cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་དྲུག་པ་རྩིས་དང་སྒྲ་ཡི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་དུས་ཀྱི་འཁོར་ལོའི་རིག་པ་རྩིས་ལ་འཇུག་པའི་སྒོ་སྔོན་འགྲོའི་རིམ་པ་རྣམ་གྲངས་མདོ་བཅས་རབ་ཏུ་བྱེད་པ་དྲི་མེད་འོད་ཟེར་མཛེས་པའི་རྒྱན་གྱི་མེ་ཏོག

སྐབས་དང་པོ། རིག་པ་རྩིས་ཀྱི་འཇུག་སྒོ་སྤྱི་དོན་རི་མོའི་གནད་ཤིན་ཏུ་གསལ་བར་བསྟན་པ།

༄༅། །དཔལ་དུས་ཀྱི་འཁོར་ལོའི་རིག་པ་རྩིས་ལ་འཇུག་པའི་སྒོ་སྔོན་འགྲོའི་རིམ་པ་རྣམ་གྲངས་མདོ་བཅས་རབ་ཏུ་བྱེད་པ་དྲི་མེད་འོད་ཟེར་མཛེས་པའི་རྒྱན་གྱི་མེ་ཏོག་ཅེས་བྱ་བ་བཞུགས། །

༈ ཨོཾ་སྭཱ་སྟི། ན་མཿཤྲཱི་ས་མནྟ་བྷ་དྲ་ཀཱ་ལ་ཙཀྲ་ཡ། ཀུན་མཁྱེན་ཀུན་ལ་སྨན་མཛད་པ། །བདུད་རྩིའི་འབྱུང་གནས་སྲིད་ཞིའི་མགོན། །དཔལ་ལྡན་བླ་མ་སངས་རྒྱས་ལ། །རྣམ་ཀུན་དད་པས་འདུད་ཕྱག་འཚལ། །གཞོན་ནུ་གང་ཞིག་རིག་པའི་གནས། །གྲངས་ལ་མ་རྨོངས་རྩིས་ཀྱི་སྒོར། །འཇུག་པར་འདོད་པའི་སྐྱེས་བུ་ལ། །ཤིན་ཏུ་གཅེས་པ་སྤྱི་ཡི་ནོར། །དང་པོ་ལག་ལེན་རི་མོའི་གནད། །མན་ངག་ཇི་སྙེད་མ་སྦས་པ། །གོ་བདེ་ལྷུག་པར་བརྡལ་བའི་ཚིག །བཀླགས་པས་ཤེས་པ་འདིར་སྤེལ་བྱ། །དེ་ལ་ཐོག་མ་ངེས་པའི་གནད། །འདི་ལྟར་ངག་ཚིག་བརྡའ་ཆད་གང་། །ཡི་གེའི་གཟུགས་སུ་ཤར་བ་འདི། །སངས་རྒྱས་འཕྲིན་ལས་འཇུག་པ་ཉིད། །ཡུན་ཕྱིར་རྣམ་གྲངས་འབྱམས་ཀླས་པ། །བསམ་གྱིས་མི་ཁྱབ་ཉིད་དུ་ཤེས། །དེ་ལས་མི་མཇེད་འཛམ་གླིང་འདིར། །ཡུལ་གྲུ་སྣ་ཚོགས་སྐད་རིགས་ཀྱང་། །ཤིན་ཏུ་མང་པོར་གནས་པ་བཞིན། །ཡི་གེའི་གཟུགས་ཀྱང་ཇི་སྙེད་གྲུབ། །དེ་ཡང་རྒྱ་གར་བལ་བོད་ཀྱི། །ཡིག་འབྲུ་ཕན་ཚུན་གྲལ་སྦྲེལ་བས། །ཡིག་འཕྲེང་འགྲེང་ཐབ་མཐུར་གཤིབས་གནས། །དམིགས་བསལ་ལས་གཞན་སྤྱིར་བཏང་དུ། །ཡི་གེའི་གནས་ཚུལ་དེ་ལྟར་མཐོང་། །ཡིག་རིགས་དེ་དག་ཐམས་ཅད་ཀྱང་། །འབྲི་དང་ཀློག་ཚུལ་མཐུན་པ་ཉིད། །དབུ་ཕྱོགས་ཐོག་མ་གཡོན་ནས་འབྱུང་། །ཐ་མ་གཡས་ཀྱི་ཕྱོགས་འགྲོའོ། །དེ་ལྟར་ཡི་གེའི་སྤྱིའི་རྣམ་བཞག །གླེང་གཞིའི་ཚུལ་དུ་ས་བོན་ཙམ། །གྲངས་བརྡའ་ཨང་ཀི་འབྲི་ཀློག་གནས། །གཏན་ལ་ཕབ་ཕྱིར་སྨྲ་བྱས་ཏེ། །ད་ནི་ཉེ་བར་བརྗོད་པའི་དོན། །སྐར་རྩིས་རི་མོ་མཁན་སྤྱི་ལ། །གྲངས་ཀྱི་བརྡའ་འགྱུར་ཨང་ཀི་ཞེས། །རྣམ་འགྱུར་དགུ་དང་ཐིག་བཅས་བཅུ། །ཡིག་གཟུགས་རེ་ཁཱ་གང་བདེ་ཉིད། །ཕལ་ཆེར་མཐུན་པར་གྱུར་པ་འདི། །རྩིས་ལ་ཇི་བཞིན་འཇུག་པ་ཡི། །གཎྜར་རི་མོ་བསྒྱིད་པའི་ཚེ། །ཡི་གེ་སྤྱི་ལས་ལུགས་བཀླགས་པར། །མས་ནས་དབུ་བརྩམ་ཡས་བསྒྲོད་བྲི། །ཅི་ཕྱིར་གཅིག་བཅུ་བརྒྱ་སྟོང་སོགས། །མཐའ་ནས་ཡར་ལ་བགྲང་དགོས་པས། །ཨང་ཀི་བྲི་བགྲང་མས་ཕྱོགས་སམ། །གཡས་ནས་བྱ་ཞེས་དོན་དེ་ཡིན། །འོན་ཀྱང་ཀློགས་ཚེ་སྤྱི་འདྲ་བར། །ཡས་ཐོག་ནས་ཀླགས་དེ་ཡི་ཚེ། །མང་མཐའ་ཡས་འབྱུང་དཔེར་ཉི་ཁྲི། །ཆིག་སྟོང་དྲུག་བརྒྱ་བརྗོད་བཞིན་ནོ། །དེ་ཡང་གཡས་གཡོན་ཕྱོགས་བྱ་ཡི། །འོག་ཏུ་བསྒྱུར་བྱེད་ཐ་མ་བྲི། །བརྒྱས་བསྒྱུར་གྲངས་མཐར་ཐིག་གཉིས་བྱུང་། །དེ་བཞིན་སྟོང་ལ་ཐིག་ལེ་གསུམ། །ཁྲིར་བཞི་འབུམ་ལ་ཐིག་ལྔ་སྟེ། །བཞི་ཆས་བསྒྱུར་བ་དེ་དེའི་ཆ། །རིག་པ་དེ་ཡི་གཞན་ཡང་སྤེལ། །ཆ་གྱུར་དེ་འདྲ་མི་ནོར་ཆེད། །ཕྱེད་རྟགས་རི་མོ་འཕྲེད་ལ་འཐེན། །སུམ་ཆ་ཟུར་གསུམ་བཞི་གྲུབ་བཞི། །བྲི་ཞེས་གནད་འདིར་མཁས་པས་གསུངས། །བགོད་དང་སྦྱར་བའི་གནད་བསྟན་ན། །བགོད་པ་ལ་ནི་ཐོབ་ནོར་འབྱུང་། །སྦྱང་ལ་ཕལ་ཆེར་ནོར་གྱི་དབྱེན། །བགོད་པས་སིལ་བ་སྡུད་བྱེད་ཅིང་། །སྦྱངས་བས་ལྷག་མའི་ནུས་པ་སྟོན། །གཞན་ནི་རིགས་པ་མཚུངས་པར་གནས། །བསྐྱང་བགོད་རང་གི་ཐོབ་ཚད་ཁྱེར། །བསྒྲག་བགོད་འོག་མའི་ཐོབ་དང་བསྟུན། །མང་ཐལ་འོག་མས་མི་ཐོབ་ཆད། །ཉུང་ཐལ་འོག་མས་སྐྱར་ཐེབ་ལྷག །དེ་དག་སྐྱོན་ཡིན་སྤང་བྱ་སྟེ། །དེ་ཕྱིར་མང་ཉུང་ཚད་ཟིན་གནད། །བགོད་ཚོད་མ་ཟིན་གོང་མ་ཡི། །ཁྱེར་ཆེས་མ་ཐོབ་གོང་མའི་ནོར། །གཅིག་ཕབ་བགོད་བྱེད་སྔར་གཟུགས་བསྒྱུར། །འོག་མས་བགོད་པས་རྣམ་པར་དག །གོང་མས་ཁྱེར་ཉུང་འོག་མ་རུ། །བགོད་པའི་ལྷག་མར་སླར་ཐོབ་ན། །རང་གི་གནས་དེར་ཐོབ་ནོར་བརྩེགས། །འདི་དག་མཁས་པའི་ཕྱག་བཞེས་ཡིན། །བགོད་བྱེད་མང་ཉུང་ཇི་ལྟར་ཡང་། །བགོད་ཐེངས་རེ་ལ་ཁྱེར་ཐོབ་ནོར། །གཅིག་ལས་མི་འབྱུང་དེ་འཇུག་ནས། །ངེས་པ་ཡོད་ན་མས་ནས་ཡར། །བགོད་བགྲངས་མཐུན་པའི་གནས་སུ་འཇུག །བགོད་ཡུལ་མང་ན་འཇུག་ཡུལ་ཉུང་། །དེ་ཚེ་ཐོབ་གྲངས་མ་ནོར་གྲལ། །དབུ་ནས་མར་ལ་རིམ་བསྒྲིག་ནས། །འཇུག་ཡུལ་སླེབ་ཚེ་གོང་དང་འདྲ། །འཇུག་ཡུལ་མེད་ན་ནོར་རང་ཉིད། །གྲལ་འཕྲེང་བསྒྲིགས་སམ་གནས་སྐབས་སུ། །འཕྲལ་མཁོ་མེད་ན་དོར་བས་ཆོག །གང་ཞིག་དབུས་མཐར་མ་ཐོབ་སྐབས། །བྱུང་ཚེ་ནོར་བུ་ཐིག་ལེ་སྦྱིན། །དེ་ཡང་བགོད་བྱེད་ཉུང་བ་དང་། །བགོད་བཞི་མང་ངམ་མཉམ་ན་ཐོབ། །བགོད་བྱེད་མང་ལ་བགོད་བཞི་ཉུང་། །བསྣན་སོགས་བྱ་བ་གཞན་མེད་ན། །ནམ་ཡང་ཐོབ་པར་མི་འགྱུར་གྱི། །གནད་འདི་འཕྲི་ལའང་ཤེས་ཀྱིས་ཀྭ །གཞན་ཡང་སྤྱིར་བཏང་ཨངྐི་ཡི། །གྲལ་མཐའ་ནས་ཡར་གཅིག་བཅུ་སོགས། །གྲངས་ཀ་གཞན་ལུགས་བགྲང་བའི་ཚུལ། །གོང་དུ་བཤད་པ་ཇི་བཞིན་ལ། །བགོད་དང་སྦྱངས་ལ་སོགས་པའི་དུས། །ལས་བྱེད་ཨངྐི་རང་རང་གི །སྟེང་ཐད་གནད་དེ་གཅིག་པར་ངེས། །དེ་ཡན་བཅུ་སོགས་རིམ་པར་སྦྱར། །སྦྱངས་བགོད་རང་གི་སྟེང་ཐད་ནས། །མ་ལོང་གོང་ནས་བཅུ་ཚན་ཕབ། །དེས་ཀྱང་མ་ལོང་དེ་གོང་ནས། །བརྒྱ་འབེབ་ལ་སོགས་རིམ་པས་བྱ། །བསྲེ་བསྣན་བྱེད་པ་རང་ཐད་ཀྱི། །གཅིག་བཅུ་བརྒྱ་ཡི་གནས་མལ་གང་། །མ་འཆུག་བྱ་སྟེ་འོག་མའི་གྲངས། །ལོང་ཚེ་གོང་ནས་གོང་འཕོ་འགྲོ། །དེ་ཡང་ཞིབ་མོར་བཤད་པ་ན། །བཅུ་མན་རྩ་བའི་གྲངས་ཡིན་ལ། །དགུ་མན་གཅིག་གི་གནས་མལ་འགྱུར། །གཅིག་ནས་བཅུ་ལོང་གོང་དུ་འཕོ། །གལ་ཏེ་བཅུ་ཡི་ལྷག་བྱུང་ན། །སྔར་གནས་རང་མལ་གཅིག་པར་འཁོད། །དཔེར་ན་བཅུ་དང་གཅིག་གི་གནས། །གཉིས་ཀར་དགུ་རེ་ལོང་བ་ལ། །གཅིག་གི་གནས་སུ་དགུ་བསྣན་པས། །མཛད་པའི་མངོན་བརྗོད་མཛོད་ལས་ནི། །སོར་མོ་ཉེར་བཞི་ཁྲུ་གང་སྟེ། །བཞི་ནི་གཞུ་སྟེ་འདོམ་གང་ཉིད། །དེ་བརྒྱར་ན་ལྭ་ཞེས་སུ་བཤད། །ཆིག་སྟོང་གཞུ་ནི་རྒྱང་གྲགས་ཏེ། །རྒྱང་གྲགས་གཉིས་ནི་ག་བྷུ་ཏི། །དེ་གཉིས་ལ་ནི་དཔག་ཚད་དོ། །འདི་ནི་ཀུན་མཁྱེན་སི་ཏུ་ཡི། །བསྒྱུར་བའི་མངོན་བརྗོད་འགྲེལ་ལྟར་སྟེ། །འགྲེལ་པ་མངོན་འགྱུར་ཉུང་ངུ་དེར། །དཔག་ཚད་དུས་འཁོར་ལུགས་མཐུན་མཐོང་། །དཔལ་མཆོག་དུས་ཀྱི་འཁོར་ལོ་ནས། །གཞུ་འདོམ་ཉིས་སྟོང་རྒྱང་གྲངས་གཅིག །རྒྱང་གྲགས་བཞི་ནི་དཔག་ཚད་གནས། །གསལ་བ་ཉིད་དུ་གསུང་བ་སྟེ། །དེ་ལྟར་གཞུང་གསུམ་རྒྱང་གྲགས་ནི། །ཐ་དད་མངོན་པ་མངོན་བརྗོད་ཀྱི། །དཔག་ཚད་མཐུན་དེ་དེ་དུས་འཁོར། །དཔག་ཚད་ཕྱེད་ཡིན་ཤེས་པར་བྱ། །གཞན་གྱི་རྫས་ཀྱི་དངོས་པོ་ལ། །སྲང་བཞི་སེ་བ་ཌཾ་ཨོ་ཀོར། །དེ་བཞིན་ཁལ་བྲ་ཕུལ་ཆ་ཤས། །འདེགས་ཁལ་ཉག་སྤོར་ཆ་ཤས་རྣམས། །སྟེང་ནས་འབེབ་དང་འོག་ནས་དྲིལ། །གོང་མའི་ཚུལ་གྱི་ཤེས་པར་བྱ། །མི་ཆོས་གྲངས་རྩིས་མཐའ་དག་ཡང་། །ཚུལ་འདི་རྟོགས་པས་བདེ་བཀླགས་སོ། །མདོར་ན་ཤེས་བྱ་ཀུན་རྩི་ཡང་། །བྲི་བྱ་ཡི་གེ་ཨངྐི་བཅུ། །དེ་སྤེལ་བསྒྱུར་བགོད་འཕྲི་བསྣན་གནད། །ཤེས་ན་གྲངས་རྩིས་མ་རྨོངས་འགྱུར། །དེ་ཚུལ་ལེགས་པར་གོ་བ་ན། །གྲངས་ཀྱི་རྣམ་འགྱུར་རི་མོའི་འཁྲུལ། །ཇི་སྙེད་བློ་ལ་རང་ཤར་འབྱུང་། །དེ་སྙེད་འབྱམས་ཀླས་ཉིད་ཤེས་བྱོས། །འདིར་བརྗོད་རི་མོའི་གནད་དེ་རྣམས། །ཚིག་དོན་མ་ནོར་ཡིད་གཞུང་པོས། །རྩིས་ལ་འཇུག་སྐབས་དྲན་པ་ཡི། །རྟག་ཏུ་བཟུང་བྱ་དམ་པར་ངེས། །དེས་ན་རྩིས་ཀྱི་སྔོན་འགྲོར་མིང་། །བཏགས་ཀྱང་རིག་གནས་འདིར་འཇུག་སྒོ། །ཚེགས་ཆུང་དོན་ཆེ་མེད་ཐབས་མེད། །ཤིན་ཏུ་གཅེས་པའི་མན་ངག་ཡིན། །འོན་ཀྱང་བློ་གསལ་བརྩོན་འགྲུས་ཅན། །མཁས་པ་ཡུན་དུ་བསྟེན་བྱས་ནས། །རིག་པ་བློ་ལ་འཛིན་པ་ལ། །ཡི་གེ་འདི་ལྟས་ཅི་ཞིག་བྱ། །དེས་ན་དེ་ལྟར་མགུ་བའི་སྐྱེས། །བདག་གི་བརྗོད་པ་འདི་མི་སེམས། །མ་སྦྱངས་ཤེས་པའི་རྩལ་མ་རྫོགས། །བརྩོན་པའི་ཤུགས་དྲག་མི་ལྡན་བཞིན། །རིག་པ་འདི་ལ་ཞུགས་འདོད་པའི། །རང་འདྲ་རྩིས་པ་གསར་བུ་ལ། །རྟོག་དཔྱོད་དབང་གི་ཡིད་འཁྲུགས་པའི། །ངལ་བ་སྤང་ཞིང་བརྗེད་གསོས་སླད། །རྩིས་མཁན་མཁས་པའི་གསུང་གི་རྒྱུན། །ཡང་ཡང་སྒྲོགས་པའི་དོན་ཇི་བཞིན། །བཀླགས་པ་ཙམ་གྱིས་ཤེས་པའི་གཏམ། །གསལ་བར་བརྗོད་ལ་ཉེས་ཡོད་མིན། །དེ་སྐད་ཚེ་རིང་ལྷ་ལམ་ལས་འོང་པའི། །རྒྱུ་སྐར་དབང་པོ་ཇི་བཞིན་ཆེས་དཀར་རྒྱུར། །ལྷག་བསམ་དག་པའི་ཚིག་གི་ནོར་བུ་འདི། །བཀོད་པའི་དགེ་བས་ཀུན་མཁྱེན་མཆོག་ཐོབ་ཤོག །

ཅེས་པ་རིག་པ་རྩིས་ཀྱི་འཇུག་སྒོ་སྤྱི་དོན་རི་མོའི་གནད་ཤིན་ཏུ་གསལ་བར་བསྟན་པའི་སྐབས་ཏེ་དང་པོའོ། །

སྐབས་གཉིས་པ། རིག་པ་རྩིས་ཀྱི་འཇུག་སྒོ་གྲངས་རྩིས་ཀྱི་གནས་གསལ་བར་བསྟན་པ།

དེ་ནས་གྲངས་རྩིས་བསྟན་པ་ལ། རྩ་བའི་གྲངས་དང་གནས་གཞན་ཚོགས། །མངོན་བརྗོད་གྲངས་ཀྱི་བརྡའ་ཆད་བཅས། །འདི་རུ་བཤད་བྱ། དང་པོ་ནི། དགུ་གཅིག་གཅིག་ནི་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱ་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞིན། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་ནི་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་ནི་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ །ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་ལ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་རང་ཡིན། །བཞི་གསུམ་གསུམ་བཞི་བཅུ་གཉིས་སོ། །བཞི་བཞི་དག་ནི་བཅུ་དྲུག་གོ །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་དག་ལ་དགུ་ཟེར་རོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་དག་ལ་བཞི་ཞེས་གྲགས། །གཅིག་གཅིག་དེ་ནི་གཅིག་ཉིད་དོ། །རྫོགས་དང་ཐོབ་པར་ཐིག་ལེའོ། །དེ་ལྟར་དགུ་མཐར་གྲགས་པ་འདི། །ངག་བྱང་ཡིད་ལ་ཆུབ་པ་གཅེས། །གཞན་ནི་རི་མོ་རྣམ་དག་གམ། །འགྲུབ་པར་དཀའ་ཞེས་རང་ཉིད་ཀྱང་། །མ་སྦྱངས་གཞན་ལ་གདམས་རིངས་བ། །ནེ་ཙོའི་སྤུན་ཟླ་དག་གིསའང་སྨྲ། །གཉིས་པ་གྲངས་ཀྱི་གནས་གཞན་ནི། །སངས་རྒྱས་པ་ཀུན་མཐུན་གྱུར་ཅིང་། །རྩིས་མཁན་རྣམས་ལ་གྲགས་ཆེ་བ། །སྡེ་སྣོད་མངོན་པ་ནས་གསུངས་གྲངས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་གཏམ། །དཀྲིགས་དང་མི་འཁྲུགས་ཁྱད་ཕྱིན་དང་། །སྤང་བརྟེན་དེད་འདྲེན་མཐའ་སྣང་དང་། །སྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་སྡུལ་དང་། །རྒྱ་སྟག་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་སྙེད་པས། །རང་གི་མིང་གང་རུང་བ་ཞུགས། །གྲགས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཚིགས་བཅད་དེ་ནི་མཁས་པས་ལུང་། །སིལ་བུ་ལས་ནི་གྲངས་བཞིན་སྟེ། །དེ་ལ་བསྣན་འོས་བརྒྱད་ཀྱི་མིང་། །ཚད་མེད་བཞི་འམ་བསྡུ་བ་བཞི། །ཉལ་ཉོལ་ལ་སོགས་གང་རུང་བཞི། །ཆེན་པོར་བཅས་པས་ཁ་འགེངས་ཞེས། །མཁསམཆོག་མཁྱེན་གཏེར་ཅན་དེས་གསུངས། །འདིར་ནི་བྱམས་པ་སྙིང་རྗེ་དང་། །དགའ་བ་བཏང་སྙོམས་ཆེ་བསྣན་བརྒྱད། །དམ་པས་བཞེད་བཞིན་རང་ལུགས་བཞག །གཞན་ཡང་མདོ་དང་རྒྱུད་སྡེ་ནས། །གྲངས་གཞན་རྣམས་གྲངས་མི་འདྲ་བ། །ཇི་སྙེད་གསུངས་ལས་ཅུང་ཟད་གཅིག །ཤེས་བྱའི་ཆེད་དུ་འདིར་བརྗོད་ན། །ཐེག་ཆེན་རྒྱ་ཆེ་རོལ་པའི་མདོར། །བདག་ཅག་སྟོན་པ་གཞོན་ནུ་ཡི། །རོལ་རྩེད་སྐབས་སུ་རྩིས་མཁན་ཆེ། །སྲིད་སྒྲུབ་ཞེས་པར་བཀའ་སྩལ་གྲངས། །བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང་། །གཏམ་དང་དཀྲིགས་དང་མི་འཁྲུགས་པ། །ཁྱད་འབྱིན་ཕང་སྟེང་མདའ་འཛིན་དང་། །གླང་པོའི་སྟོབསདང་ངོག་ཐོབ་དང་། །རྣམ་པར་བཞག་གདགས་རྒྱུ་རིག་པ། །ལག་སྦྱིན་རྒྱུད་དབང་རྫོགས་ཐོབ་དང་། །བསྒྲངས་རྟོགས་སྒྲིབ་པ་དང་ནི་སྟོབས། །ཀུན་སྟོབས་རྣམ་པར་བརྡའ་ཤེས་ལྡན། །བརྡའ་ཀུན་ཤེས་དང་རྣམ་པར་འབྱུང་། །དེ་ཡི་མཚན་ཉིད་ཅེས་བྱ་སྟེ། །དེ་ལྟར་གྲངས་གནས་ཉི་ཤུ་བཞི། །བྱེ་བ་བརྒྱ་ནི་ཐེར་འབུམ་སྟེ། །དེ་བཞིན་བརྒྱ་ཡི་གོང་དུ་བསྒྲེས། །དེ་ཡི་མཚན་ཉིད་ཅེས་བྱའི་རྩིས། །འདི་ནི་རི་ཡི་རྒྱལ་པོ་གང་། །རྩིས་གཞིར་བྱས་ཀྱང་ཆོད་པར་བྱེད། །དེ་ཡི་མཚན་ཉིད་གོང་དུ་ནི། །རྒྱལ་མཚན་རྩེ་མོ་ནོར་བུའི་གྲངས། །དེས་ནི་གངྒཱ་ཀླུང་དག་ནི། །བྱེད་སྙེད་རྩིས་གཞིར་བྱས་ཀྱང་གཅོད། །དེ་ཡི་གོང་ནའང་རིམ་པ་བཞིན། །རྒྱལ་མཚན་རྩེ་མོ་ངེས་སྒྲོགས་དང་། །དེད་འདྲེན་གདགས་པ་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་པ་རྣམས། །ཐམས་ཅད་རྣམ་པར་འབྱེད་ཞེས་ཏེ། །དེས་ནི་གངྒཱ་ཀླུང་བཅུ་ཡི། །བྱེ་མ་རྩིས་གཞིར་བྱས་ཀྱང་ཆོད། །དེ་གོང་སྙིང་པོ་མཆོག་ཤེས་གྲངས། །དེས་ནི་གངྒཱ་ཀླུང་བྱེ་བ། །ཕྲག་བརྒྱའི་བྱེ་མའང་རྩིས་གཞིར་གཅོད། །དེ་ཡི་གོང་ན་རྡུལ་ཕྲ་རགས། །འཇུག་པའི་རྗེས་སུ་སོང་བ་ཞེས། །གྲངས་དེ་ས་བཅུ་རྒྱུན་མཐའ་བའི། །སྤྱོད་ཡུལ་ཁོ་ནར་གསུངས་པ་དང་། །རྒྱལ་མཚན་རྩེ་མོའི་ནོར་བུ་ནས། །ཕྲ་རགས་ལ་འཇུག་རྗེས་སོང་བར། །གནས་བརྒྱད་བསྒྲོས་ཚད་མ་གསུངས་པས། །གོང་གི་བརྒྱ་འགྱུར་རིག་པ་ཡི། །བཟུང་ཡུལ་མིན་པར་ཁོ་བོས་རྟོགས། །གཞན་དཀའི་གྲངས་ཀྱི་བརྡར་ཤེས་སོ། །གཞན་ཡང་ཐེག་ཆེན་སྔགས་ཀྱི་རྒྱུད། །འཇམ་དཔལ་རྩ་བའི་ཆོ་ག་རུ། །དེ་བཞིན་གཤེགས་པ་ཤཱཀ་ཐུབ་ཀྱི། །འཇམ་དཔལ་ལ་གསུང་གྲངས་རྩིས་ནི། །འདི་ལྟར་གཅིག་བཅུ་བརྒྱ་སྟོང་ཁྲི། །འབུམ་ཕྲག་བྱེ་བ་ས་ཡ་དང་། །དུང་ཕྱུར་རྣམས་ནི་བསྐྱང་པ་སྟེ། །དེ་ནས་ཐེར་འབུམ་ཆེ་ཆུང་གཉིས། །ཤུ་རྔོག་མཆོག་ཉལ་རེ་རེའོ། །ཡང་ནི་རྐྱང་ཕྱེད་ཁྱད་འབྱིན་དང་། །སྒྱུ་མ་མཚོ་ཡས་རྣམས་དང་ནི། །དུག་ཆེན་རྒྱ་མཚོའི་བར་དུ་ནི། །ཀུན་ཀྱང་ཆེན་པོའི་ཟླ་བཅས་ཡིན། །མཆོག་བྱས་བན་བུན་རེ་རེའོ། །དེ་ནས་མ་ལུས་ཆེ་ཆུང་གཉིས། །དེ་ཡི་འོག་ཏུ་གྲངས་མེད་དེ། །དེ་ལྟར་གྲངས་མེད་བཅུ་དཔག་མེད། །དཔག་མེད་སྟོང་མེད་འཇིག་རྟེན་ཞེས། །འཇིག་རྟེན་བཅུ་ནི་འཇིག་རྟེན་ཆེ། །དེ་འོག་མུན་པ་སྐྱང་བའི་གྲངས། །སྣང་བ་ཕུང་པོ་ཆེ་བཅས་གཉིས། །ཕུང་པོ་ཆེ་བཅུ་ཟབ་པར་བརྗོད། །དེ་ནས་རིམ་བཞིན་བསྟེན་པ་དང་། །རབ་བརྟན་གྲངས་མང་ལྡན་རེ་རེ། །ཡང་ནི་གནས་དང་གནས་ཆེན་པོ། །དཔག་དང་དཔག་མེད་ཆེན་པོ་དང་། །དོན་ཆེན་རབ་འབྱོར་རྒྱ་མཚོ་ཆེ། །ཕན་པ་མཆོག་དང་གཙོ་བོ་ཁྱིམ། །དེ་མཐར་བསམ་མི་ཁྱབ་ཏུ་བརྗོད། །དེ་ནས་ཡང་ནི་མི་ཟད་གཟུགས། །རྒྱལ་ཐབས་འདོད་དང་དགེ་བ་རྣམས། །ཟླ་དང་བྲལ་བ་རེ་རེའོ། །དེ་ལས་སེམས་ལས་འབྱུང་ཆེ་ཆུང་། །སེམས་རྣམས་དབྱིངས་དང་བརྗོད་པ་དང་། །བརྗོད་མེད་རྣམས་ནི་རེ་རེའོ། །བསྙད་ཡས་དང་ནི་ཕྱར་ཕྱུར། །ཤུ་རྔོག་རྣམས་ནི་ཆེ་བཅས་ཉིད། །དེ་ནས་དགེ་ཞིང་ཞི་བ་ཞེས། །རྩིས་ཀྱི་ཕར་ཕྱིན་གནས་སུ་གསུངས། །དེ་ནས་ཡང་ནི་ཆུ་འབྱུང་དང་། །སེམས་སྐྱོད་དཔག་དང་དམ་པ་དང་། །སངས་རྒྱུ་ཡུལ་དང་འཕེལ་བྱེད་པ། །དེ་ཡི་མཐར་ནི་སངས་རྒྱས་ཀྱི། །གོ་འཕང་དང་ནི་སྤྱོད་ཡུལ་ལོ། །དེ་ཡང་སངས་རྒྱས་ཞིང་གངྒཱའི། །བྱེ་སྙེད་ཀུན་བསྡུས་རྡུལ་ཕྲ་རགས། །མ་ལུས་བསིལ་བ་གྲངས་རྩིས་དཔེར། །འདུལ་མཁས་རྒྱལ་བ་མཆོག་དེས་གསུངས། །དོན་དུ་ནམ་མཁའི་མཐའ་ཅི་ཙམ། །ཆེས་ཕྲའི་རྡུལ་ཕྲན་ཆར་སིལ་གྲངས། །སངས་རྒྱས་ཀྱིས་མཁྱེན་གཞན་གྱིས་མིན། །དེར་བསམ་དད་པས་འདུད་ཕྱག་འཚལ། །རྒྱུད་འདིར་གཅིག་ནས་འཕེལ་བྱེད་པར། །གྲངས་གནས་བདུན་ཅུ་རྩ་གཅིག་ལས། །ཟབ་པ་ཡན་ཆད་འཇིག་རྟེན་ཆུང་། །མ་རྟོགས་གཞན་ཀུན་བཅུ་འགྱུར་གསུངས། །དེ་ལྷག་གྲངས་གཞན་གནས་གྱུར་པའི། །སུམ་ཅུ་རྩ་བཞིའི་བསྒྲེས་བྱེད་ཚད། །གཞུང་ལས་གསལ་བར་མ་གསུངས་པས། །འདིར་ཡང་རྟོགས་པར་མི་ནུས་སོ། །གཞན་ཡང་འཇམ་དཔལ་རྩ་རྒྱུད་འདིར། །འཇིག་རྟེན་ལུགས་ཀྱི་གྲངས་རྩིས་ཞེས། །སྔོན་དུས་འཕགས་ཡུལ་སྤྱིར་གྲགས་སམ། །ཡང་ན་རིག་བྱེད་གཞུང་ཉིད་དམ། །དེ་ཡི་རིགས་སྔགས་དག་གི་རྒྱུད། །ཕལ་པ་དག་ཏུ་བརྟན་གྱུར་གྲངས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་དང་། །ཐེར་འབུམ་ཤུགས་རྔོག་མཆོག་ཉལ་དང་། །སྐྱེ་འཕྱིས་བྱེ་མ་ནབ་ནུབ་དང་། །མཚོ་ལས་ལྟབས་ཕྱོ་རྫི་ཞེ་གནས། །བཅོ་བརྒྱ་གོང་དུ་བསྡུ་འགྱུར་བསྒྲེ། །དེ་ལྟར་འདིར་ནི་རྣམ་གྲངས་ཚུལ། །ཐེག་ཆེན་མདོ་དང་སྔགས་རྒྱུད་ནས། །བཤད་པའི་གྲངས་རྩིས་རིགས་གསུམ་དང་། །མངོན་པ་དང་བཅས་བཞི་ཡིན་ལ། །གཞན་ནི་རྒྱས་པའི་མདོ་ཕལ་ཆེན། །བྱང་ཆུབ་སེམས་གནས་ལེའུ་རུ། །འཕགས་པ་སེམས་ཀྱི་རྒྱལ་པོ་ལ། །བདག་ཅག་སྟོན་པས་བཀའ་སྩལ་གྲངས། །བརྒྱ་སྟོང་ཕྲག་བརྒྱ་ནི་བྱེ་བ། །དེ་བཞིན་རིམ་པར་བསྒྲངས་བ་ཡི། །ཤིན་ཏུ་བརྟན་པ་ཞེས་བྱའི་བར། །གྲངས་གནས་བརྒྱ་དང་སུམ་ཅུ་དང་། །དེ་བཞིན་རྒྱས་པའི་མདོ་ཆེན་དེའི། །སྡོང་པོ་བཀོད་པའི་ལེའུ་རུ། །བྱང་སེམས་ཚོང་དཔོན་ནོར་བཟང་ལ། །ལྷ་མོ་དགེ་བསྙེན་ཡིད་བཞིན་གྱི། །བཤད་པ་བྱང་ཆུབ་སེམས་དཔའི་རྩིས། །གཅིག་ནས་བརྗོད་མེད་བརྗོད་མེད་པ། །བསྒྲེས་པར་གྲངས་ནས་བརྒྱ་ཕྲག་ལྷག །བཞི་བཅུ་རྩ་བཞི་ཡོད་པ་དང་། །དེ་བཞིན་བྱང་སེམས་ཁྱེའུ་གཟུང་། །དབང་པོའི་དབང་ཕྱུག་གིས་གསུངས་པ། །བརྒྱ་ནས་ཤིན་ཏུ་བརྟན་པའི་བར། །གྲངས་གནས་བརྒྱ་དང་སོ་གཅིག་དང་། །ཁྱིམ་བདག་འཕགས་པ་ནན་ཁུག་གི །བརྒྱ་ནས་བརྗོད་མེད་ཡང་བརྗོད་མེད། །བར་གྱི་གྲངས་གནས་སུམ་ཅུ་སོགས། །ཕལ་ཆེན་སྡོང་བཀོད་ནས་གསུང་ཞིང་། །དེ་ལྟར་བཀའ་ལས་གྲངས་རྣམས་བཞག །མང་ཉུང་ཇི་སྙེད་སྣང་གྱུར་དང་། །བསྟན་བཅོས་འདུས་བྱས་འདུས་མ་བྱས། །རྣམ་པར་ངེས་ལས་གྲངས་དྲུག་ཅུ། །གསུང་དང་འཆི་མེད་སེང་གེ་ཡི། །མངོན་བརྗོད་མཛོད་ལས་རིག་བྱེད་པའི། །ལུགས་བསྒྱུར་གཅིག་ནས་གྲངས་མེད་བར། །གྲངས་གནས་ཉི་ཤུ་རྩ་གཅིག་ཏུ། །བཤད་པ་སོགས་ནི་ཤེས་འདོད་ན། །རང་རང་གཞུང་དེར་བལྟ་བར་བྱོས། །ཉེར་མཁོ་གོང་བསྟན་གྱིས་རྟོགས་འཐུས། །འདིར་གཞན་ཞིབ་པར་མ་སྨོས་སོ། །གྲངས་འདིར་ས་ཡ་བྱེ་བ་ཞེས། །སྤྱིར་བཏང་ཀུན་ལ་དེ་ཡིན་ཡང་། །བོད་སྔགས་རྙིང་པའི་གཞུང་འགའ་རུ། །བྱེ་བ་ས་ཡ་ཞེས་པར་འདོད། །དེ་ནི་འཕགས་ཡུལ་བརྡའ་གཅིག་ལ། །བོད་སྐད་འགྱུར་ཁྱད་བྱུང་བར་སེམས། །དེ་ཚུལ་སྤྱི་ལྟ་ཡིན་སྙམ་ན། །ཞིབ་མོར་བཤད་ཀྱི་འཕགས་ཡུལ་དུ། །འབུམ་ཕྲག་སྐད་དོད་ལཀྵའི་མཐར། །འབུམ་ཕྲག་མིང་ནི་ཡུ་དྷ། །འབུམ་ཕྲག་བརྒྱ་ལ་ཀོ་ཊཱི་ཞེས། །རིམ་པར་གནས་ལ་འགྱུར་སྔ་མས། །ནི་ཡུ་དྷ་ནི་བྱེ་བར་མཛད། །ཕྱི་མས་ས་ཡ་ཞེས་སུ་བསྒྱུར། །དེ་བཞིན་ཀོ་ཊཱི་འགྱུར་སྔ་མས། །ས་ཡ་ཕྱི་མས་བྱེ་བར་བསྒྱུར། །འགྱུར་ཁྱད་དེ་ལྟ་ཡིན་པར་གྲུབ། །དེ་ཡང་བོད་རྙིང་གྲངས་གནས་ཀྱི། །རྒྱ་དཔེ་མཐོང་ན་དཔྱད་བྱ་སྟེ། །འོན་ཀྱང་འདིར་བརྗོད་ཉིད་ངེས་སྙམ། །སྤྱིར་ནི་ས་ཡ་བྱེ་བ་ལ། །སྐད་དོད་མང་ངོ་ཤེས་པར་གྱིས། །དེ་ཡང་གྲངས་རྩིས་མང་འདི་ཀུན། །འདོད་རྒྱལ་ཉིད་དུ་བརྟགས་པས་ན། །རྒྱུ་མཚན་བཤད་པར་མི་ནུས་ཞེས། །མཁས་པའི་གསུང་བཞིན་ལེགས་པར་རྟོགས། །ད་ནི་གསུམ་པ་གྲངས་ཀྱི་མིང་། །མངོན་པར་བརྗོད་པའི་བརྡའ་བསྟན་པ། །རང་བཞིན་ངོ་བོ་ཚུལ་དང་གཟུགས། །ཟླ་བ་རི་བོང་ཅན་རྣམས་གཅིག །ཕྱོགས་བསྒྲོད་མིག་ལག་ཟུང་ཁྲིག་གཉིས། །དུས་མེ་བསྲེག་ཟ་བརྣག་རྟེན་དང་། །ཡོན་ཏན་རྩེ་མོ་ཅན་རྣམས་གསུམ། །ཆུ་གཏེར་རིག་བྱེད་དུས་མཚོ་བཞི། །མདའ་དང་དབང་པོ་འབྱུང་བ་ལྔ། །དུས་དང་འོད་ཟེར་རོ་ནི་དྲུག །ཐུབ་པ་གཟའ་ཡི་ས་འཛིན་བདུན། །ནོར་ལྷ་ཀླུ་དང་ལྟོ་འགྲོ་དང་། །ལག་འགྲོ་གདེངས་ཅན་རྣམས་ནི་བརྒྱད། །གཟའ་བུག་སྲིན་པོ་དགུ་རུ་གྲགས། །ཕྱོགས་ནི་བཅུ་ངེས་སྐབས་འགའ་རུ། །བུག་པ་གཟའ་ཡང་བཅུར་འཇུག་མཐོང་། །དྲག་པོ་འཕྲོག་བྱེད་བདེ་བྱེད་དང་། །དབང་ཕྱུག་ལ་སོགས་བཅུ་གཅིག་མིང་། །ཉི་མ་ཉིན་བྱེད་ཁྱིམ་བཅུ་གཉིས། །མྱོས་བྱེད་འདོད་པ་བཅུ་གསུམ་མོ། །སྲིད་པ་མ་ནུ་ཡིད་བཅུ་བཞི། །ཚེས་དང་ཉིན་ཞག་བཅོ་ལྔའོ། །མི་བདག་རྒྱལ་པོ་བཅུ་དྲུག་འཇུག །ཉེས་པ་སྐྱོན་ནི་བཅོ་བརྒྱད་དོ། །རྒྱལ་དབང་རྒྱལ་བ་ཉེར་བཞི་ཡིན། །ཉེར་ལྔ་ལ་ནི་དེ་ཉིད་བརྗོད། །སྐར་མ་འཁོར་ལོ་ཉེར་བདུན་ནོ ། །སོ་ནི་སུམ་ཅུ་རྩ་གཉིས་དྲན། །མིང་དེ་རྣམས་ནི་བསྡུས་པའི་རྒྱུད། ། རྩ་འགྲེལ་ལས་གསུང་མདོ་ཙམ་སྟེ། །གཞན་ནི་འཕགས་ཡུལ་ལས་བྱུང་བ། །རིག་བྱེད་མངོན་བརྗོད་གཞུང་རྣམས་ལས། །གྲགས་པ་གང་ཡིན་དེར་རྟོགས་བྱ། །ཆ་ཤས་གཞན་དུ་བརྗོད་ཀྱང་འདོད། །ཕྱིས་འབྱུང་བོད་བློ་གསར་བཞག་བརྡའ། །མང་མཐོང་འདིར་ནི་བཏང་སྙོམས་སོ། །དེ་སྙད་ཚེ་ལྡན་ཡིད་ཀྱི་དབང་གསལ་ཞིང་། །རིག་པ་འདིར་འཇུག་འདོད་པ་གཞུ་ལོ། །གྲངས་རྩིས་ནོར་བུའི་འཕྲེང་བ་བསྒྲངས་བཞིན་འདི། །སྤེལ་མཐུས་ཀུན་མཁྱེན་རྒྱལ་བའི་གནས་ཐོབ་ཤོག །

ཅེས་རིག་པ་རྩིས་ཀྱི་འཇུག་སྒོ་གྲངས་རྩིས་ཀྱི་གནས་གསལ་བར་བསྟན་པའི་སྐབས་དེ་གཉིས་པའོ། །

སྐབས་གསུམ་པ། རིག་པ་རྩིས་ཀྱི་འཇུག་སྒོ་རྩིས་བྱ་སྐར་རྩིས་ཀྱི་མཚན་ཉིད་ལ་སློབ་པ་རྣམ་གྲངས་མདོ་བཤད།

དེ་ནས་བྱེ་བྲག་སྐར་རྩིས་ཀྱི། །རྩི་བྱ་ཡང་ནི་རྩི་བའི་གཞི། །ལོ་ཟླ་དུས་ཟེར་ཁྱིམ་སྐྱེས་ཞིང་། །དབུགས་སྲང་དབྱུག་ཞག་གཟའ་དང་ཚེས། །སྐར་སྦྱོར་བྱེད་འཕྲོད་སྟོབས་དུས་སྦྱོར། །རྟེན་འབྲེལ་དེ་རྣམས་འཕྲོས་བཅས་དང་། །ཕྱི་ནང་སྦྱོར་བའི་ཚུལ་ཅུང་ཟད། །མཚོན་པ་ཙམ་ཡང་བཤད་པ་སྟེ། །དེ་ལ་དང་པོ་ལོའི་ཐ་སྙད། །ཉི་མས་བཅུ་གཉིས་ཁྱིམ་བསྒྲོད་ཅིང་། །ཟླ་བ་ཡར་མར་ངོ་ཉེར་བཞི། །དབྱར་དགུན་སྟོན་དཔྱིད་དུས་བཞི་པོ། །ཚང་ལ་ཀུན་ཏུ་ལོ་རུ་གྲགས། །ལེགས་སྦྱར་སྐད་དུ་ཝབཏྤཪྵ་ཞེས། །ངེས་ཚིག་ཡོངས་བགྲངས་དང་བགྲངས་གཞི། །འགྲོ་འོང་དང་ནི་འདོར་བྱེད་ཞེས། །འཆི་མེད་མཛོད་ལས་ལེགས་པར་བཤད། །དེ་ལྟར་ལོ་ལ་བྱེ་བྲག་མིང་། །འཕགས་ཡུལ་ཕྱི་རོལ་བྱེད་ཀུན་ལ། །ཉི་མ་ལྟར་གྲགས་རབ་བྱུང་སོགས། །བཅོམ་ལྡན་གསང་བའི་བདག་པོ་ཡི། །བདེ་མཆོག་འགྲེལ་པར་བསྟན་པ་ནི། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེས་བདག་ཨངྐི་ར། །དཔལ་ཞལ་དངོས་པོ་ལང་ཚོ་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །བག་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་དཔའ་བདག་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་བ། །རྒྱལ་བ་མྱོས་བྱེད་གདོང་ངན་པ། །གསེར་འཕྱང་གནམ་འཕྱང་བསྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་པ། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་བྲལ་ཀུན་དགའ་དང་། །སྲིན་པོ་ཨ་ན་ལ་དམར་སེར། །དུས་ཀྱི་ཕོ་ཉ་དོན་གྲུབ་གྲག །བློ་དཀའ་རྔ་སྒྲ་དམར་འགྲོ་དང་། །འདོད་དབང་ཁྲོ་བོ་ཟད་པའོ། །དེ་ལྟར་དྲུག་ཅུ་ལོ་ཡི་མིང་། །འདི་ལ་ལོ་ཙཱ་སྔ་ཕྱི་ཡིས། །འགྱུར་ཁྱད་རབ་བྱུང་རྣམ་བྱུང་ལ། །རབ་སྐྱེས་འབྱོར་པ་ཞེས་སུ་འདོན། །དེ་སོགས་འདྲ་མིན་མཆིས་ལས་འདིར། །ཅུང་ཟད་མཛེས་པའི་ཆ་བསྡུས་བྱས། །དེ་ལྟར་འཕགས་ཡུལ་ལོ་ཡི་མིང་། །མ་ཧཱ་ཙི་ནའི་གཙུག་ལག་ལས། །ཕོ་མོ་ཟུང་སྡེབ་ལོ་བཅུ་གཉིས། །བྱི་གླང་སྟག་ཡོས་འབྲུག་སྦྲུལ་དང་། །རྟ་ལུག་སྤྲེལ་བྱ་ཁྱི་ཕག་རྣམས། །ལྔས་བསྒྱུར་ལོ་རྒན་དྲུག་ཅུའོ། །རྒྱ་ནག་རིག་བྱེད་འབྱུང་ལྔའི་བརྡའ། །ཀེག་ཇི་ཀུང་གཤང་འུ་ཞེས་པ། །ཤིང་མེ་ས་ལྕགས་ཆུ་ཁམས་ཏེ། །འདི་ནི་འཕགས་ཡུལ་དབྱངས་ཡིག་བཞིན། །རྒྱ་ཡུལ་ཚིག་གི་སྡེབ་སྦྱོར་བཞི། །མཐའ་དག་འདི་ལ་བརྟེན་པར་སྣང་། །ལོ་ཡི་དང་པོ་ཤིང་བྱི་ལ། །དྲུག་ཅུའི་ཐ་མ་ཆུ་ཕག་འདོད། །འདིར་ནི་རབ་བྱུང་མེ་ཡོས་སྦྱར། །ཟད་པ་མེ་སྟག་མཐའ་ཡིན་ཞེས། །བོད་འདིར་སྔོན་གྱི་མཁས་པ་འགས། །གསུང་ལྟར་ཀུན་གྱི་འཕྱམ་བརྡལ་སྒྲོགས། །ད་ལྟའི་དུས་སུ་འཕགས་ཡུལ་ལྷོ། །འབིགས་བྱེད་ཁོངས་སུ་དེ་མཐུན་འདོད། །འབིགས་བྱེད་བྱང་ཕྱོགས་རྒྱ་བལ་ཀུན། །རབ་བྱུང་མེ་སྦྲུལ་ནས་བརྩམ་སྦྱོར། །འདོད་ཚུལ་དེ་ལྟ་ཕྱིན་ཆད་དུ། །ཤེས་ཀུན་ཡི་གེ་འདི་འཐུས་སོ། །གཞན་ཡང་བདེ་མཁས་ཁ་ཅིག་གི །རབ་བྱུང་ཤིང་བྱིར་སྦྱོར་བའང་ཡོད། །དེ་ལྟར་རྒྱ་ནག་འབྱུང་ལྔ་ཤིང་། །ལུགས་གཞན་རླུང་དང་གནད་གཅིག་ཅིང་། །ལྕགས་ནི་རྡོ་སྟེ་ས་ཡི་ཁམས། །ལྷག་མ་རྣམས་ནི་མཐུན་པ་ཉིད། །དེ་ནས་གཉིས་པ་ཟླ་བ་ཡི། །ངེས་པ་ཡར་དམར་ངོ་དཀར་ནག །ཆ་ཤས་བཅོ་ལྔ་གཉིས་རྫོགས་པར། །བཞག་སྟེ་ལེགས་སྦྱར་སྐར་མ་སཱ། །དེ་མིང་བྱེ་བྲག་རྒྱ་ནག་ཏུ། །འབྱུང་པོའི་མིང་དང་དུས་ཀྱི་མཐའ། །ཆེན་པོ་ཧོར་གྱི་ཟླ་གྲངས་དང་། །བོད་ཀྱི་བསྟན་བཅོས་ཆེན་པོའི་ལུགས། །རྒྱ་གར་སྤྱིར་གྲགས་རིག་བྱེད་ལས། །ཟླ་བའི་ཉ་སྐར་ཉི་མའི་ཁྱིམ། །ཁྱད་འཕགས་རྒྱལ་བས་རྒྱུད་རྣམས་སུ། །རྟེན་འབྲེལ་ཉིད་དང་མིང་བྱེ་བྲག །དེ་ལྟར་རྣམ་གྲངས་བརྒྱད་པོ་ཉིད། །གོ་རིམ་བཞིན་དུ་བཤད་བྱ་སྟེ། །དེ་ཡང་ལོ་མགོ་ཟླ་བའི་དབུ། །འཛིན་ཚུལ་མི་གཅིག་མང་ན་ཡང་། །གཟའ་རྣམས་རྟག་པའི་ལོངས་སྤྱོད་ནི། །ཐོག་མ་ལུག་ཁྱིམ་ནས་བརྩམ་པས། །དེས་ན་སྐར་རྩིས་ཟླ་བའི་དབུ། །ནག་པ་ནས་བརྩམ་དེ་བཞིན་འཆད། །རྒྱ་ནག་སྦྲུལ་ཟླ་དབྱར་ར་བ། །ཧོར་ཟླ་གསུམ་པ་དཔྱིད་ཟླ་འབྲིང་། །འཕགས་ཡུལ་ནག་ཟླ་ལུག་གི་ཁྱིམ། །རྒྱུད་ནས་མིང་གཟུགས་ཁྱུ་མཆོག་ཟླ། །རྒྱ་ནག་རྟ་ཟླ་དབྱར་འབྲིང་པོ། །ཧོར་ཟླ་བཞི་པ་དཔྱིད་ཐ་ཆུང་། །འཕགས་ཡུལ་ས་ག་གླིང་གི་ཁྱིམ། །རྒྱུད་ནས་སྐྱེ་མཆེད་རུས་སྦལ་ཟླ། །དེ་བཞིན་ལུག་ཟླ་དབྱར་ཐ་ཆུང་། །ཧོར་ཟླ་ལྔ་པ་དབྱར་ར་བ། །སྣྲོན་གྱི་ཟླ་བ་འཁྲིག་པའི་ཁྱིམ། །རྟེན་འབྲེལ་རེག་དང་ཆུ་སྲིན་ཟླ། །དབང་ཆེན་སྤྲེའུ་ཟླ་སྟོན་ར་བ། །ཧོར་ཟླ་དྲུག་པ་དབྱར་འབྲིང་པོ། །ཆུ་སྟོད་ཟླ་བ་སྦལ་པའི་ཁྱིམ། །ཚོར་བ་དང་ནི་ཡུགས་སའོ། །བྱ་ཟླ་སྟོན་ཟླ་འབྲིང་པོ་དང་། །ཧོར་ཟླ་བདུན་པ་དབྱར་ཐ་ཆུང་། །གྲོ་ཞུན་ཟླ་བ་སེང་གེའི་ཁྱིམ། །སྲེད་དང་རྨེ་བའི་ཟླ་བའོ། །ཁྱི་སྟེ་སྟོན་ཟླ་ཐ་ཆུང་ཉིད། །ཧོར་ཟླ་བརྒྱད་པ་སྟོན་ར་བ། །ཁྲུམས་ཟླ་བུ་མོའི་ཁྱིམ་ཞེས་བྱ། །ལེབ་པའི་ཟླ་བ་འབུག་པའོ། །ཕག་གི་ཟླ་བ་དགུན་ར་བ། །ཧོར་ཟླ་དགུ་པ་སྟོན་འབྲིང་པོ། །དབྱུག་དགུའི་ཉ་བ་སྲང་གི་ཁྱིམ། །སྲིད་དང་འཕྱོ་བའི་ཟླ་བའོ། །བྱི་བ་དགུན་ཟླ་འབྲིང་པོ་ནི། །ཧོར་ཟླ་བཅུ་པ་སྟོན་ཐ་ཆུང་། །སྨིན་དྲུག་ཟླ་བ་སྡིག་པའི་ཁྱིམ། །སྐྱེ་བ་དང་ནི་རྨི་ལམ་མོ། །གླང་ཟླ་དགུན་ཐ་ཟླ་འཁོར་མཐའ། །ཧོར་ཟླ་བཅུ་གཅིག་དགུན་ར་སྟེ། །དེ་ནི་མགོ་ཟླ་གཞུ་ཡི་ཁྱིམ། །རྒ་ཤི་ས་ཡི་དབང་ཕྱུག་གོ །ཟླ་བའི་རྒྱལ་པོ་སྟག་དཔྱིད་ར། །ཧོར་ཟླ་བཅུ་གཉིས་དགུན་འབྲིང་པོ། །ཟླ་དང་རྒྱལ་འཛོམ་ཆུ་སྲིན་ཁྱིམ། །རྟེན་འབྲེལ་མ་རིག་ཟླ་འཕེལ་བ། །ཡོས་ཀྱི་ཟླ་བ་དཔྱིད་འབྲིང་པོ། །ཧོར་ཟླ་དང་པོ་དགུན་ཐ་ཆུང་། །མཆུ་ཡི་ཟླ་བ་བུམ་པའི་ཁྱིམ། །འདུ་བྱེད་ཟླ་བ་གཏི་མུག་གོ །འབྲུག་གི་ཟླ་བ་དཔྱིད་ཐ་ཆུང་། །ཧོར་ཟླ་གཉིས་པ་དཔྱིད་ར་བ། །སྦོ་ཡི་ཟླ་བ་ཉ་ཡི་ཁྱིམ། །རྣམ་ཤེས་དང་ནི་བཟང་པོའོ། །དེ་ལྟར་ཟླ་མིང་སྡེ་ཚན་དུ། །སྡེབ་ནས་གོ་བདེར་མདོར་སྤེལ་བྱས། །རྒྱ་ནག་སྐད་དུ་ཟླ་བའི་མིང་། །ཡོལ་ཞེས་བོད་ཀྱི་སྔོན་རྣམས་སྨྲ། །རྒྱ་ནག་ལི་ཐུར་ཡྭད་ཞེས་པ། །ཡོད་ཞེས་ཤིན་ཏུ་མཁས་པས་ཏེ། །དེས་གསུང་རྒྱ་ནག་ལི་ཐུ་ལྟར། །ཧོར་ཟླ་གཅིག་ནས་བཅུ་གཉིས་བར། །ཅིན་ཡྭད་ཨོ་ཡྭད་གསན་ཡྭད་དང་། །གསི་ཡྭད་འུ་ཡྭད་ལིའུ་ཡྭད། །ཚེ་ཡྭད་པཱ་ཡྭད་ཅིའུ་ཡྭད། །ཤི་ཡྭད་ཧོར་ཟླ་བཅུ་པ་ཡིན། །ཤི་ཡི་ཡྭད་ནི་བཅུ་གཅིག་པ། །ཤི་ཨོ་ཡྭད་ནི་བཅུ་གཉིས་སོ། །དེ་བཞིན་སེམས་ཅན་མིང་གིས་བརྡས། །བཞག་པ་སྟག་ལ་ཡིན་ཞེས་བྱ། །ཡོས་ལ་མོ་འབྲུག་ལ་ཤནྟ། །གསི་སྦྲུལ་འུ་རྟ་ལུག་ལ་ཟའི། །ཞ་སྤྲེལ་ཡེའུ་བྱ་ཟུའི་ཁྱི། །ཧའི་ཕག་མགོ་བྱི་བར་ཙི། །ཆའོ་གླང་སྟེ་ཀུན་གྱི་མཐར། །ཡྭད་སྦྱར་དེ་དེའི་ཟླ་བར་ཤེས། །གཞན་ཡང་རྡོ་རྗེ་གདན་བཞི་དང་། །རྡོ་རྗེ་མཁའ་འགྲོ་ནས་གསུང་པའི། །ཟླ་མིང་ཁྱུ་མཆོག་ལ་སོགས་པ། །ལེགས་སྦྱར་སྐད་དུ་སྨོས་པ་ན། །རི་ཥྲ་བ་དང་ཀུརྨ་དང་། །མ་ཀ་ར་ཧ་རཱཎྜ་དང་། །ཀ་ཡི་ར་དང་བྷི་བྲྀ་ཀ །བྱཱ་ཀུ་ལི་དང་སྭ་སྣ་དང་། །ཀཱ་མ་ཎ་དང་རོ་ཧི་ཏ། །མོ་ཧི་ཏ་དང་བྷ་དྲའོ། །གསུམ་པ་དུས་ནི་སྤྱིར་བསྐལ་པ། །ཆགས་གནས་འཇིག་སྟོང་ཆེན་པོ་བཞི། །གཞན་ནི་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་རྩོད་ལྡན་དུས་བཞི་སྟེ། །དེ་ལ་ཚེ་དཔལ་འབྱོར་པ་དང་། །སངས་རྒྱས་བསྟན་པའི་དུས་བཞི་དང་། །རིགས་ལྡན་རྒྱལ་པོའི་དུས་བཞིར་དབྱེ། །དུས་ཚོད་ལོ་ཟླའི་ཕུང་པོ་བཅས། །གཟའ་དགུ་ལྷག་གཅིག་ངེས་སྐྱེས་ནས། །ལྷན་ཅིག་ཁྱིམ་རྫོགས་མཐར་སྤྱོད་པ། །སྟོང་འཇུག་ཞེས་གདགས་དེར་དུས་བཞི། །དུས་ཕྱིས་མཁས་འགའ་རྟོག་པས་བཞག །འཕྲོས་དོན་དུས་རྩིས་མཛོད་སོགས་ནས། །སེ་གོལ་གཅིག་ལ་དྲུག་ཅུ་བཞི། །ཕྱེས་ཆ་དུས་མཐའི་སྐད་ཅིག་ལ། །དེ་བརྒྱ་ཉི་ཤུ་དེའི་སྐད་ཅིག །དེ་འདྲ་དྲུག་ཅུར་ཐེངས་གཅིག་སྟེ། །སུམ་ཅུའི་ཡུད་ཙམ་དེ་སུམ་ཅུའི། །ཉིན་ཞག་གང་དེ་སུམ་ཅུའི་ཟླ། །བཅུ་གཉིས་ཟླ་བས་ལོ་གཅིག་འགྱུར། །དེ་བཞིན་སྟག་སྣའི་མདོ་ལས་ནི། །བལ་མཁན་མཁས་པས་རལ་བལ་གྱི། །ལྭ་བ་རིང་ཐུང་སྙོམས་པ་ཞིག །འདྲེན་པའི་ཡུན་ནི་སྐད་ཅིག་ཐུང་། །དེ་བརྒྱ་ཉི་ཤུ་སྐད་ཅིག་རིང་། །དེ་དྲུག་ཐེངས་གཅིག་དེ་སུམ་ཅུ། །ཡུད་ཙམ་པ་སྟེ་དེ་སུམ་ཅུ། །ཉིན་ཞག་གཅིག་ཏུ་ཡང་དག་བཤད། །ཡང་ནི་མིག་འཛུམ་གཉིས་ཐང་གཅིག །དེ་བཞི་མཆོག་དཀའ་དེ་བཅུ་དྲུག །དུས་ཚོད་གཅིག་སྟེ་རེ་རེ་བཞིན། །ཡུད་ཙམ་གཅིག་སྟེ་དེ་ལྷག་མཚུངས། །འདི་ལ་ཉིན་མོའི་ཡུད་ཙམ་ཆ། །བཅོ་ལྔ་གྲིབ་ཚད་ལ་བརྟེན་ཅིང་། །མཚན་མོ་ཐུན་གྱི་ཆ་ལ་བརྟེན། །མིང་ཡང་སོ་སོར་གསུང་བ་མཐོང་། །གཞན་ཡང་འཆི་མེད་མཛོད་དང་ནི། །ཚིག་གི་གཏེར་ལས་འདི་སྐད་ཅེས། །མིག་འཛུམ་བཅོ་བརྒད་མཐར་གནས་དེ། །སུམ་ཅུ་ཆ་ཤས་དེ་སུམ་ཅུ། །སྐད་ཅིག་ཡིན་ཏེ་དེ་བཅུ་གཉིས། །ཡུད་ཙམ་ཞེས་གྲགས་དེ་སུམ་ཅུ། །ཉིན་ཞག་གཅིག་སྟེ་དེ་བཅོ་ལྔ། །ཕྱོགས་ཏེ་ཕྱོགས་གཉིས་ཟླ་བ་གཅིག །དེ་གཉིས་དུས་ཚིགས་དེ་གསུམ་ལ། །བསྒྲོད་གཅིག་དེ་གཉིས་ལོ་རུ་བཤད། །དུས་ཀྱི་མཚན་ཉིད་ཆ་ཤས་གང་། །རྣམ་གྲངས་ཐ་སྙད་དེ་ལྟར་བསྟན། །འདི་རུ་བཤད་བྱ་ལོ་གཅིག་གི །དུས་ཀྱི་ངེས་པ་བསྟན་པ་དེ། །དཔལ་མཆོག་དང་པོའི་སངས་རྒྱས་རྒྱུད། །དུས་ཀྱི་འཁོར་ལོ་འཇིག་རྟེན་ཁམས། །ལེའུ་ཉིད་ལས་བསྟན་པ་དང་། །གཞན་ཡང་བཀའ་དང་བསྟན་བཅོས་ཆེར། །དུས་དྲུག་དུས་ལྔ་དུས་བཞི་དང་། །གསུམ་དང་གཉིས་སུ་བཞག་པ་གང་། །དང་པོ་གསོ་བྱེད་ཡན་ལག་བརྒྱད། །འདུལ་ལུང་མྱང་འདས་མདོ་ནས་བསྟན། །ནག་ཟླ་ས་ག་དཔྱིད་གཉིས་ཡིན། །སྣྲོན་དང་ཆུ་ཚོད་ས་ག་གཉིས། །གྲོ་ཞུན་ཁྲུམས་ནི་དབྱར་ཟླ་གཉིས། །དབྱུ་གུ་སྨིན་དྲུག་སྟོན་ཟླ་གཉིས། །མགོ་ཟླ་རྒྱལ་ཟླ་དགུན་སྟོད་དེ། །མཆུ་ཟླ་སྦོ་ཟླ་དགུན་སྨད་དོ། །འོན་ཀྱང་འདུལ་ལས་མར་ངོ་སྔོན། །འགྲོ་བས་སྦོ་ཟླའི་བཅུ་དྲུག་ནས། །ནག་པ་ཟླ་སྟེ་དཔྱིད་ཟིན་ཅིང་། །ཚུལ་དེས་ལྷག་རྣམས་མཚུངས་རིམ་སྦྱོར། །གཉིས་པ་འདུལ་ལས་དུས་ཚིགས་ལྔ། །འདི་ནི་མར་ངོ་སྔོན་འགྲོ་བས། །ཚེས་དབུ་བཅུ་དྲུག་དེ་ཕྱི་མའི། །བཅོ་ལྔ་ཟླ་བའི་རྫོགས་མཚམས་བཞག །ཡར་ངོ་སྔོན་འགྲོའི་སྔོན་ཟླ་ཕྱེད། །ནུར་གྱུར་ཟླ་བའི་མིང་དེ་བཞིན། །དེས་ཤེས་སྤྱིར་བཏང་སྨིན་དྲུག་ཟླའི། །བཅུ་དྲུག་ནས་བརྩམས་སྦོ་ཟླ་ཡི། །བཅོ་ལྔའི་བར་གྱི་ཟླ་བ་བཞི། །དགུན་གྱི་ཟླ་བ་བཞི་རུ་བཞག །སྦོ་ཟླའི་དེ་ནས་ཆུ་སྟོད་དེའི། །བར་གྱི་ཟླ་བཞི་དཔྱིད་དུ་གྲགས། །དེ་ནས་གྲོ་ཞུན་བཅོ་ལྔའི་བར། །ཟླ་གཅིག་དབྱར་གྱི་དུས་སུ་ངེས། །དེ་མཐར་ཚེས་པ་བཅུ་དྲུག་པ། །ཉིན་ཞག་གཅིག་སྟེ་དབྱར་ཐུང་ངུ་། །དེའི་སང་ཉིན་བཅུ་བདུན་ནས། །སྨིན་དྲུག་ཟླ་བའི་བཅོ་ལྔའི་བར། །ཞག་གཅིག་མ་ཚང་ཟླ་བ་གསུམ། །རིང་པོ་དབྱར་ཞེས་གསུང་པ་ཡིན། །གསུམ་པ་སྨན་དཔྱད་གཞུང་དང་ནི། །འདུལ་བཏུས་མདོ་རྩ་སོ་ཐར་མདོ། །ཉི་སྙིང་གསེར་འོད་དམ་པ་དང་། །མྱང་འདས་རྒྱ་ནག་འགྱུར་རྣམས་ལས། །དགུན་དཔྱིད་དབྱར་སྟོན་དུས་བཞི་ལ། །ཟླ་བ་གསུམ་གསུམ་ཉིད་དུ་བརྟན། །བཞི་པ་འདུལ་བའི་མེ་ཏོག་འཕྲེང་། །མངོན་པ་རྩ་འགྲེལ་ལས་དཔྱིད་དབྱར། །དགུན་སྟེ་དུས་ཚིགས་གསུམ་དུ་མཛད། །སོས་སྟོན་དཔྱིད་དང་དབྱར་ཁོངས་བསྡུས། །སངས་རྒྱས་པ་རྣམས་དུས་དང་པོ། །དགུན་ནས་བརྩམ་སྟེ་ཡིན་ཞེས་གསུངས། །དེ་རྣམས་དུས་བཞི་ལས་གཞན་པ། །ནག་ཟླ་ནས་བརྩམ་དཔྱིད་བྱེད་མཐུན། །དུས་བཞི་ལོ་མགོ་ཐ་དད་པས། །དཔྱིད་རར་མགོ་རྒྱལ་མཆུ་རིམ་སྦྱོར། །རྒྱ་ནག་ཡུལ་དུ་ད་ལྟའི་བར། །དཔྱིད་ར་མཐུ་ཟླར་བཞག་པར་སྣང་། །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །བོད་རྗེ་མེས་དབོན་སྐབས་སུ་ནི། །ལོ་གསར་དཔྱིད་ར་རྒྱལ་ཟླར་མཛད། །རྒྱལ་ནག་གཙུག་ལག་གཞུང་མཐུན་མིན། །དགོངས་པ་ཡང་ནི་དེར་ངེས་ཞེས། །དམ་པ་ཆེ་གྱུར་མང་པོས་གསུངས། །གང་ལྟར་དཔལ་མཆོག་དུས་འཁོར་ལོ། །གདན་བཞི་མཁའ་འགྲོ་རྒྱ་མཚོ་སོགས། །མཐུན་པར་རྟེན་འབྲེལ་ཟླ་བ་ཡི། །ཐོག་མ་རྒྱལ་ཡིན་ཐེ་ཚོམ་མེད། །འཇིག་རྟེན་མིག་གྱུར་སྔོན་ཆེན་པོས། །སྦོ་ཟླར་དཔྱིད་རར་བརྡའ་ཆད་མཛད། །སྤྱིར་ནི་དཔྱིད་ར་སོགས་འཕགས་ཡུལ། །སྐད་དུ་དཀོན་མདོ་ཉ་སྐར་མིང་། །འབྱུང་བ་ལོ་ཙཱས་བོད་ཡུལ་གྱི། །བརྡའ་མཐུན་བསྒྱུར་བ་མང་རྟོགས་སོ། །ལྔ་པ་དུས་གཉིས་ཉི་མ་ཡི། །ལྷོ་བྱང་བསྒྲོད་པ་ལས་གདགས་ཏེ། །རྒྱ་གར་ཤར་ཕྱོགས་སོགས་ཡུལ་འགར། །བགྲོད་དེ་ལོ་རུ་འདོད་ཀྱང་སྣང་། །དེ་ཚེ་མགོ་ཟླ་ལོ་གསར་ཉིད། །འཆི་མེད་སེང་གེའི་མཛོད་ལས་ཀྱང་། །རི་དྭགས་མགོ་དང་ལྷན་ཅིག་པ། །ཟླ་བ་ལོ་ཡི་དང་པོ་ཡིན། །བཤད་དེ་རིག་བྱེད་སྨྲ་བའི་ལུགས། །ལོ་ཡི་ཐོག་མ་མགོ་ཟླ་རུ། །འདོད་མོད་སྟག་ཟླ་དང་དཔྱིད་རར། །ནམ་ཡང་འཁྲུལ་པར་མི་བྱའོ། །དེ་ལྟར་ལོ་གཅིག་བྱེ་བྲག་གི །དུས་ཀྱི་རྣམ་དབྱེ་མདོར་བསྟན་བྱས། །བཞི་པ་དུས་དེ་རྣམས་ཀྱི་གཟེར། །མཐར་ཐུག་མཉམ་ཉིད་མདོར་བཤད་པ། །གོ་ལའི་འགྲོས་དང་ས་ཚིགས་དབང་། །གཅིག་ཏུ་ངེས་པ་མ་ཡིན་ཀྱང་། །བོད་ཡུལ་དབུས་འགྱུར་ཉི་ལྡོག་དང་། །མཐུན་པར་མཁས་རྣམས་མྱོང་རྩིས་མཛད། །དེ་ཡང་མི་འདྲ་དུ་མར་མཐོང་། །སྐབས་འདིར་སྔོན་རབས་མཁས་གསུང་རབ། །རིམ་བརྒྱུད་མ་ཉམས་ལག་མྱོང་རྩིས། །བདག་གི་རིག་གནས་སློབ་དཔོན་ཆེ། །ཀྱེ་རེའི་མཁས་མཆོག་འཇིག་རྟེན་མིག །བཞེད་པ་ཉི་བར་ཆ་ཅན་གང་། །སྐར་འབྱུང་དབྱུག་ཚེས་ཤར་བ་ན། །འཁྲིག་ཁྱིམ་སུམ་གཅིག་ཉིན་རིང་མཐའ། །སྐར་སྐྱོན་དབྱུ་གུར་དབང་མཚོ་ཤར། །གཞུ་ཁྱིམ་སྐར་མདུན་མཐར་མཚན་རིང་། །ཡང་ནི་སྐར་དྲུག་དབྱུག་ཞེས་ལྔ། །བྱང་མཐའ་ལ་བསྣམ་སྟོན་མཉམ་དང་། །དེར་བསྣན་ལྷོ་མཐའ་དེར་བསྣན་དཔྱིད། །མཉམ་དང་དེར་བསྣན་ཉིན་རིང་འཆར། །སྤྱིར་ནི་བཤོལ་མེད་དབྱར་ཟློག་ནས། །ཁྱིམ་ཞག་དགུ་བཅུ་རྫོགས་སྟོན་མཉམ། །དེ་ནས་རིམ་བཞིན་དགུ་བཅུའི་མཚམས། །དགུན་ལྡོག་དཔྱིད་མཉམ་སླར་དབྱར་ལྡོག །འོན་ཀྱང་ཉི་ལྡོག་ནུར་དང་རྟག །འདོད་སོགས་མཁས་གོང་མན་ངག་བཞིན། །ཞིབ་མོ་ལག་རྫིས་རི་མོས་ཏེ། །འདིར་ནི་ཆར་ཚད་མཚོན་ཙམ་མོ། །ཉི་མས་ལྡོག་བྱང་བསྒྲོད་བཞིན་དུ། །ཟླ་རང་དེ་ལྡོག་མཐར་ཐུག་པ། །མཉམ་དུས་ཉི་མའི་ཤུལ་ཉིད་དུ། །ཟླ་རང་ཡང་ནི་མངོན་པར་འཇུག །དེ་ལྟར་མཐོང་བ་ཡང་ཤེས་བྱ། །ཞིབ་པར་འགོད་པའི་ཆ་ལ་སོགས། །ཁོ་བོས་དཔྱད་གཞི་བྱས་བཞིན་དུ། །ཡི་གེ་དང་ནི་ངག་ལས་སོ། །མཉམ་པའི་དུས་སུ་འཆར་བའི་གཟའ། །བསྟན་པ་དང་ནི་རི་ཥི་སྟེ། །དེ་ཉིད་འཆར་ནུབ་ཞག་དབུས་སུ། །མཉམ་པའི་དུས་ཉིད་འབྱུང་བ་ཡིན། །དཔྱིད་མཉམ་ལ་ནི་བསྟན་པ་སྟེ། །དེ་ནི་གོ་ལའི་བྱང་མཐར་མངོན། །སྟོན་མཉམ་ནི་རི་ཥི་གང་། །གོ་ལའི་ལྷོ་མཐར་འཆར་ནུབ་བྱེད། །རི་ཥི་འཆར་སྐབས་ཞག་བདུན་ཅུ། །ནད་སེལ་བརྒྱད་ལྡན་འགྱུར་བར་གྲགས། ཁ་ཅིག་རྨེ་བདུན་བརྟན་པར་འདོད། །དེ་ནི་མུན་སྤྲུལ་ཉིད་དུ་ངེས། །བརྟན་པ་སྐར་མ་འབྲིང་པོའི་ཚད། ཁ་དོག་སེར་ཤས་ཆེ་བ་རུ། །ཡོད་ཅེས་འཕགས་ཆེན་རྒྱལ་བའི་སྲས། །ཀུན་མཁྱེན་བླ་མའི་གསུང་ལས་སོ། །ལྔ་པ་སྐར་གནས་གཟའ་སྤྱོད་ཡུལ། །ཁྱིམ་གྱི་རིམ་པ་གང་ཞེ་ན། །རྒྱུ་སྐར་རེ་ལ་རྐང་པ་བཞི། །རྐང་རེ་ཆུ་ཚོད་བཅོ་ལྔ་རུ། །ཁྱིམ་རེ་རྐང་པ་དགུ་ཡི་ཚད། །རིམ་པ་དེ་ཡི་བསྒྲོད་པ་སྟེ། །ལུག་ཁྱིམ་ཐ་སྐར་བྲ་ཉེ་དང་། །སྨིན་དྲུག་རྐང་པ་དང་པོར་སྤྱོད། །གླང་ཁྱིམ་སྨིན་དྲུག་རྐང་གསུམ་དང་། །རྣར་མ་མགོ་ཡི་རྐང་གཉིས་ཡིན། །འཁྲིག་ཁྱིམ་མགོ་ཕྱེད་ལག་རྫོགས་པ། །ནབ་སོའི་རྐང་པ་གསུམ་ཡིན་ནོ། །ཀརྐཊ་ནི་ནབ་སོའི་མཐའ། །རྒྱལ་དང་ཀག་ནི་ཚང་བའོ། །སེང་གེ་ལ་ནི་ཆུ་བྲ་རྫོགས། །སྦོ་ཡི་རྐང་པ་གཅིག་ཡིན་ནོ། །བུ་མོ་སྦོ་ཡི་ལྷག་གསུམ་དང་། །མེ་བཞི་ནག་པོའི་ཕྱེ་ཡན་སྤྱོད། །སྲང་ཁྱིམ་མེ་བཞིའི་ལྷག་གཉིས་དང་། །ས་རི་ས་གའི་རྐང་པ་གསུམ། །སྡིག་པར་ས་གའི་རྐང་པ་མཐའ། །ལྷ་མཚམས་དང་ནི་སྣྲོན་རྫོགས་པ། །གཞུ་ཁྱིམ་སྣུབ་དང་ཆུ་ཚོད་ཚང་། །ཆུ་སྨད་རྐང་པ་དང་པོར་ལྡན། །ཆུ་སྲིན་ཆུ་སྨད་རྐང་གསུམ་དང་། །གྲོ་ཞུན་མོན་དྲེ་ཕྱེད་ཡན་ནོ། །བུམ་པར་མོན་དྲེའི་ཕྱེ་མན་དང་། །མོན་གྲུ་ཁྲུམས་སྟོད་རྐང་གསུམ་ཡིན། །ཉ་ལ་ཁྲུམས་སྟོད་རྐང་ལྷག་གཅིག །ཁྲུམས་སྨད་ནམ་གྲུ་ཡོངས་སུ་རྫོགས། །དེ་ལྟར་ཁྱིམ་གྱི་ཆུ་ཚོད་ཀུན། །སྡོམ་པས་སྟོང་དང་བརྒྱ་ཕྲག་དྲུག །ཉི་ཤུ་ཐམ་པར་གྱུར་པ་སྟེ། །ཡུལ་གྱི་ལོངས་སྤྱོད་ཞེས་སུ་གྲགས། །ལུག་སོགས་བཅུ་གཉིས་ཁྱིམ་གྱི་མིང་། །ལེགས་སྦྱར་སྐད་བརྗོད་ལུག་མི་ཥཱ། །བྲྀ་ཥྲ་བྷཿགླང་མེ་ཐུ་ན། །འཁྲུག་སྟེ་ཀརྐཊ་སྦལ་པ། །སིངྷ་སེང་གེ་ཀ་ནྱཱ་ཞེས། །བུ་མོ་རུ་ལ་སྲང་ཡིན་ནོ། །བྲྀཥྩཀ་སྡིག་དྷཱ་ནུ་གཞུ། །ཆུ་སྲིན་མ་ག་ར་བུམ་པ། །ཀུམྦྷ་ཉ་ལ་མཱི་ནའོ། །ཁྱིམ་ལ་རཱ་སི་ཞེས་སུ་བརྗོད། །དེ་ནས་དྲུག་པ་ཁྱིམ་ཚོགས་དེར། །གཟའ་རྣམས་ལེགས་སྐྱེས་སྐར་དུས་ཚད། །བསོད་ནམས་སྟོབས་དང་ལྡན་པའི་གཟའ། །སྒྲ་གཅན་གདོང་པ་སྲང་གི་ཁྱིམ། །འཆར་བའི་ཐོག་མ་ཉིད་དུ་སྐྱེས། །མཇུག་མེ་ཉ་ཡི་མཐའ་རུའོ། །ཉི་མ་ཀརྐཊ་ནབ་སོའི། །རྐང་པ་བཞི་པའི་ཐོག་མར་སྐྱེས། །ཁ་ཅིག་སྐྱེ་སྐར་མེ་བཞི་ཟེར། །གོང་ཉིད་རྒྱུད་དགོངས་འཁྲུལ་པ་མེད། །དེས་ནི་ཁག་གི་ཟླ་བ་ཡང་། །སྲང་ཁྱིམ་ཐ་སྐར་མཚན་མཉམ་དུས། །སྐྱེས་ནས་དེ་ཕྲལ་ཆ་བྲི་བས། །འདུལ་སོགས་མར་ངོ་སྔོན་འགྲོ་དང་། །སྨིན་དྲུག་ཟླ་བ་ལོ་མགོ་རུ། །བཞག་པ་དོན་དེས་ཡིན་སྐད་ཀྱང་། །དུས་འཁོར་གཞུང་འགྲེལ་ལས་ལུག་ཁྱིམ། །ཐ་སྐར་རྐང་དབུ་ཚེས་གཅིག་ལ། །ཟླ་སྐྱེས་ཡར་ངོ་སྔོན་འགྲོ་དང་། །ཟླ་མགོ་ཡིན་གསུང་དེ་ཉིད་བཟུང་། །དེ་བཞིན་སེང་ཁྱིམ་མཆུ་ཡི་དབུས། །མིག་དམར་སྐྱེས་ཤིང་སྡིག་པའི་ཁྱིམ། །ལྷག་མཚམས་རྐང་པ་གཉིས་རྫོགས་མཚམས། །ལྷག་པ་སྐྱེས་ཤིང་བུ་མོའི་ཁྱིམ། །སྦོ་རྐང་རྫོགས་མཚམས་ཕུར་བུ་སྐྱེས། །འཁྲིག་ཁྱིམ་ལག་རྫོགས་པ་སངས་སྐྱེས། །གཞུ་ཁྱིམ་ཐོག་མར་སྤེན་པ་སྐྱེས། །གཞུ་རྫོགས་ཐ་མར་གདེངས་ཅན་སྐྱེས། །དེ་བཞིན་བུམ་པར་རི་བྱི་དང་། །གླང་དུ་བརྟན་པ་སྐྱེས་པར་གསུང་། །དེ་ལྟར་གཟའ་སྐྱེས་ཁྱིམ་ཡེ་ལེ། །སྐར་ཚད་ཁམས་ལེའི་དོན་བཞིན་དུ། །བདུན་པ་ཁྱིམ་གྱི་ཞིང་བདག་ནི། །ལུག་སྡིག་དམར་པོ་གླང་སྲང་དཀར། །འཁྲིག་པ་བུ་མོ་སྔོན་པོའོ། །སྦལ་པ་ཟླ་བ་སེང་ཉི་མ། །གཞུ་དང་ཉ་ལ་ཕུར་བུ་ཉིད། །ཆུ་སྲིན་བུམ་པ་ནག་པོའོ། །ཁྱིམ་བཞིན་ཏཏྐལ་འཆར་བ་ཡི། །བདག་པོ་ཡང་ནི་དེ་ཁོ་ན། །རང་ཁྱིམ་ཁམས་མི་མཐུན་པའི་གཟའ། །ཞུགས་ཚེ་དེ་དང་རྩོད་པར་གསུངས། །དེ་ཡང་དམར་པོ་སྔོ་སངས་རྩོད། །དེ་བཞིན་ཕུར་བུ་དཀར་པོ་དང་། །ནག་པོ་དང་ནི་ཀེ་རུའོ། །ཉི་མའི་ཞིང་དུ་ཀེ་རུ་དང་། །ཟླ་བའི་ཞིང་དུ་ནག་པོ་ཞུགས། །དེ་གཉིས་ཕན་ཚུན་རྩོད་པར་གྲགས། །བརྒྱད་པ་དེ་ལྟར་ལོ་ཟླ་ཞག །ཀུན་གྱི་རྩ་བ་སྲོག་ཅེས་དབུགས། །དེ་ཡང་དགེ་དང་དགེ་མིན་གྱི། །ལས་ཀྱི་ནུས་པས་ཚེ་ཡི་ཚད། །ཇི་བཞིན་དབུགས་ཀྱང་ཐུང་ངུ་རིང་། །བར་མ་ཉིད་དུ་རྣམ་པར་བཞག །དེ་ཡང་མི་ཡི་སྐྱེས་བུ་གང་། །དར་བབ་ནད་མེད་རང་བཞིན་དབུགས། །དབྱུང་གནས་རྔུབ་པ་གཅིག་བྱས་པ། །དེ་ཉིད་རྩི་གཞི་རྩ་བར་བཟུང་། །དེ་ལྟར་མི་ཡི་དབུགས་གཅིག་ལ། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རུ། །ཕྱེས་པའི་ཆ་གཅིག་ལུས་སྐྱེས་ཞེས། །ཤིག་སོགས་ཕྲ་མོའི་དབུགས་གཅིག་གྱུར། །དེས་མཚན་མི་ཡི་དབུགས་གཅིག་ནི། །ཕྲ་རྣམས་ཞག་གཅིག་ཉིད་དུ་གྲུབ། །མི་ཡི་སུམ་ཅུའི་དབུགས་ནི་དྷྲུ། །ཡི་དྭགས་ཀྱི་ནི་དབུགས་གཅིག་ཡིན། །དཀར་ནག་ཕྱོགས་གཉིས་མིའི་ཟླ་གཅིག །ཡི་དྭགས་ཚུན་གྱི་ཞག་གཅིག་གོ །མི་ཡི་ཆུ་ཚོད་གཅིག་གི་དབུགས། །ལྷ་ཡི་དབུགས་ནི་གཅིག་ཏུ་འགྱུར། །ཚུལ་དེས་མི་ཡི་ལོ་གཅིག་ནི། །ལྷ་དེ་རྣམས་ཀྱི་ཞག་གཅིག་གྱུར། །འདིར་གསུངས་མཚུན་དང་ལྷ་ཡི་ཞག །འདི་ནི་ཕྱི་རོལ་པའི་གྲུབ་མཐའ། །རིག་བྱེད་ལམ་པས་བཞག་པ་དང་། །མཚུངས་པ་ཉིད་དུ་ཁོ་བོས་མཐོང་། །མི་ཡི་ཉིན་ཞག་གཅིག་གི་དབུགས། །ལྷ་མ་ཡིན་གྱི་དབུགས་གཅིག་གསུང་། །དེས་ན་རག་རྩིས་མི་ཡི་ལོ། །བཅུ་གཉིས་ལྷ་མིན་ཞག་གཅིག་གོ །ནུས་པའི་དབུགས་ནི་མི་ཡི་ལོ། །གཅིག་དང་མཚུངས་པ་ཉིད་དུ་ལྡན། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལོ། །གཙོ་བོ་ཡི་ནི་དབུགས་གཅིག་བཞེད། །སྐབས་འདིར་ནུས་དང་གཙོ་བོ་ཞེས། །གཟུགས་ཁམས་མཆོག་དང་གཟུགས་མེད་མཆོག །སྐྱེས་བུའི་མིང་ནི་རྣམ་འགྱུར་དུ། །ཡིན་པར་འཇིག་རྟེན་མགོན་དེས་བཤད། །འོན་ཀྱང་སྲིད་པ་སུམ་ཅུ་གཅིག །གསུང་པའི་སྐབས་ཀྱི་ཚེ་ཚད་དང་། །དབུགས་ཀྱི་སྐབས་འདིར་གསུང་པ་གང་། །དངོས་སུ་མཐུན་པར་མ་གྱུར་པས། །འདིར་ནི་རིག་བྱེད་སྨྲ་དྲང་ཆེད། །དེ་མཐུན་རྣམ་གྲངས་ཅན་གསུངས་པར། །བདག་གི་རྣམ་རྟོག་ཉིད་དུ་ཤར། །རྒྱས་དཔྱད་གཞན་དུ་སྨྲ་བར་བྱ། །དེ་ལྟར་འཕྲོས་དོན་བཅས་བཤད་ནས། །འདི་རུ་བཟུང་བྱའི་སྙིང་པོ་ནི། །འཛམ་གླིང་མི་ཡི་སྐྱེ་དགུའི་དབུགས། །དུས་རྩིས་ཀུན་གྱི་རྩ་བ་ཉིད། །དེ་ཡང་ཉིན་ཞག་ཕྲུགས་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །ཆུ་སྲང་ཆུ་ཚོད་ཐ་དག་པ། །འདི་ལས་རྣམ་པར་འབྱུང་ཤེས་བྱོས། །ད་ནི་དགུ་པ་ཆུ་སྲང་དང་། །ཆུ་ཚོད་མཚན་ཉིད་བཤད་བྱ་སྟེ། །བདག་ཅག་སྟོན་པ་རྡོ་རྗེ་ཅན། །གང་གི་ཐུན་མོང་མ་ཡིན་པའི། །དགོངས་པ་བླ་མེད་སྔགས་ཀྱི་རྒྱུད། །བཅོམ་ལྡན་དགྱེས་པ་རྡོ་རྗེ་ལས། །ཆུ་ཚོད་སུམ་ཅུ་སོ་གཉིས་དང་། །དབྱུ་གུ་དྲུག་ཅུ་རྩ་བཞིར་གསུང་། །བདེ་མཆོག་སྡོམ་པ་འབྱུང་བ་ལས། །ཐུན་བརྒྱུད་ཕོ་བ་བཅུ་དྲུག་དང་། །ཆུ་ཚོད་སུམ་ཅུ་རྩ་གཉིས་ལ། །དབྱུ་གུ་དྲུག་ཅུ་རྩ་བཞིར་དྲན། །རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས། །མིག་འཛུམ་དྲུག་ནི་ཆ་ཤས་གཅིག །རིམ་པས་དྲུག་གྱུར་སྐད་ཅིག་ལ། །ཐེངས་གཅིག་དང་ནི་ཆུད་ཟང་འགྱུར། །ཆུད་ཟང་སུམ་ཅུ་ཡིག་ལྕི་དུས། །དེ་བཅུ་སྟོང་གཅིག་དེ་ཉེར་དྲུག །ཆུ་སྲང་གཅིག་གི་ཚད་དུ་བཞེད། །ཆུ་སྲང་དྲུག་ཅུ་ཆུ་ཚོད་དོ། །ཆུ་ཚོད་བརྒྱ་ནི་ཐུན་གཅིག་ཡིན། །ཐུན་བརྒྱད་ཉིན་ཞག་གཅིག་ཏུ་འགྱུར། །ཆུ་ཚོད་དེ་ཡི་གཞལ་ཚད་ཀྱང་། །རྒྱུད་དེ་ཉིད་ལས་འདི་སྐད་གསུངས། །ཟངས་མ་སྲང་ནི་བཅུ་གཉིས་ལས། །སྣོད་ནི་དཔང་དུ་སོར་བརྒྱད་དང་། །རྒྱར་ནི་སོར་མོ་བཅུ་གཉིས་ལས། །ལེགས་པ་ཉིད་དུ་བརྡུང་བར་འགྱུར། །གསེར་ནི་འོས་༼རྒྱ་དཀར་གྱི་རྩ་འབྲས་མ་རུ་མགོ་ནག་གི་མིང་༽སེ་སུམ་ཅུ་ལ། །སོར་དྲུག་པ་ཡི་ཚད་དག་ཏུ། །ཐུར་མ་ལེགས་པར་བརྡུང་ནས་སུ། །ཐུར་མ་དེ་ཡི་བུ་ག་ནི། །ཟངས་མའི་གནད་ལ་དབུག་པར་བྱ། །ཆུ་ནི་སྙོག་མ་མེད་པ་ལས། །སྲང་ནི་དྲུག་ཅུའི་ཚད་དུ་བྱ། །སྲང་འདིའི་ཆུ་ཚོད་ཚད་ཡིན་ནོ། །ཞེས་གསུང་རྒྱ་གར་རྒྱལ་པོ་རྣམས། །ཚུལ་དེ་ལྟ་བུའི་དུས་བརྟག་ཅིང་། །ཆུ་སྲང་སྣོད་ལ་རི་མོ་བགོ །ཆུ་སྣོད་ཁེངས་མཛད་ཆུ་ཚོད་བཞག །དེ་མཚམས་དབྱུ་གུའི་བརྡའ་ཡི་བསྣུན། །ཐུན་ཆེན་རྔ་བོ་ཆེས་མཚམས་འཛིན། །དེས་ན་ཆུ་ཚོད་དབྱུ་གུ་ཞེས། །མིང་ཡང་དོན་དེས་བཏགས་པ་ཟད། །མ་ཧཱ་ཙི་ནར་ཉིན་མཚན་ཡུན། །ཟ་མ་དགུ་བཅུ་རྩ་དྲུག་བཤད། །ཟ་མ་རེ་ལ་ཆུ་སྲང་ནི། །ཕྱེད་བཅས་སུམ་ཅུ་སོ་བརྒྱད་ཡིན། །དབུགས་སུ་སིལ་ན་ཟ་མ་རེར། །ཉིས་བརྒྱ་ཉི་ཤུ་རྩ་ལྔར་འགྱུར། །ཉིན་མཚན་མཉམ་པའི་དུས་སུ་ནི། །སོ་སོར་ཟ་མ་ཞེ་བརྒྱད་འཆར། །གཞན་ཡང་སྟག་སྣའི་མདོ་ལ་སོགས། །བཀའ་དང་བསྟན་བཅོས་འགའ་ཞིག་ཏུ། །ཆུ་ཚོད་རྣམ་གྲངས་ལག་ལེན་ཆ། །འདྲ་མིན་ཙམ་ལས་དོན་གཅིག་གྲུབ། །འདིར་ནི་ཀུན་ལ་གྲགས་ཆེ་གསལ། །དཔལ་མཆོག་དུས་འཁོར་རྒྱུད་ཆེན་དང་། །དེ་བཞིན་རྣལ་འབྱོར་མ་དབྱུག་གམ། །གདན་བཞིའི་རྒྱུད་ནས་བསྟན་པ་དང་། །འབྱུང་པོའི་བདག་པོ་དབང་ལྡན་གང་། །མིག་གསུམ་འཆང་བའི་སྟོབས་པོ་ཆེ། །རྒྱུད་ཀྱི་མིང་ཅན་དབྱངས་འཆར་མས། །བཤད་བཅས་མཚུངས་པར་ལྡན་པ་ཉིད། །རང་གཞན་སྙོམས་པའི་དབུགས་གཅིག་ནས། །དྲུག་རྫོགས་རང་འཁོར་ནས་བུད་སྲང་། །ཆུ་སྲང་ལྔ་ལ་དབུགས་སུམ་ཅུ། །དབུགས་བརྒྱ་བརྒྱད་ཅུ་སྲང་སུམ་ཅུ། །ཆུ་སྲང་དྲུག་ཅུ་རང་འཁོར་ཚད། །རྫོགས་འཕྲལ་ཆུ་ཚོད་ཉིད་དུ་འཕོ། །སྤྱིར་ནི་སུམ་བརྒྱ་དྲུག་ཅུའི་དབུགས། །ཆུ་ཚོད་གཅིག་གི་ཡུན་ཚད་སྟེ། །ཆུ་ཚོད་འཁོར་ལོ་ཚད་དྲུག་ཅུ། །དེ་ལ་སུམ་སྟོང་དྲུག་བརྒྱ་སྲང་། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུགས། །ཉིན་ཞག་གཅིག་མཚུངས་རིང་ཐུང་མེད། །འདི་ལ་དུས་ཀྱི་ཆུ་ཚོད་ཞེས། །དུས་རྣམས་ཀུན་གྱི་གཞི་རུ་དྲན། །ལྷག་མ་ཡུལ་ཚེས་དབྱུ་གུ་ཡང་། །འདི་ལ་བལྟོས་ནས་བཏགས་པར་ཤེས། །འདི་རུ་འཕྲོས་སུ་ལྔ་བསྡུས་སྐབས། །དབུགས་གཅིག་ལྡང་ཚད་ལ་བཞག་པའི། །ཆ་ཤས་རྗེས་སུ་གྲགས་པ་གང་། །དབུགས་ཆ་བགོ་ཚུལ་མདོར་བསྟན་ན། །དཔེར་ན་འདོད་ཆ་ལྟ་བུར་མཚོན། །སེ་གོལ་མྱུར་རྟོགས་བཅུ་གསུམ་ཡུན། །དབུགས་གཅིག་རྒྱུ་བའི་ཚད་དང་མཉམ། །དེས་ན་ཆ་གཅིག་སེ་གོལ་གཅིག །གང་ཞིག་རི་རོ་ལྟ་བུ་ཡང་། །སྦལ་མཁན་མི་ཡི་རབ་དྲངས་འཕང་། །འཁོར་ལོ་རྟག་འཁོར་དྲུག་ཅུ་བདུན། །སྐྱེས་བུའི་དབུགས་ཡུན་གཅིག་དང་སྦྱར། །དེ་བཞིན་རི་མཁའ་རི་ཆ་ཡང་། །འཕང་རྩལ་ལྡན་པས་མཚམས་པའི་མདའ། །བསྒྱུར་བའི་གོམས་པ་བདུན་བརྒྱ་བདུན། །བགྲོད་ཡུན་དབུགས་ཀྱི་ལྡན་ཚད་གཅིག །གོམ་རེ་དབུགས་ཀྱི་ཆ་དང་སྦྱར། །ཚུལ་དེས་གཞན་ཡང་ཤེས་པར་བྱ། །འདི་ལ་ད་དུང་སྤྲོར་མོད་ཀྱང་། །ཉེར་མཁོ་མཚོན་བྱེད་དེ་ཙམ་མོ། །མཁས་པར་གྱུར་པ་འགའ་ཞིག་གི །རྟག་པའི་ལོངས་སྤྱོད་གནས་བཞིར་མཛད། །དེ་ཚེ་ཆུ་སྲང་གཅིག་གི་ཆ། །རི་མཁའ་རི་དང་རི་དུས་དབྱེ། །གནས་ལྔས་སྒྲུབ་དང་གནས་བཞི་གང་། །སྲང་ཡན་གཏད་ནས་ཁྱད་མི་འབྱུང་། །གནས་བཞིར་སྐབས་རེ་ཆ་ལྷག་ཀྱང་། །ལྷག་མའི་གཟུགས་ཉིད་མཚུངས་པར་འཆར། །གཞན་ཡང་གནས་གསུམ་གནས་དྲུག་སོགས། །ཆུ་ཚོད་ཡན་ཆད་སྐྱོན་མེད་ཉིད། །ཕལ་ཆེ་གཅིག་ཏུ་འགྲུབ་འགྱུར་ཏེ། །དེ་ཚུལ་ཞིབ་མོ་ཤེས་ཀྱང་བྱ། །དེ་ནས་བཅུ་པ་ཞག་མཚན་ཉིད། །ཁྱིམ་ཞག་ཉིན་ཞག་ཚེས་ཞག་སྟེ། །རྒྱས་པ་ཞག་གསུམ་རྣམ་དབྱེའི་སྐབས། །ཞིབ་མོར་བསྟན་མོད་འདིར་མདོ་ཙམ། །དེ་ཡང་ལོ་གཅིག་རྣམ་པར་བཞག །དེ་ལ་ཞག་གསུམ་དབྱེ་བ་ཡིན། །ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ། །ཉིན་ཞག་གསུམ་བརྒྱ་རེ་ལྔ་དང་། །ཚེས་ཞག་སུམ་བརྒྱ་དོན་གཅིག་ཡོད། །རིམ་པས་ཞག་ཚད་རིང་འབྲིང་ཐུང་། །ཁྱིམ་ཞག་ཉི་མ་བར་པ་ཡི། །ཆུ་ཚོད་དྲུག་ཅུ་སྲང་ང་གཉིས། །དབུགས་བཞི་ཆ་ཤས་བརྒྱ་རེ་བརྒྱད། །ཞག་རེ་སྤྱོད་དེ་དེ་སུམ་ཅུ། །ཁྱིམ་རེར་གནས་པས་ཁྱིམ་ཞག་ཞེས། །བསྟོས་ཆེ་ལས་ལེགས་པར་བཞག །ཉིན་ཞག་འཇིག་རྟེན་ཡོངས་གྲགས་བཞིན། །འཕོ་མཚམས་ནམ་ལངས་ནས་ནམ་ལངས། །དེ་སྲིད་ཆུ་ཚོད་དྲུག་སྟེ། །ལྷག་ཆད་མེད་པར་རྟག་ཏུ་སྤྱོད། །དེ་ལྟར་ཁྱིམ་ཞག་ཉིན་ཞག་ནི། །ཉི་མ་རྒྱུ་སྐར་འཁོར་ལོ་གཅིག །ཡོངས་སུ་སྤྱོད་དེ་རྐང་པ་ཡི། །འགྲོས་བཞི་རྫོགས་པའི་ཚད་ཀྱི་སྟེ། །འགྲོས་བཞི་འཁོར་ཕྱེད་མ་དོར་བའི། །སྔ་རྐང་ཤར་ལ་ཕྱི་རྐང་ལྷོ། །འཁོར་ཕྱེད་དོར་གྱུར་སྔ་རྐང་ནུབ། །ཕྱི་རྐང་བྱང་དུ་རྣམ་པར་བཞག །ཚེས་ཞག་ཟླ་བའི་དཀར་ནག་ཆ། །བཅོ་ལྔ་འཕེལ་དང་སྒྲིབ་པ་ཡི། །ཡུན་ཚད་རེ་ལ་དབྱུག་ང་དགུ །སྲང་གསུམ་དབྱུགས་བཞི་ཆ་བཅུ་དྲུག །རྣམ་ཀུན་བར་མཚམས་མེད་སྤྱོད་ཀྱང་། །རེས་འགའ་རྐང་པ་འཕེལ་འགྲིབ་དང་། །ཉིན་ཞག་ལྷག་ཆད་བཏགས་པ་བ། །སྟོན་ཡང་ཚེས་ཞག་ལྷག་ཆད་མེད། །ཟླ་བས་ཚེས་ཞག་ཉེར་བདུན་ལ། །རྒྱུ་སྐར་འཁོར་ལོ་སྤྱོད་ཡུན་གང་། །ཉིན་ཞག་ཉེར་བདུན་མ་ལང་ཙམ། །དེ་ལ་རྐང་པའི་འགྲོས་བཞི་རྫོགས། །འགྲོས་བཞི་རིལ་པོར་ཚེས་བསྲེས་ཏེ། །བཅུ་བཞི་བགོས་པས་ཐོབ་པའི་ནོར། །མཉམ་ཚེ་སྔ་རྐང་བདུན་སྤྱོད་ཤར། །ཕྱི་རྐང་བདུན་གྱི་ལྷོ་རུ་བརྟག །ཐོབ་ནོར་མི་མཉམ་སྔ་རྐང་ནུབ། །ཕྱི་རྐང་བྱང་དུ་བརྗོད་པ་ཡིན། །ཟླ་ཉིའི་འགྲོས་ལ་གཟའ་ལྔ་བཞིན། །དངོས་སུ་ཕྱིར་ལྡོག་སོགས་མེད་ཀྱང་། །བཤོལ་འཆར་ཕྱིར་ལྡོག་རྗེས་མཐུན་དུ། །མཁས་མཆོག་བུས་གསུངས་ལེགས་བཤད་རྟོགས། །སྤྱིར་ནི་དུས་རྩིས་ཀུན་རྩ་བ། །ཉི་མ་ཡིན་ཏེ་གྲིབ་མའི་གཟུགས། །རིང་ཐུང་མཐར་ཐུག་དང་མཉམ་གཉིས། །ས་ཚིགས་གཅིག་ཏུ་འཆར་ནུབ་ཡུལ། །ཐ་དད་མངོན་སུམ་གྱུར་པས་ན། །འདོད་དང་དབང་དུས་ཡུན་ངེས་བཟུངས། །རྐང་པའི་མཚན་ཉིད་ཤིང་གྲིབ་ཀྱི། །ངེས་པ་མ་རྙེད་རྩིས་མཁན་ཞེས། །མིང་ལ་གཟུགས་བརྙན་ཙམ་དུ་བས། །ཚུལ་འདི་ནན་ཏན་རྟོགས་བྱའོ། །སྐབས་འདིར་ཁྱིམ་ཉི་ཚེས་ཀྱི་ཞག །རིང་ཐུང་བར་ཁྱད་ཞག་པ་གང་། །དེ་ཡང་ཟླ་བ་མ་ལང་བར། །ཉིན་ཞག་གཙོ་བོར་བཟུང་བ་ཡིན། །ཟླ་བ་ལང་ནས་ཚེས་ཞག་གཙོ། །ཉིན་ཞག་སུམ་ཅུར་མ་ལང་ཡང་། །ཟླ་བ་ཉ་ནས་ཉ་ཡི་བར། །ཚེས་ཞག་སུམ་ཅུའི་ཟླ་བ་རྫོགས། །དེ་ཕྱིར་འདུལ་མངོན་རྗེས་འབྲང་རྣམས། །རགས་རྩིས་ལོ་རེར་ཞག་དྲུག་འདོར། །ཞིབ་པར་ཞག་ལྔ་དེ་རེ་རེར། །རྗེས་འབྲང་དབྱུག་གུ་ཞེ་བརྒྱད་དང་། །ཆུང་ཆུང་ཉེར་གཉིས་ཞག་མི་ཐུབ། །དོར་ཏེ་ཤེལ་ཟླའི་རྒྱུ་འདི་ཡིན། །ལོར་ལང་ཉིན་ཞག་ཚེས་ཞག་ལས། །ཁྱིམ་ཞག་ཁོ་ན་གཙོ་བོར་འགྱུར། །ཅི་ཕྱིར་ཁྱིམ་ཞག་མ་ཐིམ་བར། །ལོ་ཡང་རྫོགས་པར་ནུས་པ་ཡིན། །ལོ་གཅིག་སུམ་བརྒྱ་དྲུག་ཅུའི་ཞག །འཇིག་རྟེན་པ་དང་བསྟན་བཅོས་ལས། །གྲགས་ཆེའི་ཞག་ཀྱང་དོན་དེས་བསྟན། །སྐར་རྩིས་རི་མོའི་གནད་མཐའ་དག །ཞག་གསུམ་རྣམ་དབྱེ་ལས་འབྱུང་བས། །ཇི་བཞིན་ཤེས་བྱ་དམ་པ་ཡིན། །འཕྲོས་འབྱུང་གཟའ་རྣམས་ཀྱི་ནི་ཞག །དཔལ་མཆོག་རྒྱུད་ནས་གསུངས་པ་གང་། །ཟླ་བ་ཡི་ནི་ཞག་བཅོ་ལྔ། །ལྷག་སངས་ཉི་གསུམ་ཟླ་བ་དྲུག །མིག་དམར་ཟླ་དགུ་ཕུར་བུའི་ལོ། །དྲུག་དང་སྤེན་པའི་ལོ་བཅོ་ལྔ། །སྒྲ་གཅན་དགུ་སྟེ་ལོ་ཟླ་ཞག །དེ་རྣམས་སྡོམ་པས་མི་ཡི་ལོ། །སོ་དང་ཕྱེད་བཅས་ཟླ་བ་གསུམ། །གཟའ་རྣམས་ཀྱི་ནི་ཉིན་ཞག་ཕྱེད། །ཞག་དེ་གསུམ་བསྒྱུར་ཕྱེད་བཅས་པའི། །ཟླ་བཅུ་ལྷག་པའི་ལོ་གོ་དྲུག །དེ་ལ་བུ་ལོན་ལོ་གསུམ་དང་། །ཕྱོགས་གསུམ་བསྣན་པས་མི་ལོ་བརྒྱ། །ཕྱེད་གཉིས་ཞག་སྟེ་ལོ་ཉིས་བརྒྱ། །ཞག་གསུམ་ཉིས་སྟོང་ཟླ་བ་གཅིག །བཅུ་གཉིས་ཟླ་ལོ་དེས་ལོ་བརྒྱ། །མི་ལོ་བཞི་འབུམ་ས་ཡ་གཉིས། །གནས་གཉིས་འོག་མ་བཅུས་བགོས་ནོར། །སྟེང་གི་ཕུང་པོར་སྦྱངས་བའི་ལྷག །ལོ་གྲངས་འབུམ་ཕྲག་ཉེར་གཅིག་དང་། །དྲུག་ཁྲིའི་དུས་ཀྱི་ཕྱེད་དུ་གསུངས། །དེ་ནི་གཙོ་དབུགས་སྟོང་བརྒྱད་བརྒྱ། །དབུགས་རེར་ཆིག་སྟོང་ཉིས་བརྒྱ་ལོ། །འཕོ་ཆེན་གཅིག་ལ་ལྔས་བགོས་ནོར། །དེ་སྙེད་མི་ལོ་རྩོད་ལྡན་དུས། །ནོར་དེ་གཉིས་གསུམ་བཞིས་བསྒྱུར་བ། །གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཚད། །ལོ་རྫོགས་དེ་རྣམས་ཀྱིས་ནི་མཐར། །གཟའ་རྣམས་སྟོང་པ་ལ་ཞུགས་ཤིང་། །སླར་ཡང་ངེས་པ་སྐྱེ་བ་ཞེས། །འཇིག་རྟེན་མཁྱེན་པ་དེ་ཡི་གསུངས། །དེ་ཡང་གཟའ་རྣམས་ཀྱིས་ནི་ཞག །རང་རང་དཀྱིལ་འཁོར་ཚད་ཡིན་ཏེ། །དེའི་ཕྱེད་ལ་ཞག་ཕྱེད་ཞེས། །རགས་པས་འདུལ་རྣམས་དྲངས་ཕྱིར་དགོངས། །ཞིབ་མོ་ཡང་ནི་རྒྱུད་ཉིད་ལས། །ཉི་མས་ཁྱིམ་ཞག་ཟླ་བས་ཚེས། །སྒྲ་གཅན་གྱི་ནི་ཚེས་ཟླ་དང་། །གཟའ་ལྔ་ཡི་ནི་ཉིན་ཞག་གི །དཀྱིལ་འཁོར་ཡང་དག་གསུངས་པ་ཉིད། །ཞག་ཟླ་ལོ་ཡི་གྲངས་དྲིལ་བས། །མ་ནོར་ཇི་བཞིན་བདེ་བླག་ཏུ། །རྟོགས་པར་འགྱུར་བས་དེས་ཤེས་བྱ། །དེ་ནས་བཅུ་གཅིག་རེས་ཀྱི་གཟའ། །བདུན་དང་ལྷག་བཅས་མིང་རྣམ་གྲངས། །ཉི་མ་སྡུ་ར་དང་ར་བིཿ འོད་གཟུགས་ཉིན་བྱེད་འོད་སྟོང་འཛིན། །འོད་ཀྱི་སྒྲ་གཅན་མེས་སྦྱིན་སྐྱེས། །དབྱིག་གི་ཁུ་བ་རྟ་བདུན་པ། །ཟླ་བ་ཙནྡྲ་དང་པོ་མོ། །ཚེས་བདག་རྒྱུ་སྐར་བདག་ཆ་གཏེར། །རྒྱུ་སྐར་མུ་ཁྱུད་གསུམ་འགའ་དང་། །ཤར་གྱི་ཐིག་ལེ་ཀུ་མུད་གཉེན། །མིག་དམར་ལ་ནི་མངྒ་ལ། །ལུས་དམར་ས་སྐྱེས་ས་ལྷའི་བུ། །རྩིབ་ལྡན་འོད་ཟེར་དགུ་པ་དང་། །འཁྱོག་པ་དང་ནི་བཀྲ་ཤིས་སོ། །ལྷག་པ་བུ་སྣ་ཞེས་སུ་གྲགས། །ཟླ་བའི་བུ་དང་ཐོད་ལྡན་སྐྱེས། །ལུས་གཅིག་གསེར་ལྡན་ཚིམ་བྱེད་སྐྱེས། །རྒྱལ་བའི་བུ་དང་རབ་དགའ་འོ། །ཕུར་བུ་བྲྀ་ཧསྶ་ཏི་སྟེ། །འཕར་ལྡན་ལྷ་ཡི་སློབ་དཔོན། །རྩུབ་ལྡན་ཤིན་ཏུ་གསལ་བའི་ཅུང་། །ཤེས་ལྡན་ཚིག་བདག་འཚོ་བྱེད་དོ། །པ་སངས་བཱུ་ཀྲི་ཡ་ཞེས་བྱ། །ལྷ་མིན་བླ་མ་ངན་སྤོང་བུ། །སྦྱིན་བྱེད་ཁུ་བ་སྙན་ངག་མཁན། །བཅུ་དྲུག་འོད་ལྡན་ཚིག་བརྒྱའི་དབང་། །སྤེན་པ་ཤ་ནཻཤྩ་ར་སྟེ། །འོད་ཟེར་བདུན་པ་ཉི་མའི་བུ། །དལ་རྒྱུ་ཚངས་སྐྱེས་མི་ཟད་མིག །གཤིན་རྗེའི་བ་དན་ཞི་འགྲོའོ། །གཞན་ཡང་ཉི་ནས་སྤེན་པའི་བར། །རྟ་དམར་རྟ་དཀར་ཅན་དམར་པོ། །སྔོན་པོ་སྣ་ཚོགས་གཙུག་ཕུད་སྐྱེས། །དཀར་པོ་ནག་པོ་ཞེས་ཀྱང་གྲགས། །སྒྲ་གཅན་ལ་ནི་རཱ་ཧཱུ་ལ། །མགོ་བཟླུམ་སེང་གེ་མོ་ཡི་བུ། །ཁམས་གསུམ་རྣམ་རྒྱལ་ཉེ་འཕར་འགྲོ། །མུན་ཅན་སྤྱང་ཉི་སྤྲིན་ལས་རྒྱལ། །མཇུག་མ་ལ་ནི་ཨ་ན་ལ། །མེ་དང་དུས་མེ་ཞེས་བྱའོ། །ཀེ་ཏུཿལ་ནི་མཇུག་ཕོད་དང་། །དུ་བ་མཇུག་རིང་སྦྲུལ་ཅན་དང་། །གཙུག་ཕུད་ཅན་དང་སྐྲ་གཉིས་པ། །སྟེང་འགྲོ་གདེངས་ཀ་ཅན་ཞེས་སོ། །བརྟན་པ་ལ་ནི་བརྟན་གནས་དང་། །དྷྲུ་བ་དང་ནི་རྐང་སྟེང་བུ། །ཨཽཏྟཱ་ན་ས་དི་ཞེས་བྱ། །དུ་བ་མཇུག་རིང་། དེ་བས་རྣམ་གྲངས་གཞན་མ་མཐོང་། །རི་བྱི་རི་ཥི་ཨ་གསྟྱ། །བུམ་པ་སྐྱེས་དང་མཛའ་བོའི་བུ། །རླུང་ཐོབ་ཟོས་དང་སར་ལྡན་བཅོམ། །རྒྱ་མཚོ་ཧུབ་གཅིག་བདུད་རྩིས་སྦྱིན། །རི་བོ་འཕེན་དང་ལྷོ་མཐར་རྒྱུ། །ཆུ་ལྷའི་སྲས་པོ་བདེན་ཚིག་གྲུབ། །ཀེ་ཏ་ཀ་ཡི་ཁྱིམ་བདག་དང་། །ཆོས་ཅན་བདག་པོ་ཞེས་བྱའོ། །གཞན་ཡང་གཟའ་རྣམས་སྐྱེས་སྐར་ལས། །མེ་བཞི་སྐྱེས་སོགས་ཡང་ཤེས་བྱ། །དེ་ལྟར་གཟའ་རྣམས་སོ་སོའི་མིང་། །དུས་ཉི་ཟླ་བརྟན་རི་ཥི་ལས། །གཞན་ཡང་རིང་གི་རྣམ་གྲངས་བརྒྱད། །ལྷག་བཅས་སྐབས་འདིར་མདོར་བརྟན་བྱས། །རེས་གཟའ་བདུན་པོ་ཨིའི་བརྡར། །གཅིག་ནས་དྲུག་བར་ཉི་བར་ནས། །པ་སངས་བར་ཡིན་བདུན་པ་ཐིག །སྤེན་པའི་རི་མོར་ཡོངས་སུ་གྲགས། །རེས་གཟའ་ཞེས་པའི་མིང་དོན་ནི། །ཚེས་སམ་ཉིན་ཞག་ལ་རེས་མོས། །ལྷག་ཆད་བར་མཚམས་མེད་པ་རུ། །དབང་བྱེད་པས་ན་རེས་གཟའ་གྲགས། །རེས་གཟའ་བདུན་པོ་ཁ་ཅིག་གི །སངས་རྒྱས་རབ་བདུན་སྤྲུལ་པར་སྨྲ། །སྤྱིར་ནི་བོད་འདིར་གཟའ་ཕོའི་མཚམས། །བཞེད་ཚུལ་མི་འདྲ་མ་བྱུང་བས། །མཁས་པའི་མཁས་པ་སྔོན་རྣམས་ཀྱི། །རེས་གཟའ་ཉིན་ཞག་སྤྱོད་པའི་ལུགས། །གཟའ་གནས་རི་མོའི་དེ་འདས་པ། །ཕྱི་མ་རྣམས་ཀྱི་ད་ལྟར་མཛད། །འོན་ཀྱང་ཕུལ་བྱུང་ལེགས་བཤད་ཅན། །གང་ཡིན་དེ་ཡི་རྗེས་འབྲང་ནས། །དེ་ནས་སྤྱི་དོན་བཅུ་གཉིས་པ། །ཚེས་ཀྱི་ངེས་པ་བཤད་བྱ་སྟེ། །དེ་ཡང་མདོར་བསྟན་གྲངས་མིང་དབྱངས། །ཁམས་དང་འདོན་ཡོན་ན་ཚོད་དོ། །གྲངས་ནི་དཀར་དམར་ཕྱོགས་གཉིས་ལ། །ཡོན་ཏན་དབང་གིས་ལྔ་གསུམ་ངེས། །མིང་ནི་དགའ་བཟང་རྒྱལ་སྟོང་ཐོས། །ཕྱོགས་རེ་ལྔ་གསུམ་བཅོ་ལྔ་འཁོར། །དབྱངས་ནི་ཨ་ཨི་རྀ་ཨུ་ལྀ། །ཕྱོགས་རེར་དགའ་དང་མཚུངས་པར་ལྡན། །ཁམས་ནི་མཁའ་རླུང་མེ་ཆུ་ས། །དབྱངས་ཀྱི་རྗེས་སུ་འགྲོ་བ་ཉིད། །འདོད་ཡོན་སྒྲ་རེག་རོ་གཟུགས་དྲི། །གཅིག་ནས་ཉ་བར་ལན་གསུམ་འགྱུར། །ན་ཚོད་གང་འཆར་དབྱངས་ཀྱི་སྦ། །ལྷག་རིམ་གཞོན་དར་རྒན་ནུབ་འགྱུར། །ཞིབ་པར་དཀར་ཕྱོགས་བཅོ་ལྔ་ལ། །དབྱངས་ཡིག་མཐར་གནས་ཧ་བཅས་དང་། །ནག་ཕྱོགས་བཅོ་ལྔར་གོང་དེ་ཉིད། །རིང་པོར་བྱས་ནས་འཆར་བ་དང་། །གཞན་ཡང་ཀརྐཊ་ནས་བརྩམ། །མཚན་མོ་འཕེལ་བ་ཟླ་དྲུག་ལ། །དེ་བཞིན་ཀ་སྡེ་ཙ་ཊ་པ། །ཏ་སྡེ་པ་ཀྤ་ཥ་ཤ་ཐྐ། །གསལ་བྱེད་མཐའ་ནས་ལུགས་ལྡོག་པར། །དབྱངས་ཐུང་དྲུག་པོ་ལུགས་འབྱུང་ཉིད། །ཨ་ཨི་རྀ་ཨུ་ལྀ་ཨཾ་རྣམས། །གསལ་བྱེད་ཡི་གེ་རེར་རིམ་ཞུགས། །ཆུ་སྲིན་ནས་ཙམ་ཉིན་རིང་བ། །དྲུག་ལ་པཱ་ཀྤཱ་ཎཱ་ཤཱཐྐ། །དེ་ནས་རིམ་པར་ཏྟྲ་པྤ་ཊཱ། །ཙྩ་ཀྐཱ་སྡེ་ཚན་ལུགས་འབྱུང་ཉིད། །མཐུག་པོར་དབྱངས་རིང་ལུགས་ལྡོག་དྲུག །ཨཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་སྦྱོར། །འདི་ལའང་ན་ཚོད་བྱིས་སྦ་སོགས། །གོང་དུ་བཤད་བཞིན་རིམ་པར་སྦྱོར། །ཚུལ་འདི་བསྡུས་རྒྱུད་རྩ་འགྲེལ་ལས། །གསལ་གསུང་འདི་རུ་མདོ་ཙམ་བསྟན། །དེས་ཀྱང་ཅི་རིགས་མཚོན་ནུས་མོད། །ཞིབ་པར་གཞན་དུ་རྟོགས་པར་བྱ། །འཕྲལ་མཁོ་ཚེས་ཞག་ལོངས་སྤྱོད་ནི། །རེས་གཟའ་བདུན་གྱི་ཨངྐིའི་འོག །གནས་པའི་ཆུ་ཚོད་སྲང་སོགས་ལ། །ཚེས་ལོང་ཞེས་སུ་ངོས་འཛིན་ནོ། །འཕྲོས་བྱུང་ཚེས་ཀྱི་ལྷག་ཆད་ཞེས། །བརྗོད་པར་རྐང་པ་འཕེལ་འགྲིབ་སྐབས། །རྩ་བ་ཚེས་ཞག་གཅིག་ལོངས་སྤྱོད། །ཆུ་ཚོད་ང་དགུ་ཆུ་སྲང་གསུམ། །དབུགས་བཞི་ཆ་ཤས་བཅུ་དྲུག་སྟེ། །དེ་ལ་རྐང་པ་འཕེལ་བ་ཡི། །དཔེར་ན་ཚེས་གཅིག་ལྷག་བརྗོད་སྐབས། །འཕེལ་རྐང་དབྱུག་ལྔ་རྩ་ལང་ལ། །བསྣན་པས་དབྱུ་གུ་རེ་བཞིར་འགྱུར། །དྲུག་ཅུའི་ཉིན་ཞག་ཆུ་ཚོད་རྫོགས། །དབྱུག་བཞི་ལུས་ལ་ལྷག་ཞེས་བརྗོད། །དེས་ན་ཚེས་གཅིག་སྔ་མ་དངོས། །ཕྱི་མ་ཆུ་ཚོད་བཞི་རྫོགས་མཚམས། །ཚེས་གཉིས་སླེབ་ཀྱང་གཅིག་ཞག་ཤེས། །ཚེས་གྲངས་ཆད་ཚེ་རྐང་འགྲིབ་པ། །དཔེར་ན་ཚེས་གཉིས་ཆད་པའི་ཚེ། །ཚེས་གཅིག་ཆུ་ཚོད་གཉིས་ལྟ་བུར། །རྩ་ལང་དབྱུག་གུ་ལྔས་བྲི་བའི། །ང་བཞི་བསྣན་ཡང་ཉིན་ཞག་ཚད། །དབྱུ་གུ་དྲུག་ཅུ་མ་ལྡང་བས། །ཚེས་གསུམ་ལོངས་སྤྱོད་ནས་དབྱུག་བཞི། །བསྣན་པས་ཚེས་གཉིས་ཆད་ཞེས་གྲགས། །དོན་དུ་ཚེས་ཀྱི་ངོ་བོ་ནི། །ལྷག་དང་ཆད་པ་མེད་ཞེས་བྱ། །དེ་ནས་བཅུ་གསུམ་རྒྱུ་སྐར་གྱི། །རྣམ་གྲངས་འདི་རུ་བཤད་བྱ་ན། །དེ་ཡང་ཡོངས་སུ་གྲགས་པ་ཡི། །རྒྱུ་སྐར་ཉི་ཤུ་བརྒྱད་དུ་ངེས། །དེ་མིང་བོད་འདིར་སྔོན་དུས་སུ། །རྒྱ་ནག་ནས་འགྱུར་བརྡར་བཞག་པར། །སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་ཀཀ་ཤར་སྐར་བདུན། །མཆུ་བྲ་སྦོ་དང་མེ་བཞི་དང་། །ནག་པ་ས་ག་ས་རི་ལྷོ། །ལྷ་མཚམས་སྣྲོན་སྣུབ་ཆུ་སྟོད་སྨད། །བྱི་ཞུན་གྲོ་ཞུན་ནུབ་སྐར་ཡིན། །མོན་བྲ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་བྲ་ཉེ་བྱང་། །ཁ་ཅིག་གྲོ་ཞུན་བྱི་ཞུན་ཞེས། །འདོན་མདོ་འདི་ནི་སྣང་བརྒྱད་ནས། །གསུང་བཞིན་པ་སྟེ་མདོ་དེ་ནི། །རྒྱལ་བའི་སྨོན་ལམ་མཐུའི་བྱུང་ཤེས། །དེ་ཡང་དུད་ཀྱི་འཁོར་ལོ་ལས། །ཕྱི་དང་ནང་གི་གནས་གཉིས་ཀར། །རྒྱུ་སྐར་ཉེར་བརྒྱད་ཡང་ཡང་གསུང་། །འོན་ཀྱང་ལག་རྩིས་སྐབས་ཀུན་ཏུ། །བྱི་ཞུན་གྲོ་ཞུན་ཁོངས་སུ་བསྡུས། །རྒྱུ་སྐར་འཁོར་ལོ་ཉེར་བདུན་ངེས། །འཁོར་ལོའི་ཐོག་མ་ཐ་སྐར་དང་། །ཐ་མ་ནམ་གྲུར་ཡོངས་སུ་བཞག །དེ་རྣམས་སྐར་རྩིས་ཨངྐིའི་བརྡའ། །གནས་ལུགས་རི་མོ་དེ་ལྟར་ཡང་། །ད་ལྟ་ལག་རྩིས་ལག་ལེན་དུ། །གཅིག་ནི་བྲ་ཉེ་གཉིས་སྨིན་དྲུག །རིམ་བགྲངས་ཐིག་ནི་དབྱུག་གུ་ཡིན། །ཅི་ཕྱིར་སྔོན་དུས་ཡན་ལག་ལྔའི། །རེས་གཟའ་སྐར་མ་འདས་མར་བཞེད། །གཟའ་ལ་གཟའ་བདུན་རྩོན་འཛིན་སོགས། །མི་ཤེས་པའམ་མ་བྱས་པས། །དཔང་པོ་མེད་པས་འདོད་མ་འཆམ། །ཕྱི་དུས་རེས་གཟའ་ད་ལྟར་གྱུར། །སྐར་མ་མིག་ཤེལ་དབང་པོའི་ཡུལ། །མ་འཁྲུལ་རེ་འགྲོགས་ཟླ་སྐར་ལ། །སྒོམ་མ་ནུས་པས་ད་ལྟའི་བར། །འདས་པ་ཉིད་དུ་གནས་པས་ན། །གཅིག་པ་ཐ་སྐར་ཐིག་ལེ་ལ། །ངོས་འཛིན་བྱེད་པ་གནད་དེས་ཡིན། །རྒྱུ་སྐར་དེ་རྣམས་མིང་འཕགས་ཡུལ། །ལེགས་སྦྱར་སྐད་ཀྱིས་བརྗོད་པ་ན། །ཐོག་མ་དབྱུ་གུ་ཨཱཤྩི་ན། །དེ་ནས་རིམ་བཞིན་བྷ་ར་ཎ། །ཀཱརྐི་ཀ་དང་རཽ་ཧི་ཎཱི། །མཱརྒ་ཤིཪྵ་དང་ཨ་ཏྲ། །སུནྦར་དང་སཽཋྱ་དང་། །ཨི་ཤྱེ་ཎ་དང་མཱ་གྷ་དང་། །པཱུརྦ་ཕལ་གུ་ནི་ཞེས་དང་། །ཨུརྟ་ར་ཕལྒུ་ནི་དང་། །པྲཀྥལ་དགུ་ནི་དང་ཙཻཏྲ། །སྭཱ་ཏིཿདང་ནི་བཻ་ཤ་ཥ། །ཨུ་ནུ་ར་དྷཱ་དང་ཛྱཻཎ། །མུ་ལ་སུརྦཱ་ཥ་དྷ་དང་། །ཨུཏྟ་རཱ་ཥ་ཌྷ་ཞེས་དང་། །ཨ་བྷི་ཛི་ཏ་བྱི་ཞུན་སྟེ། །བྷྲཱ་ཝ་ཎ་ཞེས་གྲོ་ཞུན་ནོ། །གཞང་རོམ་བཞིན་དྷ་ནིཥྛ། །ཤཱ་ཏ་བྷི་ཥ་ཞེས་བྱ་དང་། །པུརྦ་བྷཱ་དྲ་པཱ་ད་དང་། །ཨུཏྟ་ར་བྷཱ་དྲ་སཱ་ད། །ཧེ་ཝ་ཏི་ཞེས་ནམ་གྲུའོ། །དེ་ལྟར་རྒྱུ་སྐར་ཉེར་བདུན་མིང་། །བོད་ཀྱི་ཡུལ་གྲུ་ཐ་དད་ཀྱི། །འདྲ་མིན་བརྡའ་རུ་བཞག་པ་གང་། །དགོས་པ་སྤང་ཕྱིར་འདིར་བརྗོད་ན། །ཐ་སྐར་ལ་ནི་དབྱུ་གུ་དང་། །བྲ་ཉེ་སྒྱིད་བུ་སྣར་བིའུ་རྫི། །མགོ་ལ་སྨལ་པོ་ལག་པའང་ཟེར། །ནམ་སོ་རྒྱལ་སྟོད་རྒྱལ་རྒྱལ་སྨད། །སྐག་ཝ་མཆུ་བྲར་སྟྭ་ཆེ་ཆུང་། །རྟ་པ་རྟའུ་ཞེས་ཀྱང་ངོས། །སྦོ་ཁྲ་མེ་བཞིར་བྱ་མ་དང་། །ནག་པར་བྱ་བུ་བྱིའུའོ། །ས་གཉིས་གནམ་ཐོང་གོང་དང་འགོ །ལྷ་མཚམས་ལག་སོར་སྣྲོན་ལྡེག་གུ །སྣུབ་ལ་སོགས་པ་གྲུ་སོགས་དང་། །གཡང་སོགས་ཡང་སྟེ་ཆུ་གཉིས་ལ། །བྲ་བྲ་དང་ནི་བྲ་ཕུལ་ཡང་། །བྱི་ཞུན་བྱ་ཟེའམ་བྱ་ཆུ། །གྲོ་ཞུན་བྱ་སྦོ་མོན་དྲེ་ལ། །བྱ་གཞུག་མོན་དྲེར་སྒྲོག་ཞེས་བྱ། །ཁྲུམས་གཉིས་ཤེས་པ་ཡས་མས་ཟུར། །ཕྱི་རྩེ་ལུག་གུ་སྨི་ཡང་སྐད། །ནམ་གྲུར་ཞེས་པ་དེ་རྣམས་ནི། །གཙང་དང་མངའ་རིས་ཡུལ་སྐད་ཡིན། །བོད་ཆེན་མདོ་ཁམས་བྱང་འབྲོག་པས། །འདྲ་མིན་ཐ་སྙད་བྲ་ཉེ་ལ། །སྤུན་གསུམ་མཆུ་བ་སྦོ་ཕུ་རོན། །མེ་བཞི་ནག་པར་ཁྲ་བྱ་རོག །ས་གཉིས་སྒོ་ང་སྒོང་སྐོག་དང་། །ལྷ་མཚམས་དར་དང་སྣྲོན་གདུབ་བུ། །སྣམ་གྲུ་ཆུ་སྨད་ལ་སྐྱལ་ས། །ཞུན་གཉིས་མོན་གཉིས་ལ་གསལ་ཞིང་། །བོན་སྤུར་སྒྲོག་གྲགས་ཁ་ཅིག་ཏུ། །མོན་གཉིས་སྒྲོག་སྟོད་སྒྲོག་སྨད་དང་། །ཁྲུམས་གཉིས་སེ་སྟོད་སེ་སྨད་གྲགས། །ནམ་གྲུའི་མིང་ལ་སྲབ་མདའ་འདོད། །དེ་དག་ཡུལ་སྐད་ཐ་སྙད་དེ། །འཕགས་ཡུལ་མཁས་པས་བྱས་པའི་མིང་། །མངོན་པར་བརྗོད་པའི་གཞུང་རྣམས་སུ། །ལེགས་པར་ལྟས་ནས་ཤེས་པར་བྱ། །གཞན་ཡང་སྐར་ཆེན་ཉེར་བརྒྱད་ཀྱི། །ཐུན་མཚམས་དབང་བྱེད་སྐར་ཆུང་རེ། །ཡོད་ཞེས་འཕྲུལ་རྩིས་ལུགས་མཐུན་པའི། །བསྟན་བཅོས་མཆོག་ལས་འབྱུང་ཡང་མཐོང་། །སྐར་ཆེན་རྣམས་ཀྱང་ཤུགས་ཆེ་ཆུང་། །ཡོད་པས་ཟླ་བ་དང་ཕྲད་ཚེ། །འགྲོགས་ཡུན་རིང་ཐུང་འབྱུང་ངོ་ཞེས། །རྒན་དག་རིམ་པས་རྒྱུད་ལས་འོང་། །དེ་ནས་བཅུ་བཞི་སྦྱོར་བ་ཞེས། །ཉི་ཟླ་དག་པའི་རི་མོ་གཉིས། །བསྲེས་ལ་སྦྱོར་བ་ཞེས་གསུངས་ཏེ། །དཀྱིལ་འཁོར་ཚད་གང་ཉི་ཤུ་བདུན། །དེ་སྐད་མིང་གི་རྣམ་གྲངས་ནི། །རྣམ་སེལ་མཛའ་བོ་ཚེ་ལྡན་དང་། །བསྐལ་བཟང་བཟང་པོ་ཤིན་ཏུ་བསྐྲང་། །ལས་བཟང་འཛིན་པ་ཟུག་ངུ་དང་། །སྐྲང་པ་འཕེལ་བ་ངེས་པ་དང་། །ཀུན་འཇོམས་དགའ་བ་རྡོ་རྗེ་དང་། །དངོས་གྲུབ་ཤིན་བཏུང་མཆོག་གམ་དཔའ། །ཡོངས་འཇོམས་ཞི་དང་གྲུབ་པ་དང་། །བསྒྲུབ་པ་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་འཁོན་འཛིན་ནོ། །དེ་དག་ལེགས་སྦྱར་སྐད་དུ་ནི། །རྣམ་སེལ་ནས་ནི་ཁོན་འཛིན་བར། །སུ་ད་ན་དང་ཨསྟ་དང་། །ཨ་ཡུཥྨ་དང་སུ་དྷ་ཀ །བྷ་དྲ་ཨ་ཀཎྜ་ཀ་དང་། །ཀཪྨ་པུ་དང་དྷ་ར་དང་། །ཤ་ལྱ་གཎྜ་པྲྀཏྟ་དང་། །ནི་ཡར་སརྦ་དཱ་ར་ཎ། །ཨ་ནན་ད་དང་བཛྲ་དང་། །སིནྡྷི་ཨཱ་པཏྟ་བཱི་ར། །པྲ་མརྡེ་ན་ཤིནྟི་དང་། །སིདྡྷི་སཱ་དྷ་ཤུ་བྷ་དང་། །པི་ཏ་བྲཧྨ་ཨིནྡྲ། །ཨ་རཏ་ཞེས་སུ་རིམ་ཤེས་བྱ། །སྐད་དོད་རྒྱ་དཔེ་ཐ་དད་པར། །ཅུང་ཟད་འདྲ་མིན་ཡོད་པར་མངོན། །སྦྱོར་བ་ཉེར་བདུན་ཨངྐི་ནི། །ཐིག་ནི་སེལ་བ་གཅིག་མཛའ་བོ། །རིམ་དེས་ཉེར་དྲུག་འཁོན་འཛིན་དུ། །ཤིན་ཏུ་མཁས་པ་རྣམས་ཀྱི་བཞེད། །འགའ་ཞིག་གཅིག་ལ་རྣམ་སེལ་དང་། །ཐིག་ལེ་འཁོན་འཛིན་ཉིད་བརྗོད་དེ། །དེ་ཡང་འདས་དང་ད་ལྟའི་བར། །རྒྱུ་སྐར་སྐབས་བཞིན་ཤེས་པར་བྱ། །དེ་ལྟར་སྦྱོར་བར་གྲགས་དེ་དག །ངོ་བོའི་ངོས་འཛིན་མཁས་རྣམས་ཀྱི། །བཞེད་པ་མི་འདྲ་མང་མཐོང་ཡང་། །དེ་ལས་ཐ་དད་ཆ་བཟུང་བ། །ཉི་ཟླ་གཉིས་ཀྱི་རྒྱུ་སྐར་ཆ། །ཟུང་གཅིག་ཕྱོགས་དུས་སྤྱོད་པ་མི། །ཕན་ཚུན་ནང་གི་ཕྲོད་ཉིད་ལ། །སྦྱོར་བ་ཞེས་སུ་གདགས་གསུང་བ། །འདི་ལ་འགལ་བའི་ཆ་མང་པོ། །མ་མཐོང་རེ་ཞིག་དེ་ལྟར་བཟུང་། །དེ་ནས་བཅོ་ལྔ་བྱེད་པ་ལ། །འཕོ་དང་མི་འཕོ་སྡོམ་པ་ཡི། །དཀྱིལ་འཁོར་བཅུ་གཅིག་མཆིས་ན་ཡང་། །འཕོ་བྱེད་བདུན་གྱི་རི་མོར་མཛད། །འཕོ་བའི་བྱེད་པ་བདུན་གྱི་མིང་། །པ་བཾ་བ་མ་པཾ་ཀཽལྤཾ། །ཏཻ་ཏི་ལཾ་དང་གི་ཧ་ཛམ། །པཱ་ནི་ཛཾ་དང་བིཥྚི་སྟེ། །ལེགས་སྦྱར་སྐད་ཡིན་བོད་སྐད་དུ། །གདབ་པ་བྱི་སྦ་རིགས་ཅན་དང་། །ཏིལ་བསྡུང་ཁྱིམ་སྐྱེས་དཔུན་པ་དང་། །བིཥྚི་མཇུག་ཕོད་ཞེས་བྱའོ། །ཨིངྐའི་རི་མོར་གཅིག་ལ་ནི། །གདབ་པ་གཉིས་ལ་བྱིས་སྦ་ཡིན། །རིམ་དེས་དྲུག་པ་ལ་སྤུན་མ། །བདུན་པ་ཐིག་ལེ་བི་ཊི་སྟེ། །དེ་རྣམས་ཚེས་རེས་ཆ་གཉིས་བྱས། །ཆ་རེ་བྱེད་པ་རེས་སྤྱོད་དེ། །དཀར་ནག་ཚེས་གཅིག་ཆ་ཕྱི་མ། །གདབ་པ་གཉིས་སྔ་བྱིས་སྦས་སྤྱོད། །གཉིས་ཕྱི་རིགས་ཅན་གསུམ་གྱི་སྔ། །ཏིལ་བསྡུང་ཕྱི་ཆ་ཁྱིམ་སྐྱེས་སོ། །བཞི་ལྔ་དཔུན་མ་བཞིའི་ཕྱི་ཆ། །བིཥྚི་རྒྱུ་བའི་སྐབས་ཡིན་ཏེ། །དེ་བཞིན་ཚེས་ལྔའི་ལྔ་ཆ་ནས། །ནག་པོའི་བཅུ་བཞིའི་སྔ་ཆའི་བར། །དཀར་ནག་ཕྱོགས་རེར་ལན་བཞི་སྟེ། །ཟླ་གཅིག་ཕྱོགས་གཉིས་ལན་བརྒྱད་འཁོར། །མི་འཕོ་རྟག་པའི་བྱེད་པ་བཞི། །ལེགས་སྦྱར་སྐད་དུ་ཤངྐུ་ནི། །སཱ་ད་ཙཱ་ཏུཿདང་ན་ག །ཀིཾ་སཱུ་གྷྲི་ཎི་ཞེས་བྱ་བ། །བོད་སྐད་ཕུར་བུ་རྐང་བཞི་ཀླུ། །མི་སྡུག་པ་སྟེ་གོ་རིམ་བཞིན། །ནག་པོའི་བཅུ་བཞི་ཕྱི་ཆ་དང་། །བཅོ་ལྔའི་སྔ་ཕྱི་དཀར་པོ་ཡི། །ཚེས་གཅིག་སྔ་ཆ་རྣམས་ལ་སྟེ། །འཕོ་མེད་ཟླ་རེ་ལན་རེ་འཆར། །བིཥྚི་ཀིང་ཀང་རྒྱུ་དུས་དང་། །ཆ་མཐུན་པས་ན་གཉན་པ་ཡིན། །དེ་ལྟར་གཟའ་ཚེས་སྐར་མ་དང་། །སྦྱོར་བ་དང་ན་བྱེད་པ་ལ། །ལེགས་སྦྱར་སྐད་དུ་རིམ་པ་བཞིན། །གྲ་ཧ་ཅེས་དང་རི་ཐི་དང་། །ནགྵ་ཅེས་དང་ཡོ་ག་དང་། །ཀ་ར་ཎ་ཞེས་བྱ་བ་སྟེ། །ཡན་ལག་ལྔ་རུ་ཡོངས་གྲགས་ཤིང་། །ལྔ་བསྡུས་ཞེས་ཀྱང་བརྗོད་པ་ཡིན། །དེ་ལ་ཡང་ནི་ཕྲལ་འཁོག་བའི། །གོ་དོན་ཁ་ཤས་བཤད་བྱ་སྟེ། །དེང་སང་ལག་རྩིས་ཉིད་ཀྱི་སྐབས། །གཟའ་ཡི་ཨངྐིའི་འོག་དབྱུ་གུ །ཚེས་ལངས་གྲགས་པའི་རི་མོ་དེ། །ནམ་ལངས་ནས་སྤྱོད་ད་ལྟ་བ། །ལོངས་སྤྱོད་དེས་རྫོགས་ཚེས་ཀྱང་འཕོ། །ཚུལ་དེ་གསལ་བར་ལྟ་བ་ན། །མཁའ་རོར་ཚེས་ལོངས་སྔ་མའི་དབྲི། །དེ་ལྷག་ད་ལྟ་ལོངས་སྤྱད་བྱ། །ད་ལྟ་འདས་བསྲེས་ཚེས་གང་དེའི། །ལོངས་སྤྱོད་ཚད་ཀུན་ཚངས་བྱ་སྟེ། །དེ་རྫོགས་དེ་མ་ཐག་པར་མེད། །ཕྱི་མའི་ཚེས་ལོངས་ཚུགས་པ་ཡིན། །དེ་ལྟའི་ཡུན་དུ་ཚེས་ཉིད་ལ། །འཆར་བའི་རིགས་དང་འབྱུང་པོའི་ཚོགས། །ཚེས་ལ་རྒྱུ་བར་ངེས་རྣམས་སྦྱར། །འོན་ཀྱང་དུས་ཚོད་རྒྱུ་བ་ཡི། །འབྱུང་པོའི་ཚེས་ལ་མི་སྦྱོར་ཏེ། །དེ་ནི་ཉིན་ཞག་རྗེས་འབྲང་མང་། །དེ་ཕྱིར་ཞག་དེའི་དུས་ལ་ངེས། །དེང་སང་དེ་འདྲ་ཁ་ཅིག་གིས། །ཚེས་ལ་སྦྱོར་བ་བབ་ཆོལ་ཡིན། །དཔེར་ན་ལག་གཡས་ལྤགས་པ་རུ། །གཡོན་གྱི་ཤ་རུས་འགྲིག་མིན་ལྟར། །འདྲ་རུང་ཁུངས་སྲོལ་ཐ་དད་པར། །གཅིག་ཏུ་ངེས་པར་བསྲེ་མ་དགོས། །དེས་ན་སོ་སོའི་གཞུང་ལུགས་དག །མ་འཁྲུལ་སྤྱད་པ་ཉིད་ཤེས་བྱ། །དེ་ཡང་བྱེད་རྩིས་ཚེས་ལོངས་ནས། །འདས་ལོ་མང་བཞིན་ཉུང་སྐྱོན་འབྱུང་། །དེ་ལ་མན་ངག་བཞིན་དབྱུག་བསྣན། །དེ་བཞིན་བྱེད་རྩིས་ཉི་མ་ལ། །མང་ཆ་ཡོད་པས་དབྲི་བར་བྱ། །སྐར་མ་ལ་ནི་ཟླ་སྐར་དང་། །ཉི་སྐར་དག་སྟེ་ཟླ་སྐར་ལ། །ཞག་རེ་དབྱུ་གུ་མཚོ་དབང་དང་། །ཉི་མའི་ཞག་གཅིག་ལོངས་སྤྱོད་བཅས། །དེ་ལ་རྐང་དག་རེ་གཟའ་ཡི། །ལོངས་སྤྱོད་ཀྱིས་དམན་རེས་འགྲོགས་ཏེ། །དེ་ཡང་ཉི་མའི་ཞག་གཅིག་ཚད། །ཆུ་ཚོད་བཞི་དང་སྲང་ཉེར་གཅིག །དབུགས་ལྔ་རི་དུས་ཆ་ཞེས་གསུམ། །ཚེས་ཀྱི་དཀྱིལ་འཁོར་ཉིད་ལའོ། །ཚེས་འཁྱུད་སྒྲ་གཅན་འཇུག་པ་བརྟག །རེས་འགྲོགས་ཚེས་ཀྱི་སྐར་མ་ནི། །འཕྲལ་དུ་བརྩི་བྱའི་གཙོ་བོ་སྟེ། །རེས་གཟའི་འཕྲོད་ཆེན་ཉེར་བརྒྱད་དང་། །འགྲུབ་སྦྱོར་བསྲེགས་སྦོ་འཆི་སྦྱོར་དང་། །ཟུང་སྦྱོར་དང་ནི་བཀྲ་ཤིས་ནི། །མཐུན་ཉི་སྦྱོར་ཉི་འཕེལ་ཉི་དང་། །འཇིགས་ཉི་རྩུབ་ཉི་མི་འཕྲོད་ཉི། །གཏན་སྤང་ཆུད་རྒྱལ་བདུད་རྩི་རྣམས། །ཟླ་སྐར་ལོངས་སྤྱོད་གནས་ཀྱི་སྟོན། །ཉི་མའི་སྐར་མས་དུས་སྦྱོར་དང་། །དུས་བཞི་དུས་ཕྲན་མཐའ་དག་སྟེ། །ཟླ་སྐར་བཞི་དང་ཉི་ཉིད་ཀྱི། །མཆེ་གདོང་མཐོང་བ་ཤེས་པ་དང་། །གཟའ་ལྔ་ཀེ་རུ་སྒྲ་གཅན་དག །འཆར་ནུབ་འགྲོས་ཕྱོགས་འཇུག་ཐེབས་ཡང་། །ཉི་མས་སྤྱོད་པའི་སྐར་མ་ལ། །བརྟགས་ནས་འགྲུབ་པ་འབའ་ཞིག་དང་། །དབྱངས་འཆར་ནས་གསུངས་འཁོར་ལོའི་རིགས། །ཕལ་ཆེ་ཡང་ནི་འདི་ལ་བརྟེན། །དེས་ན་དུས་རྩིས་ཀུན་གྱི་གཙོ། །ཟླ་ནིའི་སྐར་མར་ཡོངས་ཤེས་བྱ། །དེ་ལྟར་ཟླ་ཡི་སྐར་མ་ཡི། །དབྱུག་སྲང་དབུགས་དང་ཆ་ཤས་གང་། །ལོངས་སྤྱོད་རི་མོ་འདས་པར་འདོད། །ལྷག་མ་ད་ལྟ་ཉིད་སྤྱོད་རྒྱུ། །གསལ་བརྟགས་སྐར་མའི་ལོངས་སྤྱོད་དེས། །མཁའ་རོར་འཕྲིན་ལྷག་ད་ལྟ་འཆར། །ད་ལྟ་འདས་བསྲེས་སྐར་མ་གཅིག །ལོངས་སྤྱོད་ཚེས་ཀྱི་ཡུན་ཚད་ཡིན། །ཚེས་འཁྱུད་རྩིང་པོས་ད་ལྟར་རློམས། །ཞིབ་མོས་རབ་ཏུ་འདས་པ་རྟོགས། །སྦྱོར་བ་དག་གི་ལོངས་སྤྱོད་གང་། །འཆར་ནུབ་འདས་དང་ད་ལྟ་བ། །ཡུན་ཚད་གསལ་བར་བལྟ་ཚུལ་བཅས། །སྐར་མའི་ལོངས་སྤྱོད་ཚུལ་དང་མཐུན། །འོན་ཀྱང་སྦྱོར་བའི་ཚུལ་ཞག་རེར། །ཆུ་ཚོད་རེ་གཉིས་སྲང་ཞེ་གསུམ། །དབུགས་ལྔ་རི་དུས་ཆ་བཅུ་དགུ །སྤྱོད་ཞེས་སློབ་དཔོན་དམ་པས་གསུངས། །སྦྱོར་བ་ཀུན་འཇོམས་ཤིན་ཏུ་བཏུང་། །འཁོན་འཛིན་གསུམ་ནི་ཡོངས་སུ་རྩུབ། །སེལ་བ་གསུམ་དང་ཟུང་ངུར་ཞི། །ཤིན་ཏུ་སྐྲང་དང་སྐྲང་ལ་དྲུག །རང་རང་ལོངས་སྤྱོད་ཐོག་མའི་གནས། །ཡུན་དེའི་ཆུ་ཚོད་རྩུབ་པ་ཡིན། །འཇམ་རྩུབ་དུས་རེར་སོ་སོ་ཡི། །ལས་དེ་ལ་ནི་ཤིས་པར་བཤད། །བྱེད་པའི་རི་མོ་དེ་ལྟ་ཞེས། །སྔ་ཕྱིའི་མཁས་པ་ཐམས་ཅད་མཐུན། །ཚེས་གྲངས་གཉིས་བསྒྱུར་ཐུབ་པ་བགོས། །ལྷག་གནས་གཅིག་འཕྲི་ཕྱི་བྱེད་འཆར། །དེ་ལ་གཅིག་བསྣན་ཚེས་ཕྱི་མའི། །སྔ་ཆའི་བྱེད་པ་ཉིད་འཆར་འགྱུར། །གསལ་བརྟགས་རེས་གཟའི་ཚེས་ལོངས་གཅིག །ད་ལྟ་འདས་བསྲེས་ཡོངས་རྫོགས་ཚད། །གཉིས་སུ་དབྱེས་པའི་ཕྱེད་ཆ་ལ། །བྱེད་པ་རེ་ཡི་སྤྱོད་པར་དྲན། །ལོངས་སྤྱོད་ལྔ་མར་བྱེད་པ་ལྔ། །ལྷག་མར་བྱེད་པས་ཕྱི་མས་སོ། །ཀུན་ལ་ཞིབ་མོར་ལོངས་སྤྱོད་ནི། །ཆུ་སྲང་དབུགས་ཆས་བསྲེ་དང་དབྲི། །རང་རང་འཁོར་ལོས་གཞལ་བ་ཡིས། །ཚད་ལ་གསལ་བར་བརྟགས་པའོ། །དེ་ལྟར་ལྔ་བསྡུས་ལོངས་སྤྱོད་ལ། །འདས་དང་ད་ལྟར་བཞག་པ་ནི། །ནམ་ལངས་ཕན་ཆད་འདས་པ་དང་། །ཚུན་ཆད་ད་ལྟར་ངེས་པར་བཟུང་། །སྔོན་དུས་མཁས་པ་ཆེ་ཁ་ཅིག །ཚེས་ལོངས་དབྱུ་གུ་འདས་པ་དང་། །ཉི་མའི་དབྱུ་གུ་ད་ལྟར་བ། །འདོད་པ་དག་ཀྱང་གསལ་བར་མཐོང་། །རི་མཐུ་བལྟ་དང་དོན་ལ་དཔྱད། །ཀུན་ལ་འདི་ནི་ཤེས་བྱའོ། །དེང་སང་རི་ཐུ་བརྗོད་པ་མང་། །སྔོན་གྱི་ཡི་གེར་ལི་ཐུ་ཡོད། །རྒྱ་ནག་སྐད་ཡིན་རྒྱལ་སྲིད་རེར། །ཚིག་ཟུར་མི་འདྲ་བསྒྱུར་བར་གྲགས། །དེ་ནས་བཅུ་དྲུག་འཕྲོད་བཤད་པ། །དང་པོ་གཟའ་སྐར་ཁམས་ཤེས་བྱ། །གཟའ་ལ་པ་སངས་སྤེན་པ་ས། །ཟླ་བ་དང་ནི་ལག་པ་ཆུ། །ཉི་མ་མིག་དམར་གཉིས་པོ་མེ། །ཕུར་བུ་སྒྲ་གཅན་རླུང་དུ་གྲགས། །ཁ་ཅིག་ཁུ་བ་དཀར་པོ་ཞེས། །པ་སངས་ཆུ་ཡི་ཁམས་ཡིན་གསུངས། །ཀརྨ་སྣར་མ་ལྷ་མཚམས་སྒྲོན། །ཆུ་སྨད་ཞུན་གཉིས་མོན་གྲེ་ས། །མོན་གྲུ་ནམ་གྲུ་ཁྲུམས་སྨད་དང་། །ཆུ་སྟོད་ལག་སྣུམ་སྐག་རྣམས་ཆུ། །སྨིན་དྲུག་བྲ་ཉེ་ས་ག་རྒྱལ། །མཆུ་བྲ་ཁྲུམས་སྟོད་བདུན་གྱི་ཆེ། །ཐ་སྐར་ས་རི་ནམ་སོ་མགོ། །མེ་ཞི་ནག་པོ་སྦོ་རྣམས་རླུང་། །དེ་ལྟར་གཟའ་སྐར་དུས་ཚེས་ཀྱི། །ཡུལ་དུས་ལྷན་ཅིག་འཇོམས་པའི་འཕྲོད། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་གཟའ་སྐར་དག་གི་ཁམས། །ས་ནང་ཕྲད་པ་དངོས་གྲུབ་སྦྱོར། །ས་ཆུ་ལང་ཚོ་ས་མེ་བསྲེགས། །ས་རླུང་མི་མཐུན་སྦྱོར་བ་ངེས། །ཆུ་ནང་ཕྲད་པ་བདུད་རྩི་སྦྱོར། །མེ་ཆུ་འཆི་སྦྱོར་ཆུ་རླུང་ནི། །མི་འཕྲོད་པ་ཡི་སྦྱོར་བར་ཤེས། །མེ་ནང་ཕྲད་པ་འཕེལ་འགྱུར་སྦྱོར། །མེ་རླུང་སྟོབས་ལྡན་སྦྱོར་བར་འགྱུར། །རླུང་ནང་ཕྲད་པས་ཕུན་ཚོགས་ཏེ། །རགས་པའི་ཚུལ་དུ་དེ་ལྟར་བཤད། །བྱེ་བྲག་ཞིབ་པར་ཐུན་མོང་དང་། །ཐུན་མོང་མ་ཡིན་རྣམ་པ་གཉིས། །དང་པོ་དྲང་སྲོང་བདུན་གྱི་ལུགས། །འཕྲོད་ཆེན་ཉི་ཤུ་རྩ་བརྒྱད་མིང་། །གོ་རིམ་མ་ཆུག་འདི་ལྟར་སྟེ། །ཀུན་དགའ་དུས་དབྱུག་དུལ་བ་དང་། །སྐྱེ་རྒུའི་དག་དང་གཞོན་བྱ་རོག །རྒྱལ་མཚན་དཔལ་བེ་རྡོ་རྗེ་དང་། །འཆི་གདུང་གྲོགས་ཡིད་འདོད་འགལ་མེ། །རྩ་བཏོན་འཆི་བདག་མདའ་གྲུབ་མདུང་། །བདུད་རྩི་གཏུན་ཤིང་གླང་པོ་སྟག །ཟད་པ་གཡོ་བརྟན་འཕེལ་བའོ། །དེ་རྣམས་སྒྱུ་སྐར་ཞུན་གཉིས་ཕྱེས། །ཉེར་བརྒྱད་གྱུར་དང་རེས་གཟའ་བདུན། །འཕྲད་རིམ་འཕྲོད་ཉེར་བརྒྱད་ལན་བདུན། །ནང་གསེས་བརྒྱ་དང་གོ་དྲུག་འགྱུར། །དེ་ཡང་འཕྲོད་དང་ཀརྨའི་མིང་། །ཐོག་མཐའ་སྨོས་བཞིན་བར་གྱི་རྣམས། །གོ་རིམ་མ་ནོར་གྲང་བ་ཡི། །འཕྲོད་རྣམས་ལུགས་འབྱུང་ཉིད་དུ་སྟེ། །ཉི་མ་ཐ་སྐར་འཕྲད་ཀུན་དགའ། །བར་རྣམས་རིམ་ཤེས་ཐར་ནམ་གྲུ། །འཕྲད་ཚེ་འཕེལ་བ་ཉིད་དུ་རྫོགས། །ཚུལ་དེས་ལྷག་མ་ཤེས་བྱས་ནས། །མགོ་ནས་སྣར་མའི་བར་ཟླ་བ། །སྐག་ནས་རྒྱལ་བར་བཀྲ་ཤིས་འཕྲོད། །མེ་བཞི་སྦོ་བར་ལྷག་པ་དང་། །ལྷ་མཚམས་ས་གའི་བར་ཕུར་བུ། །ཆུ་སྨད་ཆུ་སྟོད་བར་དཀར་པོ། །མོན་གྲུ་མོན་གྲེ་སྤེན་པའོ། །ཉི་འཕྲོད་ཀུན་དགའ་ནས་ཟླ་འཕྲོད། །ཀུན་དགའི་བར་སྐར་བཞིའི་ཁྱད། །གཟའ་བདུན་བར་དུ་དེས་ལྟས་ཀྱང་། །ཚུལ་འདི་ཚེགས་མེད་ཉིད་ཤེས་འགྱུར། །གཞན་ནི་ཤོག་ཁྲ་དང་རི་མོས། །བསྟན་མོད་འདི་ནི་དེ་དག་ལ། །མ་ལྟོས་འཕྲོད་སྐར་མིང་གོ་རིམ། །ཤེས་པས་བདེ་བླག་རྟོགས་པར་བྱས། །བསྲེགས་སྦྱོར་སྐར་མ་མཆུ་ས་ག །ལག་སྣྲུབ་མོན་གྲེ་སྣར་ཆུ་སྟོད། །རེས་གཟའ་བདུན་དང་རིམ་འཕྲོད་པས། །དེར་འགྱུར་དྲང་སྲོང་གཞུང་ལས་སོ། །གཉིས་པ་ཐུན་མོང་མ་ཡིན་པ། །དཔལ་མཆོག་རྒྱུད་ནས་གསུང་པའི་འཕྲོད། །ཉི་མ་མེ་བཞི་ཟླ་གྲོ་ཞུན། །བཀྲ་ཤིས་དབྱུ་གུ་ལྷག་ལྷ་མཚམས། །རྒྱལ་ཕུར་སྤ་ཤེ་སྤེན་སྣར་མ། །འགྲུབ་སྦྱོར་བདུན་སྟེ་སྙིང་སྟོབས་མཚོན། །གཟའ་བདུན་རིམ་སྦྱོར་སྣར་མ་ནི། །ལྷ་མཚམས་སྨིན་དྲུག་མོན་གྲུ་དང་། །དབྱུ་གུ་མགོ་སྣར་མི་བཞི་རྣམས། །ཕྲད་པ་འཆི་སྦྱོར་བདུན་པའི་ཆ། །གཟའ་དང་ཚེས་འཛོམས་བསྲེག་སྦྱོར་ནི། །དཀར་ནག་ཕྱོགས་གཉིས་དག་གི་ཚེས། །བཅུ་གཉིས་བཅུ་གཅིག་བཅུ་ཚེས་གསུམ། །དྲུག་གཉིས་ཚེས་བདུན་གོ་རིམ་བཞིན། །ཉི་ཟླ་མིག་ལྷག་ཕུར་སངས་སྤེན། །འཕྲད་པས་བསྲེགས་ཚེས་རྡུལ་དུ་གོ །གཞན་ཡང་ཉིན་ཞག་རེས་གཟའ་དེས། །སྣ་དྲངས་དུས་སྦྱོར་ཕྱེད་རེར་གཟའ། །འཆར་འགྱུར་ཉིན་ཐུན་བཅུ་གཉིས་ལ། །ཐོད་རྒལ་ཚུལ་དུ་དྲུག་མཚམས་བསྐོར། །མཚན་མོ་ལྔ་མཚམས་བསྐོར་བས་སྤྱོད། །འཆར་རིམ་ངག་འདིའི་བདེ་བླག་ཉིད། །དེ་ལྟར་ཐུན་ཕྱེད་གཟའ་འཕྲོད་མིང་། །བར་སྐབས་ཕུག་སློབ་འཆི་མེད་པས། །དགེ་ལ་བདུད་རྩིའི་ཐུན་མཚམས་སུ། །བསྒྲགས་ཀྱང་རྩ་བའི་ཁུང་གི་གསལ། །དེང་དུས་ཀུན་གཟིགས་དམ་པ་ཆེ། །གཙུག་ལག་སྣང་བས་བྲམ་ཟེ་ཡི། །རྩིས་གཞུང་རྒྱ་དཔེ་དངོས་གཟིགས་པར། །ཐུན་མཚམས་ཐ་དད་མ་འཁྲུལ་མིང་། །ཉི་འཆར་ཟླ་བ་བདུད་རྩི་ཉིད། །མིག་དམར་ནད་དང་ལག་རྐེད་པ། །ཕུར་བུ་དགེ་བ་སྤ་སངས་གཡོ། །སྤེན་པ་ངེས་པར་དུས་ཞེས་ཏེ། །དཔལ་མཆོག་དང་པོའི་རྒྱུད་ཆེན་ལས། །གཟའ་བརྒྱད་ཀླུ་བརྒྱད་མཉམ་སྦྱོར་བ། །ཅེས་རྩུབ་སྒྲ་གཅན་རིགས་ལྡན་གང་། །གཞན་དུས་འཆར་དང་རང་དུས་འཆར། །གཞན་དུས་ཐུན་ཕྱེད་སྤེན་པ་ཡི། །ཆུ་སྲང་ཚད་ནས་འཆར་བ་དང་། །རང་དུས་ཉིན་བརྒྱད་མཚན་ཐུན་བརྒྱད། །ཐུན་ལ་རེས་གཟའ་སྣ་དྲང་སྟེ། །གོ་རིམ་བཞིན་འཆར་སྤེན་པའི་མཐར། །ཐུན་གཅིག་རིགས་ལྡན་སྒྲ་གཅན་དུས། །དེ་ཚེ་བཟའ་བཏུང་གྱིས་སྟོན་མོ། །ཁྱད་པར་སྨན་དཔྱད་བྱ་བ་སྤང་། །སྤྱིར་ནི་དྲག་གཟར་དགེ་མིན་ལས། །ཞི་གཟར་དགེ་བའི་ལས་གྲུབ་བཤད། །རྒྱུད་ལས་རིགས་ལྡན་དངོས་བསྟན་པའི། །ཤུགས་ཀྱི་ཐུན་མཚམས་དུས་སྦྱོར་ཕྱེད། །ཕྲོད་གཟའ་གསལ་བསྟེན་དེས་ན་འདིར། །བླང་དོར་མི་ནོར་ཆེད་དུ་སྨྲས། །དེ་རྣམས་དཔལ་མཆོག་རྒྱུད་ནས་ཏེ། །གཞན་གྱུར་སྔགས་རྒྱུད་ཁ་ཡར་དང་། །འབྱུང་རྩིས་གཞུང་ནས་མང་འབྱུང་བ། །འདིར་སྨོས་མ་ལང་གཞན་དུ་བརྟག །འོན་ཀྱང་ཕྲལ་མཁོ་ཙི་ནའི་གཞུང་། །ལོ་དང་ཟླ་བའི་འཕྲོད་ལ་བརྟེན། །ཟླ་ནག་གྲགས་པ་ཟླ་བའི་མགོ། །འཛིན་ཚུལ་མི་མཐུན་པ་ཡི་ནི། །ལག་རྩིས་འདོད་པ་ཐ་དད་སྣང་། །འདིར་རུ་ལུགས་མང་མི་འཁྲུལ་ཕྱིར། །ངོས་འཛིན་ཚུལ་ཉིད་གསལ་བཤད་ན། །དཔེར་ན་གནམ་ལོ་བྱི་རྟ་ཤར། །དེ་ཚེ་རང་ཟླ་བྱི་རྟ་ཟླའི། །གོང་གི་གསུམ་པ་ཕུང་ཟླ་དང་། །མས་ཀྱི་གསུམ་པ་རབ་ཆད་དེ། །དེས་ན་བྱ་ཡོས་ཟླ་བ་ནག །དེ་བཞིན་རིགས་འགྲེ་གླང་ལུག་ལོར། །ཁྱི་དང་འབྲུག་གི་ཟླ་བ་ནག །སྟག་སྤྲེལ་ལོ་ལ་ཕག་སྦྲུལ་ཟླ། །བྱ་ཡོས་ལོ་ལ་བྱི་རྟའི་ཟླ། །ཁྱི་འབྲུག་ལོ་ལ་གླང་ལུག་ཟླ། །ཕག་སྦྲུལ་ལོ་ལ་སྟག་སྤྲེའུ་ཡི། །ཟླ་བ་ནག་སྟེ་དེ་ལ་ཡང་། །ར་བ་བཞིའི་སྟོད་འབྲིང་བཞིའི་སྒང་། །ཐ་ཆུང་བཞི་ཡི་ཟླ་བ་སྨད། །ཁྱད་པར་དུ་ནི་ནག་པ་ཡིན། །ཚུལ་འདི་རྩིས་མཁན་གསར་བུ་པ། །ཁ་ཅིག་ལོ་མགོ་བཟུང་ཚུལ་གནད། །མ་ཤེས་གཅིག་ལ་གཅིག་འཁྲུལ་བ། །མཐོང་བས་དེ་རྣམས་རྨོངས་གསལ་ཕྱིར། །སྐབས་འདིར་ཧ་ཅང་འཇུག་མིན་ཡང་། །ལྷག་བསམ་དག་པ་ཁོ་ནས་བཀོད། །གཞན་ནི་གནམ་ལོ་རྨེ་འཕྲད་ཀྱི། །ལོ་ནག་ཞེས་ཀྱང་བརྗོད་པ་ཡོད། །སྐར་རྩིས་ལ་ནི་ཚེས་ལྷག་ཆད། །སྤང་བར་བཀྲ་ཤིས་ཟླ་བར་གྲགས། །སྤྱིར་བཏང་རྟེན་འབྲེལ་ཚོགས་པ་ཀུན། །འཕྲོད་དམ་སྦྱོར་སྒྲར་བཞག་རུང་བས། །ཚིག་ཡང་དོན་མང་འཇུག་མོད་འདིར། །ལག་རྩིས་སྐབས་གྲགས་མཚོན་ཙམ་མོ། །དེ་ནས་བཅུ་བདུན་སྟོབས་ཁྱད་ནི། །རེས་ཀྱི་གཟའ་དང་རྒྱུ་སྐར་གཉིས། །དབང་ལྡན་བདག་པོའི་བསྟན་བཅོས་ལས། །རེས་འགྲོགས་རྒྱུ་སྐར་སྟོབས་ཆེ་གྲགས། །དེ་ཕྱིར་རིག་བྱེད་འཛིན་རྣམས་ཀྱི། །ཚེས་ལ་ཡོན་ཏན་གཅིག་གིས་བརྒྱན། །གཟའ་བཞི་རྒྱུ་སྐར་ཡོན་ཏན་བརྒྱད། །དུས་སྦྱོར་ཡོན་ཏན་བྱེ་བར་འདོད། །ད་ལྟ་ལག་ལེན་བྱེད་པ་ཀུན། །རེས་གཟའ་གཙོ་རུ་འཛིན་པར་མཛད། །འོན་ཀྱང་གཟའ་སྐར་སྟོབས་མཐུན་ཤེས། །ཚེས་སྐར་སྐར་མ་སྟོབས་ཆེ་ཞིང་། །སྦྱོར་བ་བྱེད་པ་བྱེད་པ་གཉན། །ཁྱད་པར་བིཥྚི་སྒྲ་གཅན་རིགས། །དེ་རྣམས་ཡན་ལག་ལྔ་སྤྱིར་བཏང་། །སྟོབས་ཀྱི་ཁྱད་པར་དབྱེ་བ་སྟེ། །ཁ་ཅིག་ཀིང་ཀང་རཱ་ཧཱུ་ལ། །གཟའ་དང་སྐར་མ་དུས་ཚོད་ཚེས། །བྱེད་པ་སྦྱོར་བ་ཉི་མ་རྣམས། །གོ་རིམ་བཞིན་གོང་སྟོབས་ཆེ་ཞིང་། །འོག་མ་ནུས་པ་ཆུང་ཞེས་སྨྲ། །དེ་ཚེ་ཀིང་ཀང་རཱ་ཧཱུ་གཙོ། །དཔལ་མཆོག་རྒྱུད་ལས་རྣམ་པ་གཞན། །ཞི་དྲག་གཟའ་རྣམས་ཕྱོགས་གནས་སྟོབས། །རྣལ་འབྱོར་མ་དང་དྲག་པོ་དང་། །བིཥྚི་གང་དུ་རྒྱུ་བའི་སྟོབས། །ཤུགས་བསྟན་རླུང་དང་ཐུན་ཕྱེད་དངོས། །སྒྲ་གཅན་ཕྱོགས་སུ་འཆར་བའི་སྟོབས། །རྩ་བའི་སྒྲ་གཅན་རྒྱུ་སྐར་ལ། །བཀོད་པ་ལྟོ་དང་ལྟ་ཕྱོགས་སྟོབས། །དེ་སོགས་གཡུལ་དང་རྒྱལ་རིགས་ཆེད། །རྒྱལ་བས་སྒྱུ་མའི་ལྟར་གསུངས་ཤིང་། །དེ་རྣམས་ལས་ནི་རྩ་བ་ཡི། །སྒྲ་གཅན་ཕྱོགས་སྟོབས་ཀྱི་མཆོག་ཏུ་བཤད། །དེས་ན་སྒྲ་གཅན་འཁྱུད་སྐར་དང་། །དེ་ཡི་སྔ་ཕྱི་གདོང་ཚུགས་སོགས། །སྐར་རྩིས་གཞུང་ལ་འདི་གཉན་པས། །བླང་དོར་མ་འཁྲུལ་ངེས་པར་གཅེས། །ཚུལ་དེས་གཟའ་ལྔའི་འཁྱུད་པ་དང་། །མཆེ་བ་གདེང་ཚུགས་མཐོང་བ་སོགས། །ཕྱོགས་ཆ་གནོད་པ་ཡོད་མེད་པ། །མཁས་པའི་གསུང་པའི་གཞུང་ལ་འཇུག །གཞན་ཡང་དབང་ཕྱུག་ཆེན་པོ་ཡི། །ལེགས་གསུང་དབྱངས་འཆར་གཞུང་ལས་ཀྱང་། །ཁྱིམ་དང་གཟའ་སོགས་སྟོབས་རྣམ་གྲངས། །དུ་མ་གསུངས་པ་ཡང་ཤེས་བྱ། །འདིར་ནི་མིང་ཙམ་ཁོ་ན་སྟེ། །རྒྱས་པར་གཞུང་དང་ངག་ལས་བླང་། །གཞན་ནི་དུས་ཚོད་མཚོན་ཆའི་སོ། །དུས་སྦྱོར་མཆོག་ཏུ་སྟོབས་ཆེ་གསུང་། །དེ་སོགས་སྟོབས་ཁྱད་སྤྱི་མིག་གསལ། །ལས་དང་བསྟུན་ཏེ་ཤེས་བྱའོ། །ད་ནི་བཅོ་བརྒྱད་དུས་སྦྱོར་གྱི། །གོ་དོན་མདོ་ཙམ་ཉིད་བཤད་ན། །རྣམ་གྲངས་གཞན་དུ་རྒྱུད་རྒྱལ་པོ། །དཔལ་ལྡན་རྡོ་རྗེ་འཕྲེང་བ་དང་། །དགོངས་པ་ལུང་སྟོན་དང་སྡོམ་འབྱུང་། །རྣམས་ནས་ནང་གི་རྣལ་འབྱོར་མཚོན། །འཕོ་བ་ཞེས་པ་བརྡའ་ཡི་བསྟན། །དེ་ཡང་འཕོ་ཆེན་ཉི་ཤུ་བཞི། །ཉིན་དང་མཚན་མོ་མཉམ་པའི་དུས། །ཉིན་མོ་བཅུ་གཉིས་མཚན་བཅུ་གཉིས། །འཕོ་ཆེན་རེ་ལ་དབུགས་ཀྱི་གྲངས། །བརྒྱ་ཕྲག་དགུ་རེ་རྒྱུ་བ་ཡིན། །དེ་ལ་འཕོ་ཆུང་བཞི་རུ་དབྱེ། །ཉིས་བརྒྱ་ཉི་ཤུ་རྩ་ལྔའི་དབུགས། །འཕོ་ཆེན་རེ་ལ་མགོན་པོ་རེ། །ཉིན་གསུམ་མཚན་གསུམ་ཉིད་དུ་འཁོར། །མགོན་པོ་བཞི་ནི་གཡས་དང་གཡོན། །མཉམ་གྱུར་རྩུབ་དང་འཇམ་པོ་སྲོག །རིམ་བཞིན་པདྨ་མགོན་པོ་དང་། །ལས་དང་རིན་ཆེན་རྡོ་རྗེ་མགོན། །འཕོ་ཆུང་ལྷ་མོ་བཞི་ཡི་རླུང་། །སྟེང་ངོས་མཁུར་ཚོས་སྣ་དབུས་མཆུ། །རྒྱུ་རིམ་གོས་དཀར་སྒྲོལ་མ་དང་། །སྤྱན་མ་བདག་མོ་ཉིད་དུ་གསུང་། །འཕོ་ཆེན་ཉེར་བཞི་འཕོ་ཆུང་ནི། །དགུ་བཅུ་དྲུག་ཏུ་དབྱེ་བ་སྟེ། །དེ་ནི་ཉིན་ཞག་ཕྲུགས་གཅིག་ཚད། །ཉི་ཁྲི་ཆིག་སྟོང་བརྒྱ་དྲུག་སྲོག །དེ་ལྟར་འདུས་སོགས་དགོངས་པ་དང་། །རྣལ་འབྱོར་གསང་མཐའི་མན་ངག་ལས། །ཡུམ་ཆེན་ཉེར་བཞིའི་རྩ་ལ་རླུང་། །འཕོ་ཆེན་ཉེར་བཞིའི་ཉིད་དང་སྦྱོར། །དེ་ཡང་འཕོ་ཆེན་རེ་རེ་ལ། །དབང་དང་ལོངས་སྤྱོད་འཇུག་པ་གསུམ། །ཅིག་ཆར་ཉིད་དུ་འཆར་བ་སྟེ། །དེ་ལྟར་འཕོ་བའི་རྣམ་གྲངས་ནི། །དུ་མ་གསུང་པ་ཤེས་སླད་དུ། །སྐབས་འདིར་ཅུང་ཟད་འཕྲོས་པ་སྟེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཕྱི་ནང་གཞན་གསུམ་མཉམ་སྦྱོར་ཕྱིར། །དུས་སྦྱོར་བཅུ་གཉིས་ཕྱི་རོལ་ཏུ། །མཁའ་ལ་བཅུ་གཉིས་ཁྱིམ་འཁོར་ལོ། །ཉིན་ཞག་གཅིག་ལ་འཆར་ནུབ་དབང་། །ས་ལ་དུས་ཀྱི་སྦྱོར་བར་འགྱུར། །ཁྱིམ་གྱི་གནས་ལུགས་ངེས་པ་ཡི། །ཉི་མ་གང་ལ་ངེས་པའི་ཁྱིམ། །དེས་དྲངས་ལགྣཿཞེས་དུས་སྦྱོར། །བཅུ་གཉིས་ཏཏྐཱལ་རིམ་པར་འབྱུང་། །དེ་ཡང་ལུག་འཁྲིག་སེང་སྲང་གཞུ། །བུམ་པ་མི་མཉམ་དུས་སྦྱོར་དྲུག །སྣ་བུག་གཡོན་ནས་འབབ་པའི་རླུང་། །དབུས་སྟེང་སྣ་གཤོག་རྙ་བ་འོག །རྒྱུ་བའི་དཀྱིལ་འཁོར་ལྔ་བསྐྱེད་རིམ། །མཁའ་རླུང་མེ་ཆུ་ས་རིམ་པ། །དེ་ལ་འཆར་གཟའ་སྒྲ་གཅན་ཟླ། །ལྷག་པ་པ་སངས་ཀེ་རུ་ཡིན། །གླང་བལ་བུ་མོ་སྡིག་ཆུ་སྲིན། །ཉ་ནི་མཉམ་པའི་དུས་སྦྱོར་ཏེ། །སྣ་བུག་གཡས་ནས་འབབ་པའི་རླུང་། །འོག་དང་རྐ་བ་འགྲམ་སྟེང་དབུས། །རྒྱུ་བའི་དཀྱིལ་འཁོར་ལྔ་བསྡུད་རིམ། །ས་ཆུ་མེ་རླུང་ནམ་མཁའི་སྟེ། །དེ་ལ་འཆར་གཟའ་སྤེན་ཕུར་བུ། །མིག་དམར་ཉི་མ་དུས་མེའོ། །གཞན་ཡང་དུས་སྦྱོར་མཚན་ཉིད་ནི། །གཡོ་དང་བརྟན་དང་མཉམ་པ་གསུམ། །ལུག་དང་ཀཪྚ་སྲང་ཆུ་ཡིན། །གཡོ་བ་བཞི་ཡིན་བརྟན་པ་ནི། །གླང་དང་སེང་གེ་སྡིག་པ་བུམ། །གཉིས་མཉམ་བཞི་ནི་འཁྲིག་བུ་མོ། །གཞུ་དང་ཉ་རུ་ཀུན་ཏུ་གྲགས། །དེ་ལྟར་ཡོངས་སུ་ཤེས་བྱས་ནས། །ཕྱི་རུ་ཉིན་མཚམ་མཉམ་པའི་དུས། །དུས་སྦྱོར་ཉིན་དྲུག་མཚན་དྲུག་སྟེ། །དུས་སྦྱོར་རེ་ཡི་ཡུན་ཚད་ནི། །རགས་པར་དབྱུ་གུ་ལྔ་ལྔ་ཡིན། །དུས་སྦྱོར་རེ་དང་འཕོ་ཆེན་རེ། །མཉམ་སྟེ་དབུགས་སྟོང་བརྒྱད་བརྒྱར་འགྱུར། །དབྱུ་གུ་འཕོ་ཆུང་ཚད་དུ་རྫོགས། །དེས་ན་སུམ་བརྒྱ་དྲུག་ཅུར་ངེས། །ད་དུང་ཅུང་ཟད་གསལ་བཤད་ན། །མཁའ་ལ་ཁྱིམ་གང་འཆར་བའི་ཡུན། །དེ་སྲིད་དེ་ཡི་དུས་སྦྱོར་ཡིན། །ཁྱིམ་རེ་ལ་ནི་རྐང་པ་དགུ །སྐར་མ་བཞི་ལ་སྐར་མ་གཅིག །རྐང་རེ་འཆར་ཡུན་དབུགས་ཉིས་བརྒྱ། །དེས་ན་སྐར་བར་གཅིག་རྫོགས་ཡུན། །རགས་རྩིས་དབུགས་ནི་བརྒྱ་ཕྲག་བརྒྱད། །དེ་ལྟར་འཕེལ་འགྲིབ་མེད་འཆར་ཡང་། །ཉིན་མཚན་རིང་ཐུང་སྐར་འགྲོས་དབང་། །ཉིན་མཚན་རིང་པོ་ཐུར་ཐག་ཚེ། །ཆུ་ཚོད་སུམ་ཅུ་རྩ་དྲུག་ཡུན། །དེ་ལ་དུས་སྦྱོར་བདུན་དང་ནི། །དབྱུ་གུ་གཅིག་གི་ལྷག་གྱུར་ཚད། །དེ་ཡི་ལྷག་མ་དུས་སྦྱོར་ལྔ། །དབྱུག་གུ་གཅིག་གི་དམན་པ་ཉིད། །དེ་ནི་མཚན་དང་ཉིན་མོར་སྟེ། །དབྱུག་གུ་ཉེར་བཞིའི་ཡུན་ལ་དམིགས། །གང་དེ་དབྱུག་ལྔའི་དབུགས་ཚད་ཀྱི། །རྣམ་པར་བརྟག་སྟེ་བཞག་པ་ཡིན། །འོན་ཀྱང་རྒྱུད་ལས་སྲང་ཚད་སྐབས། །ཉིན་མཚན་རིང་པོའི་ཐུར་ཐག་དུས། །ལྷག་ཆད་མེད་པར་དུས་སྦྱོར་དྲུག །གསལ་བར་བཞག་ཉིད་ངེས་པར་བྱ། །ཉི་མ་སྔ་ཕྱིའི་དུས་སྦྱོར་གྱི། །ཆུ་སྲང་མང་ཉུང་འབྱུང་བ་ཡང་། །གོ་ལའི་འགྲོས་ལམ་དབང་ལས་ཏེ། །རྣམ་པ་གཞན་དུ་སེམས་མ་འཁྲུག །དེ་ལྟར་སོ་དྲུག་ཉེར་བཞིའི་དབྱུག །གངས་ཅན་བྱང་ཕྱོགས་ཚད་ལ་སྟེ། །ལྷག་མ་ཀཻ་ལ་ཤ་དབུས་དང་། །ཤམྦྷ་ལ་དང་རྒྱ་ལི་བོད། །འཕགས་པའི་ཡུལ་གྱི་དབྱུ་གུའི་ཚད། །གོང་མ་ལ་ནི་རིམ་པ་བཞིན། །ཆུ་སྲང་སུམ་ཅུ་རེ་འཕྲོགས་པས། །ཡུལ་བདུན་ཉིན་མཚན་མཐུར་རག་ཚད། །བདེར་རྟོགས་འདི་ནི་རྒྱུད་འགྲེལ་ལས། །དངོས་དང་ཤུགས་ཀྱི་བརྟན་པར་སྣང་། །དེ་ཡང་ཁྱིམ་གྱི་འཁོར་ཤུགས་ནི། །བདུན་པའི་དབུ་ཤར་བདུན་དབུ་ཐིམ། །བདུན་ཕྱེད་ཤར་ཚེ་བདུན་ཕྱེད་ནུབ། །ཤར་ནས་བདུན་རྫོགས་ནུབ་བདུན་རྫོགས། །དེ་མཐར་སྡིག་སྐར་ཁྱིམ་དྲུག་རྫོགས། །དེ་འཕྲལ་བདུན་ཤར་གོང་བཞིན་འཁོར། །དཔེར་ན་ཐ་སྐར་ནུབ་མ་ཐག །ནག་པ་ཤར་ནས་ཐོན་པ་ཡིན། །ནབས་སོ་ནམ་མཁའི་གུང་དུ་གནས། །ལྷག་རྣམས་རིག་པ་དེ་ཡིས་བརྟག །དུས་སྦྱོར་སྐར་མ་མི་མཉམ་ཡང་། །རྐང་པ་མཉམ་པས་དེ་ལྟར་ཤེས། །སྤྱིར་ཡང་ནམ་མཁའ་གོ་ལའི་གནས། །ཉེར་བདུན་ཆ་བགོས་ཆ་རེ་ལ། །དུམ་བཞིར་ཆད་པའི་དབུས་ཉིད་དུ། །རྒྱུ་སྐར་གནས་ཏེ་དཔེར་བརྗོད་ན། །ནབས་སོ་ནས་ནི་རྒྱལ་བར་གྱི། །ནམ་མཁའ་དུམ་བཞི་སྔ་མ་གཉིས། །ནབས་སོས་དབང་དེ་ཕྱི་མ་གཉིས། །རྒྱལ་དབང་རྒྱལ་ནས་སྐག་གིས་བར། །སྔ་གཉིས་རྒྱལ་སྟེ་དུམ་བཞིར་རྫོགས། །མིག་སྐར་སོགས་ཀྱང་ཚུལ་དེ་ཡིས། །བརྟག་པར་བྱ་སྟེ་རེས་འགྲོས་ཟླ། །གཟའ་ལྔ་ཀུན་ལ་ཤེས་བྱ་ཡིན། །ཕྱིས་དུས་སྐར་རྩིས་ལུགས་གཉིས་ལ། །གསར་སྦྱོར་གཏམ་འགའ་མིང་ཙམ་ཉིད། །རྗེས་བཟློས་ལས་གཞན་མི་སྤྱོད་པ། །དེ་ལ་ཡང་འདི་ལེགས་བཤད་འགྱུར། །དེང་སང་ཁ་ཅིག་འབྱུང་རྩིས་ལུགས། །ཐོ་རེངས་ནམ་ལངས་སྟག་ཡོས་སོགས། །རིམ་པར་སྦྱར་བཞིན་དུས་སྦྱོར་ཡང་། །དེ་མཐུན་བསྒྲང་བར་བྱས་མོད་ཀྱང་། །ལན་གཅིག་ཕྱོགས་མཐུན་འགྲིགས་སྲིད་རུང་། །ཀུན་ཏུ་འགྲིགས་པ་མ་ཡིན་པས། །མཁས་པས་བྱས་པའི་རེའུ་མིག་གམ། །ལྷག་པར་རི་མོས་གཏན་ཕབ་གཅེས། །ཏཏྐཱལ་རི་མོས་རྩ་བ་ནི། །ཁ་ཅིག་ཉེ་བར་གཞན་ཉིད་དག །མཛད་མོད་དེ་དག་རི་མོའི་སྐབས། །ཤེས་ཕྱིར་འདི་རུ་མ་སྤྲོས་སོ། །ཏཏྐཱལ་ཞིང་དག་ཁྱིམ་བདག་མཚུངས། །དབྱངས་འཆར་རྒྱུད་ནས་དུས་སྦྱོར་གཅིག །དེ་ཕྱེད་སུམ་ཆ་དགུ་ཆ་དང་། །བཅུ་གཉིས་སུམ་ཅུའི་ཆར་སིལ་གང་། །སྟོབས་ཀྱི་རྣམ་གྲངས་མང་གསུང་པ། །གཞུང་དེ་ཉིད་ལས་རྟོགས་ཀྱང་བྱ། །འདིར་ནི་གོ་དོན་ཡིད་ཡུལ་དུ། །བཀོད་ཐབས་ཚིག་ཉུང་དོན་གསལ་གདམས། །དུས་སྦྱོར་ཡོན་ཏན་འབུམ་ཕྲག་ཞེས། །ཐུན་མོང་གཞུང་ནས་ཤིན་ཏུ་བསྔགས། །དེ་ལྟར་ཡོངས་གྲངས་གཙོ་བོ་ནི། །ཉི་མའི་དུས་སྦྱོར་ཉིད་ཡིན་ལ། །ཞོར་བྱུང་ཟླ་བའི་དུས་སྦྱོར་གང་། །ལྷ་ཆེན་བསྟན་བཅོས་དབྱངས་འཆར་ལས། །གསུངས་པ་དེང་སང་མཁས་པ་དག །ཟླ་སྙི་ཞེས་སུ་འདོན་དེ་སྟེ། །ཟླ་བ་བཅུ་གཉིས་ཁྱིམ་དཀར་ལ། །གང་ལ་གནས་པ་དེའི་དུས་སྦྱོར། །ཐ་དད་མིང་གིས་སྟོན་པ་ཡིན། །དེ་ཡང་ཟླ་བས་ལུག་གི་ཁྱིམ། །སྐར་མ་ཐ་མ་ནང་བྲ་ཉེ། །སྨིན་དྲུག་སྐར་མ་གཅིག་ཡན་ལ། །སྤྱོད་སྐབས་ཟླ་བའི་དུས་སྦྱོར་མིང་། །སྲ་ཁ་པིའམ་བྱེས་བསྒྲོད་ཟེར། །དེས་འགྲེ་གླང་ལ་རང་ཡུལ་གནས། །འཁྲིགས་ལ་འཆི་བ་སྦལ་པར་རྒོད། །བུ་མོར་འབར་བ་སྲང་དགེ་བ། །སྡིག་པ་མི་གནང་གཞི་མི་མཐུན། །ཆུ་སྲིན་བྱེད་པ་པུ་པ་ཏ། །བུམ་པ་ལའོ་ཉ་ཁྱིམ་ནི། །འབྱོར་པ་ཞེས་སུ་གདགས་པ་སྟེ། །དེ་ལྟར་མ་ནོར་ཤེས་པར་བྱ། །མདོར་དྲིལ་ཟླ་བའི་ཁྱིམ་རེ་ལ། །རགས་རྩིས་ཞག་གཉིས་ཆ་བཅས་བགྲོད། །འདི་ལ་ཟླ་ལྷག་ཞེས་པ་ནི། །ཅུང་ཟད་འགྱུར་མ་བདེ་བར་མངོན། །དེས་ན་ཟླ་བའི་དུས་སྦྱོར་ལ། །ཟླ་བའི་རིགས་ལྡན་བརྗོད་པ་འཐད། །དེ་ལྟར་དུས་སྦྱོར་ལས་འཕྲོས་གཏམ། །ཆ་ཤས་ཙམ་ཞིག་སྨོས་པ་སྟེ། །དེས་ནི་རྣམ་གྲངས་སློབ་པའི་མདོ། །དོན་ཚན་བཅོ་བརྒྱད་བསྟན་ཟིན་ནོ། །དེ་ནས་སངས་རྒྱས་པ་རྣམས་ཀྱི། །ཐུན་མོང་མ་ཡིན་པའི་གཞུང་། །ཀུན་མཁྱེན་མགོན་པོ་མཆོག་དེ་ཡི། །རྟེན་འབྲེལ་བཅུ་གཉིས་བརྡར་མཛད་དེ། །དེ་དང་སྦྱར་བའི་རིག་པ་རྩིས། །རྒྱལ་བ་ཉིད་ཀྱི་ཡང་དག་གསུང་། །དོན་ལྡན་དོན་ཆེན་རྟེན་འབྲེལ་མིང་། །གྲངས་ཀྱི་གོ་རིམ་འདི་ལྟ་སྟེ། །མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་པ་དང་། །ཚོར་བ་སྲེད་པ་ལེན་པ་དང་། །སྲིད་པ་སྐྱེ་བ་རྒ་ཤིའོ། །འདི་ལྟར་ལུགས་འབྱུང་འཁོར་བའི་ཆོས། །ལུགས་ལས་བཟློག་པ་མྱང་འདས་རྒྱུ། །དེ་ཉིད་ཕྱི་རོལ་ཁྱིམ་ཟླ་ཞག །དུས་དེ་རྣམས་ལ་སྦྱར་བ་སྟེ། །ཁྱིམ་ཟླར་འཆར་ཚུལ་ཟླ་བའི་སྐབས། །གོང་དུ་བསྟན་བཞིན་ངེས་པར་བྱ། །འདིར་ནི་ཞག་ལ་སྤྱོད་པའི་ཚུལ། །དེ་ཡང་མཉམ་དང་མི་མཉམ་ཟླ། །ཆུ་སྲིན་ལ་སོགས་མཉམ་ཟླ་དྲུག །སུམ་སོགས་མི་མཉམ་ཟླ་བ་དྲུག །མཉམ་ལ་ཡར་ངོ་གཡོན་སྐྱེ་བ། །ལུགས་འབྱུང་སྤྲོ་བ་སྲིད་རྟེན་འབྲེལ། །མར་ངོ་གཡས་པ་འཆི་བ་སྟེ། །ལུགས་བཟློག་བསྡུད་པ་ཞི་རྟེན་འབྲེལ། །མི་མཉམ་ལ་ནི་དེ་གོ་བཟློག །མར་ངོ་གཡས་དང་ཡར་ངོ་གཡོན། །ལུགས་འབྱུང་ལུགས་བཟློག་ཚུལ་དེ་ཡི། །ཞག་རེར་རྟེན་འབྲེལ་རེ་རེ་སྟེ། །དེ་ལ་འདི་ལྟར་མཚོན་པར་བྱ། །ལོ་མཚམས་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་གཅིག་མ་རིག་གཉིས་འདུ་ཤེས། །གསུམ་ལ་རྣམ་ཤེས་བཞི་མིང་གཟུགས། །ལྔ་ལ་སྐྱེ་མཆེད་དྲུག་རེག་པ། །བདུན་པ་ཚོར་བ་བརྒྱད་སྲེད་པ། །དགུ་ལེན་བཅུ་སྲིད་བཅུ་གཅིག་ནི། །སྐྱེ་དང་བཅུ་གཉིས་རྒ་ཤིའོ། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ནི། །གང་དེའི་ཚེས་གསུམ་བཞི་ལྔ་ལ། །འཆར་བའི་རྟེན་འབྲེལ་དེ་ཇི་བཞིན། །སླར་ཡང་ལྡབ་སྟེ་བཀོད་པ་སྟེ། །དེས་ན་འདིར་ནི་རྣམ་ཤེས་དང་། །མིང་གཟུགས་སྐྱེ་མཆེད་དག་ཡིན་ནོ། །སྐབས་རེ་ཡར་ངོའི་ཞག་ལྷག་སྟེ། །བཅུ་དྲུག་བྱུང་ཚེ་རེག་པ་བསྣན། །ཆད་ནས་བཅུ་བཞིར་སོང་བ་ན། །བཅོ་ལྔ་བཏོན་ཤུལ་རེག་པ་སྦྱོར། །དེ་བཞིན་འོག་མ་ཀུན་ལ་ཡང་། །རིག་པ་འདི་ཡི་འགྲོ་ཤེས་བྱ། །སྤྱིར་བཏང་རྒྱལ་ཟླའི་དམར་ཕྱོགས་ཉིད། །མར་ངོ་སྔོན་འགྲོ་མཆུ་ཟླའི་དབུ། །རྒྱུད་ནས་རྒྱལ་མཆུའི་མཚམས་གསུངས་པ། །བཅུ་དྲུག་དམར་ཕྱོགས་ཚེས་གཅིག་ངེས། །དེ་ལ་རྟེན་འབྲེལ་མ་རིག་པ། །གཉིས་ལ་རྒ་ཤི་གསུམ་སྐྱེ་བ། །བཞི་སྲིད་ལྔ་ལེན་དྲུག་སྲེད་པ། །བདུན་ཚོར་བརྒྱད་རེག་དགུ་སྐྱེ་མཆེད། །བཅུ་པ་མིང་གཟུགས་བཅུ་གཅིག་ནི། །རྣམ་ཤེས་བཅུ་གཉིས་འདུ་བྱེད་དོ། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ལ། །རང་ཚེས་གསུམ་བཞི་ལྔ་བཞིན་སྟེ། །འདིར་ནི་སྐྱེ་སྲིད་ལེན་པ་རྣམས། །རིམ་པ་བཞིན་དུ་སྦྱར་བ་ཡིན། །མར་ངོ་ལྷག་ཆད་ཚེ་གོང་བཞིན། །བསྣན་ནས་འབྲིད་ལ་སྲེད་པ་སྦྱོར། །དེ་ནས་ཆུ་ཟླའི་དཀར་དམར་གྱི། །ཚེས་གཅིག་གཉིས་ཀར་འདུ་བྱེད་ཉིད། །ལྷག་མ་དམར་ཕྱོགས་ཚེས་གཉིས་ལ། །མ་རིག་གསུམ་ལ་རྒ་ཤི་ཡིན། །བཞི་སྐྱེ་ལྔ་སྲིད་དྲུག་ལེན་པ། །བདུན་སྲེད་བརྒྱད་ཚོར་དགུ་རེག་པ། །བཅུ་ལ་སྐྱེ་མཆེད་བཅུ་གཅིག་པ། །མིང་གཟུགས་བཅུ་གཉིས་རྣམ་ཤེས་འགྱུར། །བཅུ་གསུམ་བཅུ་བཞི་བཅོ་ལྔ་པར། །མ་རིག་རྒ་ཤི་སྐྱེ་བའོ། །དཀར་ཕྱོགས་ལྷག་ཆད་གྱུར་པ་ན། །བསྣན་འཕྲི་གོང་འདྲ་མ་རིག་སྦྱོར། །ནག་པོའི་ཚེས་གཉིས་རྣམ་ཤེས་ཏེ། །གསུམ་ལ་མིང་གཟུགས་བཞི་སྐྱེ་མཆེད། །ལྔ་རེག་དྲུག་ཚོར་བདུན་སྲེད་པ། །བརྒྱད་ལེན་དགུ་སྲིད་བཅུ་སྐྱེ་བ། །བཅུ་གཅིག་རྒ་ཤི་བཅུ་གཉིས་པ། །མ་རིག་པ་རུ་འགྱུར་བ་ཡིན། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ནི། །མིང་གཟུགས་སྐྱེ་མཆེད་རེག་པའོ། །དམར་ཕྱོགས་ལྷག་ལམ་ཆད་པའི་ཚེ། །འདིར་ནི་ཚོར་བས་བསྣན་འཕྲི་བྱ། །དེ་ལྟར་རྒྱལ་དང་མཆུ་གཉིས་ཀྱི། །ལེགས་མཚན་ལྷག་མའི་ཟླ་བ་དག །མཉམ་མི་མཉམ་ཀུན་དཀར་དམར་གྱི། །ཚེས་གཅིག་ལ་ནི་ཟླ་བ་ཁྱིམ། །སོ་སོའི་རྟེན་འབྲེལ་གང་ཡིན་འཆར། །དེ་ནས་རིམ་ཙམ་བཅུ་གཉིས་ཀྱི། །ལྷག་པའི་ཞག་དང་ཆད་ལྷག་ཞག །རྟེན་འབྲེལ་སྦྱར་ཚུལ་གོང་དང་མཚོན། །བློ་གྲོས་ཅུང་ཟད་ལྡན་པ་ཀུན། །དེ་ཡི་ ཉིད་རྟོགས་ཀྱང་། །འོན་ཀྱང་བློ་གྲོས་གསར་བུ་བར། །ད་དུང་ཅུང་ཟད་གསལ་བཤད་ན། །སྦོ་ཟླའི་ཚེས་གཅིག་རྣམ་ཤེས་ཡིན། །ཡར་ངོ་ལུགས་འབྱུང་མར་ངོ་བཟློག །ལྷག་ཆད་དཀར་ཕྱོགས་ལ་སྲེད་པ། །དམར་ཕྱོགས་ལ་ནི་སྲིད་པ་སྦྱོར། །ནག་ཟླ་མིང་གཟུགས་ནས་དབུ་ཙམ། །དཀར་ཕྱོགས་ལུགས་བཟློག་དམར་ལུགས་འབྱུང་། །ཡར་ངོ་ལྷག་ཆད་སྐྱེ་བ་དང་། །མར་ངོ་ལྷག་ཆད་ལེན་པར་འགྱུར། །ས་ག་སྐྱེད་སྐྱེད་ལུགས་འབྱུང་བཟློག །ལྷག་ཆད་དཀར་སྲིད་དམར་རྒ་ཤི །སྣྲོན་ལ་རེག་པ་ལུགས་བཟློག་འབྱུང་། །ལྷག་ཆད་མ་རིག་དང་སྐྱེ་བ། །ཆུ་སྟོད་ཚོར་བ་ལུགས་འབྱུང་བཟློག །འཇུག་འབྱིན་རྒ་ཤི་འདུ་བྱེད་ངེས། །གྲོ་ཞུན་སྲེད་པ་ལུགས་བཟློག་འབྱུང་། །ལྷག་ཆད་རྣམ་ཤེས་དང་མ་རིག །ཁྲུམས་ཟླ་ལེན་པ་ལུགས་འབྱུང་བཟློག །ལྷག་ཆད་འདུ་བྱེད་མིང་གཟུགས་སོ། །ཐ་སྐར་སྲིད་པ་ལུགས་བཟློག་འབྱུང་། །བསྣན་དོར་སྐྱེ་མཆེད་དང་རྣམ་ཤེས། །སྨིན་དྲུག་སྐྱེ་སྟེ་ལུགས་འབྱུང་བཟློག །མིང་གཟུགས་རེག་པ་ཨཱ་ག་མ། །མགོ་ནི་རྒ་ཤིས་ལུགས་བཟློག་འབྱུང་། །བཀླག་ཐབས་ཚོར་དང་སྐྱེ་མཆེད་འགྱུར། །ཟླ་ལྷག་ཡོད་ཚེ་ཕྱི་མ་ལ། །སྔ་མ་ཇི་བཞིན་ལྡབས་ཏེ་བཀོད། །རང་ལུགས་ཟླ་བདག་འཕར་བའི་ཚེ། །ཟླ་ལྷག་འབྱུང་ངོ་གཞན་མ་འཛིན། །དཔལ་མཆོག་རྒྱུད་དང་འབྲེལ་པ་རུ། །རྟེན་འབྲེལ་ཇི་ལྟར་འཆར་བའི་ཚུལ། །རབ་ཏུ་གསལ་བ་གསུང་བཞིན་དུ། །རང་བཟོ་བཅོས་མ་མི་འོས་པས། །དེས་ན་དང་བའི་སེམས་ཁོ་ནས། །འདིར་ཡང་ཞིབ་མོར་བཤད་པ་ཡིན། །ཤིན་ཏུ་གསལ་སྤེལ་ཡི་གེ་དང་། །ཤོག་ཁྲ་གཞན་དུ་ཤེས་པར་བྱོས། །བློ་ལྡན་གཟུ་བོར་གནས་ཀུན་ཀྱང་། །འདི་ལས་གཞན་དུ་མི་ཕྱོགས་མདོ། །དེང་སང་ཁ་ཅིག་ཁྱིམ་སླེབས་ལ། །རྟེན་ནས་རྟེན་འབྲེལ་བཀོད་པ་ནི། །རེ་ཞིག་དཔྱད་པའི་གནས་སུ་བཞག །འོན་ཀྱང་གོང་ཉིད་འཁྲུལ་བ་མེད། །ཁ་ཅིག་བློ་གྲོས་གསར་བའི་གཏམ། །སྒང་ཚད་རྟེན་འབྲེལ་མཐུན་པར་བསྒྲིག །ད་ལྟ་དེ་ཡི་རྗེས་འབྲང་མང་། །བདག་ཅག་གིས་ནི་བཏང་སྙོམས་མོ། །དེ་ལྟར་རྒྱུད་དོན་ཇི་བཞིན་དུ། །ཞག་གི་རྟེན་འབྲེལ་བཤད་ཟིན་ནས། །ད་ནི་དུས་ལ་སྦྱོར་བའི་ཚུལ། །ཏཏྐཱལ་གང་ལ་བབ་པ་ཡི། །དེ་དེའི་རྟེན་འབྲེལ་འཆར་བ་སྟེ། །ཆུ་སྲིན་མ་རིག་སོགས་གོང་བཞིན། །སྤྱིར་བཏང་སྐར་རྩིས་ནས་དུས་སྦྱོར། །འབྱུང་རྩིས་ལས་ནི་དུས་ཚོད་ཞེས། །གཉན་བཞིན་དུས་ཀྱི་རྟེན་འབྲེལ་ཡང་། །ཤིན་ཏུ་རྣོ་བར་རིག་པས་རྟོགས། །གཞན་ཡང་བོད་རྙིང་ཡི་གེ་འགར། །རྟེན་འབྲེལ་ལོ་ལ་བཀོད་པ་ཡོད། །དེར་སླན་ཕྱིས་འབྱུང་ཡི་གེར་སླད། །ཅུང་ཟད་ཞུགས་པ་ཀློག་མཐོང་ནས། །མཁས་པ་ཁ་ཅིག་མི་མགུ་ཞིང་། །ཕྱོགས་དེར་འདོར་བར་མཛད་མོད་ཀྱང་། །དཔལ་མཆོག་རྒྱུད་དང་འགྲེལ་པ་ལས། །དབྱངས་དང་ན་ཚོད་དགའ་སོགས་པ། །ལོ་ཕྱོགས་ཟླ་བར་སྦྱར་བའི་མཚོན། །རྟེན་འབྲེལ་ལོ་སྦྱོར་པུ་ཡི་འགོག །དེས་ན་མ་རིག་བྱི་བའི་ལོ། །འདུ་བྱེད་གླང་དང་རྣམ་ཤེས་སྟག །མིང་གཟུགས་ཡོས་ལ་སྐྱེ་མཆེད་འབྲུག །སྦྲུལ་རེག་རྟ་ཚོར་ལུག་སྲིད་པ། །སྤྲེལ་ལེན་བྱ་ཡིས་ལོ་སྲིད་པ། །སྐྱེ་བ་རྒ་ཤི་ཁྱི་ཕག་སྟེ། །རྒྱ་ནག་ལོ་མིང་འཕགས་ཡུལ་དུ། །རྣམ་ཀུན་མེད་ཅེས་བརྗོད་མི་བྱ། །ཁ་ཅིག་གཞུང་རྙིང་ལ་གཤེ་ཞིང་། །རང་བཟོ་ངོ་བོར་འཕྱར་འདི་མཚར། །དེ་ལྟར་རྟེན་འབྲེལ་བཅུ་གཉིས་རྩིས། །ཐུན་མོང་མ་ཡིན་སངས་རྒྱས་གཞུང་། །དེ་ལ་ལྷག་པར་མོས་པ་ཡི། །ཅུང་ཟད་སྤྲོས་ཏེ་བསྟན་ཟིན་ནོ། །དེ་ནས་དེ་རྣམས་སྤྱི་ཡི་དོན། །ཕྱི་སྦྱོར་བའི་ཚུལ་ཇི་འདྲ། །ཕྱོགས་གང་ཆ་ཤས་མདོ་ཙམ་ཞིག །དོན་ལ་གཞོལ་ཕྱོར་འདིར་སྨྲ་ན། །སྤྱིར་ནི་ཐེག་པ་ཕྱོགས་ཀུན་ལས། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །ནང་བཞིན་ཕྱི་རོལ་སྣང་བ་སྟེ། །དེ་དག་དག་པ་གཞན་དུ་གསུངས། །ཁྱད་པར་དཔལ་ལྡན་དུས་འཁོར་ལོ། །འཇིག་རྟེན་ཕྱི་དང་ནང་བཅུད་ལུས། །དཀྱིལ་འཁོར་འཁོར་ལོའི་རང་བཞིན་གཞན། །གཞན་ལས་ཞིབ་པའི་ཚུལ་དུ་བསྟན། །འདི་རུ་ཉེར་མཁོའི་ཕྱོགས་མཚོན་ནི། །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས། །དབུ་མ་དག་པ་ཡེ་ཤེས་ཁམས། །རྩ་ཀུན་ལ་ནི་རྣམ་པར་ཁྱབ། །ཕྱི་རོལ་མཁའ་ཡང་དེ་བཞིན་སྟེ། །ཨ་ཝ་དྷུ་ཏི་དུང་ཅན་མ། །སྒྲ་གཅན་དུས་མེ་མ་ནིང་ཁམས། །རོ་མ་དང་ནི་རྐྱང་མ་གང་། །དཀར་དམར་ཐིག་ལེ་འཛིན་བྱེད་རྩ། །ཉི་མ་ཟླ་བ་ཐབས་ཤེས་རབ། །དེར་བརྟེན་རྩ་བའི་འཁོར་ལོ་དྲུག །འབྱུང་ལྔ་ཡེ་ཤེས་ཁམས་བཅས་དྲུག །གཙུག་ཏོར་ལ་ནི་རྩ་འདབ་བཞི། །ཐུན་མཚམས་བཞི་ཡི་རྣམ་པར་མཚོན། །དཔྲལ་བར་རྩ་ཡི་འདབ་རྩ་དྲུག །ཚེས་གྲངས་བཅོ་ལྔ་ཡེ་ཤེས་བཅས། །མགྲིན་པའི་རྩ་འདབ་སུམ་ཅུ་གཉིས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཡེ་ཤེས་ཆ་ལས་དབྱུ་གུ་བཞི། །སྙིང་ཁར་རྩ་འདབ་རྣམ་པ་བརྒྱད། །ཐུན་བརྒྱད་ཡང་ནི་གཟའ་ཆེན་བརྒྱད། །ལྟེ་བར་རྩ་འདབ་དྲུག་ཅུ་བཞི། །དབྱུ་གུ་དྲུག་ཅུ་སྟོང་པ་བཞི། །འདི་ལས་དུས་སྦྱོར་བཅུ་གཉིས་བཅས། །གསང་བའི་རྩ་འདབ་སོ་གཉིས་པར། །དཀར་དམར་བཅུ་དྲུག་ཕྱོགས་སོ་གཉིས། །ཡན་ལག་ཚིག་ཆེན་འཁོར་ལོ་གང་། །བཅུ་གཉིས་ཟླ་བ་ཉིད་དུ་མཚོན། །དེ་ལ་འདབ་མ་སུམ་ཅུ་རེ། །ཟླ་བ་རེ་ཡི་ཞག་དང་མཚུངས། །ཉིང་ལག་ཚིགས་འཁོར་དྲུག་ཅུ་སྟེ། །ཞག་གཅིག་གིས་ནི་དབྱུ་གུ་དང་། །རེ་རེར་འདབ་མ་དྲུག་ལྡན་པ། །སུམ་བརྒྱ་དྲུག་ཅུ་དབྱུ་གུའི་དབུགས། །ཕྱི་རོལ་དེ་བཞིན་ནང་དུ་སྟེ། །སྐར་རྩིས་མཐའ་དག་རྩ་ཡི་གནས། །མཆོག་ཏུ་ཐིག་ལེ་འཁོར་འདས་སྲོག །སྲིད་དང་ཞི་བ་མྱང་འདས་ཀུན། །ཀུན་རྫོབ་དང་ནི་དོན་དམ་གྱི། །བྱང་ཆུབ་སེམས་ཀྱི་འཕྲུལ་ལས་གྲུབ། །དེ་ཡང་ཀུན་རྫོབ་རྒྱུ་ཐིག་ལེ། །ཆུ་དང་མེ་ཁམས་དཀར་དམར་གྱི། །དྭངས་མ་སྤྱི་ཐིག་ཨེ་ཝམ་དང་། །ཨ་ཧཾ་ཕྱི་རོལ་ཉི་ཟླ་ཡིན། །ཕྲ་རགས་རྒྱུ་རླུང་འདུས་པའི་ཁམས། །སྒྲ་གཅན་དུས་མེ་ཐིག་ལེ་ཉིད། །རྩ་ཚོགས་ལ་ནི་ཐིག་ལེའི་ཁམས། །སྣ་ཚོགས་རྒྱུ་བ་རྒྱུ་སྐར་ཚོགས། །དཀར་དམར་འཕེལ་འགྲིབ་རོལ་པ་ལས། །ཡར་མར་ལྷོ་བྱང་ཕྱོགས་བསྒྲོད་པ། །དབྱར་དགུན་སྟོན་དཔྱིད་ཚ་གྲང་སོགས། །རྣམ་པ་དུ་མ་སྟོན་པར་བྱེད། །ཁུ་རྡུལ་རླུང་རྣམས་དབུ་མ་རུ། །ཡོངས་འཇུག་གནས་མཐུན་སྐབས་ཡོད་བཞིན། །ཁམས་དྲུག་དུས་ཚིགས་ཟླ་དྲུག་མཐར། །ཟླ་ཉི་ལ་ནི་སྒྲ་གཅན་འཇུག །མདོར་ན་སྣོད་བཅུད་ཆགས་འཇིག་དུས། །འཕེལ་འགྲིབ་བདེ་དང་སྡུག་བསྔལ་བ། །ལེགས་ཉེས་མཐའ་དག་ཐིག་ལེ་ཡིན། །བྱེད་ལས་ཉིད་དུ་རྒྱལ་བས་གསུངས། །ཁྱད་པར་དུ་ནི་རླུང་གི་ལས། །མཐའ་དག་སྟོབས་དང་ལྡན་པ་སྟེ། །རྩ་དང་ཐིག་ལེའི་བྱ་བ་ཡང་། །མ་ལས་རླུང་གི་བྱེད་པ་སྟེ། །དེས་ན་དེ་ཀུན་བདག་པོ་ཡང་། །རླུང་ཉིད་དུ་ནི་རབ་ཏུ་ངེས། །གནས་སྐབས་ཕྱི་ནང་རྒྱུ་བའི་དབུགས། །སྐར་རྩིས་ཀུན་གྱི་རྩ་བ་འགྲུབ། །གཡས་ནས་རྒྱུ་བའི་དཀྱིལ་འཁོར་ལྔ། །དྲག་གཟའ་ལྔ་ཡི་རང་བཞིན་དང་། །གཡོན་ནས་རྒྱུ་བའི་དཀྱིལ་འཁོར་ལྔ། །ཞི་གཟའ་ལྔ་ཡི་རང་བཞིན་ཉིད། །རྒྱུ་བའི་དབང་གི་དེ་ལྟར་སྟེ། །སྤྱིར་ནི་སྲོག་ཐུར་ཉི་ཟླར་གསུངས། །གཟའ་རྣམས་རྒྱུ་བའི་ཁྱིམ་ཚོགས་ཀྱང་། །ལྟེ་བའི་གཡས་གཡོན་རྩ་འདབ་མ། །དྲུག་ཅུ་བཅུ་གཉིས་པདྨའི་ཚུལ། །འདབ་བཞི་ལྟེ་ལྔ་ཁྱོན་དྲུག་ཅུ། །འདབ་དང་ལྟེ་བ་ལས་འཕོ་ཆུང་། །ལྔ་སྟེ་སྡོམ་པས་འཕོ་ཆེན་གཅིག །དེ་ནི་དུས་སྦྱོར་ཅིག་སྟེ་དེ། །གཡོན་གཡས་མཉམ་དང་མི་མཉམ་པ། །སྔར་བཤད་བཞིན་ཏེ་དེ་ལས་ཁྱིམ། །ཞག་དང་ཟླ་བ་ལོ་ལ་སོགས། །ཕྱི་རོལ་དུས་ཀྱི་བྱ་བ་ཀུན། །རླུང་གི་བསྒྲོད་པ་ཉིད་ལས་གྲུབ། །སྲིད་གསུམ་སྐྱེ་འཇིག་འཁོར་འདས་ཆོས། །ཀུན་ཀྱང་རླུང་གི་མཐུ་ལས་སོ། །དེ་རྣམས་རྒྱུད་དང་འཕགས་འགྲེལ་གཞུང་། །མཁས་པས་ཇི་ལྟར་བཀྲལ་བ་བཞིན། །གོ་བདེ་ཉུང་ངུའི་ངག་གིས་ནི། །ཅུང་ཟད་ཙམ་ཞིག་སྨྲས་པའོ། །ད་དུང་འདི་རུ་འཕྲོས་པའི་གཏམ། །གདན་བཞི་དུས་འཁོར་རྒྱུད་དགོངས་བཞིན། །དམ་པའི་ཞལ་ལུང་རིམ་བརྒྱུད་པ། །སློབ་དཔོན་གསུང་ལས་འདི་སྐད་ཐོས། །སྐྱེས་བུ་དར་བབ་སྙོམས་པའི་དབུགས། །ཉིན་ཞག་གཅིག་ལ་རྒྱུ་བའི་གྲངས། །ཕྱི་རོལ་རག་རྩིས་ལོ་གཅིག་གི །ཆུ་ཚོད་ཚད་དུ་འགྱུར་བ་ཡིན། །གཡས་གཡོན་འཕོ་བས་ཡར་མར་ངོ་། །ལྷོ་བྱང་བསྒྲོད་པ་གཉིས་དག་སྟེ། །བཅུ་གཉིས་གྲངས་ཀྱི་ཁྱིམ་དང་ནི། །ཟླ་བ་དུས་སྦྱོར་དེ་གྲངས་འགྱུར། །བཅུ་གཉིས་ཐུན་རེ་དབུགས་ཀྱི་གྲངས། །ཟླ་གཅིག་ཆུ་ཚོད་སྟོང་བརྒྱད་བརྒྱ། །འཕོ་ཆུང་དབུགས་གྲངས་དབྱུག་སུམ་བརྒྱ། །དྲུག་ཅུ་ཉིན་ཞག་དྲུག་ལ་འཆར། །ཁྱད་པར་ཉི་མའི་འཁོར་ལོ་གང་། །ཟླ་བ་བཤོལ་དུ་གྲགས་གྱུར་པ། །གཟའ་ཚོགས་སྟོང་འཇུག་སླར་ངེས་སྐྱེས། །ཀུན་གྱི་རྩ་བ་ཡེ་ཤེས་རླུང་། །སྣ་ནས་རྒྱུ་བའི་དབུགས་གཅིག་ལ། །དུམ་བུ་སུམ་ཅུ་སོ་གཉིས་དབྱེ། །དེ་ཡི་ཆ་གཅིག་ཡེ་ཤེས་རླུང་། །དེ་བསགས་འཕོ་ཆུང་གཅིག་གི་མཐར། །བདེ་འབྱུང་རྐང་བཅས་ཡེ་ཤེས་རླུང་། །དེ་བཞིན་ཕྱི་རོལ་ཉིན་ཞག་དྲུག །ཡེ་ཤེས་དབུགས་ཀྱི་དབྱུག་གུའི་གྲངས། །བདེ་འབྱུང་དང་ནི་རྐང་བཅས་འབབ། །ནང་དུ་འཕོ་ཆེན་གཅིག་གི་མཐར། །ང་དྲུག་རྐང་བཅས་ཡེ་ཤེས་དབུགས། །ཕྱི་རོལ་ཟླ་བ་གཅིག་གི་ཚེ། །དབྱུག་གུ་ང་དྲུག་རྐང་བཅོ་ལྔ། །ཞག་གཅིག་མཐའ་རུ་ཡེ་ཤེས་དབུགས། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ། །ཕྱི་རོལ་ལོ་གཅིག་མཐའ་རུ་ནི། །དྲུག་བརྒྱ་དོན་ལྔ་ཡེ་ཤེས་དབྱུག །མཁའ་རོས་ཞག་དྲིལ་བདེ་འབྱུང་ཆ། །བཅས་ཏེ་ལོ་གཅིག་ཞག་བཤོལ་ཡིན། །དེ་རྒྱུན་ནང་དུ་ཞག་གསུམ་ཁོངས། །དུས་སྦྱོར་བྱེད་བཅས་སོ་གཉིས་སུ། །སྟོང་ཕྲག་བཅོ་བརྒྱད་ཡེ་ཤེས་དབུགས། །ཕྱི་རོལ་དུ་ནི་ལོ་གསུམ་ཁོངས། །ཕྱེད་བཅས་སོ་གཉིས་ཟླ་བའི་མཚམས། །ཡེ་ཤེས་དབྱུག་གུ་སྟོང་བརྒྱད་བརྒྱ། །མཁའ་རོས་དྲིལ་ནོར་ཞག་སུམ་ཅུ། །དེ་ནི་ཟླ་གཅིག་བཤོལ་དུ་གྲུབ། །དེ་རྒྱུན་ནང་དུ་ཟླ་བ་གཉིས། །ཞག་ལྔ་མཚམས་སུ་ཉིན་ཞག་གཉིས། །ཡེ་ཤེས་དབུགས་ཀྱི་ཞག་ལྷག་འགྱུར། །ཕྱི་རོལ་ལོ་གྲངས་རེ་ལྔའི་མཐར། །མཉམ་དང་མི་མཉམ་བཤོལ་ཟླ་བ། །ཉི་ཤུ་རྩ་བཞིའི་ཚད་དུ་ལོངས། །རྒྱུན་དཔེ་ལོ་བརྒྱར་ཡེ་ཤེས་དབུགས། །ལོ་གསུམ་མཆོག་གསུམ་ཚད་བཞག་གསུངས། །སློབ་དཔོན་གསུང་གི་གཅེས་པའི་ཕྱིར། །སྐབས་འདིར་དོན་ལ་འབྱོར་བས་བྲིས། །ཡང་ནི་བདག་གིས་རྣམ་རྟོག་ཏུ། །ལྟེ་བའི་བར་འདབ་རྩ་འཁོར་གང་། །བཅུ་གཉིས་ཁྱིམ་དང་དུས་སྦྱོར་བ། །རྩ་བའི་ལོ་སྐོར་ཉིད་དང་ནི། །ཕྱི་འཁོར་རྒྱུ་བའི་རྩ་དྲུག་ཅུ། །འབྱུང་དབྱེ་ལོ་རྒན་དྲུག་ཅུར་མཐུན། །དེ་བཞིན་གཙུག་ལག་འཕྲུལ་རྩིས་ལས། །ཤིང་མེ་ཆུ་ལྕགས་ཕྱོགས་རིམ་ཡང་། །དུས་འཁོར་ཤར་རླུང་ལྷོ་མེ་དང་། །བྱང་ཆུ་ནུབ་སར་གསུངས་དང་མཐུན། །དབུས་ཀྱི་ས་ཡང་དུས་འཁོར་ལས། །རི་རབ་ཉིད་སྟེ་ནམ་མཁའི་ཁམས། །དེ་ལ་སོགས་ཏེ་རྣམ་གྲངས་འགའ། །མཐུན་པར་བསྒྲིགས་སུ་རུང་མཐོང་མདོ། །འོན་ཀྱང་བསྡུས་ཏེ་འཆད་སྐབས་འདིར། །དོགས་སློང་ཙམ་ལས་རྒྱས་མ་སྤྲོས། །དེ་ལྟར་ཐུན་མོང་རིག་པའི་གནས། །སྐར་རྩིས་དག་ལ་བཞུགས་པ་དང་། །ཐུན་མོང་མ་ཡིན་གདུལ་བྱ་གང་། །མོས་པ་ཐ་དད་བཟུང་བའི་ཕྱིར། །བདག་ཅག་སྟོན་མཆོག་སངས་རྒྱས་ཀྱི། །ནང་དང་གཞན་དུ་རབ་སྦྱོར་བའི། །ཕྱི་ཡི་དུས་ཀྱི་འཁོར་ལོ་ཆེ། །ལེགས་གསུང་དེ་ལ་གཞོལ་འདོད་པ། །རྩིས་པ་གསར་བུའི་བློ་ཅན་ལ། །ཀུན་ཏུ་ཕན་པར་བྱེད་པའི་གཏམ། །སྤྱི་དོན་རྣམ་གྲངས་སློབ་པའི་མདོ། །ཅུང་ཟད་ཙམ་ཞིག་བཤད་ཟིན་ནོ། །སུ་ཞིག་སྐར་རྩིས་རི་མོ་ལ། །ཞུགས་པས་ཐོག་མཐའ་ཀུན་ཏུ་ནི། །གོ་དོན་འཁྲུལ་མེད་ངོ་སྤྲོད་གཅེས། །གཞན་ནི་རྣམ་པ་ཙམ་དུ་ཟད། །དེ་ཕྱིར་ཐོག་མར་རྣམ་གྲངས་མདོ། །བློར་ཆུད་སློབ་དཔོན་གསུང་ངག་ལས། །བརྡའ་དོན་ཚུལ་བཞིན་གོ་གྱུར་ཚེ། །དེས་ཀྱང་མཁས་ནུས་སྦྱིན་པར་བྱེད། །སུ་གང་གོ་དོན་མ་འཕྲོད་བཞིན། །ཚིག་ཙམ་ལ་ནི་སྦྱོར་འདོད་བྱེད། །ནེ་ཙོའི་བཀླག་བརྡར་ཉིད་དུ་གྱུར། །དེ་བས་དོན་ལ་རེག་པར་བྱ། །ཚིག་ཙམ་ཡང་ནི་མི་འཛིན་ཞེས། །ཀུན་རྫོབ་རྟེན་འབྲེལ་མི་བརྩི་གང་། །ཆེས་རྨོངས་ཕྱུགས་འདྲའི་སྐྱེ་བོ་ཉིད། །དེ་བས་རིག་ལམ་འདི་གུས་བྱ། །ཡིན་ལུགས་སེམས་ལ་མ་ངེས་པའི། །བྲི་སུབ་རི་མོ་ཆེར་རྐྱེན་ཡང་། །ཐལ་བར་སྲིན་པོའི་ཤུལ་རྗེས་འདྲ། །དེ་བས་དོན་ལ་མཚོན་པར་བྱ། །ཆོས་ཀུན་ཟུང་འཇུག་མ་ཤེས་པར། །ཐུན་མོང་གཙུག་ལག་སྤང་བྱེད་ནི། །རབ་རིབ་མིག་གི་གཟུགས་བརྙན་མཚུངས། །དེ་བས་རྟེན་འབྲེལ་དོན་ཤེས་བྱ། །སེམས་ཅན་ལས་སུ་མ་རྟོགས་པ། །གཟའ་སྐར་བདེ་འབྲས་ཁོ་ན་ལ། །ཞེན་པ་མུ་སྟེགས་བྱེད་པ་ཉིད། །དེ་བས་སེམས་གྱི་ལས་ཤེས་བྱ། །ནང་གི་དེ་ཉིད་མི་ཤེས་པར། །ཕྱི་རོལ་སྐར་རྩིས་མཁས་གྱུར་ཀྱང་། །གནག་རྫི་རྒད་པོའི་ཚུལ་ལ་འཇུག །དེ་བས་རྣལ་འབྱོར་ཡོངས་ཤེས་བྱ། །ཚེ་འདིའི་ཁེངས་གྲགས་ཁོ་ནའི་དབང་། །ཐུན་མོང་རིག་པར་འབེབ་པ་ནི། །ཁེ་བུན་བྱེད་པའི་ཚོགས་པ་སྟེ། །དེ་བས་ལྷག་བསམ་དག་པ་བྱ། །བཀའ་ལ་དྭངས་བ་མ་ཐོབ་པ། །ཐ་སྙད་རིག་གནས་ཆེར་འབྱོངས་ཀྱང་། །གནས་སྐབས་ཕར་རྩལ་མཁས་པ་བཞིན། །དེ་བས་ཆོས་ལ་རབ་དད་བྱ། །སངས་རྒྱས་ཐོབ་འདོད་སེམས་བསྐྱེད་ཀྱི། །མ་ཟིན་སྒོ་གསུམ་ངལ་ཀུན་ཡང་། །དོན་མེད་བྱིས་པའི་རྩེད་མོ་ཉིད། །དེ་བས་བྱང་ཆེན་རྒྱུར་བསྔོ་བྱ། །དེ་ལྟར་བཤད་ན་རིངས་ཤིག་བར། །འཛད་པར་མི་ནུས་འདིར་དེས་ཆོག །སྐབས་འདིར་དོན་ལ་སྦྱོར་བའི་སླད། །ཅུང་ཟད་ཙམ་ཞིག་སྨྲས་པ་ཡིན། །དེ་སྐད་ཚེ་རབས་ཀུན་ཏུ་དགའ་བ་སྐྱེས། །མ་རྨོངས་རིག་གནས་ཡོངས་ལ་དབང་འབྱོར་ཆེ། །རྩིས་གཞི་རྣམ་གྲངས་སློབ་མདོ་ནོར་བུའི་སྒྲོམ། །འདིར་སྤེལ་དགེ་བས་སངས་རྒྱས་ཉིད་ཐོབ་ཤོག །

ཅེས་རིག་པ་རྩིས་ཀྱི་འཇུག་སྒོ་རྩིས་བྱ་སྐར་རྩིས་ཀྱི་མཚན་ཉིད་ལ་སློབ་པ་རྣམ་གྲངས་མདོ་བཤད་པའི་སྐབས་ཏེ་གསུམ་པའོ། །

འདིར་སྨྲས་པ། སློབ་དང་སྲས་གྱུར་འཕགས་པའི་ས། །ཇི་བཞིན་བརྙེས་པའི་སྐྱེས་བུ་ཡང་། །ཤེས་བྱ་རིག་པའི་གནས་རྣམས་ལ། །ཡང་དག་མཁས་པར་མ་སྦྱངས་ན། །ཀུན་ཤེས་གོ་འཕང་མཐོན་པོ་གང་། །དུས་དེར་མངོན་པར་མི་ཐོབ་པས། །རིག་པའི་གནས་ལ་མཁས་བསླབ་ཞེས། །ཀུན་མཁྱེན་རྒྱལ་བ་མཆོག་གིས་གདམས། །དེས་ན་རབ་ཏུ་བརྩོན་པའི་བློ། །ལེ་ལོའི་སྐྱོན་གྱིས་མ་སླད་པར། །ཆོས་ལ་ཆོས་བཞིན་གུས་པ་ཡི། །རིག་པའི་གནས་ལ་འབད་པར་བྱ། །ཆོས་བཞིན་དད་པ་མ་ཐོབ་པར། །ཐུན་མོང་རིག་གནས་ཆེར་སྦྱང་ཡང་། །མུ་སྟེགས་བྱེད་ཀྱི་མཁས་པ་བཞིན། །ཐར་ལ་འཇུག་པར་མི་ནུས་ཀྱི། །གང་ཞིག་རྫོགས་པའི་སངས་རྒྱས་ལ། །ལྡོག་མེད་ཡིད་ཆེས་དད་པ་བརྟེན། །དེ་ཡི་བཀའ་ལ་རབ་དང་བའི། །དམ་ཆོས་བསྲུང་བའི་ལྷག་བསམ་ཅན། །གང་གི་སྤྱོད་པ་མཐའ་དག་ཀྱང་། །ཐབས་མཁས་དགེ་བའི་རྒྱུར་གསུང་ན། །ཐུན་མོང་རིག་གནས་བྱ་བ་ཀུན། །ཐར་འཇུག་ཆོས་སྤྱོད་བཟང་པོ་མཆོག །དེ་ལྟར་ཁོང་དུ་ཆུད་པ་ཡི། །རིག་པའི་གནས་ལ་གཞོལ་བར་བྱ། །གཞན་ནི་ཕ་རོལ་ཕྱིན་ཐེག་པ། །སངས་རྒྱས་འབྲས་བུ་རིང་ཞེས་སྨོད། །དེས་ན་ཐུན་མོང་རིག་པ་ཀུན། །དེ་བས་ཡང་ནི་ཅིས་མི་སྨོད། །ཡང་དག་འབྲས་བུ་མྱུར་འདོད་པས། །དོན་སྒོམ་ཉིད་ལ་འབད་པར་འོས། །ངེས་དོན་རྟོགས་པའི་རིག་གནས་ལ། །སྤྱོད་ཀྱང་རྟེན་འབྲེལ་རྒྱན་དུ་མཛེས། །དེ་མ་རྟོགས་པའི་གང་ཟག་གི །རིག་པའི་གནས་ཀྱང་སྤང་ཆ་མིན། །ནང་གི་ཡང་དག་འཇོག་པ་ལ། །རྩེ་གཅིག་དག་ཀྱང་གཞོལ་མིན་ཅིང་། །རིག་པའི་གནས་ཀྱང་མི་སློབ་པ། །དེ་ནི་དལ་འབྱོར་ཆུད་ཟོས་འགྱུར། །དེ་ཕྱིར་རིག་གནས་རྩིས་ཀྱི་སྒོར། །འཇུག་པ་དང་པོའི་བློ་ཅན་རྣམས། །མཁས་མཛད་གཞུང་རྒྱས་ཚིག་བརླིང་ཞིང་། །དོན་མང་འཐོར་ཐབས་བལྟ་བས་ངལ། །འགའ་ཞིག་ཉུང་ཆེས་དོན་མ་ཚང་། །ཁ་ཅིག་གྲོང་རྩིས་མ་དག་གཏམ། །དེ་ཡི་རྩིས་པ་གསར་བུ་ལ། །ཕན་པ་དགའ་བ་ཉིད་གྱུར་ཅིང་། །དེས་ན་རྣམ་གྲངས་སློབ་པའི་མདོ། །སྤྱི་ཆིངས་སྔོན་འགྲོ་གོ་དོན་གཞུང་། །ཁྱེར་བདེ་གཞན་ནས་མཛད་པ་ཞིག །མ་མཐོང་བས་ན་དུས་འདི་རུ། །བདག་གི་བློ་གྲོས་བཟང་པོ་ཡི། །མཁས་པའི་གསུང་ལས་ལེགས་བཏུས་ཏེ། །ཚིག་ཉུང་དོན་མང་རྣམ་དག་ཉིད། །གཞན་ལ་ཕན་པ་ཁོ་ན་ཡི། །ལྷག་བསམ་ཨུཏྤལ་སྟོན་ཟླ་ལྟར། །གཅིག་ཏུ་དཀར་བས་བཀོད་པ་འདི། །རྩིས་མཁན་རྣམས་ལ་ཆེས་གྲགས་བཞིན། །རྩིས་ལ་གཞུག་པ་གསར་བུ་རྣམས། །ཡིད་མི་འཁྲུག་པ་ངལ་གསོའི་སྟེགས། །སྔོན་མེད་ལེགས་བཤད་སྤེལ་ལེགས་པ། །ཚེས་གཅིག་ངག་གི་དབུལ་སེལ་གཏམས། །རང་དབང་འཛད་མེད་རིན་ཆེན་རྒྱན། །ཕུན་ཚོགས་ལེགས་བཤད་ནོར་བུའི་གཏེར། །དོན་གཉེར་རྣམས་ལ་སྐྱེས་བུ་སྦྱིན། །འདི་ལྟར་ཕྱིན་ཆད་བྱུང་བ་ན། །འདི་ཡི་མཐུ་རུ་ཤེས་པར་གྱིས། །དེ་སྐད་བསྐལ་བཟང་ཚེ་རིང་ལྷ་ཡི་བྱ། །མཁས་དབང་གསེར་རིར་ཅུང་ཟད་བསྙེན་པས་ཀྱང་། །དོན་ལྡན་རིག་གནས་ནོར་བུའི་སྒྲོ་གཤོགས་བརྟས། །འདི་ཀོ་བློ་ལྡན་འདུན་པར་མཛེས་གར་སྤེལ། །འདི་བགྱི་དགེ་མཐུ་མཁའ་མཉམ་སེམས་ཅན་ལ། །ཀུན་ཏུ་ཕན་པ་ཀུན་ཏུ་བཟང་པོ་མཆོག །དཔལ་ལྡན་འཇམ་དཔལ་དཔའ་བོའི་གོ་འཕང་གང་། །རིང་མིན་མྱུར་བ་ཉིད་དུ་རེག་གྱུར་ཅིག །

དེ་ལྟར་རིག་པ་རྩིས་ལ་འཇུག་པའི་སྒོ་སྔོན་དུ་འགྲོ་བ་རབ་ཏུ་བྱེད་པ་རི་མོའི་གནད་གྲངས་ཀྱི་གནས་སྐར་རྩིས་ཀྱི་མཚན་ཉིད་དེ་སྤྱི་དོན་རིམ་པ་གསུམ་དུ་བྱས་པ་ལེ་ཚན་འདི་ཉིད་རབ་བྱུང་བཅུ་གཉིས་པའི་མཐའ་རྔ་ཆེན་ཆུ་ཁྱིའི་ལོར་སྐབས་གཉིས་པ་ཡན་ཡི་གེར་བཀོད་པ་བྱས་ཀྱང་བར་སྐབས་ལེ་ལོར་གྱུར་པའི་འཕྲོ་སྐབས་གསུམ་པ་ཉིད་སླར་ཤིང་གླང་གི་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་འོད་ཟེར་བདུན་པ་དང་བི་རྫི་ལྷན་ཅིག་ཏུ་སྤྱོད་པའི་འགྲུབ་སྦྱོར་བཟང་པོའི་སྔ་ཐུན་སྐབས་སུ་གྲུབ་པར་ཤར་ཕྱོགས་ཀོང་ཡུལ་ལྗོན་པ་ཀླུང་བསམ་གཏན་སྤྱིལ་བུར་རྣལ་འབྱོར་པ་ཚེ་དབང་ནོར་བུས་ལེགས་པར་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིམ་པོ་ཆེའི་སྒྲོན་མེ།

སྐབས་དང་པོ། བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པ།

༄༅། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིམ་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི་སིདྡྷི་ཛྙིཾ་རཱ་ཛ་ཀུ་རུ་བྷྲུཾ། སངས་རྒྱས་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ། བླ་མ་རིན་པོ་ཆེ་དང་པོའི་སངས་རྒྱས་དཔལ་ཀུན་བཟང་དུས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །ཇོ་བོ་འཕགས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་ཆེ། །ཀུན་བཟང་དང་པོའི་མགོན་དེར་ཕྱག་བྱས་ནས། །རྒྱལ་བསྟན་རིན་ཆེན་གནས་གྱུར་དུས་ངེས་པ། །དད་པས་རྗེས་དྲན་ཆེད་དུ་འདིར་བརྗོད་བྱ། །དེ་ཡང་བདག་ཅག་གི་སྟོན་པ་མཚུངས་པ་མི་མངའ་བ། མཚུངས་པའི་ཟླས་དབེན་པ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་གཅིག་པུར་གྱུར་པ་ཤཱཀྱ་ཏོག་ཤཱཀྱ་ཐུབ་པ་ཆེན་པོ་གང་མི་མཇེད་འཛམ་བུའི་གླིང་གི་འགྲོ་རྣམས་རྩོད་ལྡན་གྱི་དུས་ལ་སྤྱོད་ཅིང་ཚེ་ལོ་བརྒྱ་པར་ཐུབ་པ་ན་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་ཤིང་སྐུ་བལྟམས་པ་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བའི་སྤྱོད་པ་དང་། བདུད་བཅོམ་ཞིང་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་ཚུལ་སོགས་མཛད་པ་བཅུ་གཉིས་སུ་སྟོན་པར་མཛད་པ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་དགྱེས་རོལ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་ཡོངས་སུ་གྲགས་པར་གྱུར་པ་དེ་ལྟ་ལས། སྐུ་བལྟམས་པ་དང་། མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་རྣམས་ཀྱི་ལོ་ཡི་ངེས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཉིད་ཀྱི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་གཞུང་མི་མཐུན་པ་མང་ཞིང་མྱ་ངན་ལས་འདས་ནས་ཅི་ཙམ་སོང་གི་དུས་ཀྱང་ཚུལ་དེ་དང་འདྲ་བར་སྣང་ཞིང་། དེ་བཞིན་རྒྱལ་བའི་བསྟན་པ་ཇི་ཙམ་གནས་པའི་ཡུན་ཚད་ཀྱང་དགོངས་པའི་དབང་གིས་རྣམ་གྲངས་དུ་མ་ཅན་དུ་འབྱུང་སྟེ། འདུལ་བ་ལུང་ཕྲན་ཚེགས་དང་། གསེར་འཕྲེང་ཅན་གྱི་རྟོགས་བརྗོད། མདོ་སྡེ་བསྐལ་པ་བཟང་པོ། སྤྲིན་ཆེན་པོའི་མདོ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ། མཛོད་འགྲེལ་རྣམས་མཐུན་པར་བསྟན་པ་དངོས་དང་བཏགས་པ་ལྔ་བརྒྱ་རེ་བྱས་པ་ལོ་སྟོང་དུ་གནས་པར་གསུང་བ་དང་སྙིང་རྗེ་པད་དཀར་ནས། དངོས་སྟོང་བཏགས་པ་ལྔ་བརྒྱ་དང་། ཆོས་ཉིད་རང་མི་གཡོ་ཐ་དད་སྣང་བའི་མདོར་སྟོང་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་སྙིང་པོས་ཞུས་པའི་མདོ་དང་ད་ལྟའི་དཔེར་ལོ་ཉིས་སྟོང་བྱས་པ་མང་ཡང་སུམ་སྟོང་བྱས་པ་མདོ་ཞེས་དམ་པ་མཆོག་དག་གི་གསུངས་པས་ངེས་པ་ཉིད་དང་། བྱམས་པ་ལུང་བསྟན་གྱི་མདོ་ཐར་ལོའི་འགྱུར་དང་། དབྱིག་གཉེན་གྱི་གནོད་འཇོམས་དང་། མཆེ་སྡེའི་འབུམ་ཊིཀ་སོགས་སུ་ལྔ་སྟོང་བཤད་པ་སོགས་མི་ཡི་གདུལ་བྱ་སྤྱིར་བཏང་གཙོ་བོ་དང་། མི་མ་ཡིན་ཕལ་པ་དང་བཅས་པའི་སྣང་ངོ་ལ་དགོངས་ཤིང་། གཞན་དུ་མི་མ་ཡིན་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་། སུམ་ཅུ་རྩ་གསུམ་དང་། དགའ་ལྡན་གྱི་གནས་རྣམས་སུ་ནི་སངས་རྒྱས་སྟོང་གི་བསྟན་པ་བསྐལ་པ་ཆེན་པོ་འདི་མ་རྫོགས་བར་ཆོས་ཀྱང་ནུབ་པར་མི་འགྱུར་བར་ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོར་གསུངས་པ་སོགས་ཀྱིས་མཚོན་པ་དང་། ཐེག་ཆེན་ངེས་དོན་འཁོར་ལོ་གསུམ་པའི་ནང་ཚན་གསེར་འོད་དམ་པ་མདོ་སྡེའི་དབང་པོ་དང་། སྔགས་བླ་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཞེས་སངས་རྒྱས་མྱ་ངན་ལས་མི་འདའ་ཞིང་དམ་པའི་ཆོས་ཀྱང་ནུབ་པ་མེད་པར་གསུང་བ་དང་། གཞན་ཡང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་བསྟན་པའི་གནས་ཚད་ངེས་པ་ཅན་དང་། ངེས་པ་མེད་པ་དང་། ནུབ་པ་མེད་པར་གསུང་བ་སོགས་མང་དུ་བྱུང་བའི་ལུང་ཚིག་རྒྱས་པར་འདིར་མ་སྤྲོས་ལ། དེ་ལྟར་བསྟན་པའི་གནས་ཚད་དེ་དག་གི་སྟེང་ནས་སྔོན་ཆད་དུས་ཇི་ཙམ་ཞིག་སོང་སྙམ་ན། དེ་ཡང་འདོད་པ་མང་དུ་བྱུང་བ་ཀུན། མདོར་བསྡུས་ཏེ་བསྟན་ན། རྣམ་གྲངས་གཞན་བཀོད་པ་དང་། རང་གི་འདོད་པ་བརྗོད་པ་དེ་གཉིས་སོ། །དེའི་དང་པོ་ལ་སྤྱིར་ནི་བོད་ཡུལ་ཁ་བའི་ལྗོངས་འདིར་གྲགས་པའི་བསྟན་རྩིས་རྣམས། དུས་ཀྱི་འཁོར་ལོའི་ཕྱོགས་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་སུ་འདུ་ཞིང་། དེ་ཡང་མ་བརྟེན་པའི་ཕྱོགས་ལ་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་གུ་རུའི་རྣམ་ཐར་རྣམས་སུ་གདུལ་བྱའི་མོས་ངོ་དང་མཐུན་པའི་འདས་ལོ་མང་ཉུང་སྣ་ཚོགས་པ་དག་སྣང་བ་ཕྱོགས་གཅིག་ཏུ་བསྒྲིགས་པར་དཀའ་ཡང་ད་ལྟའི་གྲགས་ཆེ་བའི་ཐང་ཡིག་དག་ཏུ་མང་ཉུང་གཉིས་ཀྱི་མང་བ་ནི། དེ་བཞིན་གཤེགས་པ་ཞི་བར་གཤེགས་ཏེ། གུ་རུ་རིན་པོ་ཆེ་བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་ཕྱིར་ཕེབས་ཀྱི་བར་ལོ། སུམ་སྟོང་བདུན་བརྒྱ་དང་ཉི་ཤུ་ཙམ་འགྲོ་བ་ཐང་ཡིག་ཁ་ཅིག་གི་དགོངས་པ་དང་། ཉུང་བ་ལ་ལོ་སུམ་སྟོང་ཆིག་བརྒྱ་དང་དྲུག་ལ་རེག་ཉེར་སོང་བ་ཐང་ཡིག་ཕལ་ཆེའི་བཞེད་པ་སྟེ། དེ་གཉིས་ཕྱིན་ཆད་ཀྱི་ལོ་ད་ལྟའི་བསྟན་རྩིས་གྲགས་ཆེ་བ་དག་དང་བསྟུན་ཏེ་བསྣན་པས་རགས་རྩིས་སུ་བཞི་སྟོང་དང་དྲུག་བརྒྱ་ལྷག་ཙམ་འགྲོ་བའམ། ཡང་ན་བཞི་སྟོང་དང་ཉིས་བརྒྱའི་ཁོངས་སུ་གནས་པར་སྣང་བས་དེ་ལྟར་ཐང་ཡིག་ལས་བྱུང་བ་བསྟན་རྩིས་ལུགས་གཉིས་དང་། དེ་བཞིན་བཞི་སྟོང་ཆིག་བརྒྱ་རེ་གཅིག་(༤༡༦༡)འདས་པ་འཕགས་མཆོག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀྱི་ལུགས་དང་། ལོ་བཞི་སྟོང་དང་ཉག་མ་རེ་དགུ་(༤༠༦༩)འདས་པ་རྫོགས་ཆེན་སེམས་ཕྱོགས་ལ་ཤིན་ཏུ་མཁས་པ་རྟ་སྟོན་གཟི་བརྗིད་དཔལ་གྱི་བཞེད་པ་དང་། སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་བདུན་(༣༨༨༧)ནི་ནེལ་པ་པཎྜི་ཏ་ཡི་ལུགས་དང་། སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་བརྒྱད་(༣༨༧༨)འདས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སུ་གྲགས་ཤིང་གངས་ཅན་གྱི་དགེ་བཤེས་སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས། གསང་ཕུ་ཞང་ཚེ་སྤང་ཆོས་ཀྱི་བླ་མ་སྣར་ཐང་པ་རིག་པའི་རལ་གྲི་སོགས་མཁས་པ་མང་པོའི་བཞེད་པ་སྟེ། བོད་སྔ་རབས་ཀྱི་རྒྱ་ནག་གི་གབ་རྩེ་མཁན་རྣམས་ཀྱིས་ཀྱང་འདོད་པ་འདི་དང་མཚུངས་པར་གནས་ཞེས་ཁ་ཅིག་ནས་གསུང་པ་དེ་དང་། སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་ལྔ་(༣༨༧༥)འདས་པ་ནི་རྒྱལ་པོའི་གཏམ་གྱི་ལུགས་ཀྱི་བསྟན་རྩིས་གང་བདག་ཉིད་ཆེན་པོ་དཔལ་ས་སྐྱ་པཎྜི་ཏའི་ཞལ་བཞེས་ཏེ་གྲགས་ཆེ་བ་དང་། སུམ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ་པ་(༣༧༢༣)རས་ཆུང་རྡོ་རྗེ་གྲགས་པའི་ལུགས། སུམ་སྟོང་དང་བཞི་བཅུ་(༣༠༤༠)ལྷག་ངེས་འགྲོ་བ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པའི་ལི་ཡུལ་ལུགས་ཀྱི་བསྟན་རྩིས་དང་། རྒྱ་ནག་ཐང་ཐ་ཛུང་རྒྱལ་པོའི་ཡིག་ཚང་དང་བསྟུན་པའི་ལུགས་ལ་ཉིས་སྟོང་བདུན་བརྒྱ་བཞི་བཅུ་ཞེ་དགུ་(༢༧༤༩)སྟེ་མང་བ་དང་། ཉིས་སྟོང་དྲུག་བརྒྱ་གྱ་དགུ་(༢༦༨༩)འདས་པ་ཉུང་བ་སྟེ་གཉིས་དང་། རྒྱ་ནག་གི་ཡིག་ཚང་ཙནྡན་ཇོ་བོའི་ལོ་རྒྱུས་ལས་བྱུང་བའི་བསྟན་རྩིས་ལ་ཡང་མང་བ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་བརྒྱད་(༢༥༦༨)ལོན་པ་དང་། ཉུང་བ་ནི་ཉིས་སྟོང་བཞི་བརྒྱ་དགུ་བཅུ་གོ་གཅིག་པ་(༢༤༩༡)སྟེ་ལུགས་གཉིས་དང་། ཉིས་སྟོང་བཞི་བརྒྱ་ལྔ་བཅུ་(༢༤༥༠)ཙམ་འགྲོ་བ་རྒྱ་ནག་ཆོས་འབྱུང་ད་ལྟ་གསར་བྱུང་ལ་བརྟེན་རགས་རྩིས་སུ་དཔྱད་པ་དང་། ཉིས་སྟོང་ཉིས་བརྒྱ་བརྒྱད་ཅུ་རྩ་ལྔ་(༢༢༨༥)འདའ་པ་འདོད་པ་ནི་བལ་པོའི་ལམ་རྩིས་དང་། སིངྒ་ལ་ཡི་ཉན་ཐོས་ཚོགས་ནས་ཤིང་བུ་བསྐྱུར་བའི་ལོ་རྩིས་དང་བལ་པོ་པཎྜི་ཏ་བུདྡྷ་ཤྲཱི་དང་ཁ་ཆེ་བསོད་སྙོམས་པ་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་རྣམས་ཀྱི་བཞེད་པ་མཐུན་པའི་བསྟན་རྩིས་དང་། ཉིས་སྟོང་ཉིས་བརྒྱ་ང་གཉིས་(༢༢༥༢)ནི་རྫོགས་ཆེན་སྙིང་ཐིག་མཁན་པོ་རྒྱལ་བ་ཞང་སྟོན་གྱིས་བཞེད་པའི་བསྟན་རྩིས་དེ་དག་གི་སྔར་ཕན་ཆད་མཐོང་བ་རགས་པ་ནི་དེ་ལྟར་ཐང་ཡིག་གི་གཉིས་ཏེ་གཅིག་ཏུ་སྡོམ་པས་འདིར་རྣམ་གྲངས་བཅུའོ། །

དུས་ཀྱི་འཁོར་ལོའི་ཕྱོགས་ལ་བརྟེན་པའི་བསྟན་རྩིས་ནི། དེ་ལ་ཡང་རྒྱལ་བས་བདུད་རྩི་བརྙེས་ནས་དེ་ཡི་ལོ་ཕྱི་མར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུང་ཞིང་ལོ་དེ་ནས་འདས་ལོ་བཟུང་བ་དང་། མྱ་ངན་འདས་པའི་ལོ་དེའམ་དེ་ཡི་སྔ་མར་རྒྱུད་གསུངས་ཤིང་མྱ་ངན་འདས་པའི་ལོ་དང་མཐུན་པའི་འདས་ལོ་སྟེ་ལུགས་སྲོལ་གཉིས་བྱུང་བའི། སྔ་མའི་ཕྱོགས་ལ་སུམ་སྟོང་དང་བཞི་བཅུ་ཞེ་དགུ་(༣༠༤༩)འདས་པ་ནི་འགོས་ལོ་གཞོན་ནུ་དཔལ་བའི་རྩིས་ཀྱི་འཁྲུལ་སེལ་དུ་གྲགས་པའི་ལུགས་དང་། ཉིས་སྟོང་ལྔ་བརྒྱ་བདུན་ཅུ་རྩ་ལྔ་(༢༥༧༥)ནི་རྭ་འབྲོའི་རྗེས་འབྲང་བར་སྐབས་ཀྱི་དུས་འཁོར་མཁན་ཕལ་ཆེ་བ་དང་། བྱེ་བྲག་ནི་འདི་སྐད་ཅེས་བྱ་སྟེ། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། མཁྱེན་རབ་དབང་ཕྱུག་བུ་སྟོན་རིན་ཆེན་གྲུབ། བོ་དོང་འཇིགས་བྲལ་དབྱངས་ཅན་དགའ་བའི་ཞབས། དེ་ལྟར་རྒྱལ་བསྟན་ཡོངས་རྫོགས་ཤིང་རྟ་དང་། གཞན་ཡང་རྒྱལ་བསྟན་གསལ་བྱེད་ཇི་སྙེད་པ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་རྟོགས་ལྡན། སྒྲ་པ་ནི་བཟང་འཇམ་དབྱངས་ཆོས་མགོན་པོ། ཉག་ཕུ་བསོད་བཟང་ཚུར་ཕུ་འཇམ་དབྱངས་ཆེ། ཐིལ་པ་ཀུན་རྒྱལ་པཎ་ཆེན་བྱམས་པ་གླིང་། བྱང་བདག་གྲགས་བཟང་རྒྱ་ཕྲུག་དཀོན་རིན་པ། །མཁས་གྱུར་རི་བོ་དགའ་ལྡན་པ། དགེ་ལེགས་དཔལ་དང་ཆོས་སྐྱོང་བཟང་། །རིག་འཛིན་བློ་གྲོས་རྒྱལ་མཚན་ལ་སོགས་ཏེ། །དེ་ལྟར་ཕྱི་ནང་རིག་པའི་གནས་རྣམས་ལ། །མཁས་གྱུར་སྤྱོད་ལྡན་དམ་པ་མང་པོ་དང་། །རྗེ་བཙུན་ཆེན་པོ་སྒྲོལབའི་མགོན་པོས་ཀྱང་། །རྣམ་གྲངས་ཚུལ་དུ་འདི་ཉིད་བཞེད་ཀྱང་སྣང་། །ཞེས་སོ། །དེ་རྣམས་ནང་ཁུལ་དུ་ལོ་ཁྱད་གཅིག་ཙམ་རེ་ལས་གཞན་ཁས་ལེན་མཐུན་པ་ཉིད་དང་། དེ་བཞིན་གཉིས་སྟོང་སུམ་བརྒྱ་དགུ་བཅུ་གོ་གཉིས་(༢༣༩༢)འདས་པ་རྡོ་རྗེ་གདན་དུ་ཉན་ཐོས་རྣམས་ཀྱི་ཤིང་བུ་བསྐྱུར་བའི་གྲངས་དང་། ཀམ་པོ་ཆེའི་གླིང་ནས་མགོན་པོའི་རྒྱུད་བཞུགས་པའི་ལུང་བསྟན་ལས་བྱུང་བའི་ལོ་ཚིགས་རམ་ཤིང་གི་རྒྱལ་རབས་དང་བསྟུན་ནས་གྲུབ་ཐོབ་ཨོ་རྒྱན་པས་རྩིས་པ་དང་། ཉིས་སྟོང་སུམ་བརྒྱ་བདུན་ཅུ་རྩ་བཞི་(༢༣༧༤)ཙམ་ལོན་པ་ནི་རྒྱ་དཀར་གྱི་རྒྱལ་རབས་ལོ་རྒྱུས་དག་དང་མཐུན་ཇོ་ནང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས་བཞེད་པ་སྟེ། དེ་རྣམས་ཀྱི་ལོ་དག་ཡང་། འདིར་ནི་བརྟག་སླ་བའི་ཆེད་དུ་རྒྱུད་གསུངས་པ་ནས་བརྩམ་པའི་ལོ་སོགས་མ་ཡིན་པར་སྤྱིར་བཏང་བཞིན་སངས་རྒྱས་མྱ་ངན་ལས་འདས་པས་པའི་ལོ་ནས་བགྲངས་བར་བྱས་པ་སྟེ། གལ་ཏེ་རྒྱུད་གསུང་པའི་ལོ་དག་བསྣན་པར་བྱས་ན་བཞི་བཅུ་རྩ་ལྔའམ་རྩ་བཞི་གང་རིག་བསྣན་པས་རྟོགས་པར་ནུས་པའོ། །ལུགས་ཕྱི་མའི་ཕྱོགས་ལ་ཉིས་སྟོང་བདུན་བརྒྱ་དགུ་བཅུ་རྩ་དགུ་(༢༧༩༩)འདས་ལོར་གྱུར་པ་གདན་དུས་ཀྱི་རྩིས་གཞི་མཁན་པོ་འབྲུག་པ་པུ་རེ་ཤ་མ་ཏིའི་བསྟན་རྩིས་དང་། ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གཉིས་སོང་བ་པད་དཀར་ཞལ་ལུང་དུ་གྲགས་པ་ཕུགས་ལུགས་ཀྱི་བསྟན་རྩིས་སྟེང་ཀོང་པོ་འབུམ་རམས་པ་ཡང་འདིའི་རྗེས་སུ་འབྲང་ནས་ཁོང་རྒྱ་གར་ཕྱིན་པས་བལ་པོ་པཎྜི་ཏ་ཀུ་སུ་མ་རཱ་ཛ་དང་། དབུས་འགྱུར་བྲམ་ཟེའི་པཎྜི་ཏ་ཆེན་པོ་བི་སྣུད་པ་ཞེས་དང་འཕྲད་ཅིང་དེ་དག་གིས་ཀྱང་ཚུལ་འདི་འདོད་ཀྱི་ཡོད་སྐད་པའི་སྒྲུབ་བྱེད་བཅས་སྨྲ་བ་དང་། ཉིས་སྟོང་དྲུག་བརྒྱ་བཅུ་དགུ་པ་(༢༦༡༩)ནི་མཁས་གྲུབ་གཡུང་སྟན་བཛྲ་ཤྲཱི་ལུགས་སུ་གྲགས་པ་མཁས་པ་ཁ་ཅིག་ནས་བུ་སྟོན་ཆེན་པོའི་བསྟན་རྩིས་ཐུན་མོང་མིན་པ་འདི་ཡིན་ཞེས་ཀྱང་སྒྲོགས་ཤིང་། གང་ལྟར་ཕྱི་མའི་སྐབས་སུ་འབྱོན་པའི་ཀམ་འབྲུག་གི་མཁས་པའི་དབང་པོ་དག་དང་དམ་པ་མང་པོས་ཀྱང་བཞེད་པར་མཛད་པ་དང་། ཉིས་སྟོང་དྲུག་བརྒྱ་བཅུ་བདུན་(༢༦༡༧)འདས་པ་དྭགས་པོ་པཎྜི་ཏར་གྲགས་པའི་བསྟན་རྩིས་དང་། ཉིས་བརྒྱ་བཞི་བརྒྱ་སུམ་ཅུ་རྩ་ལྔ་(༢༤༣༥)ལོན་པ་སེམས་དཔའ་ཆེན་པོ་རང་བྱུང་ཞབས་ཀྱི་བཞེད་པ་དང་། ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རེ་བརྒྱད་(༢༣༦༧)ཙམ་སོང་བ་ནི་ཆགས་ལོ་གསུམ་པར་རིན་ཆེན་ཆོས་རྒྱལ་དང་། འདས་ལོ་ཉིས་སྟིང་སུམ་བརྒྱ་བཅོ་ལྔ་(༢༣༡༥)སྟེ་ས་སྐྱའི་བླ་མ་དམ་པའི་དགོངས་པ་དང་། ཉིས་སྟོང་ཉིས་བརྒྱ་དང་ཉག་མ་བཅུ་དྲུག་འགྲོ་བ་རོང་བ་ངག་དབང་གྲགས་པ་དང་། ཉིས་སྟོང་ཆིག་བརྒྱ་བཅོ་ལྔ་འདས་པ་ནི་རྗེ་བཙུན་མཁའ་སྤྱོད་དབང་པོའི་བཞེད་པ་སྟེ་དུས་འཁོར་གྱི་ཕྱོགས་སུ་བསླན་པ་ད་ལྟ་ཡན་མཐོང་ལམ་དུ་སྤྱོད་པ་ལ་ནང་གསེས་ཕྲ་མོ་རྣམས། བཞག་ནས་རགས་པ་ནི་རྣམ་གྲངས་བཅུ་གསུམ་སྟེ་དེ་ཙམ་མོ། །དེ་ལྟར་བསྟན་རྩིས་འདིར་མདོ་ཙམ་རེ་སྨོས་པའི་རྣམ་གྲངས་ཉི་ཤུ་རྩ་བདུན་པོ་དེ་དག་རྣམས་མཛད་པ་པོའི་གང་ཟག་དུས་སྔ་ཕྱི་དང་མཆོག་དམན་ལ་དབྱེ་བ་མ་བྱས་པར་འདས་ལོ་མང་རིམ་བཞིན་སྔོན་དུ་བྱས་ཏེ་བཀོད་པ་ཡིན་ལ། འདས་ལོའི་རྣམ་གྲངས་སུ་གྱུར་པ་དེ་རྣམས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ལོ་དེ་ཉིད་ནས་བརྩམ་སྟེ་ད་ལྟ་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱ་ཡན་ཆད་འདས་ལོར་བྱས་པ་སྟེ། སླད་ནས་རྔ་ཆེན་ཆུ་ཁྱི་མན་རིམ་པས་བསྣན་འོས་སུ་ཤེས་པར་བྱའོ། །གཞན་ཕྲ་མོ་ནས་གཞལ་ན་བསྟན་རྩིས་འདིར་སྨོས་པ་དང་བཅས་པའི་སུམ་ཅུ་ལྷག་ངེས་ཤེས་པ་ཉིད་ཁོ་བོས་མཐོང་མོད། དེ་དག་ལས་སྔོན་གྱི་སྐབས་སུ་དུས་འཁོར་གྱི་ཕྱོགས་ལ་མ་བརྟེན་པ་ནི། ཇོ་བོ་རྗེ་དང་ས་སྐྱ་པའི་ཞལ་བཞེས་ཀྱི་སྲོལ་འཛིན་ཆེས་མང་ཞིང་། བར་སྐབས་སུ་དུས་འཁོར་མཁན་སྤྱིར་བཏང་གི་འདོད་པ་དང་གཡུང་སྟན་བཛྲ་ཤྲཱི་བཞེད་པ་ཡང་ཅི་རིགས་པ་དང་། ད་ལྟ་ཕྱི་མའི་སྐབས་འདིར་ནི་པད་དཀར་ཞལ་ལུང་ཞེས་ཕུག་ལུགས་སུ་འབོད་པ་འདི་ཡི་རྗེས་སུ་འབྲང་བ་ཁོ་ན་ཤས་ཆེའོ། །དེས་ན་བསྟན་རྩིས་གཞན་དག་ནི་རྣམ་གྲངས་སུ་སྨོས་པ་དང་། རང་རང་ཉི་ཚེར་སྤྱོད་པ་ཙམ་ལས་ཡོངས་གྲགས་སུ་འདོད་ཅིང་བཞག་པ་ནི་མང་དུ་མི་སྣང་ངོ་། །དེ་རྣམས་ཀྱི་ཚུལ་རྣམ་པར་བཞག་པ་རྒྱས་པ་ནི་ཕལ་ཆེ་བ་ཞིག་སྔར་མཁས་པ་རྣམས་ཀྱིས་ཡང་ཡང་སྒྲགས་པས་ཡི་གེ་མཐོང་སླ་བ་ཉིད་དང་། གཞན་ནི་འདིར་ཉུང་ངུའི་ངག་གིས་བརྗོད་པའི་སྐབས་སུ་ཞིབ་མོར་བྲིར་མ་ལོངས་པས་སླད་ནས་གཞན་དུ་ཅི་རིགས་པ་སྤྲོ་བར་འདོད་དོ། །

འདིར་སྨྲས་པ། རྒྱལ་བའི་མཛད་པ་ནམ་མཁའི་མཐའ་ཀླས་བཞིན། །རྒྱལ་བསྟན་གནས་ཚུལ་འདི་ཞེས་སུ་ཡིས་གཞལ། །ཐུན་མིན་སྣང་ངོར་དོན་དམ་རྒྱལ་བ་རྣམས། །མྱ་ངན་མི་འདའ་དམ་ཆོས་འཆར་ནུབ་ཡང་། །དེ་ལྟར་བསམ་གྱིས་མི་ཁྱབ་ངོ་བོ་ཉིད། །མདོ་རྒྱུད་ནས་བཤད་དམ་པས་ཡང་ཡང་གསུངས། །འོན་ཀྱང་མ་ངེས་ལྔ་ལྡན་སྤྲུལ་སྐུའི་ཚུལ། །མཆོག་གི་མཛད་པ་བཅུ་གཉིས་སྟོན་པ་དང་། །སྨོན་ལམ་དབང་གིས་བསྟན་པའི་གནས་ཚད་ཀྱང་། །ངེས་བཟུང་མཛད་ཚེ་དེ་ཡང་སུ་ཡིས་འགོག །བསྐལ་པའི་གྲངས་ཚད་དུས་ཀྱི་གོ་རིམ་དང་། །སངས་རྒྱས་འབྱོན་དཀའ་དམ་ཆོས་གནས་དཀའ་ཞེས། །མུན་བསྐལ་སྒྲོན་མེའི་བསྐལ་པར་ཡོངས་བཞག་ཅིང་། །རྒྱལ་བ་ཐ་དད་གདུལ་བྱ་མངོན་སུམ་པ། །རྣམ་དག་ལུང་དང་རིག་པས་ཐུན་མོང་ངོར། །རྒྱལ་བསྟན་འཆར་ནུབ་གནས་ཚུལ་ཚད་མར་གྲུབ། །དེས་ན་བདག་ཅག་འདྲེན་པ་ཐུབ་དབང་གི །བསྟན་པའི་གནས་ཚད་འདས་ལོ་ཇི་ཙམ་ཞིག །ཇི་བཞིན་གཏན་ལ་དབབ་པར་བྱ་བ་ན། །མཁས་གྱུར་དམ་པ་མང་པོའི་བཞེད་པའི་གཞུང་། །མི་མཐུན་དུ་མ་ཉིད་དུ་གནས་གྱུར་གང་། །གདུལ་བྱའི་བསམ་པ་སྐྱོ་བསྐྱེད་སྤྲོ་བསྲིངས་སླད། །དེ་དང་དེ་ལྟའི་གདུལ་བྱ་རང་རང་གི །ཤེས་ངོ་ཉིད་དུ་བདེན་པར་གྲུབ་སོ་ཞེས། །དམ་པའི་དམ་པ་འགའ་ཞིག་གིས་གསུངས་ན། །དེ་ཡང་ལེགས་བཤད་མཆོག་ཏུ་ངེས་པར་ཁུམས། །འོན་ཀྱང་འཁྲུལ་མེད་གཏན་ཚིགས་བརྟན་པོ་དང་། །དཔལ་མགོན་དམ་པའི་གསུང་གི་རྗེས་འབྲངས་ནས། །རང་འདོད་ཇི་བཞིན་བསྟན་རྩིས་བརྗོད་པ་ཡང་། །འགལ་བའི་སྐྱོན་དུ་གྱུར་པར་མི་སེམས་མོད། །དེ་ལྟར་གྲངས་མེད་གཏན་ཚིགས་པདྨའི་འཕྲེང་། །བདག་བློལའི་སྐྱེད་ཚལ་མཛེས་པའི་རྒྱན་དུ་སྣང་། །

ཞེས་ཚིགས་སུ་བཅད་པའོ། །དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོན་མེ་ལས་བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པའི་སྐབས་དེ་དང་པོའོ། །

སྐབས་གཉིས་པ། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པ།

ཨ་ཐ། གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །ཤཱཀྱ་ཏོག་ལ་ཕྱག་བྱས་ནས། །རང་གི་འདོད་བཞིན་བསྟན་པའི་རྩིས། །རྣམ་པར་དག་པ་བརྗོད་པར་སྤྲོ། །དོན་གཉིས་པ་རང་གི་འདོད་པའི་བསྟན་རྩིས་རྣམ་པར་བཞག་པར་བྱ་སྟེ། དེ་གང་ལ་སྟོན་ཏེ་ཞེས་ཞེ་ན་རྒྱ་བོད་དུ་རྒྱལ་བསྟན་གསལ་བྱེད་འཕགས་པའི་སྐྱེས་བུ་དམ་པའི་གསུང་བསྟན་རྩིས། ཇི་སྙེད་པ་ཡང་ངེས་པའི་སྒོ་ནས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་འདུལ་བའི་ལུང་དང་མདོ་སྡེ་རྣམས་སུ་དང་། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་དང་། གཞན་ཡང་སྔགས་ཁྱད་པར་མཆོག་ཏུ་འཕགས་ཤིང་དྲི་མ་མེད་པ་རྣམས་ནས་ཟླ་བ་དང་ལོ་ཡི་ངེས་པ་གསལ་བར་བསྟན་པ་དང་། དེ་བཞིན་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་འོད་དཔག་མེད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོར་སྣང་བ་པདྨ་ཀ་ར་དང་། མ་ཧཱ་པཎྜི་ཏ་བྱེ་མ་ལ་མུ་ཏྲ་དང་། ལོ་ཙཱ་བ་བཻ་རོ་ཙ་ན་རྣམས་ཀྱི་གསུང་དྲི་མ་མེད་པ་ཐུན་མོང་མ་ཡིན་པ་རྣམས་ལ་བརྟོན་ཏེ། བྱས་པ་སྟེ་དེ་འཕགས་ཡུལ་གྱི་ལོ་རྒྱུས་ཁུངས་ལྡན་གཞན་དང་བསྟུན་པ་འཆད་དུ་རུང་བའི་གནས་ཀྱང་མཐོང་མོད། འོན་ཀྱང་དཀར་རྩིས་རི་མོ་རྣམ་པར་དག་པའི་ལམ་ནས་གཞལ་བ་ན། བོད་ཡུལ་གྱི་དུས་འཁོར་བ་སྤྱི་དང་ཁྱད་པར་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པ་དག་གི་བཞེད་པ་དང་ཤིན་ཏུ་མཐུན་པར་གྱུར་པས་ན་གཞན་དག་ཐེ་ཚོམ་ཆུང་ཞིང་ཚུལ་དེ་ལེགས་པར་རྟོགས་པ་ཡི་སྐབས་འདི་ཉིད་དུ་དེ་བཞིན་བརྗོད་པར་བྱ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཉིད་དགའ་ལྡན་གྱི་གནས་ནས་མདོ་རྒྱ་ཆེར་རོལ་པ་ནས་ཇི་ལྟར་གསུང་བཞིན། ས་ག་ཟླ་བའི་ཚེས་བཅོ་ལྔ་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་རྒྱུ་སྐར་རྒྱལ་ནུབ་པའི་དུས་སྦྱོར་ལ་ཞུགས་པ་ཡི་ལོ་ནི་སྣ་ཚོགས་དབྱིག་ཞེས་ཤིང་མོ་སྦྲུལ་ཡིན་ལ། དེ་ཡི་ས་གའི་དྷྲུ་བར་གཟའ་གནས་དབྱུག་ཉེར་དྲུག ཆུ་སྲུང་བཅོ་ལྔ། རོལ་པོ་བཅོ་བརྒྱད། ཆ་ཤས་བརྒྱ་དང་ལྔ། ཉི་སྐར་གཅིག ཆུ་ཚོད་དྲུག ཆུང་ཆུང་ཉེར་དགུ། ཚེས་བཅོ་ལྔའི་གཟའ་དག་པར་ཐིག་དང་། ཚེས་དབྱུག་དྲུག ཉི་མ་དག་པར་སྐར་གནས་གཉིས་དང་། ཆུ་ཚོད་ཞེ་གཉིས། རེས་འགྲོག་ཟླ་སྐར་བཅོ་ལྔ་དང་། ཆུ་ཚོད་ཞེ་དྲུག་འཆར་བ་ཡིན་ལ། དེ་ནས་ཟླ་བ་བཅུ་ལྷག་བཅས་ཡོངས་སུ་འདས་ཤིང་བཅུ་གཉིས་ལ་ཉེ་བ་ཟིལ་གནོན་ཞེས་མེ་ཕོ་རྟ་ཡི་ལོ་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོ་རེས་འགྲོགས་ཟླ་བའི་སྐར་མ་རྒྱལ་དང་ལྡན་ཅིང་རྒྱལ་འཆར་བའི་དུས་སྦྱོར་རྐང་པ་དང་པོར་བབ་པའི་སྐབས་སུ་ལུམྦི་ཚལ་དུ་སྐུ་འཁྲུངས་ཏེ། དེ་ཡང་ས་གའི་དྷྲུ་བར། གཟའ་གཉིས་དབྱུག་གུ་བཞི་བཅུ་ཞེ་བདུན་ཆུ་སྲང་བཅུ་དྲུག་རིལ་པོ་བཅུ་བཞི་ཆ་ཤས་བརྒྱ་དང་བཅུ་བདུན། ཉི་མའི་སྐར་གནས་ཐིག་ཆུ་ཚོད་བཅོ་བརྒྱད་ཚེས་བརྒྱད་ཀྱི་རྩིས་རེས་གཟའ་དག་ས་ལ་གཟའ་གནས་གསུམ། ཚེས་ལོངས་ཞེ་དགུ། ཉི་མ་དག་པར་སྐར་གནས་གཅིག དབྱུག་གུར་བཞི་རེས་འགྲོགས་ཟླ་སྐར་བདུན། ཆུ་ཚོད་ཉེར་བདུན་ཡོད། རྒྱལ་བ་དགུང་ལོ་ཉེར་དགུའི་བར་དུ་བཞུགས་ཤིང་ཉེར་དགུ་པ་དངོས་པོ་ཞེས་ཤིང་ཕོ་ཁྱི་ཡི་ལོ། དེ་ཡི་སྨིན་དྲུག་གི་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གྱི་ཆ་སྟོད་དུ་གྲགས་འཛིན་མར་སྲས་ཀྱི་ས་བོན་བསྐྲུན་ཞིང་ནམ་གུང་རྒྱུ་སྐར་རྒྱལ་འཆར་བ་གཟིགས་པའི་དུས་སུ་སངས་རྒྱས་རྣམས་ལ་ཕྱག་མཛད་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ལྟར་རབ་ཏུ་བྱུང་ནས་ཟླ་བ་དྲུག་གི་བར་ལམ་ཚོལ་བར་དྲང་སྲོང་སྣ་ཚོགས་བསྟི་བའི་གནས་སུ་དེ་རྣམས་ཀྱི་ལམ་གྱི་དཀའ་ཐུབ་དང་མཐར་ཐུག་སྲིད་རྩེའི་ཏིང་འཛིན་མཐའ་དག་ཀྱང་ཡུད་རེས་མངོན་དུ་བྱས་ཏེ་ལྗོངས་དང་གྲོང་བརྡལ་དུ་རྒྱུ་ཞིང་གཤེགས་པའི་ཚུལ་ཡང་བསྟན་པར་མཛད་དོ། །དེ་ནས་དགུང་ལོ་སུམ་ཅུ་པ་ན་ཚོད་ལྡན་ཞེས་ཤིང་ཕག་གི་ལོ་ས་གའི་ཚེས་བརྒྱད་ལ་ཆུ་ཀླུང་ནེ་རཉྫ་རའི་འགྲམ་དུ་བཀའ་ཐུབ་ལ་ཞུགས་ཏེ་ལོ་དྲུག་གི་བར་གཅིག་པུ་དང་གཉིས་སུ་མེད་པར་མཉམ་པར་བཞག་གོ །དེ་ཡི་མཐར་དགུང་ལོ་སུམ་ཅུ་རྩ་ལྔ་བཞེས་པ་དཔའ་བོ་ཞེས་ལྕགས་འབྲུག་ས་གའི་ཉ་ལ་བྱང་ཆུབ་ཤིང་དྲུང་དུ་གཤེགས་ཏེ་སྲོད་ལ་བདུད་བཏུལ། ནམ་གྱི་གུང་དུ་རྡོ་རྗེ་ཟླ་བ་དང་རྡོ་རྗེ་སྒྲ་གཅན་སྙོམསཔར་ཞུགས་པའི་སྐབས་མཉམ་པར་བཞག ཟླ་བ་སྒྲ་གཅན་ལས་གྲོལ་ལ་ཁད་སྐད་ཅིག་མ་གཅིག་གི་ཐོགས་པ་ཐོ་རེངས་སྐྱ་རེངས་འཆར་བ་རྒྱལ་རྔ་བརྡུང་བའི་ཚོད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་མ་ཐག་ཏུ་གནས་གཙང་མའི་ལྷ་རྣམས་ཀྱི་ཆེད་དུ་བརྗོད་པ་དང་བཅས་མེ་ཏོག་གི་ཆར་སྤུས་ནུབ་ཙམ་ཕབས་སོ། །

དེ་ལྟར་ཟླ་བ་སྒྲ་གཅན་གྱིས་བཟུང་བའི་སྐབས་སུ་སྲས་སྒྲ་གཅན་འཛིན་ཡང་ཡུམ་གྱི་མངལ་དུ་ལོ་དྲུག་བཞུགས་ནས་དུས་དེར་བཙས་ཤིང་། དེ་ཡི་བཙས་སྟོན་གྱི་སྐྱེ་བོ་ཀུན་དགའ་བར་གྱུར་པས་ན་ཀུན་དགའ་བོ་བཙས་སོ། །དེ་ཡང་ས་ག་ཟླ་བ་འདི་ཡི་དྷྲུ་བར་གཟའ་གནས་གསུམ་ཆུ་ཚོད་སུམ་ཅུ། སྲང་ང་བཞི། རིལ་པོར་ཉི་ཤུ་ཆ་ཤས་སོ་བཞི། ཉི་དྷྲུར་སྐར་གནས་གཅིག ཆུ་ཚོད་བཅུ་དྲུག ཆུ་སྲང་སོ་གསུམ། དེ་ཡི་ཚེས་བཅོ་ལྔའི་གཟའ་དག་གཟའ་གནས་ལ་བཞི། ཆུ་ཚོད་ལྔ་བཅུ། ཉི་དག་སྐར་མར་གཉིས། དབྱུ་གུར་སོ་གཅིག ཚེས་འཁྱུད་སྐར་མར་བཅུ་དྲུག དབྱུ་གུར་གཅིག རེས་འགྲོགས་སྐར་མར་བཅོ་ལྔ། དབྱུ་གུར་བཅུ་གཅིག སྒྲ་གཅན་བུལ་བར་སྐར་གནས་ཉེར་གསུམ་ཆུ་ཚོད་བཅོ་བརྒྱད། གདོང་སྐར་གསུམ། ཆུ་ཚོད་ཞེ་གཅིག དུས་མེའི་སྐར་མར་བཅུ་བདུན། ཆུ་ཚོད་བཅུ་གཅིག་སྟེ་མན་ངག་བཞིན་སྦྱངས་དོར་གྱི་ལྷག་སྐར་གནས་ཐིག་དང་ཆུ་ཚོད་སོ་བརྒྱད་ཤར་བས་མྱོང་རྩིས་ལྟར་བཞི་ཆ་གཅིག་འཛིན་པ་ཡིན་ནོ། །གཞན་མདོ་སྡེ་མྱ་ངན་འདས་པ་ཆེན་པོ་དང་། བོད་སྔགས་རྙིང་པའི་བཀའ་བརྒྱད་རྫོང་འཕྲང་དང་རྒྱ་ནག་ཧཱ་ཤང་བསམ་གཏན་མཁན་རྣམས་མཐུན་པར་ས་ག་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱས་པར་བཞེད་པ་དང་། རྒྱ་དཀར་གྱི་སློབ་དཔོན་དཱ་རི་ཀ་སོགས་མ་རྒྱུད་སྨྲ་བ་པོས་ནི་མར་ངོའི་ཚེས་བཅུར་སངས་རྒྱས་པར་འདོད་པ་དག་ཀྱང་ཤེས་པར་བྱ་དགོས་ལ། འདིར་བཤད་པ་ནི་དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་རྒྱུད་འགྲེལ་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པའི་དགོངས་པ་སྟེ། དེ་ཡང་དྲི་མེད་འོད་ཀྱི་དབང་ལེའུ་ཡི་སྐབས་སུ། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པའོ་ཚེས་གཅིག་འཇུག་པ་ས་ག་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་དང་།

སྔགས་གཞུང་ཁྱད་པར་ཅན་གཞན་ནས་ཀྱང་འབྱུང་ལྟར་རོ། །དེ་ལྟར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་འདས་པ་ན་ཚངས་པ་ཆེན་པོས་གསོལ་བ་བཏབ་བཞིན་ཡུལ་ཝ་ར་ཎ་སིར་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་དང་པོར་བསྐོར་ཞིང་། དེ་ནས་རིམ་པར་བྱ་རྒོད་ཕུང་པོའི་རིར་བཀའ་བར་མ་མཚན་ཉིད་མེད་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང་། གསུམ་པ་མ་ལ་ཡ་དང་གྱད་ཀྱི་ཡུལ་ལ་སོགས་པའི་གནས་སྣ་ཚོགས་པར་ཕྱིར་མི་ལྡོག་པ་ངེས་དོན་སྙིང་པོའི་ཐེག་པ་སྟེ་གདུལ་བྱའི་དབང་པོ་དང་འཚམས་པར་འཁོར་ལོ་རིམ་པ་གསུམ་དུ་བསྟན་པར་མཛད་པ་ཡིན་ལ། འཁོར་ལོ་གསུམ་གསུངས་པའི་ལོ་འདི་ཙམ་ཞེས་དམ་པ་འགའ་ཞིག་གིས་གྲངས་ནས་སྨོས་ཀྱང་རྣམ་པ་ཙམ་ལས་ཇི་བཞིན་དཔག་པར་དཀའ་ཞིང་། སྤྱིར་ཡང་ཐེག་པའི་གོ་རིམ་ལས་དུས་སྔ་ཕྱི་ཁོ་ནར་ཡང་འདོད་མི་ནུས་ཏེ་གཞན་དུ་བཤད་པར་བྱའོ། །དེ་ལྟར་ཐེག་པ་གསུམ་བསྟན་པར་མཛད་དེ། དེ་བཞིན་གཤེགས་པ་དགུང་ལོ་བདུན་ཅུ་རྩ་དགུ་བཞེས་ཤིང་། སངས་རྒྱས་ནས་ལོ་བཞི་བཅུ་རྩ་ལྔ་ལ་འཁོད་པ་དགའ་དབང་ཤིང་བྱིའི་ལོ་དཔྱིད་ཟླ་འབྲིང་པོ་ནག་པའི་ཚེས་བཅོ་ལྔར་ལྷོ་ཕྱོགས་ཤྲཱི་དྷཱ་ན་ཀ་ཊ་ཀར་དཔལ་མཆོག་དང་པོའི་སངས་རྒྱས་སོགས་སྔགས་བླ་མེད་ཀྱི་ཐེག་པ་མཐའ་ཡས་པ་གསུང་པ་སྟེ། དེ་ཡང་འཕགས་འགྲེལ་དྲི་མ་མེད་པའི་མདོ་གོང་གི་ལུང་གི་འཕྲོས་སུ། དེ་ནས་ཆོས་ཀྱི་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། ཤྲཱི་དྷཱ་ན་ཀ་ཊར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བའི་མཚན་ཉིད་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་རྣམ་པར་སྤྲོས་སོ། །ཞེས་དང་། འཕགས་འགྲེལ་དེར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ཡང་། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོ་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་པ་ལྟར་རོ། །

ཚེས་བཅོ་ལྔའི་ཉིན་ཞག་དེ་ལ་ཡང་བདུད་འཇོམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་སྐབས་སུ་སྟེ་ཚུལ་དེ་ནི་དཔལ་ནཱ་རོ་ཏཱ་པས་མཛད་པའི་དབང་མདོར་བསྟན་གྱི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར་ཡང་། མདུན་གྱི་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །ཞེས་འབྱུང་བ་ཉིད་དོ། །དེས་ན་ཤིང་བྱིའི་ནག་པའི་དྷྲུ་བ་གཟའ་གནས་གཅིག ཚེས་དབྱུག་པོ་བདུན། སྲང་ཉེར་དྲུག རིལ་པོར་བཅོ་བརྒྱད། ཆ་ཤས་དོན་གསུམ། ཉི་སྐར་ཉེར་ལྔ། དབྱུ་གུ་སོ་ལྔ། དེ་ཡི་ཚེས་བཅོ་ལྔའི་རྩིས་ཡན་ལག་ལྔར། ཟླ་སྐར་བཅུ་གཉིས། དབྱུ་གི་ཉེར་ལྔ། ཉི་སྐར་ཉེར་དྲུག དབྱུ་གུ་ལྔ་བཅུ། སྒྲ་གཅན་གདོང་སྐར་ཉི་ཤུ། ཆུ་ཚོད་དང་བདུན། དུས་མེའི་སྐར་མ་བདུན། ཆུ་ཚོད་ཉེར་བདུན་མཆིས་སོ། །འདིར་བསྟན་པའི་རི་མོ་རྣམས་རྩིས་འཕྲོ་ལུགས་གཞན་གྱི་བགྱིར་ཡོད་ཀྱང་འཕྲལ་དུ་ཡིད་ཆེས་སླ་བའི་ཕྱིར་དེང་དུས་གྲགས་ཆེ་བའི་པད་དཀར་ཞལ་ལུང་གི་ལུགས་སུ་བྱས་པ་ཡིན་ནོ། །དེ་ཡི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་སེངྒེ་ཤར་དུ་ཞལ་ཕྱོགས་པའི་མདུན་ཅུང་ཟད་བྱང་ཤར་དུ་ཉེ་བར་ཟླ་བ་སྐུ་རྒྱབ་ནུབ་ལྷོ་ནུབ་ཉེ་བར་ཉི་མ་གཡས་ལྷོ་ཤར་ལྷོར་ཕྱོགས་པའི་དུས་མེ་གཡོན་བྱང་ནུབ་བྱང་ཉེ་བར་སྒྲ་གཅན་གནས་པ་ཉི་མ་ཕྱི་དྲོ་སེང་གེའི་དུས་སྦྱོར་ལ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོར་མངོན་པར་སྤྲུལ། འཁོར་སངས་རྒྱས་བྱང་སེམས་དཔལ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང་། ལྷ་ཆེན་བཅུ་གཉིས་སོགས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་དང་། ཆུ་བོ་སི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་ཞུས་པའི་ངོར་གསུངས་པ་ཡིན་ལ། དེར་རྒྱུད་འདི་མ་ཟད་རྒྱུད་མཐའ་དག་གསུང་ནས་ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཅིང་མི་དང་མི་མ་ཡིན་པ་གྲངས་ལས་འདས་པ་འདོད་པའི་དངོས་གྲུབ་ཐོར་པར་གྱུར། ལོ་དེའི་ཕྱི་མ་དགོངས་ལོ་བརྒྱད་ཅུ་ཉེ་བར་བཞེས་པ་ཁྲོ་བོ་ཞེས་ཤིང་གླང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གུང་ལ་གྱད་ཀྱི་ཡུལ་རྩྭ་ཅན་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ལྷག་མ་མེད་པར་གཤེགས་པར་གྱུར་ཏེ་དེ་ནི་མདོ་སྡེ་མྱང་འདས་ལས་གསལ་བར་གསུང་བཞིན་རང་ལུགས་བཞག་ལ།

རྒྱ་ནག་བསམ་གཏན་མཁན་རྣམས་ཀྱང་ཟླ་ཚེས་མདོ་མྱང་འདས་ཀྱི་འདི་དང་མཐུན་པར་སྣང་ཡང་དེ་བཞིན་གཤེགས་པ་དགུང་ལོའི་ཚད་གཞན་སྤྱི་དང་མི་མཐུན་པར་དོན་དགུ་ངོ་མཐོང་དུ་བྱས་སོ། །ཡང་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལ་འདས་པར་བྱས་ཀྱང་མི་འཐད་པ་མེད་ཅིང་ལེགས་པར་བཤད་པའི་ཆ་ཅན་དུ་སྣང་ངོ་། །གཞན་ནི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ནམ་གུང་ལ་ཆོས་ཀྱི་སྐུར་གཤེགས་ཞེས་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་སྐྱོང་དང་པཎ་ཆེན་ཤཱཀྱ་ཤྲཱི་བཞེད་པ་ཡིན་ལ། བོད་ཀྱི་མཁས་མཆོག་བུ་སྟོན་སོགས་ཀྱིས་ཀྱང་འདི་ཉིད་ཁས་བླང་། ཡང་ཁ་ཅིག་ནས་དཔྱིད་འབྲིང་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བར་བཞེད་པ་དང་། ཁ་ཅིག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ཡང་ཡིན་པར་འདོད་པ་འབྱུང་ངོ་། །གང་ལྟར་སྟོན་པའི་དགུང་ལོའི་ཚད་ནི་ཐུན་མོང་གདུལ་བྱའི་སྣང་ངོ་ཉིད་དུ་ནི་བརྒྱད་ཅུ་ཁོ་ནར་གསུང་སྟེ་ཐེག་པ་ཆུང་ངུའི་སྡེ་སྣོད་འདུལ་བ་ལུང་ཕྲན་ཚེགས་ལས་ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ན་ཚོད་བརྒྱད་ཅུ་ལོན་ཏེ་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ་ཞེས་དང་། སངས་རྒྱས་མྱ་ངན་ལས་འདས་པའི་ནུབ་མོར་ཀུན་ཏུ་རྒྱུ་རབ་བཟང་ལ་བཀའ་སྩལ་པ། རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་གཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་གསལ་བར་བྱས་གྱུར་ཅིག །ཞེས་གསུངས་པས་ཀྱང་མཚོན་ལ། དེ་བཞིན་ཉན་ཐོས་འཕགས་པ་གནས་བརྟན་ཆེན་པོ་རྣམས་ཀྱི་དབྱར་གནས་གནས་པའི་གོ་རིམ་རྣམ་པར་བཞག་པ་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལོ་བརྒྱད་ཅུ་གནས་པའོ། །ཞེས་དང་། བྱེ་བྲག་བཤད་མཛོད་ལས། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་འབྱུང་བ་དང་། ཐེག་ཆེན་ནས་ཀྱང་དེ་རྣམས་དང་མཐུན་པར་འབྱུང་སྟེ། ཇི་སྐད་དུ་མདོ་སྡེའི་དབང་པོ་གསེར་འོད་དམ་པ་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། སྐུ་ཚེའི་ལྔ་ཆ་བཏང་བར་བཤད་པ་དང་། གཞན་ཡང་མདོ་སྡེ་མང་པོ་ནས་མཐུན་པར་སྐུ་ཚེའི་ཚད་བརྒྱད་ཅུར་བཤད་པ་སྟེ་དེ་ལྟར་རྒྱུ་ཡི་ཐེག་ཆེན་ནས་དང་། ཐེག་ཆེན་སྔགས་ནས་ཀྱང་། སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ལས། གདུལ་བྱའི་འཇིག་རྟེན་ལ་བརྟེན་ནས། །རྐང་གཉིས་མཆོག་གི་བསྟུལ་ནས་ནི། །ལོ་ནི་བརྒྱད་ཅུར་བཞུགས་མཛད་དེ། །སངས་རྒྱས་རྒྱལ་བའི་གནས་སུ་གཤེགས། །ཞེས་འབྱུང་བས་ན།

རང་ལུགས་སུ་འཇིག་རྟེན་གྲགས་སྡེ་ལྟར་གྱི་དགུང་ལོ་བརྒྱད་ཅུ་ལས་མང་བ་དང་ཉུང་བ་དག་འདོད་པར་མི་བྱའོ། །གཞན་དུས་འཁོར་གསུང་བའི་དུས་ཀྱང་དམ་པ་འགའ་ཞིག་ནས། དྲི་མེད་འོད་ལས་ཟླ་བ་བཅུ་གཉིས་ཞེས་དུས་ཚིགས་ཀྱིས་བསྟན་པར་བརྟེན། སངས་རྒྱས་པའི་ཕྱི་ལོ་དེར་བཞེད་པ་ཡོད་ཀྱང་ལུང་ཚིག་དེ་ནི་རྒྱ་ནག་སོགས་སུ་ཊེའུ་ཡན་སྔོན་གྱི་རྒྱལ་པོ་རྣམས་རང་རང་གི་རྒྱལ་ཐབས་ཐོབ་པའི་ཟླ་བ་དེ་ཟླ་བ་དང་པོར་བཟུང་བ་བཞིན། རྒྱལ་བ་ཡང་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་མངོན་པར་སངས་རྒྱས་པའི་ཟླ་བ་ཟླ་བའི་དང་པོར་བྱས་བཅུ་གཉིས་པ་ནག་ཟླ་ཇི་སྙེད་པའི་མཐར་དགོངས་པ་ལས། ལོ་དེ་ཡི་ཕྱི་མ་ཁོ་ནར་བཞེད་མི་དགོས་པ་གོང་དུ་བཤད་ལྟར་རྒྱལ་བ་མྱ་ངན་ལས་འདའ་ཉེ་བའི་སྐབས་སུ་བཀའ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཉིད་དོ། །དུས་འཁོར་གྱི་འདས་ལོ་ཡང་རྒྱལ་བ་སངས་རྒྱས་པ་སོགས་ནས་མ་ཡིན་པར་སྤྲུལ་པའི་གཟུགས་སྐུ་མི་གནས་ཞི་བ་ཆེན་པོའི་ཚུལ་བསྟན་པ་ནས་བསྒྲང་བ་སྟེ། དེ་ཡང་གོང་དུ་དྲངས་པའི་ལུང་དང་། ཤམྦྷ་ལར་འཇམ་དཔལ་གྱི་ཆོས་བསྟན་པའི་དུས་ལུང་བསྟན་པས་ཀྱང་གསལ་བ་སྟེ། ཇི་སྐད་དུ་ཁམས་ལེའུ་ཡི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་དང་།བསྡུས་རྒྱུད་ཉིད་ལས་ཀྱང་། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པ་དང་། ཡེ་ལེའི་འགྲེལ་པར། འཇམ་དཔལ་དབྱངས་ཀྱང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ནས་འབྱུང་ཞེས་པ་སྟེ། རྒྱུད་དང་རྒྱུད་འགྲེལ་གྱི་ཚིག་ཚད་མས་གྲུབ་པ་ལས་སོ། །ཚུལ་འདི་ལ་རྗེ་རང་བྱུང་ཞབས་ཀྱིས། རྒྱལ་བས་བརྒྱད་ཅུའི་བར་དག་ཏུ། །སེམས་ཅན་རྣམས་ལ་ཆོས་བསྟན་ནས། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་གསུངས་པ་ལྟར་རོ། །འདི་ལ་བར་སྐབས་ཀྱི་བསྟན་རྩིས་མཁན་ཁ་ཅིག་མྱ་ངན་ལས་འདས་པའི་ལོ་ཕྱི་མ་ནས་བགྲངས་བ་ཡོད་ཀྱང་མཁས་པ་ཆེན་པོར་གྱུར་པ་རྣམས་མྱ་ངན་ལས་འདས་པའི་ལོ་ཉིད་ནས་བགྲང་བར་མཛད་པས། དེ་ལ་ཇི་སྐད་དུ། རྒྱལ་བ་མྱ་ངན་འདས་པའི་ལོ། །དེ་ནི་འདས་ལོའི་ཐོག་མ་ཡིན། །ཞེས་སྨྲ་བ་འཐད་པ་ཉིད་དེ། འདིར་ཡང་ཚུལ་དེས་རིག་པར་བྱའོ། །

དེ་ལྟར་རྒྱལ་བ་ལོ་བརྒྱད་ཅུ་ལ་མྱ་ངན་འདས་པའི་ཕྱི་ལོ་ཟད་བྱེད་ཞེས་མེ་སྟག་ལོར་འཕགས་ཡུལ་དབུས་འགྱུར་དུ་ཉན་ཐོས་རྣམས་ཀྱི་དབྱར་གནས་པའི་སྐབས་སུ་བཀའི་བསྡུ་བ་དང་པོ་བྱས་ཤིང་། ལྷོ་ཕྱོགས་རི་བོའི་བི་མ་ལ་སྭ་བྷ་ཝར་འཕགས་པ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། བྱམས་པ་སོགས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུས་ཐེག་ཆེན་བསྡུས་པ་དང་། དེ་དང་དུས་མཚུངས་པར་བྱང་ཕྱོགས་ཤམྦྷ་ལར། དཔལ་གསང་བའི་བདག་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་ལྷ་དང་ཀླུ་ཡི་རྒྱལ་པོ་རྣམས་ཀྱི་དབུས་སུ་ཐུགས་ལས་ཕྱུང་སྟེ་རྒྱུད་བསྡུས་ཤིང་གླེགས་བམ་དུ་ཡུལ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་སོ་སོའི་སྐད་དུ་བཀོད་པར་མཛད་ཅིང་། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལྷ་ཡི་བཟོ་བོས་འདུ་བྱས་ཏེ་བཞེངས་ཤིང་སྐྱེ་བོ་མང་པོ་དངོས་གྲུབ་མཆོག་ལ་བཀོད། དེ་ཡི་ཕྱི་མ་རབ་བྱུང་མེ་ཡོས་ལ་འཕགས་ཡུལ་དགྲ་བཅོམ་པ་འོད་སྲུང་གི་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་ཡོངས་སུ་གཏད་དེ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཤིང་། དེ་བཞིན་ཤམྦྷ་ལར་གསང་བའི་བདག་པོ་ཟླ་བ་བཟང་པོས་དཔལ་མཆོག་རྩ་བའི་རྒྱུད་ཀྱི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་སོགས་དང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་དྲུག་པ་ཡང་ལོ་འདིར་མཛད་པ་སྟེ། བསྟོད་འགྲེལ་གཞུང་ཚིག་རང་གིས་ཀྱང་མཚོན་པར་ནུས་ལ། དེ་ཡང་སངས་རྒྱས་ཀྱི་རྒྱུད་བསྟན་ནས་ཉིན་ཞག་ཁ་ཤས་ཏེ། རྒྱུད་ལས། ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀཱ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། ལྷ་ཡི་དབང་པོ་རབ་མཆོག་མི་ཡི་བདག་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། ཞེས་ཉིན་ཞག་ཁ་ཤས་ཀྱི་སྒྲ་ནི་ལོ་གསུམ་ཡིན་པར་གསུང་བ་དང་། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་བཞིན་རྩ་རྒྱུད་བསྟན་ནས་ལོ་ཧྲིལ་པོ་གཉིས་ཀྱི་སྐབས་སུ་རྒྱུད་བསྡུས་ཤིང་སངས་རྒྱས་གཤེགས་ནས་ལོ་ཧྲིལ་པོ་གཉིས་རྒྱུད་བསྟན་ནས་ལོ་གསུམ་ལོན་པའི་དུས་རབ་བྱུང་མེ་ཡོས་ལོ་དེར་སྲས་ས་ཡི་སྙིང་པོའི་སྤྲུལ་པ་ལྷ་ཡི་དབང་པོ་ཁྲིར་བཀོད་དེ་གསང་བདག་ཟླ་བ་བཟང་པོ་རང་ཉིད་གང་ནས་འབྱོན་པའི་གནས་ལོངས་སྤྱོད་རྫོགས་པའི་ཞིང་དུ་གཤེགས་སོ། །ཆོས་ཀྱི་རྒྱལ་པོ་ལྷ་དབང་ནི་ས་ཡི་སྙིང་པོ་ཡིན་པར་གསུང་ན་སྲས་ས་ཡི་སྙིང་པོ་ནི་རྡོ་རྗེ་སྙིང་པོ་དང་གཅིག་པར་རྒྱ་བོད་དམ་པ་ཕལ་ཆེ་བས་བཞེད་ཅིང་། དེ་ཡང་ས་ཡི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་ལས། ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེ་སྙིང་པོ་རྣམ་པར་འདྲེན། །ཞེས་གསུངས་པ་ལྟར་སྟེ། དེས་ན་ཀྱཻ་རྡོ་རྗེའི་འགྲེལ་པ་ཡང་ཆོས་རྒྱལ་འདིས་མཛད་དམ་སྙམ་པ་ནི་བདག་གི་རྣལ་འབྱོར་རྟོག་པའོ། །བོད་སྔགས་རྙིང་པའི་གཞུང་རྣམས་སུ་ལག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་སུ་རྡོ་རྗེ་སྙིང་པོར་ཡང་གསུང་མོད། དེ་ལྟར་ལྷ་དབང་ནས་རིམ་པར་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། གཟི་བརྗིད་ཅན་དང་ཟླ་བས་བྱིན་དང་།

ལྷ་ཡི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷ་ཡི་དབང་ལྡན་ཏེ་དེ་རྣམས་ཀྱི་ལོ་བརྒྱ་ཕྲག་རེ་རེར་ཟླ་བ་བཟང་པོ་བཞིན་རྩ་བཞིན་རྒྱུད་བསྟན་པར་མཛད་དོ། །དེ་ལྟར་ལོ་དྲུག་བརྒྱ་འདས་པ་ན་འཕགས་པ་སྨྲ་བའི་དབང་ཕྱུག་འཇམ་དབྱངས་འཇམ་དཔལ་གྲགས་པ་འཕྲོག་བྱེད་སེངྒེའི་ཁྲིར་འཁོད་དེ་ཆོས་བསྟན་དེ་ལོ་དུ་མས་ལྷག་པའི་བརྒྱ་ཕྲག་གི་བར་ཆོས་རྒྱལ་སྔ་མ་རྣམས་དང་མཐུན་པར་རྩ་བའི་རྒྱུད་གསུང་ཞིང་དེ་ཡི་རྗེས་སུ་ཉི་མའི་ཤིང་རྟ་ལ་སོགས་དྲང་སྲོང་བྱེ་བ་ཕྲག་བྱེད་དང་བཞི་ལ་སོགས་པ་འདུལ་བྱར་གྱུར་པའི་མི་དང་མི་མ་ཡིན་དཔག་ཏུ་མེད་པའི་ངོར་བསྡུས་པའི་རྒྱུད་བསྟན་པ་སྟེ། དེ་ཡང་དྲི་མ་མེད་པའི་མདོ་ལས། འཇམ་དཔལ་རྒྱལ་པོ་གྲགས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་སེངྒེའི་ཁྲི་དེ་ལ་ཆོས་ལོ་བརྒྱའི་བར་དུ་བསྟན་པར་མཛད་དོ། །དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་དེ་བཞིན་གཤེགས་པས་ལུང་བསྟན་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་རྣམས་ཀྱི་ཡོངས་སུ་སྨིན་པའི་དུས་སུ་གཟིགས་ཏེ་ཞེས་སོགས་གསུང་བ་ལས་ཆོས་ལོ་བརྒྱའི་བར་དུ་བསྟན་པར་མཛད་ཞེས་དང་། དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་ཞེས་པ་ནི་ད་ལྟར་སྣང་བའི་གླེགས་བམ་རྣམས་སུ་འགྱུར་ཁྱད་ཙམ་ཡང་མེད་པར་ཐམས་ཅད་མཐུན་ན་རྗེས་ཀྱི་ཚིག་སྒྲས་རྩ་རྒྱུད་བསྟན་ནས་ལོ་བརྒྱ་ཐམ་པའི་སྐབས་སུ་བསྡུས་རྒྱུད་བསྡུས་པ་མ་ཡིན་པ་དང་། དེ་ཡི་རྗེས་ཀྱི་ལོ་གྲངས་ཇི་ལྟར་འོས་པ་ཞིག་ཏུ་བསྡུས་པའི་རྒྱུད་བསྡུས་པ་ཤིན་ཏུ་གསལ་བ་དང་། དེ་བཞིན་རིགས་ལྡན་རྣམས་ཀྱི་ལོ་གྲངས་བརྒྱ་ལ་སོགས་པ་ཡང་སྐུ་ཚེའི་ཚད་མ་ཡིན་པར་ཆོས་བསྟན་པའི་ལོ་གྲངས་སུ་འཕགས་འགྲེལ་གྱི་ལུང་འདིས་གྲུབ་པར་སྣང་ངོ་། །

དོན་དེ་ཡི་རང་བྱུང་ཞབས་ཀྱི་བསྟན་རྩིས་སྐབས་འཇམ་དཔལ་གྱི་ལོ་བརྒྱ་ཕྱུང་ཞེས་དང་། དཔལ་ལྡན་བླ་མ་དམ་པས་རྩ་རྒྱུད་བསྟན་པར་ལོ་བརྒྱ་ལ། བསྡུས་རྒྱུད་བསྟན་པར་ཡང་ལོ་བརྒྱ་འཇུག་པས་འཇམ་དཔལ་གྱི་ཆོས་བསྟན་པ་ལོ་ཉིས་བརྒྱ་ཡིན་ནོ་ཞེས་གསུངས་ཤིང་མཚུར་ཕུ་འཇམ་དབྱངས་པས་ཀྱང་འཇམ་དཔལ་གྱི་དུས་ལོ་བརྒྱ་མཛད་པར་གྲགས་ཏེ་འབྱིན་འཇུག དེ་དག་མི་འཐད་པའི་ཕྱོགས་བཟུང་བ་མང་ཡང་ད་ལྟའི་རྩིས་མཁན་རྣམས་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི་དགུང་ལོ་ལྷག་པར་རིང་བར་འདོད་པའི་ཕྱོགས་ལས་ནི་འདི་ངོས་ཆེས་འཐད་ཅིང་རིགས་པས་བདག་ཀྱང་དེ་ཡི་ཕྱོགས་དུ་འཇུག་མོད། འོན་ཀྱང་བསྡུས་རྒྱུད་གསུངས་པའི་ཡུན་ལོ་བརྒྱ་རང་སོ་ནི་དོན་གྱི་རྣམ་གྲངས་གཞན་གྱི་དང་འཕགས་འགྲེལ་དུ་ཡང་མ་གསལ་བས་མི་བྱེད་ལ། འདིར་ནི་རྒྱལ་པོ་འཇམ་དཔལ་གྲགས་པས་ཆོས་བསྟན་པའི་ལོ་གྲངས་སྤྱི་དང་མཐུན་པར་ལོ་བརྒྱ་དང་དེ་ནས་ཀྱང་གདུལ་བྱ་དྲང་སྲོང་རྣམས་འདུལ་ཞིང་སྨིན་པའི་དུས་ཀྱི་ཆེད་དུ་ལོ་སུམ་ཅུའི་བར་དུ་བཞུགས་ཏེ་དེ་སྲིད་དུ་རྩ་བའི་རྒྱུད་བསྟན་པར་མཛད་ནས་སོ་གཅིག་པ་དབང་ཕྱུག་མེ་གླང་གི་ལོར་དཔྱིད་སྦོ་ཟླའི་ཉ་ལ་དྲང་སྲོང་རྣམས་དྲག་པོའི་ཚིག་གི་འདུལ་བར་དགོངས་ནས་སྤྱོ་བར་མཛད་ཅིང་། ནག་པ་ཟླ་བར་རྫུ་འཕྲུལ་གྱི་མཐུས་རྗེས་སུ་བཟུང་ནས་ཀ་ལ་པཱ་ཡི་ལྷོ་ཕྱོགས་མ་ལའི་ཚལ་དབུས་སུ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས་དཔལ་མཆོག་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ལེའུ་ལྔ་པ་བསྟན་པ་དང་།

སྡུད་པ་པོ་ཡང་འཇམ་དཔལ་རང་ཉིད་ཀྱིས་མཛད་ནས་དྲང་སྲོང་རྣམས་ཡུན་རིང་པོར་མ་ཐེགས་པར་ཕྱག་རྒྱ་ཆེན་པོ་གྲུབ་པ་ཡི་ཟླ་བ་དེའི་ཕྱི་མ་ས་གའི་ཉ་ལ་ཡེ་ཤེས་མཆོག་གི་སྐུ་བརྙེས་པར་གྱུར། དེ་ཡི་ཚེ་སྲས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་པདྨ་དཀར་པོ་སེང་གེའི་ཁྲི་ལ་བཀོད་དེ་ཆོས་བསྟན་པར་དབང་བསྐུར་ནས་འཇམ་དཔལ་ཉིད་ཀྱི་ཞིང་ལོངས་སྤྱོད་རྫོགས་པའི་གནས་སུ་གཤེགས་སོ། །དེ་ལྟར་འཇམ་དཔལ་གྱི་ཆོས་བསྟན་པའི་དུས་ལོ་བརྒྱ་ནི་ཆོས་རྒྱལ་ཉིད་དང་། དེ་ཡི་རྗེས་སུ་ཕྱི་རོལ་གྱི་དྲང་སྲོང་རྣམས་འདུལ་བའི་དུས་གཙོ་བོར་གྱུར་ཞིང་ཡོངས་སུ་སྨིན་པའི་དུས་ཀྱི་ཆེད་དུ་སྐུ་ཚེ་ཚད་ཇི་ཙམ་བསྲིངས་པའི་ཡུན་བཅས་རགས་རྩིས་སུ་རིགས་ལྡན་གྱིས་མཛད་པའི་ཁོངས་སུ་བསྡུ་འོས་པར་སྙམ་མོ། །དེ་ནས་སྲས་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་མཛད་ཅིང་ལོ་བརྒྱ་ཡི་བར་དུ་ཆོས་བསྟན་ནས་དེ་ཡི་རྗེས་སུ་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་སྐུའི་རིམ་པ་བཞིན་དུ་བཟང་པོ་དང་། རྣམ་རྒྱལ་དང་། བཤེས་གཉེན་བཟང་པོ་དང་། ཕྱག་ན་རིན་ཆེན་དང་། ཁྱབ་འཇུག་སྦས་པ་དང་། ཉི་མ་གྲགས་པ་དང་། ཤིན་ཏུ་བཟང་པོ་དང་། རྒྱ་མཚོ་དང་ནི་རྣམ་རྒྱལ་དང་། རྒྱལ་དཀའ་དང་། ཉི་མ་དང་། སྣ་ཚོགས་གཟུགས་དང་། ཟླ་འོད་དང་། མཐའ་ཡས་དང་། ས་སྐྱོང་དང་། དཔལ་སྐྱོང་དང་། སེང་གེ་དང་། རྣམ་པར་གནོན་པ་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མིའི་སེང་གེ་དང་། དབང་ཕྱུག་ཆེན་པོ་དང་།

མཐའ་ཡས་རྣམ་རྒྱལ་དང་། འཁོར་ལོ་ཅན་ཏེ་གྲགས་པ་ནས་འདིའི་བར་ལ་ཉི་ཤུ་རྩ་ལྔའོ་ཞེས་འགྲོ་བའི་བླ་མ་རབ་དང་དམ་པ་འགའ་ཡི་བཞེད་པ་དང་གཞན་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་ཞིག་གི་རིགས་ལྡན་ཉེར་དྲུག་ཏུ་དགོངས་ཤིང་། དེ་ཡང་རྡོ་རྗེ་གདན་ས་བྷོ་ཊ་པཎྜི་ཏ་ཙ་མི་སངས་རྒྱས་གྲགས་ཀྱི་རྒྱ་མཚོ་དང་རྣམ་རྒྱལ་གཉིས་སུ་མཛད་དེ། ཨ་ཛ་རྩོད་པ་བཅུ་གཉིས་པ། ཞེས་རིགས་ལྡན་བཅུ་གཉིས་པ་རྒྱལ་དཀའ་ཡིན་པས་གསལ་ལ། ཚུལ་འདི་ལྔ་བརྒྱའི་གཙུག་རྒྱན་དམ་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡ་དང་། རྡོ་རྗེ་གདན་པ་སྔ་མ་རྣམས་ཀྱི་བཞེད་པ་ཡང་ཡིན་པར་གྲུབ། འཕགས་ཡུལ་གྱི་པཎྜི་ཏ་བི་བྷུ་ཏི་ཙནྡས་ལྷ་ཡི་དབང་པོ་དང་དྲག་པོའི་འཁོར་ལོ་གཉིས་སུ་གསུང་ཞིང་། བོད་དུ་རྭ་བ་སོགས་སྐྱེས་བུ་ཆེན་པོ་མང་ཞིག་གིས་ནི་རིགས་ལྡན་མཐའ་ཡས་དང་རྣམ་རྒྱལ་གཉིས་སུ་མཛད་ལ། རྒྱལ་བ་རང་བྱུང་ཞབས་ཀྱིས་ནི། གནམ་སུ་དབྱེ་བ་གང་ཡིན་མི་གསལ་ཡང་རིགས་ལྡན་གྲངས་ཉེར་དྲུག་ཏུ་མཛད་དོ། །དེ་དག་ཀྱང་རྒྱུད་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་འགྱུར། ཞེས་གསུངས་པ་འཁོར་ལོ་ཅན་སུམ་ཅུ་རྩ་གཉིས་པའི་ཁོངས་སུ་བསྡུས་པ་དང་མ་བསྡུས་པའིཁྱད་པར་དང་། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར་ཞེས་པ་ཡང་གདན་ཉེར་ལྔ་པོར་འཇམ་དཔལ་གྲགས་པ་བགྲངས་པ་དང་མ་བགྲངས་པས་དེ་ལྟར་འབྱུང་བ་ཡིན་ལ་རིགས་ལྡན་གྱི་ཐ་མ་ལྷ་ཡི་དབང་པོ་དང་དྲག་པོའི་འཁོར་ལོ་གཉིས་ནི་འཇམ་གྲགས་པ་ལ་སྐུ་ཚེ་སྟོད་ཆོས་རྒྱལ་དང་སྐུ་ཚེ་སྨད་རིགས་ལྡན་དུ་གྲགས་པ་བཞིན་འདི་ལ་ཡང་སྐུ་ཚེའི་སྟོད་དུ་ལྷ་ཡི་དབང་པོ་དང་སྐུ་ཚེ་སྨད་ཀླ་ཀློ་བཅོམ་པ་ན་དྲག་པོའི་འཁོར་ལོ་མཚན་སྒྲོགས་པར་ངེས་སོ། །

གང་ལྟར་པདྨ་དཀར་པོ་ནས་འཁོར་ལོ་ཅན་གྱི་བར་རིགས་ལྡན་ཉི་ཤུ་རྩ་ལྔའམ་རྩ་དྲུག་པོ་དེ་རྣམས་ཐམས་ཅད་ཀྱང་ཕལ་ཆེ་རགས་པར་ལོ་བརྒྱ་བརྒྱ་ཆོས་བསྟན་པར་མཉམ་ཞེས་སྔོན་གྱི་དམ་པ་མཆོག་རྣམས་ཀྱིས་བཞེད་ཅིང་དེ་ལས་ད་ལྟར་རྩིས་མཁན་ཕལ་ཆེ་བས་མེ་མཁའ་རྒྱ་མཚོ་ནི་རྒྱ་མཚོ་རྣམས་རྒྱལ་དང་རྒྱལ་དཀའ་ཡབ་སྲས་ཀྱི་ཆོས་བསྟན་པའི་དུས་ཡིན་གྱི། དེ་ཡང་རིགས་ལྡན་འཇམ་དཔལ་གྲགས་པས་ཆོས་བསྟན་ཟིན་ནས་ལོ་བརྒྱད་བརྒྱ་འདས་པ་ན་མེ་མཁའ་རྒྱ་མཚོ་དབུ་ཚུགས་ཤིང་དེ་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་དུས་དང་། དེ་ནས་ཉིས་བརྒྱ་ཉེར་གཅིག་གི་བར་རིགས་ལྡན་རྒྱལ་དཀས་ཆོས་བསྟན་པ་ཡིན་ལ། དེ་དག་བསྡོམས་པས་གསུམ་གྱི་ལྷག་པའི་བཞི་བརྒྱའི་ལོ་ཚོགས་སུ་འགྱུར་པ་མེ་མཁའ་རྒྱ་མཚོར་བརྗོད་པའོ། །ཞེས་ཇོ་ནང་མཁན་ཆེན་ཕྱོགས་པའི་གསུང་གི་རྗེས་སུ་འབྲང་བ་དང་། ཡང་དུས་འཁོར་བ་བར་སྐབས་ཕལ་ཆེ་བ་དང་། ད་ལྟ་ཡང་ཁ་ཅིག་གི་ནི་འཇམ་དཔལ་གྱི་དུས་རྫོགས་པ་ནས་ལོ་བརྒྱད་བརྒྱ་འདས་པ་ཡན་མཐུན་ལ། དེ་ནས་ལོ་བརྒྱ་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་དུས་དང་། དེ་ནས་བརྒྱད་ཅུ་རྩ་གཉིས་རིགས་ལྡན་རྒྱལ་དཀའ་ཡིས་ཆོས་བསྟན་ཅིང་། དུས་དེར་ཉུང་ངུ་བྱེད་པ་མཛད་པ་ཡིན་ལ། དེ་ནས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་པོ་རྒྱལ་དཀའ་ཡིས་ཆོས་བསྟན་པའི་ལོ་ལྷག་བཅོ་བརྒྱད་དང་ཉི་མ་དང་། སྣ་ཚོགས་གཟུགས་ཀྱི་ལོ་གཉིས་ཟླ་འོད་ཀྱིས་ཆོས་བསྟན་ནས་ལོ་གསུམ་འདས་པ་སྟེ། དེ་ནས་རབ་བྱུང་དང་པོར་ཚུགས་པར་འདོད་ཅིང་དེ་ལ་རང་རང་གི་ཐུགས་བཞེད་བཞིན་འགྲེལ་ཆེན་གྱི་ཚིག་ཀྱང་དེ་ཡི་རྒྱབ་སྐྱོར་དུ་འདྲེན་ནོ། །ལུགས་དེ་གཉིས་ཀྱི་རབ་བྱུང་བཅུ་གཉིས་པའི་ནང་འདིར་སྔ་མས་མེ་ལུག་ལོར་རིགས་ལྡན་རྣམས་གནོན་ཁྲིར་ཕེབས་པར་འདོད་པ་ཡི་ད་ལྟ་ལོ་བཅོ་ལྔ་ལོན་པ་དང་ཕྱི་མས་ཤིང་འབྲུག་ལོ་རིགས་ལྡན་མ་འགགས་པ་ཁྲིར་འཁོད་པར་བྱས་པས་དེ་ནས་ལོ་བཅོ་བརྒྱད་ད་ལྟའི་ལྕགས་བྱ་ཡན་ལ་སོང་ངོ་། །

ཡང་མེ་མཁའ་རྒྱ་མཚོ་ལ་ལག་པ་གདེངས་ཅན་ཟླ་བས་སྦྱངས་པའི་དགོས་པ་ནི་མཁས་པར་གྱུར་པ་ཁ་ཅིག་གི་ལོ་མཚམས་དེར་སྤྱིར་འདས་ལོ་ཉུང་བའི་སླད་དང་ལོ་ཚོགས་སྔ་མའི་ཟླ་བཤོལ་གནས་དེར་སྟོང་པ་དང་གསལ་བཞག་ཚོལ་ཚེ་རི་མཁའ་རི་ཡི་ལྷག་དང་ཆུ་རོའི་ལྷག་མ་རྣམས་སྟོང་བས་དེ་ནས་བརྩམ་ན་སླ་བ་ལ་དགོངས་སོ་སྨྲ་ཡང་། དེ་ནི་བྱེད་པའི་རྩིས་འཕྲོ་ཉི་ཚེ་ཁོ་ནར་དཔྱད་དེ་བཞག་པར་སྣང་ལ། རང་ལུགས་ནི་རྩིས་འཕྲོ་དང་བཅས་པར་ཞིབ་ཏུ་དཔྱད་དེ་མཐའ་ཆོད་རྒྱས་པར་སླད་གཞན་དུ་འཆད་པར་འགྱུར་ལ། འདི་རུ་རང་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་དུས་ཀྱི་ངེས་པ་རེ་ཞིག་འདི་ལྟར་སྟེ། རིགས་ལྡན་ཆེན་པོ་འཇམ་དཔལ་གྲགས་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་གཤེགས་ནས་ལོ་བདུན་བརྒྱ་འདས་པ་བརྒྱད་བརྒྱ་པའི་དབུས་དམར་སེར་ཅན་མེ་མོ་སྦྲུལ་ལ་རིགས་ལྡན་ཤིན་ཏུ་བཟང་པོ་སེང་གེའི་ཁྲིར་འཁོད་ཅིང་། དེ་ནས་ལོ་ཉི་ཤུ་རྩ་བདུན་ལོན་པ་ཉི་སྒྲོལ་བྱེད་ཤིང་སྤྲེལ་ལོར་རྒྱ་དཀར་ནུབ་ཕྱོགས་སུ་ཀླ་ཀློ་ཞུགས་ཤིང་མེ་མཁའ་རྒྱ་མཚོའི་དབུ་ཚུགས། དེ་ནས་ལོ་བདུན་ཅུ་རྩ་གསུམ་འདས་པ་གསེར་འཕྱང་མེ་མོ་བྱ་ལ་རིགས་ལྡན་རྒྱ་མཚོ་འཕྲོག་བྱེད་ཁྲིར་འཁོད་ནས་ལོ་བརྒྱའི་བར་དུ་ཆོས་བསྟན་པར་མཛད། དེར་རྗེས་སུ་དབང་ཕྱུག་མེ་མོ་གླང་ལོར་རིགས་ལྡན་རྣམ་པར་རྒྱལ་བ་དང་དམར་སེར་མེ་སྦྲུལ་ལ་རྒྱལ་དཀའ་འམ་མ་ཕམ་པ་སྡེ་ཀུན་ནས་ལོ་བརྒྱ་རེ་ཆོས་བསྟན་པ་སྤྱི་ལྟར་ལས་མ་ཕམ་པས་ཆོས་བསྟན་ནས་ལོ་བདུན་ཅུ་འདས་པ་ད་ལྟ་སྐར་རྩིས་མཁན་ལ་གྲགས་ཆེ་བའི་རབ་བྱུང་དང་པོ་ཚུགས་པ་ཡིན་ལ། དེ་ནས་ལོ་སུམ་ཅུ་སོང་བ་མེ་གླང་ལ་མ་ཕམ་པའི་སྲས་རིགས་ལྡན་ཉི་མ་ཁྲིད་འཁོད་དེ་ཆོས་བསྟན་པའི་དབུ་ཚུགས་ཏེ། དེ་ནས་ད་ལྟ་ལ་ཐུག་གི་བར་རབ་བྱུང་བཅུ་གཅིག་འདས་བཅུ་གཉིས་པའི་སྟེང་ནས་བློ་ངན་ཞེས་ལྕགས་བྱ་ཡན་ལྔ་བཅུ་རྩ་ལྔ་སོང་ཞིང་། རྔ་ཆེན་ཆུ་ཁྱི་འདི་ཉིད་ལྔ་བཅུ་རྩ་དྲུག་པའི་སྟེང་དུ་གནས་པ་སྟེ་ཁྱོན་རབ་བྱུང་བཅུ་གཉིས་ལྕགས་བྱ་ཡན་གྱི་ལོ་ཚོགས་གཅིག་ཏུ་བསྡོམ་པས་ལོ་བདུན་བརྒྱ་དང་ཉག་མ་བཅོ་ལྔ་སོགས་ལ། དེ་སྟེང་ཆུ་ཁྱི་སོགས་ལོ་ལྔ་བསྣན་པས་རབ་བྱུང་བཅུ་གཉིས་རྫོགས་ནས་བཅུ་གསུམ་པ་སླེབ་པ་ཡིན་ནོ། །དེ་ལྟར་རབ་བྱུང་བཅུ་གཉིས་ཀྱི་ལོ་ཚོགས་གྲངས་ཀྱི་རིགས་པ་དང་། སྐྱེས་བུ་ཆེན་པོ་ལྷའི་མིག་བརྙེས་ཤིང་ཡེ་ཤེས་ཀྱི་གཟིགས་པ་ཅན་གྱི་གསུང་བསྒྲོས་ཀྱི་ཆ་ལས་བྱུང་བདེ་འབྱུང་གནས་ཆ་བསགས་ཀྱི་ཕོ་བྲང་སེང་གེའི་གདན་ལ་རིགས་ལྡན་ཉི་མ་ནས་སྣ་ཚོགས་གཟུགས་དང་།

ཟླ་བའི་འོད་དང་མཐའ་ཡས་དཔལ་སྐྱོངས་དང་དྲུག་གི་བརྒྱ་བརྒྱར་ཆོས་བསྟན་ཟིན་ནས། ད་ལྟ་རིགས་ལྡན་ཆེན་པོ་སེང་གེས་ཆོས་བསྟན་ནས་ལོ་བརྒྱད་ཅུ་རྩ་ལྔ་འདས་པའི་སྐབས་ཡིན་ཞེས་རང་ལུགས་སུ་རྣམ་པར་བཞག་པར་དེང་དུས་ཀྱི་བསྟན་རྩིས་མཁན་གྲགས་ཆེ་བ་དག་གི་འདོད་པ་དང་རིགས་ལྡན་ཉི་མ་ཕྱིན་གྱི་ཆོས་བསྟན་པའི་དུས་ལོ་སུམ་ཅུའི་སྔ་ཕྱི་ཙམ་ལས་ཧ་ཅང་གི་འགལ་བ་ཅན་ཡང་མ་ཡིན་མོད། འོན་ཀྱང་འདི་ལ་ཅུང་ཟད་ཞིབ་མོར་བགྱིད་དགོས་པ་ཡང་ཡོད་པས་སླད་ནས་སྤྲོ་བར་བྱའོ། །ཡང་བཅོམ་ལྡན་འདས་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོར། ལྷ་མིན་གྱི་འཇུག་པ་ཀླ་ཀློའི་གནས་ཚད་དུབ་སྦྱོར་གྱི་དབུགས་ཀྱི་གྲངས་དང་མཉམ་པར་ལོ་སྟོང་དང་བརྒྱད་བརྒྱར་གསུང་ནས་ལོ་དེ་ཡི་སྟེང་ནས་སྔོན་ཆད་ལོ་སྟོང་དང་ཆིག་བརྒྱ་ཉག་བཅོ་བརྒྱད་འདས་ཤིང་། ད་དུང་ལོ་དྲུག་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་དོ། །དེ་ཡི་མཐར་སླར་ཡང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་རིགས་ལྡན་ཆེན་པོ་ལྷ་ཡི་དབང་པོའམ་དྲག་པོའི་འཁོར་ལོ་ཅན་གྱི་ལྷ་མིན་ཀླ་ཀློ་མཐའ་དག་འཇོམ་པར་བྱས་ཏེ་འཛམ་གླིང་ཆུང་ངུ་འདི་ཉིད་རྫོགས་ལྡན་ལ་བཀོད་པར་མཛད་པ་རྒྱུད་ལས་ཇི་ལྟར་གསུང་བཞིན་ཉིད་དོ། །དེ་ཡི་ཚུལ་ཞིབ་པར་ས་བོན་ཙམ་སྔར་གཞན་དུ་བཀོད་པ་ཟིན་པ་སླད་ནས་ཀྱང་འཆད་པར་འགྱུར་བ་ལས་ཤེས་སོ། །དེ་ལྟར་རང་ལུགས་ཀྱི་བསྟན་རྩིས་གནད་རྣམས་གསལ་བར་ཉུང་ངུའི་ངག་གི་བཤད་ཟིན་སྟེ་ཚུལ་འདི་ལ་རྣམ་པར་དག་པའི་ཡོན་ཏན་ཡན་ལག་བརྒྱད་དང་གསུམ་བཅས་ལྡན་པ་སྟེ། དེ་ཡང་ཟོར་ཡང་བའི་ཕྱིར་བསྡུས་དོན་ཚུལ་དུ་ཚིགས་སུ་བཅད་དེ་བརྗོད་པ་ནི། འདི་སྐད་ཅེས་བྱ་སྟེ། ཀུན་ཁྱབ་འགྲོ་བའི་ཉི་མ་དཔེ་མེད་པ། །ལྷ་ཆེན་ཀུན་གྱི་སྤྱི་བོའི་ནོར་བུ་ཡི། །ཉིན་རེ་བཞིན་དུ་ཞབས་ཀྱི་པདྨོ་ལ། །ཉེར་བསྙེན་ལྷ་ཡི་ལྷར་གྱུར་བཅོམ་ལྡན་འདས། །མ་འདྲིས་ཡོངས་ཀྱི་བཤེས་གྱུར་རྫོགས་སངས་རྒྱས། །ཤཱཀྱ་ཏོག་གྱུར་དོན་ཀུན་གྲུབ་པ་ཉིད། །དགའ་ལྡན་གནས་ནས་གཟིགས་པ་རྣམ་པ་ལྔས། །སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་པའི་དུས། །རྒྱ་ཆེར་རོལ་པའི་དགོངས་པ་ཇི་བཞིན་པར། །ས་ག་ཟླ་བའི་རྒྱལ་ནུབ་དུས་སྦྱོར་དང་། །སླར་ཡང་བཅུ་གཉིས་ལ་ཉེ་ཟླ་བའི་མཐར། །སྐུ་བལྟམས་ལུགས་མཐུན་ཡན་ལག་དང་པོར་གྲུབ། །བལྟམས་པའི་ཟླ་བ་དཔྱིད་ཐ་དུས་ཚེས་བརྒྱད། །འདུལ་བའི་ལུང་དང་མྱ་ངན་འདས་མདོར་གསུངས། །འཁྲུངས་སྐར་རྒྱལ་དུ་རིན་ཆེན་ཏོག་ལས་བཤད། །མངོན་སུམ་འདིར་འཆར་ཡན་ལག་གཉིས་པར་ཡིན། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བའི་དུས། །ནམ་གུང་རྒྱུ་སྐར་རྒྱལ་འཆར་དེ་ཡི་ཚེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་མཛད་པ། །ཇི་བཞིན་གསལ་བྱེད་ཡན་ལག་གསུམ་པར་གྱུར། །རྫོགས་སངས་རྒྱས་དུས་ཟླ་བ་སྒྲ་གཅན་གྱི། །ནམ་གྱི་གུང་ཟིན་ཐོ་རངས་སྐབས་སུ་གྲོལ། །རྣམ་པར་དག་པ་རི་མོའི་ལམ་ཉིད་ནས། །འདི་རུ་གསལ་འཆར་ཡན་ལག་བཞི་པའོ། །དུས་འཁོར་གསུང་ཚེ་གཟའ་བཞི་གནས་པའི་ཚུལ། །ནཱ་རོ་པས་མཛད་མདོར་བསྟན་འགྲེལ་པ་རུ། །དུས་འཁོར་རྩ་རྒྱུད་ལུང་ཚིག་དོན་ཇི་བཞིན། །འཁྲུལ་མེད་འདིར་མཆིས་ཡན་ལག་ལྔ་པ་ཡིན། །ཉན་ཐོས་དབྱར་གནས་གྲངས་དང་ཐེག་ཆེན་མདོ། །དུ་མ་དགོངས་དོན་མཐུན་པར་ཐུན་མོང་ངོར། །ཐུབ་དབང་དགོངས་ལོ་བརྒྱད་ཅུར་གསུང་པ་ཉིད། །འཕྲི་བསྣན་མེད་འགྲིག་ཡན་ལག་དྲུག་པར་སེམས། །བསླད་མེད་རྫོགས་ཆེན་བབ་ལུགས་རྒྱུད་གཞུང་དང་། །བསྟན་བཅོས་ཀུན་མཐུན་སངས་རྒྱས་མྱང་འདས་སོ། །ཤིང་མོ་གླང་ཉིད་ངེས་པར་བརྟན་པོར་མཛད། །ཇི་བཞིན་འདིར་འབབ་ཡན་ལག་བདུན་པ་ཡིན། །འདས་ལོའི་གྲངས་ཀྱང་སྔོན་གྱི་དུས་འཁོར་མཁན། །ཕལ་ཆེ་ཉིད་དང་ཁྱད་པར་རྒྱལ་བ་ཡི། །རྣམ་འཕྲུལ་ཤིང་རྟའི་སྲོལ་འབྱེད་བཞེད་པ་སྟེ། །རང་བཟློག་མ་བསླད་ཡན་ལག་བརྒྱད་པར་ངེས། །དེ་ལྟར་བསྟན་རྩིས་རྣམ་པར་དག་པ་ཡི། །ཡོན་ཏན་ཡན་ལག་བརྒྱད་དང་ལྡན་གྱུར་པ། །འདི་ལྟ་གཟུར་གནས་བློ་ལྡན་འགའ་ཡོད་ན། །ཡིད་ཆེས་སྐྱེ་བའི་གནས་སུ་བདག་གིས་བརྗོད། །དེ་ཚེ་རྒྱལ་བའི་བསྟན་འདིར་ལོ་ཡི་གྲངས། །ཅི་ཙམ་སོང་ཞེས་རྟོག་ན་འདི་ལྟ་སྟེ། །སངས་རྒྱས་ལྷུམས་སུ་བཞུགས་ནས་ད་ལྟའི་བར། །མི་ལོ་ཉིས་སྟོང་དྲུག་བརྒྱ་ང་བདུན་སོང་། །བཀྲ་ཤིས་ལུམ་བིའི་ཚལ་དུ་སྐུ་བལྟམས་ནས། །གཉིས་སྟོང་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་ལོན། །གང་གི་བདུད་རྩི་བརྙེས་ཤིང་ཆོས་འཁོར་ལོ། །བསྐོར་ནས་ཉིས་སྟོང་དྲུག་བརྒྱ་ཉེར་གཉིས་སོང་། །ལྷོ་ཕྱོགས་སོ་བ་བརྩེགས་པའི་མཆོད་རྟེན་དུ། །དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་སོང་། །གསང་བདག་ཟླ་བ་བཟང་པོའི་ངོར་གསུངས་ནས། །མི་ལོ་ཉིས་སྟོང་ལྔ་བརྒྱ་དོན་བརྒྱད་ཡིན། །རྩ་ཅན་གྱད་ཀྱི་ཡུལ་དུ་རྒྱལ་བ་ཡི། །གཟུགས་སྐུ་ཆོས་ཀྱི་དབྱིངས་བསྡུས་གདུལ་བྱའི་དོན། །ཡུང་འབྲུ་ལྟ་བུའི་སྐུ་གདུང་རྒྱས་གྱུར་པ། །དེ་ནས་ཉིས་སྟོང་ལྔ་བརྒྱ་དོན་བདུན་འདས། །རྒྱལ་བ་ཞིར་གཟིམས་རྗེས་སུ་སྲས་སློབ་འཕགས། །རྣམ་མང་བྱོན་ཚུལ་གཞན་དུ་ཡོངས་ཤེས་བྱ། །ཐུབ་ཆེན་ཞིར་གཤེགས་ལོ་བརྒྱད་ཆུ་སྤྲེལ་སྟེང་། །རྒྱལ་ཀུན་གསུང་གི་རྡོ་རྗེ་འོད་དཔག་མེད། །པདྨ་འབྱུང་གནས་ཨོ་རྒྱན་ཡུལ་བལྟམས་པར། །སྔགས་རྙིང་བསླད་མེད་གཞུང་ཀུན་མཐུན་པར་མཐོང་། །དེ་བཞིན་ཐུབ་པ་གཤེགས་ནས་ལོ་ཉེར་བརྒྱད། །ལོན་ཚེ་སྐལ་ལྡན་རྒྱལ་པོ་ཛཿཞེས་པར། །གསང་བདག་མཐུ་ཡི་རིག་པ་འཛིན་སྡེ་སྣོད། །ཏནྟྲ་གླེགས་བམ་ལེགས་པར་བབ་པ་ཡིན། །རྒྱལ་བ་ཞིར་གཟིམས་སུམ་བརྒྱ་དྲུག་ཅུའི་ལོ། །ཤིང་ལོ་གླང་ལ་དྷཱ་ན་ཀོ་ས་རུ། །ལྷ་བུ་སེམས་ལྷག་ཅན་ཞེས་མི་ཕམ་མགོན། །རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ་ཉིད། །འཁྲུངས་པར་བསླད་མེད་སྙིང་ཐིག་བས་གཞུང་ཀུན། །མཐུན་པས་འཁྲུལ་པའི་དྲི་མ་ནམ་ཡང་མེད། །སངས་རྒྱས་གཤེགས་ནས་བཞི་བརྒྱ་ཐམ་པའི་ལོར། །སངས་རྒྱས་ཉིད་མཚུངས་དཔལ་མགོན་ཀླུ་སྒྲུབ་འཁྲུངས། །དེ་ནས་བརྩམས་ཏེ་ཐེག་ཆེན་སློབ་དཔོན་ནི། །འཛམ་གླིང་རྒྱན་དྲུག་གྲགས་རྣམས་རིམ་པར་བྱོན། །འདས་ལོ་ལྔ་བརྒྱའི་སྟེང་གནས་ཤིང་སྤྲེལ་ལོར། །འབྲས་བུ་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་། །རྡོ་རྗེ་ཐོད་འཕྲེང་མཚོ་གླིང་པདྨའི་དབུས། །བྱོན་ཞེས་རིག་འཛིན་གདུང་བསྒྲུབ་རྒྱུད་ནས་གསུངས། །འདས་ལོ་བདུན་བརྒྱ་ལོན་རྗེས་ཤམྦྷར། །འཇམ་དཔལ་དབྱངས་ཀྱི་ཉི་མའི་ཤིང་རྟའི་ངོར། །དུས་འཁོར་རྩ་བའི་རྒྱུད་ལས་བསྡུས་རྒྱུད་བསྡུས། །ལོ་དེ་ཉིད་ལ་ལོངས་སྐུའི་ཞིང་དུ་གཤེགས། །འཇམ་དཔལ་གཤེགས་ནས་མི་ལོ་བདུན་བརྒྱ་དང་། །ཉེར་བདུན་འདས་པ་ཤིང་ཕོ་སྤྲེལ་གྱི་ལོར། །བྱེད་ལོ་མེ་མཁའ་རྒྱ་མཚོ་ཟུག་དེ་ནས། །ད་བར་ཆིག་སྟོང་ཆིག་བརྒྱ་བཅོ་བརྒྱད་སོང་། །དེ་ཡི་ནང་ཚན་རབ་བྱུང་དང་པོ་ནས། །ད་ལྟ་རབ་བྱུང་བཅུ་གཉིས་པ་ཡི་ནང་། །བློ་ངན་ལྕགས་བྱ་ཡན་ཆོད་འདས་པའི་ལོ། །བརྒྱ་ཕྲག་བདུན་དང་ཉག་མ་བཅོ་ལྔ་ལོན། །རྔ་ཆེན་ཆུ་ཁྱི་འཆར་བ་འདི་ལ་སོགས། །རིམ་པས་སྔ་མའི་ལོ་ལ་བསྣན་བྱས་ཏེ། །ཚུལ་དེས་རྒྱལ་བསྟན་ལྔ་སྟོང་གནས་ཞེས་ན། །གཉིས་སྟོང་བཞི་བརྒྱ་ཉི་ཤུ་རྩ་གསུམ་ལྷག །གལ་ཏེ་མདོ་སྡེ་ཟླ་སྙིང་ལུང་ལྟར་ན། །མ་འོངས་གནས་ཚད་བཞི་བརྒྱ་ཉེར་གསུམ་གྱུར། །འོན་ཀྱང་ཟླ་སྙིང་དགོངས་པ་སྒང་ལོ་དང་། །ལྔ་སྟོང་ཕྱེད་ལོར་བྱས་ན་ཕལ་ཆེར་མཚུངས། །དེང་སང་སྙིགས་མའི་ངང་ཚུལ་ཆེས་ངོམས་འདི། །ལྔ་སྟོང་ཕྱེད་ལོར་མཛད་པ་ཉིད་དུ་དགོས། །འོན་ཀྱང་སྐྱེ་རྒུའི་བདག་མོ་རབ་བྱུང་བས། །ཐུབ་བསྟན་ལྔ་བརྒྱ་ནུབ་སྔའི་རྒྱུར་གསུང་ཡང་། །བསྟན་འདིར་མངོན་པར་སྤྱོད་པ་གསང་སྔགས་ཀྱི། །རིག་འཛིན་ཚོམ་བུ་འབུམ་ཕྲག་ཆེས་མང་པོ། །བྱུང་བའི་མཐུ་ལས་རྒྱལ་བསྟན་རིན་ཆེན་ཡང་། །ལྔ་བརྒྱ་ཕྲག་གཅིག་རིང་དུ་བསྲིང་འགྱུར་ཞེས། །རྣམ་དག་ཚད་ཐུབ་ལུང་ལས་གསལ་འབྱུང་ན། །དེ་ཚེ་ལྔ་སྟོང་ལྔ་བརྒྱ་ཡོངས་སུ་རིགས། །དུས་འཁོར་བསྟན་པ་སྔ་མའི་གནས་ཚད་ལ། །ལྷག་མ་རགས་རྩིས་བདུན་བརྒྱ་ཙམ་དུ་མཐོང་། །དེ་མཐར་ལྷ་ཡི་དབང་ཞེས་འཁོར་ལོ་ཅན། །སེང་ཁྲིར་ཆོས་བསྟན་དགོངས་ལོ་ལྔ་བཅུ་པ། །ཟད་བྱེད་ལོ་མཐར་དྲག་པོའི་དཔུང་བཅས་ཀྱིས། །ངན་འགྲོ་ལྷ་མིན་ཀླ་ཀློ་བཅད་མཛད་ནས། །འཛམ་གླིང་སྐྱེ་དགུའི་འགྲོ་ལ་རྫོགས་ལྡན་གྱི། །དགའ་སྟོན་བཟང་པོ་འགྱེད་པའི་དབུ་བརྩམས་ཤིང་། །བླ་མེད་སྔགས་བསྟན་འགའ་ཡང་གསལ་བར་བྱེད། །ཀླ་ཀློ་བཅོམ་ནས་འཁོར་ལོ་ཅན་འཁོར་བཅས། །རང་གནས་ཀཻ་ལ་ཤ་རུ་གཤེགས་བྱས་ཏེ། །མི་ལོ་ལྔ་བཅུའི་མཐའ་རུ་རིགས་ལྡན་གྱི། །བྱིན་གྱིས་བརླབས་པས་འཁོར་ན་གནས་པ་ཡི། །མི་དང་མི་མ་ཡིན་པའི་ཚོགས་རྣམས་ཀུན། །ཚོམ་བུའི་ཚུལ་དུ་ཕྱག་ཆེན་མཆོག་གྲུབ་འགྱུར། །ཚུལ་འདི་ལ་ཡང་མེ་མཁའ་རྒྱ་མཚོའི་ཡུན། །རྒྱལ་དཀས་རྩིས་གཞི་མཛད་པའི་དུས་ཀྱི་སྒྲར། །འཁྲུལ་ནས་རིགས་ལྡན་གཉིས་ཀྱི་སྐུ་ཚེའི་ཚད། །ནོར་བ་དེ་སྤང་འདི་ནི་དག་ལྡན་ཡིན། །ཡང་ནི་མེ་མཁའ་རྒྱ་མཚོའི་ལོ་ཚོགས་ལ། །ལག་པ་གདེངས་ཅན་ཟླ་བས་སྦྱངས་པའི་དུས། །རྒྱལ་དཀའི་དགོངས་ལོ་གྱ་གཉིས་བཞེད་པ་ཡི། །ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱ་ལ། །རྒྱ་མཚོའི་རྣམ་རྒྱལ་ནས་བརྩོན་དྲག་པོའི་བར། །བརྒྱ་ཕྲག་བཅུ་དྲུག་རིགས་ལྡན་གྲངས་གྲུབ་དེས། །གཉིས་བརྒྱ་མ་ཚང་སྔོན་དུ་དྲག་པོ་བྱུང་། །འགལ་བ་དེ་སྤང་འདི་ནི་དག་ལྡན་ཡིན། །ཀླ་ཀློ་འཇོམས་དུས་ཟད་པ་མེ་སྟག་དང་། །དྲག་པོས་ཆོས་བསྟན་དགུང་ལོ་ལྔ་བཅུ་པར། །རྒྱུད་ནས་གསུང་བཞིན་རང་བཟོས་ཇི་བདེར་སྤྱོད། །དེ་སྤངས་པས་ན་འདི་ནི་དག་ལྡན་ཡིན། །དེ་སྐད་བྱེད་པ་དག་པའི་ལོ་ལས་བརྩམས། །འཁྲུལ་འགལ་རང་བཟོའི་སྐྱོན་སྤང་དག་པ་ཡི། །ཡོན་ཏན་གསུམ་དང་ལྡན་པའི་ལེགས་བཤད་ཀྱང་། །སྐབས་འདི་ཇི་ལྟར་ནུས་དེ་གསལ་བྱས་སོ། །འཁོར་ལོ་ཅན་སྲས་ཚངས་དང་ལྷ་དབང་གི །ས་ཡི་འཁོར་ལོ་རྒྱབ་དང་བདུན་སྐྱོངས་ནས། །ཚེ་ཡང་སྟོང་དང་བརྒྱད་བརྒྱར་གོང་དུ་འཕེལ། །བསྟན་པ་རིན་ཆེན་དེ་ལྷག་མ་ཡང་། །ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱའི་བར་གནས་པ། །དཔལ་མཆོག་དང་པོའི་སངས་རྒྱས་རྒྱུད་ཆེན་དང་། །དོན་ཡོད་ལྕགས་ཀྱུས་ཆ་བསགས་འཇུག་པར་གསུངས། །དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ངེས་པ། །རྣམ་པར་དག་འདི་སྔོན་ནས་གྲུབ་པ་ཉིད། །དམ་པ་རྣམས་ནས་ལེགས་པར་མཁྱེན་བཞིན་དུ། །བདག་གི་ལས་ཀྱི་བགོ་སྐལ་འཇོག་པར་ཤེས། །དེ་ཡང་རྫོགས་སངས་རྒྱས་དངོས་ཆོས་ཀྱི་རྗེ། །དཔལ་མགོན་བླ་མའི་བྱིན་རླབས་ཁོ་ན་ལས། །བདག་བློའི་སྟོབས་ཀྱིས་གཞལ་བ་མ་ཡིན་ན། །འཁྲུལ་བའི་དྲི་མ་རབ་ཏུ་ཉུང་བར་ངེས། །འདི་བཞིན་གཞན་གྱི་གསལ་བྱས་མ་མཐོང་བས། །སྔོན་མེད་ལེགས་བཤད་བརྗོད་ལ་ཉེས་པ་མེད། །གལ་ཏེ་འཁྲུལ་པའི་ཆ་ཤས་མཆིས་སྲིད་ན། །བདག་བློའི་སྐྱོན་ཏེ་མཁྱེན་ལྡན་རྣམས་ལ་བཤགས། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་། །གནས་དུས་འདིར་དགོངས་བསྟན་པའི་ཡུན་ཚད་གང་། །མ་འཁྲུལ་གསལ་བ་ནོར་བུའི་མེ་ལོང་ངོས། །སྲ་ཕབ་གཟུགས་བཞིན་རྒྱལ་བ་ཉིད་མཐུས་སྣང་། །ཅེས་སོ། །

དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོ་མེ་ལས། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པའི་སྐབས་ཏེགཉིས་པའོ། །

སྐབས་གསུམ་པ། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པ།

ད་ནི་རྣམ་གྲངས་ཤེས་སླད་དང་། །ལེགས་པར་བཤད་པ་ཡང་མཐོང་བས། །བྱེད་ལོ་མེ་མཁའ་རྒྱ་མཚོ་ཡི། །ངེས་པ་འགའ་ཡང་འདིར་བཤད་བྱ། །དེ་ཡང་མཁས་ཤིང་དམ་པ་མཆོག་ཏུ་གྱུར་པ་འགའ་ཞིག་གིས་བྱེད་པའི་ལོ་མེ་མཁའ་རྒྱ་མཚོའི་ངེས་པ་རྣམ་པར་བཞག་པ་དུ་མ་མཐོང་བ་དེ་དག་གི་དོན་ས་བོན་ཙམ་འདིར་བརྗོད་ན། ཆག་ལོ་གསུམ་པས་རིགས་ལྡན་ཁྱབ་འཇུག་སྦས་པའི་དགོངས་ལོ་ང་གཅིག་སྐབས་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་བྱུང་བས་མེ་མཁའ་རྒྱ་མཚོའི་དབུ་དུས་དེར་ཚུགས་པར་གསུངས་བ་དང་། རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོས་རིགས་ལྡན་ཉི་མ་གྲགས་སེང་གེའི་ཁྲིར་འཁོད་པ་ཙམ་མ་ཁའི་ཡུལ་དུ་ཀླ་ཀློ་ལྷག་པར་དར་ཞིང་འཕགས་ཡུལ་ནུབ་ཕྱོགས་སུ་གསར་དུ་འཕེལ་བས་སྦྲང་རྩིའི་བློ་གྲོས་ཀྱང་དུས་འདི་ཙམ་དུ་བྱུང་བར་མངོན་ཞེས་གསུང་སྟེ་ཚུལ་འདི་འགོས་ལོ་གཞོན་ནུ་དཔལ་པཎྜི་ཏ་ཆེན་པོ་ཞིག་གིས་མཛད་པའི་རྩིས་ཀྱི་བསྟན་བཅོས་རྒྱ་དཔེ་ལས། ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་འཇམ་དཔལ་གྲགས་པའི་རྗེས་བརྒྱད་བརྒྱའི་ལོ་སྟེང་ནས་སྦྱང་བར་བྱས་པ་གཟིགས་གསུང་བ་ཡང་འདི་དང་གནད་གཅིག་ཏུ་བབ་པར་རྟོགས་ལ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་ནི་འཇམ་དཔལ་གྲགས་པའི་རྗེས་ལོ་བརྒྱད་བརྒྱ་ལོན་པ་ན་མེ་མཁའ་རྒྱ་མཚོ་དབུ་ཚུགས་རིགས་ལྡན་ཉི་མས་ཆོས་བསྟན་ནས་ལོ་ཉེར་གསུམ་པའི་སྐབས་ཞག་གཉིས་ཀྱིས་ལྷག་པའི་འདས་ལོ་ཉིས་བརྒྱ་ཉེར་གཅིག་རྫོགས། དེ་ལ་བསྲེ་བྱ་རབ་བྱུང་མེ་ཡོས་ཤར། མེ་ཡོས་དེ་ནས་དྲུག་ཅུ་སྐོར་གསུམ་ལོ་བརྒྱ་དང་བརྒྱད་ཅུ་གོང་གི་ལོ་དག་དག་བསྲེས་པས་མེ་མཁའ་རྒྱ་མཚོ་ཤར་བ་བསྲེ་བྱ་རབ་བྱུང་དང་པོ་ཚུགས་པར་བཞེད་སྟེ། དེ་ད་ལྟའི་རྩིས་མཁན་གཞན་རྣམས་ཀྱིས་ནི་རབ་བྱུང་བཞི་པ་ཡིན་ལ་གང་ལྟར་དུས་དེར་མ་ག་དྷ་ཏུ་རུ་ཀས་བཅོམ་ནས་པཎྜི་ཏ་ཤཱཀྱ་ཤྲཱི་བོད་དུ་བྱོན་པ་ཡིན་ཞེས་གསུངས་ཏེ་རབ་བྱུང་དེ་ནས་ད་ལྟའི་བར་དྲུག་ཅུ་སྐོར་བརྒྱད་འདས་དགུ་པ་རྫོགས་ཉེ་བའི་སྐབས་ཏེ་གཞན་གྱི་རབ་བྱུང་བཅུ་གཉིས་པར་བཟུང་བ་འདི་ཉིད་རྟོགས་དགོས་སོ། །རྒྱལ་བ་རང་བྱུང་ཞབས་ཀྱི་འཇམ་དཔལ་གྲགས་པས་ཆོས་བསྟན་པའི་ལོ་བརྒྱ་དང་བཅས་པའི་བརྒྱད་བརྒྱ་ན་རིགས་ལྡན་ཤིན་ཏུ་བཟང་གི་ཆོས་བསྟན་པའི་ཅུང་ཟད་ཀྱི་སྔོན་ཙམ་ནས་མེ་མཁའ་རྒྱ་མཚོའི་དབུ་ཚུགས། དེ་ནས་ལོ་ཉིས་བརྒྱ་རྫོགས་སྐབས་རིགས་ལྡན་རྒྱལ་དཀའ་ཁྲིར་འཁོད་དེ་ཡི་ལོ་ཉི་ཤུ་ལོནཔ་ན་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་བཞག་སྟེ་རྩིས་གཞི་མཛད་པ་དང་རབ་བྱུང་ཤར་བ་དུས་མཚུངས། དེ་ལ་བསྣན་རྒྱུ་དྲུག་བཅུ་སྐོར་གསུམ་ལོ་བརྒྱ་དང་བརྒྱད་ཅུ་སྦྱང་བྱའི་མིང་ཅན་དུ་མཛད་པ་ནི་ཀླ་ཀློ་རྡོ་རྗེ་གདན་དུ་ཞུགས་ཏེ་ཡུལ་དབུས་ཀྱི་བསྟན་པ་ནུབ་པ་ནུབ་པའི་དུས་སུ་རྒྱལ་བའི་ལུང་བསྟན་པར་བཞེད་པ་སོགས་ལྷག་མ་གྲུབ་ཐོབ་ཨོ་རྒྱན་པའི་དགོངས་པ་དང་མཐུན་པར་གནས་སོ། །ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ནི་འཇམ་དཔལ་གྲགས་པའི་དུས་ལོ་ཉིས་བརྒྱ་ཡིན་ལ་དེ་དང་བཅས་པའི་ལོ་བརྒྱད་བརྒྱའི་ཁོངས་སུ་མེ་མཁའ་རྒྱ་མཚོ་ཡང་རྫོགས་པར་འདོད་ལ་དེ་ལ་བསྲེ་བྱའི་རབ་བྱུང་དང་པོ་ནི། ད་ལྟ་སྤྱི་ལ་གྲགས་པའི་རབ་བྱུང་དང་པོ་ཉིད་དང་མཐུན་ཞིང་། དེ་ཚེ་རིགས་ལྡན་མཐའ་ཡས་ཀྱིས་ཆོས་བསྟན་པའི་དུས་ཡིན་པར་དགོངས་ཤིང་འཇམ་དཔལ་གྲགས་པའི་རྗེས་ཀྱི་རིགས་ལྡན་རྣམས་ཀྱིས་ཆོས་བསྟན་པའི་དུས་ལོ་དྲུག་ཅུ་རེ་མཚུངས་པར་བཞེད་པའོ། །དཔལ་མཁའ་སྤྱོད་དབང་པོའི་ཞལ་སྔ་ནས་ནི་འཇམ་དཔལ་གྱི་དུས་ནས་ལོ་བརྒྱད་བརྒྱ་ལོན་པ་ན་ད་ལྟ་སྤྱིའི་རབ་བྱུང་དང་པོ་འདི་ཤར་བ་ཡིན་ལ་འདས་ལོ་ཉིས་བརྒྱ་ཉེར་གཅིག་བརྒྱད་བརྒྱའི་ཁོངས་སུ་བསྒྲངས་བར་མཛད་པ་སྣང་ངོ་། །དེ་ལྟར་མེ་མཁའ་རྒྱ་མཚོའི་འདོད་ཚུལ་གྲགས་ཆེ་བ་གཉིས་ནི་གོང་དུ་རང་ལུགས་བསྟན་རྩིས་ཀྱི་སྐབས་སུ་དྲང་བ་དང་། སྐབས་འདིར་སྨོས་པ་དྲུག་དང་། གཞན་དུ་འཁྲུལ་སེལ་དང་། གདན་དུས་ཀྱི་ལུགས་དང་བཅས་པས་ཁྱོན་དུས་རྣམ་གྲངས་བཅུར་མཐོང་ལ། འདིར་སྨོས་པ་དྲུག་ལས་རྒྱལ་བ་རང་བྱུང་ཞབས་དང་རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོའི་དགོངས་པ་དག་རགས་རྩིས་སུ་མཐུན་ལ་དེ་ནི་གོང་དུ་ཞིབ་མོར་བྱེད་ཟིན་པའི་བསྟན་རྩིས་ལས་ལོ་དྲུག་ཅུ་སྐོར་དག་གི་དམན་པ་ཙམ་སྟེ་འདི་ཡང་འཕགས་ཡུལ་གྱི་གཏན་ཚིགས་མང་པོ་ཞིག་དང་འགྲིག་པས་ཁུངས་ལྡན་དུ་རྟོགས་མོད། དེ་ལྟ་ན་ཡང་རང་བྱུང་ཞབས་ཀྱི་དགོངས་པ་འཆད་པར་འདོད་པ་མཁས་པ་ཆེན་པོ་ཁ་ཅིག་རང་བྱུང་ཞབས་ཀྱི་བཞེད་ཚུལ། དེང་གི་ལག་རྩིས་པ་སྤྱི་དང་གཟའ་སྐར་ལུང་སྟོན་ཚུལ་ཆེས་མི་མཚུངས་པ་ཞིག་འབྱུང་བར་སྣང་བས་དེ་ལ་སྐྱེ་བོའི་ཡ་ཁ་སྤང་བ་སྐད་མཛད་ནས་འདས་ལོ་གྲངས་གཞན་དུ་ཀྱོག་དགོས་བྱུང་འདུག་ཀྱང་རང་བྱུང་ཞབས་ཀྱི་ལོ་བདག་མེ་མཁའ་རྒྱ་མཚོ་སྦྱངས་བཞག་གི་མཚམས་མ་ནོར་བར་རྒྱུད་ཀྱི་རྩིས་འཕྲོ་སྦྱིན་པས་གཟའ་སྐར་ལུང་སྟོན་ཚུལ་སོགས་མི་མཐུན་པ་གཏན་ནས་མི་འབྱུང་ཡང་སྟོན་པའི་འཁྲུངས་ལོ་དང་མེ་མཁའ་རྒྱ་མཚོའི་བར་ལོ་ཡི་ངེས་པ་སྔ་ཕྱི་ཅུང་ཟད་སྤྱི་བཏང་ཙམ་དང་རང་བཞེད་ཁྱད་པར་དབྱེ་བ་མ་ངེས་པ་དང་ལོ་དག་ནས་སྦྱངས་བྱར་དགོངས་ཏེ་གསུངས་པ་སྒྲ་ཇི་བཞིན་སེམས་པ་བྱུང་ན་འཁྲུལ་པ་དང་། མེ་ཡོས་ལ་རྩིས་འཕྲོ་བསྲེ་རྒྱུ་ཤིང་བྱི་ལ་བསྲེ་བར་དམིགས་པ་སོགས་ནི་མཁས་པའི་ཐུགས་དབྱིངས་ནས་རྨོངས་པའི་རྣམ་འགྱུར་བསྟན་པ་ཡིན་ལ། པཎྜི་ཏ་ཤཱཀྱ་ཤྲཱི་ཁྲོ་ལོས་གསུང་བཞིན་ཤིང་བྱི་ལོར་བོད་ཡུལ་གཙང་དུ་ཕེབས་པར་སྣང་ཡང་། གྲུབ་ཐོབ་ཨོ་རྒྱན་པ་དང་རྗེ་རང་བྱུང་བས་མེ་ཡོས་ལོར་བོད་ཡུལ་མཐིལ་དབུ་རུ་ཕེབས་པ་ལ་མཛད་པས་རགས་ཞིབ་ཙམ་དུ་གྱུར་ཅིང་། ལར་ལག་རྩིས་རི་མོ་ལ་སྐྱོན་མེད་ཕྱིན་གཏམ་རྒྱུན་ཐ་དད་དམ་རགས་རྩིས་སམ་དགོས་པའི་དབང་གི་ལོ་ཚིགས་སུ་སྔ་ཕྱི་ཅུང་ཟད་ནུར་བར་དེ་ཙམ་གྱི་སྐྱོན་དུ་བཟུང་མ་དགོས་པར་ཉིད་ནས་ཀྱང་རྩིས་འཕྲོ་འགྲིག་པར་དགོངས་གཏན་ཚིགས་སྤོས་པས་ཀྱང་གསལ་མོད། འོན་ཏེ་འདིར་མང་དུ་མི་སྨྲ་ཡི་ལོགས་སུ་དཔལ་རང་བྱུང་ཞབས་ཀྱི་དགོངས་བཞེད་ཡང་ཅི་ནུས་ཞིག་མོས་པའི་སྟོབས་ཀྱི་འཆད་པར་འདོད་ལ། ལར་གྱི་ལོ་ཡི་སྐོར་གྲངས་སྔ་ཕྱི་ཙམ་ལས་རྣམ་གྲངས་མང་ཞིག་ཞིབ་མོས་བྱས་པ་འདི་ཉིད་དུ་འཇུག་པས་རྒྱལ་བ་དེ་ཡི་དགོངས་པར་གྱུར་པ་ཡང་བློ་གྲོས་ཟབ་མོ་ཐོབ་པ་རྣམས་ཀྱིས་གཟིགས་པས་གསལ་བའོ། །མེ་མཁའ་རྒྱ་མཚོའི་ངེས་པ་གཞན་རྣམས་ཀྱང་མཛད་པ་པོ་འཕགས་པའི་སར་བཞུགས་པ་དང་། ཚད་མའི་གཏམ་དང་ཇི་རིགས་འབྲལ་ཞིང་འཕགས་ཡུལ་གྱི་དམ་པའི་ངག་སྒྲོས་ཅན་རྣམས་ནི་དག་སྣང་སྦྱང་བའི་ཡུལ་དུ་བྱ་ཞིང་ཀུན་ཏུ་གཤེ་བར་ཡང་མི་བྱའོ། །

ད་ནི་འཕྲོས་སུ་དེང་གི་རྩིས་མཁན་སྤྱི་ལ་གྲགས་པའི་རབ་བྱུང་སྐོར་ཇི་སྙེད་སོང་བའི་སོ་སོའི་དུས་ཀྱི་ངེས་པ་སངས་རྒྱས་པར་གཞན་དུ་སྤྲོས་བཞིན་དང་འདིར་ས་བོན་ཙམ་དུ་གྲགས་ཆེ་བའི་སྐྱེས་བུ་ཁ་ཅིག་གི་དགོངས་ལོའི་ཚད་དང་། སྦྱར་ཏེ་གོ་བདེར་བཤད་པར་བྱ་སྟེ། དེ་ཡང་རབ་བྱུང་དང་པོ་ཤར་བ་ན་ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་བདུན་ཅུ་ཐམ་པ། ཇོ་བོ་རྗེ་ང་དྲུག་པ། ཁྱུང་པོ་རྣལ་འབྱོར་སོ་བརྒྱད། མར་པ་ཆུ་སྟག་ལོ་པའི་ཉེར་དྲུག རྒྱལ་བ་འབྲོམ་ཉེར་གསུམ་ཡིན་ལ། དེ་བཞིན་རབ་བྱུང་གཉིས་པ་ཤར་པ་ན་མྱི་ལ་ས་འབྲུག་ལ་འཁྲུངས་པའི་དྲུག་ཅུ་ཐམ་པ། པུ་ཏོ་པ་ང་བདུན། རྗེ་སྒམ་པོ་པ་དགུང་ལོ་དགུ་པའོ། །རབ་བྱུང་གསུམ་པ་ཤར་བ་ན། ས་སྐྱའི་རྗེ་བཙུན་གྲགས་རྒྱལ་དང་། ཞང་གི་གདན་ས་བ་མཉམ་མེད་ཤཱཀྱ་ཡེ་ཤེས་རྣམས་འཁྲུངས། ས་ཆེན་གྱི་ང་དྲུག ཕག་མོ་གྲུབ་པ་དང་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་སོ་བརྒྱད། ཀཿཐོག་དམ་པ་བདེ་གཤེགས་ཀྱི་ལོ་བཅུ་བཞི །ས་སྐྱའི་རྗེ་བཙུན་བསོད་ནམས་རྩོ་མོ་དང་དཔལ་སྟག་ལུང་ཐང་པའི་ལོ་དྲུག་པ། འཇིག་རྟེན་གསུམ་མགོན་གྱི་ལོ་ལྔ་ལོན་པ་ཡིན་ནོ། །རབ་བྱུང་བཞི་པ་ལ་རྒྱལ་བ་ལོ་རས་ཀྱི་དབོན་ཙཱ་རི་རས་པ་བྱང་ཆུབ་འབུམ་སྐུ་འཁྲུངས། དཔལ་འབྲུག་པ་གཙང་པ་རྒྱ་རས་དགུང་ལོ་ཞེ་བདུན་པ། ས་པཎ་ཉེར་དྲུག གཏེར་སྟོན་གུ་རུ་ཆོས་དབང་ལོ་བརྒྱད་པ། ཀརྨ་པ་དགུང་ལོ་བཞི་པའོ། །རབ་བྱུང་ལྔ་པ་ཤར་བ་ན་ཚལ་པ་བཀའ་རྒྱུད་ལྷ་རི་བ་བཛྲ་ནཱ་ཐ་འཁྲུངས། གྲུབ་ཆེན་ཨོ་རྒྱན་པའི་སོ་བརྒྱད། ས་སྐྱ་ཆོས་རྒྱལ་འཕགས་པ་སོ་གསུམ། རིག་འཛིན་ཀུ་མ་རཱ་ཛའི་དགུང་ལོ་གཉིས་པའི་སྐབས་ཡིན་ནོ། །རབ་བྱུང་དྲུག་པ་ཤར་བ་ན། ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་ཞེ་བཞི། བུ་སྟོན་སོ་བརྒྱད། ཇོ་ནང་ཀུན་མཁྱེན་སོ་དྲུག ཀུན་མཁྱེན་དྲི་མེད་འོད་ཟེར་ཉི་ཤུ་ཐམ་པའོ། །རབ་བྱུང་བདུན་པ་ཤར་བ་ན། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་དང་། ལྷ་རི་གྲགས་པ་བསོད་ནམས་རྒྱལ་མཚན་འཁྲུངས། གཏེར་སྟོན་སངས་རྒྱས་གླིང་པ་བཞི་བཅུ་ཞེ་བརྒྱད་དང་། ཞྭ་དམར་བ་མཁའ་སྤྱོད་དབང་པོ་གཏེར་སྟོན་དྲི་མེད་ལྷུན་པོ་སུམ་ཅུ་སོ་བརྒྱད། ཤར་ཙོང་ཁ་པ་རྗེ་བློ་བཟང་གྲགས་པ་སོ་གཅིག བོ་དོང་ཀུན་མཁྱེན་འཇིགས་བྲལ་བཅུ་གསུམ། ངོར་ཆེན་ཀུན་དགའ་བཟང་པོ་དང་རྫོང་པ་ཀུན་དགའ་རྒྱལ་མཚན་དྲུག་པ། ཀརྨ་པ་དེ་བཞིན་གཤེགས་པ་དགུང་ལོ་བཞི་པའོ། །རབ་བྱུང་བརྒྱད་པ་ཤར་བ་ན། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་གི་འདས་ལོ་ཐོག་མར་བྱས། ཆག་ལོ་གསུམ་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་ང་བདུན་པ། འགོས་ལོ་གཞོན་ནུ་དཔལ་བ་ང་དྲུག གཏེར་སྟོན་རཏྣ་གླིང་པ་ཞེ་ལྔ། ཀུན་མཁྱེན་སངས་རྒྱས་འཕེལ་པོ་བདུན། ཀརྨ་མཐོང་བ་དོན་ལྡན་གྱི་སུམ་ཅུ་རྩ་གཉིས། པཎ་ཆེན་ཤཱཀ་མཆོག་ཉི་ཤུ་ཐམ་པ། ཆོས་རྗེ་གོ་རམས་པ་བཅུ་དགུ་པ། གཡོ་རུ་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བཅུ་དྲུག་པའོ། །རབ་བྱུང་དགུ་པ་ཤར་བ་ན། ཀརྨ་ཅོད་པཎ་འཛིན་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྐུ་འཁྲུངས། གཏེར་སྟོན་པདྨ་གླིང་པའི་ང་བརྒྱད། གཙང་སྨྱོན་སངས་རྒྱས་རྒྱལ་མཚན་ང་དྲུག དབུས་སྨྱོན་ཀུན་དགའ་བཟང་པོ་ལྔ་བཅུ་ཐམ་པ་ཡིན་ནོ། །རབ་བྱུང་བཅུ་པ་ཤར་པ་ན། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་ལྔ་བཅུ་རྩ་ལྔ་པ། ཟུར་མཁར་མཚོ་བྱེད་བློ་གྲོས་རྒྱལ་པོ་ལྔ་བཅུ་ང་དགུ་པ། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ལྔ་བཅུ་ཐམ་པ། མི་ཕམ་པ་པདྨ་དཀར་པོ་བཞི་བཅུ་ཞེ་གཅིག་པ། རིག་འཛིན་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུ་དྲུག་པ། ཀརྨ་དབང་ཕྱུག་རྡོ་རྗེ་བཅུ་བཞི་པའོ། །རབ་བྱུང་བཅུ་གཅིག་པ་ཤར་པ་ན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ལྔ་བཅུ་རྩ་གསུམ་པ་རིག་འཛིན་འཇའ་ཚོན་སྙིང་པོ་བཞི་བཅུ་ཞེ་གསུམ། སྒམ་པོ་ནོར་བུ་རྒྱན་པའི་སོ་དགུ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཉེར་གསུམ། རྒྱལ་དབང་བློ་བཟང་རྒྱ་མཚོ་དགུང་ལོ་བཅུ་ཐམ་པའོ། །རབ་བྱུང་བཅུ་གཉིས་པ་ཤར་བ་ན། སྒམ་པོ་སྤྲུལ་སྐུ་བཟང་པོ་རྡོ་རྗེ་ང་གཉིས་པ། ཡོང་དགེ་གཏེར་སྟོན་མི་འགྱུར་རྡོ་རྗེ་དང་བྱང་བདག་པདྨ་འཕྲིན་ལས་ཀྱི་ཞེ་བདུན། ཏྲེ་བོ་ཆོས་ཀྱི་དབང་པོ་སོ་ལྔ། ཀརྨ་པ་བཅུ་གཅིག་ཡེ་ཤེས་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ཡིན་ནོ། །ད་ལྟའི་ཆ་ཁྱི་འདི་ནས་ལོ་ལྔ་འདས་པ། རབ་བྱུང་བཅུ་གསུམ་པ་ཤར་བ་ན། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དགུང་ལོ་ཞེ་བརྒྱད་པ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཞབས་དགུང་ལོ་བཞི་བཅུ། འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱལ་དབང་འཕྲིན་ལས་ཤིང་རྟ་དང་དཔའ་བོ་གཙུག་ལག་དགའ་བ་ཡི་དགུང་ལོ་སུམ་ཅུ་ཐམ་པ། ཀརྨ་ཅོད་པཎ་འཛིན་བཅུ་གསུམ་འབྱོན་པར་གསུངས་པའི་མཐའ་མ་བདུད་འདུལ་རྡོ་རྗེ་དགུང་ལོ་བཅོ་ལྔའི་སྟེང་དུ་སླེབ་པར་འགྱུར་བ་སྟེ་སྐྱེས་བུ་ཆེན་པོ་དེ་རྣམས་སྐུ་ཚེ་བརྟན་པར་གྱུར་ཅིག །

འདིར་སྨྲས་པ། དེ་ལྟར་དཔལ་ལྡན་དང་པོའི་སངས་རྒྱས་མཆོག །དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཆེན་ལས། །ཕྱི་ཡི་དུས་འཁོར་སྐར་རྩིས་གསུངས་པའི་སྐབས། །རྣམ་པར་སྦྱངས་དང་ངེས་པར་བཞག་པ་ཡི། །བྱེད་པའི་ལོ་དག་མེ་མཁའ་རྒྱ་མཚོ་ཞེས། །དགོངས་པ་དོན་དང་ལྡན་པས་གསུང་བ་དང་། །སྤྱན་རས་གཟིགས་ཀྱི་འགྲེལ་པར་ལེགས་བཀྲལ་ཡང་། །ཟབ་བརླིང་རྡོ་རྗེའི་ཚིགས་སུ་གྱུར་པས་ནི། །བོད་ཡུལ་འདིར་བྱོན་མཁས་པའི་དབང་ཕྱུག་ཆེ། །སྐྱེས་མཆོག་མང་པོས་འདོད་ཚུལ་དུ་མ་དང་། །འཕགས་ཡུལ་དུ་ཡང་བདག་ཉིད་ཆེན་པོ་མཆོག །འགའ་ཡང་བཞེད་པ་ཐ་དད་གནས་པར་མངོན། །འཕགས་ཆེན་གོ་འཕང་ངེས་བརྙེས་དགོངས་པ་ནི། །འདོད་ཚུལ་སྤྱི་དང་ལྟར་སྣང་མ་མཐུན་ཡང་། །དགོངས་པ་ཅན་རྣམས་གདུལ་བྱ་འགའ་ཞིག་ངོར། །བདེན་པར་འགྱུར་བས་དག་སྣང་བསྐྱེད་པར་བྱ། །གཞན་གྱུར་སོ་སྐྱེས་རྟོག་གེའི་རྟོག་དཔྱོད་ཀྱི། །རིགས་གྲས་ཕོ་ཚོད་དག་གི་བཞག་པ་དང་། །གཏམ་རྒྱུད་མ་དག་པའམ་མ་ངེས་པ། །གྲགས་པའི་རྗེས་འབྲང་སྐྱོ་མ་སྔ་བཙོན་དང་། །ཁུངས་མེད་བརྡོལ་ཐབས་སྨྲ་བ་ཡང་མཐོང་ན། །དོན་གྱི་སྙིང་པོས་དབྱེན་པས་དོར་བྱར་ངེས། །དེ་ཕྱིར་དག་དང་མ་དག་མཐའ་གཉིས་ནི། །བློ་ལྡན་དམ་པ་རྣམས་ཀྱིས་རབ་དཔྱད་འོས། །འདིར་ནི་ས་ཕྱོགས་ཡངས་པའི་ཡུལ་རིས་ཀུན། །དྭངས་པའི་མེ་ལོང་ངོས་སུ་ཞུགས་པ་བཞིན། །མཁས་བཞེད་རྣམ་མང་གླེགས་བམ་དུ་མ་ཡང་། །བདག་བློ་གསལ་བའི་ཚིག་ཉུང་དོན་མང་བསྡུས། །གཟུར་གནས་བློ་ལྡན་མགུ་བའི་དགའ་སྟོན་དུ། །ཚེ་དབང་ནོར་བུ་དཔལ་དེས་རོལ་རྩེད་ཡིན། །དེ་བཞིན་རབ་བྱུང་དུས་ཀྱི་ངེས་པ་ཡང་། །དོན་གཉེར་བློ་གསལ་དང་བས་བླང་བར་མཛོད། །ཞེས་ཚིགས་སུ་བཅད་པའོ། །

དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོན་མེ་ལས། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པའི་སྐབས་ཏེ་གསུམ་པའོ། །

དེ་སྐད་རྣམ་དག་རྒྱལ་བསྟན་གནས་པའི་ཚུལ། །རྒྱལ་བཀའ་བླ་མའི་གསུང་རྟེན་འདི་བགྱིས་པར། །ལེགས་མཆིས་འགྲོ་བསྔོ་ཀུན་མཁྱེན་མྱུར་ཐོབ་ཤོག །ཉེས་བཤགས་དགེ་བར་དབུགས་དབྱུང་རྒྱལ་བས་སྩོལ། །

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་འདི་ནི་རྒྱལ་བསྟན་ལྔ་བརྒྱ་ཕྲག་དྲུག་པ་ལ་འཇུག་ཞིང་རྩིས་ལོ་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱ་མཛད་པར་ཉེ་ཞིང་རྔ་ཆེན་ཆུ་ཁྱི་འཆར་བར་ཕྱོགས་པ་དབྱུ་གུ་ཟླ་བའི་ཤར་ཕྱོགས་རྒྱལ་བ་སུམ་ཅུ་རྩ་གསུམ་ནས་འཛམ་བུའི་གླིང་དུ་གཤེགས་པའི་དུས་ཆེན་ལ་ཐང་འབྲོག་འདོལ་རྩེ་མོར་དབུ་བཙུགས་ཏེ་ཅུང་ཟད་རེ་བྲིས་པའི་མཐར་སྨིན་དྲུག་གི་ཉ་བའི་དམར་ཕྱོགས་ཆེས་བཅུ་རྒྱུད་རྩིས་ཀྱི་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ་ཀོང་ཡུལ་སྨད་གུ་རུའི་གནས་ཆེན་ལྐོག་འཕྲང་གི་མདུན་ཆུ་ཀླུང་ཆེན་པོ་རོ་ཧི་ཏ་ཡི་འགྲམ་སྔོན་ལྷ་བཙད་པོས་བཟུང་པའི་ཡུལ་གཏམ་སྙན་གླང་མཁར་རྡོ་རིང་གི་ངོགས་སུ་གྲུབ་པར་བོད་ཆེན་མདོ་ཁམས་དབུས་འགྱུར་དུ་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་གདོད་མ་ནས་རྣལ་འབྱོར་པར་གྱུར་པ་ཚེ་དབང་ནོར་བུས་ལེགས་པར་སྦྱར་བ་སྟེ་སླར་ཡང་རྔ་ཆེན་གྱི་ལོ་དེ་ཉིད་དུ་ཞུས་དག་ལེགས་པར་བགྱིས་པའི་རི་མོ་ནན་ཏུར་གྱི་གྲོགས་ལྡན་འགའ་ཞིག་རང་གི་སློབ་མ་མ་དྷེ་པྲ་བློ་གྲོས་རབ་རྒྱས་པུ་ཥྱཿཞེས་པས་ཀྱང་བྱས་པ་སྟེ་ཚུལ་འདི་ལ་འབད་པའི་དགེ་བས་འགྲོ་བ་ཀུན་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཆོག་ཏུ་གུས་པས་ཞུགས་ཤིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད།

༄༅། །དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི། ན་མོ་གུ་རུ་ཝ། ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། མི་ཤིག་བདེ་བ་ཆེན་པོའི་ངོ་བོ་རུ། །གཟུང་འཛིན་འཁྲུལ་རྟོག་མ་ལུས་སྟོང་གྱུར་ཏེ། །མཐའ་ཡས་འགྲོ་བ་ཡོངས་ཀྱི་ཉེར་འཚོའི་དཔལ། །ཀུན་བཟང་གདོད་མའི་མགོན་ལ་ཕྱག་འཚལ་འདུད། །ཀུན་རྫོབ་གཟའ་ཚོགས་འཕོ་བ་བཅུ་གཉིས་རླུང་། །དོན་དམ་དབུ་མའི་ཐིག་ལེར་ཡོངས་ཐིམ་ནས། །འཕོ་མེད་བདེ་ཆེན་རྟག་རྩེན་སྟོང་འཇུག་མཁན། །ཇོ་ནང་ཀུན་མཁྱེན་རྒྱལ་དེས་དགེ་ལེགས་སྩོལ། །རྒྱལ་བསྟན་ཡོངས་རྫོགས་གཟིགས་པ་ཆོས་ཀྱི་སྤྱན། །ནམ་ཡང་མ་སྨད་བློ་ཆེན་རྒྱལ་བའི་སྲས། །སྐར་རྩིས་རྟག་སྤྱོད་ཤུགས་ཀྱི་སྟོང་འཇུག་ཉིད། །གསལ་མཛད་བུ་སྟོན་ཞབས་ལ་སྙིང་ནས་འདུད། །དོན་དམ་ཉིད་བྱེད་བྱིན་གྱིས་རིག་པའི་གནས། །པད་དཀར་རྒྱས་རྒྱུར་དེ་ཡི་དྲི་བསུང་གི །ཉེར་འཚོ་ར་ཡིག་གཉིས་པ་ཀྱེ་རི་བ། །གང་གི་བཀའ་དྲིན་དྲན་བཞིན་འདི་ན་ཀོ །དཔལ་མཆོག་དང་པོའི་སངས་རྒྱས་དུས་འཁོར་གྱི། །རྒྱུད་དོན་རྣམ་པར་དག་པ་གྲུབ་པའི་མཐའ། །ཇི་བཞིན་རྟོགས་པར་འདོད་ལ་རྩིས་འཕྲོ་གང་། །སྟོང་དང་སྐྱེ་བའི་ངང་ཚུལ་ཤེས་བྱ་མཆོག །དེ་ཡང་དཀྱིལ་འཁོར་བདག་པོ་བླ་མའི་མཐུས། །ཚུལ་དེ་རང་སྟོབས་ཉིད་ཀྱི་ལེགས་རྟོགས་མཐར། །མཁས་པ་གཞན་གྱི་ལེགས་བཤད་གླེགས་བམ་ཡང་། །མཐོང་བས་སྒྲོ་འདོགས་ཆོད་ནས་སྟོང་འཇུག་ཚུལ། །རང་གི་དྲན་པའི་གསོས་དང་གཞན་དག་ལ། །ཕན་སླད་རྣམ་གྲངས་ཚིག་ཚོགས་སྤྲོས་བསྐྱུངས་ནས། །སྙིང་པོའི་དོན་གང་རྣམ་པར་གསལ་བ་ཉིད། །ཉུང་ངུའི་ངག་གིས་འདི་རུ་བཀོད་པར་བྱ། །དེ་ཡང་ལོ་ཡི་དང་པོ་རབ་བྱུང་གི །ངོས་འཛིན་མི་མཐུན་རྣམ་པ་གསུམ་མཐོང་ཡང་། །བོད་དང་འཕགས་ཡུལ་སྔོན་རབས་མཁས་པ་རྣམས། །བཞེད་པ་གཅིག་ཕྱིར་མེ་ཡོས་ཉིད་དུ་བཟུང་། །དེ་ཡི་ཐོག་མ་ཟད་པ་སྦོ་ཟླའི་མཐར། །གཟའ་དགུ་རྒྱུ་སྐར་རྫོགས་མཐར་ལོངས་སྤྱོད་པས། །དེ་ཚེ་རྩིས་འཕྲོ་མེད་པ་སྟོང་པར་དག །དེ་ལ་སྟོང་འཇུག་ཆེ་ཞེས་མཁས་པས་བཞག །སྟོང་འཇུག་ཉིད་ལ་ངེས་པ་སྐྱེ་བའི་ཚུལ། །མེ་ཡོས་ལོ་རྫོགས་སྦོ་ཟླའི་གནམ་སྟོང་གི །གཟའ་ཉི་བར་ས་ཚེས་ཀྱི་རྐང་པ་ཉིད། །ས་འབྲུག་ནག་པའི་དྷྲུ་གསུམ་ཉིད་དུ་ངེས། །དེ་ལྟར་ལོ་གྲངས་དབང་ཡུལ་བརྩེགས་པའི་མཐར། །བཤོལ་བཅས་ཉི་མའི་དྷྲུ་བ་རྩིས་འཕྲོ་སྟོང་། །བཤོལ་བཅས་ཉི་མ་དག་པའི་ལོ་དེ་ཉིད། །བརྩི་བྱ་ཀུན་གྱི་རྩ་བར་བཟུང་བར་བྱ། །ལོ་དེ་ཉི་མས་བསྒྱུར་བས་དྲུག་ཅུ་སྐོར། །མཐུན་གྱུར་རབ་ཡུང་ནག་དྷྲུ་སླར་ཡང་སྟོང་། །དབང་ཡུལ་ལོ་གང་རི་མཁའ་རིས་བསྒྱུར་བས། །སྤྱི་ཞག་རི་མཁའ་རི་ཡི་ཆ་སྟོང་ཞིང་། །རིག་བྱེད་སྡེབ་སྦྱོར་གནས་སུ་སོ་གཉིས་འཆར། །དེ་ཚེ་གཟའ་དྷྲུར་ལོངས་སྤྱོད་གཞན་ཀུན་སྟོང་། །དབྱུ་གུར་མཁའ་མེ་གཟའ་གནས་དབང་པོས་བཟུང་། །ཚོགས་སུ་རྩེ་མོ་ཆ་རུ་ཞེ་གཉིས་ཡོད། །ཚོགས་ཆ་ལིང་རྩེ་བཞིན་བཅུ་རྩ་གཉིས་ཀྱི། །རྩ་བ་འདི་ལས་གཞན་དུ་འཛིན་མ་དགོས། །དབང་ཡུལ་རི་མཁའ་རིས་བསྒྱུར་གཉིས་ཀྱི་མཐར། །གཟའ་གནས་བཞི་ལས་དབྱུག་བཅས་ཚེས་ལོངས་སྟོང་། །སྤྱི་ཞག་རེ་བཞིའི་གནས་ཀྱང་ཐིག་ལེར་དག །དབང་ཡུལ་རི་མཁའ་རི་ཡི་ལན་བཅུ་བཞི། །བསྒྱུར་བའི་ལོ་མཐར་ཟླ་དྷྲུ་ཁོ་ན་ལས། །གཟའ་ཚེས་ཉི་མ་གཅིག་ཏུ་སྟོང་པ་ཡིན། །བཅུ་བཞི་བསྒྱུར་ལོ་གསུམ་གྱི་ཡོངས་བསྒྱུར་བས། །ལྔ་བསྡུས་སྟོང་པ་ཉིད་དུ་དག་པར་འགྱུར། །གོང་དུ་སྨོས་པའི་ཚོགས་ཆ་ཞེ་གཉིས་ཀྱིས། །ལིང་རྩེ་ཉིད་ཀྱང་དེ་རུ་ཐིམ་པ་ཡིན། །བསྒྱུར་ཟིན་ལོ་དེ་གཉིས་ཀྱི་སྤེལ་བ་ན། །དྲུག་ཅུ་སྐོར་དང་ཐུན་པར་ལྔ་བསྡུས་སྟོང་། །ཕུག་པའི་ཉི་མའི་རྗེས་སུ་ཚོགས་ཆ་བཙལ། །དེ་ཕྱིར་རེ་མིག་ཞེ་དགུ་ཉིད་དུ་གྲུབ། །ལྔ་བསྡུས་སྟོང་པའི་ལོ་དེ་སྒྲ་གཅན་གྱི། །ལིང་རྩེ་དང་པོར་བྱས་ནས་རིམ་བསྒྲངས་བས། །ཚེས་དང་ཟླ་བའི་མཐའ་རུ་ལྔ་བསྡུས་དང་། །ལྷན་ཅིག་སྒྲ་གཅན་ཉིད་ཀྱང་སྟོང་པར་འཇུག །ཞིབ་མོར་བཤད་པའི་ཚུལ་དེ་ཡིད་བཟུང་ནས། །འཕྲུལ་ལྡན་རིག་པས་ལྷག་རྣམས་བདེ་བླག་གོ །བཀྲ་ཤིས་དམ་པ་སྲིན་མིག་ལག་པས་(༨༥༡)བྱབ། །ལྷ་ཡི་བླ་མས་ལག་མིག་ཐུབ་པར་(༧༢༢)འདུད། །དལ་འགྲོའི་གཏེར་མཛོད་གཞོན་ནུ་ཐུབ་པས་བསྲུངས(༧༦༩)། །ཟླ་བའི་སྲས་མོ་རི་བྲག་ཕྱོགས་སུ་(༡༠༧)བཞུགས། །སྔོ་སང་ཡོན་ཏན་སྡེབ་སྦྱོར་རིག་བྱེད་མཁས(༤༦༣)། །གཟའ་ཚོགས་དག་པའི་འཁོར་ལོ་དེ་རུ་བསྐོར། །དེ་ལ་ལོ་གནས་ཉི་ཤུ་རྩ་གསུམ་སྟེ། །ཟླ་བ་དག་པའི་གནས་ནི་ཉེར་གསུམ་ཡོད། །གཟའ་ཚོགས་མཐའ་དག་སྟོང་པར་འཇུག་པའི་ལོ། །འདི་ལས་དམན་གྱུར་གཞན་དུ་ནམ་ཡང་མིན། །རྣམ་པར་དག་པ་ངེས་དག་འཁོར་ལོའི་རྩིབས། །རྣམ་གསལ་ལིང་ཚེ་དང་པོར་འཆར་བའི་གཟུགས། །སྟོབས་མཆོག་རྐང་པ་གདེངས་ཅན་ཟླ་བས་བརྒྱན། །བཀྲ་ཤིས་དད་པས་འདྲེན་བྱེད་ཐུབ་པར་བལྟས། །སྒྲ་མཁན་སྡེབ་སྦྱོར་ལག་གདེང་མིག་ནི་མཛེས། །དལ་འགྲོ་མཁའ་ཁམས་འདོད་ཡོན་ལོངས་སུ་སྤྱོད། །ཁུ་བ་འཁྲིག་པ་དབང་པོ་བསྒྲོད་པ་གང་། །ཟླ་བུ་མདའ་གདེང་སྲིན་པོའི་འདོད་ཡོན་རོལ། །དེ་ལྟའི་ཡིད་འགྱོགས་རྫུ་པ་རྐང་ནི། །རྩ་བ་སྟོང་ཞག་འཕྲུལ་འཁོར་ཤེས་པས་འགྲུབ། །འདི་ལ་རྨད་བྱུང་སྐྱེས་མཆོག་མང་ཞིག་གི །རྒྱུད་འགྲེལ་ཉིད་ལས་གཞན་གྱུར་བཏང་སྙོམས་མཛད། །སྐབས་འགར་བློ་ལྡན་འགའ་ཡིས་དཔྱད་བྱས་ཀྱང་། །སྟོང་འཇུག་ཆུ་གཏེར་ཆེ་ལས་བརྒལ་མ་ནུས། །ཕྱི་མའི་དུས་སུ་བློ་ཆེན་གཞོན་དཔལ་བས། །གཞན་རྗེས་འཇུག་མིན་རྩི་འཕྲོ་གསར་པ་ཕྱུང་། །ལྔ་སྒྲ་དྲག་གསུམ་སྟོང་འཇུག་ལོ་ཡི་གནས། །བཅུ་བདུན་བྱས་པ་ཡི་གེར་གཏན་ལ་ཕབས། །དེ་ཡང་ཀེ་རུ་ལྷག་སངས་དྷྲུ་བ་ཀ །ཉི་དྷྲུར་ཅིག་ཕྱིར་དེ་སྟོང་ངེས་པར་མཛད། །ཚུལ་དེས་སྤོབས་སྐྱེས་སྲིད་བསྒྲུབ་ལྟར་གྲགས་དེས། །ལྷག་སངས་མྱུར་འཕྲོ་བཙལ་བའི་གསེར་འཁོར་ངོམས། །དེ་ཚེ་ལྷ་ཡི་དབང་པོས་གདན་དུས་ཞེས། །ཞོ་འཐུང་རུས་པའི་རྩེ་བརྒྱ་མངོན་པར་འཕྱར། །བདག་ནི་རྩིས་རིག་རབ་བྱེད་གདན་དུས་བཅས། །ཀྱེ་རི་བར་ཐོས་དེ་ཡི་སློབ་རྒྱུན་ཡིན། །སྟོང་འཇུག་རང་བློ་ཉི་རྗེས་སྤྱི་ཞག་འཕྲོ། །གཟའ་དྷྲུ་ལྷན་ཅིག་བཙལ་བྱས་ཚོགས་ཆ་རིལ། །སྒྲ་དྲག་ཞི་གྱུར་དག་པའི་ལམ་བཟང་དེ། །སྲིད་བསྒྲུབ་སྙེམས་དང་བདག་གི་ཐུན་མོང་ཐོབ། །དེ་ནི་དཔལ་མཆོག་རྩ་བའི་བླ་མ་དང་། །རིག་གནས་བླ་རབས་བྱིན་རླབས་མཐུ་ལས་ཡིན། །མི་ཆོས་མངོན་རློམ་གྱིས་མི་དྲང་པོའི་ངག །དེ་ལ་མཁས་རྣམས་ལོགས་སོ་བརྗོད་པར་ངེས། །འབད་འདི་རྒྱུད་དོན་ཉིད་ལ་འཇུག་འདོད་ཅིང་། །དེས་ཀྱང་དཔལ་མགོན་བླ་མ་དགྱེས་ཕྱིར་ཡིན། །འདི་ནི་རང་གི་འབད་བྱས་དག་པའི་ཚུལ། །ཆ་ཤས་ཉིད་ལས་སྟོང་འཇུག་ཞིབ་མོ་གང་། །མཁས་གཞན་བཀོད་ཟིན་མཐོང་བས་བདག་ངལ་གྱི། །ཡི་གེས་ཅི་བྱ་འདོད་རྣམས་དེར་ཤེས་ཀྱི། །རང་དང་སྐར་རྩིས་སློབ་མ་ཡིད་གཞུང་པས། །རྒྱུད་རྩིས་ཆེད་དུ་ངེས་དག་འབད་བགྱིས་ཀུན། །དོན་ལྡན་རྒྱལ་བ་མཉེས་པའི་རྒྱུ་རུ་བསྔོ། །དེས་ཀྱང་འགྲོ་ཀུན་འཇམ་དཔལ་དབྱངས་འགྲུབ་ཤོག །

ཞེས་རབ་བྱུང་བཅུ་གཉིས་པའི་མིག་དམར་ཤིང་བྱི་སྦོ་ཟླའི་དམར་ཕྱོགས་རྒྱལ་བ་དང་པོར་ཤར་ཕྱོགས་ཤིང་ལོའི་ཚལ་བྱང་ཀོང་ཉང་ཁ་ལྗོན་པ་ཀླུང་བསམ་གཏན་སྤྱིལ་པོར་རྣལ་འབྱོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་རང་གི་རྟོག་པ་ཇི་བཞིན་བཀོད་པའོ། །དགེའོ། །དགེའོ། །དགེའོ། །

ཨ་ཐ། རྔ་ཆེན་ལོ་ལ་རང་འདོད་ཀྱི། །ངེས་དག་ཕུག་བཞེད་མཐུན་མཐོང་ནས། །རེ་མིག་སྣ་འགའ་བྲིས་ན་ཡང་། །འདིར་ནི་ཁྱེར་བདེ་ཉིད་བཀོད་བྱ། །དང་པོ་ངེས་དག་ལོ་ཡི་གནས། །སྐར་རྩིས་ཀུན་གྱི་རྩ་བ་ཉིད། །ཉི་དྷྲུ་དང་ནི་བཤོལ་དང་བཅས། །ཐིག་ལེ་ཆེན་པོའི་ལོ་ནས་བརྩམས། །དབང་པོ་དུས་ཀྱི་དོར་བྱེད་མཐར། །སླར་ཡང་ངེས་དག་ཐིག་ལེར་ཆེ། །དེ་ལ་ཁྱིམ་གྱི་བསྣུན་པའི་སར། །ནམ་མཁའ་རླུང་རི་ཡོངས་བསྒྲངས་བར། །ཐོག་མ་དང་ནི་མཐར་སྟོང་སྟེ། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །རིམ་པ་དེ་ཡི་འགྲོས་ཉིད་ཀྱི། །ལྷག་མ་གཞན་རྣམས་ཤེས་བྱ་སྟེ། །དེ་ཡང་སྟོང་འཇུག་རི་མིག་ལོ། །ཟླ་དག་ལ་སོགས་དཀྱུས་བཞིན་པར། །ལྔ་སྒྲ་སྤྱི་ཞག་གཟའ་ལྔ་རྣམས། །རང་རང་ཆོ་ག་གང་ཡིན་གྱི། །བསྒྲུབ་པས་རྩིས་འཕྲོ་སྟོང་པ་ལ། །སྟོང་འཇུག་ཞེས་བྱ་བཏགས་པ་ཡིན། །གང་ཞིག་སྟོང་འཇུག་གཅིག་བྱུང་ནས། །སླར་ཡང་ལོ་གྲངས་དེར་སྟོང་འཇུག །དེ་ཚུལ་ཤེས་ནས་སྟོང་ཆེན་བར། །གོ་རིམ་མ་ནོར་ལེགས་པར་བཟུང་། །གང་ཞིག་སྟོང་འཇུག་རི་མོའི་ཚུལ། །ཇི་བཞིན་མ་རྟོགས་རྩིས་འཕྲོའི་གནད། །ནམ་ཡང་ཤེས་པར་ནུས་མིན་པས། །ཚུལ་འདི་ངེས་པར་འབད་བྱ་ཡིན། །དེ་ལྟར་ངེས་དག་ཚུལ་འདི་ལ། །བདག་དང་སློབ་མར་བཅས་པ་ཡིས། །འབད་པའི་དགེ་བ་མཆིས་ཀུན་ཀྱང་། །འཇམ་དཔལ་པད་དཀར་མ་ཕམ་པ། །ཀུན་ཏུ་དགྱེས་པའི་ཕྱིར་དུ་བསྔོ། །དེས་ཀྱང་མགོན་ཁྱོད་མྱུར་འགྲུབ་ཤོག །

ཞེས་པ་ཡང་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་ལ་ཞུགས་པ་མེ་ཡོས་ཀྱི་དཀྱིལ་གསུམ་ཤིང་ཁ་འབུས་སྐབས་བོད་ཡུལ་དབུས་འགྱུར་ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་འདབས་བསམ་གྲུབ་ཕོ་བྲང་དུ་སྔར་བྲིས་པ་ལས་ཟོར་ཡང་བར་གཏན་ལ་ཕབ་པར་བྱས་པ་དགེའོ། །དགེའོ། །དགེའོ། །

ཨོཾ་སྭཱསྟི། དུས་གསུམ་དུས་མེད་སྟོན་པ་པོ། །དང་པོའི་སངས་རྒྱས་དུས་འཁོར་ལོ། །དབྱེར་མེད་དཔལ་ལྡན་བླ་མ་ལ། །ཡན་ལག་ལྔ་ཡིས་ཕྱག་བྱས་ནས། །བློ་གསལ་རིག་པ་འདིར་འཇུག་ལ། །ཁྱེར་བདེ་རྩིས་འཕྲོ་གསར་སྤོས་བྱ། །རབ་བྱུང་བཅུ་གསུམ་འཆར་བའི་ལོར། །སྤོས་པ་དེ་ནི་འདི་ལྟ་སྟེ། །བྱེད་པའི་རྩིས་ཀྱི་ལྔ་བསྡུས་ལ། །རབ་བྱུང་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་པ་གནས་གཉིས་བཞག །འོག་མ་མིག་བུག་མིག་བརྒྱན། །དབང་རོས་བགོད་ནོར་སྟེང་དུ་སྦྱིན། །ཚེས་ཟླ་རྣམ་པར་དག་པའོ། །ལྷག་མས་ཟླ་བཤོལ་ནམ་བྱུང་རྟོགས། །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །བཟུང་དང་གཟུང་མེ་མཁའ་དབང་གི །བསྒྱུར་ལ་སྟེང་ནས་རིམ་བཞིན་དུ། །ཟླ་བ་ནོར་རྩེ་ཕྱོགས་རྒྱན་ལ། །མཁའ་རོ་མཁའ་རོ་ཐུབ་པས་སྒྲིལ། །དེ་ནི་གཟའ་ཡི་དྷྲུ་ཝ་དག །ཟླ་དག་གནས་གཉིས་སྟེང་མ་མིག །འོག་གཟུགས་བསྒྱུར་ལ་མེ་རྩེས་རྒྱན། །དུས་གཉིས་བགོས་ལྷག་ཆ་ཤས་གནས། །ཐོབ་ནོར་སྟེང་སྦྱིན་རྒྱལ་བ་བསྲེས། །ཀླུ་ལག་གིས་བགོས་ལྷག་རིལ་པོ། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་ལག་ཕྱོགས་བསྒྱུར། །སྟེང་ནས་ཉེར་དྲུག་དང་ཞེ་བརྒྱད། །སོ་གསུམ་ལྔ་དང་གཅིག་གི་བརྒྱན། །འོག་ནས་འདོད་རོ་མཁའ་རོ་དང་། །མཁའ་རོ་འཁོར་ལོས་སྒྲིལ་བ་ཡིས། །ཉི་དྷྲུ་རྣམ་པར་དག་པ་འཆར། །ཕྱི་དྷྲུ་སྒྲུབ་ཕྱིར་སྔ་དྷྲུ་ལ། །བསྒྱུར་བྱེད་བྱིན་སོགས་སྤྱི་ལྟར་རོ། །དེ་ནས་ཉིན་རེའི་རྩིས་འཇུག་ཕྱིར། །གཟའ་དྷྲུ་ཆུ་ཚོད་བུག་མདའ་དང་། །ཆུ་སྲང་ཡོན་ཏན་དབུགས་གནས་མཚོ། །ཉི་དྷྲུ་དབྱུག་མཚོ་སྲང་ཟླ་མིག །དབུགས་མདའ་འདོད་པའི་ཆ་ཤས་དགུ། །གང་རྩི་ཆེས་བསྒྱུར་གཟའ་ཉིར་སྦྱིན། །གཉིས་ཀའི་བར་པ་འགྲུབ་པར་འགྱུར། །རིལ་པོར་ཚེས་བསྲེས་ཡིད་ཀྱི་བགོ །བསྙེད་ནོར་བཟུང་ནི་མི་མཉམ་ཞིང་། །ཐིག་མིག་མཚོ་རྣམས་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །ཟླ་རྐང་རི་མོ་རྩེགས་བྱས་པས། །དབང་འབྱུང་མདའ་ཆུ་གཡོན་འཁྲིག་གཟུགས། །དེ་ལྟར་བགྲངས་བ་སྔ་རྐང་དང་། །དེ་ལྡོག་བགྲངས་བ་ཕྱི་རྐང་ཡིན། །གཉིས་ཀ་སྡོམ་པ་ཡིད་ཀྱི་གནས། །སྔ་རྐང་གནས་བདུན་ཟོས་ཟིན་སྡོམས། །ཕྱི་རྐང་གནས་བདུན་གཟའ་རྒྱ་སྡོམ། །སྡོམ་ཞེས་རྐང་གནས་བསྲེ་བ་ཡིན། །དེ་ཡང་ཐོག་མ་གོ་བདེའི་ཕྱིར། །མ་ནུས་བགོས་པའི་ལྷག་མ་ལ། །བསྲེ་རྒྱུ་འདོད་པ་བདག་འཆར་མདའ། །ཟུང་དང་ཁྱིམ་ཤར་ཕྱོགས་སྡོམ་ཞིང་། །མེ་དང་དྲག་པོར་ཚེས་སྡོམ་ལ། །རྒྱ་མཚོ་ཕྱོགས་ལ་བུ་ག་བཟུང་། །མདའ་དང་བུ་གར་ལག་མིག་སྟེ། །རོ་དང་ནོར་ལ་རྒྱལ་བ་ཡིན། །དྲང་སྲོང་དེ་ཉིད་སྟོང་པ་ཐིག །རྐང་བཟུང་གང་ལ་བབ་པ་དེའི། །གདོང་མས་ཆ་ཤས་བསྒྱུར་བ་ཡིན། །མ་ཟིན་རྐང་བ་དང་པོས་བསྒྱུར། །བསྒྱུར་བྱེད་རྐང་བ་གར་བབས་དུས། །གཙོ་བོ་ཡིན་པས་འཕྲོ་བསྣན་སྐབས། །དེ་དོན་ཡིད་ལ་དྲན་དེ་བྱ། །དེ་ལ་དུས་ཁྱིམ་གྱི་ཐོབ་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །ཡང་ལྷག་རོས་བསྒྱུར་དབུགས་ཡིན་ནོ། །ཡང་དག་རྒྱུ་བའི་ཆུ་ཚོད་དེ། །སྔ་རྐང་བསྣན་ལ་ཕྱི་རྐང་འཕྲི། །དེ་ནས་གཟའ་བར་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་མཚམས་ཆུ་ཚོད་འབྱུང་ཆུས་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱང་ཤུལ་འཁོར་ཕྱེད་ལྷག་ན་དོར། །དོར་ན་བྱང་བསྒྲོད་མ་དོར་ལྷོ། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་འབྱུང་མེ་ཟླས། །ཐོབ་པས་ཉི་རྐང་བཟུང་བར་བྱ། །རོ་མཚོ་བསེ་རུ་སྔ་རྐང་སྟེ། །དེ་ལྡོག་རྩེགས་པ་དུས་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །ཡས་གྲངས་གཟུགས་མདའ་དུག་མ་དུས། །མིག་ཆུ་ཕྱོགས་ལ་མེ་དྲག་སྡོམ། །སྟོང་ལ་སྟོང་པ་རྣམ་པར་དག །རྐང་བཟུང་གདོང་མས་ལྷག་རྣམས་བསྒྱུར། །མ་ཟིན་ཚེ་ན་དང་པོས་བསྒྱུར། །འབྱུང་མེ་ཟླ་བས་ཐོབ་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །དུས་བསྒྱུར་དབུས་སུ་ཤེས་པ་སྟེ། །འདོད་པས་བསྒྱུར་ཐོབ་ཆ་ཤས་ཡིན། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །བྱང་བགྲོད་བསྣན་ལ་ལྷོ་བསྒྲོད་ཕྲི། །གཟའ་དང་ཉི་མ་དག་པ་ཡིན། །ཟླ་སྐར་ཕྱེད་ལ་ཉི་དག་གཅིག །ཆུ་ཚོད་གནས་སུ་རྟག་ལོངས་སྤྱོད། །མཚོ་དབང་དག་ནི་ཚེས་ཀྱི་གྲངས། །གང་ལ་བབ་དེས་བསྒྱུར་ལ་བྱིན། །ཚེས་འཁྱུད་ཟླ་བའི་སྐར་མ་ཡིན། །དེ་ལ་གཟའ་ལོངས་མན་གྱི་སྦྱངས། །རེས་འགྲོགས་ཟླ་སྐར་དག་པ་འགྲུབ། །ཉི་ཟླ་བསྲེས་པས་སྦྱོར་བ་དག །བྱེད་པ་ཚེས་གྲངས་འཁྲིག་པས་བསྒྱུར། །གཟུགས་དམན་རིའི་བགོས་པའི་ལྷག །ཕྱི་མ་བྱེད་པ་ཡིན་པ་སྟེ། །གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་རུ་བཞེད་པ་ཡིན། །དེས་ན་ལྔ་བསྡུས་ཞེས་སུ་བྱ། །དེ་ལྟར་བློ་གསལ་གསར་བུ་ལོ་ཚོགས་ཀྱི། །རི་མོའི་ངལ་བ་སྤང་ཕྱིར་རྩིས་ཀྱི་འཕྲོ། །གསར་དུ་སྤེལ་བ་འདི་ཀོ་རྣལ་འབྱོར་པ། །གང་གི་ཀུན་རྟོག་བློ་ཡི་ཟེར་མ་ཡིན། །དགེ་བས་མི་ཤེས་དྲི་མ་ཡོངས་གསལ་ནས། །ཀུན་མཁྱེན་ཡེ་ཤེས་རྒྱས་པའི་གནས་ཐོབ་ཤོག །སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རྒྱལ་བ་ཡོངས་ཀྱིས་རབ་བསྔགས་ཐུབ་དབང་རྒྱ་མཚོའི་གཏེར། །དབང་བསྒྱུར་ཨུཏྤལ་རྡོ་རྗེའི་མཚོན་ཆ་འཆང་བ་པོ། །སྙིང་རྗེའི་ཆུ་གཏེར་ལས་འཁྲུངས་པད་དཀར་ཕྱག་རྒྱ་ཅན། །རྒྱལ་བའི་བདག་པོ་རྒྱལ་དང་སྲས་དེར་ཕྱག་བྱས་ནས། །དཔལ་མཆོག་དུས་འཁོར་ཕྱི་ནང་གཞན་གསུམ་གྱི། །ཕྱི་ཡི་དུས་འཁོར་སྐར་རྩིས་གངས་ཅན་འདིར། །མཁས་མང་བཞེད་སྲོལ་མང་ཡང་འདིར་རྣམ་དག །རྒྱུད་དོན་རྒྱལ་བའི་བཀའ་ལ་ཡིད་ཆེས་ཀྱི། །མོས་ཐོབ་དམ་པའི་ཞལ་ལུང་ནོད་པ་ཡི། །དེས་ན་རྣམ་དག་རྒྱུད་དགོངས་རྩིས་ཀྱི་འཕྲོ། །ལེགས་པར་གསར་སྤོས་རབ་བྱུང་འདོད་པའི་མགོ། །མེ་ཡོས་རང་བྱུང་ནས་བརྩམ་གྲངས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པའི་ཟླ་བ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་འོག་མ་དེ། །ལག་པས་བསྒྱུར་དེ་བུག་ལག་རྒྱན་བྱས་ནས། །དབང་དུས་ཐོབ་པ་སྟེང་སྲེས་ཟླ་བ་དག །ལྷག་མར་མཁའ་གཟུགས་ཤར་ཚེ་རིམ་པ་ལྟར། །སྔ་མ་དང་ནི་ངོ་ཐོག་བཤོལ་ཐོན་ཤེས། །གཟའ་དྷྲུར་བསྒྲུབ་ཕྱིར་ཟླ་དག་གནས་གསུམ་བཞག །སྟེང་རིམ་ཟླ་བ་གཟུགས་མེ་མཁའ་མདས་བསྒྱུར། །གཟུགས་དང་ཀླུ་མེ་ཕྱོགས་ཀྱི་མཛེས་བྱས་ནས། །འོག་ནས་མཁའ་རོ་མཁའ་རོ་རིས་དྲིལ་དོར། །ལྷག་མ་གཟའ་དྷྲུ་རྣམ་པར་དག་པའོ། །ཟླ་དག་གནས་གཉིས་སྟེང་མ་མིག་གིས་བསྒྱུར། །སྟེང་མ་རྒྱལ་བའི་འོག་མ་མེ་རྩེས་རྒྱན། །འོག་མ་དུས་གཉིས་བགོས་ཐོབ་སྟེང་མ་བསྲེ། །སྟེང་མ་ཀླུ་ལག་བགོས་དོར་ལྷག་གནས་གཉིས། །གཟའ་རྐང་རིལ་ཆའི་དྷྲུ་ཝ་དག་པའོ། །ཟླ་དག་གནས་ལྔ་སྟེང་མ་མིག་དང་ཕྱོགས། །ཀླུ་དབང་དང་ནི་ལག་པ་ཕྱོགས་ཀྱིས་བསྒྱུར། །སྟེང་རིམ་དུས་(༢༦)མིག་དང་ཀླུ་མཚོ་(༤༨)མ་རྩེ(༣༣)། །དབང་(༥)པོ་དག་དང་གཟུགས་(༡)རྒྱན་འོག་ནས་ཡར། །འདོད་པ་དུས་དང་མཁའ་མཚམས་མཁའ་མཚམས་སྐར། །དྲིལ་དོར་ལྷག་མ་ཉི་མའི་དྷྲུ་ཝ་དག །སྔ་དྷྲུར་རང་རང་བསྒྱུར་བྱེད་མ་ནོར་སྦྱིན། །ཟླ་བ་ཕྱི་མའི་དྷྲུ་ཝ་རིམ་ཆར་འགྱུར། །ཡང་ནི་རྒྱུད་འགྲེལ་གྲུབ་པའི་རྩིས། །གདན་དུས་ཐུན་མོང་ལུགས་བཞེད་པ། །བཤོལ་འཕྲོ་བསྒྱུར་བགོད་འདྲ་མིན་ཀྱང་། །དོན་ལ་གནད་གཅིག་ཟླ་འཕྲོ་མཐུན། །དེས་ན་གོང་གི་ཟླ་དག་དེ། །གནས་གཞི་སྟེང་རིམ་གཟུགས(༡)། གཟུགས་(༣༡)མེ། །མཁའ་དབང་(༥༠)མཁའ་(༨༠)ཀླུའི་བསྒྱུར་བྱས་ལ། །ཟླ་བ་(༡)མཚོ་དབང་(༥༤)མདའ་མཚོ་(༤༥)དང་། །མཁའ་(༡༢༠)གཉིས་བརྒྱན་ལ་མས་ནས་ཡར། །རི་མཁའ་(༧༠༧)རི་དང་མཚམས་(༦)མཁའ་(༦༠)མཚམས། །མཁའ་(༦༠)མཚམས་རི་བོས་(༧)དྲིལ་དོར་ལྷག །གཟའ་དྷྲུ་རྣམ་པར་དག་པའོ། །གནས་གཉིས་སྟེང་མ་མིག་(༢)གིས་བསྒྱུར། །སྟེང་འོག་རྒྱལ་(༢༤)བ་བུག་དུས་(༦༩)རྒྱན། །འོག་མ་དུས་(༡༢༦)ཉིས་ཐོབ་པའི་ནོར། །སྟེང་སྦྱིན་ཀླུ་ལག་(༢༨)གིས་དོར་བ། །རིལ་ཆའི་དྷྲུ་ཝ་དག་པའོ། །གནས་བཞི་སྟེང་རིམ་མིག་(༢)ཕྱོགས་(༡༠)དང་། །ཀླུ་དབང་(༥༨)མ་ནུའི་(༡༤)བསྒྱུར་བྱས་ལ། །དུས་(༢༦)མིག་བུག་(༢༩)ལག་དུས་(༦༦)མཚོ་དང་། །ཀླུ་རྩེས་(༣༨)བརྒྱན་ལ་མས་ནས་ཡར། །རི་རོ་(༦༧)མཁའ་(༦༠)རོ་མཁའ་(༦༠)རོ་དང་། །འཁོར་(༢༧)ལོས་དྲིལ་དོར་ཉི་དྷྲུ་དག །སྔ་དྷྲུར་རང་རང་བསྒྱུར་བྱེད་སྦྱིན། །ཕྱི་མ་རིམ་ཆར་མྱུར་འགྲུབ་བོ། །ཡུད་གཅིག་སྐབས་སུ་ཤཱུ་བྷཾ་བྷ་ཝནྟུ།

གསེར་གཙུག་མྱུར་རྩིབ་བདེ་ལེགས་རྟོགས་འདོད་ན། །སྤྱི་ཞག་གཞུང་བཞིན་སྒྲུབ་བྱས་ནས། །གནས་གསུམ་སོ་སོར་མཁའ་མེ་སྦྱིན། །འོག་ནས་རི་མཁའ་རི་དང་ནི། །ཆུ་རོས་དྲིལ་སྙེད་སྟེང་མར་སྦྱངས། །སྦྱང་ཚེ་མི་ནོར་མཚན་མ་བཀོད། །དེ་ནས་ཉི་འབྱུང་སྨེ་སྤར་གཟའ། །མཚན་མེད་ཀུན་ལ་མཁའ་མེ་དང་། །མཚན་ཅན་སྐབས་སུ་བུག་ལག་སྟེར། །རང་འཁོར་དྲིལ་དོར་རྣམ་པར་དག །དེ་ཡང་རྨེ་བ་ལུགས་ལྡོག་པས། །མཚན་མེད་རྣམས་ལ་གསུམ་འཕྲི་དང་། །མཚན་ཅན་སྐབས་སུ་གཉིས་སྦྱངས་བས། །ལྷག་མ་ཉི་མའི་རྨེ་བར་འགྱུར། །སརྦ་མངྒ་ལཾ། ཤཱུ་བྷཾ།

༈ བྱེད་རྩིས་གནས་དྲུག་སྒྲུབ་པའི་ལག་ལེན་འོད་དཀར་པོ།

སྭཱསྟི། དཔྱོད་ལྡན་མགུ་བ་བསྐྱེད་པའི་རྫས། །མཁས་པ་མཆོག་གི་ཕྱག་བཞེས་ཡིན། །མ་དག་བྱེད་རྩིས་ཡོངས་སྤངས་ཏེ། །རྣམ་དག་བྱེད་པའི་རྩིས་གྲགས་པ། །གནས་དྲུག་བསྒྲུབ་པའི་རིམ་པ་གང་། །འདས་པའི་ལོ་གྲངས་ཟླ་དག་རྣམས། །བསྒྲུབ་ཚུལ་སྤྱི་དང་མཐུན་པ་ལ། །གཟའ་ཉིར་ཟླ་དག་གནས་དྲུག་བཞག །གཟའ་ཡི་དྷྲུ་ཝ་བསྒྱུར་བྱེད་ནི། །ཟླ་བ་གཟུགས་མེ་མཁའ་དབང་པོ། །ཐིག་དང་ཀླུ་དང་མཚོ་སྦྲུལ་དབང་། །སྟེང་ནས་རིམ་བཞིན་གནས་པའོ། །བསྒྱུར་ནས་རྩིས་འཕྲོ་གང་ཡིན་སྦྱིན། །འོག་ནས་རི་མཁའ་རི་དང་འདོད། །དུས་དང་མཁའ་རོ་མཁའ་རོ་དང་། །ཐུབ་པས་དོར་ལྷག་གཟའ་དྷྲུའོ། །ཉི་མ་ལ་ནི་མིག་དང་ཕྱོགས། །ཀླུ་མདའ་བསེ་རུ་ཡོན་ཏན་དང་། །མཁའ་འཁྲིག་གིས་བསྒྱུར་དེ་ཡི་རྗེས། །རྩིས་འཕྲོ་གང་ཡིན་མ་ནོར་སྟེར། །འོག་ནས་རིམ་པས་རི་རོ་དང་། །འདོད་དུས་མཁའ་རོ་མཁའ་རོ་དང་། །སྐར་མས་འདོར་བའི་ལྷག་མ་ནི། །ཉི་མའི་དྷྲུ་ཝ་རྣམ་པར་དག །གཟའ་ལ་རྟག་ཏུ་ལོངས་སྤྱོད་ནི། །དབུགས་ཡན་སྤྱི་དང་མཐུན་པ་སྟེ། །གཟའ་ཐིག་དབྱུ་གུར་བུ་ག་མདའ། །སྲང་མེ་དབུགས་སུ་ཆུ་གཏེར་ལ། །འདོད་ཆགས་ཐིག་ལེ་རི་མཁའ་རིར། །ཀླུ་མཁའ་མིག་ཏུ་དྲན་པར་བྱ། །ཉི་མར་སྐར་གནས་དབུགས་ཀྱི་བར། །རིམ་པར་མཁའ་ཆུ་ཟླ་མིག་མདའ། །འདོད་ནགས་ནོར་ལྷའི་རི་བོ་རུ། །ཡོན་ཏན་བསྒྲོད་པར་བརྒྱན་པར་བྱའོ། །དེ་ལྟར་གཟའ་དང་ཉི་མ་ཡི། །དྷྲུ་ཝ་ཇི་ལྟར་བསྒྲུབ་ཚུལ་དང་། །རྟག་སྤྱོད་ལོངས་སྤྱོད་རྩ་བ་རྣམས། །ངེས་བྱས་ལྷག་མ་ཚོགས་ཆ་ཤས། །སྤྱི་ལྟར་རེས་གཟའ་རེས་འགྲོགས་སྐར། །ཉི་སྐར་སྦྱོར་བྱེད་ཡན་ལག་ལྔ། །གསལ་བའི་བློ་ཡིས་མ་ནོར་བར། །ཚུལ་བཞིན་བསྒྲུབ་པས་དོན་ལྡན་འགྱུར། །དེ་སྐད་རིན་ཆེན་མཆོག་གིས་བློས། །གྲུབ་པའི་མཁས་རྣམས་དགའ་བྱེད་ཀྱི། །གཞུང་དོན་མན་ངག་གོ་བདེ་སླད། །འདི་བཀོལ་དགེ་ལེགས་རྒྱུད་འཕེལ་ཤོག །

ཞེས་པ་ཡང་རྣལ་འབྱོར་པ་ཨཱ་ཡུརྱིནྡྲ་མ་ཎིའི་བྲིས་པ་སརྦ་མངྒ་ལཾ།

ཨོཾ་སྭཱསྟི། བླ་མ་མཁྱེན་རབ་དབང་ཕྱུག་ལ། །ཕྱག་འཚལ་ཟླ་གཞོལ་ངེས་པ་བཤད། །ཁྱིམ་ཟླར་འདས་ཟླ་རིམ་བསྲེས་ཉིད། །གནས་གཉིས་ཚེས་ཟླའི་ཆེད་འོག་མ། །བཞིས་སྤེལ་མཁའ་མེ་ཟླས་བཙལ་ནོར། །གཉིས་རྙེད་གྱུར་ཚེ་ལྷག་མ་ནི། །གཉིས་སམ་ཡང་ན་ཐིག་ལེར་འགྱུར། །ཐིག་ལེ་འཆར་ཚེ་འདས་ཟླ་དེའི། །མཚམས་སུ་བཤོལ་ཟླ་རྫོགས་པ་ཡིན། །ལྷག་གཉིས་ཤར་ན་འདས་ཟླ་དེའི། །དབུས་སུ་བཤོལ་ཟླ་རྫོགས་པ་རུ། །མཁས་མཆོག་བུ་སྟོན་ཡབ་སྲས་ཀྱིས། །བཞེད་ཅེས་གཏན་ཚིགས་ལུང་རིགས་བཅས། །རྣམ་དཔྱོད་ཡངས་བས་འབད་དེ་བསྒྲགས། །ཕྱོགས་སྔ་ཟླ་འཕྲོ་ཐིག་ཤར་ཚེ། །འཆར་བའི་ཟླ་བ་དེ་ཀ་དང་། །གཉིས་ཤར་ཟླ་བ་དེའི་ཕྱི་མ། །བཤོལ་བར་འདོད་རྣམས་དགའ་བར་སྣང་། །གཞན་ནི་ཐིག་འདས་ཟླ་བ་དང་། །གཉིས་ཤར་འཆར་ཟླ་དེ་ལྷག་ཅེས། །རྩིས་མཁན་འགའ་ཡི་འདོད་པ་སྟེ། །བློ་ལྡན་ལེགས་བཤད་གང་ཡིན་ཟུང་། །བཤོལ་དང་ཤོལ་གྱི་ཟླ་ལྷག་ཆད་ཡང་། །བོད་རྩིས་ཁ་ཅིག་གིས་དཔྱོད་མོད། །རྒྱ་བལ་དུ་ནི་ཟླ་བཤོལ་ལ། །ནསྟ་ཞེས་ཏེ་སྟོང་པར་འདོད། །ཟླ་དེའི་དུས་ཚེས་བཟང་ངན་ཀུན། །སྟོང་པས་བླང་དོར་ཆུང་ཞེས་སྨྲ། །དེ་རྣམས་ལེགས་པར་ཐོབ་པའི་མཐུས། །སྨྲས་ལས་རང་བཟོ་ཚོད་དཔོག་མིན། །དེས་ཀྱང་བླང་དོར་གསལ་བ་ཡི། །མཁྱེན་རབ་དབང་པོ་མྱུར་འགྲུབ་ཤོག །

ཞེས་པ་འདི་ཡང་རིག་འཛིན་ཚེ་དབང་ནོར་བུའི་ན་ཚོད་ལྡན་སྣྲོན་ཟླའི་དཀར་ཚེས་དགའ་བ་གཉིས་པར་སྐྱིད་རོང་ཕུ་དི་ཝི་ཀུ་ལྷ་མོ་སྒང་ཊར་སྐད་ཅིག་མར་བྲིས་པ་དགེའོ། །དགེའོ། །

འོད་སྣང་རབ་འབྱེད་ལས། ཟླ་ཉི་མཐར་གནས་སོགས་ཤོ་ལོ་ཀ་གཅིག་གི་སྐབས་སུ་དོགས་པའི་གནས་ཁ་ཅིག་འདི་རུ་དཔྱད་ན་ཟླ་བ་དང་ཉི་མ་སྒྲ་གཅན་གྱིས་འཛིན་ནས་ཇི་སྲིད་མ་བཏང་གི་བར་དེ་ཚེས་གང་ལ་བྱེད་ཞེས་ན། དང་པོ་གཞན་ལུགས་དགོད་པ་ནི། ཁ་ཅིག་གིས་ཞག་བཅོ་ལྔ་ལ་བྱེད་ཞེས་དང་། ཁ་ཅིག་གིས་ཞག་བཅུ་དྲུག་ཏུ་འདོད་པ་དང་། ཁ་ཅིག་གིས་ཚེས་དེ་གཉིས་ཀ་ལ་མི་ལྟོས་པ་ཡེ་ཤེས་ཀྱི་ཆ་ཡིན་ཞེས་ཀྱང་ཟེར་སྐད་ལ། དེ་ཡི་འདོད་པ་དང་པོ་ནི་མི་འཐད་དེ། ཟླ་བ་ཆ་ཤས་བཅུ་དྲུག་ཡིན་པ་ཀུན་ནས་གསུངས་བ་དང་། ཆ་ཤས་བཅོ་ལྔ་ལ་གནས་པའི་སྐབས་སུ་སྒྲ་གཅན་གྱིས་འཛིན་པར་རྩ་རྒྱུད་ཀྱི་ལུང་གིས་གནོད་པ་དང་། ད་ལྟ་སྐར་རྩིས་ཀྱི་ལག་ལེན་བྱེད་པ་ཕལ་ཆེ་བས་ཀྱང་བཅོ་ལྔའི་ཚེས་ལོང་རྫོགས་མ་ཐག་པར་ཟླ་འཛིན་འབྱུང་བར་ལུང་སྟོན་དགོས་པ་ཞིག་བྱས་པས་ཀྱང་འཕྲལ་དུ་གནོད་པར་འགྱུར་ལ། འདོད་པ་གཉིས་པ་ཡང་མི་འཐད་དེ། དཀར་ཕྱོགས་ཀྱི་ཆ་བཅུ་དྲུག་པ་ནས་ནག་ཕྱོགས་ཀྱི་ཚེས་གཅིག་ཏུ་འགྱུར་བ་ཡང་མ་ཡིན་ཞིང་། ནག་པོའི་ཚེས་གཅིག་ལ་ཟླ་བ་སྒྲ་གཅན་གྱིས་འཛིན་པར་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །གསུམ་པ་ཡང་མི་འཐད་དེ། ཡེ་ཤེས་འབའ་ཞིག་པས་དབང་དུ་བྱས་པའི་ཟླ་བའི་ཆའམ་ཚེས་གུད་དུ་ཡོད་པ་ནི་ལུང་ལ་ཡང་མེད་ཅིང་། མཁས་པ་རྣམས་ཀྱིས་ཡང་མ་བྱས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། ཟླ་བ་ལ་བཅུ་དྲུག་ཡོད་པ་རགས་པའི་ཆ་བཅོ་ལྔ་པ་རྫོགས། ཕྲ་བའི་ཆ་བཅུ་དྲུག་པ་ཡི་གང་བ་གང་ཡིན་པ་སྐད་ཅིག་ད་ལྟ་བ་ཡི་དུས་དེ་དང་སྒྲ་གཅན་གྱི་མཐའ་དེ་གདོང་མཇུག་གི་དཀྱིལ་འཁོར་དེ་གནས་ཡུལ་དུས་གཅིག་ཏུ་འཛོམ་པ་ན་ཟླ་བའི་དཀྱིལ་འཁོར་སྒྲ་གཅན་དུ་ཞུགས་པར་འགྱུར་ཞིང་། ཟླ་བ་སྒྲ་གཅན་ལས་སྒྲོལ་མ་ཐག་པར་ནག་པོའི་གཅིག་ལ་ཕྱོགས་པ་ཡིན་ཞེས་བྱའོ། །དོན་དེས་དམ་པ་ཁ་ཅིག་གི་བཅོ་ལྔའི་ལོངས་སྤྱོད་དབྱུ་གུའམ་དྲུག་འཕྲིན་ལས་པའི་མཚམས་སུ་འཛིན་པར་སྟོན་པ་ཡང་ཁོ་བོའི་འདོད་པ་འདི་ཡི་ཕྱོགས་ཉིད་ལེགས་པར་བཤད་པར་སྣང་ལ། གོང་གི་ཚེས་རྫོགས་མཚམས་སུ་སྒྲ་གཅན་ཞུགས་པ་དང་འདི་གཉིས་ཀྱི་གནད་དོན་ཡང་གཞན་དུ་འཆད་པར་འདོད་དོ། །དེས་ནི་ཉི་མའི་དཀྱིལ་འཁོར་ལ་ཡང་ཆ་བཅུ་གཉིས་ཀྱི་ཆ་རེ་ལ་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔའི་ལོངས་སྤྱོད་དུ་དབྱེས་པས་ལྷག་མེད་དག་སྟེ། དེ་བཅུ་གཉིས་ཀྱི་གསལ་བར་བྱས་པའི་ནོར་ཆིག་བརྒྱ་ལྔ་བཅུ་རྩ་གཉིས་དང་སྲང་ལྔ་བཅས་ཏེ། དེ་ཡང་ཉི་མ་ཕྱེ་ས་ལས་དབྱུ་གུ་བཅུ་གཉིས་སྲང་སྲོག་ཟུང་དང་རི་བྲོའི་འཆར་འཕྲིན་ལས་ཏེ། དེས་རྣམ་པར་དག་པ་ཡི། དེ་ལྟར་ཉི་མའི་ལོངས་སྤྱོད་ཆ་ཤས་དེ་ལྟ་བུའི་མཐར་ཡང་དག་པར་གནས་པ་དང་། ཟླ་བའི་ནག་ཕྱོགས་ཀྱི་གང་བ་མཐུན་འཇུག་བཅུ་དྲུག་གི་ཆ་དང་དེ་གཉིས་ལོངས་སྤྱོད་མཚུངས་པར་ལྷན་ཅིག་ཏུ་འགྲོགས་པ་དག་སྒྲ་གཅན་གྱི་མཐའ་ཡི་ལོངས་སྤྱོད་གནས་ཡུལ་དུས་གཅིག་ཏུ་འཛོམ་པ་ན་ཉི་མ་སྒྲ་གཅན་ལ་འཇུག་པར་འགྱུར་བ་ཡིན་ཞིང་གཞན་ནི་མ་ཡིན་པས་ཉི་འཛིན་ཉུང་ཞིང་དཔྱད་དཀའ་བའི་རྒྱུ་མཚན་ཡང་དེས་ཡིན་པར་རྟོགས་ལ། གནད་ཞིབ་མོ་དེ་ལྟ་བུ་ཤེས་ན་ཉི་འཛིན་གྱི་ཚུལ་ལ་ཡང་མི་རྨོངས་པ་ཡིན་ནོ། །དེས་ན་ཉི་མ་སྒྲ་གཅན་ལས་གྲོལ་བའི་ཚེ་དཀར་པོའི་གཅིག་ལ་འཇུག་པ་ཡིན་གྱི། ཇི་སྐད་དུ། དུས་འཁོར་རྩ་བའི་ད་ལས། དཀར་པོ་ནག་པོའི་ཚིག་མཚམས་ལ། །ཚེས་གྲངས་གཉིས་ཀྱི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པས་ཚེས་གྲངས་སོ། །ཞེས་དང་། བསྡུས་རྒྱུད་ལས་ཀྱང་། ནག་དང་དཀར་བའི་ཚིག་མཚམས་དག་ལ་ཉིན་དང་མཚན་མོའི་དུས་སུ་ཉི་མ་དང་ནི་ཟླ་བ་འཛིན་ཞེས་གསུངས་པའི་དགོངས་པ་ཇི་བཞིན་པ་སྟེ། དེ་ཡི་གནད་ནང་དུ་ཡང་རོ་རྐྱང་གི་འཕོ་བ་གཅིག་ཤོས་འགག་མ་ཐག་པ་དང་གཅིག་ཏུ་འཕོ་མ་རག་གི་ཚིག་དབུས་དེར་དབུ་མས་དབང་བྱས་པའི་ཡེ་ཤེས་ཀྱི་རླུང་གི་ཆ་རྒྱུ་ཞེས་པའི་གནད་དང་མཐུན་པར་འདི་ཡང་དཀར་ནག་གི་ཕྱོགས་དང་པོ་གང་ཡིན་པ་རྫོགས་མ་རག་པ་དང་ཕྱོགས་གཉིས་པར་རེག་མ་རིག་ཚིག་དབུས་དེར་ཟླ་བ་དང་ཉི་མ་ལ་སྒྲ་གཅན་འཇུག་པར་ཀུན་ཏུ་གསུང་པ་ཡིན་ལ། དེ་ལྟ་བུའི་ཚིག་མཚམས་མ་ཡིན་པར་སྒྲ་གཅན་གྱི་གདོང་འཇུག་ཉི་མ་དང་ཟླ་བའི་དབུས་སུ་གནས་མལ་བཅས་ཀྱང་སྒྲིབ་པར་བྱེད་པ་མ་ཡིན་ནོ། །རྒྱས་པར་མན་ངག་དང་གོང་དུ་ཅི་རིགས་བསྟན་པ་ལས་ཀྱང་ཤེས་སོ། །གསུམ་པ་རྩོད་པ་སྤང་བ་ནི། དེ་ལྟར་ཟླ་དཀར་ནག་རེར་ཆ་བཅུ་དྲུག་ངེས་པར་དབྱེ་ཚེ་ཟླ་གཅིག་ལ་ཚེས་ཞག་སུམ་ཅུ་སོ་གཉིས་སུ་འགྱུར་བའི་སྐྱོན་ཡོད་དོ་སྙམ་ན་མི་འཇུག་སྟེ། དབུགས་ཕྱེད་བཅས་སོ་གསུམ་ཆ་ཡེ་ཤེས་རླུང་རྒྱུ་ཡང་གནས་སྐབས་འཕོ་བ་བཅུ་གཉིས་ནང་དུ་བསྡུ་བ་དང་མཐུན་ཞིང་། གོང་དུ་ཟླ་བ་ཆ་བཅོ་ལྔ་རགས་པ་དང་། བཅུ་དྲུག་ཕྲ་བར་ཁས་བླང་བ་བཅོ་ལྔའི་ལོངས་སྤྱོད་ཀྱི་ཆ་ཀུན་ཏུ་རྫོགས་པའི་གཞི་ལ་བཅུ་དྲུག་གི་ལོངས་སྤྱོད་ཞིབ་པར་ཟུར་དུ་ཕྱེས་པ་ཙམ་ཡིན་ཏེ། ཕྲ་བའི་ཆ་དེ་སྒྲ་གཅན་གྱིས་ཀྱང་ལོངས་སྤྱོད་པའི་དུས་སུ་ཟླ་འཛིན་འབྱུང་ཞིང་དེ་ཡང་ཟླ་འཛིན་ཟླ་བ་དྲུག་རེའི་མཚམས་ལས་མི་འབྱུང་བ་ཡང་བཅུ་དྲུག་གི་ཆ་ལོངས་ཕྲ་བས་ཡིན་ནོ། །གཞན་བཅོ་ལྔའི་ལོངས་སྤྱོད་ལ་གནས་པས་ཟླ་བ་འཛིན་ན་ཟླ་དྲུག་མི་དགོས་པར་དེ་བས་ཀྱང་མྱུར་དུ་འཛིན་ཅིང་ཉི་འཛིན་ཡང་མང་དུ་འབྱུང་འོས་པའི་ཕྱིར་རོ། །དེས་ན་ཆ་བཅུ་དྲུག་པར་རྒྱུ་མཚན་དེས་ཤེས་ཤིང་རིག་པ་དང་། ལུང་གིས་ཡང་གྲུབ་པ་གོང་དུ་དྲངས་བ་རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་ཚིག་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འགྲེལ་ཆེན་ལས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །ཞེས་དང་། ཟླ་བའི་ཆ་བཅུ་དྲུག་གི་བདག་ཉིད་དོ། །ཞེས་སོགས་ཡང་ཡང་འབྱུང་བཞིན་དང་། ཧེ་བཛྲ་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་ལས། བཅོ་ལྔ་སྐད་ཅིག་ཙམ་དུ་སྟོང་པ་འབབ་པར་བྱེད་དེ། ཟླ་བའི་བཅུ་དྲུག་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་ཤེས་པར་བྱ་བ་ཡིན་གྱི་དཀྱིལ་འཁོར་རྫོགས་པར་འབབ་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་པས་ཀྱང་ཟླ་བའི་ཆ་བཅུ་དྲུག་ཕྲ་བར་ཡང་བསྟན་ཅིང་། དེ་བཞིན་མདོ་རྒྱུད་བསྟན་བཅོས་ཆེན་པོ་ཕལ་ཆེ་བ་ནས་ཟླ་བ་ཆ་ཤས་བཅུ་དྲུག་པའི་བདག་ཉིད་ཅན་དུ་གསུངས་བ་དང་། ཉིན་ཞག་རགས་པའི་དབང་ལས་ཆ་བཅོ་ལྔར་གྲགས་བཞི་གསུངས་པ་དག་ལ་བློ་མ་རྨོངས་པར་བྱའོ། །ཞེས་པ་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཅུང་ཟད་དཔྱད་དེ་སྨྲས་པའོ། །བཀྲ་ཤིས།

དུས་རྩིས་ཀུན་གྱི་རྩ་བ་གང་། །དར་བབ་ནད་མེད་སྙོམས་པའི་དབུགས། །དེ་ལ་ཡེ་ཤེས་ཅན་གྱི་ལས། །དབྱེ་བས་ཞག་གསུམ་རྣམས་སུ་འགྱུར། ། ༡ དེ་ཡང་ཉིན་ཞག་གཅིག་ལོངས་སྤྱོད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །དེ་ལ་ཡེ་ཤེས་ཅན་ཞེས་བྱ། །རགས་འབྲིང་ཕྲ་བས་དབྱེ་བ་ཡིས། ། ༢ རགས་པ་སུམ་ཅུར་བཅད་པའི་ནོར། །དབུགས་ནི་བདུན་བརྒྱ་ཉི་ཤུའོ། །དབུགས་དེ་དྲུག་གི་བགོས་པའི་ནོར། །བརྒྱ་དང་ཉི་ཤུ་ཆུང་ཆུང་ཡིན། ། ༣ དེ་ནི་དྲུག་ཅུའི་བགོས་ལྷག་མེད། །ནོར་བུ་གཉིས་བྱུང་ཆུ་ཚོད་དེ། །དུས་འཁོར་འགྲེལ་ལས་ཞག་རེའི་རྩ། །གཉིས་རོ་འགག་ཞེས་དོན་འདིར་དགོངས། ། ༤ འབྲིང་དུ་སོ་གཉིས་ཕྱེས་པ་ཡི། །ནོར་དུ་དབང་རི་བྲོ་བ་འཆར། །དེ་ལ་དྲུག་ཅུས་སྤྱད་པའི་ནོར། །དྲག་པོ་དང་ནི་རྐང་པ་ཚེས། ། ༥ ཡང་ན་བཅུ་གཉིས་ཀྱིས་བགོད་ནོར། །ང་དྲུག་རྐང་པ་ཡོན་ཏན་འཆར། །དེ་ནི་འཕོ་ཆེན་འཕོ་ཆུང་མཐར། །འབབ་པའི་ཡེ་ཤེས་ཆ་ཡིན་ནོ། ། ༦ འཕྲ་བ་ཕྱེད་ལྷག་སོ་གཉིས་ཀྱི། །བགོ་བ་ཕྱེད་ཕྱིར་གཉིས་༢ཀྱིས་བསྒྱུར། །ཕྱེད་(༡)བསྲེས་དྲུག་ཅུ་རྩ་ལྔར་(༦༥)འགྱུར། །བགོད་བཞི་དབུགས་ཀྱང་གཉིས་(༢)ཀྱིས་བསྒྱུར། ། ༧ གོང་གི་བགོད་པས་ལྷག་བཞི་བཅུ། །ཐོབ་ནོར་དྲུག་བརྒྱ་རེ་བཞི་འཆར། །ལྷག་མ་ཉེར་དྲུག་གིས་བསྒྱུར་ནས། །རེ་ལྔས་བགོས་པས་འདོད་ཆ་བརྒྱད། ། ༨ ཐོབ་ནོར་དྲུག་བརྒྱ་རེ་བཞི་སྟེ། །ཞག་གཅིག་ཡེ་ཤེས་དབུགས་གྲངས་ཡིན། །དྲུག་གི་བགོད་པས་ལྷག་མ་བཞི། །ཐོབ་ནོར་བརྒྱ་དང་བཅུ་དྲུག་གཅིག ། ༩ སླར་ཡང་དྲུག་ཅུས་བགོས་པ་ཡི། །ལྷག་སྲང་ལྔ་བཅུ་ནོར་ཕྱུག་ཅིག །ཆ་ཤས་གོང་གི་བརྒྱད་ཉིད་བཞག །ཞག་གཅིག་ཡེ་ཤེས་ཆ་དེ་རྣམས། ། ༡༠ ཟླ་བ་གཅིག་སྟེ་སུམ་ཅུས་བསྒྱུར། །གོང་བཞིན་རང་འཁོར་གྱིས་བགོས་པས། །དབྱུ་གུ་ང་ལྔ་སྲང་ཉེར་གཉིས། །དབུགས་ཐིག་འདོད་ཆ་དྲུག་ཏུ་འཆར། ། ༡༡ ཟླ་གཅིག་དབྱུ་གུ་རྐང་བཅས་ཏེ། །བཅུ་གཉིས་ཀྱིས་བསྒྱུར་ལོ་གཅིག་སྟེ། །དེ་ཡང་གོང་ལྟར་དྲིལ་བ་ཡི། །ཞག་གནས་དྲག་པོ་དབྱུག་གུར་བཞི། ། ༡༢ སོ་དྲུག་སྲང་དབུགས་ལྔ་འདོད་བདུན། །དེ་དབུགས་ལོ་གཅིག་ཡེ་ཤེས་ཆ། །དེ་བསགས་ཟླ་བ་ཕྱེད་སོ་གསུམ། །མཐའ་རུ་ཟླ་གཅིག་བཤོལ་ཕྲ་བ། ། ༡༣ འབྲིང་པོར་ཟླ་བ་སོ་གཉིས་མཐར། །རགས་པ་སུམ་ཅུའི་མཐར་ཟླ་བཤོལ། །གཟའ་སྐར་ཞག་གསུམ་སྟོང་སྐྱེ་ཀུན། །རྩ་བ་ཡེ་ཤེས་ཆ་འདིས་བྱས། ། ༡༤ ཡང་ནི་ཆུ་ཚོད་ཞེས་བྱ་བ། །དུས་དང་ཡུལ་དུ་དབྱེ་བ་སྟེ། །དུས་ནི་ཉིན་ཞག་གཅིག་གི་ཡུན། །དབྱུག་གུ་དྲུག་ཅུ་གོང་གི་དབུགས། ། ༡༥ ཡུལ་ནི་རྒྱུ་སྐར་ཉི་ཤུ་བདུན། །དུས་ཀྱི་ཆུ་ཚོད་ཀྱིས་བསྒྱུར་བས། །ཆིག་སྟོང་དྲུག་བརྒྱ་ཉི་ཤུ་ཐམ། །གཟའ་རྣམས་དེ་དག་ལ་སྤྱོད་དོ། ། ༡༦ ད་ནི་ཞག་གསུམ་དངོས་དབྱེ་བ། །རྩ་བ་ཉིད་དང་གཞན་རྣམས་སོ། །དང་པོ་ཉི་མས་དཀྱིལ་འཁོར་གང་། །དེ་ལའང་ཡུལ་དང་དུས་གཉིས་ཏེ། ། ༡༧ ཐོག་མ་ཡུལ་གྱི་ཞག་གསུམ་ནི། །ལོ་གཅིག་མཁའ་དུས་མེ་ཡིས་བསྒྱུར། །དེ་ནི་ཁྱིམ་གྱི་ཞག་གྲངས་ཡིན། །དེ་ལ་གོང་དུ་བཤད་བཞིན་པ། ། ༡༨ ཚེས་ཞག་བཅུ་གཅིག་ཆུ་ཚོད་བཞི། །ཆུང་ཆུང་སོ་དྲུག་དབུགས་ལ་ལྔ། །འདོད་ཡུན་དེར་བསྣན་ཚེས་ཞག་གིས། །དཀྱིལ་འཁོར་རྣམ་པར་དག་པ་འཆར། ། ༡༩ དེ་ལྟར་ཚེས་ཞག་དག་པ་དེའི། །ཚེས་ཞག་དྲུག་ཅུ་ཐམ་པས་བསྒྱུར། །དེ་ལ་ཆུ་ཚོད་བཞི་བསྲེ་བྱ། །སླར་ཡང་དྲུག་ཅུ་ཐམ་པས་བསྒྱུར། ། ༢༠ དེ་ལ་ཆུ་སྲང་སོ་དྲུག་བསྲེ། །དེ་ཡང་དྲུག་གིས་བསྒྱུར་བར་བྱ། །དབུགས་ལྔ་བསྲེས་པས་བསྒྱུར། །དེར་ཀུན་བསྲེས་ཚེས་སིལ་ཞེས་གྲགས། ། ༢༡ སླར་ཡང་ལྷག་མེད་དག་ཕྱིར་དེ། །(འབྱུང་མེ་ཟླ་ལོ་ལ། ཁྱིམ་ཞག་རེ་མྱུར་དག སྲང་དུ་མིག་བྱིན་འགྲུབ། ཡིབ་པར་ཨི འོ། ༠/༠/༡/༥/༡༢/༢༥/༨༤༠)

ཨོཾ་སྭཱསྟི། བདག་གི་སྟོན་པ་དགའ་ལྡན་གྱི་གནས་ནས་འཛམ་བུ་གླིང་དུ་གཤེགས་སུ་ཆ་བ་སྐུ་བལྟམས་པ་ལས་མི་ལོ་བརྒྱ་ཡི་སྔ་བར་གཙང་རིགས་ཀྱི་ལྷ་རྣམས་བྲམ་ཟེ་རྒན་རབ་ཏུ་སྤྲུལ་ཏེ་རིག་བྱེད་ཀྱི་གཞུང་ཀློགས་ཤིང་། ད་སྟེ་ལོ་བརྒྱ་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་མཚན་དང་དཔེ་བྱེད་ཀྱིས་ཡོངས་སུ་བརྒྱན་པའི་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་འབྱོན་པར་འགྱུར་རོ་ཞེས་སོགས་བསྒྲགས་པར་བྱེད་དོ། །དེས་ན་རིག་བྱེད་སྨྲ་བ་རྣམས་ཀྱི་རབ་བྱུང་ལོ་ཡི་དང་པོར་རྣམ་པ་གཅིག་ཏུ་ནི་དེས་བཞག་པར་གསལ་ཏེ། ཅི་ཕྱིར་ཁོ་བོའི་གཏན་ཚིགས་འདིར་རབ་བྱུང་དེ་ནས་གོ་དགུ་སྐབས་སུ་རྒྱལ་བ་ལྷུམས་སུ་ཞུགས་ཤིང་། བརྒྱ་ཐམ་པ་ཟིལ་གནོན་མེ་རྟའི་སྟེང་དུ་བལྟམས་པའི་ཕྱིར་རོ། །དེ་ནས་ཀྱང་དགའ་ལྡན་ནས་རྒྱལ་བས་གཟིགས་པ་ལྔ་ཡི་ལྷུམས་སུ་ཞུགས་པར་དགོངས་ཏེ་སྒྲགས་པ་ན་ལྷ་རྣམས་ཀྱི་བཞུགས་པར་གསོལ་ཡང་མ་གནང་ཞིང་། བདུད་རྩི་རྟོགས་པར་འདོད་པའི་ལྷ་རྣམས་ཡུལ་དབུས་ཀྱི་མི་རུ་ཉིང་མཚམས་སྦྱོར་ཅིག་པར་བཀའ་སྩལ་ཏེ། དེ་ཚེ་བར་སྣང་གི་ལྷ་རྣམས་ཀྱི་ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པར་འགྱུར་རོ། །ཞེས་སྒྲགས་པར་རང་སངས་རྒྱས་རྣམས་བདག་ཅག་གི་སེམས་ཅན་གྱི་དོན་བྱ་མི་དགོས་ཀྱི་སངས་རྒྱས་མྱུར་དུ་འབྱོན་ནོ་ཞེས་ཝ་ར་ཎ་སིར་ཞི་བར་གཟིམ་མོ། །དེ་ལྟར་མི་ལོ་བརྒྱ་ནི་དགའ་ལྡན་ཉིན་མཚན་གཅིག་གི་བཞི་ཆ་སྟེ། ཆུ་ཚོད་བཅོ་ལྔ་དང་། ལོ་བཅུ་གཉིས་ནི་ཆུ་ཚོད་གཉིས་ཀྱི་ཡུན་ནོ། །རིགས་བྱེད་སྨྲ་བའི་དུས་སྐུ་བལྟམས་པ་ལས་ལོ་བརྒྱ་ཡི་སྔ་བར་བྱས་པའི་ཁུངས་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་གསུང་ཞིག་ཏུ་ཡོད་ཞེས་རྣ་བར་སོན་པ་ལས་དངོས་སུ་རང་གི་མ་མཐོང་བས་གཏན་ཚིགས་ཀྱི་དཀྱུས་སུ་བྲི་མ་བཏུབ། ལོ་བརྒྱ་བྱས་པ་ངེས་པར་ཡོད་པ་བདེན་ཚེ་འདི་ཡང་ཁུངས་ཆེ་བ་ཞིག་ཏུ་རྟོགས་དགོས་སོ་སརྦ་མངྒ་ལཾ།

ཉི་མ་ལྡོག་པའི་ཚེ་ཉི་བར་ལ། སྐར་མདའ་ཆུ་ཚོད་མདའ་ཆུས་སྦྱངས། སྐར་གནས་སྟོང་ན་དབྱར་ཉི་ལྡོག་འཁོར་ལོ་ཕྱེ་ན། དགུན་ཉི་ལྡོག ལྷག་མ་ཆུ་མེ་མིག་གཟུགས་ལ། སྔ་དྲོ་ཉི་ཕྱེད་དགོང་མོ་དང་། ནམ་ཕྱེད་སྟོད་དང་ཐོ་རེངས་ལྡོག ཁ་ཆེ་ཟླ་མགོན་གྱི་ལུགས་སོ། །འདོད་པ་བསྲེས་ཏེ་མཁའ་མེས་བགོ །རྐང་པ་འདས་པའི་ཁྱིམ་བྱིན། དགུར་ལོངས་དགུན་ཉི་ཉིན་ཕྱེད་ལྡོག གསུམ་ལོང་དབྱར་རྣམས་ཕྱེད་ལྡོག བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེ་ལོ་(མི་ལོ་ཆེན་ ༡ )(སྟོང་གཅིག་ ༢ )(སྟོང་ལྔ་བརྒྱ་ ༣ )(གཉིས་སྟོང་ ༤ )(གཉིས་སྟོང་ལྔ་བརྒྱ་ ༥)(གསུམ་སྟོང་ ༦)(གསུམ་སྟོང་ལྷག་ ༧)(བཞི་སྟོང་ ༨)(བཞི་སྟོང་ལྔ་བརྒྱ་ ༩)(ལྔ་སྟོང་ ༡༠)(ལྔ་སྟོང་སུམ་བརྒྱ་ ༡༡)(ལྔ་སྟོང་ལྔ་བརྒྱ་ ༡༢)ཚེ་ཡར་འཕེལ་བདུན་བརྒྱའི་བར་སངས་རྒྱས་བསྟན་པ་གནས་པ་དང་། ནུབ་པ་མེད་པར་གནས་པ་རྣམས་སོ་(༤༣༥༡)རྒོད་ལྡེམ་པས་གཏེར་སྟོན་སྐབས་ཀྱི་འདས་ལོ་(༣༨༠)བསྣན་ལོ་སྟག་ཡན་(༤༢༣༡)སོང་།

ཨོཾ་སྭཱསྟི། གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །འགྲོ་བའི་བླ་མར་ཕྱག་བྱས་ནས། །འཕགས་ཡུལ་གྱི་ནི་པ་ཏྲ་ཞེས། །རྒྱ་ནག་རི་ཐུར་བརྗོད་པ་གང་། །དེ་ཉིད་སྦྱོར་དང་བཀྲོལ་བའི་ཚུལ། །མདོ་དོན་ཉུང་ངུའི་ངག་གིས་སོ། །བྲིས་གཞི་དཀར་ཤོག་སྲབ་ཐུག་དྲན། །དྲི་མ་ནག་ཚག་སྣུམ་མ་གོས། །འཇམ་མཉེན་དང་བ་བཙལ་བྱས་ནས། །གོང་ཁུག་འཕྲེད་ལྟེབས་ཅི་བདེ་བ། །ཆེ་ཆུང་རང་གི་བློ་དང་བསྟུན། །དེ་ལ་ཚལ་ལམ་སན་རྩི་ཡིས། །གཞུང་ཐིག་གདབ་ནས་སྟེང་འོག་བཅད། །ཡང་ན་འཕྲེང་རེར་རེ་མིག་གསུམ། །ཤོག་བྱང་ངོས་ལྔ་སུམ་ཅུ་རྫོགས། །དོག་ན་འཕྲེང་རེར་རེ་མིག་དྲུག །ཤོག་ངོས་གསུམ་ལ་སུམ་ཅུ་རྫོགས། །གསུམ་དང་དྲུང་ཡང་དཔེར་བརྗོད་ཡིན། །དེ་ལས་མང་དང་ཉུང་ཡང་རུང་། །གང་ལྟར་རེ་མིག་སུམ་ཅུའི་མཚམས། །ཟླ་བའི་བཤད་པ་བྱེད་གྲུབ་ཀྱི། །དྷྲུ་གསུམ་སྒྲ་གཅན་བུལ་གདོང་འཇུག །གཟའ་ལྔའི་དལ་མྱུར་དག་པ་རྣམས། །བྲི་ཡུལ་ས་ཚོད་འོས་པ་དང་། །དེ་བཞིན་ལོ་བཤད་མགོར་མཆོད་བརྗོད། །ཅི་ཙམ་བྲི་བའི་དཀར་ཤོག་བཞག །རེ་མིག་དངོས་གཞིར་བྱེད་རྩིས་ཞེས། །རྒྱུད་རྩིས་ཨིངྐ་མཚལ་གྱི་བྲི། །མན་ངག་གྲུབ་པའི་ཨིངྐ་རྣམས། །སྣག་ཚས་སྔོན་སྲོལ་བཟང་ལྟར་བཀོད། །ཚེས་ཀྱི་ལྷག་ཆད་གྱུར་པ་ན། །ཆང་ལ་རེ་མིག་ཟུར་པ་སྤངས། །རེ་ཁའི་ངོས་བཅར་ཧོར་ཡིག་གེ །ཆད་བྲིས་དེ་ཁོང་གཟའ་སྐར་བཀོད། །ལྷག་ཚེ་རེ་མིག་གཉིས་འདུས་དབུས། །ལྷག་བྲི་དེ་ཉིད་མ་བདེ་ཚེ། །རེ་མིག་འོག་མའི་གདོང་དུ་བཀོད། །བྱེད་གྲུབ་གཉིས་དཀར་དེ་བཞིན་བྱ། །བྱེད་གྲུབ་ཚེས་རྩིས་མི་མཐུན་སྐབས། །ཚེས་གནས་དམར་ནག་ཨིངྐ་བརྩེགས། །མཐུན་ཚེ་བྱེད་གྲུབ་གང་གཙོ་བཀོད། །དེས་ནི་བྱེད་གྲུབ་གཟའ་མི་འཆོལ། །གོ་རིམ་མཐུན་པར་འཆར་བ་ཡིན། །བཀོད་ལུགས་གཞན་གྱི་གཟའ་ཚེས་འཆོལ། །རྒྱ་ནག་འབྱུང་རྩིས་ལུགས་ཉི་མ། །སྔོན་བྱུང་སྤྱི་ཡི་སྲོལ་ཉིད་དམ། །ཞིབ་རྩིས་གསེར་གྱི་གཙུག་ལག་བཞིན། །ཉི་མའི་ཁ་བྱང་སོ་སོར་གདགས། །གཟའ་སྐར་འཕྲོད་སྦྱོར་སྤྱིར་བཏང་དང་། །ཁྱད་པར་དུས་འཁོར་རྒྱུད་དགོངས་བཀོད། །བོད་དུ་ས་བདག་ཟིན་ཕུང་དང་། །རྒྱ་བལ་རེས་གཟའ་མིག་དམར་འཛེམ། །རྒྱུ་སྐར་སྒྲ་གཅན་གདོང་འཇུག་གནས། །ངེས་པར་འཛེམ་ཞེས་རྒྱལ་བས་གསུངས། །བོད་ཀྱིས་དེ་ལ་ཡིད་རྟོག་ཉུང་། །རང་ལུགས་འདི་ལ་བླང་དོར་གཟབ། །

དཔལ་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་གོ་ལ་ལེགས་པར་བཤད་པ་ཉུང་གསལ་རྣམ་དག་ཀུན་བཟང་འོད་སྣང་རབ་ཏུ་བྱེད་པ།

༄༅། །དཔལ་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་གོ་ལ་ལེགས་པར་བཤད་པ་ཉུང་གསལ་རྣམ་དག་ཀུན་བཟང་འོད་སྣང་རབ་ཏུ་བྱེད་པ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་ཨ་ཐ་སྭཱསྟི། དཔལ་དུས་ཀྱི་འཁོར་ལོ་འཇིག་རྟེན་ཁམས་ཀྱི་རྣམ་བཞག་གོ་ལ་ལེགས་པར་བཤད་པ་ཉུང་གསལ་རྣམ་དག་ཀུན་བཟང་འོད་སྣང་རབ་ཏུ་བྱེད་པ་ཞེས་བྱ་བ།

དཔལ་ལྡན་བླ་མ་བཅོམ་ལྡན་འདས་ཀུན་བཟང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་གདོད་མའི་སངས་རྒྱས་ཀུན་བཟང་བདེ་བ་ཆེ། །བརྟན་གཡོ་ཀུན་གྱི་རང་བཞིན་ཡེ་ཤེས་སྤྲོས་བྲལ་ཆོས་ཀྱི་སྐུ། །སྒྱུ་འཕྲུལ་དུས་འཁོར་དཔལ་ལྡན་བླ་མ་འཇམ་དཔལ་པདྨ་སྐྱེས། །རྡོ་རྗེ་རྣོན་འཆང་དེ་ལ་རྟག་འདུད་ཕྱག་འཚལ་བྱིན་གྱིས་རློབས། །དུས་འཁོར་རྒྱུད་དང་འཕགས་འགྲེལ་དོན་ཅི་བཞིན། །མ་ནོར་ལེགས་པར་གསུངས་པའི་ཤིང་རྟ་ཆེ། །དམ་པ་རྣམས་ཀྱི་རྣམ་ཐར་བཀའ་དྲིན་མཆོག །སྙིང་ནས་བསམ་བཞིན་གུས་པས་ཡོངས་བཏུད་དེ། །བདག་ཅག་སྟོན་པ་ཐབས་མཁས་དེས། །དཔལ་མཆོག་དང་པོ་དུས་འཁོར་ལོ། །འཇིག་རྟེན་ཁམས་ཀྱི་དབྱིབས་ཚད་ཚུལ། །ཇི་ལྟར་གསུང་བ་དེ་ཡི་དོན། །མཁས་རྣམས་བཞེད་པའི་ཚུལ་ཆ་ཤས། །རྣམ་གྲངས་གྱུར་པ་ཡང་མཐོང་མོད། །འདིར་ནི་རང་གི་འདོད་པ་ཉིད། །མདོར་བྱས་ས་བོན་ཙམ་ཁོ་ན། །དཔལ་མགོན་བླ་མའི་ཐུགས་རྗེའི་མཐུས། །རྣམ་པར་དག་པའི་གཞུང་རྣམས་ལ། །བརྟེན་ནས་གང་གི་དགོངས་པའི་དོན། །ཅི་ཙམ་ནུས་ཏེ་བརྗོད་པར་བྱ། །སྤྱིར་ནི་སྐྲ་རྩེ་གཅིག་ཁོ་ནི། །ཁྱོན་ཙམ་མཁའ་ལ་གནས་སེམས་ཅན། །ཚད་བཟུང་མཛད་མཐའ་དུས་ནམ་ཡང་། །མེད་པར་སྟོན་མཆོག་དེ་ཡིས་གསུངས། །དེ་བཞིན་སེམས་ཅན་བསམ་པ་ལས། །རྫས་གཅིག་ལ་ཡང་ཐ་དད་པར། །མཐོང་བཞིན་འཇིག་རྟེན་སྣང་བ་ཡང་། །དུ་མར་མཚུངས་མེད་མགོན་པོས་བཤད། །དོན་དེས་རིག་བྱེད་སྨྲ་རྣམས་དང་། །སངས་རྒྱས་པ་ཡི་གཞུང་གཞན་དང་། །སྔགས་རྒྱུད་དུས་འཁོར་ལ་སོགས་པར། །འཇིག་རྟེན་རྣམ་གྲངས་ཅན་དུ་གྱུར། །དེ་ལས་དཔལ་མཆོག་དང་པོ་ནི། །རིག་བྱེད་གཞུང་ལ་ཡིད་བརྟན་པའི། །ཚངས་རེ་སྐྱེ་བ་ཚོགས་རྣམས་དང་། །གཞན་ཡང་ཕྱོགས་རེའི་སྔོན་ཞེན་ལ། །ཞུགས་པའི་བློ་ངན་གཞིགས་སླད་དུ། །ཕྱི་ནང་གཞན་གསུམ་དག་པ་དང་། །སྦྱར་དེ་འཇིག་རྟེན་ཁམས་འདི་ཉིད། །རགས་རྩིས་དཔག་ཚད་འབུམ་བཞིར་གསུངས། །གང་དེའི་གདུལ་བྱའི་བློ་ངོ་རུ། །སྟོང་པ་མཁའ་དབུས་གདོད་མ་ནས། །རང་བཞིན་ཡེ་ཤེས་ཀྱི་རང་མདངས། །འོད་གསལ་མི་ཤིག་ཕྲ་བའི་རླུང་། །ཐིག་ལེ་ཆེན་པོ་འགྱུར་བ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །ནམ་མཁའི་དབུས་སུ་ཀུན་གྱི་གཞི། །སྟོང་དང་ཡེ་ཤེས་ཁམས་ལས་བྱུང་། །སྲོག་ཐུར་རང་བཞིན་ལྗང་སྔོའི་རླུང་། །བརྟན་གཡོ་ཀུན་གྱི་གོ་སྐབས་འབྱེད། །དེ་ཡི་ཕྱོགས་བཞིར་འོད་ཟེར་བཞི། །ནག་དམར་དཀར་སེར་འབར་བ་ཆེ། །ཤར་ལྷོ་བྱང་ནུབ་གོ་རིམ་བཞིན། །གནས་པས་བརྟན་གཡོའི་ཁམས་ཀུན་བསྐྱེད། །འོད་ཟེར་ནག་པོ་མཉམ་གནས་རླུང་། །དེ་ལ་གྱེན་རྒྱུ་འདི་ལྟར་འོད་ཟེར་ནག་པོ་མཉམ་གནས་དང་གཅིག་ཏུ་བྱས་པ་ནི་ཧ་ཅང་མཁས་པ་གཞན་གྱི་འདོད་པ་ལྟར་ཏེ་ཁོ་བོས་ནི་ཁྱབ་བྱེད་གཅིག་ཏུ་བྱེད་པ་འཐད་ཅིང་ལྷག་མ་རླུང་དྲུག་ཡང་དེས་སྐྱེད་ཅིང་བདུན་པ་ནི་མ་ནིང་དུ་གསུང་པས་སེར་པོ་འབར་བའི་དབང་པོའི་གཞུ་དང་ནག་པོ་འབར་བའི་ཁྱབ་བྱེད་གཉིས་ཀར་ལ་འཇུག་པར་ཁོ་བོས་འདོད། ཁྱབ་བྱེད་སོགས་གྱེན་རྒྱུ་ཁྱབ་བྱེད་དད་གྱུར་རུས་ཉལ་ཙང་པ་གཞུ་ལས་བྱ་དྲུག་ཡིན་ལ་ནོར་སྦྱིན་ནི་བདུན་པ། དྲུག་དང་ནོར་ལས་རྒྱལ་སྟེ་བདུན། །དེ་ལྟར་བརྒྱད་ཀྱི་རང་རང་ལས། །སྟོང་པར་རྡུལ་ཕྲན་ཆ་ཤས་ཚོགས། །བསྡུད་འཛིན་སྨིན་དབྱིབས་ལས་ཀུན་བྱེད། །ཐོག་མར་སྟོང་པའི་རྡུལ་ཞེས་པ། །ཆ་མེད་བཏགས་པ་དེ་དང་ནི། །མཉམ་བྱས་ཡང་ཞིང་གཡོ་བ་ཅན། །རྡུལ་ཕྲན་རང་བཞིན་རླུང་དུ་གནས། །དེར་ལྡན་དམར་གློག་འོད་དཀར་ཆར། །སེར་པོ་དབང་པའི་གཞུ་རུ་གྱུར། །དེ་རྣམས་རིམ་པས་མཁའ་ལ་ནི། །རླུང་རྡུལ་འདབ་འབྱོར་རླུང་གི་དལ། །ལོ་ཀའི་རྟེན་དུ་ཆགས་དེ་བཞིན། །མེ་ཡི་རྡུལ་ལས་མེ་དལ་དང་། །ཆུ་རྡུལ་ཆུ་དལ་ས་རྡུལ་པ། །གྲུབ་པའི་སྙིང་པོ་རྡོ་རུ་གྱུར། །རླུང་མེ་ཆུ་ས་དེ་རྣམས་ཞིང་། །དཔག་ཚད་བཞི་གསུམ་གཉིས་གཅིག་འབུམ། །རང་རང་འོག་གི་ཞེང་ཚད་སྟེ། །མཐའ་སྐོར་ཞེང་ནི་གསུམ་འགྱུར་ལྡན། །དཀྱིལ་འཁོར་གཅིག་ནང་གཅིག་ཆུག་ཀུན། །སྲབ་འཐུག་སྟོང་ཕྲག་ལྔ་བཅུར་མཚུངས། །སྒོ་ང་ཕྱེད་གཤག་ཚལ་པ་བཞིན། །རི་གླིང་ལས་གཞན་སྟོང་ངོས་མཉམ། །ས་དཀྱིལ་དཔག་ཚད་འབུམ་གཅིག་པའི། །ཚངས་གནས་ལྷུན་པོའི་དཀྱིལ་ཉིད་དེ། །རྡོ་སྦོམ་དཔང་དུ་འབུམ་ཕྲག་གཅིག །རྩ་བ་ཐད་ཀར་སྟོང་བཅུ་དྲུག །མཐའ་སྐོར་འགྲམ་སྟེགས་ཞེང་དང་དཔང་། །སྟོང་ཕྲག་གཅིག་གིས་ཀུན་ཏུ་བསྐོར། །ལྷུན་པོ་རྨངས་ནས་ཇེ་སྦོམ་ཚུལ། །སྟོང་ཕྲག་ལྔ་བཅུར་གྱེན་དུ་འཕགས། །དེ་སྟེང་སྟོང་ཕྲག་ཉེར་ལྔའི་བར། །གདེང་ཁའི་ཚུལ་དུ་ཕྱིར་གྱེས་ཤིང་། །དེ་ནས་ཆིག་ཁྲི་གདེང་ཀ་ཕྱིར་གྱིས་པ་དང་ཉི་ཁྲི་ངོས་མཉམ་པ་འདི་ནི་ལུགས་གཞན་གྱི་གཉའ་ཤིང་འཛིན་དང་དོན་གཅིག་ཏུ་འབབ་ངོས་མཉམ་རྔམས། །སྟེང་མཉམ་དཔང་ཚད་ལྔ་ཁྲིར་ལྡན། །དེར་བརྟེན་ལྷུན་པོའི་རྩེ་མོ་ལྔ། །དབུས་རྩ་གོང་ཕྱེད་རྩེ་དེ་ཕྱེད། །དཔང་དུ་སྟོང་ཕྲག་བཅོ་ལྔ་པ། །རྭ་བཞིའི་ཞིང་དེའི་ཕྱེད་ཆ་ཉིད། །རྩེ་མོ་དབུས་ལས་ཅུང་ཟད་དམན། །ལྔ་ཀ་འདབ་འབྱོར་ཤིན་ཏུ་མཛེས། །བཤོས་བཟླུམ་རྩེ་བྲག་ལྟར་དུ་གནས། །རྒྱུ་ནི་རིན་ཆེན་ལྔ་ལས་གྲུབ། །ཨིནྡྲ་ནི་ལ་པདྨ་དམར། །ཆུ་ཤེལ་ཀརྐ་ཏ་མརྐཏ། །རྨངས་ནས་རྩེ་མོའི་བར་དུ་སྟེ། །ཕྱོགས་བཞི་ཚངས་ལས་ཅུང་ཟད་གཡོན། །དེ་ནས་དེ་བར་མདོག་མཚུངས་སུ། །ཁ་ཅིག་འདོད་ལྟར་མཛེས་པའང་སྣང་། །རྩ་བ་འཁོར་ས་ནས་ཕྱི་རོལ། །ཟླ་བའི་གླིང་དང་སྦྲང་རྩིའི་མཚོ། །འོད་སྔོན་རི་སྟེ་རིམ་པ་དེས། །འོད་དཀར་དམར་དང་མནྡྷ་ཡིད་འཛིན་ར། །ཀུ་ཤ་དགེ་བའི་གླིང་ཞོ་དང་ནི་ཥྲཊྭ་མཚན་མོ་འམ་རྩི་ཤིང་ཅན་ནམ་ཚང་ཚིང་ཅན་རི། །མི་འམ་འོ་མ་ནོར་བུའི་འོད། །ཁྲུང་ཁྲུང་ཆུ་དང་དྲོ་ན་བྲ་འོ་རི། །དྲག་པོ་ཆང་དང་བསིལ་བའི་རི། །ཀུན་ཀྱང་ཤིན་ཏུ་བཟླུམ་པོར་མཛེས། །གླིང་མཚོ་རི་རྣམས་ཁ་རྒྱ་ཞིང་། །དཔག་ཚད་བརྒྱད་བརྒྱ་དང་གྱ་བརྒྱད། །རྒྱང་གྲགས་གསུམ་དང་གཞུ་ཆིག་སྟོང་། །ཆིག་བརྒྱ་བཅུ་གཅིག་སོར་བཅུ་གཅིག །ནས་ལྔ་སྐྱེ་ཚེ་བརྒྱད་དུ་མཉམ། །རི་དྲུག་ལ་ནི་ཁ་ཁྱེར་ཚུལ། །དཔག་ཚད་སོ་གསུམ་རྒྱང་གྲགས་གཅིག །གཞུ་འདོམས་དྲུག་བརྒྱ་དང་རེ་དྲུག །ཁྲུ་དོ་ཐོ་གང་ནས་དྲུག་འཕྱར། །རི་དྲུག་དཔང་ཚད་རྒྱུད་འགྲེལ་པར། །ཤུགས་བརྟན་ཉིད་ལས་དངོས་མི་གསལ། །དེས་ན་བཞེད་མི་མཐུན་མང་ཡང་། །འདིར་བཤད་ལས་གཞན་གྱ་ཚོམ་མོ། །དེ་ཡང་རི་དྲུག་ཕྱི་མ་ལས། །ནང་མའི་དཔང་ཚད་ལྷག་པར་འཕགས། །ལྷུན་པོའི་ཕྱེ་མན་ལྔ་ཁྲི་སྟེ། །དེ་ནས་ཉིས་སྟོང་བོར་བའི་ལྷག །དྲུག་གིས་ཕྱེས་པས་དཔག་ཚད་ནི། །བརྒྱད་སྟོང་ཉིད་དུ་དག་པའི་ཆ། །གོང་གི་ཉིས་སྟོང་ལྷུན་པོ་དངོས། །དེ་ནས་བརྒྱད་སྟོང་དྲུག་བརྩེགས་པ། །རི་དྲུག་སོ་སོའི་མཐོ་ཁྱད་སྟེ། །དེ་ཡི་དང་པོ་འོད་འོད་སྔོན་རི་སྟེ་གཞན་དུ་གཤོལ་མདའ་འཛིན་དང་གཅིག་པར་སེམས་ལ་གང་ལྟར་རྩ་བ་ནས་རྩེ་མོའི་བར་དཔག་ཚད་བཞི་ཁྲི་བརྒྱད་སྟོང་སྔོན་ནི། མནྡཱར་སྟེ་ལྟ་ན་སྡུག་མ་དཔག་ཚད་བཞི་ཁྲི་ཐམ་པ་གཉིས་པ་ལྷུན་པོའི་མིང་ཅན་གང་། ལྟ་ན་སྡུག་པ་མནྡྷ་ར། རིམ་ནི་ཥཊ་སྲེ་སེང་ལྡེང་ནག་ལ་སུམ་ཁྲི་ཉིས་སྟོང་ནོར་བུའི་འོད་སྟེ་རྟ་རྒ་ཅན་ལ་ཉིས་ཁྲི་བཞི་སྟོང་། རྟོ་ཎ་སྟེ་རྣ་འདུད་པ་མ་ཆིག་ཁྲི་དྲུག་སྟོང་དེས་བརྒྱད་སྟོང་བསིལ་བའི་རིམ་བཞིན་མུ་ཁྱུད་འཛིན་དང་དོན་གཅིག་གོ །འོག་མ་ནི། །བསིལ་རིའི་དཔང་ཚད་ཉིད་དུ་བཟུང་། །དེ་ཡི་རྩ་བ་ནས་ཕྱི་རོལ། །སྟོང་ཕྲག་ཉེར་ལྔ་ས་དཀྱིལ་ཕྱེད། །ཁོར་ཡུག་ཚུལ་སྐོར་འཛམ་གླིང་ཆེ། །དུམ་བུ་པད་འདབ་ལྟར་བཅུ་གཉིས། །ཤར་ལྷོ་བྱང་ནུབ་གོ་རིམ་གླིང་། །བཟླུམ་པོ་ཟུར་གསུམ་ཟླ་གམ་དང་། །གླུ་བཞི་འབུར་གྱུར་སྟོང་ཕྲག་གྲངས། །རི་ཀླུ་གཟའ་ཕྱོགས་དཔག་ཚད་ལྡན། །ཕྱོགས་གླིང་ཁ་དོག་འབྱུང་ཁམས་དང་། །དག་སྦྱོར་ནག་དམར་དཀར་སེར་འདོད། །དེ་བཞིན་རི་དྲུག་ཕྱི་ནས་རིམ། །དཀར་དམར་སེར་ནག་འཇའ་སྔོན་སྦྱར། །ཆུ་མཐར་མེའི་བཞི་རི་བདུན་པ། །དཔང་དུ་བདུན་ཁྲི་ལྔ་སྟོང་རིགས། །ལྕགས་ལེན་ལོ་ཧ་རྡོ་རྗེ་ཆེ། །རྡོ་སོལ་མཆོག་རྩ་རྟ་གདོང་ཅན། །འབར་བའི་རྩེ་མོ་ཆུ་གཏེར་ཁམས། །བྲས་ལས་མི་འདའ་རབ་བཏུང་བྱེད། །ལྷུན་པོའི་རྩེ་ནས་གྱེན་དུ་སྲིད། །མཁའ་རིམ་ལྷ་ནས་དཔག་ཚད་འབུམ། །སྣོད་ཀྱི་འཇིག་རྟེན་ལེགས་གྲུབ་ཅིང་། །ནང་བཅུད་སེམས་ཅན་རིམ་ཚགས་འཚམས། །སྐར་གཟའ་གཡོ་འདེགས་ཅི་ཡང་རླུང་། །ཉེར་གྲུབ་མི་ཡི་དུས་ཚོགས་སྟོན། །སྤྱིར་ནི་གཞོམ་མེད་འོད་ཟེར་དྲུག །དབུས་ཟུང་བདུན་གྱི་སྣོད་བཅུད་ལས། །མཐའ་དག་སྟོབས་དང་ལྡན་བྱེད་ཅིང་། །གོ་ལའང་དེ་ཡི་རང་བཞིན་ནོ། །རྒྱབ་ཀྱིས་ས་རྡོ་ས་རྡོ་སྐན་མ་གསུམ་ཆར་ལ་སྦོམ་ཕྲ་གཉིས་གཉིས་ཕྱེས་པས་དྲུག་དང་དབང་པོའི་གཞུ་བཅས་བདུན་ཡིན་ནོ། །སྐར་སྦོམ་ཕྲ། །དབང་པོའི་གཞུ་སྟེ་བདུན་དེས་བསྐྱེད། །གཡོན་དང་གཡས་དག་དེའི་ཆར་གློག །ཆུ་མེ་སྒྲ་ཆེན་དུས་འདའ་ཉིད། །ལྷག་མི་སངས་ཕུར་ཀེ་རུ་སྤེན། །ཟུང་བདུན་རིམ་པས་གྲུབ་ཞེས་གསུང་། །དེ་ལྟར་འོད་སྣང་འཇིག་རྟེན་ཁམས། །ཚད་དབྱིབས་མདོ་ཙམ་བཤད་ཟིན་ཏོ། །

དེ་ནས་སྣང་སྲིད་སེམས་ཅན་རྣམས། །ཇི་ལྟར་གནས་ཚུལ་བཤད་བྱ་སྟེ། །གཟུགས་མེད་གཟུགས་དང་འདོད་ལྷའི་གནས། །མཐོ་དམན་རྒྱ་ཁྱོན་ཆེ་ཆུང་ཚད། །རྒྱུད་འབྲལ་འགྱུར་ལུགས་རིག་ཁྱད་ཀྱི། །ཅུང་ཟད་མི་མཐུན་འབྱུང་ན་ཡང་། །ཕྱིས་འབྱུང་མཁས་དབང་ཁ་ཅིག་གིས། །བཤད་འདི་འཐད་མཐོང་དེ་འདི་ལྟ། །ཆོས་བཟང་ཚངས་འདས་དཔལ་དང་ནི། །དཀར་པོའི་བསྐལ་པ་གཟུགས་མེད་གཟུགས། །གཙུག་ཏོར་གདོང་པའི་ཚད་ལའོ། །ཟད་པར་མཁའ་རླུང་མེ་ཆུ་ས། །འདོད་ལྷ་དྲུག་ཡང་ཟད་པ་ནི། །སྒྲ་གཅན་ཉི་ཟའི་འབྲས་མགྲིན་པར། །འོན་ཀྱང་ལོ་ཙཱའི་ཞེ་འདོད་འགྱུར། །དེ་དང་མི་འགལ་རང་བཞེད་དུ། །བཞག་ཚེ་གཙུག་ཏོར་ཆ་བཞི་ཡི། །འགོ་མ་ནས་བརྩམས་མགྲིན་དྲུག་ཆའི། །སྟེང་བར་གཟུགས་མེད་གཟུགས་དེ་འོག །ལྔ་ཆ་འདོད་ལྷ་འཐབ་བྲལ་མན། །དྲུག་ཆ་རྫོགས་མཚམས་རི་རབ་རྩེ། །དབུས་མ་སུམ་ཅུ་རྩ་གསུམ་སྟེ། །གོང་དུ་རྣམ་པར་རྒྱལ་ཁང་བཟང་། །མཐའ་སྐོར་ལྟ་ན་སྡུག་པའི་གྲོང་། །ར་བ་འབོ་བདུན་དེའི་ཕྱོགས་བཞིར། །ཚལ་བཞིར་ས་བཞི་བཟང་པོ་བཞི། །ལྷོ་ནུབ་ཆོས་བཟང་ལྷ་མདུན་ས། །བྱང་ཤར་ཡོངས་འདུ་དཔག་བསམ་ཤིང་། །ཨ་མོ་ནིརྐའི་རྡོ་ལེབ་བཅས། །གནས་དེ་རྣམས་སུ་ཉེ་དབང་དང་། །དབང་པོ་མཛའ་བཤེས་འཁོར་འབངས་ལྡན། །ཕྱེ་མཐའ་སྣོད་སྦྱིན་གསང་བའི་གནས། །ཁྱད་པར་རི་རབ་རྭ་བཞིའི་རྩེར། །གནོད་སྦྱིན་གསང་བ་ས་ཡི་བདག །ལག་ན་རྡོ་རྗེ་ཅན་གྱི་གྲོང་། །ལྕང་ལོ་ཅན་ཞེས་སྔགས་བདག་ཚལ། །དེས་ན་རྒྱུད་ཀུན་བདག་པོ་བཞུགས། །རྒྱལ་བའི་འཕྲིན་ལས་གནས་ཡིན་ནོ། །ལྷུན་པོ་རྩེ་ལྔ་དབུས་མའི་འགྲམ། །ཕྱོགས་བཞིའི་སྟེགས་སྟེང་རྒྱལ་ཆེན་བཞི། །དེ་ཐད་བར་སྣང་སྟེང་ཆིག་སྟོང་། །དབུས་འབུར་ཚུལ་མཐོ་འོག་ཆིག་ཁྲི། །རིམ་གཞོལ་རྟ་གདོང་རི་བོའི་བར། །སྐར་གཟའ་རྒྱུ་བའི་གོ་ལ་ཡིན ། །ནང་གི་གླིང་དྲུག་ལོངས་སྤྱོད་པ། །རང་འོད་བདུད་རྩི་འབྲས་བུས་མཚོ། །མུན་པ་ལས་སྤྱོད་འཛམ་གླིང་ཆེ། །བདེན་བྲལ་དུམ་བུ་ལས་གཞན་མི། །འཛམ་གླིང་ཆུང་ངུ་མཆོག་གི་ས། །འཁོར་ལོས་བསྒྱུར་བ་འབྱུང་བའི་ཡུལ། །སངས་རྒྱས་རྣམས་འཁྲུངས་སངས་རྒྱས་གནས། །མི་རྣམས་སྐྱོ་ཤས་ངེས་འབྱུང་འཕེལ། །ལས་རྣམས་མཐུ་མྱུར་ཤིན་ཏུ་གྲུབ། །དེ་སོགས་ཁྱད་འཕགས་གླིང་འདི་ཉིད། །ལྷོ་བྱང་ཉི་ཁྲི་ལྔ་སྟོང་ཚད། །ཤར་ནུབ་ཚང་ཐིག་གིས་བཅད་དབུས། །རི་བསིལ་ཆུ་རྒྱུན་དཀར་པོར་ངེས། །ཚངས་གནས་ལྷོ་ཕྱོགས་འཕགས་པའི་ཡུལ། །ལྟེ་བ་དབུས་གྱུར་རྡོ་རྗེ་གདན། །གཞོམ་མེད་བྱང་ཆུབ་ཤིང་གིས་བརྒྱན། །བྱང་ཕྱོགས་ཆ་གཉིས་ཤམྦྷ་ལ། །ལྷོ་ངོས་ཕལ་དང་བྱང་ངོས་མཆོག །ཀཻ་ལ་ཤ་དབུས་ཀ་ལཱ་པ། །སྤྲུལ་སྐུ་ཆོས་རྒྱལ་རྒྱུན་མི་ཆད། །ལྷུན་པོའི་རྨང་ངམ་ས་སྟེང་ནས། །ཐུར་གཞལ་ས་དཀྱིལ་ཕྱེད་དགོས་པའི། །སྟེང་མ་གཉིས་བྱས་རིན་ཆེན་སྣང་། །ཕྱེད་གོང་ལྷ་མིན་འོག་མ་ཀླུ། །ཕྱེད་འོག་བསེགས་པའི་དམྱལ་ཡི་དྭགས། །དེ་བཞིན་ཆུ་དཀྱིལ་དགོས་སྟེང་འོག །བྱེ་མ་འདབ་ཆུ་གྲང་དམྱལ་གཉིས། །མེ་གཉིས་མི་ཟད་དུ་དང་མེ། །རླུང་གཉིས་མུན་པ་མུན་པ་ཆེ། །ཁབ་རྩེའི་དམྱལ་ཡང་ཕྱི་མར་གནས། །ལྷ་མིན་གནས་ཙམ་ཁབ་རྩེའི་བར། །ཐད་དཀར་ས་དཀྱིལ་རྒྱ་ཚད་དུ། །གནས་ཀྱི་གཙོ་བོར་གསུང་བ་ལས། །འཁོར་ཡུལ་ཚད་ནི་དེ་ལྷག་གོ །དེ་བཞིན་སྟེང་གི་ལྷ་གནས་ཡང་། །མཐའ་བྲལ་ཡན་རྒྱ་རྒྱུད་འགྲེལ་པར། །གསལ་མ་གསུངས་ཡང་མཁས་འགའ་ཡི། །ས་གཞིའི་ཚད་དང་མཉམ་བཞེད་སྣང་། །དེ་ཡང་གཙོ་དང་ཁོར་ཡུག་གི །རྣམ་གྲངས་གོང་ལྟར་ཁོ་བོས་རྟོགས། །དེ་ལྟར་སྣོད་དང་བཅུད་གཞལ་བྱེད། །ཚད་དང་དུས་ཀྱི་ངེས་པ་གང་། །ཚད་ནི་ཕྲ་རབ་ཕྲ་མོའི་རྡུལ། །སྐྲ་རྩེ་སྐྱེ་རྩེ་ལུས་སྐྱེས་དང་། །ནས་འབྲས་སོར་མོའི་བར་བརྒྱད་འགྱུར། །བཅུ་གཉིས་སོར་མཐོ་དེ་ཉིད་ཁྲུ། །དེ་བཞིན་གཞུ་འདོམ་དེ་གཉིས་སྟོང་། །རྒྱང་གྲགས་དེ་བཞིན་དཔག་ཚད་ཡིན། །སྲིད་གསུམ་བསྐལ་པའི་ཚེ་ཚད་དུས། །སྲིད་རྩེ་གནས་རྩམ་རྒྱལ་ཆེན་བར། །བསྐལ་ཆེན་བཞི་དང་འབྲིང་བཅུ་དྲུག །ཆུང་དྲུག་རིམ་འོག་རེ་རེ་འཕྲོག །མི་ནི་ངེས་མེད་ས་གནས་གསུམ། །བསྐལ་ཆུང་ཆུ་ཡི་གཉིས་སོ་འབྲིང་། །མེར་གནས་མཆོག་ཡིན་ལྷག་བསྐལ་ཆེ། །ཁབ་རྩེ་འཇིག་རྟེན་སྡུད་པའི་ཚད། །བསྐལ་པའི་ཡུན་ནི་དཔག་ཚད་གཅིག །མཆུ་ཞེང་ཤིན་ཏུ་མཉམ་པའི་དོང་། །ཡོང་གང་སྐྲ་རྩེ་མི་ལོ་བརྒྱར། །ཉག་རེ་ཕྱུང་ཟད་ཞག་གཅིག་ཡིན། །ཞག་དེས་རིམ་བགྲངས་ལོ་བརྒྱ་ནི། །བསྐལ་པ་ཆུང་ངུའི་ཡུན་ཚད་འགྱུར། །བསྐལ་ཆུང་ཞག་བྱས་དེས་གྲངས་ལོ། །བརྒྱ་ཡི་བསྐལ་པ་འབྲིང་པོ་སྟེ། །དེ་ཉིད་ཞག་བྱས་ལོ་བརྒྱ་མཆོག །མཆོག་བསྐལ་ཞག་ལོ་བརྒྱ་བསྐལ་ཆེན། །དེ་ཡང་དཔག་ཚད་དོང་སྐྲ་རྩེ། །ཅི་ཙམ་དེ་ཡི་སྡེབ་བརྟགས་གྲངས། །ཐིག་ལེ་དགུ་དང་དེ་ན་མིག །མདའ་མེ་ནོར་བྲོ་ཀླུ་མཚོ་ཀླུ། །མེ་ཆུ་འཁྲིག་རོ་མཁའ་ནོར་ཀླུ། །ཀླུ་མིག་དབང་ཕྱུག་ཡོན་ཏན་ནོ། །དེ་བརྒྱས་བསྒྱུར་བ་ཐིག་བཅུ་གཅིག །གྲངས་གཞན་གོང་མཚུངས་གནས་སོ་གཅིག །མི་ལོ་དེ་སྙེད་བསྐལ་ཆུང་ཞག །དེས་གྲངས་ལོ་བརྒྱ་བསྐལ་ཆུང་ཡུན། །མི་ལོའི་གྲངས་བཅས་ཐིག་བཅུ་བཞི། །བགྲོད་པ་རི་རོ་ཁ་རོ་ལག །དབང་པོ་འབྱུང་བ་ཀླུ་དྲང་སྲོང་། །ཐུབ་པ་རྒྱ་མཚོ་མིག་ཁ་རི། །བུ་ག་མེ་བྲོ་ནམ་མཁའི་མིག །བདེ་འབྱུང་གྲངས་སུ་འགྱུར་བ་ཡིན། །དེ་སྡེབ་བསྐལ་འབྲིང་མཆོག་ཆ་ཡི། །མི་ལོའི་གྲངས་ཀྱང་རིམ་ཤེས་བྱ། །བསྐལ་ལོ་དུས་རྩིས་ཀུན་རྩ་བ། །འབྱུང་འཇུག་དབུགས་ཡིན་དྲུག་སྲང་། །ཆུ་སྲང་དྲུག་ཅུ་ཆུ་ཚོད་དེ། །དྲུག་ཅུ་ཞག་གཅིག་སུམ་ཅུའི་ཟླའི། །བཅུ་གཉིས་ལོར་ལོངས་དེ་འདྲ་བ། །བཅུ་གཉིས་ལོ་བསྐོར་དེ་ལྔ་རྒན། །དེ་ཡང་རླུང་གི་དུས་དང་ནི། །དཀར་དམར་ཕྱོགས་དང་བསྒྲོད་པས་བཞེད། །རིམ་པ་ལོ་དེ་ལས་ས་རུ། །རྫོགས་ལྡན་གསུམ་གཉིས་རྩོད་ལྡན་དུས། །སླར་གཉིས་གསུམ་རྫོགས་འགྲིབ་འཕེལ་བསྐལ། །གྲངས་ནས་ངེས་པ་ཀུན་དེས་སྦྱིན། །མཐར་ནི་འཇིག་རྟེན་བསྡུད་པའི་ཚེ། །བརྟན་གཡོ་ལས་རླུང་གི་ནུས་པས། །ཆུ་ཡི་མེ་ཉམས་དེས་ས་རྡོ། །མཐུ་བྲལ་ཆུ་ཡི་ནང་དུ་ཐིམ། །འདྲེས་པའི་རླུང་གི་ཆུ་སྐམ་གྱུར། །རླུང་ཚོགས་ནམ་མཁའི་དབུས་ཡལ་སྟོང་། །སྟོང་ཡེ་ལས་འཕྲུལ་ལོ་ཀའི་ཁམས། །བསྐྱེད་བསྡུད་དེ་ལྟར་ཡང་སྟོན་བྱེད། །དངོས་གྲུབ་མཆོག་གྱུར་གླིང་བདུན་པ། །ལས་ས་འཛམ་གླིང་ཆེན་པོ་འདིར། །འཇིག་རྟེན་གནས་པ་དེ་སྲིད་དུ། །མཚན་ཉིད་ལྷག་ཉེ་སྤྱོད་བྱེད་པ། །གོ་ལ་ཞེས་བྱ་བཟླུམ་བསྐོར་དང་། །སྒང་གཤོང་སྦུམ་ཁོང་ས་ཕྱོགས་འོད། །མཐོ་རིས་འཛིན་སོགས་དོན་མང་བས། །དེས་ན་ལེགས་སྦྱར་སྐད་ཉིད་བཞག །དེ་ཡང་རླུང་ལམ་རྭ་ཤི་ཁྱིམ། །བཅུ་གཉིས་སྒང་གཤོང་མཚོན་ཆའི་རྩིབས། །ལྷུན་པོའི་བཅུ་ཆ་གཅིག་ལྷག་རྔམ། །དབུས་འབུར་མཐའ་གཞོལ་གདུགས་ཀྱང་འདྲ། །བསིལ་རི་རྟ་གདོང་བར་ཁྱོན་མཁའ། །དཔག་ཚད་བདུན་ཁྲི་ལྔ་སྟོང་ལ། །གླིང་གང་ཉིད་མཚན་མཉམ་ལམ་ནས། །བལྟས་པས་ལྷོ་བྱང་མཉམ་མི་མཉམ། །སྤེལ་ཁྱིམ་བཀོད་པ་འོད་མའི་གཞུ། །པད་འདབ་བཟང་ལྟར་དྲུག་དྲུག་ནས། །གོ་རིམ་ལྷུན་པོ་དབུས་བྱས་ཤར། །ཕྱེད་གཡས་ལུག་ཁྱིམ་དབང་ལྡན་གླང་། །བྱང་ཕྱེད་དང་པོ་འཁྲིག་གཉིས་པ། །ཀརྐ་ཊ་སྟེ་རླུང་སེང་གེ །ནུབ་ཕྱེད་བུ་མོ་ཕྱེད་གཡོན་སྲུང་། །བདེན་བྲལ་སྡིག་པ་ལྷོ་བྱེད་ནུབ། །གཞུ་དང་ཕྱེད་ཤར་ཆུ་སྲིན་ཁྱིམ། །མེ་ཟུར་བུམ་པ་ཤར་ཕྱེད་ཉ། །ཁ་དོག་ལུག་དང་བུ་མོ་དཀར། །ཉ་དང་སྲང་དམར་སྡིག་བུམ་ནག །གླང་སེང་སེར་ལ་ཀར་འཁྲིགས་སྔོ། །གཞུ་དང་ཆུ་སྲིན་ལྗང་ཁུར་འདོད། །དེ་རྣམས་ལྷོ་བྱང་ཞོལ་འབུར་ལས། །བཀོད་པ་ཤིན་ཏུ་བཟླུམ་པོར་ཁྱིར། །རེ་རེར་མཐའ་བསྐོར་དཔག་ཚད་ནི། །གསུམ་འབུམ་བདུན་ཁྲི་ལྔ་སྟོང་ལྡན། །ཐད་ཀར་ཆིག་འབུམ་ཉི་ཁྲི་དང་། །ལྔ་སྟོང་ཀུན་ཀྱང་ཡང་དག་མཐུན། །ཁྱིམ་སྤྱོད་རྒྱུ་སྐར་ཉི་ཤུ་དྲུག །ཕྱེད་གཉིས་གཅིག་སྡོམ་ཉེར་བདུན་ནི། །ཁྱིམ་ལ་ཟེར་བཞིན་འཕོ་མེད་སྐད། །སྐར་མ་རེ་ལ་རྐང་པ་བཞི། །དབྱེས་པས་རྐང་པ་བརྒྱ་རྩ་བརྒྱད། །ཁྱིམ་རེར་རྐང་པ་དགུ་ཡི་ཚད། །དེ་ལ་གཟའ་རྣམས་ཕན་ཚུན་འགྲོས། །དྷྲུ་ཝ་རི་ཥི་ཏོག་བཤམས་ཚུལ། །གོ་རིམ་ཁྱིམ་ལ་རྒྱུ་སྐར་ཚོགས། །དེ་ནས་གཟའ་རྣམས་ངེས་པ་རྙེད། །ཉི་དཀྱིལ་ཐད་ཀར་དཔག་ཚད་སྟོང་། །བཞི་བརྒྱ་རྩ་དྲུག་རྒྱང་གྲགས་གཅིག །ཟླ་དཀྱིལ་སྟོང་དང་བརྒྱ་ཕྲག་གཉིས། །དཔག་ཚད་ལྔ་བཅུའི་ཚད་ཅན་སྟེང་། །ལྷ་གནས་ཀྱིས་བརྒྱན་ལྷ་ལམ་བརྟེན། །དལ་མྱུར་རྐང་པས་ཉི་མས་ལོ། །ཟླ་བས་ཟླ་རེར་སྐར་ཁྱིམ་སྤྱོད། །དེ་ལས་ཉི་ཚེས་ཁྱིམ་ཞག་ཐོན། །དེ་ཡི་དཀྱིལ་འཁོར་ཡུལ་དུས་རྟགས། །ལོངས་སྤྱོད་མཐའ་དག་སྟོན་པ་ཡིན། །སྒྲ་གཅན་གདོང་འཇུག་དཀྱིལ་འཁོར་མཆོག །གཅིག་དང་བདུན་པར་འཁོད་ཁྱིམ་བྱེད། །དེ་འབྲལ་ལུས་མཁའ་མཚུངས་རླུང་རྡུལ། །རབ་དྭངས་དྲ་བ་གཞུ་ལྟར་གནས། །རྒྱུ་སྐར་དང་ནི་གཟའ་གཞན་རྣམས། །བསོད་ནམས་སྟོབས་དམན་གཡོན་བསྐོར་ཏེ། །སྟོབས་དང་ལྡན་པ་བསོད་ནམས་ཆེ། །སྒྲ་གཅན་འགྲོས་ནི་གཡས་བསྐོར་མཇུག །ཟླ་གཉིས་མཐར་གནས་ཕྲ་བའི་ཆ། །སྒྲ་གཅན་མཐའ་དང་དེར་འཛོམས་པས། །དཀར་དམར་སྣང་གང་གཉིས་སྤངས་སུ། །བདེན་གཉིས་རྟེན་འབྲེལ་བཞིན་འཇུག་བྱེད། །གཟའ་སྐར་མཐའ་དག་ཉིན་ཞག་ཡུན། །ཁྱིམ་ཚད་ལྷག་ཆད་བར་མེད་སྒྲོད། །ཤར་ཉིན་ནུབ་མཚན་གུང་ཐུན་ཚེ། །བྱང་མྱུར་ལྷོ་གླིང་འདིར་ཉི་ཤར། །ཉི་ཁྱིམ་དང་པོ་ལུག་སྤྱོད་དུས། །དེ་ཚེ་གླིང་འདིར་ཉི་ཤར་སྐབས། །ཁྱིམ་གྱི་གོ་རིམ་མ་འཆོལ་གནས། །ལྷག་མ་ཚུལ་དེ་བསྐོར་བས་ཤེས། །ཉི་མ་གནས་པའི་ཁྱིམ་ཕྱེད་ཀྱི། །སྐར་མ་ཟླ་བ་རངས་པས་བཟུང་། །ཉིས་ལུག་ཟླ་བས་ནག་པ་སྟེ། །གཞན་རྣམས་དེ་ཡི་རིག་པས་རྟོག །དུས་བཞིའི་ཟླ་བའི་ར་བ་བཞིན། །དབྱར་དགུན་ཉི་ལྡོག་སྟོན་དཔྱིད་མཉམ། །གླིང་འདིར་མཉམ་པ་དཔྱིད་ཀྱི་དུས། །ཤར་དབྱར་བྱང་སྟོན་ནུབ་གླིང་དགུན། །ཞིབ་མོར་ལྡོག་མཉམ་མཁའ་དུས་མེ། །བཅུ་གཉིས་དུམ་བུའི་སུམ་ཅུ་ཐོབ། །གླིང་དབུས་ཆུ་གཏེར་བཞི་ཆའི་ནང་། །ལྔ་ཁྲི་ཉི་ལམ་ལྷོ་བྱང་ཞིང་། །བྱང་བསྒྲོད་བརྒྱད་ཁྲི་དྲུག་སྟོང་དཔུང་། །ལྷུན་པོའི་རྭར་སྙེགས་དབྱར་ཉི་བཟློག །དེའི་བདུན་ལྷོ་བསྒྲོད་དགུན་བཟློག་མེར། །རེག་གང་བདུན་ཁྲི་ལྔ་སྟོང་ལྡན། །མཉམ་ཚེ་བརྒྱད་ཁྲི་ལྔ་བརྒྱ་སྟེ། །ཆུ་གཏེར་ཆ་གཅིག་ཕྱི་མཐར་འགྲོ། །ལྷོ་དབུས་ཚངས་པར་ཆུ་སྲིན་ལུག །སྦལ་སྲང་ཁྱིམ་སླེབ་དེ་མ་ཐག །དགུན་བཟློག་དཔྱིད་མཉམ་དབྱར་ལྡོག་དང་། །སྟོན་མཉམ་རྣམ་འབྱུང་ས་འདི་རུ། །དེ་རྣམས་དེ་ལས་ཞག་དུ་མའི། །སྔོན་འཆར་མཁས་རྣམས་མྱོངས་རྩིས་མཛད། །གཞན་ཡང་ལྷག་མར་གྱུར་པ་གང་། །མཁས་རྣམས་ལུང་རིགས་རྟོག་དཔྱོད་ཀྱི། །གསལ་བྱེད་རབ་ཏུ་གྲགས་གྱུར་པ། །འཇིག་རྟེན་གྲུབ་པ་བཞིན་ཤེས་བྱ། །དེ་ལྟར་དུས་འཁོར་འཇིག་རྟེན་ཁམས། །གོ་ལ་ཇི་ལྟར་གནས་པའི་ཚུལ། །རྒྱུད་དགོངས་འཕགས་འགྲེལ་དོན་ཇི་བཞིན། །སྟོན་མཁས་རྗེ་བཙུན་མཆོག་རྣམས་ལ། །སྙིང་ནས་གསོལ་བ་བཏབ་པའི་མཐུས། །རབ་ཏུ་གསལ་བར་བྱས་པ་ཡིན། །དེས་ན་གྲགས་པའི་རྗེས་འབྲངས་ནས། །བསྐྱར་ཏེ་བཟློག་པ་ཁོ་ན་མིན། །རིགས་པས་གསར་རྟགས་འབའ་ཞིག་གི །ལུང་དང་འགལ་བ་ཡང་མ་བྱས། །མཐའ་སྤང་དབུ་མ་ལ་གནས་གཏམ། །འདི་ཀོ་བླ་མའི་བྱིན་རླབས་དངོས། །བདག་ནི་ཕ་རོལ་འགྲོ་བ་ན། །ཤེས་བྱ་འདི་ཡང་རང་ལུས་ལ། །ནུབ་མེད་དཔྱོད་ལྡན་དགའ་བྱེད་ཕྱིར། །ཡི་གེ་ཡིད་བཞིན་བཙས་སུ་བཞག །གལ་ཏེ་བདག་བློས་འཁྲུལ་གྱུར་ན། །རྟེན་འབྲེལ་སྣོད་བཅུད་གཟིགས་པ་ཡི། །མངོན་ཤེས་ལྔ་ལྡན་མཁས་ལ་བཤགས། །དེས་ཀྱང་དགེ་བའི་དབུགས་དབྱུང་སྩོལ། །ལེགས་པར་བཤད་པ་འཕགས་པ་མཆོག་གི་གསུང་། །དྲི་མ་མེད་པའི་འོད་ཟེར་མཐུ་ལ་བརྟེན། །སྣང་བའི་གནས་ལུགས་རབ་རིབ་མེད་པ་རུ། །རབ་ཏུ་གསལ་བར་བྱེད་གང་རྨད་དུ་གྱུར། །འདི་བགྱིས་དགེ་བའི་ཆ་ཤས་ཙམ་མཆིས་དེ་ཀུན་ཀྱང་། །ལྷ་དང་བཅས་པའི་འཇིག་རྟེན་ཀུན་ཏུ་མཁས་པའི་མཆོག་དང་ཕུལ། །ཀུན་མཁྱེན་ཀུན་གཟིགས་སྐྱེ་དགུའི་སྒྲོན་མེ་སྐྱེས་བུ་རྫོགས་སངས་རྒྱས། །ཀུན་བཟང་ཀུན་དཔལ་རྒྱལ་བའི་གོ་འཕང་འགྲོ་བས་མྱུར་ཐོབ་ཤོག །

དཔལ་དུས་ཀྱི་འཁོར་ལོ་འཇིག་རྟེན་ཁམས་གོ་ལ་ལེགས་པར་བཤད་པ་ཚིག་ཉུང་དོན་གསལ་ཀུན་བཟང་འོད་སྣང་རབ་ཏུ་བྱེད་པ་ཞེས་བྱ་བ་འདི་ནི་བོད་ཡུལ་ཉི་འོག་གི་རྒྱལ་ཁམས་སུ་སྐྱེས་ཤིང་ཕྱོགས་ཀུན་ཏུ་ཆོས་སྨྲ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའི་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཆུ་རྒྱུན་ཆད་པ་མེད་པའི་དཔལ་གྱི་ཤར་ཕྱོགས་ཤིང་ལོའི་ཚལ་བྱང་ཀོང་ཉང་ཁ་རང་བྱུང་རྒྱལ་བ་པདྨས་བྱིན་གྱིས་བརླབ་པའི་གནས་ལྗོན་པ་ཀླུང་དུ་རྔ་ཆེན་ཆུ་ཁྱིའི་ལོར་བཀོད་པའི་འཕྲོ་ཆུ་ཕག་གྲོ་ཞུན་ཟླ་བ་ཉི་མ་སེངྒེའི་ཁྱིམ་དུ་གནས་པ་དཀར་ཕྱོགས་རྒྱལ་བ་དང་པོ་ལ་ཚངས་པ་རྒྱས་པའི་བུ་རོ་ཧི་ཏ་ཡི་ཀླུང་གཡས་སུ་འཁྱིལ་བའི་ངོགས་བོད་ཡུལ་གྱི་པདྨ་རྩེགས་པའི་ལྷོ་ཀོང་པོ་ཡི་ཐིག་ལེ་གཙང་པོ་མགོ་དགུ་ཞེས་ཆུ་ཀླུང་ལྗོན་ཤིང་ར་བས་ཡིད་དགའ་བའི་ཚལ་དུ་གོ་ལའི་སྐོར་བཅས་གྲུབ་པར་སྦྱར་ཞིང་སླར་ཡང་རྩིས་མཁན་རྣམས་ཀྱིས་རབ་བྱུང་བཅུ་གསུམ་བགྲང་བའི་མེ་ཡོས་ཤར་པ་ལོ་དེ་དུས་འཁོར་ལུགས་ཀྱི་རྫོགས་སུ་ཉེ་ཞིང་གནམ་འབྱུང་ས་འབྲུག་གི་དཔྱིད་ཀྱི་དཔལ་མོས་མདུན་ནས་བསུ་བ་སྦོ་ཟླའི་ཤར་ཕྱོགས་ལ་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ངོགས་སུ་ཞུ་དག་ཅུང་ཟད་དགོས་པ་རྣམས་ཀྱང་རང་བློའི་སྟེང་ནས་ལེགས་པར་བགྱིས་པའོ། །སརྦ་མངྒ་ལཾ་བྷ་ཝནྟུ།

དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ།

༄༅། །དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ་ཞེས་བྱ་བ།

དཔལ་ལྡན་བླ་མའི་ངོ་བོ་ལྷག་པའི་ལྷ་འཇམ་དཔལ་དཔའ་བོ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀུན་ཏུ་འཇམ་པར་གྱུར་ཡང་སྲིད་པའི་འཁྲུལ་འཁོར་བཅོམ་ལ་ཆེས་ཆེར་རྩུབ། །ཀུན་ནས་སྙན་པའི་དབྱངས་ཀྱིས་ཞི་བར་གནས་པར་མ་ལུས་གཉིད་ལས་བསླངས། །ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་རྒན་ཡང་འགྱུར་མེད་གཞོན་ནུ་རྟག་བརྟན་སྐུ། །ཀུན་བཟང་དཔའ་བོ་སྲིད་ཞི་ཡོངས་དཔལ་དུས་ཀྱི་འཁོར་ལོར་ཕྱག་འཚལ་འདུད། །འཇིག་རྟེན་གཞན་དུ་རྒྱལ་བའི་གོ་འཕང་མཆོག་ཉིད་བརྙེས་གྱུར་ཀྱང་། །ཞིང་འདིར་ཐུབ་དབང་བསྟན་པའི་སྙིང་པོ་འཁོར་ལོ་གསུམ་པའི་དོན། །གསལ་ཕྱིར་རྒྱལ་སྲས་ཚུལ་སྟོན་འཇིགས་མེད་ཤིང་རྟ་སྨྲ་བའི་བདག །འཇིག་རྟེན་མགོན་པོ་དེ་ལའང་ཕྱག་འཚལ་རྟག་ཏུ་བྱིན་གྱིས་རློབས། །དུས་འཁོར་རྒྱུད་ནས་ཕྱི་ནང་འཇིག་རྟེན་ཁམས། །སྦྱར་གསུང་དགོངས་དོན་མཁས་བཞེད་དུ་མ་ལས། །འདིར་འདི་དཔལ་མགོན་བླ་མ་པའི་མཐུས། །བདག་གི་བློ་ལ་སྣང་བའི་རང་འདོད་ཉིད། །རྒྱལ་ཀུན་འཕྲིན་ལས་བདག་པོ་ཡི། །འཆར་པར་འོད་ཞེས་བཀའ་གནང་བཞིན། །ཆ་ཤས་འདི་རུ་བརྗོད་པ་ལ། །རྒྱལ་བའི་བདག་པོས་དབུགས་དབྱུང་སྩོལ། །དེ་ཡང་གདོད་ནས་རང་བཞིན་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡེ་ཤེས་ཀྱི་ཕུང་པོ་ལྷུན་གྲུབ་འདུས་མ་བྱས་སྙིང་པོ་གསལ་གཡོ་བ་མེད་བཞིན་ཡེ་ཤེས་རྩལ་གྱི་རླུང་ཕྲ་བ་ཆེས་ཕྲ་བ་ཤིན་ཏུ་ཕྲ་བ་གཡོས་པ་ལས་གཞོམ་དུ་མེད་པ་རང་བྱུང་གི་སྒྲ་ཡིག་སྔགས་ཀྱི་སྐྱེ་གནས་སུ་ཤར་བ་ལས་གོ་འབྱེད་པ་ནམ་མཁའི་དབྱིངས་དང་རིག་པ་ཡེ་ཤེས་ཀྱི་རླུང་གི་རང་བཞིན་རྟེན་དང་བརྟེན་པར་བྱེད་པ་ཐམས་ཅད་ཀྱི་བདག་ཉིད་ལྗང་བ་དང་། སྔོ་བའི་འོད་ཟེར་སྟེང་དང་འོག་གི་ཆ་ཤས་ཅན་སྣང་ཞིང་། དེ་ལས་མཆེད་པའི་འོད་ཟེར་མདུན་དུ་ནག་པོ་དང་གཡས་སུ་དམར་པོ་གཡོན་དུ་དཀར་པོ་དང་། རྒྱབ་ཏུ་སེར་པོ་སྟེ། དེ་ཡང་ཕྱོགས་དང་ཁ་དོག་གོ་རིམ་མི་སྣང་བཞིན་སྣང་བའི་ཆ་གཞོམ་པ་དང་། གཞིག་པར་མི་འགྱུར་བ་རང་བཞིན་གྱི་འོད་གསལ་བའི་གདངས་ལས་དེ་ལྟར་དུ་གྲུབ་ཅིང་། འོད་ཟེར་དེ་རྣམས་མཐུ་བརྟས་པའི་དབུས་ཀྱི་ལྗང་བ་དང་སྔོ་བ་ཉིད་ལུས་ཅན་ཀུན་གྱི་སྲོག་དང་ཐུར་སེལ་གྱི་ངོ་བོར་སྨིན་པ་དེ་ཡི་ཕྲིན་ལས་ཅན་ཅུ་སྣང་ཞིང་། དེ་དང་ལྷན་ཅིག་མདུན་གྱི་འོད་ཟེར་གྱི་མཉམ་གནས་སོགས་རླུང་བདུན་དང་། མ་ནིང་གི་རླུང་ནོར་ལས་རྒྱལ་དང་བརྒྱད་སྟེ་སྔ་མ་དང་བཅས་པས་རྩ་བ་དང་ཡན་ལག་བཅུ་ཡི་བདག་ཉིད་ཅན་ནོ། །ཡེ་ཤེས་དང་འདུ་འབྲལ་མེད་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་བརྟན་གཡོ་ཐམས་ཅད་ཀྱི་བཅུད་དང་སྲོག་ཏུ་གྲུབ་ཅིང་ཕྲིན་ལས་ཀྱི་བྱེད་པ་པོར་རང་བྱུང་ལྷུན་གྱིས་གྲུབ་པར་སྣང་ངོ་། །དེ་ཡང་རྒྱུད་དང་ས་བཅུ་པའི་འགྲེལ་བར་མདུན་གྱི་འོད་ཟེར་གྱི་རླུང་བསྐྱེད་པར་ཤས་ཆེ་བས་དེ་ལྟར་ལས་དོན་དུ་ནི་ཐམས་ཅད་དུ་ཆ་ཤས་ཀྱིས་ཁྱབ་ཅིང་ཀུན་ཏུ་གནས་པ་དཀྱིལ་འཁོར་གྱི་ཚུལ་དུ་ཡང་སྟེ། དེ་ཚེ་མཉམ་གནས་དང་རུས་སྦལ་ནི་མདུན། གྱེན་རྒྱུ་དང་རྩང་པ་ནི་གཡས། ཁྱབ་བྱེད་དང་ལྷས་བྱིན་ནི་གཡོན། ཀླུ་དང་ནོར་ལས་རྒྱལ་ནི་རྒྱབ་ཀྱི་འོད་ཟེར་དང་ཤིན་ཏུ་མཉམ་ཞིང་། དེ་ལྟར་རླུང་རྣམས་ཀྱི་འབྱུང་བའི་ཁམས་ཀུན་བསྡུད་པ་དང་། འཐས་པ་དང་སྨིན་པ་དང་། གསལ་བའི་ལས་ཀྱི་དབང་པོ་ཁམས་ལྔའི་རང་བཞིན་བག་ལ་ཉལ་ཆ་མེད་པ་དབང་པོའི་ཡུལ་ལས་འདས་པ་ཉིད་རྡུལ་ཕྲ་རགས་ཀྱི་ཚུལ་དུ་ཁྱབ་བྱེད་དང་། ལྷས་བྱིན་གྱི་གོང་བུར་བསྡུས་ཤིང་། དེ་ཀླུ་དང་ནོར་ལས་རྒྱལ་གྱིས་བསྡུས་པའི་གོང་བུ་རྣམས་འཐས་པར་བྱས་ཏེ་གྱེན་རྒྱུ་དང་རྩང་པས་བསྲུབ་པའི་ཚུལ་གྱིས་གཅིག་ཏུ་སྦྱར་ནས་སྦྱིན་པར་བྱས། དེ་མཉམ་གནས་དང་རུས་སྦལ་གྱི་རླུང་གིས་བསྲུབ་སྟེ་སྨིན་པ་རྣམས་དལ་སོ་སོར་བཞག་ཅིང་རི་གླིང་དབྱིབས་གསལ་བར་བྱེད་པ་སྟེ། སྲོག་ཐུར་གྱི་དེ་ཐམས་ཅད་ཀྱི་གྲོགས་གོ་འབྱེད་ཅིང་སྟོབས་སུ་འགྱུར་བར་བྱེད་པ་ཡིན་ནོ། །དེ་ལྟར་རླུང་གི་དཀྱིལ་འཁོར་གྲུབ་པ་དང་ལྷན་ཅིག་ཕྲ་བར་མཉམ་པ་ལ་རགས་པ་གོ་རིམ་གྱི་ཚུལ་དུ་གཡས་ཀྱི་འོད་ཟེར་ལས་གློག་དང་། གཡོན་གྱི་འོད་ཟེར་ལས་ཆར་རྒྱབ་ཀྱི་འོད་ཟེར་ལས་དབང་པོའི་གཞུ་གྲུབ་ཅིང་། གོང་གི་རླུང་རྣམས་ཀྱི་ནུས་པས་གློག་གི་ཆ་བསགས་པས་མཐར་འབར་བའི་དཀྱིལ་འཁོར་དང་ཆར་གྱི་རྒྱུན་ལས་ཆུ་ཡི་དཀྱིལ་འཁོར་དང་། དབང་པོའི་གཞུ་ལས་ས་དང་ས་སྦོམ། དེ་ལས་རྡོ་དང་རྡོ་སྦོམ། དེ་ནས་སྐར་མ་ཕྲ་མོ་དང་སྦོམ་པོ་རྣམས་རིམ་པར་བྱུང་ཞིང་། དེ་བཞིན་གཡས་དང་གཡོན་གཟའ་ཡི་དཀྱིལ་འཁོར་ལྔ་ཕྲག་གཉིས་དང་མདུན་གྱི་མཐུའི་ཁྱིམ་གྱི་གོ་ལ་རླུང་ལམ་རྣམས་ཀྱང་རྟེན་འབྲེལ་གྱི་མཐུའི་གྲུབ་པར་གསུངས་སོ། །འདིར་རླུང་གི་བསྡུད་མཐས་སྨིན་གསལ་བྱས་པའི་ལས་ཅན། དེ་ཡང་མདོ་ཕལ་པོ་ཆེ་ནས་འཇིག་རྟེན་ཁམས་ཆགས་པའི་སྐབས་སུ་རླུང་རྣམ་གྲངས་མི་གཅིག་པ་མང་པོས་འཇིག་རྟེན་གྲུབ་པར་བྱེད་པ་གསུངས་པ་ཡང་འདི་དང་གནད་གཅིག་ཅིང་། དེ་བཞིན་མདོ་དེར་མེའི་དཀྱིལ་འཁོར་ཡང་ཆ་ཤས་བརྟན་ལ། མངོན་པ་ལས་མེའི་དཀྱིལ་འཁོར་མེད་ཀྱང་རླུང་གི་དཀྱིལ་འཁོར་ལ་སྤྲིན་ལས་ཆར་རྒྱུན་གྱི་རྒྱ་མཚོ་ཆེན་པོ་གྲུབ་ཡང་འདི་དང་མཐུན་པའི་ཕྱོགས་དང་། གོང་གི་རླུང་བདུན་མདུན་གྱི་འོད་ཟེར་ནས་ནག་པོ་ཁོ་ན་ལ་བཞག་པ་ནི་ཕྱོགས་དང་ཆས་བདུན་ཚན་དུ་དབྱེ་ནས་ཉི་ཤུ་རྩ་བརྒྱད་དུ་མཛད་པའི་སྐབས་དེ་ལྟར་གསུངས་པ་ལས་གཞན་ནི་རླུང་ཆ་ཐམས་ཅད་ལ་ཁྱབ་ཅིང་འོད་ཟེར་དྲུག་ཀ་ལ་ལྡན་པ་གོང་དུ་ཁོ་བོས་བསྟན་པ་ཡང་རྒྱུད་འདིའི་དགོངས་པ་གསལ་བའི་ལེགས་བཤད་ཀྱི་སྐྱེས་སུ་སྙམ་མོ། །དེ་ལྟར་འཇིག་རྟེན་གྱི་ཁམས་གྲུབ་པར་གྱུར་པ་ན། ནང་དུ་ལུས་ལ་ཁྲུ་བཞི་ཡོད་པ་བཞིན་ཕྱི་རོལ་དུའང་འཇིག་རྟེན་ཁམས་དཔག་ཚད་འབུམ་ཕྲག་བཞིའི་བདག་ཉིད་ཅན་དུ་གསུང་ཞིང་། དེ་ཡང་རླུང་གི་དཀྱིལ་འཁོར་མཐའ་སྐོར་དུ་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་དང་། རྔམས་སུ་འབུམ་ཕྲག་གཉིས་ཡིན་ལ། དེའི་ནང་དུ་མེའི་དཀྱིལ་འཁོར་མཐའ་སྐོར་དཔག་ཚད་འབུམ་ཕྲག་དགུ་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་གསུམ་རྔམས་སུ་དཔག་ཚད་འབུམ་ཕྲག་ཕྱེད་གཉིས་པ། དེའི་ནང་དུ་ཆུའི་དཀྱིལ་འཁོར་མཐའ་སྐོར་དུ་དཔག་ཚད་འབུམ་ཕྲག་དྲུག་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་གཉིས་རྔམས་སུ་ཆིག་འབུམ། དེའི་ནང་དུ་སའི་དཀྱིལ་འཁོར་མཐའ་སྐོར་དུ་གསུམ་འབུམ་དང་ཐད་ཀར་ཆིག་འབུམ། རྔམས་སུ་འབུམ་ཕྱེད་པའོ། །དཀྱིལ་འཁོར་དེ་རྣམས་གཅིག་གི་ནང་དུ་གཅིག་ཆུད་པ་སྒོ་ང་བཀས་པའི་ཚལ་པ་ལྟར་སྟེ། སྲབ་མཐུག་ཏུ་འབུམ་ཕྲག་ཕྱེད་ཕྱེད་མཉམ་པར་གྱུར་པའོ། །ས་དཀྱིལ་གྱི་ལྟེ་བར་ཚངས་ཐིག་གི་སྟེང་ནས་གཡས་གཡོན་དུ་དཔག་ཚད་སྟོང་ཕྲག་བརྒྱད་རེ་བཞག་པ་ཁྱོན་དུ་སྟོང་ཕྲག་བཅུ་དྲུག་རི་རབ་ལྷུན་པོའི་རྩ་བའི་རྨང་ཡིན་ལ། དེའི་ཕྱི་རོལ་ཁོར་ཡུག་ཏུ་དཔག་ཚད་སྟོང་ཕྲག་གཅིག་བརྒྱ་དང་རྔམས་སུ་མཉམ་པ་འགྲམ་སྟེགས་དང་། དེའི་ཕྱི་རོལ་གླིང་དྲུག་དང་། རི་དྲུག་མཚོ་དྲུག་རྣམས་ཀྱི་རིམ་པས་བཟླུམ་པོར་བསྐོར་བའི་ཁ་ཞེང་རགས་རྩིས་སུ་དཔག་ཚད་དགུ་བརྒྱར་གསུངས་ཀྱང་ཞིབ་མོར་ནི་དགུ་བརྒྱ་མ་ལོངས་ཙམ་སྟེ་འོག་ཏུ་འཆད་འགྱུར་གྱིས་ཤེས་པར་བྱ་ལ། རི་དྲུག་ལ་ཁ་ཁྱེར་གྱི་ཚུལ་དུ་ཕྱིར་འཕྱར་བ་ཅི་རིག་པས་གོང་གིས་ཚད་ལས་ལྷག་པ་ཙམ་མོ། །དེ་ལྟར་རི་དྲུག་གི་ཕྱི་མ་བསིལ་རིའི་རྩ་བ་ནས་བ་ཚྭ་ཅན་གྱི་རྒྱ་མཚོ་ལ་ཐུག་གི་བར་ཕྱོགས་ཀུན་ཏུ་ས་ཡི་ཁོར་ཡུག་གནས་པ་ནི་འཛམ་གླིང་ཆེན་པོ་དུམ་བུ་བཅུ་གཉིས་སུ་སྣང་བ་སྟེ་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ནམ་མཁར་གོ་ལའི་ཁྱིམ་ཡང་གོ་མཉམ་པ་བཞིན་ས་དུམ་བུ་བཅུ་གཉིས་ཀྱང་མཉམ་པར་མཛད་མོད། འོན་ཀྱང་དུས་ཀྱི་འཁོར་ལོ་རང་གཞུང་དུ་ཡང་གླིང་བཅུ་གཉིས་ལས་གཙོ་བོ་བཞི་བྱེ་བྲག་ཏུ་སྨོས་པ་ཡི་གཙོ་འཁོར་ཡོད་པར་གྲུབ་ཅིང་། དེའི་ཚེ་གླིང་དབུས་ཀྱི་གསུམ་གཉིས་ཚད་གཡས་གཡོན་དུ་བྱེད་པ་འཐད་པར་གོ །

དེ་ལྟར་དུམ་བུ་བཅུ་གཉིས་སོ་སོའི་དབུས་སུ་ཤར་གླིང་གསུམ་ལ་དཔག་ཚད་བདུན་སྟོང་ཟླ་བ་ཕྱེད་པ་ལྟ་བུ་རླུང་དབྱིབས་ཀྱིས་མཚོན་པ་དང་། ལྷོ་གླིང་གསུམ་ལ་བརྒྱད་སྟོང་གྲུ་གསུམ་གྱི་རྣམ་པ་རྩེ་མོ་ཆུ་གཏེར་ཕྱོགས་ས་མེ་དབྱིབས་ཀྱིས་མཚོན་པ། བྱང་གླིང་གསུམ་དུ་དཔག་ཚད་དགུ་སྟོང་ཟླ་བ་ལྟ་བུ་ཆུ་དབྱིབས་ཀྱིས་མཚོན་པ་དང་། ནུབ་ཀྱི་གསུམ་དུ་དཔག་ཚད་ཆིག་ཁྲི་དབྱིབས་གྲུ་བཞི་པ་ཡིས་མཚོན་པ་སྟེ། འདི་ཡང་མཁས་པ་ཁ་ཅིག་གིས་འབུར་དུ་དོད་ཅིང་གྱེན་དུ་འཕར་བའི་དཔག་ཚད་ཀྱི་ཚད་དུ་བཞེད་ཀྱང་མངོན་གསུམ་གྱིས་གནོད་པས། རང་ལུགས་སུ་དབུས་ཀྱི་མཚན་མ་དེ་རྣམས་ཅུང་ཟད་ཀྱིས་འབུར་དུ་དོད་ཅིང་ས་ཡི་ཁྱོན་དེར་ཆུ་གཏེར་གྱི་ལག་གི་མ་བཅད་ཅིང་ས་ཡི་ཕྱོགས་གཅིག་ཏུ་འབྲལ་བར་གནས་པས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་སྒྱུ་འཕྲུལ་དུ་རུང་བའི་གཞི་ལ་བཞག་གོ །རི་རབ་ལྷུན་པོར་གྱེན་དུ་དཔག་ཚད་འབུམ་ཕྲག་གཅིག་གི་བདག་ཉིད་ཅན་སྟེང་གི་ཁོར་ཡུག་ཏུ་འབུམ་ཕྲག་ཕྱེད་གཉིས་དང་། ཐད་ཀར་ཁྲི་ཕྲག་ལྔ་ཡོད་པ་རྒྱུ་དང་བྲལ་པས་གསལ་བཞིན་ཕལ་ཆེར་འདོད་པ་མཐུན་ཅིང་། རི་རབ་རྭ་ལྔའི་རྣམ་བཞག་དང་། རི་དྲུག་གི་དཔག་ཚད་མཁས་པ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་དུ་གནས་ཏེ། ༡ དེ་ཡང་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་དང་མཁས་པ་བསོད་ནམས་འོད་ཟེར་པས། རི་རབ་ཀྱི་རྩ་བའི་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་སྟེང་གི་ལྔ་བཅུའི་ཁྱོན་ཁོང་སྟོང་གི་ཆ་ཡིན་ལ། ཕྱི་རིམ་གྱི་ཁོར་ཡུག་སྟོང་ཕྲག་གཅིག་ནི་རི་རབ་ཀྱི་ངོ་བོ་ཟོམ་ཤིང་ལྟ་བུ་གནས་པའི་སྲབ་མཐུག་གི་ཚད་དང་། རྭ་ལྔ་ནི་ཕྱོགས་ཀུན་ཏུ་མུ་ཁྱུད་ལྟར་བསྐོར་བ་རགས་འགག་གི་ཆུ་འཕྱང་བཞི་སྟེང་ནས་སྟེང་དུ་རྒྱ་ཇེ་ཆེར་སོང་ནས་བརྩེགས་པའི་རྭ་ཐམས་ཅད་ཀྱི་སྟེང་མའམ་ཕྱི་མ་དཔག་ཚད་སྟོང་ཕྲག་བཅུ་བཞི་ཐུར་དུ་འཕྱང་བར་བཞེད་ལ། མཁས་མཆོག་བུའི་བཞེད་པ་ཡང་འདི་དང་མཐུན་པ་ལ་རི་རབ་ཀྱི་ནང་ཁོང་སྟོང་ནི་མི་ལེགས་པ། འགྲེལ་ཆེན་ལས། ཁོར་ཡུག་དེའི་ཕྱི་རོལ་རྭ་བཞིའི་ཁོངས་སྐྱིབས་ཀྱི་གནས་སུ་གླིང་དྲུག་དང་ཅེས་སོགས་དང་། འདིར་ལྷུན་པོའི་འོག་གི་ཆ་ལ་ཚང་བའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་ཁོར་ཡུག་གི་གཅིག་གོ །དཔག་ཚད་སྟོང་ཕྲག་དགུའི་ཕྱི་རོལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་བར་དུ་གླིང་དྲུག་ལ་སོགས་པ་རྣམས་གནས་སོ། །ཞེས་པས་རི་རབ་རིན་པོ་ཆེ་སྣ་ལྔ་གར་བུའི་རང་བཞིན་ལ་ཁོར་ཡུག་གི་སྟོང་ཕྲག་གཅིག་ནི་དེའི་རྩ་བར་རྨང་གི་འགྲམ་སྟེགས་ལྟ་བུར་བསྐོར་བ་ལ་དགོངས་ཤིང་། རི་དྲུག་ནང་མ་ལས་ཕྱི་མ་རིམ་པས་མཐོ་བའི་བསིལ་རི་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གྱེན་དུ་ལོངས་པའི་རྩེ་དང་རྭ་ཕྱི་མ་འབྱར་བར་བཞེད་ལ། ༢ རི་དྲུག་དང་རི་རབ་བཅས་རྩ་བ་ཕྲ་ལ་སྟོད་རིམ་པས་སྦོམ་པ་དཀར་ཡོལ་ལྟ་བུ་ཡིན་ཞེས་ཀྱང་གསུང་ངོ་། །ད་ལྟའི་དུས་སུ་མཚུངས་ལུགས་པ་ཙམ་ལས་གཞན་ཐམས་ཅད་ཀྱིས་འདི་ཁོ་ན་ལྟར་འདོད་པར་སྣང་ལ། ༣ དུས་ཕྱིས་མི་བདག་ས་རས་གོང་གི་དེ་ལ་ནང་འགལ་གྱི་སྐྱོན་ཡོད་པ་མཁྱེན་པ་དེའི་སྐྱོན་སེལ་དུ་རི་རབ་ཀྱི་སྟེང་ཐད་ཀར་རྒྱ་དཔག་ཚད་འབུམ་ས་དཀྱིལ་དང་མཉམ་པར་བྱས་པ་ནི་རྒྱུད་ཚིག་དང་དངོས་སུ་འགལ་བས་མཛུབ་མོ་ལ་ཚེར་མ་ཟུག་པའི་སྐྱོན་སེལ་དུ་མཛུབ་མོ་གཅོད་པ་ལྟ་བུའི་རིགས་པར་གྱུར་རོ། །དེ་ཡང་རྒྱུད་ལས། དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོ་འཁོར་བ་སྟེ། ཞེས་གསུང་པ་འདིར་གཟའ་སྐར་གོ་ལ་རྣམས་རི་རབ་ཀྱི་བྱ་སྐྱིབས་འོག་ཏུ་ཆུད་པ་སོགས་མི་འཐད་པའི་ཆ་ཤིན་ཏུ་མང་བར་མ་ཟད་རྒྱུད་ཚིག་འདིས་འདོད་པ་སྔ་མ་ཉིད་ལ་ཡང་གནོད་བྱེད་སྟོན་པར་ཤེས་སོ། ། ༤ རྡོ་རྗེ་གདན་པ་ཙ་མི་ལོ་ཙཱ་བས་རི་རབ་ཀྱི་རྭ་བཞི་རྩེ་མོ་ཐུར་དུ་བསྟན་ཅིང་། དེའི་སྟེང་དབུས་ཀྱི་རྭ་གྱེན་དུ་འགྲེངས་པར་དགོངས་པ་དང་། ༥ པཎྜི་ཏ་བི་བྷུ་ཏི་ཙནྡྲས་ཕྱོགས་བཞིའི་རྭ་ཐུར་བསྟན་ཙ་མི་ལྟར་ལ། དབུས་ཀྱི་ར་ནི་ལྷུན་པོ་རང་ཉིད་ལ་འདོད་པ་དང་། ༦ འགོས་ལོ་གཞོན་ནུ་དཔལ་བས་རི་རབ་རྡོ་རྗེ་རྩེ་ལྔ་གྱེན་བསླང་ལྟེ་བ་ཕྱེད་མན་ས་འོག་ཏུ་ནུབ་པ་ལྟ་བུ་ཡིན་པར་དགོངས་པ་དང་། ༧ རྗེ་ཨཱཪྵ་མཱ་ལས་རྩིས་ཀུན་བཏུས་པའི་རྒྱས་འགྲེལ་དུ་གཞོན་དཔལ་གྱི་དེ་དང་ཆ་མཐུན་ ཉིད་དང་། ཡང་རང་བཞིན་ཐུན་མོང་མ་ཡིན་པར་རྡོ་རྗེའི་སྟེང་གི་རྭ་ཡི་རྩེ་མོ་ལས་དབུས་མ་སྲོག་ཤིང་གི་ཚུལ་དང་གཞན་བཞི་ནི་ཕྱིར་གྱེས་པའི་ཆ་གདུགས་ཀྱི་ཤམ་བུ་ལྟར་སྟེང་དབུས་བཞི་ལ་ཐུར་དུ་འཕྱང་ཐབས་ཡོད་པ་ཞེས་གསུངས་པས་དགོངས་པའི་མཐིལ་སྤྱད་དཀའ་ཡང་ཕྱི་མ་བི་བྷུ་ཏིའི་བཞེད་པ་དང་ཕྱོགས་མཐུན་དང་རྡོ་རྗེའི་རི་ནི་མུ་ཁྱུད་དང་གཅིག་པ་ལ་རྩེ་མོར་རྟ་གདོང་ལྟ་བུའི་མེ་འབར་དགོངས་སོ། ། ༨ རྭ་པ་རྣམས་རི་རབ་ཀྱི་བང་རིམ་བཞི་ཀ་བ་ལ་སྦ་ཕུབ་ཀྱི་ལྟེ་བ་ཏོལ་ནས་བརྩེགས་པ་ལྟ་བུའི་སྟེང་མཉམ་པ་ལ་ར་ལྔ་མདོས་ཀྱི་གཏོར་ཁུ་བཙུགས་པ་ལྟར་འདོད་པ་དང་། ༩ མཁས་པ་ཤཱཀ་མཆོག་པས་རི་རབ་གྱེན་ལངས་དཔག་ཚད་འབུམ་སྤྱི་དང་མཐུན་པ་ལ་དེ་སྟེང་ཕྱོགས་བཞིའི་ར་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་བར་སྙེགས་པའི་ཁོངས་སེང་འདོད་ལྷ་བཞི་དང་གཟུགས་ཁམས་རྣམས་གནས་ཤིང་དབུས་རྭ་ལ་དཔག་ཚད་འབུམ་ཡོད་པའི་རྩེ་མོའི་སྦུབས་སུ་གཟུགས་མེད་བཞི་ཡོད་པར་འདོད་པ་དང་། ༡༠ ཇོ་ནང་རྗེ་བཙུན་མཆོག་གིས་དུས་འཁོར་མཎྜལ་བཤད་པའི་སྐབས་སུ་རི་རབ་དཔག་ཚད་འབུམ་ཕྱེད་ཀྱི་བར་རྩ་རྩེ་ཕྲ་སྦོམ་ཅན་གྱི་གྱེན་འགྲེང་དང་། དེ་མཚམས་ནས་རི་རབ་གདེང་ཀའི་ཚུལ་དུ་རྒྱ་ཇེ་ཆེར་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བར་དུ་གྱེས་ཤིང་དེའི་སྟེང་དུ་རི་རབ་ཀྱི་ར་ལྔ་སྟོང་ཕྲག་ཉེར་ལྔ་པ་མེ་ལོང་གི་སྟེང་དུ་བཤོས་བུ་བཞག་པ་ལྟར་མཛད་པ་དང་། ༡༡ ཨེ་པ་འཁོན་སྟོན་གྱི་རི་རབ་ཀྱི་རྭ་རྫ་མ་ལ་ལུང་འདོགས་པ་བཞིན་ཕྱོགས་བཞིར་ཡོད་པར་བྱས་ཤིང་། ༡༢ ཆགས་རིན་པོ་ཆེ་ཆོས་རྒྱལ་གྱིས་རི་རབ་ཀྱི་རྭ་ཕྱོགས་བཞིར་སེམས་ཅན་གྱི་རྭ་ལྟར་གདེང་པར་འདོད་པ་དང་། རྗེ་མི་བསྐྱོད་ཞབས་ཀྱིས་རི་རབ་ཀྱི་བང་རིམ་རྭ་པའི་འདོད་ལྟར་ལ་ཕྱོགས་ཀྱི་ར་བཞི་རག་གི་པད་སྡེར་གྱི་འདབ་མའི་རྩེའམ་རིན་པོ་ཆེའི་ཟུར་ལྟར་གྱེས་པའི་དབུས་སུ་མཎྜལ་གྱི་ལྟེ་བ་བཞིན་དབུས་ཀྱི་རྩེ་མོ་མངོན་པར་འཕགས་པ་དང་། རི་དྲུག་གི་དཔག་ཚད་དགུ་བརྒྱར་མཆུ་ཞེང་མཉམ་པར་དགོངས་སོ། །དེ་ལྟར་གཞན་གྱི་བཞེད་པ་རགས་རིམ་མདོ་ཙམ་བཀོད་པར་བྱས་པའོ། །

ཨ་ཐ། དེ་ནས་རང་གི་འདོད་པ་བརྗོད་པ་ནི། རི་རབ་ཀྱི་སྟེང་གི་རྒྱ་དཔག་ཚད་སྟོང་ཕྲག་ལྔ་བཅུ་དང་རྩ་བའི་ཚད་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་ཁོར་ཡུག་དཔག་ཚད་སྟོང་འགྲམ་སྟེགས་ཀྱི་ཚུལ་དུ་འདོད་པ་རྣམས་སྤྱི་དང་མཐུན་པ་ལས་རྩ་བ་ནས་གྱེན་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུའི་བར་རི་རབ་ཅུང་ཟད་སྦོམ་དུ་སོང་བ་ལ། དོན་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བར་གདེངས་འདའི་ཚུལ་དུ་གྱེས་ཤིང་། དེ་སྟེང་དཔག་ཚད་ཁྲི་ངོས་མཉམ་པའི་རྔམས་དང་། དེ་ཡི་སྟེང་དུ་ཐད་ཀར་སྟོང་ཕྲག་ལྔ་བཅུར་མཉམ་པའི་དབུས་སྟོང་ཕྲག་ཉི་ཤུ་རྩ་ལྔ་དབུས་ཀྱི་རྭ་ཡི་རྩ་བ་དང་ཕྱོགས་བཞིར་རྭ་ཡི་སྐྱེ་གནས་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ལ་རྭ་ལྔ་ཀ་དཔང་དུ་སྟོང་ཕྲག་བཅོ་ལྔར་མཚུངས་ཤིང་། དབུས་མ་རྩེ་མོ་རིམ་པས་འཕེལ་ཞིང་རྭ་བཞིའི་རྩེ་མོ་རྒྱན་བཤོས་པད་ཟླུམ་ལྟར་ཇེ་ཕྲར་གྱུར་པ་ཐད་ཀར་འགྲེངས་ཤིང་འོག་བཞིའི་ཕྱི་དངོས་དཔག་ཚད་ཆིག་ཁྲིའི་རྔམས་དང་ཤིན་ཏུ་མཉམ་པར་གནས་ཤིང་སྟེང་དུ་དཔག་ཚད་ཆིག་ཁྲི་ལྔ་སྟོང་ལོངས་པ་ན་སུམ་ཅུ་རྩ་གསུམ་པའི་གནས་དང་། དེ་ཡི་གཞི་ལས་རྭ་ཡི་རྩེ་མོ་དཔག་ཚད་ལྔ་བཅུ་རེ་གྱེན་དུ་འཕགས་པ་སྟེ། ཞེང་དུ་ཐད་ཀར་དཔག་ཚད་སྟོང་ཕྲག་རེ་ཡོད་པ་གཞན་དུ་རི་རབ་ཀྱི་ལྕོག་བཞིར་གྲགས་པ་དང་གནད་ཅིག་གོ །དབུས་སུ་ཡང་བཞི་ལས་མཎྜལ་གྱི་རྟོག་བྱུང་བ་བཞིན་རྭ་རྩེ་དང་མཚུངས་པའི་དཔག་ཚད་ལྔ་བཅུ་རྩེ་མོའི་ཚུལ་དུ་ཡོད་ཅེས་འཆད་པ་ཡིན་ནོ། །མཐའ་བསྐོར་གྱི་རི་དྲུག་ཡང་རི་རབ་ཀྱི་ཕྱེད་ཆ་སྟོང་ཕྲག་ལྔ་བཅུའི་མཚམས་ནས་སྟོང་ཕྲག་གཉིས་དོར་བའི་ལྷག་དྲུག་གི་བགོས་པས་སྟོང་ཕྲག་བརྒྱད་རེ་ཐོབ་པ་ཕྱི་མ་ལས་ནང་པའི་མཐོ་ཁྱད་ཡིན་ལ། དེ་ལ་སྟེང་དུ་རི་རབ་ཕྱིར་གདེངས་པའི་ཁར་ཆིག་ཁྲི་ངོས་མཉམ་པར་བཞག་པ་ནི། །རི་དྲུག་གི་སྟེང་དུ་གཉའ་ཤིང་ལྟར་གནོན་པས་གཞན་ནས་གཉའ་ཤིང་འཛིན་དུ་གསུང་པ་དང་། དོན་གཅིག་ཏུ་འགྲོ་བ་དང་། ཉི་མ་བྱང་བགྲོད་མཐར་ཐུག་གི་སྐབས་སུ་རྭ་ལྔའི་སྐྱེ་གནས་སྟེགས་བུ་དང་མཚུངས་པ་ལས་ཀྱང་ཆིག་སྟོང་གི་སྟེང་ཐད་དུ་རྒྱུ་བས་ན་དེས་ཀྱང་གཉན་ཤིང་འཛིན་པར་གྲུབ་བོ། །དེ་བཞིན་འོད་སྔོན་ནི་རི་རབ་ལ་ཐོང་ལྕགས་ཀྱི་ཁྱུད་པ་ལྟར་གནས་པས་བཤོལ་མདའ་འཛིན་དང་། མནྡྷ་ར་ནི་མཚོན་སྣ་བརྒྱ་རྩས་བཀྲ་བར་བྱས་པ་ལྟར་མཛེས་པ་ལྟ་ན་སྡུག་པ་དང་། ནི་ཥཊ་ནི་རྩི་ཤིང་ཅན་དང་། ཚང་ཚིང་ཅན་དང་། མཚན་མོ་ལ་ཡང་འཇུག་པས་རི་དེ་སེང་ལྡེང་གི་ནགས་ཚལ་མུན་པ་ཐིབས་པ་ལྟ་བུའི་གཡོགས་པས། སེང་ལྡེང་ནགས་དང་། ནོར་བུའི་རི་ནི་རིན་པོ་ཆེ་ལས་གྲུབ་པའི་བྲག་རྟའི་རྣ་བའི་ཕྱི་ངོས་ཀྱི་དབྱིབས་ལྟ་བུའི་གཏམས་པས་རྟ་ན་ཅན་དང་། ཡང་ན་ལྟ་ན་སྡུག་དང་ཆ་མཐུན་པས་བལྟ་ན་ཡིན་པར་ཡང་འདོད། །དྲོ་ཎ་ནི་བྲ་བོའམ་གཞལ་བྱེད་སྟེ་འཕགས་ཡལ་གྱི་བྲ་ཟངས་ལས་བྱས་པ་ལྟར་སྟོད་ཀྱི་ཆ་ཅུང་ཟད་ནང་དུ་འདུས་ཤིང་། ཁ་ཁྱེར་ནང་དུ་བཟློག་པས་རི་ནང་མ་ལ་འདུད་པ་ལྟར་གནས་པས་རྣམ་འདུད་པ་དང་། བསིལ་རི་ནི་རི་ནང་མ་རྣམས་ལ་མུ་ཁྱུད་ཀྱི་ཕྱི་མའི་ཚུལ་དུ་མཛེས་པར་འཁོད་པས་རྟ་གདོང་འབར་བའི་རི་དང་མུ་ཁྱུད་ལྟར་མཐོ་དམན་ཤིན་ཏུ་མཉམ་པས་ན་མུ་ཁྱུད་འཛིན་དུ་འཐད་པ་ཡིན་ལ། དོན་དུ་ཡང་དེ་ལས་མི་འདའོ། །ལྷུན་པོའི་འགྲམ་སྟེགས་དང་འབྲེལ་བའི་གླེང་དང་། དེ་ཡི་ཕྱི་འདབས་སུ་སྦྲང་རྩིའི་མཚོ། དེ་མཐར་འོད་སྔོན་གྱི་རི་སྟེ་གླིང་ཚོ་རི་རྣམས་གནས་ཚུལ་དང་ཞིང་གི་ཚད་ཟོར་ཡང་ཕྱིར་ཁོ་བོས་སྔར་བཀོད་ཟིན་པའི་ཀུན་བཟང་འོད་སྣང་གི་ཚིགས་བཅད་དྲངས་པ། ཟླ་བའི་གླིང་དང་སྦྲང་རྩིའི་མཚོ། །འོད་སྔོན་རི་སྟེ་རིམ་པ་དེས། །འོད་ཀར་མ་དང་མནྡྷ་ར། །ཀུ་ཤ་ཞོ་དང་ནི་ཥཊ་རི། །མིའམ་འོ་མ་ནོར་བུའི་འོད། །ཁྲུང་ཁྲུང་ཆུ་དང་དྲོ་ན་རི། །དྲག་པོ་ཆང་དང་བསིལ་བའི་རི། །ཀུན་ཀྱང་ཤིན་ཏུ་བཟླུམ་པོར་མཛེས། །གླིང་མཚོའི་རི་རྣམས་ཁ་རྒྱ་ཞེང་། །དཔག་ཚད་བརྒྱད་བརྒྱ་དང་གྱ་བརྒྱད། །རྒྱང་གྲགས་གསུམ་དང་གཞུ་ཆིག་སྟོང་། །ཆིག་བརྒྱ་བཅུ་གཅིག་སོར་བཅུ་གཅིག །ནས་ལྔ་སྐྱེ་ཚེ་བརྒྱན་དུ་མཉམ། །ཏེ་དེ་རྣམས་ལ་ཁ་འཁྱེར་ཚུལ། །དཔག་ཚད་གོ་གསུམ་རྒྱང་གྲགས་གཅིག །གཞུ་འདོམ་དྲུག་བརྒྱ་དང་རེ་དྲུག །ཁྲུ་དོ་མཐོ་གང་ནས་དྲུག་འཕྱར། །ཞེས་པ་ལྟར་ཤེས་པར་བྱ་སྟེ། རི་དེ་རྣམས་ཁ་ཁྱེར་ཞེས་པའི་སྐབས་རི་ལྔའི་ཁ་ཁྱེར་ཕྱིར་འཕྱར་ཞིང་། གཅིག་སྟེང་དུ་ཕྱུར་བ་གོང་དུ་བཤད་པ་དེ་དྲན་དགོས་སོ། །ཕྱི་རོལ་དུ་གནས་པའི་རི་བོ་མངོན་པ་སོགས་མངོན་པ་སོགས་སུ་ཕྱི་ལྕགས་རི་ཁོར་ཡུག་ཏུ་གྲགས་པའི་ཚད་མྱུར་འཛིན་གྱི་ཕྱེད་ཆ་དང་མུ་ཁྱུད་འཛིན་དང་མཉམ་པར་འདོད་པ་དག་སྣང་ལ། ཨ་ཏི་བཀོད་པའི་རྒྱུད་དང་སློབ་དཔོན་ཆེན་པོ་བི་མ་ལས་ནི་གཉའ་ཤིང་འཛིན་དང་མཉམ་པར་མཛད་པ་དང་། མདོ་ཕལ་པོ་ཆེ་ལས་ཕྱིའི་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་སྲིད་རྩེ་ལ་ཉེ་བར་ཤུགས་བསྟན་དུ་མཛད་པ་ཡང་མཐོང་མོད། འདིར་ནི་དུས་ཀྱི་འཁོར་ལོའི་ལུགས་ཀྱི་ཕྱི་རོལ་དུ་གནས་པའི་རི་བདུན་པའམ་རྡོ་རྗེའི་རི་བོ་ཡང་བོད་ཀྱི་མཁས་པ་མང་པོས་མེ་དཀྱིལ་ལ་ངོས་བཟུང་ནས། དེ་ཡང་ཆུ་དང་ཁད་ཆད་དུ་མཉམ་པ་དང་། ཆུ་ལས་ཅུང་ཟད་ཀྱིས་གྱེན་དུ་འཕགས་པ་དང་། སྟོང་ཕྲག་བདུན་ཅུ་རྩ་ལྔའི་བར་དུ་བསྐལ་མེ་འབར་བར་བཞེད་པ་ཡང་ཡོད་ལ། གང་ལྟར་རྡོ་རྗེའི་རི་བོ་མེ་འབའ་ཞིག་ལས་རྡོ་ཡིས་བསྡུས་པ་མ་མཛད་ཀྱང་། འདིར་ནི་ཆུ་དང་མེ་ཡི་མཚམས་སུ་རྡོ་རྗེའི་རང་བཞིན་གྱི་རི་བོ་དེ་དཔག་ཚད་སྟོང་ཕྲག་བཞི་ཡི་བར་མེད་དལ་གྱི་མེ་ཡི་རེག་བྱ་འོད་ཟེར་རབ་ཏུ་འབར་བ་དང་རྡོ་རྗེ་ནོར་བུའི་རང་འོད་གཅིག་ཏུ་འདྲེས་པ་ལྕགས་སོལ་མེ་ནས་ཕྱུང་པ་ལྟ་བུ་མཆོག་ཏུ་འབར་བའི་མེ་གཡོ་བ་མེད་པ་དང་། དེ་ནས་སྟོང་ཕྲག་བཞིའི་བར་མེས་གཡོགས་ཤིང་རྩེ་མོ་འཕྲོ་བ་དང་བཅས་པ། དེ་ལྟར་སྟོང་ཕྲག་བརྒྱད་ནང་གི་བསིལ་རི་དང་མཐོ་ཤིན་ཏུ་མཉམ་པ་མུ་ཁྱུད་ལྟར་གནས་ཤིང་མཆོག་ཏུ་ཆེ་བའི་ཆུ་གཏེར་གྱི་ཕུང་པོ་བྲས་ལས་ནམ་ཡང་མི་འདའ་བར་སྐེམ་པར་བྱེད་པས་རྟ་གདོང་མེ་ཡི་རི་བོ་ཞེས་བྱ་སྟེ། རྡོ་རྗེའི་རི་བོ་དེ་ཉིད་སྲབ་མཐུག་གི་ཁྱད་པར་རི་དྲུག་གི་སྲབ་མཐུག་དང་མཚུངས་པའི་དེ་ལས་མཐུག་པ་ཡང་རུང་ལ། གང་ལྟར་རི་དེ་སྒོང་ཀོགས་བཞིན་ཆུ་ཡི་འོག་བཞི་ཀུན་ཏུ་ཁྱབ་པར་མ་ཟད། གྱེན་དུ་ཡང་སྟོང་ཕྲག་ལྔའི་ལྷག་པའི་བདུན་ཅུའི་བར་ལོངས་པར་རྗེ་པུཎྜ་རི་ཀའི་དགོངས་བཞེད་བཞིན་འདིར་ཡང་བྱས་ཏེ། ཚུལ་དེ་འཐད་པའི་རིགས་པ་མང་བས་སོ། །གོང་གི་འབར་བའི་རང་བཞིན་སྟོང་ཕྲག་བརྒྱད་ཀྱི་སྟེང་ནས་རིམ་པས་རིའི་ཁ་དོག་ཡལ་མདངས་ཀྱི་སེར་བ་དང་། ཤས་ཆེར་ནམ་མཁའི་ཁ་དོག་དང་འདྲེས་པའི་སྔོན་པོར་སྣང་བ་སྲབ་མཐུག་ལ་དཔག་པའི་ཁ་ཁྱེར་ཡང་ནང་གི་རི་ལྟར་ཕྱིར་འཕྱང་བའོ། །འདི་ལ་བློ་གྲོས་ཀྱི་སྣང་བ་ཐོབ་པ་གཞན་ནས་ཆུ་དལ་དང་མེ་དལ་མཚམས་སུ་ས་ཡི་རང་བཞིན་རྡོ་ཁམས་ཀྱི་རི་བོ་མི་ལེགས་སོ་སྙམ་པ་འབྱུང་སྲིད་ཀྱང་ས་ཡི་དཀྱིལ་འཁོར་གྱི་དབུས་སུ་ཆུ་གཏེར་ཆེན་པོ་དྲུག་གནས་པ་གདོན་མི་ཟ་བ་བཞིན་འདིར་ཡང་ཆུ་དཀྱིལ་གྱི་མཐར་རྡོ་རྗེའི་རི་བོ་ཡོད་པ་སྐྱོན་དུ་མི་འཇུག་གོ །དེ་ཡང་རྡོ་རྗེའི་རི་བོ་ཚུལ་འདི་ལྟ་བུ་རིག་བཟོའི་སྙམ་ན་དེ་མ་ཡིན་སྟེ། ཐེག་པ་ཆེན་པོའི་མདོ་རྒྱ་མཚོའི་ལྷས་ཞུས་པའི་ལེའུ་ལས། རྒྱ་མཚོའི་ཆུ་ནི་མང་མོད་ཀྱི། །གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །བསྐལ་པ་འཇིག་ཏུ་ཉེ་བ་ན། །ཉི་མ་གཉིས་ཤར་ན། ཆུ་མིག་དང་རྫོང་ཀ་ཀུན་སྐམས་སོ། །ཉི་མ་གསུང་ཤར་བ་ན། ཆུ་ཕྲན་ཐམས་ཅད་སྐམས་སོ། །ཉི་མ་བཞི་ཤར་བ་ན། ཆུ་བོ་ཐམས་ཅད་སྐམས་སོ། །ཉི་མ་ལྔ་ཤར་བ་ན། རྒྱ་མཚོ་ཆེན་པོ་ཡང་ལྔ་ཆ་འབྲིའོ། །ཉི་མ་དྲུག་ཤར་བ་ན། སུམ་གཉིས་འབྲིའོ། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྐམས་སོ། །རི་རབ་ལྷུན་པོ་ཡང་རྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་ཚིག་ཅིང་འབར་འགྱུར་རོ། །ཞེས་གསུངས་པ་ཡང་དུས་འཁོར་ནས་གསུངས་པའི་རྡོ་རྗེའི་རི་བོ་འདི་ལ་འདོད་དགོས་སོ། །དེ་གང་གིས་ཤེས་ཞེ་ན། མདོ་དེར་དགེ་ཚུལ་ཚུལ་ཁྲིམས་བསྲུང་བའི་ལེའུར། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། མཐའ་མ་ཡང་རྡོ་རྗེའི་རི་ཡིས་བསྐོར་ཏེ། ཆུ་བོ་ཆེན་པོ་བཞི་འབབ་ཡང་། མི་འགྲིབ་མི་སྡུད་པ་ལྟར། ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི་གཏིང་བྱས། ཆོས་མངོན་པས་རིས་ནི་མཐའ་མ་བསྐོར། མདོ་སྡེ་བཞི་ཆུ་བོ་བཞིན་འབབས་ཀྱང་འཕེལ་བ་ཡང་མེད། འབྲི་བ་ཡང་མེད་དོ། །རྒྱ་མཚོ་ཅི་ཕྱིར་མི་ལྟུད་ཅེ་ན། མཚམས་མེད་པའི་སེམས་ཅན་དམྱལ་མེས་རྒྱ་མཚོ་སྐམས་པ་དེ་ཡི་ཕྱིར། རྒྱ་མཚོའི་ཆུ་མི་ལྟུད་དོ། །ཆུ་བོ་བཞི་རྟག་ཏུ་འབབས་པས་ནི་མི་འགྲིབ་བོ། །ཅེས་གསུངས་པ་ཡི་རྡོ་རྗེ་རི་ཡང་དུས་མཐའ་བསྐལ་པའི་མེས་ཚིག་པར་བཞེད་ན། མེ་དཀྱིལ་ལས་རྡོ་རྗེའི་རི་གཞན་མེད་ཚེ་འཇིག་རྟེན་གྱི་མེས་འཇིག་རྟེན་གྱི་མེ་ཇི་ལྟར་བསྲེགས་བསམ་དགོས་ཤིང་དེ་ལྟར་འདོད་མི་ནུས་སོ། །གཞན་ཡང་རྒྱུད་དང་འགྲེལ་པར་གཟའ་སྐར་རྣམས་ཀྱི་ཁྱིམ་རི་རབ་ཀྱི་སྟེང་དུ་འཁོར་བར་གསུངས་པ་དང་། ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ་ལྷུན་པོའི་རྭ་ལ་རེག་ཅིང་ལྷོ་བསྒྲོད་ཀྱི་ཐུན་དྲུག་པའི་ཚེ་རྡོ་རྗེའི་རི་ལ་རེག་པར་འདོད་པ་དང་། རྒྱ་ནག་གི་ཡུལ་སྔོན་ཤང་ཏོན་དང་། ད་ལྟ་པི་ཀིང་དུ་གྲགས་པའི་བྱང་ཕྱོགས་སུ་ཁིང་ཆ་ཞེས་པའི་ཡུལ་དུ་དབྱར་ཉི་ལྡོག་པའི་སྐབས་མཚན་མོའི་ཡུན་ཇ་ཡུན་ཙམ་ལས་མི་འབྱུང་བར་གྲགས་པ་དང་། མདོ་དྲན་པ་ཉེར་བཞག་ལས་ཉི་མ་ཆར་ནུབ་ལྷུན་པོའི་རྩེ་མོར་བྱེད་པར་གསུངས་པ་དང་། རི་བརྩེགས་མཐོ་དང་བརྩེགས་པ་ཆེན་པོ་དག་གི་རྩེ་མོར་ཉི་ཟླ་འཁོར་བར་གསུངས་པ་སོགས་ཁོ་བོའི་ལུགས་འདི་ལ་ལེགས་པར་བཤད་པར་འགྱུར་བ་ཡིན་གྱི། དེ་ཡི་རྒྱུ་མཚན་ཞིབ་མོ་ཉིད་གཞན་དུ་འཆད་པར་སྤྲོ་ལ། འདིར་བྲིར་མི་ལོངས་མོད།

འོན་ཀྱང་ཁིངས་ཆའི་ཡུལ་དུ་དབྱར་ཉི་ལྡོག་སྐབས་སྔར་གཞན་གྱི་བཤད་པའི་འཇིག་རྟེན་ཁམས་བཀོད་གང་ལ་ཡང་དེ་འགྲིག་པར་མི་ནུས་ཤིང་། རི་དྲུག་རྒྱར་དཔང་མཚུངས་པར་བྱས་ན་འགྲིག་ཏུ་རུང་བ་ལྟར་སྣང་ཡང་། ཉི་མ་བྱང་བསྒྲོད་ཀྱི་མཐུན་འཇུག་སྐབས། ཀཻ་ལ་ཤར་ཉིན་མོ་དབྱུ་གུ་སོ་དྲུག་དང་མཚན་མོ་ཉེར་བཞི་ཡོད་པ་དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་རྒྱུད་དང་རྒྱུད་འགྲེལ་ཉིད་དང་ལྷ་ཆེན་པོའི་བསྟན་བཅོས་དབྱངས་འཆར་བ་ལས་ཀྱང་གསུང་པས་ན་དེ་དང་མི་འགྲིགས་མི་མཛེས་པར་ཤེས་སོ། །དེ་བཞིན་སྟོང་ཕྲག་བདུན་ཅུ་རྩ་ལྔའི་མཚམས་སུ་རི་རབ་ཀྱི་རྭ་སྐྱེ་བར་བཞེད་པ་རགས་རྩིས་ཡིན་པས་མི་འགལ་ཡང་ཞིབ་མོའི་ཚེ་ཉི་མ་བྱང་བསྒྲོད་ཀྱི་སྐབས་ཉི་མའི་གདུང་བྱེད་ར་དང་མཚུངས་པར་རེག་པ་སོགས་དང་མི་འགྲིགས་པས་འདིར་ཞིབ་མོར་བྱས་པ་དང་། ཁོ་བོའི་འདིར་རི་དྲུག་གི་འོད་སྔོན་དང་ལྷུན་པོའི་གདེངས་ཀ་ཕྱིར་བསྐྱེད་པ་ཡི་རི་རབ་ཀྱི་རྐེད་མཚམས་གྲིབ་གཟུགས་ཆུང་བའི་གནས་དེ་བྱང་ཕྱོགས་ཁེངས་ཆའི་ཕྱོགས་སུ་ཁེལ་བར་འདོད་པས་ན་སུས་ཀྱང་ཀླན་ཀ་བྱར་མེད་དོ། །རི་དྲུག་གི་ནང་མཚོ་དྲུག་གི་ཁ་ཞེང་དཔག་ཚད་དགུ་བརྒྱར་ཉེ་བ་ཡོད་བཞིན་ཟབས་སུ་ཡང་དེ་བཞིན་བྱས་ན་མི་འགལ་ཏེ། གཞུང་གཞན་དུ་རོལ་མཚོའི་དོན་ཞིང་ལ་རོལ་བཏང་བའི་ཆུ་བཞིན་གསུང་བ་དང་ཤིན་ཏུ་མཐུན་མོད། འདིར་འཆད་འོས་མང་ཡང་ཡི་གེར་འཇིགས་པས་མ་སྤྲོས་སོ། །དེ་ལྟར་རི་རབ་དཔག་ཚད་འབུམ་གཅིག་སྟེང་དུ་འདོད་གཟུགས་གཟུགས་མེད་ཀྱི་གནས་རི་རབ་ཀྱི་མགྲིན་གདོང་གཙུག་ཏུ་ཐ་སྙད་དུ་བཞག་པ་དཔག་ཚད་འབུམ་གྱི་བདག་ཉིད་ཅན་དུ་གསུང་བཞིན་འདི་ལ་ཡང་དཔྱད་པ་དང་བཅས་བཤད་པ་མང་དུ་ཡོད་མོད་ཀྱང་། འདིར་ཚིག་ཟོར་ཡང་པའི་ཕྱིར་ཚིགས་སུ་བཅད་དེ་མདོར་བཤད་པ། ཡེ་ཤེས་ལེའུར་རྒྱལ་བའི་སྐུ་ཡི་ཚད། སོར་ལྔ་ལྷག་པའི་ཁྲུ་ལྔའི་ཚད་དུ་མཛད། འཇིག་རྟེན་ཁམས་དང་དཀྱིལ་འཁོར་བཀོད་པའི་སྐབས། སྤྱི་མཐུན་མཛེས་སྐུ་ཁྲུ་བཞིའི་ཚད་དུ་གསུངས། དེ་ལ་མགྲིན་སོར་དྲུག་དང་གདོང་བཅུ་གཉིས་སྐྲ་དབང་སོར་དྲུག་གཙུག་ཏོར་དེ་ཁོངས་བསྡུས། མགྲིན་སོར་དྲུག་ལ་འདོད་ལྷ་རིགས་བཞི་དང་། གཟུགས་གནས་ཚངས་རིས་མདུན་ན་འདོན་བཅས་དྲུག །གདོང་ལ་ཚངས་པ་ཆེ་ནས་མི་གདུང་བར། །སྐྲ་དབང་གཟུགས་ནས་གྱ་ནོམ་འོག་མིན་དང་། །གཟུགས་མེད་མུ་བཞིའི་གནས་སུ་གསལ་བར་གསུངས། །ཐུན་མོང་ཚད་འདིར་གཙུག་ཏོར་འཇོག་པའི་ཆ། །སྔགས་རྒྱུད་གཞན་དུ་མགོ་དང་སྤྱི་གཙུག་ཞེས། །ཐ་དད་བགྲང་བའི་ཚུལ་དང་གཅིག་པར་སྣང་། །ཕྱིས་བྱུང་མཁས་འགས་སྤྱི་མཐུན་རྫས་འདི་དང་། །རྒྱལ་བའི་སྐུ་ཚད་གསུངས་པ་གཅིག་བསྲེས་ནས། །མགྲིན་སོར་བཞི་ལ་ལྷ་ནས་དྲུག་བསྡུས་པ། །མཁས་ཀྱང་མི་མཁས་རྣམ་འགྱུར་འདོན་མི་ཟ། །གོང་དུ་མགྲིན་དང་སྐྲ་དབང་སོར་དྲུག་རེ། །ཕྱི་ནང་དག་སྦྱོར་བཅས་གསུང་ནོར་འཁྲུལ་མེད། །འོན་ཀྱང་མཛེས་པའི་ཆ་དང་རྒྱུད་དགོངས་པ། །བླང་ཚུལ་ཉིད་ཀྱི་མགྲིན་དང་སྐྲ་ཡི་དབང་། །གཙུག་ཏོར་རྣམས་སུ་སོར་མོ་བཞི་རེ་དང་། །གདོང་སོར་བཅུ་གཉིས་པ་སྟེ་དེ་རྣམས་ཀྱི། །སོར་རེའི་གནས་སུ་ལྷ་གནས་རེ་བཀོད་པ། །ཁོ་བོའི་རྟོགས་པ་ཉིད་སྟེ་མི་འཐད་མེད། །གཙང་མའི་གནས་སྤང་ལྟ་བུ་དབང་ཕྱུག་ཆེ། །གནས་པའི་འོག་མིན་སངས་རྒྱས་ཀུན་སངས་རྒྱས། །དེ་ནི་གཙུག་ཏོར་ནོར་བུའི་གནས་ཉིད་དུ། །དཔལ་མཆོག་རྒྱུད་དགོངས་ཡིན་པ་ཁོ་བོས་རྟོགས། །སྔོན་ཆད་མ་གྲགས་བརྗོད་དང་གྲགས་རྗེས་མིན། །འདི་ཀོ་ལེགས་བཤད་ཉིད་དུ་རང་གིས་སེམས། །ཞེས་སོ། །

འོག་མིན་གྱི་གནས་གཟུགས་ཁམས་གཙང་མའི་སྟེང་དུ་ཡོད་པས་དེ་མ་ཡིན་པའི་འོག་མིན་མདོ་ལངྐར་གཤེགས་པ་ནས་གསུངས་པ་དེ་མཁས་མང་དག་གི་གཟུགས་ཁམས་ཀྱི་འོག་མིན་སྟེང་དེར་ཡོད་པར་དགོངས་པ་ཤས་ཆེ་ཡང་གཟུགས་ཁམས་ཀྱི་འོག་མིན་སྟེང་དུ་གཟུགས་མེད་མུ་བཞི་དང་། དེ་ཡི་སྟེང་ཐུན་མོང་གི་ལུས་ཀྱི་སྤྱི་བོའི་གཙུག་གམ་ཐུན་མོང་མ་ཡིན་པ་གཙུག་ཏོར་ནོར་བུའི་གནས་སུ་འོག་མིན་འདོད་པ་འདི་ཉིད་དུས་འཁོར་བསྡུས་རྒྱུད་ཀྱི་ལེའུ་དང་པོའི་ཚིགས་བཅད་ཉི་ཤུ་པའི་འགྲེལ་པའི་དགོངས་པ་བཞིན་བདག་གིས་ཡང་དག་པར་འདིར་བཤད་པ་ཡིན་ན་གཟུ་བོར་གནས་པའི་བློ་ཅན་རྣམས་ཀྱིས་དང་དུ་བླངས་བར་འོས། བརྩོན་པ་མི་ལྡན་བློ་གྲོས་དམན་ན་ཡང་། སྙིགས་མའི་མཐའ་ལ་ཐུག་པའི་དུས་འདི་རུ། །རྒྱུད་དོན་ཇི་བཞིན་འཆད་པའི་བློ་འདི་ནི། །སྔོན་བྱོན་དམ་པའི་མཐུ་ལས་བདག་གིས་མིན། །མངོན་པ་འོག་མ་སོགས་སུ་གཟུགས་མེད་མུ་བཞིའི་གནས་མཁའ་ཁམས་སུ་བྱིངས་བ་ཡི་གང་དུ་འཆི་བའི་གནས་དེ་ཡི་ནམ་མཁའ་ལས་དེ་བས་གནས་ཕྱོགས་སུ་བཅད་པ་གཞན་དུ་མི་བཞེད་པ་ནི་ཉན་ཐོས་བྱེ་བྲག་སྨྲ་བའི་འདོད་པ་ཡིན་ལ། གཞན་ཐེག་པ་ཆེན་པོའི་མདོ་དང་ཁྱད་པར་སྔགས་ཀྱི་རྒྱུད་སྡེ་མང་པོར་གཟུགས་མེད་ཀྱི་གནས་ནམ་མཁའི་རིམ་པ་འཇིག་རྟེན་སྡེ་ཚན་དུ་བཀོད་པ་ཡང་ཡང་གསུང་བ་དང་། དུས་ཀྱི་འཁོར་ལོའི་དགོངས་པ་གཅིག་ཏུ་མཐུན་པར་སྣང་ལ། འདོད་པའི་གནས་བཞི་དང་གཟུགས་དང་གཟུགས་མེད་ཀྱི་རྟེན་གཞི་ནམ་མཁའི་མིང་ཨ་ཏི་བཀོད་པའི་རྒྱུད་ལ་སོགས་པར་མིང་ཐ་དད་དུ་གསུང་བ་དེ་ཚུལ་རྒྱས་པར་འདོད་ན་གུ་རུ་པདྨ་དང་བི་མ་ལས་མཛད་པའི་གཞུང་རྣམ་དག་པས་དེར་བལྟའོ། །འདོད་ཁམས་ཀྱི་གནས་འོག་མ་གཉིས་ནི་རྡོ་སྦོམ་གྱི་རང་བཞིན་རི་རབ་ལྷུན་པོ་ལ་བརྟེན་པ་རི་རབ་ཀྱི་རྩེ་མོའི་སྟེང་ངོས་སུ་སུམ་ཅུ་རྩ་གསུམ་གྱི་གནས། དེ་ཡི་དབུས་སུ་འཆི་བ་མེད་པའི་གྲོང་ཁྱེར་ལྟ་ན་སྡུག དབང་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་བཅས་ཡོད་ལ། དེ་ཡང་འདིར་བརྗོད་པའི་རི་རབ་རྭ་ལྔའི་དབུས་རྩེ་དཔག་ཚད་ལྔ་བཅུ་གྱེན་དུ་འཕྱུར་བའི་ཤར་གྱི་ཆར་དབང་པོའི་ཕོ་བྲང་ཡོད་ལ། དབང་པོའི་ཤར་ཕྱོགས་སུ་གནས་པར་གསུངས་པས་ཀྱང་མཚོན་ཅིང་། གཞན་ཐམས་ཅད་དུ་རི་རབ་ཀྱི་དབུས་སུ་ལྟ་ན་སྡུག་ཡོད་པར་གསུང་བ་དང་། འགལ་ལོ་ཞེ་ན་མ་ཡིན་ཏེ། དཔེར་ན་འཛམ་གླིང་གི་དབུས་མ་ག་དྷ་ཡི་མཐིལ་བྱང་ཆུབ་ཤིང་དྲུང་ཡིན་ལ། དེ་དང་ཉེ་བ་ཝ་ར་ཎ་སི་ཡང་མ་ག་དྷ་ཡིན་པར་མི་འགལ་བ་བཞིན་ནོ། །རི་རབ་ཀྱི་རྭ་བཞིའི་རྩེ་མོར་གནོད་སྦྱིན་ལག་ན་རྡོ་རྗེའི་ཕོ་བྲང་ཡོད་པ་མངོན་པ་མཛོད་ནས་ལྕོགས་བཞིར་ལག་ན་རྡོ་རྗེ་གནས་པར་གསུངས་པ་དང་ཤིན་ཏུ་མཐུན་ལ། དེ་ཡང་ཨ་བྷི་ཀོ་ཤ་ལས། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས་དབུས་ན་གནས། །ཞེས་པ། དབུས་ན་འོག་མའི་ཚིགས་ཤུགས་མ་རྫོགས་པས་ཡར་དྲངས་བ་ལས་རྒྱ་དཔེར་དབུས་ཀྱི་སྐད་དོད་དྷྱ་མ་འོག་མའི་ཚིག་རྐང་མགོར་ཡོད་པས། ཨུཥིཏབཛྲཔཱཎིབྷིཿཞེས་པར། ལག་ན་རྡོ་རྗེ་རྣམས་ཀྱི་གནས། །ཞེས་ཀྱང་རུང་ལ། དེས་ན་འདི་ནི་གནོད་སྦྱིན་གསང་བ་ས་ཡི་གནས་ལག་ན་རྡོ་རྗེ་ཅན་གྱི་ཁབ་ཁྱད་པར་བ་འཇིག་རྟེན་ཐུན་མོང་དུ་གྲགས་ཤིང་སྣང་བའི་ལྕང་ལོ་ཅན་གྱི་ངོས་འཛིན་ཡང་འདི་ལ་བྱེད་དགོས་ཤིང་། དེར་ལག་ན་རྡོ་རྗེའི་གཙོ་བོ་བཞི་ནི་ཤར་ལྷོ་ནས་རིམ་པས་ཚངས་པ་དང་། ཚངས་ཆེན་དང་། དྲག་ཤུལ་ཅན་དང་། རྡོ་རྗེ་གཏུམ་པོ་གོས་སྔོན་ཅན་བཞི་རུ་རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་གྱི་འགྲེལ་པར་འབྱུང་ངོ་། །གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་ཡི་སྲས་རྣམས་ཀྱི་ཐུ་བོ་རྡོ་རྗེའི་སྡེ་དང་། གཞན་ཡང་དཔུང་བཟང་དང་། སོགས་སྲས་སྟོང་ཕྲག་གཅིག་མངའ་བ་ལྷ་ཡི་རྒྱལ་པོ་ཆེན་པོའི་ཚུལ་དུ་སྣང་བ་དེས་རང་གི་གནས་སུ་དེ་བཞིན་གཤེགས་པ་ལ་གདུགས་ཚོད་གསོལ་བར་བསྟན་པ་ཡང་ལྷུན་པོའི་རྭ་རྩེ་བརྩེགས་པའི་གཞལ་མེད་ཁང་འདི་ཡིན་པར་ཤེས་སོ། །གནོད་སྦྱིན་གསང་བ་པ་ཡི་གནས་དེར་ལྷ་ཕལ་པ་རྣམས་རྒྱུ་བར་མི་བཟོད་ཅིང་། བདུད་དང་། དབང་པོ་དང་། ཉེ་དབང་ཀུན་ཀྱང་གནོད་སྦྱིན་གསང་བ་པའི་རིགས་ལ་ཆེས་འཇིགས་པར་བལྟ་ཞིང་གསང་བ་པ་དེ་རྣམས་ཀྱི་མི་མ་ཡིན་དྲག་ཤུལ་དྲེགས་པ་ཅན་མཐུ་ཤིན་ཏུ་ཆེ་བ་ཡང་གསོད་པར་བྱེད་པས་ཙཎྜ་སྟེ་གཏུམ་པོའི་སྒྲ་དང་། གྲོང་ཁྱེར་གྱི་ཕྱི་རོལ་གདོལ་པ་གནས་པ་བཞིན་སུམ་ཅུ་རྩ་གསུམ་གྱི་ཕྱི་རོལ་གྱི་ཆར་བརྩེགས་པ་ཉིད་དང་རྩུབ་འགྱུར་ཚལ་ལྟ་བུ་དང་། རོ་ལྡན་གྱི་སྒྲས་མི་ཡི་གནས་སུ་རང་བཞིན་གྱི་གྲུབ་པའི་དུར་ཁྲོད་བརྒྱད་དང་བཅུ་དྲུག་རྣམས་སུ་ཡང་ཉེ་བར་སྤྱོད་པས་གཙང་སྦྲའི་ལྷ་རྣམས་ཀྱི་རྨེ་བར་ཡང་བྱེད་པ་ཞིག་གོ །གསང་བ་པ་ཡི་རིགས་དེ་རྣམས་ལྷ་མ་ཡིན་དང་ལྷ་ཡི་གནས་སུ་རྒྱུ་བ་ན་ལུས་ལྷ་མཐུ་བོ་ཆེ་རྣམས་ཀྱིས་མཐོང་མི་ནུས་པར་སྦེད་པས་ན། གསང་བ་པ་ཞེས་ཐུན་མོང་གི་ངོར་དེས་ཀྱང་བརྗོད་དུ་རུང་བ་དང་། གནོད་སྦྱིན་གསང་བ་པོ་དེ་རྣམས་ཀྱི་བདག་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་ལ་སྤྱོད་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པའོ། །གནོད་སྦྱིན་གསང་བ་པོ་ཡི་རིགས་དེ་ཐམས་ཅད་ཀྱང་གཞན་དང་ཐུན་མོང་མ་ཡིན་པ་ནང་པ་སངས་རྒྱས་པའི་གསང་རིགས་གཟུངས་སྔགས་རྣམས་ཀྱི་བདག་མཛད་པ། སྔགས་འཆང་རྣམས་བསྲུང་ཞིང་། གདུགས་པ་ཅན་འདུལ་བར་བྱེད་པ་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་བྱེད་པ་པོ་ཆེན་པོ་སྟེ། དེ་ལ་སྙིང་ནས་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གནོད་སྦྱིན་སྡེ་དཔོན་ལག་ན་རྡོ་རྗེ་དང་། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གང་། །སྔགས་འཛིན་དམ་པ་འགའ་ཡི་ཐ་དད་བྱས། །མཁས་བཞིན་མི་མཁས་ངང་ཚུལ་སྟོན་འདི་ཅི། །ཐུབ་དབང་མིར་བལྟམས་མི་མཆོག་མིའི་སེང་གེ །པད་འབྱུང་སྲིན་པོའི་རྗེར་སྤྲུལ་སྲིན་པོ་འདུལ། །ལག་ན་རྡོ་རྗེ་གནོད་སྦྱིན་སྡེ་དཔོན་ཆེ། །གདུལ་བྱས་འདུལ་བྱས་མི་རྙོག་ཡོངས་ཤེས་བྱོས། །ཞེས་སོ། །རྒྱལ་ཆེན་བཞི་ཡི་བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་ཕོ་བྲང་རི་རབ་རྭ་ཡི་རྩ་བར་གནས་པ་ལ་ལྕང་ལོ་ཅན་དུ་གྲགས་པ་དེ་ན་འཇིག་རྟེན་ཐུན་མོང་གི་གནོད་སྦྱིན་མཐུ་བོ་ཆེ་མང་དུ་གནས་ཤིང་། གདུལ་བྱའི་གཙོ་བོ་གནོད་སྦྱིན་གདུགས་པ་རྣམས་ཡིན་པས་གསང་བ་པ་ཡི་གནས་དང་ཆ་མཐུན་གྱི་ལྕང་ལོ་ཅན་དུ་གསུངས་པ་དེ།

དེ་ལ་བོད་ཁ་ཅིག་གི་གསང་བའི་བདག་པོའི་གནས་ཀྱང་འདིར་འདོད་པ་དང་། དེ་བས་ཡང་རྣམ་མང་ཐོས་པའི་བུ་ཡི་ཁང་བརྩེགས་སྟེང་མར་གསང་བདག་བཞུགས་པར་བཞེད་པ་ནི་སྐབས་སུ་དེ་ལྟར་ཡང་འབྱུང་མོད། དུས་ཀུན་ཏུ་རིག་པ་མ་ཡིན་ཏེ་གསང་བའི་བདག་པོ་ཡང་ལྷ་ཡི་རྒྱལ་པོའི་ཚུལ་དུ་བཞུགས་པ་གོང་དུ་སྨྲས་པ་ལྟར་སྟེ། དེ་འཇིག་རྟེན་རིག་པས་ཀྱང་ཕོ་བྲང་གི་སྟེང་ཤོད་དུ་མི་འོས་པར་མཐོང་ན། དེ་གསུང་བ་པོ་སྐྱེས་བུ་དམ་པ་ཡིན་ཡང་ཤིན་ཏུ་གུ་དོགས་པའི་ཚུལ་བསྟན་པའོ། །གཞན་ཡང་ད་དུང་ཤེས་པར་བྱ་བ་ལྕང་ལོ་ཅན་འཇིག་རྟེན་ཐུན་མོང་ངོར་དེ་ལྟར་དང་། ཐུན་མོང་མ་ཡིན་པ་ནི་འཛམ་གླིང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་ཡི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྣང་ངོར་ཞིང་ཁམས་ལྟ་བུར་ཤར་བཞིན་རིགས་སྔགས་གྲུབ་པ་རྣམས་ཀྱི་ངོར་སྣང་བའི་ལྕང་ལོ་ཅན་ཡང་དེ་འདྲ་ལ། གསང་བའི་བདག་པོའི་གནས་ལྕང་ལོ་ཅན་དངོས་ནི་སངས་རྒྱས་དོན་དམ་པར་སངས་རྒྱ་བའི་གནས་དེ་ཁོ་ན་སྟེ་ནང་གི་རོ་ལྡན་ཡང་དེར་འཇུག་ལ། དྲག་པོའི་གདུལ་བྱ་ལ་མོས་པའི་ངོར་རྒྱུད་གཞན་དུ་འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་དང་། མེ་རི་འབར་བའི་དུར་ཁྲོད་ཞེས་སུ་གསུང་པ་དེ་ཡིན་ནོ། །ལྕང་ལོ་ཅན་གྱི་སྒྲ་དོན་བཤད་བྱ་གཞན་འགའ་ཡང་རྟོགས་རུང་འདིར་སྨྲ་མ་དགོས་པས་ན་བཞག་གོ །སྔགས་རྒྱུད་དོན་གཉེར་འདོད་རྣམས་རྒྱུད་བདག་པོ། ལག་ན་རྡོ་རྗེ་སྙིང་ནས་གུས་བྱར་འོས། །འོན་ཀྱང་དེང་དུས་ཉེ་འཚེ་ཞི་ལ་རེ། །ཁ་ཙམ་ཡི་དམ་བྱེད་ལས་དེ་ཚུལ་དཀོན། །དེ་ནས་ལྕང་ལོ་ཅན་ལ་དཔྱད་མི་བྱེད། །ཕལ་ཆེར་སྤྲོས་བྲལ་མཁའ་ཁྱབ་ངང་དུ་གློད། །འགའ་ཡི་ངལ་གསོའི་གནས་དང་གཅིག་ཏུ་བྱས། །དེ་དེ་ཡིན་མོད་དེ་དེ་ཅི་ལྟར་ཡིན། །དམ་པ་རྣམས་ཀྱི་ཐུགས་སུ་རྟགས་གསལ་མོད། །ཡི་གེར་བཀོད་པ་བདག་གིས་མ་མཐོང་བས། །རང་གི་རྟོགས་ཚུལ་མདོ་ཙམ་འདིར་སྨས་ཏེ། །བློ་དམན་རྣམས་ལ་ཕན་པར་འདོད་པ་ཡིན། །དེང་སང་སྒྲ་ཤེས་དོན་གཞལ་དཀོན་ན་ཡང་། །མགོ་བཟླུམ་ཐལ་རིག་གིས་སྙེམས་གར་མཁན་འགའ། །ཡི་དམ་ཡ་མ་རི་ལ་བྱེད་ཞེས་ན། །དེ་ཡི་ཡེ་ཤེས་དཀྱིལ་འཁོར་དགུགས་པའི་ཚེ། །གཟུགས་སྐུའི་བཞུགས་གནས་དེ་ལའང་མི་སེམས་སམ། །དེ་སྐད་དགོས་སླད་ཀྱལ་ཀ་ཉིད་དུ་གསོལ། །ཞེས་སོ། །ཡང་མདོ་རྒྱུད་རྣམ་དག་དང་བསྟན་བཅོས་ཁུངས་ལྡན་མང་པོར་རྒྱལ་ཆེན་བཞིའི་ཕོ་བྲང་གཉའ་ཤིང་འཛིན་གྱི་རྩེ་མོར་ཡོད་ཞེས་ཡང་ཡང་གསུང་ལྟར་འདིར་གཉའ་ཤིང་འཛིན་གྱི་ངོས་འཛིན་གོང་དུ་སོང་བཞིན་རྒྱལ་ཆེན་བཞིའི་ཕོ་བྲང་རི་རབ་ཀྱི་རྭ་ལྔ་སྐྱེ་བའི་རྨང་གཞིའི་རྭ་བཞིའི་བར་སྟེགས་སུ་ཡོད་པར་འདོད་པ་ཡིན་ལ། གཞན་རི་རབ་བང་རིམ་བཞི་པར་ཕོ་བྲང་ཡོད་ཞེས་མངོན་པ་རང་ལུགས་འཐད་ཀྱང་གཉའ་ཤིང་འཛིན་རྩེར་འགྲིགས་པའི་གོ་སྐབས་ནམ་ཡང་མི་རྙེད་དེ་བང་རིམ་བཞི་དང་ཐད་མཚུངས་ཙམ་ལ་བྱེད་ན་གཉའ་ཤིང་འཛིན་གྱི་རྩེ་མོར་ཡོད་པ་མ་ཡིན་པས་ཁོ་བོས་བཤད་པ་འདི་ལས་གཞན་དུ་ལོ་བརྒྱར་སྤྱད་ཀྱང་མི་འགྲིག་གོ །རྒྱལ་ཆེན་སྡེ་བཞིའི་རིགས་ཅན་ནི་ལྷུན་པོ་ནས་མེ་དཀྱིལ་ལ་ཐུག་གི་བར་གོ་ལའི་ཁྱོན་གྱི་གཟའ་སྐར་ཀུན་དང་། རི་དྲུག་གི་ཁ་ཁྱེར་གླིང་བཞིའི་དབུས་ཀྱི་གངས་རི་དང་གཞན་ཡང་གངས་བྲག་ནགས་ཚལ་གྲོང་དང་གྲོང་བརྡལ་རྣམས་སུ་ཡང་གནས་པར་གསུང་སྟེ། དེ་ཡང་རི་དྲུག་གི་ཁ་ཁྱེར་ལ་གནོད་སྦྱིན་གསེར་ཁང་དང་། སྟོབས་ལྡན་དང་། འཇུག་སྲེད་དང་། གྲགས་དཔལ་དང་། རི་འདེག་དང་། མཆོག་སྲེད་དྲུག གཙོ་བོ་སྟེ་དེ་ཡི་སྡེ་རིས་དང་བཅས་པའི་གྲོང་ཁྱེར་གནས་པ་དང་། ཕྱི་རོལ་ལྕགས་རི་ལྟ་བུ་རྡོ་རྗེའི་རི་རྩེར་ཡང་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རིགས་ཀྱི་གནས་ཁང་པ་དང་ཁང་བརྩེགས་དུ་མ་ཡོད་པར་རྒྱུད་གཞན་ལས་སོ། །ལྷ་མ་ཡིན་གྱི་གནས་ས་དཀྱིལ་གྱི་རྔམས་ཀྱི་བཞི་ཆ་གོང་དང་། བཞི་ཆ་གཉིས་པར་ཀླུའི་གནས་སུ་དུས་འཁོར་ད་ལྟའི་འགྱུར་ཚུལ་འདིར་བཞུགས་ཀྱང་། རྗེ་པུཎྜརི་ཀས། སྟེང་དུ་ཀླུ་དང་འོག་ཏུ་ལྷ་མིན་མཛད་པར་སློབ་མ་མཁས་པར་གྲགས་པ་རྣམས་ཀྱིས་དེ་ཡིག་ནོར་དུ་བཟུང་ཡང་མ་ཡིན་ཏེ་རང་བཞེད་ཐུན་མོང་མིན་པར་སྣང་ལ། རིག་པའི་སྒོ་ནས་ནི་དེ་ཡང་མི་འཐད་པ་མེད་དོ། །གཞན་དུ་ནི་ས་དཀྱིལ་ཕྱེད་གོང་ལྷ་མིན་ཞེས་པ་ལྟེ་བའི་ཆ་དང་ཕྱེད་འོག་ཀླུའི་གནས་ཁོར་ཡུག་གི་ཆར་ཀྱང་འགལ་བ་ཆེར་མ་མཐོང་ངོ་། །ས་དཀྱིལ་ཕྱེད་མན་གསེག་མའི་དམྱལ་བ་སྟེ་ཡི་དྭགས་རྒྱལ་པོའི་གནས་ཀྱང་། དེ་ཡི་ཁོངས་སུ་རྗེ་འབྲུག་པས་བཞེད་པ་ནི་ལེགས་བཤད་ཉིད་དུ་བཟུང་ངོ་། །དེ་ལྟར་ས་ཡི་བུ་གའི་གནས་རྣམས་སུ་འགྲོ་བ་གཞན་གསུམ་དང་ས་ཡི་སྟེང་དུ་མི་རིགས་རྣམས་ཡོངས་སུ་འཁོད་པ་འཛམ་གླིང་ལས་ཀྱི་སར་གསུངས་ཤིང་།

དེ་ལས་བྱེ་བྲག་ཏུ་འཛམ་གླིང་ཆུང་ངུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱོན་ཅིང་སངས་རྒྱས་པའི་གནས་རྡོ་རྗེ་གདན་ཡོད་པས་ན་སྔགས་པ་དུ་མས་ཡོངས་སུ་བསྔགས་པའི་གནས་སོ། །དེ་ཡང་འཛམ་གླིང་ཆུང་ངུ་འདི་ཡི་དབུས་དངོས་གཞིར་འཛམ་གླིང་གི་རི་ཆེན་པོ་བཞིའི་ནང་ཚན་གངས་ཅན་སྟེ་ཧི་མ་ལ་དཔག་ཚད་སུམ་བརྒྱའི་ཁོར་ཡུག་ཅན་བརྒྱ་གྱེན་དུ་འཕྱུར་ཏེ་གནས་ཤིང་། དེ་ཡི་ཤར་ནུབ་ཏུ་ཆུ་མགོ་རི་དེལ་བྱས་ནས་ཆུ་བོ་ཤཱི་ཏ་རྒྱ་མཚོ་དུག་ཅན་ལ་འབབ་པ་སྟེ་ཞིབ་མོར་ཕྱེས་ན་གངས་ཅན་གྱི་ཤར་ཕྱོགས་ནས་ཤཱིཏ་ཅིག་ཤར་ཕྱོགས་ཀྱི་རྒྱ་མཚོར་བབ་པ་དང་། གངས་ཅན་གྱི་ནུབ་ཕྱོགས་ནས་ཤཱིཏ་ཅིག་ནུབ་ཀྱི་ཕྱོགས་མཚམས་བབ་པ་ཡིན་ནོ། །ཧི་མ་ལ་དེའི་ཕྱོགས་བཞིའི་ཆར་རྭ་བཞིའི་རྣམ་པར་རི་བོ་ཀེ་ཏ་རའི་མིང་ཅན་བཞི་ཡོད་པ་ལྷོ་ཕྱོགས་དེ་ད་ལྟ་མངའ་རིས་གངས་རི་ཆེན་པོ་ཏི་སེར་གྲགས་པ་འདི་ཡིན་ཞེས་ཁོ་བོས་སྨྲའོ། །རིག་བྱེད་ཀྱི་གཞུང་ལས་ཆུ་བོ་གངྒཱས་ལྷོ་ཕྱོགས་ཀྱི་གངས་རི་ཕུག་ནས་ཡུལ་དབུས་འགྱུར་དུ་འབབ་པར་གསུངས་པ་ཡང་འདིར་འཐད་པ་ཉིད་དོ། །དེས་ན་བོད་ཀྱི་ཏི་སེ་འདི་གངས་ཅན་གྱི་རྭ་ཀེ་ཏ་ར་ཡིན་ན། གངས་ཅན་མ་ཡིན་པ་ཡང་མིན་ལ་ཧི་མ་ལ་དངོས་མཛོད་དང་ཕལ་ཆེན་དང་ཤམྦྷ་ལ་ཡི་ལམ་ཡིག་གནས་གསུང་པ་དངོས་བྱང་ཕྱོགས་སུ་ཡོད་ན་བོད་ཀྱི་ཏི་སིར་དེ་ཡི་བཤད་ཚོད་རྣམས་མ་ཚང་པས་སྐྱོན་དུ་མི་འགྱུར་ཞིང་། ད་ཕྱིན་ལུགས་འདི་ས་སྐྱ་དང་བཀའ་རྒྱུད་ཀྱི་མཁས་པ་རྣམས་རྩོད་པ་མེད་པར་ཐུགས་བག་ཕེབས་པར་འོས། ཏི་སེ་གངས་ཅན་གཅིག་ཐ་དད། །མཁས་རྣམས་འབེལ་མཆིད་རྒྱ་ཆེ་ཡང་། །དངོས་དོན་སྔོན་མེད་ལེགས་བཤད་འདིའི། །དོན་ཡོད་ལྕགས་ཀྱུའི་མཐུ་ལས་སོ། །ས་དཀྱིལ་འོག་གི་ཆ་ཆུ་དང་མེ་དང་རླུང་དལ་ལ་གྲང་བ་དང་ཚ་བ་དང་མི་བཟད་པའི་དམྱལ་བ་གཉིས་གཉིས་དྲུག རླུང་དཀྱིལ་གྱི་ཆ་འོག་མར་རྡོ་རྗེའི་ཁབ་རྩེའི་དམྱལ་བ་སྟེ་བདུན་དང་། གོང་གི་ས་དཀྱིལ་དུ་གསེག་མའི་དམྱལ་བ་བཅས་བརྒྱད་ཡིན་ནོ། །དུས་ཀྱི་འཁོར་ལོ་སྲིད་པ་སུམ་ཅུ་རྩ་གཅིག་ཏུ་གསུང་བ་གཟུགས་མེད་བཞི། གཟུགས་ཁམས་བཅུ་དྲུག འདོད་ལྷ་དྲུག་གི་གནས་དང་བཅས་ཉེར་དྲུག དེ་སྟེང་ལྷ་མིན། མི། བྱོལ་སོང་། ཡི་དྭགས་དམྱལ་བ་རྣམས་བསྡོམས་པས་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་གསུང་བ་ནི་འདིར་གཙང་མའི་གནས་ཀྱི་ཤིན་ཏུ་མཐོང་བསྟན་ནས་གྱ་སྣོམ་སྣང་དེ་དང་དོན་གཅིག་ཏུ་དགོངས་པའི་ཕྱོགས་ཡིན་ལ། འདི་ལ་གཞུང་གཞན་དུ་ཤིན་ཏུ་དང་གྱ་ནོམ་དོན་གཅིག་ཅིང་སྣང་བ་དང་མཐོང་བ་དོན་གཅིག་ཡོད་ཞེས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་གསུང་བར་གྲགས་པ་དང་མཐུན་ལ། གཞན་ཁ་ཆེ་བྱེ་བྲག་སྨྲ་བ་ཡང་གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་འདོད་དེ། ཚངས་པ་མདུན་ན་འདོན་དང་ཚངས་ཆེན་གཅིག་ཏུ་བགྲང་བའོ། །དེ་ཡང་ལྷ་ཡི་གནས་དང་། ས་འོག་མུན་འགྲོའི་གནས་རྣམས་རྒྱར་ཞེང་ས་དཀྱིལ་དང་མཉམ་པ་ནི། གནས་ཀྱི་གཙོ་བོ་ལ་དགོངས་པ་ཡིན་ཅིང་། ཁོར་ཡུག་ནི་སྟེང་གི་ལྷ་རྒྱལ་ཆེན་སྡེ་བཞིའི་རིགས་མེ་དཀྱིལ་ལ་ཐུག་གི་བར་དང་མཐའི་རྒྱ་མཚོ་ཆེན་པོའི་ཆར་བྱོལ་སོང་གི་རིགས་དུ་མས་ཀུན་ཏུ་ཁེངས་པའི་རིག་པས་མཐོ་རིས་དང་ངན་སོང་གི་གནས་ཀྱི་ལྷག་མ་གཞན་རྣམས་ཀྱང་དེ་ལྟར་ཤེས་དགོས་སོ། །སྲིད་པ་བཅུད་ཀྱི་སེམས་ཅན་དེ་རྣམས་ཀྱི་ཚེ་ཚད་ཀྱང་གཟུགས་མེད་བཞི་སྟེང་མ་བསྐལ་ཆེན་བཞི་ནས་འོག་མ་རེ་རེས་འཕྲིན་ལས་པའི་ནམ་མཁའ་མཐའ་ཡས་སུ་བསྐལ་ཆེན་གཅིག་གི་ཆེའོ། །གཟུགས་ཁམས་ཀྱི་གནས་བཅུ་དྲུག་གི་སྟེང་མ་འོག་མིན་གྱི་ཚེ་བསྐལ་པ་བར་མ་བཅུ་དྲུག་ཐུབ་པ། འོག་མ་ལ་རེ་རེ་འཕྲིན་ལས་པས་ཚངས་རིས་སུ་གནས་པས་བར་བསྐལ་གཅིག་ཐུབ་བོ། །འདོད་ལྷ་དྲུག་གི་སྟེང་མ་གཞན་འཕྲུལ་དབང་བྱེད་ཀྱི་ཚེ་བསྐལ་པ་ཆུང་དྲུག་དང་།

འོག་ཏུ་རིམ་པས་ཕྲིས་པས་རྒྱལ་ཆེན་སྡེ་བཞིའི་ཚེས་བསྐལ་ཆུང་གཅིག་གོ །ཀླུ་དང་དམྱལ་བ་དང་པོ་ནི་བསྐལ་པ་ཆུང་ངུའི་ཚེ་དང་། དམྱལ་བ་གཉིས་པ་དང་གསུམ་པ་བསྐལ་པ་བར་མ། བཞི་པ་དང་ལྔ་པ་མཆོག་གི་བསྐལ་པ། དྲུག་པ་དང་བདུན་པ་བསྐལ་པ་ཆེན་པོ། བརྒྱད་པ་འཇིག་རྟེན་ཁམས་བསྡུད་པའི་ཚད་དུ་གསུངས་སོ། །མི་རྣམས་ནི་སངས་རྒྱས་ཀྱི་ཆོས་བསྟན་པའི་དུས་ཀྱི་རགས་རྩིས་ཚེ་ལོ་བརྒྱ་པའི་དབང་དུ་མཛད་ཅིང་། ལྷ་མ་ཡིན་དང་། ཡི་དྭགས་ཀྱང་། རང་རང་དབུགས་ཚད་ཀྱིས་ལོ་བརྒྱར་གསུངས་ཏེ། དེ་ཡང་མི་ལོ་བཅུ་གཉིས་ལྷ་མ་ཡིན་གྱི་ཞག་གཅིག དེ་སུམ་ཅུའི་ཟླ་བ།དེ་བཅུ་གཉིས་ཀྱི་ལོ། དེ་བརྒྱ་ཡི་ཚེ་ཚད་དུ་བྱས་པས་མི་ལོ་བཞི་འབུམ་སུམ་ཁྲི་ཉིས་སྟོང་གི་ལྷ་མ་ཡིན་གྱི་ཚེ་ཚད་དང་མི་ཡི་ཟླ་བ་གཅིག་ཡི་དྭགས་ཀྱི་ཞག་དང་། དེ་སུམ་ཅུའི་ཟླ་བ་སོགས་གོང་བཞིན་བྱས་པས་མི་ལོ་སུམ་སྟོང་ཐམ་པ་ཡི་དྭགས་ཀྱི་ཚེ་ཚད་དུ་དོན་གྱིས་གསུང་བར་གནང་ངོ་། །དེ་ཡང་དུས་འཁོར་ནས་གསུང་པ་བསྐལ་པའི་ཚད་ནི། གཞུ་འདོམ་སྟོང་ཕྲག་བརྒྱད་ནི་དཔག་ཚད་ཀྱི་ཚད་ཡིན་ལ། དེ་ལྟ་བུའི་ཆུ་ཞེང་མཉམ་པའི་དོང་། སྐྲ་རྩེ་ཆུ་ཞེང་མཉམ་པར་ཡོངས་སུ་བསྐང་ནས་ལོ་བརྒྱ་བརྒྱ་ན་སྐྲ་རྩེ་རེ་རེ་ཕྱུང་པ་ཡི་སྐྲ་རྩེ་ཐམས་ཅད་ཟད་པའི་ཚེ་ཞག་གཅིག་ཏུ་བྱས་ནས་ཞག་དེ་ཟླ་བ་དང་ལོ་བགྲང་ཚུལ་ཇི་ལྟར་གྱི་ལོ་བརྒྱ་རྫོགས་པའི་ཚེ་ན་བསྐལ་པ་ཆུང་ངུ་ཡིན་ལ། བསྐལ་པ་ཆུང་ངུ་དེས་ཞག་དང་ཟླ་བ་ལོར་བྱས་ནས་ལོ་བརྒྱ་ལོན་པ་ན་བར་གྱི་བསྐལ་པ་དང་། བར་བསྐལ་ཞག་ཏུ་བྱས་ནས་བསྒྲང་ཚུལ་དེ་ལྟས་ལོ་བརྒྱས་མཆོག་གི་བསྐལ་པ། མཆོག་བསྐལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱས་བསྐལ་པ་ཆེན་པོར་གསུང་སྟེ། བསྐལ་པ་དེ་རྣམས་ཀྱི་ཡུན་ཚད་མི་ཡི་ལོ་གྲངས་ལ་སྦྱར་བའི་རྩི་ཚུལ་ཞིབ་པ་ནི་མི་བསྐྱོད་ཞབས་ཀྱི་དུས་བཞི་གསལ་བྱེད་དང་།

རྗེ་པུནྡྷ་རི་ཀའི་དངོས་སློབ་འབྲུག་པ་ལྷ་བློ་ཞེས་བདག་གི་རྩིས་རིག་བརྒྱུད་པའི་བླ་མ་དེས་ཀྱང་འཆད་ཐབས་གསལ་བར་རྒྱས་པར་བཀོད་སྣང་ལ། ཁོ་བོས་ཀྱང་སྔར་གཞན་དུ་འཆད་ཟིན་པ་ལས་རྟོགས་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐོག་མར་བསྐྱེད་ཅིང་བར་དུ་གནས་པའི་ཚུལ་རགས་བསྡུས་སུ་བཤད་ཟིན་ལ། མཐར་འཇིག་རྟེན་བསྡུད་པའི་ཚུལ་ནི་ནང་ལུས་ཀྱི་དེ་ཉིད་དང་མཐུན་པར་འབྱུང་བ་རྣམས་ཕན་ཚུན་ནུས་པ་འཁྲུགས་ཤིང་ཤེད་ཤོར་བས་ས་ནི་ཆུར་ཞིག་ཅིང་ཐིམ། ཆུ་ནི་མེ་དང་། མེ་རླུང་ལ། དེ་ཡང་ནམ་མཁར་ཐིམ་ནས་སྟོང་པ་ཆེན་པོའི་ངང་དུ་གནས་ཤིང་སླར་ཡང་སྔོན་བཞིན་ཀུན་རྫོབ་རྟེན་འབྲེལ་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་གྲུབ་པར་ཡང་གྱུར་ཏོ། །འཇིག་རྟེན་བསྡུད་པའི་ཚུལ་འདིར་ས་བཅད་ཙམ་སྟེ་འདི་ལ་སྔར་གཞན་གྱིས་རྒྱས་པར་བཤད་པ་མ་མཐོང་བས་སླར་ཞིབ་མོར་སྤྲོས་ཏེ་ལོགས་སུ་འཆད་པ་ཡང་འདོད་དོ། །དེ་ཡང་འཇིག་རྟེན་འདི་ནི་གདོད་ནས་མ་གྲུབ་བཞིན་རང་བཞིན་གི་འོད་གསལ་བའི་རང་གདངས་སུ་འགོག་པ་མེད་པར་རྟེན་འབྲེལ་གྱི་རོལ་པར་སྣང་ཞིང་། གདུལ་བྱ་རང་གི་མོས་བསམ་བློ་རིག་ཐ་དད་པ་ལ་རྒྱལ་བ་ཐབས་ལ་མཁས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གང་ལ་གང་འདུལ་དུ་མ་དག་པའི་ཤེས་པ་བཟློག་པའི་དོན་དང་། ལོག་པའི་ཞེན་པ་སུན་ཕྱུང་བ་དང་། གང་ལ་ཡང་ཞེན་པ་མེད་པར་རྟེན་པ་དང་། དབང་པོ་ཁམས་དང་མཚམས་པར་སྤྲོ་བ་བསྐྱེད་པ་དང་། འགལ་འབྲལ་རང་ངོས་མ་གྲུབ་པར་བསྟན་པ་དང་། ཞེན་ཡུལ་མ་གྲུབ་པ་སྒྱུ་མ་ལྟར་འགལ་བ་མེད་པར་གསུང་བ་སོགས་འབྱམས་ཀླས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལ་སུ་ཞིག་གིས་གཞལ། འོན་ཀྱང་དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་ཚད་མ་ནས་ཇི་ལྟར་གསུང་བ་རྣམ་གྲངས་དུ་གྱུར་པ་དག་རང་མོས་པའི་གནས་གང་ཡིན་པ་དེ་བླངས་བས་དེ་བཞིན་གྱི་དོན་གྲུབ་པ་ཉིད་དུ་གྱུར་མོད། དེ་ལྟར་ན་ཡང་ངེས་པའི་དོན་སྔགས་ཀྱི་ཐེག་པ་སྟེ། སྔགས་རྒྱུད་ཆེན་པོ་ནས་འཇིག་རྟེན་ཁམས་ཆ་ཤས་དང་གསལ་བར་བསྟན་པ་ཅི་རིགས་བཞུགས་པ་ལས། གཞན་ལས་རྣམ་གྲངས་དུ་གྱུར་པ་ཕྱི་ནང་གཞན་གསུམ་དག་སྦྱོར་རྒྱས་པར་འབྱུང་བ་དཔལ་མཆོག་དུས་ཀྱི་འཁོར་ལོའི་ལུགས་འདི་ཡིན་པས་དེ་ལ་ཡང་མཆོག་ཏུ་གུས་པས་བཟུང་བར་བྱ་བའི་གནས་སོ། །དེ་སྐད་གསང་སྔགས་གསར་འགྱུར་རྒྱུད། །ཀུན་གྱི་སྤྱི་བོའི་གསང་མཐའི་རྒྱུད། །གཉིས་མེད་དཔལ་མཆོག་དུས་འཁོར་ལོ། །ཕྱི་ནང་གཞན་དུ་ལེགས་གསུང་བའི། །རྒྱུད་དང་ས་བཅུ་པའི་འགྲེལ་བར། །ཕྱི་ཡི་དུས་འཁོར་འཇིག་རྟེན་ཁམས། །རྣམ་དག་མཁས་མཆོག་རྣམས་བཞེད་ཚུལ། །རྣམ་མང་གཅིག་དང་དུ་མ་ཉིད། །མ་འདྲེས་ལེགས་པར་མཐོང་བའི་མཐུས། །རྣམ་པར་སྤྱོད་པའི་ལྡེ་མིག་ཐོབ། །ཤེས་རབ་གསལ་བའི་སྒོ་ཕྱེས་ནས། །འཐད་པའི་རིན་ཆེན་བདག་གིར་བྱས། །

དེས་ན་བདག་མཁོས་ངན་པས་གཞན་གྱི་བཤུལ་དུ་གཞོལ་འོས་ཡང་། །བློ་ཡི་རྟ་རྒོད་ཁ་ལོ་བརྟེན་པར་མ་བཟོད་རྒྱུད་འགྲེལ་གྱི། །གཞུང་དུ་འཇུག་པར་མཐོང་ནས་རང་འདོད་ལམ་དུ་གར་བ་འདི། །གནོང་པར་གྱུར་མོད་བཟོད་པར་སྙིང་ནས་གསོལ་གྱི་སྐྱོན་མ་མཛད། །གང་དུ་བདག་གིས་ལེགས་པར་བཤད་པའི་ཆ། །མཆིས་ཀུན་སྔོན་རབས་དམ་པ་རྣམས་ཀྱི་བྱིན། །རྩ་བའི་བླ་མའི་མཐུ་རླབས་ཁོ་ན་ལས། །བདག་གིས་བགྱི་བ་ཅུང་ཟད་ཡོངས་མ་མཆིས། །ཉེས་པར་གྱུར་ཀུན་བདག་ནི་བྱིས་པའི་སེམས། །བློ་རྨོངས་སྐྱོན་གྱིས་བསླད་ལས་གཞན་གྱིས་མིན། །དེ་ཀུན་སྤང་གྱུར་རྣམས་ལ་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པའི་དབུགས་དབྱུང་སྩལ་དུ་གསོལ། །རྒྱུད་དང་འགྲེལ་དོན་གཞིར་བཞག་མཁས་གསུང་ལེགས་པའི་ཆ་གྱུར་ཀུན་ལས་བཏུས། དེས་ན་སྔོན་མཁས་ཀུན་གྱི་ལེགས་བཤད་ཡིན་མོད་ཕྱོགས་གཅིག་འདི་རུ་སྟེ། དེ་ཡང་མགོན་པོ་མཆོག་གྱུར་རྣམས་ཀྱི་བརྩེ་བས་བདག་ལ་བགོ་སྐལ་མཛད། དེ་ཕྱིར་རབ་གུས་ཕྱག་བྱས་བཅས་འདིར་འབད་དགེ་མཆིས་མགོན་རྣམས་དགྱེས་ཕྱིར་བསྔོ།

ཞེས་དུས་འཁོར་འཇིག་རྟེན་ཁམས་རྣམ་པ་གདགས་པའི་དཔེའུ་རིས་བགྱིས་པའི་ཁ་བྱང་ཚུལ་དུ་གསལ་བྱེད་ཀྱི་ཡི་གེ་ཚིག་དོན་གསལ་བར་རང་འདོད་ཇི་བཞིན་བྱས་པ་ཞིག་ཅིས་ཀྱང་བགྱི་བར་འོས་ཞེས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་འཇིག་རྟེན་དབང་ཕྱུག་གི་གངས་རིའི་ཁྲོད་དུ་སྐྱེ་བའི་ཕྲེང་བར་སྣང་བར་མཛད་པ་དཔལ་ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་སེམས་དཔའ་མཆོག་དང་། འཇམ་དཔལ་དཔའ་བོས་བྱིན་གྱིས་བརླབས་པའི་དཔལ་ལྡན་དཔའ་བོ་ཞེས་སུ་མཚན་གྱི་སྙན་ས་རྒོད་པ་གང་གི་སྤྲུལ་པའི་སྐུར་གྱུར་གཙུག་ལག་མཆོག་ཏུ་དགའ་བའི་ཞལ་སྔ་ནས་ནན་གྱི་བཀའ་ཡིས་གནང་བཞིན་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྐྱེས་བདག་གི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་མཚུར་མདོ་བོའི་གཙུག་ལག་ཁང་དུ་ཅུང་ཟད་བྲིས་པའི་འཕྲོད་རྒྱལ་བ་དམ་པ་ལོ་རས་ཀྱི་སྒྲུབ་གནས་དབུ་རིར་ཇོ་ནང་ཀུན་མཁྱེན་མཆོག་གི་དུས་ཆེན་དགའ་བ་གཉིས་པའི་ཐུན་བར་དུ་གྲུབ་པར་སྦྱར་བའི་རེག་གཟིག་ལས་སླར་གོ་བདེ་ཕྱིར་སྐབས་འགར་ཚིག་སྣ་ཅུང་ཟད་བསྲིང་བར་བྱས་པའོ། །དགེའོ། །དགེའོ། །

འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ།

༄༅། །འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ་བཞུགས། །

༈ རྣམ་ཤེས་ཀྱི་མེ་ལོང་ལ་ཤེས་རབ་ཀྱི་པིར་གྱིས་བྲིས་པའི་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ་ཤུགས་འབྱུང་ཆུ་འབབ་ཏུ་ག་ལེར་བརྗོད་པ་རིག་འཛིན་རྒྱལ་ཁམས་པས་བློ་ཡི་རོལ་གར་རོ། །

ན་མོ་གུ་རུ་བྷྱཿ དཔག་ཚད་ཁྲི་ཕྱེད་གསུམ་ཕྱིར་གདེང་བའི་ཁར་ཆིག་ཁྲི་ངོས་མཉམ་པར་གནས་པ་ནི། རི་དྲུག་གི་སྟེང་དུ་གཉའ་ཤིང་ལྟར་གནོན་པས། གཞན་ནས་གཉའ་ཤིང་འཛིན་དུ་གསུངས་པ་དང་དོན་གཅིག་ཏུ་འགྲོ་བ་དང་། ཉི་མ་བྱང་བསྒྲོད་ཀྱི་སྐབས་སུ་བར་སྟེགས་ཀྱི་སྟེང་དུ་རྒྱུ་བས་ན། དེ་ཡང་གཉའ་ཤིང་འཛིན་པར་གྲུབ་བོ། །དེ་བཞིན་འོད་སྔོན་ཅན་ནི་རི་རབ་ལ་ཐོང་ལྕགས་ཀྱི་འཁྱུད་པ་ལྟར་གནས་པས་གཤོལ་མདའ་འཛིན་དང་། མནྡྷ་ར་ནི་ཚོན་སྣ་བརྒྱ་རྩས་བཀྲ་བར་བྱས་པ་ལྟར་མཛེས་པས་ལྟ་ན་སྡུག་དང་། ནི་ཥཊ་ནི་རྩི་ཤིང་ཅན་དང་། ཚང་ཚིང་ཅན་དང་། མཚན་མོ་ལ་ཡང་འཇུག་པས་རི་དེ་སེང་ལྡེང་གི་ནགས་ཚལ་མུན་པ་ཐིབ་པ་ལྟ་བུའི་གཡོགས་པས་སེང་ལྡེང་ནགས་དང་། ནོར་བུའི་རི་ནི་རིན་པོ་ཆེ་ལས་གྲུབ་པའི་བྲག་རྟའི་རྣ་བའི་ཕྱི་ངོས་ཀྱི་དབྱིབས་ལྟ་བུས་གཏམས་པས་ལྟ་སྣ་ཅན་དང་། དྲོ་ཎ་ནི་བྲོ་བོའི་གཞལ་བྱེད་སྟེ་འཕགས་ཡུལ་གྱི་བྲ་ཟངས་ལས་བྱས་པ་ལྟར་ཀུན་ཏུ་ཟླུམ་ཞིང་སྟོད་ཀྱི་ཆ། རིམ་པས་ནང་དུ་འདུས་ཤིང་རི་ནང་མ་ལ་འདུད་པ་ལྟར་དུ་གནས་པས་རྣམ་འདུད་པ་དང་། བསིལ་རི་ནི་རི་ནང་མ་རྣམས་ལ་མུ་ཁྱུད་ཕྱི་མའི་ཚུལ་དུ་མཛེས་པར་འཁོད་པས་ན། མུ་ཁྱུད་འཛིན་དུ་འཐད་པར་སྙམ་ལ་དོན་དུ་ཡང་དེ་ལས་མི་འདའོ། །རྒྱུད་དང་འགྲེལ་པ་ལས་གཟའ་སྐར་རྣམས་ཀྱི་ཁྱིམ་རི་རབ་ཀྱི་སྟེང་དུ་འཁོར་བར་གསུངས་པ་དང་། ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ་ལྷུན་པོའི་རྭ་ལ་རེག་པར་བཞེད་པ་དང་། མདོ་ཕལ་པོ་ཆེ་ནས་ཉི་ཟླ་འཆར་ནུབ་རི་རབ་ཀྱི་རྩེ་ནས་བྱེད་པར་གསུང་བ་ཀུན་ཁོ་བོས་བྱས་པའི་ལུགས་འདི་ལ་འཐད་ཀྱིས། མཁས་པ་གཞན་དང་གཞན་དག་གིས་བྱས་པ་རྣམས་ལ་ཅི་ལྟར་འགྱུར་སོམས་ཞིག འདིར་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་དང་འགྲེལ་པ་ནས་གསུངས་པ་ལྟར་ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ།

དཔག་ཚད་བརྒྱད་ཁྲི་ལྔ་སྟོང་གི་མཁའ་ལ་རྒྱུ་བའི་ཚེ་རི་རབ་ཀྱི་རྭའི་རྩ་བའི་ཆ་ལ་རེག་པ་ཡིན་ཞིང་ཉི་མ་དེ་ལས་སྟོང་ཕྲག་བཅུ་གཅིག་འབབ་སྟེ་ལྷོ་བསྒྲོད་ཀྱི་མཐར་ཐུག་པའི་ཚེ། ལྷུན་པོའི་བར་སྟེགས་ཀྱི་བརྔམ་རྫོགས་པ་རྡོ་རྗེའི་རི་དང་ཚད་མཚུངས་པ་ཡིན་ལ། འདི་ལ་སྔ་རབས་དམ་པ་མཆོག་གྱུར་མང་ཞིག་གིས་སྟོང་ཕྲག་བདུན་ཅུ་རྩ་ལྔའི་མཚམས་ནས་རྭ་ལྔ་སྟོང་ཕྲག་ཉེར་ལྔའི་ཚད་ཅན་བཤོས་ཟླུམ་བཞག་པ་ལྟར་བཞེད་པ་ནི་གནས་སྐབས་རགས་རྩིས་ཀྱི་དབང་དུ་མཛད་པར་སྣང་བས་སྐྱོན་དུ་མི་འགྱུར་མོད། གཞན་དེང་སང་མང་ཕུག་པ་ལྷུན་རྒྱལ་བ་སོགས་ཞིག་རི་རབ་ཀྱི་རྭ་མཐུར་འཕྱང་ཡིན་ཞེས་རི་རབ་ཀྱི་ཁ་ཁྱེར་དང་། བསིལ་རི་མཚམས་སྦྱར་ཏེ་ཕྱོགས་ཟླུམ་སྐོར་ལ་རྭ་རུ་འདོད་པ་ནི་རྒྱུ་མཚན་མེད་པར་སྨྲས་པ་སྟེ། ལེགས་སྦྱར་གྱི་སྐད་དུ་ཤྲྀང་ཁ་ཞེས་པ་དུད་འགྲོའི་རའམ། རིའི་རྩེ་སྟེ་ཤས་ཆེར་གྱེན་དུ་ཕྱོགས་པ་ཞིག་ལ་འཇུག་ཅིང་། རྡོ་རྗེའི་ར་སོགས་མཚོན་ཆའི་རྩེ་ལྟ་བུ་ལ་མ་འགལ་མོད། དེ་ལ་རྒྱུ་མཚན་མེད་པར་རང་འདོད་འགའ་ཞིག་གིས་ཁ་ཁྱེར་ཟླུམ་སྐོར་མ་ཞིག་ལ་རྭ་ཞེས་བརྗོད་པ་ནི་སྙིང་པོས་དབེན་པ་ཉིད་དོ། །འདི་ལ་དེང་སང་དུས་འཁོར་བ་ཕལ་ཆེར་འདོད་པ་མཐུན་པར་གནས་པའི་རི་རབ་ཀྱི་འདོད་ཚུལ་འཁྲུལ་གཞི་གང་གིས་བྱེད་ཅེ་ན། སྟེང་དུ་རྩེ་མོ་རྣམས་ནི་ལྔ་སྟེ། སའི་སྟེང་གི་གནས་ལ་ཟུག་པ་རྣམས་ནི་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་དང་ནི་ཞེས་གསུང་པར། སའི་སྟེང་གི་ཞེས་པ་རི་རབ་ལྷུན་པོའི་སྟེང་གི་རྒྱ་ལ་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཆ་ལ་ཇི་སྲིད་པ་ལ་སྟོང་ཕྲག་ལྔ་བཅུ་པ་བཞི་གནས་ཀྱི་སྟེང་གི་རྒྱལ་བའོ། །ཞེས་སྟེང་གི་རྒྱ་ཚད་ལ་ས་གཞི་གསུང་པ་དེ་མ་དྲན་པར་ནི་ས་དཀྱིལ་གྱི་ས་གཞིར་སེམས་དེ་རི་རབ་རྡོ་རྗེ་རྩེ་ལྔ་ཡི་རྭ་རྩེ་མོ་ཐུར་བསྟན་དུ་འདོད་པ་དང་། སྟེང་གི་རྩེ་མོ་རྣམས་ནི་ལྔ་སྟེ་ཞེས་པས་རི་རབ་ཀྱི་རྭ་རྩེ་མོ་གྱེན་བསྟན་དུ་གསུང་བ་དེ་མ་གོ་བར། རི་རབ་ཀྱི་བྱ་སྐྱིབ་ནས་ར་སྐྱེས་ཤིང་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་ཅེས་པའི་སྒྲ་ལ་འཁྲུལ་ཏེ།

རི་རབ་ཀྱི་ར་རག་སྡེར་གྱི་ཆུ་འཕྱང་ལྔ་བརྩེགས་པ་བཞིན་འདོད་པ་ནི་འཁྲུལ་པའི་རྣམ་འགྱུར་མི་བཟད་པར་བསྟན་པ་ཉིད་དུ་ཤེས་པར་བྱ་དགོས་ལར་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་ཅེས་པ་ནི་རི་རབ་ཀྱི་འགྲམ་སྟེགས་ལ་དགོངས་པ་ཡིན་ཏེ། དེ་ཡང་འགྲེལ་ཆེན་ལས། དེ་ཡི་ཕྱི་རོལ་དུ་ཁོར་ཡུག་གི་རྭ་བཞིའི་ནང་དུ་བུ་གའི་གནས་ལ་གླིང་དྲུག་རྣམས་དང་ཞེས་པ་ནས་ཁ་བའི་རི་ལ་རྭ་ཅན་ཞེས་བྱའོ། །མཁས་པ་པུཎྜ་རི་ཀ་ཆེན་པོ་ཁ་ཅིག་གིས་རེག་གོ་ཞེས་པའི་སྒྲ་ནི་བོངས་ཚད་མཉམ་པ་ལ་བོངས་ཚད་དེ་རེག་གོ་ཞེས་པ་ལྟར་ཡིན། གསུངས་པ་ནི་དོན་ལ་འཐད་ཅིང་འདིར་ཡང་འབབ་པ་ཉིད་དོ། །ཉི་མ་སྟོང་ཕྲག་དོན་ལྔ་ནས་གྱ་དྲུག་བར་འབབ་འཛེག་ཅན་ཡིན་ན། གྱ་དྲུག་གི་སྐབས་སུ་རྭ་ལ་རེག་གསུང་པ་ལས་མེད་པས། དོན་ལྔ་ནས་རྭ་སྐྱེ་བ་ཇོ་ནང་རྗེ་བཙུན་མཆོག་གི་ཡང་ལུགས་འདིར་ཅུང་ཟད་མི་མཛེས་པར་སྙམ། རི་རབ་ཀྱི་སྟེང་རྭ་ལྔའི་རྩེ་མོར་གྲོང་ཁྱེར་འགོད་པ་ནི་ཚད་མའི་ཁུངས་དང་མི་འབྲལ་ཞེས་དམ་པ་མི་བསྐྱོད་པས་ཁ་ཅིག་གིས་གསུངས་ཀྱང་། དེ་ལ་ཁུངས་མེད་པ་མ་ཡིན་ཏེ། རི་རབ་ཀྱི་ལྕོག་བཞི་ལག་ན་རྡོ་རྗེའི་ཕོ་བྲང་དང་དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་པར་མངོན་པ་སོགས་ནས་གསུང་ན། དེ་མཁྱེན་བཞིན་དུ་འདི་ལ་ཅི་ཕྱིར་འགོག དེར་ཡང་མ་ཟད་རི་རབ་ལ་ལྕོག་བཞིའམ་རྭ་བཞི་ཡོད་པའི་ཚད་མར་སྔོན་ལོ་པཎ་ཆོས་ཀྱི་རྒྱལ་སྤྲུལ་པའི་སྐུས་ཟན་ཡང་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུ་རྩེ་རིམ་གསུམ་རྩེར་ལྕོག་བཞི་མཛད་པ་དེ། ལྕོག་བཞི་ལག་ན་རྡོ་རྗེ་བཞི་ལ་གཏད། ཞེས་པ་དང་། རྭ་བཞིའི་དོད་མཆོད་རྟེན་དཀར་དམར་སྔོ་ནག་བཞི་ཡིན་པར་གསུང་པ་དང་། དེར་ཡང་མ་ཟད་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་བྱུང་བའི་དུས་ཙམ་དུ་བཞེངས་པའི་མཆོད་རྟེན་གྱི་བྲའི་སྟེང་ཟུར་དུ་རི་རབ་རྭ་ཡི་མཚོན་དོན་ཅོག་གི་རྣམ་པར་བྱས་པ་ཆེས་མང་ན་རྭ་གྱེན་གདེང་དང་གྲོང་ཁྱེར་ལྔ་ཚོམ་གྱི་དཔང་པོ་འདིས་ཀྱང་འགྲུབ་སྟེ། ཅིའི་ཕྱིར་རྒྱ་གར་གྱི་པཎ་ཆུང་ཁ་ཅིག་གི་གཞུང་ངམ་ངག་འགྲོས་དང་། བོད་སྟོན་མངོན་པའི་ང་རྒྱལ་ཅན་གྱི་རིགས་སྲས་ཀྱི་རྟོག་བཟོ་བྱས་པ་ལ་དཔང་པོ་འཆོལ་བ་ལས་ངེས་པ་དོན་གྱི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པའི་སྐུའི་མཛད་པ་འདི་རྣམས་ལ་ནི་ཡིད་ཆེས་ཀྱི་དཔང་པོ་མཆོག་ཏུ་ཅིས་མི་བཟུང་། དེ་ཡང་དུས་འཁོར་ལུགས་དང་མི་འབྲེལ་སྙམ་ན། བསམ་ཡས་ཀྱི་བཀོད་པ་མངོན་པ་དང་མཐུན་ཤས་ཆེ་བ་ལྟར་སྲིད་ཀྱང་། སྔགས་རྒྱུད་རྙིང་པ་ཁུངས་དང་ལྡན་པ་རྩ་བ་དང་འགྲེལ་བཤད་མཁན་གྱིས་འཇིག་རྟེན་ཁམས་མཛོད་དང་མཐུན་པ་དང་མི་མཐུན་ཅི་རིགས་པས་བཞག་ན། སྤྱིར་སངས་རྒྱས་ཀྱི་གྲུབ་མཐའ་བྱེ་བྲག་བླ་མེད་ནང་ཁུལ་གྱི་དུས་འཁོར་རྩ་འགྲེལ་དུ་མི་གསལ་བ་དག་ཀྱང་ཁ་བསྐང་ན་ཡང་སྐྱོན་དུ་མི་སེམས་ཏེ།

རྒྱུད་མདོ་ཡི་ཤེས་རྒྱུད་རྒྱུད་ཀྱིས་ཤེས་ཞེས་སྔགས་ཤེས་རྣམས་ཀྱི་སྒྲོག་ན་འདི་ལ་སུ་ཞིག་གིས་སྐྱོན་བཏགས། དེ་ཡང་སུམ་ཅུ་རྩ་གསུམ་གྱི་གནས་རི་རབ་འབུམ་ཕྲག་གཅིག་གི་སྟེང་དུ་ཡོད་པ་ཙམ་ལས་དུས་འཁོར་ནས་མ་གསུང་ན་ལྟ་ན་སྡུག་པའི་གྲོང་རྣམ་པར་རྒྱལ་བའི་ཕོ་བྲང་ཚལ་ཆེན་པོ་བཞི་སོགས་མངོན་པ་དང་མ་འདྲེས་པར་དུས་འཁོར་རང་ལུགས་ཀྱི་ཅི་ལྟར་བཞག་ལེགས་པར་སོམས་ཞིག དེ་ལ་སྔགས་རྒྱུད་གཞན་དང་མངོན་པ་དང་མ་འདྲེས་པའི་དུས་འཁོར་གྱི་ལྷ་གནས་ལེགས་བཤད་ཚུལ་དང་མཐུན་པ་སྨྲ་བ་པོ་བྱུང་ན་བདག་ཀྱང་དེ་ཡི་རྗེས་སུ་འབྲང་བར་བྱེད་ཀྱང་། དེ་ལྟར་འཆད་ནུས་པ་བོད་འདིར་ད་ལྟ་སུ་ཡང་མེད་པའི་ཕྱིར། དེ་ན་ཁོ་བོའི་ལུགས་འདི་ནི་རང་བཟོ་ཉུང་ཞིང་ལེགས་པར་བཤད་པའི་ཆ་དུ་མས་རྒྱན་པ་ཡིན་ན་བློ་ལྡན་ཕྲག་དོག་མེད་ཅིང་གཟུ་བོར་གནས་པ་ཡོད་ན་དངས་བས་བླངས་བར་འོས་སོ། །རྡོ་རྗེའི་རི་བོ་ནི་མེའི་དཀྱིལ་འཁོར་མཐའ་དག་ལ་འཇུག་པ་ནི་ཤིན་ཏུ་མ་ཡིན་ཏེ། དེ་ཡང་དྲི་མ་མེད་པའི་མདོ་ལས། བ་ཚྭའི་རྒྱ་མཚོའི་ཁོར་ཡུག་ལས་གཡས་དང་གཡོན་དུ་མེ་དང་རླུང་གི་ཁོར་ཡུག་འབུམ་ཕྲག་གཉིས་སུ་འགྱུར་ཏེ་ཞེས་སོགས། མེའི་དཀྱིལ་འཁོར་དངོས་ལ་ཁོར་ཡུག་གི་སྒྲས་ཡང་ཡང་དུ་བསྟན་ཅིང་། གལ་ཏེ་མེ་དཀྱིལ་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཚད། རི་རབ་གྱེན་དུ་འགྲེང་དགོས་ན། རླུང་དཀྱིལ་ཡང་དེ་མཚུངས་སམ། དེ་ལས་ལྷག་པ་ཡོད་དགོས་ཏེ། དེ་ཡང་ཁོར་ཡུག་གི་སྒྲ་མཐུན་པར་གནས་པའི་ཕྱིར། རང་ལུགས་སུ་མི་འདོད་དེ་རི་བདུན་པ་རྡོ་རྗེའི་རི་ནི་མེའི་ཁོར་ཡུག་གི་ཆ་ཤས་སུ་ཡོད་ཅིང་། འོན་ཀྱང་དེ་ལས་རྡོ་རྗེའི་བྲག་རྟའི་གདོང་པ་ལྟ་བུ་ལས་མེ་འབར་ནས། མེ་དཀྱིལ་གྱི་ཁྱོན་དུ་གནས་དགོས་ཀྱང་འདི་ནི་རི་བདུན་པ་ཡིན་ནོ། །དེ་ཡང་འགྲེལ་ཆེན་ལས། རྡོ་རྗེའི་རི་དང་བཅས་པའི་རི་བདུན་དང་། རྡོ་རྗེའི་རི་ནི་རྟ་གདོང་གི་མེའོ། །ཞེས་དང་། རྡོ་རྗེ་ནི། བ་ཚྭའི་རྒྱ་མཚོའི་ཕྱི་རོལ་དུའོ། །ཞེས་གསུང་པ་ལྟར་འདོད་དགོས་ཏེ། རྡོ་རྗེ་ནི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རི་བོར་འཐད་དོ། །དེ་ཡང་རྒྱ་མཚོའི་ལྷས་ཞུས་པའི་ལེའུ་ལས། རྒྱ་མཚོའི་ཆུ་ནི་མང་མོད་ཀྱི། གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །སྐལ་པ་འཇིག་ཏུ་ཉེ་བ་ན། ཉི་མ་གཉིས་ཤར་ན་ཆུ་མིག་དང་རྫིང་ཁ་ཀུན་སྐམ་མོ། །ཉི་མ་གསུམ་ཤར་བ་ན་ཆུ་ཕྲན་ཐམས་ཅད་སྐམ་མོ། །ཉི་མ་བཞི་ཤར་བ་ན་ཆུ་ཐམས་ཅད་སྐམ་མོ། །ཉི་མ་ལྔ་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་ལྔ་ཆ་བྲིའོ། །ཉི་མ་དྲུག་ཤར་བ་ན་སུམ་གཉིས་བྲིའི། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྐམ་མོ། །རི་རབ་ལྷུན་པོ་ཡང་སྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་ཚིག་ཅིང་འབར་བར་འགྱུར་རོ། །ཞེས་གསུང་པ་ཡང་། དུས་འཁོར་ནས་གསུང་པའི་རྡོ་རྗེའི་རི་བོ་འདི་ལ་འདོད་དགོས་སོ། །དེ་གང་གི་ཤེས་ཞེ་ན། མདོ་དེར་དགེ་ཚུལ་ཚུལ་ཁྲིམ་བསྲུང་བའི་ལེའུར། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། མཐའ་མ་ཡང་རྡོ་རྗེའི་རིས་བསྐོར་ཏེ། ཆུ་བོ་ཆེན་པོ་བཞི་འབབ་ཀྱང་མི་འགྲིབ། མི་ལྡུད་པ་ལྟར་ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི་བརྟིང་ནས། ཆོས་མངོན་པའི་རིས་ནི་མཐའ་མ་བསྐོར། མདོ་སྡེ་བཞི་ཆུ་བོ་བཞིན་འབབས་ཀྱང་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །

རྒྱ་མཚོའི་སྤྱི་ཕྱིར་མི་ལྡུད་ཅེ་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་མེས་རྒྱ་མཚོ་སྐམ་པས་དེ་ཡི་ཕྱིར། རྒྱ་མཚོའི་ཆུ་མི་ལྡུད་དོ། །ཆུ་བོ་བཞི་རྟག་ཏུ་འབབ་པས་ནི་མི་འགྲིབ་བོ། །ཞེས་གསུང་ན། རྡོ་རྗེའི་རི་ཡང་དུས་མཐའ་བསྐལ་པའི་མེས་ཚིག་པར་བཞེད་ན་མེ་དཀྱིལ་ལ་རྡོ་རྗེའི་རིར་འདོད་ན་མེ་ཡིས་མེ་ཅི་ལྟར་བསྲེག་དོན་སོམ་ཞིག་གུ །འོན་ཀྱང་ཡེ་ཤེས་ཀྱི་མེ་ཡི་ལས་ཀྱིས་མེ་སོགས་བསྲེག་པར་ནུས་མོད་ཀྱང་། འཇིག་རྟེན་གྱི་མེས་མེ་བསྲེག་པའི་ཚུལ་མ་བྱུང་བཞིན་འདོད་མི་ནུས་སོ། །གཞན་རིག་བྱེད་ཀྱི་གཞུང་དུ་ཉི་མའི་ཆུང་མས་ཁྱོ་ཡི་གཟི་བརྗིད་མ་བཟོད་ནས། རྟ་རྒོད་མའི་གཟུགས་ཀྱིས་རྒྱ་མཚོའི་འགྲམ་དུ་བྲོས་ཤིང་ཡིབ་པར། རྒོད་མ་ཁ་ཡི་མིང་དུ་འདོད་པ་དང་། རིག་བྱེད་ཡོངས་གྲགས་སུ་དེ་ལྷ་ཆེན་པོ་དབང་ཕྱུག་གི་རང་གི་བསྟན་བཅོས་ཚིགས་མི་མཛེས་པར་ངོ་ཚ་ནས་རྟ་གདོང་གི་མེ་ལ་དོར་བ་ཅི་རིགས་ཚིག་ཅིང་ལྷག་མ་ལོང་ཞིག་པས་ཁྱབ་འཇུག་ཕག་པའི་གཟུགས་བྱས་ཏེ་བླང་བའི་དེ་ནི། རྟ་གདོང་ནི་རྡོ་རྗེའི་རི་རྟའི་གདོང་པ་ལྟ་བུའི་ཁ་ནས་མེ་བྱུང་བ་ཕལ་ཆེར་གྱིས་འདོད་ལྟར་ཡང་ཡིན་གྱིས། མེ་དཀྱིལ་གྱི་ས་ཁྱོན་དུ་གནས་ཤིང་མེ་འབར་བས་དབྱེར་མི་ཕྱེད་པ་ལྟར་སྣང་བས་མེ་དཀྱིལ་གྱི་ཁོངས་སུ་བསྡུ་དགོས་པ་ཡང་ཡིན་ནོ། །དེ་ལྟར་ཉི་མ་བདུན་འཆར་ནས་འཇིག་རྟེན་བསྡུད་པ་སོགས་མཛོད་དང་མཐུན་ཤས་ཆེ་བས་ཐེག་དམན་གྱི་ལུགས་སོ་སྙམ་ན། གོང་དུ་ལུང་དྲངས་པའི་མདོ་འདི་ཐེག་ཆེན་མདོར་ཤིང་རྟ་ཇོ་ཞལ་དག་གིས་ཆེན་པོས་བཞེད་བཞིན་གནས་པ་དང་། དུས་འཁོར་ལུགས་འདི་འཇིག་དུས་ཉི་མ་བདུན་ཁས་བླང་མིན་ཇི་ལྟར་ཡང་འདིར་གསུང་པའི་རྡོ་རྗེའི་རི་ནི་གཅིག་ཏུ་ཁས་བླང་དགོས་སོ། །རྡོ་རྗེའི་རི་ནི་མེ་ཡི་འཁོར་ཡུག་དང་གཅིག་དང་བྱེ་བྲག་པ་གཉིས་ཀར་གྲུབ་སྟེ་མེ་ཡི་དཀྱིལ་འཁོར་སྤྱི་ལ་རྟ་གདོང་གི་མེར་མི་བརྗོད་སྟེ་འགྲེལ་ཆེན་དུ་མེ་ཡི་དཀྱིལ་འཁོར་ལོ་ནི་རྟ་གདོང་ཅན་ནོ། །ཞེས་མ་གསུང་ལ། རྡོ་རྗེའི་རི་ནི་མེ་ཡི་དཀྱིལ་འཁོར་རོ། །ཞེས་ཀྱང་མ་གསུང་བས་གོང་དུ་བརྗོད་པ་ཉིད་དེ་རྒྱས་པར་ཕྲོས་པས་ཆོག་གོ །

གལ་ཏེ་ཟླུམ་སྐོར་མཆུ་འཕྱང་ལ་རྭར་འདོད་ན། བུམ་པའི་མཆུ་འཕྱང་ལ་བུམ་པའི་རྭ་དང་མཎྜལ་གྱི་འགྲམ་ལ་མཎྜལ་གྱི་རྭ་ཞེས་འདོགས་ཆོག་མོད། དེ་ལྟ་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་བྱས་ན་དེང་དུས། དུས་ཀྱི་འཁོར་ལོའི་རི་རབ་ཀྱི་རྭ་ཡི་འདོད་ཚུལ་འདིར་ཆེས་ཆེ་བའི་མཁས་པ་རྣམས་ཀྱིས་མི་བརྟག་པར་འཇུག་པ་ནི་ཤིན་ཏུ་ཡ་མཚན་པའི་གནས་སོ། །རྭ་པ་སྔ་རབས་རྣམས་དང་ཆག་ལོ་གསུམ་པས་བྱས་པའི་རི་རབ་ཀྱི་རྭ་ཡི་རྣམ་པ་དེ་ནི་གཞན་རྣམས་ཀྱི་འབད་པས་བཀག་ཀྱང་། ད་ལྟའི་ཡོངས་གྲགས་ཀྱི་འདོད་ཚུལ་འདི་ལས་ནི་ཆེས་ལེགས་མོད། འོན་ཀྱང་འགྲེལ་ཆེན་དུ་བསིལ་རི་ལ་རྭ་ཅན་དུ་གསུང་པ་རྭ་སྐྱེ་མཚམས་དེ་ཡི་ཐད་ཙམ་དུ་དགོངས་ནས་ཕྱིར་སྐྱེད་པར་སྣང་ཡང་གཞུང་གི་དགོངས་དོན་ནི་རྭ་དེ་ནས་ཕྱིར་བསྐྱེད་པའི་གནས་མ་ཡིན་ཏེ། རི་རབ་སྟེང་གི་རྭ་བཞིའི་ཕྱི་མཐའ་དང་བསིལ་རིའི་ཕྱི་མཐའ་ཤིན་ཏུ་སྙོམ་ཞིང་འགྲིག་པས་ན་རྭ་ཅན་ཞེས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །ཅིའི་ཕྱིར་འགྲེལ་ཆེན་ཉིད་དུ་ལྷོ་མེའི་འཁོར་ཡུག་ལ་རེག་ནས་དེ་ཕྱོགས་སུ་དུམ་བུ་བདུན་པར་ཐོབ་སྟེ། རི་རབ་ཀྱི་ར་ལ་རེག་ནས་གངས་རིའི་སྟེང་དུ་འགྲོ་བར་བྱེད་ཞེས་པས་ཁོ་བོས་གོང་དུ་བཤད་པ་ཉིད་ལས་སེམས་གཞན་དུ་འཁྲུལ་པར་མི་བྱའོ། །གཞན་ནི་དེང་དུས་ཚིག་དེས་འཁྲུལ་གཞི་སྐྱེས་ཏེ་བསིལ་རི་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གྱེན་དུ་འཕགས་ནས་རི་རབ་ཀྱི་ཁ་ཁྱེར་དང་སྒྲིགས་པ་སྤོས་དོང་ཁ་ཆོད་སྤྲད་པ་ལྟ་བུར་འདོད་པ་ནི་ཡ་ཆའོ། །དུས་ཕྱིས་བྱུང་བའི་རྩིས་ཀྱི་བསྟན་བཅོས་ཆེན་པོ་རྩོམ་པ་པོས་ཀྱང་སྤོས་དོང་ཁ་ཆོད་ལྟ་བུ་དེ་མ་བཞེད་ནས་རང་གི་བློ་གྲོས་ཀྱི་ལང་ཚོས་གསར་དུ་རྙེད་པར་རློམ་པ་རི་རབ་ཀྱིས་སྟེང་དུ་དཔག་ཚད་འབུམ་དུ་བྱས་ནས་ས་ཡི་དཀྱིལ་འཁོར་དང་མཉམ་པར་འདོད་པ་ནི་གཟའ་སྐར་གོ་ལ་ཐམས་ཅད་རི་རབ་ཀྱི་བྱ་སྐྱིབས་འོག་ཏུ་ཆུད་ཅིང་། གཟའ་སྐར་རི་རབ་ཀྱི་སྟེང་དུ་བསྒྲོད་པའི་རྒྱུད་ཚིག་དེ་དང་དངོས་སུ་འགལ་བ་སོགས་སྒོ་དུ་མ་ནས་རང་ཉིད་མཁས་པར་སྒྲོགས་པ་ལ་མི་མཁས་པའི་རྣམ་འགྱུར་མི་ཟད་པ་བསྟན་པ་སྟེ་སྔ་མ་རྣམས་ཀྱི་འདོད་པ་ལས་ཀྱང་ཐ་ཆད་པར་སོང་བའོ། །

ཡང་རྒྱུད་འགྲེལ་དུ་རྭ་ཡི་ནང་ཁོང་བུ་ག་རྣམས་སུ་རི་གླིང་མཚོ་དྲུག་པོ་རྣམས་ཡོད་པར་གསུང་བས་འདིའི་བུ་ག་ན་ཁོང་གསེང་ལ་ངོས་བཟུང་དགོས་ཤིང་རྭ་ཡི་ཕྱི་མཐའ་ནས་བརྩམ་ལྷུན་པོའི་ཁོར་ཡུག་གི་མཚམས་བར་རི་དྲུག་གི་གསེང་བར་དུ་གླིང་དང་མཚོ་དྲུག་ཡོད་པ་ལས་སྟེང་ནས་རག་འགག་གི་མཆུ་འཕྱང་ལྔ་རྩེགས་ལྟ་བུ་དང་མཚམས་སྦྱར་དགོས་པའི་ཤེས་བྱེད་ནི་གཏན་ནས་མེད་དོ། །ཀུན་ཏུ་འཁོར་བའི་སྒྲ་ཙམ་ནི་སྣ་ཚོགས་རྡོ་རྗེའི་རྭ་ཕྱོགས་ཀུན་ཏུ་འཁོར་བ་ཞེས་པ་ལ་ཕྱོགས་སུ་རྡོ་རྗེའི་རྭ་ཡོད་པར་འདོད་པ་ལས་རྡོ་རྗེའི་རྭ་ཟླུམ་པོར་བསྐོར་བ་མ་ཡིན་པ་བཞིན་འདིར་ཡང་ལྷུན་པོའི་ཕྱོགས་ཀྱི་མཚམས་སུ་རྭ་རྣམས་ཡོད་པ་ལ་འདོད་དགོས་ཀྱི་ལག་གདུབ་ལྟར་ཟླུམ་སྐོར་དགོས་པའི་ཤེས་བྱེད་མེད་དོ། །དེས་ན་སྐྱོག་པོ་མ་ཡིན་པའི་བློ་ཅན་གྱི་ཁོ་བོས་བཤད་པ་འདི་ལ་ལེགས་པར་རྟོགས་ཤིག གཞན་ཡང་རྡོ་རྗེའི་མཆོག་གི་རི་རྣམས་ཏེ་ཞེས་འབྱུང་བས་སྤྱིར་ཡང་རི་བརྒྱད་ཀ་ལ་རྡོ་རྗེའི་སྒྲར་བཞག་སྟེ་གསུང་པས་ཡང་རྟོགས་སོ། །ཉི་མ་ལ་དེ་ཡི་འོད་ཟེར་མཆོག་ཏུ་ཚ་བ་གདུང་བྱེད་དང་། དཀྱིལ་འཁོར་གཉིས་ལས་དཀྱིལ་འཁོར་ནི་གོ་ལའི་ཚད་དབུག་གིས་བཅལ་ནས་བཞག་པ་ལ་ཐད་ཀར་དཔག་ཚད་སྟོང་དང་བཞི་བརྒྱ་རྩ་དྲུག་རྒྱང་གྲགས་གཅིག་གི་ཚད་དུ་གསུང་བ་དང་། མངོན་པ་སོགས་ནས་དཔག་ཚད་ལྔ་བཅུ་རྩ་གཅིག་ཏུ་གསུངས་ཏེ་གང་ལྟར་དེ་ལ་དྲོ་ཞིང་སྨིན་པར་བྱེད་པ་གདུང་བྱེད་ཀྱི་འཁོར་ལོ་དཔག་ཚད་ཉི་ཁྲི་ལྔ་སྟོང་གི་ཚད་ཅན་སྟེ། དེ་ཡང་དཀྱིལ་འཁོར་དབུས་སུ་བཞག་པའི་མཐར་དཔག་ཚད་སྟོང་ཕྱེད་དང་བཅུ་གསུམ་གྱིས་ཀུན་ནས་བསྐོར་བས་དེ་ལྟར་འགྱུར་བར་མཁྱེན་རབ་དབང་ཕྱུག་གིས་གསུང་བཞིན་དེ་ལྟར་དོན་ལ་ཤིན་ཏུ་འཇུག་པ་དང་། དེས་ན་རི་རབ་ཀྱི་རྭ་ལ་ཡང་གདུང་བྱེད་དེས་རེག་ཤིང་གངས་ཀྱི་རི་བོའི་སྟེང་དུ་གདུང་བྱེད་ཀྱི་ཁྱབ་པར་བྱེད་པ་ལ་རགས་རྩིས་ཀྱི་ཉི་མ་དེར་བསྒྲོད་པ་ཙམ་དུ་མཛད་པ་གཞུང་གི་ཚིག་དོན་དང་། ལྷོ་ཕྱོགས་ཀྱང་མེ་ཡི་ཁོར་ཡུག་གི་ཆ་དང་པོའི་བར་དུ་འགྲོ་བར་གསུང་བ་ཡང་གདུང་བྱེད་ཀྱི་ཆ་དང་པོའི་བར་ཁྱབ་པའི་དོན་སྟེ། ལྷོ་བསྒྲོད་ཀྱི་མཐར་ཐུག་ཚེ་ཉི་མ་མེ་རླུང་གི་བཟློག་སྟེ་གྱེན་དུ་བསྐྱོད་པ་དང་། ཉི་མ་བྱང་བསྒྲོད་ཀྱི་སྐབས་སུ་ཆུ་རླུང་གི་བཟློག་ནས་ཐུར་དུ་འབབ་པ་ཡིན་ཞེས་ཁོ་བོའི་རྣམ་པར་རྟོག་པས་གསར་དུ་བཞག་པ་སྟེ་དོན་དུ་ཡང་འགལ་བའི་ཆ་ཅུང་ཟད་ཡང་མེད་དོ། །

ད་དུང་གཞན་ཡང་དཔྱད་པར་བྱ་བ་ན་གླིང་དྲུག་ལ་གནས་པའི་འགྲོ་བ་རྣམས་མི་ཡིན་པས་ཁྱབ་ཞེས་སྨྲ་ཡང་། དེ་ཡང་མིའམ་ཅི་དང་ཁྲུང་ཁྲུང་དྲག་པོའི་གླིང་ཞེས་བརྗོད་བཞིན། མིའམ་ཅི་དང་། ཁྲུང་ཁྲུང་དག་མི་རུ་ཅི་ལྟར་འགྱུར་ཡང་བསམ་བྱ་དང་། རྒྱུད་དང་འགྲེལ་པར་ནི་རང་འོད་ཀྱི་འཚོ་ཞིང་བདུད་རྩི་འབྲས་བུ་ཟ་བ་ལོངས་སྤྱོད་པ་སར་གསུང་པ་ལས། མི་ཡིན་པར་བཤད་པ་ནི་མེད་དོ། །ཡང་སྣར་ཐང་པ་དང་པོ་དོང་བའི་བསྟན་འཛིན་ཆེན་པོ་ཁ་ཅིག་གིས་རྔ་ཡབ་ཀྱི་སྲིན་པོ་མིའི་རིགས་ཅན་ཡིན་ནོ་གསུངས་པ་ཡང་སྤྱིར་ཚངས་པའི་སྲིན་པོ་དང་། ཀླུ་ཡི་སྲིན་པོ་དང་། མི་མ་སྲིན་སོགས་ཆེས་རྩུབ་ཅིང་དེ་རིགས་འཇོམས་པའི་ནུས་པ་ཅན་སྒྲ་ཡང་སོར་བཞག་ཀྱང་བྱེ་བྲག་སྲིན་པོའི་འགྲོ་བ་རྐང་ཚུགས་པ་ལ་ནི་བདེན་བྲལ་ཞེས་རྒྱ་བོད་ཀྱི་མཁས་པ་རྣམས་ནས་ལྷ་མིན་གྱི་རིགས་སུ་བསྡུས་ན། གལ་ཏེའི་མིའི་རྒྱུད་དུ་སྲིན་པོའི་རིགས་ཞུགས་པ་བྱུང་ན་ཡང་ལྷ་མིན་གྱི་འཇུག་པར་བསྡུ་དགོས་སོ། །ལྷུན་པོའི་སྟེང་གི་རྭ་ལྔ་པོ་བཞི་ལས་ཅུང་ཟད་གྱེན་དུ་འབུར་བར་འདོད་པ་ཡི་རྭ་རྩེ་དབུས་མའི་ཅུང་ཟད་ཙམ་གྱི་མདུན་ཤར་གྱི་ཆར་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་པར་བྱས་ན་འགལ་བ་མ་ཡིན་ཏེ། ཤར་ཕྱོགས་དབང་པོ་ཞེས་ཀུན་ཏུ་གྲགས་བཞིན་དང་། དབུས་ཀྱི་རྭ་རྩེར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་རྡོ་རྗེ་རྩེ་དགུ་པ་ཡོད་ཅིང་། དེ་དང་ཉེ་བར་ལྷ་རྣམས་སྤྲོ་བ་བསྐྱེད་ཅིང་དབུགས་དབྱུང་བར་བྱེད་པའི་ཆོས་ཀྱི་རྔ་བོ་ཆེ་ངོ་མཚར་བ་དེ་ཡང་གནས་པའོ། །གཞན་ཡང་ད་དུང་རྒྱ་ཆེར་ཤིན་ཏུ་སྤྲོར་ཡོད་ཀྱང་འདིར་དོགས་སེལ་ཤ་ཆས་ཀྱི་ཚུལ་དུ་རེ་ཞིག་དེ་ཙམ་མོ། །ཞེས་སྐྱེས་བདག་གི་ལོ་སྦོ་ཟླའི་དཀར་གྱི་ཕྱོགས་ཐོབ་པ་དང་པོར་སྣང་གསལ་གྱི་མདངས་དང་དགའ་བ་གཉིས་པར་ཐུན་མཚམས་སུ་ཅུང་ཟད་ཞིག་བཀོད་པ་སྟེ་རྒྱལ་ཁམས་པ་དེས་སོ། །སརྦ་མངྒ་ལཾ། །

དབུས་ཀྱི་རྭ་རྩེར་རྡོ་རྗེ་རྩེ་དགུ་པ་ཡོད་པ་དང་། རི་དེ་ལ་ལྷའི་དྲང་སྲོང་ཆེན་པོ་བྱེ་བས་བསམ་གཏན་བྱེད་པ་སོགས། བཻ་རོའི་སྙན་རྒྱུད་རྡོ་རྗེ་ཟམ་པ་ཆེན་པའི་སྟོང་ཐུན་དུ་ཤིན་ཏུ་གསལ་བ་དང་། འདྲ་འབག་ལྷག་མེད་རྣམས་ནས་ཀྱང་འདིའི་ཚུལ་ཅུང་ཟད་ཡོད་པས་དེས་ན་རང་གཟོར་མ་སེམས་ཤིག །

བོད་དུ་དུས་འཁོར་སྐར་རྩིས་ཀྱི་ལུགས་སྲོལ་ཇི་སྙེད་བྱུང་བ་ཀུན་གཅིག་ཏུ་གསལ་བར་བྱེད་པ་ཀུན་མཛེས་ནོར་བུའི་མེ་ལོང་།

༄༅། །བོད་དུ་དུས་འཁོར་སྐར་རྩིས་ཀྱི་ལུགས་སྲོལ་ཇི་སྙེད་བྱུང་བ་ཀུན་གཅིག་ཏུ་གསལ་བར་བྱེད་པ་ཀུན་མཛེས་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་བ་ཡོངས་ཀྱིས་རབ་བསྔགས་ཐུབ་དབང་རྒྱ་མཚོའི་གཏེར། །དབང་བསྐུར་ཨུཏྤལ་རྡོ་རྗེའི་མཚོན་ཆ་འཆང་བ་པོ། །སྙིང་རྗེའི་ཆུ་གཏེར་ལས་འཁྲུངས་པད་དཀར་ཕྱག་རྒྱ་ཅན། །རྒྱལ་བའི་བདག་པོ་རྒྱལ་དང་སྲས་དེར་ཕྱག་བྱས་ནས། །དཔལ་མཆོག་དུས་འཁོར་ཕྱི་ནང་གཞན་གསུམ་གྱི། །ཕྱི་ཡི་དུས་འཁོར་སྐར་རྩིས་གངས་ཅན་འདིར། །མཁས་མང་བཞེད་སྲོལ་མ་འདྲེས་གསལ་བ་རུ། །ཉུང་ངུའི་ངག་གིས་ཁོ་བོས་འདིར་བཤད་བྱ། །དེ་ཡང་གོ་སླ་དཔྱད་བདེ་ཕྱིར། །རྩིས་ལོ་རབ་བྱུང་བཅུ་གསུམ་པའི། །ཐོག་མ་ནག་ཟླའི་དྷྲུ་ཝ་རྣམས། །མ་ནོར་གསལ་བར་ཕྱེ་བ་སྟེ། །དེ་ལ་རྩ་བ་དང་འཕྲོས་པ། །རྩ་བ་རྣམ་དག་རྒྱུད་ཉིད་དང་། །འཕྲོས་པ་མཁས་པའི་མན་ངག་ལུགས། །བྱེད་དང་གྲུབ་པར་གྲགས་པ་ཡི། །དང་པོ་རྣམ་དག་རྒྱུད་ཉིད་དུ། །ཚིག་དོན་གསལ་བསྟན་དེ་ཇི་བཞིན། །ལག་ལེན་བགྱིས་ལ་བྱེད་རྩིས་ཞེས། །རྩིས་གཞུང་ཀུན་གྱི་མ་མ་དེའི། །ཟླ་བཤོལ་རྒྱུད་ནས་བཞིས་བསྒྱུར་ཏེ། །མཁའ་མེ་ཟླ་བས་བགོས་ན་ཡང་། །ལག་ལེན་བདེ་ཕྱིར་མན་ངག་ཏུ། །གཉིས་ཀྱིས་བསྒྱུར་ནས་རེ་ལྔས་བགོས། །དེས་ན་འདིར་ནི་ཟླ་ཕྱེད་ཀྱི། །ལྷག་མ་ཉི་ཤུ་རྩ་དགུ་ཡོད། །གཟའ་ཉི་གནས་གསུམ་སྟེང་རང་གནས། །བར་དབྱུག་འོག་མ་སྐྱོན་སེལ་ཆ། །༡/༣༩/༥/༢༦/༥༩/༡༧དེ་ཡི་སྟེང་གཅིག་བར་སོ་དགུ། །འོག་ལྷག་ལྷ་འཆར་གཟའ་དྷྲུའོ། །ཆ་ཤས་སོ་གསུམ་རིལ་ཉེར་བཞི། །ཟླ་དྷྲུའི་ངོ་བོ་ཚེས་རྐང་ཡིན། །སྐར་གནས་ཉེར་དྲུག་བར་ཞེ་དགུ། །འོག་མ་བཅུ་བདུན་ཉི་དྷྲུའོ། །ཉི་དྷྲ་ཞིབ་རྩིས་སུ་གནས་ལྔར། །རྩོད་དུས་ཐམས་ཅད་མཁྱེན་འགས་བཞེད། །༢༦/༤༨/༣༣/༥/༡དེ་ལ་སྐར་གནས་གོང་དང་མཚུངས། །དབྱུག་གུར་གཅིག་དམན་སྲང་སོ་གསུམ། །སྲོག་དབང་འདོད་ཆར་ཟླ་བ་ནས། །དེ་ནི་གྲགས་ཆེ་ཁུངས་དང་ལྡན། །ཡང་ནི་མཁྱེན་དབང་བུ་སྟོན་གྱིས། །བྱེད་རྩིས་ཐུན་མིན་སྙན་རྒྱུད་རྒྱུན། །ཆད་མེད་ཀྱི་རི་པཎྜི་ཏ། །ཡབ་སྲས་ལ་བབས་ལུགས་དེ་ཡི། ༡/༥༤/༥༦/༥/༣༧/༦/༢༤/༣༣/༢༦/༤༦/༣༤/༠/༨༢ །གཟའ་དྷྲུར་གཅིག་དང་ང་བཞི་དང་། །ང་དྲུག་ལྔ་དང་དུས་རི་མེ། །ཉི་དྷྲུར་ཉེར་དྲུག་དང་ཞེ་དྲུག །སོ་བཞི་མཁའ་དང་ཉེར་གཉིས་སོ། །འདི་དང་མཚུར་ཕུ་བ་ཁ་ཅིག །གྲོལ་ཞིང་རྒྱལ་པོས་བྱས་རྩིས་བཞི། །ཕྱོགས་མཐུན་ན་ཡང་རྩ་བའི་གནད། །ལག་ལེན་མི་གཅིག་པར་ཤེས་བྱ། །སྤྱི་དོན་གཉིས་པ་དུས་འཁོར་གྱིས། །འགྲེལ་པར་གྲུབ་པའི་མིང་ཙམ་ལ། །བརྟེན་ནས་བོད་ཡུལ་གྱི་མཁས་པ། །དུ་མས་རང་རང་རྟོག་པ་ཉིད། །གྲུབ་རྩིས་འདོད་པ་མན་མག་ལུགས། །གནས་ལྔ་རང་རང་གནས་གྱུར་སྟེང་། །དེ་ནས་ཆུ་ཚོད་ཆུ་སྲང་དབྱུགས། །དེ་འོག་རི་མོ་ལྷག་མེད་ཁྱད། །གཟའ་ཡི་ཆ་ཤས་རི་མཁའ་རི། །ཉི་མའི་ཆ་ཤས་རེ་བདུན་ཉིད། །ཕལ་ཆེར་ལག་ལེན་མཐུན་པ་ཡི། །འདིར་ཡང་དེ་བཞིན་ཤེས་བྱ་སྟེ། །ཐོག་མར་རྒྱུད་ཀྱི་རྩིས་འཕྲོ་ཉིད། །གྲུབ་པའི་རྟག་ལོངས་ཀྱིས་བསྒྲུབ་པ། ༢/༠/༧/༠/༦/༢༥/༣༣/༢༥/༥༩/༥/༨༤/༠/༡༣ །གཟའ་མིག་དབྱུག་ཐིག་ཆུ་སྲང་རི། །སྲོག་མཁའ་ཆ་ཤས་དྲུག་གཟའ་དྷྲུ། །ཉི་མའི་སྐར་གནས་དེ་ཉིད་དང་། །དབྱུག་བུག་མདའ་དང་མཚོ་མེ་སྲང་། །དབུགས་མཁའ་རི་དུས་འཆར་ཉི་མ། །འདི་ནི་མཁས་པའི་མཁས་པ་ཆེ། །བུ་སྟོན་ཞབས་ཀྱི་མཁས་དགའ་བྱེད། །བྱང་བདག་གྲུབ་རྩིས་སྔ་རྩོམ་དང་། །མཚུར་ཕུ་འཇམ་དབྱངས་ཆེན་པོ་ཡི། །བཞེད་ཀྱང་འདི་སྟེ་དང་པོའོ། ༠/༥༡/༥༠/༣/༡༥༩/༢༤/༣༠/༠/༣༦/༡༦/༠/༤༨/༦ །གཟའ་ཐིག་ཆུ་ཚོད་ང་གཅིག་དང་། །ཆུ་སྲང་ལྔ་བཅུ་སྲོག་ཡོན་ཏན། །ཆ་ཤས་བུག་དབང་ཟླ་གཟའ་དྷྲུ། །ཉི་མར་ཐིག་ལེ་དབྱུག་སོ་དྲུག །སྲང་དུ་བཅུ་དྲུག་སྲོག་ཐིག་ལེ། །ཆ་ཤས་ཞེ་བརྒྱད་ཉི་དྷྲུ་སྟེ། །མཁས་མཆོག་འགོས་ལོ་གཞོན་དཔལ་གྱི། །འཁྲུལ་སེལ་ལུགས་ཏེ་གཉིས་པའོ།

༡/༥༤/༥༧/༤/༣༥༨/༢༤/༣༣/༢༦/༡༡/༥/༤/༣༧/༥ །གཟའ་གནས་གཅིག་དང་དབྱུག་ལྔ་བཞི། །ཆུ་སྲང་ང་བདུན་སྲོག་ཆུ་གཏེར། །ཆ་ཤས་ཀླུ་དབང་ཡོན་ཏན་ནི། །གཟའ་དྷྲུ་འབྲུ་ཆེ་ཡིན་ཏེ་ཉི་མ་ལ། །གནས་དྲུག་བྱས་པའི་སྐར་ཉེ་དྲུག །དབྱུ་གུ་བདེ་བྱེད་ཆུ་སྲང་ལྔ། །སྲོག་བཞི་སྟེང་མ་རེག་བདུན་འཆར། །རི་རྩེ་འོག་ཏུ་འདོད་ཆར་ལྔ། །དེ་ནི་འབྲས་རྩིས་བརྒྱ་རྩ་མཁན། །བརྒྱ་ཕྲག་ལུགས་ཏེ་གསུམ་པའོ།

༢/༠/༦/༨/༡༣༤/༢༤/༣༣/༢༤/༥༡/༣༣/༠/༥༤ །གཟའ་བསྒྲོད་དབྱུག་ཐིག་སྲང་དུ་རོ། །སྲོག་མིག་ཆ་ཤས་མཚོ་མེ་གཟུགས། །ཉི་དྷྲུར་ཉེར་ལྔ་དང་ང་དགུ། །སོ་གསུམ་དང་ཐིག་ང་བཞི་ནི། །བྱང་བདག་རང་བཞེད་ནོར་བུའི་འཕྲེང་། །ཕྱི་རྩོམ་འཕྲོ་སྟེ་བཞི་པའོ། ༡/༥༥/༢༧/༤/༣༥༨/༢༤/༣༣/༢༦/༣༡/༨/༥/༤༩ །གཟའ་དྷྲུར་གཅིག་དང་ང་ལྔ་དང་། །ཉེར་བདུན་བཞི་དང་ནོར་དབང་རྩེ། །ཉི་སྐར་དུས་མིག་དང་ཟླ་མེ། །ཀླུ་དང་དབང་པོ་དང་བུག་མཚོ། །འདི་ནི་ཚུར་ལུགས་གྲུབ་པའི་རྩིས། །ཐུན་མིན་ཉིད་དེ་ལྔ་པའོ། ༡/༥༢/༤༡/༢/༥༢༤/༢༤/༣༩/༢༦/༩/༣༧/༣/༤༥ །རི་བོང་ཅན་གཟའ་ལག་དབང་དབྱུག །ཟླ་མཚོ་སྲང་སྟེ་སྲོག་ཏུ་མིག །ཆ་ཤས་མཚོ་ལག་མདའ་གཟའ་དྷྲུ། །ཉི་སྐར་ཉེར་དྲུག་དབྱུག་གུར་དགུ། །སོ་བདུན་སྲང་སྟེ་དབུགས་སུ་གསུམ། །ཆ་ཤས་ཞེ་ལྔ་ཉི་དྷྲུ་སྟེ། །དེང་སང་ཆེས་གྲགས་ཞལ་ལུང་ཞེས། །ཕུག་པའི་ལུགས་ཏེ་དྲུག་པའོ།

༡/༥༤/༡/༢༣/༢༤/༦༩/༢༦/༢༩/༤༦/༣/༣༧ །གཟའ་གཅིག་ཆུ་ཚོད་ལྔ་བཅུ་བཞི། །སྲང་དུ་ཞེ་ལྔ་སྲོག་ཏུ་གཅིག །ཆ་ཤས་ཉི་ཤུ་རྩ་གསུམ་པ། །སྐར་གནས་དུས་མིག་དབྱུག་བུག་མིག །དུས་མཚོ་སྲང་སྟེ་སྲོག་ཡོན་ཏན། །རི་བསྒྲོད་ཆ་སྟེ་ཉི་དྷྲུ་འདི། །བསྒྲུབ་བརྒྱུད་མངའ་བདག་འབྲུག་པའི་སྲོལ། །གདན་དུ་ལུགས་ཏེ་བདུན་པའོ། །

དེ་ལྟར་གྲུབ་རྩིས་རྣམ་གྲངས་བདུན། །སྔ་ཕྱི་བྱུང་དུས་གོ་རིམ་བཞིན། །མ་འཆོལ་ལེགས་བཀོད་དེ་རྣམས་ཀྱིས། །རིལ་ཆ་མང་ཞིག་རྒྱུད་ལྟར་ལ། །བྱང་པས་དོ་གཅིག་དེ་མཐུན་བྱས། །ཆ་ཤས་སྟེང་ནས་འཁྲུལ་སེལ་གསུམ། །ཞལ་ལུང་ལ་ནི་བཅུ་བཞི་ཆད། །གདན་དུས་སུམ་ཅུ་རྩ་དྲུག་ལྷག །བཤོལ་འཕྲོ་བགོས་ཀྱི་ཉི་ཤུ་དང་། །བྱང་པས་གཅིག་གི་མང་བ་མཛད། །ཕུག་པས་བཞི་ཆད་གཞན་རྣམས་མཐུན། །གདན་དུས་པས་ཀྱང་མཚུངས་ཚུལ་སྣང་། །ལོ་ཟླའི་ངེས་འཛིན་ཀུན་མཐུན་ལ། །འཁྲུལ་སེལ་རབ་བྱུང་ཤིང་བྱི་དང་། །ཧོར་ཟླ་གཉིས་པ་ནག་ཟླར་མཛད། །འཇུག་བདེའི་ཁྱད་འདིར་སྤྱི་མཐུན་བྱས། ༢༦༡ །རྒྱུད་ཀྱི་སྒྲ་གཅན་ཟླ་མཚམས་མིག །འཁྲུལ་སེལ་དེ་ལ་ཟླ་གཅིག་བསྣན། །སྤྱི་ཞག་དང་ནི་གཟའ་ལྔའི་འཕྲོ། །གདན་ཞལ་འགོས་གསུམ་རྩིས་འཕྲོའི་དབང་། །ཅུང་ཟད་ཙམ་གྱིས་མི་འདྲ་ཡོད། །གཞན་ཀུན་རྒྱུད་ཀྱི་རྩིས་འཕྲོར་འཇུག །དེས་ན་རྣམ་དག་རྒྱུད་ཉིད་ནས། །གསུངས་པའི་རྩིས་འཕྲོ་འདི་ལྟ་སྟེ། །རབ་བྱུང་ཉི་རྫོགས་འདོད་པའི་དབུར། ༠/༣༡/༦༡༩ །སྤྱི་ཞག་གནས་གསུམ་རི་མཁའ་རིའི། །ཆུ་རུ་རྩ་ཟླ་བྲོ་བ་སྟེ། །བར་མ་མཚོ་མཚམས་འཕྲོ་ཟླ་རྩེ། །སྟེང་མ་གཟའ་གནས་ཐིག་ལེའོ། །གཟའ་ལྔ་བཀྲ་ཤིས་མཚོ་རི་མེ། ༣༧༤ །རྟོག་ལྡན་ལ་ནི་ཟུ་བུ་རྒྱལ། ༢༤༩༡ །ལྷ་ཡི་བླ་མར་བདེ་བྱེད་སྭོ། ༣༢༡༡ །ལྷ་མིན་བླ་མར་མེ་མིག་འདོད། ༡༣༢༣ །དལ་འགྲོར་ཟླ་མཚོ་ཟླ་དབང་པོ། ༥༡༤༡ །རྒྱུད་ཀྱི་བྱེད་པ་ལོ་འཕོ་ཡང་། ༦/༥༨/༥༧/༣/༧༥ །གཟའ་གནས་འོད་ཟེར་དབྱུག་ཀླུ་དབང་། །ཆུ་སྲང་ཐུབ་དབང་དབུགས་ཡོན་ཏན། །ཆ་ཤས་ཟླ་རིར་ཤེས་པར་བྱ། །གོང་གི་དྷྲུ་ཝ་ཐ་དད་པ། །ཀུན་ཀྱང་ལྔ་བསྡུས་ལག་ལེན་མཐུན། །འོན་ཀྱང་ཉི་སྐྱེས་ཁྱིམ་སྦྱངས་སྐབས། །རྒྱུད་དོན་སྐར་དྲུག་རྐང་གསུམ་ལ། །ཕྱིས་འབྱུང་དུ་མས་བློས་དཔྱད་ཀྱིས། །འདིར་ལྡན་མྱོངས་རྩིས་ཡིན་ནོ་ལོ། །ཕུགས་ལུགས་ནང་ཁུལ་ཉིད་དུ་ཡང་། །སྔ་ཕྱིར་འདྲ་མིན་མང་བྱུང་མོད། །དེ་རྣམས་ཕལ་ཆེར་སྐར་གནས་ལྔ། །དབྱུག་གུ་མདའ་མཚོ་(༤༥)དང་མདའ་མེ་(༣༥)། །མེ་རྩེ་(༣༣)དང་ནི་མེ་མིག་(༢༣)དང་། །ཉི་(༡༢)དང་དུས་(༦)སུ་བྱས་སོགས་ཡོད། །དེ་བཞིན་གཟའ་ལྔའི་སྐྱེས་ཁྱིམ་ཡང་། །རྒྱུད་དང་འདྲ་མིན་བྱས་པའང་མཚར། །གཟའ་འཛིན་འབྱུང་སྐབས་སྒྲ་གཅན་དབྱུག །ཞེ་ལྔ་དོར་བ་འཕགས་པས་གསུངས། །དེ་ལ་ཇོ་ཞལ་གྱིས་གདོང་འཇུག །འགོས་ཀྱི་སྒྲ་གཅན་རྩ་བར་འཕྲིན། །ཉེ་དབྱུག་མྱོས་བྱས་དམན་མཛད་མཚུངས། །གཞན་རྣམས་ཉི་དམ་རང་བབ་བྱས། །ཉི་ཟླ་འཇུག་དུས་ད་ལྟ་ཀུན། །ཚེས་ལོངས་རྫོགས་མ་ཐག་འདོད་མཐུན། །འོན་ཀྱང་མཆོག་དགས་ཚེས་ནས་དབྲིས། །དེ་ཡང་འཇིག་རྟེན་མགོན་པོས་ལྔ། །དོན་དེ་མཁས་མཆོག་བུས་ཀྱང་སྟེ། །ཨུཏྟ་ར་བས་དབྱུག་དཀྱིལ་ནས། །བཅུ་ཆ་སྲང་འཁོར་སུམ་ཆས་སྦྱངས། །རྒྱ་ཆེར་གྲགས་པས་དབྱུ་གུར་བཞི། །བསྣན་སོགས་ལ་འགྲིགས་སྐྱོན་སེལ་ཉིད། །ཟབ་གནད་སྦས་ཟོལ་ལག་ལེན་མང་། །དེ་ཡི་རྩ་བའི་གནད་གང་ཡིན། །མཁས་མཆོག་རྣམས་ཀྱིས་མཁྱེན་པར་ངེས། །གཞན་ནི་རྐུན་པོས་མུན་ཁྲོད་རྫས། །ཆ་མེད་ལག་པས་དཔྱད་བཞིན་བྱས། །གང་ཞིག་ཚད་མར་གྱུར་པའི་གཞུང་། །རྒྱུད་དང་འབྲེལ་པར་དངོས་བསྟན་གྱིས། །རྩིས་འཕྲོ་སྒྲུབ་ཚུལ་ཆོ་ག་ལ། །མ་དག་བྱེད་པའི་རྩིས་ཞེས་སྨད། །འགྲེལ་པར་གྲུབ་རྩིས་ལ་བསྔགས་གསུང་། །མཐོང་བས་རང་རྟོག་གིས་འབད་གཞུང་། །ལྷག་མེད་རི་མོའི་འཕྲུལ་ཙམ་ལ། །ཤིན་ཏུ་རྣམ་དག་གྲུབ་རྩིས་ཞེས། །བཀའ་ལས་ལྷག་པའི་བསྟན་བཅོས་འདི། །ཅི་ཞེས་ད་དུང་བདག་བློ་དགེས། །ཅིས་ཀྱང་ངེས་དག་རྩིས་འཕྲོ་འདིའི། །ཆོག་ཅེས་རུང་ཚོ་ཁོ་བོ་ཡིས། །རང་འདོད་གྲུབ་རྩིས་རྣམ་གྲངས་ཞིག །སྔར་ནས་ཅི་རིགས་འཆད་ཟིན་ཡང་། །རྒྱལ་གསུང་རྒྱུད་ལ་གུས་ཆེས་པས། །སྨྲས་དེ་གཞན་ལ་བཟོད་ཀྱང་གསོལ། །ཅི་ཕྱིར་རྒྱུད་ལ་ཆེར་གུས་ཀྱང་། །གཞན་དུ་བདག་ནི་མི་མཁས་རྨོངས། །དེས་ན་མཁས་གསུང་ལ་བླུན་པོས། །སྐྱོར་འབྱིན་མི་འོས་པ་ཡིན་ནོ། །འོན་ཀྱང་འདི་སྣང་ལོ་འདོད་མིན། །རྒྱུད་ཀྱི་དོན་ལ་འཇུག་གམ་ཅེས། །ཐུན་མོང་བསྟན་བཅོས་དཔྱད་པ་འདིས། །བདག་ལ་ཀུན་ཏུ་ཉེས་གྱུར་མེད། །སྐར་རྩིས་མན་ངག་རྣམ་གྲངས་གྱུར་དེ་རྣམས། །ཟློས་སྐྱར་ཙམ་མིན་ཀུན་གྱི་རང་གཞུང་མཐོང་། །མཐོང་ནས་ཞེ་འདོད་ཕྱོགས་སྔ་ཇི་བཞིན་གོ །དོན་དེ་མ་འདྲེས་གསལ་བར་འདིར་བཀོད་བྱས། །དེ་སྐད་རྩིས་ཀྱི་གཞུང་མང་རྒྱ་ཆེན་ཡུལ་ལྗོངས་ཅན། །ཇི་བཞིན་རྙོག་མེད་བདག་བློའི་མེ་ལོང་ཕྲ་མོར་ཆུད། །ཚུལ་དེ་གཞན་ལ་མཛུབ་བཙུགས་ཉིད་དུ་བསྟན་འདིའི་དགེས། །འགྲོ་ཀུན་མཁྱེན་རབ་དབང་ཕྱུག་མྱུར་ཐོབ་ཤོག །

ཅེས་པ་འདི་ནི་སྔར་བལ་ཡུལ་མཆོད་རྟེན་བྱ་རི་ཤམ་ཤོ་མའི་ཞིག་གསོའི་སྐབས་རྣམ་འདྲེན་མཁྱེན་པའི་གཏེར་ཆེན་སྨྲ་བའི་དབང་ཕྱུག་ཀུན་གཟིགས་གཙུག་ལག་ཆོས་ཀྱི་སྣང་བའི་ཞལ་ནས་དང་པོའི་བློ་ཅན་ལ་ཕན་པའི་སླད་དུ་གངས་ཅན་འདིར་བྱུང་བའི་སྐར་རྩིས་ཀྱི་རྣམ་གྲངས་ཀུན་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་བགྱིས་ན་རུང་ཞེས་བཀའི་གནང་བར་བརྙེས་པས་ཡིད་དྲངས་ཤིང་། ཉེ་བར་ལ་སྟོད་དིང་རི་བ་རིག་གནས་སྐུ་གཟུགས་བྲིས་འབུར་ཚད་མ་དང་སྐར་རྩིས་ལ་རབ་ཏུ་སྦྱངས་པའི་བློ་ཅན་བློ་གྲོས་རབ་རྒྱས་ཀྱི་བཀྲ་ཤིས་ལྷ་རྫས་ཀྱི་མེ་ཏོག་བཅས་གསོལ་བ་བཏབ་པའི་ངོར་ཡུལ་དབུས་གཙང་གི་མཚམས་ཡ་འབྲོག་དཀར་མོ་གླིང་སྐྱིད་མཚོ་ནེའུ་སིང་དུ་རབ་བྱུང་བཅུ་གསུམ་པའི་རབ་མྱོས་ལྕགས་རྟ་ཉིན་བྱེད་བུ་མོའི་ཁྱིམ་དུ་རྩེན་པ་ཁྲུམ་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཡང་དག་པར་བཀོད་པའོ། །དགེའོ། །དགེའོ། །

རིག་གནས་རྩིས་ཀྱི་མན་ངག་དྲི་མེད་འོད་སྣང་རབ་བྱེད་ཀུན་མཛེས་ནོར་བུའི་མེ་ལོང་།

༄༅། །རིག་གནས་རྩིས་ཀྱི་མན་ངག་དྲི་མེད་འོད་སྣང་རབ་བྱེད་ཀུན་མཛེས་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས། །

༈ ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ལྷ་མཆོག་རྣམས་ཀྱི་ཅོད་པན་གྱིས། །གང་གི་ཞབས་རྡུལ་གུས་མཆོད་པ། །ཀུན་མཁྱེན་དེ་ལ་ལེགས་བཏུད་ནས། །ཉུང་ངུའི་བྱེད་གྲུབ་གསལ་བར་བྱེད། །རབ་བྱུང་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པོ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་ཀྱི། །འོག་མ་ལག་བསྒྱུར་བུག་བསྒྲོད་སྟེར། །དེ་ལ་མདའ་རོས་རྙེད་སྟེང་སྦྱིན། །གང་དེས་ཟླ་བ་དག་པར་འགྱུར། །ཟླ་དག་གནས་བཞི་སྟེང་ནས་མར། ༡/༣༡/༥༠/༨༠ །འོད་དཀར་ཅན་དང་གཟུགས་ཡོན་ཏན། །མཁའ་དབང་དང་ནི་ཐིག་ནོར་ལྷས། །རིམ་པ་བཞིན་དུ་བསྒྱུར་བ་ལ། ༢/༠/༧/༡ །མིག་དང་ནམ་མཁའ་དང་རི་བོ། །འོག་མ་རི་བོང་ཅན་གྱིས་བརྒྱན། ༧/༦༠/༦༠/༧༠༦ །དེ་ནས་རི་མཁའ་རི་དང་ནི། །དྲུག་ཅུ་མཁའ་རོ་ཐུབ་པ་ཡི། །དྲིལ་ནས་དོར་བའི་ལྷག་མ་གང་། །དེ་འདིར་རེས་གཟའི་དྷྲུ་ཝ་ཡིན། ༢/༡ །གནས་གཉིས་མིག་དང་གཟུགས་ཀྱིས་བསྒྱུར། ༢༤/༣༣ །རྒྱལ་བ་དང་ནི་མེ་རྩེ་སྟེར། ༢༨/༡༢༦ །དུས་ཉི་དང་ནི་ཀླུ་ལག་གིས། །དྲིལ་ནས་དོར་ལྷག་ཆ་ཤས་ཚོགས། ༡/༡༠/༥༨/༦ །མིག་ཕྱོགས་ཀླུ་དབང་དུས་ཀྱི་ནི། །ཟླ་དག་གནས་བཞི་རིམ་པར་བསྒྱུར། ༢༦/༤༨/༣༣/༡༡ །སྟེང་ནས་ཉེར་དྲུག་ཀླུ་མཚོ་དང་། །སོ་གསུམ་བདེ་འབྱུང་རིམ་པར་བརྒྱན། ༢༧/༦༠/༦༠/༡༣ །འོག་ནས་འདོད་པ་དང་མཁའ་རོ། །མཁའ་རོ་དང་ནི་འཁོར་ལོ་ཡི། །དྲིལ་དོར་བྱས་པའི་ལྷག་མ་ནི། །རྒྱུད་ལུགས་ཉི་དྷྲུ་རྣམ་པར་དག །དེ་ལྟར་དྷྲུ་གསུམ་བསྒྱུར་བྱེད་གང་། །སྦྱིན་པས་ཕྱི་མའི་ཟླ་དྷྲུར་འགྱུར། །བསྒྱུར་བྱེད་ཚར་གྲངས་བཅུ་གཉིས་སྦྱིན། །ཕྱི་ལོའི་ནག་དྷྲུ་རྣམ་པར་དག །གཤོལ་བྱུང་ཚེ་ན་བསྒྱུར་བྱེད་ནི། །ཚར་གཅིག་སླར་ཡང་བསྣན་པས་འགྲུབ། །ཚེས་རེའི་ངེས་པ་འཚོལ་བ་ན། །གཟའ་ཚེས་ཉི་མའི་ཚེས་རེ་ཡི། །རྩ་བའི་ལོངས་སྤྱོད་གཟའ་ཚེས་ལ། །ཐིག་ལེ་རྩ་དབང་ཡོན་ཏན་དང་། །ཆུ་རི་རིག་བྱེད་ཉི་མ་ལ། །ཐིག་ལེ་རིག་བྱེད་ཟླ་མིག་རྣམས། །ཚེས་བསྒྱུར་ཟླ་ཉིའི་དྷྲུ་བར་སྦྱིན། །རིལ་པོར་ཚེས་སྦྱིན་ཆུ་ཟླས་བགོ །ཐོབ་པ་མཉམ་དང་མི་མཉམ་བརྟག །ལྷག་མས་ཟླ་བའི་རྐང་བཟུང་དེའི། །སྔུན་མའི་ཆ་ཤས་བསྒྱུར་བ་ལ། །དུས་ཉིའི་ཐོབ་པ་ཆུ་ཚོད་ལྷག །དྲུག་ཅུ་རི་མཁའ་རི་ཡིས་བསྒྱུར། །རྐེད་པ་བསྲང་དང་ཆ་ཤས་ཏེ། །འདི་དག་སྔ་རྐང་ཟོས་སྡོམ་སྦྱིན། །ཕྱི་རྐང་གཟའ་བྱ་སྡོམ་ལ་དབྲི། །དེ་ནས་རེས་གཟའི་ལོངས་སྤྱོད་དུ། །ཐོབ་པ་མཉམ་སྦྱིན་མི་མཉམ་དོར། །ཉི་མ་གནས་གཉིས་གཅིག་ལ་ནི། །ཁྱིམ་གསུམ་སྦྱངས་བྱ་མ་ལྡང་ན། །འཁོར་བསྲེ་ལྷག་ན་འཁོར་བྱེད་དོར། །ལྷག་མ་སྐར་གནས་དྲུག་ཅུས་བསྒྱུར། །ཆུ་ཚོད་བསྲེས་ལ་མདའ་ཡོན་ཟླས། །ཐོབ་པ་འདས་པའི་ཁྱིམ་རྣམས་ཡིན། །དེས་ནི་ཉི་རྐང་བཟུང་ནས་སླར། །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་ཆུ་ཚོད་ལྷག །མཁའ་བྲོ་དུས་དང་འདོད་པ་ཡི། །བསྒྱུར་རྙེད་སྲང་དང་ཆ་ཤས་ཏེ། །འདི་དག་སྔ་རྐང་ཟོས་སྡོམ་སྦྱིན། །ཕྱི་རྐང་གཟའ་བྱ་སྡོམ་ལ་དབྲི། །དེ་ནས་གཟའ་ཉིའི་ལོངས་སྤྱོད་དུ། །རིམ་མིན་སྦྱིན་ཞིང་རིམ་པར་སྦྱངས། །དེས་ནི་གཟའ་ཚེས་ཉི་མ་དག །ཉི་མ་གཉིས་བཀོད་གཅིག་གི་ནི། །དབྱུ་གུར་མཚོན་མདའ་ཚེས་བསྒྱུར་སྦྱིན། །རེས་གཟའི་ལོངས་སྤྱོད་རྣམས་ཀྱིས་སྦྱངས། །འཁོར་ལོ་དོར་ལྷག་ཟླ་སྐར་ཡིན། །ཉི་མ་ཟླ་བ་བསྲེས་པ་ལ། །འཁོར་ལོ་དོར་ལྷག་སྦྱོར་བ་སྟེ། །ཚེས་ལ་མིག་བསྒྱུར་གཟུགས་དམན་པས། །ཐུབ་པས་བགོས་ལྷག་བྱེད་པའོ། །དེ་ལྟར་ལན་གཅིག་དག་པ་ལ། །ཕྱི་མའི་ལོངས་སྤྱོད་བསྣན་པ་ནི། །གཟའ་ཚེས་ཉི་ཟླའི་ཚེས་རེ་ཡི། །རྩ་བའི་ལོངས་སྤྱོད་སོ་སོར་སྦྱིན། །དེ་ལ་ཉི་རྐང་འཕེལ་འགྲིབ་ནི། །ཆུ་སྲང་དྲག་པོ་ཡོན་ཏན་དབུགས། །འདོད་པའི་ཆ་ཤས་བཅུ་གཅིག་རྣམས། །གཞུ་དང་ཆུ་སྲིན་ཁྱིམ་དུ་སྦྱིན། །ཀརྐ་ཊ་དང་འཕྲིག་པར་དེར། །སྲང་བདུན་སྲོག་བཞི་ཆ་བདུན་རྣམས། །སྡིག་པ་དང་ནི་བུམ་པ་སྦྱིན། །གླང་དང་སེང་གེའི་ཁྱིམ་དུ་དོར། །སྲང་གཅིག་སྲོག་ལྔ་ཆ་བརྒྱད་རྣམས། །ཉ་དང་སྲང་གི་ཁྱིམ་དུ་སྦྱིན། །ལུག་དང་བུ་མོའི་ཁྱིམ་དུ་དོར། །རེས་གཟའ་ལ་ནི་ཁྱད་པར་དུ། །རིལ་པོར་ཚེས་སྦྱིན་ཆུ་ཟླས་བགོས། །ལྷག་མས་ཟླ་བའི་རྐང་པ་བཟུང་། །རང་ཐད་རྐང་པའི་གནས་དེ་ཉིད། །ཐོབ་པ་མཉམ་སྔ་རྐང་བདུན། །ཐད་ཀར་སྦྱིན་ཞིང་ཕྱི་རྐང་དབྲི། །མི་མཉམ་ན་ནི་དེ་ལས་བཟློག །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །དུས་དང་ཉི་མས་ཐོབ་ཆུ་སྲང་། །དྲུག་གིས་བསྒྱུར་ལས་སྙེད་པ་དབུགས། །འདོད་པས་བསྒྱུར་ཏེ་འདོད་པའི་ཆས། །རྐང་པ་མེ་ནས་དྲག་པོའི་བར། །ཐོབ་པ་མཉམ་ན་བུ་ལོན་ཏེ། །མི་མཉམ་ན་ནི་ནོར་ཡིན་ནོ། །འོན་ཀྱང་རྐང་པ་བདུན་པ་ལ། །སྤྱོད་ཚེ་དབྲི་བསྣན་མི་བྱ་ཞིང་། །བརྒྱད་པར་རིམ་པ་གསུམ་དུ་སྦྱར། །དེ་ལྟར་བྱས་ན་ཕྱི་མ་ཡི། །གཟའ་ཚེས་ཉི་མའི་སྐར་མར་འགྱུར། །འོན་ཀྱང་ཟླ་སྐར་འཕོ་བའི་མཚམས། །ཚེས་ཀྱི་རྗེས་སུ་འགྲོ་འགྱུར་ཞིང་། །སྦྱོར་བ་བྱེད་པ་སྔར་བཞིན་ཞེས། །མཁས་པས་ལེགས་པར་བཤད་པ་ལ། །བརྙེད་ཅེས་རྒྱལ་བསྟན་ཤིང་རྟ་མཆོག །གང་གི་གསུང་ཉིད་ཁོ་ནར་བྲིས། །དེ་ལྟར་ཡན་ལག་ལྔ་ཡི་རྩིས། །ཀུན་མཁྱེན་རྒྱལ་བའི་སྲས་ཐུ་བོ། །འཇིག་རྟེན་མགོན་པོ་མི་ཡི་གཟུགས། །རབ་ཤེས་རྔོག་གི་གསུང་ཇི་བཞིན། །རྩིས་འཕྲོ་རྒྱུད་ནས་གསུང་བཞིན་ལ། །ལག་ལེན་མན་ངག་རྒྱུན་ལ་བརྟེན། །ལེགས་པར་བཀོད་ལ་ཉེས་མེད་སེམས། །ཉེས་ན་ཀུན་མཁྱེན་མཆོག་ལ་བཤགས། །ལེགས་པར་བཤད་པ་མཆིས་གྱུར་ན། །འདྲེན་མཆོག་བླ་མའི་མཐུ་ལས་ཏེ། །དེ་ལས་དགེ་མཆིས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པའི་གནས་ཐོབ་ཤོག །

ཞེས་ཡན་ལག་ལྔའི་རིམ་པ་འདི་ཡང་སྐར་རྩིས་མཁན་སྤྱི་ལ་གྲགས་པའི་རབ་བྱུང་སྐོར་བཅུ་གཉིས་འདས་ཤིང་བཅུ་གསུམ་པ་ཉིད་འདས་ལོའི་དང་པོར་བྱས་ཏེ་དཀར་པོ་ཞེས་པ་སྦྲུལ་གྱི་ལོ་ཉི་མ་སེང་གེའི་ཁྱིམ་དུ་སྤྱོད་པའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་འཕགས་ཡུལ་གྱི་མུ་ཁྱུན་ཀྵེ་ཏྲར་འབོད་པ་གློ་བོ་ཞེས་པའི་ཡུལ་སྟོད་སྨོན་ཐང་རྒྱལ་པོའི་ཁབ་ཏུ་དོན་གཉེར་ཅན་དུ་མའི་ངོར་རིག་འཛིན་ཚེ་དབང་ནོར་བུས་ལེགས་པར་བཀོད་པ་སརྦ་མངྒ་ལཾ།

འདི་ལྟར་མཚུར་ཕུ་བ་ཁ་ཅིག་དང་། གློ་བོའི་ཕྱོགས་སུ་ཉི་མ་བྱེད་པ་དང་། གཟའ་གྲུབ་པར་བྱས་ཏེ་བྱེད་གྲུབ་ཐུན་མོང་ཞེས་བསྒྲགས་པ་བྱུང་ལ་ད་ལྟའི་སྐབས་ཀྱི་དུས་བཞི་སོགས་ཀྱང་དེ་དང་ངེས་པར་འགྲིགས་པས་མི་འཐད་པ་མེད་པ་མཐོང་ལ། སྤྱིར་ནི་དེང་སང་དུས་སྙིགས་མའི་མཐར་ཐུག་འཚོ་བ་ལོང་ཁྱབ་ཆུང་བའི་སྐབས་འདིར་ཐ་སྙད་རིག་པ་སྐར་རྩིས་སོགས་ཀྱང་ཚིག་ཚོགས་རི་ཚོགས་མང་པོས་སེམས་གཡེང་བར་མི་བྱ་སྟེ་དོན་གྲུབ་ཕྱིན་ཚིག་ཚོགས་དང་རི་ཚོགས་ཉུང་ངུའི་ཆོག་ཤེས་པར་བྱས་ནས་དམ་པའི་ཆོས་རིམ་གཉིས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པ་ཁོ་ན་གལ་ཆེན་དུ་ཤེས་པར་བྱོས་ཤིག།

སྐར་རྩིས་ཡན་ལག་ལྔའི་ལག་ལེན་བྱེད་གྲུབ་སྤྱི་ནོར་བཀླགས་ཙམ་གྱིས་རྟོགས་པ།

༄༅། །སྐར་རྩིས་ཡན་ལག་ལྔའི་ལག་ལེན་བྱེད་གྲུབ་སྤྱི་ནོར་བཀླགས་ཙམ་གྱིས་རྟོགས་པ་བཞུགས་སོ། །

༈ ཨོཾ་སྭཱསྟི། སྟོན་མཆོག་སངས་རྒྱས་དེ་སྲས་མཆོག །གསང་བདག་འཇམ་དཔལ་པད་དཀར་ཅན། །དབྱེར་མེད་རྩ་བའི་བླ་མ་ལ། །ཕྱག་འཚལ་སྐྱབས་མཆི་བྱིན་གྱིས་རློབས། །ལྔ་བསྡུས་བྱེད་དང་གྲུབ་པའི་རྩིས། །གང་ལ་འཇུག་ཀྱང་སྤྱི་ཡི་དོན། །ལག་ལེན་ཡིད་ལ་ངེས་པའི་གནད། །ཉུང་ངུའི་ངག་གིས་འདིར་གསལ་བྱ། །འདས་ལོ་གང་ཡིན་བཅུ་གཉིས་(༡༢)ཀྱི། །བསྒྱུར་བ་མི་གསལ་ཁྱིམ་ཟླ་ཡིན། ཟླ་དེ་གནས་གཉིས་འོག་མ་ཉིད། །གཉིས་བསྒྱུར་སྔོན་གྱི་བཤོལ་འཕྲོ་བསྲེས། །རེ་ལྔའི་(༦༥)བོགས་ནོར་སྟེང་མར་བྱིན། །དེས་ནི་གསལ་བར་ཚེས་ཟླར་འགྱུར། །རེ་ལྔའི་(༦༥)ལྷག་མས་ཟླ་བཤོལ་དུ། །དུས་ཀྱི་གནད་ཀྱང་རྟོགས་པ་ཡིན། །ཟླ་དག་དེ་ལས་བྱེད་གྲུབ་ཀྱི། །ལག་ལེན་གང་འདོད་དྷྲུ་གསུམ་བསྒྲུབ། །དེ་ལ་སྔོན་གྱི་རྩིས་འཕྲོ་བསྲེས། །རང་གནས་འཁོར་ཚད་ལྷག་བྱུང་དོར། །བྱེད་གྲུབ་དྷྲུ་བས་བསྒྱུར་བ་ལས། །ལྔ་བསྡུས་ལག་ལེན་གཅིག་ཏུ་མཐུན། །འོན་ཀྱང་གཟའ་ཉིའི་རྐང་གནས་ཆ། །དྷྲུ་བའི་གནས་དང་མཐུན་པར་བྱེད། །དྷྲུ་བས་བསྒྲུབ་ལ་གནས་མང་ཉུང་། །དུ་མར་བྱས་དང་རྩ་བ་ནས། །བསྒྲུབ་ཚུལ་འདྲ་མིན་ཆེས་མང་པོ། །སྐར་རྩིས་རི་མོ་ཇི་བཞིན་དོན། །ངེས་པར་རྟོགས་པའི་མཁས་པ་ཡི། །མཛད་པའི་ལག་ལེན་མཐོང་བརྒྱུད་དང་། །ཞལ་གདམས་ཡི་གེ་གཞན་དུ་ནི། །ཞིབ་མོ་ཉིད་དུ་རྟོགས་བྱ་སྟེ། །འདིར་ནི་འཇུག་བདེ་ཟོར་ཡང་ཕྱིར། །དཔེར་བརྗོད་ཉིད་དུ་གནས་བཞི་པ། །གྲུབ་གྲགས་མན་ངག་ལུགས་བྱས་གཟའ། །བྱེད་གྲགས་རྒྱུད་ལུགས་ཀྱི་ཉི་མ། །ཚོགས་བསམ་རིལ་པོ་དང་ཆ་ཤས། །དྷྲུ་བ་ཀ་གསུམ་བསྒྲུབ་པའི་ཚུལ། །དང་པོ་ཟླ་དག་གནས་བཞི་བཞག །སྟེང་ནས་རིམ་པས་གཟུགས་གཟུགས་མེ། ༡/༣༡/༤༠/༨༠ །མཁས་དབང་མཁའ་ནོར་གྱིས་བསྒྱུར་ལ། །ཆ་ཤས་སྲང་དབྱུག་རང་གནས་གང་། །མས་ཡར་རི་མཁའ་རི་མཁས་དུས། ༧/༦༠/༦༠/༧༠༧ །མཁའ་དུས་ཐུབ་པས་བགོད་དོར་ལྷག །གཟའ་དྷྲུ་ཡིན་ནོ་ཡང་ཟླ་དག །གནས་བཞི་སྟེང་ནས་རིམ་པ་བཞིན། ༢/༡༠/༥༨/༦ །མིག་ཕྱོགས་ཀླུ་དབང་བྲོ་བས་བསྒྱུར། ༢༧/༦༠/༦༠/༡༣ །མས་ནས་འདོད་པ་དང་མཁའ་རོ། །མཁའ་རོ་སྐར་མས་དྲིལ་དོར་བའི། །ལྷག་མ་ཉི་མའི་དྷྲུ་བར་སྨིན། །ཟླ་དག་གནས་གཉིས་སྟེང་མ་མིག ༢/༡ །འོག་མ་གཟུགས་བསྒྱུར་དུས་(༡༢༦)ཉིའི་བགོད། །ཐོབ་ནོར་སྟེང་བཞུགས་ཀླུ་ལག་གིས། །བགོད་ལྷག་ཚོགས་དང་ཆ་ཤས་ཏེ། །གཟའ་རྐང་ཡང་གྲགས་ཚེས་རྐང་སྟེ། །ཟླ་བའི་དྷྲུ་བ་ཀར་ཤེས་སོ། །སོ་སོའི་སྔོན་གྱི་རྩིས་འཕྲོ་རྣམས། །ཟླ་དག་བསྒྱུར་ཉིན་སྐབས་བརྒྱན་རྣམས། །ཡང་ན་དྷྲུ་བ་གྲུབ་ཉིན་ལ། །བྱིན་ཏེ་དེ་ཚེ་འཁོར་ལྷག་དོར། །དེ་ལྟར་དྷྲུ་གསུམ་ལ་བསྒྱུར་བྱེད། །ཉིན་བྱེད་ཕྱི་མའི་གཟའ་དྷྲུར་འགྱུར། །བསྒྱུར་བྱེད་ཚར་གྲངས་བཅུ་གཉིས་གང་། །སྦྱིན་པས་ཕྱི་ལོའི་ནག་དྷྲུར་དག །བཤོལ་བྱུང་ཚེ་ན་བསྒྱུར་བྱེད་ནི། །ཚར་གཅིག་སླར་ཡང་བསྣན་པས་གྲུབ། །ཚེས་ཀྱི་ངེས་པ་འཚོལ་བ་ན། །གཟའ་ཚེས་ཉི་མའི་ཚེ་རེ་ཡི། །རྩ་བའི་ལོངས་སྤྱོད་གཟའ་ཚེས་ལ། །ཐིག་ལེ་རྩ་དབང་ཡོན་ཏན་དང་། ༠/༥༦/༣/༤༠༤ །ཆུ་རི་རིགས་བྱེད་ཉི་མ་ལ། ༠/༤/༢༡/༦/༣ །ཐིག་ལེ་རིག་བྱེད་ཟླ་བ་མིག །རྩེ་མོ་དུས་རྣམས་ཚེས་བསྒྱུར་ལ། །གཟའ་དང་ཉི་མའི་དྷྲུ་བར་བྱིན། །ཡང་ན་བདེ་བླག་ཉིད་ཀྱི་ཆེད། །རྟག་ལོང་རེ་མིག་བཀོད་ལ་བྱིན། །གཟའ་ཉིའི་དྷྲུ་བར་རྟག་ལོང་དག །སྦྱིན་པས་གཟའ་ཉི་བར་མར་གྲགས། །ཚོགས་སམ་རིལ་པོར་ཚེས་གྲངས་བསྲེས། །མཚོ་(༡༤)ཟླས་བགོས་ལ་ཐོབ་པའི་ནོར། །སྙེད་པ་མཉམ་དང་མི་མཉམ་པ། །གཟའི་ཆུ་ཚོད་མན་ཆད་དུ། །སྣོན་བྲིད་དགོས་པས་མི་བརྗེད་བཟུངས། །དེ་ཡང་ཆུ་ཟླ་མ་ལོང་ནས། །རྙེད་པ་མེད་ཀྱང་མཉམ་པ་ཡིན། །གྲངས་གནས་གཅིག་དང་གསུམ་མི་མཉམ། །གཉིས་དང་བཞི་ནི་མཉམ་པ་སྟེ། །རྙེད་ནོར་དེ་ལས་མང་མི་སྲིད། །བགོས་པའི་ལྷག་མ་གང་ཤར་དེའི། །ཚེས་རྐང་གར་གནས་ངོས་བཟུང་ལ། །རྐང་འཛིན་དེ་གྱིས་རྐང་སྡོམ་བྲིས། །སྡོམས་ཆ་རྐང་པའི་ངོ་བོ་ནི། །གྲངས་གནས་ལུགས་ལྡོག་སྔ་རྐང་བདུན། །ལུགས་འབྱུང་ཕྱི་རྐང་བདུན་ཡིན་ཏེ། ༥/༥/༥/༤/༣/༢/༡༡/༢/༣/༤/༥/༥/༥ །ལྔ་ལྔ་ལྔ་བཞི་གསུམ་གཉིས་གཅིག །གཅིག་གཉིས་གསུམ་བཞི་ལྔ་ལྔ་ལྔ། །དེའི་སྔ་རྐང་ཟོས་ཟིན་དང་། །ཕྱི་མ་གཟའ་རྒྱུ་སྡོམ་ཞེས་པ། །དོན་གནད་གཅིག་པས་རྐང་སྡོམས་དབྱུག །ཉི་ཤུ་ལྔ་ལས་མང་མི་སྲིད། །རྐང་འཛིན་ཟླ་བ་(༡)དང་མྱོས་(༡༣)བྱེད། །ཤར་ན་རྐང་པའི་དབྱུག་ལྔ་(༥)སྡོམ། །དེ་བཞིན་མིག་དང་ཉི་མར་(༡༢)བཅུ། །མེ་དང་(༣)དྲག་པོར་བཅོ་ལྔ་སྡོམས། །རྒྱ་མཚོའི་(༤)ཕྱོགས་(༡༠)ལ་བཅུ་དགུ་དང་། །མདའ་(༥)དང་བུ་(༩)གར་ཉེར་གཉིས་ཏེ། །རྩེ་མོ་(༣)ཀླུ་(༨)ལ་ཉི་ཤུ་བཞི། །ཐུབ་(༧)པར་ཉེར་ལྔ་སྟོངས་པར་(༠)ཐིག །རྐང་སྡོམས་རྔུན་མས་ཆ་ཤས་བསྒྱུར། །དུས་(༡༢༦)ཉིའི་དགོས་ནོར་ཡང་དག་རྒྱུའི། །ཆུ་ཚོད་ཉིད་ཡིན་གོང་ཆའི་ལྷག །མཁའ་(༦༠)རོ་དེ་ནས་རི་མཁས་(༧༠༧)རིའི། །རིམ་བསྒྱུར་དུས་ཉིའི་རིམ་གོས་ནོར། །ཆུ་སྲང་དང་ནི་ཆ་ཤས་ཡིན། །རྐང་མཚམས་མ་འདས་སྔ་རྐང་ལ། །གནས་ཚེ་ཡང་དག་རྒྱུ་ཆུ་ཚོད། །གོང་གི་རྐང་སྡོམས་དབྱུག་གུར་བསྲེས། །ཕྱི་རྐང་ལ་གནས་ཡང་དག་རྒྱུའི། །རྐང་སྡོམ་ལ་སྦྱང་དེ་ལས་གཅིག །ཕབས་པ་དྲུག་ཅུའི་བསྒྱུར་བྱས་ལ། །ཆུ་སྲང་གིས་སྦྱངས་དེ་ལྷག་གཅིག །འབེབས་པ་རི་མཁའ་རིའི་བསྒྱུར་ལ། །རྐང་ཆས་བུ་ལོན་རྣམ་པར་སྦྱངས། །ཚུལ་དེའི་རྐང་ལོངས་དག་པར་འགྱུར། །དེ་ནས་གང་གི་ཐོབ་ནོར་ཉིད། །དྲན་བྱས་གཟའ་བར་ལོངས་སྤྱོད་དུ། །མཉམ་བསྣན་མི་མཉམ་དབྲི་བ་སྟེ། །དེས་ནི་ཚེས་གཟའ་ཕྱེད་དག་འགྱུར། །དེ་ནས་ཉི་དག་དོན་དུ་ནི། །གོང་གི་ཉི་མ་བར་མ་ཉིད། །ཉི་མ་ཕྱེད་དག་ཞེས་ཀྱང་དེ། །མིང་གཉིས་བྱུང་ཡང་འདིར་དོན་གཅིག །དེ་ཡང་ཉི་མའི་རྐང་རྩིས་ཆེད། །ཉི་བར་གཉིས་བྲིས་གཅིག་ལ་ནི། །ཉི་མའི་སྐྱེས་ཁྱིམ་སྦྱངས་བར་བྱ། །སྦྱངས་ཚུལ་བོད་ཀྱི་སྐར་རྩིས་པས། །རྟོག་བཟོ་མི་འདྲ་མང་བྱས་ཀྱང་། །འདིར་ནི་རྣམ་དག་རྒྱུད་དོན་བཞིན། ༦/༤༥ །སྐར་དྲུག་ཆུ་ཚོད་ཞེ་ལྔས་ཏེ། །མ་ལྡང་འཁོར་ལོ་བསྣན་(༢༧)ཏེ་སྦྱངས། །འཁོར་ལོ་བསྣོན་མིན་ཇི་ལྟར་ཡང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ནའང་དོར། །འཁོར་ལོ་འདིར་ནི་ཉེར་བདུན་སྟེ། །རྒྱུ་སྐར་གྲངས་ཡིན་འཁོར་ཕྱེད་ནི། ༡༣/༣༠ །དེའི་ཕྱེད་སྐར་གནས་བཅུ་གསུམ་དང་། །ཆུ་ཚོད་སུམ་ཅུར་ཤེས་པར་བྱ། །འཁོར་ཕྱེད་དོར་བའི་ཉི་མ་དེར། །དགུན་ཉི་ལྡོག་ནས་བྱང་བསྒྲོད་ཚུགས། །གང་ཞིག་མ་དོར་ཉིན་དབྱར་བཟློག །ལྷོར་བསྒྲོད་ཚུགས་པའང་དོན་ལ་རེག །སྦྱངས་ལྷག་སྐར་མ་དྲུག་(༦༠)ཅུའི་བསྒྱུར། །ཆུ་ཚོད་བཅུག་ལ་དབང་(༥༣༥)ཡོན་ཟླས། །བགོས་ཐོབ་ནོར་གྱི་ཉི་རྐང་བཟུང་། །དེ་ཡང་ཉི་རྐང་སྔ་ཕྱི་གཉིས། ༦/༤/༡ ༡/༤/༦ །སྔ་མ་དྲུག་བཞི་གཅིག་ཡིན་ལ། །ཕྱི་མ་གཅིག་བཞི་དྲུག་ཤེས་བྱ། །རྐང་འཛིན་གཅིག་(༡)དང་ལྔ་(༥)ལ་དྲུག །གཉིས་(༢)དང་བཞི་ལ་བཅུ་ཡིན་ནོ། །གསུམ་(༣)ལ་བཅུ་གཅིག་སྡོམ་པ་སྟེ། །རྐང་འཛིན་སྟོང་ན་ནམ་མཁའ་(༠)སྡོམ། །གོང་གི་ཉི་བར་བསྒྱུར་དགོས་ལྷག །རྐང་བཟུང་རྔུན་མས་བསྒྱུར་བྱས་ལ། །སྔར་བཞིན་དབང་(༡༣༥)ཡོན་ཟླས་(༡)བགོས་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་སྟེ། །དེ་ལྷག་དྲུག་ཅུའི་བསྒྱུར་སྲང་བཅུག །བགོས་བྱེད་གོང་བཞིན་བགོས་ནོར་སྲང་། །དེ་ལྷག་བཅུ་གསུམ་གྱིས་བསྒྱུར་ནས། །བགོས་ནོར་ཉི་རྐང་ཆ་ཤས་སོགས། །གཟའ་ཉིའི་དྷྲུ་བ་གནས་ལྔ་པར། །ཉི་ཟླའི་རྐང་པ་གཉིས་ཀ་ལ། །སྲང་ལྷག་དྲུག་གིས་བསྒྱུར་བགོད་ནོར། །དབུགས་དེ་དེ་འོག་ཆ་ཤས་མཐུན། །དེ་ཡང་ཉི་མའི་སྔ་རྐང་ལ། །གནས་ཚེ་བསྣན་ལ་ཕྱི་རྐང་དབྲི། །ལག་ལེན་གོང་གིས་ཚེས་རྐང་དང་། །མཐུན་པའི་རིགས་པས་ཤེས་པར་བྱ། །ཉི་མའི་རྐང་འཇོག་ལོངས་སྤྱོད་དེ། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །ཉི་མ་འཁོར་ཕྱེད་དོར་ཚེ་བསྣན། །ཡ་དོར་ཚེ་ན་འཕྲི་བ་ཡིན། །དེས་ན་གཟའ་ནི་རྣམ་པར་དག །ལོངས་སྤྱོད་ཆུ་ཚོད་ནས་ཆ་ཤས། །མིང་ཡིན་སྟེང་ནས་གཟའ་སྐར་མ། །ལོངས་སྤྱོད་བདག་པོའི་ས་ཡིན་ནོ། །ཟླ་སྐར་ཆེད་དུ་ཉི་དག་གཉིས། །གཅིག་ལ་མཚོ་དབང་ཚེས་གྱུར་གང་། །དབྱུག་གུར་སྟེར་ལ་འཁོར་ལོ་དེར། །དེས་ནི་ཚེས་འཁྱུད་ཟླ་སྐར་ཡིན། །དེ་ལ་རེས་གཟའི་ལོངས་སྤྱོད་ཀྱི། །སྦྱངས་བས་རེས་འགྲོག་ཟླ་སྐར་དག །ཉི་ཟླ་དག་པ་གཉིས་བསྲེས་ནས། །རང་འཁོར་དོར་ལྷག་སྦྱོར་བའོ། །ཚེས་གྲངས་གང་ཡིན་གཉིས་ཀྱིས་བསྒྱུར། །གཅིག་གིས་འཕྲི་ལྷག་བདུན་གྱིས་དོར། །དེ་ཡི་ལྷག་མ་ཕྱི་བྱེད་ཡིན། །སྔ་བྱེད་དེ་ཡི་ཤུགས་ཀྱིས་རྟོགས། །སྐར་རྩིས་ཡན་ལག་ལྔ་ཞེས་པ། །གཟའ་དང་ཚེས་དང་སྐར་མ་དང་། །སྦྱོར་བ་དང་ནི་བྱེད་པ་སྟེ། །ཚེས་ནི་གཟའ་ཡི་ལོངས་སྤྱོད་ཡིན། །ལྔ་བསྡུས་ལག་ལེན་བྱེད་པ་རྣམས། །ཡི་གེ་འདི་ཡི་ཚིག་དོན་དག །རྒད་མོས་མ་ཎི་འདོན་པ་བཞིན། །ཁར་བྱང་སེམས་སུ་ཆུབ་པ་གཅེས། །ཐུན་མིན་སྔགས་ཀྱི་མན་ངག་ནི། །རང་སྟོབས་ཁོ་ནས་བླངས་མི་རུང་། །ངེས་པར་སློབ་དཔོན་ཞབས་བརྟེན་སྟེ། །ཞལ་ལུང་བརྒྱུད་པ་མ་ཆད་ཉན། །ཐུན་མོང་ཕྱི་ཡི་རིག་པ་རྣམས། །རང་གིས་བླངས་བ་མ་འགག་ཡང་། །བློ་མཐུ་ཆེས་རྨད་ཕུལ་བྱུང་ལས། །དེ་ཡང་སློབ་དཔོན་བསྙེན་ཉིད་བཟང་། །དེ་སྐད་སྐར་རྩིས་གསར་བུ་པར། །ཕན་ཕྱིར་ཚིག་དོན་གསལ་བ་འདི། །བགྱིས་པའི་དགེ་ཚོགས་མཆིས་གྱུར་ཀུན། །ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་ཤོག །

ཅེས་པ་རང་རིག་པ་འཛིན་པ་ཚེ་དབང་ནོར་བུས་རབ་བྱུང་ཉི་མའི་ཆུ་ཕག་གྲོ་ཞུན་ཟླ་བའི་ཡར་ཚེས་བཟང་པོ་བརྒྱད་ཀྱི་ཐུན་པར་ཁ་ཤས་སུ་སྦྱར་བའོ། །སརྦ་མངྒ་ལཾ།

རྒྱུད་དགོངས་ལོ་འཕོ་དགུན་འབྲིང་རྒྱལ་ཉ་ཟླ་བའི་དང་པོར་བཞག་པའི་ཚུལ་ཉུང་ངུ་དོན་གསལ།

༄༅། །རྒྱུད་དགོངས་ལོ་འཕོ་དགུན་འབྲིང་རྒྱལ་ཉ་ཟླ་བའི་དང་པོར་བཞག་པའི་ཚུལ་ཉུང་ངུ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་བཛྲ་པི་ཋ་ཌཱ་ཀི་ནཱི་ས་མུ་ཏྲཱ་ཡ། རྡོ་རྗེ་གདན་བཞི་རྣལ་འབྱོར་ཀུན་སྤྱོད་རྒྱུད། །རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་རྒྱ་མཚོ་དང་། །རྡོ་རྗེ་གཙུག་ལག་ལ་སོགས་ཚད་མ་ཡི། །རྒྱུད་སྡེ་མང་པོར་མཐུན་པར་གསུང་བ་བཞིན། །རྫོགས་སངས་རྒྱས་པ་པདྨ་སམ་བྷ་ཝས། །རྒྱལ་གྱི་ཟླ་བ་ལོ་འཕོའི་མཚམས་སུ་བཞེད། །འོན་ཀྱང་མར་ངོ་སྔོན་འགྲོ་བྱེད་པ་ན། །མགོ་ཟླའི་བཅུ་དྲུག་ལོ་ཡི་འཕོ་མཚམས་སྣང་། །ཅི་ཕྱིར་ས་ག་མར་ངོ་སྔོན་འགྲོའི་ཚེ། །ནག་པའི་བཅུ་དྲུག་ནས་བརྩམས་དུས་འཁོར་གྱི། །འགྲེལ་ཆེན་དགོངས་དོན་ཡིན་ཞེས་དུས་འཁོར་གྱི། །མཁས་གྱུར་མང་པོས་སྒྲོགས་ན་སུ་ཡིས་རྒོལ། །དུས་འཁོར་ཉི་ཁྱིམ་འཕོ་དབང་ནག་པའི་ཟླ། །དང་པོར་ཞག་ཀྱང་རྟེན་འབྲེལ་ཐོག་མ་ནི། །རྒྱལ་ཟླ་ནས་བརྩམས་རྒྱུད་དང་འགྲེལ་པས་བསྟན། །དེས་ཀྱང་རྒྱལ་ཟླ་དང་པོའི་བསྒྲུབ་བྱེད་གྱུར། །གཞན་གྱུར་འགའ་ཞིག་མཆུ་ཟླ་མོ་མགོ་དང་། །ཁ་ཅིག་དབོ་ཟླ་ཁ་ཅིག་སྣྲོན་ཟླ་དང་། །ཁ་ཅིག་སྨིན་དྲུག་ཁ་ཅིག་མགོ་ཟླ་དེ། །དེ་དག་ལོ་འཕོ་ཟླ་བའི་ཐོག་མ་རུ། །ཡིན་ཞེས་སྨྲ་བ་དེ་རྣམས་དགོས་དབང་གི །རྒྱལ་བས་རྣམ་གྲངས་ཅན་གསུང་སུ་ཡིས་འགོག །གཞན་ཡང་དུས་དྲུག་དུས་བཞིའི་རྣམ་བཞག་དང་། །ཟླ་བ་ཡར་ངོ་མར་ངོའི་སྔོན་འགྲོ་སོགས། །མནའ་ཆོག་ད་ཆོག་ཇི་བཞིན་མཁས་པའི་སྲོལ། །རང་རང་མ་འཁྲུལ་སྤྱོད་ན་དོན་ལྡན་ཡིན། །འོན་ཀྱང་རང་ལུགས་ལོ་མགོ་རྒྱལ་ཟླ་རུ། །གཏན་ཚིགས་ཚད་མའི་རྒྱུད་སྡེ་མང་པོ་དང་། །གྲུབ་པའི་སློབ་དཔོན་མང་པོའི་ཞལ་ལུང་གུང་། །མཐུན་པས་ཡིད་ཆེས་གནས་སུ་ཁས་བླང་བྱས། །དེ་ལ་དགག་བཞག་སྤང་བའང་བགྱིད་ཡོད་མོད། །དེ་ལྟ་ནའང་དེ་ཚུལ་བཏང་སྙོམས་མཛེས། །དེ་སྐད་རྣལ་འབྱོར་ཚེ་དབང་ནོར་བུ་ཡིས། །ཤེས་བཞིན་དྲང་པོར་ཉུང་གསལ་ངག་གིས་སྨྲས། །དེ་ལ་དགེ་བའི་ཆ་ཤས་མཆིས་པ་རྣམས། །བློ་ལྡན་རྣམས་ཀྱི་དགོངས་པ་བསྐང་བ་དང་། །བླང་དོར་གནས་ལ་འཁྲུལ་པ་མི་འབྱུང་ཞིང་། །ཀུན་རྫོབ་བདེན་པ་རྟེན་འབྲེལ་བཟང་པོའི་ཆ། །གོང་འཕེལ་ཕུན་ཚོགས་རྫོགས་ལྡན་དཔལ་འབྱོར་གྱིས། །ཕ་མའི་རང་བཞིན་འགྲོ་ཀུན་འཚོ་བར་ཤོག །

ཅེས་པ་ཡང་རྣལ་འབྱོར་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་རྐོང་ཡུལ་ཤིང་ལོའི་ཚལ་གུ་རུའི་གནས་ཆེན་ལྐོག་འཕྲང་དུ། རབ་ཉི་ཆུ་ཁྱི་སྦོ་ཟླའི་དཀར་ཕྱོགས་དགའ་བ་གསུམ་པར་སྨྲས་པ་སརྦ་མངྒ་ལཾ།

ན་མོ་བྷ་ཝ་ཏེ་པྲཛྙཱ་པཱ་ར་མི་ཏཱ་ཡེ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་པ་རི་པུ་རི་ཀཱ་ཡེ། ཏདྱ་ཐཱ་བིཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། རྒྱ་དཔེ་དངོས་ལས་རྣལ་འབྱོར་ཚེ་དབང་ནོར་བུས་བསྡུས་སོ། །ཙྱོག་ཀྱེ་ཏ་ཏ་ལ་ཙྱ་ཀྱེ། ལོ་ཧ་ལོ། མ་ཧཱ་ལོ་ཧ་ལོ། ཨ་ལ་ཙ་ལ་ཏ་ལ་སྭཱ་ཧཱ། དེ་བཞིན་གཤེགས་པ་ལ་འདོད་ཁམས་བདག་པོས་ཕུལ་བའི་རིགས་སྔགས་མདོ་སྡེ་མྱང་འདས་ནས་གསུང་བའོ། །པུརྦཔོཥཱདིསྠཱཔབྱཾ། ཤར་ནས་རྒྱལ་ཟླ་ལ་སོགས་བཞག་གདན་བཞིའི་རྒྱུད་རྩིས་འཁྲུལ་མེད་རྒྱ་དཔེར་བཞུགས་བཞིན་པ་ཡིན།

རིག་འཛིན་གྲུབ་པའི་རྩིས་ཀྱི་རྩ་དོན་གྲུབ་པ་ནོར་བུའི་ལྗོན་ཤིང་ཕུན་ཚོགས་སྙེ་མ་རབ་ཏུ་རྒྱས་བྱེད།

༄༅། །རིག་འཛིན་གྲུབ་པའི་རྩིས་ཀྱི་རྩ་དོན་གྲུབ་པ་ནོར་བུའི་ལྗོན་ཤིང་ཕུན་ཚོགས་སྙེ་མ་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་བཞུགས། །

༈ ཨོཾ་སྭཱསྟི། ན་མཿཤྲཱི་ཀ་ལ་ཙཀྲ་ཡ། རིགས་དྲུག་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་འཛིན། །སྲིད་ཞིའི་སྤྱི་དཔལ་བླ་མར་ཕྱག་བྱས་ནས། །མན་ངག་གྲུབ་པའི་མཐར་བརྟེན་སྐར་རྩིས་ཀྱི། །རྩ་བ་དུས་འཁོར་ནས་གསུང་རྩིས་འཕྲོ་ཉིད། །བདག་གི་རྣམ་པར་དཔྱད་པའི་ཡུལ་འདི་ལ། །མཛེས་པའི་རྣམ་པར་གྱུར་པ་མང་མོད་ཀྱང་། །རྒྱུད་དོན་རྒྱལ་པོའི་རྒྱན་དུ་འོས་པ་ནི། །དྲང་(༢༠༧)སྲོང་མཁའ་རི་དག་པ་དེ་ཉིད་ལ(༢༥)། །སླར་ཡང་དྲང་སྲོང་མཁའ་རི་ཡོངས་བཀོད་པ། །རིན་ཆེན་ཕྲེང་བ་བཞི་བརྒྱ་(༤༠༠)བསྒྲང་བའི་སར། །དོན་གྲུབ་ནོར་བུའི་དོ་ཤལ་ཡང་དག་ཞིག །རྙེད་པའི་དགའ་སྟོན་སྐལ་ལྡན་གྱུར་རྣམས་སྤྱོད། །དེ་འདི་སྐར་རྩིས་ལྗོན་ཤིང་རྩ་བ་སྟེ། །ཕུན་ཚོགས་རྒྱལ་གསུང་རྒྱུད་དོན་ཇི་བཞིན་པ། །མཛེས་བརྒྱན་རིན་ཆེན་གྲུབ་པའི་སྙེ་མ་འདི། །ལེགས་བཤད་ཡིད་བཞིན་རབ་ཏུ་རྒྱས་བྱེད་ཡིན། །འདི་ཀོ་སྔོན་གྱི་རིག་བྱེད་ད་ལྟ་ཡི། །ཡོན་ཏན་གནས་སུ་དྲངས་བས་ནམ་མཁའ་མཛོད། །ལོངས་སྤྱོད་ཀླུ་དབང་དག་གིས་འགེངས་པར་ངེས། །སྲང་ལ་ནོར་བུ་ཆ་དགུ་བཏེག་བྱས་ཤིང་། །ཆ་ཤས་དྲང་སྲོང་མིག་གི་དུས་ཚོད་བལྟས། །འདི་ནི་བཱ་རའི་རྐང་པ་ཉིད་དུ་ཐོབ། །ཚོགས་བསགས་བཀྲ་ཤིས་རྟགས་ཀྱི་རི་མོ་ལ། །ཆ་ཤས་དབང་བསྒྱུར་ཡོན་ཏན་ནོར་ལྷའི་བུ། །སྔོན་རབས་ལོ་རྒྱུས་དྲང་སྲོང་བསྒྲོད་དྲན་ནས། །ལག་པས་ཆུ་གཏེར་བཅུས་ཤིང་འདིར་འདྲེན་པས། །ཐུབ་པ་སྟེངས་བཞུགས་དེ་ཉིད་ཟླ་བས་གདན། །ངོ་མཚར་འདི་ནི་རྫུན་མེད་ཉིད་དུ་མཐོང་། །མཆོག་གི་རྐང་པར་མཱ་ས་ཅིག་ཕུལ་བས། །དྲི་མེད་འོད་མཆོག་གསལ་བར་ཐེ་ཚོམ་མེད། །ཨརྐ་དེ་ཉིད་དབྱུག་གི་རི་རྩེ་ལ། །མིག་ཕྱོགས་བསྣན་པས་མཁའ་དང་རི་རྒྱ་མཚོ། །མདའ་ཆུས་དོར་ལྷག་ལྷག་དེས་སྟེགས་སྦྱངས་བས། །རྒྱུད་ཀྱི་རྩིས་འཕྲོ་གསལ་གྱུར་ཏ་ལ་ལ། །འདི་ཡི་ཉི་མ་ཇི་བཞིན་དེ་འཆར་ཚེ། །སྟོབས་ཀྱི་རྒྱལ་པོ་སྒྲ་གཅན་ལོངས་སྤྱོད་དུ། །དབང་པོ་རྒྱ་མཚོ་སྟེར་དང་འཕྲོག་པའི་གནད། །གང་ཡིན་གསལ་བས་ངེས་ཤེས་སྐྱེ་བར་ངེས། །རྟོག་གེ་མངོན་རློམ་ཅན་ལ་ཆ་མེད་ཀྱང་། །མཆོག་གྱུར་རྣམས་ནི་འདིར་དགྱེས་གདོན་མི་ཟ། །རྫོགས་སངས་རྒྱས་ཀྱི་བཀའ་ལས་ལྷག་པ་ཅི། །མཚུངས་པ་ཡང་མེད་དེས་ན་དེས་གསུང་རྒྱུན། །དེ་ལ་བདག་ནི་སྙིང་ནས་གུས་པ་ཡི། །དེ་ཡི་རྩིས་འཕྲོར་སེམས་ནས་འབད་འདི་བགྱིས། །ངལ་བྱས་དེ་ཡང་དོན་མེད་མ་ཡིན་པར། །རྣམ་པར་རྒྱལ་བ་འགྲོ་བའི་བླ་མ་ཆེ། །སངས་རྒྱས་ཉི་མ་ཤཱཀྱ་ཐུབ་པ་ཡི། །གོ་འཕང་ཉིད་ལ་འགྲོ་འདྲེན་རྒྱུར་གྱུར་ཤོག །

ཞེས་པ་ཡང་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུས་བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་ཉམས་གསོ་སྲོག་ཤིང་འདྲེན་པའི་དུས་རབས་འདོད་ཀྱི་དཔལ་གདོང་ཆུ་བྱའི་མཐའ་ཕལ་ཀུན་ཟླ་བའི་དམར་ཕྱོགས་དགའ་བ་གཉིས་པར་བ་ཡུལ་ཚ་ཤོད་བྷ་ག་ཏ་པ་ཞེས་སུ་བྲིས་པའོ། །དགེའོ། །དགེའོ། །

གྲུབ་རྩིས་ཀུན་མཛེས་ནོར་བུའི་མེ་ལོང་།

༄༅། །གྲུབ་རྩིས་ཀུན་མཛེས་ནོར་བུའི་མེ་ལོང་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ། ན་མོ་བུདྡྷཱ་ཡ། ན་མཿཤྲཱི་ཀ་ལ་ཙཀྲ་ཡ། རྒྱལ་དབང་པདྨའི་ཐུགས་རྗེ་འཇུག་པ་ལས། །གྲུབ་པའི་རྩིས་ལུགས་ཀུན་ལ་ཁྱད་པར་མཆོག །ཀུན་མཛེས་ནོར་བུའི་མེ་ལོང་ཞེས་བྱ་བ། །རིག་འཛིན་གྲུབ་པའི་རྩིས་དེ་དགེ་གྱུར་ཅིག །རཱཀྵཀྵ་ཞེས་དགའ་དབང་ངམ་མིག་མར། །འདས་ལོ་རིམ་བསྲེས་བཅུ་གཉིས་དག་གིས་བསྒྱུར། །གནས་གཉིས་འོག་མ་ལག་པས་སྤེལ་ཤོལ་འཕྲོ། །རྒྱུད་དང་མཐུན་བྱས་དེས་ན་ཉེར་གཉིས་བྱིན། །དེ་ལ་གཟའ་ཚེས་ཉི་མའི་དྷྲུ་བ་བསྒྲུབ། །གྲ་ཧའི་དྷྲུ་བར་གཅིག་དང་ཉི་ཤུ་དང་། །ཉེར་གཉིས་བཞི་དང་གཅིག་བརྒྱ་ཞེ་བརྒྱད་བརྒྱན། །ཚོགས་ཆ་ཚོགས་ལ་ནོར་ལྷ་ཆ་ཤས་གཏེར། །སུརྟྱའི་དྷྲུ་ཝར་མཁའ་དང་ཆུ་གཏེར་དང་། །མེ་དང་རིག་བྱེད་དང་ནི་མཁའ་དབང་སྦྱིན། །ལོ་བདག་སྒྲ་གཅན་གཟའ་ལྔའི་རྩིས་འཕྲོ་རྣམས། །རྣམ་དག་རྒྱུད་ནས་འབྱུང་ཉིད་ཁོ་ནར་སྤྱོད། །རིག་འཛིན་པདྨའི་ཐུགས་རྗེ་ལས་གྲུབ་པའི། །སྐར་རྩིས་ཀུན་མཛེས་ནོར་བུའི་མེ་ལོང་གང་། །བློ་ལྡན་རྣམས་ལ་རྩ་བའི་ས་བོན་འདི། །མཐོང་བ་ཙམ་གྱིས་བདེ་བླག་ཉིད་དུ་འགྱུར། །ཚུལ་འདི་གཞན་འགྲན་ཁེ་གྲགས་སྒྲོགས་ཕྱིར་མིན། །རྒྱུད་དོན་གུ་རུའི་བསྟན་པའི་རྒྱན་དུ་དམིགས། །ལྷག་བསམ་གྱིས་འབད་དགེ་དེས་འགྲོ་ཀུན་གྱིས། །བླང་དོར་གསལ་བའི་སྒྲོན་མེ་འདི་རྒྱས་ཤོག །

ཞེས་པ་ཡང་དཔལ་རིག་པ་འཛིན་པ་སྨྲས་པ་སརྦ་མངྒ་ལཾ།

ན་མོ་གོཪྵ་ནཱ་ཐ་ཤྲཱི་མཾ། འཕགས་པའི་ཡུལ་ན་ཐུབ་པའི་རྒྱལ་ཚབ་ཆེ། །རྟོགས་པའི་མངའ་བདག་གྲུབ་པའི་དབང་ཕྱུག་མཆོག །བརྒྱད་ཅུར་གྲགས་ལས་དེང་དུས་ཕྲིན་ལས་རྒྱུན། །མ་ནུབ་འཕགས་པའི་ཡུལ་དུ་རྒྱས་པ་ནི། །ཤར་ཕྱོགས་ནག་པོའི་རྗེས་འབྲང་ཙཱརྱ་པ། །ལྷོ་རུ་ཀླུ་གྲུབ་གདུལ་བྱ་དྷརྨཱ་པ། །ནུབ་ནི་ལ་ཝའི་དྲོལ་འཛིན་བ་ལིནྟ། །བྱང་ཕྱོགས་གུཪྵེའི་རྗེས་འཇུག་༼ཨ་ཏེ་པ་ས་ཡང་ཟེར་༽ཛོ་ཀི་མང་། །ཐུབ་དབང་དྲག་པོར་བལྟམས་ནས་བརྒྱད་ཅུ་ཞིག །ལྕགས་འབྲུག་ལོ་ལ་ཆོས་ཀྱི་དབྱིངས་སུ་རྣལ། །དེ་ནས་བརྒྱ་དང་བཅུ་ལ་རྒྱལ་བསྟན་གྱི། །གཏན་རབས་བདུན་རྫོགས་བཞི་བརྒྱ་ལོན་པ་ན། །མགོན་པོ་ཀླུ་སྒྲུབ་འཇིག་རྟེན་སྒྲོན་མར་བྱོན། །དགུ་བརྒྱ་འདས་སྐབས་འཁོར་ལོ་གསུམ་པ་ཡི། །དགོངས་དོན་མཐར་ཐུག་སྨྲ་བ་ཐོགས་མེད་བྱོན། །དེ་ཡི་གཅུང་པོ་སློབ་དཔོན་དབྱིག་གཉེན་དང་། །བོད་རྒྱལ་ཐོ་ཐོ་རི་དང་དུས་མཚུངས་འདོད། །དབྱིག་གཉེན་སློབ་མ་ཕྱོགས་ཀྱི་གླང་པོ་སྟེ། །དེ་ཡི་སློབ་མར་གྱུར་པ་ཆོས་སྐྱོང་བྱ། །འཕགས་མཆོག་ཆོས་གྲགས་དེ་ཡི་སློབ་མ་ཡིན། །དེ་དང་བོད་ཡུལ་རྒྱལ་པོ་སྤྱན་རས་གཟིགས། །སྲོང་བཙན་ཞབས་དང་དུས་མཚུངས་མཁས་རྣམས་འདོད། །དེས་ན་རྒྱལ་བ་འདས་ནས་ལོ་སྟོང་དང་། །ལྔ་བརྒྱ་ཉག་མ་བརྒྱད་ན་སྲོང་བཙན་འཁྲུངས། །དེ་ཡི་རིག་པས་ཛོ་ཀི་དབང་ཕྱུག་ཆེ། །བ་གླང་བསྲུང་བའི་མགོན་པོ་གང་དེ་ཡང་། །སངས་རྒྱས་འདས་ནས་ལོ་སྟོང་ཕྲག་གཅིག་དང་། །བརྒྱ་ཕྲག་ལྔ་པའི་ཁོངས་སུ་འཁྲུངས་བར་ཤེས། །ཅི་ཞེས་ཆོས་སྐྱོང་སློབ་མ་མཁས་པ་ནི། །དེ་ཝ་ཤྲཱ་མ་བྱ་བས་ལྷོ་ཕྱོགས་སུ། །འགྲོ་དོན་སྐྱོང་ནས་པ་ལ་ཝ་ཧ་ན། །བྱ་བའི་རྒྱལ་པོ་དེ་ཡང་ཆོས་ཀྱིས་བརྟུལ། །རྒྱལ་པོ་འདི་དུས་བ་བསྲུང་མགོན་པོ་ཡང་། །བྱོན་པ་ཡིན་ཞེས་མཁས་མཆོག་གིས་བཞེད་པས། །སྲོང་བཙན་སྒམ་པོའི་སྔོན་ཙམ་བྱོན་པ་རུ། །དེས་རྟོགས་ནུས་ཏེ་དེ་ཕྱིར་བསྲུང་མགོན་ནི། །འཁྲུངས་ནས་ད་ལྟའི་བར་དུ་ལོ་སྟོང་དང་། །བརྒྱ་འདས་ཉིས་བརྒྱའི་ཁོངས་སུ་གནས་པར་མངོན། །མགོན་པོ་འདི་ཉིད་སེམས་ཅན་འབུམ་ཕྲག་བརྒྱ། །མཁའ་སྤྱོད་ཞིང་དུ་གཤེགས་པར་མ་གྱུར་བར། །སྐུ་ཡི་བཀོད་པ་བསྐལ་ལྡན་གདུལ་བྱ་ལ། །འགོག་པ་མེད་པར་མངོན་སུམ་སྣང་བར་མཛད། །

ཙི་ན་གསེར་གྱི་གཙུག་ལག་འབྱུང་རྩིས་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཤིན་ཏུ་གཅེས་པ།

༄༅། །ཙི་ན་གསེར་གྱི་གཙུག་ལག་འབྱུང་རྩིས་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཤིན་ཏུ་གཅེས་པ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་བྱིས་སྦའི་གཟུགས། །མཚན་དཔེས་རབ་བརྒྱན་ཕུད་ལྔ་མེ་ཏོག་ཐོད། །ཉི་མ་བྱེ་བའི་འོད་འཕྲོས་འོད་ཆེན་པོ། །མ་རིག་མུན་སེལ་སྒྲོན་མེ་མཆོག་དེར་འདུད། །ཙི་ནའི་ཁབ་ནས་གསེར་གྱི་གཙུག་ལག་རྩིས། །འདིར་འདྲེན་མཁྱེན་ལྡན་སྔོན་དུ་བྱུང་རྣམས་དང་། །དེང་དུས་གངས་ཅན་འདི་ན་མཁས་པའི་ཕུལ། །གཙུག་ལག་ཆོས་ཀྱི་སྣང་བ་གང་དེ་རྒྱལ། །འཕགས་ཡུལ་སྐར་རྩིས་པ་ཊ་ནི། །ལོ་རེ་བཞིན་དུ་སྤོ་དགོས་ལྟར། །ཙི་ནའི་ལི་ཐུ་ཡང་ཞིབ་མོར། །ལོ་རེ་བཞིན་དུ་བསྒྱུར་བར་ཤེས། །དེས་ན་བོད་འདིར་ལོ་གཅིག་ལྟར། །འཕོ་མེད་བརྟག་པའི་ལི་ཐུ་འདི། །འོལ་ཕྱེ་ཙམ་ལས་ཕལ་ཆེར་འཁྲུལ། །མ་འཁྲུལ་རི་མོ་འདི་ལྟར་བྱ། །རབ་བྱུང་བཅུ་གསུམ་སོགས་འདས་ལོ། །ཉི་མས་བསྒྱུར་ལ་འདས་པའི་ཟླ། །རྒྱ་ནག་ས་ཡི་དཔྱིད་ར་བ། །ཧོར་ཟླ་དང་པོ་ལ་སོགས་བསྲེ། །འདིར་ནི་འཕགས་ཡུལ་རྩིས་དང་བསྟུན། །ནག་ཟླ་ལ་སོགས་རིམ་པར་སྟེ། །གནས་གཉིས་འོག་མ་ལག་པས་བསྒྱུར། །རི་རྩེ་(༣༧)བསྲེས་ལ་དབང་དུས་ཀྱིས(༣༧)། །བགོས་ནོར་སྟེང་བྱིན་ཟླ་དག་པ། །དེ་ནི་ཐིག་ལེ་མེ་(༣༠)ཡིས་བསྒྱུར། །གནས་གསུམ་འོག་མ་རྩེ་བྲོ་(༥༦༣)དབང་། །བར་མར་ཐུབ་(༧)པ་རྩིས་ཕྲོར་བྱིན། །རི་མཁའ་(༧༠༧)རི་དང་ཆུ་(༦)རོ་ཡིས(༤)། །བགོས་པའི་ནོར་གྱི་སྟེང་སྦྱངས་ལྷག །གནས་ལྔར་བཀོད་ལ་རིམ་པ་བཞིན། །རྩིས་འཕྲོ་བདེ་འབྱུང་(༡༡)དང་དབང་པོ(༤)། །འདོད་ཡོན་(༥)དང་ནི་ཐུབ་པ་(༧)དང་། །རི་བོང་(༡)འཛིན་རྣམས་མ་ནོར་བྱིན། །དེ་ནས་རིམ་བཞིན་ཉི་མ་(༡༢)ཕྱོགས(༡༠)། །སྨེ་(༧)སྤར་(༨)རེས་གཟའི་(༧)འཁོར་ལོ་ཡི། །བགོས་ལྷག་ཉི་མ་འབྱུང་བ་དང་། །སྨེ་བ་པཱ་ཀོན་རེས་གཟར་འགྱུར། །གཅིག་(༡)ཤར་འབྲུག་ཉི་ཐིག་(༠)ཤར་ཡོས། །ལྷག་མ་གོ་རིམ་དེས་ཤེས་བྱ། །འབྱུང་བ་དགུ་ཐིག་ཤིང་གཅིག་གཉིས། །མེའོ་བདུན་བརྒྱད་ཆུ་བར་ཤེས། །སྨེ་བ་དགུའི་སྤྱད་ལྷག་མ་ཡི། །སླར་ཡང་བཅུ་ལ་འཕྲི་བར་བྱ། །འཕྲི་བྱེད་ལྷག་མ་མེད་གྱུར་ན། །བགོད་(༧)བྱེད་ཉིད་ཀྱིས་ཕྱོགས་ལ་(༠)སྦྱངས། །དེ་ལྷག་དགུ་ནས་གཅིག་གི་བར། །ལུགས་བཟློག་ཉི་མའི་སྨེ་བར་ཤེས། །མི་གཅིག་ཐིག་ཟིན་པཱ་བཀོན་ནོ། །རེས་གཟའ་སྐར་རྩིས་ཉིད་དུ་གཅིག །ངེས་པ་ལན་གཅིག་རྙེད་པ་ནས། །ཕྱིན་ཆད་ཉིན་ཞག་བསྒྲང་ནའང་འགྲུབ། །འོན་ཀྱང་རེ་བཞིའི་ཆ་རྫོགས་ཆེ། །ཙི་ནའི་ལུགས་ཀྱི་ཟླ་བ་ཆུང་། །འཕགས་ཡུལ་ཞག་མི་ཐུས་ཡོད་པས། །ཉི་མ་འབྱུང་བ་སྨེ་པཱ་བཀོན། །ཚེས་ཀྱི་ཆད་ལྷག་ལྟར་མིན་པར། །སྐར་རྩིས་མཁན་གྱི་རེས་གཟའ་བཞིན། །ལྷག་ཆད་མེད་པར་འགྲེལ་ཆགས་སུ། །ཇི་སྲིད་བར་དུ་འཁོར་བ་ཡིན། །དེས་ན་གཙུག་ལག་འཕྲུལ་འབྱུང་རྩིས། །རྒྱ་ནག་ལུགས་གྱུར་འབྱུང་པོའི་རིགས། །ཉི་མར་སྒྱུར་བའི་རིགས་མཐའ་དག །འདི་ལ་བརྟེན་ནས་བྱ་བ་གཅེས། །དུས་ཚོད་སྨེ་བ་པཱ་བཀོན་ཡང་། །དེ་བཞིན་རིག་པས་བདེ་བླག་འགྱུར། །དེ་སྐད་ཙི་ནའི་ཡུལ་ནས་བྱུང་བ་ཡི། །རྩིས་གཞུང་རྣམས་ལ་མེད་དུ་མི་རུང་བའི། །ཉི་མ་འབྱུང་བ་སྨེ་ན་པཱ་བཀོན་དང་། །སྐར་རྩིས་ལུགས་དང་མཐུན་གྱུར་རེས་གཟའ་བཅས། །ཕྱིས་དུས་རྣམ་དཔྱོད་ལྡན་པས་རྙེད་པ་ཉིད། །ལེགས་བཤད་ཁྱད་པར་ཅན་དུ་ཤེས་བཞིན་པས། །འདི་རུ་གསལ་ཕྱེས་དགེ་བས་བདག་སོགས་འགྲོ །ཀུན་མཁྱེན་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །

ཅེས་པ་སྔར་ཤིང་གླང་ལོར་བཀོད་པའི་རྩིས་འཕྲོ་འཇུག་པ་བདེ་ཕྱིར་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར་སྤོས་པ་འདི་ཡང་རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་ཚེ་དབང་ནོར་བུས་རབ་མྱོས་ལྕགས་རྟ་དབྱུག་གུ་ཟླ་བའི་དམར་ཕྱོགས་ཀྱི་ཟླ་བ་གཉིས་པ་གཟའ་སྐར་བཟང་པོ་ལ་བོད་ཡུལ་དབུས་འགྱུར་གྱི་ལྷོ་ཕྱོགས་ལོ་རེ་དཀར་པོའི་ས་ཡི་ཐིག་ལེ་སྦྱོར་རབས་ཀྱི་སྐྱེད་མོས་ཚལ་དུ་བཀོད་པ་སྟེ་དགེའོ། །

སྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་།

༄༅། །སྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མ་བྱོན་པའི་སངས་རྒྱས་དྲག་པ་སེང་གེའི་ང་རོ་ལ་ཕྱག་འཚལ་ལོ། །དེ་ནས་འདི་སྐད་དུ། ཁམས་ཡུལ་གྲོང་ཁྱེར་འགྲོ་གནས་ཚོར། །སྡེར་སྦྱོར་འདོད་ལྷ་དགའ་བྱེད་པ། །མོའི་སྲས་ལེགས་ལྡན་འབྱོར་པ་སྟེ། །གྲངས་རྩ་དྲུག་གི་མངོན་བརྗོད་མིང་། །རྩ་བར་མི་མང་དེས་ན་འདིར། །རིག་བྱེད་པ་དང་སངས་རྒྱས་གཞུང་། །གཉིས་ཀ་ལ་གྲགས་རུང་མཐུན་བརྡའ། །བདག་བློས་གསར་དུ་དེང་འདིར་བཞག །དེ་ལ་ཉེས་པར་མི་སེམས་ཤིང་། །གཞན་ནས་འཕྲི་བསྣན་ཡང་མ་བྱེད། །ཕྲ་མོ་འདི་ཙམ་སྨྲས་དགེ་ཡང་། །རིགས་དྲུག་རྡོ་རྗེ་འཆང་ཐོབ་ཤོག །

ཞེས་པའང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པའོ། །

ཨ་ཐ། གཞུང་ཆུང་འདི་ལ་ཀླད་ཀྱི་དོན། །གཞུང་དང་། རྗེས་སོ། །ཀླད་ཀྱི་དོན་ནི་ཕྱག་འཚལ་བ་དང་རྩོམ་པར་དམ་བཅའ་བ། དང་པོ་ནི་བདག་ཅག་གི་སྟོན་པར་ཕྱག་འཚལ་བ་དང་། མ་བྱོན་པའི་སངས་རྒྱས་དྲུག་པ་ལ་ཕྱག་འཚལ་བའོ། །བདག་ཅག་གི་སྟོན་པ་ལ་ཕྱག་འཚལ་བ་ལ། སངས་རྒྱས་ནི་སྒྲིབ་གསུམ་དྲི་མ་དང་བཅས་པ་སངས། །སྐུ་གསུམ་ཡེ་ཤེས་མ་ལུས་ཤིང་ལུས་པ་མེད་པར་རྒྱས། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་སྐལ་དྲུག་དང་ལྡན། །སྲིད་ཞི་གཉིས་ཀ་ལས་འདས་པ་སྟེ། རྒྱུ་ཉོན་མོངས། འབྲས་བུ་ལྷ་བུ། རྒྱུ་ཕུང་པོ། འབྲས་བུ་འཆི་སྟེ་བདུད་བཞི་བཅོམ་པ་དང་། རྒྱུ་སྦྱིན་སོགས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་རང་འབྲས་ཕྱིན་དྲུག་གི་གོ་རིམ་བཞིན། དཔལ་དང་གྲགས་པ་དང་གཟུགས་བཟང་བ་དང་བརྩོན་འགྲུས་དང་། ཡེ་ཤེས་དང་དབང་ཕྱུག་སྟེ་སྐལ་བ་དྲུག་གོ །ཤཱཀྱ་ཐུབ་པ་ནི་ཤཱཀྱ་ཕོད་པ་དང་ནུས་པ་སྟེ། དུས་དེར་རྒྱལ་རིགས་དྲེགས་པ་ཅན་རྣམས་ཞི་བར་བྱེད་པས་ན་ཐུབ་པའམ། ཡང་ན་ཤཱཀྱ་ནི་འདུལ་བར་དཀའ་བ་མཐའ་དག་དང་། ཐུབ་པ་ནི་འདུལ་བྱེད་རྨད་བྱུང་བ་དོན་དུ་ཡང་རུང་སྟེ། ཕྱག་འཚལ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཤིང་སྙིང་ནས་མི་ཚད་པའི་གུས་པ་ཆེན་པོ་དང་ལྡན་པས་དེའི་མཚན་ཐོས་པ་ཙམ་གྱིས་ཐལ་མོ་སྤྱི་བོར་སྦྱར་ཞིང་ཡན་ལག་ལྔ་ས་ལ་ཕབ་སྟེ་ཕྱག་བྱས་པའོ། །མ་བྱོན་པ་ནི་འབྱུང་འགྱུར་ཏེ་གོ་སླ་ལ། སངས་རྒྱས་ནི་སྔ་མ་དང་འདྲ་ཞིང་། དྲུག་པ་ནི་བསྐལ་པ་བཟང་པོ་འདིར་སངས་རྒྱས་བརྒྱ་ཕྲག་བཅུའི་དང་པོའི་དྲུག་པའོ། །སེང་གེ་ནི་འཇིགས་པ་ཐམས་ཅད་དང་བྲལ་བའི་དོན་དང་། ང་རོ་ནི་ལོག་པར་སྨྲ་བ་མཐའ་དག་ཟིལ་གྱིས་གནོན་པ་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་སྤྲོ་བ་སྟེ། དེ་ལ་ཕྱག་འཚལ་བ་ནི་གོང་དང་མཐུན། སྐབས་འདིར་གྲངས་གནས་དྲུག་བརྗོད་པ་ལ་བསྐལ་བཟང་སངས་རྒྱས་དྲུག་པ་ལ་ཕྱག་འཚལ་བ་ནི་གནས་སྐབས་ཉམས་མཚར་བ་དང་། དོན་དུ་མ་འོངས་སངས་རྒྱས་དེ་ལ་མོས་པའི་བག་ཆགས་བཞག་ནས་ཚོགས་གཉིས་རྒྱ་ཆེར་བསགས་པའི་ཕྱིར་རོ། །རྩོམ་པར་དམ་བཅའ་བ་ནི། དེ་ནས་གྲངས་ཀྱི་བརྡ་ཆད་གཅིག་ལ་སོགས་པ་སྔོན་དུ་སོང་བའི་བརྡར་ཡང་རུང་ལ། འདིར་ཕྱག་འཚལ་ནས་ཚིག་གི་མཚམས་སྦྱར་བ་ཡིན་ནོ། །འདི་སྐད་དུ་ཅེས་པ་ནི་དངོས་གཞིར་འཇུག་པའི་ཚིག་གོ །དོན་གཉིས་པ་གཞུང་དངོས་ལ་རྩ་བ་དང་འཕྲོས་དོན་གཉིས་སོ། །དང་པོ་ནི། ཁམས་ཡུལ་གྲོང་ཁྱེར་འགྲོ་གནས་ཚོར། ཞེས་ཁམས་ནི་ས་ཆུ་མེ་རླུང་མཁའ་དང་ཡེ་ཤེས་ཏེ་དྲུག་གོ །ཡུལ་ནི་ནང་དུ་མིག་ནས་ཡིད་ཀྱི་ཡུལ་གྱི་བར་དུ་ཡང་རུང་མོད། འདིར་ནི་སྐར་རྩིས་དུས་སྦྱོར་སྐབས་སུ་ཡུལ་དྲུག་ཏུ་གསུང་པ་འཕགས་ཡུལ། བོད། ལི། རྒྱ། ཤམྦྷ་ལ། གངས་ལྡན་ཞེས་ཀཻ་ལ་ཤ་སྟེ་དྲུག་གོ །གངས་ལྡན་ལྷོ་བྱང་དུས་སྦྱོར་ཚད་ཐ་དད་དུ་བྱས་པ་ཡོད་ཀྱང་ཡུལ་གཅིག་ཉིད་ལས་མི་བཟུང་ངོ་། །གྲོང་ཁྱེར་ནི་ཡུལ་དབུས་འགྱུར་གྱི་གྲོང་ཁྱེར་ཏེ། གནས་བཅས། གཉན་ཡོད། ཝ་ར་ཎ་སི། ཙམ་པརྣ། རྒྱལ་པོའི་ཁབ། ཡངས་པ་ཅན་དང་དྲུག་གོ །འགྲོ་བ་ནི་ངན་སོང་གི་འགྲོ་བ་གསུམ་སྟེ་དམྱལ་བ་ཡི་དྭགས་དུད་འགྲོ་དང་། མཐོ་རིས་ཀྱི་འགྲོ་བ་གསུམ་སྟེ། མི་ལྷ་མིན་ལྷ་དང་དྲུག་གོ །གནས་ནི་རིགས་དྲུག་གི་གནས་དང་ལུས་ཀྱི་རྐང་མཐིལ། གསང་གནས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་དྲུག་ཀྱང་ངོ་། །ཚོར་བ་ནི་མིག ལུས་རྣ་བ་སྣ་ལྕེ་ཡིད་ཀྱི་འདུས་ཏེ་རེག་པའི་ཚོར་བའི་བར་རོ། །སྡེབ་སྦྱོར་འདོད་ལྷག་དགའ་བྱེད་པ། སྡེབ་སྦྱོར་ནི་མདོ་རྟགས་སྣ་ཚོགས་པ་ལས། སྡེབ་སྦྱོར་གྱི་འདོད་པ་དུ་ཞིག དྲུག་གོ །འདི་ལྟ་སྟེ། གཽ་ཏ་མ་དང་། ར་མ་ཡིན་དང་། མངྒ་ལཾ་དང་། སོ་སོ་པད་ཙ་ལ་དང་། ཀ་སི་ཙ་ལི་ཡ་དང་། ཨ་ར་ཤི་སེ་ན་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདོད་ལྷ་ནི། རྒྱལ་ཆེན་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲལ་དབང་བྱེད་དེ་དྲུག་གོ །དགའ་བྱེད་ནི་ཁྱབ་འཇུག་འཇུག་པ་བཅུ་ལས་རཱ་མ་གཉིས་ཡོད་པའི་སྔ་མ་ནི་ས་སྟེང་འདིར་རྒྱལ་རིགས་ཆོས་བཞིན་གྱི་ཁྲིམས་ལ་མིང་སྤྱོད་པ་རྣམས་འཇོམས་ཤིང་བྲམ་ཟེ་རྣམས་ལ་ཕན་པར་སྟོན་པ་ཡ་མ་ཨགྣའི་བུ་དགྲ་སྟ་དགའ་བྱེད་དང་། ཕྱི་མ་ནི་ལངྐའི་ཡུལ་སྡེ་འཇོམས་པར་བྱེད་པ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་དེ་འདིར་ནི་ཁྱབ་འཇུག་གི་འཇུག་པ་དྲུག་དགའ་བྱེད་སྔ་མ་དགྲ་སྟ་དགའ་བྱེད་ལ་འཛིན་དགོས་ཀྱི། དེ་དག་གི་གཏམ་རྒྱུད་ལོ་རྒྱུས་མང་ཡང་འདིར་རྒྱ་མི་བསྐྱེད་དོ། །མེའི་སྲས་ལེགས་ལྡན་འབྱོར་པ་སྟེ། ཞེས་པ་མེའི་སྲས་སམ་མེའི་བུ་ནི་གཞོན་ནུ་གདོང་དྲུག་གི་མིང་སྟེ་དེ་ནི་ལྷ་མོ་ཨུ་མས་ལྷ་ཆེན་པོའི་ཁུ་བ་དང་འདྲེས་པའི་རང་གི་རྡུལ་སྲང་སྲོང་མེ་ལྷ་བསོད་སྙོམས་པར་རྫུ་བའི་ཁར་བླུག་སྟེ་ཚ་བའི་རེག་བྱས་གདུང་ནས་རྒྱ་མཚོའི་ཆུས་ཁ་བཤལ་ནས་དེར་ཁྱེའུ་ཞིག་བྱུང་བ་སྐར་མ་སྨིན་དྲུག་ལ་གནས་པའི་ལྷ་མོ་གཞོན་ནུ་མ་དྲུག་གི་སོ་སོས་ནུ་མ་བསྣུན་པར་འདོད་པ་ན། གཞོན་ནུ་དེས་ཀྱང་ལྷ་མོ་དེ་རྣམས་མགུ་བའི་ཕྱིར་གདོང་དྲུག་སྤྲུལ་ནས་ནུ་ཞོ་བཏུང་བས་དེ་ལ་གདོང་པ་དྲུག་ཡོད་ཅིང་། གཞོན་ནུ་གདོང་དྲུག་ནི་མེ་ལྷའི་ཁ་ནས་སྐྱེས་པའི་བུ་ཡིན་པས་དེའི་བརྡའོ། །

ལེགས་ལྡན་ནི་ལེགས་སྦྱར་དུ་བྷ་ག་ཝན་ཞེས་སྔོན་གྱི་འཇིག་རྟེན་མིག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནས་དེ་བཞིན་གཤེགས་པའི་མཚན་ལ་བཅོམ་ལྡན་འདས་དང་། འཇིག་རྟེན་གྱི་ལྷ་ལ་ལེགས་ལྡན་ཞེས་སུ་མི་ནོར་བའི་ཆེད་དུ་བསྒྱུར་བར་མཛད་དེ། རྣམ་གྲངས་སུ་སྐལ་ལྡན་ཞེས་ཀྱང་རུང་ངོ་། །སངས་རྒྱས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཡོན་ཏན་དྲུག་མངའ་ཞིང་། ལྷ་ཆེན་པོ་རྣམས་ལ་འཇིག་རྟེན་ཐུན་མོང་པའི་ཡོན་ཏན་དྲུག་སྟེ། དེ་ཡང་དྲི་མ་མེད་པའི་མདོ་ལས། བསོད་ནམས་ཀྱི་ཚེ་སྟོབས་བརྩོན། །རྫུ་འཕྲུལ་བསྐལ་བཟང་གཟུགས་མཆོག་ཉིད། །ཞེས་གསུངས་པ་དེ་རྣམས་བསོད་ནམས་ཀྱི་མཐུས་རིགས་མཐུན་གྲུབ་པར་གྱུར་པ་ལ་ཡང་ཇི་རིགས་ཡོད་རུང་། ལྷ་ཆེན་པོ་རྣམས་ལ་ནི་ཁྱད་པར་དུ་གྱུར་པ་སྟེ་ཚེ་བསྐལ་པར་གནས་པ་དང་། སྟོབས་ཀྱི་མཐུ་ལྡན་ལྷ་མིན་སོགས་ཕ་རོལ་གནོན་པ་དང་། བརྩོན་པས་དཀའ་ཐུབ་གྲུབ་པའི་དམོད་པས་ངོ་མཚར་བ་དུ་མ་སྟོན་པ་དང་། རྫུ་འཕྲུལ་གྱི་འཇིག་རྟེན་འཕེལ་འགྲིབ་ནུས་པ་དང་། བསྐལ་བཟང་ནི་རལ་གྲི་སོགས་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཀུན་རང་དབང་དུ་སྤྱོད་ཅིང་སྔགས་ཀྱི་ནུས་པ་ཐུན་མོང་མཐའ་ཡས་པ་སྦྱིན་པར་བྱེད་པ་དང་། གཟུགས་མཆོག་ནི་འདོད་དགུ་ཅིར་ཡང་བསྒྱུར་བ་རྣམས་སོ། །འབྱོར་པ་ནི་བསོད་ནམས་ཀུན་གྱི་གཞིར་བྱས་ཏེ། ཚེ་དང་། བློ་གྲོས་དང་། དཔལ་དང་། གཟི་བརྗིད་དང་། དབང་ཐང་དང་། སྙན་པར་གྲགས་པ་ལ་འདོད་པ་དང་། ཡང་རིན་པོ་ཆེ་དང་། འབྲས་བུ་དང་། ཕྱུགས་དང་། འཁོར་གཡོག བུད་མེད། རིགས་དེ་བགྲང་ཚུལ་ཡང་ཡང་འདིར་དེ་ཙམ་མོ། །གཉིས་པ་འཕྲོས་དོན་ནི། གྲངས་རྩ་དྲུག་པའི་མངོན་བརྗོད་མིང་། གྲངས་རྩ་ནི་གཅིག་ནས་དགུའི་བར་བཅུ་ཡི་རྩོམ་བྱེད་དེ་གྲངས་གནས་ཐམས་ཅད་ཀྱི་གཞི་རྩ་བ་ཡིན་པས་དེ་ཡི་ནང་ཚན་དུ་གྱུར་པའི་དྲུག་པ་སྟེ། གྲངས་གནས་གོང་དུ་འཕྲོས་པ་དྲུག་དང་མ་ནོར་བའི་ཕྱིར་རོ། །རྩ་བར་མི་མང་ཞེས་དྲུག་གི་མངོན་པར་བརྗོད་པའི་བརྡའ་རྩ་བ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་གཉིས་ཀར་དྲུག་གི་བརྡར་དུས་དང་རོ་དང་། དེ་དང་འགྲེལ་བ་མཚམས་དང་བྲོ་བ་ཡང་སྦྱར་བས་རྣམ་གྲངས་བཞི་ཙམ་སྟེ་ཧ་ཅང་མི་མང་ལ། དེའི་དུས་ནི་དགུན་སྟོད། དགུན་སྨད་དཔྱིད་སོས་ཀ་དབྱར་སྟོན་ཏེ་དྲུག་ཡིན་ལ། མཚམས་ནི་ཐུན་མཚམས་དྲུག་ལ་ཡང་འཇུག་སྟེ། དེ་ལ་དུས་གསུམ་དང་དུས་བཞི་དང་མཚམས་བཞི་སོགས་ཀྱི་བརྡས་འཁྲུལ་དོགས་ཆེ་ལ། རོ་ནི་བྲོ་བ་དང་དོན་གཅིག་ཅིང་། ཁ་བ་དང་མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་དང་དྲུག་གོ །ཡང་སྐར་རྩིས་མཁན་རྣམས་ཀྱི་གྲངས་ཀྱི་བརྡར་མ་བྱས་ཀྱང་འཇིག་རྟེན་ཁམས་ལེའུ་ཚིགས་བཅད་བརྒྱ་ང་གཉིས་པར་གྲངས་ཀྱི་བརྡའ་ཆད་འོད་ཟེར་ལ་མཛད་པ་ནི་ཁ་ཅིག་གི་བཅུ་གཉིས་དང་། བདུན་དུ་འདོད་པ་དག་ཀྱང་མི་འཐད་ལ། ཡང་སྔར་བཞེད་ན་སྔོན་པོ་དང་ནག་པོ་གཅིག་ཏུ་བྱས་པ་ཡང་མི་ལེགས་ཏེ། རླུང་དྲུག་འོད་ཟེར་དྲུག་གི་བདག་ཉིད་ཅན་དུ་རྒྱུད་ལས་ཡང་ཡང་གསུང་བཞིན་འདིར་ནི་དྲུག་ཏུ་འདོད་དགོས་ལ། ངེས་པར་ལྔར་བཞག་དགོས་ན་ལྗང་ཁུ་ནི་སྔོན་པོའི་བག་ལ་ཞ་བར་བྱས་ན་རྒྱུད་གཞན་དང་མཐུན་ཞིང་དག་སྦྱོར་བྱར་ཡོད་ཀྱང་།

གྲངས་ཀྱི་བརྡར་བཞག་སྐབས་གོང་གི་བཤད་པ་ཉིད་ལས་གཞན་དུ་མི་འོས་སོ། །དེས་ན་འདིར། རིག་བྱེད་པ་དང་སངས་རྒྱས་གཞུང་། གཉིས་ཀ་ལ་གྲགས་རུང་མཐུན་བརྡའ། བདག་བློས་གསར་དུ་དེང་འདིར་བཞག ཞེས་པ་དེ་ཡང་དུས་ཀྱི་འཁོར་ལོ་གསུང་པའི་གྲངས་ཀྱི་བརྡའ་འདི་རྣམས་ཕྱི་རོལ་རིག་བྱེད་པ་དང་མཐུན་པར་གསུང་པ་འགའ་ཞིག་སྟེ། དཔེར་མཚོན་ན་གཅིག་གི་བརྡར་གཟུགས་ཞེས་པ་རུ་པའི་སྒྲ་སྟེ་རང་བཞིན་ལ་འཇུག་ཅིང་། དེ་ཡང་རིག་བྱེད་པའི་གང་ཟག་གི་བདག་གཅིག་པུ་པ། རྟག་པ་རང་དབང་ཅན་དུ་འདོད་པའི་གཅིག་པུ་པའི་མཚན་ཉིད་དེར་སྣང་ལ། གཞན་ནང་པའི་གཞུང་ལུགས་ལྟར་ན་གཟུགས་གཅིག་ཁོ་ནར་ཅི་ལྟར་འགྱུར་ལྟར་དགའ་རྣམས་སོམས་ཤིག །འདིར་དྲུག་གི་སྒྲར་ཚོར་བ་བཞག་ནས་གོང་དུ་ནང་པའི་གཞུང་ལྟར་བཀྲལ་ཡང་། ཕྱི་རོལ་པས་ནི་གང་ཟག་གི་བརྡའ་བདག་རྟག་པ་སྐྱེས་བུ་ཚང་པས་རང་དབང་དུ་སྤྱོད་པ་ཞིག་ལ་འདོད་དེ་འོན་ཀྱང་ཚོར་བར་གྲགས་པ་གྲངས་གནས་དྲུག་ནི་མཐུན་པས་ཡིན་ནོ། །དེས་ན་དམ་པ་རི་དྭགས་དབང་པོ་ཁ་ཅིག་གིས་ཉེར་བཞིའི་བརྡར་རྒྱལ་བ་ལ། ལང་གཤེགས་སུ་གསུངས་པའི་སངས་རྒྱས་ཉེར་བཞི་ཡིན་པར་བཞེད་པ་དང་། བདུན་པ་སངས་རྒྱས་རབ་བདུན་དུ་འདོད་པ་སོགས་ནི་དཔའ་ཆེན་སྟག་གི་མགུར་ནས་བྱི་ལའི་སྐད་འབྱིན་ལྟ་བུར་གྱུར་པས་མི་ལེགས་སོ། །

གཞན་ཕྱིས་བྱུང་རྩིས་ཀྱི་བསྟན་བཅོས་ཁ་ཅིག་ཏུ་ཧེ་རུ་ཀ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་བརྡར་བཞག་པ་ཡང་མི་ལེགས་ཏེ། དེ་རུང་ན་དུས་འཁོར་གྱི་ལྷ་མོ་བརྒྱད་དང་། ལྷ་ཆེན་བཅུ་གཉིས་ཀྱང་། གྲངས་དེ་དག་གི་བརྡར་བྱས་ན་མི་འཐད་པར་ག་ལ་འགྱུར། དེ་ལྟར་གཞུང་དུ་ཡང་མེད་ཅིང་སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་མ་བྱས་སོ། །དོན་དཔེར་ན་འདིར་ནི་ཕྱི་རོལ་རིག་བྱེད་ཀྱི་གཞུང་དང་སངས་རྒྱས་པ་གཉིས་ཀར་གྲགས་པའི་རུང་མཐུན་གྱི་བརྡའ་གྲངས་གནས་དྲུག་གི་བསྒྲང་བྱ་ལ་མི་རྨོངས་ཤིང་མི་འཁྲུལ་བའི་ཕྱིར་སྦྱར་དུ་རུང་བའི་མངོན་བརྗོད་ཇི་སྙེད་པ་ལས་འདིར་རྣམ་གྲངས་བཅུ་གཅིག་གམ། སྐལ་ལྡན་ལེགས་ལྡན་ཐ་དད་དུ་བྱས་ན་བཅུ་གཉིས་ཙམ་ཞིག་སྔར་གཞན་གྱི་མཛད་པ་མ་མཐོང་ཡང་བདག་གི་བློས་གསར་དུ་བཞག་ཅིང་དུས་འཁོར་ནས་གསུང་པའི་བརྡའ་ལྔ་དང་བཅས་པའི་ཁྱོན་བཅུ་དྲུག་སྟེ། དེ་དག་འདིར་གསལ་བར་བཀོད་པ་ཡིན་ནོ་ཞེས་པའོ། །དོན་གསུམ་པ་རྗེས་ཀྱི་བྱ་བ་བསྟན་བཅོས་བརྩམ་པ་མཐར་ཕྱིན་པའི་ཚུལ་དགེ་བ་བསྔོ་བའོ། །དང་པོ་ནི་དེ་ལ་ཉེས་པར་མི་སེམས་ཤིང་། གཞན་ནས་འཕྲི་བསྣན་ཡང་མ་བྱེད། ཞེས་གདམས་པ་སྟེ། དེས་ན་བདག་གིས་བགྱིས་པ་འདི་ནི་ཕྱི་ནང་གི་གཞུང་ལུགས་ཕྱོགས་སྔ་ཡང་ཆ་ཙམ་ལོངས་ཤིང་སངས་རྒྱས་པའི་ཐུན་མོང་དང་ཁྱད་པར་བའི་སྡེ་སྣོད་ཀྱང་ཅུང་ཟད་མཐོང་ཐོས་གོ་བས་ན་ཚིགས་སུ་བཅད་པ་ཉུང་ངུ་འདི་ལ་ནི་ནོར་འཁྲུལ་མེད་པས་ན་ཉེས་པར་མི་སེམས་པས་བརྩམས་ཟིན་པའོ། །གཞན་ནས་འཕྲི་བསྣན་ཡང་མ་བྱེད། །ཞེས་པ་ནི་ཐོས་བསམ་ཆུང་བའི་གྲོང་རྩིས་གསར་བུ་བ་ཁ་ཅིག་གི་ཁོ་པས་འདི་ལྟ་བུ་ཞིག་བརྩམ་འདུག་པ་ངས་ཀྱང་རུང་ངོ་སྙམ་ནས་མི་འབྲེལ་ནོར་འཁྲུལ་དུ་གྱུར་པ་མི་གཙང་བའི་ཆུ་བླང་ནས་དག་བྱེད་དུ་སེམས་པ་ལྟར་བྱུང་ན་མི་ལེགས་སྙམ་པ་ལས་གཞན་དགག་པ་མེད་དོ། །

གཉིས་པ་དགེ་བསྔོ་བ་ནི། ཕྲ་མོ་འདི་ཙམ་སྨྲས་དགེ་ཡང་། །དྲུག་པ་རྡོར་འཆང་ཐོབ་ཕྱིར་བསྔོ། །ཞེས་པ་ནི། ཚེགས་ཆུང་ལ་ཧ་ཅང་གི་དགོས་པ་མི་ཆེ་བའི་གཞུང་ཕྲ་མོ་འདི་ཙམ་ཞིག་བརྗོད་པའི་དགེ་བ་ཡང་བཏང་སྙོམས་སུ་མི་བཞག་པར་བྱང་ཆུབ་ཀྱི་རྒྱུར་བསྔོ་ཞིང་དོན་མཆོག་དང་ལྡན་པའི་བསྟོས་གཞན་ནི་དགེ་བ་བསྔོ། ཅི་ནས་ཀྱང་རིགས་ཞེས་པའི་དོན་ཏེ། དེས་ན་ཕྲ་མོ་འདིས་ཀྱང་བློ་གསར་གྱི་སེམས་དགའ་བ་བསྐྱེད་པ་དང་། གྲངས་གནས་མི་འཁྲུལ་བ་ལ་ཅུང་ཟད་ཕན་པར་སྲིད་པའི་དགེ་བ་འདི་ཡང་འཁོར་གསུམ་ཡོངས་དག་གི་རྒྱས་བཏབ་སྟེ་རིགས་དྲུག་གི་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་བསྔོ་པའོ། །རིགས་དྲུག་ནི་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་སྟེ་ལྔ་དང་། དེ་ཐམས་ཅད་བསྐྱེད་པར་བྱེད་པའི་རྒྱུ་རྡོ་རྗེ་སེམས་དཔའ་ཉིད་འབྲས་བུ་རྒྱས་འདེབས་ཀྱི་ངོ་བོར་ཡང་སྨིན་པ་རྡོ་རྗེ་འཆང་སྟེ་གསང་ཆེན་རིགས་གཅིག་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པས་སོ། །ཞེས་པ་ནས་སྨྲས་པའི་བར་གྱི་སྦྱར་བྱང་ནི་རྩོམ་པ་པོ་སུ་ཡིན་འཁྲུལ་པ་མི་སྐྱེ་ཞིང་གང་ཡིན་རྟོགས་སླ་བས་དེས་ཁུངས་ཆེ་ཆུང་ཅི་ལྟར་འགྱུར་ཡང་བཞག་བདེ་བའོ། །དེ་ལྟར་གྲངས་གནས་དྲུག་གི་མངོན་བརྗོད་རྩ་བ་དང་ལྷན་ཅིག་པར་འགྲེལ་པ་ཡང་བརྗོད་པ་འདི་ནི་ཧ་ཅང་གི་དགོས་པ་མི་ཆེ་ཡང་ཉམས་དགའ་བའི་ངང་ཀུ་རེ་ལག་དལ་གྱི་རོལ་རྩེད་བསྒྱུར་བ་སྟེ། སྐུལ་བ་པོ་ནི། རང་གི་སློབ་མ་སྐར་རྩིས་ལ་ཆེས་བྱང་བ་དཔལ་མ་དགེ་སློང་ཀརྨ་དབང་རྒྱལ་དང་། ཁྱད་པར་རིག་གནས་དུ་མར་མཁས་གྱུར་དིང་རི་ཤར་ལུང་བ་དགེ་བསྙེན་འཇམ་དབྱངས་བློ་གྲོས་རབ་རྒྱས་པས་ལོ་ཤས་ཀྱི་གོང་ནས་གྲངས་གནས་དྲུག་གི་མངོན་བརྗོད་དགོས་ཚུལ་གསོལ་བ་དྲན་ནས་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་རྣལ་འབྱོར་སྤྱོད་པ་དེས་མངའ་རིས་མར་ཡུལ་སྟོད་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་དུ་ཆུ་སྤྲེལ་མགོ་ཟླའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པར་བྲིས་པ་སྟེ་ཚེགས་ཆུང་འདི་འདྲ་ཡང་བསྟན་བཅོས་ཆེན་པོ་ལྟར་རྩ་འགྲེལ་བཅས་ཡིན་གྱུ་གྱུ་བར་བྱས་ནས་གཞན་དག་གད་མོ་འཆོར་བའི་རྒྱུར་བརྩམས་པ་ཡི་གེ་པ་ནི་རྫོང་ཕུག་སྐུ་སྐྱེ་ཚེ་དབང་བསྟན་འཛིན་གྱིས་ཨ་ལ་ལ་ཧོ། དགེའོ། །

ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ངོ་བོ་ཉིད། །ཆ་མེད་ཀུན་འགྲོ་དུས་མེད་དུས་བཟང་པོ། །རྣམ་ཀུན་མཆོག་ལྡན་འཁོར་ལོས་བསྒྱུར་རྒྱལ་ཆེ། །སྟོན་མཆོག་སྒྱུ་འཕྲུལ་སྲས་དེར་མགོས་ཕྱག་འཚལ། ། ༡ སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར། །གཅིག་བསྡུས་རྔ་ཡབ་སིནྡྷུའི་པདྨོ་ལས། །ཉེར་བལྟམས་གསུང་གི་རྡོ་རྗེ་པདྨ་འབྱུང་། །མགོན་དེས་བདག་གཙུག་རྒྱན་དུ་རྟག་མཛོད་ཅིག ། ༢ བདག་སྙིང་གེ་སར་འདབ་བརྒྱད་ཟེའུ་འབྲུའི་དབུས། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དྲན་ཆོག་དངས་མའི་མགོན་པོ་རྡོ་རྗེ་འཆང་། །རྩ་བའི་བླ་མས་རྟག་ཏུ་དགྱེས་རོལ་ཤོག ། ༣ གང་འདིར་བསྐལ་བཟང་རྣམ་འདྲེན་གཙོ་བོ་ནི། །བཅོམ་ལྡན་ལྷ་ཡི་ལྷ་མཆོག་ཤཱཀྱའི་ཏོག །བྱང་ཆུབ་ཤིང་དྲུང་གཤེགས་ནས་བདུད་བརྟུལ་ཞིང་། །ཡང་དག་མངོན་པར་རྫོགས་སངས་རྒྱས་པ་ནས། ། ༤ ཉིས་སྟོང་དྲུག་བརྒྱ་ཉེར་དགུ་འདས་པའི་ལོ། །དཀར་པོ་ས་སྦྲུལ་ཧོར་ཟླ་བཅུ་གཅིག་པ། །མགོན་ཟླ་དམར་པོའི་ཕྱོགས་གང་ཉི་མའི་ཉིན། །ཉིན་ཚད་རྒྱུད་ལུགས་ཆུ་ཚོད་ཉེར་ལྔ་ལ། ། ༥ ཆུ་ཚོད་བཅུ་བདུན་སྤྱད་ཟིན་ལྷག་བརྒྱད་ཀྱི། །མཚམས་སུ་མཚུན་རྗེའི་ཕྱོགས་དང་ཉེ་བ་ནས། །རྟ་བདུན་བདག་པོའི་དཀྱིལ་འཁོར་ལྔ་ཆ་གཅིག །སྲིད་གསུམ་རྣམ་པར་རྒྱལ་བའི་སྒོ་རུ་འཇུག ། ༦ ཕྱི་རོལ་དེ་བཞིན་ནང་དུ་ཁམས་དྲུག་ལྡན། །རོལ་དང་བཅུད་ལེན་གཉིས་སྤོང་སྒོ་རུ་འཇུག །གཞན་དུ་མཐའ་གཉིས་གཡོ་བ་མཉམ་ཉིད་སྒོར། །རྟེན་ཅིང་འབྲེལ་འབྱུང་དངོས་རྗེས་ཚུལ་དུ་འཇུག ། ༧ དེ་ཚེ་ལས་བསགས་མཐའ་དག་སྟོབས་ལྡན་སྟེ། །ཀུན་རྫོབ་ལ་གཞོལ་དགེ་བའི་ཚོགས་རྣམས་ཀྱང་། །ཟླ་འཛིན་འབུམ་དང་ཉི་འཛིན་འབུམ་ཕྲག་བརྒྱར། །འགྱུར་ཚད་རྒྱལ་བའི་གསུང་ཡིན་བསླུ་བ་མེད། ། ༨ དེས་ན་དགེ་བའི་ལས་ཡིད་སྤྲོ་བའམ། །དཀོན་མཆོག་མཆོད་དང་དམན་ལ་སྦྱིན་གཏོང་དང་། །ཁྱད་པར་འཆི་ངེས་སྲོག་བསླུ་སྭཙྪ་གདབ། །ལྷ་སྒོམ་སྔགས་བཟླ་སྒོ་གསུམ་ཉེས་པ་བཤགས། ། ༩ རྡོ་རྗེའི་རྣལ་འབྱོར་སྟོང་ཉིད་དོན་བསྒོམ་སོགས། །འདུས་མ་བྱས་དང་འདུས་བྱས་དགེ་ལ་འབད། །དེ་ཡང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་བསྐྱེད་བྱང་ཆུབ་ཆེན་པོར་བསྔོ། ། ༡༠ ཉི་འཛིན་འདི་ནི་འཐིང་བར་དཀའ་བ་ཡི། །སྒོ་ཡིག་ཤེས་ལྡན་རྣམས་ཀྱིས་བག་འཛེམ་མཛད། །ཇི་བཞིན་ཐོག་ཏུ་ཁེལ་བར་མ་གྱུར་ཀྱང་། །དགེ་བ་བསྐུལ་ལ་སྡིག་པ་ཡོད་པ་མིན། ། ༡༡ ངོ་ཚ་ཤེས་པ་འཕགས་པའི་ནོར་ཡིན་ཡང་། །ཆོས་ཉིད་རྟོགས་པས་འདིར་སྣང་མི་ཞེན་པས། །བསྟོད་དང་སྨད་ལ་དེ་ཙམ་འཆིང་བ་མེད། །དེས་ན་གཟའ་འཛིན་ཡི་གེ་སྦྱར་བ་འདི། ། ༡༢ ཐོག་ཏུ་མ་ཁེལ་གྱུར་ཀྱང་བག་ཚ་མེད། །ཐོག་ཏུ་ཁེལ་ཡང་དེ་ལ་སྤྲོ་འམ་ཅི། །དེ་བས་ཅི་བདེ་མཉམ་ཉིད་ཡངས་པའི་ཀློང་། །བྱ་བྲལ་རྣལ་འབྱོར་དེ་ཡི་ཁྱད་ཆོས་ཡིན། ། ༡༣ གཞན་ཕན་ལྷག་བསམ་དུང་དང་ཀུ་མུད་ལྟར། །གཅིག་ཏུ་དཀར་བས་དགེ་བསྐུལ་ཡི་གེ་འདི། །སྦྱར་ལ་དགེ་མཆིས་མཐའ་ཡས་འགྲོ་བ་ལ། །བསྔོ་བས་ཀུན་ཀྱང་རྡོ་རྗེ་སེམས་དཔའི་གནས། ། ༡༤ བཟུང་འཛིན་འཕོ་བའི་རླུང་ཀུན་ཡོངས་བཅོམ་ནས། །འཕོ་མེད་དྷུ་ཏིར་དག་པ་ཡེ་ཤེས་རླུང་། །མི་འགྱུར་བདེ་བ་ཆེན་པོ་འོད་གསལ་སྐུ། །ཀུན་ཏུ་བཟང་པོ་ཇི་འདྲ་དེ་ཐོབ་ཤོག ། ༡༥ སརྦ་མངྒ་ལཾ། །

ཨོཾ་སྭཱསྟི། རྗེ་བཙུན་རྒྱལ་བ་ཀུན་གྱི་དངོས། །དཀྱིལ་འཁོར་འཁོར་ལོའི་བདག་པོ་མཆོག །དང་པོའི་སངས་རྒྱས་པདྨ་འབྱུང་། །དབྱེར་མེད་བདེ་ཆེན་གླིང་པ་མཆོད། །མགོན་པོ་ཀུན་གཙོ་མཆོག་གྱུར་དེ། །དུས་འདིར་རིག་འཛིན་གྲུབ་པའི་དཔལ། །རྗེ་བཙུན་པདྨ་མ་ཎི་ཡི། །ཐེག་གླིང་བསྟན་པའི་ཉི་མ་ལ། །ལན་གྲངས་འགའ་བཟུང་བསྔགས་པ་ཡི། །རྡོ་རྗེའི་གསུང་དེ་སྙིང་དབུས་སུ། །བཞག་ནས་དེ་ཡི་དགོངས་བསྐངས་སླད། །དེ་ནས་བརྒྱུད་པའི་ཆོས་ཟབ་མོ། །ཉན་བློ་སྐྱེས་ནས་སེམས་དཔའ་ཆེ། །རྗེ་བཙུན་རཏྣ་བྷ་དྲ་གང་། །ལེགས་བསྙེན་དམ་ཆོས་ཕུང་པོ་ཡི། །རྒྱུན་བཟང་ཐོབ་པའི་བཀའ་དྲིན་སྙེད། །དེ་ཡང་པད་འབྱུང་བདེ་ཆེན་གླིང་། །དགོངས་པ་རྫོགས་པའི་རྒྱུ་རུ་བསྔོ། །བདག་ནི་མི་ཤེས་བྱིས་པ་སྟེ། །འཕགས་ཆེན་དགོངས་པའི་རོལ་རྩེད་ལ། །གནོང་བའི་ལམ་དུ་གྱུར་པ་ཀུན། །མཐོལ་བཤགས་འདི་ཕྱིར་སྒྲིབ་མེད་ཤོག །སྟོབས་འབྱོར་གོ་བས་དྲེགས་པ་དང་། །ཐོས་བསམ་བསྒོམ་པའི་མངོན་རློམ་ཀུན། །བཟུང་ནས་དམ་ཆོས་སྟོན་པ་ཡི། །བླ་མའི་ཞབས་ལ་མགོ་བོ་ཡི། །གུས་པས་རྟག་ཏུ་ཕྱག་བྱས་པས། །བདེ་ཆེན་གླིང་པ་དགྱེས་གྱུར་ཤོག །བླ་མའི་སྐྱོན་ནི་བཟུང་བྱ་མིན། །བླ་མའི་ཡོན་ཏན་དྲན་བཞིན་དུ། །རིག་པ་འཛིན་པས་དེ་སྐད་སྨྲས། །སརྦ་མངྒ་ལཾ།

ཨ་ཐ། རྗེ་བླ་མ་དམ་པ་རཏྣ་བྷ་དྲ་ལ་ཕྱག་འཚལ་ལོ། །བདག་ལ་དགེ་ལེགས་སུ་མཛོད་ཅིག །ད་ལམ་གོང་མ་འཇིགས་བྲལ་ནམ་མཁའི་གསོལ་འདེབས་རྗེ་བླ་མ་རང་ཉིད་ཀྱི་རྣམ་ཐར་འཕྲོ་མཐུད། ངེད་ལ་སྨོན་ལམ་དང་བཅས་པ། གཏེར་མགོན་ཕྱག་བཞིའི་གླེགས་བམ་རྣམས་འབྱོར་བཀའ་དྲིན་ཆེན་པོས་ཁྱབ། ད་ལམ་བདག་གི་བླ་མ་བཀའ་དྲིན་ཅན་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་རིན་པོ་ཆེའི་དགོངས་རྫོགས་སུ་བལ་ཊཾ་རྒྱན་དྲུག་དཔལ་བཟང་ཉི་ཤུ་ཕུལ་བ་དང་། འཚམས་འདྲི་ལྷ་གོས་ཇ་གཤག་ཚལ་བཅས་ཟླ་༥ཚེས་༢ལ་ཡུལ་མདོ་ཁམས་སྒང་ལྔའི་དབུས་ཀཿཐོག་གི་མངའ་རིས་སུ་གཞན་དྲིང་མི་འཇོག་པར་རང་དབང་གི་ཆོས་སྨྲ་བའི་དེད་དཔོན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གདུགས་ལྟར་དུ་མཛེས་པའི་ཁྱུ་མཆོག་གཟོད་མ་ཉིད་ནས་གྲུབ་པའི་རྣལ་འབྱོར་རིག་པ་འཛིན་པ་ཡིན་ངེས་ཆེན་པོར་སློབ་མ་རྣམས་ཀྱི་སྒྲོ་བཏགས་པ་ཚེ་ཡི་དབང་པོ་དོན་གཉིས་ནོར་བུའི་གཟི་འོད་ཅན་འཇམ་དབྱངས་རྒྱ་མཚོའི་སྡེ་དཔལ་ཀུན་ཏུ་རྒྱས་པ་ཞེས་རི་ཁ་བ་ཅན་གྱི་ལྗོངས་སུ་མ་ཟད་རྒྱ་བལ་ཀུན་ཏུ་རླུང་ལྟར་གྲགས་པ་དེས་རིགས་དང་སྐྱེ་བའི་གོ་ས་སོགས་མངོན་མཐོའི་དཔལ་གྱིས་ཁེངས་པ་ཡོངས་སུ་བསྐྱུང་ནས་རྩ་བའི་བླ་མ་པདྨ་བདེ་ཆེན་གླིང་པ་དང་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་གཉིས་ཀྱི་དགོངས་རྫོགས་དམ་པའི་ཆོས་ཀྱི་ཆེ་བར་དམིགས་ཏེ་འཇང་གཡང་རིའི་བླ་རབས་གསུམ་པ་སྦས་པའི་ཚུལ་ཅན་རྡོ་རྗེ་འཛིན་པ་རིན་ཆེན་བཟང་པོའམ་དཀོན་མཆོག་བཟང་པོ་ཡི་མཚན་ཅན་གང་གི་ཞབས་ལ་ཕྱག་བྱས་ཏེ་དཔྲལ་བ་བཏུག་བཞིན་དུ་ཕུལ་བ་སྟེ་རྒྱུད་ལྡན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།

ལྔ་བསྡུས་རི་མོ།

༄༅། །ལྔ་བསྡུས་རི་མོ་བཞུགས་སོ། །

༄༅། །ལྔ་བསྡུས་གཟའ་ལྔ་ཐམས་ཅད་ཀྱི་འཇུག་ངོགས་རབ་ཏུ་གསལ་བའི་རི་མོའོ། །

ད་ལྟའི་ནག་དྷྲུར་རེའུ་མིག་འདི་བྱིན་པས་ས་གའི་དྷྲུ་བ་ཤར།

ད་ལྟའི་ནང་དྷྲུར་རེའུ་མིག་འདི་བྱིན་པས་སང་ཕོད་ནག་དྷྲུ་ཤད།

རྒྱུད་ཀྱི་དགོངས་དོན་ཏི་ཐུང་སྦྱོར་སྒྲོལ་ཟུང་འཇུག་བདེ་ལེན།

༄༅། །རྒྱུད་ཀྱི་དགོངས་དོན་ཏི་ཐུང་སྦྱོར་སྒྲོལ་ཟུང་འཇུག་བདེ་ལེན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭསྟི། ཀུན་བཟང་སྲིད་ཞིའི་སྤྱི་དཔལ་ངག་དབང་ཕྱུག །བླ་མ་མགོན་པོ་དུས་འཁོར་ལ་བཏུད་དེ། །བཀྲ་ཤིས་དགེ་བས་འགྲོ་རྣམས་མི་མཐུན་གཟའ་ཉིའི་དྷྲུ་ར། །ཚེས་རྟག་ལོངས་སྤྱོད་སོ་སོར་སྦྱིན། །དེ་ཡི་གཟའ་ཉི་བར་པར་འགྱུར། །ཉེ་བར་བྱ་ར་དང་བསྟུན་ཏེ། །ཉི་རྐང་སྣོན་འཕྲི་གཟའ་ཉིན་རེ་བཞིན་བྱེད། །དེ་ཡི་ཉི་མ་རྣམ་དག་འགྲུབ། །གཟའ་ཚེས་ཕྱེད་དག་ཉིད་དུ་འགྱུར། །རིལ་པོ་ཚེ་སྦྱིན་མེད་ཀྱི་བགོ །རྙེད་ནོར་མཉམ་བསྣན་མི་མཉམ་དབྲི། །ལིག་མས་ཟླ་རྐང་རེའུ་མིག་འཛིན། །ཆ་ཤས་གང་ཡིན་མ་ནོར་བར། །ངེས་གཟའ་དབྱུ་གུར་སྣོན་དབྲི་བྱ། །དེས་ནི་གཟའ་ཚེས་རྣམ་པར་དག །ཉི་དག་གནས་གཅིག་གཅིག་ལ་སྟེ། །ཟླ་ཚེས་རྟག་པའི་ལོངས་སྤྱོད་སྦྱིན། །དེ་ལ་ཚེས་འཁྱུད་ཟླ་སྐར་གྲགས། །སླར་ཡང་རེས་གཟའི་དབྱུ་གུ་ཡིས། །སྦྱངས་བས་ཟླ་སྐར་རྣམ་པར་དག །ཉི་ཟླ་དག་བསྲེས་སྦྱོར་བ་ཡིན། །ཚེས་གྲངས་མིག་བསྒྱུར་ཟླ་བས་དབྲི། །ཐུབ་པས་བགོས་པའི་ལྷག་མ་གང་། །བྱེད་པ་ཕྱི་མ་འཆར་བ་ཡིན། །བྱེད་གྲུབ་དྷྲུ་བ་བསྒྲུབ་ཚུལ་གྱི། །བསྒྱུར་ལས་འདིར་བསྟན་ལག་ལེན་མཚུངས། །དབྱུ་གུ་ཤིན་ཏུ་དག་འདོད་ན། །དྷྲུ་སོགས་གནས་གསུམ་བྱས་པས་འགྲུབ། །ཚུལ་འདི་རྒྱུད་རྒྱལ་ཁམས་ལེའུ་ཡི། །ཚིགས་བཅད་སོ་བཞི་རྐང་མཐའ་ནས། །གསལ་བསྟན་རྒྱུད་ལ་མོས་ཐོབ་པའི། །སྐལ་བཟང་གྱུར་རྣམས་མགུ་བར་ངེས། །འགྲོ་སྨིན་ལྷ་རྫིངས་ལས་བྱུང་བླང་དོར་རྣམས། །མ་ནོར་དོན་གྲུབ་ཉིད་ལས་བློ་གྲོས་ཀྱི། །པད་འཛུམ་ལེགས་བཤད་མ་རྡུའི་དོན་གཉེར་ཅན། །བུང་བ་རབ་དགའ་གཞན་ཕན་ཆེར་རྒྱས་ཤོག །

ཞེས་པ་ཡང་རྣལ་འབྱོར་པ་ཚེ་དབང་ནོར་བུས་འཕྲལ་དུ་སྤེལ་བ་སརྦ་མངྒ་ལཾ།

སྭཱསྟི། གངས་ཅན་འདི་ན་དེང་སང་སྐར་རྩིས་མཁན། །གྲགས་པ་ཆེས་ཐོབ་གྲྭ་མདའ་ཕུག་ལུགས་པས། །བཅུ་གཉིས་ཟླ་བར་དབུགས་ཐོབ་སྒང་ཚད་ཞེས། །རྒྱ་ནག་ལི་ཐུར་དཔེ་བྱས་བཀོད་དེ་ཡང་། །རགས་རྩིས་ཟླ་བ་སོ་སོའི་དབུགས་ཐོབ་ནས། །ཞག་བརྒྱད་འདས་པར་དེ་ནས་ཁྱིམ་སླེབ་བརྒྱད། །སྒང་ཐོབ་དེ་འོག་བཅུ་བཞིའི་ཕྱི་དབུགས་ཐོབ། །ཞིབ་པར་ཞག་ཚད་ལག་ལེན་རྩིས་ཀྱི་ཤེས། །དེང་དུས་གྲགས་ཆེ་རྟོགས་ཀྱང་སླ་བར་འགྱུར། །ཕུག་པའི་རྗེས་འབྲངས་མངའ་རི་རྡོ་རྗེ་དང་། །ཀོང་པོ་འབུམ་རམས་པ་ཡི་ཅུང་ཟད་ཀྱི། །འདྲ་མིན་མཛད་མོད་ཕུག་ལུགས་ནང་ཚན་ཡིན། །གཞན་འགྱུར་དྭགས་པོ་པཎ་ཆེན་གསུམ་པ་ཞེས། །ཀརྨ་འཕྲིན་ལས་པ་ཡི་ཚུལ་དེ་འདྲ། །ལེགས་དཔྱད་རང་བཞེད་ཐུན་མིན་སྒང་ཚད་དང་། ཁྱིམ་སླེབས་མྱོང་རྩིས་མན་ངག་རྒྱན་དག་གཅིག །དབུགས་ཐོབ་དེ་ཡི་ཞོར་ལ་རྟོགས་པ་དང་། །གཙུག་ལག་སྨན་དཔྱད་གཞུང་ནས་དུས་བཞི་རུ། །འབྱུང་ཁམས་རྩ་ལྔ་རྒྱུ་ཚུལ་ཁྱིམ་སླེབ་དང་། །བསྟུན་ནས་ཤིན་ཏུ་ཞིབ་པའི་ཚུལ་ཀྱང་མཛད། །དཔལ་ལྡན་འབྲུག་པའི་རྗེས་འཇུག་མཁས་པ་ནི། །རྔོག་བཙུན་ལྷ་བློས་གདན་དུས་རྩིས་གཞུང་དུ། །སྔ་ཁྱི་ཁྱིམ་རྫོང་དབུགས་སླེབས་མཚུངས་དེ་ནས། །བཅུ་ཞག་བཟློག་གཉིས་གཟེར་གྱི་སྒང་ཚད་མཛད། །དེ་ལྟར་ཕུག་ལུགས་དབུགས་ཐོབ་སྒང་ཚད་ཉིད། །མཁས་པས་ལེགས་བརྟག་རྣམ་གྲངས་གསུམ་དུ་བྱུང་། །བདག་གི་སྔོན་ཆད་མཐོང་བ་དེ་རྣམས་ཏེ། །རྣམ་གྲངས་གྱུར་པ་དེ་རྣམས་ཡིན་ཀྱང་མངོན། །གོང་གི་ལུགས་གསུམ་བདེ་བླག་རྟོགས་པ་ཡི། །རེ་མིག་རྩིས་མཁན་གཞོན་ནུ་མགུ་ཕྱིར་དང་། །རང་གི་རྟོགས་དཔྱོད་དྲན་གསོའི་ཆེད་དུ་བྲིས། །དགེ་མཆིས་འགྲོ་རྣམས་ཀུན་མཁྱེན་མྱུར་ཐོབ་ཤོག །

ཞེས་པ་ཡང་རིག་པ་འཛིན་པའི་གཟུགས་བརྙན་ཚེ་དབང་ནོར་བུས་སྨྲས་པའོ། །སརྦ་མངྒ་ལཾ།

རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་།

སྐབས་དང་པོ།

༄༅། །རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི་སིདྡྷིཾ་རསྟུ། རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ཞེས་བྱ་བ།

དཔལ་ལྡན་རྩ་བའི་བླ་མ་དང་པོའི་སངས་རྒྱས་ཀུན་བཟང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །བླ་མེད་ཡང་དག་རྫོགས་སངས་རྒྱས། །ཐུབ་ལ་རྟག་ཏུ་ཕྱག་འཚལ་འདུད། །རྒྱལ་བསྟན་གནས་གྱུར་དུས་ངེས་པ། །མཐའ་དག་གསལ་བར་བྱེད་པའི་ངག །ཉུང་ལ་དོན་ཚང་ནོར་བུ་ཡི། །འོད་སྣང་ལྟ་བུ་འདིར་སྤྲོ་བྱ། །མགོན་པོ་ཐུགས་རྗེ་ཆེ་དེས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་སྨན་པའི་ཆེད་གཟིགས་ནས། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། །སྣ་ཚོགས་སྤྲུལ་པས་སེམས་ཅན་དོན་ཆེན་མཛད། །མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ཚུལ། །ཐུན་མོང་ཞིང་དུ་སྲིད་པ་ཇི་སྲིད་སྟོན། །བདག་ཅག་སྟོན་པ་ཤཱཀྱའི་རྒྱལ་པོ་མཆོག །དག་ཞིང་ཟས་གཙང་སྲས་པོ་འཇིག་རྟེན་མགོན། །དོན་ཀུན་གྲུབ་པ་བཀྲ་ཤིས་རྒྱལ་བའི་གནས། །ཕུན་ཚོགས་དཔལ་མཛད་དཔལ་མངའ་དཔལ་ལྡན་དེས། །གང་དུ་བལྟམས་དང་གང་དུ་བྱང་ཆུབ་རེག །ཆོས་འཁོར་བསྐོར་དང་གང་དུ་མྱང་འདས་པ། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཕྱིར། །མཛད་པའི་དུས་ཀྱང་བསམ་གྱིས་མི་ཁྱབ་པ། །གཅིག་དང་དུ་མ་སྒྱུ་མའི་རྟོགས་བརྗོད་བཞིན། །བཀའ་ལུང་བསྟན་བཅོས་རྣམས་ནས་ཇི་སྙེད་གསུངས། །དེ་བཞིན་རྒྱལ་བསྟན་རིན་ཆེན་གནས་པའི་ཡུན། །ཇི་ཙམ་པ་ཡང་དགོངས་པ་ཅན་གྱི་ནི། །རིན་ཆེན་བཀའ་དང་བསྟན་བཅོས་ཆེ་རྣམས་ལས། །དུ་མར་གསུངས་པ་ཀུན་ལའང་ཕྱག་བྱས་ནས། །ཐོག་མར་བསྟན་པའི་རྩིས་གཞི་དམ་པའི་ཆོས། །སངས་རྒྱས་ཉིད་ཀྱི་ཆོས་སྐུ་ཆོས་དཀོན་མཆོག །ཀུན་རྫོབ་ཙམ་དུ་གདུལ་བྱའི་བསོད་ནམས་བཞིན། །བྲི་གང་ཡུན་ཚད་དངོས་ཤུགས་དུ་མ་རུ། །གསུང་ཀུན་བདག་བློ་ཕྲ་མོས་བསྡུ་དཀའ་ཡང་། །མཁས་གྱུར་གཞན་གྱི་གསུང་གི་རྗེས་ཉིད་དང་། །གཙུག་ལག་མཆོག་ནས་རང་གིས་རྙེད་བཅས་གང་། །རགས་རིམ་ཙམ་ཞིག་འདིར་འཆད་སྤོབས་པ་སྐྱེས། ། ༡ དེ་ཡང་ཐེག་ཆེན་བསྐལ་པ་བཟང་པོའི་མདོ། །ཉན་ཐོས་གསེར་འཕྲེང་རྟོགས་བརྗོད་ལུང་ཕྲན་ཚེགས། །བསྟན་བཅོས་བློ་གྲོས་མི་ཟད་པའི་མདོ་འགྲེལ། །དབྱིག་གཉེན་ཞབས་ཀྱི་མངོན་མཛོད་རང་འགྲེལ་དུ། །རྒྱལ་བསྟན་དངོས་དང་བརྟགས་པ་ལྔ་བརྒྱ་རེ། །ཕྱེས་པ་ཆིག་སྟོང་ཉིད་དུ་མཐུན་པར་གསུངས། །སྤྲིན་ཆེན་མདོ་ཡི་ཤུགས་བསྟན་ལུང་དེ་ཡང་། །ལོ་གྲངས་སྟོང་གི་ཕྱོགས་སུ་བསྡུ་འོས་ལ། །ཡང་ན་རྔ་བོ་ཆེ་ཡི་མདོ་ལུང་ལྟར། །ཕྱི་མའི་དུས་སུ་སྨྲ་ཡང་འགལ་བ་མེད། ། ༢ འདུལ་བ་ལུང་གྱུར་ཕྲན་ཚེགས་ཀྱི་འགྲེལ་པ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། །རྒྱལ་བསྟན་དངོས་ཉིད་ལོ་གྲངས་སྟོང་གི་བར། །ཚུལ་བཞིན་ཉིད་དུ་གནས་པར་ཡོངས་སུ་དགོངས། ། ༣ བོད་འདིར་མྱ་ངན་འདས་པའི་མདོ་ཉུང་ངུར། །གྲགས་པ་བསྟན་པའི་གནས་ཚད་ཤས་ཆེ་ཞིག །མྱང་འདས་རྒྱས་པ་ནས་བྱུང་དུམ་བུ་དེར། །ཆིག་སྟོང་ཆིག་བརྒྱ་འཕྲོས་བཅས་གནས་པར་གསུངས། ། ༤ མདོ་སྡེ་སྙིང་རྗེ་པདྨ་དཀར་པོ་ལས། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་དབང་། །བསྟན་པ་དངོས་གནས་སྟོང་དང་གཟུགས་བརྙན་ཙམ། །བཏགས་པ་བ་གྱུར་ལྔ་བརྒྱ་གནས་པར་གསུངས། ། ༥ བྱང་སེམས་ཟླ་བའི་སྙིང་པོས་ཞུས་པའི་མདོ། །ད་ལྟ་གླེགས་བམ་སྣང་འདིར་གཉིས་སྟོང་ངེས། ༦ ལི་ཡུལ་ཆོས་ཀྱི་གནས་ཚུལ་ལུང་བསྟན་པ། །འཕགས་པ་དགྲ་བཅོམ་དགེ་འདུན་འཕེལ་བའི་གསུངས། །རྣམ་གྲངས་ཅན་མཐོང་འོན་ཀྱང་ཕྱིས་འབྱུང་གིས། །མཁས་པ་ཕལ་ཆེས་ཉིས་སྟོང་ཉིད་དུ་བསྒྲགས། ། ༧ རང་ངོ་མི་གཡོ་ཐ་དད་སྣང་བའི་མདོར། །ལུང་རྟོགས་དུས་རིམ་གཉིས་སྟོང་ལྔ་བརྒྱར་གསུངས། །དེ་བཞིན་སློབ་དཔོན་པདྨའི་ངང་ཚུལ་དང་། །འཇིགས་མེད་འབྱུང་གནས་ཀྱིས་ཀྱང་བཞེད་པར་སྣང་། ། ༨ ཡང་ནི་ཟླ་སྙིང་ཞུས་མདོར་སུམ་སྟོང་དུ། །བཤད་ཞེས་དམ་པ་མཆོག་གྱུར་དག་གིས་གསུངས། ། ༩ ཏིང་ངེ་འཛིན་མཆོག་རྒྱལ་པོའི་མདོ་ལས་ནི། །མི་ལོ་གཉིས་སྟོང་དགུ་བརྒྱ་དང་བརྒྱད་ཅུ། ། དུས་ཀྱི་རྟགས་བཅས་དངོས་བསྟན་གསལ་བ་དང་། །ཤུགས་བསྟན་སུམ་སྟོང་ལྷག་ཙམ་ཉིད་དུ་བྱས། །༡༠ སློབ་དཔོན་ཆེན་པོ་ཛྙཱ་ན་བཛྲ་གྱི། །ལངྐར་གཤེགས་འགྲེལ་སྙིང་པོ་རྒྱན་ཞེས་པར། །རང་ཐད་གཉིས་སྟོང་མཛད་ཀྱང་རྣམ་གྲངས་ཁུངས། །གཞན་གྱི་བཞི་སྟོང་བཞག་པ་གསལ་བར་ཕྱེས། ། ༡༡ བྱམས་པ་ལུང་བསྟན་མདོ་ལས་རྒྱལ་བའི་བསྟན། །ལྔ་སྟོང་གནས་གསུངས་དེ་ཡང་གསུམ་སྟོང་ནི། །བསྟན་པ་དངོས་དང་ཆིག་སྟོང་གཟུགས་བརྙན་པ། །ཆིག་སྟོང་རིང་བསྲེལ་འཕྲིན་ལས་ཉིད་དུ་དགོངས། །དེ་ཚེ་དམ་ཆོས་ཉན་ཐོས་འདུལ་བའི་རྟགས། །འཛིན་པ་ཉིད་ནི་འདི་ཡང་བཞི་སྟོང་ཤེས། ། ༡༢ མྱ་ངན་འདས་ཆེན་མདོ་ཡི་བར་པ་དང་། །ད་ལྟར་སངས་རྒྱས་མངོན་སུམ་བཞུགས་པ་ལས། །བསྟན་པ་བར་མེད་མི་ལོ་བཞི་སྟོང་དང་། །སླར་ཡང་ལྔ་བརྒྱ་ཕྲག་གཅིག་གསལ་བར་བསྟན། ། ༡༣ ད་ལྟ་ཕྱོགས་འདིར་རྒྱལ་བསྟན་གནས་པའི་ཚད། །ཡོངས་སུ་གྲགས་ཆེ་ལྔ་བརྒྱ་ཕྲག་བཅུ་ཞེས། །འབྲས་དུས་རྟོགས་དུས་ལུང་དུས་རྟགས་ཙམ་དུས། །དུས་རེར་ལྔ་བརྒྱ་ཕྲག་ཕྱེས་མི་ཡི་ལོ། །སྟོང་ཕྲག་ལྔར་བཞེད་དེ་ཡི་དཔང་པོའི་གཞུང་། །སློབ་དཔོན་ཆེན་པོ་འཛམ་གླིང་རྒྱན་གྱུར་པ། །དབྱིག་གཉེན་ཞབས་ཀྱི་ཤེར་ཕྱིན་རྒྱས་བསྡུས་སྤྱི། །ཁྱད་པར་ཉི་ཁྲིའི་འགྲེལ་གྲགས་གནོད་འཇོམས་དང་། །དེ་ཡི་རྗེས་འབྲངས་སློབ་དཔོན་མཆེ་སྡེ་ཡིས། །རྒྱས་པ་འབུམ་གྱི་དཀའ་འགྲེལ་གནོད་འཇོམས་དང་། །སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་ཡིས། །འཕགས་པ་ཏིང་འཛིན་རྒྱལ་པོའི་འགྲེལ་པ་རྣམས། །མཐུན་བཞིན་གངས་ཅན་མཁས་ཀུན་རྒྱ་ཆེར་གླེང་། །འཇིགས་མེད་ཞབས་ཀྱི་བརྒྱད་སྟོང་འགྲེལ་པ་དང་། །དེ་བཞིན་ཐུབ་པ་དགོངས་པའི་རྒྱན་ལས་ཡང་། །ལྔ་སྟོང་ཉིད་དང་ལྔ་བརྒྱ་ཡང་ནི་ཕྱེས། །རྨད་བྱུང་དམ་པས་ལུང་རྟོགས་དུས་སྤྱི་ལས། །བཟློག་པ་ལུང་ཆོས་རྫོགས་ཆར་དགོངས་པར་སེམས། །གོང་བསྟན་ལྔ་སྟོང་བཀའ་ལ་བརྟེན་མོད་ཀྱང་། །བོད་འདིར་བཀའ་ཡི་ལུང་དངོས་འདྲེན་པ་ཉུང་། །འདིར་ནི་སངས་རྒྱས་ལ་བསྟོད་བརྒྱ་ལྔ་བཅུ། །དཔའ་བོས་མཛད་ལ་དགའ་བྱེད་སྙན་པ་ཡིས། །འགྲེལ་དེར་བསྟན་པ་ལྔ་སྟོང་ལོར་གནས་པར། །སངས་རྒྱས་བཀའ་དྲངས་བོད་སྔགས་རྙིང་པ་ལས། །གཞན་གྱུར་བཀའ་དངོས་རྙེད་དཀས་ཕྱིན་ཆད་འདི། །ཀུན་གྱི་སྤྱི་ནོར་མཛོད་ཞེས་ཁོ་བོས་སྨྲས། ། ༡༤ བོད་སྔགས་རྙིང་པ་བཀའ་མ་ཁྱད་འཕགས་ཆོས། །ཡང་དག་གྲུབ་པའི་སྟོང་ཐུན་ལོ་རྒྱུས་སུ། །ཐུབ་བསྟན་མི་ལོ་ལྔ་སྟོང་དང་སུམ་བརྒྱར། །གནས་གྱུར་བཅོམ་ལྡན་རྒྱལ་བས་གསུངས་ཞེས་དྲངས། ། ༡༥ དེ་བཞིན་སྔ་འགྱུར་ཨོ་རྒྱན་གུ་རུའི་གཏེར། །ཟོལ་ཟོག་བསྲེ་བསླད་མེད་པ་ཁ་ཅིག་ཏུ། །རྒྱལ་བསྟན་ལྔ་སྟོང་ཉིད་ལས་སྔགས་ཀྱི་མཐུས། །མི་ལོ་ལྔ་བརྒྱར་ལྷག་པར་གནས་ཡང་གསུངས། །དེ་ཡང་ཐུབ་བསྟན་རིན་ཆེན་རྫོགས་པའི་དུས། །ཕལ་ཆེར་ཚེ་ལོ་བཅུ་པའི་དུས་ཉིད་དུ། །དགོངས་པ་གདགས་ལུང་མཁས་པས་བཀོད་པ་དང་། །རྒྱལ་བ་ཉིད་གསུངས་བྱམས་པ་ལུང་བསྟན་མདོ། །བླ་མེད་རྩེ་མོ་གསང་བ་སྒྲ་རྒྱུད་དང་། །དེ་འགྲེལ་དྲི་མེད་བཤེས་མཛད་ཕལ་ཆེར་མཐུན། །འགྲེལ་དེར་སྙིགས་མའི་བསྐལ་པ་བར་མ་གསུམ། །རྣམ་བཞག་སྤྱི་མཐུན་ཁྱད་པར་བཀོད་ཡང་མཐོང་། ། ༡༦ ཟག་ཟད་གསུམ་རིག་འཕགས་པ་དགྲ་བཅོམ་པ། །དགའ་བའི་བཤེས་ཀྱི་རྟོགས་པ་བརྗོད་པ་ལས། །ཚེ་ལོ་བཅུ་ནས་ཡར་འཕེལ་བརྒྱ་པའི་སྐབས། །འཕགས་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས། །དངོས་བྱོན་ཆོས་གསུང་བསླབ་འབོག་དེ་ཡི་བསྟན། །ཚེ་ལོ་དྲུག་བརྒྱའི་བར་གནས་བདུན་བརྒྱའི་སྐབས། །ཐུབ་པའི་རིང་བསྲེལ་ཀུན་བསྡུས་མཆོད་སྡོང་མཛད། །དེ་ལ་ཕྱག་བསྐོར་ཐུབ་ལ་བསྟོད་བྱས་ཏེ། །གནས་བརྟན་འཁོར་བཅས་ལྷག་མེད་མྱ་ངན་འདས། །དེ་སྲིད་ཐུབ་བསྟན་རིན་ཆེན་མཆོག་གནས་ཤིང་། །དེ་རྗེས་སངས་རྒྱས་ཕྱི་མ་བྱོན་གྱི་བར། །རང་སངས་རྒྱས་པ་བྱེ་བ་བདུན་འབྱུང་གསུངས། །དེ་རྣམས་སངས་རྒྱས་བསྟན་པའི་སྡེ་སྣོད་མཆོག །ཐུན་མོང་སྤྱི་ཡི་དགོངས་པར་གྱུར་པ་ཡི། །འཛམ་གླིང་མི་ཡི་གདུལ་བྱ་སྤྱིར་བཏང་དང་། །མི་མིན་ཕལ་གྱུར་བཅས་ལ་སྣང་བར་ངེས། །སྙིང་རྗེ་པདྨ་དཀར་པོའི་ཆོས་ནུབ་ཚེ། །གདུང་གི་སངས་རྒྱས་འཕྲིན་ལས་ཀུན་མཛད་གསུངས། །དེ་ནི་འཕགས་པ་དགའ་བཤེས་ལུང་བསྟན་ལྟར། །ཡར་འཕེལ་སྟོང་དང་བདུན་བརྒྱའི་རྗེས་སུའམ། །འོན་ཀྱང་བདག་བློས་བྱམས་པ་ལུང་བསྟན་མདོར། །རིང་བསྲེལ་འཕྲིན་ལས་གསུངས་པའི་ཕྱོགས་ཉེར་སེམས། །གང་ལྟར་དེ་ནི་ལྷ་ཀླུ་མིའི་དམ་པར། །སྣང་བཞིན་རྟག་ཏུ་འགྲོ་ལ་ཕན་བདེར་མཛད། །མི་མིན་ཆེ་གནས་ཀླུ་རྒྱལ་རྒྱལ་མཚོའི་ཁབ། །སུམ་ཅུ་རྩ་གསུམ་དགའ་ལྡན་གནས་རྣམས་སུ། །བསྐལ་འདི་ཇི་སྲིད་སངས་རྒྱས་རྣམས་ཀྱི་ཆོས། །གནས་ཞེས་རྒྱ་མཚོས་ཞུས་པའི་མདོར་བཤད་གསུངས། །

ཀླུ་གནས་རྒྱ་མཚོར་སྔོན་བྱོན་སངས་རྒྱས་ཀྱི། །གཙུག་ལག་ཁང་གནས་འདུལ་བ་ལུང་ནས་བཤད། །དགའ་ལྡན་གནས་སུ་བསྐལ་འདིའི་མཐུན་འཇུག་བར། །རྒྱལ་བསྟན་ནུབ་མེད་རིག་པས་ཡང་ནི་གྲུབ། །གདུལ་བྱ་མཆོག་གི་སྣང་ངོར་རྫོགས་སངས་རྒྱས། །མྱ་ངན་མི་འདའ་ཆོས་ཀྱང་ནུབ་མེད་ཅེས། །ངེས་དོན་མདོ་སྡེ་གསེར་འོད་དམ་པ་དང་། །རྡོར་སེམས་སྒྱ་འཕྲུལ་དྲ་བའི་རྒྱུད་ནས་ཏེ། །གཞན་ཡང་སྔགས་རྒྱུད་རྣམས་ནས་རྒྱལ་བསྟན་གྱི། །གནས་ཚུལ་ངེས་པ་ཅན་དང་ངེས་མེད་དང་། །ནུབ་མེད་དགོངས་སོགས་དུས་བསྐལ་དབང་པོ་ཡི། །གོ་རིམ་བཞིན་དུ་གསུངས་ཡང་ཤེས་པར་བྱ། །ཐུན་མོང་ཕྱི་རྒྱུད་བླ་མེད་ཕ་རྒྱུད་འགའ། །སྦྱིན་ལེན་ཡོད་རྒྱུར་བསྟན་ཡང་དེ་སྲིད་གནས། །བླ་མེད་མ་རྒྱུད་ནུབ་མེད་དུས་གསུམ་དུ། །དཔའ་ཆེན་མཁའ་འགྲོའི་ཚོགས་ཀྱིས་བཟུང་བར་གྲགས། །

སྔགས་རྙིང་རྣམས་ཀྱི་བླ་མེད་མཐར་ཐུག་རྩེ། །ཤིན་ཏུ་ཟུང་འཇུག་རྨད་བྱུང་མཆོག་བཞེད་དེར། །རྡོ་རྗེ་སྙིང་པོའི་བཙས་གསུམ་ཞིང་འདི་རུ། །ཡ་ཐོག་ལོ་མཐར་ཡས་ནས་བཅུ་པའི་བར། །བཞུགས་ཤིང་ཁྱད་པར་སྟོན་མཆོག་ཐུབ་པ་ཡི། །བསྟན་ལ་འཛམ་གླིང་འདི་རུ་སྙིང་པོའི་བསྟན། །དར་ནུབ་བདུན་མཐའ་ཚེ་ལོ་བཅུ་པའི་དུས། །སྒྲོན་མེ་ལྟར་གསལ་འཕྲད་ཚད་དབྱིངས་སུ་གྲོལ། །བར་ཁུག་ཚེ་ལོ་ཡར་འཕེལ་གྱུར་མ་ཐག །བཙས་གསུམ་འཇིག་རྟེན་འདི་ནས་གཞན་དུ་བབ། །ཞིང་དེར་ཡང་ནི་སྙིང་པོའི་བསྟན་པ་མཆོག །དར་ནུབ་བདུན་སྟེ་བཅུ་བཞིར་སྤྱོད་པར་གསུངས། །སྙིང་པོའི་བསྟན་པ་འཛམ་གླིང་འདི་དར་ནུབ། །ཟུང་བདུན་ལོ་གྲངས་རྩ་རྒྱུད་ནས་གསུངས་པ། །དྲིལ་བས་མི་ལོ་བཞི་སྟོང་དགུ་བརྒྱ་བྱུང་། །དེ་ནི་ལྔ་སྟོང་ཉིད་དང་ཤིན་ཏུ་ཉེ། །འོན་ཀྱང་སངས་རྒྱས་ཆོས་དབྱིངས་གཤེགས་པ་ནས། །སྙིང་པོའི་བསྟན་པ་འགྲིབ་དུས་དང་པོ་ཡན། །ལོ་གྲངས་ཅི་ཙམ་རྒྱུད་ཀྱི་དགོངས་པས་བརྟགས། །དེ་ཚེ་ལྔ་སྟོང་ལྔ་བརྒྱ་ཉིད་དུ་སེམས། །བོད་སྔགས་ཕྱི་མས་བླ་མེད་རྒྱུད་མཐུན་འཇུག །རྩེ་མོ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག །བཞེད་གྱུར་དོན་ལྡན་དཔལ་མཆོག་དུས་འཁོར་ནས། །འཇམ་དཔལ་གྱིས་ཕྱུང་འཇིག་རྟེན་ཁམས་ལེའུར། །ཆུ་བོ་ཤཱི་ཏིའི་བྱང་ཕྱོགས་ཤམྦྷ་ལ། །སེང་གེའི་གངས་ཁྲོད་ཡུལ་ཆེན་ཆ་བསག་ཏུ། །མི་ལོ་ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱའི་བར། །དམ་ཆོས་རིན་ཆེན་ནུབ་མེད་གནས་པར་གསུངས། །དེ་མཐུན་འཕགས་པ་དོན་ཡོད་ལྕགས་ཀྱུ་ཡི། །ཆ་བསག་འཇུག་པར་ཡང་ནི་གསལ་བར་བཤད། །ཐུབ་བསྟན་རིན་ཆེན་གནས་ཚུལ་དེ་རྣམས་ནི། །ཐུན་མོང་ཐུན་མིན་གདུལ་བྱ་རྒྱ་ཆེར་དགོངས། །ཉི་ཚེར་ཐུན་མོང་ཐེག་ཆེན་སྔགས་ཅི་རིགས། །འབྱུང་འགྱུར་སྐྱེས་མཆོག་དམ་པ་ཁ་ཅིག་གླེང་། །གང་ལྟར་ཐུབ་བསྟན་རྫོགས་ནས་ཚེ་ཡར་འཕེལ། །བརྒྱད་ཁྲིར་རྣམ་འདྲེན་ལྔ་པ་བྱོན་པར་གསུངས། །དེ་ཡང་ཐུབ་ཆེན་མྱ་ངན་འདས་པ་ནས། །ལོ་གྲངས་བྱེ་བ་ལྔ་བཅུ་རྩ་བདུན་པར། །མགོན་པོ་བྱམས་པ་བྱོན་པའི་དུས་ཉིད་དུ། །བཀའ་དང་བསྟན་བཅོས་ཆེས་ལས་གསལ་བར་བཤད། །དེ་ནི་ལྷ་ཡི་ཚེ་ཚད་ཐུན་མིན་གཞུང་། །སངས་རྒྱས་པ་ཡི་མངོན་བརྗོད་ནས་གསུང་བའི། །དགའ་ལྡན་གནས་པའི་ཚེ་ཚད་མི་ལོའི་གྲངས། །ཇི་བཞིན་ཉིད་དུ་འཆར་བ་ཁོ་བོས་རྟོགས། །འདྲེན་པ་དེ་ཡུལ་ཏོག་ལྡན་རིགས་བྲམ་ཟེ། །ཡབ་ནི་ཚངས་རབ་ཡུམ་ནི་ཚངས་ལྡན་མ། །དགའ་ལྡན་ནས་འཕོས་ཟླ་བཅུར་ལྷུམས་ཞུགས་ཏེ། །མེ་ཏོག་བཟང་རྒྱས་དྲང་སྲོང་ལྷུང་བར་བལྟམས། །བྱང་ཆུབ་སེམས་དཔའི་ལྷ་མོ་མདའ་གདོང་མ། །ངེས་འབྱུང་ལྷས་སྤྲུལ་མཆོད་སྡོང་བརྡ་ཡིས་བསྐུལ། །རབ་བྱུང་ཉིན་ཞག་དེ་མཐར་རྡོ་རྗེའི་སྤོར། །ཀླུ་ཤིང་དབང་པོའི་དྲུང་དུ་རྫོགས་སངས་རྒྱས། །

དེ་ཚེ་འཛམ་གླིང་འདི་ནི་རྫོགས་ལྡན་མཆོག །དུས་སྐབས་གཅིག་ཏུ་རིན་ཆེན་གཉིས་ཀྱིས་མཛེས། །རྐང་གཉིས་རབ་གཙོ་མཆོག་དེ་སངས་རྒྱས་པའི། །ཉི་མ་དེ་ལ་འདུས་པ་དང་པོའི་འཁོར། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་དུང་ལ་སོགས། །དགེ་སློང་ཉིད་གྱུར་འབུམ་ཕྲག་གོ་དྲུག་ཚོགས། །བདག་ཅག་སྟོན་པའི་སྣམ་སྦྱར་ཉན་ཐོས་ཀྱི། །སྐུ་གདུང་ལ་བརྟེན་དགྲ་བཅོམ་ཐོབ་པར་གསུངས། །བྱམས་པའི་བསྟན་ལ་ཐུབ་པའི་སྣམ་སྦྱར་གྱི། །མཛད་འཕྲིན་འདི་ཡང་ཐུབ་བསྟན་ཉིད་དུ་གྲུབ། །སྤྱིར་ཡང་སངས་རྒྱས་ཕྱི་མའི་གདུལ་བྱ་རྣམས། །སྔ་མས་སྨིན་དང་ས་བོན་ཐེབ་པ་སྟེ། །འཕྲིན་ལས་བསྟན་རྒྱུན་གཅིག་པ་དམ་པའི་ཆོས། །ནུབ་པ་མེད་ཅེས་ཕྱོགས་གཅིག་དེ་ལ་དགོངས། །དེ་ལྟར་བདག་ཅག་འདྲེན་པ་ཐུབ་དབང་གི །དམ་ཆོས་རིན་ཆེན་བསྟན་པ་གནས་པའི་ཚད། །གདུལ་བྱའི་བསམ་པ་སྐྱེ་བསྐྱེད་སྤྲོ་བསྲིང་སླད། །བཀའ་དང་བསྟན་བཅོས་ཆེ་ལས་དུ་མར་བཞག །དེ་དེ་གདུལ་བྱ་རང་རང་ཤེས་ངོ་རུ། །བདེན་པར་གྲུབ་ཞེས་དམ་པ་ཆེ་འགའ་དང་། །ཁྱད་པར་འདྲེན་མཆོག་རྩ་བའི་བླ་མས་དགོངས། །གང་དེ་ལེགས་བཤད་ཉིད་ལས་གཞན་ཅི་ཞིག །སྤྱིར་ནི་རྒྱལ་བའི་མཛད་པ་མཁའ་བཞིན་ཡངས། །རྒྱལ་བསྟན་གནས་ཚད་འདི་ཞེས་སུ་ཡི་གཞལ། །ཐུན་མིན་སྣང་ངོར་དོན་དམ་རྒྱལ་བ་རྣམས། །ངེས་པ་ལྔ་ལྡན་ཉིད་ལས་གཞན་ཡོད་མིན། །འོན་ཀྱང་མ་ངེས་ལྔ་ལྡན་སྤྲུལ་སྐུའི་ཚུལ། །མཆོག་གི་མཛད་པ་བཅུ་གཉིས་སྟོན་པ་དང་། །སྨོན་ལམ་དབང་གིས་བསྟན་པའི་གནས་ཚད་ཡང་། །ངེས་བཟུང་ཚད་མ་འདི་ལ་སུ་ཡི་འགོག །སངས་རྒྱས་བྱོན་དཀའ་དམ་ཆོས་གནས་དཀའ་ཞེས། །བསྟན་པའི་གྲངས་ཚད་དུས་ཀྱི་གོ་རིམ་དང་། །སངས་རྒྱས་ཀྱིས་སྟོང་མུན་པའི་བསྐལ་པ་དང་། །སྒྲོན་བསྐལ་གདུལ་བྱར་མངོན་སུམ་ཚད་མ་ཉིད། །བསྟན་ཡུན་ལོ་གྲངས་དགོངས་གསུང་བྱིས་པའི་བློས། །རྟོགས་དཀའ་རྒྱལ་བས་བསྟན་མཐའ་སྙིགས་དུས་རྟགས། །ལུང་བསྟན་ཕལ་ཆེར་མངོན་གྱུར་འདིས་ཐུབ་བསྟན། །ཉི་མ་བཞུད་ཉེར་དོག་ནས་སྙིང་ཕྲིག་འདར། །ཕུལ་བྱུང་རིན་ཆེན་མཆོག་གྱུར་ཐུབ་བསྟན་འདི། །མཇལ་དཀའ་བསྐལ་པ་དུ་མར་ད་རེས་ཙམ། །སེམས་ཅན་རྣམས་ཀྱི་བདག་འཛིན་མ་ཞིག་བར། །སྲོག་ཞེས་ལྷན་སྐྱེས་ཉིད་དུ་རང་ཤུགས་གྲུབ། །དེ་ལྟས་སྲོག་ལ་དེ་ཙམ་མི་འཕངས་ཀྱིས། །ཐུབ་བསྟན་དམ་ཆོས་འཕང་ངོ་གཅེས་པར་བཟུངས། །བདག་ལྟ་སྙོམས་ཆུང་བྱིས་པའི་རང་བཞིན་ཡང་། །སངས་རྒྱས་ལ་གུས་ཆོས་ཕྱིར་སྲོག་མི་འཕངས། །དེས་ན་ཐུབ་བསྟན་རྩ་ལག་ཆེ་རྣམས་ཀྱི། །རྒྱལ་བསྟན་ལན་བརྒྱར་བཟུང་བར་ཅིས་མི་མཛད། །བདག་ནི་དུས་འདི་ནས་བརྩམས་རྒྱུན་མཐའི་བར། །སངས་རྒྱས་མཚན་ནམ་དེས་གསུང་ཚིགས་བཅད་གཅིག །ཆེད་དུའང་ལུས་སྲོག་ལན་བརྒྱར་བཏང་ནུས་ཤིང་། །འཕགས་དགྱེས་ལས་ལ་འཁོར་མོ་ཡུག་འབད་ཤོག །བདག་འབྲལ་འགྲོ་སྤྱི་ཁྱད་པར་ལོག་སྲེད་ཅན། །འདུལ་དཀའ་རྣམས་ལ་བདག་དགེ་ཡོངས་བསྔོའི་མཐུའི། །ཀུན་ཀྱང་རྫོགས་སངས་རྒྱས་ལ་མི་ཕྱེད་དང་། །ཚོགས་གཉིས་རླབས་ཆེན་བྲ་བོ་མྱུར་ཁེངས་ཤོག །ཀུན་བཟང་འཇམ་དཔལ་དཔའ་བོའི་སྨོན་ལམ་བཞིན། །ཀུན་ཏུ་བདག་གི་རླབས་ཆེན་བྱང་ཆུབ་སྤྱོད། །མཆོག་ཏུ་སངས་རྒྱས་ཆོས་རྣམས་གཅིག་ཆར་འཛིན། །མཆོག་གྱུར་རྒྱལ་བ་བརྙེས་ལ་རྟག་སྤྱོད་ཤོག །དེ་སྐད་སངས་རྒྱས་བསྟན་པ་གནས་པའི་ཡུན། །བརྗོད་པའི་མདོ་ལ་དམ་ཆོས་རིན་པོ་ཆེ། །སྙིང་ནས་དད་དུང་གཅེས་བློས་ཤུགས་འབྱུང་ཚིག །ཚེ་དབང་ནོར་བུའི་དཔལ་དེས་སྨྲས་པ་ཡིན། །ཞེས་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ལས།

རྒྱལ་བསྟན་དམ་ཆོས་རིན་ཆེན་ཡུན་ཇི་ལྟར་གནས་པའི་ཚུལ་རྣམ་གྲངས་མ་འདྲེས་པར་བཤད་པའི་སྐབས་ཏེ་དང་པོའོ། །

སྐབས་གཉིས་པ།

དེ་ནས་རྒྱལ་བསྟན་རིན་ཆེན་གནས་པ་ཡི། །ཡུན་ཚད་སྟེང་ནས་སྔར་འདས་ལྷག་སྤྱོད་ལོ། །ཇི་སྙེད་དམ་པ་རྣམས་ཀྱིས་བཞེད་པའི་གཞུང་། །མ་འདྲེས་གདུལ་བ་ཐོག་མར་བརྗོད་པར་བྱ། །དེ་ཡང་གཏན་ཚིགས་གཞན་ལ་བརྟེན་པ་དང་། །དཔལ་ལྡན་དུས་འཁོར་གཞུང་ལ་སྟོན་པ་གང་། །དང་པོར་གཏན་ཚིགས་གཞན་ལ་བརྟེན་པ་ནི། །གྲུབ་གསུངས་རྒྱལ་རབས་མཁས་པའི་གཏམ་ལས་ཏེ། །ཨོ་རྒྱན་སློབ་དཔོན་མ་ཧཱ་གུ་རུ་ཡི། །རྣམ་ཐར་གདུལ་སྤྱི་ཉེ་ཚེར་བཅས་དགོངས་པའི། །མོས་བློ་དང་འཚམས་རྒྱ་ཆེས་ཕྱོགས་གཅིག་ཏུ། །གཞལ་དཀར་གྱུར་ཡང་བདག་མོས་ཤུགས་བསྟན་པ། །མངོན་སླད་འདིར་མཚོན་ལྷོ་བྲག་གནམ་བསྐོས་གཏེར། །ཕུར་པ་བཀའ་མའི་ལོ་རྒྱུས་བཅས་ཕྱོགས་མཐུན། །རགས་རྩིས་ཐུབ་དབང་གཤེགས་ནས་ད་ལྟའི་བར། །མི་ལོ་བཞི་སྟོང་བརྒྱད་བརྒྱ་ཉག་བཅུ་གཉིས། །ལུགས་འདིའི་བསྟན་ལོ་ལྔ་སྟོང་ལྔ་བརྒྱར་དགོངས། །དེས་ན་བསྟན་ལྷག་བདུན་བརྒྱར་གནས་པའོ། །གཞན་ནི་དག་ལྟ་ཐུན་མོང་སྤྱིར་གྲགས་གྱུར། །ཐང་ཡིག་དག་ལས་སངས་རྒྱས་ཞིར་གཤེགས་ནས། །གུ་རུས་སྲིན་ཡུལ་འདུལ་འཕེབས་བར་གྱི་ལོ། །མང་བ་སུམ་སྟོང་བདུན་བརྒྱ་ཉི་ཤུར་རེག །ཉུང་བ་སུམ་སྟོང་ཆིག་བརྒྱ་དྲུག་ཅུར་ཉེ། །དེ་ནས་ད་བར་མཆོག་ལྡན་བསྟན་རྩིས་ལོ། །བསྣན་ན་བཞི་སྟོང་དྲུག་བརྒྱ་རེ་གཉིས་སམ། །ཡང་ནི་བཞི་སྟོང་དགུ་བཅུ་རྩ་བཞིར་གྱུར། །དེ་ལ་འདོད་ཚུལ་གཞན་དང་ཞིབ་མོའི་གནས། །བགྱི་འོས་མཆིས་པ་སླར་ལ་སྤྲོ་བར་བྱ། །འདས་ལོ་བཞི་སྟོང་ཆིག་བརྒྱ་རེ་དྲུག་ལོ། །སོང་བ་འཕགས་མཆོག་སྲོང་བཙན་བཀའ་ཁོལ་ལུགས། །འདས་ལོ་བཞི་སྟོང་བདུན་ཅུ་དོན་བཞི་པ། །རྫོགས་ཆེན་སེམས་ཕྱོགས་མཁན་པོ་རྟ་སྟོན་བཞེད། །སུམ་སྟོང་བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ནི། །འདུལ་འཛིན་ནེལ་པ་པཎྜི་ཏ་ཡིས་འདོད། །སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་གསུམ་པ། །སྔ་རབས་ཆོས་རྒྱལ་རྣམས་ཀྱིས་རྩིས་པའི་རྒྱུན། །དགེ་བའི་བཤེས་གྱུར་དམ་པ་མཆོག་མང་པོས། །དེ་ཚུལ་ཡང་ནས་ཡང་དུ་གསལ་བྱས་ཤིང་། །ཕུལ་བྱུང་ཇོ་བོ་མར་མེ་མཛད་དཔལ་གྱི། །བཞེད་ཀྱང་འདི་ཉིད་ཡིན་ནོ་ཞེས་སུ་བསྒྲགས། །བོད་སྔོན་རྒྱ་ནག་འབྱུང་རྩིས་འདས་ལོ་ཡང་། །མཐུན་པར་གནས་ཞེས་ཁ་ཅིག་དག་གིས་ཟེར། །སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་གཏམ་གྱི་ལུགས། །བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱས་བཞེད། །འདས་ལོ་སུམ་སྟོང་བདུན་བརྒྱ་ཉེར་བརྒྱད་པ། །གྲུབ་བརྙེས་རས་ཆུང་རྡོར་གྲགས་གསུང་གི་རྒྱུན། །སུམ་སྟོང་ང་བཞི་དགྲ་བཅོམ་དགེ་འདུན་འཕེལ། །ལུང་བསྟན་ལ་དཔག་ལི་ཡུལ་བསྟན་པའི་རྩིས། །རྒྱ་ནག་ཐང་རྒྱལ་ཐ་ཛུང་ཡིག་ཚང་དུ། །བར་ཁྱད་དྲུག་ཅུ་སྐོར་གཅིག་བྱས་པ་ཡི། །མང་བ་ཉིས་སྟོང་བདུན་བརྒྱ་ལྔ་བཅུ་བཞི། །ཉུང་བ་ཉིས་སྟོང་དྲུག་བརྒྱ་གོ་བཞི་སོང་། །དེ་བཞིན་རྒྱ་ནག་ཡིག་ཚང་ཙན་དན་གྱི། །ཇོ་བོའི་ལོ་རྒྱུས་ལས་བྱུང་བསྟན་རྩིས་ཡང་། །མང་བ་ཉིས་སྟོང་ལྔ་བརྒྱ་དོན་གསུམ་ལོ། །ཉིང་བ་ཉིས་སྟོང་བཞི་བརྒྱ་གོ་དྲུག་སོང་། །ཉིས་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་ཙམ། །རྒྱ་ནག་ཆོས་འབྱུང་གསར་བྱུང་རྩིས་ལ་བརྟེན། །ཉིས་སྟོང་ཉིས་བརྒྱ་དགུ་བཅུ་སོང་བ་ནི། །བལ་པོའི་ལག་རྩིས་སིང་གླིང་ཤིང་བུའི་རྩིས། །བལ་པོ་པཎ་ཆེན་བུདྡྷ་ཤྲཱི་ཞེས་དང་། །ཁ་ཆེ་པཎ་ཆེན་ཤཱཀྱ་རྣམས་ཀྱིས་བཞེད། །ཉིས་སྟོང་ཉིས་བརྒྱ་ང་བདུན་ལོན་པ་ནི། །རྫོགས་ཆེན་སྙིང་ཐིག་མཁན་པོ་ཞང་གི་དགོངས། །དེ་ལྟར་ཐང་ཡིག་ལུགས་གཉིས་གཅིག་བསྡོམ་སྟེ། །རགས་གྱུར་རྣམ་གྲངས་བཅུ་བཞི་དེ་རྣམས་སོ། །གཉིས་པ་དུས་འཁོར་ཕྱོགས་ལ་བརྟེན་པ་ནི། །དེ་ཡང་རྒྱལ་བས་བདུད་རྩི་བརྙེས་པའི་ལོ། །དེ་ཡི་ཕྱི་མར་དུས་འཁོར་རྩ་བའི་རྒྱུད། །གསུངས་ཤིང་དེ་ནས་འདས་ལོ་བཟུང་བ་དང་། །ཞི་བའི་དབྱིངས་སུ་མྱ་ངན་འདས་པའི་ལོ། །དེའམ་དེ་ཡི་སྔ་ལོར་རྩ་བའི་རྒྱུད། །གསུངས་པར་བཞེད་ནས་མྱ་ངན་འདས་ལོ་དང་། །མཐུན་པར་བྱས་པའི་ལུགས་སྲོལ་གཉིས་བྱུང་བའི། །སྔ་མའི་ཕྱོགས་གྱུར་སུམ་སྟོང་ང་བཞིའི་ལོ། །འགོས་ལོ་གཞོན་དཔལ་བཞེད་གྱུར་འཁྲུལ་སེལ་ལུགས། །ཉིས་སྟོང་ལྔ་བརྒྱ་བརྒྱད་ཅུ་ཐམ་པ་ནི། །དུས་འཁོར་རྭ་འབྲོའི་རྗེས་འབྲངས་ཕལ་ཆེ་སྟེ། །བྱེ་བྲག་མཁྱེན་རབ་དབང་ཕྱུག་བུ་སྟོན་ཞབས། །ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །བོ་དོང་འཇིགས་བྲལ་དབྱངས་ཅན་དགའ་བའི་ཞབས། །དེ་ལྟར་རྒྱལ་བསྟན་ཡོངས་རྫོགས་ཤིང་རྟ་དང་། །གཞན་ཡང་རྒྱལ་བསྟན་གསལ་བྱེད་ཇི་སྙེད་པ། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་རྟོགས་ལྡན། །སྒྲ་པ་ནམ་བཟང་འཇམ་དབྱངས་ཆོས་མགོན་པོ། །ཉག་ཕུ་བསོད་བཟང་མཚུར་ཕུ་འཇམ་དབྱངས་ཆེ། །ཐིལ་པ་ཀུན་རྒྱལ་པཎ་ཆེན་བྱམས་པ་གླིང་། །བྱང་བདག་གྲགས་བཟང་རྒྱ་འཕྲུག་དཀོན་རིན་པ། །མཁས་གྱུར་དགེ་ལེགས་དཔལ་དང་ཆོས་སྐྱོང་བཟང་། །རིག་འཛིན་བློ་གྲོས་རྒྱལ་མཚན་ལ་སོགས་ཏེ། །དེ་ལྟར་ཕྱི་ནང་རིག་པའི་གནས་རྣམས་ལ། །མཁས་གྱུར་དཔྱོད་ལྡན་དམ་པ་མང་པོ་དང་། །རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོས་ཀྱང་། །རྣམ་བཞག་ཚུལ་འགས་འདི་ཉིད་བཞེད་ཀྱང་སྣང་། །འདས་ལོ་ཉིས་སྟོང་སུམ་བརྒྱ་གོ་བདུན་ནི། །རྡོ་རྗེ་གདན་གྱི་ཉན་ཐོས་ཤིང་བུའི་གྲངས། །མགོན་པོའི་རྒྱུད་ལུང་རམ་ཤིང་རྒྱལ་རབས་ལུགས། །བོད་ཀྱི་གྲུབ་ཐོབ་ཨོ་རྒྱན་པ་ཡི་རྩིས། །དེ་བཞིན་ཉིས་སྟོང་སུམ་བརྒྱ་དོན་དགུ་པ། །འཕགས་ཡུལ་གཏམ་ཞེས་སྒྲོལ་མགོན་ཞབས་ཀྱིས་བསྒྲགས། །ལོ་དག་དེ་རྣམས་གཞན་གྱི་གོ་བདེའི་སླད། །རྒྱལ་བ་ཞི་བར་གཤེགས་ནས་བསྒྲང་བ་ཡིན། །དེ་ཡང་རྒྱུད་གསུང་ནས་བརྩམས་ལོ་བརྟག་ན། །བཞི་བཅུ་རྩ་བཞི་ཡང་ནི་ཞེ་ལྔ་སོགས། །བསྣན་པས་རྒྱུད་གསུང་ནས་བརྩམ་ལོ་དག་གང་། །དམ་པ་རྣམས་ཀྱིས་བཞེད་དེ་བདེ་བླག་འགྱུར། །ལུགས་སྲོལ་ཕྱི་མའི་ཕྱོགས་སུ་གྱུར་པ་ཡང་། །ཉིས་སྟོང་བརྒྱད་བརྒྱ་དང་ནི་ཉག་མ་བཞི། །སོང་བ་གདན་དུས་རྩིས་གཞི་སྨྲ་པ་པོ། །འབྲུག་པ་ལྷ་དབང་བློ་གྲོས་ཞེས་པས་བཀོད། །ཉིས་སྟོང་དྲུག་བརྒྱ་ཉེར་བདུན་ཕུག་གཞལ་ལུགས། །ཀོང་པོ་འབུམ་རམས་པས་ཀྱང་དེ་མཐུན་སྨྲ། །ཉིས་སྟོང་དྲུག་བརྒྱ་ཉེར་བཞི་གཡུང་སྟོན་དང་། །ཕྱིས་བྱུང་ཀམ་འབྲུག་མཁས་དབང་བཞེད་ཀྱང་སྣང་། །ཉིས་སྟོང་དྲུག་བརྒྱ་ཉེར་གཉིས་སོང་བ་ནི། །དྭགས་པོ་པཎ་ཆེན་གསུམ་པས་གསལ་བར་བྱས། །འདས་ལོ་ཉིས་སྟོང་དྲུག་བརྒྱ་ནི། །ཐམས་ཅད་མཁྱེན་པ་བོ་དོང་མཆོག་གིས་བཞེད། །ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཐམ་པའི་ལོ། །སེམས་དཔའ་ཆེན་པོ་རང་བྱུང་ཞབས་ཀྱིས་དགོངས། །ཉིས་སྟོང་སུམ་བརྒྱ་བདུན་དུ་རྩ་གསུམ་ནི། །ཆག་ལོ་གསུམ་པ་ཆོས་ཀྱི་རྒྱལ་པོས་འདོད། །ཉིས་སྟོང་སུམ་བརྒྱ་ཉི་ཤུ་ཐམ་པ་གང་། །ས་སྐྱ་བླ་མ་དམ་པས་འཆད་པར་མཛད། །ཉིས་སྟོང་ཉིས་བརྒྱ་ཉེར་གཅིག་འགྲོ་བ་ནི། །རོང་པ་ངག་དབང་གྲགས་པ་ཞེས་བྱས་སོ། །ཉིས་སྟོང་ཆིག་བརྒྱ་ཉི་ཤུ་ཐམ་པ་ནི། །ཞྭ་དམར་མཁའ་སྤྱོད་དབང་པོའི་ཐུགས་སུ་འཁྲུངས། །དུས་འཁོར་ཕྱོགས་བརླན་ནང་གསེས་ཕྲ་མོ་རྣམས། །གཞོགས་པའི་རགས་པ་རྣམ་གྲངས་བཅུ་གསུམ་སྟེ། །གོང་གི་བཅུ་བཞི་པོ་དང་ལྷན་ཅིག་ཏུ། །བསྡོམ་པས་རྣམ་གྲངས་ཉི་ཤུ་རྩ་བདུན་གྱུར། །བསྟན་རྩིས་དེ་རྣམས་མཛད་པོ་དུས་སྔ་ཕྱི། །གང་ཟག་མཆོག་དམན་དབྱེ་བ་མ་བྱས་པར། །འདས་ལོ་མང་རིམ་སྔོན་བྱས་ཉུང་ཕྱི་མཐའ། །གོ་རིམ་བཞིན་དུ་ལེགས་པར་བཀོད་པ་ཡིན། །དེ་ཡང་རྒྱལ་བ་མྱང་འདས་ལོ་ནས་བརྩམས། །རྩིས་ལོ་རབ་བྱུང་ཉི་རྫོགས་མེ་སྟག་ན། །འདས་པའི་ལོ་ཡིན་རབ་བྱུང་བཅུ་གསུམ་འདི། །ཕྱིན་ཆད་རིམ་བཞིན་འདས་ལོ་ལ་བསྣན་བྱ། །སྔོན་དུས་དུས་འཁོར་རྗེས་སུ་འབྲང་མིན་པའི། །བསྟན་པའི་རྩིས་གྱུར་དཔལ་ལྡན་ཇོ་བོ་དང་། །བདག་ཉིད་ས་སྐྱ་པཎྜི་ཏས་བཞེད་པ། །བློ་ལྡན་རྣམས་ལ་ཤིན་ཏུ་གྲགས་ཆེ་ཞིང་། །བར་སྐབས་དུས་འཁོར་རྗེས་འབྲངས་སྤྱིར་བཏང་དང་། །མཁས་གྲུབ་གཡུང་སྟོན་བཞེད་དེ་ཤིན་ཏུ་མང་། །དེས་དུས་ཕུག་ལུགས་རྗེས་འབྲང་ཁོ་ན་ཡིན། །བསྟན་རྩིས་ལུགས་གཞན་འཛིན་པས་དབེན་པར་གྱུར། །དེ་ལྟར་བདག་ཅག་འདྲེན་པ་ཐུབ་དབང་གི །བསྟན་པའི་གནས་ཚད་སྟེང་ནས་ལོ་ཅི་ཙམ། །མཁས་གྱུར་དམ་པ་མང་པོས་བཞེད་པའི་གཞུང་། །རྣམ་གྲངས་དུ་མ་ཉིད་དུ་གནས་གྱུར་གང་། །རང་གིས་ཅི་ཙམ་མཐོང་བ་ཕལ་ཆེ་བ། །ཕྱོགས་གཅིག་འདི་རུ་བསྡུས་ཏེ་བཀོད་པ་ཡིན། །དེ་རྣམས་ཕལ་ཆེར་དོན་མེད་མ་ཡིན་ཏེ། །ལེགས་པར་བཤད་པའི་འབྱུང་ཁུངས་ཉིད་དུ་ངེས། །དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེ། །གྲུབ་པ་རྣམས་ཀྱིས་དགོངས་ཏེ་གསུངས་པ་དང་། །མཁས་པ་རྣམས་ཀྱི་ཚད་མར་གྱུར་བསྟན་ཚིག །འཕགས་ཡུལ་གཏམ་གྱི་སྦྱོར་བར་བརྟེན་རྣམས་ལ། །དད་བསྐྱེད་གུས་པས་ཐལ་མོ་སྦྱར་བར་བྱ། །རྟོག་གེ་རིག་པའི་ཚེར་མ་རྣོན་པོ་ཡིས། །ལེགས་གཞལ་སྙན་ངག་སྡེབ་སྦྱོར་བཟང་རྣམས་ཀྱང་། །བདག་བློའི་རྒྱན་དུ་སྤུད་ལས་གཞན་ཅི་ཞིག །དེ་ཕྱིར་བསྟན་རྩིས་གྲངས་མང་ཨུཏྤ་ལ། །པདྨོ་རྣམ་པར་རྒྱས་པའི་འཕྲེང་བ་འདི། །བློ་ལྡན་རྣམས་ཀྱི་སྒྲ་འཛིན་མགྲིན་པའི་རྒྱན། །ཅི་བདེར་སྤྱོད་པའི་དགའ་སྟོན་ཁོ་བོས་བྱས། །

ཞེས་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ལས་རྒྱལ་བསྟན་དམ་ཆོས་རིན་ཆེན་གྱི་ཡུན་ནས་ལོ་གྲངས་ཅི་ཙམ་སོང་དམ་པར་གྱུར་པ་རྣམས་ཀྱི་བཞེད་པ་དུ་མར་གནས་པ་སོ་སོ་མ་འདྲེས་པར་བཀོད་པའི་སྐབས་ཏེ་གཉིས་པའོ། །

པྲ་རྩི་བྱ་ཐབས་རྡུལ་མེད་མེ་ལོང་།

༄༅། །པྲ་རྩི་བྱ་ཐབས་རྡུལ་མེད་མེ་ལོང་ཞེས་བྱ་བ་བཞུགས། །

༈ ཨོཾ་སྭཱསྟི། བླ་མ་མཆོག་དང་དབྱེར་མེད་པ། །འཇམ་དཔལ་རྒྱལ་ལ་ཕྱག་འཚལ་འདུད། །གང་ཞིག་སྐུ་གསུང་ཐུགས་རྟེན་དང་། །མཆོད་པའི་ཡོ་བྱད་ལ་འཇུག་པའི། །ཕྲ་རྩིའི་གདམས་ངག་མཁས་གྱུར་པའི། །དམ་པའི་གསུང་བཞིན་འདིར་བཀོད་བྱ། །དཔའ་བོ་ཟར་མའི་མར་ཁུ་ནི། །གོས་དཀར་མངལ་དུ་ཡུན་རིང་པོར། །སྙོམས་འཇུག་ཟག་མེད་བདེ་བ་བསྐུལ། །རྡུལ་མེད་རང་སྐེམ་ནུས་པའི་ཚད། །དེ་ནས་རྒྱ་སྐེག་ཚིག་ཁུ་ནི། །བསིལ་བྱེད་ཆུ་ཡི་རྦ་ལ་བཟེད། །ཤིང་གི་བཅུད་ནི་ཚ་བའི་ཆུ། །ཡུན་དང་ཐུན་ཚད་ཞལ་ལས་ཤེས། །འོད་བྱེད་པ་ལའི་ཁུ་བ་དང་། །ཚྭ་ལ་བཅས་ཏེ་ནས་ཙམ་བརྡུང་། །མར་ཁུའི་རྦ་རླབས་འཁྲུག་པའི་དབུས། །ཚྭ་ལ་ནས་ཙམ་རིམ་པར་བླུག །མ་འཇུ་བར་དུ་བཀོལ་བ་གནད། །ཚིག་པར་མི་བྱ་ཤིན་ཏུ་གཅེས། །དེ་ནས་ལན་གཅིག་སྔར་མངལ་བཞུག །བྱིན་ནས་ལས་ལ་སྦྱར་བ་ན། །དོན་ཀུན་འགྲུབ་པའི་ནོར་བུ་སྟེ། །གསལ་འཚེར་འོད་དུ་འབར་བར་འགྱུར། །ཕྱིས་ནས་ལས་ལ་བཀོལ་འདོད་ན། །མཱ་ལ་ཀི་ཡི་འཁྱུད་པར་བྱ། །ལག་ལེན་འདི་ནི་ནོར་འཁྲུལ་མེད། །མཁས་པའི་རྒྱུད་པ་མ་ཆད་པར། །མཐོང་མྱོང་ཅན་གྱི་ལག་ཁྲིད་ཡིན། །དེས་ན་གཞན་ལས་ཁྱད་པར་འཕགས། །བདེན་རྫུན་ལག་ལེན་བྱས་ཚེ་ཤེས། །འོད་དང་འོད་ཟེར་འཕྲོ་ལ་ལྟོས། །དེང་སང་འགྲོ་རྣམས་བརྩོན་པ་དམན། །ལག་འཁྲིད་ཕྲན་བུ་འདི་དག་ཡང་། །ནུབ་པར་ཉེ་ན་གདམས་ངག་མཆོག །དོན་གཉེར་སྐྱེ་བོ་ཉིན་སྐར་འདྲ། །ཀྱེ་མ་སྙིགས་དུས་ཉིད་དུ་འགྱུར། །ལྷག་བསམ་ཡོད་ན་འབད་པར་རིགས། །དེ་སྐད་ཚེ་དབང་ནོར་བུའི་སྟེ། །བློ་ལྡན་ཚོགས་ལ་ར་་མདར་སྒྲོན། །འདི་སྐད་ཙམ་ཅིག་བྲིས་པས་ཀྱང་། །རྒྱལ་བའི་བསྟན་ལ་ཕན་གྱུར་ཅིག །པྲ་རྩི་བྱ་བ་འདི་ཡིས་ཀྱང་། །དཀོན་ཅོག་རྟེན་ལ་ལེགས་བྱས་ཤོག །ཞེས་པ་ཡང་དོན་གྲུབ་ཀྱི་ལོ་སྒྲོན་ཟླའི་དཀར་ཕྱོགས་ཀྱི་ཟད་པ་གཉིས་པར་ཙུབ་རི་ཁྲོད་དུ་སྨྲས་སོ། །སརྦ་མངྒ་ལཾ།

དབྱངས་ཅན་སྒྲ་མདོའི་དབྱེ་བའི་གཞུང་གསལ་རིན་ཆེན་འཕྲུལ་གྱི་མེ་ལོང་།

༄༅། །དབྱངས་ཅན་སྒྲ་མདོའི་དབྱེ་བའི་གཞུང་གསལ་རིན་ཆེན་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་བུདྡྷ་ཡ། ན་མཿསརྦ་པ་ཛྙེམ་ཧི་ཏ་དི་ཝཱ་སྭ་ར་སྭསྟྱ། བརྡའ་སྤྲོད་པ་དབྱངས་ཅན་མདོ་ལས་རྗེས་འགྲེལ་དབྱེ་བའི་གཞུང་གསལ་རིན་ཆེན་འཕྲུལ་གྱི་མེ་ལོང་ཞེས་བྱ་བ། བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རབ་མཆོག་འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་གྱུར་དབང་ཕྱུག་གི །རབ་སྤྲོས་མཆེ་བའི་རྩེ་ལས་ཉེར་སྣང་མཚོ་བྱུང་ལྷ་མོ་ནི། །རབ་མཛེས་སྲིད་གསུམ་སྡུག་གུ་ཀུན་བཅུད་བསྡུད་འདྲའི་སྐུ། །རབ་སྙན་དབྱངས་ཅན་ངག་གི་དབང་མོས་རྟག་ཏུ་བདག་བསྲུངས་མཛོད། །རབ་འབྱོར་རང་བཞིན་བཟང་པོ་ཐུགས་བསྐྱེད་ཤར་རིའི་སྤོར། །རབ་དཀར་འཕགས་མའི་ཞལ་བཟང་ཟླ་དཀྱིལ་མངོན་འཕགས་པས། །རབ་གསལ་བརྡ་སྤྲོད་འོད་དཀར་འབུམ་དུ་འཛག་པ་དང་། །རབ་རྒྱལ་སྲིད་འདིར་བློ་ལྡན་ཀུ་མུད་ཡོངས་འཛུམ་བྱས། །སྔོན་གོམས་མཁྱེན་བློ་ཀུན་གསལ་འགྲམ་པའི་ངོགས། །ཐུགས་བསྐྱེད་སྐྱ་རེངས་བཟང་པོས་ཉེར་བསུས་པའི། །རྡུལ་མེད་ཆོས་ཅན་བཅུ་གཉིས་ཁྱིམ་བདག་ཅན། །མཐའ་ཡང་ཆོས་སྣང་འཕྲོ་བ་རྗེ་བཙུན་མགོན། །ཡིད་ཀྱི་ཤིང་རྟས་འཕགས་ཡུལ་བརྡ་སྤྲོད་ནོར། །ཕྱོགས་འདིར་འདྲེན་མཛད་བ་ལ་བྷ་དྲ་མཆེད། །ལྷག་བསམ་ཟོང་གིས་སྒྲ་རིག་ནོར་བུ་ཆེ། །ཐོབ་ནས་འགྲོ་བའི་དབུལ་སེལ་འདར་ལོ་རྒྱལ། །རིག་གནས་མ་རྨོངས་འཇམ་དབྱངས་རྗེས་འགྲོ་ཡང་། །ཟུར་ཕུད་ལྔ་སྤང་ངུར་སྨྲིག་བླ་གོས་ཀླུབས། །ཡིད་མཚོ་བཟང་པོའི་རཏྣས་ཡོངས་ཁེངས་པ། །ཀྱེ་རི་པཎ་ཆེན་ཡབ་སྲས་བཀའ་དྲིན་དྲན། །གང་མཐུས་དབྱངས་ཅན་བརྡ་སྤྲོད་ཚུལ། །ཕྱོགས་ཙམ་སྣང་བས་རྗེས་འགྲེལ་ཚོགས། །དབྱེ་ཚུལ་སླད་མེད་གསུང་གི་རྒྱུན། །དེ་ཡང་འཕགས་ཡུལ་བརྡ་སྤྲོད་པར་ཕུལ་དུ་བྱུང་བའི་མཁས་པ་རྣམས་ཀྱི་ཞལ་ལུང་རྒྱུན་མ་ཆད་པ་བྲམ་ཟེའི་རིགས་ཀྱི་པཎྜི་ཏ་བ་ལ་བྷ་དྲ་དང་གོ་ཀུ་ལ་ན་ཐ་མི་ཤྲ་མཆེད་ཀྱི་སེ་སྟོན་འདར་པ་ལོ་ཙཱ་ཕུན་ཚོགས་ལྷུན་གྲུབ་ལ་དབྱངས་ཅན་མདོ་མཛུབ་ཁྲིད་སྟོན་པའི་གསུང་རྒྱུན་ཇི་ལྟ་བ་ཀྱེ་རི་པཎྜི་ཏ་ཡབ་སྲས་ལས་འོངས་བ་ལས། འདིར་རྗེས་འགྲེལ་དབྱེ་བའི་ཚུལ་ནི། དེ་ལ་རྩ་བ་དབྱངས་ཅན་མདོའི་བརྡའ་ཆད་ཀྱི་བྱ་བར་ཁ་སྐོང་མདོ་བདུན་གྱི་གསུམ་པར། གང་ཞིག་ཨིཏ་གྱི་མིང་ཅན་དེ་དབྱི་བའོ། །ཞེས་པ་སྟེ། དེ་ནི་རྐྱེན་དང་བྱིང་གང་ལ་རྗེས་འགྲེལ་དེ་དང་དེ་དབྱེ་བ་ལས། ཨིཏཱ་ཅེས་བརྡའ་བཞག་པ་སྟེ། དེ་ཡང་ཨིཏཱ་ཀྱི་སིཏཱ་ལ་རུ་ཀའོ། །རུཀཱ་བྱིན། དེ་ཡང་སཱ་ཎི་ལས། ཀྲིཏཱ་དང་ཀིརཱ་དག་ལས་དང་པོ་ཐ་མ་དག་གོ །ཞེས་པས་དངོས་བསྟན་དོན་རུཀཱ་བྱིངས་མཐར་ཕྱིན། དེའི་ཁྱད་དོན་གྱི་ཀ་ཕྱིས། བརྗོད་དོན་ཡིན་པ་ཨུ་ཕྱིས་ཀྭིས྄་ཡང་ངོ་ཞེས་པས་ཀྭིས྄་ཡོངས་སུ་ཕྱིས། རྟགས་ཀྱི་དོན་ལ་དང་པོའོ། །ཞེས་པས་དང་པོའི་གཅིག་ཚིག་སི་བྱིན། ཧ་ས་ཨཱིས྄་ལ་སི་དབྱིའོ། །ཞེས་པས་སི་འཇིག ཨིར྄་ཞེས་པ་གྲུབ། དེ་བོད་སྐད་དུ་འགྲོ་བའོ། །ཞེས་པས་ཏེ་རྗེ་འགྲེལ་རྣམས་མི་གནས་པར་འགྲོ་བའི་དོན་ནོ། །དེ་ལྟར་དབྱི་བར་བྱ་བའི་རྗེས་འགྲེལ་ལ་ཡང་གསུམ་སྟེ། བྱིང་དང་། རྐྱེན་དང་། རྣམ་འགྱུར་གྱི་རྗེས་སུ་འབྲེལ་བའོ། །ཞེས་པས་དེ་རྗེས་འབྲེལ། དང་པོ་བྱིང་གི་རྗེས་འབྲེལ་ལ་ཡང་། དབྱངས་དང་། ཧ་ས་དང་། དབྱངས་དང་། ཧ་ས་ལན་ཅིག་པ་གསུམ་མོ། །ཐོག་མ་དབྱངས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨོ་ཨཱོ། རི་ལི་སྟེ་བཅུའོ། །དང་པོ་ཨ་ནི། སྤྱི་ཁྱབ་ཏུ། བྱིངས་མཐའི་ཨ་ཡིག་བརྗོད་དོན་ཡིན་པས་དབྱིའོ། །ཞེས་དང་། དམིགས་བསལ་ཌ་ལ་བྷ་ཥ་ལྟ་བུར་ཨཱཏྨ། ནཾ་ལས་ས་རསྨ་པ་ད་མི་འཇུག་པའི་བྱིང་མཐའི་ཨ་ནི། ཨ་ནུ། དདྡ་ངིར་དག་གི་ཨཏའོ། །ཞེས་པའི་ཁྱད་དོན་གྱིས་ཕྱིས། གཉིས་པ་ཨ་ནི། ཨཏ་ཨིཏ་འགྲོ་བ་ལའོ། །ཞེས་པའི་ཁྱད་དོན་གྱིས་ཕྱིས། གསུམ་པ་ཨིཏ་ནཾ། ཨིཏ་འགྲོ་བ་ལ་མུམ྄་འོ། །ཞེས་པའི་ཁྱད་དོན་གྱིས། བཞི་པ་ཨཱི་ནི། ཨཏ་ཨཱིར་འགྲོ་བ་ལའོ། །ཞེས་པའི་ཁྱད་དོན། ལྔ་པ་ཨུ་ནི། ཨུར་འགྲོ་བ་ལས་ཀྲཱ་སྟེ་ཨིཊ་ཡང་ནའོ། །ཞེས་ཁྱད་དོན། དྲུག་པ་ཨཱུ་ནི། ཨུད་འགྲོ་བ་ལ་ཡང་ནའོ། །ཞེས་ཁྱད་དོན་བདུན་པ་ཨེ་ནི། གམ་ཁ་ཡི་གཞུང་འགྲེལ་སྐབས་མ་དགོས་པས་བཞག བརྒྱད་པ་ཁོ་ནི། ལུ་སོགས་དང་ཨོཏ་འགྲོ་བ་ལས་སོ། །ཞེས་པའི་ཁྱད་དོན། དགུ་པ་རི་ནི། རིཏ་ཀྱི་མ་ཡིན་ནོ། །ཁྱད་དོན་གྱིས་ཕྱིས། བཅུ་པ་ལི་ནི། ཨིཏ་འགྲོ་བ་དང་པུཎ་སོགས་ལ་ངའོ། །ཞེས་ཁྱད་དོན་ཡིན་པས་ཕྱིས། གཉིས་པ་ཧ་པའི་རྗེས་འབྲེལ་གྱི་དབྱེ་བ་ལ། དེ་ཡང་ཀ་ང་ཉ་ཊ་ཥ་ཎ་ས་མ་བརྒྱད་ལ་སོགས་པ་ལས། དང་པོ་ཀ་པ་ཎི་ལས། ཀ་འགྲོ་བ་ལའོ། །ཞེས་པའི་ཁྱད་དོན་གྱི་ཕྱིས། གཉིས་པ་ང་ནི། ཨ་ནུ་དཱཏྟ་ངིར་དག་གི་ཨཏ་འོ། །ཞེས་ཁྱད་དོན། གསུམ་པ་གཉིས་ཉིད་དང་སྭ་རི་རའི་གཉིས་ཀའོ། །ཞེས་ཁྱད་དོན། བཞི་པ་ཊ་ནི་གཞུང་འདིའི་དཔེར་བརྗོད་དུ་མ་དགོས་གསུང་། ལྔ་པ་ཥ། ཥ་ཨ་བ་ལ་བྷིཏ་རྣམས་ཀྱི་ཨང་ངོ་། །ཞེས་ཁྱད་དོན། དྲུག་པ་ཎ་ལ་གཉིས་ཏེ། ཨཎ་གྱི་ཎ། པཱ་ཎི་ལས་ཨིཎ་ཡན་ནོ། །ཁྱད་དོན། དཱཎ་ཀྱི་ཎ། པ་ཎི་ལས། དཱཎ་ལ་གལ་ཏེ་བཞི་པའི་དོན་ལའོ། །ཁྱད་དོན་ནི། བདུན་པ་ས་ནི། དབྱངས་དོན་ཡིན་པས་ཕྱིས། བརྒྱད་པ་མ། པ་ཎི་པ་ལས། མ་འགྲོ་བ་རྣམས་ཀྱི་ཐུང་ངུ་ངོ་། །ཞེས་ཁྱད་དོན། གསུམ་པ་དབྱངས་དང་ཧ་ས་ལྷན་ཅིག་པའི་རྗེས་འབྲེལ་གྱི་དབྱེ་བ་ལ། ཨིར་ཉི་ཊུ་ཌུ་སོགས་ལ། དང་པོ་ཨིར་ནི། ཨིར་ལ་ཡང་ནའོ། །ཁྱད་དོན་གཉིས་པ་ཉི་ནི། ཉི་ཨིར་འགྲོ་བ་ལ་ད་ལྟ་རང་རག་འོ། །ཁྱད་དོན། གསུམ་པ་ཊུ། ཊུ་འགྲོ་བ་ལ་ཨ་ཐུའོ། །ཁྱད་དོན། བཞི་པ་ཌུ་ནི། ཌུ་འགྲོ་བ་ལས་དེ་འདས་པ་ཏཱི་མཀ་འོ། །ཁྱད་དོན་གྱི་ཕྱིས། ད་ནི་རྩ་བའི་ས་བཅད་གསུམ་པ་རྐྱེན་གྱི་རྗེས་འབྲེལ་གྱི་དབྱེ་བ་ལ། པི་སོགས་ཀྱི་རྗེས་འབྲེལ་དང་། མོ་རྐྱེན་གྱི་རྗེས་འབྲེལ། ཚིག་སྡུད་རྐྱེན་གྱི་རྗེས་འབྲེལ། དེ་ཕན་རྐྱེན་གྱི་རྗེས་འབྲེལ། ཏི་སོགས་ཀྱི་རྗེས་འབྲེལ། ཀྲིར་གྱི་རྗེས་འབྲེལ་ལོ། །དང་པོ་པི་སོགས་ཀྱི་རྗེས་འབྲེལ་ལ་ཡང་། པི་སོགས་དངོས་དང་བར་རྐྱེན་ཨཱ་ག་མའི་རྗེས་འབྲེལ་གཉིས་སོ། །དང་པོ་ལ་ཡང་། ཨི་ཛ་ཤ་ཊ་པ་རྣམས་སོ། །དང་པོ། སི་ཡི་ཨི་ནི། བརྗོད་དོན། སི་ལ་ཨ་འོད་ཞེས་པའི་ཁྱད་དོན་གྱི་ཕྱིས། སིའི་ཨི་ཨཏའོ། ཞེས་པའི་ཁྱད་དོན་གྱིས་ཕྱིས། གཉིས་པ་ཛ་ནི། ཛས་ཨིའོ། ཞེས་དྲག་དོན་ཡིན་པས་ཕྱིས། གསུམ་པ་ཤ་ནི། ཤས་ལའོ། ཞེས་ཁྱད་དོན་གྱི་ཕྱིས། བཞི་པ་ཊ་ནི། ཊ་ཨི་ནའོ་ཞེས་པའི་ཁྱད་དོན་གྱིས་ཕྱིས། ལྔ་པ་ང་ནི། ང་འགྲོ་བ་ལའོ། ཞེས་ཁྱད་དོན་གྱིས་ཕྱིས། དྲུག་པ་ནི། ས་རྗེས་འབྲེལ་ཡིན་པས་ཕྱིས། གཉིས་པ་བར་རྐྱེན་ཨཱ་ག་མའི་རྗེས་འབྲེལ་ལ་བཞི། ཀ་ཊ་ཤ་མ་ཀ་ནི། ཀ་རྗེས་འབྲེལ་ཡིན་པས་ཕྱིས། ཊིར་ཨཱ་ཎི་དང་ཀིར་དག་དང་པོ་དང་ཐ་མ་དག་ཏུའོ། །ཞེས་པའི་ཁྱད་དོན་ཡིན་པས་ཕྱིས། ཊ་ཡང་ཊིར་སོགས་འདྲ། ཤ་ནི། ཨ་བྱ་སོགས་པ་ལ་ཤ་རུའོ། ཞེས་པའི་ཁྱད་དོན་གྱིས་ཕྱིས། མ་ཎི། པཱ་ཎི་མ་འགྲོ་བ་ལ་ཙའི་ཐ་ལས་ཕ་རོལ་ལོ། །ཞེས་པའི་ཁྱད་དོན་གྱིས་ཕྱིས། གཉིས་པ་མོ་རྐྱེན་གྱིས་རྗེས་འབྲེལ་ལ་ས་སྟེ། ས་རྗེས་འབྲེལ་ཡིན་པས་ཕྱིས། འདར་ལོས་ཨས་ལས་སོ་ཞེས་ཁྱད་དོན་གྱིས་ཕྱིས། ཨིས་ནི་ས་ལ་ནིས་ཀྱི་ས་ཧ་པ་ཨིས་ལས་སི་དབྱིའོ། །ཞེས་ཁྱད་དོན་གྱིས་ཕྱིས་ཟེར། གསུམ་པ་ཚིག་བསྡུས་ཀྱི་རྐྱེན་སོགས་ཀྱི་རྗེས་འབྲེལ་ལ། ཉ་ཀ་ཊ་ང་ཉ་ནི་ན་ལའོ། ཞེས་ཁྱད་དོན་གྱིས་ཕྱིས་གསུང་ཡང་ན་ཉཱ་ཨར་བསྒྱུར་བ་ཡིན་པས་མི་འབྲེལ། རྗེས་འབྲེལ་ཡིན་པས་ཕྱིས། ཡང་ན་གོང་དུ་ཀ་ཡི་དབྱི་ཚིག ཊིར་དང་ཉིར་དག་སོགས་ཀྱིས་སོ། །ཊ་ནི། ཨིས། མི་སྟེར་ན་ཊི་དང་ཀིརྭ་དག་སྟེ་ཀ་ལྟར་ཕྱིས། ཨིས་སྟེར་ན། ཎར་ཨུ་རྀར་ལས་སོ། །ཞེས་པའི་ཁྱད་དོན་ཕྱིས། བཞི་པ་བདེ་ཕན་གྱི་རྐྱེན་གྱིས་རྗེས་འབྲེལ་དུ། ཨུ་རི་ཉ་ཎ་ཊ་ཥ་ཌ་སོགས་ལས། ཨུ་ནི་ཨུ་རིར་དག་ལས་ནུམ་མོ། །ཞེས་ཁྱད་དོན་གྱིས་ཕྱིས། རི་ཡི། ཚིག་དེས་ཕྱིའོ། །དེ་བཞིན་ཉ་དང་ཎ་དག་ཀྱང་། དབྱངས་དང་པོའི་ཉ་ཎ་འགྲོ་བ་ལ་འཕེལ་བའོ། །ཞེས་པའི་ཁྱད་དོན་གྱིས་ཕྱིས། ཊ་དང་ཥ་ཡང་། ཥཊ་ཨུར་རིར་ལས་སོ། །

སྒྲ་ཡི་གནས་བརྒྱད་གོ་བདེར་མདོར་བསྟན།

༄༅། །སྒྲ་ཡི་གནས་བརྒྱད་གོ་བདེར་མདོར་བསྟན་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ་པདྨ་དྷེ་ཝན་སཱ་ར་རུ་ཙེ་ཡེ། ཀུན་ཁྱབ་འགྲོ་བའི་སྙིང་དབུས་རྟག་གནས་པ། །ཀུན་ལ་ཕན་བདེ་བྱེད་པོ་ཀུན་ཏུ་བཟང་། །འཆར་ནུབ་བྲལ་བའི་ཉི་མ་དམ་ཆོས་ཀྱི། །འོད་ཟེར་ཀུན་ཏུ་འཕྲོ་དེར་ཕྱག་འཚལ་འདུད། །ཚེ་འདིར་ཤེས་རབ་སློབ་དཔོན་ཟླ་མེད་མགོན། །པདྨ་རྒྱས་འདྲའི་སྤྱན་སྔ་བཀྲ་ཤིས་ཀྱི། །འབྱུང་གནས་མཆོག་གྱུར་བདེ་ཆེན་རྣམ་པར་རྒྱལ། །ཐར་གླིང་འདྲེན་པ་མཆོག་དེས་དགེ་ལེགས་སྩོལ། །རྒྱལ་སྲས་རྣམས་ཀྱི་ཤེས་བྱའི་གནས། །མཐའ་དག་བསླབ་ཞེས་རྒྱལ་བས་གདམས། །དེ་ཕྱིར་ཀུན་མཁྱེན་ཐོབ་པའི་ཕྱིར། །རིག་གནས་ཀུན་ལ་འཇུག་པར་བྱ། །ཁྱད་པར་དོན་གཉིས་མཚོན་པའི་ཕྱིར། །ལེགས་སྦྱར་སྒྲ་ཡི་རིག་པ་སྟེ། །དེ་ཕྱིར་རྐྱེན་འགྱུར་ཏིང་སུབ་ཀྱི། །སུབ་ལ་རྣམ་དབྱེ་རྣམ་གྲངས་བརྒྱད། །ངོ་བོ་བྱ་བྱེད་དགོས་ཆེད་དང་། །འབྱུང་ཁུངས་འབྲེལ་པ་གནས་གཞི་དང་། །ཀུན་ལ་གཅིག་གཉིས་མིང་ཚིག་རེ། །འབོད་ཕྱིར་སྡེ་ཚན་དང་པོ་ལྡབ། །དེ་རྣམས་བརྡ་སྤྲོད་གཞུང་རྣམས་སུ། །དཔེ་རུ་བརྗོད་པ་སྣ་ཚོགས་མཛད། །སྔོན་རྣམས་ཤིང་ལ་དཔེར་བརྗོད་མང་། །འདི་ཡང་གོ་བདེར་དེ་བཞིན་བྱ། །ཤིང་དང་ཤིང་དག་ཤིང་རྣམས་ནི། །རྣམ་རྟགས་ཀྱི་དོན་དབྱེ་དང་པོའི་གཅིག་ཚིག་དང་། །གཉིས་ཚིག་མང་ཚིག་རིམ་བཞིན་ཏེ། །འོག་མ་ཀུན་ལ་དེ་བཞིན་སྦྱོར། །ཁྱབ་གཉིས་པ་ཤིང་ལ་རླུང་གིས་བསྐྱོད། །ཤིང་གཞོགས་ལས་སོགས་བྱ་བའི་དཔེ། །གསུམ་པ་ཤིང་གི་བྱེད་པ་པོའི་གྲུབ་པའི་མཐའ། ཁང་པ་བྱས། །གི་མཐར་ས་ཡིག་བྱེད་སྒྲ་ཡིན། །བཞི་པ་སྦྱིན་པའི་སྣོད། །རྐང་ཐུང་ལ་ཆུ་དྲངས། །དགོས་ཆེད་ཀྱིས་ནི་དཔེ་རུ་བསྟན། །ཤིང་ལས་མེ་ཏོག་འབྲས་བུ་འབྱུང་། །ལྔ་པ་དེ་ཞིང་ལྟུང་བ་འབྱུང་ཁུངས་དཔེ་རུ་འགྱུར། །འབྲེལ་ཚིག་རྣམ་དབྱེ་དྲུག་འབྲེལ་ལ་པའི་སྒྲ། །དཔེར་ན་ཤིང་གི་སྡོང་པོ་དང་། །རྩ་རྩེའི་མེ་ཏོག་འབྲས་བུ་སོགས། །ཀུན་ལ་དྲུག་སྒྲ་གི་ཞེས་སྦྱོར། །བདུན་རྟེན་དུ་གྱུར་པའོ། །པ་ཤིང་ལ་བྱ་གནས་ཞེས། །གནས་གཞིའི་དཔེ་རུ་མཛད་པར་སྣང་། །བརྒྱད་པར་སྐྱེ་ཤིང་ལ་སོགས་པ། །ཐོག་མཐའ་གང་ཡིན་འབོད་ཚིག་སྦྱར། །ཀུན་ལ་ངོ་བོ་ཉིད་དང་ནི། །དག་དང་རྣམ་སོགས་རིམ་པ་བཞིན། །རྣམ་དབྱེ་དང་པོའི་སྐབས་བསྟན་ལྟར། །སྦྱར་བས་རྣམ་གྲངས་ཉེར་བཞིར་འགྱུར། །དེ་ཡང་རྣམ་དབྱེ་གཉིས་པ་དང་། །བཞི་པ་བདུན་པའི་ལ་ཡིག་ནི། །གནོད་པ་དང་ནི་ཕན་པ་དང་། །བཏང་སྙོམས་རྣམས་སུ་བསྟན་པ་ཡིན། །བྱེད་པ་དང་ནི་འབྲེལ་སྒྲ་དག །ཕན་ཚུན་ནོར་འཁྲུལ་འབྱུང་བས་ན། །དེ་གཉིས་ཕན་ཚུན་མ་ནོར་བར། །ལེགས་པར་བཟུང་ཞེས་མཁས་པས་གསུངས། །འཇམ་དབྱངས་ཐུ་མིའི་གསུང་ལས་ནི། །དྲུག་སྒྲ་གི་ཀྱི་གྱི་འི་ཡི། །རྣམ་གསུང་དེ་མཐར་ས་སྦྱར་ན། །གསུམ་པའི་སྒྲར་གསུང་ཇི་སྐད་དུ། །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཁྱད་པར་གི་སོགས་གང་ཡིན་དེའི། །འོག་ཏུ་ལས་དང་བྱ་བའི་སྒྲ། །དངོས་པོ་གང་ཡིན་དེ་ཉིད་ལ། །ཕན་དང་གནོད་པའི་མཚན་ཉིད་ཅན། །བྱུང་ན་གང་གི་དངོས་པོ་དེར། །བྱེད་ཚིག་ངེས་པར་དགོས་ཞེས་གསུངས། །འཕགས་ཡུལ་རྣམ་དབྱེར་ཉེར་བཞིའི་སྒྲ། །བོད་དུ་མདོར་བསྡུས་དེ་ཙམ་སྟེ། །འདི་ཡང་ཇི་བཞིན་རྟོགས་པ་ན། །དོན་མང་གསལ་བར་བྱེད་པ་ཡིན། །གང་ཞིག་གསེར་གྱི་རི་བོ་ལ། །གནས་འགྱུར་འདབ་ཆགས་གསེར་གྱི་མདོག །དེ་བཞིན་མཁས་པར་བརྟེན་བྱས་ན། །བླུན་པོ་དག་ཀྱང་བློ་གྲོས་སྐྱེས། །དེ་སྐད་ལེགས་པར་སྦྱར་བ་ལྷ་ཡི་སྐད། །བརྡ་སྤྲོད་ཕྱོགས་སུ་གྱུར་པའི་ཚིག་འདི་ཡང་། །མཁྱེན་རབ་དབང་ཕྱུག་དཔལ་ལྡན་བླ་མ་ཡི། །དྲིན་ལས་རང་གི་ནུས་པས་ནམ་ཡང་མིན། །དེས་ན་ལེགས་པར་བཤད་ཀུན་བླ་མའི་མཐུ། །ཉེས་ཀུན་བདག་བློའི་ནོངས་པ་ཁོ་ན་ཡིན། །འདི་བཤད་དགེ་བས་ཇོ་བོ་སེམས་ཅན་ལ། །བསྔོ་མཐའི་ཀུན་མཁྱེན་མྱུར་ཐོབ་རྒྱུར་གྱུར་ཅིག །

དེ་ལྟར་རྣམ་པར་དཔེ་དབྱེ་བ་གནས་བརྒྱད་ཀྱི་གོ་བདེ་མདོ་ཙམ་འདི་ནི་གཙང་ལ་སྟོད་གྲོམ་པ་དཔལ་གྱི་ས་སྐྱ་དང་ཧ་ཅང་གིས་མི་རིང་བར་དམ་པ་སངས་རྒྱས་ཀྱི་དངོས་སློབ་སྐྱོ་དོན་ཡེ་ཤེས་བླ་མ་ཡི་བསྟི་གནས་ར་ས་སྤང་ལུང་གི་བྱ་འདབས་ཀྱི་རེ་རིག་གནས་ལྡིང་དུ་མ་ཧཱ་ལོ་ཙཱ་བ་བཀྲ་ཤིས་རྣམ་པར་རྒྱལ་བའི་གསུང་ལ་ཇི་ལྟར་སྣང་བ་བཞིན་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆུ་གླང་གི་ལོ་དབྱུག་གུ་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པ་ལ་བྲིས་པ་ཕྱིས་ཚིག་སྦྱོར་ཅུང་ཟད་བཅོས་པར་བྱས་པ་སྟེ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ།