུགས་ཀྱི་ཡེ་ཤེས་ལས་སྐྱེས་གསང་བ་ཡི། །བསྡུད་པ་དཔའ་བོ་ཐུགས་ཀྱི་རྡོ་རྗེ་ཞེས། །རྡོ་རྗེ་ཆོས་མཆོག་དེ་ལ༴ མི་མཇེད་འཛམ་བུར་ཤཱཀྱའི་ཏོག་གི་དྲུང་། །འཕགས་པའི་ཉན་ཐོས་མཆོག་གྱུར་བརྒྱད་ལས་ནི། །འདུལ་བ་འཛིན་མཆོག་འདུལ་བའི་རྒྱུད་པ་ཆེ། །དགྲ་བཅོམ་ཉེ་བ་འཁོར་ལ༴ རྒྱ་གར་འཕགས་པའི་ཡུལ་དུ་རྒྱན་དྲག་ལས། །མཆོག་རྟེན་རྣམ་དག་དྲི་མ་མེད་པ་ནས། །འདུལ་བའི་ལུང་སྟོན་མཁན་པོ་ཡོན་ཏན་འོད། །བསླབ་པའི་བརྒྱན་གྱུར་དེ་ལ༴ བདེ་བྱེད་རྩེག་ནས་གསང་སྔགས་སྒྲུབ་པའི་རྒྱལ། །ལུང་བརྒྱུད་སྒྲོམ་བུ་མཁའ་འགྲོའི་རྒྱ་དཀྲོལ་ཚེ། །ཡང་དག་ཐུགས་ཀྱི་དཀྱིལ་འཁོར་བཀའ་བབས་པ། །རིག་འཛིན་ཧཱུཾ་ཀ་ར་ལ༴ སྔགས་ཀྱི་སྟོན་པ་རྒྱལ་དབང་པདྨའི་དྲུང་། །མེ་ཏོག་ཤར་བབས་ཐུགས་ཀྱི་སྒྲུབ་པ་ཐོབ། །རྫུ་འཕྲུལ་མཁའ་ལྡིང་བྲག་ལ་འཕུར་པ་བསྣུན། །གྲུབ་ཆེན་ནམ་མཁའི་སྙིང་པོར༴ བྲག་རྒྱ་བོ་རུ་དཔལ་ཆེན་ཉིད་དུ་གྲུབ། །ཚངས་པའི་དབྱངས་ལྡན་གསད་པ་བོས་བར་མཛད། །རྫུ་འཕྲུལ་ཐོགས་མེད་ལྟ་སྒོམ་རྩེ་མོར་ཕྱིན། །ཟུར་ཆུང་ཤེས་རབ་གྲགས་ལ༴ གྲུབ་ཐོབ་ཁྱུང་པོའི་ཐུགས་གསང་སྙན་བརྒྱུད་མཛོད། །ཡོངས་འཇོས་ཁམས་ཟད་འོད་གསལ་སྙིང་པོའི་སྦུབས། །རྣལ་མཁས་ཤངས་པ་རིན་ཆེན་བརྩོན་འགྲུས་ཞེས། །རྨོག་ཅོག་གྲུབ་ཐོབ་དེ་ལ༴ སྤྱན་རས་གཟིགས་སྤྲུལ་གུ་རུ་ཆོས་དབང་གི །རྗེས་བཟུང་བྱམས་པ་འབུམ་གྱི་ཐུགས་ཀྱི་སྲས། །ཐུགས་རྗེས་ཆེན་པོའི་གྲུབ་ཐོབ་དངོས་གྲུབ་བརྙེས། །མ་ཎི་རིན་ཆེན་ཞབས་ལ༴ གཙང་ཕྱོགས་ལ་སྟོད་དམ་པའི་ཞི་བྱེད་ཆོས། །ལེགས་འཆང་མདོ་སྔགས་ཆོས་ཚུལ་ཡོངས་རབ་འབྱམས། །འཁྲུལ་ཞིག་དཔལ་ཆེན་ཤེས་རབ་འོད་པོ་ཞེས། །བསྟན་པའི་ཉི་མ་དེ་ལ༴ རབ་འབྱམས་ཞྭ་དམར་ཞབས་ཀྱི་ཐུགས་རྗེ་ཡི། །རྟ་ལྗང་གིས་བསྐུལ་དོན་གཉིས་པདྨོའི་ཚལ། །རབ་བཞད་སྐལ་ལྡན་བུང་བ་ཚིམ་བྱེད་པ། །རི་ཁྲོད་ཆེན་པོའི་ཞབས་ལ༴ འཁོན་གྱི་གདུང་ལས་སྡེ་སྣོད་གཉིས་ཀྱི་བདག །དགྱེས་པ་རྡོ་རྗེ་དཀྱིལ་འཁོར་མངོན་སུམ་གྲུབ། །ཡོན་ཏན་མཐར་ཕྱིན་ས་སྐྱ་བཟང་པོ་དཔལ། །མཁས་མཆོག་དམ་པ་དེ་ལ༴ མཁྱེན་པའི་རྩལ་རྒྱས་སྒྲུབ་པའི་དངོས་གྲུབ་ཐོབ། །བསྟན་པ་སྙིང་པོའི་སྒྲོན་མ་སྦར་མཛད་པ། །ཉམས་རྟོགས་མཁའ་འདྲ་སངས་རྒྱས་དཔལ་བ་ཞེས། །རྣལ་འབྱོར་དམ་པ་དེ་ལ༴ དཔལ་ཐང་སྲིན་མོའི་མཚོ་ནས་ཨོ་རྒྱན་གྱི། །ཐུགས་གཏེར་འཁོར་འདས་རང་གྲོལ་སྤྱན་དྲངས་ཏེ། །སྐལ་ལྡན་དོན་མཛད་རྩོད་མེད་གཏེར་སྟོན་པ། །བྱང་ཆུབ་གླིང་པའི་ཞབས་ལ༴ ཡེ་ཤེས་མཁའ་འགྲོའི་དགོངས་འདུས་ཡང་གཅེས་ཆོས། །ཟབ་རྒྱ་གསང་ཐིག་གཏེར་ནས་བཏོན་མཛད་ནས། །ཉམས་ལེན་ལྷག་མེད་རིག་འཛིན་སར་གཤེས་པ། །གྲྭ་པ་བཛྲ་གྲགས་པ༴ བྲག་དཀར་རྡོ་རྗེའི་ཚལ་ནས་དྲག་སྔགས་ཆོས། །ཡང་ཟབ་སྙིང་གི་མེ་ལོང་ལ་སོགས་པ། །གཏེར་ནས་བཏོན་མཛད་ཟླ་བན་གཟི་བརྗིད་འབར། །མཐུ་སྟོབས་དབང་ཕྱུག་དེ་ལ༴ ལྷོ་བྲག་མཁོ་མཐོང་གནས་སུ་གྲུབ་ཆེན་པོ། །པདྨ་དབང་གི་དངོས་གྲུབ་གཉིས་བརྙེས་ཤིང་། །རྫུ་འཕྲུལ་དབང་འབྱོར་རྣལ་འབྱོར་ཙ་རི་པ། །གྲགས་པའི་དབང་ཕྱུག་དེ་ལ༴ མདོ་ཁམས་ཀཿཐོག་རྡོ་རྗེ་གདན་ཆེན་པོར། །སྒྱུ་འཕྲུལ་བཀའ་བབ་སེམས་སྡེ་ཀློང་དུ་གྱུར། །བཤད་སྒྲུབ་བསྟན་པ་སྤེལ་མཛད་ཚུལ་ཁྲིམས་འབུམ། །བསྟན་པའི་སྒྲོན་མེ་དེ་ལ༴ མཉམ་མེད་ས་སྐྱའི་གནས་གྲུབ་ཐོབ་ཆེ། །རླུང་སེམས་དབུར་འདུས་ལམ་འབྲས་མཐའ་རུ་ཕྱིན། །ཡེ་ཤེས་ཟང་ཐལ་ཐོགས་མེད་བརྟུལ་ཞུགས་སྤྱོད། །བདག་སྨྱོན་ཀུན་དགའ་ལེགས་པར༴ ཨོ་རྒྱན་ཆེན་པོའི་ཐུགས་བསྒྲུབ་བརྒྱ་རྩ་ཡི། །ཡང་སྙིང་སྦས་ཆོས་མཁའ་འགྲོའི་གསང་མཛོད་ཆོས། །སྟོན་མཛད་གསང་མཚན་པདྨ་དྲག་རྩལ་ཞེས། །ཟབ་གཏེར་མངའ་བདག་དེ་ལ༴ ལྷོ་བྲག་ཕྱོགས་སུ་སྔགས་འཆང་ཆེན་པོའི་སྲས། །ཐ་མལ་ཚུལ་གྱིས་གསང་སྔགས་སྙིང་པོའི་དོན། །ལྷུར་བླང་གསང་བདག་ཐུགས་ཀྱི་རྣལ་འབྱོར་པ། །གྲགས་པའི་མཚན་འཆང་དེ་ལ༴ གཙང་གི་ཟབ་ལུང་ཉེ་བར་སྦས་ཚུལ་གྱི། །སྔགས་སྤྱོད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་ཡན་ལག་བཞི་བརྙེས་རྣལ་འབྱོར་པ། །བསོད་ནམས་མཚན་ཅན་དེ་ལ༴ ཐུགས་བསྐྱེད་ཆེན་པོས་འགྲོ་དོན་སྤྲུལ་པའི་སྐུ། །བླ་སློབ་གཏེར་སྟོན་ཆོས་དག་རྒྱལ་བློན་ཚུལ། །རྔོན་པ་བཤན་པ་སྨད་འཚོང་ཐ་མལ་ཚུལ། །དུ་མས་གདུལ་བྱ་སྐྱོང་ལ༴ དེ་ལ་སོགས་ཏེ་སྐྱེ་བའི་ཕྲེང་བ་ནི། །སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་ཟློས་གར་ཆེ། །མ་ངེས་གྲངས་མེད་སྐལ་ལྡན་ཁ་ལོ་སྒྱུར། །གང་འདུལ་དེ་མཚུངས་སྟོན་ལ༴ ཁྱད་པར་འབྲི་རྒྱུད་རེ་ཁེའི་གདུལ་བྱའི་དོན། །སྟག་འུར་དམ་པའི་གདུང་རིགས་ལས་བསྐྲུན་ཏེ། །སྐྱེས་ནས་བག་ཆགས་བཟང་སད་གསང་སྔགས་ཆོས། །ལེགས་འཆང་མཆོག་སྤྲུལ་དེ་ལ༴ ནར་སོན་གཏེར་གྲུབ་དུ་མས་རྗེས་བཟུང་ནས། །ཐུགས་རྗེ་དབང་བསྐུར་རྒྱལ་ཚབ་ཅོད་པཎ་བྱིན། །སྨིན་གྲོལ་མངའ་བརྙེས་པདྨ་ནོར་བུ་ཞེས། །རྒྱལ་སྲས་དམ་པ་དེ་ལ༴ དཀྱིལ་འཁོར་རབ་འབྱམས་བསྙེན་གྲུབ་དྲོད་ཚད་ཕེབས། །སྟོང་ཉིད་དོན་རྟོགས་སྣང་སེམས་མངོན་སུམ་འདྲེས། །བསྐྱེད་རྫོགས་རྫོགས་ཆེན་མན་ངག་དོན་བྱན་ཚུད། །གྲུབ་པའི་དབང་ཕྱུག་དེ་ལ༴ རྔ་ཡབ་དཔལ་རི་གུ་རུ་པདྨའི་དྲུང་། །དབང་བཞི་ཡོངས་རྫོགས་བསྐུར་ནས་གསང་བའི་མཚན། །གུ་རུ་ཞི་བའི་བློ་གྲོས་ཞེས་བྱ་བར། །གྲགས་གྱུར་རིག་འཛིན་དེ་ལ༴ ཀུན་བཟང་དྲི་མེད་རྡོ་རྗེ་གཟི་བརྗིད་དང་། །པདྨ་ཆོས་དབྱིངས་འཕྲིན་ལས་འགྲོ་འདུལ་རྩལ། །པདྨ་དབང་གྲགས་པདྨ་རྣལ་རོལ་ཏེ། །སྐུ་གཅིག་མཚན་མང་གྲགས་ལ༴ པདྨས་ཟབ་གཏེར་བདག་པོར་མངའ་གསོལ་ཞིང་། །འབྲེལ་ཚད་དོན་དང་ལྡན་པར་དབུགས་རབ་དབྱུང་། །སྐྱེ་བའི་ཕྱིར་མར་ཁ་བྱང་འཛིན་ལུང་བསྟན། །དུས་གསུམ་འགྲོ་དོན་མཛད་ལ༴ ཁྱོད་ཀྱི་དགོངས་པ་ཕྱག་རྒྱ་ཆེན་པོའི་གཤིས། །རྡོ་རྗེ་གཞོན་ནུའི་གསང་དང་དབྱེར་མེད་པར། །འཐིམས་ཀྱང་སླར་ཡང་སྤྲུལ་པས་འགྲོ་བའི་དོན། །རྒྱུན་ཆད་མེད་པར་མཛད་ལ༴ ལྷུན་གྲུབ་ཕྱག་རྒྱའི་སྐུ་ཡི་གནས་ལྔ་ནས། །སྤྲོ་བསྡུས་འོད་ཟེར་འགྱེད་ལས་ཁྱད་པར་དུ། །ཐུགས་དབྱིངས་ས་བོན་ཧཱུྃ་མཚན་ཡང་འཆར་བ། །སླར་ཡང་གདུལ་བྱ་སྐྱོང་ལ༴ ལྷོ་བྲག་ཕྱོགས་ནས་ཐུགས་གཏེར་གསང་བ་ཆེ། །ཞལ་ཕྱེས་སྐལ་ལྡན་སྨིན་གྲོལ་དོན་ལ་སྦྱོར། །དུས་སྙིགས་བཟློག་པའི་བརྟུལ་ཞུགས་པདྨའི་མཚན། །འབྱུང་འགྱུར་ཕྱོགས་སྤྲུལ་དེ་ལ༴ དེ་ལྟར་རྒྱལ་བ་རྒྱལ་སྲས་རབ་འབྱམས་ཚོགས། །སྐུ་དང་ཡེ་ཤེས་རོལ་བ་དཔག་མེད་པ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལས་འཆར་བའི། །རྟེན་འབྲེལ་རོལ་པར་རྒྱས་ལ༴ ཐམས་ཅད་ཤིས་མདང་རྩལ་ཆ་དབྱེར་མེད་པར། །འགྲོ་དོན་ལྷུན་གདུལ་བྱའི་སྣ་ཚོགས་བཞིན། །རྟོག་མེད་ངང་ཤར་སྤྲུལ་པའི་སྒྱུ་འཕྲུལ་ཆེ། །བསམ་མི་ཁྱབ་སྟོན་མཛད་ལ༴ འདིར་སྣང་ངོར་ཁྱེད་སྐྱེ་བའི་སྲིད་གྲགས་གྱུར། །གྲུབ་པའི་བ་སྤུ་ཉག་གཅིག་བྱེ་བ་འབུམ། །གཤག་འཚལ་འོད་ཟེར་ཙམ་གཅིག་ཞུགས་གྱུར་སྤྲུལ། །མིང་འཛིན་ཚེ་དབང་ནོར་བུར་གསོལ་བ་འདེབས། །སྐྱེས་ནས་མཆོག་གཏེར་སྟོན་པས་རྗེས་བཟུང་ཞིང་། །དམ་པ་དྲུག་གི་ཞབས་ཟིན་གདམས་པའི་གནས། །ལེགས་འཇོས་རང་རིག་རྟོགས་པའི་ངོ་བོ་མཐོང་། །བག་ཆགས་ཅུང་ཟད་དེ་ལ༴ ཨོ་རྒྱན་ཆེན་པོའི་གསང་བའི་མཛོད་བཟང་པོར། །ལེགས་སྤྱོད་ཉམས་ལེན་སྦས་ཚུལ་བསྒྲུབ་ལ་བརྩོན། །དམན་པའི་ཚུལ་འཛིན་གང་འདུལ་གཞན་དོན་སྐྱོངས། །རྣལ་འབྱོར་ཙམ་པ་དེ་ལ༴ དེ་ལྟར་རིག་འཛིན་ཆེན་པོའི་སྐྱེ་བ་ཡིས། །འཕྲེང་བར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་ཉིད་སྐྱེ་ཀུན་མཚན་ལྡན་དམ་པ་ཡི། །རྗེས་བཟུང་དམ་ཚིག་སེལ་མེད་ཐུགས་ཡིད་འཕྲོག །དབང་བཞིས་རྒྱུད་སྨིན་བསྐྱེད་རྫོགས་རྫོགས་པ་ཆེ། །རབ་གྲོལ་བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ། །མི་གནས་ཆོས་སྐུ་སྟོང་ལ་རྟགས་བརྣལ་ངང་། །གང་འདུལ་གཟུགས་སྐུས་འགྲོ་དོན་སྤྱོད་པར་ཤོག །

ཅེས་པ་མཁས་ཤིང་གྲུབ་པའི་རྣལ་འབྱོར་པདྨ་ནོར་བུའི་སྐྱེ་བའི་ཕྲེང་བར་གསོལ་འདེབས་སུ་སྦྱར་བ་སྟེ། བདག་ནི་དེའི་སྤྲུལ་པར་གྲགས་ཀྱང་རང་ལ་གང་ནས་བལྟས་ཀྱང་ཡོན་ཏན་མི་ལྡན་པར་གྱུར་ཚེ་དམ་པ་དེ་ལྟ་བུའི་སྤྲུལ་སྐུ་མིན་པར་ངེས་ཀྱང་དད་ལྡན་གྱི་གྲོགས་འགའ་ཞིག་གིས་ནན་ཏུ་བསྐུལ་ངོར་སྤྲུལ་སྐུ་ཡིན་རྫུའི་གསོལ་འདེབས་ས་ཅུང་ཙམ་དུ་བྲིས་ཀྱང་ཀུན་གྱི་ཐུགས་ཀྱི་བྱ་བའི་གནས་ཅི་ཞིག་ལགས། ཀྭ་ཡི་སྤྲུལ་སྐུར་གྲགས་པ་དེ་ལྟ་བུ། །གྲུབ་པའི་སྐྱེ་བུ་མུ་ཏིག་ཕྲེང་བ་ལ། །སོ་སྐྱེས་བདག་ནི་ཞེ་ནེ་རྡོག་པོ་བཟིན། །མཛེས་པར་མི་འགྱུར་འགྲོ་བའི་ཡ་གི་རྒྱུ། །རང་ལ་ཡོན་ཏན་བརྗོད་རུང་རྒྱུ་མེད་པ། །སྙིམ་པའི་ཆུ་ལ་ཆུ་གཏེར་བརྗོད་པ་དང་། །བྱི་བར་གླང་ཆེན་ཆེ་དྲུག་སར་བསྔགས་མཚུངས། །དེས་ན་རྨོངས་ལས་ཆེས་རྨོངས་བདག་ཏུ་འཁུམ། །ཞེས་ཤར་འབྱུང་དུ་གླེང་ལགས། རང་ལོ་ཉེར་གཉིས་པ་དཔྱིད་གསུམ་ལོ་མ་འབུས་པའི་དུས་རོལ་ལམ་དྲགས་ཡོ་ལེ། ནགས་ཀློང་གྲུ་བཞི་འདོམ་གང་ཡངས་པ་ཅན་དུ་ཚེ་དབང་ནོར་བུ་པདྨ་གར་དབང་འགྲོ་འདུལ་རྡོ་རྗེས་བྱུང་རྒྱལ་དུ་སྦྱར་བའི་ཡི་གེའི་རིག་བྱེད་རབ་འབྱམས་པས་བྲིས་པ་དགེའོ། །དགེའོ། །དགེའོ། །

༈ རིག་འཛིན་ཚེ་དབང་ནོར་བུའི་གསོལ་འདེབས།

ཨོཾ་ཨཱ་ཧཱུྃ། དང་པོའི་སངས་རྒྱས་ཀུན་བཟང་ཐུགས་ཀྱི་ཀློང་། །རིག་འདུས་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་རྒྱལ། །འཁོར་ལོ་སྡོམ་པ་རིག་འཛིན་པདྨ་འབྱུང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཕགས་ཡུལ་ཡང་ངག་རིག་འཛིན་ཧཱུྃ་ཀ་ར། །བོད་ཡུལ་གྲུབ་པའི་དབང་ཕྱུག་ནམ་མཁའ་སྙིང་། །ཟུར་རིག་སྔགས་འཆར་རིག་འཛིན་ཤེས་རབ་གྲགས། །གསོལ་བ༴ སྙི་ཡི་གདུང་ལས་འཁྲུལ་ཞིག་ཉི་མ་སེང་། །འཁོན་གྱི་གདུང་ལས་གྲུབ་བརྙེས་བཟང་པོ་དཔལ། །གསོལ་བ༴ ལ་སྟོད་དཔལ་ཐང་གཏེར་སྟོན་བྱང་ཆུབ་གླིང་། །ཀཿཐོག་ཕྱོགས་སུ་ཚུལ་ཁྲིམས་འབུམ་པ་དང་། །འབྲས་ཡུལ་སྐྱིད་ཚལ་ཀུན་མཁྱེན་སངས་རྒྱས་འཕེལ། །གསོལ་བ༴ སྟག་བུར་རིག་འཛིན་པདྨ་ནོར་བུའི་མཚན། །དེ་སོགས་གྲུབ་པའི་ཟློས་གར་མཁན་དཔྱིད། །དུ་མར་སྣང་མཛད་དཔལ་ལྡན་བླ་མ་ལ། །གསོལ་བ༴ ཚེ་འདིར་འཁྲུལ་ཟད་ཆོས་སྐུའི་ཐུགས་ཀློང་གྲོལ། །དབང་ཕྱུག་ཡོན་ཏན་བརྒྱད་སྙེད་སྐུ་ཉིད་འགྲུབ། །ནོར་འཁྲུལ་མ་མཆིས་ཐམས་ཅད་མཁྱེན་པ་ཐོབ། །འབྲེལ་ཚད་སངས་རྒྱས་འབྲས་བུ་མཆོག་འགྲུབ་ཤོག །

ཅེས་དྭགས་པོ་ཀླུ་མཁར་ཞབས་དྲུང་པའི་གསང་ཡུམ་རང་བཞིན་དོན་གྱི་རྣལ་འབྱོར་མ་ཡེ་ཤེས་ལྷ་མོ་ཞེས་པས་བསྐུལ་ངོར་ཕྱོགས་ཀུན་རྒྱུ་བའི་སྔགས་འཆང་ཚེ་དབང་ནོར་བུས་ཤིང་འབྲུག་ཧོར་ཟླའི་ཚེས་ལ་སྤུ་བོ་ཡིད་འོང་དུ་བྲིས་མངྒ་ལཾ།

རིག་འཛིན་པདྨ་ནོར་བུའི་སྐྱེས་རབས་ཀྱི་འཕྲེང་བར་གསོལ་འདེབས་བྱིན་རླབས་ཆར་འབེབས།

༈ རིག་འཛིན་པདྨ་ནོར་བུའི་སྐྱེས་རབས་ཀྱི་འཕྲེང་བར་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས།

ཨོཾ་ཨཱ༔་ཧཱུྃ མི་ཤིག་མ་སྐྱེས་སྟོང་ཉིད་རྡོ་རྗེ་མཁའ། །སྒྱུ་འཕྲུལ་འགག་མེད་སྣ་ཚོགས་རོལ་པའི་རྩལ། །བདེན་གཉིས་ཟུང་འཇུག་ཅིར་ཡང་སྣང་བའི་བདག །ཁྱབ་བདག་རྩ་བའི་བླ་མར་གསོལ་བ་འདེབས། །གྲངས་མེད་མངོན་སྒོམ་ཐུགས་སྐྱེས་ཚོགས་གཉིས་ཀྱི། །མཛད་པས་རྒྱལ་བའི་གོ་འཕང་འཁོད་བཞིན་དུ། །འགྲོ་བའི་དོན་དུ་གང་འདུལ་སྤྲུལ་བསྒྱུར་འགྱེད། །རྡོར་སེམས་ཆོས་ཀྱི་བླ་མར་གསོལ་བ་འདེབས། །ཞེན་མེད་སྒྱུ་མའི་ངང་ཚུལ་དོན་དམ་ཉིད། །འགྱུར་བ་མི་མངའ་བསམ་བཞིན་ཐུགས་རྗེ་ཡི། །གདུལ་བྱར་བརྩེ་བས་འགྲོ་འདྲེན་སྤྲུལ་པའི་སྐུ། །སྐྱེ་བའི་འཕྲེང་བར་སྟོན་ལ༴ ཤཱཀྱའི་ཏོག་དྲུང་དགྲ་བཅོམ་ཉེ་བ་འཁོར། །འཕགས་ཡུལ་ཕྱོགས་ཀྱི་རིག་འཛིན་ཧཱུྃ་ཀ་ར། །པདྨའི་སྤྱན་སྔར་གྲུབ་དབང་ནམ་མཁའི་སྙིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུར་རིགས་སྔགས་འཆང་ཟུར་ཆུང་ཤེས་རབ་གྲགས། །སྙི་གདུང་རྟོག་པའི་དབང་ཕྱུག་ཚུལ་ཁྲིམས་སྙིང་། །རོག་བན་ཆེན་པོ་སུཪྻ་སིངྒའི་མཚན། །གསོལ་བ༴ པདྨ་དབང་གྲུབ་རྣལ་འབྱོར་ཙ་རི་པ། །སྤྱན་གཟིགས་འཕྲིན་ལས་མ་ཎི་རིན་པོ་ཆེ། །དགྱེས་རྡོར་མངོན་བརྙེས་འཁོན་རིགས་བྷཱ་དྲ་ཤྲཱི། །གསོལ་བ༴ གྲགས་སེང་རྗེས་བཟུང་རི་ཁྲོད་དར་རྒྱས་ཞབས། །མདོ་ཁམས་ཀཿཐོག་བསྟན་འཛིན་ཚུལ་ཁྲིམས་འབུམ། །ལུང་རྟོགས་ཐར་ཕྱིན་དྭགས་རབ་ཆོས་ཀྱི་རྒྱལ། །གསོལ་བ༴ དྲག་སྔགས་མངའ་བརྙེས་རིག་འཛིན་གཟི་བརྗིད་འབར། །མཁའ་འགྲོའི་དབང་ཕྱུག་གྲྭ་པ་བཛྲ་མཚན། །ཟབ་གསང་མཛོད་འཛིན་བྱང་ཆུབ་གླིང་པ་དཔལ། །གསོལ་བ༴ ཡེ་ཤེས་ཟང་ཐལ་དག་མྱོན་ཀུན་དགའ་ལེགས། །འཁྲུལ་མེད་གྲུབ་བརྙེས་དབང་༼འཁྲུལ་ཞིག་དབང་གྲགས་རྒྱ་མཚོའི་གསུང་གི་སྤྲུལ་པ་པདྨ་ནོར་བུ་ཐུགས་ཀྱི་སྤྲུལ་པ་མི་འགྱུར་རྡོ་རྗེ། ཐེ་མ་ཚོམ་གཅིག ཐེ་ཚོམ་ན་གྱིས། ང་ལ་ནི་ཕན་གནོད་མེད། གང་དགའ་བགྱིས། ཧ་ཧ།༽ ཆེན་དྲག་པོ་རྩལ། །ཡང་དག་མཆོད་ཏོག་པདྨ་ནོར་བུའི་མཚན། །གསོལ་བ༴ སྙིགས་དུས་འདུལ་དོན་སྤྲུལ་པའི་ཆོ་འཕྲུལ་གྱི། །གདུལ་བྱའི་ཁ་ལོ་གྱེན་དུ་སྒྱུར་མཛད་པ། །ངོ་བོ་གཅིག་ལ་རྣམ་པ་སྤྲུལ་དཔག་མེད་དུ། །སྟོན་མཛད་བླ་མ་མཆོག་དེར་གསོལ་བ་འདེབས། །དེ་ལྟར་བླ་མ་མཆོག་གི་སྐྱེ་བའི་ཕྲེང་། །དམ་པར་གུས་པས་གསོལ་བ་བཏབ་པའི་མཐུས། །བདག་གི་འཁྲུལ་འཛིན་དྲི་ཚོགས་ཡོངས་དག་ནས། །བདེ་ཆེན་སྐུ་གཉིས་མཆོག་གྲུབ་བྱིན་གྱིས་རློབས། །

ཞེས་དད་བསྐལ་མཆོག་དང་ལྡན་པ་དུ་མས་བསྐུལ་བའི་ངོར། རྫོགས་ཆེན་རྣལ་འབྱོར་ཟོལ་འཛིན་ཚེ་དབང་ནོར་བུས་ཤིང་སྤྲུལ་སྟོན་འབྲུ་བཅུད་སྨིན་པའི་དུས་སུ་ཀོང་ཡུལ་བྲག་གསུམ་མཚོ་རྫོང་དུ་སྨྲས་པ་དགེའོ་མངྒ་ལཾ།

འགྲན་བྲལ་གྲུབ་པའི་དབང་ཕྱུག་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱི་སྐྱེ་རྒྱུད་གསོལ་འདེབས་ཡིད་བཞིན་དབང་གི་ཕྲེང་བ།

༈ འགྲན་བྲལ་གྲུབ་པའི་དབང་ཕྱུག་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱི་སྐྱེ་རྒྱུད་གསོལ་འདེབས་ཡིད་བཞིན་དབང་གི་ཕྲེང་བ་ཞེས་བྱ་བཞུགས།

ཨོཾ་ཨཱ༔་ཧཱུྃ ཁྱབ་བདག་རྒྱལ་ཀུན་ཡབ་གཅིག་འོད་མའི་འགྱུར། །ལྷུན་གྲུབ་འོད་གསལ་གསང་ཆེན་རྡོ་རྗེ་སེམས། །ཟུང་འཇུག་རང་ཤར་རིག་པ་པདྨ་འབྱུང་། །རིག་བདག་སྐུ་གསུམ་བླ་མར་གསོལ་བ་འདེབས། །ཆོས་ཉིད་རྣམ་དག་སྤྲོས་བྲལ་ངང་ཉིད་ལས། །ཐུགས་རྗེའི་རོལ་རྩལ་རྟེན་འབྲེལ་གྱིས་སྣང་སྐུ། །གདུལ་བྱ་གང་འདུལ་འདིར་སྟོན་རྒྱལ་བའི་དབང་། །མཚུངས་མེད་རྩ་བའི་བླ་མར་གསོལ་བ་འདེབས། །མཆོག་ཁྱེད་ངེས་དོན་འཕོ་འགྱུར་ཀུན་བྲལ་བ། །ཟབ་བཞི་འོད་གསལ་ངང་དུ་གཡོ་མེད་ཀྱང་། །འགྲོ་བའི་དོན་དུ་འཕོ་དང་འཇུག་པའི་ཚུལ། །སྐྱེ་བའི་འཕྲེང་བར་སྟོན་ལ༴ ཆོས་ཀྱི་དབྱིངས་སུ་རྡོ་རྗེའི་ས་ཆེན་པོར། །ཀུན་བཟང་སེམས་དཔའ་མཆོག་གི་སྐུར་སྣང་ཞིང་། །དགོངས་པའི་རང་མདངས་ཐུགས་ཀྱི་རྡོ་རྗེ་ཆོས། །རིག་འཛིན་འཁོར་ལོས་གྱུར་དེར་གསོལ་བ་འདེབས། །སྤྲུལ་གཞི་དེ་ལས་སྤྲུལ་པ་སྣ་ཚོགས་པ། །བསམ་གྱིས་མི་ཁྱབ་ནམ་མཁའ་མཐའ་དང་མཉམ། །གདུལ་བྱའི་དོན་དུ་རྒྱུན་མི་ཆད་པའི་སྐུ། །སྣང་མཛད་དཔལ་ལྡན་མཆོག་དེར༴ འཕགས་ཡུལ་ཐུགས་ཀྱི་ཟབ་མཛོད་འཛིན་པའི་གཙོ། །རིག་འཛིན་ཧཱུྃ་ཀ་༼ནམ་སྙིང་གི་བླ་མ་ཡང་ཡིན་ཐུགས་རྒྱུད་གཅིག་༽ར་ལ་གསོལ་བ་འདེབ། །བོད་ཡུལ་མཁར་ཆུར་ཕྱག་རྒྱ་ཆེ་མཆོག་གྲུབ། །གནུབ་བན་ནམ་མཁའ་སྙིང་པོར་གསོལ༴ བྲག་རྒྱའི་བོ་རུ་ཡང་དག་མཆོག་ཐུན་བརྙེས། །ཟུར་ཆུང་ཤེས་རབ་༼ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱི་སློབ་མ་དབོན་གྱུར། ༽གྲགས་ལ་གསོལ༴ རི་བོ་ཤིནྟིར་དགོངས་པ་ཁ་ལྟར་བརྡལ། །དྭགས་སྒོམ་ཚུལ་ཁྲིམས་༼མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་སྐུ་དབོན་གཉིས་ཀ་ཡིན། ༽སྙིང་པོར་གསོལ་བ༴ ངེས་མེད་གནས་སུ་འོད་གསལ་འཁོར་ཡུག་འདྲེས། །ཞིག་པོ་ཉི་མ་གསེང་༼རྒྱལ་བ་རེ་ནེ་རྒྱུ་པའི་སློབ་མ་ཡིན།༽ གེར༴ ཕྱོགས་ཀུན་ཡིག་བདུན་མྱོང་གྲོལ་འགྲོ་དོན་སྤེལ། །མ་ཎི་གུ་རུ་ཆོས་དབང་སློབ་མ་རིན་ཆེན་ཞབས་ལ༴ འཇག་གི་གནས་ཀྱི་མཁའ་འགྲོ་བསྙེན་༼ནེ་གུ་ལི། ༽རྒྱུད་འཛིན། །རྒྱལ་མཚན་༼ཤང་སྟོན་གཙང་པའི་༽སློབ་མ་འབུམ་གྱི་ཞབས་ལ༴ ས་སྐྱའི་གནས་སུ་རིམ་གཉིས་ཡོན་ཏན་རྫོགས། །རྗེ་བཙུན་བཟང་པོ་དཔལ་ལ༴ མཚུར་གྱི་གནས་ནང་ངེས་དོན་སྒྲོན་མེ་སྦར། །རི་ཁྲོད་དར་རྒྱས་༼ཞྭ་དམར་གྲངས་སེང་སློབ་མ་༽ཞབས་ལ༴ སྙེ་ནམ་གསེར་ཕུག་ཟབ་གཏེར་ཆོས་འཁོར་བསྐོར། །བྱ་སྟོན་བྱང་ཆུག་གླིང་པར་གསོལ༴ ཀཿཐོག་གདན་སར་སྨིན་གྲོལ་བསྟན་པའི་བདག །ཚུལ་ཁྲིམས་༼འདི་ཡི་སྤུ་ལུང་གནས་སྒོ་ཡང་གསལ་བར་མཛད། ༽འབུམ་པར་གྲགས་ལ༴ ཀོང་ཡུལ་སྙིང་ཕུར་དགོངས་འདུས་གསེར་ཆོས་འཛིན། །མཚན་ལྡན་མ་ཏིར་༼འདི་ཡི་བག་ཆགས་ད་ལྟ་ཡང་ཅུང་ཟད་དྲན། སངས་རྒྱས་གླིང་པའི་གདུང་རྒྱུད་ཡིན། ༽གྲགས་ལ༴ སྟག་ལུང་སྐུ་འཁྲུངས་ཟབ་ཆོས་ཉི་འོད་གདལ། །ངག་དབང་གྲགས་པའི་༼འབྲི་གུང་དབང་གི་བླ་མ་མཛད། ༽ཞབས་ལ༴ མངོན་མཐོ་ངེས་ལེགས་ཀྱིས་ཕྱུག་འཕགས་གུ་རུ། །གོང་མ་ཀུན་དགའ་ལེགས་པར་༼གཏེར་སྟོན་རཏྣ་ཆོས་བདག་ཡིན། ༽གསོལ་བ༴ གཙང་རོང་སྐྱིད་ཚལ་ལུང་རྟོགས་འབྲུག་སྒྲ་སྒྲོགས། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་གསོལ༴ གངས་དཀར་གནས་སུ་བསྟན་པའི་རྒྱལ་མཚན་འཛིན། །མཁས་པའི་༼རྡོ་རྗེ་གདན་པའི་སློབ་མ་ཀུན་དགའ་མཆོག་གྲུབ་སྟེ་གྲོལ་མཆོག་གི་བླ་མ་ཡིན་གསུང་། ༽ཁྱུ་མཆོག་དེ་ལ༴ རི་བུ་གླང་རུར་འཁྲུལ་ཞིག་སྨྱོན་པའི་ཚུལ། །བདག་སྨྱོན་ལེགས་པའི་༼སྔོན་ཆད་འདི་ཡི་སྐུལ་ནི་བདག་གི་མ་འཚལ་ཡང་ལུང་བསྟན་ལྟར་ན་པདྨ་ནོར་བུའི་སྐྱེ་བ་གོང་མ་འདྲ་ཞིག་སྣང་འདུག་གོ །༽ཞབས༴ སྔགས་རིགས་པདྨའི་ཟབ་གསང་ཕྱོགས་ཀུན་སྤེལ། །ཀུན་དགའ་གཏེར་༼སྟོན་རཏྣའི་གདུང་ཐལ། ༽བསྟན་འཛིན་ཞབས༴ དེ་ལྟར་བསམ་བཞིན་སྐྱེ་བའི་བསམ་གཟུང་ནས། །གདུལ་བྱ་འབྲེལ་ཚད་ཐར་པའི་ལམ་སྟོན་མཁན། །གང་འདུལ་ཆུ་སྣོད་ཟླ་གཟུགས་ལྟར་བཀྲ་བ། །སྒྱུ་འཕྲུལ་རབ་འབྱམས་འཆང་དེར་གསོལ༴ ཁྱད་པར་མདོ་ཁམས་རེ་ཁེར་སྤྲུལ་པའི་སྐུ། །མཆོག་གྱུར་ཧེ་རུ་ཀ་དཔལ་རིག་པ་འཛིན། །ལྷ་གདེང་སྦྱོར་སྒྲོལ་ནུས་པ་མཐར་ཕྱིན་པའི། །པདྨ་འགྲོ་འདུལ་ནོར་བུར་གསོལ༴ གང་ཁྱེད་རྒྱལ་དང་རྒྱལ་བ་སྲས་བཅས་ཀྱིས། །བྱིན་རླབས་དབང་བསྐུར་རྒྱུན་མི་ཆད་མཛད་ཅིང་། །གཏེར་གྲུབ་དུ་མའི་ལུང་ལས་ཆེར་བསྔགས་པ། །རྒྱལ་བའི་རྒྱལ་ཚབ་༼འདི་ཡི་བྱིན་གྱིས་བརླབས་པ་ཞིག་བདག་ཡིན་པའི་རྟགས་སོ། །༽ཁྱེད་ལ༴ བླ་མེད་ལམ་མཆོག་ཕྱི་མའི་ལྡོག་ཐོབ་ཅིང་། །བར་དོར་དཔལ་ཆེན་ཐུགས་ཀྱི་ཡེ་ཤེས་ཀློང་། །དབྱེར་མེད་ལྷུན་གྲུབ་ས་ལ་གཤེགས་གྱུར་དང་། །གང་འདུལ་སྤྲུལ་སྐུར་སྟོན་ལ༴ ད་ལྟ་སྦས་ཚུལ་རྣལ་འབྱོར་ཀུན་ཏུ་རྒྱུ། །ཕྱི་མ་ལྷོ་ཕྱོགས་དྷེ་ཝི་ཀོ་ཊ་ནས། །ཟབ་མོའི་གཏེར་སྟོན་བོད་ཁམས་བདེ་བར་སྟོན། །རྒྱལ་དབང་པདྨའི་སྲས་དེར༴ དེ་ནས་བདེ་ཆེན་པདྨ་འོད་ཀློང་དུ། །པདྨ་འབྱུང་གནས་ཐུགས་དང་རོ་གཅིག་སྟེ། །སྐུ་གསུམ་ཆོས་ཉིད་ངོ་བོར་ཟླ་མེད་པར། །བྱང་ཆུབ་ཆེ་བརྙེས་དེ་ལ༴ གཞན་ཡང་རྡོར་སེམས་པདྨའི་ཐུགས་ཉིད་དང་། །མི་གཉིས་ནམ་སྙིང་སྤྲུལ་པ་བསམ་ཡས་ཞིང་། །དུས་དེར་༼སྤྲུལ་པ་༽ལྔ་དང་༼ཡང་སྤྲུལ་༽ཉེར་ལྔ་བརྒྱ་རྩ་༼བྱིན་གྱིས་བརླབས་པའི་༽བརྒྱད། །འགྲོ་འདུལ་སྣང་བར་གསུང་ལ༴ དེ་ལྟར་འདྲེན་མཆོག་ཁྱེད་ཀྱི་དག་པ་ཡི། །སྐྱེ་ཕྲེང་ཆུ་གཏེར་དབུས་ནས་མོས་གུས་ཀྱི། །སྙིམ་པར་སྣང་བ་སྐལ་ལྡན་དུང་སེལ་བཅུད། །ཡིད་ཀྱི་བདུད་རྩི་བརྟེན་ནས་གསོལ་བ་འདེབས། །མི་ཕྱེད་དད་པའི་ང་རོས་མཚན་ནས་འབོད། །དབང་མེད་དུང་བའི་སྤུ་གཡོ་མཆི་མ་འཁྲུག །རྩེ་གཅིག་འདི་ཕྱིའི་རེ་ལྟོས་ཁྱེད་བགྱིས་ན། །ཐུགས་རྗེས་མ་འདོར་འཕྲིན་ལས་འགྲོ་འདུལ་རྩལ། །བྱིན་གྱིས་རློབས་ཤིག་དྲི་མེད་གཟི་བརྗིད་རྩལ། །བདག་རྒྱུད་སྨིན་མཛད་གུ་རུ་ཞི་བློ་གྲོས། །གྲོལ་བར་མཛོད་ཅིག་ཐུགས་མཆོག་བདེ་གཤེགས་སྙིང་། །བར་ཆད་གསོལ་ཅིག་གུ་རུ་དབང་གྲགས་རྩལ། །༼པདྨ་ནོར་བུའི་མཚན་གྱི་རྣམ་གྲངས། ༽བདག་སོགས་ཚེ་རབས་རྟག་ཏུ་མགོན་ཁྱོད་དང་། །འབྲལ་མེད་ཐུགས་ཀྱི་དགྱེས་དགུ་ཡོངས་འགྲུབ་ཅིང་། །པད་འབྱུང་ནམ་མཁའི་སྙིང་དང་ཚོམ་བུ་གཅིག །གྱུར་ནས་ཀུན་ཀྱང་རྡོ་རྗེའི་སར་གྲོལ་ཤོག །

དེ་ལྟར་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་སྐྱེ་བརྒྱུད་གསོལ་འདེབས་ཤིག་དགོས་ཞེས་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་མཆོག་གི་ས་བརྙེས་པའི་གནས་བྲག་དཀར་རྟ་སོའི་གདན་ས་ཀརྨ་ཆོས་འཕེལ་ཞེས་གཡུ་སྒྲ་སྙིང་པའི་ཕྲིན་ལས་ཀྱི་སྤྲུལ་པ་དེ་ཡི་རང་སྲིད་འཁྲུལ་མེད་བླ་མ་དཀར་མ་མཆོག་ལྡན་དང་། རིག་འཛིན་ཆེན་པོ་བསྟན་གཉིས་གླིང་པའི་གདུང་རུས་དྲི་མ་མེད་པ་ལས་གྲུབ་པའི་ཡོས་ལོའི་གནས་ཀྱི་བཀའ་བབས་ཤིང་དྲག་སྔགས་ནུས་པའི་མཐུ་གྲུབ་པ་དད་དམ་མཆོག་གྱུར་རྫོགས་ཆེན་རྣལ་འབྱོར་ཉི་མ་སེང་གེས་ཡང་ཡང་བསྐུལ་བ་དང་། གཞན་ཡང་གྲུབ་ཆེན་བསམ་གཏན་རྡོ་རྗེ་སོགས་གུས་ལྡན་མང་པོས་བཞེད་པ་བཀང་ཕྱིར་རྗེ་བཙུན་བླ་མའི་བྱིན་རླབས་ཅུང་ཟད་ཞུགས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུའམ་ཀརྨ་རིན་ཆེན་མཆོག་དགའ་དགེ་བའི་དཔལ་གྱིས་མེ་ལུག་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་གཅིག་པར་མངའ་རིས་མང་ཡུལ་གུང་ཐང་ཆོས་རྒྱལ་ཕོ་བྲང་ཁྱུང་རྫོང་དཀར་པོའི་ཡང་རྩེར་མར་མེའི་ལྡང་ལ་སྨྲས་པའི་ཡིག་རིགས་ཀྱང་རང་ཉིད་ཀྱིས་བགྱིས་པའོ། །གཞན་ཡང་ཐུགས་རྒྱུད་གཅིག་གྱུར་རིན་ཆེན་བརྩོན་འགྲུས། ཤངས་པ་བསོད་ནམས་མཆོག་གྱུར། དྭགས་རབ་པ་འཁྲུལ་ཞིག་དབང་གྲགས་རྒྱ་མཚོ། ཟབ་ལུང་མི་འགྱུར་དབང་རྒྱལ་སོགས་ཀྱང་འདྲེན་པ་དང་གོང་དུ་སྨོས་པ་རྣམས་ཀྱང་དུས་མཚུངས་སུ་བྱུང་བ་ཡང་ཡོད། སྤྲུལ་པ་སོ་སོས་ངང་ཚུལ་དུ་སྣང་བའོ། །སརྦ་མངྒ་ལཾ།

༈ རིག་འཛིན་ཚེ་དབང་ནོར་བུའི་སྐྱེས་རབས་གསོལ་འདེབས།

ཨོཾ་ཨཱ་ཧཱུྃ། གཞོམ་བྲལ་ཆོས་དབྱིངས་འདུས་མ་བྱས་པའི་ངང་། །རང་མདངས་འགག་མེད་ཆོ་རལ་སྒྱུ་མའི་འཕྲུལ། །ཅིར་སྣང་གདུལ་བྱའི་དོན་དུ་བསམ་བཞིན་དུ། །སྤྲུལ་པའི་སྐྱེ་འཕྲེང་འཛིན་ལ་གསོལ་བ་འདེབས། །ངེས་པའི་དོན་ལ་རྡོ་རྗེ་སེམས་དཔའ་རུ། །གྲུབ་ཀྱང་མ་ངེས་འགྲོ་བ་འདྲེན་པའི་ཕྱིར། །ཆུ་ཟླའི་རོལ་རྩེད་བཞིན་དུ་ཕོ་དང་བལྟམས། །དུ་མར་སྣང་མཛད་ཁྱོད་ལ༴ ཐུགས་ཀྱི་རྡོ་རྗེ་རིག་འཛིན་ཧཱུྃ་ཀ་ར། །ནམ་མཁའ་སྙིང་པོ་ཟུར་ཆུང་ཤེས་རབ་གྲགས། །དྭགས་པོ་སྒོམ་ཚུལ་དགེ་སློང་ནམ་མཁའ་འོད། །མ་ཎི་རཏྣར་གྲགས་ལ༴ བཟང་པོ་དཔལ་དང་རི་ཁྲོད་དར་རྒྱས་ཞབས། །བྱང་ཆུབ་གླིང་དང་ཀཿཐོག་ཙུལ་ཁྲིམས་འབུམ། །ཀུན་མཁྱེན་སངས་རྒྱས་འཕེལ་དང་ཀུན་དགའ་ལེགས། །ཀུན་དགའ་བསྟན་འཛིན་གྲགས་ལ༴ སྙིགས་མའི་དུས་འདིར་སྔགས་ཀྱི་བརྟུལ་ཞུགས་ལ། །སུས་ཀྱང་འདྲེན་དུ་མེད་པ་གྲུབ་པའི་དབང་། །གསང་མཚན་གུ་རུ་ཞི་བ་འོད་ཅེས་པའི། །རིག་འཛིན་འཁོར་ལོས་བསྒྱུར་དེར༴ གང་ཁྱེད་གདུལ་བྱར་རྗེས་སུ་ཆགས་པའི་མདངས། །སྤྲུལ་པའི་ཟློས་གར་བསམ་གྱིས་མི་ཁྱབ་པལས། །སྦས་ཚུལ་མཆོག་ཀུན་རྒྱུ་བའི་སྤྱོད་པ་ཅན། །ཚེ་དབང་ནོར་བུའི་ཞབས་ལ༴ དེ་ལྟར་དཔལ་ལྡན་རྩ་བའི་བླ་མ་ཡི། །སྐྱེ་བའི་ཕྲེང་བར་གྱུར་ལ་གསོལ་བཏབ་མཐུས། །བདག་བརྒྱུད་ཡོངས་སུ་སྨིན་ཞིང་གྲོལ་གྱུར་ཏེ། །ཚེ་གཅིག་ཉིད་ལ་རྡོ་རྗེ་འཆང་ཐོབ་ཤོག །

ཅེས་གཙང་ལ་སྟོད་སོས་སྔར་གྱི་དབུ་མཛད་བསོད་ནམས་ཆོས་གྲགས་ཀྱི་གཙོས་གྲྭ་ཚང་སྤྱི་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་གདུང་ལས་འཁྲུངས་པའི་བྲང་པོ་དགའ་ལྡན་སྡེ་པ་བསོད་ནམས་ལྷུན་གྲུབ་ཀྱིས་ནན་ཏུ་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུར་བུ་ཟླ་ཚེས་བཟང་པོར་སྨྲས་པའི་ཡིག་རིགས་སྤྲུལ་སྐུ་ཨོ་རྒྱན་ཕྲིན་ལས་བསྟན་འཛིན་དཔལ་བཟང་པོས་བགྱིས་པ་དགེའོ། །

༈ རིག་འཛིན་རྗེའི་འཁྲུངས་རབས་གསོལ་འདེབས།

ཨོཾ་སྭཱསྟི། ཧེ་རུ་ཀ་དཔལ་ངོ་བོ་པདྨ་འབྱུང་། །རེས་འགའ་བརྟུལ་ཞུགས་སྤྱོད་པ་ཀཧྣལ། །ཐུགས་ཀྱི་འབྱུང་གནས་འཇའ་ལུས་སྨན་པའི་ཞབས། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །ཕྱག་རྒྱ་ཆེ་མཆོག་བརྙེས་པ་ནམ་མཁའ་སྙིང་། །ཡང་དག་གྲུབ་པའི་གཙོ་བོ་ཤེས་རབ་གྲགས། །འོད་གསལ་རྡོ་རྗེའི་ཐུགས་མངའ་ཚུལ་ཁྲིམས་སྙིང་། །གསོལ་བ་འདེབས་སོ༴ རྒྱ་ཆེན་སྤྱོད་འཆང་ལོ་ཙཱ་མཻ་ཏྲི་ཤྲཱི། །ཟབ་གཏེར་མངའ་བདག་བྱང་ཆུབ་གླིང་པ་དཔལ། །མཁས་པའི་ཁྱུ་མཆོག་སངས་རྒྱས་འཕེལ་བའི་སྡེ། །གསོལ་བ༴ འཇའ་ལུས་དྭངས་མའི་སྐུར་གྱུར་བསོད་ནམས་མཆོག །གནས་བརྟན་གཞུང་ལུགས་འཆད་མཁས་བཟོད་དཔལ་གྲུབ། །ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་རྒྱ་མཚོའི་སྡེ། །གསོལ་བ༴ པདྨས་རྒྱལ་ཚབ་དབང་བསྐུར་སྨོན་ལམ་མཐུས། །སངས་རྒྱས་བསྟན་སྲོག་འཛིན་ཅིང་འགྲོ་བ་འདུལ། །སྤྲུལ་པའི་རིག་འཛིན་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་བརྩེ་གཅིག་གུས་པས་འཁོར་ལོའི་མགོན། །རྩ་བའི་བླ་མར་གུས་ཤིང་དྭངས་བ་ཡིས། །ཡོན་ཏན་རྗེས་སུ་དྲན་པས་གསོལ་བཏབ་ན། །པད་འབྱུང་ནམ་སྙིང་ཅི་འདྲར་བདག་གྱུར་ཅིག །

ཅེས་རང་གི་སློབ་མ་དད་པའི་དཔལ་གྱི་དྲག་ཏུ་འཚོ་བར་གྱུར་པ་དགའ་ལྡན་ཕུན་ཚོགས་རྟག་བརྟན་ཆོས་སྡེའི་སྐུ་མཚམས་པ་སྙིང་པོ་བརྟེན་པ་རབ་རྒྱས་དང་། རབ་བྱུང་བློ་བཟང་དཔལ་འབར་སོའི་ལྔའི་བླ་མ་ཀུན་བཟང་དངོས་གྲུབ་བཟང་པོ། ལྷོ་ཟམ་གསར་པའི་སྡེ་པ་ཚེ་དབང་བསོད་ནམས་རྒྱ་མཚོ། རང་དང་ཉེ་བར་སྤྱོད་པ་པདྨ་བསྟན་འཕེལ་རྣམས་ཀྱི་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་རང་ཉིད་ཀྱི་སྦས་ཡུལ་འབྲས་ལྗོངས་བྱང་ཕྱོགས་འབྲི་མཚམས་གསང་རིར་ཤིང་ཡོས་ནག་ཟླར་སྨྲས་པ་དགེའོ། །མངྒ་ལཾ།

༈ རྣལ་འབྱོར་དབང་ཕྱུག་ཚེ་དབང་ནོར་བུའི་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཁྱབ་གཉུག་མའི་ཡེ་ཤེས་གདོད་མའི་མགོན། །ཀུན་བཟང་ཡེ་ཤེས་ཨ་ལི་ཀ་ལིའི་འཕྲེང་། །ཟུང་འཇུག་རང་རིག་བཅོམ་ལྡན་རྡོ་རྗེ་སེམས། །སྐུ་གསུང་ངོ་བོར་ཤར་ལ་གསོལ་བ་འདེབས། །ཐུགས་རྗེའི་སྒྱུ་འཕྲུལ་སྤྲུལ་པ་རྒྱ་མཚོའི་བདག །ཐུགས་ཀྱི་རྡོ་རྗེ་སྤྱོད་འཆང་ཀཧྣ་པ། །ནམ་མཁའ་སྙིང་པོ་རིན་ཆེན་རྡོ་རྗེ་འཛིན། །གྲུབ་པའི་འཁོར་ལོ་བསྒྱུར་དེར་གསོལ་བ་འདེབས། །བསྒོམ་ཚུལ་ནམ་མཁའ་འོད་དང་བྱམས་པ་མགོན། །བྱམས་པ་དཔལ་དང་ཙ་རི་རས་པའི་ཞབས། །རི་ཁྲོད་དར་མ་གཏེར་སྟོན་བྱང་ཆུབ་གླིང་། །སྤྲུལ་པའི་སྐྱེ་འཕྲེང་འཛིན་ལ་གསོལ་བ་འདེབས། །སྙིགས་དུས་འགྲོ་འདྲེན་ཤིང་རྟ་སྒྲོལ་བའི་མགོན། །མཉམ་མེད་ཐུགས་ཀྱི་ཡེ་ཤེས་རྒྱ་མཚོའི་སྡེ། །འགྲོ་བའི་དཔལ་དུ་འཆར་བ་ཡིད་བཞིན་མགོན། །རྡོ་རྗེ་ཚེ་དབང་ནོར་བུར་གསོལ་བ་འདེབས། །མགོན་ཁྱོད་མི་ཤིག་ཟག་མེད་དྭངས་མའི་སྐུར། །བསྐལ་བར་འགྲོ་བའི་དོན་དུ་བཞུགས་གསོལ་འདེབས། །བདག་སོགས་འགྲོ་ལ་སྨིན་གྲོལ་ཆོས་ཀྱི་སྐུ། །རྒྱུན་ཆད་མེད་པར་རྟག་ཏུ་བསྐོར་བར་ཤོག །གངས་ཅན་འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་། །བསྟན་འཛིན་སྐྱེས་བུ་མཐའ་དག་ཕན་ཚུན་མཛའ། །ཆོས་ཀྱི་རྒྱལ་པོའི་ཆབ་སྲིད་མི་ཉམས་བརྟན། །རྫོགས་ལྡན་ཇི་བཞིན་རྒྱལ་ཁམས་བདེ་བར་ཤོག །དེ་སྐད་ཞྭ་ལུ་བླ་མ་དགེ་བའི་བཤེས། །རིན་ཆེན་འཇམ་དཔལ་དོན་གྲུབ་ཀྱིས་བསྐུལ་ངོར། །རིག་འཛིན་ཚེ་དབང་ནོར་བུས་ས་ལུག་གི །ཆུ་སྟོད་ཚེས་བཅུར་སྐད་ཅིག་གང་ཤར་སྤེལ། །ལྒང་ལ་ཤྲཱི་ཛྭ་ལ་ཛམྦུ་དཱི་པཱ་ལྐང་ར་བྷ་ཝནྟུ།

ཨོཾ་སྭཱསྟི། ཀུན་ཁྱབ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ངེས་སོ་ལྔ་ལྡན་རྒྱལ་བ་རྡོ་རྗེ་སེམས། །འགྲོ་འདུལ་ཐུབ་ཆེན་རྒྱལ་བ་པདྨ་འབྱུང་། །རིགས་བདག་སྐུ་གསུམ་བླ་མར་གསོལ་བ་འདེབས། །འཕགས་བོད་ཡུལ་དུ་གྲུབ་པ་ཡོངས་ཀྱི་རྒྱན། །སྤྱོད་འཆང་ནག་པོ་པ་དང་ནམ་མཁའ་སྙིང་། །ཁ་ཆེར་མཆོག་བརྙེས་རིག་འཛིན་བཛྲ་སོགས། །གྲུབ་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞང་སྲས་སྐྱེ་མེད་མངོན་གྱུར་ནམ་མཁའ་འོད། །ཙ་རི་རས་ཆེན་བྱང་ཆུབ་འབུམ་དཔལ་ལྡན། །ལུང་རྟོགས་དབང་ཕྱུག་ཀཿཐོག་བྱམས་པ་འབུམ། །བསྟན་པའི་སྒྲོན་མེ་བླ་མར་གསོལ་བ་འདེབས། །གྲགས་པ་དཔལ་དང་མ་དྷེ་པཎྜི་ཏ། །བྱང་ཆུབ་གླིང་པ་ཀུན་མཁྱེན་སངས་རྒྱས་འཕེལ། །དེ་སོགས་གང་འདུལ་སྤྲུལ་པའི་ཟློས་གར་མཁན། །དྲིན་ཆེན་བླ་མ་མཆོག་དེར་གསོལ༴ སྙིགས་ལྔ་བདོ་བའི་དུས་འདིར་ངེས་གསང་གི །བསྟན་པ་སྤེལ་སླད་འགྲོ་འདུལ་སྤྲུལ་པའི་སྐུ། །རིག་འཛིན་ཚེ་དབང་ནོར་བུ་རྒྱ་མཚོའི་སྡེ། །རྗེ་བཙུན་རྩ་བའི་བླ་མར་གསོལ་བ་འདེབས། །གང་ཁྱེད་བདག་སོགས་ཞིང་འདིའི་གདུལ་བྱའི་ཆེད། །བསྐལ་པ་རྒྱ་མཚོར་སྐུ་ཚེ་འཚོ་བཞེས་བསྟན། །མཛད་པ་ཡར་ལྡན་འཕྲིན་ལས་གོང་དུ་འཕེལ། །ཆོས་བརྒྱུད་འཛིན་པས་འཛིན་ལ་ཡོངས་ཁེངས་ཤོག །གཞན་ཡང་གངས་ཅན་སྐྱེ་དགུ་མཐའ་དག་ལ། །དགའ་བདེ་རྫོགས་ལྡན་ཇི་བཞིན་སྤྱོད་པ་དང་། །ཆོས་ཀྱི་རྒྱལ་པོའི་ཆབ་སྲིད་བསྟན་པ་དང་། །ངེས་དོན་སྙིང་པོའི་བསྟན་པ་དར་རྒྱས་ཤོག །

ཅེས་ཤར་ཕྱོགས་ཀོང་ཡུལ་སོའི་ཐིག་ལེ་ལྗོན་པ་ཀླུང་གི་བླ་མ་ཀུན་བཟང་འཕྲིན་ལས་ཀློང་གྲོལ་གང་གི་གསུང་གིས་བསྐུལ་ངོར་རིག་པ་འཛིན་པས་རྔ་ཆེན་ཆུ་སྟོད་ཟླ་བའི་ཡར་ངོ་མཁའ་འགྲོ་འདུ་བའི་དུས་ཆེན་ཚེས་བཅུ་ལ་སྐད་ཅིག་མར་སྨྲས་པ་དགེའོ། །

༈ རིག་འཛིན་རྗེའི་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཁྱབ་འོད་གསལ་གཞོམ་མེད་རྡོ་རྗེ་མདངས། །ཨ་ཕྲེང་ཀ་ཕྲེང་ཟུང་འཇུག་ཡེ་ཤེས་གར། །རང་རིག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཧེ་རུ་དཔལ་བླ་མར་སྐྱབས་སུ་མཆི། །ཐུབ་དབང་བསྟན་ལ་སྔགས་ཀྱི་འཁོར་ལོས་བསྒྱུར། །འོད་དཔག་མེད་དངོས་པད་འབྱུང་ཐུགས་ཀྱི་སྲས། །སྤྱོད་འཆང་ནག་པོའི་རྣམ་འཕྲུལ་ནམ་མཁའི་སྙིང་། །རིག་འཛིན་འཁོར་ལོས་བསྒྱུར་དེར་ཕྱག་འཚལ་ལོ། །གང་ཐུགས་ཆོས་ཉིད་སྤྲོས་པ་ལས་འདས་ཀྱང་། །སྨོན་ལམ་དབང་གི་སྒྱུ་དྲ་སྤྲུལ་པའི་གར། །རྒྱ་ཆེ་རྒྱུན་མའི་ཆད་པས་གདུལ་བྱ་རྣམས། །ཐར་པ་མཆོག་ལ་དཀྲི་དེར་མགོ་བོས་བཏུད། །བསམ་མིའི་ཁྱབ་ལས་མོས་ངོ་ཉི་ཚེ་བ། །རིན་ཆེན་རྡོ་རྗེ་ཚུལ་སྙིང་ནམ་མཁའ་འོད། །འབྱམས་འབུམ་དྲག་དཔལ་རྡོར་རྒྱལ་བྱང་ཆུབ་གླིང་། །སངས་རྒྱས་འཕེལ་སོགས་དམ་པ་རྣམས་ལ་འདུད། །གཞན་ཡང་བཟོད་དཔལ་བྲག་དཀར་སེམས་དཔའ་ཆེ། །འཇིགས་མེད་ཤིང་རྟ་ཨ་ནནྟ་གཪྦྷ། །དམ་པ་དེ་རྣམས་བྱིན་རླབས་ཉེར་ཞུགས་པ། །རིག་འཛིན་ཚེ་དབང་ནོར་བུར་གསོལ་བ་འདེབས། །དུས་གསུམ་རྒྱལ་བས་གསང་སྔགས་དོན་སྟོན་མཛད། །དེ་ནི་སངས་རྒྱས་ཀུན་ལས་ལྷག་ཅེས་བསྔགས། །དེས་ན་སྨིན་གྲོལ་དོན་སྟོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུས་འདི་ནས་ཙམ་བདག་གི་ཚེ་རབས་ཀུན། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །བསླབ་གསུམ་རྣམ་དག་བླ་མའི་དགྱེས་དགུ་བསྒྲུབ། །སྨིན་གྲོལ་ས་ལམ་ཡོན་ཏན་རྩལ་ཆེན་རྫོགས། །མཐོང་ཐོས་དྲན་རེག་འབྲེལ་བཅས་འགྲོ་བ་ཀུན། །སྡུག་བསྔལ་ལས་གྲོལ་ཐར་པ་མཆོག་ལ་བཞག །ཀུན་ཀྱང་འཕྱམས་གཅིག་ཟག་མེད་བདེ་བའི་དཔལ། །ཀུན་གཟིགས་རྒྱལ་བའི་གོ་འཕང་ལ་འཁོད་ཤོག །

ཅེས་མདོ་ཁམས་ལྗང་ཆུའི་ངོགས་བྲག་དམར་གྱི་བླ་མ་ཀུན་བཟང་འཕྲིན་ལས་ཀྱི་གསེར་གྱི་མེ་ཏོག་དང་གསོལ་བ་བཏབ་པའི་ངོར་ས་འབྲུག་ས་ག་ཟླ་བའི་ཚེས་བཅུ་ལ་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རི་ཁ ཤོར་གྱི་ངོགས་སུ་ད་སནྟཱ་རི་ཤྲཱི་ཤྲཱི་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པའོ། །སརྦ་མངྒ་ལཾ།

༈ ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་བཟང་ཧེ་རུ་ཀ་དང་གཉིས་མེད་མགོན། །དཔའ་བོ་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ལུང་རྟོགས་བསྟན་པའི་རྩ་ལག་རྨད་བྱུང་བ། །རྒྱལ་སྲས་ཤནྟ་དེ་ཝར་གསོལ་བ་འདེབས། །བརྟུལ་ཞུགས་རོལ་པའི་གར་གྱི་འཛམ་གླིང་རྒྱན། །གྲུབ་ཐོབ་ནག་པོ་སྤྱོད་པར༴ ཕྱག་རྒྱ་ཆེ་མཆོག་རིག་འཛིན་སར་གཤེགས་པ། །བོད་གྲུབ་ནམ་མཁའ་སྙིང་པོར༴ གནས་ལྔ་ཀུན་རིགས་དྲེགས་པ་བྲན་དུ་བཀོལ། །རོང་ཟོམ་ཆོས་ཀྱི་བཟང་པོར༴ རྫོགས་ཆེན་སྙིང་ཐིག་ཉིན་ལྟར་བརྡལ་མཛད་མགོན། །དྲི་མེད་འོད་ཟེར་འཕྲོ་དེར༴ རྣམ་སྨིན་རིག་འཛིན་མཆོག་བརྙེས་མཁྱེན་པའི་གཏེར། །རྗེ་བཙུན་སྒྲོལ་བའི་མགོན་པོར༴ ཀུན་ཀྱང་ལས་ལུས་མ་ཡིན་སྤྲུལ་པའི་གར། །སྨོན་ལམ་དབང་གི་འགྲོ་བའི་དོན་མཛད། །རླབས་ཆེན་རྒྱལ་བའི་འཕྲིན་ལས་བྱེད་པ་པོ། །ཡང་ཡང་སྐྱེ་བའི་འཕྲེང་བ་སྟོན་དེར་འདུད། །བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་ནི། །རྒྱལ་ཀུན་ངོ་བོར་རྒྱལ་བས་ཡོངས་བསྔགས་ན། །རྡོ་རྗེ་འཛིན་དབང་དེ་ཀུན་དུས་འདི་རུ། །རྩ་བའི་བླ་མར་ཤེས་བཞི་གསོལ་བ་འདེབས། །དཔལ་ལྡན་བླ་མར་སྙིང་ནས་གསོབ་བཏབ་མཐུས། །བྱང་ཆེན་གྲངས་མེད་ལམ་ལ་མི་ལྟོས་པར། །སྐྱེ་བ་གཅིག་ལ་ལམ་ལྔ་ས་བཅུ་རྫོགས། །བྱང་ཆུབ་ཆེན་པོའི་འབྲས་བུ་མྱུར་ཐོབ་ཤོག །གནས་སྐབས་ཚེ་རིང་ནད་མེད་འབྱོར་པ་རྒྱས། །དབང་ཕྱུག་ཆེ་ཐོབ་འདོད་དོན་འབད་མེད་འགྲུབ། །བྱ་བྱེད་ཀུན་ཀྱང་བྱང་ཆེན་ལམ་དུ་གཞོལ། །འབྲེལ་བཅས་གཏན་བདེ་མཆོག་ལ་བཀོད་པར་ཤོག །སྨོན་ལམ་དེ་དག་བསླུ་མེད་ཉིད་འགྲུབ་པར། །དཀོན་མཆོག་ཀུན་འདུས་བླ་མེད་བྱིན་གྱིས་རློབས། །

ཞེས་རྒྱལ་པོ་དད་པ་དང་ལྡན་པ་ཨཱ་ན་ཐ་ཡི་དད་པའི་རྟེན་དཔལ་ནམ་མཁའ་སྙིང་པོའི་སྐུ་བརྙན་རི་མོར་བཀོད་པའི་རྒྱབ་བྱང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་རབ་མྱོས་ལྕགས་རྟ་གསར་དུ་འཆར་བ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཞི་ལ་མངའ་རིས་སྨད་ཀྱི་རྒྱལ་ཕྲན་སྨོན་ཐང་གི་ཁབ་ཏུ་བརྗོད་པ་ལའོ། །སརྦ་མངྒ་ལཾ།

༈ རིག་འཛིན་རྗེའི་གསོལ་འདེབས་བསྡུས་པ།

པདྨ་ཀ་རས་རྒྱལ་ཚབ་དབང་བསྐུར་བས། །སྨོན་ལམ་མཐུ་ཡི་སངས་རྒྱས་བསྟན་སྲོག་འཛིན། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་རིག་པ་འཛིན། །ཚེ་དབང་ནོར་བུའི་དཔལ་ལ་གསོལ་བ་འདེབས། །མངྒ་ལཾ།

༈ རིག་འཛིན་ཆེན་པོའི་གསོལ་འདེབས་བསྡུས་པ།

དུས་གསུམ་རྒྱལ་ཀུན་ངོ་བོ་པདྨ་ཡི། །ཐུགས་ཀྱི་འོད་ཟེར་འགྲོ་འདུལ་ནོར་བུ་མཆོག །དྲི་མེད་རྡོ་རྗེ་བསམ་བཞིན་སྤྲུལ་པའི་སྐུ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེས་ཡེ་ཤེས་གཟི་བྱིན་གྱིས། །བདག་གི་འཁྲུལ་རྟོག་སྒྲིབ་པའི་ཕྱོགས་ཀུན་བསལ། །རང་རིག་ཡེ་ཤེས་རྒྱལ་བའི་དགོངས་པ་རྟོགས། །དོན་གཉིས་ལྷུན་གྲུབ་ས་ཟིན་བྱིན་གྱིས་རློབས། །

མེ་ལུག་ལོར་ཚེ་དབང་དང་ཚེ་རིང་ལྷུན་གྲུབ་ལ་གནང་་བའོ། །

༈ གསོལ་འདེབས་རྒྱལ་ཀུན་ཐུགས་ཕྲིན་གཅིག་བསྡུས།

ཨོཾ་ཨཱ༔་ཧཱུྃ རྒྱལ་ཀུན་ཐུགས་འཕྲིན་གཅིག་བསྡུས་རྡོ་རྗེའི་ཆོས། །མཚོ་སྐྱེས་པདྨ་འབྱུང་གནས་འཕྲིན་ལས་ཀྱི། །ཕོ་ཉར་གྱུར་ཞིང་ཐུགས་དང་དབྱེར་མེད་པ། །གྲུབ་ཆེན་ནམ་མཁའ་སྙིང་པོར་གསོལ་བ་འདེབས། །གང་གི་རྗེས་ཆགས་འགྲོ་འདུལ་སྤྲུལ་པ་ཡི། །ཟློས་གར་ཅིར་ཡང་སྟོན་ལས་ད་དུས་འདིར། །ཐུགས་ཀྱི་འོད་མདངས་ཚེ་དབང་ནོར་བུའི་སྡེ། །རིག་པ་འཛིན་མཆོག་དེ་ལ་གསོལ་བ་འདེབས། །འགྲོ་བའི་སྣང་ངོར་དག་དང་མ་དག་པ། །ཇི་ལྟར་སྣང་ཡང་རང་ངོར་ལྐོག་འགྱུར་ནས། །གཞན་མེད་འབྲེལ་ཚད་དོན་ལྡན་ནུས་པའི་མཐུ། །ཐོབ་པར་གྱུར་པ་དེ་ལ་གསོལ་བ་འདེབས། །གང་ཁྱེད་ཆོས་གཉིས་དབྱིངས་ལས་མ་གཡོས་ཀྱང་། །རང་མདངས་གདུལ་བྱའི་དོན་དུ་ཞི་ཆགས་ཁྲོ། །འཕྲིན་ལས་བཞི་ཡི་རོལ་གར་དཔག་མེད་པ། །རྒྱུན་ཆད་མེད་པར་སྟོན་ལ་གསོལ་བ་འདེབས། །མདོར་ན་དད་ལྡན་སློབ་མས་ཁ་ཞེའི་ཚིག །སོ་སོར་མེད་པར་རྩེ་གཅིག་གསོལ་བཏབ་ན། །མཆོག་འབྲས་བདེ་བླག་སྟེར་བར་སོམ་ཉི་མེད། །དེས་ན་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །

ཞེས་གློ་བོ་ཆོས་རྒྱལ་མ་ལ་དཔལ་གྱི་གདུང་རིགས་དྲི་མ་མེད་པ་ལས་འཁྲུངས་པའི་དད་དམ་ཤེས་རབ་ཀྱི་ནོར་ལྡན་ཞབས་དྲུང་གཙུག་རྒྱན་ནོར་བུའི་གསུང་གིས་བསྐུལ་བ་དང་། གཞན་ཡང་ས་བདག་བླ་མ་ཀུན་བཟང་རྣམ་རྒྱལ་དང་། བར་ཕུག་སྦྱིན་བདག་ཡོན་ཏན་སོགས་དོན་གཉེར་མང་པོས་ནན་ཏུ་བསྐུལ་ངོར་ཚེ་དབང་ནོར་བུ་རང་ཉིད་ཀྱི་སྨྲས་པའི་ཡིག་རིས་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་གྱིས་མཛད་དོ། །

༈ གསོལ་འདེབས་རྒྱལ་བ་ཡོངས་ཀྱི་ཐུགས་རྗེ།

ཨོཾ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེ་ཕྲིན་ལས་དཔལ། །ཚིག་བསྡུས་ཨོ་རྒྱན་མཚོ་སྐྱེས་པདྨ་འབྱུང་། །ཐུགས་ཀྱི་རྣམ་རོལ་གནུབ་ཆེན་ནམ་མཁའ་སྙིང་། །གང་གི་སྙིགས་དུས་འགྲོ་ལ་ཕན་བཞེད་ནས། །དཔག་མེད་སྤྲུལ་པར་འཆར་ལས་ཆ་ཤས་གཅིག །ངེས་སྟོན་བསྟན་ལ་མི་ཕྱེད་སྙིང་སྟོབས་ཅན། །རིག་འཛིན་ཚེ་དབང་ནོར་བུ་རྒྱ་མཚོའི་སྡེ། །གང་ཁྱེད་ཁམས་དྲུག་རྡོ་རྗེའི་སྐུ་འདི་ཉིད། །དག་སོགས་སྣང་ངོར་འགོག་མེད་བརྟེན་འདི་ཡི། །འཕོ་ཆེན་ཟུང་འཇུག་སྐུ་མཆོག་ནས་བརྙེས་བར། །སྐུ་ཚེ་རྟག་བརྟན་ཐེར་ཚུལ་མི་ཕྱེད་པ། །མགོན་པོ་འོད་དཔག་མེད་ལྟར་བཞུགས་གྱུར་ཅིག །ངེས་དོན་སྙིང་པོ་མཐར་ཐུག་རྫོགས་ཆེན་གྱི། །བསྟན་པ་ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས། །ཚེ་དབང་ནོར་བུའི་ཐེག་ཆེན་སྨོན་ལམ་གང་། །བཏབ་ཀུན་བསླུ་མེད་ཕུན་ཚོགས་མྱུར་འགྲུབ་ཤོག །བདག་སོགས་སྐྱེ་བ་ཀུན་ཏུ་མགོན་པོ་མཆོག །པད་འབྱུང་ནམ་སྙིང་དངོས་རྒྱུད་སྤྲུལ་པའི་སྐུ། །རྗེས་བཟུང་རྡོ་རྗེ་སྙིང་པོ་དགའ་སྟོན་ལ། །རབ་སྤྱོད་བྱང་ཆུབ་སྙིང་པོ་ཡོངས་ཐོབ་ཤོག །

ཅེས་གུས་ཅན་མང་པོས་སྐུལ་ཞིང་རྟེན་འབྲེལ་ལ་ཡང་བབས་པ་བཅས་རྣལ་འབྱོར་པ་ཚེ་དབང་ནོར་བུ་རང་ཉིད་ཀྱིས་ཆུ་གླང་མགོ་ཟླའི་ཉེར་གསུམ་ལ་གཙང་རུ་ལག་འབྲས་སྤུངས་སུ་སྨྲས་པ་སརྦ་མངྒ་ལཾ།

༈ རྗེ་ཉིད་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། བཀྲ་ཤིས་ཀུན་ཏུ་དགེ་བ་ཆོས་ཀྱི་དབྱིངས། །དབྱིངས་ཉིད་གཡོ་བ་མེད་པ་བདེ་གཤེགས་སྙིང་། །སྙིང་པོ་དྲི་མ་བྲལ་བ་དེ་བཞིན་གཤེགས། །གཤེགས་པ་བཅོམ་ལྡན་རྒྱལ་དེས་རྟག་ཏུ་བསྲུང་། །བསོད་ནམས་ཕུང་པོ་དཔག་བསམ་ལྗོན་པའི་དབང་། །ཡེ་ཤེས་དཀྱིལ་འཁོར་མཁའ་དབྱིངས་དབུས་སུ་བརྡོལ། །དྲི་མེད་དགེ་བའི་ལོ་འདབ་རབ་ཏུ་གཡུར། །ཕུན་ཚོགས་འབྲས་བུ་གཡུར་དེ་དགེ་ལེགས་མཛོད། །ནམ་མཁའི་མཐའ་སྙམ་འགྲོ་བ་མ་ལུས་ཀུན། །གཏན་བདེ་བྱང་ཆུབ་ས་ལ་མ་བཞག་པར། །རྒྱལ་བའི་སྲས་པོ་ཚེ་དབང་ནོར་བུ་གང་། །འགྲོ་བའི་དོན་དུ་འཚོ་ཞིང་བཞེས་གྱུར་ཅིག །བཀྲ་ཤིས་མཆོག་ཀུན་ཁྱབ་པ་ནམ་མཁའི་ཁམས། །ཁམས་ཉིད་འགྱུར་བ་མི་མངའ་རྟག་ཅིང་བརྟན། །བརྟེན་གཡོ་ཀུན་ལ་ཁྱབ་པ་ངོ་བོ་དཔལ། །དཔལ་དེས་བདག་ཅག་རྣམས་ལ་རྟག་ཏུ་བསྲུང་། །

ཞེས་རང་གི་སློབ་མ་ཀུན་སྤང་པ་ཀུན་བཟང་ངེས་དོན་དབང་པོས་སམ་བྷོ་ར་ཞིག་བྱིན་པར་ཐོག་མ་དགེ་ལེགས་ཀྱི་ཆེད་དུ་གང་ཉམས་ཚར་གྱི་ལག་པའི་རོལ་རྩེད་དུ་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་ལ་རུ་ལག་འབྲས་སྤུངས་གང་དེར་སྤེལ་བ་དགེ། །མངྒ་ལཾ། དགེའོ། །དགེའོ། །དགེའོ། །

༈ གསོལ་འདེབས་རྒྱལ་བ་རྒྱ་མཚོ།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་འདུས་པའི་སྤྱི་གཟུགས་མཆོག །ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ། །ཐུགས་ཀྱི་ཡེ་ཤེས་རང་མདངས་ནམ་མཁའ་སྙིང་། །དཔའ་བོ་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །གང་གི་བྱིན་གྱིས་རླབས་ལ་སྤྲུལ་པའི་སྐུ། །པད་འབྱུང་ཟབ་གཏེར་ཁ་བྱང་འཛིན་མངའ་གསོལ། །སྦས་ཚུལ་རྣལ་འབྱོར་གང་འདུལ་སྤྱོད་པ་སྐྱོང་། །རིག་འཛིན་ཚེ་དབང་ནོར་བུར་གསོལ་བ་འདེབས། །དེ་ལྟར་རྩ་བའི་བླ་མར་གསོལ་བཏབ་ན། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པ་ཞེས། །རྡོ་རྗེ་ཐེག་པར་རྒྱ་ཆེར་སྒྲོགས་པ་ན། །བདག་གི་གསོལ་འདེབས་དེ་བཞིན་དངོས་གྲུབ་སྩོལ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་རྗེས་བདག་བཟུང་། །དམ་ཚིག་སེལ་མེད་བླ་མའི་དགྱེས་དགུ་བསྒྲུབ། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །ཚོམ་བུ་གཅིག་ཏུ་བྱང་ཆུབ་ཆེ་བརྙེས་ཤོག །

ཅེས་རིག་འཛིན་ཚེ་དབང་ནོར་བུས་ཏེ་ཡེར་ས་ཀླུ་ཕུག་གོང་དུ་བྲིས་པའོ། །སརྦ་མངྒ་ལཾ། ཤངས་འབར་ར་ཡི་གདན་ས་བ་འཇམ་གླིང་བླ་མའི་ཐུགས་དམ་ཙན་ཙཀཱ་འདིའི་རྒྱབ་ཡིག་ཏུ་བྲིས་གདའ།

༈ གསོལ་འདེབས་འཛམ་གླིང་མ།

ཨོཾ་སྭཱསྟི། འཛམ་གླིང་འདི་ན་གྲུབ་པ་ཀུན་གྱི་གཙོ། །རྒྱལ་བ་ཤཱཀྱའི་རྒྱལ་ཚབ་པདྨ་འབྱུང་། །གང་གི་ཕོ་ཉ་གནུབ་ཆེན་ནམ་སྙིང་གི །ཤེས་རྒྱུད་བྱིན་གྱིས་བརླབསནས་སྤྲུལ་པའི་སྐུར། །གྲགས་པས་གངས་རི་འཛིན་མ་ཡོངས་ཁེངས་ཤིང་། །ལྐོག་འགྱུར་གཞན་མེད་རང་གཞན་དོན་གཉིས་མཆོག །བསྒྲུབ་ལ་ཚེས་བརྩོན་ཚེ་དབང་ནོར་བུ་ཞེས། །བསྐལ་བརྒྱར་འཚོ་བཞེས་ཞབས་པད་བརྟན་གསོལ་འདེབས། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་འདིའི་མཐུས། །རེ་བ་ཇི་བཞིན་འགྲུབ་ཅིང་གང་ཁྱོད་ཀྱིས། །བྱང་ཆུབ་མཆོག་ཐུགས་བསྐྱེད་ནས་ཐེག་ཆེན་གྱིས། །སྨོན་ལམ་བཏབ་ཀུན་བདག་གི་འགྲུབ་པར་ཤོག །

ཅེས་རྩ་བའི་བླ་མ་རྫོང་ཕུ་སྤྲུལ་པའི་སྐུའི་བཀའ་རྩལ་ཐོད་དུ་བཅིང་ནས་བྱ་བྲལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པའི་ཡིག་རིག་མཁས་མཆོག་དམ་པ་འཕྲིན་ལས་བསྟན་འཛིན་ནོ། །

༈ གསོལ་འདེབས་རྒྱལ་བ་ཀུན་གྱི་ཡེ་ཤེས།

ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་འདུས་པའི་གར། །མཚུངས་མེད་བླ་མ་མཚོ་སྐྱེས་རྡོ་རྗེ་སེམས། །གཉིས་མེད་ཐུགས་ཀྱི་རོལ་རྩལ་ནམ་མཁའི་སྙིང་། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཚེ་རབས་རྟག་གུ་མགོན་ཁྱོད་རྗེས་སུ་བཟུང་། །མ་ནོར་ཐེག་ཆེན་སྔགས་ལམ་ཚུལ་ཁྲིམས་དག །ས་ལམ་ཡོན་ཏན་རྩལ་རྫོགས་རྡོར་སེམས་ཀྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །

ཅེས་དད་ལྡན་རབ་འབྱམས་པ་འཇམ་དར་དང་འབའ་རོ་ཚོགས་བདག་ཡར་འཕེལ་ཟུང་གི་གསོལ་བ་བཏབ་པའི་ངོར་ཚེ་དབང་ནོར་བུས་སྤེལ་བ་མངྒ་ལཾ།

༈ གསོལ་འདེབས་ཀུན་མཁྱེན་ཆོ་རོལ།

ཨོཾ་སྭཱསྟི། ཀུན་མཁྱེན་ཆོ་རོལ་ཨཱ་ལི་ཀཱ་ལིའི་འཕྲེང་། །མི་འགྱུར་བདེ་ཆེན་སྙིང་པོ་པདྨ་འབྱུང་། །གདལ་བྱའི་དོན་དུ་རྩ་བའི་བླ་མའི་སྐུ། །དྲན་མཆོག་དྭངས་མའི་མགོན་པོར་གསོལ་བ་འདེབས། །སརྦ་མངྒ་ལཾ།

འབྲས་སྤུངས་ནས་སྒྲོལ་མ་ལ་གནང་བའོ། །

༈ གསོལ་འདེབས་འཆི་མེད་མགོན་པོ།

ཨོཾ་སྭཱསྟི། འཆི་མེད་མགོན་པོ་པདྨ་བཛྲ་ཡི། །རྡོ་རྗེའི་བསྲུང་གི་དབུགས་དབྱུང་རྒྱལ་བའི་སྲས། །ཐ་མལ་ལྕགས་ཁམས་ཡེ་ཤེས་གསེར་འགྱུར་ཞིང་། །ཇི་བཞིན་རྒྱས་བཏབ་སྔགས་ཀྱི་རྣལ་འབྱོར་པ། །ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱི། །གཟུགས་སྐུའི་སྣང་བརྙན་འགག་མེད་འཚོ་ཞིང་བརྟན། །མཛད་འཕྲིན་བཟང་པོ་ཡར་ངོའི་ཟླ་ལྟར་འཕེལ། །ཐེག་ཆེན་སྨོན་ལམ་བཏབ་ཀུན་ཡོངས་འགྲུབ་ཤོག །

ཅེས་སྔ་འགྱུར་རྒྱལ་བའི་རིང་ལུགས་བསྟན་པའི་གསལ་བྱེད་སྒྲོལ་ཕུག་པ་ཆེན་པོའི་གསུང་གི་ངོར་མགོ་ཟླ་བའི་ཚེས་བཅུར་ཀོང་ཡུལ་རྩ་གང་དུ་རིག་འཛིན་ཚེ་དབང་ནོར་བུས་བརྗོད་པའོ། །མངྒ་ལཾ།

༈ གསོལ་འདེབས་བདེ་ཆེན་ཁམས་གང་།

ཨོཾ་སྭཱསྟི། བདེ་ཆེན་ཁམས་གང་སེམས་ཅན་བརྒྱུད་ལ་ལྟར། །སྤྱོད་འཆང་ཀཧྣ་དང་ནམ་མཁའ་སྙིང་། །རིན་ཆེན་རྡོ་རྗེ་སྒྲོལ་བའི་མགོན་པོ་ཡིས། །རྗེས་སུ་བཟུང་ལ་སྤྲུལ་པའི་རྣམ་རོལ་ཚུལ། །སྙིགས་དུས་གདུལ་བྱར་རང་གཟུགས་ཀྱིས་འདུལ་བ། །ཕྱི་ནང་རིག་པའི་གནས་དང་གནས་ལུགས་དོན། །ཡོངས་འཛིན་གུ་རུ་འཕྲིན་ལས་འགྲོ་འདུལ་ཞེས། །རིག་འཛིན་ཚེ་དབང་ནོར་བུར་གསོལ་འདེགས་ཀྱི། །འཆི་མེད་རྡོ་རྗེ་སྐུ་རུ་གྲུབ་པ་ཡིས། །གདུལ་བྱའི་དཔལ་དུ་འཕོ་འགྱུར་མེད་པ་དང་། །ཐེག་ཆེན་སྨོན་ལམ་བཟང་པོ་ཇི་བཏབ་པ། །བསླུ་མེད་དགེ་འབྲས་ད་ལྟ་ནས་སྨིན་ཤོག །

ཅེས་ཀོང་ཡུལ་དུང་མདོ་ཡི་ཁྱིམ་བདག་འབྱོར་པས་ཕྱུག་ཅིང་དད་པའི་དཔལ་དང་ལྡན་པ་ཚེ་དབང་ཆོས་འཕེལ་མཆོག་རྒྱས་དང་། རྣམ་རྒྱལ་བཀྲ་ཤིས་མཆེད་ཀྱི་གསོལ་བ་བཏབ་པའི་ངོར་ས་རྟ་མགོ་ཟླའི་ཚེས་ཉེར་གཅིག་ལ་གནས་དེ་ཉིད་དུ་ཚེ་དབང་ནོར་བུས་བརྗོད་པའོ། །མངྒ་ལཾ།

༈ གསོལ་འདེབས་འགྱུར་མེད་མཁའ་འདྲ།

ཨོཾ་སྭཱསྟི། དཔལ་བླ་མའི་སྐུ་ནི་འགྱུར་བ་མེད། །མཁའ་འདྲ་སྐྱེ་འཆི་གཞོམ་ཞིག་སྤྲོས་དང་བྲལ། །གདུལ་བྱའི་མོས་ངོར་ཡང་ནི་འོད་སྣང་མགོན། །ཇི་བཞིན་སྐུ་ཚེ་བརྟན་པར་གསོལ་བ་འདེབས། །དཔལ་ལྡན་བླ་མའི་གསུང་གི་ནཱ་དིའི་སྒྲ། །གང་གི་རྒྱུན་ལྟར་ཆད་མེད་རྡོ་རྗེའི་དབྱངས། །གདུལ་བྱའི་མོས་ངོར་ཡང་ནི་སྣང་མཛད་གསུང་། །ཇི་བཞིན་ཆད་པ་མེད་པར་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཐུགས་ནི་གསལ་གྲིབ་བྲལ། །འཕོ་མེད་བདེ་ཆེན་རྡོ་རྗེའི་ངོ་བོ་ཉིད། །གདུལ་བྱའི་མོས་ངོར་ཡང་ནི་རྒྱལ་བའི་ཐུགས། །ཡུན་ནས་ཡུན་བཞིན་བསྟན་པར་གསོལ་བ་འདེབས། །དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་རང་བཞིན། །ཡེ་ནས་རྡོ་རྗེ་གསུམ་དུ་གནས་མོད་ཀྱི། །གདུལ་བྱའི་མོས་ངོར་ཡང་ནི་རྡོ་རྗེ་བཞིན། །བསྐལ་པ་རྒྱ་མཚོར་འཚོ་བཞེས་བཞུགས་གསོལ་འདེབས། །སྙིགས་མའི་དུར་འདིར་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་གཅིག་ཏུ་མཛད་པ་རྡོ་རྗེ་འཛིན། །བདག་ལ་སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །རྩ་བའི་བླ་མ་བསྐལ་བརྒྱར་བསྟན་བཞུགས་གསོལ། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །འགྲོ་བའི་དོནལ་གང་དུ་སུ་བཞུགས་དང་། །ཚེ་རབས་རྟག་ཏུ་འདྲེན་པ་དཔལ་མགོན་མཆོག །དཔལ་ལྡན་བླ་མ་འཆི་མེད་བསྟན་བཞུགས་གསོལ། །བདག་ནི་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ། །སྐྱེས་བུ་མཆོག་རྣམས་སྐུ་ཚེ་བསྟན་བཞུགས་ཀྱི། །གསོལ་འདེབས་བྱེད་པོ་འཕགས་པ་ཙུནྡ་བཞིན། །རྟག་ཏུ་སྐྱེ་ཞིང་སྨོན་ལམ་ཐོབ་གྱུར་ཅིག །དགེ་བ་དེས་ཀྱང་མཁའ་མཉམ་འགྲོ་བ་རྣམས། །འཆི་བདག་འཁོར་བའི་སྤུང་ལས་ཡོངས་རྒྱལ་ཏེ། །འཆི་མེད་བདེ་ཆེན་རྡོ་རྗེར་བཙན་ས་མཆོག །རིང་མིན་མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །དེ་སྐད་ཀོང་ཡུལ་ས་ཡི་ཐིག་ལེ་མཆོག །བུ་ཆུ་ཞེས་གྲགས་རང་འབྱུང་འཕགས་པ་ཡི། །སྤྲུལ་པའི་གཙུག་ལག་ཁང་གི་རྩོག་ཏུ། །ཆུ་ཕག་ནག་པ་ཟླ་བའི་ཚེས་བཟང་པོར། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡི། །བསྐལ་བཟང་དམ་ལྡན་རྡོ་རྗེ་སློབ་མ་ཟུང་། །ཚེ་དབང་ཕུན་ཚོགས་ཚེ་དབང་ཕྱོགས་རྒྱས་ཀྱི། །ལྷག་བསམ་དག་པས་ར་ས་ཡ་ན་ཡི། །སྒྲུབ་ཆེན་སྐབས་སུ་འཕྲོ་ལ་གསོལ་འདེབས་ཞིག །དགོས་ཞེས་བསྐུལ་ངོར་སྨྲས་པ་དགེ་ལེགས་ཤོག །སརྦ་མངྒ་ལཾ།

༈ དཔལ་ལྡན་བླ་མའི་བརྟན་བཞུགས་ཀུན་ཁྱབ་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། ཀུན་ཁྱབ་མི་ཤིག་གདོད་མའི་ཡེ་ཤེས་ཁམས། །མ་སྐྱེས་འགགས་མེད་སྒྱུ་འཕྲུལ་རྒྱ་མཚོ་བདག །རང་རིག་སྟོང་གསལ་དོན་དམ་བླ་མ་མཆོག །ལྷན་སྐྱེས་ཆོས་ཀྱི་འཁོར་ལོར་བརྟན་བཞུགས་གསོལ། །ཅིར་སྣང་ཆོས་ཀུན་བརྡའ་ཡི་ཡེ་ཤེས་ཏེ། །གང་ལྟར་རྟོགས་ཚོགས་དྲྭ་ཝ་རང་སར་གཅོད། །འཁྲུལ་སྤངས་རང་གསལ་བརྡའ་ཡི་བླ་མ་མཆོག །དབང་ཡིད་ཡུལ་དུ་རྟགས་པར་བརྟན་བཞུགས་གསོལ། །དཔེ་མེད་བསམ་བྲལ་གདོད་མའི་ཡེ་ཤེས་ཉིད། །ཐབས་མཁས་རྒྱལ་བས་བརྡའ་ཐབས་ཚིག་གི་ཡུལ། །ཉེར་མཚོན་བྱིན་རླབས་དོན་རྒྱུད་བླ་མ་མཆོག །འཕོ་མེད་བདེ་ཆེན་འཁོར་ལོར་བརྟན་བཞུགས་གསོལ། །དོན་བརྒྱུད་རྩ་བའི་བླ་མ་བྱིན་རླབས་ཅན། །ཅིར་སྣང་བརྡའ་ཡི་བླ་མ་རང་གྲོལ་མཁན། །དོན་དམ་གཤིས་ཀྱི་བླ་མ་རང་རིག་དངོས། །བླ་མ་རྣམ་གསུམ་འབྲེལ་མེད་བརྟན་བཞུགས་གསོལ། །ཅིར་སྣང་ཆོས་ཉིད་རང་མདངས་བདེ་བ་ཆེ། །ངོ་བོ་བསམ་གྱིས་མི་ཁྱབ་ཆོས་ཀྱི་སྐུ། །གང་འདུལ་འགྲོ་ཀུན་དགེ་ལེགས་སྟོན་མཛད་མགོན། །རྩ་བའི་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །འཕོ་བཅས་རྟོགས་ཚོགས་དྲི་མ་ཡོངས་དག་པ། །འཕོ་མེད་མི་འགྱུར་བདེ་བ་ཀུན་ཏུ་བཟང་། །འཆི་མེད་དོན་དམ་བདེན་པ་རྡོ་རྗེའི་ཚེ། །དེ་སྲིད་མངོན་གྱུར་བར་དུ་སྣང་བའི་ཚུལ། །དཔོན་སློབ་མི་འབྲལ་ལྷན་ཅིག་དགྱེས་དགུ་སྤྱོད། །སྲིད་བཞི་ཕུན་ཚོགས་དཔལ་ཀུན་འཕེལ་བར་ཤོག །

ཅེས་པ་ཡང་ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་འཆིམ་གྱི་མི་ཡི་བདག་པོ་སྔགས་སྤྱོད་ཚེ་དབང་དགེ་ལེགས་ཕུན་ཚོགས་བསོད་ནམས་རབ་བརྟན་བཟང་པོའི་སྡེ་གང་གི་གསོལ་བ་བཏབ་པའི་ངོར་བོད་ཆེན་དབུས་འགྱུར་འཆང་དུ་སྐྱེས་པའི་རྣལ་འབྱོར་པ་རི་ཁ་ཅན་གྱི་ལྗོངས་ཐ་གྲུར་ཆོས་སྨྲ་བའི་བརྟུལ་ཞུགས་འཛིན་པ་ཚེ་དབང་ནོར་བུས་ཚངས་པ་རྒྱས་པའི་བུ་རོ་ཧི་དྲ་ཀླུང་འགྲམ་རང་བཟུང་རྒྱལ་བའི་གནས་ཆེན་ཆུ་བོ་གཡས་འཁྱིལ་དུ་ཆུ་ཕག་ཟླ་བ་དྲུག་པའི་ཚེས་བཅུར་སྐད་ཅིག་གང་ཤར་དུ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་ཆོས་དབྱིངས་འབྱམས་ཀླས།

ཨོཾ་སྭཱསྟི། ཆོས་དབྱིངས་འབྱམས་ཀླས་སྙིང་པོ་འདུས་མ་བྱས། །ངོ་བོ་ཉིད་སྐུ་རང་རིག་རྡོ་རྗེ་སེམས། །ཀུན་ཁྱབ་སྤྲོས་བྲལ་བདེ་བ་ཆེན་པོའི་ཁམས། །མི་ཤིག་དྭངས་མ་འགྱུར་བ་མེད་པའི་དངོས། །དམིགས་མེད་སྙིང་རྗེ་མཁའ་ལྟར་གསལ་བའི་ཐུགས། །ཕན་བདེའི་འབྱུང་གནས་རྣམ་པ་ཐམས་ཅད་པ། །དངོས་གྲུབ་ཀུན་སྩོལ་ཡིད་བཞིན་ནོར་བུ་མཆོག །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །

ཅེས་མུལྦེའི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་མདུན་ན་འདོན་རིན་ཆེན་དཔལ་འབྱོར་གྱིས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ གསོལ་འདེབབས་མཁའ་ཁྱབ་རྒྱལ་བ།

ཨོཾ་སྭཱསྟི། མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་དཔྱིད། །གཅིག་གྱུར་མི་འགྱུར་བདེ་བ་ཆེན་པོའི་གཟུགས། །རྡོ་རྗེ་སེམས་དཔའ་དཔལ་ལྡན་དང་པོའི་མགོན། །རྗེ་བཙུན་བླ་མའི་ངོ་བོར་གསོལ་བ་འདེབས། །

ཞེས་མར་ཡུལ་རྒྱལ་པོའི་དྲུང་ཡིག་བརྟན་སྐྱོང་རྒྱ་མཚོའི་ངོར་རིག་པ་འཛིན་པས་སོ། །ཤུ་བྷཾ།

༈ གསོལ་འདེབས་གདོད་ནས་རྣམ་དག།

ཨོཾ་སྭཱསྟི། གདོད་ནས་རྣམ་པར་དག་པ་ཆོས་དབྱིངས་ཁམས། །མ་རྙོག་སྒྲིམས་མེད་རང་རིག་རྡོ་རྗེ་སེམས། །དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །རྗེ་བཙུན་བླ་མའི་ངོ་བོ་གསོལ་བ་འདེབས། །

ཅེས་མར་ཡུལ་འཚོ་བྱེད་སྨན་བླ་རྡོ་རྗེའི་ངོར་རིག་པ་འཛིན་པས་སོ། །ཤུ་བྷཾ

༈ གསོལ་འདེབས་ཀུན་ཁྱབ་རྒྱལ་བ།

ཨོཾ་སྭཱསྟི། ཀུན་ཁྱབ་རྒྱལ་བ་ཚེ་མཆོག་འོད་དཔག་མེད། །ཐུགས་རྗེ་དབང་ཕྱུག་མགོན་པོ་སྤྱན་རས་གཟིགས། །ཡིད་བཞིན་ནོར་བུ་བླ་མ་པདྨ་འབྱུང་། །ཀུན་གྱི་ངོ་བོ་དྲིན་ཅན་བླ་མ་མཆོག །སྐྱབས་གནས་དམ་པར་རྩེ་གཅིག་གསོལ་བཏབ་མཐུས། །དུས་འདི་ནས་ཙམ་སྐྱེ་བ་ཇི་སྲིད་དུ། །མཚན་ཉིད་ཀུན་ལྡན་བླ་མས་རྗེས་སུ་བཟུང་། །དམ་ཚིག་སེལ་མི་ཐུགས་ཡིད་གཅིག་ཏུ་འདྲེས། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །འབྲེལ་བས་འགྲོ་ཀུན་ཐར་པའི་ལམ་ལ་བཀོད། །ཀུན་ཀྱང་ཀུན་ཏུ་བཟང་པོའི་གོ་འཕང་མཆོག །རིང་མིན་མྱུར་བ་ཉིད་དུ་ཐོབ་པར་ཤོག །

ཅེས་སྙེ་ནམ་གནས་པོ་དད་པ་ཅན་ཀརྨ་བཟང་པོ་གང་གི་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆུ་སྤྲེལ་ནག་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་སྨྲས་པའོ། །

༈ གསོལ་འདེབས་མཁའ་ཁྱབ་འགྲོ་བ།

ཨོཾ་སྭཱསྟི། མཁའ་ཁྱབ་འགྲོ་བ་ཀུན་གྱི་ཉེར་འཚོའི་དཔལ། །མཁའ་ལྟར་བརྡལ་བ་ཚད་མེད་ཐུགས་རྗེ་སེམས། །མཁའ་དབྱིངས་ཡོངས་ཁེངས་རྒྱལ་བ་སྲས་བཅས་ཀྱིས། །མཁའ་ཀློང་དབྱིངས་སུ་དབྱེར་མེད་རྡོ་རྗེ་སེམས། །དོན་དམ་རྡོ་རྗེ་ཡེ་ཤེས་རྒྱལ་ཀུན་དངོས། །དམིགས་མེད་སྙིང་རྗེ་སེམས་དཔའ་ཡེ་ཤེས་སྐུ། །རྟག་བརྟན་འགྱུར་མེད་བདེ་ཆེན་ཧེ་རུ་ཀ །སྤྱོད་འཆང་ནམ་མཁའ་སྙིང་པོར་གསོལ་བ་འདེབས། །གང་སྐུ་རྣམ་པ་ཐམས་ཅད་འགྲོ་བའི་དོན། །ཚད་མེད་སྒྱུ་འཕྲུལ་རོལ་གར་ཅིར་ཡང་བསྒྱུར། །དུས་འདིར་བདག་ཅག་འདྲེན་པ་འཁོར་ལོའི་མགོན། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །གང་གི་རྨད་བྱུང་ཐུགས་རྗེ་ལྕགས་ཀྱུ་ཡིས། །བདག་སོགས་གདུལ་བྱའི་སྙིང་ནས་ཉེར་བཟུང་ནས། །འཁོར་བའི་རྒྱ་མཚོ་ཆེ་ལས་ཡོངས་བསྒྲལ་ཏེ། །གཏན་བདེ་བྱང་ཆུབ་ས་ལ་དྲོངས་མཛད་ཀྱཻ། བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །འཁྲུལ་མེད་དཔལ་མགོན་བླ་མས་རྗེས་སུ་བཟུང་། །དེ་དགྱེས་ལས་སྤྱོད་སྔགས་ཀྱི་ས་ལམ་རྫོགས། །རིང་མིན་རྡོར་སེམས་གོ་འཕང་ཐོབ་བྱིན་རློབས། །

ཞེས་གངས་རི་ཆེན་པོ་ཏི་སེའི་ནུབ་ཕྱོགས་བོད་ཡུལ་གྱི་སྟོད་མར་ཡུལ་རྫོགས་པའི་མཐའ། འབྲུ་ན་དང་སྟོད་ཧོར་གྱི་མཚམས་ནུབ་ར་མགོན་པོའི་སྐུ་བརྙན་རང་བྱུང་མཆོག་ཏུ་གསལ་ཞིང་ལྷ་སྟོང་ཡང་འོད་ཟེར་གྱི་ཕྲེང་བ་རྟག་ཏུ་འཕྲོ་བའི་ངོགས་མགོན་ཅིག་རྩེ་ཡི་བླ་མ་སྒྲུབ་པོ། དཔེའུ་རིང་ངམ་བཀའ་རྒྱུད་ཆོས་འཕེལ་རྒྱ་མཚོས་གསོལ་བ་བཏབ་པའི་ངོར་དཔལ་རིག་པས་འཛིན་པ་དཔལ་གདོང་ཆུ་བྱ་སྟོད་ཟླ་བའི་མར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཐོབ་པ་གཉིས་པར་ཧེ་མི་སྐྱེད་ཚལ་དུ་སྨྲས་པ་དགེའོ། །སརྦ་མངྒ་ལཾ།

༈ གསོལ་འདེབས་རབ་འབྱམས་རྒྱལ་བ།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །ཐུགས་རྗེས་བྱིན་རླབས་གཅིག་ཏུ་འདུས་པའི་དཔྱིད། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ཏེ། །དེ་ལྟར་ཚེ་རབས་རྟག་ཏུ་རྗེས་འཛིན་ཤོག །མཐའ་ཡས་འགྲོ་བའི་དཔའ་བོ་རུ། །གྲངས་མེད་བསྐལ་པའི་སྔོན་ནས་ནམ་བཅས་ནས། །ད་ལྟ་སྙིགས་དུས་འགྲོ་འདུས་འདྲེན་པ་རུ། །སྐྱེ་བའི་སྲིད་པ་འཛིན་དེར་གསོལ་བ་འདེབས། །འཕགས་པའི་སར་གནས་སྨོན་ལམ་མཐུས་སྤྲུལ་པའི། །འབྲེལ་ཚད་དོན་ལྡན་ཨུ་དུམ་ཝ་ར་འདྲ། །བརྒྱ་མ་ལན་གཅིག་མཇལ་བའི་དུས་སྐབས་སུ། །ལེགས་བསྙེན་དགྱེས་པ་མཐའ་དག་བསྒྲུབ་པར་ཤོག །མཚན་ལྡན་བུད་མེད་རྒྱལ་ཀུན་ཡེ་ཤེས་ཁམས། །མཚན་ལྡན་ཡོངས་སུ་བསྐྱེད་ལ་ཆེས་བསྔགས་ན། །མཚན་ལྡན་གཞོན་ནུའི་ལུས་བཟང་རྟག་ཐོབ་ནས། །མཚན་ལྡན་བླ་མ་མཉེས་པའི་ལས་བསྒྲུབ་ཤོག །

ཅེས་ཁ་ཆེ་ཟངས་དཀར་གྱི་སྐྱེས་མ་དཀར་རྒྱུད་ཆོས་སྒྲོན་གྱི་དད་པའི་ཡིད་གསོ་བའི་སླད་དུ་དཔལ་རིག་པ་འཛིན་པ་རྒྱལ་ཁམས་པས་དཔལ་གདོད་ཆུ་བྱ་ཁྲུམས་ཟླ་བའི་དམར་ཕྱོགས་ཚེས་བཅུ་མར་ཡུལ་གྱི་ཆུ་མགོ་སྭ་ར་ཆོས་སྒར་དུ་བྲིས་པའོ། །དགེའོ། །

༈ གསོལ་འདེབས་རྒྱལ་ཀུན་འཕྲིན་ལས།

ཨོཾ་སྭཱསྟི། རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་པདྨ་འབྱུང་། །དཔའ་བོ་ཐུགས་ཀྱི་རྡོ་རྗེ་ནམ་མཁའ་སྙིང་། །རྒྱལ་བའི་སྲས་པོ་ཚེ་དབང་ནོར་བུའི་སྡེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བའི་བླ་མ་ཚེ་དབང་ནོར་བུ་ཡིས། །ཐེག་ཆེན་སྨོན་ལམ་གང་བཏབ་བསླུ་མེད་འགྲུབ། །སྐྱེ་ཀུན་པད་འབྱུང་ནམ་སྙིང་སྤྲུལ་པ་ཡིས། །རྗེས་བཟུང་བྱང་ཆེན་སྨོན་ལམ་མྱུར་འགྲུབ་ཤོག །

ཅེས་མངའ་རིའི་བཙུན་མ་ལྔ་རང་གནས་སུ་འགྲོ་བར་ཁ་འདོན་གསོལ་འདེབས་སུ་ཚེ་དབང་ནོར་བུས་ཤིང་འབྲུག་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ལ་གནུབ་ཁུ་ལུང་དུ་བྲིས། མངྒ་ལཾ།

༈ གསོལ་འདེབས་རྗེ་བཙུན་རྒྱལ་བ།

ཨོཾ་སྭཱསྟི། རྗེ་བཙུན་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ནོར་མཛོད་མཚོ་གླིང་སྐུ་འཁྲུངས་རྡོ་རྗེ་ཆོས། །འོད་ནང་མཐའ་ཡས་སངས་རྒྱས་ཀུན་གྱི་ཡབ། །པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །གང་གི་ཐུགས་ཀྱི་ཡེ་ཤེས་རང་འོད་ལས། །ཡོངས་སྣང་རྡོ་རྗེ་འཛིན་པ་ཀུན་གྱི་གཙོ། །ཐུགས་ཀྱི་རྡོ་རྗེ་དཔལ་ཆེན་ནམ་མཁའ་སྙིང་། །གྲུབ་པའི་དབང་པོ་མཆོག་དེར་གསོལ་བ་འདེབས། །ཁྱོད་ནི་འཕགས་ཆེན་ས་ལ་ཡོངས་བཞུགས་པས། །སྤྲུལ་པའི་སྒྱུ་འཕྲུལ་བགྲང་མི་བཟོད་པ་ལས། །བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་ལ། །རྩེ་གཅིག་གུས་པས་གསོལ་བ་བཏབ་གྱུར་ན། །བྱང་ཆུབ་ཆེན་པོ་དུས་འདིར་སྩོལ་གྱུར་ཞེས། །རྡོ་རྗེ་ཐེག་པར་རྒྱ་ཆེར་བསྔགས་པ་བཞིན། །བདག་གི་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཚེ་རབས་རྟག་ཏུ་མགོན་ཁྱོད་རྗེས་སུ་གཟུང་། །སྔགས་བརྒྱུད་ནས་གསུང་དམ་ཚིག་ཚུལ་བཞིན་བསྲུང་། །བླ་མའི་ཐུགས་ཀྱི་དགྱེས་དགུ་བསྒྲུབ་བྱེད་ཤོག །ཆོས་རྣམས་བདག་མེད་རྟོགས་པའི་སྟོང་ཉིད་དང་། །འགྲོ་རྣམས་ནམ་ཡང་དོར་མེད་སྙིང་རྗེ་ཡི། །སྲིད་བཞི་ལས་གྲོལ་གདོད་ནས་བདེ་བ་ཆེ། །རྡོ་རྗེ་སེམས་པའི་གོ་འཕང་མྱུར་འགྲུབ་ཤོག །ཐེག་ཆེན་ཐུན་མོང་ཐུན་མིན་ས་ལམ་གྱི། །ཡོན་ཏན་ཇི་བཞིན་རྒྱས་ཤིང་རྩལ་མྱུར་རྫོགས། །ཀུན་གཟིགས་ཇི་བཞིན་སངས་རྒྱས་ས་སྦྱངས་ནས། །མཐའ་ཡས་འགྲོ་ཀུན་འདྲེན་པར་བདག་གྱུར་ཤོག །

ཅེས་པའང་ཤར་ཕྱོགས་ཀོང་པོ་མཆིམས་ཡུལ་དགའ་ཆགས་ཀྱི་མི་རྗེ་རྣམ་དཔྱོད་ཀྱི་གེ་སར་མཆོག་ཏུ་རྒྱས་ཤིང་དད་དམ་གྱི་དཔལ་དང་ལྡན་པ་འཕྲིན་ལས་ལྷུན་གྲུབ་གང་གི་གསུང་གིས་ངོར་མདོ་ཁམས་ལྷོ་རྒྱུད་རིག་སྔགས་ཀྱི་རྣལ་འབྱོར་གྱིས་སྨྲས་པ་དགེའོ། །མངྒ་ལཾ།

༈ གསོལ་འདེབས་ཀུན་བཟང་རྡོར་སེམས།

ཨོཾ་སྭཱསྟི། གདོད་ནས་རྣམ་དག་རྒྱལ་བ་ཀུན་ཏུ་བཟང་། །རིགས་དྲུག་འདུས་པའི་སྤྱི་དཔལ་རྡོ་རྗེ་སེམས། །རྨད་བྱུང་ཕྲིན་ལས་མངའ་བདག་པདྨ་འབྱུང་། །སྐུ་གསུམ་ཀུན་འདུས་ངོ་བོ་ནམ་མཁའ་སྙིང་། །ཐུགས་ཀྱི་སྒྱུ་འཕྲུལ་ཚེ་དབང་ནོར་བུའི་སྡེ། །རྩ་བའི་བླ་མར་བརྩེ་གཅིག་གསོལ་འདེབས་ན། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱི་རྗེས་སུ་གཟུང་གྱུར་ཅིག །དམ་ཚིག་སེལ་མེད་ཐུགས་ཀྱི་དགྱེས་དགུ་བསྒྲུབ། །འཕྲིན་ལས་སྤེལ་ལ་རབ་ཏུ་བརྩོན་བྱེད་ཅིང་། །རྡོ་རྗེ་ཐེག་པའི་ས་ལམ་ཡོན་ཏན་རྫོགས། །ཚོམ་བུ་གཅིག་ཏུ་སངས་རྒྱས་འགྲུབ་པར་ཤོག །

ཅེས་སྙེ་མོ་ཨ་ཐ་གླིང་པའི་རྗེ་བཙུན་པདྨ་བདེ་ཆེན་མཚོ་སྒྲོན་དཔོན་གཡོག་གིས་གསོལ་བ་བཏབ་པའི་ངོར། རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

༈ གསོལ་འདེབས་པདྨ་ཐོད་འཕྲེང་།

ཨོཾ་རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་མཐུ། །གཅིག་བསྡུས་པདྨ་ཐོད་འཕྲེང་རྒྱལ་དེ་དང་། །དབྱེར་མེད་ནམ་སྙིང་སྒྱུ་འཕྲུལ་རོལ་པའི་གར། །ཕྲིན་ལས་འགྲོ་ཀུན་འདུལ་དེར་གསོལ་བ་འདེབས། །སྐྱབས་མགོན་ཁྱེད་ཀྱི་ཐུགས་རྗེའི་ནུས་པ་ཡིས། །བདག་གི་རྣམ་གཡེང་འཆིང་བ་ངན་འགྲོ་སྤངས། །སྡུག་མེད་ཆོས་ཀྱི་བློ་གྲོས་རབ་རྒྱས་ན། །བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་གྲང་པོ་སྨད་ཞལ་ངོ་ཕུན་ཚོགས་དར་རྒྱས་ཀྱིས་གསོལ་བ་བཏབ་པའི་ངོར་གུ་རུ་པདྨའི་སློབ་མ་ཚེ་དབང་ནོར་བུས་དབྱུག་གུ་ཟླ་བའི་ཚེས་བཅོ་ལྔར་བྲང་མཚོ་དཀྱིལ་མཐོང་དུ་སྤེལ་བ་མངྒ་ལཾ།

༈ གསོལ་འདེབས་རབ་འབྱམས་དཀྱིལ་འཁོར།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་ཀུན་གྱི་ངོ་བོ་ཉིད། །རབ་འབྱམས་དཀྱིལ་འཁོར་ཡོངས་ཀྱི་སྤྱི་དཔལ་ཆེ། །མཚོ་སྐྱེས་རྡོ་རྗེ་འགྲོ་བ་ཡོངས་ཀྱི་མགོན། །དབྱེར་མེད་ནམ་མཁའ་སྙིང་པོར་གསོལ་བ་འདེབས། །གང་གི་སྒྱུ་འཕྲུལ་རོལ་པ་འབྱམས་ཀླས་པས། །ཕྱོགས་འདིར་བདག་སོགས་གདུལ་བྱའི་སྣང་ངོ་རུ། །སྔགས་ཀྱི་རྣལ་འབྱོར་སྤྱོད་གྱུར་རིག་པ་འཛིན། །ཚེ་དབང་ནོར་བུར་གྲགས་ལ་གསོལ་བ་འདེབས། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་འདེབས་ཕན་ཡོན་ཚད་གཟུང་ལས་འདས་པས། །རྒྱལ་དང་སྲས་བཅས་རྣམ་ཀུན་གསུང་མཛད་ན། །བདག་གི་སྙིང་ནས་བླ་མར་གསོལ་འདེབས་མཐུས། །དུས་འདི་ནས་གཟུང་བྱང་ཆུབ་སྙིང་པོའི་བར། །པད་འབྱུང་ནམ་སྙིང་སྤྲུལ་པས་རྗེས་བཟུང་ཞིང་། །ཐེག་ཆེན་ས་ལམ་ཡོན་ཏན་གོང་འཕེལ་རྫོགས། །འགྲོ་ཕན་རྡོ་རྗེ་སམས་འབྲས་མྱུར་ཐོབ་ཤོག །ཁྱད་པར་ལུས་འདི་བོར་བར་གྱུར་མ་ཐག །ཨོ་རྒྱན་མཁའ་ལ་སྤྱོད་པའི་ཞིང་སྐྱེས་ནས། །དཔའ་བོ་མཁའ་འགྲོ་རྣམས་དང་བསྐལ་མཉམ་ཞིང་། །ཡེ་ཤེས་ཚོགས་ཀྱིས་འཁོར་ལོ་ལོངས་སྤྱོད་ཤོག །གཞན་ཡང་གང་སྐྱེས་དེ་ནས་སྐད་ཅིག་ལ། །རྩ་བའི་བླ་མའི་དྲུང་སྐྱོད་རྫུ་འཕྲུལ་མཐུ། །ཐོབ་ནས་ཁྲག་འཐུང་ཚེ་དབང་ནོར་བུ་ཡི། །ཞབས་བསྙེན་རྡོ་རྗེ་ཐེག་ལ་ཁུགས་པར་ཤོག །མདོར་ན་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །མ་ནོར་འཁྲུལ་མེད་མཚན་ལྡན་བླ་མ་ཡི། །རྗེས་བཟུང་དེ་ཡི་འཕྲིན་ལས་ཡོངས་བསྒྲུབ་ནས། །མཁའ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་ཤོག །

ཅེས་འདུས་འབྱུང་བདེ་གླིང་སྡེ་པའི་སྲས་མོ་དད་པ་ཅན་མཛེས་སྡུག་གི་ཉི་མའི་ནན་རྟེན་ཆེན་པོས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གསོལ་འདེབས་ཧེ་རུ་ཀ་དཔལ།

ཨོཾ་སྭཱསྟི། ཧེ་རུ་ཀ་དཔལ་གདོད་ནས་ཀུན་ཏུ་བཟང་། །ཐུབ་པའི་བསྟན་པ་བརྟུལ་ཞུགས་རོལ་པའི་རྒྱན། །མཚུངས་པ་མི་མངའ་སྤྱོད་འཆང་ཀཧྣ་པ། །ཁྱེད་ལ་གསོལ་བ་འདེབས་སོ་བདག་བྱིན་རློབས། །དུས་འདིར་སྨིན་གྲོལ་ཡེ་ཤེས་བྱིན་རླབས་མཐུ། །ཇི་བཞིན་བསྟེན་མཛད་རྡོ་རྗེ་སློབ་དཔོན་ཡང་། །ཧེ་རུ་ཀ་དཔལ་ཁྱེད་ཀྱི་ཆོ་འཕྲུལ་སྟེ། །རྩ་བའི་བླ་མར་གསོལ་འདེབས་བདག་བྱིན་རློབས། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །རྡོ་རྗེ་འཆང་བརྙེས་བླ་མ་མཆོག་དང་མཇལ། །དེ་ཡིས་རྗེས་གཟུང་དམ་ཚིག་རྣམ་པར་དག །རིག་མིན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །

ཅེས་དད་པ་ཅན་ཚེ་ལྷ་སྒྲོལ་དཀར་གྱིས་བསྐུལ་བའི་ངོར་ཕྱོགས་མེད་རྒྱལ་ཁམས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆོས་འཁོར་དཔལ་གྱི་ལྷ་སར་གྲོ་ཞུན་ཟླ་བའི་ཡར་ཚེས་དགའ་བ་གཉིས་པ་ལ་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་ཆོས་ཉིད་དག་པ།

ཨོཾ་སྭཱསྟི། ཆོས་ཉིད་དག་པ་རྣམ་འགྱུར་སྒྱུ་མ་རུ། །རང་ཤར་བདེན་གཉིས་ཟུང་འཇུག་དོན་རྟོགས་ཤིང་། །རྒྱལ་བའི་བསྟན་དང་བསྟན་འཛིན་དུ་མའི་དཔལ། །རིག་འཛིན་ཚེ་དབང་ནོར་བུར་གསོལབ་འདེབས། །ཚེ་རབས་རྟག་ཏུ་ཡིད་བཞིན་གཏེར་དུ་གྲུབ། །དཔལ་མགོན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་ལ་སྟོད་དཔལ་མོ་ཆོས་ལྡིང་སྒྲུབ་སྡེའི་དབུ་མཛད་ནམ་མཁའ་རྒྱལ་མཚན་གྱིས་གསོལ་བ་བཏབ་པའི་ངོར་རིག་པ་འཛི་པ་ཚེ་དབང་ནོར་བུས་དྲང་སྲོང་སྲིན་པོ་རིར་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་ཀུན་ཁྱབ་མི་ཤིགས་དྭངས་མ།

ཨོཾ་སྭཱསྟི། ཀུན་ཁྱབ་མི་ཤིག་དྭངས་མ་གསུལ་ལྡན་མགོན། །ཀུན་བཟང་བདེ་བའི་ཐིག་ལེ་མི་འགྱུར་དཔྱིད། །ཀུན་དགའ་ཕུན་ཚོགས་དཔལ་ཀུན་འབྱུང་བའི་གནས། །ཀུན་ཏུ་དཔལ་ལྡན་བླ་མར་གསོལ་བ་འདེབས། །གང་གི་ཐུགས་རྗེ་ཚེ་རབས་ཇི་སྲིད་དུ། །དམ་པས་རྗེས་བཟུང་མ་ནོར་ལམ་ལ་ཞུགས། །བསླབ་གསུམ་རྣམ་དག་དོན་གཉིས་ལྷུན་གྱིས་འགྲུབ། །རྒྱལ་མཆོག་གོ་འཕང་མྱུར་དུ་འགྲུབ་པར་ཤོག །

ཅེས་རྗེ་དྲུང་ཚེ་དབང་མཆོག་ལྡན་ཁམས་གོ་འཇོའི་བླ་མར་འགྲོ་གདོང་རིག་པ་འཛིན་པས་བརྗོད་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་ཀུན་ཁྱབ་སྤྲོས་བྲལ།

ཨོཾ་སྭཱསྟི། ཀུན་ཁྱབ་སྤྲོས་བྲལ་རང་རིག་རྡོ་རྗེ་སེམས། །ཨོ་རྒྱན་ཞིང་གི་གཙོ་མཆོག་ཐུགས་རྡོ་རྗེ། །གང་གི་སྨོན་ལམ་མཐུ་ལས་འཕགས་བོད་དུ། །སྤྱོད་འཆང་ནག་པོ་པ་དང་ནམ་མཁའ་སྙིང་། །རིག་འཛིན་མཆོག་གྲུབ་སླར་ཡང་རྗེས་ཆགས་ཀྱི། །སྤྲུལ་པའི་སྐྱེ་སྲིད་དུ་མར་འཛིན་མཛད་པ། །བཀའ་དྲིན་གསུམ་ལྡན་དྲིན་ཆེན་བླ་མ་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གང་གི་ཞབས་བཟུང་མཐའ་བྲལ་རྡོར་དཀྱིལ་ནི། །ལྟེ་གསང་སང་གི་ཆུ་སྐྱེས་རྒྱས་པའི་མཁར། །སྙིང་མགྲིན་བདེ་ཆེན་ཉི་ཟླ་རིན་ཆེན་གཏེར། །གཞོམ་མེད་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག །ས་གསུམ་ངེས་དོན་སྙིང་པོའི་ཆོས་སྨྲས་ཁྱབ། །འོད་གསལ་རྫོགས་ཆེན་བསྟན་འཛིན་ཀུན་ཏུ་རྒྱས། །བདག་སོགས་རྗེས་འཇུག་མཆོག་ཐུན་དངོས་གྲུབ་བརྙེས། །ཚོམ་བུ་གཅིག་ཏུ་འོད་དཔག་མེད་འགྲུབ་ཤོག །

ཅེས་པ་ཡང་ཙང་རོང་ཆོས་གཏེར་གླིང་གི་རྣམ་འདྲེན་འོད་མཆོག་སྤྲུལ་པའི་སྐུ་བསྐལ་བཟང་འཇིགས་མེད་ལྷུན་འགྲུབ་དཔལ་བཟང་པོའི་གསུང་གིས་བསྐུལ་བའི་ངོར་རིག་འཛིན་ཚེ་དབང་ནོར་བུས་སྣར་ཐང་དུ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་གདོད་ནས་སྙོག་མེད།

ཨོཾ་སྭཱསྟི། གདོད་ནས་སྙོག་མེད་རྒྱལ་བ་འོད་མི་འགྱུར། །ཁ་སྦྱོར་ཡན་ལག་བདུན་ལྡན་ཚེ་དཔག་མེད། །རྒྱལ་ཀུན་ཕྲིན་ལས་བྱེད་པ་པདྨ་འབྱུང་། །སྐུ་གསུམ་ཀུན་འདུས་ངོ་བོ་བཀའ་དྲིན་ཅན། །སྙིགས་མའི་དུས་སུ་འགྲོ་འདུལ་རྒྱལ་བའི་སྲས། །མཚུངས་མེད་རྩ་བའི་བླ་མར་གསོལ་བ་འདེབས། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །ཐར་པའི་ལམ་སྟོན་མཚན་ལྡན་བླ་མ་མཇལ། །དགྱེས་པའི་རྗེས་བཟུང་དམ་ཚིག་རྣམ་པར་དག །བདག་གི་སྒོ་གསུམ་བླ་མ་དགྱེས་ལ་སྤྱོད། །བསླབ་གསུམ་རྣམ་དག་ས་ལམ་ཡོན་ཏན་ཀུན། །ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ། །འབྲེལ་བཅས་འགྲོ་ཡང་ཚོམ་བུ་གཅིག་པ་རུ། །བྱང་ཆུབ་ཆེ་འབྲས་མྱུར་དུ་ཐོབ་པར་ཤོག །

ཅེས་དད་ལྡན་ལྕམ་ཕུན་ཚོགས་ལྷ་མོས་བསྐུལ་བའི་ངོར་དཔལ་རིག་པ་འཛིན་པས་སྤེལ་བ་སརྦ་མངྒ་ལཾ།

༈ གསོལ་འདེབས་མཆོག་གསུམ་རྩ་གསུམ།

ཨོཾ་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཀུན་འདུས་དཔལ། །དཔལ་ལྡན་རྩ་བའི་བླ་མའི་ངོ་བོ་ཉིད། །འོད་དཔག་མེད་མགོན་སྤྱན་རས་གཟིགས་དབང་ཕྱུག །པདྨ་ཀ་ར་སྙིང་ནས་གསོལ་བ་འདེབས། །བདག་གི་དུས་གསུམ་བསགས་ཡོད་དགེ་བ་ཀུན། །འོད་དཔག་མེད་མགོན་ཅི་འདྲ་དེ་ཐོབ་པའི། །རྒྱུ་རུ་ཡོངས་བསྔོ་བསླུ་མེད་གེགས་མེད་པར། །རིགས་མིན་རྫོགས་སངས་རྒྱས་དེ་འགྲུབ་གྱུར་ཅིག །དེ་སྲིད་སྐྱེ་ཀུན་མཐོ་རིས་འཕགས་པའི་ནོར། །ཕུན་ཚོགས་ཐོབ་ཅིང་བཤེས་གཉེན་དམ་པས་ཟིན། །ཚོགས་གསུམ་གོང་འཕེལ་ས་ལམ་ཡོན་ཏན་རྫོགས། །འབྲེལ་བཅས་འགྲོ་ཀུན་མཐར་མཆོག་ལ་བཀོད་ཤོག །

ཅེས་གཙང་ཉང་སྟོད་པ་རྣམ་སྲང་ཕུག་གི་སྡེ་པ་བློ་གྲོས་ཀྱི་ནོར་ལྡན་ཆོས་གྲགས་གང་གིས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཕྲུལ་སྣང་གི་གཙུག་ལག་ཁང་འདབས་སུ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་གདོད་ནས་རྒྱལ་བ།

ཨོཾ་སྭཱསྟི། གདོད་ནས་རྒྱལ་བ་མཆོག་ཏུ་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་ལོངས་སྐུ་འོད་དཔག་མེད། །འགྲོ་འདུལ་སྤྲུལ་སྐུ་ཚེ་དབང་པདྨ་འབྱུང་། །ཀུན་འདུས་སྤྱི་དཔལ་དྲིན་ཆེན་བླ་མའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚེ་རབས་རྟག་ཏུ་བླ་མ་མཆོག་གི་ཟིན། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །རྒྱལ་བའི་གནས་ཐོབ་འགྲོ་ཀུན་འདྲེན་པར་ཤོག །

ཅེས་ཡུལ་མདོ་ཁམས་ཞེ་ཞེ་འོན་གྱི་བླ་མ་བསོད་ནམས་གྲགས་པས་གསོལ་བ་བཏབ་པའི་ངོར་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་གཟི་བརྗིད་འོད་དཔག་མེད།

ཨོཾ་སྭཱསྟི། གཟི་བརྗིད་འོད་དཔག་མེད་མགོན་པདྨ་འབྱུང་། །བརྟུལ་ཞུགས་གྲུབ་པ་ཡོངས་གཙོ་ཀཧྣ། །མཚུངས་མེད་འཁོར་ལོའི་མགོན་པོ་བདེ་བ་ཆེ། །རྩ་བའི་བླ་མའི་ངོ་བོར་གསོལ་བ་འདེབས། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་འཕགས་ནོར་བདུན་གྱིས་ཕྱུག །བཤེས་གཉེན་མཆོག་གིས་རྗེས་བཟུང་བསླབ་གསུམ་དག །རིང་མིན་རྡོ་རྗེ་འཆང་འབྲས་མྱུར་འགྲུབ་ཤོག །

ཅེས་ཡུལ་ཀསྨི་ར་ཡི་མཚོ་ལ་དྭགས་རྒྱལ་པོའི་བློན་པོ་དད་པ་ཅན་དགེ་སློང་ཆོས་འབྲུག་བརྒྱས་དང་། བླ་མ་རྒྱ་མཚོ་མཆེད་ཀྱི་ངོར་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །

༈ གསོལ་འདེབས་ཀུན་ཁྱབ་སྤྲོས་བྲལ།

ཨོཾ་སྭཱསྟི། ཀུན་ཁྱབ་སྤྲོས་བྲལ་ཀུན་གྱི་སྙིང་དབུས་སུ། །རྟག་བརྟན་གཡུང་དྲུང་བདེ་བ་ཆེན་པོའི་སྐུ། །དཔལ་ལྡན་དང་པོའི་རྡོ་རྗེ་སེམས་དཔའ་ཆེ། །ལྷག་པའི་ལྷ་མཆོག་རྗེ་བཙུན་བླ་མ་གང་། །བདག་གི་ཆོས་ཀྱི་འཁོར་ལོ་འདབ་རྒྱས་རྩ། །མོས་གུས་གེ་སར་ཟེའུ་འབྲུ་མཛེས་པའི་དབུས། །བྱང་ཆུབ་སྙིང་པོའི་བར་དུ་བརྟན་བཞུགས་ཤིང་། །བདག་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས། །དབྱེར་མེད་ཟུང་འཇུག་མི་ཤིག་རྡོ་རྗེ་འཆང་། །འདུ་འབྲལ་མེད་པའི་ངོ་བོར་ལྷུན་གྲུབ་ཅིང་། །མཐའ་ཡས་འགྲོ་བ་ཡོངས་ཀྱི་འདྲེན་པ་མཆོག །ཀུན་གཟིགས་རྒྱལ་བ་ཇི་འདྲ་མྱུར་ཐོབ་ཤོག །

ཅེས་སྤྲུལ་པའི་སྐུ་རིང་འཛིན་ཡོན་ཏན་རྒྱ་མཚོ་གང་གིས་བསྐུལ་བའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་སུ་སྦྲུལ་གྱི་ལོ་སྣྲོན་ཟླ་བའི་ཚེས་བཟང་པོར་བརྗོད་པ་དགེ་ལེགས་སུ་གྱུར་ཅིག་སརྦ་མངྒ་ལཾ།

༈ གསོལ་འདེབས་གསང་གསུམ་མཁའ་ཁྱབ།

ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་གསང་གསུམ་མཁའ་ཁྱབ་དཔལ། །ཀུན་གྱི་སྙིང་པོ་གངས་ཆེན་རིགས་གཅིག་བདག །སྐུ་དང་ཡེ་ཤེས་ཟུང་འཇུག་རྡོ་རྗེ་སེམས། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས།

༈ གསོལ་འདེབས་ཀུན་ཁྱབ་འགྱུར་མེད།

ཨོཾ་སྭཱསྟི། ཀུན་ཁྱབ་འགྱུར་མེད་སྤྲོས་བྲལ་བདེ་བ་ཆེ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ཉིད། །བླ་མ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུར། །གསོལ་བ་འདེབས་སོ་ཆེ་མཆོག་དངོས་གྲུབ་སྩོལ། །སྐུ་དང་ཞིང་ཁམས་འདུ་བྲལ་མེད་པའི་བདག །ཁ་སྦྱོར་ཟུང་འཇུག་མཉམ་ཉིད་རྒྱལ་ཀུན་གསུང་། །བླ་མ་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས། །གསོལ་བ་འདེབས་སོ༴ ཐུགས་རྗེ་རོལ་རྩལ་མཁའ་ཁྱབ་གདུལ་བྱའི་མགོན། །གང་འདུལ་སྒྱུ་འཕྲུལ་བྲལ་བ་རྒྱལ་བའི་ཐུགས། །བླ་མ་རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར། །གསོལ་བ༴ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ངོ་བོ། །ཆོས་ལོངས་སྤྲུལ་སྐུ་ཀུན་གྱི་སྤྱི་དཔལ་ཆེ། །ངོ་བོ་ཉིད་སྐུ་བླ་མ་རྡོར་སེམས་ལ། །གསོལ་བ༴ ལྷག་པའི་ལྷ་མཆོག་བླ་མ་རྡོར་སེམས་མཐུའི། །བདག་ལུས་ཕུང་ཁམས་ལྷན་སྐུ་ཕྱག་རྒྱར་གྲོལ། །བདག་ངག་གཞོམ་མེད་རྡོ་རྗེའི་དབྱིངས་སུ་ཤར། །བདག་གཉིས་རྡོར་སེམས་ཐུགས་དང་རོ་མཉམ། །ནམ་མཁའ་མཐར་ཐུག་སེམས་ཅན་ཀུན་གྱི་དོན། །འབད་མེད་ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟར། །ཕན་བདེ་དགེ་བའི་བཙས་སུ་ཡོངས་གྲུབ་ནས། །ཀུན་ཀྱང་རྡོར་སེམས་གོ་འཕང་ལ་བཀོད་ཤོག །

ཅེས་མང་ཡུལ་གུང་ཐང་དུ་སྔགས་འགྱུར་གྱི་རིག་སྔགས་འཆང་བ་མཚར་དུ་མངར་བ་མདོ་འོ་ཆེ་ཡི་གདུང་ལས་བྱོན་པ་སྔགས་འཆང་རྒྱལ་སྲས་སེངྒེའི་གསུང་གིས་བསྐུལ་བའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུའི་སྟོད་མངའ་རིའི་ཆ་ཙན་ཡུལ་ཟངས་ཐང་དམར་པོའི་འདབས་རྒྱབ་སྐྱིབ་ཞེས་པར་ས་སྦྲུལ་སྣྲོན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་རྒྱལ་ཀུན་འདུས་ཞལ།

ཨོཾ་སྭཱསྟི། རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་འཆང་། །རྒྱལ་བའི་རྒྱལ་ཚབ་དཔལ་ལྡན་ནམ་མཁའི་སྙིང་། །སྙིགས་དུས་འགྲོ་འདུལ་གསུམ་ལྡན་རྡོ་རྗེ་འཛིན། །ཚེ་དབང་ནོར་བུར་སྙིང་ནས་གསོལ་འདེབས་ཀྱི། །ཚེ་རབས་རྟག་ཏུ་ཡོངས་འཛིན་དམ་པ་ཡི། །རྗེས་བཟུང་དབང་བསྐུར་གདམ་པས་རྒྱུད་གྲོལ་ནས། །ཐེག་ཆེན་རྟག་ཏུ་ཡོངས་འཛིན་དམ་པ་ཡི། །རྗེས་བཟུང་དབང་བསྐུར་གདམ་པས་རྒྱུད་གྲོལ་ནས། །ཐེག་ཆེན་ས་ལམ་ཡོན་ཏན་རྩལ་ཆེན་རྫོགས། །མྱུར་དུ་རྡོ་རྗེ་སེམས་དཔའ་ཉིད་འགྲུབ་ཤོག །ཅེ

ས་དད་ལྡན་བླ་མ་འགྱུར་མེད་དང་ལྕམ་སྲིང་ལ་ནོར་བུ་ཆོས་འཛོམ་ཞེས་པས་གསོལ་བ་བཏབ་པའི་ངོར་རིག་འཛིན་རྒྱལ་ཁམས་པས་སྨྲས་པ་མངྒ་ལཾ།

༈ གསོལ་འདེབས་ཕྱོགས་མེད་རྒྱལ་ཁམས།

ཨ་ཧཾ། ཕྱོགས་མེད་རྒྱལ་ཁམས་ཡངས་པ་རུ། །བདེ་ཆེན་དགའ་མར་སྟག་རྩེན་ནས། །ཆགས་ཅན་རོས་མྱོས་གླུ་མཆོག་མཁན། །ཡན་པ་བློ་དེར་གསོལ་བ་འདེབས། །ཆོས་དབྱིངས་འོད་གསལ་བྷ་ག་རུ། །རིག་པའི་རྡོ་རྗེ་བསྣུན་བྱེད་ནས། །ལྷན་སྐྱེས་དགའ་བའི་གད་མོ་སྒྲོགས། །འཁྱལ་པོ་དེ་ལ་གསོལ་བ་འདེབས། །

ཅེས་གྲུབ་ཆེན་ཨོ་རྒྱན་བདེ་ཆེན་དབང་ཕྱུག་གིས་བསྐུལ་ངོར་སྨྱོན་པ་ཚེ་དབང་ནོར་བུས་སྨྲས།

༈ གསོལ་འདེབས་སྲིད་པའི་མུན་བཅོམ།

ཨོཾ་སྭཱསྟི། ཇི་བཞིན་འོད་གསལ་སྲིད་པའི་མུན་བཅོམ་པ། །སྣང་བ་མཐའ་ཡས་སངས་རྒྱས་ཀྱི་ཡབ། །མཁའ་ཁྱབ་གདོད་མའི་མགོན་པོ་ཆོས་ཀྱི་སྐུར། །གསོལ་འདེབས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཚད་མེད་ཐུགས་རྗེའི་སྤྱན་རས་ཡངས་པོ་ཡི། །མཐའ་ཡས་འགྲོ་ལ་རྟག་གཟིགས་གངས་ཅན་མགོན། །རྒྱལ་བ་རྒྱ་མཚོ་ལོངས་སྤྱོད་རྫོགས་པའི་སྐུར། །གསོལ་འདེབས་སྨིན་ཅིང༴ རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པདྨོ་ནས། །རང་འབྱུང་སྤྲོས་ཀུན་བྲལ་ནས་རྫོགས་སངས་རྒྱས། །མཚོ་སྐྱེས་རྡོ་རྗེ་མཆོག་གི་སྤྲུལ་པའི་སྐུར། །གསོལ་བ་འདེབས༴ སྐུ་གསུམ་རྒྱལ་བ་ཀུན་ཀྱང་རོ་མཉམ་ཞིང་། །ཆོས་ཉིད་སྙིང་རྗེས་ཟུང་འཇུག་ངོ་བོ་ཉིད། །བདག་སོགས་དཔལ་མགོན་རྩ་བའི་བླ་མ་ལ། །གསོལ་བ་འདེབས༴ དེ་ལྟར་སྐུ་གསུམ་དབྱེར་མེད་བླ་མ་ལ། །ཟོལ་མེད་སྙིང་ནས་གུས་པས་གསོལ་འདེབས་ན། །བྱིན་གྱིས་རློབས་ཤིག་མཚུངས་མེད་འགྲོ་བ་མགོན། །དབང་བཞི་བསྐུར་ཞིང་དཀྱིལ་འཁོར་འཁོར་ལོའི་གཙོ། །ཐེག་ཆེན་ས་དང་ལམ་གྱི་ཡོན་ཏན་ཀུན། །སྐད་ཅིག་གདན་ཐོག་འདི་རུ་རྫོགས་བསྒྲོད་དེ། །མཁའ་ཁྱབ་གདུལ་བྱ་སེམས་ལྡན་མ་ལུས་ཀུན། །སྐུ་གསུམ་རྒྱལ་བའི་ས་ལ་བཀོད་པར་ཤོག །

ཅེས་མངའ་རིས་སྨད་མ་ཡུལ་གུང་ཐང་གི་རི་ཁྲོད་པ་དགེ་སློང་རྡོ་རྗེ་འཛིན་གྱུར་དཔལ་འབྱོར་རྒྱ་མཚོས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ལོ་པཎ་དམ་པ་མང་པོས་བསྟི་བའི་གནས་ཡང་དོག་ནགས་མཚོ་ལོ་ཙཱ་བའི་མཆོད་རྟེན་ངོགས་སུ་དཀར་པོས་ལོ་སྣྲོན་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པ་ལ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་སྤྲོས་བྲལ་ཆོས་དབྱིངས།

ཨོཾ་སྭཱསྟི། ཀུན་གྱི་རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ལྡན་དམ་པ་དང་པོའི་མགོན། །མཐའ་ཡས་འགྲོ་བའི་ཕུན་ཚོགས་ཀུན་འབྱུང་བཞི། །ཁྱབ་བདག་རྩ་བའི་བླ་མར་གསོལ་བ་འདེབས། །རང་ངོ་ཆོས་ཉིད་གཞན་ངོ་ཐུགས་རྗེའི་དཔལ། །རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་བསྡུད་པ་པོ། །མཁའ་འགྲོ་དྲྭ་བ་སྡོམ་མཛད་ཧེ་རུ་ཀ །ཡང་དག་རྩ་བའི་བླ་མར་གསོལ་བ་འདེབས། །གདུལ་བྱའི་སྣང་ངོར་གྲུབ་པའི་བརྟུལ་ཞུགས་ཀྱི། །འཕགས་ཡུལ་རྒྱན་གྱུར་དཔལ་ལྡན་ཀཧྣ་པ། །བོད་ཡུལ་འདི་ན་ཐུགས་ཀྱི་གྲུབ་བརྙེས་གཙོ། །ནམ་སྙིང་རྩ་བའི་བླམ་མར་གསོལ་བ་འདེབས། །གང་གི་སྤྲུལ་པ་ཆུ་སྣོད་ཟླ་གཟུགས་བཞིན། །རིན་ཆེན་རྡོ་རྗེ་བསྒོམ་ཚུལ་ནམ་མཁའ་འོད། །ཀཿཐོག་བྱམས་ཆོས་ལུང་བྱང་ཆུབ་འབུམ། །སྤྲུལ་གྱུར་རྩ་བའི་བླ་མར་གསོལ་བ་འདེབས། །སྙིགས་མའི་དུས་འདིར་གཞན་ཕན་འཕྲིན་ལས་ཅན། །ཀློང་ཆེན་རབ་འབྱམས་རྗེ་བཙུན་ཀུན་དགའ་སྙིང་། །གང་གི་རིང་ལུགས་འཆད་སྤེལ་སྙིང་སྟོབས་ཅན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །རང་ལ་བཀའ་དྲིན་བཞི་ལྡན་བླ་མ་ནི། །སངས་རྒྱས་ཀུན་ལས་ལྷག་ཞེས་རྒྱལ་བས་བསྔགས། །དེས་ན་དྲིན་ཆེན་རྩ་བའི་བླ་མ་ལ། །སྙིང་ནས་རྩེ་གཅིག་གུས་པས་གསོལ་འདེབས་ཀྱི། །བདག་ཅག་དུས་འདི་ནས་བཟུང་བྱང་ཆེན་བར། །ཚེ་རབས་ཚེ་བརྒྱུད་ཀུན་ཏུ་དལ་འབྱོར་བརྟེན། །ཕུན་ཚོགས་དགེ་བའི་བཤེས་གཉེན་མཆོག་གི་ཟིན། །བསླབ་གསུམ་རྣམ་དག་ས་ལམ་ཡོན་ཏན་འཕེལ། །འབྲེལ་བཅས་འགྲོ་ཀུན་མཐར་མཆོག་ལ་ཏྲི་ཤོག །ཁྱད་པར་མཚན་ལྡན་རྡོ་རྗེ་སློབ་དཔོན་གྱིས། །དབང་བསྐུར་དམ་ཚིག་རྣམ་དག་བསྐྱེད་རྫོགས་དྲོད། །མྱུར་ཐོབ་ཚེ་གཅིག་རྡོར་འཆང་ས་བསྙེས་ནས། །མཁའ་མཉམ་འགྲོ་བ་འདྲེན་པའི་བྱེད་པར་ཤོག །

ཅེས་མདོ་ཆེན་རིག་སྔགས་འཆང་བའི་གདུང་དྲི་མ་མེད་པ་ལས་ཉེ་བར་བྱོན་པ་སྒྱུ་འཕྲུལ་རྡོ་རྗེའི་རྣལ་འབྱོར་པ་གསང་བདག་རྒྱལ་སྲས་སེངྒེའི་གསུང་གིས་བསྐུལ་བ་ལ་བརྟེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་པ་ས་འབྲུག་མགོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་གུང་ཐང་ར་ལ་ཟ་འོག་ཕུག་ནས་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་རྒྱལ་ཀུན་མཁའ་ཁྱབ།

ཨོཾ་སྭཱསྟི། རྒྱལ་ཀུན་མཁའ་ཁྱབ་ཡེ་ཤེས་གདོད་མའི་གཤིས། །རང་བཞིན་འོད་གསལ་ཟུང་འཇུག་རྡོ་རྗེ་སེམས། །གདུལ་བྱའི་སྣང་ངོར་རྡོ་རྗེ་སློབ་དཔོན་གཟུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་གྲུབ་པའི་སློབ་དཔོན་སྤྱོད་པ་བའི། །སྨོན་ལམ་མཐུས་གྲུབ་བོད་གྲུབ་ནམ་མཁའ་སྙིང་། །གང་གི་རྗེས་ཆགས་ཆ་ཤས་བྱིན་བརླབས་པ། །འཕྲིན་ལས་འགྲོ་ཀུན་འདུལ་དེར་གསོལ་བ་འདེབས། །བདག་གི་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ། །ཡང་དག་བླ་མས་རྗེས་བཟུང་དམ་ཚིག་བརྟན། །སྨིན་གྲོལ་དྲོད་ཐོབ་ས་ལམ་ཡོན་ཏན་རྫོགས། །རྡོ་རྗེ་འཆང་འབྲས་རིང་མིན་མྱུར་འགྲུབ་ཤོག །

ས་མདོ་ཁམས་ཡུལ་ཀླུང་གི་བཙུན་པ་མཚོ་བྱེད་ཀུན་བཟང་བློ་གྲོས་ཀྱིས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཇོ་མོ་ཁ་རེག་གི་འདབས་སུ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་ཁྱབ་བརྡལ་རང་བྱུང་།

ཨོཾ་སྭཱསྟི། ཁྱབ་བརྡལ་རང་བྱུང་སངས་རྒྱས་ཀུན་ཏུ་བཟང་། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་། །སྤྲུལ་པའི་སྐུ་མཆོག་རྒྱལ་བ་ཤཱཀྱ་ཐོག །སྐུ་གསུམ་ངོ་བོ་ཀུན་འདུས་པདྨ་འབྱུང་། །སྐུ་བཞི་བདག་ཉིད་འདྲེན་མཆོག་དང་མའི་མགོན། །དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས། །སྐད་ཅིག་མ་འདིར་བདག་གི་ལུས་ངག་ཡིད། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོའི། །སྐུ་གསུང་ཐུགས་དང་དབྱེར་མེད་གཅིག་ཏུ་མཉམ། །མཐོང་ཐོས་དྲན་རེག་མཐའ་ཡས་འགྲོ་བ་ཀུན། །དེ་ལྟའི་གོ་འཕང་མཆོག་ལ་ཡང་དག་པར། །འགོད་པའི་བྱེད་པོར་བདག་གི་མྱུར་ཐོབ་ཤོག །

ཅེས་བོད་ལྗོངས་ཀྱི་ཤཱཀྱ་དགེ་སློང་དད་པ་ཅན་བླ་མ་རིན་ཆེན་དོན་ཡོད་ཀྱི་གསོལ་བ་བཏབ་པའི་དཔལ་རིག་པ་འཛིན་པས་སྨྲས་པ་དགེའོ། །

༈ གསོལ་འདེབས་འགྱུར་མེད་སྤྲོས་བྲལ།

ཨོཾ་སྭཱསྟི། ན་མོ་གུ་རུ། འགྱུར་མེད་སྤྲོས་བྲལ་རང་བྱུང་ཆོས་ཀྱི་དབྱིངས། །བླ་མ་སངས་རྒྱས་ཆོས་སྐུར་གསོལ་བ་འདེབས། །བདེ་ཆེན་ལྷུན་གྲུབ་ངེས་པ་ལྔ་ཡི་བདག །བླ་མ་སངས་རྒྱས་ལོངས་སྐུར་གསོལ་བ་འདེབས། །གང་འདུལ་དེར་སྟོན་ཕན་བདེ་ཀུན་གྱི་དཔྱིད། །བླ་མ་སངས་རྒྱས་སྤྲུལ་སྐུར་གསོལ་བ་འདེབས། །ཟབ་སལ་བདེ་ཆེན་དབྱེར་མེད་ཀུན་ཏུ་བཟང་། །བླ་མ་ངོ་བོ་ཉིད་སྐུར་གསོལ་བ་འདེབས། །སྐྱབས་གནས་དཀོན་མཆོག་རྩ་གསུམ་ཡོངས་འདུས་དཔལ། །བརྟན་གཡོ་ཀུན་གྱི་མགོན་བཅུད་དྭངས་མའི་མགོན། །ཁྱབ་བདག་འདྲེན་མཆོག་རྩ་བའི་བླ་མ་ལ། །སྙིང་ནས་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་གཞན་འགྲོ་བའི་རྒྱུད་ལ་ཡེ་བཞུགས་པའི། །གདོད་མའི་སངས་རྒྱས་བདེ་གཤེགས་སྙིང་པོའི་ཁམས། །རང་བཞིན་འོད་གསལ་བྲི་གང་བྲལ་བའི་དབྱིངས། །རང་བྱུང་གློ་བུར་དྲི་མ་ཀུན་སྤངས་ཤོག །མ་འཁྲུལ་སངས་རྒྱས་མངོན་དུ་བྱེད་པའི་ལམ། །སྟོན་མཛད་རྩ་བརྒྱུད་བླ་མའི་བྱིན་རླབས་ཞུགས། །རྣམ་རྟོག་རང་བཞིན་དྲན་པ་གཡེངས་མེད་ནས། །བདེ་གསལ་མི་རྟག་ཞི་གནས་མངོན་བྱེད་ཤོག །གནས་འགྱུར་དབྱེར་མེད་དྲན་པའི་རང་ངོ་བརྟན། །རྩེ་གཅིག་གནས་པའི་བསམ་གཏན་རྩལ་རྫོགས་ཤིང་། །རྟོག་མེད་དྲན་པ་འགྱུ་བ་རང་སར་གྲོལ། །སྤྲོས་བྲལ་མི་གཡོ་ཤེས་རབ་མངོན་གྱུར་ཤོག །ཡུལ་དང་ཡུལ་ཅན་གཉིས་མེད་རང་མདང་གཤིས། །མཉམ་ཉིད་རོ་གཅིག་རྟོགས་པ་རྩལ་རྫོགས་ནས། །དྲན་པ་རང་ནུབ་རིག་པ་མངོན་དུ་འགྱུར། །ལྷུན་གྲུབ་བསྒོམ་མེད་རྒྱལ་ཐབས་དབང་བསྒྱུར་ཤོག །རང་དོན་ལྷུན་གྲུབ་དྲི་མེད་ཆོས་སྐུ་བརྙེས། །གཞན་དོན་གཟུགས་སྐུ་ཉིད་ཀྱི་འཕྲིན་ལས་ཀྱི། །མཐའ་ཡས་འགྲོ་ཀུན་ཀུན་གཟིགས་རྒྱལ་བ་ཡི། །གོ་འཕང་མཆོག་ལ་མྱུར་དུ་འགོད་པར་ཤོག །

ཅེས་བོད་ཆེན་ཉི་འོག་གི་ལྗོངས་སུ་བལྟམས་པ། ཐོས་བསམ་བསྒོམས་པའི་ནོར་གྱི་ཕྱུག་པའི་ལོ་ཙཱ་བ་ཆེན་པོས་ལོ་རི་སྤྲུལ་པའི་སྐུ་དགེ་སློང་རྡོ་རྗེ་འཛིན་མི་ཕམ་བསྟན་འཛིན་སྲིད་ཞི་ཡོངས་གྲོལ་ཞེས་བྱ་བ་གསུང་གིས་བསྐུལ་བའི་ངོར་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྐད་ཅིག་མར་ཡུལ་གུང་ཐང་གི་ཆ་ར་ལ་འོག་ཕུག་ཏུ་སྨྲས་པའོ། །སརྦ་མངྒ་ལཾ།

༈ གསོལ་འདེབས་རྒྱལ་བའི་སྒྱུ་འཕྲུལ།

ཨོཾ་སྭཱསྟི། རྒྱལ་བའི་སྲས་གྱུར་རྒྱལ་བའི་སྒྱུ་འཕྲུལ་གར། །འཕགས་མཆོག་རྣམས་ཀྱི་མཛད་པ་བློ་ཡི་ཡུལ། །ཡོངས་འདུས་བསམ་གྱིས་མི་ཁྱབ་ཉིད་ལགས་པས། །དྭངས་བའི་སེམས་ཀྱི་དེ་ལ་གུས་ཕྱག་འཚལ། །གསང་གསུམ་བདག་པོ་དཔའ་བོ་ཐུགས་རྡོ་རྗེ། །གང་གི་འོད་ཟེར་ཧཱུྃ་ཀར་ནམ་མཁའ་སྙིང་། །ཟུར་ཆུང་ཤེས་གྲགས་བསྒོམ་པ་ཚུལ་ཁྲིམས་སྙིང་། །མཚུངས་མེད་བླ་མར་སྙིང་ནས་གསོལ་བ་འདེབས། །ལྷ་རི་ནམ་འོད་ཞིག་པོ་བདུད་རྩིའི་ཞབས། །མ་ཎི་རིན་ཆེན་རི་ཁྲོད་དར་རྒྱས་པ། །རྩོད་བྲལ་གཏེར་སྟོན་བྱང་ཆུབ་གླིང་པ་སྟེ། །སྐྱེས་མཆོག་བླ་མར་སྙིང་ནས་གསོལ་བ་འདེབས། །ཚུལ་ཁྲིམས་འབུམ་དང་ཀུན་མཁྱེན་སངས་རྒྱས་འཕེལ། །ཀུན་དགའ་ལེགས་དང་ཀུན་དགའ་བསྟན་འཛིན་པ། །རིག་འཛིན་གྲུབ་གཙོ་པདྨ་མ་ཎིའི་ཞབས། །འགྲོ་འདུལ་བླ་མར་སྙིང་ནས་གསོལ་བ་འདེབས། །གང་གི་སྐྱེ་བར་མཚན་གྱིས་བྱིན་རླབས་པ། །ཕྱོགས་མེད་ཀུན་རྒྱུའི་རྣལ་འབྱོར་རིག་པ་འཛིན། །ཟབ་ཆོས་སྒོ་བརྒྱ་བྱེད་མཁས་བློ་མཐུ་ཅན། །ཚེ་དབང་ནོར་བུར་གྲགས་ལ་གསོལ་བ་འདེབས། །དེ་ལྟར་རྩ་བའི་བླ་མ་སྐྱེ་བའི་འཕྲེང་། །ཀུན་ལ་གུས་པས་རྩེ་གཅིག་གསོལ་བཏབ་མཐུས། །ཚེ་རབས་རྟག་ཏུ་པད་འབྱུང་ནས་སྙིང་གིས། །རྗེས་གཟུང་རྡོར་སེམས་གོ་འཕང་མྱུར་ཐོབ་ཤོག །

ཅེས་བོད་ཆོལ་ཁ་གསུམ་གྱི་མངའ་བདག་བླ་ཆེན་ས་སྐྱ་བདག་ཉིད་ཆེན་པོ་རྣམ་རྗེ་འཛིན་པ་འཇམ་དབྱངས་ཀུན་དགའ་བཀྲ་ཤིས་ཞབས་གང་གི་སྤྱན་སྔར་ཕན་ཚར་ཚད་ཀྱི་གཞུང་ལུགས་སྨྲ་བ་བློ་གྲོས་ཀྱི་ལང་ཚོ་མཆོག་ཏུ་རྒྱས་གྱུར་རབ་འབྱམས་པ་ཀུན་དགའ་མཚོ་ཞེས་པས་གསོལ་བ་བཏབ་པའི་ངོར་རྒྱལ་ཁམས་ཕྱོགས་རིས་མེད་ཀྱི་རྣལ་འབྱོར་པ་ཚེ་དབང་ནོར་བུས་ཤིང་སྟག་སྦོ་ཟླའི་དམར་ཕྱོགས་ཀྱི་གྲལ་ཚེས་རྒྱལ་བ་གསུམ་པ་ལ་རུ་ལགས་འབྲས་སྤུངས་སུ་སྨྲས་པའི་ཡིག་དམ་པའི་གདུང་གྱུར་བཀྲ་ཤིས་རབ་བརྟན་ནོ། །སརྦ་མངྒ་ལཾ།

༈ གསོལ་འདེབས་ཚེ་རབས་ཀུན་ཏུ།

ཨོཾ་སྭཱསྟི། ཚེ་རབས་ཀུན་ཏུ་བླ་མ་ཧེ་རུ་ཀ །དུ་མས་རྗེས་གཟུང་རྣལ་འབྱོར་གྲུབ་པའི་དབང་། །མ་ནོར་མང་དག་ལམ་སྟོན་རྡོ་རྗེ་འཛིན། །སྐྱེས་བུ་མཆོག་ཁྱེད་བསྐལ་བརྒྱར་ཞབས་བརྟན་གསོལ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །ཀུན་འདུས་སྤྱི་དཔལ་རྩ་བའི་བླ་མ་མཆོག །ཁྱེད་ལ་ཁ་ཙམ་མ་ཡིན་སྙིང་ཁུང་ནས། །ཕུར་ཚུགས་དད་པའི་ཤུགས་ཀྱིས་གསོལ་འདེབས་མཐུས། །བདག་སོགས་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །སྙན་གྲགས་མངའ་ཐང་འཕེལ་བརྟན་ཐུན་མོང་གི །འདོད་དོན་བཀྲ་ཤིས་ལྷུན་གྲུབ་ཁྱད་པར་མཆོག །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་འགྲུབ་ཤོག །

ཅེས་དད་གུས་ཤེས་རབ་ཀྱི་ནོར་ལྡན་མི་རྗེ་འཚོ་མཛད་ཚ་རོང་ཚེ་བརྟན་བཀྲ་ཤིས་དང་། གྲུབ་ཆེན་རིན་ཆེན་འགྱུར་མེད་ཀུན་བཟང་རང་གྲོལ། རིག་གནས་པ་ཀུན་དགའ་དཔལ་འབྱོར་གྱིས་བསྐུལ་ངོར་གུ་རུ་པདྨའི་རིག་སྔགས་འཆང་བ་ཚེ་དབང་ནོར་བུས་ཐུན་མོང་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཚེས་བཅུར་གང་དྲན་སྨྲས་པ་དགེའོ། །

༈ གསོལ་འདེབས་རྒྱལ་ཀུན་ཡེ་ཤེས།

རྒྱལ་བ་ཀུན་ཡེ་ཤེས་འདུས་དངོས་པདྨ་འབྱུང་། །མི་འགྱུར་བདེ་ཆེན་རང་གཟུགས་མཚོ་རྒྱལ་མ། །འོད་གསལ་འཕོ་ཆེན་བསྙེས་པའི་བི་མ་ལ། །སྙིང་ཐིག་བརྟེན་པའི་གསལ་བྱེད་ཀློང་ཆེན་ཞབས། །ཟུང་འཇུག་མཆོག་བརྙེས་བདུད་འདུལ་རྡོ་རྗེ་རྩལ། །ཀུན་གྱི་ངོ་བོ་པདྨ་བདེ་ཆེན་གླིང་། །རྒྱལ་ཚབ་མཆོག་གྱུར་འགྲོ་འདུལ་རིག་པ་འཛིན། །ཚེ་དབང་ནོར་བུ་དཔལ་ལ་གསོལ་བ་འདེབས། །སྐྱབས་མཆོག་ཁྱེད་ལ་གུས་པས་གསོལ་བཏབ་མཐུས། །བདག་སོགས་ཚེ་རབས་རྟག་ཏུ་ཁྱོད་རྗེས་གཟུང་། །མངོན་མཐོ་ངེས་ལེགས་ཐར་ལམ་ཡོན་ཏན་རྫོགས། །འཕགས་ཆེན་ས་བརྙེས་རྡོར་སེམས་མྱུར་འགྲུབ་ཤོག །

ཅེས་ཀྲེ་པ་སྟོད་ཀྱི་རྗེ་དཔོན་དད་འབྱོར་དུ་མས་བརྒྱན་པ་ཨ་ཇོ་གྲོ་ནམ་ཞལ་ངོ་རྣམས་ཀྱིས་བསྐུལ་ངོར་ཚེ་དབང་ནོར་བུས་སྤྲ་བདུན་གཙུག་ལག་ཁང་འདབས་སུ་ལྕགས་ཁྱི་གྲོ་ཞུན་ཟླ་བའི་ཚེས་ཉེར་བརྒྱད་ལ་སྨྲས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་རྒྱལ་བའི་འཕྲིན་ལས།

རབ་འབྱམས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་པ། །པདྨ་ཐོད་འཕྲེང་ཐུགས་དང་དབྱེར་མེད་པ། །གྲུབ་མཆོག་གནུབ་ཆེན་ནམ་མཁའི་སྙིང་པོ་ཡི། །སྤྲུལ་པའི་ཟློས་གར་སྙིགས་དུས་འགྲོ་བའི་དོན། །སྣང་བ་རིག་པ་འཛིན་གྲགས་མདོ་ཁམས་པ། །ཚེ་དབང་ནོར་བུ་ཞེས་ལ་གསོལ་བ་འདེབས། །འདི་ཕྱིར་བར་དོ་དུས་ཀུན་མགོན་ཁྱོད་ཀྱིས། །རྗེས་བཟུང་བྱང་ཆེན་སར་འདྲེན་བྱིན་གྱིས་རློབས། །

ཞེས་གཙང་ལ་སྟོད་ཅུང་རི་བོ་ཆེ་ཡི་ཕྱག་མཛོད་ཨོ་རྒྱན་ལྷུན་གྲུབ་ཀྱིས་གསོལ་བ་བཏབ་ངོར་ལྷ་གདོང་དུ་སྨྲས།

༈ གསོལ་འདེབས་རྔ་ཡབ་རྒྱལ་པོ།

ཨོཾ་སྭཱསྟི། རྔ་ཡབ་རྒྱལ་པོ་པདྨ་ཐོད་འཕྲེང་གི །སྐྱེ་བ་ཀུན་ཏུ་རྗེས་བཟུང་རིག་པ་འཛིན། །ལྐོག་གྱུར་གཞན་མེད་འགྲོ་ལ་ལྷག་བསམ་ཅན། །རང་དོན་བསྒྲུབ་མཁས་ཁྱོད་ཞབས་རྟག་བརྟན་ཤོག །ཚེ་དབང་ནོར་བུ་གདོད་མའི་རྣལ་འབྱོར་པ། །བླ་མའི་ཐུགས་སྲས་མཁའ་འགྲོའི་མཛའ་འོ་ཁྱེད། །བསྐལ་བཟང་གདུལ་བྱའི་དོན་དུ་བརྟན་བཞུགས་ནས། །བདག་ཀྱང་ཁྱོད་དང་གོ་འཕང་མཉམ་སྦྱོར་ཤོག །

༈ གསོལ་འདེབས་ཀུན་བཟང་པད་འབྱུང་།

ཨ་ཧོ། རྒྱལ་བ་ཡོངས་ཀྱི་ཐུགས་ཕྲིན་མ་ལུས་ཀུན། །རབ་རྫོགས་ཀུན་བཟང་པད་འབྱུང་ཡབ་ཡུམ་གྱིས། །རྗེས་བཟུང་བསྟན་པ་འཛིན་པའི་སྐྱེས་བུ་མཆོག །གསང་བདག་རྣལ་འབྱོར་ཚེ་དབང་ནོར་བུ་ཁྱེད། །ངེས་པའི་དོན་དུ་མཉམ་གཉིས་ཡེ་ཤེས་ཁམས། །བདེ་གཤེགས་སྙིང་པོ་ཏིལ་མར་བཞིན་དུ། །སྣང་ལས་རྒྱལ་བའི་ཐུགས་རྗེས་རྨད་བྱུང་བདག །རྡོར་སེམས་པད་འབྱུང་ཧཱུྃ་དཀར་ནམ་སྙིང་གིས། །བྱིན་རླབས་རོལ་གར་བྱང་ཆུབ་སར་གནས་ཤིང་། །གདུལ་བྱ་དྲང་དོན་མ་ངེས་དུ་མའི་གཟུགས། །གང་འདུལ་ཆུ་ཟླའི་རོལ་རྩེད་བསྒྱུར་མཁས་པ། །དེང་དུས་རིག་འཛིན་ལས་ཀྱི་རྡོ་རྗེ་ཞེས། །ལུས་ནི་ལེགས་ཉེས་མ་ངེས་སྨྱོན་སྤྱོད་སྐུ། །ངག་གི་སྣ་ཚོགས་མ་ངེས་ཆལ་ཆོལ་གསུང་། །ཡིད་ནི་གྲོལ་འཁྲུལ་མ་ངེས་བན་བུན་ཐུགས། །ཡང་ཡང་འགྲོ་འདུལ་ཐར་ལམ་བཤེས་གཉེན་ཆེ། །དེ་ལ་ཁ་ཞེ་མེད་པར་གསོལ་འདེབས་ཀྱིས། །མགོན་ཁྱེད་སྙིགས་དུས་འདུལ་དཀའི་འགྲོ་བ་རྣམས། །འདུལ་ཞིང་བདེ་སྦྱོར་རྡོར་གསང་འོད་གསལ་གྱི། །རྟེན་འབྲེལ་བསྐལ་བཟང་སྨིན་གྲོལ་ཆེད་དུ། །སྐུ་ཡི་ངོ་བོ་ཚེ་ཡི་རང་བཞིན་ལ། །འགལ་རྐྱེན་གང་གི་མ་ཚུགས་རབ་ཏུ་གནས། །ཐུགས་ཀྱི་འཕོ་འགྱུར་མེད་པར་ཁམས་དྲུག་སྦུབ། །ཡུན་རིང་འཚོ་བཞེས་རབ་ཏུ་བརྟན་གྱུར་ཅིག །དེ་ལྟར་ཞབས་པད་བརྟན་པར་གསོལ་འདེབས་འདི། །དཀོན་མཆོག་རྩ་གསུམ་བདེན་པས་ཡོངས་འགྲུབ་ཅིང་། །བདག་ནི་བྱང་ཆུབ་ཆེ་བར་ཁྱོད་ཉིད་དང་། །འབྲེལ་མེད་སྨིན་གྲོལ་རྡོ་རྗེ་འཆང་ཐོབ་ཤོག །

དེ་སྐད་གནས་མཆོག་ཟབ་ཕུར་བཞུགས་པའི་སྡོམ་བརྩོན་བླ་མ་ཨོ་རྒྱན་ཚུལ་ཁྲིམས། རྗེ་དྲུང་ཡེ་ཤེས་རྣམ་རྒྱལ། དཀོར་གཉེར་རིག་འཛིན་དབང་པོ་དང་། ཟླ་བ་འཇམ་དབྱངས་རྣམས་ཀྱིས་ཡང་ཡང་བསྐུལ་ངོར། མདོ་ཁམས་པ་ལྷ་བཙུན་ཚེ་དབང་ནོར་བུས་ཟབ་ཕུ་ལུང་དུ་མེ་རྟ་ཁྲུམས་ཟླའི་ཚེས་གཉིས་ལ་གང་ཤར་དུ་སྨྲས་པའི་ཡིག་རིག་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་བཟང་པོས་བགྱིས་པ་དགེའོ། །

༈ གསོལ་འདེབས་དང་པོའི་སངས་རྒྱས།

ཨོཾ་ཨཱ༔་ཧཱུྃ དང་པོའི་སངས་རྒྱས་རྒྱལ་བ་ཀུན་གྱི་ཡབ། །ཀུན་བཟང་རྡོ་རྗེ་སེམས་མཆོག་པདྨ་འབྱུང་། །ཐུགས་ཀྱི་ཡེ་ཤེས་གཅིག་བསྡུས་རང་གཟུགས་མདངས། །རྩ་བའི་བླ་མ་ཞབས་ལ་གསོལ་བ་འདེབས། །སྒྱ་འཕྲུལ་ཞི་ཁྲོ་རབ་འབྱམས་རྒྱུད་སྡེའི་ལྷ། །ཧེ་རུ་ཀ་དཔལ་ཀུན་གྱི་ཕྱག་རྒྱ་ཆེ། །ཐུགས་ཕྲིན་བདག་ཉིད་རྡོ་རྗེ་ཅན་གྱི་འཕྲུལ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སྙིང་ཉིད་མཁའ་ལ་སྙིང་རྗེའི་སྤྲིན་འཕྲོ་བ། །གསང་ཆེན་བདག་མོ་ཀུན་གྱི་བྱང་ཆུབ་ཆེ། །བླ་མེད་མཛོད་འཛིན་དཔའ་བོ་ཆེ་བའི་མཆོག །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་རྗེས་ཆགས་ཐུགས་རྗེ་ཡི། །ས་གར་ཁྱོད་ཉིད་སྣང་ནས་གདུལ་བྱ་ཡི། །དོན་མཛད་མཚུངས་མེད་རྡོ་རྗེ་འཛིན་དབང་རྗེ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གང་ཁྱེད་ཞིང་འདིར་བདག་སོགས་གདུལ་བྱའི་དོན། །སྐྱོ་དུབ་མེད་པར་ཞབས་པར་རྟག་བརྟན་ཅིང་། །མཛད་ཕྲིན་མཉམ་མེད་ཆོས་ཀྱི་འཁོར་ལོས་བསྒྱུར། །ཀུན་ཀྱང་སྨིན་གྲོལ་རྡོ་རྗེ་འཆང་ཐོབ་ཤོག །

ཅེས་རིག་སྔགས་འཆང་བ་བཛྲ་ར་ཌ་པ་ཡི་བྱིན་གྱིས་བརླབས་པ་ཞིང་། ཚང་བའི་མེ་ཏོག་གི་ཁ་ལོ་སྐྱེ་བའི་ཐ་མ་སྤྲུལ་པའི་སྐུ་རིག་འཛིན་ཡོན་ཏན་རྒྱ་མཚོ་འམ་མཚན་གཞན་དུ་པདྨ་སྟོབས་ལྡན་དཔའ་བོ་དབང་ཕྱུག་འཆང་རྡོ་རྗེ་སྙིང་པོ་རྩལ་གྱིས་ནན་ཏན་དུ་གསོལ་འདེབས་ཞིག་དགོས་ཞེས་གསུང་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུར་བུ་ཞེས་པ་སྤྲེལ་ཟླ་བ་དང་པོ་ལ་ཟ་འོག་ཕུག་ཏུ་སྨྲས་པའི་ཡིག་རིག་འགྱུར་མེད་ཕུན་ཚོགས་དགེ་ལེགས་ཀྱིས་བགྱིས་པའོ། །

དད་པའི་ཆུ་སྟོད་ལས་སྐྱེས་བླ་མའི་གསོལ་འདེབས་པདྨའི་ཕྲེང་བ་བསྐལ་བཟང་རྐང་དྲུག་དགའ་བའི་བཅུད་འཛིན།

༈ དད་པའི་ཆུ་སྟོད་ལས་སྐྱེས་བླ་མའི་གསོལ་འདེབས་པདྨའི་ཕྲེང་བ་བསྐལ་བཟང་རྐང་དྲུག་དགའ་བའི་བཅུད་འཛིན་བཞུགས་སོ། །

ཨ་ཧོ། ཆོས་ཉིད་ཀ་དག་ཁྱབ་བརྡལ་ཆེན་པོའི་ཀློང་། །འཁོར་དས་ལྷུན་གྲུབ་འོད་གསལ་རོལ་པ་ཆེ། །རིག་པ་སྟོང་གསལ་བདེ་གཤེགས་སྙིང་པོའི་ཁམས། །ཀུན་བཟང་གདོད་མའི་སྲས་དེར་གསོལ་བ་འདེབས། །དག་དང་མ་དག་ཁམས་ཀུན་ཆོས་ཉིད་གཤིས། །འདུ་བྲལ་མེད་པས་སྦྱངས་སྨིན་ཆོ་འཕྲུལ་མཆོག །སྟོན་ནས་མ་དག་འགྲོ་ཀུན་ཡང་དག་ལམ། །སྦྱོར་མཛད་སྤྲུལ་པའི་སྐུ་དེར་གསོལ་བ་འདེབས། །སྒྱུ་མའི་ངང་དུ་ཆོས་ཉིད་རོལ་པའི་རྩལ། །དཔག་པར་དཀའ་བ་ཡེ་ཤེས་ཆེན་པོའི་འཕྲུལ། །གྲངས་མེད་དུས་ཞེས་སྣ་ཚོགས་མ་མ་མས། །གཉུག་མའི་སྙིང་པོ་རྟོགས་དེར་གསོལ་བ་འདེབས། །མེད་བཞིན་ཡོད་སྣང་སེམས་ཞེས་ཕྲ་བ་འདི། །ཀུན་བཟང་ཐོད་འཕྲེང་ཅན་གྱི་ཡང་ནས་ཡང་། །ཐུགས་རྗེས་ལྕགས་ཀྱུས་དྲངས་ནས་ལྷན་སྐྱེས་མཆོག །སྙེགས་གྱུར་དཔའ་བོ་དམ་པར་གསོལ་བ་འདེབས། །ཅི་ལྟར་སྣང་ཡངས་ངོ་བོ་སྐྱེ་མེད་ཤར། །མ་ངེས་གང་འདུལ་སྣང་བ་ཅིར་ཡང་སྟོན། །བྱ་བྲལ་ངང་ལ་བྱ་བ་འདོད་དགུར་བསྒྱུར། །རྣལ་འབྱོར་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །སྙིགས་དུས་གདུལ་བྱ་རང་གཟུགས་ཀྱིས་འདུལ་ཕྱིར། །གུ་རུའི་རྗེས་འཇུག་གསང་སྔགས་དོན་ལ་སྤྱོད། །རལ་པའི་གདེང་ཅན་གང་ཤར་སྤྱོད་པ་སྐྱོང་། །རིག་པ་འཛིན་མཆོག་དེར་ལ་གསོལ་བ་འདེབས། །ཁྱེད་ལ་སྙིང་ནས་ང་རོས་གསོལ་བཏབ་ན། །བདག་བརྒྱུད་བྱིན་རློབས་རྒྱལ་ཀུན་ཡེ་ཤེས་མཐུ། །གཅིག་འདུས་བླ་མེད་དོན་གྱི་སྙིང་པོ་དེ། །དེ་རིང་ཉིད་ནས་རྟོགས་པར་མཛད་དུ་གསོལ། །

ཅེས་པ་འདི་ཡང་ལ་ཡོན་ཏན་ག་ནས་ལྟས་ཀྱང་མེད་གཤིས་རང་གི་རང་ལ་གསོལ་འདེབས་བྲི་བ་ཤིན་ཏུ་མི་འོས་ཀྱང་བསྐུལ་བ་པོ་ཡུལ་གཉེན་བཤེས་མཚོན་ཙམ་བདེ་གཤེགས་སྙིང་པོའི་འགྲོ་ལ་ཁྱབ་དོན་བཞིན་བགྱིས་པ་འདི་ནི་རང་གི་སྙིང་གི་བུ་པདྨ་གུང་ཙན་ཐུགས་ཀྱི་འདོད་གར་དཔའ་བ་རྡོ་རྗེ་ཤུགས་འཆང་གཏེར་དང་། བདུད་བཅོམ་བྱིན་རླབས་རྩོད་བྲལ་གཏེར་སྟོན་གར་དབང་སྙིང་པོའི་སྤྲུལ་སྐུ་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པ་ཀརྨ་གར་དབང་དོན་འགྲུབ་དང་། ཡན་ལུང་འཁྲུལ་ཞིག་ཆེན་པོ་ཆོས་ཀྱི་ཉི་མ་དང་། སྦས་པའི་རྣལ་འབྱོར་དབང་ཕྱུག་བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་ཡང་ཡང་བསྐུལ་ངོར་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་པ་ལྷ་ཡི་བཙུན་པ་ཚེ་དབང་ནོར་བུས་མངའ་རིས་གུང་ཐང་གློ་བོ་བོད་ཀྱི་མཚམས་བས་མཐའ་བྲ་ལར་སྦོ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་གཉིས་ལ་བྲིས་པ་མངྒ་ལཾ། དད་པ་བྱས་ན་ཁྱིའི་སོ་རིང་བསྲེལ་དཔེར་འདྲེན་ནོ། །དགེའོ། །

༈ གསོལ་འདེབས་ཀུན་མཁྱེན་རྒྱལ་བའི་སྤྱི་མེས།

ཨོཾ་སྭཱསྟི། ཀུན་མཁྱེན་རྒྱལ་བའི་སྤྱི་མེས་ཀུན་ཏུ་བཟང་། །འཁོར་འདས་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་། །རང་རིག་དྲི་བྲལ་ཆོས་དབྱིངས་རྡོ་རྗེ་སེམས། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་ཀྱི། །འབྱུང་གནས་སེམས་ཉིད་ཆོས་སྐུ་རིན་པོ་ཆེ། །རང་ངོ་ཤེས་བཞིན་ཡིན་ལུགས་གདོད་མའི་གཤིས། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །གདོད་ནས་ཆོས་སྐུའི་ངོ་བོར་རྟག་གནས་ཀྱང་། །རང་བྱུང་གློ་བུར་དྲི་མ་གསལ་ཕྱིར་དུ། །མ་ཡེངས་རིག་པ་ལམ་བྱེད་བསྒོམས་ཀྱི་མཆོག །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །ཚོགས་དྲུག་སྤྱོད་ལམ་བདེ་སྡུག་བཏང་སྙོམས་ཀུན། །རང་རིག་རང་མདངས་རྒྱ་མཚོའི་རྦ་རླབས་བཞིན། །རང་བབ་རང་གྲོལ་རང་དུ་རྟག་སྤྱོད་པ། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་སྐུ་གསུམ་ཡོངས་ཀྱི་དཔལ། །ཆེ་བའི་ཡོན་ཏན་ཀུན་ཀྱང་རང་རིག་པ། །དྲི་མེད་མངོན་དུ་གྱུར་ལས་གཞན་ཡོད་མིན། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །ཆོས་ཀུན་རང་རིག་དེ་ཉིད་ཇི་བཞིན་པ། །ངོ་སྤྲོད་བྱེད་པོ་དཔལ་ལྡན་བླ་མ་ནི། །སངས་རྒྱས་ཀུན་འདུས་སངས་རྒྱས་ཀུན་ལས་ལྷག །དེ་ལ་སྙིང་ནས་གསོལ་འདེབས་ཕུར་ཚུགས་མཐུས། །བདག་གཞན་གཉིས་འཛིན་རྟོགས་པའི་དྲི་མ་ཀུན། །བདག་མེད་སྟོང་པའི་མཁའ་ལ་འཇའ་ལྟར་ཡལ། །དམ་པ་སྐུ་གཉིས་ཕུན་ཚོགས་ཡོན་ཏན་ཀུན། །འབད་མེད་ལྷུན་གྱི་འགྲུབ་པར་བྱིན་གྱིས་རློབས། །བྱང་ཆུབ་མཆོག་གི་གོ་འཕང་མ་ཐོབ་བར། །སྐྱེ་ཀུན་རྡོ་རྗེ་འཆང་གི་མཆོག་དང་མཇལ། །དམ་ཚིག་རྣམ་དག་ཤེས་བརྩོན་མཆོག་ལྡན་པས། །རང་གཞན་དོན་གཉིས་རྒྱ་མཚོར་སྤྱོད་པར་ཤོག །

ཅེས་རྣམ་དཔྱོད་ལང་ཚོ་དང་ལྡནཔ་ཞལ་ངོ་ཀུན་ཤར་གྱི་ལྕམ་སྲིང་ཆོས་མཛད་མ་བསོད་ནམས་ཆོས་དར་དང་ཀུན་དགའ་ཟུང་གིས་བསྐུལ་བའི་ངོར་གངས་ཅན་བོད་ཡུལ་ཀུན་ཏུ་རྒྱུ་བའི་མི་རིག་པ་འཛིན་པར་བརྗོད་པ་ཚེ་དབང་ནོར་བུས་ཇོ་མོ་གངས་དཀར་ལའི་ངོགས་སུ་བརྗོད་དེ་བསྐུར་བ་སརྦ་མངྒ་ལཾ།

༈ གསོལ་འདེབས་རྒྱལ་ཀུན་ཡེ་ཤེས་མཁའ་ཁྱབ།

ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་མཁའ་ཁྱབ་ནི། །ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཁམས། །དེ་ནི་དཔལ་ལྡན་རྩ་བའི་བླ་མའི་ཐུགས། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ཡེ་ཤེས་རང་སྣང་སྒྱུ་འཕྲུལ་དྲ་བའི་གར། །སྐུ་དང་ཞིང་ཁམས་འབྲལ་མེད་འོད་གསལ་དབྱངས། །དེ་ནི་དཔལ་ལྡན་རྩ་བའི་བླ་མའི་གསུང་། །བླ་མ་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས། །སྤྲོས་པ་མེད་དང་ཚད་མེད་ཐུགས་རྗེའི་མཐུས། །གང་འདུལ་རྣམ་པ་ཐམས་ཅད་རོལ་པའི་སྐུ། །དེ་ཡང་དཔལ་ལྡན་བླ་མའི་སྐུ་ཡིན་ཏེ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །འཁོར་འདས་བསྟན་གཡོ་མ་ལུས་ཐམས་ཅད་ཀྱང་། །དཔལ་ལྡན་བླ་མའི་ཆོ་འཕྲུལ་རོལ་པ་སྟེ། །ཀུན་ཀྱང་ཕན་བདེ་ཐར་བའི་ལམ་མཆོག་སྟོན། །འཛད་མེད་རྒྱན་གྱི་འཁོར་ལོར་གསོལ་བ་འདེབས། །དེ་ལྟར་གསང་སྔགས་དོན་སྟོན་རྡོ་རྗེ་འཛིན། །དཔལ་ལྡན་བླ་མར་ཤེས་བཞིན་དད་པ་ཡི། །རྩེ་གཅིག་གུས་པ་གསོལ་བ་འདེབས་པའི་མཐུས། །སྐུ་གསུམ་འབྲས་བུ་མྱུར་དུ་འགྲུབ་བྱིན་རློབས། །གང་ཞིག་ཟུང་འཇུག་མཆོག་སྐུ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་མཐོ་རིས་རྟེན་བཟང་ཐོབ། །རྡོ་རྗེ་འཆང་དངོས་བླ་མས་རྗེས་སུ་བཟུང་། །བླ་མེད་དཀྱིལ་འཁོར་མཆོག་གི་དབང་བསྐུར་ཐོབ། །དམ་ཚིག་རྣམ་དག་རིམ་གཉིས་དྲོད་གདེངས་བརྙེས། །ཕྱིར་མའི་ལྡོག་པའི་གོ་འཕང་མྱུར་ཐོབ་ནས། །འབྲེལ་བཅས་འགྲོ་བ་ཀུན་ཀྱང་དེ་ཇི་བཞིན། །འོད་དཔག་མེད་མགོན་ས་ལ་འཁོད་པར་ཤོག །

ཅེས་སྙེ་མོ་མདོ་མཁར་རྗེ་བོའི་བཙུན་མ་ཀརྨ་ཆོས་བཟང་དབང་མོས་གསོབ་པ་བཏབ་པའི་ངོར། རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་མེ་སྟག་ཆུ་སྟོད་ཟླ་བའི་ཚེས་བཟང་པོར་ཇོ་མོ་གངས་དཀར་མའི་ངོགས་སུ་སྤེལ་བ་སརྦ་མངྒ་ལཾ།

༈ གསོལ་འདེབས་གདོད་ནས་གྲུབ་པ།

ཨོཾ་སྭཱསྟི། གདོད་ནས་གྲུབ་པའི་སེམས་རྒྱུད་བྱིན་རླབས་མཐུས། །ཚེ་འདིར་ཐོས་བསམ་བསྒོམ་པའི་ཡོན་ཏན་རྒྱས། །དབང་གི་རྒྱལ་པོ་པདྨ་ཀ་ར་ཡིས། །རྗེས་སུ་བཟུང་མཐུས་གཞན་དྲིང་མི་འཇོག་པར། །རང་སྟོབས་གཉིས་ཀྱིས་དོན་གཉིས་ལྷུན་གྲུབ་སྐྱོངས། །མ་ནོར་ལྟ་བའི་གནས་ལུགས་ཚུལ་བཞིན་རྟོགས། །ཏམ་བུ་ར་ལྟར་འཆད་བརྩམ་སྒོ་བརྒྱ་བསྙེན། །མཁྱེན་བརྩེ་ནུས་ལྡན་བླ་མར་གསོལ་བ་འདེབས། །ཁྱེད་ལ་ཁ་ཞེ་མེད་པར་གསོལ་བཏབ་ན། །པདྨ་ཀ་རའི་བདེན་ཚིག་བསླུ་མེད་པས། །བདག་ཅག་གདུལ་བྱ་སྨིན་གྲོལ་ལ་སྦྱོར་ནས། །རིང་མིན་རྡོ་རྗེ་སེམས་ཐོབ་གདོན་མི་ཟ། །

ཅེས་གསེར་བཟང་གྲུབ་མཆོག་དམ་པའི་གདུང་འཛིན་པདྨ་འགྱུར་མེད་ནོར་བུས་གསུང་གིས་བསྐུལ་ངོར། རང་སྤངས་རྟོགས་ཡོན་ཏན་ཆ་ཕྲ་རུང་། རྒྱལ་བ་པདྨའི་གསུང་གི་བྱིན་གྱིས་རླབས་པ་ཁོ་ནར་སེམས་ནས་བྱི་བ་གླང་ཆེན་དཔེར་བརྗོད་རང་བསྟོད་ཚིགས་བཅད་གསུམ་པོ་འདི་ཡང་ཤིང་རྟ་ནག་ཟླའི་ཚེས་བཟང་ལྔ་པ་སྤེལ་བ་དགེའོ། །མངྒ་ལཾ།

༈ གསོལ་འདེབས་ཀུན་ཁྱབ་བདེ་ཆེན།

ཨོཾ་སྭཱསྟི། ཀུན་ཁྱབ་བདེ་ཆེན་ཡེ་ཤེས་བཟང་པོའི་གར། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་ཆེན་པོའི། །སྒྱུ་འཕྲུལ་དཀྱིལ་འཁོར་ཡོངས་གཙོ་བླ་མའི་སྐུ། །གང་དེར་གསོལ་འདེབས་བསྐལ་བརྒྱར་ཞབས་བརྟན་ཤོག །པདྨ་ཀ་རས་ཚེ་རབས་དུ་མ་རུ། །རྗེས་བཟུང་འཇིག་རྟེན་དབང་ཕྱུག་ཇོ་ནང་པའི། །ལྟ་གྲུབ་མ་ནོར་སྐྱོང་མཁས་རིག་པ་འཛིན། །ཁྱོད་ལ་གཅམ་བུ་མ་ཡིན་གསོལ་བཏབ་ན། །བདག་ནི་སྐྱེ་ཀུན་ཁྱོད་ཀྱི་རྗེས་བཟུང་ཞིང་། །སྨིན་གྲོལ་རྡོར་སེམས་འབྲས་བུ་མྱུར་ཐོབ་པར། །བྱིན་གྱིས་རློབས་མཛོད་བདག་སོགས་འགྲོ་དོན་དུ། །མགོན་ཁྱོད་ཞབས་པད་རྡོ་རྗེ་ལྟར་བརྟན་ཤོག །

ཅེས་ཆོས་གྲྭ་ཆེན་པོ་གཙང་གཡས་རུ་གསེར་མདོག་ཅན་གྱི་དགེ་སློང་བློ་བཟང་རིན་ཆེན་པོས་བསྐུར་ངོས་རྒྱལ་ཁམས་ཚེ་དབང་ནོར་བུས་རི་ཁྲོད་ཆེན་པོ་ཇོ་ནང་དུ་ས་ག་ཟླ་བའི་ཚེས་དྲུག་ལ་བྲིས་པ་སརྦ་མངྒ་ལཾ།

ཞབས་པད་བརྟན་པའི་ཚིགས་བཅད་བཀྲ་ཤིས་བརྟག་པའི་རི་བོ།

༄༅། །ཞབས་པད་བརྟན་པའི་ཚིགས་བཅད་བཀྲ་ཤིས་བརྟག་པའི་རི་བོ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ཟུང་འཇུག་ཡེ་ཤེས་མཆོག་གི་ཕུང་པོ་ཅན། །འགྱུར་མེད་གདོད་ནས་རྣམ་པར་དག་པའི་ཁམས། །བདེ་ཆེན་རྡོ་རྗེའི་རང་བཞིན་བླ་མའི་སྐུ། །རྟག་པར་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །གཞོམ་མེད་ཀུན་ལ་ཁྱབ་པ་ནཱ་དའི་མདངས། །ཡན་ལག་དྲུག་ཅུའི་ངོ་བོ་ནམ་མཁའི་ཁམས། །སྣ་ཚོགས་འགྲོ་ཕན་སྒྲ་དབྱངས་བླ་མའི་གསུང་། །ཆད་མེད་རྟག་ཏུ་སྣང་བཞིན་རྟག་བཞུགས་གསོལ། །སྤྲོས་བྲལ་ཟབ་དབྱིངས་ཞི་བ་འོད་གསལ་བ། །ཆོས་ཉིད་སྣང་བ་གསུམ་བརྩེགས་འདུས་མ་བྱས། །ཕུན་ཚོགས་གཏེར་གྱུར་དཔལ་ལྡན་བླ་མའི་ཐུགས། །མཁའ་ཁྱབ་གཡུང་དྲུང་ཞིང་འདིར་བརྟན་བཞུགས་གསོལ། །རྒྱལ་བ་ཀུན་གྱི་ཡོན་ཏན་ནམ་མཁའི་མཛོད། །འཛད་མེད་འཕྲིན་ལས་འགྲོ་ཕན་བདེ་སྟེར་མགོན། །སྙིགས་དུས་གདུལ་བྱའི་སྐྱབས་གཅིག་ལྷ་ཡི་ལྷ། །གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །སངས་རྒྱས་ཀུན་དངོས་གསུང་གི་རྡོ་རྗེ་ཆོས། །པད་འབྱུང་གསུང་གི་ཚངས་པ་ལྷའི་མེ་ཏོག །སྤྲུལ་པའི་ཟློས་གར་གངས་ཅན་བདེ་བའི་རྩལ། །སྔགས་འགྱུར་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །སྔོན་སྒོམ་བློ་ཅན་སྨོན་ལམ་བཟང་པོ་ཡི། །བསྐལ་དུས་བཟང་པོར་བསྒྱུར་བའི་མཐུ་སྟོབས་ཅན། །རྒྱལ་བ་རྒྱ་མཚོ་བདག་ཉིད་འཇིག་རྟེན་མགོན། །མཆོག་གི་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །འགྲོ་བའི་མགོན་པོ་མཚུངས་མེད་དམ་པའི་ཞབས། །སྙིགས་དུས་ཉམ་ཐག་འགྲོ་ལ་བརྩེ་བ་ཡི། །བསྐལ་པ་རྒྱ་མཚོར་རྟག་བརྟན་རྡོ་རྗེ་ལྟར། །སྙིང་ནས་ཞབས་པད་བརྟན་པར་གསོལ་བ་འདེབས། །གང་གི་ཚད་མེད་ཐུགས་རྗེའི་གྲུ་རྫིང་ལ། །བརྟེན་ནས་གངས་ཅན་སྐྱེ་དགུའི་རྣམ་མང་ཀུན། །ཕྲལ་དང་ཡུན་གྱིས་དགེ་ལེགས་དཔལ་ཀུན་འཕེལ། །མཆོག་ཏུ་བདེ་བའི་དགའ་སྟོན་རྒྱས་པར་ཤོག །

ཅེས་གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་འཇིག་རྟེན་གསུམ་གྱི་མགོན་པོ་ཐམས་ཅད་མཁྱེན་གཟིགས་རྒྱལ་བ་མཆོག་གི་ཞབས་པད་ཡུན་རིང་དུ་འཚོ་བཞེས་བརྟན་པའི་ཆེད་དུ་གསོལ་བ་འདེབས་པ་འདི་ནི་བོད་ཆེན་གྱི་མངའ་རིས་སུ་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་ཕྱོགས་མེད་ཀུན་ཏུ་རྒྱུ་བའི་རྒྱལ་ཁམས་དཱ་རི་བ་ཌ་པ་རིག་པ་འཛིན་པ་ཕྲན་གྱུར་ཨཱ་ཡུཪྻ་ཤ་མ་ནི་བཛྲ་གྱི་ཨིངྐ་ར་ཆར་ཉེ་བ་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་གྲུབ་པའི་གནས་ཆེན་རྒྱལ་གྱི་རྩིབས་རི་ནས་གུས་པས་ཕུལ་བ་དགེ་ལེགས་རྟེན་འབྲེལ་བཟང་པོའི་རྒྱུ་རུ་གྱུར་ཅིག་ཛ་ཡ་ཛ་མ་སུ་ཛ་ཡ། ཞབས་པད་ཡིད་བཞིན་ནོར་བུ་ཡུན་ནས་ཡུན་དུ་གྱུར་པ་བསྐལ་པ་རྒྱ་མཚོར་བཞེས་གསོལ་བ་འདེབས་པའི་ཆེད་དུ་རྟེན་མཚོན་བྱེད་དུ། སྐུ་རྟེན་རྒྱ་གར་ཤར་ལི་ཁྱད་འཕགས་གསང་འདུས་དཀྱིལ་འཁོར་འཁོར་ལོའི་བདག་པོ་རྡོ་རྗེ་མི་བསྐྱོད་པའི་སྐུ་བརྙན་རྨད་བྱུང་། གསུང་རྟེན་རང་ཉིད་གཞོན་ནུའི་དུས་སྐབས་སུ་ཡེ་ཤེས་མཁའ་འགྲོས་འབོག་པར་རློམ་པའི་ཚེ་གྲུབ་བཀའ་རྒྱ་ཅན། ཐུགས་རྟེན་རྒྱུད་སྡེ་ཁུངས་ལྡན་རྣམས་ནས་སྒྲོལ་མ་དམར་མོ་སོགས་ཀྱི་བཟླས་འཕྲེང་དུ་མཆོག་ཏུ་ཤིས་པར་བསྔགས་པ་པདྨའི་ཕྲེང་བ་ཞེས་ཙན་དན་དམར་མོ་འབྲས་བུར་འདོད་པ་འདི་ཡང་ནེ་པལ་རྒྱལ་པོས་བདག་ལ་སྦྱིན་པ་ལ་ཉེ་ལེགས་པར་བཟུང་ནས་རྒྱན་དང་དངུལ་གྱི་བཅུ་གྲངས་གསར་དུ་སྦྱར་བ། མི་འཇིགས་སེང་གེས་ཉེ་བར་མཚོན་པའི་གནད་དཀར་རྡོ་རྗེའི་རེ་ཁ་ཅན། ཤེ་བལ་གྱི་དོང་ཙེའི་འཕྲེང་བ་བརྒྱ་དང་རྩ་བརྒྱད། ལྷ་ཡི་རེག་བྱ་རྣམ་པར་དཀར་ཞིང་འཇམ་མཛེས་སྲིད་དུ་རིང་བ་དང་བཅས་ཏེ། ཕྲན་བུ་ལས་ཀྱང་ཕྲན་བུ་བྱ་བྲལ་དཱ་རི་ཌ་བར་གྱུར་པ་ཡི་འབུལ་ངོར་ཆེར་ཕྲ་ཡང་། མཆོག་གྱུར་རྣམས་ཀྱི་མཐའ་དག་གཟིགས་ངོར་ཡངས་ཤིང་མཉམ་པའི་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱིས་བྱབ་ཅིང་ཞབས་པད་མཆོག་གི་སྐུ་ཚེ་འཚོ་བཞེས་རྡོ་རྗེའི་རི་བོ་ལྟར་བརྟན་པར་གསོལ་བ་འདེབས་པ་ཇི་བཞིན་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ། ཨ་ཡུ་དཱ་རརྒ་སརྦ་ཀ་ལྱཱ་ཝད་ནྡྷུ། རྡོ་རྗེ་མི་བསྐྱོད་པའི་སྐུ་འདི་འཕགས་ཡུལ་ལྔ་བརྒྱའི་གཙུག་རྒྱན་ཨཱ་ཙརྱ་ཙན་དྲཱ་ཀིདྷེའི་ཐུགས་དམ་རྟེན་ཡིན་ལ། དེ་ཇི་ལྟར་ཡང་ངོར་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་རྟེན་ཡིན་ངེས་གློ་བོ་རྒྱལ་པོ་ཨ་བ་དཔལ་ལ། དད་པའི་རྟེན་དུ་རྩལ་བ་རིམ་རྒྱུད་སྨོན་ཐང་མཁར་ཟུར་ལ་སྣང་བ་བདག་གི་རྟེན་ཚབ་འཕགས་མོའི་སྐུ་བརྙན་ལེགས་པ་ཞིག་སྤྲད་ནས་གོང་སར་འབུལ་རྒྱུར་བྱས་པ་ལགས།

༈ སྨིན་གླིང་ཁྲི་རིན་ཆེན་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། གདོད་ནས་མི་འགྱུར་དྭངས་མ་ཡེ་ཤེས་དངོས། །མ་ལུས་འཁོར་འདུས་གཉིས་མེད་སྤྱི་དཔལ་ཆེ། །ཀུན་མཉམ་ཀུན་འཕྲོ་རིན་ཆེན་སྙིང་པོའི་གཏེར། །རྣམ་ཀུན་མཆོག་ལྡན་རྒྱལ་ཀུན་ཡེ་ཤེས་གར། །མཐའ་ཡས་འགྱུར་བཅས་འགྲོ་ལ་ཐུགས་རྗེའི་སྤྱི། །དཔག་མེད་སྒྱུ་འཕྲུལ་ཡོངས་སྟོན་འཕགས་པ་མཆོག །སྔགས་རིགས་གཙུག་ན་མངོན་མཐོ་རིན་ཆེན་དབང་། །རྣམ་མང་འགྲོ་འདྲེན་རྒྱལ་བའི་སྲས་མཆོག་ནི། །གཞོམ་འགྱུར་ཡོངས་སྤངས་རྡོ་རྗེའི་ཁྲི་བཟང་པོར། །འོད་དཔག་མེད་བཞིན་སྐུ་ཚེ་འཚོ་བཞེས་བརྟན། །གདུལ་བྱའི་རེ་བསྐང་ཡིད་བཞིན་རིན་ཆེན་བཟང་། །ཕྱོགས་ལས་རྣམ་པར་རྒྱལ་བར་བཞུགས་གསོལ་འདེབས། །པད་འབྱུང་རྡོ་རྗེའི་གསུང་གི་འགྱུར་མེད་པར། །རྨ་བན་རིན་ཆེན་ཕྲིན་ལས་སྤྲུལ་པ་རུ། །ཡོངས་བསྔགས་རྣམ་ཀུན་རྒྱལ་བསྟན་སྒྲོན་མེ་མཆོག །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །མགོན་ཁྱོད་འགྱུར་བྲལ་ཟུང་འཇུག་རྡོ་རྗེའི་སྐུ། །ཉེ་བར་བརྟེན་ནས་ཚད་མེད་ཐུགས་རྗེའི་གྲུབ། །གདུལ་བྱ་དོན་ཉིད་རིན་ཆེན་གླིང་བཟང་པོར། །ཡོངས་དཀྲིས་རྣམ་ཀུན་རྒྱལ་བའི་སར་བཀོད་ཤོག །

ཅེས་སྔ་འགྱུར་རིང་ལུགས་འཛིན་པ་མཐའ་དག་གི་གཙུག་ན་མངོན་པར་མཐོ་བ་ཨོ་རྒྱན་སྨིན་གྲོལ་གླིང་གི་སེང་གེ་ཁྲི་སྐྱོང་མཛད་རིག་འཛིན་རྒྱལ་བའི་གདུང་རྡོ་རྗེ་ཐེག་པའི་བརྟན་པའི་ཉི་མ་གང་གི་ཞབས་པད་ཡུན་རིང་དུ་བརྟན་སླད་མདོ་ཁམས་ཀཿཐོག་ལྷོ་རྒྱུད་དུ་སྐྱེས་ཤིང་རི་ཁ་བ་ཅན་གྱི་ཁོངས་ཀུན་ཏུ་རྒྱུ་བའི་མིང་དཔལ་རིག་འཛིན་ཚེ་དབང་ནོར་བུས་གུས་པ་ཆེན་པོས་ས་ཕོ་རྟ་ཡི་དབོ་ཟླ་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ཉེར་གཉིས་ལ་ཆེད་དུ་བརྗོད་དེ་ཕུལ་བ་མངྒ་ལཾ།

༈ ཀརྨ་པ་བདུད་འདུལ་རྡོ་རྗེའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། བཅོམ་ལྡན་དཔལ་ཆེན་མཆེ་མཆོག་ཧེ་རུ་ཀ༔ ཀུན་ཏུ་བཟང་པོ་ཆེ་བཙན་ཁྲོ་བོའི་རྒྱལ། །ཁམས་གསུམ་རྣམ་རྒྱལ་འཇིགས་བྱེད་འཇིགས་པའི་སྐུ། །འཁོར་ལོ་བདེ་མཆོག་དཔལ་ལྡན་བདེ་བ་ཆེ། །མཁའ་འགྲོ་མཁའ་འགྲོ་མ་ཡི་དྲྭ་བ་བསྡོམས། །རྡོ་རྗེ་རྣལ་འབྱོར་ཡུམ་དང་གཉིས་སུ་མེད། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བདེན་པའི་མཐུའི། །བདག་གི་གཅེས་སྐྱོང་སྙིང་ལས་སྐྱེས་པའི་སྲས། །རྒྱལ་ཀུན་ཕྲིན་ལས་བྱེད་པོར་དབང་བསྐུར་བ། །ཀརྨ་པ་དཔལ་བདུད་འདུལ་རྡོ་རྗེ་གང་། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་གོང་དུ་འཕེལ། །མཛད་བཟང་ཡར་ངོའི་ཟླ་བཞིན་འཕེལ་བར་ཤོག །

ཅེས་བཟོད་མི་རྣལ་འབྱོར་འགྲོ་འདུལ་རྡོ་རྗེ་སེམས་པ་མཚུར་ཆུ་རྒྱུན་རིན་ཆེན་རྒྱུན་གྱི་ངོགས་སུ་བྲིས་པ་བཀྲ་ཤིས་སོ། །

༈ དཔལ་ལྡན་དཔའ་བོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་རྒྱ་མཚོ་ཆེར། །བརྩེ་ཆེན་སྙིང་རྗེའི་པདྨའི་སྡོང་པོ་ལས། །ལེགས་འཁྲུངས་སྐུ་ཉིད་སྤྱི་དཔལ་པདྨ་འབྱུང་། །དེ་དང་གཉིས་མེད་དབྱིངས་ཕྱུག་ནོར་འཛིན་མ། །གང་གི་ཐུགས་ལས་ཉེར་སྐྱེས་བྲན་མོའི་ཚུལ། །བདེ་བའི་དཔལ་མོ་སྨོན་ལམ་དག་པའི་མཐུའི། །ཉེར་སྐྱེས་པཎ་ཆེན་ཤེས་རབ་འབྱུང་གནས་སོགས། །དམ་པའི་སྐྱེ་སྲིད་ཆུ་སྣོད་ཟླ་བ་བཞིན། །ཅིག་དང་དུ་མ་འགོག་མེད་ཆར་བ་ལས། །དུས་འདིར་དཔལ་ལྡན་དཔའ་བོ་སྙན་པའི་རྔ། །ཆེ་ཆེར་རྒོད་པ་གཙུག་ལག་དགའ་བའི་ཞབས། །འཆི་མེད་མགོན་པོ་ཇི་བཞིན་འཚོ་བཞེས་ཤོག །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདེན་ནུས་དང་། །དྲང་སྲོང་ལྷ་ཆེན་སྨོན་ལམ་འགྲུབ་ཀུན་གྱི། །བདག་གི་ལྷག་བསམ་དག་པའི་གསོལ་འདེབས་འདི། །བསླུ་བ་མེད་པ་ཇི་བཞིན་འགྲུབ་པ་ཡི། །རྣམ་འདྲེན་སྤྲུལ་སྐུ་གཙུག་ལག་དགའ་བའི་ཞབས། །གཞོམ་མེད་རྡོ་རྗེའི་སྲོག་གི་ཀ་བ་བཙུགས། །གཞིག་མེད་གཡུང་དྲུང་ཚེ་ཡི་ལང་ཚོ་ལྟས། །ཕྲིན་ལས་མཁའ་ཁྱབ་རྟག་ཏུ་གནས་པར་ཤོག །

ཅེས་རྣམ་འདྲེན་དཔའ་བོ་སྤྲུལ་པའི་སྐུ་བདུན་པ་གཙུག་ལག་དགའ་བའི་ཞལ་སྔ་ནས་གང་གི་ཞབས་བརྟན་གསོལ་འདེབས་སུ་དཔལ་རིག་པ་འཛིན་པ་ཀཿཐོག་སྤྲུལ་སྐུའི་ཆུ་ཕག་དབོ་ཟླ་བའི་ཡར་ཚེས་རྒྱལ་བ་དང་པོ་ལ་གུ་རུའི་གནས་ཆེན་ཀོང་ཡུལ་ལྗོན་པ་ལུང་ནས་ཕུལ་བ་སརྦ་མངྒ་ལཾ།

༈ ཆོས་རྗེ་གླིང་པའི་ཡང་སྲིད་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུད་དཔྱིད། །མཚོ་སྐྱེས་རྡོ་རྗེ་པདྨ་ཐོད་ཕྲེང་རྩལ། །དེ་དང་ཐ་མི་དད་ཀྱང་ཐ་དད་ཚུལ། །རྒྱལ་སྲས་ལྷ་རྗེ་ཨོ་རྒྱན་ཆོས་རྗེ་གླིང་། །གང་གི་བྱིན་རླབས་སྒྱུ་འཕྲུལ་རོལ་པའི་གདངས། །འཇིག་རྟེན་དབང་ཕྱུག་འགྲོ་འདྲེན་སྤྲུལ་པའི་སྐུ། །གང་ཁྱེད་གདུལ་བྱའི་དཔལ་དུ་བསྐལ་པ་བརྒྱར། །མཚོ་བཞེས་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག །

ཅེས་རས་ཆུང་ཕུག་རྣམ་འདྲེན་སྤྲུལ་པའི་སྐུ་རིན་ཆེན་ཆོས་རྗེ་གླིང་པའི་ཡང་སྲིད་གང་འཚོ་བཞེས་བརྟན་ཅིང་འཕྲིན་ལས་རྒྱས་པའི་ཆེད་དུ་རྒྱ་བལ་བོད་ཡུལ་ཀུན་ཏུ་མ་སྦས་པའི་མིང་རིག་པ་འཛིན་པས་ལྕགས་བྱའི་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་ལ་ཐང་འབྲོག་སྨིན་གྲོལ་གླིང་ནས་ཆེད་དུ་བརྗོད་པར་བྱས་པའོ། །

ཨོཾ་སྭཱསྟི། གུ་རུ་པདྨའི་གྲུབ་གནས་སྦས་ཆགས་སུ་ཁོད་པ་རྣམས་ནས་སྤྱོད་ལམ་བྱ་བཞག་དགའ་ཆགས་མི་རྗེས་འགོད་པའི་བཅས་ཡིད་བཞིན་འདི་དོན་ལ་མི་འདའ་བར་ཚངས་པས་སྤངས་བླང་ངོས། དཔལ་མགོན་གཏེར་ཆེན་རིག་འཛིན་ཆོག་སྟག་ཤམ་ཅན་དང་ཆོས་རྗེ་གླིང་པ་སྟེ་ཡབ་སྲས་ཟུང་གི་ཟབ་ཆོས་གཙང་མར་སྤྱོད་པ་གལ་ཆེ་བས་དེ་ལྟར་འཚལ།

ཞེས་རྒྱལ་དབང་པདྨའི་སློབ་མ་གངས་ཅན་དུ་ཁྱབ་པར་གྱུར་པའི་མིང་རིག་འཛིན་ཚེ་དབང་ནོར་བུས་དོན་གྲུབ་ས་ལུག་ཟླ་ཚེས་བཟང་པོ་ལའོ། །མངྒ་ལཾ།

ཨོཾ་སྭཱསྟི། རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པ་དེ་པདྨ་བདེ་གླིང་པའི་གཏེར་ཁ་འདིར་ལུང་གསལ་བར་བསྟན་ཅིང་། འདྲ་མིན་ཁམས་ནས་བྱུང་བ་དེ་ཡང་ཤིན་ཏུ་འགྲིག་པས་ངེས་པ་ཅན་དང་། རྗེ་སྟག་ཤམ་པའི་མཚོ་རྒྱལ་རྣམ་ཐར་ལས་ཀྱང་། དེ་ལ་འགྲིག་ཤམ་པའི་ཕྱོགས་དེའི། རཱ་ཛའི་མིང་ཅན་བརྟུལ་ཞུགས་ཅན་གྱི་བཏོན༔

ཞེས་པ་ཡང་རྗེ་བོ་དང་རྒྱལ་པོ་ཡང་སྒྲ་ཅུང་ཟད་ཐ་དད་ཀྱང་དོན་དུ་གཅིག་པས་ཆོས་རྗེ་ཞེས་པ་དྷརྨ་སྭ་མི་དང་དྷརྨ་ར་ཛཱ་གཉིས་ཀ་འཇུག་རུང་ཅན་ཡིན་པས་འདི་ཡང་བཞུགས་ནས་རས་ཅུང་ཕུག་ཤམྦུའི་ཕྱོགས་སུ་ལན་ཅིག་སྣང་བའི་ངེས་པ་བཅས་དེ་ལས་གཞན་མི་གསལ་གྱི། ངེས་པ་ཉིད་དུ་བདག་གི་རྣམ་པར་རྟོག་པ་ལས་སོ་ཞེས་པ་ཡང་ཚེ་དབང་ནོར་བུས་བྲིས། བཀྲ་ཤིས།

༈ གར་དབང་ཕྲིན་ལས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། དུས་གསུམ་རྒྱལ་བའི་ཕྲིན་ལས་གོང་བུ་གཅིག །ཡོངས་བཟླུམ་ཨོ་རྒྱན་རྒྱལ་པོ་ཐོད་ཕྲེང་རྩལ། །གང་གི་རིང་ལུགས་དྲི་མེད་འཛིན་པ་ལ། །གཞར་ཡང་གཡེང་བ་མེད་པའི་སྙིང་སྟོངས་ཅན། །དཔལ་ལྡན་བླ་མ་གར་དབང་ཕྲིན་ལས་མཚན། །ཞིང་འདིའི་གདུལ་བྱའི་ཆེད་དུ་བསྐལ་པ་བརྒྱར། །གཞོམ་མེད་འོད་དཔག་མེད་ལྟར་འཚོ་བཞེས་བརྟན། །མཐའ་ཡས་གདུལ་བྱའི་སྨིན་གྲོལ་སར་འགོད་ཤོག །

ཅེས་དབྱངས་ཆོས་རྣམ་འདྲེན་སྤྲུལ་པའི་སྐུ་དམ་པ་གང་གི་སྐུ་ཚེ་འཚོ་བཞེས་ཡུན་རིང་དུ་བརྟན་པའི་སླད་དུ་རྒྱལ་ཁམས་པ་རིག་པ་འཛིན་པས་ཕུལ་བ་སརྦ་མངྒ་ལཾ།

༈ ཕྲིན་ལས་རྡོ་རྗེའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་བཏུས་དཔྱིད། །བླ་མེད་སྔགས་ཀྱི་སྟོན་པ་རྡོ་རྗེ་སེམས། །ཨོ་རྒྱན་རྒྱལ་པོས་པདྨ་ཐོད་ཕྲེང་གི །སྲས་གྱུར་དུ་མས་བྱིན་རླབས་དམ་པ་མགོན། །གང་འདུལ་ཕྲིན་ལས་སྤྲོ་མཛད་རྡོ་རྗེ་འཛིན། །གང་ཁྱེད་ལྗོངས་དེའི་གདུལ་བྱ་རྣམས་ཀྱི་ཆེད། །སྐུ་ཚེ་འཚོ་བཞེས་གཞན་ཕན་ཕྲིན་ལས་རྒྱས། །སེལ་མེད་སྔགས་ཀྱི་བདེ་ཆེན་རྒྱས་པར་ཤོག །

ཅེས་རིག་འཛིན་རྩལ་འཆང་དག་གི་བྱིན་རླབས་ཞུགས་ཤིང་གཏེར་སྒྲུབ་མང་པོས་རྗེས་སུ་བཟུང་བའི་དམ་པ་བླ་མ་འཕྲིན་ལས་རྡོ་རྗེ་གང་དེའི་ཆེད་དུ་བརྗོད་པ་འདི་ཡང་མིང་ཡོངས་སུ་གྲགས་པ་དཔལ་རིག་པ་འཛིན་པ་ཞེས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལ་འཇུག་པའི་བློ་གྲོས་ཀྱི་གྲུ་རྫིངས་ཅན་དེའི་སྨྲས་པ་སརྦ་མངྒ་ལཾ།

༈ མི་ཡི་དབང་པོའི་རིང་འཚོའི་སྨོན་ཚིག་ཚན་པ་གཉིས།

ཨོཾ་སྭཱསྟི། དམ་པའི་སྒྱུ་འཕྲུལ་ཅིར་ཡང་མི་འགོག་པ། །ནམ་ཡང་གདུལ་བྱའི་གཉེན་འགྱུར་མཁའ་བཞིན་དྭངས། །ཚེ་བདག་རྒྱལ་བའི་ལུང་བསྟན་མི་ཡི་དབང་། །གང་ཁྱེད་འཚོ་བཞེས་བདག་གཞན་དགེ་ལེགས་ཤོག །

ཅེས་རྟེན་འབྲེལ་གྱི་ཆེད་དུ་དམིགས་ཏེ་རྒྱ་བལ་བོད་ཡུལ་ཀུན་ཏུ་མ་སྦས་པའི་མིང་རིག་པ་འཛིན་པར་བརྗོད་པ་ཀཿཐོག་སྤྲུལ་སྐུས་སོ། །སརྦ་མངྒ་ལཾ།

ཨོཾ་སྭཱསྟི་ཛྙཱིཾ་རཱ་ཛ་ཛ་མ་ཀུ་རུ་བྷྲཱུཾ། རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཚོགས་རྣམས་དང་། །རྒྱལ་སྲས་སློབ་བཅས་འཕགས་ཚོགས་ཞིང་གི་རྡུལ། །གསུང་རབ་དམ་པ་ལུང་དང་རྟོགས་པའི་ཆོས། །བསྲུང་མར་བཅས་པས་བདག་མོས་འདི་འགྲུབ་མཛོད། །འཕགས་མཆོག་མིག་མི་འཛུམ་གྱི་ཉེར་གཟར་བ། །བསིལ་ལྡན་རིའི་བསྐོར་འབུམ་ཕྲག་བརྒྱ་ཡི་ཡུལ། །ལྗོངས་འདིར་སྐྱེ་དགུ་ཡོངས་ཀྱི་བདེ་ལེགས་དཔལ། །མངོན་གྱུར་ས་སྐྱོང་བྱང་ཆུབ་སེམས་པ་ཆེ། །བསོད་ནམས་སྟོབས་ཀྱི་འཁོར་ལོ་བསྒྱུར་བ་པོ། །ཆོས་ཀྱི་རྒྱལ་པོ་གང་གི་ཞབས་པད་མཆོག །གཞིག་མེད་རྡོ་རྗེའི་ཁྲི་རྐང་མི་འཇིག་པ། །སེང་གེའི་ཟེར་སྟོང་རྟག་བརྟན་གཡུང་དྲུང་ཁྲིར། །བདེ་ལྡན་བདག་པོ་ཇི་བཞིན་བསྐལ་པའི་བར། །སྐུ་ཚེ་ཉམས་མེད་རྡོ་རྗེའི་རི་བོ་ལྟར། །མཛད་པ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ། །མངའ་ཐང་ཀལྤའི་ཤིང་ལྟར་རྒྱས་པར་ཤོག །ཕྱི་ནང་མི་མཐུན་སྐྱོན་ཀུན་ཉེར་ཞི་ཞིང་། །ཕྱོགས་ཀྱི་ས་སྐྱོང་རྣམས་ཀྱིས་བསྔགས་ཤིང་བཏུད། །ནད་མུག་མཚོན་ཞི་དགེ་ལེགས་དཔྱིད་དུ་འཕེལ། །གངས་ཅན་བདེ་བའི་དཔལ་གང་ཞབས་བརྟན་ཤོག །

ཅེས་གངས་ཅན་ས་ཡི་དཀྱིལ་འཁོར་མ་དབང་བསྒྱུར་བ་མི་ཡི་བདག་པོ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་གང་གི་ཞབས་པད་ཡུན་རིང་དུ་འཚོ་བཞེས་བརྟན་པའི་ཆེད་དུ་སྙིང་ཐག་པ་ནས་གསོལ་བ་འདེབས་པ་འདི་ནི་ཀཿཐོག་སྤྲུལ་སྐུ་རིག་པ་འཛིན་པས་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ བཀའ་བརྒྱུད་འབྲུག་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་མི་འགྱུར་བདེ་ཆེན་རྡོ་རྗེའི་ཁམས། །ཚེ་ནམ་ཡང་གཞོམ་པ་མེད་པའི་དངོས། །ཚེ་འབྲི་གང་ལས་འདས་གདོད་མའི་གཤམས། །ཚེ་རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག །ཚེ་རྒ་ཤི་ལས་འདས་གཡུང་དྲུང་སྐུ། །ཚེ་འགག་པ་མེད་པ་ནཱ་ཏཱའི་དབྱངས། །ཚེ་ཕོ་འགྱུར་བྲལ་བ་རྡོ་རྗེའི་ཐུགས། །ཚེ་དཔལ་དུ་འབར་ཞིང་ཉམས་མེད་ཞབས། །དཔལ་ཚེ་འོད་དཔག་མེད་བྱིན་རླབས་ཀྱི། །དཔལ་འགྲོ་བའི་མགོན་པོ་འབྲུག་པ་རྗེ། །དཔལ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས། །དཔལ་འཚོ་བཞེས་ཉམས་མེད་ཞབས་བརྟན་གསོལ། །ཚེ་འོད་དུ་འབར་བ་ཉི་ཟླའི་ཁམས། །ཚེ་གས་ཆགས་མེད་པ་བསྐལ་པའི་ཤིང་། །ཚེ་གཡོ་འགྱེལ་མེད་པ་ལྷུན་པོ་ཆེ། །ཚེ་འབྲི་གང་གཏིང་ཟབ་ཆུ་གཏེར་རྫིངས། །ཚེ་ཕུན་ཚོགས་དཔལ་ལྡན་ཚངས་པའི་ཚེ། །ཚེ་འདོད་དགུ་འགྱུར་བ་འཁོར་ལོས་བསྒྱུར། །ཚེ་ངེས་པ་ལྔ་ལྡན་རྒྱལ་བའི་ཚེ། །ཚེ་བཀྲ་ཤིས་བུམ་རྩེན་ལྷ་མོ་བརྒྱད། །དཔལ་གཡང་དུ་འཁྱིལ་བ་དེ་ཀུན་གྱི། །དཔལ་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས། །དཔལ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས། །དཔལ་སྐུ་ཚེ་ཉིས་མེད་བརྟན་བཞུགས་གསོལ། །ཚེ་ངེས་དོན་བདེ་གཤེགས་སྙིང་པོའི་ཁམས། །ཚེ་ཡེ་ནས་ཉམས་པ་མེད་མོད་ཀྱང་། །ཚེ་ཀུན་རྫོབ་བདེན་པ་གློ་བུར་ཆ། །ཚེ་ཕོ་འགྱུར་རྣམ་པར་སྣང་ཀུན་ཡང་། །ཚེ་དཔག་མེད་སངས་རྒྱས་མཆོག་དེ་དང་། །ཚེ་ལྷ་གྱུར་དྲང་སྲོང་རིག་འཛིན་མཐུས། །ཚེ་ཉི་ཟླ་ལྷུན་པོ་དཔག་བསམ་བཞིན། །ཚེ་ཡུན་རིང་གནས་པར་བྱིན་རླབས་ནས། །མཆོག་དཔལ་དང་བླ་མའི་སྐུ་ཚེ་སྲིང་། །མཆོག་བཀའ་རྒྱུད་ཕྲིན་ལས་ཤིང་རྟའི་ཞབས། །མཆོག་ཕྲིན་ལས་ས་གསུམ་ཁེངས་ཀྱི་བར། །མཆོག་འཆི་མེད་ཞབས་པད་བརྟན་གསོལ་འདེབས། །

ཅེས་པ་སྒྲུབ་བརྒྱུད་འཛིན་པ་ཐམས་ཅད་ཀྱི་སྤྱི་ཕུད་འགྲོ་བའི་མགོན་པོ་འབྲུག་པ་མཆོག་གི་སྤྲུལ་པའི་སྐུ་རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་སྐུ་ཚེ་འཚོ་བཞེས་ཡུན་རིང་དུ་བརྟན་པར་གསོལ་བ་འདེབས་པ་འདི་ཡང་ན་ཚོད་ལྡན་པ་ས་ག་ཟླ་བའི་དཀར་ཕྱོགས་ཐུབ་དབང་བྱང་ཆུབ་མཆོག་གི་དུས་བཟང་པོར་རིག་འཛིན་ཚེ་དབང་ནོར་བུས་སྙིང་ནས་གདུང་ཤུགས་ཀྱི་གང་ཤར་མུག་པར་བརྗོད་པ་དེ། དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་ཆེན་པོར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ།

༈ འབའ་ར་ཆོས་རྗེ་ངག་དབང་ཡེ་ཤེས་བཟང་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཚེ་འོད་དཔག་མེད་གསུང་གི་རྡོ་རྗེ་འཆང་། །དབང་ཕྱུག་བརྒྱད་ལྡན་མགོན་པོ་སྤྱན་རས་གཟིགས། །ཡིད་བཞིན་ནོར་བུ་བླ་མ་པདྨ་འབྱུང་། །གང་བདེའི་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ངེས་དོན་སྙིང་པོའི་བསྟན་པ་སྤེལ་བའི་ངག །ཉམས་མེད་དབང་པོ་དགེ་བའི་སྒྲ་དབྱས་ཅན། །ཨོ་རྒྱན་རྒྱལ་བའི་ལུང་ལས་ཉེར་ཟིན་པ། །ཡེ་ཤེས་གཞོན་ནུའི་བྱིན་གྱིས་རླབས་གྱུར་གང་། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན་བཟང་པོ། །གང་ཁྱེད་ཨ་ཧཾ་ཉི་ཟླའི་གུར་ཁང་དབུས། །མི་ཤིག་དྷུ་ཏི་སྲོག་གི་ཀ་བ་ཚུགས། །ཚེ་ཡི་རང་བཞིན་གཡུང་དྲུང་ཉིད་དུ་བསྟན། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཚོ་བཞེས་འཆི་མེད་རྡོ་རྗེ་ཡོངས་འགྲུབ་ཤོག །གཞན་ཕན་ཕྲིན་ལས་བཟང་པོ་ཀུན་ཏུ་རྒྱས། །ལྷུན་གྲུབ་རྒྱལ་བའི་རྒྱལ་ས་ཉིད་ཐོབ་ཤོག །

ཅེས་པ་ཡང་སྐྱིད་གྲོང་འཇམ་གླིང་གི་གདུ་རིགས་སྐྱེས་མཆོག་འབར་ར་བའི་སེང་གེའི་ཁྲི་བསྲུང་བར་བྱེད་པ་པོ་ཆོས་ཀྱི་རྗེ་བླ་མ་དམ་པ་ངག་དབང་ཡེ་ཤེས་དཔལ་བཟང་པོ་ཡི་སྐུ་ཚེ་འགལ་རྐྱེན་སེལ་བའི་ཆེད་དུ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་འཆི་མེད་གྲུབ་པའི་དཔའ་བོ་རས་པ་ཡབ་སྲས་ཀྱི་སྒྲུབ་གནས་ར་ལ་ཟ་འོག་ཕུག་ནས་སྤེལ་བ་སརྦ་མངྒ་ལཾ།

བདེ་ལྡན་བཀོད་པའི་མདོ་དོན་ཇི་བཞིན་པའི་སྨོན་ལམ་ཐར་པའི་སྒོ་འབྱེད།

༄༅། །བདེ་ལྡན་བཀོད་པའི་མདོ་དོན་ཇི་བཞིན་པའི་སྨོན་ལམ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༈ ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །རིག་པ་ཞབས་ལྡན་བདེ་གཤེགས་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ། །ཁ་བསྒྱུར་བླ་མེད་ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །གཟི་བརྗིད་ཚེ་དང་ཡེ་ཤེས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ཐོས་དུས་གཅིག་བཅོམ་ལྡན་ཐུབ་མཆོག་མཉན་ཡོད་དུ། །རྒྱལ་བ་རྒྱལ་བྱེད་ཚལ་གྱུར་མགོན་མེད་ཟས་སྦྱིན་ཀུན་དགའ་རར། །ཉན་ཐོས་འཕགས་པ་ཤཱ་རིའི་བུ་དང་མཽང་གལ་བུ་དང་ནི། །འོད་སྲུངས་ཆེན་པོ་ཀ་ཏྱའི་བུ་དང་ཀ་བི་ན་ཆེན་པོ། །གསུས་ཆེན་ནམ་གྲུ་ལམ་ཕྲན་བརྟན་པ་དགའ་བོ་ཀུན་དགའ་བོ། །བྷ་ར་དྷྭ་ཛ་འཆར་བྱེད་ནག་པོ་བ་ཀུལ྄་སྒྲ་གཅན་འཛིན། །བ་གླང་བདག་དང་མ་འགགས་པ་སོགས་དགེ་འདུན་ཆིག་སྟོང་དང་། །ཉིས་བརྒྱ་ལྔ་བཅུས་བསྐོར་བ་དེ་ལ་གུས་པས་ཕྱག་འཚལ་ལོ། །དུས་དེར་གཞན་དག་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་གྱུར་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང་། །མི་ཕམ་པ་དང་སྤོས་ཀྱི་གླང་པོ་རྟག་ཏུ་བརྩོན་པ་དང་། །བརྩོན་པ་མི་འདོར་བ་སོགས་བྱང་ཆུབ་འཁོར་ཚོགས་དཔག་མེད་དང་། །གཞན་ཡང་དབང་པོ་བརྒྱ་བྱིན་མི་མཇེད་བདག་པོ་ཚངས་པ་ཆེ། །དེ་སོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་གྱུར་པ་ཡི། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་བཞུགས་པ་རྫོགས་སངས་རྒྱས། །ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དེ་ལ་ཕྱག་འཚལ་ལོ། །དེ་ཚེ་ཤཱ་རིའི་བུ་ལ་བཀའ་སྩལ་མཆོག་ཏུ་བསྔགས་པའི་གནས། །ཞིང་འདིའི་ནུབ་ཕྱོགས་སངས་རྒྱས་ཞིང་ཁམས་བྱེ་བ་ཁྲག་ཁྲིག་འབུམ། །འདས་པ་དེ་ན་ཚེ་དཔག་མེད་བཞུགས་ཞིང་ཁམས་བདེ་བ་ཅན། །ཅིའི་ཕྱིར་དེར་གནས་སེམས་ཅན་རྣམས་ཀྱི་ལུས་དང་སེམས་ལ་ནི། །སྡུག་བསྔལ་མེད་ཅིང་བདེ་རྒྱུ་ཚད་མེད་ལྡན་པས་བདེ་བ་ཅན། །སངས་རྒྱས་ཞིང་དེ་ཞིང་གི་ཡོན་ཏན་བཀོད་པ་རྣམ་མང་པོས། །ལེགས་པར་བརྒྱན་པ་ཀུན་ཀྱང་ཤིན་ཏུ་བཀྲ་ཞིང་ལྟ་ན་སྡུག །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ཞིང་དེ་ཁ་ཁྱེར་རིམ་བདུན་ཏཱ་ལའི་ཕྲེང་བ་རིམ་བདུན་ལྡན། །དྲིལ་གཡེར་དྲྭ་བས་ཡོངས་བསྐོར་ཞིང་ཀུན་རིན་ཆེན་བདུན་གྱིས་བརྒྱན། །རིན་ཆེན་བདུན་རྫིང་བརྒྱད་ལྡན་ཆུས་གང་རིན་ཆེན་པདྨོས་ཁེབས། །བྱ་རོག་བཏུང་རུང་ཁ་ང་ཅང་གྱུར་གསེར་གྱི་བྱེ་མ་བརྡལ། །རྫིངས་ཀྱི་ཕྱོགས་བཞིར་ཐེམ་སྐས་བཞི་བཞི་གསེར་དངུལ་བཻཌཱུར་ཤེལ། །རྫིངས་འགྲམས་བཻཌཱུཪྻ་དང་གསེར་དངུལ་ཤེལ་དང་རྡོ་སྙིང་སྤུག །མུ་ཏིག་དམར་སྟེ་རིན་ཆེན་བདུན་གྱི་ལྗོན་ཤིང་ཀུན་ཏུ་རྒྱས། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །རྫིངས་ཀྱི་པདྨོ་དེ་ཀུན་ཤིང་རྟའི་འཕང་ལོ་ཙམ་དུ་སྐྱེས། །གསེར་མདོག་གསེར་གྱི་འོད་འབྱུང་གསེར་ལྟར་སྟོན་དང་དེ་བཞིན་དུ། །སྔོ་སེར་དཀར་དམར་མདོག་དང་སྣ་ཚོགས་བཀྲ་བས་ཡོངས་ཁེངས་ཤིང་། །ཏཱ་ལའི་ཕྲེང་དང་དྲིལ་གཡེལ་ཕྲེང་རྣམས་རླུང་བསྐྱོད་སྒྲ་ཡིད་འོང་། །རོལ་མོ་མཁན་གྱུར་ཡན་ལག་བྱེ་བ་འབུམ་ལྡན་ལྷའི་སིལ་སྙན། །བླང་འདྲ་བྱང་ཆུབ་ཆོས་སྒྲ་དེར་སྐྱེས་སེམས་ཅན་གྱིས་ཐོས་པས། །སངས་རྒྱས་དམ་ཆོས་དགེ་འདུན་དྲན་པ་ལུས་ལ་གནས་པར་བྱེད། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ཞིང་དེར་ལྷ་ཡི་སིལ་སྙན་སྒྲ་དབྱངས་རང་བཞིན་རྟག་འབྱུང་ཞིང་། །ས་གཞི་གསེར་གྱི་ཁ་དོག་ཇི་བཞིན་ཤིན་ཏུ་ཉམས་དགའ་གསལ། །དེ་ན་དམྱལ་བ་གཤིན་རྗེ་བྱོལ་སོང་སྐྱེ་གྱུར་མིང་ཡང་མེད། །སྤྲུལ་པའི་བྱ་ཚོགས་ངང་པ་ཁྲུང་ཁྲུང་རྨ་བྱ་ལ་སོགས་པས། །ཉིན་མཚན་ཐུན་དྲུག་རྣམས་སུ་རང་རང་སྐད་ཀྱི་ཆོས་བགྲོ་བ། །དབང་པོ་སྟོབས་དང་བྱང་ཆུབ་ཡན་ལག་རབ་ཏུ་སྙན་པའི་སྒྲ། །ཐོས་པའི་སེམས་ཅན་ཀུན་ཀྱང་དཀོན་མཆོག་རྗེས་སུ་དྲན་ལ་སྦྱོར། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ཉིན་མོ་ལན་གསུམ་མཚན་ཐུན་གསུམ་དུ་མེ་ཏོག་མནྡ་རའི། །ཆར་ཆེན་བབ་པས་ས་གཞི་ཀུན་ནས་ཡོངས་སུ་མཛེས་བཀྲ་བྱེད། །དེར་གནས་སེམས་ཅན་ཀུན་ཀྱང་སངས་རྒྱས་མཐུ་ཡིས་སྔ་དྲོ་བཞིན། །སངས་རྒྱས་ཞིང་ཁམས་གཞན་དུ་འདོང་ནས་སངས་རྒྱས་བྱེ་བ་ཕྲག །འབུམ་ལ་ཕྱག་བྱས་སངས་རྒྱས་རེ་ལའང་མེ་ཏོག་སྐོན་བུ་བཅས། །བྱེ་བ་འབུམ་གྱིས་མངོན་པར་མཆོད་ཅིང་དགྱེས་བྱས་ཆོས་ཉན་ཏེ། །སླར་ཡང་རང་གི་གནས་སུ་ཉི་མ་དེ་ལ་འདོང་བར་བྱེད། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེ་བཞིན་གཤེགས་དེའི་ཉན་ཐོས་དགྲ་བཅོམ་ཚད་མེད་གྲངས་མེད་པའི། །གྲངས་ནི་འཕགས་པ་རྫུ་འཕྲུལ་ཆེན་པོས་ཡང་ནི་བརྗོད་ནུས་མིན། །གཞན་ནི་སངས་རྒྱས་ཞིང་དེར་སྐྱེས་པའི་སེམས་ཅན་གང་སུ་ཡང་། །སྐྱེ་བ་གཅིག་གིས་ཐོག་པའི་བྱང་ཆུབ་སེམས་དཔའ་དམ་པ་ཆེ། །ཕྱིར་མི་ལྡོག་པ་འབའ་ཞིག་ལས་ནི་གཞན་ཡོད་མ་ཡིན་ཏེ། །དེ་ལྟའི་བྱང་ཆུབ་སེམས་དཔའ་ཇི་སྙེད་ཚད་དང་གྲངས་དག་ནི། །བརྗོད་པ་སླ་བ་མ་ཡིན་སངས་རྒྱས་ཞིང་ཁམས་ཀུན་ཁྱབ་བྱེད། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ཞིང་དེའི་རྒྱལ་བ་དེ་ནི་སྐུ་ཚེ་དཔག་ཏུ་མེད་པས་ན། །བཅོམ་ལྡན་དེ་བཞིན་གཤེགས་པ་ཚེ་དཔག་མེད་པ་ཞེས་སུ་བྱ། །དེ་བཞིན་འོད་སྣང་དཔག་མེད་སངས་རྒྱས་ཞིང་ཀུན་ཐོག་མེད་ཁྱབ། །དེ་ཕྱིར་དེ་བཞིན་གཤེགས་པ་འོད་དཔག་མེད་པ་ཞེས་བྱའི་མཚན། །ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀུན་གྱིས་དུས་རྣམས་རྟག་བསྔགས་མཛད། །གང་དེ་བླ་མེད་ཡང་དག་རྫོགས་བྱང་མངོན་པར་ཆུབ་ནས་ཡུན། །ཞིང་འདིའི་བསྐལ་པ་བཅུ་ལོན་ད་ལྟ་འཚོ་གཞེས་ཆོས་སྟོན་མཛད། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ངན་ངོན་ཙམ་མིན་དག་པའི་དགེ་རྩ་ཐམས་ཅད་གུས་པ་ཡིས། །ཡོངས་སུ་བདེ་ཆེན་ཞིང་གི་སྐྱེས་བུ་ཆེ་དེ་མཇལ་བར་བསྔོ། །ཚེ་འོད་དཔག་མེད་དེའི་མཚན་ཐོས་ནས་ཡིད་ལ་བྱེད་པའི་སེམས། །ནུབ་མོ་གཅིག་ནས་བདུན་བར་གཡེང་མེད་བྱས་པས་འཆི་བའི་ཚེ། །ཕྱིན་ཅི་མ་ལོག་སེམས་ཀྱིས་དུས་བྱས་དེ་ཚེ་འོད་དཔག་མེད། །ཉན་ཐོས་དགེ་འདུན་གྱིས་བསྐོར་བྱང་ཆུབ་སེམས་དཔའི་ཚོགས་བཅས་པ། །མདུན་དུ་བལྟ་བའི་མདུན་ན་མངོན་སུམ་བཞུགས་མཐོང་གྱུར་པ་ཡི། །ཞིང་དེར་བདག་ནི་ལུས་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །བདག་ཅག་སྟོན་མཆོག་ཡང་དག་རྫོགས་པའི་སངས་རྒྱས་ཐུབ་དབང་གིས། །སེམས་ཅན་གང་དག་འོད་དཔག་མེད་པའི་ཞིང་ཁམས་བདེ་བ་ཅན། །སེམས་ཀྱིས་སྨོན་པར་བྱེད་དམ་བྱས་པ་བྱེད་འགྱུར་དེ་ཐམས་ཅད། །བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་ལས་ནི་ཕྱིར་མི་ལྡོག །ཕྱིར་མ་ལྡོག་ཅིང་ཕྱིར་མི་ལྡོག་འགྱུར་དོན་ཆེན་ཡོངས་གཟིགས་ནས། །སངས་རྒྱས་ཞིང་དེར་གུས་པས་སྨོན་ལམ་གདབ་ཞེས་ཆེས་བསྔགས་པའི། །ལྗགས་ཀྱི་དབང་པོས་ཞིང་ཀུན་ཁྱབ་བྱས་བདེན་པའི་མཐུ་དེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་སྐྱེ་བར་ཤོག །ཐུབ་པས་ཇི་ལྟར་གསུང་བཞིན་ཤར་ཕྱོགས་བཅོམ་ལྡན་དེ་བཞིན་གཤེགས། །མི་འཁྲུགས་པ་དང་ལྷུན་པོའི་རྒྱལ་མཚན་ལྷུན་པོ་ལྷུན་པོ་ཆེ། །ལྷུན་པོ་ཆེ་སྣང་འཇམ་སྒྲ་འཇམ་དབྱངས་ལ་སོགས་སངས་རྒྱས་ནི། །གངྒཱའི་ཀླུང་གི་བྱེ་སྙེད་ཀུན་གྱིས་རྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་འོད་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་རྫོགས་སངས་རྒྱས་ཀུན་གྱིས་ཡོངས་བཟུང་བའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཀྱིས་གསུང་བདེན་དེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །དེ་བཞིན་ལྷོ་ཕྱོགས་སངས་རྒྱས་ཞིང་ན་བཅོམ་ལྡན་དེ་བཞིན་གཤེགས། ཉི་ཟླའི་སྒྲོན་མ་དང་ནི་གྲགས་པ་གྲགས་པའི་འོད་ཞེས་དང་། །འོད་འཕྲོའི་ཕུང་པོ་ལྷུན་པོའི་སྒྲོན་མ་བརྩོན་འགྲུས་མཐའ་ཡས་སོགས། །གངྒཱའི་ཀླུང་གི་བྱེ་སྙེད་ཀུན་གྱིས་རྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་འོད་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་བརྗོད་སངས་རྒྱས་ཀུན་གྱིས་ཡོངས་བཟུང་བའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཁྲིད་གསུང་བདེན་ངེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །དེ་བཞིན་ནུབ་ཀྱི་ཕྱོགས་ན་སངས་རྒྱས་ཚེ་དཔག་མེད་པ་དང་། །ཕུང་པོ་དཔག་མེད་རྒྱལ་མཚན་དཔག་མེད་འོད་ཆེན་འོད་ཟེར་སྣང་། །རིན་ཆེན་ཏོག་དང་འོད་ཟེར་དག་སོགས་ནུབ་ཕྱོགས་སངས་རྒྱས་ནི། །གངྒཱའི་ཀླུང་གི་བྱེ་སྙེད་ཀུན་གྱིས་བརྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་འོད་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་བརྗོད་སངས་རྒྱས་ཀུན་གྱིས་ཡོངས་གསུང་པའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཀྱིས་གསུང་བདེན་དེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །བྱང་ཕྱོགས་དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཆེན་པོ་དང་། །ཐམས་ཅད་སྒྲོལ་དབྱངས་རབ་ཏུ་ཐུལ་དཀའ་ཉི་མ་འབྱུང་ཞེས་དང་། །དྲྭ་ཅན་གྱི་འོད་དང་འོད་ཀྱི་འབྱུང་གནས་སོགས་སངས་རྒྱས། །གངྒཱའི་ཀླུང་གི་བྱེ་སྙེད་ཀུན་གྱིས་བརྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་འོད་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་བརྗོད་སངས་རྒྱས་ཀུན་གྱིས་ཡོངས་བཟུང་བའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་གྱིས་གསུང་བདེན་ངེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །དེ་བཞིན་འོག་ཕྱོགས་བཞུགས་པ་རྫོགས་པའི་སངས་རྒྱས་སེང་གེ་དང་། །གྲགས་པ་དང་ནི་གྲགས་འོད་ཆོས་ཤེས་ཆོས་འཛིན་ཅེས་བྱ་དང་། །ཆོས་ཀྱི་རྒྱལ་མཚན་ལ་སོགས་སངས་རྒྱས་བཅོམ་ལྡན་དེ་བཞིན་གཤེགས། །གངྒཱའི་ཀླུང་གི་བྱེ་སྙེད་ཀུན་གྱིས་རྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་འོད་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་བརྗོད་སངས་རྒྱས་ཀུན་གྱིས་ཡོངས་བཟུང་བའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཀྱིས་གསུང་བདེན་ངེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །སྟེང་ནས་ཚངས་དབྱངས་སྐར་རྒྱལ་སྤོས་མཆོག་སྤོས་འོད་སྤོས་ཕུང་པོ། །རིན་ཆེན་མེ་ཏོག་ཤིན་ཏུ་རྒྱས་རིགས་ས་ལའི་དབང་པོའི་རྒྱལ། །རིན་ཆེན་ཨུཏྤ་ལའི་དཔལ་མཐོང་བ་དོན་ཡོད་ལྷུན་ལྟར་སོགས། །གངྒཱའི་ཀླུང་གི་བྱེ་སྙེད་རྒྱལ་ཀུན་རྫུན་མེད་བདེན་གསུང་ལྗགས། །རང་རང་ཞིང་ཁམས་ཁེབ་པར་བྱས་ཏེ་ཚེ་དཔག་མེད་ཀྱི། །ཡོན་ཏན་བསམ་ཡས་ཡོངས་བརྗོད་སངས་རྒྱས་ཀུན་གྱིས་ཡོངས་བཟུང་བའི། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཀྱིས་གསུང་བདེན་དེས་བདག །ལུས་འདི་བོར་ཐག་ཉིད་དུ་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །འོད་དཔག་མེད་ཞིང་བཀོད་དང་བཅོམ་ལྡན་སངས་རྒྱས་དེ་རྣམས་མཚན། །ཐོས་གྱུར་ཐོས་པ་ཐོས་འགྱུར་དེ་ཀུན་སངས་རྒྱས་བཅོམ་ལྡན་འདས། །རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་ཞེས་བདེན་གྱུར་དམ་པས་གསུང་། །ཐུབ་དེས་སངས་རྒྱས་དེ་དག་ཡོན་ཏན་བསམ་མི་ཁྱབ་བརྗོད་བཞིན། །སངས་རྒྱས་དེ་དག་ཀུན་གྱིས་ཤཱཀ་ཐུབ་ཡོན་ཏན་དེ་བཞིན་བསྔགས། །སྙིགས་མ་ལྔ་བདོའི་དུས་སུ་སངས་རྒྱས་གཞན་གྱིས་མཛད་དཀའ་ཀུན། །ཡོངས་སུ་བཟུང་མཛད་ཐུབ་དབང་དེ་ལ་སྙིང་ནས་སྐྱབས་སུ་མཆིའོ། །བདག་ནི་ལུས་འདི་བོར་ཐག་བདེ་ཅན་ཞིང་དེར་སྐྱེ་བར་ཤོག །བཅོན་ལྡན་རྒྱལ་བའི་བཀའ་ལ་ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །ལྷ་མི་ལྷ་མིན་དྲི་ཟེར་བཅས་པའི་འཇིག་རྟེན་ཀུན་ཡི་རངས། །སངས་རྒྱས་བཀའ་སྩལ་མངོན་བསྟོད་ནམ་ཡང་མི་བསླུ་ཤིན་ཏུ་བདེན། །བདེན་པ་མཆོག་གསུམ་ཕྱོགས་བཅུ་དུས་གསུམ་སངས་རྒྱས་བདེན་མཐུ་དང་། །དེ་བཞིན་གཤེགས་པ་འོད་དཔག་མེད་དང་ཤཱཀ་ཐུབ་བྱིན་རླབས་ཀྱིས། །བདག་སོགས་ལུས་འདི་བོར་མ་ཐག་ཏུ་བར་མཚམས་གཞན་མེད་པར། །སངས་རྒྱས་ཞིང་མཆོག་འཇིག་རྟེན་ཁམས་གྱུར་བདེ་ལྡན་བཀོད་པ་རུ། །སྐྱེ་བར་གྱུར་ཅིག་དུས་གསུམ་བདེ་བ་ཀུན་ཀྱང་དེའི་ཕྱིར་བསྔོ། །བདག་ནི་སོ་སྐྱེ་མོས་སྤྱོད་ས་ལ་གནས་པའི་སྐབས་ཉིད་ནས། །མཐོང་ཐོས་དྲན་རེག་གྱུར་དང་དེ་རྣམས་ཀྱིས་ཀྱང་རླུང་རྩི་ཕྱོགས། །ཕོག་གྱུར་འགྲོ་ཀུན་ལྷག་བསམ་སྨོན་ལམ་སྟོབས་གང་རྒྱལ་བའི་མཐུས། །ཀུན་ཀྱང་ཕྱམས་ཅིག་བདེ་ལྡན་བཀོད་པའི་ཞིང་དུ་སྐྱེ་བར་ཤོག །

ཅེས་པ། བདེ་བ་ཅན་གྱི་བཀོད་པའི་མདོ་དོན་ཚང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཐར་པའི་སྒོ་འབྱེད་ཞེས་བྱ་བ་འདི་ནི། རྣམ་འདྲེན་དཔའ་བོ་སྤྲུལ་པའི་སྐུ་རིན་པོ་ཆེ་གཙུག་ལག་དགའ་བའི་ཞལ་སྔ་ནས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན། བོད་ཡུལ་ཁ་བ་ཅན་གྱི་དབུས་གྱུར་ལྷ་ལྡན་རང་བྱུང་སྤྲུལ་པའི་གཙུག་ལག་ཁང་ཇོ་བོ་འོད་ཟེར་ལྷ་བརྒྱད་ཀྱི་སྤྱན་སྔར་སྙིང་ནས་གུས་པས། ཕྱོགས་མེད་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས། མེ་ཡོས་རབ་བྱུང་བཅུ་གསུམ་པ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་གང་བ་ལ་གྲུབ་པར་བྲིས་པའོ། །དགེའོ། །དགེའོ། །ཤུ་བྷཾ།

དེ་ལྟར། ཚིགས་ལ་མི་སྟོན་དོན་ལ་སྟོན་པའི་ལུང་ལ་བརྟེན་ནས། གང་ཟག་ཅི་རིགས་པའི་ངོར་སྐབས་འགར་ཚིག་ཟོལ་ཡངས་ཤིང་བརྗོད་པ་བདེ་བར་དགོངས་ཏེ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོས་མདོ་སྡེ་ཚིགས་ལྷུག་པ་འགའ་ཞིག་ཚིགས་བཅད་དུ་སྡེབས་པར་མཛད་ཅེས་བཀའ་གདམས་ཀྱི་གསུང་བསྒྲོས་ཁུང་མར་བྱུང་བ་དང་། བོད་ཀྱི་ལོ་ཙཱ་བ་དམ་པ་འགས་ཀྱང་སྔགས་རྒྱུད་ལ་ལ་རྒྱ་སྐད་ལྷུག་པར་བོད་སྐད་ཚིགས་བཅད་བསྒྱུར་བ་དང་འདྲ་བར། འདི་ཡང་ཡེ་ཤེས་དམ་པ་བརྙེས་པའི་སྐྱེས་བུ་ཆེས་ཆེ་བ་མཆོག་གིས་བདེ་བ་ཅན་གྱི་ཞིང་གི་བཀོད་པའི་མདོ་ཚིགས་ལྷུག་པའི་དོན་ཚིགས་སུ་བཅད་པར་སྡེབས་ནས་སྨོན་ལམ་དུ་ཁ་བསྒྱུར་བར་གནང་བ་ཡིན་ཕྱིར། ཡིད་རྩེ་གཅིག་ཏུ་ཁ་འདོན་བགྱིས་ན། དེ་བཞིན་གཤེགས་པའི་བཀའ་མདོ་སྡེ་རིན་པོ་ཆེ་དེ་ཉིད་བཏོན་པའི་ཕན་ཡོན་འབྱུང་ཐོག །ཁ་བསྒྱུར་སྨོན་ལམ་མཐུ་ཡིས་ལུས་འདི་འཕོས་མ་ཐག་ཏུ་ཞིང་དེར་ངེས་པར་སྐྱེ་བ་ཐེ་ཚོམ་མེད་པས། སྨོན་ལམ་ཁྱད་པར་ཅན་འདི་ལ་ཀུན་གྱིས་ནན་ཏན་དུ་འབད་འཚལ་ལོ། །ཡང་དམ་པ་མཆོག་རྣམས་ཀྱིས་ངོ་བོ་རྣམ་པ་གཉིས་ཀ་སངས་རྒྱས་བཀའ་རྨ་མེད་པའི་དོན་ལས་ནམ་ཡང་མི་འདའ་བཞིན་ཐབས་མཁས་ཟབ་མོས་མཛད་པ་དེ་ལྟར་བསྟན་པ་ལ། ཐ་སྙད་མཁན་དང་རག་གན་གསེར་བརྫུས་བ་ཚོས་འགྲན་སྟེ་སྟག་གིས་མཆོངས་སར་ཝས་ཕྱོགས་པའི་དཔེ་བཞིན་རྒྱལ་བའི་བཀའ་རྣམས་རང་འདོད་ཀྱིས་བཟོ་བཅོས་ཕྲི་བསྣན་འདྲ་མིན་སྣ་ཚོགས་ཀྱིས་བསླད་ནས་ངོམ་ངོམ་བྱེད་པ་ནི། ཕྲལ་སྣང་ཡིན་ཡང་འདྲ་ཡང་བྱིན་རླབས་མེད་ཅིང་དོན་གནད་ཁྱོགས་པ་ཡི་ཉེས་པའི་གཡང་ས་ཆེན་པོར་ལྷུང་བ་འགྱུར་བས་ནམ་ཡང་དོར་དགོས་སུ་ཤེས་པ་གལ་ཆེའོ། །ཅེས་པའང་རིག་འཛིན་བླ་མ་རྗེ་ཡི་བཀའ་འབང་ཐ་ཤལ་གཙུག་ལག་དགའ་བའི་དབང་པོས་འདི་ཉིད་པར་དུ་བསྒྲུབ་སྐབས་སྨྲས་པ་ལགས་སོ། །སརྦ་མངྒ་ལཾ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཧོ་ཧྱ་བ་ད་ཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ནཿ