cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་བདུན་པ་དེབ་ཐེར་དང་ཆོས་འབྱུང་དོགས་སེལ་སོགས་ཀྱི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།

༄༅། །རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭསྟི། རྒྱལ་བའི་བསྟན་པོ་རིན་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག བོད་རྗེ་ལྷ་བཙན་པོའི་(གདུང་)རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཨོཾ་མ་ཎི་པདྨེ་ཧཱུྃ། དེ་ཡང་རི་ཁ་བ་ཅན་གྱི་ལྗོངས་མི་ཡི་བདག་པོ་འཕགས་མཆོག་སྤྲུལ་པའི་སྐུ་འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོ་མེ་གླང་ལོར་སྐུ་བལྟམས། དགུ་ལོ་བཅུ་གསུམ་པ་ས་གླང་ལ་རྒྱལ་སྲིད་བཟུང་། དགུ་བཅུ་རྩ་བཞི་ལྕགས་ཕོ་ཁྱི་ཡི་ལོ་ལ་སྐུ་འོད་ཀྱི་གོང་བུར་གྱུར་ནས་འཕགས་པའི་ཐུགས་ཀར་ཐིམ། བར་དེར་ལྷ་སྲས་གུང་སྲོང་བཅུ་བདུན་མཐར་ཁྲིར་བཀོད་དེ་དགུང་ལོ་བཅུ་དགུ་བཞེས་ནས་སྐུ་ཞི་བར་གཤེགས་ཞེས་གྲགས་པས། ལོ་ངོ་གསུམ་རྒྱལ་སྲིད་མཛད་ཀྱང་སྲས་སྐུ་ན་ཕྲ་བས་རྒྱལ་སྲིད་རགས་པ་ཡབ་ནས་བཞེས་པ་དང་། དེ་ནས་སྲས་གཤེགས་པས་སླར་རྒྱལ་སྲིད་བསྐྱར་ནས་མཛད་ཅིང་། དེ་ལྟར་དགུ་བཅུ་རྩ་བཞི་ལ་ལོ་བཅུ་གཉིས་ཀྱིས་འཕྲིས་ཤིང་སྲས་ཀྱིས་རྒྱལ་སྲིད་སྐྱོང་བའི་ལོ་ཧྲིལ་པོ་གཉིས་མ་བསྒྲང་ན་སྲིད་དངོས་ལ་ལོ་བརྒྱད་ཅུ་དང་། སྲས་ཀྱི་དེ་ཡང་ལོ་ཁོངས་སུ་བརྩིས་ན་བརྒྱད་ཅུ་རྩ་གཉིས་ཏེ། བཀའ་ཆེམས་ལས། བརྒྱད་ཅུ་རྩ་གཉིས་རྒྱལ་པོའི་ལོ། །ལོན་ནས་རྒྱལ་པོ་འགྲོ་གསུངས་ཏེ། །ཞེས་པ་ཡང་དེ་ལ་དགོངས་ཤིང་། འཇམ་དཔལ་རྩ་རྒྱུད་ནས་རྒྱལ་སྲིད་ལོ་བརྒྱད་ཅུ་མཛད་པར་ལུང་བསྟན་པ་དང་ཡང་འགྲིག ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་ས་གླང་ལ་འཁྲུངས་ཞེས་གསུངས་ཏེ། དེ་ནི་ས་གླང་ཡིན་པའི་སྒྲུབ་བྱེད་ལྕགས་ཁྱི་ལ་གཤེགས་པར་བྱེད་ན་ལོ་རྒྱུས་དེ་རིགས་ཐམས་ཅད་མཐུན་པར་མེ་གླང་ལ་འཁྲུངས་ཞེས་གསུངས་པས་དེ་གཉིས་གཅིག་གིས་གཅིག་ག་ལ་འགོག་ནུས། ཆོས་རྗེ་གཡའ་བཟང་པའི་གསུང་རྒྱུན་ལ་བྱེད་ན། དེབ་སྔོན་དུ་དེ་ཡི་ལུང་དྲངས་པ། ང་ཉིད་ལྔ་བརྒྱ་ཐ་མའི་ཚེ། །བཞི་བརྒྱ་ཉི་ཤུ་རྩ་ལྔ་ན། །ལྷོ་ཕྱོགས་གཡོར་པོའི་རྒྱལ་ཁམས་སུ། །གླང་ཆེན་གསེར་གྱི་ལོ་ལ་འཁྲུངས། །མཚན་ནི་དྷརྨ་པྲ་ཎི་ཞེས། །རྒྱལ་པོ་འདི་སྐད་གསུངས་ཞེས་པར། །དམ་པའི་ཆོས་རྣམས་འཆད་པར་བྱེད། །ཅེས་གསུངས་པ་དེ་ཡང་ཞལ་དུ་འདོན་ཞེས་བྲིས་མོད། དེ་ནི་རྒྱལ་པོ་ལྕགས་གླང་ལ་གཤེགས་ནས་བཞི་བརྒྱ་ཉི་ཤུ་རྩ་ལྔར་ཤིང་སྟག་གམ་ཤིང་ཡོས་གང་རིགས་འཆར་བར་ངེས་པས་གཡའ་བཟང་བའི་འཁྲུངས་ལོ་ས་གླང་དང་བསྒྲིགས་མི་ནུས་ཏེ་མངོན་སུམ་ཉིད་དུ་འགལ་ལོ། །གཡའ་བཟང་ཆོས་རྗེའི་ལུང་བསྟན་བཀའ་ཆེམས་ཐོ་ལིང་མར་ཡོད་པ་ནི། དེབ་སྔོན་དུ་བྲིས་པ་དང་ལོ་ཚིགས་མི་མཐུན་ཏེ། འདི་སྐད་དུ། གསོན་ཅིག་བློན་པོ་འགར་གྱིས་སྣ་དྲངས་ནས་བློན་བདུན། །བདག་ནི་ལྕགས་ཕོ་ཁྱི་ཡི་ལོ་ལ་འདས་གྱུར་ནས། །གཅིག་ནས་གཉིས་སུ་བསྒྲངས་པའི་ལྔ་བརྒྱ་ཉི་ཤུ་ན། །གཡོར་པོའི་རྒྱལ་ཁམས་གངས་ཀྱི་རི་རྒྱུད་དུ། །དགེ་སློང་དྷརྨ་པྲ་ཎི་ཞེས་བྱ་བར། །གླང་ཆེན་གསེར་གྱི་ལོ་ལ་སྐུ་འཁྲུངས་ནས། །ཁྱོད་ཀྱིས་སྣ་དྲངས་ནང་བློན་བདུན་པོ་རྣམས། །སྲས་སུ་ཁྱོད་འཁྲུངས་གཞན་ཡང་མཇལ་བར་གྱུར། །ཞེས་གླེགས་བམ་རྙིང་ངེས་རྣམས་སུ་ཚིག་ཟུར་འདྲ་མིན་འདུག་ཀྱང་དངོས་དོན་ལོ་ཚིགས་གཅིག་ཏུ་བྱུང་བས། ལྔ་བརྒྱ་ཉི་ཤུ་ནི་ལྕགས་ཁྱི་ནས་ས་གླང་དང་འགྲིག་པར་མ་ཟད། བདག་གིས་འདིར་བཀོད་ལོ་གྲངས་དང་ཆེད་དུ་མ་བསྒྲིགས་བཞིན་རང་བཞིན་གྱིས་ཤིན་ཏུ་འགྲིགས་པས་ཡ་མཚན་ནོ། །དེབ་སྔོན་སོགས་ཁ་ཅིག་གི་འདོད་པ་ལྟར་ན་ལོ་དྲུག་ཅུ་སྐོར་གཅིག་འཕྲིས་དགོས་པར་གསལ་ལོ། །གང་ལྟར་གཡའ་བཟང་བས་ས་གླང་ལ་འཁྲུངས་རྒྱུར་གསུངས་པ་ལས། ཆོས་རྒྱལ་ས་གླང་ལ་འཁྲུངས་པའི་སྒྲུབ་བྱེད་མེད་ལ་འཇམ་དཔལ་རྩ་རྒྱུད་ཀྱིས་ལུང་བསྟན་པ་ནི། རྒྱལ་སྲིད་མཛད་པའི་ཚད་ལས་སྐུ་ཚེའི་ཚད་མ་ཡིན་པ། ལོ་ནི་བརྒྱད་ཅུ་རྒྱལ་སྲིད་བྱས། །ཞེས་ཚིག་མངོན་སུམ་པས་གསལ་བ་སྟེ། དེས་ན་འཁྲུངས་ལོ་དང་རྒྱལ་སྲིད་བཟུང་བའི་ལོ་ཕྱེད་པ་གལ་ཆེ་ལ། འདིར་བཤད་པ་ནི་སྔར་གྱི་ཡིག་རྙིང་ཁུངས་ལྡན་མཐའ་དག་པར་མེ་གླང་ལ་འཁྲུངས་ཞེས་མགྲིན་གཅིག་ཏུ་ཡོད་པ་རང་བཟོས་རྟོགས་མི་དགོས་ཤིང་། ལྕགས་ཁྱི་ལ་གཤེགས་པ་བཅས་འཐད་ཅིང་རིག་པ་ཡིད་ཆེས་པའི་གནས་སོ། །

དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བོད་ཀྱི་རྒྱལ་པོར་སྤྲུལ་པ་དེ་ཉིད་གདུང་རབས་ཇི་སྙེད་བཅས་འཇམ་དཔལ་རྩ་རྒྱུད་དུ་འདི་སྐད་ཅེས་ལུང་བསྟན་ཏེ། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འཁྲུངས། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་གྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོ་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེས་ནི་སྲོག་སྤངས་ནས། །དེ་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པ་བསིལ་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བཙོན་(བརྩོན།) རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་བཞིན་ས་འོད་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཤེས་བསྟན་པ་ཡིན། །ས་སྲུང་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློའི་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རིལ་སྐྱེ་དགུའི་ཉེ་བར་སྤྱོད། །ཅེས་ལུང་བསྟན་པ་ཡིན་ཏེ། དེ་ལ་བོད་ཀྱི་མཁས་པ་དུ་མ་མཐུན་པ་ཉིད་དང་། འགོས་ལོ་གཞོན་ནུ་དཔལ་བས་འདི་སྐད་གསུངས་ཏེ། བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང་། ལྷ་ལྡན་ནི་ལྷ་སའོ། །ལོ་བརྒྱད་ཅུ་རྒྱལ་སྲིད་བྱེད་པ་ནི་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཤིང་བར་དུ་གུང་སྲོང་གུང་བཙན་གྱིས་ཀྱང་རྒྱལ་སྲིད་ཅུང་ཟད་མཛད་པའོ། །སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ། ཀོང་ཇོ་དང་བལ་མོ་བཟའ་དང་འབྲིང་བཟའ་མ་ཐོད་དཀར་རོ། །ལི་ཙ་བྱིའི་རིགས་སུ་བྱུང་བ་ནི། ཡངས་པ་ཅན་པའི་རྒྱུད་ཡིན་པའོ། །ཀླ་ཀློའི་རྒྱལ་པོ་ནི་ནུབ་ཕྱོགས་ཏ་ཞིག་(ཟིག)གི་ཡུལ་ལ་དབང་བྱེད་པའོ། །དེ་བཞིན་དུ་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། ཁྱུ་མཆོག་ནི་མང་སྲོང་ངོ་། །ཁྱུ་མཆོག་བཟང་ནི་ཀླུང་ནམ་མོ། ས་འོད་ནི་མེས་ཨག་ཚོམ་མོ། །ས་འོད་བཟང་ནི་ཁྲི་སྲོང་ལྡེའུ་བཙན་ནོ། །ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ། །རྐང་པའི་འགྲོས་ནི་ཁྲི་ལྡེ་སྲོང་བཙན་ནོ། །ས་སྲུང་ནི་རལ་པ་ཅན་ནོ། །བེའུ་ནི་གླང་དར་མའོ། །འོད་ལྡན་ནི་འོད་སྲུང་སྟེ། ལྡན་པ་དང་སྲུང་བ་ལ་ཨ་བ་ཏི་ཟེར་བའི་ཕྱིར་རོ། །ཐ་མ་འཆར་རྒྱལ་ངང་ཚུལ་ནི། ཉི་མ་འཆར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་ཡིན་ཞེས་འགའ་ཞིག་འདོད་ལ། ཤར་ཁ་ཞེས་པའི་ལུང་འདིར་རྒྱལ་པོ་དཔལ་འཁོར་བཙན་ཡིན་ཡང་རུང་ངོ་། །དེ་ནས་བོད་སྤྱི་ལ་དབང་བྱེད་པའི་རྒྱལ་པོ་མེད་པས་ལུགས་རྣམ་པར་ཞིག་གོ །ཞེས་སྨྲས་པ་གཞན་ནི་དེ་ལྟར་མི་འཐད་པ་མེད་ཀྱང་བཙུན་མོའི་སྐབས་རྒྱ་བལ་བཟའ་དང་མང་(མོང་)བཟའ་ཁྲི་ལྕམ་བསྒྲངས་དགོས་ལ། གུང་བཙན་གྱི་རྒྱལ་སྲིད་ལོ་གཉིས་སྲོང་བཙན་གྱི་རྒྱལ་སྲིད་ལོ་ཁོངས་སུ་མ་བསྡུས་པ་རུང་ཡང་སྲོང་བཙན་གྱིས་རྒྱལ་སྲིད་མཛད་པའི་བརྒྱད་ཅུ་སྐུ་ཚེའི་ཚད་དུ་བྱས་པ་ནི་མི་ལེགས་པ་དང་། གོང་དུ་གུང་སྲོང་གི་ལུང་བསྟན་ཧོར་ཁོངས་སུ་བཞག་ནས་ཕ་རོལ་གནོན་མུ་ནེ་བཙན་པོར་འཛིན་པ་ཡང་མི་འཐད་དེ། ཕ་རོལ་གནོན་ཁྲི་སྲོང་ལྡེ་བཙན་དང་། རྐང་པའི་འགྲོས་ནི་ཁྲི་སྲོང་གི་སྲས་རྣམས་ཀྱིས་རྒྱལ་སྲིད་རིམ་པས་མཛད་པ་ལ་དགོངས་པར་བདག་གི་རྣམ་རྟོག་སྟེ། དོན་དུ་ཡང་དེར་ངེས་ལ། འཆར་རྒྱལ་ངོས་འཛིན་ཡང་དཔྱད་བྱར་སྣང་ངོ་། །

དེ་ལྟར་འཇིག་རྟེན་དབང་ཕྱུག་བོད་རྗེའི་མི་ཡི་ལྷ་སྲོང་བཙན་སྒམ་པོའི་ཞབས་ལྕགས་ཁྱི་ལ་སྤྲུལ་པ་བསྡུས་པའི་སྐབས་མང་སྲོང་ས་ཁྱི་ལོ་པ་བཅུ་གསུམ་བཞེས་ཤིང་། དེ་ནས་རྒྱལ་སྲིད་ལོ་ཉེར་དྲུག་བཟུང་། མེ་བྱི་ལ་གཤེགས། ཡབ་གཤེགས་ནས་ཞག་བདུན་ལོན་པ་ན་སྲས་འདུས་སྲོང་མང་པོ་རྗེ་བལྟམས་ཞེས་ལོ་རྒྱུས་མང་ཞིག་ཏུ་འབྱུང་ཡང་། ཐང་གི་ཡིག་ཚང་སོགས་ཁ་ཅིག་ཏུ་མེས་གཤེགས་པའི་ལྕགས་ཁྱི་ནས་ལོ་སུམ་ཅུ་བར་རྒྱལ་སྲིད་མཛད་ནས་ས་ཡོས་ལོར་གཤེགས། ལོ་དེ་ལ་མང་སྲོང་ཁྲིར་འཁོད་སྨྲས་པ་འཐད་པར་སེམས་ལ། འདུས་སྲོང་འཁྲུངས་ལོ་བྱི་བ་ཡིན་ཞེས་གཏན་ཚིགས་ཕལ་ཆེར་འགྲིགས་པས་དེ་ཚེ་དགུང་ལོ་བཞི་ལོན་པའི་སྐབས་སུ་ཞེས་སོ། །འདུས་སྲོང་མང་པོ་རྗེས་རྒྱལ་སྲིད་ལོ་སོ་བརྒྱད་མཛད་པའི་འབྲུག་ལོའི་དཔྱིད་སྲས་ཁྲི་ལྡེ་གཙུག་བརྟན་བལྟམས། དགུན་དེར་ཡབ་གཤེགས་ནས་ལོ་ཕྱི་མར་ཁྲི་ལྡེ་གཙུག་བརྟན་རྒྱལ་པོར་མངའ་གསོལ་ཟེར་བ་ཡི་གེ་མང་བས་དེ་ཚེ་མེས་ཀྱི་དགུང་རྟ་(རྟགས་)མེ་འབྲུག་ཏུ་སོང་། དེས་རྒྱལ་སྲིད་ལོ་དོན་བཞི་བྱས་པ་དང་། རེ་བརྒྱད་དང་རེ་གསུམ་དང་ང་ལྔ་དང་ང་གཅིག་བྱས་པ་སོགས་དུ་མ་མཐོང་ཞིང་མང་(པོ་)ཞིག་ཡབ་གཤེགས་སྐབས་སུ་སྲས་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་གསུམ་ལོན་པར་འདོད་པ་ཐང་ཡིག་སོགས་དང་མཐུན་རུང་། རྒྱལ་རབས་ཁ་ཅིག་ཏུ་ཡབ་གཤེགས་ནས་སྲས་ལོ་བདུན་པའམ་བརྒྱད་པར་ཁྲི་ལ་འཁོད་ཅེས་བྱུང་བ་བློན་པོ་གདུག་པ་རྣམས་ཀྱིས་ཁྲིམས་བུ་ཆུང་བཅའ་ཚུལ་ལ་དཔག་(ན་)སྐུ་ཚ་ཕྲ་མོར་ཡབ་གཤེགས་པར་འཐད་པས་༼དེ་ནི་རྒྱལ་ཐབས་ཇི་བཞིན་རང་ཉིད་ཀྱིས་སྐྱོང་ནུས་པའི་དུས་བརྙེས་པའི་ཐོག་མ་ལ་དགོངས་པར་འདོན་(འདོད་)ལ། ཆོས་དབང་ཞབས་ཀྱིས་གནམ་སྐས་ཀྱི་གཏེར་ལོ་ལྔ་བརྒྱ་རྩ་གསུམ་ན་འདོད་པར་གསུངས་པ་ཡང་རྒྱ་དཀར་དུ་རྒྱལ་པོ་ད་ལྟ་བའི་ལོ་བརྩི་བའི་ལོ་ལུགས་སྲོལ་ལྟར་བཅུ་གསུམ་ལྕགས་རྟ་ནས་བསྒྲངས་པ་གསལ་(དཔལ་)གྱི་བསམ་ཡས་ཀྱི་རྨང་བཏིང་བའི་དུས་དེ་ལས་ལོ་བརྒྱད་ཀྱི་འཕྱི་བ་ས་སྟག་ལ་ཡིན་ཟེར་ཡང་གནམ་སྐས་ཀྱི་གཏེར་སྦ་བའི་དུས་རགས་རྩིས་སུ་འགལ་བ་མེད་ལ། འོན་ཀྱང་འདི་ལ་ཞིབ་མོར་བྱ་དགོས་པས་འདིར་བྲི་མི་ལོང་བས་གཞན་དུ་སྤྲོའོ།༽དེའི་ན་མེས་ཀྱིས་མེ་སྦྲུལ་ནས་རྒྱལ་སྲིད་ལོ་རེ་བདུན་བྱས་པའི་ཆུ་ཕག་དགོངས་༼དགུང་༽ལོ་རེ་བརྒྱད་པར་སྐུ་གཤེགས། དེ་ཚེ་སྲས་ཁྲི་སྲོང་ལྡེའུ་བཙན་ས་རྟ་ལོ་པ་དགུང་ལོ་དྲུག་བཞེས་ཤིང་། བདུན་པ་ཤིང་བྱི་ལོར་ཁྲིར་འཁོད་པའོ། །གཞན་ཐང་གི་ཡིག་ཚང་ལྟར་ན་མང་སྲོང་གི་རྒྱལ་སྲིད་ལོ་སུམ་ཅུ། འདུས་སྲོང་གིས་རྒྱལ་སྲིད་ལོ་ཉེར་དྲུག མེས་ཨག་ཚོམ་ཅན་གྱིས་ང་གཅིག་བྱས་པ་ཚལ་པའི་དེབ་དམར་དུ་བྲིས་པས། དེ་ཚེ་སྲོང་བཙན་གཤེགས་པའི་ལྕགས་ཁྱི་ནག་མེས་ཨག་ཚོམ་ཅན་གཤེགས་པའི་ཤིང་ལུག་བར་ལོ་བརྒྱ་དང་ཉག་དྲུག་སོང་། འདིར་བསྟན་ཆུ་ཕག་ལས་ལོ་ཉེར་བརྒྱད་ཀྱི་ཉུང་བ་ཙམ་སྟེ། ལོ་འདི་ལ་ལྷག་ཆད་ཡོད་པར་མངོན་པས་སླར་རྒྱ་ནག་གི་ཡིག་ཚང་ཞིབ་མོ་གཞན་དུ་དཔྱད་ནས་བགྱིད་ཀྱང་འདོད་དོ། །འདིར་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བདུན་ལ་ཁྲིར་བཞུགས། རྒྱལ་སྲིད་ལོ་ཞེ་དགུ་བྱས། ལྔ་བཅུ་ཆུ་གླང་ལོར་ལྷ་སྲས་མུ་ནེ་བཙན་པོར་རྒྱལ་སྲིད་གཏད། རྒྱ་ཡི་ཚིག་ཚང་ལྟར་ན་ཆུ་གླང་དེ་ནས་བརྒྱད་ལོན་པ་རེ་གསུམ་ལྕགས་སྤྲེལ་ལ་གཤེགས་ཞེས་དང་།

སྔགས་རྙིང་མའི་ལོ་རྒྱུས་མང་པོ་ཞིག་དང་། བུ་སྟོན་ཞབས་ནས་རེ་དགུ་མེ་སྟག་ལ་སྐུ་གཤེགས་པར་བཞེད་ལ་གཏེར་ལུང་ཁ་ཅིག་པར་རེ་བརྒྱད་གླང་ལོ་འབྲུག་ཟླའི་ཉ་ལ་གཤེགས་པར་གསུངས་ཏེ། དེ་གསུམ་ལས་རེ་ཞིག་ཕྱི་མ་བཟུང་ན་སྲས་ལ་རྒྱལ་སྲིད་གཏད་ནས་ལོ་བཅུ་གཉིས་འདས་ཤིང་། ལོ་ངོ་བཅུ་གསུམ་པ་ཤིང་གླང་ལོར་སྐུ་གཤེགས། འཕགས་པ་མཆོག་སྲོང་བཙན་སྒམ་པོ་ལྕགས་ཁྱི་ལོར་གཤེགས་ནས་ལོ་བརྒྱ་དང་ཉེར་བརྒྱད་འདས་པའི་ས་རྟ་ལོར་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དེ་ཤིང་གླང་ལ་གཤེགས་ཚེ་མེས་གཤེགས་ནས་བརྒྱ་གོ་ལྔ་འདས་སོ། །དེ་རྗེས་སྲས་མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཅིག་དང་ཟླ་དགུའམ་བདུན་ནམ་གསུམ་བཟུང་ཞེས་དང་། ཡབ་གཤེགས་ནས་ཟླ་བ་དྲུག་ནས་སྐུ་གཤེགས་ཞེས་ཀྱང་ཡོད་ལ། དེ་ནས་མུ་རུག་བཙད་པོ་རྒྱལ་སྲིད་དུ་བཞུགས་པར་བརྩམས་ཀྱང་མི་རིངས་བར་ཆིབས་ཀྱིས་བརྡབས་ཏེ་གྲོངས་ཞེས་མང་པོ་ཞིག་མཐུན་ཡང་མུ་རུག་གཤེགས་པའི་བང་སོ་རྒྱལ་པོ་ཁྲི་རབས་ཀྱི་གནས་སུ་ཡོད་པས་ཡུན་རིང་ཐུང་ལས་རྒྱལ་སྲིད་ཀྱི་ཁྲིར་བཞུགས་པར་བྱས་པ་ཉིད་འཐད་དོ། །ཡང་ཁ་ཅིག་ནས་མུ་རུག་དང་མུ་ཏིག་གཅིག་པར་འདོད་པ་ནི་མི་ལེགས་སོ། །དེ་ནས་མུ་ཁྲི་དང་མུ་ཏིག་ཐ་དད་ཀྱིས་རྒྱལ་སྲིད་རིམ་པར་བྱས་ཞེས་དང་། མུ་ཁྲི་དང་མུ་ཏིག་གཅིག་པར་འདོད་པའི་ལུགས་གཉིས་ལས་འདོད་པ་ཕྱི་མ་རང་གི་བློ་ལ་རན་པས་སླར་དཔྱད་དགོས་དང་། རེ་ཞིག་འདིར་སྔ་མ་ཉིད་བཞེད་པ་པོ་མང་བས་དེ་དང་ཕྱོགས་མཐུན་དུ་བཀོད་ན་མུ་ཁྲི་བཙན་པོ་ཡབ་གཤེགས་པའི་སྐབས་སུ་དགུང་ལོ་ཉེར་གཉིས་ཏེ། དེ་ནས་ལོ་གསུམ་འདས་པ་རང་ལོ་ཉེར་ལྔ་ས་འབྲུག་ལ་ཁྲིར་བྱོན། དེ་ནས་ལོ་དྲུག་པ་ཆུ་བྱ་ལ་གུ་རུ་རིན་པོ་ཆེ་སྲིན་པོ་འདུལ་དུ་གཤེགས། མུ་ཁྲིས་རྒྱལ་སྲིད་ལོ་བརྒྱད་མཛད་ནས་སོ་གཉིས་ཤིང་ཕག་ལ་གཤེགས། དེའི་ཚེ་གཅུང་ཁྲི་ལྡེ་སྲོང་བཙན་ནམ་མཚན་གྱི་རྣམ་གྲངས་མུ་ཏིག་བཙད་པོ་སྟེ་ཤིང་སྟག་ལོ་པ་དགུང་ལོ་བཞི་པའི་སྐབས་ཉམས་སད་པའི་ཕྱིར་ཁྲིར་བཀོད་ནས་ཡབ་ཀྱིས་ནོར་བུའི་ཅོད་པཎ་བཅིངས་པས་བཀྲ་ཤིས་པའི་ལྟས་མང་དུ་བྱུང་ཞིང་། དབུ་རྒྱན་ནོར་བུའི་ལྗིད་ཀྱིས་དབུ་ཅུང་ཟད་ཡོ་བས་སད་ན་ལེགས་འཇིང་ཡོན་ཏུ་མཚན་གསོལ་བ་དེ་བཅུ་གཉིས་པར་ཡབ་ཁྲི་སྲོང་ལྡེའུ་བཙན་གཤེགས། ཉེར་གཉིས་ལ་གཅེན་གཤེགས་པས་སེང་གེའི་ཁྲིར་མངའ་གསོལ། རྒྱལ་སྲིད་ལོ་ངོ་སྔ་ཕྱི་གཉིས་བསྡོམས་པའི་ཉེར་གཅིག་མཛད། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། ཞེ་གཉིས་ཤིང་ལུག་ལོར་གཤེགས། མུ་ཁྲི་དང་སད་ན་ལེགས་གཉིས་ཀའི་རྒྱལ་སྲིད་ཀྱི་ལོ་གང་པོ་ནི་ཉེར་བདུན་ཏེ། ཁྲི་སྲོང་ལྡེའུ་བཙན་གཤེགས་ནས་སུམ་ཅུ་ཐམ་པ་འགྲོ། ཁ་ཅིག་མུ་ཏིག་གི་སྲས་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ཡིན་པར་སེམས་པ་ནི་སྐར་ཆུང་རྡོ་རིང་གི་ཡི་གེ་དང་དངོས་སུ་འགལ་བས་སད་ན་ལེགས་ཁྲི་སྲོང་ལྡེའུ་བཙན་ཉིད་ཀྱི་སྲས་སུ་ངེས་པར་ཡང་དག་པར་བཟུང་བར་བྱའོ། །ལྷ་སྲས་ཁྲི་རལ་ཡབ་སད་ན་ལེགས་ཀྱི་ཉེར་དགུ་ཆུ་རྟ་ལོར་འཁྲུངས། བཅུ་བཞི་ལ་ཡབ་གཤེགས། ལོར་དེར་ཁྲི་ལ་བཞུགས། སྐྱིད་རྟག་ལོ་དང་པོར་མིང་བཏགས། རྒྱལ་སྲིད་རྒྱ་ནག་གི་ཡིག་ཚང་ལྟར་ན་ལོ་ཉེར་གཉིས་བྱས། མེ་འབྲུག་ལ་གཤེགས་ཟེར་ཡང་བོད་སྤྱི་ཡི་ལྕགས་བྱ་ལ་གཤེགས་པ་མཐུན་པས་དེ་ཚེ་རྒྱལ་སྲིད་ལོ་ཉེར་བདུན་བྱས་པའོ། །ལྷ་རལ་པ་ཅན་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བར་ཉང་དང་ཆོས་དབང་གཉིས་ཀའི་ལུང་སྐྱེ་འཕྲེང་དུ་གསུངས་ཏེ། དེ་ཡང་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་པའི་དེ་མ་ཐག་སུམ་ཅུ་རྩ་གསུམ་དབང་པོ་བརྒྱ་བྱིན་གྱི་སྲས་ལྷ་དབང་འོད་མཐའ་ཞེས་སུ་འཁྲུངས་ནས་མི་ལོ་བཅུ་དྲུག་འདས་པ་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་སྲི་ཞུ་མཆོག་ཏུ་བགྱིས་པའི་སླད། སླར་ཡང་རང་གི་རིགས་སྲས་ཀྱི་རྒྱུད་དུ་བལྟམས་པར་བྱེད་དགོས་པས་དེ་རྩ་གསུམ་པའི་ཆུ་ཚོད་གཅིག་གི་ཡུན་འདས་པར་འཕོ་ཚུལ་བསྟན་པ་ཤེས་སོ། །གནོད་སྦྱིན་དར་མ་འུ་དུམ་བཙན་ཤིང་ལུག་ལོ་པ་སྐྱེས་ནས་ཟླ་བ་གཉིས་ནས་ཡབ་གཤེགས། ནར་སོན་པ་ན་གཅེན་གྱིས་འུ་ཤངས་རྡོ་ཡི་གཙུག་ལག་ཁང་བཞེངས་པ་ན་གྲོགས་སྟོབས་ཀྱི་དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་སོགས་བཞེངས། ཉེར་བདུན་ལྕགས་བྱ་ལ་རྒྱལ་སྲིད་ཐོབ་ནས་ལོ་གཅིག་འཇིག་རྟེན་ཕལ་སྤྱོད་རྣལ་མ་དང་། དེ་ནས་སྡིག་པའི་གྲོགས་པོས་བསྐྱོད་ཅིང་ནག་ཕྱོགས་གདོན་གྱིས་བསྐུལ་ནས་ཚུལ་ངན་ལ་སྤྱོད་པ་ཟླ་བ་དྲུག་དང་། དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཚེ་བ་ཁོ་ནར་ལྷུར་ལེན་པ་ཟླ་བ་ཕྱེད་བདུན་བཅས་བྱས་ནས། ལོ་ངོ་གསུམ་སོང་བའི་ཆུ་ཕག་ལོར་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ལྷས་ལུང་དཔལ་གྱི་རྡོ་རྗེས་ཉག་ཕྲན་འཁྲུལ་འཁོར་གྱིས་ལྔ་པའི་ལམ་དུ་བརྫངས། རྒྱལ་པོ་བེའུ་དར་མ་ལྔ་ལམ་དུ་བཏང་བའི་ལོ་གཏན་ཚིགས་ཁ་ཅིག་ཏུ་ལྕགས་བྱ་དང་ཆུ་ཁྱི་དང་ཡང་ཤིང་གླང་དང་མེ་སྟག་བྱས་པ་ཡོད་ཀྱང་སྔ་མ་གཉིས་མི་འཐད་ལ་ཕྱི་མ་དག་རུང་། ཡང་དཀྱུས་སུ་བསྟན་པ་ཉིད་ཁུངས་སུ་ཆེའོ། །

ལྷས་ལུང་དཔལ་གྱི་རྡོ་རྗེ་འདི་ནི་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པར་ཡོངས་གྲགས་དང་། ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས་སུ་གུ་རུ་པདྨའི་ཞལ་མཇལ་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་། ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པར་ལྷས་ལུང་དུ་གྲགས། ལྷ་སྲས་མ་རུབ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིན་ཉིང་མཚམས་སྦྱར་བ་ཡིན་ཞེས་བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར་གསལ་བར་གསུངས་པས། དེ་ཚེ་མེ་སྟག་གམ་མེ་ཡོས་གང་རིགས་སུ་འཁྲུངས་དགོས་ལ། རྒྱལ་པོ་སྡིག་ཅན་སྒྲོལ་དུས་དགུང་ལོ་ང་བརྒྱད་ཙམ་དུ་ཕེབས་པ་དང་། ཁམས་སུ་བླ་ཆེན་དགེ་བ་དགོངས་པ་རབ་གསལ་གྱི་བསྙེན་པར་རྫོགས་པའི་ཁ་སྐོངས་ཀྱི་དགེ་སློང་རྒྱ་ནག་ནས་ཧ་ཤང་གཉིས་འབད་པས་བཙལ་བའི་གྲོགས་ཀྱང་མཛད་ཅིང་། དུས་ཕྱིས་གནམ་ལྡེ་འོད་སྲུང་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མདོ་ཆོག་གི་ལུང་བྱིན་པ་ཡང་བཤད་པས་སྐུ་ཚེ་བརྒྱད་ཅུ་ལྷག་ངེས་ཤིག་བཞུགས་པར་སྣང་ངོ་། །གངས་ཅན་འདིར་རྒྱལ་བསྟན་རིན་པོ་ཆེར་བྱ་བ་བླ་ལྷག་ཏུ་མཛད་་པ་པོ་ཁྱད་པར་འཕགས་པ་གཅིག་སྟེ། བཀའ་དྲིན་རྣམ་པ་ཀུན་ཏུ་དྲན་ནས་རྟག་ཏུ་ཕྱག་བྱ་བའི་གནས་སོ། །ས་གནས་འཕགས་ཆེན་རྣམས་ཀྱི་སྤྲུལ་པའི་སྐུ། །ས་སྐྱོང་མཐོ་རིས་མཛེས་རྒྱན་མི་ཡི་ལྷ། །རྒྱལ་བའི་ལུང་བསྟན་རྒྱལ་བསྟན་འདྲེན་པ་པོ། །རྒྱལ་སྲས་རྒྱལ་བློན་རྣམས་ལ་རྟག་ཕྱག་འཚལ། །དམ་ཆོས་ཡུན་རིངས་གནས་པར་བྱ་བའི་ཕྱིར། །དམ་པའི་རྣམ་ཐར་འཛིན་ལ་ཆེས་བརྩོན་པ། །དཔལ་གྱི་རྡོ་རྗེ་ལ་སོགས་འཇིགས་མེད་ལྷ། །དཔལ་ཆེན་རྣམས་ལ་གུས་པ་ཅིས་མི་བསྐྱེད། །ཅེས་སོ། །

བོད་རྗེ་ལྷ་བཙད་པོའི་རིགས་དྲི་མ་མེད་པ་བེའུ་དར་མ་ལ་སླས་ཀྱི་བཙུན་མོ་གཉིས་མངའ་བའི་ཆུན་མ་ཚེ་སྤོང་བཟའ་བཙད་མོ་འཕེན་ལ་ལྕགས་བྱ་ལོར་མངལ་དུ་ཆགས་ནས་ཆུ་ཁྱི་འཆར་བ་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་པ་ཆེན་མས་འཕྲོག་གམ་བསད་པར་དོགས་ནས་མེལ་ཚེ་དང་མཚན་མོ་མར་མེའི་ཕྲེང་བས་བསྐོར་ནས་བསྲུངས་བས་མཚན་ཡང་འོད་སྲུང་དུ་ཆགས། འདི་སྤྱོད་ལམ་ལེགས་ཤིང་ངང་ཚུལ་བཟང་བས་དེ་སྐབས་བློན་འགའ་ཁྲི་རལ་གྱི་སྲས་ཡིན་པར་ཡང་བྱས་སྐད། འོད་སྲུང་བལྟམས་པའི་ལོ་ཕྱི་མ་རྒྱལ་པོ་བེའུ་གཤེགས་སྐབས་སྣ་ནམ་བཟའ་ལ་ཁྱེའུ་ཞིག་བྱུང་བ་བློན་པོ་རྣམས་ལ་བསྟན་པས་སྐྱེ་མ་ཐག་སོ་ཡོད་པ་ཐེ་ཚོམ་ཡང་ཡུམ་གྱི་བཀའ་བཙན་པས་བརྟན་དུ་ཆུགས་སྨྲས་པས་མཚན་ཡང་ཡུམ་བརྟན་དུ་ཆགས། ནག་ཕྱོགས་ཀྱི་རྣམ་པར་འཕྲུལ་པའི་སྡིག་བློན་རྣམས་ཀྱིས་རྒྱལ་པོ་བེའུ་གཤེགས་རྗེས་ཀྱང་བསྟན་ལ་འཚེ་བ་བརྩམས་རུང་རྒྱལ་པོའི་སྐབས་ལྟར་ངག་མི་བཙན་ཞིང་མི་རིངས་བར་ལུས་ཚལ་པ་དུ་མར་མངོན་དུ་ཞིག་ནས་ཚེའི་དུས་བྱས་པ་སོགས་བཟོད་དཀའ་མི་སྲིད་བཟད་འཇིགས་རུང་གིས་ཕལ་ཆེར་ཁ་དག་པས་མི་རྣམས་ཞིང་དངངས་ཤིང་། ཆོས་ལ་དཀར་བའི་བློན་པོ་རྣམས་ཀྱིས་ཀྱང་བསྐུལ་བས། ཤིང་གླང་ལོ་མཐར་ཆོས་ལ་འཚེ་བའི་འཕྲོ་ཆད། ཤིང་གླང་འདི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཤེགས་ལོ་དྲུག་ཅུ་སྐོར་གཅིག་འདས་ནས་ཡང་ཤིང་གླང་ཤར་བ་དེ་ཡིན། མེ་སྟག་ལ་འོད་སྲུང་དང་ཡུམ་བརྟན་ཡང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་བླངས་ནས་དཀོན་མཆོག་རྟེན་ལ་མཆོད་པ་བྱས། རྒྱལ་བུ་དེ་ཉིད་ནར་སོན་ནས་གནམ་ལྡེ་འོད་སྲུང་གི་བུས་གཡོར་རུ་བཟུང་། སྨན་བླའི་མདོ་ཆོག་ལ་ཡི་དམ་སྙིང་པོ་མཛད་ཅིང་། དཀོན་མཆོག་གསུམ་ལ་གུས་པ་ཆེན་པོ་བྱས། དགུང་ལོ་རེ་གསུམ་དང་ཞེ་དགུ་དང་སོ་དགུ་བྱས་པ་མཐོང་ཡང་ཕྱི་མ་འཐད་པར་སེམས། དེ་ཡི་བཙུན་མོ་ལྕོག་རོ་བཟའ་རྒྱལ་མོ་ལ་ཡབ་ཀྱི་ཉེར་བཞི་ཤིང་བྱ་ལོར་སྲས་དཔལ་འཁོར་བཙན་འཁྲུངས། ཡབ་གཤེགས་པའི་ཕྱི་ལོ་ལྕགས་གླང་ལ་རྒྱལ་སར་འཁོད། བློན་པོ་འབྲོ་གཙུག་དགྲ་ལྷ་སྣང་དང་ཅང་འ་ཕོ་གཉིས་ཀྱིས་བྱས། གཙུག་ལག་ཁང་བརྒྱད་བཞེངས། གབ་རྩེ་མཁན་བསམ་རྒྱལ་གྱིས་ལུག་ལ་གཤེགས་ཟེར་བས་དགུང་ལོ་སོ་ལྔའོ། །

གླིང་རྗེ་གེ་སར་དུ་གྲགས་པ་ཡང་གནམ་ལྡེ་འོད་སྲུང་ནས་འདི་ཡབ་སྲས་ཀྱི་རིངས་ལ་བྱུང་བར་མངོན་ནོ། །རླངས་ཀྱི་ཨ་མེས་བྱང་ཆུབ་འདྲེ་བཀོལ་གྱི་སྦྱིན་བདག་གེ་སར་གྱིས་བྱས་ཤིང་། བྱང་ཆུབ་འདྲེ་བཀོལ་རང་ཉིད་གུ་རུ་པདྨའི་སྤྲུལ་པ་དང་། གེ་སར་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པར་ཁས་བླངས་ཤིང་། གེ་སར་གྱ་བརྒྱད་ཐུབ་པའི་ལུང་བསྟན་མཛད་ཚུལ་རླངས་ཀྱི་པོ་ཏི་བསེ་རུར་ཡོད་པས་གེ་སར་ནམ་བྱུང་གི་དུས་དེས་ཤེས་པས་དེ་ལས་དུས་སྔ་བ་དང་ཕྱི་བར་མ་སེམས་ཤིག རྙིང་མ་ཁ་ཅིག་གིས་གེ་སེར་མངའ་བདག་སྤྲུལ་པར་འདོད་པ་རླངས་ཀྱི་ཚིག་རིས་དང་མཐུན་རུང་བདག་གི་རྩ་བའི་བླ་མས་གེ་སར་སྐྱེས་བུ་རྡོ་རྗེ་ལེགས་པའི་རྣམ་འཕྲུལ་དུ་གསུང་བ་དོན་ལ་གནས་པར་ངེས་ཤིང་། དེ་བོད་ཁམས་བདེ་བའི་ཕྱིར་མངའ་བདག་ཁྲི་སྲོང་གི་བཀའ་ལུང་ངམ་སྨོན་ལམ་གྱི་མཐུས་རྡོར་ལེགས་ཀྱིས་མི་ཡི་སྲིད་པ་བཟུང་བར་བྱས་ན་འགལ་བ་ཅན་ཡང་མ་ཡིན་ནོ། །ཕྱིས་བྱུང་ལོ་རྒྱུས་འཆད་པ་པོ་མང་པོ་ཞིག་གིས་ཨ་མེས་བྱང་ཆུབ་འདྲེ་བཀོད་འདི། གུ་རུ་པདྨ་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ཡིན་ཞེས་གསུངས་ཀྱང་། གུ་རུ་པདྨས་རླངས་དཔལ་གྱི་སེང་གེར་ལུང་བསྟན་པ། ཁྱོད་རླངས་ཀྱི་མི་རྒྱུད་སྐལ་ལྡན་ལ། །ང་ཡི་ཐུགས་རྗེས་ཁྱབ་པར་བྱེད། །ཁྱོད་ནི་སྐྱེས་བུ་སྐལ་ལྡན་ཡིན། །ཁྱོད་ལྷ་རིགས་རླངས་ཀྱི་མི་རྒྱུད་ལ། །བྱང་དང་ཆུབ་ཅེས་བྱ་བ་ཡི། །མིའུ་ཁྱད་པར་འཕགས་པར་ཡོང་། །དེ་ནི་ང་ཡི་ཐུགས་ཀྱི་སྲས། །ཞེས་ལུང་བསྟན་ཅིང་། བྱང་ཆུབ་འདྲེ་བཀོལ་གྱིས་གུ་རུ་པདྨས་སྦས་པའི་ཆོས་རྙེད་པར་ཡང་བཤད་པས་གདུལ་བྱ་སྤྱིར་བཏང་ངོར་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ནི་མ་ཡིན་པར་གོ་ལ། བྱང་ཆུབ་འདྲེ་བཀོལ་ལོ་བརྒྱ་དང་བརྒྱད་མེ་འབྲུག་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་གཤེགས་ཟེར་ལ། དེ་ལ་སྲས་བཞི་ཡི་གཉིས་པ་གཉན་ཐོག་ཨ་ཁྲོམ་(ཀྲོང་)སྟེ། དེ་ནས་མི་རབས་དྲུག་པ་ཡོན་ཆེན་རྒྱལ་བ་སྐྱབས། ྿དེ་ཡི་སྲས་རླངས་ལྷ་གཟིགས་ཀྱི་ཕག་གྲུ་བཟུང་བའི་ཐོག་མར་྿རྗེ་སྤྱན་སྔ་ནི་ཕག་གྲུ་གཤེགས་ནས་ལོ་དྲུག་པ་ཤིང་ལུག་ལོར་འཁྲུངས་ནས་དགུང་ལོ་སོ་བཞི་ས་འབྲུག་ལོ་ཕག་གྲུ་གདན་ས་མཐིལ་གྱི་ཁྲིར་ཕེབས་ལོ་ཉེར་བདུན་བཞུགས། དེ་རྗེས་ཤིང་ལུག་ལོར་སྤྱན་སྔའི་གདུང་དབོན་རྒྱལ་བ་ཐོག་རྡུག་ཁྲིར་ཕེབས། དེ་ནས་རིམ་པ་བཞིན་དབོན་རྒྱུད་རྒྱལ་པོ་སྣེའུ་གདོང་པར་གྲགས་པའི་ཞབས་དྲུང་ནོར་བུ་ཞེས་པའི་བར་རིམ་གྱིས་བྱུང་ནས་དེང་དུས་གདུང་རྫོགས་ཏེ་རབ་བྱུང་བཅུ་གཉིས་པའི་ནང་དུའོ། །ཞེས་ཞོར་དུ་འཕྲོས་ལ།

ད་ནི་དཀྱུས་སུ་འཇུག་སྟེ། མངའ་བདག་དཔའ་འཁོར་བཙན་གྱི་ཁབ་ཏུ་བཙུན་མོ་ཆེ་ཆུང་གཉིས་ལ་སྲས་རེ་རེ་བྱུང་སྟེ་ཆུན་མ་འཆིམས་(མཆིམས་)བཟའ་བཙུན་ནེ་ལ་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་ལ་གཅུང་སྐྱིད་ལྡེ་ཉི་མ་མགོན་བལྟམས། གཅེན་གྱིས་གཙང་ཉང་(མྱང་)སྟོད་རྒྱལ་མཁར་རྩེ་བཟུང་། དེ་ཡི་བཙུན་མོ་གཅོག་(ལྕོག་)རོ་བཟའ་མགོན་དཔལ་ལ་སྲས་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་བྱུང་། དེ་ལ་སྨད་ཀྱི་ལྡེ་གསུམ་དུ་གྲགས། གཅེན་དཔལ་ལྡེས་གཅོག་(ལྕོག་)རོ་བཟའ་འབའ་རེ་ཁབ་ཏུ་བཞེས་པ་ལ་གཅེན་འོད་དཔལ་ལྡེ་དང་གཅུང་དྷརྨ་ཙཀྲ་གཉིས་ཡིན། འོད་དཔལ་ལྡེ་གུང་ཐང་དུ་ཕེབས་པ་གུང་སྟོན་དཔལ་མཛེས་ཀྱིས་བྱས་པའི་ཡི་གེར་ཡོད་ཟེར། གཞན་མང་པོ་ཞིག་གིས་ནི་དཔལ་ལྡེ་གུང་ཐང་དུ་ཕེབས་ཟེར་ཡང་མི་འཐད་པར་མངོན། གུང་ཐང་མངའ་བདག་ནོར་བུ་ལྡེས་མཛད་པའི་རྒྱལ་རབས་སུ་དཔལ་ལྡེའི་སྲས་དམར་པོ་བཙན་དུ་གསུང་བས་དེ་ནི་འོད་དཔལ་ལྡེའི་མཚན་གྱི་རྣམ་གྲངས་སུ་བྱེད་དགོས། དེ་ནས་གུང་ཐང་རྒྱལ་པོའི་རབས་རིངས་ཤིག་ཏུ་བྱུང་བ་རྣམ་གྲངས་མདོར་བྱས་ནས་འདིར་སྨྲས་པ། འོད་དཔལ་གུང་ཐང་ཕེབས་སྲས་འོད་ཟེར་ལྡེ། དེ་ནས་རིམ་བཞིན་བདེ་སྤྱོད་ལྡེ་དབང་ལྡེ། བཙན་ལྡེ་དེ་སྲས་གསུམ་མངའ་གཅེན་འོད་ལྡེ། །འདི་དང་མི་ལའི་སྐུ་ཚེ་སྨད་དུས་མཚུངས། །དེ་སྲས་རིམ་པས་དབང་ཕྱུག་ལྡེ་སྐྱོབས་ལྡེ། །མགོན་ལྡེ་བཙུན་ལྡེ་དེ་ཡི་བཙུན་མོ་རུ། །ཆོས་རྒྱལ་འཕགས་པའི་གཅེན་མོ་ཉི་འབུམ་སྟེ། །དེ་ལ་ཆོས་རྒྱལ་འབུམ་ལྡེ་མགོན་ཞེས་བལྟམས། །དེ་སྲས་གསུམ་གྱི་བར་མ་རིན་ཆེན་བཟང་། །དེ་སྲས་ཆོས་སྐྱོང་ལྡེ་སྟེ་གུང་ཐང་དུ། །ཆགས་པའི་གདུང་རབས་བཅུ་གསུམ་དུས་ཡིན་ཞེས། །གུ་རུའི་ལུང་དང་འདི་ཉིད་མཐུན་པར་འགྲིག །ཆོས་སྐྱོང་ལྡེ་སྲས་བཀྲ་ཤིས་ལྡེ་ཞེས་པ། །གཏེར་སྟོན་རྒོད་ལྡེའི་ཆོས་བདག་ཉིད་མཚུངས་ཡིན། །དེ་ནས་ཕུན་ཚོགས་ལྡེ་དང་བསོད་ནམས་ལྡེ། །ལྷ་དབང་རྒྱལ་མཚན་མངའ་བདག་རྣམ་རྒྱལ་ལྡེ། །བསམ་ལྡེ་ཀུན་དགའ་བློ་གྲོས་ཀུན་དགའ་གྲགས། །བསམ་ལྡེ་ཕྱི་མ་དེ་སྲས་བསོད་དབང་ལྡེ། །དེ་ལྟར་མཆེད་དང་ཁྲི་རབས་མ་བསྒྲང་བར། །ཡབ་སྲས་རྐྱང་བསྒྲངས་རྒྱལ་རབས་ཉེར་གསུམ་མཐར། །རབ་བྱུང་བཅུ་པའི་ལྕགས་པོ་སྤྲེལ་ལོ་ལ། །གཙང་པ་རྒྱལ་པོའི་དཔུང་གིས་གུང་ཐང་བླངས། །གུ་རུས་བསྔགས་པ་གུང་ཐང་རྒྱལ་པོའི་གདུང་། །གངས་ཅན་བསོད་ནམས་བགོ་ སྐལ་དེ་ཙམ་གྱུར། །དེ་ནས་ཉེར་གཅིག་ལོ་འདས་ལྕགས་སྦྲུལ་ལ། །ཨོ་རོད་དཔུང་གིས་གཙང་པའི་རྒྱལ་སྲིད་བླངས། །ལྕགས་སྦྲུལ་དེ་ནས་ད་ལྟའི་ཤིང་གླང་བར། །མི་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་སོང་། །ཞེས་དང་། མངའ་རི་(རིས་)པཎ་ཆེན་སྐུ་མཆེད་ཀྱི་རྣམ་ཐར་ལོ་རྒྱུས་སུ་གུང་ཐང་རྒྱལ་པོའི་གདུང་རིགས་ལས་འཁྲུངས་པར་བཞེད་ཅིང་། དེ་ཡང་མངའ་བདག་རྣམ་རྒྱལ་ལྡེ་ལ་སྲས་མང་དུ་བྱུང་བའི་ཐུ་བོ་དམ་པ་ནོར་བུ་ལྡེ་གློ་བོར་ཡུན་རིང་བཞུགས་དགོས་བྱུང་སྐབས་ཀྱི་སྲས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན་ཞེས་གསུངས་ཤིང་། དེ་ལ་སྲས་བདུན་བྱུང་བའི་གཅེན་མངའ་རིས་པཎ་ཆེན་ནི་རྩོད་མེད་ཀྱི་གཏེར་སྟོན་ཆེན་པོ་སྟེ། སྐུ་ཚེ་རིལ་པོ་དགེ་སློང་གི་བཅས་པ་ལྷུར་བླངས་ཤིང་། གཅུང་ལེགས་ལྡན་ཞེས་མངའ་རིས་རིག་འཛིན་དུ་གྲགས་པ་ཡང་གཏེར་སྟོན་ཡིན་ལ། སྲས་པདྨ་རྒྱལ་པོ་ཞེས་པ་བྱོན་རུང་དེ་ནས་གདུང་རྒྱུད་མ་འཕེལ། སྐུ་མཆེད་བར་པ་ཁ་ཅིག་གི་རྒྱུད་ད་ལྟ་གློ་བོ་མ་ཐང་གི་དབོན་རྒྱུད་རྒྱུན་ཕྲ་མོར་གནས་པ་འདི་རྣམས་ཡིན་ཟེར་བས་དེ་ཚོ་གུང་ཐང་རྒྱལ་པོའི་གདུང་རིགས་སུ་གཏོགས་དགོས་སོ། །དཔལ་ལྡེའི་སྲས་གཅུང་དྷརྨ་ཙཀྲའི་རྒྱུད་ལྷ་རྩེ་བ་གླ་ལུང་རྩ་གོར་བ་ཀླུ་རྒྱལ་བ་སྤྱི་པ་རྣམས་ཡིན་པར་གྲགས། ལྡེ་གསུམ་གྱི་འབྲིང་བ་འོད་ལྡེ་ལ་སྲས་བཞི་བྱུང་ཞིང་།དེ་ཡི་རྒྱུད་གཙང་རོང་དང་། ཡར་ལུང་དང་། ཁམས་ཀྱི་གཙང་ཁར་ཡང་ཡོད་སྐད། ཆུང་བ་སྐྱིད་ལྡེ་འཛད་རྟ་ནག་ཏུ་ཕོག་ཕེབས། སྲས་དྲུག་བྱུང་བའི་རྒྱུད་སོགས་ལྡེ་གསུམ་གྱི་གདུང་རིགས་དེ་སྐབས་ཆེས་མང་བ་འཕེལ་ཏེ་ཡོད་ཅེས་སྨྲས་སོ། །ཡང་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཆུང་བ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ཕྱོགས་སུ་ཕེབས། པུ་རོང་(སྤུ་རང་)དུ་སྐུ་མཁར་ཉི་མ་གཟུངས་བརྩིགས། དེ་གྲུབ་པའི་ཞལ་སྤྲོ་མངའ་གསོལ་གྱི་སྐབས་སུ་ནམ་མཁའ་ནས་ལུང་བསྟན་པའི་སྒྲ་འདི་སྐད་དུ། སེམས་ཅན་སྤྱི་མཐུན་ལས་ལ་ལེགས་གྲུབ་པ། །ཉི་མ་ཞེས་བྱ་དེ་ཡི་གྲོགས་སུ་ནི། །སྤུ་རང་ཞེས་བྱར་བོད་ཀྱི་རྒྱལ་ཁབ་བྱུང་། །སངས་རྒྱས་བསྟན་པའི་ཉི་མ་དེང་འདིར་ཤར། །ཞེས་ཀུན་གྱིས་ཐོས་པར་གྲགས་པ་དང་། གཞན་ཡང་བཀྲ་ཤིས་པའི་ལྟས་ངོ་མཚར་ཅན་མང་དུ་བྱུང་། དེ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་སྟེ། རིག་པ་མགོན། བཀྲ་ཤིས་མགོན། ལྡེ་གཙུག་མགོན། ཆེ་བ་རིག་པ་མགོན་གྱིས་མར་ཡུལ་འབྲུ་ཤའི་བར་དང་། འབྲིང་བ་བཀྲ་ཤིས་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོག་འང་ཟངས་དཀར་སྒོ་གསུམ་བཅས་བཟུང་ཞེས་འདི་ནི་རིག་ཅིང་འཐད་ལ་ཁུངས་དང་ལྡན་པ་སྟེ། གཞན་གུ་གེ་དང་སྤུ་རང་གཉིས་སུ་མགོན་གཉིས་ཕོག་(ཕེབས་)པ་དེ་ནི་མ་ཡིན་ནོ། །བཀྲ་ཤིས་མགོན་གྱི་སྲས་སྲོང་ངེ་དང་འཁོར་རེ་གཉིས། སྲོང་ངེས་གུ་གེ་དང་། འཁོར་རེས་སྤུ་རང་བཟུང་། སྲོང་ངེ་དང་འཁོར་རེའི་མིང་དངོས་གཞི་དྲང་སྲོང་ལྡེ་དང་། འཁོར་ལོ་ལྡེ་ཡིན་ཞེས་མངའ་རིས་གུང་ཐང་དུ་དཔེ་ཧྲུལ་ཀ་ནི་(ཀཀྞི་)ཀ་རྙིང་པར་བརྫངས་བ་ཞིག་ཏུ་འདུག་པ་འཐད་ངེས་སུ་སྣང་། དྲང་སྲོང་ལྡེ་ཡི་སྲས་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛར་གྲགས། ཁོང་གིས་པཎྜི་ཏ་ཁ་ཤས་སྤྱན་དྲངས། ལོ་ཆེན་རིན་བཟང་སོགས་རྒྱ་དཀར་དུ་བརྫངས་པས་བསྟན་པ་ལ་ཆེས་ཕན། འོན་ཀྱང་དེང་སང་ལོ་རྒྱུས་ཐམས་ཅད་དུ་དེ་ལྟར་གྲགས་མོད། དེ་ཚེ་ལྷ་བླ་མ་དེ་ལོ་བརྒྱའམ་བརྒྱ་ལ་ཉེ་བ་ཞིག་བཞུགས་དགོས་ཏེ། ཇོ་བོ་བོད་དུ་ཕེབས་སྐབས་ལོ་ཆེན་བརྒྱད་ཅུ་རྩ་ལྔ་བཞེས་པས། ལྷ་བླ་མ་དེ་བས་བསྒྲེས་(བགྲེས་)པ་ཞིག་ངེས་པར་དགོས་པས་སོ། །ལྷ་བླ་མ་ལུག་ལོ་པ་དགུང་ལོ་དོན་བརྒྱད་བཞུགས་ཞེས་མངའ་རིས་གུང་ཐང་ལོ་རྒྱུས་སུ་དྲངས་པས། དེ་ཚེ་ལྷ་བླ་མ་དང་ལོ་ཆེན་ལོ་ཁྱད་གཅིག་ལས་མ་བྱུང་ཞིང་། ལོ་རྒྱུས་དེར་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ་རབ་ཏུ་བྱུང་བས་བྱང་ཆུབ་འོད་དང་ཞི་བ་འོད་ཡིན་ཟེར་བ་སོགས་ལོ་རྒྱུས་ཁུངས་མ་ད་དུང་བཙལ་དགོས་པར་སྣང་། སྐུ་ཚེ་སྨད་རང་གི་རྒྱལ་སྲིད་གཅུང་འཁོར་རེར་གཏད་དེ། ཡབ་སྲས་གསུམ་ཀ་རབ་ཏུ་བྱུང་། ཡབ་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། འཁོར་རེའི་སྲས་ལྷ་ལྡེ། དེ་ལ་སྲས་གསུམ། ད་ལྟའི་ལོ་རྒྱུས་སྤྱིར་བར་པ་བྱང་ཆུབ་འོད་ཡིན་སྨྲས་ལ། དེས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པ་སོགས་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། གཅུང་འོད་ལྡེས་ཀྱང་པཎྜི་ཏ་ཛྙཱ་ན་ཤྲི་སོགས་སྤྱན་དྲངས། འོད་ལྡེའི་སྲས་རྩེ་ལྡེས་རྔོག་ལོ་རྒྱ་དཀར་དུ་བརྫངས་པ་སོགས་བསྟན་པ་ལ་ཕན་པར་མཛད། དེ་ཡི་སྲས་རབས་ལྔ་པའི་སྐབས་གདུང་ཞིག་ཡ་རྩེར་བྱོན། རྒྱལ་རབས་བརྒྱད་ལྷག་ཅིག་བྱོན་ནས་སངས་རྒྱས་བསྟན་པ་གུས་པས་མཆོད་པ་བྱུང་། དེ་ནས་གདུང་རྫོགས་ཏེ་མོན་གྱི་བློན་པོ་བ་ལི་ར་ཛ་བྱ་བར་རྒྱལ་སྲིད་ཐོབ་པ་ད་ལྟ་ཛུམ་ལིར་གྲགས་པ་འདི་ཡིན། སྤུ་རང་དུ་གདུང་རབས་རིང་དུ་བྱུང་ཞིང་མཐར་རབ་བྱུང་བཅུ་གཅིག་པའི་ནང་དུ་གདུང་རིགས་ཀྱི་རྒྱུད་རྫོགས་པ་ཡིན་ཞེས་ཟེར། ཞང་ཞུང་གི་མཐིལ་གུ་གེར་གདུང་རབས་རིམ་ཅན་བྱུང་བཅུ་གཅིག་པའི་མེ་འབྲུག་ལོ་ལ་འཁྲུངས། རེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་མཐའ་ལ་ཉེ་བ་ཆུ་ཕག་ལོར་སྦོ་(དབོ་)ཟླ་བའི་ཚེས་ལ་གཤེགས་པའི་དགོངས་རྫོགས་བསྔོ་རྟེན་བླ་མ་ཁག་ལ་ཕུལ་བ་ངེད་ཀྱི་སྐལ་བ་རྐོང་ཡུལ་ཀོང་ཡུལ་གཙང་པོ་མགོ་དགུར་སྡོད་སྐབས་སྡེ་པ་གཞུང་བརྒྱུད་དེ་བྱུང་། དེ་ནས་གུ་གེ་གདུང་རྒྱུད་ཆད་དེ་སྲས་མོ་གཉིས་ཀྱི་ཐ་ཆུང་མར་ཡུལ་ལ་དྭགས་རྒྱལ་པོའི་ཁབ་ཏུ་བཟུང་བར་སྲས་གཉིས་མངའོ། །མར་ཡུལ་བདག་པོ་རིག་པ་མགོན་ལ་སྲས་མང་དུ་བྱུང་བའི་རྒྱུད་ལ་དྭགས་རྒྱལ་པོ་ཡང་ཡིན་ཟེར་ལ་རྩོད་པ་མེད་པ་ནི་མངའ་བདག་སྟག་ཤམས་ཅན་དེ་ཡི་རིགས་རྒྱུད་ད་ལྟ་སྟོབས་འབྱོར་ཤིན་ཏུ་དབུལ་ཡང་འབྲས་ལྗོངས་ནུབ་རི་གྲོ་ཤོད་སོགས་སུ་ཐོར་བུ་ཡོད་པ་རྣམས་སོ། །ལྷ་རིགས་ཆོས་སྐྱོང་རྒྱལ་པོའི་གདུང་། །ཇི་སྙེད་བྱུང་བ་མདོ་ཙམ་དུ། །ཡིད་ཆེས་དེབ་ཐེར་མང་པོ་དང་། །བསྟུན་ནས་བྱུང་བ་འདི་ན་ཀྭ །ཞེས་སོ། །

མངའ་བདག་ཁྲི་ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན། དེ་སྲས་རིག་པ་མགོན། དེ་སྲས་རྡོ་རྗེ་འབར། དེ་ལ་སྲས་གཉིས། གཅེན་ཁྲི་དབང་ཕྱུག་བཙན། གཅུང་ཁྲི་པ། གཅེན་གྱི་སྲས་ལྷ་བཙན་པོ་ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན་ཏེ་ལེགས་སྦྱར་ལ་ཤིན་ཏུ་བྱང་བས་ཁ་རག་གཉོས་ཀྱི་ལོ་ཙཱ་ཡང་ཁོང་གི་སློབ་མ་ཡིན། ཇོ་བོ་མ་ཕེབས་གོང་ལོ་ཉི་ཤུའི་སྐབས་ཙམ་ལ་པཎྜི་ཏ་པདྨ་གསང་བ་བྱོན་པ་ན། ཞབས་ལུགས་གྲོལ་ཏིག་སོགས་བསྒྱུར་བའི་ལོ་ཙཱ་མཛད། ཁྲི་དབང་ཕྱུག་བཙན་དང་ཁོང་ཡབ་སྲས་ཀྱི་སྐུ་རིང་དུ་ཁམས་ནས་དབུས་གཙང་མི་ལྔའམ་བཅུས་སྡོམ་རྒྱུད་བླངས་ནས་བསྟན་པ་ཕྱི་དར་དབུ་ཚུགས་པས་བཀའ་དྲིན་ཡང་ཆེ་བ་ཡིན། གཅུང་ཁྲི་པར་སྲས་བཞིའི་ཆུང་ཐ་བྷོ་དྷེ་རཱ་ཛ་ཡིན། ཇོ་བོ་བསམ་ཡས་སུ་ཕེབས་སྐབས་དང་ཁོང་དུས་མཚུངས། དེ་ཡི་རྒྱུད་བླ་དག་ཏུ་ད་ལྟ་ལྷ་བཙན་སྔོན་མོ་ཞེས་མཚན་དངོས་ལྷ་དབང་རྒྱ་མཚོའི་བློ་གྲོས་ཏེ་བསམ་ཡས་དབུ་རྩེ་ནས་འཆི་བདག་སྲོག་འཁོར་གཏེར་ནས་འདོན་པ་(པོ་)དེ་དང་། ལྷ་འབྲི་སྒང་པ་སོགས་མང་དུ་བྱུང་བ་སྣང་། འདིར་བཤད་(པ་)ནི་ལོ་རྒྱུས་ཁུངས་ལྡན་ལས་དྲངས་པ་སྟེ། ཡེ་ཤེས་རྒྱལ་མཚན་གྱིས་སྲས་ཁྲི་པ་བྱས་པ་སོགས་(ལ་)མགོ་རྨོངས་པར་མི་བྱའོ། །ཡུམ་བརྟན་གྱི་རྒྱུད་བསམ་ཡས་དང་། རྡོ་དང་། འོན་སོགས་དང་། ཁམས་ཕྱོགས་སུ་ཡང་མང་དུ་ཡོད་པར་གྲགས་པ་དང་། རྐོང་(ཀོང་)པོ་རྐྱེན་རྒྱལ་པོ་ཡང་ཡུམ་བརྟན་གྱི་རྒྱུད་ཡིན། དྭགས་པོ་ཨེ་ལྷ་རྒྱ་རི་བ་ཁ་ཅིག་གིས་འོད་སྲུང་གི་རྒྱུད་པར་མཛད་ཀྱང་གཞན་མང་(པོ་)ཞིག་ལྷ་འབྲི་སྒང་བའི་རྒྱུད་པར་སྨྲའོ། །སྤྱིར་གནམ་ལྡེ་འོད་སྲུང་དང་། ཁྲི་ལྡེ་ཡུམ་བརྟན་གྱི་རྒྱུད་པ་མང་དུ་བྱུང་བར་གྲགས་ཀྱང་། མངའ་རིས་དབུས་གཙང་རྣམས་སུ་ད་ལྟ་ཇི་བཞིན་ངོས་ཟིན་པ་ནི་ཐོར་བུ་འདིར་སྨོས་པ་ཙམ་ལས་མི་སྣང་སྟེ་ཉུང་ངུར་ཟད་དོ། །བར་ཁམས་ངོམ་ཤོད་ཨ་ནུ་ཞེས་མང་དུ་ཡོད་པ་རྣམས་མངའ་བདག་གི་རིགས་སུ་གནས་མོད། དགེ་སློང་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཡུལ་ཕྱོགས་དེ་ཡི་ཡིག་ཚང་ངམ་ངག་རྒྱུན་ཉིད་ལ་བརྟག་འོས་དང་། མདོ་ཁམས་སྨད་བཙད་པོ་ཨུར་གྱི་རིགས་ནི་མངའ་བདག་སད་ན་ལེགས་ཀྱི་སྲས་ཟུར་བྱུང་ཞིག་གི་རྒྱུད་ཡིན་ཞེས་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིའི་གསུངས་སུ་ངེས་པའོ། །ཀྭ་ཡེ་སྔོན་རབས་བཟང་པོའི་གཏམ་ཉིད་དང་། །དམ་པའི་ལུགས་སྲོལ་འཕགས་པའི་ནོར་བཟང་པོ། །ཡ་རབས་དྲ་མའི་གདུང་རིགས་དྲི་མེད་རྣམས། །སྟོན་གཞུག་མེ་ཏོག་བཞིན་དུ་གྱུར་འདིས་སྐྱོ། །གངས་རི་ར་བས་བསྐོར་བའི་ལྗོངས་འདི་རུ། །སྐལ་བཟང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཐུབ་དབང་ཉི་མའི་རིང་ལུགས་ཇི་བཞིན་པ། །འདྲེན་མཛད་ཆོས་རྒྱལ་རྣམས་ལ་ཅིས་མི་བསྔགས། །གང་གི་གདུང་རིགས་རིན་ཆེན་གསེར་གྱི་ཕྲེང་། །རིམ་བྱོན་རྒྱལ་བའི་བསྟན་ལ་ལྷག་བསམ་ཐུགས། །ཞུམ་མེད་འཆང་བར་གྱུར་པ་མིའི་སེང་གེ །དམ་པ་རྣམས་ལ་བདག་བློ་ཅིས་མི་འཇུག །དེ་བས་དེ་དག་རྣམས་ལ་གུས་པའི་བློས། །སྙིང་ནས་རྟག་ཏུ་བསྔགས་པ་བརྗོད་པའི་གཏམ། །སྨྲས་པ་འདི་ཡང་དོན་མེད་མ་ཡིན་ཏེ། །སངས་རྒྱས་བསྟན་པ་སྤེལ་ལ་བསྔགས་པ་ཡིན། །ཞེས་སོ། །

བོད་འདིར་བསྟན་པ་ཕྱི་དར་དུ་གྲགས་པ་དགེ་འདུན་འདུལ་བའི་སྡེ་སྣོད་བྱུང་བ་ཡང་གྲུབ་ཐོབ་ཨོ་རྒྱན་པས་ཕག་གྲུ་ཡི་རྒད་པོ་ཞིག་གི་ངག་རྒྱུན་ལ་བརྟེན་(ནས་)བསྟན་པ་སྔ་དར་ཉམས་ནས་ཕྱི་དར་བར་ལོ་ཉེར་ལྔའམ་སུམ་ཅུ་ཙམ་མཛད་པ་དང་། རྗེ་གཙུག་ལག་འཕྲེང་བས་ཆུ་གླང་ལོ་ལ་དབུས་གཙང་གི་མི་བཅུ་ལས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། མཁན་བུ་གྲུ་མེར་དང་བཅས་པ་མོན་མཁར་འབྲས་བུར་ཕེབས་པ་འདི་ཕྱི་དར་གྱི་ཐོག་མར་ཀླུ་མེས་རྣམས་འདོད་གསུངས་ཤིང་། མཁན་ཆེན་དྷརྨ་ཤྲི་ཡང་ཉིན་སྣང་དུ་ཕྱི་དར་འདས་ལོ་འདི་དང་མཐུན་པར་བྱས་ཏེ། ལྕགས་བྱ་ནས་ལོ་ང་གཉིས་འདས་པའི་ཆུ་གླང་ཡིན་ནོ། །བུ་སྟོན་ཆེན་པོས་དབུས་ཀྱི་རྒན་མོ་ཞིག་གི་ངག་རྒྱུན་ལ་བརྟེན་(ནས་)ལྕགས་བྱ་ནས་ཕྱི་དར་གྱི་བར་བདུན་ཅུའམ་དོན་གསུམ་དང་དག་ཏུ་བཞེད་པས། ཕྱི་མ་ལྟར་ན་ཆུ་བྱ་དང་སྔ་མ་བྱས་ཚེ་ལྕགས་རྟ་ཡིན་དགོས་སོ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ལྕགས་བྱ་ནས་བར་སྟོང་བདུན་ཅུ་དོན་བདུན་ས་སྟག་ལ་བསྟན་པ་ཕྱི་དར་གྱི་དབུ་ཡིན་པར་བཞེད་པ་དང་། ས་སྐྱའི་བླ་མ་དམ་པས་ནི། རྒྱལ་པོ་བཀའ་ཆེམས་ལས། དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པ་མེད་པར་འགྱུར། །ཞེས་གསུངས་པ་ལ་དགོངས་ཏེ། ལྕགས་བྱ་ནས་བསྟན་པ་བར་སྟོང་ལོ་སྐོར་བརྒྱད་བྱུང་བས། དེ་ལ་ལོ་རྒན་གཅིག་དང་ལོ་རྐྱང་པ་བརྒྱད་དེ། ཁྱོན་དགུ་བཅུ་གོ་བརྒྱད་ཡིན་ལ། ས་ཁྱི་ལ་ཕྱི་དར་བྱུང་བ་བཞེད། ནེལ་པ་པཎ་ཆེན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་ཀྱི་བར་དུ་འདུལ་བསྟན་མ་བྱུང་བས། ཕྱི་དར་ཐོག་མ་ས་བྱ་ཡིན་པར་བཤད་དོ། །དེ་ལྟར་འདུལ་བསྟན་དགེ་འདུན་གྱི་སྡེ་ཕྱི་དར་གྱི་ལོ་གྲངས་འདོད་ཚུལ་རིམ་པ་ལྔ་ལས།

སྔ་མ་ནི་གྲུབ་ཐོབ་ཨོ་རྒྱན་ས་ལུག་ལོར་ཡར་ལུང་དུ་བྱོན་སྐབས་རལ་པ་ཅན་མཐོང་ནས་དེ་ཡི་བར་ལོ་ཉིས་བརྒྱ་དང་བཅུ་བདུན་སོང་བར་དགོངས་པའི་ལུག་ལོ་འདི་ནི་ཀརྨ་པཀྴི་གཤེགས་པའི་ཆུ་ལུག་དེ་ཡིན་པར་སྣང་བས་ཆུ་ལུག་དེ་ནས་ཡར་ལ་བསྒྲངས་བས་རྗེ་སྤྱན་སྔ་འཁྲུངས་པའི་ཤིང་ལུག་བར་བརྒྱ་དང་དགུ། དེ་ནས་ཡར་ཕག་གྲུ་འཁྲུངས་པའི་ལྕགས་སྟག་བར་རེ་ལྔ། དེ་ནས་ཇོ་བོ་རྗེ་བོད་དུ་ཕེབས་པའི་ཆུ་རྟ་བར་རེ་བརྒྱད། དེ་རྣམས་དྲིལ་བའི་ལོ་མངོན་སུམ་པས་དཔྱད་མི་བཟོད་ཀྱང་འོན་ཏེ་ལྕགས་བྱ་ནས་ཉེར་ལྔའམ་སུམ་ཅུ་ལྷག་ཙམ་ན་ཕྱི་དར་ཚུགས་ཚེ་ཤིང་བྱའམ་ཆུ་འབྲུག་བར་འདོད་དགོས་པས། དེར་བླ་ཆེན་པོ་རང་ཉིད་རབ་ཏུ་བྱོན་པའམ་(བྱུང་བའམ།) དེས་མཁན་བུ་སྐྱོང་བའི་དུས་ལྟ་བུར་བཟུང་ནས་འདུལ་བསྟན་དབུ་བརྙེས་པར་སོང་བས་རུང་བར་སེམས་སོ། །གཉིས་པ་ནི། ཀླུ་མེས་ཀྱི་དངོས་སློབ་བམ་དེ་ནས་ཡུན་རིང་མ་སོང་བའི་ཡི་གེར་གསལ་ན་ཁུངས་ཆེ་ཞིང་། དབུས་གཙང་གི་མི་ལྔའམ་བཅུས་བླ་ཆེན་པོ་རང་ཉིད་ལ་སྡོམ་པ་བླང་བར་བྱས་ཚེ་དུས་སྔ་ཕྱི་འགྲིག་རུང་དེ་ལྟ་མིན་ན་འདོད་པ་གསུམ་པར་དཔྱད་བཞིན་ནོ། །གསུམ་པ་ནི། ཁ་ཅིག་གིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོངས་བཙུན་ཤེས་རབ་སེང་གེས་དགེ་འདུན་གྱི་སྡེ་གནས་གཞི་ཚུགས་པ་ལ་དགོངས་སྐད་ཀྱང་ཀླུ་མེས་ཀྱིས་བླ་ཆེན་པོའི་སློབ་མ་མཚུར་ཤེས་རབ་མཆོག་ལས་སྡོམ་པ་བླང་བ་ཀླུ་མེས་ཀྱི་དངོས་སློབ་བ་ཤི་གནས་བརྟན་གྱིས་སྨྲས་པ་དང་། གཞན་ཡང་ཀླུ་མེས་དང་སུམ་པ་ནི་དུས་མཚུངས་པར་བ་ཤི་གནས་བརྟན་གྱིས་འདི་སྐད་དུ། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། སུམ་པ་ཡེ་ཤེས་བློ་གྲོས་གཉིས་ཀྱིས་དང་པོ་ཁོ་ནར་ཀླུང་ཤོད་འབྱིམ་པའི་ལུང་དུ་གནས་བཙུག་པས་མ་ཚུགས། དེ་ནས་བྱ་ཡི་ལོ་ལ་མོ་ར་སྒྱེལ་བཙུག་ཅེས་བྲིས་ཡོད་པར་སྣང་ཞིང་། འབྲོམ་སྟོན་གྱིས་དབུས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལ་ཇོ་བོ་བསུ་བར་བསྐུལ་བའི་ཡི་གེར། དང་པོའི་དགེ་སློང་ལུགས་འབྱིན་དཔོན། བཙུན་ཆེན་ཡེ་ཤེས་བློ་གྲོས་དང་། ཞེས་གསུངས་པས་སྔ་དར་ཆུ་གླང་ལོར་བྱས་ཚེ་འདི་སྐབས་ཇོ་བོ་བོད་དུ་ཆུ་རྟ་ལོར་ཕེབས་སྐབས་ལོ་དགུ་བཅུ་ལོན་ཅིང་དེ་གོང་དགེ་སློང་སྒྲུབ་པའི་ལོ་ཚིགས་ཀྱང་ལོན་དགོས་པར་བསྒྲངས་ན་བརྒྱ་དང་བཅུ་ལྷག་ཏུ་ངེས་པར་འགྱུར་བས། ཀླུ་མེས་ཀྱང་ཚེ་ཡུན་རིང་བཞུགས་པར་གྲགས་པས་སུམ་པ་ཡང་དེ་མཐུན་སྐུ་ཚེ་ཡུན་རིང་བཞུགས་པར་གྲགས་པས་སུམ་པ་ཡང་དེ་མཐུན་སྐུ་ཚེ་ཡུན་རིང་བཞུགས་ན་ལས་(དེ་མིན་)འགྲིག་དཀའ་བར་ཤེས་ཤིང་། གོང་གི་མཁན་རབས་ཉིད་དང་།

ལོ་གྲངས་སྤྱི་བཏང་གི་དཔྱད་ན་(ལ་དཔྱད་ཚེ་སྤྱིར་བཏང་བྱས་ན་)ཕྱི་དར་དབུ་ས་སྟག་ཉིད་དུ་མི་འགལ་ཏེ། དེ་ཡང་བླ་ཆེན་པོའི་དངོས་སློབ་ཀྱི་མཁན་བུ་ཁ་ཤས་གཙུག་ལག་ཁང་བརྩིགས་པའི་ནུས་པ་མེད་ཀྱང་ཆུ་གླང་ལོར་ཕེབས། དེ་ནས་ལོ་ཉེར་ལྔ་ལོན་པའི་ས་སྟག་ལོར་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཆེན་པོ་མངའ་བ་ཀླུ་མེས་དང་སུམ་པ་སོགས་བྱོན་ནས་དགེ་སློང་གི་དགེ་འདུན་སྡེ་འཕེལ་ཞིང་གཙུག་ལག་ཁང་རྒྱ་ཆེར་བརྩིགས་པར་བྱས་ན་འཐད་པར་རིགས་སོ། །བཞི་པ་ནི། རེ་ཞིག་ལྷ་སར་དགེ་འདུན་འདུས་པའི་སྡེ་མ་ཚུགས་པ་ལ་དགོངས་ཟེར། ལྔ་པ་ཀླུ་མེས་ཀྱི་ས་བྱ་ལོ་ལ་མོ་ར་སྒྱེལ་གྱི་གནས་གཞི་བརྩིགས་པ་ལ་བསྟན་པ་ཕྱི་དར་གྱི་ལོ་མགོར་འཁྲུལ་བ་ཡིན་ཞེས་གསུངས་སོ། །དེ་ལྟར་བསྟན་པ་ཕྱི་དར་གྱི་དབུ་ཆུ་གླང་གི་ལོ་ཡིན་ན་ལོ་ཆེན་རིན་བཟང་རབ་ཏུ་མ་བྱུང་བའི་ལོ་བཅུ་བདུན་གྱི་གོང་དང་། ས་སྟག་ཡིན་ན་རབ་ཏུ་བྱུང་ནས་ལོ་བརྒྱད་འདས་ཏེ་ལོ་ཆེན་གྱི་རྣམ་ཐར་ཁྲི་ཐང་ཛྙཱ་ནས་བྲིས་པར་ས་རྟ་ལ་འཁྲུངས་ནས་བཅུ་གསུམ་ལྕགས་རྟ་ལ་རབ་ཏུ་བྱུང་བར་བཤད་པས་སོ། །གང་ལྟར་འབྲོམ་གྱིས་ཕྱི་དར་དུ་བཞེད་པའི་ས་སྟག་དེ་ནས་ལོ་དྲུག་ཅུ་རྩ་བཞི་འདས་པའི་ཆུ་རྟ་ལ་ཇོ་བོ་རྗེ་མངའ་རིར་ཕེབས། སྐར་རྩིས་པ་རྣམས་ཀྱིས་རབ་བྱུང་དང་པོ་ཚུགས་ནས་ལོ་བཅོ་ལྔ་སོང་བར་ཤེས་ལ། རབ་བྱུང་དང་པོ་མེ་ཡོས་འདི་འཆར་བའི་ཚེ་འཕགས་མཆོག་སྲོང་བཙན་སྒམ་པོ་བལྟམས་ནས་བཞི་བརྒྱ་བདུན་ཅུ་ཐམ་པ་དང་། གཤེགས་ནས་སུམ་བརྒྱ་དོན་བདུན་འདས་ཤིང་། རྗེ་ཁྲི་སྲོང་འཁྲུངས་ནས་ཉིས་བརྒྱ་ཞེ་དགུ། གཤེགས་ནས་བརྒྱ་དང་གྱ་གཉིས་ཡིན་ལ། དམ་པའི་ཆོས་ལ་སྡིག་ཅན་གླང་རྒྱལ་བློན་གྱི་འཚེ་བ་དེ་ཆད་ནས་ལོ་བརྒྱ་དང་ཉེར་གཅིག་ལོན་པ་སྟེ། དེ་ཕྱིན་གྱི་ལོ་རབ་བྱུང་དང་པོ་སོགས་ནས་བསྣན་འོས་རིམ་པར་བསྟན་པས་རྩིས་མགོ་མི་འཁྲུལ་ཞིང་བདེ་བར་སྤྱོད་པ་ཡིན་ནོ། །

རབ་བྱུང་དང་པོ་བརྩམས་པའི་རྩིས་གཞི་བྱེད་པའི་ལོ་དག་མེ་མཁའ་རྒྱ་མཚོ་ཞེས་རྒྱུད་ནས་གསུངས་པ་དེ་ཡི་ཐོག་མ་ཉི་སྒྲོལ་བྱེད་ཅིང་སྦྲེལ་ནས་བརྩམས་པ་སྟེ། ལོ་ཚིགས་དེ་ལ་ཉི་སྒྲོལ་དྲུག་ཅུ་སྐོར་ལོངས་པ་དྲུག་དང་མ་ལོངས་པ་གཅིག་བཅས་བདུན་ཡོད་པའི་དང་པོ་ནི། འཕགས་མཆོག་སྲོང་བཙན་ཞབས་ཀྱི་དགུང་ལོ་རེ་བརྒྱད་བཞེས་སྐབས་དང་། གཉིས་པ་འདུས་སྲོང་མང་རྗེ་དང་། གསུམ་པ་མེས་ཨག་ཚོམ་ཅན་གྱི་དུས་དང་། བཞི་པ་ཁ་ཅིག་གིས་གུ་རུ་པདྨ་ཀ་ར་སྲིན་ཡུལ་འདུལ་དུ་གཤེགས་པའི་ལོ་ཤིང་སྤྲེལ་ཡིན་ཟེར་བས་དེ་ཚེ་དེར་བཟུང་དགོས་ལ། ལྔ་པ་གནམ་ལྡེ་འོད་སྲུང་གི་དུས་དང་། དྲུག་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་དགུང་ལོ་ཉེར་བདུན་དང་སྨད་འདུལ་དར་ནས་ལོ་བདུན་པའི་སྟེང་ཡིན་ལ། བདུན་པ་དྲུག་ཅུ་སྐོར་མ་ལོངས་པའི་ཤིང་སྤྲེལ་དེར། དཔལ་ལྡན་ཇོ་བོ་རྗེ་དགུང་ལོ་བཞི་པའི་སྟེང་སྟེ། ཤིང་སྤྲེལ་དེ་ནས་ཞེ་གསུམ་འདས་པ་ན་རབ་བྱུང་དང་པོ་ཤར། དེ་ཚེ་ཇོ་བོ་རྗེའི་དགུང་ལོ་ཞེ་དྲུག་སྟེང་ཡིན་ནོ། །རྩིས་ལོ་དོན་དུ་གཉེར་ན་བདེ་བླག་ཕྱོ་(ཡོང་)བ་(བའི་)ཕྱིར་སྐབས་འདིར་ཅུང་ཟད་སྤྲོས་པའོ། །

ད་ནི་དཀྱུས་ཀྱི་དོན་ནི། གོང་ལྟར་ཤིང་སྤྲེལ་དེ་ནས་ལོ་གཉིས་ལོན་པ་ན་མེ་མཁའ་རྒྱ་མཚོ་ལ་ལག་དོ་ཟླ་བས་སྦྱངས་ལྷག་ལོ་ཉིས་བརྒྱ་ཉེར་གཅིག་གི་མགོ་མེ་ཁྱི་ཤར་བ་དེ་ཡིན་ནོ། །གོང་གི་འཕྲོ་ཤིང་སྤྲེལ། དེ་ཡང་ཕྱི་དར་ལ་འདུལ་བའི་སྡོམ་རྒྱུན་གསུམ་བྱུང་བ་སྡེ་པ་གཞི་ཡོད་སྨྲ་འབའ་ཞིག་པ་སྣང་ཞིང་། དེ་ལས་སྟོད་འདུལ་ནི་ཧ་ཅང་འཕེལ་བ་མ་བྱུང་བར་མངོན། སྨད་འདུལ་དུ་གྲགས་པའི་མཁན་པོ་ཞི་བ་འཚོ་ནས་བརྒྱུད་པ་འདི་ཉིད་གོང་དུ་བཤད་པའི་ཆུ་གླང་གི་ལོ་ལ་དབུ་བརྙེས། ས་སྟག་ནས་ད་བར་གྱུར་ཏེ་རབ་བྱུང་གསུམ་པའི་ཤིང་བྱ་བར་མི་ལོ་ཉིས་བརྒྱ་དང་དོན་གཉིས་རིང་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དགེ་སློང་རྣམས་སྡོམ་རྒྱུན་འདི་ཁོ་ནར་བརྟེན་པ་ཤས་ཆེ་ཞིང་། བཀའ་གདམས་ཀྱི་དགེ་བསྙེན་འབྲོམ་དང་། དགེ་སློང་ཁུ་རྔོག་གཉིས། སྐུ་མཆེད་གསུམ། གླང་རི་ཐང་པ། ཤ་ར་བ། སྣར་ཐང་བ་སོགས་མཐའ་ཡས་པ་དང་། བཀའ་བརྒྱུད་ཀྱི་འབྱུང་ཁུངས་ཆེན་པོ་དྭགས་པོ་ལྷ་རྗེ་དང་། ཁམས་པ་མི་གསུམ། འབྲི་སྟག་འབྲུག་པ་སོགས་ཀྱིས་མཚོན་བསྒྲངས་བར་དཀའ་དང་། རྙིང་མ་ཡི་ཟུར་ཆེན་འཛམ་འགྲོ་བའི་མགོན་པོ། ཀཿདམ་པ་བདེ་གཤེགས་སོགས་འབྱམས་ཀླས་པ་དང་། གཞན་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་རྡོ་རྗེ་གདན་པས་ལུང་བསྟན་པ་ལ་བརྟེན་གླང་རི་ཐང་པ་ལ་བསྙེན་པར་རྫོགས་པར་མཛད་པ་དང་། བཀའ་གདམས་གསར་པར་གྲགས་པ་གངས་རིའི་ཁྲོད་འདིར་འདུལ་འཛིན་རྣམས་ཀྱི་གཙུག་ནོར་མཁན་ཆེན་ཞི་བ་འཚོ་ཡི་གདུང་འཚོབ་ཤར་ཙོང་ཁ་པ་ཆེན་པོ་ཡང་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་པར་གྲགས་པས་མཚོན་ཡུན་རིང་དུ་ཆོས་དར་བར་གྱུར་ཞིང་། ད་ལྟ་ཡང་སྡོམ་རྒྱུན་མ་ཆད་པར་གནས་པ་འདི་ནི་རྒྱལ་བས་མཐའ་འཁོབ་བོད་ཡུལ་འདུལ་བར་ཐུགས་རྗེས་སྤྲུལ་པའི་སྐུ་ཨུ་པཱ་དྷྱ་ཡ་བོ་དྷི་ས་ཏྭ་ཡི་སྨོན་ལམ་གྱི་མཐུས་རྒྱུན་ལྡན་དུ་བྱིན་གྱིས་བརླབས་པར་ངེས་པས་སྙིང་ནས་གུས་པ་ཆེན་པོས་རྟག་ཏུ་ཕྱག་བྱ་བའི་ཡུལ་ལོ། །འདིར་འཕྲོས་པ་སྔོན་དུས་ཀྱི་སྐྱེ་བོ་སྐལ་བཟང་ཤེས་རབ་དང་། བརྩོན་འགྲུས་མཆོག་དང་ལྡན་པ་མང་ཞིང་། ཆོས་འདུལ་བ་ལ་ཤིན་ཏུ་མཁས་པར་སྦྱངས་བ། འདུལ་བའི་མཁན་པོ་ཆེན་པོ་ཁ་སྐོང་དད་པའི་དགེ་སློང་ཡང་བླང་དོར་གྱི་དོན་གསལ་བར་བྱས་ཏེ། འབད་པས་རྒྱ་ནག་ནས་ཧ་ཤང་དག་འགུག་པར་མཛད་པ་སོགས་དྲི་མ་མེད་པའི་ལུགས་སྲོལ་ལྷུར་ལེན་པ་དེ་ཡི་སློབ་ཚོགས་ཆོས་འདུལ་བ་ལ་མཁས་པ་སྤྱི་དང་བྱེ་བྲག་དབུས་གཙང་མི་བཅུ་སོགས་བཞུགས་བཞིན་པའི་མདུན་སར་ཤིན་ཏུ་རྨོངས་པའི་ངང་ཚུལ་གྱི་྿ཆུ་གཏོར་མ་དང་དར་བས་མས་྿སྡོམ་རྒྱུན་དུ་འདོད་པ་ཡང་མི་ནུས་ཏེ། དེ་ལྟར་བྱས་པར་གྲགས་པ་འ་འབྲེ་གཉིས་ཀྱང་སྐྱེས་བུ་དམ་པ་ཡིན་པར་སྣང་བས་དེང་སྐབས་ཀྱི་མཁན་པོ་ནང་ཕན་ཚུན་ཕྱོགས་ཀྱིས་བསླད་པའི་གཏམ་རྒྱུན་ཆགས་པ་ཞིག་ཏུ་ཟད་ཀྱི་ལོག་རྟོག་སྲུང་བ་དེ་དག་ལ་ཡང་དག་པའི་སྣང་བ་སྦྱངས་པར་འདོད་ཅེས་སོ། །

བར་འདུལ་དུ་གྲགས་པ་ནི་བསྐལ་བཟང་སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་འཕྲུལ་པཎྜི་ཏ་ཤཱཀྱ་ཤྲི་རབ་བྱུང་གསུམ་པའི་ནང་ཤིང་བྱི་ལ་བོད་དུ་ཕེབས་ནས་ལོ་བཅུ་བཞུགས་པའི་རིང་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་བསྙེན་པར་རྫོགས་པའི་དགེ་སློང་ཇི་སྙེད་པ་ཞིག་བྱུང་། དེ་ལས་སྟན་གཅིག་གི་བརྟུལ་ཞུགས་འཛིན་པ་རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་གཉིས་ལས་དགེ་འདུན་ཚོགས་སྡེ་བཞི་འཕེལ་བ་ལ་བརྟེན་འཇིག་རྟེན་མགོན་པོ་ཇོ་ནང་པ་མཁས་མཆོག་བུ་སྟོན་སོགས་ཕྱིས་བྱུང་གི་དམ་པ་མང་པོ་ཞིག་གི་སྡོམ་རྒྱུན་དེ་ལ་བརྟེན་པར་མཛད་པས་རབ་ཏུ་དད་པས་འདུད་པར་བྱའོ། །ཕྱི་དར་བསྟན་ཞེས་འདུལ་བསྟན་ནུབ་པ་སླར། །སོས་ཏེ་དགེ་འདུན་ཚོགས་གྱུར་བྱུང་བ་ལས། །གོས་ཧྲུལ་ནང་དུ་གསེར་གྱི་སྐུ་བརྙན་བཞིན། །སྔགས་བསྟན་མ་ནུབ་གནུབས་སོ་ཟུར་གྱིས་མཚོན། །དོན་བསྒོམ་སྙིང་པོ་ཨ་རོའི་རིངས་ལུགས་ལ། །དཔལ་ལྡན་ཇོ་བོས་བསྔགས་པ་ཡང་ཡང་མཛད། །ཅེས་སོ། །ཇོ་བོ་རྗེ་བོད་དུ་བྱོན་པའི་སྐབས་སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་བྱང་ཆུབ་སེམས་ཀྱི་མན་ངག་འཛིན་པ་མང་ཡང་གྲགས་ཆེ་བ་ཨ་རོ་ཡེ་ཤེས་འབྱུང་གནས་ཡིན་ལ་དེ་ཡི་བསྟན་བཅོས་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་ཚིག་སྙན་དོན་བཟང་ཞེས་མཆོག་ཏུ་དགྱེས་ཤིང་། ཨ་རོའི་སློབ་མ་ཟངས་དཀར་མཛོད་ཁུར་ལ་ཡང་གུས་པས་ཕྱག་མཛད་པ་དང་། ཨ་རོའི་ཡང་སློབ་སྦ་བསྒོམ་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བོགས་བཏོན་ནས་དོན་དམ་བྱང་ཆུབ་སེམས་ཀྱི་བོགས་འཇམ་དཔལ་དང་བྱམས་པས་འདོན་པར་དབུགས་དབྱུང་དང་། དགེ་བའི་བཤེས་གཉེན་པུ་(པོ་)ཏོ་བ་ཆེན་པོས་སྦ་སྒོམ་ལ་སེམས་ཕྱོགས་ཀྱི་མན་ངག་ལེགས་པར་གསན་ཅིང་དུས་ཕྱིས་དགེ་བའི་བཤེས་གཉེན་ཆེན་པོ་གྱུར་པ་ན་དེ་དམ་པའི་ཆོས་རྣམས་དག་ཉིད་དུ་དགོངས་ཏེ་ཡི་དམ་དུ་མཛད་པ་སོགས་སྔགས་ཀྱི་བསྟན་པ་རྣམ་དག་མ་ནུབ་པ་རྒྱུ་མཚན་དུ་མ་དང་བཅས་ཤིང་། འོན་ཀྱང་སོ་སྐྱེ་ཁ་ཅིག་བདུད་ཀྱི་བྱིན་གྱིས་བརླངས་པར་སྤྱོད་པ་རེ་ཟུང་བྱུང་བ་ཇོ་བོ་བྱོན་པ་ནས་ཞི་བ་དེའི་བཀའ་དྲིན་གྱིས་ཁྱབ་པ་ཡིན་ནོ། །ཞེས་པ་ཡང་འདིར་འཕྲོས་པའོ། །

དེ་སྐད་ཆོས་ཀྱི་རྒྱལ་པོ་བཙད་པོའི་རབས། །བསྟན་པ་ཕྱི་དར་དུས་ཀྱི་ངང་ཚུལ་བཅས། །རང་བཟོའི་སྐྱོན་མེད་གཞུང་མང་མཐོང་ལས་བཏུས། །འོན་ཀྱང་སྐྱོན་མཆིས་སྤྱན་ལྡན་མཆོག་ལ་བཤགས། །དགེ་མཆིས་འགྲོ་ལ་ཡོངས་སུ་བསྔོ་བའི་མཐུས། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་རབ་དྲན་ནས། །དེ་ཡི་དགོངས་པ་བསྐངས་ཕྱིར་དམ་ཆོས་ལ། །ལེགས་སྤྱོད་འཇིག་རྟེན་མགོན་པོ་མྱུར་འགྲུབ་ཤོག །ཅེས་ལྷ་བཙད་པོའི་གདུང་རབས་དམ་པའི་ཆོས་ཇི་ལྟར་བྱུང་བའི་རིམ་པ་མདོ་ཙམ་སྨོས་པ་འདི་ཡང་རིག་པ་འཛིན་པ་རྒྱལ་ཁམས་པ་དཔལ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གཉིས་རྫོགས་པར་ཉེ་བར་ཀྲོ་དྷ་ཞེས་ཤིང་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པར་ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་ཉང་ཁ་ལྗོན་པ་ཀླུང་བསམ་གཏན་གྱི་ཁང་བུར་སྣང་གསལ་གྱི་མདངས་སུ་བཀོད་པའོ། །འདི་ནི་རང་སྟོབས་རིག་པ་ཁོ་ནའི་སྤྱོད་ཡུལ་མ་ཡིན་པར་གཏན་ཚིགས་ཁོ་ན་ལ་རག་ལས་པའི་ཕྱིར། སླར་ཡང་དེབ་ཐེར་ཁུངས་བཙན་ཁུལ་ཁ་ཤས་མཐོང་བ་ལ་བརྟེན་ནས་དཔལ་གདོང་ཆུ་བྱ་ལོར་སྟོད་མངའ་རིས་མང་ཡུལ་ཝཾ་ལེར་སྡོད་སྐབས་ཚིག་སྣ་བསྲིང་ཞིང་ཞུས་དག་ཅུང་ཟད་བགྱིས་པ་སྟེ་འདི་ལ་ད་དུང་རྒྱ་ནག་ཐང་གི་དེབ་ཐེར་འགྱུར་དག་པ་ཞིག་མཐོང་ན་དཔྱད་པར་འོས་པ་ནི་ཡོད་ལ། བོད་ཀྱི་ལོ་རྒྱུས་སྔར་གྲགས་ཆུང་བའི་དཔེ་རྙིང་ཁུངས་མ་འདྲ་རྙེད་ན་མ་གཏོགས་ད་ལྟ་ཡོངས་གྲགས་ལ་ནི་གོང་དུ་དཔྱད་བྱར་བྱས་པ་དེ་རྣམས་ལས་གཞན་འགའ་ཡང་མེད་པར་སེམས་པའོ། །དགེའོ། །དགེའོ། །དགེའོ། །

བོད་རྗེ་ལྷ་བཙད་པོའི་གདུང་རབས་མངའ་རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་།

༄༅། །བོད་རྗེ་ལྷ་བཙད་པོའི་གདུང་རབས་མངའ་རི་(རིས་)སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་གཏེར་(ཐེར་)དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨ་ཐ། རྒྱལ་རིགས་ལྷ་རྫིངས་དབུས་ན་མངོན་མཐོ་ལྷ་རིགས་བཙན་པོ་སུམ་རྩེན་དབང་པོའི་གྲོང་ཁྱེར་ལྟ་ན་སྡུག །གང་གི་སྙིང་པོ་མཛེས་བྱེད་རྣམ་པར་རྒྱལ་བའི་བ་གམ་མངོན་མཐོ་མངའ་རི་མང་ཡུལ་གུང་ཐང་ཁབ། །མངའ་བདག་བསོད་ནམས་འདྲེན་བྱེད་སྟོང་གིས་ཉེར་སྤྲས་རྒྱལ་བསྟན་ཞོ་འཐུས་རུས་པའི་རྩེ་བརྒྱ་འདེགས་མཁས་ཤིང་། །ཆོས་བཞིན་ཁྲིམས་སྲོལ་གཉིས་འཐུང་དབང་པོ་སུམ་ཅུ་རྩ་གསུམ་ཡན་ལག་མཆོག་འཆང་བདག་པོར་ཅིས་མི་བསྔགས། །

དེ་ལྟར་ཆེད་དུ་བརྗོད་པའི་ཚིག་གིས་མདུན་བསུས་ནས་འཆད་པར་བྱ་བ་ནི། མངའ་བདག་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས་སྨད་ཀྱི་ལྡེ་གསུམ་དུ་གྲགས་པའི་གདུང་ཡུལ་ཐ་དད་དུ་གྱེས་པ་ལས་བོད་ཡུལ་སྟོད་མངའ་རིའི་ཆ་མང་ཡུལ་གུང་ཐང་ཞེས་ཉི་སྲས་ནམ་མཁའ་ཉི་མའི་གུང་དུ་སླེབས་པས་གུང་ཐང་དང་། སྲིད་པའི་མ་མོ་བདུན་སོགས་གནས་པས་མ་ཡུལ་དང་། གྲུབ་པའི་གནས་ཆེན་མང་དུ་ཡོད་པས་མང་ཡུལ་དུ་གྲགས་པ་དེར་གངས་རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་སྐུ་ལྷ་དཔལ་རྫོང་གི་འདབས་སུ་མངའ་བདག་རྒྱལ་པོའི་རྒྱུད་པ་བྱུང་བ་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་ལས། མང་ཡུལ་གུང་ཐང་གངས་རིའི་འདབས་འདི་རུ༔ ཉིད་ཀྱི་གདུང་རྒྱུད་ཕྱི་མ་བྱོན་པ་རྣམས༔ གདུང་རུས་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོང་༔ ཞེས་སོགས་གཏེར་ཁ་དུ་མ་ནས་ལུང་བསྟན་པ་ལྟར་ཏེ། དེ་ཡང་གུང་ཐང་གི་ཡུལ་དེ་ལུང་པའི་ཕུ་བྱང་ཕྱོགས་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིད་པོའི་ཁ་གནོན་དུ་འཕུར་ཏེ་གཤེགས་པའི་གནས་གུང་ཐང་ལ་ཡིན། རི་རྒྱུད་རྗེའུ་ལྷ་བཙན་དང་། ཇོ་མོ་རེ་གཟའ་(བཟའ་)ཞེས་པའི་གངས་རི་ལ་གཏད་པ། ལུང་པའི་མདའ་ལྷོ་ཕྱོགས་བལ་ཡུལ་ལ་གཏད་པ། ཆུ་ཀླུང་ཡང་སྐྱིད་རོང་ནས་བལ་པོ་རྫོང་གི་མདོ་བརྒྱུད་དེ་ཆུ་བོ་ཆེན་པོ་གངྒཱར་འབབ་པ་ཞིག་གོ །སྤྱིར་མང་ཡུལ་གྱི་ས་ཚིགས་ནི། གུང་ཐུང་ལ་ཐོག་གངས་རི་རྗེའུ་ལྷ་བཙན་ནས་བལ་པོའི་ཡུལ་མཚམས་ཏིང་ཝ་རི་ཡན་ཡིན་ཏེ། དེ་ཡི་ནང་ཚན་ལྷོ་ནུབ་གུང་གསུམ་དུ་གྲགས་པ་ནི་ཏིང་ཝ་རི་ནས་མཚམས་ཀྱི་བར་ལྷོ་ཕྱོགས་ཏེ་སྐྱིད་གྲོང་གི་ཆ་སྐྱོ་ལ་ནས་སེ་རིབ་ཀྱི་ས་མཚམས་རོད་ཀྱི་གངས་རི་ཆེན་པོ་དཔུང་རྒྱན་ནམ་དབང་པོའི་བྲག་ཅེས་པ་དེ་ཡི་བར་ནུབ་རིའི་ཆ་དང་མཚམས་ནས་རྗེའུ་ལྷ་བཙན་གྱི་རི་རྒྱུད་སྟག་ཁྱེར་ལ་ཡི་རབ་གུང་ཐང་གི་ཁྱོན་ཡིན་ཏེ།

དེ་ཡང་གུང་ཐང་གི་ཡུལ་ཐོག་མར་འཛིན་པ་པོ་ནི། སྔོན་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་རིངས་ཙམ་དུ་དབུས་གཙང་ནས་མི་གཙོ་གསུམ་འཁོར་དང་བཅས་ཏེ་ཡུལ་ཚོལ་ལ་འོངས་ནས་གུང་ཐང་ཤར་ལའི་རྩེར་སླེབས་ཚེ་བལྟས་པས་ལྗོངས་བཟངས་པོ་མཐོང་ནས་རྨོག་ལ་ཆོལ་ཕོར་བྱས་ཏེ་ཡུལ་རྒྱན་དུ་དོར་ཏེ་བསྒོས་(བགོས་)པས། རྒྱན་པོ་ཆེ་རིམ་གྱིས་འཛང་གཤོང་ལྷ་སྡོང་གསུམ་(གྱི་)མེས་པོ་ཕ་ཚེར་འཐུག་པོས་(པོར་)འཛང་གཞུང་ཐོབ། མེས་པོ་འདབ་སེང་གཡུ་རལ་ཅན་ལ་གཤོང་གཞུང་ཐོབ། ས་ནམ་གྱི་མེས་པོ་སྟག་རྒྱ་བོ་ཆུ་རལ་ཅན་ལ་ལྷ་སྡོང་ཐོབ་སྟེ། ས་ནམ་རྒྱན་ཕམ་སྟེ་ཡིད་མ་ཚིམ་པར་སླར་ཡང་ཤོ་ལ་སྨད་དུ་ཡུལ་ཚོལ་ལ་ཕྱིན་པས་ཡུལ་བཟང་ལ་མང་བ་རྙེད་དེ་ཡིད་དགའ་བས་གླུ་བླང་བ། རྩ་མདའ་རོན་མདའ་དགུན་མདའ་གསུམ། །སྔོན་མོ་ནས་ཀྱི་སྐྱེ་ས་ཡིན། །རྩ་ཕུ་རོན་ཕུ་དགུན་ཕུ་གསུམ་སྐད། །གསལ་ལེ་འབྲི་ཡི་འཆང་ས་ཡིན། །ཞེས་སོགས་ཀྱང་སྨྲས་སྐད། དེ་ནས་རིམ་པས་སྐྱིད་རོང་དུ་ཕྱིན་ནས་ཡུལ་བཟུང་བས་སྒར་བཏབ་པའི་གནས་ལ་སྒར་དང་། སྤང་ཞིང་དུ་རྨོས་པ་ལ་སྤང་ཞིང་ཞེས་སུ་ད་ལྟ་ཡང་གྲགས། གྲ་སོགས་སུ་ཡུལ་བཟུང་ཞིང་ལྷོ་རོང་ནས་སྟག་རྟོལ་མུ་(པོ་)ཞིག་བཟུང་ནས་བྱང་བཙན་མཆོད་པའི་ཕྱིར་ཁྱེར་བས་སྟག་ཁྱེར་ལ་རུ་གྲགས། དེས་བྱང་བཙན་དགྱེས་ནས་མི་ཚན་དར་རྒྱས་སུ་གྱུར་སྐད་གང་ལྟར་རིམ་པས་མི་གྲོང་རྒྱ་ཆེར་ཆགས།

དེ་ནས་ནམ་ཞིག་གི་དུས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ཡུམ་བརྟན་འོད་ སྲུང་འཁྲུགས་ཏེ་བོད་སིལ་བུར་སོང་བའི་སྐབས་སུ་གུང་ཐང་གི་ཡུལ་མི་རྣམས་གྲོས་སུ་འཆམ་ནས་འུ་ཅག་ཐུན་མོང་དུ་སྐྱོང་བའི་རྗེ་གཅིག་དགོས་འདུག་ཅེས་ལྡེ་གསུམ་ལས་གཅེན་དཔལ་ལྡེ་དེ་ལ་བཙུན་མོ་ཅོག་རོང་(རོ་)བཟའ་འབར་རེ་ཁབ་ཏུ་བཞེས་པའི་སྲས་གཉིས་ཀྱི་ཐུ་བོ་འོད་ཟེར་ལྡེ་དང་། གཅུང་བདེ་སྤྱོད་ལྡེ་ཞེས་བྱ་བའི་སྔ་མ་སྤྱན་འདྲེན་པ་ལ་མེས་པོ་སྟོད་ཀྱི་ཁྲི་རྗེ་དང་ཞང་བརྗིད་ལྡན་རིངས་མོ་བྱ་བ་ཕྱིན་ཏེ་མངའ་བདག་འོད་ཟེར་ལྡེ་གུང་ཐང་དུ་ཕེབས་ཟེར་ལ་ལོ་རྒྱུས་ཁ་ཅིག་ཏུ་དཔལ་ལྡེའི་སྲས་དམར་པོ་བཙན་ནམ་དམར་པོ་ལྡེ་ཞེས་བྱ་ལ། དེ་ཡི་སྲས་འོད་ཟེར་ལྡེ་ཡིན་ཞེས་ཀྱང་བརྗོད་པས། དེ་ཡང་མི་འཐད་པ་མེད་དེ། བྱ་མུང་པོའི་ཐུགས་གཏེར་གྱི་ཞུས་ལན་དུ། ལ་སྟོད་དཔལ་(པད་)མའི་སྤྲུལ་པ་དེ༔ དུས་དང་འབྱུང་ལུགས་བཤད་ཀྱིས་ཉོན༔ རྗེ་ཁྲི་སྲོང་ལྡེ་བཙན་གདུང་རྒྱུད་ནི༔ མང་ཡུལ་གུང་ཐང་ཞེས་པའི་སར༔ གདུང་རབས་བཅུ་གསུམ་སོང་ནས་འབྱུང་༔ ཞེས་དང་། ཆོས་སྐྱོང་ཞེས་བྱ་སྐུ་འདས་ནས༔ ཞེས་པས་མུང་པོ་གཏེར་སྟོན་སྐུ་འཁྲུངས་པའི་དུས་གུང་ཐང་གི་རྒྱལ་རབས་བཅུ་གསུམ་འདས་པ། དེ་ཡང་ཆོས་སྐྱོང་ལྡེ་གཤེགས་པའི་དུས་སུ་གསུངས་པས། དམར་པོ་སྡེ་ནས་ཆོས་སྐྱོང་ལྡེ་ཡི་བར་བཅུ་གསུམ་འགྲིག་པའོ། །གུང་ཐང་གི་དབུས་ནུབ་རི་གཟར་ཞིང་མཐོ་བ། གཡས་རི་རྒྱལ་པོ་ཁྲི་ལ་བཞུགས་པ་ལྟ་བུ། གཡོན་རི་བཙུན་མོ་བུ་ཁུར་འདྲ་བ། ཐང་སྟོད་ཐོ་ལེ་ཞེས་པར་གདན་ཕབ་སྟེ་སྐུ་མཁར་བརྩིགས། སྤྱན་འདྲེན་པ་པོ་གཉིས་ཀྱིས་བློན་པོ་བྱས་ནས་ཆབ་སྲིད་བསྐྱངས་པར་གྲགས་སོ། །འདི་ལ་ལོ་རྒྱུས་ཁ་ཅིག་ཏུ་གུང་ཐང་(དུ་)ཐོག་མར་ཕེབས་པ་ཁྲི་བཀྲ་ཤིས་བརྩེགས་པ་ཡིན་ཞེས་དང་། དེའི་སྲས་དཔལ་ལྡེ་ཡིན་པར་འདོད་པ་མང་དུ་བྱུང་ཡང་། དེ་དབང་ལ་མི་འགྲིག་པའི་གནོད་བྱེད་རེ་ཡོད་ལ།

སྤྱན་འདྲེན་པ་པོ་ཡང་ཕ་ཚེར་འཐུག་པོ་དང་། འདམ་སེང་། སྟག་རྒྱ་སོགས་འདོད་པ་ཡང་མི་འཐད་པར་གོ་ཞིང་། འདིར་བཤད་པ་ཉིད་སྔར་ཡིག་རྙིང་ཞིག་ཏུ་མཐོང་བས་ཁུངས་དང་ལྡན་པར་ཤེས་སོ། །དེ་ལྟར་འོད་ཟེར་ལྡེ་ཡི་སྲས་དབང་པོ་ལྡེ། དེའི་སྲས་དུང་དཀར་ལྡེ། དེའི་སྲས་བཙན་ལྡེ། དེ་རྣམས་སྐབས་ལྡེ་གོ་བཞི་བཙད་ཆུང་ཁབ་ས་དང་ལྔ་ཞེས་ཚོགས་འདུ་གྱེན་ལོང་གདོངས་སུ་བྱེད་ཅིང་ཁབ་ས་ཧ་ཅང་མངའ་ཐང་མི་ཆེ་མོད། འདི་ལ་མང་(པོ་)ཞིག་ཏུ་དམར་པོ་ལྡེ་དང་། དུང་ལྡེ་མི་འབྱུང་བར། དཔལ་ལྡེའི་སྲས་འོད་ལྡེ་དང་། འོད་སྡེའི་སྲས་བདེ་སྤྱོད་དང་། དེ་སྲས་དབང་ལྡེ། དེ་སྲས་བཙན་ལྡེ་ཟེར་ཡང་གོང་དུ་བཀོད་པ་ཉིད་འཐད་ལ། གང་ལྟར་བཙན་ལྡེ་ལ་སྲས་གསུམ་སྟེ། གཅེན་ལྷ་མཆོག་ལྡེའམ་འདོལ་ལེ། བར་པ་དཀོན་མཆོག་ལྡེ། གཅུང་འོད་ལྡེའམ་རྩེ་མོ་ཞེས་བྱ་སྟེ། ཐ་ཆུང་གི་རྒྱུད་པ་ནི་ཇོ་བོ་མཛད་པ་ཡིན་ཞེས་དང་། ཕལ་ཆེར་སྡེ་པ་ཚ་མདའ་བ་ཡིན་ཞེས་ཀྱང་བརྗོད་དོ། །གཅེན་ལྷ་མཆོག་ལྡེའི་སྐུ་རིང་དུ་མངའ་ཐང་ཡང་སྔར་ལས་འཕེལ་བར་གྱུར་ཅིང་། གཤོངས་དབུས་ནུབ་རི་སྟོང་པོ་ཆེ་དར་ཡོལ་བྲེས་པ་ལྟ་བུར་ཕོ་བྲང་ཕྱིས་ཁབ་གོང་དུ་གྲགས་པ་སྐུ་མཁར་ལྕགས་རི་འོབ་དང་བཅས་པ་བྱས། དེ་ཙམ་ནས་རྗེ་བཙུན་ཆེན་པོ་མྱི་ལ་རས་པ་ཡང་གྲུབ་པ་བརྙེས་ཏེ་ཟ་འོག་ཕུག་ཏུ་ཕེབས་པ་དང་དུས་མཚུངས་ཟེར་བ་ཡང་དོན་ལ་གནད་(གནས་)པ་ཉིད་དོ། །འོད་ལྡེའི་སྲས་དབང་ཕྱུག་ལྡེ། དེའི་སྲས་སྐྱོབ་པ་ལྡེ། དེ་ལ་སྲས་མོ་གསུམ་དང་། སྲས་པོ་གཅིག་བྱུང་བ་མགོན་པོ་ལྡེ་སྟེ་(འདིའི་)ཕྱག་ལ་ཤ་མཚན་དམར་པོ་ཡོད་པས་དཔུང་དམར་ཞེས་ཀྱང་གྲགས། རྒྱལ་པོ་དེའི་སྐུ་རིངས་སུ་སྤད་ཞོད་ཆོས་གྲགས་ཀྱིས་ཡེ་ཚོའི་ཡུལ་ནས་མོན་གྱི་དམག་དྲངས་པ་དང་འཐབ་པས་མ་ཐུབ། མངའ་བདག་སྐྱིད་གྲོང་དུ་བྲོས་པ་མཚམས་ནས་ཟིན། ཁབ་ཀྱི་སྐུ་མཁར་མཐོང་སར་བཀྲོངས། དབུ་ཁྱེར་བའི་ཁྲག་ཐིགས་ཟག་པའི་ས་ལ་མཆོད་རྟེན་རེ་རེ་ཡང་བསྒྲུབས་པར་གྲགས།

དེའི་བཙུན་མོ་དངོས་ལ་སྲས་མེད་ཅིང་། ར་ལའི་བཙུན་མ་བྱང་ཆུབ་འདྲེན་ཞེས་མཁར་ཆེན་བྱང་ཆུབ་གཟུངས་ཀྱི་དབོན་གྱི་སྲས་མོར་གྱུར་པ་ཞིག་དང་འབྲེལ་བ་ལ་མངལ་ཆགས་ནས་ཡོད་པ་ཕ་རོལ་པོ་ལ་འཇིགས་ཏེ་བྲོས་པས་ཀློང་རྩེར་སླེབས། དེར་བཙུན་མ་བརྒྱད་ཀྱིས་གཟེབ་ཀྱི་ནང་དུ་བཅུག་སྟེ་རྒྱབ་ཏུ་ཁྱེར་ནས་དཔལ་མོ་སྐྱིད་ཕུག་ཏུ་བསྐྱལ་བར་ཕུ་རིར་རང་གི་ཁུ་བོ་མཁན་ཆེན་ཆོས་རྗེ་གཉོས་སྟོན་བྱང་ཆུབ་གཟུངས་ཀྱི་སྤྱན་སྔར་ཕྱིན། མཁན་པོས་ཀྱང་གདུང་རྒྱུད་འདི་ཤིན་ཏུ་གཅེས་པ་ཡིན་ཞེས་ཕུ་རི་དང་གྱམ་གྱི་དགེ་རྣམས་ལ་སྐུ་རིམ་སྒྲུབ་བཅུག་(པ་)བཞིན་རྒྱལ་བུ་མཚན་དང་ལྡན་པ་ཞིག་ལུག་རར་བྱ་ཐེར་ནང་དུ་འཁྲུངས། ཡབ་གཤེགས་པའི་ལོར་བརྩས་(བཙས་)པའི་ཁྱེའུ་ལ་དབུས་སུ་ལྟོ་བོར་བ་དང་། མངའ་རིར་སྒྲོ་སྤངས་སུ་འབོད་ལ། རྒྱལ་བུ་སྒྲོ་སྤངས་དེ་བཙུན་པའི་ཆས་སུ་བཅུག་ནས་མིང་བཙུན་པ་ལྡེར་བཏགས། དེ་སྐབས་རྒྱལ་སྲིད་ཀྱི་བྱ་བ་ནི་ནེ་ནེ་ཆུང་ཤོས་བཙུན་མར་བཞུགས་པ་ལྷ་རིན་ཆེན་མཚོ་ཞེས་པས་བྱེད། དེ་ནི་དགྲ་གཉེན་ལ་ངར་ཐོན་ཞིང་བློ་གྲོས་ཀྱི་ལང་ཚོ་བརྟས་པ་ཞིག་སྟེ་གཅེན་མོ་ལྷ་གཅིག་མཛེས་མ་བདག་ཉིད་ཆེན་པོ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བཙུན་མོར་ཡོད་པས་སྔར་ནས་གཉེན་སྟབས་དང་། དེའི་སྲས་མོ་ཚ་བོ་བཙུན་པ་ལྡེའི་ཁབ་ཏུ་གཉེན་བརྩེགས་ཏེ། ས་སྐྱར་ཕྱག་རྟེན་བཏང་ཞིང་ཕྲིན་ལས་བཅོལ་ནས་དམག་ཁྱེར་ཆེན་པོས་ཡེ་ཚོའི་ཕྱོགས་ལ་མི་ཤ་བླན་(ཀླན་)ཕྱིར་མི་མང་དུ་བསད། དེའི་སྡིག་སྦྱངས་ལ་ཁབ་གོང་གི་ལྷ་ཁང་དམར་པོ་དང་། ནོར་གནས་གསར་གྱི་ལྷ་ཁང་དང་། དེ་དག་ཏུ་ཀ་ནི་(ཀཀྞི་)ཆེན་པོ་རེ་རེ། གཞན་ཡང་མཆོད་རྟེན་ཕྲ་མོ་མང་དུ་བརྩིགས། ཆོས་མཁར་དུ་རྒྱུད་བརྟག་གཉིས་དང་། འོམ་ཕུག་ཏུ་རྒྱུད་གསང་སྙིང་བཤད་གྲྭ་བཙུགས། སྒོས་གཞིས་གདུང་ཕུག་ཏུ་མཛད་དེ། དེར་མདོ་མང་གླེགས་བམ་བཞི་བཅུ་བཞེངས་ཤིང་གསུང་སྒྲོགས་ནར་མར་བཙུགས་པ་དང་། ཚེ་སྨད་ཐུགས་དམ་པ་རྩེ་གཅིག་ཏུ་གཞོལ་བ་སོགས་བུད་མེད་གཅིག་ལ་ཡ་རབས་ཀྱི་གཏམ་དཔེར་འོས་པ་བྱས། དེས་ས་སྐྱ་དང་གཉེན་བརྩེགས་པའི་ཚུལ་ནི། རང་ཉིད་སྐྱེ་བ་དམན་ཞིང་ཚ་བོ་སྐུ་ན་ཕྲ་བས་གཉེན་དབོན་ཞིག་བཙལ་དགོས་པར་སྙམ་པ་ན། རང་གི་གཅེན་མོ་མཛེས་མ་ལ་སྲས་མོ་བསོད་ནམས་འབུམ་དང་ཉི་མ་འབུམ་གཉིས་ཡོད་པ་ཉི་མ་འབུམ་ཆུ་མིག་སྡེ་དཔོན་གྱི་བཙུན་མོར་གཤེགས་ནས་སྲས་མོ་གཅིག་ཡོད་ཀྱང་ཐུགས་མ་སོང་ནས་སྟོད་གཙང་པོ་ཐང་ཆུང་བ་ཤཱཀྱ་སེང་གེའི་སྙན་པ་གསན་ནས་རང་གི་མིང་པོ་ཆོས་རྒྱལ་འཕགས་པ་ལ་སྐྱིད་གྲོང་ཝ་ཏི་མཇལ་བའི་ཟོལ་གྱིས་གནང་བ་ཞུས་པ་ལ་འཕགས་པའི་ཞལ་ནས། མ་ཞག་གཙང་པོའི་ཕྱོགས་འདི། ལོང་གཏམ་ཚིག་ལ་སྨྲ་ལྕེ་བདེ། ལ་སྟོད་ལྷོ་ཡི་ཕྱོགས་འདི། ཨར་རྐུན་ཇག་པའི་འཇིགས་པ་ཆེ། སྐྱིད་རོང་བལ་པོའི་ཕྱོགས་འདི། ཟས་སྐོམ་བཏུང་བཅས་ཚད་པ་ཆེ། ཞེས་གསུངས་ཤིང་དོན་དུ་གནང་ནས་ཡར་ལམ་ཐང་ཆུང་དུ་བྱོན་ཀྱང་ཁོང་གི་བཞེད་པ་མེད་པར་རིག་ནས་གུང་ཐང་དུ་གཉེན་འཕྲད་དང་འཕགས་པ་ཝ་ཏི་མཇལ་བར་བྱོན་པས་ཁབ་ཀྱི་ཆུ་ཚན་ཁར་རྒྱལ་བུ་དང་མཇལ། སྲུ་མོ་ལྷ་རིན་ཆེན་མཚོས་ཚོ་བ་ན་ཕྲ་ཡང་།

ས་པཎ་ཁུ་དབོན་རྒྱ་ཧོར་རྒྱལ་པོའི་མཆོད་གནས་སུ་གྱུར་པས་སྟོབས་ཆེ་བ་ཡི། དེ་སྐབས་སུ་བབ་པར་སེམས་ནས་བཙུན་པ་ལྡེ་དང་མཚམས་སྦྱར་ནས་ཁབ་ཏུ་བཞུགས་པར་བྱས། དེ་ཚེ་འགྲོ་མགོན་འཕགས་པས་ཨ་ལྕེ་ལ་མར་ཡོངས་(འོངས་)དགོས་ཚུལ་ཕོ་ཉ་སྦྲན་པར་ཉི་མ་འབུམ་གྱིས་ཞུ་ཡིག་དུ་གསོལ་བ། སྐྱིད་གྲོང་བལ་པོའི་ཡུལ་འདི་ཚད་པ་ཚ་གསུང་བ་ལྟར་གདའ་བས་བདག་སྐོམ་ནས་ཆུ་མིག་གཅིག་ནས་ཆུ་འཐུང་པས་སྟེའུ་(ཉིའུ་)ཞིག་ཁོག་པར་ཤོར་བ་ཡིས་ཁོ་མོ་མྱུར་དུ་ཡོང་ཐབས་མ་བྱུང་བས་དེ་ལ་བརྩེ་བའི་བསླབ་བྱ་ཞིག་ཞུ་ཞེས་ཞུས་པར། ཆུ་མིག་ལེགས་པར་བརྟག་ལ་གྱིས། ཉ་ཆུང་ལ་གཅེས་སྤྲས་འཚལ། རེ་ཞིག་དེར་སྡོད་ན་རུང་། ཞེས་གནང་(བ་)བཞིན་བདག་མོ་ཉི་མ་འབུམ་ལ་ཆུ་མོ་གླང་གི་ལོར་རྒྱལ་པོ་བཙུན་པ་ལྡེ་ཡི་སྲས་ཁྲི་རྒྱལ་འབུམ་ལྡེ་མགོན་ཞེས་བསོད་ནམས་ཀྱི་མཐུ་དང་ལྡན་པ་དེ་མངོན་པར་བལྟམས་སོ། །འབུམ་ལྡེ་མགོན་འཁྲུངས་པའི་ཆུ་གླང་འདི་གྲུབ་ཐོབ་ཨོ་རྒྱན་པས་ཉེར་བཞི་དང་། འགྲོ་མགོན་འཕགས་པ་བཅུ་དགུ་བཞེས་པའི་ལོ་དེ་ཡིན། དེ་ཡང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ལུང་བསྟན་ལས། དེ་ནས་གདུང་རབས་མང་དུ་བརྒྱུད་པའི་མཐར༔ མང་ཡུལ་གུང་ཐང་སྟོད་ཀྱི་ས་ཕྱོགས་སུ༔ དྲག་ཤུལ་སྙིང་རྗེར་ལྡན་པའི་རྒྱལ་པོ་འབྱུང་༔ དེ་ཡི་རིངས་ལ་བོད་ཁམས་དགའ་སྤྲོ་སྐྱེ༔ ཞེས་འབྱུང་བ་ལྟར་ཏེ། རྒྱལ་པོ་འདི་དགུང་ལོ་བརྒྱད་པའི་སྐབས་ཆོས་ཀྱི་རྒྱལ་པོ་འགྲོ་མགོན་འཕགས་པ་རྒྱ་ནག་ཧོར་གྱི་རྒྱལ་པོའི་ཏི་ཤྲི་ཆེན་པོར་གྱུར་ཏེ་བོད་ཆོལ་ཁ་གསུམ་དབང་བསྒྱུར་བའི་ལུང་དང་བཅས་ཏེ་ས་སྐྱར་ཕེབས་པ་ན། ཡུམ་སྲས་གཉིས་ནས་ཕྱག་རྟེན་བཟང་པོ་བསྣམས་ནས་མཇལ་དུ་ཕྱིན་ཞེས་གུང་ཐང་གི་རྒྱལ་རབས་ཁ་ཅིག་(ཏུ་)འབྱུང་ཡང་། འབུམ་ལྡེ་དགུང་ལོ་བརྒྱད་པ་ལྕགས་སྤྲེལ་ལོར་ཧོར་སེ་ཆེན་གྱིས་རྒྱལ་སྲིད་ཐོབ་ཅིང་འཕགས་པ་ཡང་དེ་ཡི་བླ་མར་གྱུར་ནས་ཧོར་ཡུལ་(དུ་)བཞུགས་སྐབས་ཏེ་མི་འགྲིགས་ལ། མངའ་བདག་ཁྲི་འབུམ་ལྡེ་དགུང་ལོ་བཅུ་གཉིས་ལ་ཆོས་རྒྱལ་འཕགས་པ་སུམ་ཅུ་བཞེས་པའི་ཤིང་བྱིར། རྒྱ་ནག་ནས་བོད་དུ་ཕེབས་པའི་ལོ་དེར་མཇལ་བར་གསལ། དེ་རྗེས་འཕགས་པ་རིན་པོ་ཆེ་བོད་དུ་ལོ་ངོ་བཞི་བཞུགས་ཏེ་མེ་ཡོས་ལོར་གོང་ནས་སྤྱན་འདྲེན་བྱུང་(བ་)བཞིན་ཕེབས་པ་ཡིན།

མངའ་བདག་འབུམ་ལྡེ་མགོན་སྐུ་ཞང་མཇལ་བར་ས་སྐྱར་སླེབས་པ་ན་ཆོས་ཁྲི་ཐང་དུ་ཁྲོམ་ཚོགས་ཤིན་ཏུ་ཆེ་བ་འདུག་པ་ཁོང་ལ་ཞེ་ས་བྱེད་པ་པོ་མ་བྱུང་བས་གཡས་ཀྱི་དོང་པ་ནས་ཉག་ཕྲན་བླངས་ཏེ་གནམ་རུའི་དཀྱིལ་འཁོར་ཁེངས་པའི་འདོམ་བཀང་བ་ནམ་མཁའ་ལ་འཕངས་པས་གར་བབ་བརྟོལ་མེད་ཀྱིས་ཁྲོམ་ཚོགས་རྣམས་ཅ་ཅོ་སྒྲོགས་བཞིན་ཀུན་ཏུ་གཡོས་ཏེ་ས་སྐྱ་བའི་ཚ་བོ་འདི་གླང་དང་འདྲ་བ་འདུག་ཅེས་གྲགས། དེ་ཡི་སང་ཉིན་འགྲོ་བའི་མགོན་པོ་འཕགས་པ་ཐོག་མར་མཇལ་བར་སྐུ་ཞང་ས་སྐྱའི་ཞལ་ངོ་རྣམས་ལ་ཟབ་གོས་ཀྱི་གདན་བརྩེགས་མ་དང་། དབོན་མངའ་བདག་སྲས་ཆུང་རང་ལ་འབོལ་དྲུམ་(གྲུམ་)ཞིག་ལས་མེད་པར་གཟིགས་ནས་ཅུང་ཟད་མ་རང་བས་འགྲོ་མགོན་འཕགས་པ་ལ་ཕྱག་མ་བྱས་པར་བསྙུན་གསོལ་བས་འཕགས་པའི་ཞལ་ནས་ཁ་སང་ཁྲོམ་ལ་མདའ་བརྡེག་པ་དང་། ད་རིང་ཕྱག་འབུལ་མི་བྱེད་པ་ཚ་བོ་འདི་གླང་ཤ་ཐག་(སྟག་)ཏུ་འདུག་ཅེས་གསུང་ཤིང་། གནས་སྐབས་གཞན་གྱིས་སྨོད་པ་ལྟར་གྱུར་ཀྱང་དོན་དུ་དཔའ་བོ་དོར་ཐབས་ཅན་ཟིལ་གྱིས་གནོན་པའི་སྙེམས་པ་འཆང་བ་ཞིག་ཏུ་ཐམས་ཅད་ཀྱི་ཡིད་དང་རྣ་བར་འཇགས་པར་བྱས། འགྲོ་མགོན་འཕགས་པས་ཀྱང་སྐབས་སུ་བབས་པའི་དབང་བྱིན་རླབས་དང་དངོས་པོའི་གནས་སྐྱེས་གྱ་ནོམ་པ་ལུགས་གཉིས་ཀྱི་བསླབ་བྱ་བདུད་རྩི་ལྟ་བུ་(དང་)བཅས་ལྕམས་ཀྱི་ལྗོངས་སུ་ཆགས་ཕ་བཞི་དུད་ཆེན་བརྒྱ་སྟེ་དོན་དུ་སྟོང་འཁོར་གཅིག་གནང་ནས། ཡར་བྱོན་ཁར་སྐུ་ཚ་གཞོན་ནུ་ལ་ལོ་གསུམ་མ་སྨྱོ་ན་གྲགས་པའི་གཏམ་མི་ཐོབ་ཅེས་པ་ཡིན་པས་ཡིད་ལ་ཇི་ལྟར་འདོད་པར་བྱོས་ཤིག་པའི་བཀའ་ཤེད་བསྐུར་དུ་བསྩལ། རྒྱབ་གཉེར་དཔོན་ཆེན་ཤཱཀྱ་བཟང་པོ་དཔུང་དང་བཅས་པ་བཏང་ནས་ཡུམ་སྲས་མངའ་རིས་གུང་ཐང་དུ་ཕེབས། གུང་ཐང་གོ་བཞི་ཞེས་བན་དེ་དབང་ཤེད་ཤིན་ཏུ་ཆེ་བས་སྔར་མངའ་འོག་ཏུ་འདུ་བ་མེད་པ་ཐོག་མར་དེ་རྣམས་རྣལ་དུ་ཕེབས་པར་བཞེད་པ་ཡི། སྡེ་གོ་བཞིའི་མཁན་པོ་བཞི་བཀུག་སྟེ་ཁབ་གོང་གི་སྒོ་བཞིར་ཨན་བཅུག་སྟེ། ཆེན་པོ་ཧོར་གྱི་སྲོལ་ལྟར་ཁྲིམས་རྔ་བརྡུངས། ཐོ་སྟ་ཕྱར། རྔ་ཐུག་སྦྲེངས་ནས་ང་རོ་ཆེན་པོ་ཚམ་རྔམ་འཇིགས་འཇིགས་ལྟར་དུ་འདི་སྐད་ཅེས། ཀྱཻ། ཐམས་ཅད་ཉོན་ཅིག གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་གོང་མ་མཆོད་ཡོན་ཞེས་སྙན་པ་འབྲུག་ལྟར་དུ་སྒྲོགས་པ་དེ་མ་ཐོས་སམ། ད་ལྟའི་གུང་ཐང་ཁབ་པ་འདི་བོད་རྒྱལ་པོའི་གདུང་རྒྱུད་དྲི་མ་མེད་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། ཁྲི་རལ་པ་ཅན་སོགས་ཀྱི་རྒྱུད་པ་མང་པོས་བཀུར་བའི་རིགས་ཡིན་པར་མ་གོའམ། དེ་ལ་དེང་སང་སྡེ་གོ་བཞི་བཙད་ཆུང་ཁབ་པ་དང་ལྔ་ཞེས་ངོ་མཐོན་དུ་སྨྲ་བ་ཁྲིམས་ཆེན་པོ་དང་འགལ་བ་མི་བཟད་པ་ཡིན་པས་ཆད་པ་སྣ་དགུ་ཐོབ་པ་གོ་དགོས་ཞེས་ཁྲིམས་ཚིག་ཏུ་བསྒྲགས་ནས་ཕག་ཏུ་ཉན་རྣ་རྟོག་ཆེན་པ་བཏང་བར། བན་དེ་ཚོ་ན་རེ། འོ་ཅག་གི་མཁན་པོ་རྣམས་ཀྱི་སྐུ་ལ་ཉེས་པ་བྱེད་ན་བཟོད་པ་མེད་པར་སྲོག་དང་བསྡོས་ཏེ་རྒོལ་བར་བྱའོ། །སྡིག་མོ་ཙམ་བྱེད་ནས་འཇགས་ལ་འགེལ་ན་དེང་སང་ས་སྐྱ་པའི་ཁུད་སུས་ཀྱང་མི་ཐེགས་པས་ཅི་ཟེར་ཉན་པ་ལས་མ་འདས་ཞེས་ཟེར་བ་གོ་ནས་སང་ཉིན་ཁྲིམས་གཏམ་དུ།

འོ་ཁྱོད་རྣམས་ཀྱི་སྔར་གྱི་བྱེད་པ་ལ་དཔགས་ན་ཁྲིམས་ཅི་ཡང་ཐོབ་པར་སྣང་ནའང་། ངེད་རང་གི་ཆོས་ཀྱི་རྗེ་སྲིད་ཞི་ལ་བྱམས་པའི་ཐུགས་མངའ་ཞིང་ཁྱོད་རྣམས་ཀྱང་བདེ་བར་གཤེགས་པའི་ངུར་སྨྲིག་གི་རྒྱལ་མཚན་བཟུང་བའི་ཚུལ་ཅན་དུ་འདུག་པས་ད་ལམ་ཉེས་མེད་དུ་འཇོག་ན། ད་ཕྱིན་ཆད་རྒྱལ་རྗེ་ཁབ་པའི་ཞབས་སྤྱི་བོས་ལོངས། ཇི་གསུང་བཀའ་སྒྲུབ་གང་བསྒོ་བའི་ཕྲིན་ལས་སྒྲུབས། དད་གུས་ཀྱི་ཞོ་ཤེ་ཕུལ་ཅིག འདི་ལས་འགལ་ན་དྲག་པོའི་གཞེར་ཡོང་ངེས་པ་ཡིན་ཞེས་གནད་ལ་ཕབ་སྟེ་རྩིག་(གཙིགས་)བླངས་ཤིང་། ཟང་ཟིང་གིས་ཀྱང་ཡིད་མགུ་བར་བྱས་པས་དེ་རྣམས་ཀྱིས་ཀྱང་སྔར་གྱི་སྤྱི་བརྟོལ་ཐོ་ཅོའི་སྤྱོད་པ་དོར་ནས་དེས་ཤིང་གུས་པའི་འབངས་སུ་བྱས། སྡེ་གོ་བཞི་ནི་ལོ་པཎ་གྱི་ཆེ་བ་ཡང་ཐོགས། མཐུ་ཡི་ཆེ་བ་གོ་འཆོ། དེ་གཉིས་ཁབ་རྫོང་དཀར་གྱི་འདབ་འཛངས་གཞུངས་སུ་ཡོད། འབངས་ཀྱི་ཆེ་བ་རོ་གམ་གཤོང་ན་ཡོད་དེ། དེ་གསུམ་གུང་ཐང་པ་དང་། ཟམ་འཕྲང་(གི་)ཆེ་བ་གསར་ཚོ་ནུབ་རི་ན་ཡོད་པར་སྣང་། དེ་ལྟར་གུང་ཐང་རྩ་བའི་མི་སྡེ་ཡང་དག་པར་འཇགས་ནས། རིམ་པས་ཕས་ཀྱི་ཕྱོགས་སོ་སོ་ན་འཁོད་པ་རྣམས་ཀྱང་བཏུལ། འགའ་ཞིག་ནི་བྱ་དགའ་དང་ཚིག་གི་སྦྱོར་བ་བཟང་པོས་ཀྱང་ཡིད་བཞོས་ནས་འབངས་སུ་བཀོད་དེ་མངའ་འོག་སྡེ་ཚན་བརྒྱ་ཚོ་བཅུ་གསུམ་དུ་གཏན་ལ་ཕབ་པར་བྱས། དེ་ཡང་བརྒྱ་ཚོ་བཅུ་གསུམ་གྱི་གྲངས་ནི། གུང་ཐང་སྐྱིད་གྲོང་ནུབ་རི་གསུམ། མ་ཞང་རྒྱ་ཚང་པ་དང་བཞི། རྩ་བའི་མི་སྡེ་རྣམ་བཞི་ཡིན། གློ་སྟོད་གློ་སྨད་དོལ་གྲུ་གསུམ། བཟང་རྒྱུད་པ་དང་རྣམ་པ་བཞི། རལ་གྲིས་བཅད་པའི་སྡེ་བཞི་ཡིན། གཉམས་དངུལ་གཉིས་དང་ཕུ་རི་མཚོ་འཁོར་དང་། གཙང་པོ་ཟངས་ཚ་བ་སྟེ་རྣམ་པ་བཞི། གུས་པས་བཏུད་པའི་མི་སྡེ་ཡིན། ཕ་བཞི་ཆགས་ཀྱི་བརྒྱ་སྐོར་གཅིག ལྕམས་ཀྱི་རྫོང་ལ་བྱུང་བ་སྟེ། བརྒྱ་ཚོ་བཅུ་གསུམ་དེ་ལྟར་གྲགས། ཞེས་པ་སྟེ་འདི་ཡང་བསྒྲང་ཚུལ་ཅུང་ཟད་མི་འདྲ་བ་སྣང་ཡང་འདིར་མཐུན་པ་མང་བའི་ཕྱོགས་བཟུང་སྟེ་བྲིས་པའོ། །འདིར་བསྒྲང་བའི་བརྒྱ་ཚོ་ཡང་དོན་དུ་བཅུ་ཚོ་བརྒྱ་རུ་བྱས་པ་སྟེ་སྟོང་ཕྲག་ལ་བཞག་པ་ཡིན་གྱི། ཧོར་ཁྲིམས་སྐབས་བོད་ཀྱི་སྟོང་སྐོར་ཁ་ཅིག་དེ་དང་འདྲ་ལ། དེང་སང་གཞུང་ཁྲལ་ལ་ཐེམ་བཀུང་(སྐུང་)བྱེད་པ་དང་ཆ་མཐུན་ནོ། །

དེ་ནས་གཞོན་ནུར་གྱུར་པ་དེས་མ་འོངས་གདུང་རབས་རྣམས་ལ་འདི་ཕྱི་ཀུན་ཏུ་དགེ་བའི་བརྩས་(བཙས་)སུ་ཕྱོགས་དེར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་སྲི་ཞུ་བགྱིད་པའི་ཆེད་དུ་མངོན་པར་མཐོ་ཞིང་ངེས་པར་ལེགས་པའི་ཕོ་བྲང་ཆེན་པོ་ཞིག་གསར་དུ་བཏབ་པར་དགོངས་ཤིང་། དེ་ཡང་མེ་རྡོ་ཐང་དུ་གྲགས་པ་དེ་རྒྱབ་རི་ཐོ་ལེ་ཞེས་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་དང་། ཕྱོགས་བཞི་བྱང་ནས་བཙམ་(བརྩམས་)སྟེ་སྣོད་རིན་པོ་ཆེས་བཀང་བ་དང་། འབྲས་སྤུངས་པ་དང་། ས་ཡི་བརྟན་ཕུར་དང་། དལ་གྱི་ཡོལ་བ་ལྟ་བུས་བསྐོར་བ། སྟེང་དགུང་སྔོན་འཁོར་ལོའི་རྣམ་པ་ལ། འོག་(ས་)གཞི་པད་མ་ལྟར་འཁྱིལ་བའི་ལྟེ་བར། ཕོང་ཁ་ཁྱུང་ལྡིང་བ་ལྟ་བུ་དང་། གཞན་ཡང་ཤར་ཕྱོགས་སུ་ཨེ་ཝཾ་གྱི་གཟུགས། ལྷོར་ཉི་ཟླ། ནུབ་ཏུ་བྱ་ཁྱུང་། བྱང་དུ་སྤྱན་རས་གཟིགས། ནུབ་བྱང་དུ་ཚོགས་ཀྱི་བདག་པོ་རྣམས་རང་བྱུང་དུ་གནས་པ་གཟིགས་ནས་ས་ཡི་བདག་པོ་ཡང་ཐོགས་པར་བདག་གི་སྐུ་མཁར་གདབ་པའི་གནས་སུ་ཚོང་ཞེས་གསུངས་པར། རིན་མི་ཞུ། སྣོམ་ནས་བདག་ཅག་ལ་ཡང་ཁང་པ་གཅིག་ཞུ་གསོལ་བས། ད་ཕྱིས་ཁྱད་ཡོང་ཞེས་པའི་རིན་དུ་རིན་པོ་ཆེའི་ཕྲེང་བ་དངུལ་གྱི་ག་ཊ། རྟ་རྒོད་མ་དཀར་པོ། དར་ཡུག་བཟང་པོ་རྣམས་བསྩལ་ནས་ཕུ་ལག་གི་སྔགས་པ་བདུད་རྩི་མགོན་པོ་དང་ཁྲོ་རྒྱལ་རེགས་ཚིག་གཉིས་ལ་ས་ཡི་འདུལ་ཐབས་དགེ་བའི་རྟེན་འབྲེལ་དག་གྱིས་ཤིག་གསུངས་པ་སྔགས་པ་དེ་དག་མེ་རྡོ་ཐང་ས་ཡི་བདག་པོ་ཡང་ཐོགས་པ་ལ་འཇིགས་ཏེ་བསྙད་དུ་བསྙེན་པ་ཁ་གསོ་དང་། དུས་ཀྱི་ཐེབ་ལྟོག་(ལྟོ་)ཡང་ཞུ་དགོས་ཤིང་གཏོར་ཆས་ཡོ་བྱད་ཀྱང་ཤིན་(ཏུ་)མང་བ་དགོས་ཚུལ་ཞུས་པར། རྒྱལ་པོ་ཁྲོས་ནས་ཉིད་ཅག་སྔགས་པ་རྣམས་རེ་ཙ་ན་འགྱན་པར་འདུག་པས་མི་མང་དུ་འཚོགས་པའི་ལག་སྟབས་ཆག་པས་འགུག་(སྒུག་)སྡོད་མི་ཐུབ། ད་ང་ཡི་རྟ་ཡི་རྨིག་རྗེས་བཞིན་རྩིག་པའི་རྨང་ཚུགས། རྐྱ་བསྐོར་འཆམ་པ་རེ་བྱས་པའི་སར་སྤེའུ་ལྕོག་རེ་བརྩིགས་གསུངས་ནས། མངའ་བདག་རང་ཉིད་ཀྱི་སྐུ་ལ་བེར་ནག་པོ་ཞིག་གསོལ། དར་སྣ་ལྔ་ཡི་ཐོད་བཅིངས། མདུང་དར་ནག་པོ་ཞིག་ཕྱག་ཏུ་བསྣམས་ཏེ་ཆིབས་རྟ་ནག་པོ་ཁྱུང་ཕྲུག་འདྲ་བ་ཞིག་ལ་ཆིབས། བྱང་ཤར་ནས་བརྩམ་སྟེ་གཡས་བསྐོར་གྱི་ཆིབས་འགྲོས་སར་ལྡེམ་མེ་བཞུད་པས་རྒྱ་སྒོ་ལྷོ་ཡི་ཐད་དེར་ཕེབས་པ་ན་སྦལ་པ་ཙིད་བུ་ཙམ་ཞིག་ཐོན་ནས་(པར་)འགྲོ་མལ་ཁྱོད་པས་ང་དབང་ཆེ་བས་རང་གནས་སུ་བདེ་བར་སྡོད་གསུངས་པས་དེར་ས་ལ་ཐིམ། འདི་ཅུང་ཟད་གཉེན་པར་འདུག་ཀྱི་མཆོད་རྟེན་ཞིག་རྩིགས་གསུངས། འོག་གི་ལུ་མ་དམར་པོ་འདི་ཇོ་བོ་སྐུ་ལྷ་དཔལ་རྫིང་གི་ལྕམ་མོ་ཡིན་འདུག་པས་དེ་རུ་ཀླུ་ཁང་ཞིག་རྩིགས། ཇོ་བོ་སྐུ་ལྷ་དཔལ་རྫོང་གི་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན་ཡིན་ཅིང་ཆོས་ལ་དཀར་བས་མཆོད་གསོལ་བ་འབད་དགོས་འདུག་གསུངས། དེ་ཚེ་མངའ་བདག་རང་ཉིད་དགུང་ལོ་བཅུ་བདུན་ཡིན་ཞེས་དང་། ཕལ་ཆེར་དགུང་ལོ་བཅོ་བརྒྱད་པ་ལྕགས་ཕོ་རྟ་ཡི་ལོ་ལ་ཡིན་ཞེས་ཟེར། དེ་ནས་བརྒྱ་ཚོ་བཅུ་གསུམ་གྱི་སོ་སོའི་དཔེའུ་(སྤེའུ་)ལྕོག་དང་། ཐུན་མོང་དུ་དབུས་སུ་རྒྱལ་པོའི་ཁབ་ཕོ་བྲང་དཀར་པོ་དང་། བཙུན་མོའི་སླས་ཁང་མོ་ཆེ་ཕྱིའི་ལྕགས་རི་ཆེན་པོ་ལྕགས་སྐོར་རྡེག་པ་བཅས་གྲུབ་པར་མཛད་ཅིང་། ཕོང་ཀ་ཁྱུང་ལྟ་བུ་རྩིག་པའི་རྨང་དུ་བྱས་པས་མིང་རྒྱལ་པོའི་ཁབ་བཀྲ་ཤིས་ཁྱུང་རྫོང་དཀར་པོ་ཞེས་བཏགས་པ་ཡི་ད་ལྟ་ཡང་མངའ་རིས་རྫོང་དཀར་དུ་གྲགས་པའོ། །ཇི་སྐད་དུ། མེ་རྡོ་ཐང་དུ་ཁྱུང་རྫོང་དཀར་པོ་ཞེས་དང་། དབུས་སུ་རྒྱལ་པོའི་ཕོ་བྲང་ལྷུན་པོ་བཞིན། །མཐོ་ལ་རབ་དཀར་གངས་ལ་ཉི་ཤར་འདྲ། །ལོགས་བཞི་ཟུར་བཞི་ལྕོག་བཞིས་རབ་ཏུ་མཛེས། །དེ་ཡི་ཕྱི་ཡུལ་གྲོང་གླིང་དང་གླིང་ཕྲན་ཚུལ། །མཐའ་སྐོར་ལྕགས་རི་མཐོ་བརྗིད་དཀར་འཚེར་ལ། །སྤེའུ་བཅུ་གསུམ་གངས་རིའི་ཕྲེང་བ་བཞིན། །ཡིད་འོང་སུམ་རྩེན་དགའ་བའི་སྐྱེད་ཚལ་མཚུངས། །ཞེས་ཟེར་རོ། །དེ་ལྟ་བུ་རྫོང་གི་བྱ་བ་ཕལ་ཆེ་ཚགས་སུ་ཚུད་པའི་སྐབས་སུ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་། ཡབ་ཡུམ་གྱི་དགེ་རྩར་དགོངས་ནས་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་ལ་བྱ་བ་ལྷག་པར་མཛད་པ་རྒྱལ་བའི་གཙུག་ལག་ཁང་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་། དེ་བཞིན་གཤེགས་པའི་གདུང་རྟེན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་རྗེས་སུ་སྙེགས་པ་དང་།

རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རིན་ཆེན་རི་བོའི་ཆོས་ཀྱི་མཛོད་ལྟ་བུ་བསྒྲུབས་པར་མཛད་དེ། དེ་ཡང་ཇི་སྐད་དུ། བཀྲ་ཤིས་སྒོ་མང་གཙུག་ལག་ཁང་། །ཀ་ཆེན་བཅུ་ཕྲག་དྲུག་གི་ནི། །ཁྱོན་ཚད་དག་དང་ལྡན་པ་ལ། །ཕུགས་ན་གཙང་ཁང་བསྐོར་ཁང་ལ། །ཀ་བ་དྲུག་བཞི་ཉེར་བཞིའི་ཁྱོན། །མདོ་ཁྱམས་གཙུག་ལག་ཁང་ཆེན་ལ། །ཀ་བ་སུམ་ཅུ་སོ་དྲུག་ཡོད། །ཀ་གདན་རྡོ་ཡི་སྙིང་པོ་ལ། །ས་བདག་ཁ་གནོན་རུས་སྦལ་གཟུགས། །པད་མ་འཁོར་ལོས་མཚན་པ་དང་། །གྲགས་པས་མཁའ་ཁྱབ་སྒྲ་ཆེན་ནི། །འབྲུག་གིས་འཁྱུད་པའི་ཀ་གདན་སྟེང་། །ཀ་བ་རྒྱན་འཕྱང་མུ་ཏིག་བྲེས། །གཞུ་ཆུང་གཞུ་ཆེན་གདུང་གདན་དང་། །དེ་སྟེང་སྔས་གདུང་སད་གདུང་གཉིས། །མཆོད་རྟེན་བརྐོས་དང་སེང་གདན་གཉིས། །དེ་སྟེང་སེང་ཆེན་བརྗིད་པའི་གཟུགས། །བར་མཚམས་མཁའ་ལྡིང་དབང་པོའི་སྐུ། །ལྟོ་འགྲོ་དབང་པོས་གུས་བསྙེན་ནས། །མཆོད་པ་ཕུལ་ཚུལ་མཚར་དུ་དངར། །དེ་སྟེང་སེང་ཁྱེབས་(ཁེབ་)འོད་ཀོར་དང་། །དེ་སྟེང་རྒྱུག་གདན་ནོར་བུའི་ཕྲེང་། །དེ་སྟེང་རྒྱུག་དང་ཁ་ཁྱམ་ཕུབས། །དེ་སོགས་སྲ་བརྟན་ཤིང་བརྡར་(སྟར་)སྒྲིགས། །གཞན་ཡང་རྒྱལ་སྲིད་བཀྲ་ཤིས་པའི། །རྟགས་དང་རྫས་བཀོད་ཅིར་ཡང་ཡང་བཀྲ། །མཐིལ་ཞལ་རྒྱ་མཚོ་དྭངས་པ་ལ། །ལོགས་ཞལ་མེ་ལོང་ལྔ་བུའི་ངོས། །བླ་མ་སངས་རྒྱས་བྱང་སེམས་དང་། །འདོད་ལྷ་ཆོས་སྐྱོང་ལ་སོགས་པའི། །སྐུ་བརྙན་སྣ་ཚོགས་ལས་པ་ཡི། །རྫུ་འཕྲུལ་མཐུ་ཡིས་བསྐྲུན་པ་བཞིན། །ཞེས་སོ། །གཙུག་ལག་ཁང་འདི་ཡི་ཀུན་དགའ་ར་བ་དྲི་གཙང་ཁང་སྐོར་བཅས་མཐའ་དག་གི་རྩིག་བཟོ་གྱེང་(གྱང་)བཟོ་ཤིང་ཆའི་བཟང་རྔམ་བརྐོས་དང་བསྒྲིགས་ཚུལ་བྲི་འབུར་གྱི་ཉམས་འགྱུར་རྣམས་ཤིན་ཏུ་ངོ་མཚར་ཞིང་དེ་ཡང་སྲ་བརྟན་བརླིང་བར་མཛད་པའི་མཐུས་གཙུག་ལག་ཁང་གི་རྨང་རབ་བྱུང་ལྔ་པའི་ནང་གི་ལྕགས་རྟ་ལ་བཏིང་ནས་ད་ལྟ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ཡན་ལ་ལོ་བཞི་བརྒྱ་དང་བདུན་ཅུ་དོན་བདུན་འདས་ཤིང་། དུས་ཕྱིས་གཙུག་ལག་ཁང་ལ་སྲིད་(སྲི་)ཞུ་ཆེས་བརྩོན་པ་ཡང་དཀོན་རུང་ཞིག་རལ་རྡིབ་འཁྱོམ་ཡོ་འཆུག་ཅུང་ཟད་ཀྱང་མ་སོང་བར་གནས་པ་འདི་ནི་ངོ་མཚར་བའི་ཡུལ་དུ་སྣང་ངོ་། །དེ་ལྟ་བུའི་གཙུག་ལག་ཁང་ཕྱི་ཡི་བྱ་བ་གྲུབ་པའི་སྐབས་སུ་མངའ་བདག་འབུམ་ལྡེ་མགོན་དེས་གཙུག་ལག་(ཁང་)གི་རྟེན་གཙོ་ཇི་ལྟ་བུ་ཞིག་བགྱིད་སྙམ་པ་ན། མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་བྱོན་ཏེ་ཤེལ་གྱི་མཆོད་རྟེན་དྲི་མ་མེད་པ་ཞིག་བསྟན་(ཏེ་)འདི་ལྟ་བུ་ཞིག་བཞེངས་ཤིག་ཅེས་བཀའི་གནང་(བ་བསྩལ་)ཞིང་རང་ལ་ཐིམ་པའི་སྣང་བ་བྱུང་བ་ཡིས་དེ་ལྟར་བསྒྲུབ་པའི་ཆེད་དུ་བལ་པོ་ནས་ལྷ་ཡི་བཟོ་བོ་ལས་སྣ་ཚོགས་པ་ལྟ་(ལྷ་)བུ་ཨུ་སིརྦྷ་ཞེས་པས་གཙོ་བྱས་བཟོ་བོ་བརྒྱད་བཀུག་ནས་ས་སྐྱ་རིན་ཆེན་སྒང་གི་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་ཆ་མཐུན་པར་བཞེངས་ཞེས་གྲགས་ཏེ། དེ་ལ་ཡང་འདི་སྐད་དུ། གཙང་ཁང་དབུས་སུ་བཀྲ་ཤིས་སྒོ་མང་ཡོད། །རྨང་གཞི་ཕ་ལམ་ལྟ་བུའི་སྲ་མཁྲེགས་རྡོ། །དེ་སྟེང་རང་བྱུང་ཟངས་ལ་ཛམྦུའི་གསེར། །ལན་བདུན་སྦྱང་བའི་ཆུ་ཡིས་ཉེར་བྱུག་པའི། །མཆོད་རྟེན་འོད་འབར་གསེར་གྱི་ལྷུན་པོ་བཞིན། །རྒྱབ་ཡོལ་དང་བཅས་རྒྱལ་ཐོག་གཉིས་ཀྱི་ཚད། །མཆོད་རྟེན་རྨང་ནི་དགེ་བ་བཅུ། །དེ་སྟེང་བང་རིམ་དང་པོ་ནི། །དྲན་པ་ཉེ་བར་བཞག་པ་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བང་རིམ་བཞི་པ་དབང་པོ་ལྔ། །བུམ་རྟེན་མགུར་བཅུ་སྟོབས་ལྔ་དང་། །བུམ་པ་བྱང་ཆུབ་ཡན་ལག་བདུན། །བྲེ་ནི་ཕ་ལམ་ཡན་ལག་བརྒྱད། །སྲོག་ཤིང་ཤེས་པ་བཅུ་རུ་མཚོན། །ཆོས་འཁོར་བཅུ་གསུམ་སྟོབས་བཅུ་དང་། །དྲན་པ་ཉེ་བར་བཞག་པ་གསུམ། །འདེགས་བྱེད་པད་མ་མི་འཇིགས་བཞི། །ཆར་ཁེབས་གདུགས་ནི་ཐུགས་རྗེ་ཆེ། །གདུགས་འདེགས་མ་འདྲེས་ཆོས་བཅོ་བརྒྱད། །ཏོག་ནི་དྲི་མེད་ཆོས་ཀྱི་སྐུ། །བཀྲ་ཤིས་འབྱུང་གནས་གསལ་ལྡན་དུ། །ཆས་འཁོར་བསྐོར་བའི་མཆོད་རྟེན་བཞིན། །དེ་ལ་མཚན་དཔེ་རྒྱལ་བའི་སྐུ། །དུ་མས་ལེགས་པར་རྒྱན་བྱས་པ། །བྲེ་དཔྲོག་དངུལ་གྱི་རྡོ་རྗེ་འཆང་། །རིམ་པས་ལམ་འབྲས་བླ་རབས་ཚོགས། །བུམ་པར་ལོངས་སྐུ་རྣམ་སྣང་མཛད། །གཞན་ཡང་བང་རིམ་སྒོ་ཁྱིམ་དུ། །སངས་རྒྱས་དཔའ་བོ་བདུན་དང་ནི། །སྨན་ལྷ་བདེ་གཤེགས་རྣམ་པ་བརྒྱད། །དེས་མཚོན་དཀྱིལ་འཁོར་དབང་ཕྱུག་དང་། །ཆགས་བྲལ་དེ་བཞིན་གཤེགས་པའི་སྐུ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་སོགས། །རྣམ་པ་དུ་མ་བཀོད་ལེགས་ཤིང་། །སྒོ་ཁྱིམ་ཀ་བས་མཛེས་པར་བྱས། །རྒྱབ་ཡོལ་ངོས་སུ་བྱིན་རླབས་བླ་མ་ཡི། །རྒྱུད་རིམ་ཡིད་བཞིན་ནོར་བུའི་འཕྲེང་བ་འདྲ། །མཆོད་རྟེན་དེ་ལ་མདུན་རྒྱབ་གཡས་གཡོན་ཆ། །བཟོ་སྒྲོས་རྩིང་ཞིབ་ཅུང་ཟད་མ་མཆིས་པར། །ལྷ་ཡི་བཟོ་བོའི་འཕྲུལ་ལས་བྱུང་བ་བཞིན། །བལྟ་བས་ཆོག་མི་ཤེས་པ་ཁོ་ནར་གནས། །དེ་ལ་ཕྲ་རྒྱན་རིན་པོ་ཆེ། །བཻཌཱུརྱ་དང་དབང་སྔོན་དང་། །སརྨ་ར་ག་མན་ཤེལ་ནེལ། །གཡུ་རྙིང་མུ་མེན་བྱུ་རུ་དང་། །མུ་ཏིག་ལ་སོགས་དུ་མས་སྤྲས། །ཞེས་ཚིགས་སུ་བཅད་པ་དེ་རྣམས་སྔོན་གྱི་ཡིག་རྙིང་ལ་ཟུར་མ་དག་པ་ཅུང་ཟད་བཅོས་ཏེ་བཀོད་པའོ། །ཞེས་སོ། །མཆོད་རྟེན་ཆེན་པ་དེའི་ནང་དུ་གཟུངས་རྟེན་ཡང་ཆེས་ཁྱད་པར་འཕགས་པ་མང་དུ་མངའ་བ་གཙོ་བོར་རྒྱལ་བསྟན་འདྲེན་པའི་ཤིང་རྟ་འཛམ་གླིང་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཆེན་པོ་སུ་བནྡྷུ་ནེལྤ་ལ་ཡི་ཡུལ་དུ་ཞི་བར་གཤེགས་པའི་དབུ་ཐོད་བལ་པོའི་རྒྱལ་པོའི་མཛོད་དུ་གནས་པ་ཆོས་ཀྱི་རྒྱལ་པོ་འདི་ཡི་བསོད་ནམས་ཀྱི་ལྕགས་ཀྱུ་རྣོན་པོས་དྲངས་ནས་ཕྱག་ཏུ་འབྱོར་བ་ཡང་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་བཞུགས་སུ་གསོལ་བ་དང་། དེ་བཞིན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གྱི་རྟེན་མཐིང་ཤོག་ལ་ཛམ་བུ་ཆུ་གསེར་གྱིས་བྲིས་པའི་ཤེར་ཕྱིན་བརྒྱད་སྟོང་པའི་གླེགས་བམ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱི་ཐུགས་དམ་རྡོ་རྗེ། བོད་ཀྱི་སློབ་དཔོན་བཻ་རོ་ཙ་ནའི་ཕྱག་མཁར་(འཁར།) མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་རྒྱན་སྣ་དྲུག་སོགས་རྒྱ་ཆེར་བཞུགས་པར་བཤད་དོ། །

ཡང་མངའ་བདག་འབུམ་ལྡེ་དེས་རྒྱལ་བའི་གསུང་རབ་དྲི་མ་མེད་པའི་གླེགས་བམ་མང་དུ་སྤེལ་བའི་རྟེན་འབྲེལ་དུ་དགོངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་ཕྲག་བརྒྱ་པ་གནམ་སྔོན་ཞུ་བའི་ཁ་དོག་ཅན་གྱི་ཤོག་བུ་ལ་འཆར་ཁའི་འོད་ཀྱང་ཟིལ་གྱིས་གནོན་པའི་གསེར་ཞུན་གྱི་གཟབ་བྲིས་བལྟ་བས་ཆོག་མི་ཤེས་པ་མིག་འཕྲུལ་ལྟ་བུའི་གླེགས་བམ་བཅུ་དྲུག་ལ་ཟབ་ཆེན་གྱི་སྐུ་རགས་དང་གླེགས་བུའི་ཤིང་གདོང་རྒྱབ་ཏུ་རི་མོའི་རྣམ་འགྱུར་ཁྱད་པར་ཅན་ཚོན་རྩིས་བྱུགས་ཏེ་མིག་གི་དགའ་སྟོན་ཅིར་ཡང་བྱེད་པ། གཞན་ཡང་ཞལ་ཁེབས་ཤུབ་སོགས་ཆས་དང་མཛེས་པའི་བྱ་བ་དུ་མས་ཀླུབས་པ་ཡང་བསྒྲུབས་པར་མཛད་དེ། མཆོད་རྟེན་དང་ཡུམ་གྱི་གླེགས་བམ་འདི་ཉིད་ཡབ་དང་ཡུམ་གྱི་བཀའ་དྲིན་བསབ་པའི་ཆེད་དུ་དགོངས་ཞེས་ཀྱང་གྲགས་སོ། །གང་ལྟར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དགུང་ལོ་ཉི་ཤུ་རྩ་ལྔ་པ་མེ་མོ་གླང་ལ་ལེགས་པར་འབྱོངས་ཤིང་། ལོ་དེར་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཡང་ཆེན་པོ་ཧོར་གྱི་རྒྱལ་ཁབ་ནས་སླར་ཡང་བོད་དུ་ཕེབས་པ་དང་དུས་མཚུངས་པ་ཉིད་ཀྱི་རྟེན་གསུམ་ལ་རབ་ཏུ་གནས་པ་མཛད་པའི་ཆེད་དུ་གུང་ཐང་ཕྱོགས་སུ་ཕེབས་པར་གསོལ་བ་བཏབ་ཀྱང་ཞལ་སྔ་ནས་ཅོ་ཀའི་ཚང་དུ་གླང་པོ་ཆེའི་རྨིག་པ་མི་ཤོང་གི །ངེད་ཀྱི་སྒར་ཁྱོད་ཀྱིས་འདེགས་པར་མི་ནུས་པས་དེས་ན་སངས་རྒྱས་ཀྱི་དུས་ཆེན་ས་ག་ཟླ་བའི་ཚེས་བཅོ་ལྔར་རྟེན་གསུམ་གྱི་དྲུང་དུ་རབ་ཏུ་གནས་པའི་སྟ་གོན་མཆོད་བཤོམས་གྱིས་ཤིག་དང་། ངས་འདི་ནས་རབ་ཏུ་གནས་པ་བྱའོ། །ཞེས་བཀའ་གནང་བས་དེ་བཞིན་གུང་ཐང་གི་དགེ་བའི་བཤེས་གཉེན་གླང་རི་བཀའ་བཅུ་པ་དང་། རི་རབ་པ་སོགས་སྡེ་སྣོད་དུ་མས་མགྲིན་པ་བརྒྱན་ཅིང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བརྙེས་པ་ལྔ་བཅུ་སྐོར་གྱིས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་རྡུལ་ཚོན་གྱིས་ལེགས་པར་བྲིས་ཏེ་སྒྲུབ་ཅིང་མཆོད་པའི་རིམ་པ་བཟང་པོ་དང་བཅས་རབ་ཏུ་གནས་པའི་བཀོད་པ་ལེགས་པར་སྒྲིགས་པའི་དུས་ཚེས་གོང་གི་དེ་ཉིད་ལ་ཀུན་གསལ་གྱི་འགྲམ་པའི་ངོས་ནས་རབ་ཏུ་དཀར་བ་ནས་ཀྱི་སྦྲང་ཆར་དཔུང་གིས་མི་དམན་པ་རྟེན་གསུམ་རྣམས་ལ་བབས་པ་དེར་འདུས་པའི་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྱུར་པ་དང་། གཞན་ཡང་འཇའ་ཚོན་གྱི་བླ་བྲེ། མེ་ཏོག་གི་ཆར། ལྷ་ཡི་བདུག་སྤོས་ཀྱི་ངད་ལྡང་གིས་ཕྱོགས་ཀུན་ཁྱབ་པ་སོགས་དགེ་བའི་མཚན་མ་དུ་མས་ཡོངས་སུ་ཁྱབ་པ་བྱས་ཞེས་གྲགས་པ་ཉམས་པ་མེད་པ་ད་ལྟའི་བར་དུ་གནས་པ་ཉིད་དོ། །དུས་དེར་ཕས་ཀྱི་རྒོལ་བ་ནི་མིང་མི་གྲགས། ནང་གི་མངའ་ཐང་ནི་སུམ་རྩེན་ལ་འགྲན་པའི་སྐབས་སུ་གྱུར་ཀྱང་གོང་གི་མཛད་པ་དེ་རྣམས་ཀྱི་བར་སྐབས་སྔ་ཕྱི་ཅི་རིགས་པར་གདུང་རིགས་ཕྱི་རབས་རྣམས་ལ་སྨན་པའི་སླད་དུ་རྣམ་པར་རྒྱལ་བའི་བཙན་རྫོང་བཅུ་ཕྲག་ལྷག་འདེབས་པར་མཛད་དེ། དེ་ཡང་ཇི་སྐད་དུ། གུ་གེ་པུ་རོང་(སྤུ་རང་)ཁ་གནོན་དུ། །དཀར་དུམ་གནམ་གྱི་ཁྱུང་རྫོང་བརྩིགས། །ཕྱི་འབྲོག་མོན་ཞང་ཁ་གནོན་དུ། །བྱ་རྩི་རྣམ་རྒྱལ་ཐར་པོ་དང་། །མཚོ་དབར་ཉེ་བའི་གློ་སྟོད་དུ། །ནི་རི་གཡའ་རྫོང་དཀར་པོ་བརྩིགས། །གློ་བོ་མཚོ་བཞིའི་ཁ་གནོན་ལ། །གཙང་རོང་བྱ་ཕོའི་ཟེ་བ་བརྩིགས། །ཏ་མང་སེ་མོན་ཁ་གནོན་དུ། །གློ་སྨད་མུ་ཁུན་སྲིན་རྫོང་བརྩིགས། །དོལ་པོ་མོན་གྱི་ཁ་གནོན་དུ། །དོལ་པོའི་ཡི་གེ་དྲུག་མ་བརྩིགས། །ལ་སྟོད་བྱང་པའི་ཁ་གནོན་ལ། །ལ་རུའི་གད་རྫོང་དཀར་པོ་བརྩིགས། །ལ་སྟོད་ལྷོ་ཡི་ཁ་གནོན་ལ། །ཁུན་ཚོ་གད་རྫོང་དཀར་པོ་བརྩིགས། །སྐྱིད་རོང་གོ་བཞི་ཀན་འཇིམ་ཁར། །རག་མར་གྱད་ནོན་ཐར་པོ་དང་། །སྐྱིད་རང་མཐིལ་དུ་སེང་གེ་རྫོང་། །གླང་མཁར་གསལ་བའི་ཡང་རྩེ་བརྩིགས། །རྒྱལ་བལ་གཉིས་ཀྱི་ཁ་གནོན་ལ། །བལ་པོ་རྫོང་གི་རྫོང་དམར་བརྩིགས། །སྙི་ཤོང་རོང་གི་ཁ་གནོན་ལ། །བོང་ཚོགས་གནམ་གྱི་ཀ་བ་བརྩིགས། །ནུབ་རི་མཐའ་འཁོབ་ཁ་གནོན་དུ། །རོད་ཀྱི་བྲག་རྫོང་ནག་པོ་བརྩིགས། །ཕྱག་པ་ཕ་བཞིའི་བཙན་ས་རུ། །ཆུ་དབར་རྫོང་ཆུང་འཛུམ་ཤོར་བརྩིགས། །ཞེས་པ་སྟེ། འདི་ལ་བསྒྲངས་ཚུལ་དང་ངོས་འཛིན་མི་འདྲ་བ་ཅི་རིགས་འདུག་ཀྱང་འདིར་ཞིབ་མོར་བྱས་ཏེ་བཀོད་པ་ཡིན་ལ། འོན་ཀྱང་སྐྱིད་རོང་གླང་སེང་གི་མཁར་སོགས་ཁ་ཅིག་གདུང་རིགས་ཕྱི་མས་བཏབ་བམ་སྙམ་པ་ཡང་འདུག སྔར་ས་སྐྱར་ཕེབས་སྐབས་མཚན་གྱི་བླ་གདགས་སུ་གླང་ཞེས་གྲགས་པ་ལྟར་མངའ་བདག་རང་ཉིད་ཀྱི་མཛད་པ་རྣམས་གླང་གི་ལས་སྟབས་སུ་ཞལ་གྱིས་འཆེས་པའི་གླུ་ཡང་མཛད་དོ། །གཞན་ཡང་དཔལ་ལྡན་ས་སྐྱའི་བླ་ཆེན་པོ་ཆོས་རྒྱལ་འཕགས་པ་ཡི་སྤྱན་ལྟོས་ལྟར་ཆེན་པོ་རྣམས་ལ་འོས་པའི་ལས་ཚན་བཅུ་གསུམ་ཡང་བསྒྲིགས་པར་མཛད་དེ་དེ་ཡི་གྲངས་ངེས་ནི། དམ་གཉེར་གཉིས། གསོལ་གཟིམ་གཉིས། མཇལ་ཡིག་གཉིས། རྐྱ་རྔ་གཉིས། ཐབ་འདྲེན་གཉིས། རྟ་མཛོ་གཉིས། གདུགས་འཛིན་པ་དང་བཅུ་གསུམ་ཡིན་ཟེར། འདི་ནི་བསྒྲང་ཚུལ་མི་འདྲ་བ་མང་དུ་འདུག་པས་དཔྱད་བྱར་གནས་སོ། །

དེ་ལྟར་སྲིད་ན་མངོན་པར་མཐོ་བའི་འཕྲིན་ལས་བཟང་པོ་དང་ངེས་པར་ལེགས་པ་རྣམ་པར་དཀར་བའི་ཕྱག་རྗེས་རྒྱ་ཆེན་པོས་བརྒྱན་པར་གྱུར་ཀྱང་སྲིད་ཞི་ལས་ཉེ་བར་ལྡོག་པ་བྱང་ཆུབ་མཆོག་གི་ཉེ་ལམ་ནང་གི་ཡང་དག་འཇོག་ཁོ་ནར་ངེས་པར་འཇུག་དགོས་པར་གཟིགས་ནས་དེའི་ཆེད་དུ་གོང་གི་བྱ་བ་ལས་ཀྱི་འཁོར་ལོ་དེ་རྣམས་སྒྲུབ་པའི་བར་སྐབས་ཇི་སྙེད་པར་ལིང་བ་བྲག་དམར་དུ་བཞུགས་པར་ཞང་སྒོམ་རི་པ་ཆེན་པོ་དང་། རོན་མདའ་རྫོང་སྒོ་གླང་རི་གྲུབ་པའི་སྐྱེས་བུ་བརྩོན་འགྲུས་རྒྱལ་པོ་དག་གི་སྤྱན་སྔར་ཆེད་དུ་ཞབས་བསྐྱོད་དེ་ཕྱག་དང་ཞེ་ས་ཆོས་བཞིན་གྱི་བསྙེན་བཀུར་ཡང་དག་པས་བླ་མ་བསྙེན་པར་བྱས་ཏེ་སྨིན་བྱེད་ཀྱི་རིམ་པ་དང་གྲོལ་བྱེད་ཀྱི་ཞལ་ལུང་ཟབ་མོ་འདེགས་པར་འཇོས་ཏེ་(ནོད་དེ་)ཉམས་དང་རྟོགས་པའི་ཡོན་ཏན་ས་ར་ཟླ་ལྟར་རྒྱས་པར་བྱས་ཞེས་ཡོངས་སུ་གྲགས་སོ། །དེ་ལྟར་ཆེན་པོར་བརློམ་པ་གཞན་ཁ་ཅིག་གིས་ལོ་བརྒྱ་ཕྲག་གི་རིང་དུ་ངལ་བས་བསྒྲུབས་ཀྱང་དཀའ་བར་གྱུར་པ་དེ་དགུང་ལོ་བཅུ་བདུན་ནས་ཉི་ཤུ་རྩ་ལྔའི་བར་ལོ་བརྒྱད་ཀྱི་རིང་ལ་མཐར་སོན་པར་མཛད་དེ་སྐུ་ཚེ་འདི་ཡི་འཕྲིན་ལས་དེ་ཙམ་དུ་དགོངས་ནས་དགུང་ལོ་ཉི་ཤུ་རྩ་བདུན་པའི་མཐར་སོན་པ་རྩ་བརྒྱད་ལྕགས་འབྲུག་གི་ལོ་མགོར་(སྤྱི་ལོ་༡༢༨༠)སྔོན་གྱི་ལས་ཀྱི་རྒྱུ་བས་འབངས་མི་སྲུན་པ་ཞིག་གི་གསོལ་ངན་གྱི་སྦྱོར་བས་སྐུ་ཐིམ་སྟེ་གནམ་གྱི་ལྷར་གཤེགས་སོ། །འདི་ལ་ཁ་ཅིག་གིས་དགུང་ལོ་ཉེར་ལྔར་གཤེགས་ཟེར་བ་ནི་མ་དག་ལ་ཉེར་བདུན་ལ་གཤེགས་ཞེས་པ་ནི་ཉེར་བརྒྱད་ཀྱི་ལོ་མགོར་གཤེགས་པས་དུས་ཉེ་བ་ལ་གྲགས་པར་སྣང་ངོ་། །ཁྲི་འབུམ་ལྡེ་མགོན་གཤེགས་པའི་དུས་དང་མཚུངས་པར་འབྲི་གུང་གཅུང་རྡོ་རྗེ་གྲགས་ཀྱང་སྐུ་གཤེགས་ཤིང་། ལྕགས་འབྲུག་གི་ལོ་གཞུག་འདིར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡང་སྐུ་གཤེགས་ལ། ལོ་དེའི་ཕྱི་མ་ལྕགས་སྦྲུལ་བྱ་རོག་རྫོང་ཧོར་དམག་གིས་བསྐོར་ཞིང་དཔོན་ཆེན་ཀུན་དགའ་བཟང་པོ་ཁྲིམས་ལ་གཏུགས་པའི་དུས་ཏེ་བོད་ཁམས་སྤྱིའི་རྟེན་འབྲེལ་གུང་ཐང་བཙད་པོའི་རིགས་ལ་རག་ལས་ཞེས་གུ་རུ་པད་མས་ལུང་གིས་བསྟན་(པ་)ལྟར་འདིས་མཚོན་མང་(པོ་)ཞིག་མཐུན་རུང་དུ་བྱུང་བར་སྣང་ངོ་། །རྒྱལ་པོ་འབུམ་ལྡེ་(མགོན་)འདི་དཔལ་གསང་བའི་བདག་པོས་བྱིན་གྱིས་བརླབས་ཞེས་དང་། དཔལ་ནག་པོ་ཆེན་པོ་ཡི་སྤྲུལ་པ་ཡིན་ཞེས་ཀྱང་གྲགས་སོ། །མངོན་མཐོ་ཤར་རིའི་ཕྲགནས་འཕོས་པ་ཡི། །ངེས་ལེགས་རྟ་དམར་གྱིས་དྲངས་ཕུན་ཚོགས་ཀྱི། །ཟེར་བརྒྱས་སྐྱེ་རྒུའི་བདེ་སྐྱིད་པད་མོའི་ཚལ། །རྒྱས་བྱེད་ས་དབང་མཆོག་དེར་ཅིས་མི་བསྔགས། །ཞེས་སོ། །

དེ་ལྟར་མངའ་བདག་ཁྲི་ལྡེ་འབུམ་(འབུམ་སྡེ་མགོན་)ལ་སྲས་གསུམ་མངའ་བའི་ཐུ་བོ་སེ་མ་འབུམ་སྐྱོང་རྒྱལ་མོ་ལ་བལྟམས་པ་ཁྲི་རིན་ཆེན་བཟང་པོ་དང་། གཞན་ཁྲི་ལྡེ་འབུམ་དང་། ཐ་ཆུང་བསམ་ལྡེ་སྟེ། ལོ་རྒྱུས་མང་(པོ་)ཞིག་ཏུ་ཁྲི་ལྡེ་འབུམ་གཅེན་ཡིན་ཡང་ཟེར་ལ། ཡུམ་མི་གཅིག་པ་ལ་ལོ་ཁྱད་ཆེར་མེད་པ་ཞིག་ཡིན་ནམ་སེམས། ལྷ་རིན་ཆེན་བཟང་པོས་དེས་ཡོན་ཏན་བཀོད་པའི་སངས་རྒྱས་ཀྱི་སྐུ་བརྙན་མི་ཚད་རིན་པོ་ཆེའི་ཕྲ་རྒྱན་དུ་མས་མཛེས་པར་བྱེད་པ་ངོ་མཚར་བ་སོགས་རྣམ་པར་དཀར་བ་ལ་ཐུགས་གཞོལ་བའི་མཛད་པ་ཅི་རིགས་མཛད་ཅིང་། རྒྱ་ནག་ཧོར་གྱི་རྒྱལ་པོའི་ཕོ་བྲང་དུ་ལུང་ལས་རྟགས་ཞུ་བར་བཞེད་དེ་རྒྱ་ཡུལ་དུ་ཕེབས་པར་དེར་སྐུ་གཤེགས། རྒྱ་ནག་ཏུ་བཞུད་སྐབས་ཐོག་མར་ས་སྐྱར་ཕེབས་ཏེ་ཅུང་ཟད་བཞུགས་པ་ན་མཛའ་བའི་བཤེས་ཤར་པ་ཀུན་དགའ་རིན་ཆེན་པས་ན་རེ། མངའ་བདག་པ་ཁྱེད་ཡུལ་ཐག་རིང་དུ་གཤེགས་པ་འདུག་པས་སྐུ་ཚེས་ཟིན་པར་ཡང་དཀའ། དེ་ཚེ་གདུང་རྒྱུད་ཆད་པར་ཕངས་པས་ང་ཡི་ཁྱིམ་བདག་མོ་འདི་ལ་སྲས་གཅིག་འཚོལ་ཞེས་མཚམས་སྦྱར་(བ་)བཞིན་མ་གཅིག་ལྷ་མོ་འབུམ་དང་རྩེན་པས་རིངས་པོར་མ་ཐོག་པར་བུད་མེད་དེ་ཡང་སྦྲུམ་པར་གྱུར་ཏེ་ལྷ་རིན་ཆེན་བཟང་པོ་གཤེགས་པའི་ལོར་སྲས་སྒྲོ་སྤངས་སུ་བྱུང་བ་མཚན་ཆོས་སྐྱོང་ལྡེར་བཏགས། མངའ་བདག་ཁྲི་ལྡེ་འབུམ་ནི་སྙིང་སྟོབས་བློ་གྲོས་ཕུན་སུམ་ཚོགས་པས་རྒྱལ་སྲིད་ཀྱང་ཡུན་རིངས་སྐྱོང་བར་མཛད་ཅིང་། ཡབ་ཀྱི་དགོངས་རྫོགས་སུ་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེའི་སྐུ་བརྙན་དགུང་ལོ་བཅུ་གཉིས་པའི་ཚད་དང་མཉམ་པ་བཟོ་སྒྲོས་ཁྱད་པར་འཕགས་པ་དང་། ལོ་ཟླ་དུས་ཀྱི་མཆོད་པ་སོགས་རྣམ་པར་དཀར་བ་དགེ་བའི་ཕྱག་ལས་བཟང་པོ་རྒྱུན་མི་ཆད་པར་མཛད། དུས་ཕྱིས་རྒྱ་ནག་ཧོར་གྱི་རྒྱལ་པོའི་ལུང་ལས་རྟགས་ཞུ་བའི་ཆེད་གོང་དུ་བཞུད་པར་དགོངས་ཏེ་ཆོས་མཁར་མཁན་ཆེན་བྱང་སེམས་སྙིང་པོ་ཡབ་ཀྱི་ཐུགས་བརྙེས་(མཉེས་)ཡིན་པས་དེ་རིང་ཡུལ་གྱི་གཞི་གོ་ཆོད་པ་གྱིས། རྒྱམ་གྱི་མཁན་པོ་བྱང་རྒྱལ་དང་། ཆོས་ལྡིང་མཁན་པོ་བྱང་ཆུབ་གྲགས་པ་གཉིས་ང་ཡི་གྲོས་གྲོགས་ལ་འགྲོ་དགོས་གསུངས་ནས་ཞབས་རིམ་པ་ལྔ་དང་ཁྱོན་རྗེ་བློན་བརྒྱད་གོང་དུ་བྱོན་པས་ཏ་ཡི་ཏུར་སེ་ཆེན་གྱི་སྲས་ཀྱི་ཐུ་བོ་ཧུའང་ཐའི་ཅིའམ་ཇིན་གིན་ཞེས་པའི་སྲས་རྒྱལ་བུའི་སྐབས་སུ་ཐི་མུར་དང་། ཅོད་པན་བཅིངས་ནས་རྒྱལ་ཐབས་སུ་དབང་བསྐུར་བའི་མཚན་ཆེ་ཙུང་ཀུའང་ཥིའོའུ་ཧུའང་དྷི་ཨུལ་ཇེའི་ཐུ་ཞེས་གསོལ་བ་བོད་ཀྱི་ཡིག་ཚངས་རྣམས་སུ་ཡང་མཚན་ཨོལ་ཇེ་ཐུ་ཞེས་བརྗོད་དེ་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོར་གྱུར་པ་ཡི་རྒྱ་ནག་ཚིན་གྱི་(ཇིན་གིན་)རྒྱལ་པོའི་ཐམ་ག་མི་འགྱུར་གཡུང་དྲུང་རིན་པོ་ཆེ་རྙེད་པའི་མཐུས་རྒྱལ་སྲིད་ཀྱི་གོ་འཕང་ཆེན་པོ་རང་ཤུགས་ཀྱིས་བརྙེས་པ་སྟེ། དེ་ཡི་མདུན་དུ་བཅར་བར་རྒྱལ་པོ་ཆེན་པོ་དེས་ཀྱང་ཐུགས་ལ་བཏགས་ཏེ་ཁྱེད་རང་བོད་ལ་དབང་བསྒྱུར་བའི་རིགས་རྒྱུད་ཆེན་པོ་ཡིན་འདུག་པས་གནམ་གྱི་ཤེད་མོང་སྟེར་བའི་འོས་སུ་སྣང་ཞེས་བོད་ཤིང་སྒོ་བཙུགས་པའི་རྒྱལ་པོ་དུ་དབེན་ཤ་གསུམ་གྱི་བདག་པོ་མངའ་རིས་ཚོ་བཅུ་གསུམ་གྱི་མངའ་ཐང་ལ་དབང་བསྒྱུར་བའི་མངའ་བདག་གི་མིང་དང་། རིན་པོ་ཆེ་ལས་གྲུབ་པའི་ཐམ་ཀ་གླིང་བདུན་མ། ཐམ་གཡོག་ཐམ་ཤུ་བཅས་ཤིང་(དང་།) རྒྱལ་ཐབས་མི་འགྱུར་གཡུང་(དྲུང་)རིན་པོ་ཆེས་སྤྲས་པའི་གསེར་ཡིག་མར་འབོད་པའི་འཇའ་ས། ཐོ་སྟ་ཆེ་རྟགས་གནང་སྐྱེས་ཁྱད་པར་འཕགས་པ་བཅས་ཚེགས་མེད་པར་ཐོབ་ནས་བོད་དུ་བདེ་བར་འཁོར། ཁྲི་ལྡེ་འབུམ་གྱིས་ཐམ་ཀ་ཐོབ་པའི་དུས་དགུང་ལོ་བཞི་བཅུའི་སྐབས་ཡིན་ཞེས་ཡིག་ཚངས་ཁ་ཅིག་ཏུ་བྱུང་བ་དེ་ཚོ་མངའ་བདག་འདི་ཡབ་ཀྱི་བཅུ་དྲུག་པ་ས་འབྲུག་ལ་འཁྲུངས་ནས་བཞི་བཅུ་མེ་ལུག་ལོར་ཧོར་གྱི་རྒྱལ་པོ་ཨོལ་ཇེ་ཐུའི་རྒྱལ་སྲིད་ལོ་བཅུ་གསུམ་མཛད་པའི་དུས་མཐར་མངའ་བདག་ལ་ལུང་ལས་གནང་བ་མངོན། སྐུ་མཆེད་གཉིས་ལ་སྲས་མི་མངའ་བས་ཡར་ལམ་གདན་ས་ཆེན་པོ་ས་སྐྱ་ནས་གཅེན་གྱི་སྲས་ཆོས་སྐྱོང་ལྡེ་ལ་བདག་རྐྱེན་མཛད་དེ་གུང་ཐང་དུ་ཕེབས།

དེ་སྐབས་ཀྱི་ཞབས་རིམ་བློན་པོ་ནི། འཛངས་ཀྱི་གོ་ཆེ་ཚངས་པ། ལྷ་རིགས་གོ་ཆེ་ཚངས་པ། གཉན་རྒྱུད་གོ་ཆེ་ཚངས་པ་དང་གསུམ་ཡིན་ཟེར། དུས་དེར་བོད་ཀྱི་ཆེན་པོ་རྣམས་ཧོར་གྱི་རྒྱལ་པོ་ཁོ་ན་ལ་ལྟོས་པར་བྱེད་པས་སྔར་ཏ་ཇིའི་(སིའི་)ལུང་ཙམ་ལས་མེད་པ་འདི་རེས་དུ་དབེན་ཤ་ཆེན་པོའི་ལུང་དང་ལས་རྟགས་ཀྱིས་མངའ་ཐང་མཐོང་(མཐོ་)ཞིང་དབུ་རྨོག་ཆེས་བཙན་པའི་བརྩས་(བཙས་)དམ་པར་གྱུར། ལྷ་སྲས་ཆོས་སྐྱོང་ལྡེ་ཡི་བཙུན་མོར་ས་སྐྱ་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་སྲས་མོ་ཀུན་དགའ་འབུམ་ཞེས་ལྷ་གཅིག་རེ་མདའ་མ་ལ་བལྟམས་པ་དབང་ཀུན་དགའ་ལེགས་པའི་གཅེན་མོ་དེ་ཁབ་ཏུ་བསུས། བདག་མོ་ཕ་མིང་གིས་དྲེགས་ཏེ་ཐོག་མར་རྒྱལ་པོ་དང་ཐུགས་མི་མཐུན་པའི་རྣམ་པ་བྱུང་ཡང་བདག་ཉིད་ཆེན་པོ་ཡབ་སྲས་ཐུགས་བརླིང་ཞིང་བྱམས་པའི་ཞལ་ཏ་བཟང་པོས་ཁྱབ་པ་ཡིས་ཕྱིས་ཐུགས་མཛའ་ཤིང་གཤིམ་(གཤིན་)པའི་སྲས་ཨོ་རྒྱན་གུ་རུའི་གཏེར་ཁ་དུ་མ་དང་ཁྱད་པར་རིག་འཛིན་རྒོད་ལྡེམ་ཅན་གྱི་རྩ་བའི་ཆོས་བདག་གཏེར་སྟོན་ཉིད་དང་མཉམ་པ་ལུང་བསྟན་པ་ཁྲི་བཀྲ་ཤིས་ལྡེ་སྐུ་བལྟམས། དེ་ཡང་ཇི་སྐད་དུ། ཁྱད་པར་མང་ཡུལ་སྐུ་ལྷའི་བྱང་ཤར་དུ༔ ས་མཁར་དུང་གི་ལོ་མང་འདྲ་བ་འབྱུང་༔ དེ་རུ་རྒྱལ་རིགས་བོང་ཐུང་བྱང་སེམས་ཅན༔ ཆོས་རྒྱལ་བཀྲ་ཤིས་ལྡེ་ཞེས་བྱ་བ་དང་༔ གཏེར་འདི་འཕྲད་ན་བོད་ཡུལ་བསྟན་པ་ནི༔ མི་ལོ་ལྔ་བཅུ་རྩ་གསུམ་བསྲིངས་ནུས་སོ༔ ཞེས་པས་མཚོན་མང་དུ་བྱུང་བ་ཉིད་དོ། །ཁྲི་ཆོས་སྐྱོང་ལྡེ་ཆུ་འབྲུག་གི་ལོ་ལ་སྐུ་གཤེགས་ནས་བཀྲ་ཤིས་ལྡེ་ལ་ཅོད་པན་བཅིངས་ནས་རྒྱལ་ཐབས་ཀྱི་བདག་པོར་མངའ་གསོལ་བའི་བཙུན་མོ་དབང་ཀུན་དགའ་ལེགས་པའི་སྲས་མོ་བསོད་ནམས་འབུམ་ཁབ་ཏུ་བསུས། ལོ་ཤས་རིངས་ཡབ་ཡུམ་ཧ་ཅང་ཐུགས་གཤིན་པ་མ་བྱུང་ཡང་། ནང་བློན་རྒྱལ་ཆེན་པོ་དང་ས་གཙོ་བ་དཀར་པོ་དཔལ་སོགས་འཛངས་པ་རྣམས་ཀྱིས་ལེགས་པར་བསྡུམས་ནས་ཤིན་ཏུ་མཐུན་གཤིན་དུ་གྱུར། ཁྲི་བཀྲ་ཤིས་ལྡེས་ཡབ་ཀྱི་དགོངས་རྫོགས་སུ་སྟོན་མཆོག་ཤཱཀྱ་སེང་གེའི་སྐུ་བརྙན་དང་ཡུམ་གྱི་ཆེད་དུ་འཕགས་མ་སྒྲོལ་མའི་སྐུ་བརྙན་གཉིས་ཀ་མི་ཚད་ལས་ཆེས་མཐོ་ཞིང་གཡུ་རྙིང་ཁྱད་པར་ཅན་སོགས་རིན་པོ་ཆེའི་ཕྲ་རྒྱན་གྱིས་ཤིན་ཏུ་མཛེས་པར་བྱས་པ་དང་། གཞན་ཡང་རྫོང་དཀར་གྱི་ལྕགས་རི་ཕྱི་མ་དང་ལྕགས་རི་ཆེན་པོའི་ལྕགས་སྐོར། སྟག་ཚངས་དཔེའུ་(སྤེའུ་)ཆེན་གྱི་ལྕགས་ཁང་། ལྕགས་རིའི་འོག་(གི་)ས་འོག་ནས་རྒྱང་རིང་པོར་འཐོན་པའི་གསང་སྒོ། ཆུ་སྤེའུ་རྫོང་གི་དབུས་དང་། ཆོས་སྡེ་ནང་གི་ཁྲོན་ཆུ་བཟང་པོ་བཏོན་པ་དང་། རྡོ་ཀྱོང་ཆེན་པོ་སོགས་ཉེ་བར་སྤྱོད་པའི་ཞིབ་ཚགས་དུ་མ་མཛད། དེ་སྐབས་མངའ་ཐང་ཡང་གོང་དུ་འཕེལ་ཞིང་ལྷག་ཏུ་སྟོད་གངས་རི་ཏེ་སིའི་ཤར་ཕྱོགས་དྲ་ལ་ཉེ་བར་དྲ་ལུང་རིང་མོར་བུད་མེད་རྒན་མོ་ཤིང་ཐུན་ཞིག་གིས་དྲ་མའི་སྡོང་པོ་འཐེན་པས་གསེར་ཐིག་ཆེན་པོ་གཅིག་རྙེད་པ་ལ་བརྟེན་གསེར་ཁུང་བཟང་པོ་(རྙེད།) ལྷོ་སྡེ་ཁྲི་དཔོན་བྱིར་མ་གསེར་དཔོན་དུ་བསྐོས་པས། དེས་གསེར་བསིལ་མ་ཀ་ཊོ་ར་ཆེན་པོ་ཞིག་ཕྱུར་བུས་བཀང་བའི་སྟེང་དུ་གསེར་ཐིག་ཆེན་པོ་ར་མཆིན་ཙམ་ཞིག་བཀལ་ཏེ་ཕུལ་བས་མངའ་བདག་དགྱེས་ནས་གསུང་འཕྲོས་ཀྱི་མཐར་ང་ལ་འདི་ཙམ་སྟེར་ཕོད་པ་ཁྱོད་རང་ལ་ཅི་ཙམ་ཡོད་གསུང་བ་ན། ཁྲི་དཔོན་གྱིས་ཕྱག་བཙལ་(འཚལ་)ཏེ་ངེད་རང་ལ་འདི་ལས་ལྷག་ངེས་ཤིག་ཡོད་མཆིས་ཞུས་པས་དྲངས་(དྲང་)པོར་སྨྲ་བ་མི་ཡི་དམ་པ་ཡིན་གསུངས་ནས་སྐུ་ལ་གསོལ་འཕྲོའི་བེར་ཕྱམ་གཅིག་གིས་མཚོན་གནང་སྐྱེས་བཟང་པོ་བྱས་པར་གྲགས། ཁྲི་དཔོན་བྱིར་མའི་རིགས་རྒྱུད་གློ་བོ་ཁྲི་དཔོན་དུ་གྲགས་པ་རིམ་ཅན་ད་ལྟའི་བར་བྱུང་བ་དེ་རྣམས་ཡིན་ཟེར་རོ། །དེ་ལྟར་མངའ་བདག་རང་ཉིད་ཀྱི་བསོད་ནམས་མཐུ་ལ་བརྟེན་གསེར་གྱི་འབྱོར་པ་རྒྱ་ཆེན་པོ་རྙེད་པ་ལ་ཐུགས་ཀྱི་དགོངས་པར་འཇིག་རྟེན་འདི་སྣང་གི་བྱ་བ་ལ་སྙིང་པོ་མེད་པར་ཡ་མ་བརླ་[བ་]ཁོ་ནར་ངེས་ཤིང་།

ཚེ་འདིའི་འབྱོར་པ་ཡང་སྐྱེ་བ་སྔ་མའི་སྦྱིན་འབྲས་དཀོན་མཆོག་གི་ཐུགས་རྗེ་ཁོ་ནར་གྲུབ་པས་དེས་ན་གསེར་འདི་ཆུད་ཟོས་སུ་མ་སོང་བ་དཀོན་མཆོག་གི་སྲི་ཞུ་ཆེད་ཁོ་ནར་བཏང་བར་དགོངས་ནས་དགེ་བའི་བཤེས་གཉེན་རྣམས་ལ་བསོད་ནམས་ཀྱི་ཚོགས་གང་གི་ཆེ་དྲིས་པས་ན་རེ། ཚོགས་ཀྱི་ཞིང་མཆོག་ནི་ཕན་བདེའིའབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན་ཞིང་། དེ་ཡི་རྩ་བ་གསུང་རབ་ཀྱི་དགོངས་པ་ཡང་བསྟན་བཅོས་ཚད་ལྡན་རྣམས་ཀྱིས་གསལ་བར་འགྲེལ་བ་ཡིན་ཞིང་། ཡིག་ཚོགས་ཀྱང་ཆེ་ལ་མཐའ་དག་ཚང་བ་ཡང་དཀོན་པས་བསྟན་བཅོས་བོད་དུ་བསྒྱུར་རོ་འཚལ་བཞེངས་ནས་(ན་)དཀོན་(པ་)བཞིན་ཕན་ཡོན་ཆེ་ཞེས་གསོལ་བས་དེ་ཐུགས་ལ་འཇུག་ཅིང་དགྱེས་པ་ཡི་བཀའ་ཡང་དག་པའི་དགོངས་འགྲེལ་བསྟན་བཅོས་ཀྱི་གླེགས་བམ་རྣམས་བཻཌཱུརྱ་ཡི་ཁ་དོག་ལྟ་བུའི་གན་ཤོག་ལ་བཙོ་མ་གསེར་གྱི་ཡང་ཞུན་གྱིས་ལེགས་པར་བཞེངས་པ་ལ་མཁས་པའི་ཁྱུ་མཆོག་མཁན་ཆེན་བྱང་ཆུབ་རྩེ་མོ་དང་། བོ་དོང་ལོ་ཙཱ་བ་ཤེས་རབ་མེ་ལྕེ་དཔོན་སློབ་དག་དང་། གཞན་ཡང་པུ་རོང་(སྤུ་རང་)ལོ་ཙཱ་བ། འཛངས་པ་ལོ་ཙཱ་བ་སོགས་མཁས་པར་གྱུར་པ་དུ་མས་ཚིག་འབྲུ་ལྷག་ཆད་ཀྱི་ཞུ་བཏགས་(དག་)དང་། གོ་རིམ་ཕྱོགས་མ་འཁྲུགས་པ་སོ་སོར་བཀོད་པ་སོགས་ཡིག་གཉེར་དོ་དམ་ཡང་དག་པར་མཛད་ཅིང་། གླེགས་བམ་དེ་རྣམས་གསེར་ཆུ་བྱུག་པའི་གླེགས་ཤིང་། སི་ཐ་ཧུའི་གླེགས་ཐག ཟབ་ཆེན་གྱི་གཏན་ཁེབས། རས་བཟང་པོའི་ཕྱི་སྒྲིལ་སོ་སོར་ན་བཟའ་གསུམ་བསྒྲག་(སྦྲག་)བཅས་སྒྲུབ་ནས་ཆུ་མོ་ཡོས་ཀྱི་ལོ་དབྱར་ཟླ་འབྲིང་པོ་ས་ག་ཟླ་བའི་ཡར་ངོ་གཟའ་སྐར་བཟང་པོ་ལ་རབ་ཏུ་གནས་པ་དང་བཅས་ལེགས་པར་གྲུབ་པར་མཛད་དོ། །དེ་ལྟར་བསྟན་འགྱུར་གསེར་གྱི་གད་པ་གྲུབ་ནས་དེ་བཞིན་རྒྱལ་བའི་བཀའ་གྱུར་རོ་ཅོག་ཀྱང་བཞེངས་པར་ཐུགས་སུ་དགོངས་ནས་སྐྱིད་རོང་དུ་ཤོག་བུའི་གྲ་སྒྲིག་གྲུབ་པའི་མཚམས་སུ་བོད་སྤྱིའི་བསོད་ནམས་ཀྱིས་མ་ཐེག་པར་མངའ་བདག་ཆེན་པོ་དགུང་དུ་ཐེགས་ཏེ། དེ་ཡང་གཤེགས་པའི་ལོ་ཤིང་སྦྲུལ་ཡིན་པར་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེ་(ལྡེམ་)འཕྲུ་ཅན་གྱི་གཏེར་འབྱུང་ལས་བྱུང་ངོ་། །(ཤིང་སྦྲུལ་དེའི་ཕྱི་ལོ་མེ་རྟ་ལ་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱིས་བྱང་གཉེན་ཡུལ་ཟང་ཟང་ལྷ་བྲག་ནས་གུང་ཐང་རྒྱལ་རྒྱུད་སྐྱོབ་པ་མཛོད་ལྔའི་གཏེར་ཆེན་བཏོན་པའི་ཕུན་ཚོགས་ལྡེ་དང་རྟེན་འབྲེལ་བསྒྲིགས་ཀྱང་ཇི་བཞིན་བསྒྲིག་པར་མ་ཐུབ་ཟེར།)

ཁྲི་བཀྲ་ཤིས་ལྡེ་ཡི་སྲས་ཁྲི་ཕུན་ཚོགས་ལྡེ་དཔལ་བཟང་པོ་ནི་བདག་མོ་བསོད་ནམས་འབུམ་ལ་ས་ཕོ་སྟག་གི་ལོར་བལྟམས། དེས་ནི་ཡབ་ཀྱི་དགོངས་རྫོགས་སུ་དེ་བཞིན་གཤེགས་པའི་སྐུ་བརྙན་མི་ཚད་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ་བཟོ་སྒྲོས་ཁྱད་པར་འཕགས་པ་བཞེངས་པ་སོགས་སྣ་མང་(རྣམ་པར་)དཀར་བའི་མཛད་པ་དང་། རྒྱལ་ཐབས་ཀྱི་བྱ་བ་ཡང་ས་སྐྱ་དང་སྐུ་གཉེན་རིམ་ཅན་སྟབས་སྲིད་འཕེལ་འདུན་མ་གཅིག་པའི་བཅའ་ཡིག་མནའ་བསྒྲིགས་ཀྱང་མཛད། དེ་ལ་སྲས་གཉིས་མངའ་བའི་གཅེན་ས་སྐྱར་བཞུགས་སྐབས་ཇོ་མོ་རེ་མདའ་མ་དང་མཐུན་པས་ཁྲི་མཆོག་གྲུབ་ལྡེར་གྲགས་པ་དང་། བཙུན་མོ་དངོས་བྱང་རྟ་(ཏ་)དབེན་གྱི་སྲས་མོ་ནམ་མཁའ་འབུམ་ཁབ་ཏུ་བཞེས། གྱོད་(གྱོས་)པོ་རྟ་(ཏ་)དབེན་གྱི་ལོག་པའི་བསམ་པས་ཕྲ་མ་བཅུག་ནས་ཞང་སྣ་ཚོགས་པ་སྨོན་ལམ་རྒྱལ་མཚན་གྱིས་ཁྲི་ཕུན་ཚོགས་ལྡེ་དགུང་ལོ་སུམ་ཅུ་སོ་གསུམ་ལྕགས་ཁྱི་ལོར་བཀྲོངས་པའི་ལོ་ཕྱི་མ་ལྕགས་ཕག་ལོར་རྟ་(ཏ་)དབེན་གྱི་སྲས་མོ་ལ་ཁྲི་རྒྱལ་བསོད་ནམས་ལྡེ་སྒྲོ་སྤངས་སུ་འཁྲུངས་ཏེ། དེ་ཡང་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱི་བཀའ་ལས། དེ་ནས་གདུང་རབས་འགའ་སོང་མཚམས༔ ཨེ་མ་གུང་ཐང་རྒྱལ་པོའི་རྒྱུད༔ མཐའ་ལ་བབ་ཚེ་པད་མ་ངས༔ བརྩེ་བའི་ཐུགས་རྗེས་སྐྱོབ་པར་ངེས༔ ཕ་ནི་ལྷ་ལ་མ་ནི་སྲིན༔ བརྩེད་(བཙད་)པོ་གདུག་པའི་ལོ་ཅན་གཅིག༔ རྒྱལ་སྲིད་རྩ་བ་ཅུང་ཟད་འཛིན༔ ཞེས་སོ། །དེ་སྐབས་ཏ་དབེན་གྱིས་གུང་ཐང་གི་རྒྱལ་སྲིད་ལོ་ལྔ་བཟུང་སྟེ། སྒོ་མང་མཐིལ་ལ་རྟ་ར་བྱས། གུང་ཐང་ལ་ཤིན་ཏུ་འཚེ་བ་ཆེ་ཞིང་མཐར་ཁོ་རང་རང་སྐྱིད་རོང་དུ་ཕྱིན་པར་རོང་པ་རྣམས་དང་འཁྲུག་སྟེ་མདའ་དགུ་ལུས་ལ་ཟུག་ནས་མཚམས་སུ་ཚེའི་དུས་བྱས་པར་གྲགས། གུང་ཐང་གི་བློན་པོ་ལྷ་རྗེ་ཆོས་སྐྱོང་དང་། ཆེན་པོ་སྣང་མཛད་སོགས་བསམ་པ་ཆེ་བ་བཞིས་འབད་པས་བྱང་པ་བཏོན་ནས་ལྷ་བཙན་པོའི་སྲས་སྐུ་མཆེད་རྒྱལ་སར་བཞུགས་སུ་གསོལ་བ་ཡིན་ལ། མི་ཡི་དབང་པོ་མཆོག་གྲུབ་ལྡེ་ཡི་བཙུན་མོར་མར་ཡུལ་ནས་མངའ་བདག་རས་ཆེན་གྱི་སྲས་མོ་བདག་མོ་རས་ཆེན་དུ་གྲགས་པ་བླངས་ཀྱང་སྲས་མེད་པས་རང་ཡུལ་དུ་ལྡོག་པར་མཛད། སྐབས་དེར་བསོད་ནམས་ལྡེ་དང་སྐུ་མཆེད་གཉིས་ཀྱང་ཅུང་ཟད་ཐུགས་མི་མཐུན་པས། གཅུང་ཁྲི་རྒྱལ་བསོད་ནམས་ལྡེ་སྤུ་རང་དུ་འབྱོན་པར་བཞེད་དེ་ཡར་ལ་ཕེབས་པ་ན། ཁྲི་མཆོག་གྲུབ་ལྡེ་ཆིབས་བཅག་པར་ཐོ་ལེ་ཐང་ཁར་བྱིན་པས་ཆིབས་ཀྱིས་སྐྱུར་ཏེ་སྐུ་གཤེགས། གཅུང་སྟོད་དུ་ཕེབས་པ་ཞབས་བསྐྱིལ་ནས་སྤྱན་དྲངས་པའི་སླད་དུ་ཕོ་ཉ་བཏབ་པས་གྲོ་ཤོད་ཀྱི་འདབས་ཤྲི་དཀར་མོ་དང་ཉེ་བའི་རེ་ལར་རྗེས་ཟིན་ནས་ཚུར་ཕེབས་ཏེ་གཅེན་གྱི་གཤེགས་རྫོངས་རྣམས་ལེགས་པར་བསྒྲུབས། རྒྱལ་པོ་དེ་ནི་ཐུགས་དགོངས་ཟབ་ཅིང་ཤེས་རབ་རྣོ་བ་ཕྱིར་རྒོལ་བ་འཇོམས་པ་ལ་དཔའ་ཞིང་སྲིད་སྐྱོང་ལ་ཤིན་ཏུ་མཁས་ཤིང་། མཆོག་ཏུ་དམ་པའི་ཆོས་ལ་གཞན་གྱི་ཡིད་འཕྲོག་པའི་དད་མོས་གུས་པས་སྟོབས་སུ་གྱུར་པ་ཞིག་སྟེ། ཐོག་མར་རྒྱལ་རབས་ཀྱི་ཁྲི་ལ་བཞུགས་པ་ན་སྔར་ཡབ་མེས་ནས་སྐུ་ལ་བསྡོ་བའི་ཕས་རྒོལ་ལ་སྟོད་ལྷོ་བྱང་ཤར་བ་སོགས་ཡང་དག་པར་བཏུལ་ནས་མི་སྡེ་ཕྱིར་འཁྱར་སོང་བ་ཀུན་ཀྱང་བསྡུས། གསར་དུ་པུ་ཧྲེང་ཡང་མངའ་འོག་ཏུ་ཆུད། པུ་ཧྲེང་དབང་དུ་མཛད་པའི་དམག་དཔོན་ཁྲི་དཔོན་བྱིར་མའི་གཅུང་ཆོས་སྐྱོང་འབུམ་གྱིས་བྱས་པས་དེ་ཡི་བྱ་དགར་གློ་བོ་དོར་པོའི་མི་དཔོན་དུ་བསྐོས་པའི་རིགས་རྒྱུད་གློ་བོ་རྒྱལ་པོར་གྲགས་པ་ད་ལྟའི་བར་རྒྱུན་མ་ཆད་པ་འདིའོ། །

མངའ་བདག་དེས་མངའ་འོག་བཞི་ཚོར་བཅད་ཅིང་སྡུག་འཕང་(འབངས་)སྐྱོབ་ཕྱིར་མི་སྡེ་བཀྲེན་ཕྱུག་ལན་གསུམ་བར་དུ་སྙོམས། དུས་ཀུན་ཆོས་བཞིན་གྱི་རྒྱལ་ཁྲིམས་སྐྱོང་ཞིང་། ངེས་པར་ལེགས་པའི་མཛད་པ་ཡང་དགུང་ལོ་བཅུ་དགུ་ས་སྦྲུལ་ལ་གུ་རུ་པད་མའི་རྒྱལ་ཚབ་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་སྤྱན་དྲངས་ནས་མང་ཡུལ་རི་བོ་དཔལ་འབར་གྱི་དགོན་གནས་གཞིས་བཅས་ཕུལ། རིག་འཛིན་ཆེན་པོས་སྦས་ཡུལ་སྐྱིད་མོ་ལུང་གི་སྒོ་ཕྱེས། དཔལ་འབར་དང་སྐྱིད་མོ་ལུང་དུ་ཡང་གཏེར་མང་དུ་སྦས། མངའ་བདག་ལ་ཕུར་པ་སྲིད་གསུམ་བདུད་འདུལ་སོགས་བྱིན་རླབས་ཁྱད་པར་ཅན་གཏེར་རྫས་སུ་དུ་མ་དང་གཏེར་ཆོས་ཇི་རིགས་པའི་དབང་བསྐུར་གདམ་ངག་ཀྱང་གནང་ཞིང་བཀྲ་ཤིས་མངའ་གསོལ་རྒྱས་པར་མཛད་པས་སྔར་ཡབ་ཀྱི་སྐབས་རྟེན་འབྲེལ་འཆུག་པ་ཇི་རིགས་སོར་ཆུད་པར་གྲགས། ཡོངས་འཛིན་དགེ་བའི་བཤེས་གཉེན་གཙོ་བོར་བོ་དོང་མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ཞལ་སྔ་ནས་གཙུག་གི་ནོར་བུར་བཀུར། གཞན་ཡང་རྗེ་སེང་གེ་བཟང་པོ་དང་། ལོ་ཙཱ་བ་ངག་དབང་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས་རྣམས་གུས་པས་བླ་མར་བསྟེན་པར་མཛད། ལོ་དེའི་ཕྱི་མ་ལྕགས་རྟ་ལོར་མངའ་བདག་བསོད་ལྡེ་(དགུང་)ལོ་ཉི་ཤུ་པར་མཁན་ཆེན་གྲགས་རྒྱལ་གྱི་གསུང་གིས་ཀྱང་བསྐུལ་ཞིང་མངའ་བདག་རང་གི་དགོངས་བཞེས་ཁྱད་པར་བས་གུང་ཐང་དུ་བཤད་གྲྭ་དང་འབྲེལ་བའི་ཆོས་སྡེ་ཆེན་པོ་གྲྭ་ཚང་བཅུ་དྲུག་གི་ཁུངས་བཙུགས། མངའ་བདག་རང་ཉིད་ཀྱི་བཞུགས་གནས་མཐིལ་མ་རྫོང་གི་དབུས་དབུ་རྩེ་འདུ་ཁང་དགེ་འདུན་འདུས་ཚོགས་སོ་སོའི་སྤྱི་ཁང་ལ་སྦྱར་ཞིང་། མཁན་ཆེན་ལོ་ཙཱ་བ་ཆོས་དཔོན་དུ་མངའ་གསོལ་ཏེ་བཞུགས་སུ་གསོལ། དབྱར་ཆོས་ཞག་བཞི་བཅུ། དགོན་ཆོས་ཟླ་བ་གཅིག་རྣམས་ཀྱི་གཞིས་(གཞི་)རྟེན་འབྲོག་ནག་ཚང་། ཆོས་ཁག་རྣམས་ལ་ཡང་ཚུགས་སྟོན། བར་སྟོན། གྲོལ་སྟོན། ཚད་འབྲས་བློ་བསྐྱེད། དགེ་འདུན་ཉི་ཤུའི་སྤྱི་སྐྱུར་གྱི་བསྙེན་བཀུར། རྩམ་ཚུལ་ཐུག་ཚུལ། གྲྭ་བསྐོར་བའི་བརྫོང་བ། མཁན་པོའི་གསོལ་ཞིབ། གྲྭ་ཚང་སོ་སོའི་གཞིས་ལ་སྣོན་པ། གཞིས་སྡེབ་ལ་ཁྲལ་ཆག་ཆེ་ཆུང་སོགས་ནང་། བཙུན་པ་རྣམས་བག་མེད་པའི་སྤྱོད་པ་མ་འདྲེས་པའི་ཁྲིམས་བསྡམས་ཤིང་། ཤ་བཙོན་གསོད་ངེས་པ་ཡང་ཆོས་སྡེའི་སྒོ་ནང་ཡན་སྲོག་ཐར་བས་ཐར་པ་གླིང་དུ་མཛད།

དེ་ལྟར་གུང་ཐང་ཆོས་སྡེ་ཆེན་པོ་འདི་རྫོང་དཀར་གྱི་རྨང་བཏིང་ནས་ལོ་བརྒྱ་ཉི་ཤུ་འདས་ཤིང་གཙང་ཉང་སྟོད་སིདྷུ་རབ་བརྟན་འཕགས་ཀྱིས་རྒྱལ་མཁར་རྩེ་དཔལ་འཁོར་བདེ་ཆེན་ལྕགས་སྤྲེལ་ལ་བཏབ་ནས་ལོ་བཅུ་འདས་པའི་སྐབས་དང་། ལྕགས་རྟ་དེ་ནས་ལོ་བདུན་འདས་པའི་མེ་གླང་ལ་བདག་པོ་སིདྷུ་རབ་བརྟན་གྱིས་ལ་སྟོད་ལྷོ་ཤེལ་དཀར་ཆོས་སྡེ་བཏབ་ཅེས་དུས་འཁོར་བ་མང་ཐོས་རྡོ་རྗེས་བྱས་པའི་རྒྱལ་རབས་སུ་བྱུང་ལ། ཡིག་ཚང་གཞན་དུ་ནི་ལྕགས་རྟ་དེ་ནས་ལོ་བཞི་འདས་པ་ཤིང་ཁྱི་ལ་ཡིན་ཞེས་ཀྱང་ཟེར། གཞན་ཡང་ཆོས་རྗེ་སེང་གེ་བཟང་པོའི་བཞུགས་གནས་ཤག་ཏུ་སྒྲུབ་སྡེ་གཙོ་བོར་བྱས་པ་བསམ་གཏན་གླིང་ཡང་ལེགས་པར་སྤེལ་ཏེ་མཐུན་རྐྱེན་བཟང་པོ་ཡང་སྦྱར། སྐྱིད་གྲོང་མེ་ཏོག་མདངས་ཅན་སོགས་རྗེ་རེ་མདའ་བ་ཆེན་པོའི་བཞུགས་གནས་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། ཡུམ་གཤེགས་པའི་དགོངས་རྫོགས་སུ་ཤཱཀྱ་ཏོག་གི་སྐུ་མི་ཚད་ལས་ལྷག་ཁྲི་རྒྱབ་ཡོལ་དང་བཅས་ཡབ་མེས་ཀྱི་སྤྱན་ལྟོས་བཞིན་ཡང་བཞེངས། གཞན་ཡང་དུས་ཀུན་སྐུ་གཟུགས་བྲི་འབུར་དུ་མ་དང་། བཀའ་འགྱུར་བསྟན་འགྱུར་ནས་ཉེ་བར་མཁོ་བའི་གླེགས་བམ། ཁྱད་པར་སྔགས་ཆོས་ཆེས་མང་བ་བྲིས་པ། སྐྱིད་གྲོང་འཕགས་པ་ལ་མཆོག་སྤྲིན་རྒྱ་མཚོ་སྤེལ་བ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ཇི་བཞིན་མཛད་པའི་ངང་དགུང་ལོ་སུམ་ཅུ་རྩ་བཞི་ཤིང་སྤྲེལ་ལོར་སྐུ་གཤེགས། གསུང་གི་རྡོ་རྗེ་རྒྱལ་བ་པད་མ་ཡི། །ལུང་གིས་ཡོངས་འདུའི་མེ་ཏོག་ཐོད་བཅིངས་པས། །ལེགས་བྱས་བདུད་རྩི་བཏུང་བས་གཞན་སྡེ་ཡི། །མཚོན་གྱིས་འཇིག་མིན་མངའ་བདག་སྒྲ་གཅན་རྒྱལ། །ཞེས་སོ། །མཚན་དོན་དང་ལྡན་པ་ཁྲི་མངའ་བདག་བསོད་ནམས་ལྡེ་དེའི་བཙུན་མོ་གུ་གེ་ནས་མངའ་བདག་མ་ཆེན་མོ་ཆོས་སྐྱོང་རྒྱལ་མོ་སྟེ། དེས་ཀྱང་ཁྲི་བསོད་ལྡེ་གཤེགས་པའི་དགོངས་རྫོགས་སུ་ཐོག་མར་སངས་རྒྱས་ཀྱི་སྐུ་བརྙན་ཁྱད་པར་འཕགས་པ་སྔ་རབས་དཔེ་འདྲེ་དང་། དེ་ནས་བཀའ་འགྱུར་རོ་ཅོག་མཐིང་ཤོག་ལ་གསེར་གྱིས་བྲིས་པ་ལེགས་པར་བསྒྲུབས་ཤིང་། དེ་རྗེས་མཁས་མཆོག་རེ་མདའ་བ་ཆེན་པོས་བསྟན་འགྱུར་བཞེངས་ན་འགྲུབ་པའི་ལུང་བསྟན་དང་། རྒྱུ་ཚོགས་ཆ་ཤས་བཅས་བསྩལ་(བ་)བཞིན་བསྟན་བཅོས་འགྱུར་རོ་འཚལ་ཡང་ལེགས་པར་བཞེངས། བདག་མོ་ཆོས་སྐྱོང་རྒྱལ་མོ་དེ་ལ་སྲས་གཉིས་མངའ་བ། མངའ་བདག་ལྷ་གཅིག་ཅེས་མཚན་དངོས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་ཀུན་གྱི་ཡིད་འཕྲོག་པའི་ཁྱད་པར་ཅན་ཞིག་བྱུང་ཡང་དགུང་ལོ་བཅུ་གཉིས་པར་གཤེགས། མངའ་བདག་ལྷ་བཙུན་ཞེས་བྱུང་བ་ཡང་གཞོན་ནུ་ཞིག་ནས་ཐེགས་པར་སྣང་།

ཟུར་དུ་ཆོས་རྗེ་ལྷ་མདུན་པའི་དབོན་མོ་མི་སྐྱའི་སྐབས་དབོན་འཇམ་དབྱངས་དང་བཙུན་མའི་མིང་བྱང་སེམས་སངས་རྒྱས་བཟང་མོ་ལ་ཡབ་གཤེགས་སྐབས་སྲས་གཅིག་སྦྲུམ་ཡོད་པ་ཡུམ་འཇིགས་ནས་ནུབ་རི་ལྷ་མདུན་དུ་བྲོས། སྒྲོ་སྤངས་སུ་ཤིང་སྤྲེལ་ལོ་དེར་སྲས་གཅིག་བཙས་པ་ཁྲི་ལྷ་དབང་རྒྱལ་མཚན་དུ་གྲགས། དེ་དགུང་ལོ་བཅོ་ལྔ་པའི་སྐབས་ཡུམ་དང་བཅས་རྒྱལ་ཁབ་ཏུ་བསུས་ཤིང་། ལོ་བཅུ་དྲུག་པ་ས་ཕག་ལོར་རྒྱལ་སྲིད་དུ་མངའ་གསོལ། བླ་ཆེན་ཆོས་དཔལ་བཟང་པོ་དང་། རྗེ་བཟང་པོ་རྒྱལ་མཚན་དང་། ཁྱད་པར་བོ་དོང་ཐམས་ཅད་མཁྱེན་པ་རྣམས་ཏི་ཤྲི་རུ་བསྟེན། བླ་ཆེན་ཆོས་དཔལ་བཟང་པོ་འདི་ཁྲི་མཆོག་གྲུབ་ལྡེ་དང་ཡུམ་གཅིག་པའི་སྐུ་མཆེད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཉེ་གནས་ཆེན་པོ་རིན་རྒྱལ་ཞེས་རྭ་ལོའི་རིགས་དེ་ཡི་སྲས་སུ་ལྕགས་ཕག་ལ་ས་སྐྱ་རུ་སྐུ་འཁྲུངས། ལོ་བཅུ་བདུན་སྐོར་ལ་གུང་ཐང་དུ་བྱོན། ལོ་ཤས་ནས་མཆོག་གྲུབ་ལྡེ་གཤེགས་ནས་སླར་ས་སྐྱ་བོ་དོང་སོགས་སུ་ཆོས་ཀྱི་ཕྱིར་བཞུད། སླར་གུང་ཐང་དུ་ཕེབས་ནས་མངའ་བདག་སྔ་མ་རྣམས་ཀྱི་སྐུ་རིམ་པ་བྱས། དགུང་ལོ་ལྔ་བཅུ་པར་ཁྲི་ལྷ་དབང་རྒྱལ་མཚན་གྱི་བླ་མར་གྱུར། ཁྱོན་རེ་དགུ་ས་ལུག་བར་བཞུགས་པའོ། །ཁྲི་ལྷ་དབང་བས་ཕོ་བྲང་བྱང་ཐོག་དྲུག་མ་རྩ་བ་ནས་བརྩིགས། བཀྲ་ཤིས་སྒོ་མང་ཆེན་པོའི་དབུ་རྩེ་སྟེང་འོག་ཏུ་ནང་གསང་སྔགས་ཀྱི་ལྷ་ཁང་། ཕྱི་བིར་ཝ་པ་སོགས་རྒྱ་བོད་ཀྱི་གྲུབ་ཆེན། ས་སྐྱ་བླ་ཆེན་གོང་མ་རྣམས་ཀྱི་སྐུ་བརྙན་གྱིས་བརྒྱན་པ། བར་ཁང་དུ་ཐུགས་དམ་ལྷག་པའི་ལྷ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་དང་བདེ་དགྱེས་སོགས་དཔལ་ཧེ་རུ་ཀའི་སྐུ་མི་ཚད་བཟོ་སྒྲོས་ཁྱད་པར་ཅན་དང་། གཞན་ཡང་སྔགས་ཐང་ཐོག་ཚད་མ་སོགས་སྐུ་གསུང་ཐུགས་རྟེན་སྔགས་ཀྱི་ཉེར་སྤྱད་དུ་མ་བཅས་གསར་དུ་བཞེངས་སྒྲུབ་མཛད་ནས་དེར་མཐུ་སྟོབས་ཅན་བླ་ཆེན་ཆོས་དཔལ་བཟང་པོ་བཞུགས་སུ་གསོལ། ཡང་། བོ་དོང་འཇིགས་བྲལ་ཐམས་ཅད་མཁྱེན་པ་བཞུགས་པའི་གནས་ཆོས་སྡེ་ཆེན་པོའི་གཟིམ་ཁང་དཀར་པོ་དང་། འཇིགས་མེད་ཐམས་ཅད་མཁྱེན་པའི་སྐུ་བརྙན། དེའི་བསྟན་བཅོས་ཆེན་པོ་དེ་ཉིད་འདུས་པ་རྒྱས་འབྲིང་བསྡུས་གསུམ་གྱི་གླེགས་བམ། དུས་འཁོར་ཡེ་ཤེས་མཆོད་རྟེན། རྒྱུད་སྡེ་བཞི་ཡི་མངོན་རྟོགས་དཀྱིལ་འཁོར་གྱི་རྣམ་ངེས་སོགས་གསུང་པར་མཐའ་ཡས་པ་དང་། དེ་བཞིན་བཀྲ་ཤིས་ནམ་ལིང་འདེབས་པའི་སྦྱིན་བདག་མཐིལ་ལེན་མཛད། ནམ་ལིང་འདི་ཆུ་བྱི་ལོར་གྲུབ་ཟེར། གཞན་ཡང་ཕོ་བྲང་ཕྱི་ནང་ཀུན་ཏུ་ལྷ་ཁང་བྲིས་འབུར་གྱིས་ཁེངས་ཤིང་། ཡི་དམ་ལྷག་པའི་ལྷ་སངས་རྒྱས་བྱང་སེམས་ཀྱི་སྐུ་ཟི་ཁྱིམ་གསེར་དངུལ་གར་བུས་གྲུབ་པ་དུ་མ་དང་། རྡོ་རྗེ་འཆང་གི་སྐུ་ཐོག་ཚད་ཁྲི་རྒྱབ་ཡོལ་དང་བཅས་པ་འདི་ཆོས་རྗེ་བཟང་པོ་རྒྱལ་མཚན་གྱི་དགོངས་རྫོགས་ནང་རྟེན་དུ་བཞེངས་པ་ཡིན་ཡང་ཟེར། བླ་བྲེ་ནམ་མཁའ་ཡིད་འཕྲོག དགེ་འདུན་འདུས་པའི་ཚོགས་ཁྲོ་ཆེན་མོ། བཤད་གྲྭ་དང་སྔགས་གསར་རྙིང་གི་སྒྲུབ་སྡེ། འཁོར་བ་མ་སྟོང་བར་དུ་ཉིན་མཚན་ཐུན་ཆ་དྲུག་གི་ཆ་རྐྱེན་དང་། སངས་རྒྱས་ཀྱི་བཀའ་འགྱུར་རོ་ཅོག་གི་གླེགས་བམ། དགོངས་འགྲེལ་བསྟན་་འགྱུར་གྱི་གླེགས་བམ་བཅས་བཞེངས་པ། སངས་རྒྱས་ཀྱི་ཆོ་འཕྲུལ་དུས་མཆོད་ལོ་མཇུག་ཏུ་བསྟན་པའི་རིམ་གྲོ་གནད་སྨིན་སྤྲོས་པ་དང་བཅས་པ་དེའི་ཉེར་མཁོ་འཆམ་ཆས་རྔ་རོལ། གཡག་སེ། གི་འཆམ་གསོབ་སོགས་མཛེས་བརྗིད་དུ་མ་དང་། སྐྱིད་གྲོང་ཇོ་བོར་མཆོད་སྤྲིན་གསེར་གྱི་གཉྫིར། དཀའ་བའི་ལམ་འཕྲང་ལ་དགེ་ཟམ་འཛུགས་པ་སོགས་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེ་ཞིང་། སྤྱིར་དཀོན་མཆོག་ལ་མོས་གུས་ཡང་དག་པ་ཆུབ་ཅིང་། བླ་མའི་དམ་ཚིག་ལ་གཅེས་སྤྲས་ཕུལ་དུ་བྱུང་བ་མཛད་ཅེས་ཁྲི་ལྷ་དབང་རྒྱལ་མཚན་གྱིས་སྲིད་སྐྱོང་བའི་དུས་ཉིད་དུ་ཤེས་རབ་གྲུས་(གྲུབ་)བྱ་བས་སྦྱར་བའི་དེབ་གཏེར་ལྟར་རོ། །ཕྱིས་སྐུ་ཚེའི་སྨད་སེང་གེ་བྱང་ཆུབ་བླ་མར་བསྟེན་ཅིང་དགུང་ལོ་དྲུག་ཅུ་རྩ་གཅིག་བར་དུ་བཞུགས།

དེའི་བཙུན་མོ་ལྷ་རྒྱལ་མོ་ཞེས་པ་ལ་སྲས་ལྕམ་དྲལ་གསུམ་བྱུང་བའི་སྲས་གཉིས་ཁྲི་རྣམ་རྒྱལ་ལྡེ་དང་ནམ་མཁའ་ནོར་བུ་ཡིན་ལ། ལྕམ་སྲིང་ཨཱ་གྲོལ་ཆོས་ཀྱི་སྒྲོན་མེ་ཞེས་རྡོ་རྗེ་ཕག་མོའི་སྤྲུལ་པར་གྲགས་ཤིང་། དུས་དེར་བོ་དོང་འཇིགས་བྲལ་གྱིས་རྗེས་སུ་བཟུང་ནས་ཡང་དག་པའི་ཡེ་ཤེས་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་མར་གྱུར་པ་ཞིག་སྟེ། དེའི་སྐྱེ་རྒྱུད་ད་ལྟ་ཡར་འབྲོག་རྗེ་བཙུན་མར་གྲགས་པ་འདིའོ། །སྲས་ཀྱི་ཐུ་བོ་ཁྲི་རྣམ་རྒྱལ་ལྡེ་ནི་རྗེ་བཟང་པོ་རྒྱལ་མཚན་གྱི་ལུང་བསྟན་ལྟར་ཆུ་ཕོ་སྟག་གི་ལོ་ལ་བལྟམས། འདི་གུ་རུ་པད་པས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པར་ལུང་བསྟན་པ་ཡོད་ཟེར། བྱིས་སྦའི་(པའི་)སྐབས་ཉིད་ནས་ཐུགས་ཀྱི་འཆར་སྒོ་གསལ་ཞིང་། གསུང་བརྗོད་པ་གཙང་བ། སྐུ་གཟི་བྱིན་ཆེ་ཞིང་འཕོང་དང་སྒྱུ་རྩལ་ལ་མཁས་པ། སྙིང་སྟོབས་བརྟུལ་ཕོད་ངར་དང་ལྡན་པ་ཞིག་བྱོན་ལ། དགུང་ལོ་བཅོ་ལྔ་པར་ཁྲིར་ཕེབས། འོན་ཀྱང་གཞོན་ནུའི་སྐབས་ཐུགས་རྒྱུད་རྩུབ་པའི་ལས་ཀྱི་རྒྱུ་བས་མཛད་པ་མི་ལེགས་པ་ཅུང་ཟད་བྱུང་བ་ཡི་ལྷོ་བདག་པོ་སྒྲོལ་མ་སྐྱབས་དང་བྱང་བདག་པོ་ལ་ཡང་མཇལ་ཕྱག་མཛད་(པ་)དང་། དིང་རི་སྒང་དཀར་ཁྲི་ཚང་དུ་ལོ་ཤས་བཞུགས་དགོས་བྱུང་། སླར་གུང་ཐང་དུ་རྒྱལ་སྲིད་སྐྱོང་བར་སྤྱན་དྲངས་པས་ལུགས་གཉིས་ཀྱི་བློ་གྲོས་ཀྱི་ཉམས་འགྱུར་ཅི་ཡང་རྒྱས་པའི་རང་གཟུགས་མཛད་པ་སྟོབས་པོ་ཆེ་ཡིས་རོང་ཤེར་སོགས་ཕལ་(ཕས་)རྒོལ་སྐྱ་བཙུན་རྣམས་ཚར་བཅད་དེ། དེ་རྣམས་ཀྱི་ས་གཞིས་ཁང་གང་ཡོད་པར་དཔྱ་ཁྲལ་བསྡུད་སྒོ་རྩིགས་(གཙིགས་)སུ་ཕབ་པ་སོགས་མངའ་ཐང་བར་སྐབས་ཅུང་ཟད་ཉམས་པ་ལས་གྲོལ་ཏེ་དཔལ་འབྱོར་དབྱར་མཚོ་བཞིན་རྒྱས་པར་གྱུར་ཏེ། ཞལ་ནས་ཚེ་འདིའི་བུ་རྒྱུད་ཀྱི་དོན་འདི་ཙམ་གྱིས་ཆོག ཕྱི་མའི་དོན་དུ་འདྲེན་པ་བླ་མ་གཅིག་འཚོལ་གསུངས་ནས། བོ་དོང་འཇིགས་བྲལ་ཐམས་ཅད་མཁྱེན་པ་རྩ་བའི་བླ་མར་མཛད། དེ་ལ་ཞུ་དོན་གལ་ཆེན་དུ། ངས་སྡིག་པ་མང་པོ་བསགས། ཕ་མ་ཡང་གསོད་པ་བྱུང་ན་བསད་སྙམ་པ་བྱས། བདག་ངན་སོང་དུ་མི་འགྲོ་བ་ཞིག་ཅིས་ཀྱང་ཞུ་ཞེས་ཞུས་པར། རྗེ་ཐམས་ཅད་མཁྱེན་པས་ཀྱང་སྡིག་པ་སྦྱང་བའི་ཐབས་ལུང་བསྟན་ཅིང་ངན་སོང་དུ་མི་སྐྱེ་བའི་ཞལ་བཞེས་མཛད། གུང་ཐང་ཆོས་སྡེ་སྤྱི་ཡི་ཆོས་དཔོན་དུ་རྗེ་ཐམས་ཅད་མཁྱེན་པ་མངའ་གསོལ་ཏེ་གཙུག་གི་ནོར་བུར་བསྟེན་ནས་མངའ་འོག་ཕལ་ཆེ་དེ་ཡི་བཀའ་སྲོལ་འཛིན་པ་ལ་བཀོད། གཞན་ཡང་མཁས་གྲུབ་དཔལ་ལྡན་སངས་རྒྱས། གྲུབ་ཆེན་རྒྱལ་མཚན་འབུམ། གཙང་སྨྱོན་ཧེ་རུ་ཀ་སོགས་ཀྱང་གུས་པས་མཆོད།

ཆོས་སྡེ་འདུ་ཁང་ཀ་བ་དྲུག་ཅུ་རེ་བཞི་པ་ལོགས་རིས་ཞིང་བཀོད་ཕུན་སུམ་ཚོགས་པ། རིག་ལུང་གི་གྲྭ་རྒྱས་པར་སྤེལ་བ། དུས་དུས་སུ་དགེ་འདུན་བརྒྱ་ཕྲག་གི་རྒྱུད་སྡེ་བཞིའི་སྒྲུབ་མཆོད། བཤད་སྒྲུབ་ཀྱི་སྡེ་སོ་སོའི་བདག་རྐྱེན། མཆོད་གཞིས་གཏན་འཇགས། ཁྲོ་ཆེན་གཉིས། མཆོད་རྟེན་ཀ་ནི་(ཀཀྞིའི་)སངས་རྒྱས་ཀྱི་སྐུ་བརྙན་དཀྱིལ་འཁོར་རིས་སུ་བྲིས་པ་ཆེས་མང་བ་དང་། སྒོ་མང་དུ་ངན་སོང་སྦྱོང་བའི་སྒྲུབ་མཆོད་མི་འཁྲུག་པའི་གཟུངས་དང་སངས་རྒྱས་ཀྱི་མཚན་འབུམ་ཐུན་ཆ། སྐུ་མཁར་བྱང་དགེ་བརྟན་དང་། སྤེ་ཆེན་རྣམས་སུ་ཉིན་མཚན་ཐུན་ཆ་བརྒྱད་བྱས་པ། སྤྲིན་ཟམ་ཀ་ནིའི་(ཀཀྞིའི་)མདུན་དུ་སངས་རྒྱས་བྱང་སེམས་ཀྱི་མཚན་འབུམ་དང་གཟུགས་སྔགས་བྱིན་རླབས་ཅན་རྣམས་སྐྱེ་འགྲོ་སེམས་ཅན་ཀུན་གྱིས་ཐོས་པར་ཐུན་ཆ་བཞིར་བྱས་པ། སྐྱིད་གྲོང་རང་བྱུང་འཕགས་པའི་སྤྱན་སྔར་སྦྱོངས་རྒྱུད་རྩ་རིགས་དང་། ཡི་གེ་དྲུག་མའི་ཐུན་དུས་ཇི་སྲིད་དུ་རྒྱུན་འཛུགས་ཐེབས། རི་འདབས་(དང་)པད་མ་ཆོས་ལྡིང་། ཇོ་བསྟན་གོ་བཞི་(བཅས་)ལ་བསྙེན་བཀུར་བདག་རྐྱེན་ཕུན་སུམ་ཚོགས་པ་དང་། མངོན་དགའི་བདེ་ཆེན་རབ་རྒྱས་འདེབས་པའི་མཐུན་རྐྱེན་དུ་ཤིང་ཆ་གང་དགོས། ལོགས་རིས་བྱེད། ཆོ་འཕྲུལ་དབྱར་གནས་ཀྱི་དགེ་རྒྱུན་སྤེལ་བ། དགོན་ཞིང་གི་འབྲེལ་གང་ཡོད་ལ་ཁྲལ་འུལ་མེད་པ་མཛད་ལ། མངོན་དགའ་འདེབས་ཚུལ་ནི་འདི་སྐད་ཟེར་ཏེ། གུང་ཐང་གནས་འདིར་སངས་རྒྱས་བསྟན་པ་ཡི། །གཞི་འཛིན་དམ་ཆོས་འདུལ་བ་དགོས་པ་ལ། །ཀན་པ་དཔོན་བཙུན་བསོད་ནམས་བཟང་པོ་ཡིས། །དབུས་གཙང་ལ་ཕེབས་འདུལ་བའི་རྣམ་དཔྱད་བཙལ། །ཇོ་ནང་སྒྲུབ་ཆེན་མ་ལ་བརྟག་པ་ཞུས། །ལེགས་ཞེས་བསྔགས་བརྗོད་རྟེན་འབྲེལ་ཐམས་ཅད་འགྲིག །དེ་ཡི་རྒྱུ་མཚན་བླ་ཞང་དཔོན་གསུམ་ལ། །བཀའ་བསྒྲོས་ཞུས་པས་ཀུན་གྱིས་ལེགས་སོ་གནང་། །ཞལ་བཀོད་མཐུན་རྐྱེན་ཐམས་ཅད་ལེགས་སྒྲུབ་ནས། །དཔལ་ལྡན་མངོན་དགའི་སྡེ་ཆེན་འདི་ཉིད་བཙུགས། །དེ་ཡི་ཕྲིན་ལས་རྣམ་པར་དཀར་བ་ལས། །འདུལ་འཛིན་ཆེན་པོ་རྣམ་པ་བཞི་དང་ནི། །མཁས་གྲུབ་ཆེན་པོ་དཔལ་ལྡན་སངས་རྒྱས་དང་། །རྗེ་བཙུན་ཤྲི་མན་སེདྷ་ཡན་ཆད་ཀྱིས། །སྲིད་གསུམ་མཆོད་རྟེན་རང་བྱོན་འདི་ཉིད་དྲུང་། །སྨོན་ལམ་ཆེན་མོ་བཞི་ཡི་བསྒྲུབ་ཚུལ་ནི། །དཀར་ཆག་སོ་སོ་གསལ་བ་འདི་བཞིན་མཛད། །ཅེས་ཀྱང་འབྱུང་ངོ་། །རྫོང་དཀར་ལྷ་ཁང་དམར་པོ་རུ་རྒྱུད་སྡེ་ལྷ་ཚོགས་རབ་འབྱམས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསེར་རྐྱང་གིས་སྒྲུབ་པ་(དང་)སྐྱ་བྲིས་བཅས་ཚར་གཉིས། ཡང་། སྨན་རྒྱུད་ཡན་ལག་བརྒྱད་པ། མ་ཎི་བཀའ་འབུམ། ཨོ་རྒྱན་གྱི་ཐང་ཡིག མི་ལའི་བཀའ་འབུམ་རྣམས་གླེགས་བམ་གྲངས་མེད་སྤེལ་བའི་ཕྱིར་པར། སྐལ་བཟང་ལྷ་ཁང་དུ་མངའ་བདག་རང་གི་ལུས་བསྐྱེད་(སྐྱེས་)པའི་ཡུམ་ལྷ་རྒྱལ་མོའི་དགོངས་རྫོགས་སུ་འཕགས་མ་སྒྲོལ་མའི་སྐུ་བརྙན་དང་། རིགས་སྲས་ཐུ་བོ་ནོར་བུ་ལྡེ་གཤེགས་པའི་ནང་རྟེན་ཐུབ་དབང་སྐུ་གཞུ་འདོམ་དགུ་པ་བཟོ་སྒྲོས་ཁྱད་པར་འཕགས་པ། བཙུན་མོ་ལྷ་མཚམས་དང་སངས་རྒྱས་རྒྱལ་མོ་གཤེགས་པའི་རྗེས་སྒྲུབ་བྱམས་པ་མི་བསྐྱོད་པ། རྡོ་རྗེ་འཆང་། འོད་དཔག་མེད་ཁྲི་རྒྱབ་དང་བཅས་པ་ཟངས་གསེར་ལས་གྲུབ་པ་ཐོག་ཚད། མཆོད་པའི་ཡོ་བྱད་བླ་རེ་སོགས་དཔག་ཏུ་མེད་པ་དེའི་རབ་གནས་ཀྱི་སློབ་དཔོན་དཔལ་བཟང་པོས་མཛད་ཟེར། ས་གའི་ཡར་ངོ་ལ་ཆོས་སྒོ་ཇོ་བསྟན་གོ་བཞི་རྣམས་ལ་ཀུན་རིག་དང་གསང་འདུས་སྒྲུབ་མཆོད་ཕྱག་ལེན་རྣམ་པར་དག་པ་སྟོང་ཚར་དུ་མ། གཟིམ་ཁང་བྱང་ལ་དེ་ཉིད་འདུས་ཆེན་གྱི་གླེགས་བམ། དགེ་རྟེན་དུ་གསང་སྔགས་གསར་རྙིང་གི་གླེགས་བམ་དུ་མ། ནང་རྟེན་དངུལ་དཀར་གྱི་རྡོ་རྗེ་འཆང་དང་། རྣམ་པར་སྣང་མཛད། སྒྲོལ་མ་རིན་ཆེན་ཕྲས་བརྒྱན་པ། མཆོད་རྫས་དུ་མ། ཕས་རྒོལ་བཟློག་པའི་བསྟན་རིམ། གཤིན་རྗེ་འཆར་ཁའི་བཟློག་པ་གནད་སྨིན། སྐྱིད་གྲོང་འཕགས་པ་རང་བྱོན་དྲུང་དུ་ལེའུ་དགོན་གླང་ཕུག་པ་(དང་)བྲག་ཀའི་བླ་མ་རེས་གཙོ་བྱས། བཙུན་མ་ཉིས་བརྒྱ་ལ་དོན་ཞགས་ཀྱི་ཆོ་ག་བསྙུང་གནས་དང་འབྲེལ་བ་ཆོ་འཕྲུལ་ཞག་བཅོ་ལྔ་སོགས་སངས་རྒྱས་ཀྱི་དུས་ཆེན་རྣམས་སུ་ནར་མ་དང་། མར་མེའི་འཕྲེང་བ་རྒྱུན་མི་ཆད་པ། ཉ་སྟོང་བརྒྱད་ལ་ཀོང་སྤོས་ཀྱི་བདག་རྐྱེན་དུ་྿ལེན་དེ་གྲྭ་྿སྤང་ཞིང་། ཚོང་འདུས་སུ་འབྲི་མཛོ་མོ་བརྒྱ་དང་བཅུ་ཕྲག་དྲུག་རེ་རྒྱུན་འཛུགས་བྱས་པ། མངའ་འོག་ཀུན་ཏུ་རི་དྭགས་གཤོར་དུ་མེད་པའི་རི་རྒྱ། ཉ་སྒོང་བསྲུང་བ། རྩམ་ཚུལ་རྒྱུན་མི་ཆད་པ།་ཟམ་འཕྲང་ལོ་རེ་ཐེར་ཆགས་སུ་བཅོས་པའི་ཐེབས་དང་། དགེ་འདུན་གྱི་སྡེ་སོ་སོའི་གཞིས་ཡིན་ངེས་དང་། དེ་ལ་སྣོན་པ་མཛད་པ་བཅས་ལ་གཙང་ཡིག་མི་འགྱུར་བ་བེམ་བཞག་ཐ་དད་དུ་ལེགས་པར་བསྩལ་ཞིང་། ལྷག་ཏུ་རབ་ཏུ་བྱུང་བ་རྣམས་དང་ཁྱད་པར་རྟེན་བསྙེན་པར་རྫོགས་པ་གཞུང་ལུགས་སྨྲ་བའི་མཁས་པ་རྣམས་ལ་མཆོག་ཏུ་དགྱེས་པའི་བཀུར་བཟོས་ཕུ་དུད་ཤིན་ཏུ་ཆེ་བ་མཛད་པ་སོགས་ལུགས་གཉིས་ཀྱི་མཛད་སྲོལ་ཕུལ་དུ་བྱུང་བ་མངའ་ཞིང་། འདི་ཡི་རྣམ་པར་ཐར་པ་རྒྱ་ཆེ་བ་ལས་རགས་པ་ཙམ་ཡིན་ཞེས་སྨྲའོ། །དགུང་ལོ་ཡང་བརྒྱད་ཅུ་གྱ་གཅིག་བར་དུ་བཞུགས་སོ། །

མངའ་བདག་རྣམ་རྒྱལ་ལྡེ་འདི་ལ་སྔ་ཕྱི་སྲས་མང་དུ་བྱུང་བ་ལ། བཙུན་མོའི་གཙོ་བོ་གཉིས་རིམ་པར་བཞེས་པའི་དང་པོ་བདག་མོ་ལྷ་མཚམས་རྒྱལ་མོ་ལ་སྲས་གཉིས་སྲས་མོ་གཅིག་དང་གསུམ་སྟེ་གཅེན་ཆོས་རྒྱལ་ནོར་བུ་ལྡེ་དཔལ་བཟང་པོ་བྱ་བ་ཨོ་རྒྱན་གུ་རུའི་ལུང་གིས་ཟིན་པའི་སྐྱེས་བུ་དགེ་མཚན་དུ་མས་བརྒྱན་པ་དེ་ལྕགས་ཕོ་རྟ་ཡི་ལོར་གུང་ཐང་དུ་བལྟམས་ཤིང་། ཕྱིས་ནར་སོན་ནས་རྒྱལ་སྲིད་དུ་མངའ་གསོལ་བའི་བཙུན་མོ་ཟུར་ཚོ་ནས་བདག་མོ་རིན་ཆེན་དཔལ་སྒྲོན་ཁབ་ཏུ་བཞེས། རྣམ་པར་དཀར་བའི་མཛད་པ་འབའ་ཞིག་ལ་ཐུགས་དགྱེས་པས་སྒོ་མང་དུ་ལམ་འབྲས་ལྷ་ཁང་དང་། ས་སྐྱ་བཀའ་འབུམ་གྱི་གླེགས་བམ་རྣམས་བཞེངས། སྡེ་གཉིས་ཆོས་ལྡན་དུ་བསྐྱངས་པ་ཞིག་བྱུང་ཡང་གཞོན་ནུ་ནས་སྐུ་ཞི་བར་གཤེགས། བཙུན་མོ་དངོས་ལ་སྲས་མེད་ལ་ཟུར་དུ་བལྟམས་པ་ལྷ་བཙུན་ཀུན་དགའ་རྣམ་རྒྱལ་ཞེས་དགེ་བའི་བཤེས་གཉེན་ཞིག་བྱུང་། ནོར་བུ་ལྡེའི་གཅུང་ཁྲི་རྒྱལ་བསམ་གྲུབ་ལྡེ་ས་མོ་ཡོས་ཀྱི་ལོར་ཡབ་ཡུམ་རྣམས་དིང་རི་སྒང་དཀར་དུ་བཞུགས་པའི་དུས་སུ་སྐུ་བལྟམས། དེས་ན་དིང་རི་སྒང་དམར་སྐྱེ་ལྷ་རུ་མཆོད་པར་མཛད་ཟེར་ལ། སྤྱིར་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིགས་རྣམས་ལ་བཙན་རོལ་པ་རྐྱ་བདུན་འདི་ཆེས་འགོ་བའི་སྐུ་ལྷ་ཡིན་པར་བཤད་(པ་)བཞིན། སྒང་དམར་འདི་རོལ་པ་རྐྱ་བདུན་གྱི་གཙོ་བོ་དང་རྒྱུད་གཅིག་པས་དོན་གྱི་འབྲེལ་ཆགས་པའོ། །རྒྱལ་པོ་དེའི་བཙུན་མོར་ཟུར་ཚོ་བཟའ་བདག་མོ་བཟང་དཀར་ཁབ་ཏུ་བཞེས། གཟིམ་ཁང་ལྷོ་གསར་དུ་བཅོས་ཤིང་དཀོན་མཆོག་གི་སྐུ་བརྙན་ལོགས་རིས་མཚར་དུ་དངར་བ་དང་། ཟངས་གསེར་གྱི་རྡོ་རྗེ་འཆང་གཞུ་ཚད། ལམ་འབྲས་བླ་མེད་(རྒྱུད་)ཁྲུ་ཚད་ལི་མ་གཞི་(ཞེ་)གཅིག་དེ་བཞིན་ས་སྐྱ་གོང་མའི་གསུང་འབུམ་ཚང་མ། དངུལ་འབུམ། གསེར་ཐང་། གོས་ཐང་སོགས་གསར་བཞེངས་དང་། རྒྱ་དཀར་དང་རྒྱ་ནག་ནས་བྱུང་བའི་རྟེན་གསུམ་མཆོད་ཆས་ཁྱད་པར་ཅན་གྱི་སྒྲིགས་འཚོལ། གསུང་རབ་ཇི་སྙེད་པ་བཞེངས་པ་དང་། ནམ་ལིང་དགེ་འདུན་རྣམས་ལ་རྣམ་རྒྱལ་འབུམ་གཏེར། མངོན་དགའ་ཆོས་སྡེར་ཀུན་རིགས་སྒྲུབ་མཆོད་སོགས་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེ་ཞིང་། རྗེ་གཙང་སྨྱོན་ཧེ་རུ་ཀ་དང་མཁས་གྲུབ་དཔལ་ལྡན་སེང་གེ་སོགས་བླ་མར་བསྙེན་(བསྟེན་)ཅིང་ལུགས་གཉིས་ཀྱི་དཔལ་འབྱོར་རྒྱས་པ་ཡིན་ནོ། །བདག་མོ་ཟུར་ཚོ་མ་ལ་སྲས་མི་མངའ་བས་ཀན་པ་བཟའ་ཤེས་རབ་རྒྱལ་མོ་བཞེས་པའི་སྲས་ཁྲི་བཀྲ་ཤིས་དཔལ་འབར། བར་པ་ལྷ་བཙུན་ནམ་མཁའ་དཔལ་མགོན། ཐ་ཆུང་གོང་མ་ཀུན་དགའ་བློ་གྲོས་གསུམ་བྱོན། ནོར་བུ་ལྡེ་དང་བསམ་ལྡེ་གཉིས་ཀྱི་ཡུམ་གཅིག་པའི་ལྕམ་སྲིང་དོན་གྲུབ་རྒྱལ་མོ་སྟེ། དབུས་སུ་གོང་མ་ཆེན་པོ་གླང་(རླངས་)ལྷ་གཟིགས་སྣེའུ་གདོང་པ་ངག་དབང་གྲགས་པ་རྒྱལ་མཚན་གྱི་བཙུན་མོར་བྱོན། དེ་སྐབས་རྒྱལ་པོ་སྣེའུ་གདོང་པ་གདུང་ཤིན་ཏུ་ཉག་ཕྲ་བའི་སྐབས་ཏེ་མངའ་བདག་མ་འདི་ལ་སྲས་ངག་དབང་བཀྲ་ཤིས་གྲགས་པ་བལྟམས་པ་ཡི་སྣེའུ་གདོང་པའི་གདུང་དུས་རིངས་པོར་གནས་པའི་བརྩས་(བཙས་)སུ་བྱས།

ཁྲི་རྣམ་རྒྱལ་ལྡེ་ཡི་བཙུན་མོ་གཉིས་པ་བཙུན་མོ་སྔ་མའི་སྐུ་མཆེད་སངས་རྒྱས་རྒྱལ་མོ་ཞེས་པ་ལ་ཡང་སྲས་ལྕམ་དྲལ་གསུམ་སྟེ་གཅེན་གོང་མ་ཤེས་རབ་དཔལ་བཟང་དང་། གཅུང་ཀུན་དགའ་རྣམ་རྒྱལ་ལྡེ་གཉིས་མང་ཡུལ་སྐྱིད་རོང་གླང་པོ་མཁར་དུ་བལྟམས། གོང་མ་ཤེས་རབ་དཔལ་བཟང་དེ་ཉིད་དཔའ་ཞིང་བརྟུལ་ཕོད་པའི་སྙིང་སྟོབས་འཕངས་(འཕོང་)(དང་)སྒྱུ་རྩལ་དུ་མས་བརྒྱན་པ་ཡིས་ཕས་ཀྱི་རྒོལ་བ་མཐའ་དག་གཞོམ་ནུས་པ་ཞིག་བྱུང་སྟེ། གུང་ཐང་གི་མངའ་འོག་ནས་བརྒྱ་དཔོན་པ་ངོ་ལོག་ནས་ཐོན་པ་ནག་ཚང་ནས་དཔུང་གི་བསུ་མ་སྟོབས་ཆེ་བ་དང་བཅས་བྱང་དུ་བགྲོད་པའི་རྗེས་འདེད་མངའ་བདག་རང་ཉིད་ངོས་ཀྱིས་གུང་ཐང་གི་དམག་ཚན་ཉུང་ངུ་ཞིག་འཁྲིད་དེ་ཤྲི་བྱང་ལ་རྒྱབ་ཀྱི་བར་དུ་བརྡས་(བདས་)ནང་ཚང་གི་མགོ་མི་རྒྱལ་སྐྱེས་གཡུལ་ངོར་བསད། ཨ་ཇོ་ལྷ་ཕྲུག་སོགས་མང་པོ་ཞིག་བཙོན་དུ་བཟུང་། བརྒྱ་དཔོན་རང་གནས་སུ་བཟློག་པ་སོགས་སྔ་ཕྱི་དཔའ་མཛངས་འཕྲུལ་གྱི་མཛད་པ་དེ་ལྟ་བུ་ཆེས་མང་ཞིང་། ཕྱིས་སྐྱིད་རོང་ཇོ་བོ་ལ་གསེར་གྱི་རྒྱ་ཕིབས་ཤིག་ཕུལ་བར་དགོངས་ཏེ། དེའི་སྟ་གོན་ཚང་བར་བསྒྲིགས་ཟིན་པའི་སྐབས་སུ་གཤེགས། རྒྱལ་པོ་དེ་དང་ཡུམ་གཅིག་པའི་གཅུང་གོང་མ་ཀུན་དགའ་རྣམ་རྒྱལ་ལྡེ་གུ་རུ་རིན་པོ་ཆེའི་ལུང་བསྟན་དུ། དེ་ནས་གདུང་རབས་བཞི་ལྔ་སོང་བ་ན༔ ང་ཡི་སྦས་ཡུལ་ནགས་རོང་དབེན་པ་རུ༔ སྨོན་ལམ་སྟོབས་དང་ལྡན་པའི་རྒྱལ་པོ་འབྱུང་༔ བསྟན་པ་ཁོམ་བུར་དར་ཞིང་སེམས་ཅན་སྐྱིད༔ ཅེས་པ་ཡོད་ཟེར། སྐུ་བཙས་མ་ཐག་ཏུ་གོ་བཞིའི་སྐྱེས་པ་གང་ཡོད་ལ་བཙས་སྟོན་ཕྱེ་མར་ཕུལ་རེ་གནང་ཞིང་། དགེ་མཚན་བཟང་པོས་ཁྱབ། བྱིས་པ་ཉིད་ནས་དེ་ཡི་སྤྱོད་ཚུལ་ལས་འདས་པ་གསུང་ཐར་བརླིང་ཞིང་ཐ་མལ་གྱི་ཚིག་མི་འདྲེ་བ་དོན་ཆེན་པོ་ཁོ་ན་དང་གང་ཟག་ཁྱད་པར་ཅན་ཞིག་གི་སྐྱེ་བ་ཡིན་པར་ཡང་དོན་གྱི་ཞལ་གྱིས་འཆེའ་བར་མཛད། ཚད་མ་རིགས་གཏེར་དང་། ཤེར་ཕྱིན། མངོན་པ་རྟོགས་པའི་རྒྱན་དགུང་ལོ་བརྒྱད་པའི་སྐབས་སུ་ཚིག་དོན་གཉིས་ཀར་ལེགས་པར་བཤད་པ་སྤྲོ་ནུས་པ་ཞིག་བྱུང་། ནར་སོན་ནས་རྒྱལ་ཐབས་ཀྱི་བྱ་བ་མཛད་པའི་བཙུན་མོར་གུ་གེ་བདག་མོ་དཀོན་མཆོག་བསྐྱང་མོ་ཁབ་ཏུ་བཞེས་ཤིང་། མངའ་ཐང་(དང་)བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཟང་པོས་ཆོས་བཞིན་གྱི་ཁྲིམས་ཀྱིས་བསྐྱང་བར་མཛད་པས་ཀུན་གྱི་ཡིད་འཕྲོག་པ་དང་། ཡོངས་འཛིན་དུ་སྡེ་སྣོད་དུ་མས་མགྲིན་པ་བརྒྱན་ཅིང་རིགས་སྔགས་གྲུབ་པ་གནས་པ་ནོར་བུ་ཕུན་ཚོགས་དང་།

གཞན་ཡང་མཁས་པའི་ཁྱུ་མཆོག་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་བཀྲ་ཤིས་སོགས་སྤྱི་བོར་མཆོད་ཅིང་ཕོ་བྲང་དགའ་ལྡན་རྣམ་པར་རྒྱལ་བ་འཆར་ཁའི་འོད་སྣང་ལ་འཇའ་ཚོན་པིར་གྱིས་བྲིས་པ་ལྟ་བུའི་གཞལ་མེད་ཁང་ཆེན་པོར་དཀོན་མཆོག་གི་སྐུ་བརྙན་ཅིར་ཡང་བཀྲ་བར་བྱས་ཤིང་། ཡབ་ཀྱི་དགོངས་རྫོགས་ལ་ཆོས་སྒོ་ཤག་མངོན་དགའི་མཁན་པོ་རྣམས་ལ་ཐུགས་དམ་གསལ་འདེབས་ནས་བཟུང་ཉིན་ཞག་ཞེ་དགུའི་བར་མངའ་རིས་སུ་གནས་པའི་དགེ་འདུན་མཆིས་སོ་ཅོག་ལ་ཉིན་རེ་བཞིན་ཀུན་རིགས་རྣམ་སྣང་གི་དཀྱིལ་འཁོར་སྒྲུབ་མཆོད་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་མཚན་བྱང་བཞི་རེ་བཅག་པ་ཁྱོན་སྟོང་དགུ་བརྒྱ་ཉི་ཤུ་རྩ་གཅིག་འགྲོ་བ་དང་། གུང་འགྱེད། ཕྱི་རྟེན་དུ་ཀཀྞིའི་ལྷ་ཁང་ཚར་དུ་དངར་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན། ནང་རྟེན་དངུལ་བྲེ་བཅུ་གསུམ་ལ་བརྡུང་བའི་རྡོ་རྗེ་འཆང་གི་སྐུ་ཁྲི་རྒྱབ་ཡོལ་དང་བཅས་པ་ཐོག་ཚད་གཡུ་རྙིང་སོགས་རིན་པོ་ཆེའི་ཕྲ་རྒྱན་དུ་མས་བརྒྱན་པ། གསེར་ཟངས་གཞི་(ཞེ་)གཅིག་གིས་ལམ་འབྲས་བླ་རབས་ཁྲུ་ཚད་མ། སྐུ་བརྙན་རེ་རེའི་སྤྱན་སྔར་ཆོས་རྒྱལ་འཕགས་པའི་སྐབས་ཀྱི་དྲིལ་བུ་རྒྱ་ནག་མ་སོགས་རེ་རེ། གུར་གུ་ཤའི་ནང་མཆོད་ཀྱི་སྣོད་སྤྱི་བླུག་སྤོས་སྒམ། དམ་དཔེ། སྤྱི་མཆོད་དུ་དངུལ་སྐོངས་(ཀོང་།) དངུལ་འབུམ། ཏིང་བདུན་ཆ། མཆོད་རྫས་རྒྱ་ཧོར་ནས་བྱུང་བ་འབའ་ཞིག་དང་། ལྷ་ལམ་ཁེངས་པ་ལྟ་བུའི་བླ་བྲེ་རྣམ་(གནམ་)རྒྱན། དར་གྱི་བ་དན། ས་སྐྱ་གོང་མའི་གསུང་འབུམ། གསེར་ཞུན་ཁོ་ནས་བསྒྲུབས་པའི་གླེགས་བམ་གླེགས་ཤིང་གསེར་ཆུ་ཁོ་ནས་བྱུག་པ། སི་ཏ་ཧུའི་གླེགས་ཐག ན་བཟའ་དར་གྱི་གཏན་ཁེབས། རས་སྒྲིལ། ཏི་བིའི་ཤུབ་བཅས་ཡོད་པ། སྒོ་མང་གཙུག་ལག་ཁང་གི་ལོགས་རིས་མཐོང་ཞལ་སོགས་སྔར་ལེགས་པོ་ཡོད་པ་བྱང་རྟ་(ཏ་)དབེན་གྱིས་བཟུང་སྐབས་ཅི་རིགས་ཉམས་པའི་ཞིག་གསོ་གདུང་རྩི་ལོགས་རིས་ཚར་དུ་དངར་ཞིང་ཡིད་དུ་འོང་བ། གནམ་རྒྱན་གླང་རྒྱབ་མ་སོགས་ཕུལ་དུ་བྱུང་བའི་ཡོ་བྱད་ཀྱིས་བརྒྱན་པ་བསྒྲུབས་པའི་རབ་གནས་མཁས་མཆོག་ཀུན་དགའ་བཟང་པོ་དང་དཔལ་ལྡན་བཀྲ་ཤིས་སོགས་རྡོ་རྗེ་སློབ་དཔོན་དུ་གྱུར་པ་དུ་མས་ཚུལ་བཞིན་དུ་མཛད། གཞན་ཡང་ནམ་ལིང་དུ་སྨན་འཇིམ་གྱི་རྡོ་རྗེ་འཆང་ལ་ལམ་འབྲས་བླ་རབས་ཁྲུ་ལྷག་གིས་བསྐོར་བ་དང་། ཕོ་བྲང་དགེ་བརྟན་དུ་ཀྱཻ་རྡོ་རྗེ་(དང་)གུར་གྱི་མགོན་པོའི་སྐུ་བརྙན།

སྐྱིད་གྲོང་དགེ་བརྒྱད་ལྷ་ཁང་གི་རྒྱ་ཕིབས་མདུན་མ་གསེར་ཟངས་ཀྱིས་ལེགས་པར་གཡོགས་པ་སོགས་རང་བྱུང་འཕགས་པ་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་དང་། གོང་གི་གཙུག་ལག་ཁང་ཆེན་པོ་དེ་རྣམས་སུ་སྣང་གསལ་རྒྱུན་མི་ཆད་པའི་མཐུན་རྐྱེན་སྦྱར་ཞིང་། གཞན་ཡང་རང་བྱུང་འཕགས་པའི་ཞབས་ཏོག་ལྷོ་ཁ་ཚར་གྱི་སྲིད་འཛིན་དུ་དགོངས། སྐྱིད་གྲོང་འཚོང་འདུས་ཀྱི་ཟོང་མཁར་རྩེ་ལ་ཁམས་གསུམ་རྣམ་རྒྱལ་ཞེས་པའི་རྫོང་ལྟ་ན་སྡུག་པ་འཆི་མེད་དབང་པོའི་ཕོ་བྲང་(ས་ལ་)འཕོས་པ་ལྟ་བུ་དང་། ཆོས་སྡེ་ཐང་དུ་གྲགས་པ་ཞིང་དུ་རྨོད་པ་སོགས་མཛད་པ་རྒྱ་ཆེ་ལ་བཟང་པའི་རང་བཞིན་གྱིས་དུས་འདའ་བ་ཞིག་བྱུང་། རྒྱལ་པོ་དེ་དང་གོང་མ་ཤེས་རབ་དཔལ་བཟང་གི་ཡུམ་གཅིག་པའི་ལྕམ་མཁའ་འགྲོ་རྒྱལ་མོ་ཞེས་ལ་སྟོད་ལྷོ་བདག་པོ ་ཀུན་དགའ་རྣམ་རྒྱལ་གྱི་བཙུན་མོར་བྱོན་ནས་རིགས་རྒྱུད་ཕྱིས་རྒྱལ་མཁར་རྩེའི་བདག་པོར་གྱུར། གཞན་ཡང་ཁྲི་རྣམ་རྒྱལ་ལྡེ་དེ་ལ་ཡུམ་མི་གཅིག་པའི་སྲས་མང་དུ་ཡོད་པར་སྣང་ཞིང་།་གོང་གི་སྲས་བཞི་ལས་ནོར་བུ་ལྡེ་ནི་ཡབ་ཀྱི་སྔོན་དུ་གཤེགས། གཞན་གསུམ་སོ་སོར་གྱེས་ཏེ་གོང་མ་བསམ་ལྡེས་ཕོ་བྲང་ལྷོ་དང་། གོང་མ་ཤེས་རབ་དཔལ་བཟང་གིས་ཕོ་བྲང་བྱང་བཟུང་། གོང་མ་ཀུན་དགའ་རྣམ་རྒྱལ་དགེ་བརྟན་དུ་བཞུགས་ནས་མངའ་ཞབས་ཀྱང་གསུམ་དུ་བགོས། ལྷོ་བྱང་ཞལ་ངོ་ཐུགས་མི་མཐུན་པས་བློན་མོ་དབུ་རྩེ་བ་དཔོན་བཙུན་གྲུབ་པ་སོགས་ཀྱིས་ཕྲ་མས་དཀྲུག་པ་ཡིས་གོང་མ་ཤེས་རབ་དཔལ་བཟང་རྐྱེན་ལམ་(དུ་)བཀྲོང་བས་བར་སྐབས་མི་ལེགས་པ་ཡང་བྱུང་འདུག

གོང་མ་ཁྲི་ཀུན་དགའ་རྣམ་རྒྱལ་ལྡེ་ཡི་བཙུན་མོ་གུ་གེ་མ་དཀོན་མཆོག་བཟང་པོ་ལ་སྲས་ཁྱད་པར་འཕགས་པ་འབྱུང་ཞེས་གཙང་སྨྱོན་ཧེ་རུ་ཀས་ལུང་བསྟན་པ་ལྟར། ཤིང་ཕོ་ཁྱིའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཡི་ཐོ་རངས་ཁར་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་(དང་)བཅས་ཁྲི་ཀུན་བཟང་ཉི་ཟླ་གྲགས་པ་བཟང་པོའི་ལྡེ་བལྟམས། སྐུ་ན་ཕྲ་མོ་ནས་བྱིས་པའི་ཀུན་སྤྱོད་སྤངས་ཏེ་ཟབ་ཅིང་དཀྱེལ་ཆེ་བ། དེས་ཤིང་འཛངས་པ། བློ་གྲོས་ཀྱི་འཇུག་པ་ལེགས་པར་རྒྱས་པ་ཞིག་བྱོན་ཅིང་། རྒྱལ་བསྟན་རིན་པོ་ཆེ་རིས་མེད་ལ་གུས་ཤིང་བྱེ་བྲག་སྔ་འགྱུར་རྙིང་མའི་རིང་ལུགས་ལ་བག་ཆགས་མཆོག་ཏུ་སད་པ། གཞོན་ནུ་ནས་རྒྱན་པོ་འགྱེད་པ་དང་འདུས་ལ་བལྟ་བ་སོགས་གྲགས་པ་ཉམས་པའི་རྒྱུ་དྲུག་ཡེ་ནས་སྤང་བ། དགུང་ལོ་བཅུ་དྲུག་པའི་སྐབས་རྒྱལ་སྲིད་དུ་མངའ་གསོལ་བ་ན་རང་སྡེ་བདེ་འཇམ་དར་ཞིང་རྒྱས་ཏེ། གཞན་སྡེ་ཐམས་ཅད་མཚན་ཙམ་གྱིས་ཟིལ་གྱིས་ནོན་ཅིང་དབང་དུ་འདུས་པ་སོགས་ཡོན་ཏན་འཁོར་ལོས་བསྒྱུར་བའི་རྗེས་སུ་འགྲོ་བ་བྱུང་ལ། དེ་ཡང་སྤྲུལ་པའི་སྐུ་མཆོག་ཀུན་སྐྱོང་གླིང་པའི་གཏེར་ལུང་ལས། དུས་མཐའི་དུས་སུ་མང་ཡུལ་གུང་ཐང་དུ༔ བསྟན་པ་རྒྱས་དང་འགྲོ་བའི་དོན་མཛད་པའི༔ ཆོས་རྒྱལ་རྒྱལ་བའི་སྲས་པོ་ཁྱི་ལོ་བ༔ བཅུ་དྲུག་ལོ་ལ་མངའ་བསྒྱུར་འགྲོ་བའི་མགོན༔ འབྲེལ་ཚད་དོན་ལྡན་ཨོ་རྒྱན་སྤྲུལ་པ་འབྱུང་༔ ཞེས་དང་། གཞན་ཡང་གཏེར་ལུང་དུ་མ་ནས་ཟིན་ཅིང་ལྷ་སྲས་མུ་ཁྲི་བཙན་པོའི་སྤྲུལ་པར་གྲགས། དེས་མཐའ་དབུས་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱལ་ཁམས་བདེ་བའི་རྟེན་འབྲེལ་ཇི་སྙེད་པ་བསྒྲིགས། བོད་ཡུལ་དབུས་འགྱུར་འཕྲུལ་སྣང་གི་གཙུག་ལག་ཁང་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གསེར་གྱི་མཎྜལ་ཤིན་ཏུ་ལེགས་པ་དང་དངུལ་གྱི་རྒྱལ་སྲིད་སྣ་བདུན། སྐྱིད་གྲོང་འཕགས་པ་རང་བྱུང་ལ་གསེར་ལྗང་བརྡུངས་ཀྱི་པ་ཏ་ཀ་(ཊ་ཧ་)ཤིན་ཏུ་ཆེ་བ། གུང་ཐང་བཀྲ་ཤིས་སྒོ་ནང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷའི་སྐུ་རྒྱལ་ཐོག་གི་ཚད་དང་མཉམ་པ། རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་བམ་གསེར་རྐྱང་གིས་བསྒྲུབ་པ། སྐྱ་བྲིས་ཀྱི་བསྟན་འགྱུར་ཚང་མ། ཕོ་བྲང་དགའ་ལྡན་བཀྲ་ཤིས་རབ་བརྟན་ཕྱི་ལ་ལངྐ་པུ་རིའི་ལྗོངས་ལྟ་བུ། ནང་ལྷའི་གཞལ་མེད་ཁང་ཆེན་པོ་བདག་ཅག་གི་སྟོན་པའི་རྣམ་པར་ཐར་པའི་ཞིང་བཀོད་ཀུན་ཏུ་རྒྱས་པ་དང་།

གངས་རིའི་ཁྲོད་ཀྱི་དབང་ཕྱུག་ཆེན་པོ་ཆོས་ཀྱི་རྒྱལ་པོ་རིམ་པར་བྱོན་པའི་རབ་ལེགས་བྱས་ཀྱི་རྣམ་ཐར་ཞིབ་འཁོད་དང་འབྲེལ་བ་སོགས་རྣམ་པར་དཀར་བའི་མཛད་ཕྲིན་ལྷ་ལམ་ཁེངས་པ་ལྟ་བུས་མཚོན་ཞིང་། གཞན་ཡང་བསྟན་པ་རིན་པོ་ཆེ་ཕྱོགས་དང་རིས་སུ་མ་ལྷུང་བའི་སྦྱིན་བདག་ཅེས་པ་ཡང་མིང་ཚིག་ཏུ་མ་ལུས་(པ་)ཇི་བཞིན་ཕྱག་ཏུ་བླངས་བའི་(ཏེ་)མངའ་འོག་གྲྭ་རིགས་ལྟ་གྲུབ་རང་རང་གང་མོས་དང་། མདོ་སྔགས་ཀྱི་གྲྭ་ས་རྣམས་སུ་སྡོད་ཅིང་འགྲོ་བ་ལ་ཕྱོགས་རིས་ཀྱི་དགག་སྒྲུབ་ཡེ་མི་མཛད། ཆོས་དང་མི་མཐུན་པ་རྣམས་ལ་ཚར་གཅོད་དང་། ཆོས་མཐུན་ཡོན་ཏན་དང་ལྡན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་བཟང་པོ་གནང་ཞིང་། ཁྱད་པར་གུང་ཐང་གི་ཆོས་གྲྭ་ཆེན་པོར་མདོ་སྔགས་རབ་འབྱམས་ཀྱི་གྲྭ་བསྐོར་བའི་བཀའ་སྲོལ་བཟང་པོ་བཙུགས་པ་ཡིས། གངས་ཅན་སྟོད་སྨད་ཀྱི་འཛིན་མའི་ཁྱོན་དུ་འཁོད་པའི་གྲྭ་ས་རིས་མེད་ནས་ཤེས་བྱ་རིག་པའི་གནས་ལ་མཁས་པ་དགེ་བའི་བཤེས་གཉེན་རྣམས་མཁས་པའི་དགོས་པ་སྒྲུབ་པ་དང་། ཆོས་རྒྱལ་འདི་ཉིད་ཀྱི་རྣམ་དཀར་མཛད་པའི་དྲི་བསུང་ཞིམ་པོས་ཡིད་འཕྲོག་ནས་ལེགས་བཤད་རོལ་མོ་སྒྲོགས་པ་ལ་གཅིག་ཏུ་རེངས་པས་སྡེ་སྣོད་འཛིན་པའི་འདུ་བ་བར་མི་ཆད་(པར་)དགེ་བའི་ལང་ཚོ་རྒྱས་པ་ཡི་གྲགས་སྙན་སྲིད་པའི་རྩེ་མོར་འཕྱོ་ཞིང་བསྟན་པ་རྒྱས་པའི་བཙས་སུ་འགྱུར་པ་དང་། ཡོངས་འཛིན་དམ་པ་ཡང་གུ་རུ་པད་མའི་རྒྱལ་ཚབ་རིག་འཛིན་ཆེན་པོ་མཆོག་ལྡན་མགོན་པོ་དང་གཏེར་སྟོན་ཆེན་པོ་བསྟན་གཉིས་གླིང་པ་སོགས་ཏི་ཤྲིར་བསྟེན་ཅིང་། གཞན་ཡང་རིགས་སྔགས་འཆང་བའི་དབང་པོ་བསམ་ཡས་དཀར་ཆེན་ཀུན་དགའ་གྲགས་པ་དང་། ཡོལ་མོ་བ་ཤཱཀྱ་བཟང་པོ། སྔགས་འཆང་བ་གསང་སྔགས་རྡོ་རྗེ་སོགས་ནུས་པ་ལྡན་པ་མང་པོ་ཡང་བླ་ཡི་མཆོད་གནས་སུ་བཀུར་ནས་བོད་ཡུལ་བདེ་བའི་བསྟན་རིམ་ཡང་རྒྱ་ཆེར་མཛད་ཅིང་། སྐུ་ཚེ་སྨད་གོང་མ་བསམ་ལྡེའི་སྲས་ཁྲི་བཀྲ་ཤིས་དཔལ་འབར་སྐུ་མཆེད་ལ་མངའ་ཐང་ཕོག་ནས་གསོལ་ཐབས་གཅིག་ཏུ་དྲིལ་བའི་སྲིད་ན་ལེགས་བྱས་ཀྱི་དཔེར་འོས་པ་གནང་ནས་རེ་ཞིག་རང་ཉིད་སྒོ་མང་གི་ཆོས་དཔོན་མཛད་པ་དང་། ཕྱིས་འདའ་མེད་གསུམ་གྱི་མཚམས་བཅད་དམ་པོ་ཁོ་ནར་བཞུགས་ཤིང་། ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཡི་རོལ་པའི་ཆོ་འཕྲུལ་རྒྱ་སྐར་ཆུང་ངུ་ནས་ཕྱིར་ཐོན་ཏེ་གཡང་ཟ་(གཟར་)བའི་གཅོང་རོམ་ངམ་འབྲོག་ཏུ་འདབ་ཆགས་རྒྱལ་པོ་ལྟར་ལྡིང་བ་དང་ཌ་དྲིལ་དང་ཡོལ་གོ་སོགས་ཤུགས་ལྡན་གྱིས་རྒྱང་རིང་པོར་དོར་ཡང་འཆག་གས་མེད་པ་དང་། ཐོལ་བྱུང་དུ་ལུང་བསྟན་སྣ་ཚོགས་པ་བསྩལ་བ་སོགས་གྲུབ་པའི་སྤྱོད་པ་ལ་གནས་པ་ཞིག་བྱུང་ཞིང་། དེ་ལྟ་བུའི་སྐུ་ཚེ་སྨད་ཀྱི་མཛད་པ་ལ་བློ་མིག་མ་དག་པ་ཁ་ཅིག་གིས་དེ་ལ་ཐུགས་རླུང་གི་སྐྱོན་ཡིན་ནོ་ཞེས་པ་ཡང་གླེང་སྐད། དགུང་ལོ་ཡང་བཞི་བཅུ་རྩ་བདུན་བཞུགས་ཏེ་ལྕགས་ཕོ་སྤྲེལ་གྱི་ལོ་ལ་གཤེགས་སོ། །

དེ་ཡི་བཙུན་མོ་ཡར་འབྲོག་སྣ་དཀར་རྩེ་ནས་ལྕམ་ཚེ་རིང་རྒྱལ་མོ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་གསུམ་སྟེ། གཅེན་ལྡང་མ་ཤེས་རབ་ཀུན་དགའ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་ལ་ངོ་མཚར་ལྟས་དང་བཅས་འཁྲུངས་ཤིང་རྣམ་དཔྱོད་དང་ལྡན་པ་ཞིག་བྱུང་ཡང་ཆུང་ངུ་ཉིད་ནས་སྐུ་གཤེགས། གཅུང་ལྷ་ཀུན་བཟང་རྣམ་འཕྲུལ་རྒྱལ་པོ་ལུགས་གཉིས་ཀྱི་བློ་གྲོས་དང་ལྡན་པ་གཞན་གྱི་ཡིད་འཕྲོག་པ་ཞིག་བྱུང་ཞིང་དེ་ཡི་བདག་མོར་གློ་བོ་ནས་བསོད་ནམས་རྒྱལ་མོ་བཞེས། ལྷ་རྣམ་འཕྲུལ་དེ་ཉིད་སྐུ་གཞོན་ནུ་ནས་གཤེགས་པར་སྣང་། ལྷ་སྲས་སྐུ་མཆེད་དེ་གཉིས་གཤེགས་པའི་སྐབས་སུ་མེ་ཏོག་གི་ཆར་དང་ལྟས་ཁྱད་འཕགས་དུ་མ་བྱུང་ཟེར། དེ་གཉིས་ཀྱི་ཡུམ་གཅིག་པའི་ལྕམ་སྲིང་བདེ་ལེགས་བཟང་མོ་གློ་བོ་སྡེ་པར་གནང་ཡང་ཕྱིས་མ་འཇགས། ཡུམ་མི་གཅིག་པ་ཤེར་བཟའ་ཞིག་ལ་བྱུང་བའི་སྲས་མོ་ཕུན་ཚོགས་རྒྱལ་མོ་བྱང་པ་བདག་པོ་ནམ་མཁའ་རྒྱལ་པོའི་བཙུན་མོར་ཕེབས་ནས་བྱང་པའི་གདུང་རབས་སྤེལ་བའི་མ་མར་གྱུར།

ཡང་། གོང་མ་བསམ་ལྡེའི་སྲས་ཀྱི་ཐུ་བོ་བཀྲ་ཤིས་དཔལ་འབར་གྱི་མཛད་པ་ཡང་རོང་ཤེར་སོགས་ཕས་རྒོལ་རྣམས་ཚར་བཅད་ཅིང་། ལ་སྟོད་ལྷོ་ཡང་མངའ་དབང་དུ་གྱུར། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་རྣམ་པར་དཀར་བའི་མཛད་པ་ཡང་གཙུག་ལག་ཁང་གི་ལོགས་རིས་ཁྱད་པར་ཅན་དང་། བསྟན་འགྱུར་གསེར་རྐྱང་ལས་བཞེངས་པ། བདེ་བར་གཤེགས་པ་བརྒྱད་ཀྱི་མཆོད་རྟེན་སོགས་དགེ་བའི་སྤྱོད་པ་རྒྱ་ཆེ་བ་མཛད།་དེ་ཡི་གཅུང་ལྷ་བཙུན་ནམ་(མཁའ་)དཔལ་ཡང་མངོན་དགའ་ཡི་ཆོས་རྗེ་དཔལ་ལྡན་དར་ལ་རབ་ཏུ་བྱུང་ཞིང་ལུང་རྟོགས་ཀྱིས་མངོན་པར་མཐོ་བ་ཞིག་གོ །ཐ་ཆུང་ཀུན་དགའ་བློ་གྲོས་བར་སྐབས་སྒོ་མང་གི་ཆོས་དཔོན་མཛད་ཅིང་སྐུ་གསུང་ཐུགས་རྟེན་མང་དུ་བསྒྲུབས་པ་སོགས་རྣམ་དཀར་གྱི་མཛད་པ་ཤིན་ཏུ་རྒྱ་ཆེ་བ་ཡོད་ཟེར། གོང་མ་ཀུན་དགའ་རྣམ་རྒྱལ་ལྡེ་གཤེགས་པའི་འོག་ཏུ་ཁྲི་ཀུན་བཟང་ཉི་ཟླ་གྲགས་པས་གོང་མ་བསམ་ལྡེའི་སྲས་པོ་སྐུ་མཆེད་དེ་རྣམས་ལ་མངའ་རིས་ཕོག་སྟེ་སྔ་སོར་གཟིམ་ཆུང་མངའ་ཞབས་སོ་སོར་ཡོད་པ་ཐམས་ཅད་གཅིག་ཏུ་དྲིལ་ནས་བཞུགས་པ་ལ། ཡུམ་གུ་གེ་བཟའ་དཀོན་མཆོག་བཟང་མོ་དང་ཁྲི་བཀྲ་ཤིས་དཔལ་འབར་འདུས་པའི་སྲས་མོ་དཀོན་མཆོག་རྒྱལ་མོ་བལྟམས་པ་ཕྱིས་རྒྱལ་མཁར་རྩེའི་བཙུན་མོར་(བྱོན།) དེ་རྗེས་ཁྲི་ཀུན་དགའ་བློ་གྲོས་དང་གུ་གེ་མ་རྩེན་པའི་སྲས་ཀུན་བཟང་གྲགས་པ་རྡོ་རྗེ་དཔལ་བཟང་པོ་ས་ཕོ་བྱི་བའི་ལོ་ལ་འཁྲུངས། འདི་ཐོག་མར་བཀྲ་ཤིས་ནམ་ལིང་དུ་འཇམ་དབྱངས་ཀུན་དགའ་འཕེལ་གྱི་དྲུང་དུ་སྐུ་ཆོས་མཛད་དེ་དགེ་འདུན་གྱི་བྱ་བ་བགྱིད་འོས་རྣམས་རིམ་བཞིན་བགྱིས་ཏེ་ཆོས་དཔོན་དང་མཁན་པོའི་བྱ་བ་ཡང་མཛད། ཕྱོགས་གདུང་རྒྱུད་དཀོན་ཅིང་གཞན་རྐྱེན་དུ་མས་ལྷ་རྣམ་འཕྲུལ་རྒྱལ་པོའི་གྲོགས་སུ་ཁྱིམ་ན་གནས་ཏེ་རྒྱལ་ཐབས་ཀྱི་བྱ་བ་མཛད་དགོས་ཤར།

དེ་ཡང་ཤིང་སྟག་ལོར་བདག་མོ་ཡར་འབྲོག་མ་ཡི་ཐུགས་ལ་གདོན་གསོལ་ནས་མི་ངན་གཞན་དང་གྲོས་སུ་སྟུབས་(བཏུབ།) བདག་མོ་གུ་གེ་མ་བཀྲོངས། ཁྲི་ཉི་ཟླ་གྲགས་པ་དང་ཀུན་བཟང་གྲགས་པ་རྡོ་རྗེ་གཉིས་བཀྲོངས་ནས་གུང་ཐང་ཁབ་རྫོང་དཀར་བ་གཙང་རིན་སྤུངས་པ་ལ་སྤྲོད་རྒྱུ་བྱས་ཏེ་གཤེད་མ་བཀྱེས་ཀྱང་། སྒོ་མང་ནམ་ལིང་ཕུ་ལག་གསུམ་གྱི་ར་མདས་སླེབས་ཏེ་གོང་མ་སྐུ་མཆེད་གཉིས་བཀྲོང་མ་ཐུབ་(པར་)སྐུ་སྲོག་ཐོན། བདག་མོ་གུ་གེ་མ་བཀྲོངས་པའི་མི་ཐམས་ཅད་དྲག་སྦྱོར་ལ་བཏང་། ཡར་འབྲོག་མ་རང་ཡུལ་དུ་བཟློག་པ་སོགས་ཞབས་ཕྱི་ཡང་དག་ཞུས་ནས་རྫོངས་དཀར་གྱི་ཚོ་ཟིན་པ་བྱས། ཡང་དེའི་ལོ་རྗེས་མའི་ཤིང་ཡོས་ལ་བདག་མོ་ཡར་འབྲོག་མས་གཞིས་དགའ་(ཀ་)རིན་སྤུངས་པའི་དམག་དྲངས་ཏེ་དཔལ་ཁུད་བར་དུ་བཅོམ། ལ་སྟོད་ལྷོ་ཡང་དབང་དུ་འདུས་པ་ལ། གོམ་པ་ཀུན་བཟང་གྲགས་པ་རྡོ་རྗེས་ཆིབས་ལྒ་(སྒ་)བསྒྲོན་ཏེ་དཔུང་གི་ཚོགས་དང་བཅས་གཡུལ་དུ་ཞུགས་པའི་ཞབས་འདེབས་ཚ་མདའ་སྡེ་པ་བསོད་ནམས་རྒྱལ་པོས་ཀྱང་ཞུས་ཤིང་རིན་སྤུངས་པའི་དམག་ཤིན་ཏུ་ཕམ་པར་བྱས། ལྷོ་བདག་པོའི་རྒྱལ་ལུ་(བུ་)གཉིས་སྔ་སོར་ནས་རིན་སྤུངས་(པའི་)ལག་ཏུ་གཏེའུ་འཛིན་དུ་ཡོད་པ་དང་། ལྷོ་ཤེལ་དཀར་རྫོང་བཅས་རིན་སྤུངས་པའི་ལག་ནས་བླངས་ཏེ་རྒྱལ་བུ་བགྲེས་པ་བྱེ་ས་ལ་སྟོད་ལྷོ་ཡི་བདག་པོར་བསྐོས། རྒྱལ་བུ་གཞོན་པ་ནམ་མཁའ་ལྷུན་གྲུབ་རྒྱལ་མཁར་རྩེའུ་བདག་མོ་དཀོན་མཆོག་རྒྱལ་མོའི་མག་པར་གནང་བ་སོགས་ཇུས་འགྲོས་ཆེས་བཟང་བ་བྱུང་། དེ་བཞིན་མངའ་བདག་བཀྲ་ཤིས་ལྡེས་བཞེངས་པའི་བསྟན་འགྱུར་གསེར་གྱི་གད་པ་ཟེར་བ་དེ་དང་པོ་བྱང་པ་རྟ་(ཏ་)དབེན་པས་མངའ་རིས་བཟུང་སྐབས་ཁོང་གིས་ཁྱེར་བ་དུས་འཁོར་གྱི་པུ་ཏི་གསུམ་མ་གཏོགས་དམག་སྐོར་འདི་རེས་གཞན་ཐམས་ཅད་༝ ༝ ༝གྱི་རྫོང་ན་བཞུགས་པ་སྤྱན་དྲངས་ཏེ་གུང་ཐང་སྒོ་མང་དུ་བཞུགས་སུ་གསོལ་བ་དང་སྟོད་གོ་གསུམ་ཡང་སྔར་མངའ་རིས་རྫོང་དཀར་གྱི་འོག་ཡིན་ཀྱང་བར་སྐྱབས་འཁྱར་བ་འདི་རེས་དེ་ཡང་བདག་གིར་མཛད་པ་སོགས་གཡུལ་ལས་རྒྱལ་བའི་རང་གཟུགས་སུ་ཀུན་གསལ་འགྲམ་པར་སྙེགས་ཤིང་ཕྱོགས་ཀྱི་བུ་མོའི་མཛའ་བོར་བྱས། དེ་སོགས་སྲིད་ན་སྒྱུ་འཕྲུལ་གྱི་རོལ་མ་རཱ་མ་ཎ་གཉིས་བར་གྱུར་ཞིང་ཐར་པའི་ལས་ལ་ནམ་ཡང་མི་ལྷོད་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་བསླབ་སྡོམ་ལས་འདའ་བ་མེད་པ་རྣམ་པར་དཀར་བའི་དགེ་བ་རྒྱ་ཆེར་སྤེལ་བར་མཛད་བཞིན་དགུང་ལོ་སུམ་ཅུ་སོ་བརྒྱད་པ་ཤིང་མོ་གླང་གི་ལོ་ལ་སྐུ་གཤེགས་སོ། །

མངའ་བདག་དེས་ལྷ་རྣམ་འཕྲུལ་གྱི་བཙུན་མོ་གློ་བོ་བདག་མོ་བསོད་ནམས་རྒྱལ་མོ་དང་འདུས་པ་ལས་སྲས་ལྕམ་དྲལ་བཞི་བྱུང་བའི་ཐུ་བོ་ཁྲི་རྒྱལ་བསམ་གྲུབ་ལྡེ་སྟེ་འདི་གོང་མ་རྣམ་འཕྲུལ་རྒྱལ་པོའི་སྲས་ཡིན་ཡང་ཟེར། དེའི་གཅུང་ལྷ་སྲས་ལྷུན་གྲུབ་རྒྱལ་པོ་ཞེས་སྒོ་མང་གི་མཁན་པོ་མཛད་པ་གཅིག་དང་། གཞན་གཅིག་བྱུང་བ་སྐུ་ཆུང་ངུ་ཉིད་ནས་གཤེགས་ཏེ་ཁྱོན་སྲས་གསུམ། ལྕམ་སྲིང་གཅིག་བྱུང་བ་གློ་བོར་བརྫངས་ཀྱང་གཞོན་ནུ་ནས་འདས་ཟེར། གཅེན་ཁྲི་རྒྱལ་བསམ་གྲུབ་ལྡེས་རྒྱལ་སྲིད་ཡུན་རིང་དུ་བསྐྱངས་ཤིང་། དེ་སྐབས་སྐྱིད་གྲོང་ཤེར་པ་ངོ་ལོག་སྟེ་ཟིར་བུན་ལངས་པར་ས་ལུག་ལོ་ཟླ་བ་བདུན་པ་ལ་གུང་ཐང་གི་དཔུང་གིས་ཤེར་གྱི་མཁར་ཕབ། ཤེར་པ་དྲུང་ཆེན་སོགས་ལོག་པའི་སྤྱོད་པ་ཅན་ཁ་ཤས་ལྔ་པའི་ལམ་ལ་བཀོད་ནས་རེ་ཞིག་དུས་བདེ་བར་གྱུར། ལོ་དེར་འཕྲལ་དུ་མངའ་བདག་རང་ཉིད་ས་སྐྱར་ཕེབས་ཏེ་བདག་ཆེན་ཀུན་དགའ་རིན་ཆེན་གྱི་སྤྱན་སྔར་དབང་ཆོས་གདམས་པ་ཅི་རིགས་པ་གསན། དེ་ཡི་སྲས་མོ་རིན་ཆེན་སྒྲོལ་མ་བཙུན་མོར་བཞེས་ཏེ་གུང་ཐང་ཕོ་བྲང་དུ་ཕེབས། དེ་ལ་སྲས་ཁྲི་རྒྱལ་བསོད་ནམས་དབང་ཕྱུག་ལྡེ་མེ་མོ་གླང་གི་ལོ་ལ་འཁྲུངས། ལོ་ཤས་མངའ་ཐང་བདེ་འཇམ་དུ་གྱུར། དེ་ནས་དུས་གྱི་འགྱུར་བས་མངའ་ཐང་ཅུང་ཟད་ཉམས་དམའ་དུས་དཔོན་བཙུན་ཧེ་རུ་སོགས་སྐྱིད་གྲོང་བ་ངོ་ལོག་སྟེ་མོན་གོར་ཥ་དཔོན་དུ་བགུར་(མགོ་སྒུར།) རག་མའི་རྫོང་བཟུང་ནས་ལོ་དགུའི་རིང་སེ་པ་ཚོ་རེ་ནས་དམར་ཟོང་སུམ་ཆ་ཆེ་(གཅིག་)རེ་བསྡུས་ཚུལ་དེས་ཁབ་པའི་ཐུགས་སུ་མ་འཇུག་པས་དཔོན་བཙུན་ཧེ་རུ་སོགས་རྫོང་དཀར་(དུ་)བཅུག་སྟེ་བཏུལ། བདག་མོ་ས་སྐྱར་ཕེབས་ཏེ་ཁྲི་ཆེན་བསོད་ནམས་དབང་པོ་སྤྱན་དྲངས་ནས་གུང་ཐང་དུ་ལོ་གཅིག་བཞུགས། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་བསྙེན་བཀུར་གྱིས་དགྱེས་པར་བྱས་ནས་གདན་ས་ཆེན་པོར་ཕྱིར་ཕེབས། ལོ་ཤས་སོང་བ་ཆུ་མོ་སྦྲུལ་ལ་ཁྲི་རྒྱལ་བསམ་ལྡེ་དང་བདག་ཆེན་མ་ཡབ་ཡུམ་གཉིས་ཀ་སྐུ་གཤེགས། དེ་ཡི་དགོངས་རྫོགས་སུ་ཁྲི་རྒྱལ་བསོད་ནམས་ལྡེ་ནས་གངས་ལ་ཉི་མ་ཤར་བ་ལྟ་བུའི་དངུལ་གྱི་མཆོད་སྡོང་སོགས་རྣམ་པར་དཀར་བའི་དགེ་བ་འབྱམས་ཀླས་པ་མཛད་ཅིང་། རྒྱལ་ཐབས་ཀྱི་ཁྲིར་བཞུགས་པའི་བཙུན་མོ་དཔལ་ལྡན་ཤར་དཀའ་བའི་རིགས་ལྷུན་པོའི་རྩེ་ནས་བདག་མོ་དབྱངས་ཅན་བསོད་ནམས་སྒྲོན་ཁབ་ཏུ་བསུས། མངའ་ཐང་དར་རྒྱས་སུ་གྱུར། སྐབས་ཤིག་ལྕང་ཤེར་རོང་གསུམ་གཅིག་ཏུ་དྲིལ་ནས་སྤང་ཞིང་དམག་གིས་བསྐོར་བ་སོགས་བསྙད་འཚོལ་དུ་མ་བྱུང་བར་རྟ་ལོ་ཟླ་བ་བདུན་པར་རྗེ་བློན་གྱི་དཔུང་(གིས་)རག་མར་སྤྱོད་གླང་བུ་མཁར་བཟུང་། དོལ་པོར་དམག་བཅུག་སྟེ་ཤེར་པའི་བླ་མཁར་ཕབ། ཤེར་པ་དང་ལྕང་པའི་མི་གཙོ་སྣ་བསྡུས་རྫོང་དཀར་(དུ་)གཏེའུ་འཛིན་དུ་བཅུག དེ་རེས་མང་ཡུལ་སྐྱིད་གྲོང་དུ་ཟླ་བ་དྲུག་ལྷག་བཞུགས་ནས་ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་དགུ་ལ་ལྕང་ཤེར་རྣསམ་ཀྱིས་གུས་པས་བཏུལ་པའི་ཕུད་ཞུ་ཞལ་དཀར་ཕུལ་བ་ཤེལ་དཀར་གྱི་གཙུག་ལག་ཁང་དུ་བཞེས་ནས་མངའ་རིས་བདེ་བར་མཛད། སྤྱིར་མངའ་བདག་འདི་ཐུགས་དམ་པའི་ཆོས་ལ་ཤིན་ཏུ་འཇུག་པ་ཡིས་གཡུལ་སོགས་དྲག་པོའི་བྱ་བ་ལ་ཧ་ཅང་མི་དགྱེས་ཤིང་དགེ་བའི་སྤྱོད་པ་ཁོ་ནས་དུས་འདའ་བ་ཡི། ཡོངས་འཛིན་དུ་གཙོ་བོ་ཀུན་དགའ་ལུང་རིགས་དང་། གཞན་ས་སྐྱ་ཁྲི་ཆེན་བསོད་ནམས་དབང་པོ། ཡོལ་མོ་སྦྲུལ་སྐུ་ནམ་མཁའ་བརྒྱ་བྱིན་སོགས་བསྟེན་ཅིང་། སྔ་སོར་སྐུ་ན་ཕྲ་མོ་ནས་རི་བོ་དཔལ་འབར་དུ་ཀྱཻ་རྡོ་རྗེའི་བསྙེན་ཆེན་བསྐུལ་(བསྐྱལ་)བ་སོགས་བསྙེན་གྲུབ་ཀྱང་ཅི་སྙེད་པ་དང་། སྐུ་ཚེའི་སྨད་དུ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ལ་ཡང་བཀའ་ཆོས་ཅི་རིགས་པ་གསན། བར་སྐབས་བོད་སྤྱིའི་རྟེན་འབྲེལ་གྱིས་ཁབ་པ་ལ་འཚེ་བ་བྱེད་པ་མང་དུ་བྱུང་བ་ཀུན་ཐབས་མཁས་ཀྱིས་འདུལ་བར་མཛད་ཅིང་། མཐར་ནང་བློན་ཁ་ཅིག་བློ་ལས་སུ་མ་རུང་བ་ཡིས་གཙང་སྟོད་རྒྱལ་པོ་དང་སེལ་བཅུག་སྟེ་གཙང་པ་རྒྱལ་པོའི་དཔུང་(གིས་)གུང་ཐང་རྫོང་དཀར་བསྐོར་བ་ལ། དཔུང་འཁྲུག་བརྩམས་ན་མི་མང་པོ་འཆི་བ་ཡི་དེ་ལ་ཐུགས་ཀྱིས་མ་བཟོད་པ་ཡི་(བཟོད་པར་)བབ་གཏད་པས་གཙང་པས་ལ་སྟོད་ལྷོ་ཤེལ་དཀར་རྫོང་དུ་སྤྱན་དྲངས་ནས་ལོ་ངོ་གཅིག་ཙམ་ནས་སྐུ་གཤེགས་པར་གྱུར།

དེ་ལྟར་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ནས་ཁྲི་བསོད་ནམས་དབང་ཕྱུག་ལྡེ་འདི་ཡན་ཁུག་པའི་དབང་དུ་བྱས་ནས་མང་དུ་ཡོད་ཀྱང་རྐྱང་པར་བྱས་ན་དཔལ་ལྡེའི་སྲས་དམར་པོ་ལྡེ་བསྒྲང་ན་ཉི་ཤུ་རྩ་བཞི་དང་དེ་མ་བསྒྲང་ན་རྒྱལ་རབས་ཉི་ཤུ་རྩ་གསུམ་མོ། །ཁྲི་བསོད་ནམས་དབང་ཕྱུག་ལྡེའི་བཙུན་མོ་དངོས་ལ་སྲས་མོ་གཅིག་ལས་སྲས་མ་བྱུང་ཞིང་། སྲས་མོ་ལྷ་གཅིག་དེ་ཕྱིས་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་རིག་མར་གྱུར། དེ་ལ་སྲས་མོ་མ་ཅིག་རྭ་མའི་སྤྲུལ་པར་གྲགས་པ་ནོར་འཛིན་དབང་མོ་ཞེས་མཁའ་ཁྲོའི་(འགྲོའི་)མཚན་དང་ལྡན་པ་ཞིག་བྱུང་བ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགུང་ལོ་ཉེར་ལྔའི་སྐབས་མཁའ་ལ་སྤྱོད་པའི་གྲོང་ཁྱེར་དུ་གཤེགས་ཞེས་ཟེར། བསོད་ནམས་ལྡེའུ་ཟུར་སྲས་ཤིག ཐང་ཆུང་བྲག་ནས་ཆོས་རྗེའི་སྲས་མོ་ཞིག་ལ་བྱུང་བ་མཚན་ཆོས་རྗེ་ཀུན་ཚང་དུ་གྲགས་ཤིང་ཕྱིས་གཙང་སར་སྤྱན་དྲངས་ནས་སྐུ་ཐིམ་པར་གྱུར། དེ་ལ་གུང་ཐང་ཞོལ་ནས་སྲས་མོ་ཚེ་རིང་རྒྱལ་མོ་ཞེས་ཆོ་འབྲང་དག་པའི་བུད་མེད་ཅིག་ལ་སྲས་གཅིག་བྱུང་བ་ཐོག་མའི་མཚན་རྡོ་རྗེ་བདུད་འདུལ་དང་། ཕྱིས་ཆོས་སྒོར་ཞུགས་ནས་གཞུང་ལུགས་སྨྲ་བའི་རབ་འབྱམས་པ་བྱས་ཤིང་། མིང་རབ་འབྱམས་པ་རྒྱལ་དབང་སེང་གེ་ཞེས་སུ་གྲགས། སྐུ་ཚེ་སྨད་ཁྱིམ་བཙུན་ཚུལ་དུ་སྐུ་ཚེ་རིངས་རབ་བཞུགས་ཤིང་རབ་བྱུང་བཅུ་གཉིས་པའི་གུང་ས་བྱི་ལོར་གཤེགས་སོ། །དེ་ལ་ཡང་སྲས་མོ་དག་ལས་སྲས་ནི་མ་བྱུང་སྟེ་གུང་ཐང་ཆོས་རྒྱལ་ཞེས་སྙན་པར་གྲགས་པའི་བ་དན་ཅན་དེ་ཡི་གདུང་རབས་དེ་ཡན་ཆད་ཀྱིས་གྲུབ་པར་གྱུར།

དེ་ལྟར་གཙང་སྟོད་རྒྱལ་པོའི་དཔུང་གུང་ཐང་དུ་བཅུག་སྐབས་གཙང་སྡེ་སྲིད་ཕུན་ཚོགས་རྣམ་པར་རྒྱལ་བ་ཞེས་བསོད་ནམས་དང་བློ་གྲོས་ཀྱི་ལང་ཚོ་ཅན་དེ་བོད་དབུས་འགྱུར་གྱི་རྒྱལ་ཁམས་འདུལ་བར་དེར་བཞུགས་ཤིང་། གཙང་དུ་ཁྲིམས་ཀྱི་གཏོང་ལེན་ཨ་ལྕེའི་དྲུང་ཞེས་སྡེ་སྲིད་ཀྱི་གཅེན་མོ་རྟེན་བཙུན་མ་ཡིན་པ་ཞིག་གིས་བྱེད་པ་བྱུང་འདུག་པ་དེ་སྐབས་སུ་ཡིན་པར་གསལ། གང་ལྟར་གུང་ཐང་ཁབ་པ་ཕབ་པའི་ལོ་དེར་བྱང་གི་སོག་དམག་དཔུང་ཤིན་ཏུ་ཆེ་བ་རྡོལ་ཞིང་། ལོ་ཕྱི་མར་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གཤེགས་ཏེ་བྱང་ཧོར་སོག་དམག་གི་རྒྱུ་འཁྲུལ་(འགྲུལ་)ཡང་ཇེ་མང་གིས་བོད་དང་བོད་ཆེན་པོར་སྡེ་དཔོན་རྣམས་ཀྱང་ཕན་ཚུན་ཟོལ་(བཟོད་)མི་བདེ་ཞིང་། དམག་འཁྲུག་ཟེ་རེ་མང་བའི་ངང་དེ་ནས་ལོ་ཉི་ཤུ་སོང་བ་ལྕགས་འབྲུག་ལ་ཨོ་རོད་ཀྱི་དཔུང་ཁམས་ནས་བརྒྱུད་དགའ་ལྡན་ཕོ་བྲང་གིས་དྲངས་ཏེ་ལྕགས་སྦྲུལ་གྱི་ལོར་གཙང་སྟོད་རྒྱལ་པོའི་རྫོང་དམག་གིས་བསྐོར་ནས་ཆུ་ཕོ་རྟ་ལ་གཙང་པའི་གཞིས་ཀ་བསམ་གྲུབ་རྩེ་དགའ་ལྡན་ཕོ་བྲང་གིས་རྩིས་བླངས་ཤིང་། རྒྱ་ནག་གི་ཡུལ་དུ་རྟ་(ཏཱ་)མིང་གི་རྒྱལ་སྲིད་ཀྱང་ཇག་དཔོན་ཞིག་གིས་འཕྲོག་ཅིང་དེ་ཡང་སླར་མན་ཇུའི་རིགས་ཤར་ཕྱོགས་འབོག་དོ་རྒྱལ་པོས་ཤིང་སྤྲེལ་གྱི་ལོར་བཅོམ་ནས་རྒྱ་ནག་གི་རྒྱལ་སྲིད་བྱས་པ་སོགས་སྲིད་ན་མངོན་པར་མཐོ་བའི་བདེ་བ་མཐའ་དག་འགྱུར་བཅོས་ཀྱི་རང་བཞིན་དེ་དང་དེ་འདྲའོ་ཞེས་རང་གཟུགས་གསལ་བར་སྟོན་པའི་མེ་ལོང་དུ་བྱས་པ་སྟེ། དེས་ན་འཁོར་བའི་ཆོས་ལ་ཡིད་ངེས་པར་འབྱུང་བ་ཡི་ཐར་པ་ཐམས་ཅད་མཁྱེན་པའི་ལམ་བཟང་པོ་ལ་འཇུག་སྟེ་འཆི་བ་མེད་པའི་རྒྱལ་ཐབས་ཁོ་ན་ལ་ཡིད་རྩེ་གཅིག་ཏུ་གཏོད་པ་ཁོ་ན་འོས་སོ། །

འདིར་སྨྲས་པ། ལྟར་སྣང་འབྱོར་པ་སྒེག་མོའི་བཞིན་རས་ཀྱིས། །ཉེར་བསླུས་སྡུག་བསྔལ་སྲིན་གླིང་ལྷུང་འདི་སྐྱོ། །དལ་འབྱོར་དུས་བཟང་བཤེས་གཉེན་རྟ་མཆོག་ལ། །བརྟེན་ནས་བདེ་གླིང་བགྲོད་པར་ཅིས་མི་བྱེད། །བོད་ཀྱི་སྐྱེ་རྒུ་འཛིན་མའི་མེ་ལོང་ངོས། །གུང་ཐང་བཙད་པོའི་བདེ་སྡུག་བཞིན་རས་གཟུགས། །ཇི་བཞིན་འཆར་ཞེས་རྡོ་ལ་རི་མོ་བཞིན། །སངས་རྒྱས་པད་འབྱུང་གསུང་ལ་སོམ་ཉི་ཅི། །སྔོན་དུས་གུང་ཐང་རྒྱལ་པོའི་ཁབ་ཅེས་ཀྱང་། །ད་ནི་྿རེ་རོའི་྿གྲོགས་པོ་ཉིད་དུ་ཉེ། །དྲི་མེད་རིན་ཆེན་གདུང་རབས་འཕྲེང་བ་ཡང་། །སྙན་པའི་མིང་ཙམ་ལྷག་མར་གྱུར་འདི་སོམས། །དེས་ན་འཁོར་བའི་འཇིགས་པས་འབྲོག་དགོན་དུ། །མཚན་དོན་མཐུན་པ་སེང་གེ་དབང་ཕྱུག་གི །རྒྱལ་ཐབས་དེ་ལ་རྩེ་གཅིག་ཡིད་འཇུག་པས། །རྒྱལ་དེའི་གོ་འཕང་འགྲོ་བས་ཡོངས་ཐོབ་སྨོན། །ཞེས་བར་སྐབས་ཚིགས་སུ་བཅད་པའོ། །

སྤྱིར་རྒྱ་གར་དུ་རྒྱལ་རིགས་སོགས་མིའི་རིགས་ལ་འདྲེས་པ་སོ་སོར་ཡོད་ཅིང་། དེ་དག་ཀྱང་རང་རང་གི་ལས་ཀྱི་མཐའ་ལ་སྤྱོད་པར་བྱེད་ཅིང་འོན་ཀྱང་ཀླ་ཀློའི་གྲུབ་མཐས་གར་ཁྱབ་པ་དེར་རིགས་དང་སྤྱོད་ལམ་སོགས་མི་གཙང་འཆོལ་བར་འགྲོ་བར་སྣང་ལ། བོད་འདིར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གདུང་ཤཱཀྱའི་རིགས་ལི་ཙ་(བྱི་)ནས་ཆད་(ཆས་)པའི་རྒྱལ་རིགས་དྲི་མ་མེད་པ་ནི་ལྷ་བཙད་པོ་མངའ་བདག་ཆོས་ཀྱི་རྒྱལ་པོའི་རིགས་འདི་གཅིག་པུར་ངེས་ལ། གཞན་བོད་ཀྱི་རྒྱལ་རིགས་བྱེ་བྲག་པ་ཆེན་པོར་འདོད་པ་མཐའ་དག་ཀྱང་སྔོན་ཆོས་རྒྱལ་གྱི་བློན་པོ་དང་སྐུ་འཁོར་བྱས་ཞེས་རིགས་གཙང་བའི་ཁུངས་དེར་གཏུགས་དགོས་པ་ཡིན་པས་དེས་ན་མངའ་བདག་གི་རིགས་ནི་ཆེས་མཆོག་ཏུ་གྱུར་པ་དང་། ད་ལྟ་བོད་ན་དམ་པའི་ཆོས་ལེགས་པར་སྤྱོད་པ་ནི་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་ཁོ་ནར་ཤེས་པ་ཡི་དྭངས་ཤིང་གུས་པས་བསྔགས་པར་བྱ་བའི་གནས་ཡིན་ལ་ཕྱིས་བྱུང་གི་བོད་ཀྱི་དཔོན་ཆེན་ཕལ་ཆེ་བ་ནི་ས་སྐྱ་དང་སྣེའུ་གདོང་གི་བློན་པོ་དང་ལས་ཚན་ཆེ་ཁར་འཁོད་པ་ནས་བསྒྲང་བ་ཤས་ཆེ་ཞིང་། གཞན་གློ་བུར་རྒྱལ་པོ་རྣམས་ནི་རང་རང་བསོད་ནམས་དཔུང་གི་མི་དམན་པའི་སྟོབས་ཀྱིས་རྒྱལ་པོ་གྱུར་ཏེ་དཀོན་མཆོག་གསུམ་བླ་མར་བྱེད་པ་ལ་ཆེས་བསྔགས་ཤིང་རྗེས་སུ་ཡི་རང་བ་བྱ་བའི་གནས་སུ་འགྱུར་བ་ལས་རིགས་ལ་བརྟེན་པར་གྱུར་པ་ནི་མ་ཡིན་ནོ། །གང་ཞིག་སྡིག་སྤྱོད་རྒྱལ་པོ་རྣམས་སྟོབས་དང་འབྱོར་པ་རྒྱ་ཆེར་ལྡན་ཀྱང་དེ་ལ་ཡིད་སྨོན་པ་དང་བསྔགས་པའི་གནས་མ་ཡིན་ཏེ། ཀོའུ་ཤམྦྷིར་སྡིག་སྤྱོད་རྒྱལ་བློན་གྱི་གནས་སུ་ཟས་གོས་རིན་པོ་ཆེའི་ཆར་བབས་པའི་མཐར་ས་ཡི་ཕུང་པོས་གཡོགས་ཏེ་མངོན་སུམ་དམྱལ་བའི་གནས་སུ་བསྐལ་པ་དུ་མར་མེའི་དུཿཁས་མནར་བ་བཞིན་ནོ། །

མངའ་ཐང་ཡུལ་འཁོར་གྱི་ཁྱོན་ལ་མ་ལྟོས་པར་རྒྱལ་ཁྲིམས་ཆོས་བཞིན་དུ་སྤྱོད་ཅིང་དཀོན་མཆོག་གསུམ་བླ་མར་བཀུར་ནས་ཕུ་དུད་བྱེད་པ་ཀུན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཐུས་མིའི་རྗེ་བོར་གནང་བར་ཤེས་ནས་གུས་པ་བསྐྱེད་ཅིང་དགེ་བ་ལ་རྗེས་སུ་ཡི་རང་ཞིང་བསྔགས་པར་བྱའོ། །དེ་ཡང་ས་ལ་དབང་བྱེད་པ་མིའི་བདག་པོ་དྲ་མ་རྣམས་ཀྱི་མཚན་ཉིད་ནི། ཁོང་ཟབ་ཅིང་དཀྱེལ་ཆེ་བ། བྱས་པ་གཟོ་ཞིང་ཕྱི་ཐག་རིང་བ། དཔྱད་པ་ཞིབ་ཅིང་ཚིག་བཙན་པ། ཉེ་རིང་ཆུང་ཞིང་གཟུ་བོར་གནས་པ། སྤྱོད་པ་འཇམ་ལ་སྙིང་ཁམས་ཆེ་བ། ཕྱི་རུ་དཔའ་ཞིང་བརྟུལ་ཕོད་ནུས་པ། བླང་དོར་མཁས་ཤིང་ཁྲིམས་ལ་གནས་པ། ནོར་དང་བུད་མེད་(ཀྱི་)དབང་དུ་མི་འགྲོ་བ་རྣམས་ནི་མངོན་མཐོ་རྒྱལ་ཁྲིམས་འཛིན་པ་རྣམས་ཀྱི་རིགས་ཀྱིས་སྤྱོད་པར་ངེས་པར་ཚང་དགོས་ཤིང་། ངེས་པར་ལེགས་པར་དཀོན་མཆོག་གསུམ་བླ་མར་མཆོད་ཅིང་བསོད་ནམས་ཀྱི་ལས་ལ་འབད་ཅིང་མངའ་འོག་དགེ་བ་བཅུའི་ཁྲིམས་ལ་འགོད་པ་ནི་དམ་པ་ཆོས་ལས་བྱུང་བའི་ཁྲིམས་ཏེ། ཚུལ་དེ་ལྟ་ལ་ལེགས་པར་འཇུག་ན་དཔོན་པོ་ཁྲིམས་ཀྱི་བྱ་བས་འཚང་རྒྱ་ཞེས་པ་འཇིག་རྟེན་སྐྱེ་བོའི་ངག་ནས་རྒྱུ་བ་ཡང་དོན་ལྡན་ཉིད་དོ། །རྒྱལ་རིགས་དྲ་མའི་ངང་ཚུལ་དཔའ་མཛངས་སྒམ། །ཚིག་བཙན་ཁྲེལ་ཡོད་ངོ་ཚ་ཕྱི་ཐག་རིང་། །ཆོས་བཞིན་ཁྲིམས་ཀྱིས་སྐྱེ་རྒུ་བདེ་འཚོ་བ། །དམ་པའི་སྲོལ་ལ་མི་བདག་ཀུན་འཇུག་ཤོག །སྡིག་སྤངས་དགེ་སྒྲུབ་རིགས་རྒྱུད་མི་ཆད་འཕེལ། །དཀོན་མཆོག་རྣམ་གསུམ་བླར་མཆོད་དགེ་བའི་ལས། །ཉམས་མེད་སྔ་ཕྱི་འགྲན་འདྲ་ཡར་ཟླ་བཞིན། །རྒྱལ་བློན་འབངས་བཅས་ཀུན་གྱིས་རྟག་སྤྱོད་ཤོག །ཅེས་དེ་རྣམས་བར་སྐབས་སུ་འཕྲོས་པའོ། །

ད་ནི་དཀྱུས་སུ་འཇུག་པར་བྱ་བ་མངའ་རིས་གུང་ཐང་ཆོས་རྒྱལ་ཞེས་ཕྱི་མའི་དུས་སུ་མངའ་བདག་རྒྱལ་པོའི་གདུང་རིགས་ལས་གྲགས་ཆེ་བར་གྱུར་ཀྱང་དེ་ཡི་རྒྱལ་རབས་ཞིབ་མོར་བྱས་པ་གཞན་དུ་ཆེར་མི་སྣང་བས་ངེད་རབ་བྱུང་བཅུ་གསུམ་པའི་ས་འབྲུག་གི་ལོར་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཞིག་གསོ་སྔོན་མེད་ཁྱད་པར་འཕགས་པ་སྒྲུབ་སྟེ་དེ་ཡི་ཞོར་མང་ཡུལ་གུང་ཐང་ཟ་འོག་ཕུག་ཏུ་དམ་པ་ཆོས་ཀྱི་བགྱིད་འོས་ཁྱད་པར་བ་དུ་མས་ལོ་ངོ་གཅིག་སྡོད་པར་ཤར་སྐབས་ཕྱོགས་དེར་གུང་ཐང་ཁབ་ཀྱི་རྒྱལ་རབས་ཡིག་རྙིང་ཅི་རིགས་པ་ཁུངས་བཅད་པས་རྒྱལ་རབས་རྒྱས་པ་ཅི་སྙེད་ཡོད་ཚོད་ཀྱང་ད་ལྟ་མ་རྙེད་ལ། རྒྱལ་རབས་མདོར་བསྡུས་འགྱུར་པ་མངའ་བདག་ནོར་བུ་ལྡེས་མཛད་པའི་ཚིགས་བཅད་ཅིག་དང་། ཁྲི་ལྷ་དབང་རྒྱལ་མཚན་གྱི་སྐབས་ཉིད་དུ་བློ་ལྡན་ཤེས་རབ་གྲུབ་ཀྱིས་བྱས་པའི་རྒྱལ་རབས་དང་། ཁྲི་ཉི་ཟླ་གྲགས་པའི་སྐབས་མཁན་པོ་ནམ་མཁའ་ཆོས་དབང་གིས་བྱས་པ་དང་དེའི་སྐུ་ཚེའི་སྨད་དུ་གཞན་ཞིག་གིས་བྱས་པ་རྒྱལ་རབས་ཆེ་ལོང་ཞིག་དང་། ཡང་དེ་སྐབས་ཉིད་དུ་བྱུང་བའི་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ་ཀྱིས་བྱས་པའི་ཚིགས་བཅད་སོགས་རྣམ་གྲངས་གཞན་ཡང་གསུམ་ཙམ་དང་། བསམ་ལྡེ་ཕྱི་མའི་སྐུ་ཚེའི་སྨད་ཙམ་དུ་དུས་འཁོར་བ་མང་ཐོས་རྡོ་རྗེས་བྱས་པ་རྣམས་མཐོང་ཞིང་། དེ་རྣམས་ཁུངས་དང་འབྲེལ་བ་ཀུན་ཕྱོགས་གཅིག་ཏུ་ཡི་གེ་ལ་མ་རྩེགས་པར་ལེགས་པར་དཔྱད་བཟོད་པའི་ལུགས་སུ་དམ་པའི་རིགས་དང་ཆོས་བཞིན་སྤྱོད་པར་བསྔགས་པའི་གནས་དང་བླང་དོར་གྱི་འཇུག་སྒོ་ཡང་མ་ནོར་གསལ་བའི་ཆེད་དུ་འབད་པས། དཀར་པོ་ཞེས་ས་སྦྲུལ་གྱི་ལོ་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་ཐོབ་པ་གཉིས་པར་འཕགས་ཡུལ་གྱི་མུ་ཁུན་ཀྵེ་ཏྲར་འབོད་པའི་གློ་བོ་ཡི་ཡུལ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་རིག་འཛིན་ཚེ་དབང་ནོར་བུས་བཀོད་པར་བྱས་པ་སྟེ། སྨྲས་པ། མང་བཀུར་རྒྱལ་རིགས་གསེར་གྱི་གཞི་ལས་རིགས་མཆོག་ཤཱཀྱ་ལི་ཙ་ཝི་(བྱི་)གྱུར་དཔག་བསམ་ཡོངས་འདུ་ལྷ་ཡི་ཤིང་། །ཕན་བདེའི་ལོ་འདབ་ཀུན་ཏུ་རྒྱས་གྱུར་རྒྱལ་པའི་རྒྱལ་ཚབ་སྤྲུལ་པའི་སྙེ་མ་མཚུངས་པ་མེད་པས་ཀུན་ཏུ་དུད། །ཁྱད་པར་རིགས་གསུམ་རྣམ་འཕྲུལ་མེས་དབོན་བདུད་རྩིའི་འབྲས་བུ་གངས་ཅན་སྐྱེ་རྒུ་འཆི་མེད་སར་བཀོད་བཀའ་དྲིན་གང་། །རྗེས་དྲན་དེ་རིགས་ལས་བྱུང་བསྔགས་འདིས་མི་ཡི་བདག་ཀུན་རིན་ཆེན་གསུམ་མཆོད་དགེར་བརྩོན་བཟང་པོའི་སྲོལ་འཛིན་ཤོག །ཤུབྷཾ། དགེའོ། །དགེའོ། །སརྦ་མངྒ་ལཾ།

བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར།

༄༅། །བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་བཞུགས་སོ། །

༈ ན་མོ་བུདྡྷ་ཡ། ན་མོ་ལོ་ཀེ་ཤྭ་ར་ཡ། ཨོཾ་ཝཀྱེ་དན་ནཱ་མ། བོད་ཀྱི་རྒྱལ་རབས་གསེར་ཕྲེང་དུ་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར། འདི་སྐད་དུ། མདོ་ལས། མཁའ་ལ་རླུང་བརྟེན། དེ་ལ་ཆུ་ཡི་ཕུང་པོ་བརྟེན། དེ་ལ་ས་ཆེན་འདི་བརྟེན། དེ་ལ་འགྲོ་བ་འདི་དག་བརྟེན། ཞེས་པ་ལྟར་སྣོད་ཀྱི་འཇིག་རྟེན་འདི་སྔོན་གྱི་འཇིག་རྟེན་སྟོངས་པའི་རྗེས་ནམ་མཁའ་ལ་བསྐལ་པ་ཉི་ཤུར་སྟོང་པར་གནས། དེ་ནས་གཡོ་འགུལ་རླུང་གི་དཀྱིལ་འཁོར་གྱིས་མས་བཏེགས། དགའ་བདེ་ཆུའི་དཀྱིལ་འཁོར་གྱིས་ཀུན་ནས་བསྡུས། རྟོག་དཔྱོད་མེའི་དཀྱིལ་འཁོར་གྱིས་དྲོད་ཕེབས། སྣང་བ་ནམ་མཁའི་དཀྱིལ་འཁོར་གྱིས་གོ་ཕྱེས། དེ་ལ་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཆེ་ལ་འཁོད་སྙོམ། དགུང་སྔོན་པོ་ཁོག་ཡངས་ལ་མཐའ་མེད་པས་ཡས་ཕུབ། དོག་མི་འགྱུར་བ་དབུས་ཀྱི་རི་རྒྱལ་ལྷུན་མོས་མནན། གླིང་བཞི་མཐའ་ནས་མི་བྱེར་བར་འབྱུང་བ་ལྔ་ཡི་གཟེར་བཙུགས། ནམ་ཟླ་དང་དུས་བཞི་མི་འགྱུར་བ་སྲིད་པའི་རྒྱལ་མོ་བཞིས་ཚོད་བཟུང་ནས་སེམས་ཅན་ལྷ་ནས་དམྱལ་བའི་བར་དུ་ཆགས་པ་ཡིན་ནོ། །དེ་ཡང་འཛམ་བུ་གླིང་པའི་ཚེ་ལོ་བརྒྱད་ཁྲིའི་དུས་དམྱལ་བར་སེམས་ཅན་གཅིག་སྐྱེས་པ་ཡིན་ལ་དེས་བཅུད་ཀྱི་སེམས་ཅན་ཆགས་པའི་དུས་རྫོགས་ཏེ་འཇིག་རྟེན་ཕྱི་ཆགས་པའི་ཡུན་ལ་བར་བསྐལ་གཅིག་དང་། ནང་བཅུད་ཆགས་པའི་ཡུན་དུ་བར་བསྐལ་བཅུ་དགུ་སྟེ་ཉི་ཤུའི་ཡུན་ཡིན། དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་བབས་ཀྱི་ཆགས། དེ་ཡང་འོད་གསལ་གྱི་ལྷ་ཚེ་དང་དབང་ཐང་དམན་པ་ལྷ་རྣམས་གྱེར་རྒྱལ་པོ་ཡེ་མཁྱེན་ཆེན་པོ་ལགས་སྐད། དེའི་བུ་ལྷ་སྲིད་བེར་ཆེན་པོ། དེའི་བུ་ལྷ་ནམ་བེར་ཆེན་པོ། དེའི་བུ་ལྷ་འོད་གསལ། དེའི་བུ་ལྷ་མཁར་གསལ། དེའི་བུ་ལྷ་འཆར་བྱེད་པ། དེའི་བུ་ལྷ་གསལ་བྱེད། དེའི་བུ་ལྷ་བདུན་ཚིགས། དེའི་བུ་ལྷ་རྒྱལ་སྲིད་བྱ་བ་ལ། བུ་བརྒྱད་སྐྱེས་པའི་ནང་གི་བུ་ཕོ་(ཕུ་)བོ་ལྷ་སྐར་ཆེན་དང་། དཀར་ལ་འོད་གཉིས་ཤར་ལུས་འཕགས་པོར་བབས། དེའི་འོག་མ་འོད་ཆེན་དང་འོད་མ་རོགས་གཉིས་བྱང་སྒྲ་མི་སྙན་དུ་བབས། དེའི་འོག་མ་སྨན་བུ་དང་སྨན་ལ་རོགས་གཉིས་ནུབ་བ་གླང་སྤྱོད་དུ་བབས། དེའི་ནང་ནས་རི་རབ་ཀྱི་ལྷོ་ཕྱོགས་བཻཌཱུརྱ་སྔོན་པོའི་འོད་ཀྱིས་ཁྱབ་པ་སྟོང་འཁོར་ལོས་སྒྱུར་བའི་྿ལེ་ཚེ་྿ཐར་ལམ་བསྒྲོད་(བགྲོད་)པའི་གླིང་རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོ་ཅན་གླིང་ཤིང་རྟའི་དབྱིབས་སུ་སྣང་བའི་སྙིང་པོ་དུས་གསུམ་བདེ་བར་གཤེགས་པ་འབྱུང་བའི་གནས་འདི་ཤིན་ཏུ་ཉམས་དགའ་བར་རྟོགས་ཏེ། ལྷ་ཤེད་ཆེན་དང་ཤན་མ་རོགས་གཉིས་དུས་དེར་བབས་སོ། །

དུས་དེ་ན་མི་ལ་ཡོན་ཏན་བཅུ་དང་ལྡན་པ་ཡིན་ཏེ། ལུས་འོད་དང་ལྡན་པས་ཉིན་མཚན་གྱི་མིང་མེད། ནད་མེད། ཚེ་རིངས། ཁམས་ཀྱི་ཟས་ལ་མི་ལྟོས། ཉོན་མོངས་ཆུང་། རྫུ་འཕྲུལ་ཆེ། མངོན་ཤེས་ལྡན། ཕོ་མོའི་དབྱེ་བ་མེད། དགྲ་གཉེན་མེད། ནོར་གསོག་འཇོག་མེད། སྤྱོད་ལམ་ལྷ་དང་མཐུན་པར་གནས་སོ། །དེ་དུས་ཤེད་པོའི་སྤྱི་བོར་ལྦ་བ་ཞིག་སྐྱེས་ཏེ་བཏོལ་(བརྟོལ་)ནས་མི་དཀར་པོ་ཞིག་བྱུང་བས་རྒྱལ་རིགས་སུ་བྱས། ཚུལ་དེས་ལྐོག་མ་ནས་མི་དམར་པོ་ཞིག་བྱུང་བ་བྲམ་ཟེ། སྙིང་ཁ་ནས་མི་སེར་པོ་ཞིག་བྱུང་བ་རྗེའུ། བོལ་གོང་ནས་མི་ནག་པོ་ཞིག་བྱུང་བ་དམངས་རིགས་སུ་གྱུར་ཏེ། དེ་རྣམས་ལས་རྒྱ་གར་གྱི་མི་རིགས་བྱུང་། ནུ་བོ་ཤེད་ལ་རོགས་ལས་ཆད་(མཆེད་)པ་ནི་གྱིང་གི་སྲིད་དང་། གནོད་སྦྱིན་གདོང་དམར་བ་གཉིས། གྱིང་གི་སྲིད་ལ་བུ་ཕོ་(ཕུ་)བོ་རླུང་རྗེ་བམ་པ་དང་། ནུ་བོ་བྲག་སྲིན་གཉིས། རླུང་རྗེ་བམ་པའི་བུ་རྒྱུད་ནི། ཨོ་རྒྱན། ཟ་ཧོར། ཁ་མེ་(ཆེ།) བལ་པོ། སྟག་གཟིག ཁྲོམ་གེ་སར། ལྡན་མ། སྣ་ནམ། ཐོན་མི། གྲུ་གུ། རཀྴི་ལ་སོགས་པ་རྒའི་རིགས་མིའུ་རིགས་བཞིའི་ཞང་ཡིན་ནོ། །ནུ་བོ་བྲག་སྲིན་ལ་བུ་ཕོ་(ཕུ་)བོ་ཐང་རྗེ་ཐོན་པ་དང་། ནུ་བོ་སྤྲེའུ་བུ་རྟིང་གཉིས་སོ། །སྤྲེའུ་བུ་རྟིང་ལ་འབྲོག་ཆོས་ཀྱི་སྡེ་བཅོ་བརྒྱད། དེ་ལས་ཆད་(མཆེད་)པ་མཐའ་འཁོབ་དགུ་བཅུ་རྩ་གཉིས་སུ་ཆད་དོ། །ཕུ་བོ་ཐང་རྗེ་ཐོན་པ་ལ་བུ་གཉིས། ཕུ་[བོ་]བྲག་མི་སྐྱིན་པ་དང་། ནུ་བོ་འབྲང་རྗེ་དེད་གཉིས། ནུ་བོ་ལས་ཆད་(མཆེད་)པ་ཡང་འཁོབ་དྲུག་ཅུའི་མི་ལགས་སྐད། ཕུ་བོ་སྲང་(བྲག་)མི་སྐྱིན་པ་ལ་བུ་བཞི་[ཡི་]ནང་གི་ཕུ་བོ་སྨྲ་ཞང་ཞུང་གི་མེས་པོ་སྐྱོན་པ་ཐང་རྗེ། དེའི་འོག་མ་སེ་ཞའི་མེས་པོ་གླིང་ཤེར་ཐང་རྗེ། དེའི་འོག་མ་ཏོང་གསུམ་པའི་མེས་པོ་གཏིང་རྗེའུ་དང་། ཐ་ཆུང་ལྡོང་མེ་ཉག་གི་མེས་པོ་སྐུ་རྗེ་ཁུག་པ་དང་བཞིའོ། །བཞི་པོ་དེ་ལས་མི་རིགས་ཕལ་ཆེར་གྱེས་སོ། །སྐུ་རྗེ་ཁུག་པ་ལ་སྲས་བཞི་སྟེ། སྐུ་གཟུགས་ཐོག་ཏ་དང་། དམངས་མ་རྗེ་དང་། གུར་བུ་རྩི་དང་། ཁབ་རྗེ་དང་བཞི་སྟེ།སྐུ་གཟུགས་ཐོག་ཏ་ལ་བུ་གསུམ། རྩེ་མ་དང་། རྗེ་དང་། རྗེ་མི་དང་གསུམ། དམངས་མ་རྗེ་ལ་བུ་ལྔ། ཁྲ་མོ་དང་། རྩོགས་མི་དང་། དྲག་རྗེ་དང་། ཟས་རྗེ་དང་། ཞང་རྗེ་བཙན་དང་ལྔ། གུར་བུ་རྩི་ལ་བུ་ལྔ་སྟེ། ཡང་རྗེ་དང་། རིང་རྗེ་དང་། སྨོན་རྗེ་དང་། ཡངས་དང་། རྩོ་དཀར་རྗེ་དང་ལྔ། རྒྱལ་རིགས་ཡིན། བློན་རིགས་ལ། ལྡོང་པོ་ཆེ་ཡོངས་རུ་དང་། ཡ་ཆེན་དང་ལྡོང་། ནམ་ཆེན་ལྡོང་དང་། ཐོག་རྒྱུད་ལྡོང་དང་བཞིའོ། །རྗེ་རིགས་ལ་ཐོག་རྒྱུད་ལྡོང་ལ་ཆུང་མ་དྲུག་བླངས་པས་བུ་བཅོ་བརྒྱད་སྐྱེས། དེ་ལ་ལྡོང་རུས་ཆེན་བཅོ་བརྒྱད་དང་། ཉོས་ལྡོང་ལ་སོགས་པ་མི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་ཆད་(མཆེད་)དོ། །དེ་ཡང་སྤྱིར་འཛམ་བུ་གླིང་ན། ཡུལ་ཆེན་པོ་ལྔ། མཐའ་འཁོབ་དྲུག་ཅུ་རྩ་གཉིས། ཡང་འཁོབ་བཅུ་དྲུག འབྲོག་ཆོལ་གྱི་མི་སྡེ་ཆེན་པོ་བཅོ་བརྒྱད། རྒྱལ་ཕྲན་ཕྲ་མོ་ཉི་ཤུ་རྩ་བཞི་འོ་སྐོལ་གྱི་འཛམ་བུ་གླིང་ན་མཆིས་སོ། །དེ་ཡང་དབུས་རི་རབ་ཀྱི་ལྷོ་ཕྱོགས་འཛམ་བུ་གླིང་སོག་ཁའི་ཡུ་བ། རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོ་ཅན་དེར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་འཕྲིན་ལས་མཛད་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཆེ་བ་དབེན་(ཨེན་)ཙམ་གཅིག་བརྗོད་ན།

འཁོར་ལོས་བསྒྱུར་རྒྱལ་རིན་པོ་ཆེ་྿སྒོ་ངལ་ཞིང་།྿ གནས་ནི་རི་རབ་ཀྱི་ཁོག་པ་ལ་གནས། དུས་ནི་སངས་རྒྱས་རེ་རེ་བསྟན་པ་ལ་བྱོན་ཙ་ན། དེའི་ཆ་རྐྱེན་དུ་བྱོན། ལྷ་མི་གྲོང་བདུན་གྱི་མི་ནི། རི་མུ་ཁྱུད་འཛིན་གྱི་རྩེ་ཁོག་ལ་གནས། བདུད་རྩི་ཟ་ཞིང་བཅུད་ལ་སྦྱོར། མེ་ཏོག་སྦུབས་གནས་ཀྱི་མི་ནི་དཔག་བསམ་གྱི་མེ་ཏོག་ལ་སྐྱེས་ནས་ཤིང་ཐོག་ལ་སྤྱོད། བདུད་རྩི་བཅུད་འཐུངས་ཀྱི་མི་ནི། ཤིང་འཛམ་བུ་པྱྀ་ཀྵའི་ཡལ་ག་ལ་སྐྱེས་ཏེ་འཛམ་བུ་པྱྀ་ཀྵའི་ཁུ་བ་ལ་སྤྱོད། མིའམ་ཅི་ལ་བཞི་སྟེ། ཇ་ལྗོན་པའི་མེ་ཏོག་གི་འབྲས་བུ་ཟ། རྒྱ་མཚོའི་ཁ་ཞག་འཐུང་། སྡིག་རྩུབ་སྲིན་པོ་རྣམས་དང་འཐབ་མོ་བྱེད། ཟས་སུ་ཤ་དང་ཁྲག་ཟ། སྐྱེས་དྲུག་བྱིས་པ་གཡར་(དབྱར་)ལྟར་དྲོད་ལ་སྐྱེ། དགུན་ལ་འཆི། མགོ་གཉན་(བརྙན་)ནི་ལུས་དུད་འགྲོ་སྣ་ཚོགས་ཀྱི་མགོ་སོ་(བོ།) ཟས་སུ་རྩ་ཤུན་ཟ་བ་ཡིན་གྱི་ཆུ་མཚོ་ན་གནས་སོ། །སྐྱེ་གནས་བཞི་ལ། ལྷོ་འཛམ་བུ་གླིང་མངལ་ལས་སྐྱེས། ཤར་ལུས་འཕགས་པོ་དྲོད་གཤེར་ལས་སྐྱེས། ནུབ་བ་གླང་སྤྱོད་སྒོ་ང་ལས་སྐྱེས། བྱང་སྒྲ་མི་སྙན་བརྫུས་ཏེ་སྐྱེས་སོ། །འཚམས་ཀྱི་ལེའུ་ཐུང་རིགས་བཞི་ནི། གམ་ཤང་རྒྱ། གྱིམ་ཤང་ཧོར། ཧ་ལེ་མོན། སྤུ་རྒྱལ་བོད་དང་བཞིའོ། །ནང་གི་མིའི་རིགས་བཞི་ནི།་སྒྲ་ཞང་ཞུང་། གཏོང་གསུམ་པ། ལྡོང་མེ་ཉག སེ་ཞ་དང་བཞིའོ། །ཁྱལ་བའི་མིའུ་རིགས་ལ། རྨིག་པ་རྨང་རིགས་ནས་ཁྱལ་ཞེས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གཅིག་ཆགས་པ་ཡིན་ནོ། །གཞན་ཡང་རྒྱལ་ཁམས་ཉི་ཤུ་རྩ་བཞི་དང་། རིག་གནས་ཁྱལ་པ་མང་དུ་བྱུང་ངོ་། །དུས་དེའུ་ཚེ་བདུད་རྩི་སའི་བཅུད་ཅེས་བྱ་བ་ཁ་དོག་དམར་སེར་རོ་སྦྲང་རྩི་འདྲ་བ་གཅིག་བྱུང་བས། དེ་ལྷ་བཤེད་བུས་མྱངས་པས་ཞིམ་པོ་ཚོར་ནས་ཡང་ཡང་དུ་སྲེད་པས། དེ་ལ་ཀུན་གྱིས་ཀྱང་དེའི་རྗེས་སུ་འབྲངས་ནས་ལྡགས་པ། ལུས་སྲ་བ་དང་ལྕི་བ་ལ་སོགས་པ་བྱུང་སྟེ་ལུས་ཀྱི་འོད་ཉམས་པ་དང་། ནམ་མཁའ་ལ་འགྲོ་མི་ནུས་པ་དང་། མུན་པར་གྱུར་ཏེ་མྱ་ངན་བྱེད་པའི་ཚེ། སྤྱི་མཐུན་གྱི་ལས་ཀྱི་བསོད་ནམས་ཀྱིས་བཤེད་ཅན་གྱི་སྐུ་རིང་ལ་ཉིན་མོའི་སྣང་བ་མེ་ཤེལ་གྱི་ཉི་མ་བྱུང་། དེ་དང་དུས་མཉམ་དུ་བཤེད་རོགས་ཀྱི་སྐུ་རིང་ལ་མཚན་མོའི་སྣང་བ་ཆུ་ཤེལ་གྱི་ཟླ་བ་བྱུང་། བཤེད་བུའི་སྐུ་རིང་ལ་དགུ་ཚིགས་བྱུང་། དེའི་ཚེ་ཟས་དེ་མང་དུ་ཟོས་པ་རྣམས་མདོག་ངན་ལ། ཉུང་དུ་ཟོས་པ་རྣམས་མདོག་བཟང་བས། ང་ནི་མདོག་བཟང་ལ་ཁྱོད་ནི་མདོག་ངན་ནོ། །ཞེས་ང་རྒྱལ་གྱིས་ཉོན་མོངས་པ་རྣམས་རྩོད་པའི་ཐོག་མ་དེ་ཡིན་ནོ། །དེ་དག་ཀྱང་ང་རྒྱལ་དེའི་རྣམ་སྨིན་གྱིས་སའི་བཅུད་དེ་ནུབ་པ་དང་། ཀུན་འདུས་ཏེ་བྱ་ངན་བྱས་པས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས། ས་ཆེན་པོ་འདིའི་སྟེང་དུ། སའི་ཞག་རོ་ཕུན་སུམ་ཚོགས་པ། ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ་བྱུང་སྟེ། དེ་ཡང་ཟ་བ་དང་མྱང་བ་ནས་྿ཁྱོད་སོང་ཀྱི་྿བར་སྔར་བཞིན་བྱས་པས་དེ་ཡང་ནུབ་བོ། །དེ་ཡང་ཀུན་འདུས་ཏེ་མྱ་ངན་བྱས་པས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས། སྨྱུ་(མྱུ་)གུའི་ཚལ་ཞེས་བྱ་བ་རོ་སྦྲང་རྩི་ལ་སྐོལ་བ་ལྟ་བུ། ཁ་དོག་ཀང་མ་ཕུག་ཀའི་མེ་ཏོག་ལྟ་བུ་གཅིག་བྱུང་ངོ་། །དེ་ལ་ཡང་ཟ་བ་དང་མྱང་བ་ནས་྿ཁྱོད་སོང་གི་྿བར་སྔར་བཞིན་བྱས་པས་དེ་ཡང་ནུབ་པར་གྱུར་ཏེ། དེ་ནས་མི་རྣམས་ཚོགས་ནས་མྱ་ངན་བྱེད་པ་ལ་སངས་རྒྱས་ཀྱི་ཐུགས་རྗེ་དང་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་མ་རྨོས་པའི་ལོ་ཐོག་འབྲས་ས་ལུ་ཚལ་ཞེས་བྱ་ཤུན་པ་དང་ཕུག་མ་མེད་པ། ནངས་རྟས་(བཏབ་)ན་ནངས་སྐྱེ། ནུབ་རྟས་(བཏབ་)ན་ནུབ་སྐྱེ། འབྲས་བུ་སྙེ་མ་རེ་རེ་ལ་ཡུལ་མ་ག་ཏའི་བྲེ་བཞི་བཞི་ཡོང་བ། རྡོག་མ་རེ་རེ་ལ་སོར་བཞི་བཞི་ཡོད་པ། དེ་ལ་ཡུན་རིང་དུ་ལོངས་སྤྱོད་པར་བྱེད་པའི་ཚེ། ཟས་དེ་ནང་ལྡང་བས་(སྔ་མ་བས་)རགས་པ་ཡིན་པས། ཤ་ལྕི་བ་(བཅང་གཅི་)དང་སྣབས་ལུད་ལ་སོགས་པ་བྱུང་བས། སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དག་བྱུང་ངོ་། །དེ་དག་གིས་གཅིག་གིས་གཅིག་ལ་མིག་ཚུགས་སུ་བལྟས་པས། ལོག་པར་ཞུགས་ནས་དེ་སེམས་ཅན་གཞན་དག་གིས་མཐོང་ནས་སེམས་ཅན་གྱིས་སེམས་ཅན་ལ་ལོག་པར་ཞུགས་སོ། །ཞེས་ཟེར་ཞིང་རྡོ་དང་བསག་(གསེག་)མ་འཕེན་པར་བྱེད་པས། དེ་མི་མཐོང་བར་བྱེད་པའི་ཕྱི་ངོ་ཚ་ཁང་བུ་བརྩིགས་པས། ཁྱིམ་བརྩིགས་པའི་མ་དེ་ཡིན་ནོ། །

དེ་ཡང་ལྷ་མི་རྗེར་གྱུར་རྒྱལ་རིགས་ལ། །རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ལ་བསྡུས་པ་རྣམ་པ་གཉིས་བཤད་དེ། །དག་པ་སངས་རྒྱས་རྗེ་དང་མ་དག་སེམས་ཅན་རྗེ། །སངས་རྒྱས་རྗེ་ནི་སྐུ་གསུང་འགྲོ་དོན་མཛད། །སེམས་ཅན་རྗེ་ལ་རྣམ་པ་ལྔར་ཕྱེ་ནས། །སྟོང་གསུམ་དབང་བྱེད་སྤྱི་ཕུད་རྒྱལ་པོ་དང་། །ས་འཛིན་རྒྱལ་པོ་ཕྱོགས་སྐྱོང་རྒྱལ་པོ་དང་། །རིགས་དྲུག་རྒྱལ་པོ་འཛམ་གླིང་རྒྱལ་དང་ལྔ། །དེ་ཡང་སྟོང་གསུམ་མི་མཇེད་ཀྱི་རྒྱལ་པོ་ཤཱཀྱ་ཐུབ་པ། སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ལྷ་ཚངས་པ། ཕྱོགས་སྐྱོང་རྒྱལ་པོ་རྒྱལ་ཆེན་རིགས་བཞི་དང་། རིགས་དྲུག་རྒྱལ་པོ་གཤིན་རྗེ་ཆོས་རྒྱལ་དང་། འཛམ་གླིང་གདུང་རྒྱུད་རྒྱལ་པོ་མང་(བཀུར་)རྒྱུད། འཁོར་ལོར་བསྒྱུར་རྒྱལ་སྤྱི་བོར་སྐྱེས་ལ་སོགས། གསེར་དངུལ་ཟངས་ལྕགས་དབང་བསྒྱུར་རྒྱལ་པོ་ཡིན། དེ་ཡང་དབུས་རི་རབ་ཀྱི་ལྷོ་ཕྱོགས་ན་འཛམ་བུ་གླིང་སོག་ཁའི་ཡུ་བ། རྒྱ་གར་རྡོ་རྗེ་གདན། བྱང་ཆུབ་ཀྱི་སྙིང་པོ་ཅན་དེར། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་འཕྲིན་ལས་མཛད་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཆེ་བ་དབེན་(ཨེན་)ཙམ་གཅིག་བརྗོད་ན། དེ་ཡང་མཁས་པ་རྣམས་ཀྱི་ཆོས་འབྱུང་རྣམས་དང་། རྒྱལ་རབས་ཆེ་ཆུང་རྣམས་ལས་རྒྱལ་རིགས་སུམ་བརྒྱ་དྲུག་ཅུ་ཡོད་པར་བཤད་ཀྱང་། འཇིག་རྟེན་ལས་འདས་པའི་རྒྱལ་པོ་དང་མ་འདས་པའི་རྒྱལ་པོ་གཉིས་སུ་འདུས། འཇིག་རྟེན་ལས་འདས་པ་ནི། འཇིག་རྟེན་གྱི་ཁམས་རབ་འབྱམས་ལ་དབང་བྱེད་ཅིང་སྲིད་པ་ལ་དབང་ཐོབ་ནས་འཇིག་རྟེན་རྟོགས་པའི་ཡུལ་འདས་པ་ན་ཤཱཀྱ་ཐུབ་པ་ལྟ་བུའོ། །འཇིག་རྟེན་ལས་མ་འདས་པའི་རྒྱལ་པོ་ལྔ་སྟེ། བེམ་པོའི་རྒྱལ་པོ། རིགས་ཅན་གྱི་རྒྱལ་པོ། བསྐོས་པའི་རྒྱལ་པོ། འཁོར་ལོས་བསྒྱུར་བའི་རྒྱལ་པོ། སྤུ་རྒྱལ་བོད་ཀྱི་རྒྱལ་པོ་དང་ལྔའོ། །

དེ་ཡང་བེམ་པོའི་རྒྱལ་པོ་ལྔ་ནི། རིའི་རྒྱལ་པོ། ཤིང་གི་རྒྱལ་པོ། ཆུའི་རྒྱལ་པོ། མེའི་རྒྱལ་པོ། རླུང་གི་རྒྱལ་པོ་དང་ལྔའོ། །དེ་ལ་དང་པོ་རིའི་རྒྱལ་པོ་རི་རྒྱལ་ལྷུན་པོ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་ཅིང་སྟེང་ནས་འོག་ཏུ་དཔག་ཚད་འབུམ་ཕྲག་དྲུག་ཁྲི་ཡོད། སྟེང་ལྷ། བར་ལྷ་སྲིན། འོག་ལྷ་འཆི་བདག་རྒྱལ་པོའི་ཕོ་བྲང་། ལོགས་ལ་རྒྱལ་ཆེན་བཞིའི་བཞུགས་གནས། གཟའ་དང་རྒྱུ་སྐར་རྣམས་བསྐོར་བར་བྱེད་པ་དེ་ནི་རིའི་རྒྱལ་པོ། ཤིང་གི་རྒྱལ་པོ་ནི་དཔག་བསམ་གྱི་ཤིང་སྟེ། ལྷ་རྣམས་ཀྱིས་དགའ་བདེ་ལ་སྤྱོད་ཅིང་ཟས་གོས་ཐམས་ཅད་དེ་ལས་བྱུང་བས་ན་ཤིང་གི་རྒྱལ་པོ། ཆུའི་རྒྱལ་པོ་ནི་རྒྱ་མཚོ་ཆེན་པོ་ཡིན་ཏེ། འཐུང་ན་ལྟོ་བ་དང་མགྲིན་པ་གང་ལའང་མི་གནོད། ཀླུའི་རྒྱལ་པོ་རྣམས་ཀྱི་བཞུགས་གནས་ནོར་བུ་རིན་པོ་ཆེ་རྣམས་ཀྱི་འབྱུང་ས་ཡིན་པས་ན་ཆུའི་རྒྱལ་པོ། མེའི་རྒྱལ་པོ་ནི་བསྐལ་པའི་མེ་ཡིན་ཏེ། མེ་འབར་བའི་དུས་ན་བསམ་གཏན་གཉིས་པ་མན་ཆད་བསྲེག་པར་བྱེད། མཐུར་དུ་འབར་བས་དམྱལ་ཁམས་གསེར་གྱི་ས་གཞི་ཆུ་དང་རླུང་གི་དཀྱིལ་འཁོར་བསྲེག་ཅིང་རི་རབ་ལྷུན་པོ་ཡང་འཇིག་ནུས་པ་དེ་མེའི་རྒྱལ་པོ། རླུང་གི་རྒྱལ་པོ་ནི་སྟོང་གསུམ་འདེགས་བྱེད་ཀྱི་རླུང་ཡིན་ཏེ། སེམས་ཅན་རྣམས་ལ་དབང་གྲུབ་ཅིང་འཇིག་རྟེན་གྱི་ཁམས་འདིར་གནས་ཏེ། དེའི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ། རྒྱར་གྲངས་མེད། རླུང་གི་སྟོབས་ཀྱིས་ཆུའི་དཀྱིལ་འཁོར་ཡང་མཐུར་ལ་མི་འཇིག་ཡོག་ལ་མི་གཡོ་བས་ན་རླུང་གི་རྒྱལ་པོ།

གཉིས་པ་རིགས་ཅན་གྱི་རྒྱལ་པོ་ལ་གཉིས་ཏེ། མི་མ་ཡིན་པ་དང་མིའི་རྒྱལ་པོ། མི་མ་ཡིན་པ་ལྔ་སྟེ། ལྷ། ལྷ་མ་ཡིན། དུད་འགྲོ། ཡི་དྭགས། དམྱལ་བ་དང་ལྔའོ། །དང་པོ་ལྷའི་རྒྱལ་པོ་ནི་དབང་པོ་བརྒྱ་བྱིན་ཡིན་ཏེ། གཞན་ལས་ཁྱད་པར་དུ་འཕགས་ཤིང་མིག་སྟོང་དང་ལྡན་པ། སྟོབས་དང་རྫུ་འཕྲུལ་དཔག་ཏུ་མེད་ལ། ཉེ་དབང་དང་། རྒྱལ་ཆེན་བཞི། རྒྱ་མཚོའི་ཀླུ་རྣམས་ཀྱིས་དཔུང་བྱེད་ཅིང་བསྲུང་བར་བྱེད་པ་དེ་ལྟ་བུ་ནི་ལྷའི་རྒྱལ་པོ། གཉིས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་ཡིན་ཏེ། རིན་པོ་(ཆེ་)སྣ་བཞིའི་གོ་ཆ་ལུས་ལ་གོན་ཏེ་མཚོན་སྣ་ཚོགས་ཐོགས་ཤིང་ལྷ་དང་འདྲ་བ་རྣམས་ལ་འཐབ་ཅིང་རྩོད་པས་ན་ལྷ་མ་ཡིན་གི་རྒྱལ་པོ། གསུམ་པ་དུད་འགྲོའི་རྒྱལ་པོ་ནི་གླང་པོ་ཆེ་ས་སྲུང་ཡིན་ཏེ། མགོ་ཆུ་ཤེལ་འདྲ་བ། མཆེ་བ་དྲུག་པའི་གླང་པོ་ཆེ་དེ་ལ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་(ལ་)སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་པདྨ་བདུན་བདུན། དེ་ལྟ་བུའི་གླང་པོ་ཆེ་དེ་ལ་ལུས་དཔག་ཚད་ཕྱེད་དང་གསུམ། བང་ནི་བསྐལ་པ་འཇིག་པའི་རླུང་ལས་མགྱོགས་པ། གཡུལ་ངོར་ཞུགས་ན་ལྷ་མ་ཡིན་རྣམས་ཀྱང་ཟློག་པར་བྱེད་པ་དེ་དུད་འགྲོའི་རྒྱལ་པོ། བཞི་པ་ཡི་དྭགས་ཀྱི་རྒྱལ་པོ་ནི་ལས་ཀྱི་ཆུ་ཆེན་ཡིན་ཏེ། རི་རབ་ཀྱི་རྨང་ལྕགས་མཁར་སྒོ་མེད་ཀྱི་ནང་ན་འཇིགས་པའི་མཚོན་ན་སྣ་ཚོགས་ཐོགས་ནས་བསམ་པ་ཙམ་གྱིས་གང་འདོད་ཀྱི་གནས་སུ་ཕྱིན་ཅིང་། གཅེར་བུའི་ལུས་ལ་གསོད་གཅོད་ཀྱི་སྒྲ་སྒྲོགས་ཤིང་། ཁམས་གསུམ་ཟས་སུ་ཟོས་ཀྱང་མི་འགྲངས་པ་དེ་ཡི་དྭགས་ཀྱི་རྒྱལ་པོ། ལྔ་པ་དམྱལ་བའི་རྒྱལ་པོ་ནི་གཤིན་རྗེ་ཆོས་རྒྱལ་ཡིན་ཏེ། འཛམ་བུ་གླིང་ནས་ས་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་བཅལ་བའི་འོག་ན། ཨ་ཝ་གླང་མགོ་ཅན་དང་སྟག་མགོ་ཅན་གཉིས་ཀྱིས་གཙོ་བྱས་པའི་ལས་བྱེད་སྤྲུལ་པའི་ཕོ་ཉ་མང་པོ་འགྱེད་ཅིང་། ཟངས་རྒྱལ་མོ་ཁྲོ་ཆུ་ཁོལ་མ། ལྕགས་ཀྱི་བཤལ་མར་རིའི་སྡོང་པོ་རལ་གྲིའི་སོ་ལྟ་བུ། ཆུ་བོ་རབ་མེད་ལ་སོགས་པར་སེམས་ཅན་སྡུག་བསྔལ་དཔག་ཏུ་མེད་པ་ལ་འཇུག་པ་དེ་དམྱལ་བའི་རྒྱལ་པོ།

དེ་ནས་བསོད་ནམས་ཆེ་བ་མིའི་རྒྱལ་པོ་ལ་མཁས་པ་རྣམས་ཀྱི་བཤད་ལུགས་མི་འདྲ་བ་མང་དུ་ཡོད་ཀྱང་། མ་རྨོས་པའི་ལོ་ཏོག་འབྲས་ས་ལུད་དེ། སྔ་དྲོ་བཟའ་རྒྱུ་སྔ་དྲོ་(དང་)ཕྱི་དྲོ་ཟ་རྒྱུ་ཕྱི་དྲོ་ལེན་གྱི་ཡོད་ཙ་ན། བོལ་གོང་ནས་བྱུང་བའི་མི་དང་། གནོད་སྦྱིན་གདོང་དམར་བ་གཉིས་ཀྱིས་ཞག་བཅུ་དང་ཟླ་བ་ཕྱེད་ཀྱི་འཚོ་རྒྱགས་ཀྱི་ཕྱིར་བསྡོད་ཤེས་(བཟློས་རྩོད་)འཐབ་མོ་བྱས་པས་མེད་པར་སོང་ནས་སྐྱེ་མ་འདོད་དོ། །དེ་ནས་མི་རྣམས་ཀྱིས་དེ་ནི་ས་ལུ་མ་རྨོས་པར་མི་སྐྱེ་བ་འདུག་པའི་ས་གཞི་སྒོ་(བགོ་)བར་བྱེད་དོ་ཞེས་བར་མཚམས་བཅས་ནས་སོ་སོར་བགོས་སོ། །དེ་ནས་ས་ལུ་བཏབ་དགོས་ཟེར་ནས་ས་ལུ་བཏབ། ས་བོན་འདི་ནས་མར་ལ་ཞིང་བདག་ཏུ་འཛིན་པ་དང་མུ་ཚིགས་བྲལ་བའི་མགོ་རྩོམ་པའི་དང་པོ་དེ་ཡིན་ནོ། །ཞིང་འདེབས་པའི་ཐོག་མ་དེ་ཡིན་ནོ། །དེ་ལྟར་བཏབ་ཀྱང་ལ་ལས་བཏུས་ནས་ཟོས། ལ་ལས་དངོས་སུ་འཕྲོག ལ་ལས་རང་ལ་ཡོད་ཀྱང་གཞན་གྱི་དེ་རྐུས་ནས་ཟོས་པས་བདག་པོ་དེས་མཐོང་ནས་ཁྱོད་རང་གི་ཡོད་བཞིན་གཞན་གྱི་ས་ལུ་མ་བྱིན་པར་ལེན་པར་མི་རིགས་སོ། །ཞེས་སྨྲས་པས། ངས་མ་ཁྱེར་ཞེས་རྫུན་ཟེར་བས། དེའི་གཞི་ལ་རྩོད་པ་དང་དྲག་པ་(པོ་)དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། སྲོག་གཅོད་པ་ལ་སོགས་ལས་མི་དགེ་རྩོམ་པའི་དང་པོ་ཡིན་ནོ། །དེ་ལ་སོགས་པའི་རྩོད་པ་གྲངས་མང་དུ་བྱུང་བ་དང་ཐམས་ཅད་གྲོས་བྱས་ནས། ད་ནི་འོ་སྐོལ་གྱི་ནང་ནས་མི་ལེགས་ཉེས་ཀྱི་ཤན་འབྱེད་པ། བརྩོན་འགྲུས་དང་སྙིང་སྟོབས་ཆེ་བ། ཐམས་ཅད་ལ་བྱམས་ཤིང་སྤྱི་སྙོམ་ཆེ་བ། སྤྱོད་པ་སྨྲ་བ་ཐམས་ཅད་ལ་མཁས་ཤིང་ཚོད་རིག་པ་གཅིག་ཞིང་དཔོན་དུ་བསྐོ་དགོས་ཟེར་ནས། ཞིང་པ་ཐམས་ཅད་ཀྱིས་ཐོན་ཤས་ཕུལ་ནས་བསོད་ནམས་དང་ལྡན་པ་དེ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་བཀུར་བས་མང་པོས་བཀུར་བས་མང་བཀུར་བ་ཞེས་མཚན་གསོལ་ནས།

དེ་ཡང་མདོ་ལས། ལེ་ལོས་གསོག་འཇོག་བྱས་ནས་ནི། འཛིན་ཆགས་རྣམས་ཀྱི་ཞིང་དཔོན་སྟབས། ཞིང་དང་ས་ལུ་མ་བྱིན་པར་ལེན་པ་རྣམས་ལ་སྐྱོབ་པར་བྱེད་པ་ལ་རྒྱལ་རིགས་དང་། ཆོས་ཀྱིས་སྐྱེ་རྒུ་སྐྱོང་བའི་ཚུལ་ཁྲིམས་དང་ཤེས་རབ་ཉམས་སུ་བླངས་ཏེ་གནས་པ་ལ་རྒྱལ་པོ་ཞེས་སྨྲས་སོ། །མཚན་ཡང་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ། །དུས་སྐབས་འདི་ཙམ་ནས་མི་རིགས་བཞི་ལྔར་གྱུར་པ་ཡིན་ཏེ། དེ་ཡང་འཁོར་ལོ་སྣ་བདུན་ལས། སྔོན་ནི་འདི་དག་ཐམས་ཅད་ཀྱིས། །ལས་དང་བྱ་བའི་ཁྱད་པར་ལས། །རིགས་ནི་བཞིའམ་ལྔ་རུ་གྱུར། །ཞེས་པ་ལྟར། སེམས་ཅན་དེ་དག་(ལས་)དགེ་བ་བཅུ་སྤྱོད་ཅིང་། ཁྲུས་དང་གཙང་སྦྲ་ལ་དགའ་བ་རྣམས་ལ་བྲམ་ཟེ་ཞེས་བྱ་བའི་རིགས་སུ་གྱུར་རོ། །དགེ་བ་བཅུ་སྤྱོད་ཅིང་ངོ་ཚ་ཤེས་(པ།) ཤེས་རབ་ཆེ་བ། སྙིང་རུས་ཆེ་བ་རྣམས་ལ་རྗེའི་རིགས་ཞེས་བྱའོ། །མི་དགེ་བ་བཅུ་བ་འཆོལ་དུ་སྤྱོད་ཅིང་། ངོ་ཚ་ཆུང་བ། སྡིག་ལ་མི་འཛེམས་པ། རྫུན་དུ་སྨྲ་བ་རྣམས་ལ་དམངས་རིགས་ཞེས་བྱའོ། །དེ་དག་ལས་ཁྲེལ་དང་ངོ་ཚ་ཤིན་ཏུ་ཆུང་བ། མི་དགེ་བ་བཅུ་ལ་སོགས་པ་འཇིག་རྟེན་ན་ཤིན་ཏུ་དམན་པའི་དམ་པའི་སྤྱོད་པ་དང་འགལ་བར་བྱེད་པ་རྣམས་ལ་གདོལ་པ་རིགས་ངན་ཞེས་བྱའོ། །མི་རིགས་སོ་སོར་རྩོམ་པའི་དངོས་པོ་དེ་ཡིན་ནོ། །རྒྱལ་པོ་མང་པོས་བཀུར་བའི་སྲས་འོད་མཛེས། དེའི་རིང་ལ་གཟའ་དང་སྐར་མ་བྱུང་། དེའི་སྲས་དགེ་བ། དེའི་རིང་ལ་འོད་དམར་པོ་བྱུང་། དེའི་སྲས་དགེ་མཆོག དེའི་རིང་ལ་སྒྲ་སྙན་བྲག་ཆ་བྱུང་། དེའི་དུས་སུ་ཚེ་ལོ་དགུ་ཁྲི་ཐུབ། དེའི་སྲས་པོ་(གསོ་)སྦྱོང་འཕགས། དེའི་རིང་ལ་འབྲུག་གི་སྒྲ་བྱུང་། རྒྱལ་པོ་དེ་ལྔ་ལ་བསྐལ་པ་དང་པོའི་རྒྱལ་པོ་སྡེ་ལྔ་ཟེར། གསོ་སྦྱོང་འཕགས་ལ་སྲས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་འཁྲུངས་པའི་སྔ་ལྟས་སྤྱི་བོར་ཤ་སྨེ་གཅིག་བྱུང་། དེ་བརྡོལ་བའི་ནང་ནས་ཁྱེའུ་གཟུགས་བཟང་བ། མཛེས་པ་ལྟ་ན་སྡུག་པ། སེམས་ཅན་ཐམས་ཅད་ལ་བྱམས་པ། མཚན་དང་ལྡན་པ་ཞིག་བྱུང་སྟེ། ཡབ་ཀྱི་སྤྱི་བོ་ལས་སྐྱེས་པས་སྤྱི་བོ་སྐྱེས་ཞེས་མིང་བཏགས་སོ། །རྒྱལ་པོ་འདི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་ནི་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་རིན་པོ་སྣ་བདུན་དང་། གཞན་དུ་དམག་དཔོན་རིན་པོ་ཆེའི་ཚབ་ཏུ་ཁྱིམ་བདག་རིན་པོ་ཆེ་ཞེས་སོ། །འདིས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ཟས་གོས་ཀྱི་ཆར་ཕབ་སྟེ། འཛམ་བུ་གླིང་ལོ་བརྒྱད་ཁྲི་ལོན་ནས། གནོད་སྦྱིན་ལྷ་ཤེས་ཀྱིས་བསྐུལ་ནས། འཁོར་ལོ་རིན་པོ་ཆེས་སྣ་གྲངས་(དྲངས།) བཙུན་མོ་རིན་པོ་ཆེ་འཁོར་དང་དཔུང་གི་ཚོགས་དང་བཅས་པ་ནམ་མཁའ་ལ་སོང་ནས། ཤར་དང་། ནུབ་དང་། བྱང་དང་། རྒྱལ་ཆེན་བཞིའི་བར་དུ་རྒྱལ་སྲིད་བྱས་ཏེ། དེ་ལྟ་ནའང་འདོད་ཆེན་གྱིས་གདུང་སྟེ་སྡུག་བསྔལ་བས། བརྒྱ་བྱིན་ཐ་མ་དེ་ལ་ངན་སེམས་སྐྱེས་པས། བསོད་ནམས་ཟད་པས་ལུས་དེ་ཉིད་དུ་ས་ལ་ལྷུངས་ཏེ་གྲོངས་པར་གྱུར་ཏོ། །

རྒྱལ་པོ་འདིས་སེམས་ཅན་གྱི་མཚན་ཉིད་ལ་བརྟག་ཅིང་བཟོ་བོའི་གནས་དང་ལས་ཀྱི་བྱེ་བྲག་མང་པོ་བྱས་པ་ཡིན་ནོ། །དེའི་དུས་སུ་ཚེ་ལོ་བརྒྱད་ཁྲི་ཐུབ། སྤྱི་བོ་སྐྱེས་ཀྱི་ཕྲག་པ་གཡས་སུ་ཤ་སྨེ་ལས་ཁྱེའུ་གཅིག་བྱུང་། མིང་ལ་མཛེས་པ་ཞེས་བྱའོ། །གསེར་གྱི་འཁོར་ལོས་བསྒྱུར་བ་གླིང་བཞི་ལ་དབང་ངོ་། །མཛེས་པའི་ཕྲག་པ་གཡས་སུ་ཤ་རྨེ་(སྨེ་)ལས་ཁྱེའུ་གཅིག་བྱུང་། དེ་ལ་མཚན་ཉེར་མཛེས་ཞེས་བྱ་སྟེ། དངུལ་གྱི་འཁོར་ལོས་བསྒྱུར་བ་གླིང་གསུམ་ལ་དབང་ངོ་། །ཉེར་མཛེས་ཀྱི་བརླ་གཡས་པར་ཤ་སྨེ་ལས་ཁྱེའུ་གཅིག་བྱུང་། མིང་མཛེས་ཅན་ཞེས་བྱ་སྟེ། ཟངས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཉིས་ལ་དབང་ངོ་། །མཛེས་ཅན་གྱི་བརླ་གཡོན་པར་ཤ་སྨེ་ལས་ཁྱེའུ་གཅིག་བྱུང་། མིང་མཛེས་ལྡན་དུ་བཏགས། ལྕགས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཅིག་ལ་དབང་བ་ཡིན་ནོ། །དེའི་དུས་སུ་ཚེ་ལོ་བདུན་ཁྲི་ཐུབ། དེ་ལྔ་ལ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔ་ཟེར། དེའི་སྲས་རྒྱལ་བྱེད། དེའི་སྲས་མཛེས་དགའ། དེའི་སྲས་མི་སྲིད་པ། དེའི་སྲས་བཏང་བཟུང་། དེའི་དུས་སུ་ཚེ་ལོ་དྲུག་ཁྲི་ཐུབ། སངས་རྒྱས་འཁོར་བ་འཇིག་སྟོན་པར་བྱོན། བཏང་བཟུང་གི་སྲས་ཁུས་སྟོབ་གསེར་ཐུབ་ཡིན་ནོ། །དེའི་གདུང་རབས་སྟོང་ཕྲག་དགུ་ནས་རྒྱལ་པོ་རྒྱལ་བྱེད་ཆེན་པོའི་དུས་སུ། སངས་རྒྱས་གཙུག་ཏོར་ཅན་སྟོན་པར་བྱོན། དེ་ནས་གདུང་རབས་སྟོང་ཕྲག་སྟོང་དང་བརྒྱ་ཕྲག་གཉིས་ནས་རྒྱལ་པོ་མེ་སྡེ་ལྡན་ཞེས་བྱ་བ་བྱུང་། དེའི་བུ་དང་ཚ་བོའི་རྒྱུད་ཀྱིས་རྒྱལ་རབས་འབུམ་ཚོར་རྒྱལ་རིགས་མངའ་ཐང་དུ་མ་ལ་དབང་བྱས་སོ། །དེའི་དུས་སུ་ཚེ་ལོ་བཞི་ཁྲི་ཐུབ། སངས་རྒྱས་ཐམས་ཅད་སྐྱོབ་སྟོན་པར་བྱོན། དེ་ནས་གདུང་རབས་སྟོང་ཕྲག་བདུན་ནས་རྒྱལ་པོ་བཟོད་པ་དཀའ་ཐུབ་ཅེས་བྱ་བ་བྱུང་།

དེའི་དུས་སུ་ཚེ་ལོ་སུམ་ཁྲི་ཐུབ། སྟོན་པ་ལོག་པར་དད་སེལ་བྱོན། ཆོས་སྤྱོད་རྒྱུད་གསུངས། དེ་ནས་གདུང་རབས་འབུམ་དང་དྲུག་ཁྲི་ནས་རྒྱལ་པོ་གླང་ཆེན་སྤྱི་བྱུང་། དེའི་དུས་སུ་ཚེ་ལོ་ཉིས་ཁྲི་ཐུབ། དེའི་དུས་སུ་རྫོགས་པའི་སངས་རྒྱས་གསེར་ཐུབ་བྱོན། དེ་ནས་གདུང་རབས་འབུམ་དང་ཁྲི་ཚོ་ལྔ་ནས་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་། ཚེ་ལོ་ཁྲི་དང་ལྔ་སྟོང་ཐུབ། སངས་རྒྱས་འོད་སྲུང་སྟོན་པར་བྱོན། ཆོས་རྣལ་འབྱོར་རྒྱུད་གསུངས། ཀྲི་ཀྲིའི་སྲས་ལེགས་སྐྱེས། དེའི་རྒྱུད་བརྒྱ་ཐམ་པ་ནས་ཡུལ་གྲུ་འཛིན་དུ་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང་། དེ་ལ་བུ་གཉིས་ཏེ། གོའུ་ཏ་མ་དང་། བྷ་ར་དྷྭ་ཛ་དང་གཉིས། ཆེ་བ་གོའུ་ཏ་མ་ནི་ཆོས་དང་ཆོས་མ་ཡིན་པར་འདྲེས་པར་རྒྱལ་སྲིད་བྱེད་པ་མཐོང་ནས། བདག་ཀྱང་རྒྱལ་སྲིད་བཟུང་ན་འདི་ལྟར་འགྱུར་སྙམ་ནས་ཐུགས་སྐྱོ་སྟེ་དྲང་སྲོང་མདོག་ནག་ལ་རབ་ཏུ་བྱུང་ངོ་། །ཆུང་བ་བྷ་ར་དྷྭ་ཛས་རྒྱལ་སྲིད་བྱས་སོ། །དེའི་ཚེ་ཡུལ་དེ་ན་སྨད་འཚོང་མ་འགྲོ་བ་བཟང་མོ་ཞེས་བྱ་བ་གཅིག་ཡོད་པ་ལ། སྐྱེས་བུ་གཡོ་ཅན་པདྨའི་རྩ་ལག་དང་གཉིས་དགའ་མགུར་སྤྱད་ཀྱིན་ཡོད་པ་ལ། དེའི་བར་ལ་ཚོང་པ་གཞན་གཅིག་དང་འདོད་ལོག་སྤྱད་པས་པདྨའི་རྩ་ལག་ཁྲོས་ནས་བཟང་མོའི་མགོ་བཅད་ནས་ཁྲག་གིས་གོས་པའི་རལ་གྲི་དང་གཉིས་གོའུ་ཏ་མའི་ཕུག་སྒོར་བཞག་པ་དང་། ཆད་པ་བཅད་(གཅོད་)པའི་མི་རྣམས་ཀྱིས་རྗེས་ནས་སྙེག་པས། ཁྲག་གིས་གོས་པའི་རལ་གྲི་དང་བཟང་མོའི་མགོ་དེ་ན་ཡོད་པས། དེའི་ཆད་པ་གོའུ་ཏ་མ་ལ་ཕོག་ནས་གསལ་ཤིང་ལ་བསྐྱོན་ཏོ། །དེ་དྲང་སྲོང་གདོང་ནག་གི་མངོན་པར་ཤེས་པས་མཁྱེན་ནས་གོའུ་ཏ་མའི་རྩ་བར་ཕྱིན་ནས་བུ་ཁྱོད་ཀྱིས་འདི་ལྟ་བུ་མྱོང་བའི་ལས་ཅི་བྱས་གསུངས་པ་དང་། མཁན་པོ་ང་ལ་ཉེས་པ་ཅི་ཡང་མེད། ཉེས་པ་མེད་པའི་བདེན་ཚིག་གིས་མཁན་པོའི་ཞལ་གསེར་བཞིན་དུ་གྱུར་ཅིག་སྨྲས་པས། དེ་མ་ཐག་དྲང་སྲོང་མདོག་ནག་པོ་དེ་གསེར་བཞིན་དུ་གྱུར་པས། དེ་ཕྱིན་ཆད་དྲང་སྲོང་གསེར་མདོག་ཅན་དུ་གྲགས་སོ། །དེ་ནས་དྲང་སྲོང་གིས་བྷ་ར་དྷྭ་ཛའི་རིགས་རྒྱུད་ཆད་པར་ཤེས་ནས་འཁོར་ལོས་བསྒྱུར་བའི་གདུང་མི་ཉམས་པའི་ཕྱིར་གོའུ་ཏ་མའི་སྡུག་བསྔལ་གྱི་ཚོར་བ་རླུང་འཕྲུལ་གྱི་ཟིལ་གྱིས་མནན། ལུས་བདེ་བར་བྱས་ཏེ་མཁན་པོའི་བཀས་གནང་བའི་ངོར་འདོད་ཆགས་ཀྱི་རྟོགས་པས་ཁུ་ཁྲག་འདྲེས་པ་ཐིགས་པ་གཉིས་ས་ལ་ལྷུང་རྗེས་གོའུ་ཏ་མ་ཚེའི་དུས་བྱས་སོ། །ཁུ་ཁྲག་ཐིག་པ་གཉིས་དྲང་སྲོང་གིས་བུ་རམ་ཤིང་གི་ལོ་མས་དྲིལ་ཏེ་བཞག་པ་ཉི་མའི་དྲོད་དང་ཟླ་བའི་བཅུད་ཀྱིས་སྨིན་པས་ཁྱེའུ་གཉིས་བྱུང་། དེ་གཉིས་ལ་མིང་བུ་རམ་ཤིང་དང་། ཉི་མའི་གཉེན་དུ་བཏགས། ཉི་མའི་གཉེན་རབ་ཏུ་བྱུང་ཞིང་། བུ་རམ་ཤིང་རྒྱལ་སྲིད་བྱས་པའི་རྒྱུད་པ་བརྒྱ་ཐམ་པ་ན། རྒྱལ་པོ་འཔགས་སྐྱེས་པོ་བྱ་བ་བྱུང་། དེའི་བཙུན་མོ་ཆེ་བ་ལ་སྲས་བཞི་དང་། ཆུང་བ་ལ་སྲས་མོ་བཞི་བྱུང་། ནམ་ཞིག་བཙུན་མོ་གཉིས་གྲོངས་ཏེ་ཕ་རོལ་རྒྱལ་པོ་ཞིག་གི་བུ་མོ་སློང་བ་ན། དེ་ན་རེ། ང་ཡི་བུ་མོ་ལ་བུ་བྱུང་སྟེ་རྒྱལ་སྲིད་ལ་བཀོད་ན་བྱིན་ནོ། །ཞེས་སྨྲས་པ་དེ་ལྟར་དམ་བཅས་ནས་བཙུན་མོར་བླང་བའི་བུ་རྒྱལ་སྲིད་དགའ་བྱུང་། དེ་ནས་སྔོན་གྱི་དམ་བཅའ་ཡི་བུ་རྣམས་རྒྱལ་སྲིད་ལ་བབ་པའི་ཚེ་ཕོ་(ཕུ་)བོ་བཞི་སྲིང་མོ་དང་བཅས་སྐྱུགས་པས། དེ་རྣམས་ཆུ་བོ་སྐལ་ལྡན་ཞིང་རྟའི་འགྲམ་གྲོང་ཁྱེར་སེར་སྐྱའི་གནས་དང་ཧ་ཅང་མི་རིང་བར་ལོ་མའི་སྤྱིལ་པོ་བྱས་ཏེ་གནས་སོ། །

གཞོན་ནུ་དེ་དག་ལང་ཚོ་རྒྱས་པས་སྐྱ་སིང་སིང་པོ་གྱུར་པ་དང་དྲང་སྲོང་གིས་མཐོང་ནས་དྲིས་པས། དེ་རྣམས་ན་རེ། བདག་ཅག་རྣམས་འདོད་ཆགས་ཀྱིས་གདུང་ནས་འདི་ལྟར་གྱུར་སྨྲས་པ། དེ་ལྟ་ན་ཁྱེད་རྣམས་རང་གི་མ་གཅིག་པའི་སྲིང་མོ་སྤོངས་ལ། མས་དབེན་པའི་སྲིང་མོ་དང་ལྷན་ཅིག་རྩེས་ཤིག དེ་དག་ན་རེ། དེ་ལྟར་བགྱིད་རུང་རམ་ཞུས་པས། ཤེས་ལྡན་དག་རྒྱལ་རིགས་རྒྱལ་སྲིད་སྤངས་པ་རྣམས་ཀྱིས་དེ་ལྟར་བྱ་རུང་ངོ་གསུངས་པས། ཚིག་དེ་ཚད་མར་བཟུང་སྟེ་མིང་སྲིང་འགྲོགས་པའི་རིགས་རྒྱུད་མང་དུ་འཕེལ་བ་ཡབ་ཀྱིས་གསན་ནས་གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱེད་ཕོད་པ་ཞེས་ཤཱཀྱའི་མིང་ཐོག་མར་དེས་གྲགས་སོ། །དེའི་རྒྱུད་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང་བའི་མཐར་རྒྱལ་པོ་ཤིང་རྟ་བཅུ་པའོ། །དེའི་རྒྱུད་ཉི་ཤུ་རྩ་ལྔའི་མཐའ་མ་རྒྱལ་པོ་གཞུ་སྟོན། དེ་ཡི་སྲས་གཉིས་སེང་གེ་འགྲམ་དང་སེང་གེ་སྒྲའོ། །སེང་གེ་འགྲམ་ནི་འཕོང་སྐྱེན་པའི་མཆོག་སྟེ་འཛམ་བུ་གླིང་པའི་གཞུ་ཐོགས་ཀྱི་དབང་པོའོ། །སེང་གེ་འགྲམ་ལ་སྲས་བཞི་སྟེ། ཟས་གཙང་། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་དང་བཞིའོ། །ཟས་གཙང་གི་གཟུགས་བཟང་ཞིང་མཛེས་པ། ལྟ་ན་སྡུག་པ། སྟོབས་པོ་ཆེ། དཔའ་བ། བརྟན་པ། མཁས་ཤིང་མཛངས་ལ་བསལ་(གསལ་)བ། སྤྲོ་བ། སྙིང་སྟོབས་ཆེ་བ། ལེ་ལོ་དང་སྤྱོད་པ་ངན་པའི་རྗེས་སུ་མི་འགྲོ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། ཆོས་བཞིན་དུ་རྒྱལ་སྲིད་བྱེད་ནུས་པ་ཡིན་ནོ། །རྒྱལ་པོ་དེ་ལ་རྒྱལ་པོ་ལེགས་པ་རབ་གསལ་གྱི་བུ་མོ་སྒྱུ་འཕྲུལ་མ་དང་སྒྱུ་འཕྲུལ་ཆེན་མོ་གཉིས་གཡོག་མོ་ལྔ་བརྒྱ་ལྔ་བརྒྱ་དང་བཅས་ཏེ་བླངས་སོ། །དུས་གཞན་ཞིག་ན་རྒྱལ་པོ་སེང་གེ་འགྲམ་གྲོངས་ནས་སྲས་གཙང་གིས་རྒྱལ་སྲིད་མཛད་དོ། །དེའི་ཚེ་མི་ཐམས་ཅད་འབྱོར་ཞིང་རྒྱབ་(རྒྱས་)པ། མི་ནད་ཕྱུགས་ནད་མེད་ཅིང་ཕུན་སུམ་ཚོགས་པ་དང་ལྡན་པ། ཐམས་ཅད་བུ་བཞིན་དུ་བསྐྱངས་སོ། །

དུས་དེའི་ཚེ་ལྷ་བུ་དམ་པ་ཏོག་དཀར་པོ། རིགས་དང་། ཡུལ་དང་། རུས་དང་། རྒྱུད་དང་། ཡུམ་དང་ལྔ་ལ་གཟིགས་ནས། རྒྱལ་པོ་ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་བཞུགས་སོ། །དེ་ཡང་ཟླ་བ་བཅུ་གཉིས་བཞུགས་པ་ནས། མངལ་གྱི་དྲི་མས་མ་གོས་པར། དཔྱིད་ཟླ་ཐ་ཆུང་། ཚེས་བརྒྱད། སྐར་མ་རྒྱལ་ལ་ཡུམ་གྱི་མཆན་ཁུང་གཡས་པ་ནས་འཁྲུངས་སོ། །དེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་གཅིག་འདུག་གོ །དེའི་ཚེ་བཀྲ་ཤིས་པའི་ལྟས་སྣ་ཚོགས་པ་དང་། ཡུལ་ཆེན་པོ་བཞིར་རྒྱལ་ཕྲན་བཞི་བཙས་ཏེ། མ་ག་དྷར་པད་མ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལར་ཚངས་སྦྱིན་གྱི་(བུ་)གསལ་རྒྱལ། བང་ས་ལར་དམག་བརྒྱ་པའི་བུ་ཤར་པ། འཕགས་རྒྱལ་དུ་མུ་ཁྱུད་མཐའ་ཡས་ཀྱི་བུ་གཏུམ་པོ་རབ་སྣང་ངོ་། །གཞན་ཡང་ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་འཛིན་མ་སོགས་བུ་མོ་བརྒྱད་བརྒྱ། མདུན་ས་ལ་སོགས་བྲན་ལྔ་བརྒྱ། རྟིའུ་ཁྲི་དང་། རྟེའུ་མོ་ཁྲི་དང་། བ་གླང་ཁྲི་ཡང་སྐྱེས་སོ། །སྐྱེད་མོས་ཚལ་ལྔ་བརྒྱ་དང་། གཏེར་ལྔ་བརྒྱ་ཡང་བྱུང་ངོ་། །དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་པས་སྲས་ཀྱི་མིང་ལ་དོན་ཐམས་ཅད་འགྲུབ་པར་བཏགས་སོ། །དེ་ནས་རྫོགས་པའི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཉེ་བར་སོན་པ་ལས་འཇིག་རྟེན་ཕུལ་བྱུང་གི་མཛད་པའི་སྐབས་བཙུན་མོ་དམ་པ་གྲགས་འཛིན་མ་ལ་ཁྱིམ་སྤང་སྟེ་གཤེགས་ལ་ཁྱད་ཀྱི་མཚན་དང་པོར་སྲས་ཀྱི་ས་བོན་བསྐྲུན་ཏེ་མཚན་ཐུན་དེའི་ཐ་མར་རབ་ཏུ་བྱུང་བར་གཤེགས་ཏེ་ལོ་དྲུག་དཀའ་བ་སྤྱད་དེ་རྡོ་རྗེ་གདན་དུ་ས་ག་ཟླ་བའི་ཚེས་བཅོ་ལྔར་སྲོད་ལ་བདུད་བཏུལ། ནམ་གུང་མཉམ་པར་བཞག་པའི་དུས། ས་ག་ཟླ་བ་ལ་སྒྲ་གཅན་ཞུགས་པ་དང་གྲགས་འཛིན་མ་ལ་སྲས་བལྟམས་པས་མིང་ནི་སྒྲ་གཅན་འཛིན་ནོ། །དེའི་ཐོ་རས་(རངས་)སུ་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་པའོ། །སྒྲ་གཅན་འཛིན་ཡང་རབ་ཏུ་བྱུང་སྟེ་སྲིད་པའི་རྒྱུན་ཆད་དོ། །སྤྱིར་མང་པོས་བཀུར་བ་ནས་སྒྲ་གཅན་འཛིན་ཡན་ཆོད་ལ། རྒྱལ་པོ་འབུམ་ཕྲག་བཅུ་དང་དྲུག་ཁྲི་དྲུག་སྟོང་ལྔ་བརྒྱ་དང་བཅུ་གཅིག་བཅོམ་ལྡན་འདས་ཡབ་སྲས་དང་བཅུ་གསུམ་བྱུང་བར་གྲགས་སོ། །

ད་ནི་པུར་རྒྱལ་བོད་ཀྱི་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་ནི། འདི་བཤད་པ་ལུགས་མང་དུ་མཆིས་ཏེ། རྒྱལ་རབས་ཡུན་པོ་གསུམ་ཞུག་བློན་པོའི་རྒྱལ་མཚན། གསང་བའམ་འབྲུ་བཏུས་ལ་སོགས་པ་མང་དུ་ཡོད་ཀྱང་བསྡུ་ན་གཉིས་ལགས་སྐད། བསྒྲགས་པ་ལྷ་རབས་བོན་ལུགས་དང་། གསང་བ་མི་རབས་ཆོས་ལུགས་སོ། །གཞུང་འདི་ཉིད་ཀྱི་ལུགས་ནས་དབྱེན་(ཨེན་)ཙམ་ཞིག་བརྗོད་ན། འོ་སྐོལ་ལྷོ་འཛམ་བུ་གླིང་གི་ལྟེ་བ། ཡུལ་གྱི་དབུས། ས་ཡི་སྒང་། གངས་རི་རྒྱུད་ཀྱིས་སྐོར་བའི་ར་བ། གངས་ཏེ་སེ་ཤེལ་གྱི་མཆོད་རྟེན་གྱི་རྩ། མཚོ་མ་བང་(ཕམ་)གཡུའི་མཎྜལ་གྱི་འགྲམ། རིན་པོ་ཆེ་གསེར་གྱི་འབྱུང་ས། ཆུ་བོ་ཆེན་པོ་བཞིའི་མགོ། ཡུལ་བོད་ཀ་གླིང་དྲུག་རི་མཐོ་ལ་ས་གཙང་བའི་གནས་འདི་ལ། དང་པོ་དབང་བྱེད་རིམ་པ་དགུ་བྱུང་ཞེས་གཏམ་རྒྱུད་རྣམས་ལས་བཤད་ནའང་། བོད་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ། བཅོམ་ལྡན་འདས་ཀྱི་གདུང་རྒྱུད་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྲས་ལྔ་མདའ་(འདའ་)བའི་བར་(པ་)བུདྡྷ་ཤྲི་ཞེས་པ་མིག་བྱ་ལྟར་ཡེས་(མས་)འགེབས་པ། རྐང་ལག་ངང་པ་ལྟར་འབྲེལ་བ། སྨིན་མ་གཡུའི་སྨིན་མ་སྐྱེས་པ། དུས་སོ་འཁོར་(མ་)གཅིག་འཁྲུངས་པས། བྲམ་ཟེ་སྨིན་མཁན་ལ་བསྟན་པ། བྲམ་ཟེ་ན་རེ། རྒྱལ་བུ་འདི་མཚན་དང་ཡང་ལྡན། སྐུ་བསོད་ཀྱང་ཤིན་ཏུ་ཆེ་སྟེ། ཡབ་མ་གྲོངས་གོང་དུ་རྒྱལ་སྲིད་བྱེད་པར་འགྱུར་ཞེས་ལུང་བསྟན་པས། ང་བསད་པའམ་ཡང་ན་སྤུན་ཟླ་བསད་ནས། ཁོ་རྒྱལ་སྲིད་བྱེད་པར་གྱུར་སྙམ་ནས། ཕྱིར་སྤྱུགས་བསམ་པ་ལ། བྲམ་ཟེ་རྣམས་ན་རེ། རྒྱལ་པོ་འདི་བྱང་ཕྱོགས་ཁ་བ་ཅན་དུ་བསྐྱལ་ན་སེམས་ཅན་ལ་ཕན་ཐོགས་པར་འགྱུར་ཞེས་ལུང་བསྟན་པས། རྐང་མགྱོགས་བཞིའི་གཉའ་བ་ལ་ཁྲི་བྱས་ནས་བྱང་གི་རི་དང་རགས་(རབ་)བསྒྲལ་ནས་བོད་ཡུལ་དབུས་ཀྱི་ལྷ་རི་གྱོང་(གྱང་)མཐོའི་ཁ་ལ་བསྐྱལ་ནས་བཞག་གོ །འདི་ལ་ཡང་བཤད་ལུགས་མི་འདྲ་བ་མང་དུ་ཡོད་ཀྱང་ཤཱཀྱའི་རིགས་ཡིན་པར་མཐུན་ནོ། །དེ་ལིང་པ་རྣམས་ཀྱིས་མཐོང་ནས་ཁྱོད་སུ་ཡིན་བྱས་པས། བཙན་པོ་ཟེར། གང་ནས་འབྱོན་བྱས་པས། སྐད་ནི་མ་ཤེས་ཏེ་ནམ་མཁའ་ལ་མཛུབ་མོ་བསྒྲད་དེ། དེ་ལིང་པ་རྣམས་ཀྱིས་ཡུལ་མི་ལ་སྐད་སྨྲས་ཏེ་མི་མང་པོ་ཕྱིན་ནས་བསྟན་པས། རྒྱལ་ཕྲན་བཅུ་གཉིས་པས། བཟང་ཞིང་དཔའ་བརྗིད་ཆེ་བ། ཡིད་དུ་འོང་བ་མཐོང་ནས། ཀུན་མཐུན་པར་འོ་སྐོལ་ལ་རྗེ་མེད་ཀྱི་རྗེའུ་སྤྱོན་དགོས་ཟེར་ནས། བཙན་ཁྱུངས་དང་སྣུབས་གཉིས། གཉར་ར་རྩེ་དང་གཙོ་གཉིས། ཁུ་སྲེགས་གཉིས་ཏེ་འབངས་རུས་དྲུག་གིས་སྤྱན་དྲངས། ར་སངས་དར་པ་དང་ཁྱུང་པོས་ཁོད་པ་བྱས། མེ་ཉག་གི་བཤེས་གཉེན་བློན་པོར་བསྐོས། དེ་མགོ་ནག་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ཏེ་མཚན་ཡང་གཉའ་བའི་ཁྲི་ལ་བཏེགས་པས་རྗེ་གཉའ་ཁྲི་བཙད་པོ་ཞེས་མཚན་དུ་གསོལ་ཏེ། ཡུལ་ཡར་ལུང་སྦ་ཀ་བཟུང་ཞེས་སྨྲའོ། །སྐུ་མཁར་྿(ཕོ་བྲང་ཡུམ་བུ་གླ་སྒང་ཡིན་ནམ་སེམས། དཔེ་སྒྲིག་པའི་མཆན་)མངའ་ཐང་དང་བཀའ་ཁྲིམས་ཀྱིས་སྐུ་བརྒྱན་མཛད། འཇིག་རྟེན་ཆོས་བཞིན་དུ་བསྐྱངས་པས་རྒྱལ་ཁམས་བདེ་ཞིང་སྐྱིད། སྐུ་སྲུང་སྡེ་བཞིས་སྐུ་བསྲུངས། རྒོད་ལྡོང་སྡེ་མི་བཞི་བཅུ་རྩ་བཞིས་ཕྱི་དགྲ་འདུལ། གཡུར་(གཡུང་)ལྡོང་སྡེ་བཞི་བཅུ་རྩ་བཞིས་ནི་ནང་གི་ཚ་ཁ་སྙོམས། སོ་ཁ་བཞིར་ནི་སོ་འཛུགས། ཁྲོམ་ཁ་བརྒྱད་ཀྱིས་ནི་སོ་ཁའི་དགྲ་འདུལ། རོང་དོར་ཁབ་སོ་ཉི་ཤུ་རྩ་གཉིས་ཀྱིས་བང་མཛོད་འགྱིངས། ཚོང་འདུས་བཅུ་གཉིས་ནས་ནོར་གྱི་དབྱིག་འབུལ། ལེགས་ཉེས་ཀྱི་བྱ་དགས་དཔའ་མཛངས་ཀྱི་ཤན་འབྱེད། ནོངས་ཀྱི་ཆད་པས་ངན་གཡོའི་ཁུངས་སྣུབས། མཛངས་སྣ་ལྔ་གསེར་གཡུ་དང་ཡིག་ཚང་གིས་བསྟོད། དཔའ་སྣ་ལྔ་སེང་གེ་དང་གུང་སྟག་གིས་བརྒྱན། མགྱོགས་སྣ་ལྔ་ཕྱིབས་(ཆིབས་)མཛད་ནས་རྒྱུགས་སུ་སྤྲོ། རྗེའི་བཀའ་ཁྲིམས་ནི་གངས་ལ་ཉི་མ་ཤར་བ་དང་འདྲ། མཛད་པ་ལས་སུ་ཕོ་བྲང་འོམ་བུ་བླ་སྒང་བརྩིགས། རྐུ་འཕྲོག་པ། རྫུན་སྤོང་ཞིང་། ཚོང་དང་ཁེ་སྤོགས་ལ་ལྟ། རྒྱལ་ཁམས་ཐམས་ཅད་བདེ་ཞིང་མངའ་ཐང་ཐམས་ཅད་སྐྱིད་པས། དེ་ལྟར་ཚོ་ཆེ་ཞིང་ཁུངས་བཙུན་པ་ཡིན་ནོ། །དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་མེ་ཁྲི་བཙན་པོ། དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་སྲིབས་ཁྲི་བཙན་པོ། འདི་བདུན་ལ་གནམ་གྱི་ཁྲི་བདུན་ཟེར། དེ་ཡང་འཁོར་སྣ་བདུན་ལས། ཁྲི་བདུན་དབང་པོ་(བང་སོ་)གནམ་དུ་བཏབ། ལྷ་ལུས་རོ་མེད་འཇའ་ལྟར་ཡལ། །ཞེས་དེ་དག་ལ་དབུ་ལ་འོད་ཀྱི་ལྷ་དག་ཡོད་པས་དགུང་ལོ་མང་དུ་བཞུགས་ཤིང་། སྲས་འོག་ཆིབས་ཁ་ཐུབ་ཙ་ན། ཡབ་གོང་མ་གོང་མ་རྣམས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་བདེ་བར་གཤེགས་སོ། །སྲིབས་ཁྲི་བཙན་པོའི་སྲས་གྲི་གུང་(གུམ་)བཙན་པོ། དེའི་སྲས་ཤ་ཁྲི། ཉ་ཁྲི། བྱ་ཁྲི་གསུམ།

བྱ་ཁྲི་ལ་སྤུ་དེ་གུང་རྒྱལ་དུ་མཚན་གསོལ་ནས་ཡར་ལུང་གི་སྐུ་མཁར་ཆེན་མོར་བཞུགས་ནས། རྒྱལ་པོ་འདིའི་དུས་སུ་གཡུང་དྲུང་བོན་བྱུང་ངོ་། །གཞན་ཡང་། ཤིང་བསྲེགས་པའི་སྙིང་པོ་སོལ་བ། ཀོ་བ་བཞུ་བའི་སྙིང་པོ་ལ་སྤྱིན་བྱུང་། ལྕགས་རྡོ་ཟངས་རྡོ་དངུལ་རྡོ་གསུམ་རྙེད་ནས། སོལ་བས་རྡོ་གསུམ་བཞུས་ནས། དངུལ་ཟངས་ལྕགས་གསུམ་སྟོན་(བཏོན།) ཤིང་ལ་བུག་པ་ཕུག་ནས་ཤོལ་དང་གཉའ་ཤིང་བཅོས། མཐུན་གཉིས་གཉའ་རུ་སྡེབས་ནས་ཐང་རྣམས་ཞིང་དུ་རྨོས། རྒྱ་མཚོ་ཡུར་ལ་དྲངས་ནས་ཆུ་ལ་ཟམ་པ་འཛུགས། དེ་ལ་སོགས་པའི་ལས་ཐབས་མང་དུ་བྱུང་། དེ་ཡི་སྲས་ཨ་ཤོ་ལེགས། དེའི་སྲས་ཨེ་ཤོ་ལེགས། རྒྱལ་པོ་འདི་ཡིས་ཕོ་བྲང་ཕྱི་དབང་(ཕྱིང་དབར་)སྟག་རྩེ་བརྩིགས། ཕོ་བྲང་སྐུ་མཁར་བརྩིགས་པའི་སྔ་ཤོས་དེ་ཡིན་ནོ། །དེའི་སྲས་དེ་ཤོ་ལེགས། འདིའི་རིངས་ལ་གླུ་དང་བྲོ་དར། དེའི་སྲས་གྱུ་(གུང་)རུ་ལེགས། དེའི་སྲས་འབྲོང་རྗེ་ལེགས། དེའི་སྲས་ཐོང་ཤོ་ལེགས། འདི་རྣམས་ལ་སའི་ལེགས་དྲུག་ཟེར། དེའི་སྲས་ཟིན་ལྡེ་དང་། ལྡེ་འཕྲུལ་གནམ་གཞུང་བཙན། ལྡེ་རྒྱལ་པོ་བཙན། སེ་སྣོལ་ནམ་ལྡེ། སེ་རྣོལ་པོ་ལྡེ། ལྡེ་ལམ་(ལྡེ་རྣོལ་ནམ།) ལྡེ་རྣོལ་པོ། སྤྲིན་བཙན་ལྡེ། འདི་རྣམས་ནི་སའི་ལྡེ་བརྒྱད་དོ། །དེའི་སྲས་ཐོ་ཐོ་རེ་ལོང་བཙན་(རྒྱལ་ཏོ་རོ་ལོང་བཙན་)ཞེས་བྱ་སྟེ། ཡབ་ཡན་ཆད་ཡུམ་ལྷ་མོ་དང་ཀླུ་མོ་ཡིན་ནོ། །འདི་མན་ཆད་འབངས་དང་གཉེན་བསྲེས་ཏེ་ཐོ་ཐོ་རེ་ལོང་བཙན་(རྒྱལ་ཏོ་རི་ལོང་བཙན་དང་)སྨ་ཚ་ཀླུ་རྒྱལ་ཞེས་པའི་སྲས་ཁྲི་བཙན། འདིའི་རིངས་ལ་བསྲུང་དང་ལྡེམ་(སྒྲུང་དང་ལྡེའུ་)དང་། དེའི་སྲས་ཁྲི་ཐོག་རྗེ་ཐོག་བཙན། དེ་ཡི་སྲས་ལྷ་ཐོ་ཐོ་རི་སྙན་བཤལ་ཞེས་པ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེས་དགུང་ལོ་དྲུག་ཅུ་རེ་གཉིས་ཀྱི་བར་དུ་རྒྱལ་སྲིད་བསྐྱངས་ཏེ། མ་བརྩིགས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ་འུམ་བུ་རྫོང་མཁར་ལ་བཞུགས་པའི་དུས་སུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་སྔ་ལྟས་ལ། ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པས་ཟ་མ་ཏོག་བཀོད་པའི་མདོ། པང་ཀོང་ཕྱག་རྒྱ་པ། སྙིང་པོ་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་ཁྲུ་གང་། ཚི་རྣམས་མ་ཎི་ཚ་ཚ་དང་། མུ་ཏྲའི་ཕྱག་རྒྱ་རྣམས་ཉི་མའི་འོད་ཟེར་ལ་འགྲོགས་ཏེ་རྒྱལ་པོའི་ཕོ་བྲང་དུ་བབ་པས། བོན་རྣམས་ཆོས་སམ་ཅི་ཡིན་ནི་མ་ཤེས། གསེར་སྐྱེམས་དང་གཡུ་ཕུད་ཀྱིས་མཆོད་པས་བྱིན་རླབས་བྱུང་སྟེ་དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་བོ། །

རྒྱལ་པོ་འདིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ནོ། །དེའི་སྲས་ཁྲི་སྙན་བཟུང་བཙན། དེའི་རིང་ལ་འབྲོག་སྐྱོང་བ་དང་། ཞིང་གི་ཐུལ་སྡེབས་དང་། མཚོ་ལ་སྟར་ཀ་བྱས་ནས་ཡུར་བར་དྲངས་པ་དང་། ཕུ་ཆུ་རྫིང་ལ་བསྐྱིལ་ནས་མཚན་ཆུ་ཉིན་ལ་དྲངས་པ་སོགས་དེའི་དུས་སུ་བྱུང་ངོ་། །དེའི་སྲས་འབྲང་(འབྲོང་)སྙན་ལྡེ་རུ། དེའི་སྲས་སྟག་རི་སྙན་(གཉན་)གཟིགས། རྒྱལ་པོ་འདིའི་རིང་ལ་མཛོ་དང་དྲེའུ་སྲེ་བ། ནོར་གྱི་རིན་ཐང་གཅོད་པ། རིའི་རྩྭ་ལ་ཆུན་པོ་བྱ་བ་སོགས་བྱུང་ངོ་། །དེ་ཡི་སྲས་གནམ་རི་སྲོང་བཙན། རྒྱལ་པོ་འདིའི་དུས་སུ་རྒྱ་ནག་ནས་སྨན་དང་རྩིས་བྱུང་། རྒྱ་དང་གྲུ་གུ། ནུབ་ཕྱོགས་གཉའ་ཞུར་གྱི་རྒྱལ་པོ་ལ་སོགས་པ་བཏུལ། བྱང་ནས་ཚྭ་རྙེད། སྐུ་མཁར་ཁྲི་རྩེགས་འབུམ་གདུགས་བྱ་བ་བརྩིགས་སོ། །དེ་ཡི་སྲས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོ། རྒྱལ་པོ་འདིའི་རིངས་ལ། མཐའི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་རྒྱལ་ཕྲན་ཐམས་ཅད་ཀྱིས་སོ་སོ་ནས་སྐུ་སྐྱེས་འབུལ་ཞིང་འཕྲིན་ཡིག་བསྐུར་རོ། །རྒྱལ་པོ་འདིས་མཛད་པ་ཕྱག་རྗེས་ཀྱི་རྒྱ་བསམ་གྱིས་མི་ཁྱབ་པ་མཛད་ཀྱང་། ཕྱོགས་ཀྱི་ཕྲིན་ཡིག་རྣམས་ཀྱི་ལན་བསྐུར་བ་ལ། བོད་ལ་ཡི་གེ་མེད་པ་དང་། མེས་ཐོ་ཐོ་རི་སྙན་ཤལ་གྱི་མཆོད་གནས་གཉན་པོ་གསང་བ་ཡང་རྒྱ་གར་གྱི་ཡི་(གེར་)འདུག་པས་བོད་ཡིག་ཏུ་བྱས་ཏེ་བསྒྱུར་དགོས་པར་དགོངས་ནས། ཐོན་མི་ཨ་ནུའི་བུ་ལ་གསེར་བྲེ་གང་བསྐུར་ནས་གཡོག་འཁོར་བཅུ་དྲུག་དང་བཅས་ཏེ་ཁ་ཆེར་ཡི་གེ་སློབ་ཏུ་བཏང་ངོ་། །དེ་དག་[གིས་]བྲམ་ཟེ་ལི་བྱིན་ལས་ཡི་གེ་བསླབས། པཎྜི་ཏ་སེང་གེ་ལས་སྒྲ་བསླབས་ཏེ་བོད་སྐད་དང་བསྟུན་ནས་གསལ་བྱེད་ཉི་ཤུ་རྩ་བཞི་དྲུག་རིང་བཅོས་ནས་སུམ་ཅུར་མཛད། གཞན་ཡང་ཁ་ཆེ་ནཱ་ག་རའི་ཡི་གེ་དང་བསྟུན་ནས་བསྒྱུར་རོ། །དེ་ནས་ཐོན་མི་བོད་དུ་ཕེབས། རྒྱལ་པོ་ཨུ་(དབུ་)རུའི་བཙུན་མོ་ཚལ་དུ་བཞུགས་པ་དང་མཇལ། རྒྱལ་པོའི་ཞལ་ནས། ཁྱེད་ཀྱིས་ཡི་གེ་དང་སྒྲ་ལོབས་སམ། སྤྱན་རས་གཟིགས་ལ་བསྟོད་པ་གཅིག་གིས་དང་སྨྲས་པས། ཐོན་མིས། ཞལ་རས་གསལ་ལ་ངོ་(ངང་)མདངས་གང་ལ་བཟང་། །ཞེས་པའི་ཤོ་ལོ་ཀ་བྲིས་ཏེ་ཕུལ་བས་རྒྱལ་པོ་ཤིན་ཏུ་མཉེས་ཏེ། བྱིན་གྱི་ཁོག་མར་རྡོའི་གཙུག་ལག་ཁང་བརྩེགས་ཏེ་སྤྱན་རས་གཟིགས་ཀྱི་མདུན་དུ་ཡི་གེ་རྡོ་ལ་བྲིས་ཏེ་བཞག་གོ །

བོད་དུ་ཡི་གེ་དང་གཙུག་ལག་ཁང་ལ་སྔ་བ་དེ་གཉིས་ཡིན་ནོ། །དེ་ནས་བལ་པོ་ནས་ཁྲོ་གཉེར་མའི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་བློན་པོ་ཐོན་མི་སམ་བྷོ་ཊས་གདན་དྲངས། དེའི་རྫོངས་ལ་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙན་དན་གྱི་ཇོ་མོ་སྒྲོལ་མ་རྣམས་སྤྱན་དྲངས། རྒྱ་ནག་ནས་སྒྲོལ་མའི་སྤྲུལ་པ་རྒྱ་མོ་བཟའ་ཀོང་ཇོ་བློན་པོ་རིག་པ་ཅན་གྱིས་གདན་དྲངས། དེའི་རྫོངས་ལ་ཇོ་བོ་རིན་པོ་ཆེ། གཞན་ཡང་འཇིག་རྟེན་ལུགས་ཀྱི་འབྲས་ཆང་། ནས་ཆང་། མདོར་ན་ཟས་ཀྱི་ཡོ་བྱད་ཚང་བ། འོ་མ་ཞོ་རུ་བསྒྱུར་བ། ཞོ་ལ་མར་དང་དར། ད་ར་མཐུད་(ཐུད་)དུ་བསྒྱུར་བ། ཁམ་ས་རྫ་རུ་བསྒྱུར་བ། རང་འཐག་ཆུས་བསྐོར་བ། ཐགས་ཁྲི་ཐག་དང་། བཟོའི་རིག་པ་མང་དུ་བྱུང་ངོ་། །གཞན་ཡང་ལྷ་ས་ར་མོ་ཆེ་ལ་སོགས་པའི་གཙུག་ལག་ཁང་དཔག་ཏུ་མེད་པ་བཞེངས། དམར་པོ་རི་དང་ལྕགས་ཕོ་(པོ་)རི་ལ་ཕོ་བྲང་བཏབ། རི་གཉིས་ཀྱི་བར་ལྕགས་ཐག་གིས་སྦྲེལ་བའི་ལྡེམ་(ཟམ་)བཙུགས། གཙུག་ལག་ཁང་དང་མཁར་དགུ་བརྒྱ་ཙམ་བརྩིགས་སོ། །དེའི་ཚེ་རྒྱ་གར་ནས་སློབ་དཔོན་ཀུ་མ་ར་དང་། བལ་པོའི་སློབ་དཔོན་ཤྲི་མཉྫུ་དང་། ཁ་ཆེའི་སློབ་དཔོན་ཏ་བུ་ཏ་དང་། གྷ་ནུ་ཏ་དང་། བྲམ་ཟེ་ལི་བྱིན་དང་། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་དེ་བ་རྣམས་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་དང་། དྷརྨ་གོ་ཆ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ། རྒྱལ་པོ་འདིའི་རིང་ལ་ཤར་ཙ་མི་དང་ཤིང་མི། ལྷོ་གློ་བོ་དང་ཞང་ཞུང་། བྱང་ཧོར་གྱི་རྒྱལ་ཁམས་ལ་སོས་པ་དབང་དུ་བསྡུས་ནས། དམ་པ་ཆོས་ཀྱི་སྲོལ་བསྟོད་(གཏོད་)པ་ཡིན་ནོ། །དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ། རྒྱལ་པོ་འདིའི་དུས་ཤར་རྒྱལ་པོའི་ཆུ། ལྷོའི་བལ་པོའི་ཤིང་ཁུག བྱང་ཧོར་གྱི་ཀྲ་ཀྲག་དར་ཆེན། ནུབ་ལ་བོ་ཆུན་རིངས། སྦལ་ཏི་གྱི་སྲང་གི་ནང་གོང་། སྨད་ཀྱི་ཤིང་དཀར་ཚུན་ཆད་མངའ་འོག་ཏུ་འདུས་ཏེ། རྒྱ་ནས་ཇ་དང་། ཇ་དྷ་མན། སུར་རྣ། འབུར་སྐོ། རྒྱ་གླིང་ལ་སོགས་བྱུང་ངོ་། །གཞན་ཡང་རྩལ་པོ་ཆེའི་མི་བདུན་བྱུང་སྟེ། ཁྲི་བདུན་ཡུལ་བྱིན་གྱིས་བྲག་ཤོངས་འདོམ་དགུ་ལ་འཕྱོངས་(མཆོངས་)ནུས། གསལ་སྣང་དུང་གྲགས་ཀྱིས་གཡག་རྒོད་ཀྱི་རྐང་པ་ནས་བརྟེག་(འདེགས་)ནུས། ཨ་ཐོག་རྒོད་བཙན་གྱིས་སེང་གེ་སྟག་སྤུ་ནས་བཟུང་ནུས། ཅོག་རོ་(ཀླུ་)གོང་གིས་ཤིང་སྦོམ་འདོམ་དོ་ལ་མདའ་ཡིས་འབིགས་ནུས། འབྲོ་ལྟག་བཟང་གིས་མཁར་སྐྱ་ཆུས་འབེབས་ནུས། འགོས་གཡག་ཆུང་གིས་ཤ་བའི་བྲུད་(རླིད་)བུ་གསེར་གྱིས་བཀང་ནས་ཀླད་ལ་བསྐོར་ནུས། སྔ་གོང་བོད་ཀྱི་རྒྱལ་པོ་རྣམས་ལས་མཐུ་སྟོབས་ཆེ་བ་ཞིག་ཡིན་ནོ། །

དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་རྒྱལ་པོ། རྒྱལ་པོ་དེའི་རིངས་ལ་ལྷ་ས་ཁ་བྲག་དར་ཕུ་ཁར་བཏབ། མདོ་སྨད་སྒང་། གླིང་བཅུ་ཁྲི་རྩེ། བྲག་དམར་དུ་ག་ཆུ་ཤར་སྒོ། ཕད་ཐང་ཀ་མེད། ཀ་ཆུ་པན་ཆུང་། བྲག་དམར་མགྲིན་བཟང་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཞེངས། བྲན་ཀ་སུ་དགུ་ཤོ་ཀ་དང་གཉགས་ཛྙཱ་ན་ཀུ་མ་རས་ལོ་ཙཱ་བྱས་ཏེ་མདོ་གསེར་འོད་དམ་པ་དང་ལས་བརྒྱ་པ་གཉིས་བསྒྱུར། པི་ཙི་ཙནྡྲ་ཤྲིས་སྨན་དཔྱད་དང་རྩིས་ལ་སོགས་པ་བསྒྱུར་ནས་ཆོས་སྲོལ་ཆེན་མོ་བཙུགས་སོ། །དེའི་སྲས་བྱང་ཆུབ་སེམས་དཔའ་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན། རྒྱལ་པོ་དེས་རྒྱ་གར་ནས་མཁན་པོ་བྷོ་དྷི་ས་ཏྭ་སྤྱན་དྲངས་ནས་ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བྱས་ནས། དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་འཁྲུགས་པས་དམར་པོ་རི་ལ་ཐོག་བརྒྱབ། ཕང་ཐང་ཆུས་ཁྱེར། མི་ནད་ཕྱུགས་ནད་མང་པོ་བྱུང་བས། མཁན་པོའི་ཞལ་ནས། ངོས་ཆོས་བཤད་པ་ལ་བོད་ཀྱི་ལྷ་སྲིན་མི་དགའ་བར་འདུག་པས། ལྷ་སྲིན་འདུལ་བ་ལ་ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་པད་མ་འབྱུང་གནས་སྤྱན་དྲོངས། འོ་སྐོལ་གསུམ་སངས་རྒྱས་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་སྨོན་ལམ་གཅིག་པ་ཡིན་གསུངས་པས། སྦ་གསལ་སྣང་དང་། ལྕོག་རོ་ལེགས་སྒྲ་གཉིས་བཏང་ནས་སློབ་དཔོན་གདན་དྲངས་ནས། བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ནས། རྒྱ་གར་གྱི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྒྱ་གར་གྱི་པཎྜི་མང་པོ་དང་ལོ་ཙཱ་བ་སད་མི་བདུན་གྱིས་སྡེ་སྣོད་གསུམ་དང་། གསང་སྔགས་ཀྱི་རྒྱུད་སྡེ་དང་པོ་གསུམ་དང་། མདོར་ན་རྒྱལ་པོ་ཡོན་མཆོད་གསུམ་གྱིས་བོད་མུན་པའི་གླིང་འདྲ་བར་དམ་ཆོས་གཙང་ལ་མ་ནོར་བར་དར་ཞིང་རྒྱས་པར་མཛད་དོ། །འབངས་ཀྱི་ནང་ནས་རབ་ཏུ་བྱུང་བ་ལའང་ཞབས་འོག་གི་རྡེའུ་དབུའི་གཙུག་ཏུ་ཁུར་བའི་ཁྲིམས་མཛད་ནས། བསམ་ཡས་ལ་བཤད་གྲྭ་དང་མཆིང་(མཆིམས་)བུ་ལ་སྒོམ་གྲྭ་བཙུགས། ཕོ་བྲང་རླུང་ཚུགས་སུ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་དང་ཚངས་པའི་འབྱུང་གནས་གཉིས་བཏབ། དེའི་དུས་སུ་སློབ་དཔོན་པད་མས་རྒྱལ་པོ་ལ་རིག་འཛིན་གྱི་ཚེ་ཆུ་གནང་བས། བློན་པོ་དེ་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོ་ལ་མོན་གྱི་སྨྱོ་ཆུ་དུག་ཡིན་པས་མི་གསོལ་བར་ཞུ་ཞུས་པས། རྒྱལ་པོ་ཡང་ཐེ་ཚོམ་དུ་གྱུར་ཏེ་མ་གསོལ། ནད་དུ་མཛེ་མི་ཡོང་བའི་ཕྱིར་ཀླུའི་རྒྱལ་པོ་མ་དྲོས་གཟི་ཅན་དམ་ལ་བཏགས་ནས་རྡོ་རྗེ་བསྣུན་པས། ཟིལ་ཆེན་ཁྱེའུ་གཅིག་ཏུ་སྤྲུལ་ནས་རྒྱལ་པོ་ལ་གྲོགས་པོ་བཅོལ་ནས་ཅི་འདོད་པའི་དངོས་གྲུབ་གཏོར་(སྟེར་)བར་ཁས་བླངས། རྒྱལ་པོས་ཀླུའི་ངོ་ཆེན་མཛད་པས་ཐུགས་དམ་གློད་དོ། །དེ་ནས་སློབ་དཔོན་ལྷོ་ནུབ་རྔ་ཡབ་ཏུ་སྲིན་པོ་འདུལ་དུ་བཞུད་པ་ཡིན་ནོ། །

དེའི་དུས་སུ་བོད་ཐམས་ཅད་བདེ་ཞིང་སྐྱིད་པ། སྐྱེ་བོའི་ཚོགས་མང་བ། ལོ་ལེགས་པ། དུས་ཀྱི་འཁྲུགས་པ་མེད་པ། མཐའ་བཞིའི་སྡེ་ཐམས་ཅད་མནན་ཏེ། ཤར་རྒྱ་ནག ལྷོ་རྒྱ་གར། ནུབ་སྦལ་ཏི་དང་འབྲུ་ཤལ། བྱང་ཧོར་གྱི་ས་ཡི་ཆ་ཨོ་དོན་ཀས་དཀར་རྣམས་དབང་དུ་བསྡུས་ཏེ་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་ཤིན་ཏུ་བཙན་པར་མཛད་ནས། རྒྱལ་པོ་འདིའི་རིངས་ལ་བོན་སྣུབས་ཤིང་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །དེས་ན། རྒྱལ་བའི་རྒྱལ་ཚབ་དམ་པ་ཞི་བ་འཚོ། །སྔགས་འཆང་བླ་མེད་དགེ་སྦྱོང་པད་མ་འབྱུང་། །མཁས་པའི་གཙུག་རྒྱན་ཀ་མ་ལ་ཤི་ལ། །ཁྲི་སྲོང་ལྡེའུ་བཙན་ལྷག་པའི་བསམ་པ་ཅན། །བོད་ཡུལ་མུན་པ་ཉི་མ་ཤར་བ་བཞིན། །དམ་ཆོས་སྣང་བ་ཕྱོགས་མཐར་རྒྱས་མཛད་པ། །བཀའ་དྲིན་འཁོར་མེད་དམ་པ་བཞི་ཀ་ལ། །བོད་རྣམས་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་ཁ་ཏོན་ཡང་བྱས་སོ། །དེ་ཡི་སྲས་མུ་ཁྲི་བཙན་པོ། རྒྱལ་པོ་དེ་ཡིས་ཡབ་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་བསམ་ཡས་སུ་འདུལ་བ་མངོན་པ་མདོ་སྡེ་གསུམ་གྱི་མཆོད་པ་བཙུགས། ཆོས་བྱེད་པ་ལ་འཚོ་བ་བླ་ནས་སྦྱོར། བོད་ཀྱི་ཕྱུག་ལྟོགས་ལན་གསུམ་སྙོམས། རྒྱ་དང་གཉིས་ཀའི་ཆ་ནས་ཡབ་ལ་འདུད་པ་ཙམ་གྱི་(དུ་)རང་མ་བྱུང་ཡང་བཟང་མཛད། རྒྱ་དང་བོད་ས་བགོས་བྱས་ནས་བོད་(ལ་)དབང་བའི་རྩྭ་ཐམས་ཅད་རྩེ་མོ་བོད་དུ་བལྟས་ནས་སྐྱེས་སོ། །དེའི་སྲས་སད་ན་ལེགས། རྒྱལ་པོ་དེས་རྒྱ་སྡེའི་སྐར་(དཀར་)ཆུང་རྡོར་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། པཎྜི་ཏ་ཀ་མ་ལ་ཤི་ལ་སོགས་གདན་དྲངས། གཉགས་ཛྙཱ་ན་ཀུ་མ་རས་ལོ་ཙཱ་བྱས་ཏེ་སྔར་མེད་པའི་ཆོས་མང་པོ་བསྒྱུར་རོ། །དེའི་སྲས་གཙང་མ། རལ་པ་ཅན། གླང་དར་མ། བཙུན་མོ་ཆུང་བ་གཅིག་ལ་ལྷ་རྗེ་དང་ལྷུན་གྲུབ་གཉིས་དང་ལྔ་འཁྲུངས་སོ། །སྲས་ཆེ་བ་གཙང་མ་ཆོས་ལ་དགའ་སྟེ་རབ་ཏུ་བྱུང་ནས་མི་ཆོས་ལ་གདམས་པའི་བསྟན་བཅོས་གཅིག་ཀྱང་མཛད། དར་མ་ནི་སྡིག་ལ་དགའ་སྟེ་རྗེའི་འོས་མིན། བར་པ་རལ་པ་ཅན་ལ་རྒྱལ་སྲིད་གཏད་དོ། །དེས་འུ་ཤང་རྡོའི་གྲོང་ཁྱེར་བཏབ་ནས་གཙུག་ལག་ཁང་རྒྱ་ཕིབས་གཡུ་སྔོན་ཅན་བཞེངས། སྔོན་ཡབ་མེས་ཀྱི་རིང་ལ་རྒྱ་དང་། ལི་དང་། ཟ་ཧོར་དང་། ཁ་ཆེ་ལ་སོགས་པ་སྣ་ཚོགས་ནས་ཆོས་མང་པོ་བསྒྱུར་བས་བརྡ་མི་འདྲ་བ་མང་པོ་འདུག་པས། ཆོས་སློབ་དཀའ་བ་ཡིན་གསུང་ནས། རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ། ཤི་ལནྡྲ་བྷོ་ཏི། དྷ་ན་ཤི་ལ་སོགས་པ་གདན་དྲངས། བོད་ཀྱི་ལོ་ཙཱ་བ་བཀའ་(སྐ་)ཅོག་གཉིས་དང་། བན་དེ་ཡེ་ཤེས་སྡེ་རྣམས་ཀྱིས་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཐ་ན་བྲེ་དང་སྲང་ལ་སོགས་པ་རྒྱ་གར་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རྣམས་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། རྒྱལ་པོ་དབུས་ལ་བཞུས་པ་ལ་དབུའི་རལ་པ་གཡས་གཡོན་གྱི་སྣ་ལ་དར་ཡུག་བཏགས་ནས་རབ་ཏུ་བྱུང་བ་རྣམས་དེར་བཞུགས་བཅུག་པ་དང་། གཡས་གྲལ་གཡོན་གྲལ་གུང་གྲལ་དང་གསུམ། ཡོན་ཏན་ཅན་ལ་དེའི་དུས་ཕུལ་པ་ཡིན་ནོ། །རྒྱལ་པོ་དེའི་རིང་ལ་ཤར་ཕྱོང་པོ་ལོ་ཤན་གྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་རྒྱ་ནག་པོ་ཟད་པའི་ས་མཚམས་ལ་གཏུགས་ཏེ་དབང་དུ་འདུས། དེར་རྡོ་རིང་བཙུགས་ཏེ་འདི་མན་ཆོད་དབང་བ་ཡིན་ཞེས་པའི་ཡི་གེ་བྲིས་ཏེ་བཞག ལྷོ་ཕྱོགས་གློ་བོ་མོན། རྒྱ་གར་ལི། ཟ་ཧོར། གངྒའི་རྒྱ་མཚོ་ལྕགས་ཀྱི་པ་ཏྲ་གདོང་ཚུན་ཆོད་དབང་དུ་འདུས། ནུབ་ཕྱོགས་སྟག་གཟིག་གི་མཚམས་གྲུ་ཤ་ལ་སོགས་དབང་དུ་བསྡུས། བྱང་ཧོར་གྱི་རྒྱལ་ཁམས་ཐམས་ཅད་དབང་དུ་འདུས་ཏེ། ལྷོ་འཛམ་བུ་གླིང་སུམ་གཉིས་ལ་མངའ་མཛད་ཅིང་མཐའ་དབུས་ཀུན་ཏུ་གཙུག་ལག་ཁང་བརྒྱ་རྩ་བཞེངས་སོ། །འདི་ཡན་ཆད་བསྟན་པ་སྔ་དར་ཡིན་ནོ། །

དེ་(ནས་)མངའ་བདག་དར་མ་དབྱིག་དུར་(འུ་དུམ་)བཙན་གྱི་སྐུ་རིང་ལ་ཆོས་ཀྱི་བསྟན་པ་ནུབ་པ་ལ་བོད་ཡུལ་དུ་མངའ་བདག་རལ་པ་ཅན་གྱིས་པཎྜི་ཏ་མང་པོ་སྤྱན་དྲངས་པ་དང་། གསེར་བྲེས་ཕུལ་བ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་མུ་སྟེགས་ཀྱི་བྲམ་ཟེར་བཞིས་མ་ཐེག་ནས་བོད་ཡུལ་ཕུང་པའི་ཕུང་འགོང་བཞིར་སྐྱེ་བར་སྨོན་ལམ་བཏབ་ནས་ལྕེབས་པས་འདོད་པ་བ་སྟེ། མངའ་བདག་དར་མ་དབྱིག་དུར་(འུ་དུམ་)བཙན་དང་། ཅོག་རོ་ལེགས་སྒྲ་དང་། དབས་དོ་རེ་སྟག་སྙ་དང་། འབལ་འཁོར་ཞེར་ལེགས་པ་དང་བཞིའི་ཐུགས་ཡིད་དུ་ཕུང་འགོང་ནག་པོ་དང་། གནམ་རྡེའུ་དཀར་པོ་དང་། ས་ཐེའུ་ནག་པོ་དང་། བྱང་རོང་གི་ཏེ་བཞིའི་གདོན་ཞུགས་ཏེ། རབ་ཏུ་བྱུང་བ་ཀུན་ཕབ། ལྷ་ཤཱཀྱ་མུ་ནེ་ཆུ་ལ་བཀལ་བ་ལ་བསྒུལ་ཡང་མ་ནུས་པས་ས་འོག་ཏུ་སྦས། བྱམས་པ་ཆོས་ཀྱི་འཁོར་ལོ་བྱེད་མའི་འོག་ཏུ་སྦས། ལྷ་ས་བསམ་ཡས་འཕྲུལ་སྣང་རྣམས་ཀྱི་སྒོ་བརྩིགས་ཏེ་ཞལ་བ་བྱས་ཏེ་བཙུན་པ་ཆང་འཐུང་བའི་ཡི་གེ་བྲིས། བཙུན་པའི་རྟགས་མ་བོར་བ་ལ་ལ་སྤྱུགས། ལ་ལ་བྲོས། ལུས་པ་རྣམས་ལ་རྔ་ཤང་དང་མདའུ་གཞུ་ཁྱི་(བཅས་)གཏད་དེ་ལིང་ལ་བཏང་། ལ་ལ་ལ་ཤན་པ་བཅོལ། ཕྱིས་ཆོས་བྱེད་པའི་སྲོལ་མ་བཙུགས། འབངས་རྣམས་ལ་ཡང་མ་གནོངས་པར་དཀའ་ཆད་ཕབ་པས་བཀའ་ཁྲིམས་མགོ་ནས་བཤིག མངའ་རིས་མཐའ་ནས་འགྲས་པ་ཡིན་ནོ། །དེ་ཚེ་རྒྱ་ན་བོད་(ལ་)དབང་བའི་རི་གཅིག་ཡོད་པ་རྡིབ། བོད་ནས་རྒྱ་ལ་འབབ་པའི་ཆུ་བོ་ཆེན་པོ་རྨ་ཆུ་སྐྱངས་བྱ་བ་ཡར་ལ་ཞག་གསུམ་ལོག དེ་ལ་སོགས་པའི་ལྟས་ངན་མང་པོ་བྱུང་ངོ་། །དེ་ནས་རིང་ཞིག་ནས་ཡེར་པའི་ལྷ་རི་སྙིང་པོ་ལ། ལྷ་ལུང་དཔལ་གྱི་རྡོ་རྗེ་སྒོམ་གྱིས་(གྱིན་)ཡོད་པས་ཚོར་ཏེ་བཙན་པོ་ལ་སྙིང་རྗེ་ཁྱད་པར་ཅན་སྐྱེས་ནས་བཀྲོང་སྐད།

དེ་ལྟར་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་ན། བསྟན་པ་ཕྱི་དར་གྱི་ཚུལ་ནི། གླང་དར་མའི་སྲས་འོད་སྲུང་། ཁོང་གིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནས་སྨན་བླའི་མཆོད་ཐོག་ཞུས་ནས་སྨོན་ལམ་བཏབ། སྨན་བླའི་བྱིན་རླབས་ཀྱིས་རྒྱལ་སྲིད་ཀྱང་ཟིན། མེས་གོང་མ་རྣམས་ཀྱི་བཀའ་དྲིན་ལྟར་ཆོས་ཁྲིམས་དང་ཆོས་རྩིགས་(གཙིགས་)དམ་དུ་ཞེས་(བཞེད་)དེ་མངའ་རིས་ཆོས་བཞིན་དུ་བསྐྱངས་སོ། །གཞན་ཡང་གཙང་རབ་གསལ་དང་།གཡོ་དགེ་འབྱུང་། དགེ་བ་རབ་གསལ་དང་། སྤ་རབ་(སྦ་རག་)སོགས་བཅུ་བསྙེན་པར་རྫོགས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ། །གཞན་ཡང་གཙུག་ལག་ཁང་གནམ་གྱི་སྐར་མ་ལྟ་བུ་བཞེངས་སོ། །དེའི་སྲས་ལྡེ་དཔལ་འཁོར་བཙན། རྒྱལ་པོ་འདིའི་རིང་ལ་སྟོད་མངའ་རིས་ཀྱི་གཙུག་ལག་ཁང་ལ་སོགས་པ་གཙུག་ལག་ཁང་བརྒྱད་བཞེངས། འབུམ་ལ་སོགས་པའི་གསུང་རབ་ཀྱང་མང་དུ་བཞེངས་ནས་ཆོས་རྩིགས་(གཙིགས་)ཀྱི་དབུ་སྙུང་བ་ཡིན་ནོ། །དེའི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་གཉིས། སྐྱིད་ལྡེ་ཉི་མ་མགོན་ནི་བོད་ཁེང་ལོག་གི་྿འབལ་མ་ཟུག་གར་྿ཁྱུང་དཔལ་ལྡན་གྲུབ་དང་མེ་ཉག་པ་ཨཱ་ཀཱ་བཛྲ་གཉིས་ཀྱིས་གཙོ་བྱས་པའི་རྟ་པ་བརྒྱ་སྟོང་མངའ་རིས་སུ་བྱོན་པའི་ལམ་ཁར་ཉ་དང་སྒོ་ང་གསོལ་དགོས་པ་བྱུང་ནས་དེར་རས་ཀྱིས་ཕུར་ནས་དྲངས་པས། ད་ལྟ་ཁ་གྱད་རས་ཕུར་རྒྱལ་པོའི་ལུགས་སུ་སོང་བ་ཡིན་ནོ། །དེ་ནས་ར་ལའི་རྒྱུད་དུ་ཕེབས། རྟའི་ལོ་ལ་ར་ལ་མཁར་དམར་བརྩིགས། ལུག་གི་ལོ་ལ་རྩི་ཐོ་རྒྱ་རི་བརྩིགས་ནས། དམ་ལག་གི་གཞུང་རྣམས་ལ་ཡུལ་དང་གྲོང་ཁྱེར་མང་པོ་བཏབ་དགོངས། མར་ཡུལ་ལ་གནོད་པ་མ་མཛད། དེའི་དུས་སུ་མར་ཡུལ་གྱི་ལ་དྭགས་སྟོད་གེ་སར་གྱི་རྒྱུད་པས་འཛིན། སྨད་རྣམས་རང་དགའི་སིལ་བུར་ཡོད་པ་ཡིན་ནོ། །དེ་ཚེ་དགེ་བཤེས་བཀྲ་ཤིས་བཙན་གྱིས་པུ་(སྤུ་)རང་དུ་ཞུས་ཏེ་འབྲོ་བཟའ་འཁོར་སྐྱོང་བཙུན་མོར་ཕུལ་བ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་བྱུང་ཞིང་། སྐུ་མཁར་ཉིས་གཟུངས་བརྩེགས་ཏེ་རྒྱལ་ས་བཏབ་ནས་མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བསྡུས་ཏེ་རྒྱལ་ཁྲིམས་ཆོས་བཞིན་དུ་བསྐྱངས་སོ། །སྲས་གསུམ་ནི། ལྷ་ཆེ་བ་དཔལ་གྱི་མགོན། བར་པ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་དང་གསུམ་མོ། །དེ་ནས་སྲས་གསུམ་ལ་མངའ་རིས་སོ་སོར་གནང་སྟེ། ལྷ་ཆེ་བ་དཔལ་གྱི་མགོན་ལ་མངའ་རིས་མར་ཡུལ། འབངས་ཁུ་ནག་བཙན། ཤར་རུ་ཐག་དང་གསེར་ཁ་གོག ལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་རྭ་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་གཡག་སྡེར། རྡོ་ཕུག་པ་ཅན་ཡན་ཆད། བྱང་གསེར་ཁ་མགོན་པོ། ནུབ་ཁ་ཆེའི་ལ་རྩལ་རྒྱལ་རྟོགས་པ་རྣམས་ཡིན་ནོ། །བར་པ་བཀྲ་ཤིས་མགོན་གྱིས་གུ་གེ་པུ་(སྤུ་)རང་རྩེ་དང་བཅས་པ་ལ་མངའ་མཛད། ཆུང་བ་ལྡེ་གཙུག་མགོན་གྱིས་ཟངས་ཀར་སྒོ་གསུམ་སྤི་ཏི་སྤི་ཆོག་དང་བཅས་པ་ལ་མངའ་མཛད།

ལྷ་ཆེན་དཔལ་གྱི་མགོན་གྱི་སྲས་འགྲོ་མགོན་དང་ཆོས་མགོན་གཉིས། འགྲོ་མགོན་གྱི་སྲས་བླ་ཆེན་གྲགས་པ་ལྡེ། དེའི་སྲས་བླ་ཆེན་བྱང་ཆུབ་སེམས་དཔའ། དེའི་སྲས་བླ་ཆེན་རྒྱལ་པོ། རྒྱལ་པོ་དེའི་དུས་སུ། ཀླུ་འཁྱིལ་གྱི་དགོན་པ་བཙུགས་ནས་དགེ་འདུན་གྱི་སྡེ་བཙུགས། གངས་རི་གསུམ་མང་དུས་ལྔ་བརྒྱ། ཉུང་དུས་བརྒྱ་ཙམ་རེ་སྒྲུབ་པ་མཛད་པ་ལ་འཚོ་བའི་ཡོ་བྱད་སྐྱོ་དུབ་མེད་པ་ཡུན་རིང་མཛད་དོ། །དེའི་སྲས་བླ་ཆེན་ཨུད་པ་ལ། རྒྱལ་པོ་དེའི་དུས་སུ། ལ་དྭགས་སྟོད་གཤམ་གཉིས་ཀྱིས་དམག་སྡོངས་ནས་ཉུང་ཏི་ལ་བརྒྱབ། ཉུང་ཏི་རྒྱལ་པོས་ཏི་སེ་ནམ་བཞུ་དང་མ་དཔང་(ཕམ་)ནམ་སྐམ་བར་དུ་མཛོ་དང་ལྕགས་ལ་སོགས་པའི་ཁྲལ་དང་སྤྱ་(དཔྱ་)འབུལ་མནའ་བྱས་ནས་དུས་ད་ལྟའི་བར་དུ་ཡང་ཡོད་དོ། །གཞན་ཡང་གློ་བོ་པུ་(སྤུ་)རང་མན་ཆོད་ལྷོ་ཕྱོགས་བྲེ་སྲང་གི་ཡུལ་ཆུ་ལ་མེ་འབར་ཚུན་ཆད། ནུབ་ཕྱོགས་ར་ཤན་འགེངས་ཤིང་། སྟག་ཁུ་མཚུར་ཡན་ཆོད། བྱང་ཕྱོགས་ཀ་བྲུས་ཕན་ཆོད་མངའ་འོག་ཏུ་བསྡུས་ཏེ་ལོ་རེ་ལ་ཁྲལ་སོགས་འབུལ་ཞིང་ཞལ་ལྟ་རུ་ཡོང་བ་ཡོད་དོ། །དེའི་སྲས་བླ་ཆེན་ནག་ལུག རྒྱལ་པོ་དེས་སྟག་གི་ལོ་ལ་བན་(ཝན་)ལེས་མཁར་བརྩིགས། འབྲུག་གི་ལོ་ལ་ཁ་ལ་རྩེ་བརྩིགས་སོ། །དེའི་སྲས་བླ་ཆེན་དགེ་བྷེ་དང་དགེ་འབུམ། དེའི་སྲས་བླ་ཆེན་ཇོ་རྡོར། དེའི་སྲས་བླ་ཆེན་བཀྲ་ཤིས་མགོན། དེའི་སྲས་བླ་ཆེན་ལྷ་རྒྱལ། རྒྱལ་པོ་འདིས་རྒྱུད་རྡོ་རྗེ་རྩེ་མོ་དང་། ངན་སོང་སྦྱོང་བའི་རྒྱུད། རྒྱུད་འབུམ་ཚང་མ་གསེར་ལ་བཞེངས་སོ། །དེའི་སྲས་བླ་ཆེན་ཇོ་བོ་དཔལ། རྒྱལ་པོ་འདིས་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་མཛད་པ་མཐར་ཕྱིན་པར་མཛད་དོ། །དེའི་སྲས་བླ་ཆེན་དངོས་གྲུབ། རྒྱལ་པོ་དེའི་དུས་སུ་རབ་ཏུ་བྱུང་བ་དབུས་གཙང་དུ་འགྲོ་བའི་སྲོལ་བཙུགས་ནས། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་ཞིག་གསོ་མཛད་པ་དང་། ཁྱད་པར་དུ་ཆོས་ཀྱི་རྗེ་འཇིག་རྟེན་གསུམ་གྱི་མགོན་པོའི་དྲུང་དུ་གསེར་དངུལ་ཟངས་བྱུ་རུ་མུ་ཏིག་ལ་སོགས་པའི་བརྒྱ་འབུལ་དང་། བཀའ་འགྱུར་ཚར་གཉིས་དང་གསང་སྔགས་ཀྱི་དཀྱིལ་འཁོར་མང་དུ་བཞེངས་སོ། །དེའི་རྒྱལ་བུ་རིན་ཆེན། དེའི་སྲས་ལྷ་ཆེན་ཤེས་རབ། རྒྱལ་པོ་འདིའི་རིང་ལ། ས་བུའི་ཧང་རྩེ་མ་ཞེས་པའི་ཁ་ལ་གྲོང་ཁྱེར་སེང་གེ་སྒང་ཞེས་པ་བརྩིགས་ནས་མང་ཡུལ་ས་བུ་སྤྱང་མཁར་དུ་བཏགས་སོ། །དེའི་སྲས་བླ་ཆེན་ཁྲི་གཙུག་ལྡེ། རྒྱལ་པོ་དེས་གླེ་རུ་མཆོད་རྟེན་བརྒྱ་རྩ་བཞེངས། ས་བུ་རུ་བརྒྱ་རྩ་གཉིས་བཞེངས་སོ། །དེའི་སྲས་བླ་ཆེན་གྲགས་འབུམ་ལྡེ་དང་གྲགས་པ་འབུམ་གཉིས། གྲགས་འབུམ་ལྡེས་གླེ་ལ་སོགས་པ་མངའ་མཛད། རྒྱ་མ་ཕྱག་རྗེས་སུ་གཙུག་ལག་ཁང་དམར་པོ་བཞེངས་ནས།

རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བརྒྱད་པའི་སྐུ་ཚད་དང་གཡས་གཡོན་གཉིས་སུ་འཇམ་དབྱངས་ཕྱག་ན་རྡོ་རྗེ་གཉིས་ཐོག་ཚད་བཞེངས། ལོགས་བྲིས་རྣམས་ལ་བདེ་བར་གཤེགས་པ་རྣམས་ཀྱི་འདྲ་སྐུ་དང་། འཇིག་རྟེན་རྟེན་བཞག་དང་། རང་ཉིད་མོས་པའི་ལྷ་རྣམས་ཚང་བ་དང་། ལྷ་ཁང་གསུམ་བརྩིགས་མཐོ་གླིང་དཔེ་རུ་བཞེངས་(བཞེས།) གསུང་གི་རྟེན་དུ་གཟུངས་འབུམ་ཆེན་མོ་དང་། དཀོན་མཆོག་བརྩེགས་པ། ལང་ཀར་གཤེགས་པ་སོགས་བཞེངས། ཐུགས་ཀྱི་རྟེན་ལ་ཏེའུ་གསེར་པོ་གླེའུ་ཡུལ་ལ་གནོད་པ་གཅིག་ཡོད་པ་ལ་དེ་བཏུམས་ནས་ཕྱི་མཆོད་རྟེན་གྱི་ཚུལ། ནང་ལྷ་ཁང་བརྒྱ་རྩ་ཡོད་པ་བཞེངས། མཆོད་རྟེན་མིང་ལ་ཏེའུ་བཀྲ་ཤིས་འོད་འཕྲོ་ཟེར། གཞན་ཡང་གླེའི་མདོ་དེ་ན་ཏེའུ་གླང་པོ་ཆེ་འདྲ་བ་ཞིག་ཡོད་པ་ལ། རྒྱལ་པོ་དེས་རི་མ་གི་ལ་དགེ་སློང་བཞི་སྡེ་གཅིག་བཙུགས་ནས་ཤི་ཡང་འགྱོད་པ་མེད་གསུངས་པ་ལ། སྙིགས་དུས་ཀྱི་ཀུན་མཁྱེན་ཙོང་ཁ་པ་ཆེན་པོས་རང་གི་ཤངས་ཁྲག་ལ་འཁྲུངས་པའི་ཚེ་དཔག་མེད་མཐེབ་ཚིགས་ཙམ་ཡོད་པ་བྱ་བྲལ་གཉིས་ལ་བསྐུར་ནས། ཡང་ན་གྲགས་པའི་མཚན་ཅན། ཡང་ན་ལྡེའི་མཚན་(ཅན་)ཕྱག་ཏུ་ཕུལ་གསུངས་པ་ལ། ཁོང་གཉིས་མར་ཡུལ་དུ་སླེབས་ནུབ་དེ་ན་གྲགས་པ་ཞེས་བྱ་བ་ཡོད་པ་ལ་ཁོང་གི་དྲུང་དུ་ཕྱིན་པ་དང་། བྱ་བྲལ་གཉིས་ལ་སྤྱན་ལོག་ཀྱང་མ་གཟིགས་པར་གླེ་རུ་ཡོང་། དེའི་ཐོ་རངས་རྒྱལ་པོའི་ཞལ་ནས་དེ་རིང་ངའི་ཞལ་ལྟ་བ་ལ། བྱ་བྲལ་འབེ་དྷེ་ཕ་མོན། རི་ཤི་སུ་ཡང་མ་བགག་(འགག་)གསུང་བས། བྱ་བྲལ་གཉིས་བྱུང་བས། རྒྱལ་པོ་བཞེངས་ནས་བྱ་བྲལ་གཉིས་ལ་བསུ་བ་མཛད། བྱ་བྲལ་གཉིས་ཀྱིས་ཀྱང་སྐུ་སྐྱེལ་ཕུལ་ནས། རྒྱལ་པོ་ཤིན་ཏུ་དགྱེས་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དཔེ་ནས་དཔེ་ཐུབ་ཀྱི་དགོན་པ་མ་བརྩིགས་ལྷུན་གྱིས་གྲུབ་པ་དེ་བརྩིགས་ནས་དགེ་འདུན་གྱི་སྡེ་མང་པོ་བཙུགས་སོ། །དེའི་སྲས་བློ་གྲོས་མཆོག་ལྡན་རྒྱལ་པོ། དེའི་དུས་སུ་གུ་གེ་ནས་དམུ་ཁྲབ་ཟིལ་པ། མ་མོའི་མུན་སྒྲིབས། ཁྲབ་ཆུང་ཀ་རུ། ལྷ་ཁྲབ་དཀར་པོས་གཙོ་བྱས་ཁྲབ་བཅོ་བརྒྱད། ནམ་མཁའ་ཁྲག་ལྡོག འབྲོང་རྩེ་རིངས། གློག་དམར་མེ་གསོད་ལ་སོགས་པའི་རལ་གྲི་བཅོ་བརྒྱད། བདུད་གྲི་ནག་པོ། དམ་ཁྲི་གཞུངས་བརྒྱད་རྣམས་ཀྱིས་མགོ་བྱས་པའི་སྐྱེད་(སྐེད་)གྲི་བཅོ་བརྒྱད། གཡུ་འོད་ལྡན། ལྷ་གཡུ་དཀར་པོས་གཙོ་བྱས་པའི་གཡུ་བཅོ་ལྔ། སྒ་མ་ཇི་ཁྲི་སྟེང་། བཀྲ་ཤིས་འོད་ལྡན་སོགས་སྒ་ཉི་ཤུ། ཕྱིབས་(ཆིབས་)གྲོ་བོ་ལྔ་བཅུ། ངང་པ་ལྔ་བཅུ། འོལ་བ་ཉི་ཤུ། ཁྲ་བོ་སུམ་ཅུ། འབྲི་ཟལ་མོ་ཉི་ཤུ། གཡག་ཁམ་པ་ཉི་ཤུ། ལུག་ལ་སོགས་པའི་ཕལ་སྤྱ་(ཁྲལ་དཔྱ་)འབུལ་བ་བསམ་གྱིས་མི་ཁྱབ་པ་དང་། མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བསྡུས་ནས་དར་ཞིང་རྒྱས་པ་ཡོད་དོ། །བླ་ཆེན་གྲགས་པ་འབུམ་གྱིས་རབ་བརྟན་ལྷ་རྩེ་དང་ཏེ་ཡ་སོགས་ལ་མངའ་མཛད། རྒྱལ་ས་གཏིང་སྒང་བརྩིགས། དེའི་སྲས་ལྷ་ཆེན་བྷ་ར། དེའི་སྲས་ལྷ་ཆེན་བྷ་གན། རྒྱལ་པོ་དེ་འཁྲུག་པ་ལ་ཤིན་ཏུ་དགའ་བ་གཅིག་ཡོད་པས། ཤེས་པ་དང་སྡོངས་ནས། བླའི་རྒྱལ་པོ་བློ་གྲོས་མཆོག་ལྡན། དྲུང་པ་ཨ་ལི། སླ་བརྟན་དར་རྣམས་ཕབ་ནས་མངའ་འོག་ཏུ་བསྡུས། དེའི་སྲས་བླ་ཆེན་ལྷ་དབང་རྣམ་རྒྱལ་དང་བཀྲ་ཤིས་རྣམ་རྒྱལ་(གཉིས།) ལྷ་དབང་རྣམ་རྒྱལ་སྐུ་སྟོབས་དང་སྒྱུ་རྩལ་ཤིན་ཏུ་ཆེ་བ་ཡོད་པ་ལ། ཆུང་བ་བཀྲ་ཤིས་རྣམ་རྒྱལ་གཡོ་ཆེ་བ་ཡོད་པས་སྤྱན་བཏོན་ནས་གདུང་རྒྱུད་ཀྱི་ཕྱིར་བཙུན་མོ་དང་བཅས་ལིང་སྐེད་དུ་བཞག་གོ །དེ་ལ་སྲས་གསུམ་འཁྲུངས། ཚེ་དབང་རྣམ་རྒྱལ། རྣམ་རྒྱལ་མགོན་པོ། འཇམ་དབྱངས་རྣམ་རྒྱལ་གསུམ་པོ་དེ་སྐུ་སྐྱེད་ཤིན་ཏུ་ཆེ་བས། གཞན་གྱི་ཟླ་སྐྱེད་ལས་ཁོང་གི་ཞག་སྐྱེད་ཆེ། ཞན་གྱི་ལོ་སྐྱེད་ལས་ཁོང་གི་ཟླ་སྐྱེད་ཆེ་བ་བྱུང་ངོ་། །

དེ་ཡི་ཚེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་རྒྱལ་སྲིད་མཛད་དོ། །རྒྱལ་པོ་དེས་པུ་རིག་གྱེན་ཆད། གྲོ་ཤོད་མན་ཆད་མངའ་འོག་ཏུ་བསྡུས་ནས་རྟ་ཁྱུ་བསམ་གྱིས་མི་ཁྱབ་པ་ཁྱོངས། སྐུ་མཁར་གླེའི་རྣམ་རྒྱལ་རྩེ་མོ་དང་ཆུ་བོའི་གྲོང་ཁྱེར་བཏབ། ཧོར་གྱི་དམག་བྱུང་བ་ལ་འཐབ་པས་ཧོར་མང་པོ་བསད། རྣམ་རྒྱལ་རྩེ་མོར་མགོན་ཁང་བཞེངས་ནས་ཧོར་གྱི་རོ་ཐམས་ཅད་མགོན་པོའི་འོག་ཏུ་མནན། གཞན་ཡང་མགོན་ཁང་བཞེངས་ནས་འབྲི་གུང་ནས་ཆོས་རྗེ་ལྡན་མ་ཞེས་པའི་སངས་རྒྱས་དངོས་དེ་གདན་དྲངས་ནས་སྒང་སྔོན་བཀྲ་ཤིས་ཆོས་རྫོང་ཞེས་པའི་དགོན་པ་བཏབ། ཡུལ་ནས་བཙུན་ཁྲལ་བཏབ་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་བཙུགས། དགོན་པ་མཐོང་བའི་མཚམས་སུ་དར་ཆེན་ཕྱར་ནས། འདིའི་མདུན་དུ་རྐུན་མ། རྫུན་མ། མདོར་ན་རྒྱལ་པོའི་སྐུ་མཁར་སྐུ་སྲོག་ལ་བསྡོ་བའི་མི་ཡོད་ཀྱང་དེའི་ནང་དུ་ཆུད་པ་ཙམ་གྱིས་ནག་ལས་ཐར་བར་མཛད་དོ། །གཞན་ཡང་འབྲི་གུང་། ས་སྐྱ། དགེ་ལྡན། ལྷ་ས། བསམ་ཡས་རྣམས་སུ་གདན་བཞུགས། གསེར་ཆབ། དར་ཆེན། མང་ཇ། བརྒྱ་འབུལ་སོགས་དང་། བཀའ་འགྱུར། བསྟན་འགྱུར། གཞན་ཡང་གླེགས་བམ་མང་པོ་དང་། མཆོད་རྟེན་མང་པོ་བཞེངས་སོ། །དེ་ནས་སྤྲུལ་པའི་རྒྱལ་པོ་ཚེ་དབང་རྣམ་རྒྱལ་དེ་རྒྱལ་སྲིད་ལ་མངའ་གསོལ་ནས་སྐུ་ན་གཞོན་ནུ་ལ་དམག་མཛད་པས་བྱང་ངམ་རིངས་དང་གློ་བོ། པུ་(སྤུ་)རང་། གུ་གེ་ལ་སོགས་པ་མངའ་འོག་ཏུ་བསྡུས། ལྷོ་ཕྱོགས་ཛུམ་ལང་དང་ཉུང་ཏི། ནུབ་ཕྱོགས་ཤིང་དཀར་དང་ཁབ་གར་ཚུན་ཆོད་མངའ་འོག་ཏུ་བསྡུས། བྱང་ཧོར་ལ་དམག་བརྒྱབ་གསུང་བ་ལ། ནུབ་ར་ཀུན་གྱིས་ཞུ་བ་ཕུལ་ནས་མ་མཛད། གཞན་དེ་རྣམས་ཀྱི་ཇོ་བོ་ཀུན་ལྟེ་བ་ལ་ཁྱོངས། མཁར་རྣམས་ལ་སྐུ་ཚབ་བཞག་ནས་མར་ཡུལ་ཐམས་ཅད་དར་ཞིང་རྒྱས་པ་ཡིན་ནོ། །གུ་གེ་ནས་ཁྲལ་དང་སྤྱ་(དཔྱ་)འབུལ་བ་ལ། ལོ་རེ་ལ་གསེར་ཞོ་སུམ་བརྒྱ་དགུ། རུ་ཐོག་ནས་གསེར་ཞོ་ཉིས་བརྒྱ་དྲུག་ཅུ། ཚེར་མོ་བརྒྱ་ཆིབས་གཅིག རྩོས་(གཙོད་)ཀྱི་རྐྱལ་པ་བཅུ། མཁར་ཨོ་ལྡོང་དང་ཞིང་དར་ཆེན་དར་ཆུང་རྣམས་དང་། གཞན་ཡང་ཁྲལ་སྤྱ་(དཔྱ་)ལ་སོགས་པ་ཕྱོགས་ཕྱོགས་ནས་འབུལ་བ་བསམ་གྱིས་མི་ཁྱབ་བོ། །རྒྱལ་པོ་དེའི་ཐུགས་དགོངས་ལ། ལྷ་ས་དང་གུ་གེའུ་མཐོ་གླིང་རྣམས་ཀྱི་ཐིག་ཚད་བྱས་ནས་སྔར་ཡབ་མེས་རྣམས་ཀྱིས་སངས་རྒྱས་གླང་པོའི་གདུང་ཡང་རྩེ་མོར་བཞག་པས་(ཀྱང་)མི་རྣམས་ཀྱིས་མཇལ་ཀ་(ཁ་དང་)ཕྱག་མཆོད་པ་བསྐོར་བ་སོགས་མི་འགྲོ་བ་འདུག་པས། ད་ངས་ཚེ་(མཇུག་)ལ་གཙུག་ལག་ཁང་བཞེངས་ནས་སངས་རྒྱས་ཀྱི་བསྟན་པ་(ལ་)མེས་རལ་པ་ཅན་ལྟ་བུ་གཅིག་བྱེད་དགོས་པ་ལ། སེམས་ཅན་གྱི་ལས་ཟད་པས་རྒྱལ་པོ་དེ་སྐུ་བདེ་བར་གཤེགས་སོ། །

དེ་དང་རྒྱལ་ཕྲན་རྣམས་ཀྱང་ཕྱོགས་ཕྱོགས་ནས་ལངས། དེ་ནས་འཇམ་དབྱངས་རྣམ་རྒྱལ་གྱིས་རྒྱལ་སྲིད་མཛད། རྒྱལ་པོ་དེའི་དུས་སུ་པུ་རིག་གི་ཇོ་(བོ་)གཉིས་མ་མཐུན་ནས་ཚེ་རིང་མ་ལིག་ཟེར་བ་ཞིག་གི་དཔུང་ལ་དྭགས་ཀྱི་དམག་ཁྱེར་བས། དུས་ཀྱི་འགྲིབ་དུས་དང་རྒྱལ་ཁྲིམས་ཉམས་དུས་ལ་བབ་པས་ནང་གོང་(སྐར་རྡོ་)དམག་དཔོན་ཨ་ལི་མིར་གྱི་དམག་རྡོལ་བ་དང་། ཁོ་ཡིས་གཡོ་བྱས་ནས་ཞག་ཅི་འགྲོ་བྱས། དེ་དང་ལ་ལུང་ཐམས་ཅད་ཁ་བས་བཀག་ནས་རྒྱལ་པོ་དམག་དང་བཅས་པ་གར་ལོག་ལ་ཡལ། ལ་དྭགས་ཐམས་ཅད་ལ་སྦལ་ཏི་ཞུགས་ནས་གསུང་རབ་ཐམས་ཅད་མེ་ལ་བསྲེགས། ལ་ལ་ཆབ་ལ་གཏོར། གཙུག་ལག་ཁང་ཐམས་ཅད་བཤིག་ནས་རང་གི་ཡུལ་ལ་ལོག་སོང་། དེ་ནས་ཨ་ལི་མིར་གྱིས་སྲས་མོ་རྒྱལ་ཀ་ཐུན་ཞེས་པ་སྒྲོལ་མ་དཀར་མོའི་སྤྲུལ་པ་དེ་འཇམ་དབྱངས་ལ་བཙུན་མོར་ཕུལ་ནས་ལ་དྭགས་ཀྱི་དམག་དང་བཅས་པ་གནང་ནས་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ནོ། །དེ་ལ་སྲས་གཉིས་འཁྲུངས་ཏེ། སེང་གེ་རྣམ་རྒྱལ་དང་ནོར་བུ་རྣམ་རྒྱལ་གཉིས་སོ། །དེའི་དུས་སུ་རྒྱལ་པོ་དེ་ཡི་ཐུགས་དགོངས་ལ། དང་པོ་ངས་པུ་རིག་གི་ཚེ་རིང་མ་ལིག་གི་དཔུང་ལ་དམག་ཁྱེར་བའི་ལན་ལ་ལ་དྭགས་ཐམས་ཅད་ཞིག ད་ངས་སངས་རྒྱས་བསྟན་པ་དར་བའི་ཐབས་ཤིག་ཅི་བྱས་ནས་དར་དགོས་དགོངས་པ་ལ། སངས་རྒྱས་ཀྱི་བསྟན་པ་མི་སྡེ་ལ་རགས་(རག་)ལས་པ་ཡིན་པས། ད་ངས་མི་སྡེ་ལ་ཁྲལ་ཐུད་(དུད་)སོགས་མེད་པ་བུ་བཞིན་བསྐྱངས་དགོས་སྙམས་ནས་ཕྱུག་ལྟོགས་ལན་གསུམ་སྙོམས། རྒྱལ་པོ་འདིས་པུ་རིག་གྱེན་ཆད་(དང་)བྲང་རྩེ་མན་ཆད་མངའ་འོག་ཏུ་བསྡུས་ནས་༝ ༝ ༝ཚེ་རིང་རྒྱལ་མོ་ཁབ་ཏུ་བཞེས་པ་ལ་སྲས་ངག་དབང་རྣམ་རྒྱལ་དང་བསྟན་འཛིན་རྣམ་རྒྱལ་གཉིས་འཁྲུངས། གཞན་ཡང་ཁོང་གཉིས་ཀྱིས་དབུས་གཙང་དུ་(ཇོ་བོ་)རིན་པོ་ཆེའི་དྲུང་དུ་གསེར་ཆབ། གདན་བཞུགས། འབྲས་སྤུངས། ར་ལུང་རྣམས་སུ་གསེར་དངུལ། མུ་ཏིག་སྤོས་ཤེལ། བྱུ་རུ་ཆོབ་དར། མང་ཇ་ལ་སོགས་པའི་བརྒྱ་འབུལ། དེ་རྣམས་སུ་དར་ཆེན་དང་། འབྲུག་པ་སྤྲུལ་སྐུ་གདན་འདྲེན་པའི་ཕོ་ཉ་སོགས་ཀྱང་བརྫངས་སོ། །སྐུའི་རྒྱ་མར་གྲ་ཏོག་གསེར་གསུམ་དང་། བཀའ་བརྒྱུད་གསེར་ཕྲེང་སོགས་གསེར་དངུལ་ཟངས་གསུམ་ལ་བཞེངས་ནས། རྒྱ་མ་ཕྱག་རྗེས་སུ་སྦལ་ཏིལ་མེ་ལ་བསྲེགས་པ་རྣམས་སླར་དེའི་ཚབ་བཞེངས་པའི་ཐུགས་བསམ་ཤིན་ཏུ་ཆེ་བ་ཡོད་ཀྱང་སྐུ་ཚེ་ཐུང་བས་བདེ་བར་གཤེགས་སོ། །

དེ་ཡི་སྲས་ཆོས་ཀྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་འདི་ཆུང་ངུའི་དུས་ནས་སྐུའི་སྟོབས་ཤིན་ཏུ་ཆེ་བས། གྱད་དང་། བང་དང་། མཆོང་དང་། མདའ་དང་། ཀློབས་དང་། རྟ་རྐྱལ་དང་། སྒྱུ་རྩལ་ཐམས་ཅད་སྔོན་གྱི་ཟས་གཙང་སྲས་པོ་དོན་གྲུབ་ལྟ་བུ་ཡིན་ནོ། །རྒྱལ་པོ་དེས་སྐུ་གཞོན་ནུ་ལ་གུ་གེ་ཕྱི་འབྲོག་ལ་དམག་མཛད་ནས། ཏི་སེའི་བྱང་རྒྱབ་ཚུན་ཆོད་ལ་བརྒྱབ། རྟ་གཡག་ར་ལུག་ལ་སོགས་པས་ས་གཞི་བཀང་ནས་ཁྱོངས། དེའི་རྟིང་གུ་གེ་ནང་ལ་དམག་མཛད་ནས་ཤ་ང་དང་ཞ་ཡེ་གཉིས་ཨར་ཇག་ལ་བཏང་ནས་ད་དགས་(ལ་དྭགས་)ཐམས་ཅད་གཡག་ལུག་གིས་ཁེངས། རུ་ཤོད་བདག་མོ་སྐལ་བཟང་རྒྱལ་མོ་ཁབ་ཏུ་བཞེས། གྲུབ་ཐོབ་ཀྱི་རྒྱལ་པོ་སྟག་ཚངས་རས་ཆེན་ཞེས་བྱ་བ། རྒྱ་དཀར་ནག ཨོ་རྒྱན། ཁ་ཆེ་སོགས་དང་གྲུབ་ཐོབ་བརྒྱད་ཅུ་ཐམས་ཅད་ཀྱི་ཞལ་ཁ་མངོན་སུམ་དུ་གཟིགས་པའི་འཇའ་ལུས་གྲུབ་པའི་སངས་རྒྱས་དེ་གདན་དྲངས་ནས། གསེར་ཟངས་ཀྱི་བྱམས་པ་དགུང་ལོ་བརྒྱད་པའི་སྐུ་ཚད་རིན་ཆེན་སྣ་ཚོགས་ཀྱིས་སྤྲུས་པ་དང་། རྒྱ་ཤར་ནུབ་ཐམས་ཅད་ཀྱི་རྒྱ་ལྷ་ཐམས་ཅད་སྤྱན་དྲངས་ནས་བྱམས་ཆོས་སྡེ་ལྔ་པོ་ཏི་ལྔ་བཞེངས། རྒྱུན་མཆོད་དགེ་སློང་ལྔ་བསྐལ་པ་ནམ་གནས་སུ་བཙུགས་ནས་མཆོད་པ་མར་མེ་ཉིན་འབར་མཚན་འབར། རྒྱ་གོས་ཡ་ས་མང་པོའི་ཕན་(འཕན།) རྒྱལ་མཚན་དར་ཆེན་ལ་སོགས་པ་བཙུགས། གཞན་ཡང་འཕགས་པ་རབ་འབྱོར་གྱི་སྐུའི་སྐྱེ་བ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ། ཡུམ་གྱི་དགོངས་རྫོགས་ལ་གསེར་གྱི་འབུམ་ཚང་དང་དངུལ་གྱི་འབུམ་ཚང་། སྤོས་ཤེལ་གུ་ཤུ་ཙམ་བརྒྱ་རྩ། དེ་བས་ཕྲ་བ་བརྒྱ་རྩ། བྱུ་རུ་བྱ་མོའི་སྒོ་ང་ཙམ་བརྒྱ་རྩ། མུ་ཏིག་རྒྱ་སྲན་ཙམ་བརྒྱ་རྩ་དང་། གཞན་ཕྲ་མོ་མང་པོ་དང་། གུར་གུམ་ཁལ་དང་། ཁྱད་རས་བཙོ་དར་སོགས་ཀྱི་བརྒྱ་འབུལ་མང་པོ་དང་། གསུང་གི་རྒྱུན་དུ་སྟོང་ཕྲག་བརྒྱ་པ། མདོ་སྡེ་སྐལ་བཟང་། བྱམས་ཆོས་སྡེ་ལྔ་ཚར་ལྔ། གྲ་ཏོག་གསེར་གསུམ་ཚར་གཉིས། སྟག་ཚང་རས་ཆེན་གྱི་རྣམ་ཐར་མགུར་འབུམ་རྣམས་གསེར་དངུལ་ཟངས་གསུམ་ལ་བཞེངས་ནས་མ་ཎི་དུང་ཕྱུར་སོགས་མང་དུ་མཛད་ཅིང་། དེ་རྣམས་ལ་བརྒྱ་འབུལ་དང་སྟོང་འབུལ། གཞན་ཡང་རྟག་(སྟག་)སྣ་དང་འན་(ཝན་)ལེའི་དགོན་པ་མ་བརྩིགས་ལྷུན་གྱིས་གྲུབ་པ་དེ་བརྩིགས་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་བཙུགས། དེ་ལ་སྲས་གསུམ་འཁྲུངས། བདེ་ལྡན་རྣམ་རྒྱལ། ཨིནྡྲ་བྷོ་ཏི། བདེ་ཆེན་རྣམ་རྒྱལ་རྣམས་འཁྲུངས་སོ། །དགེའོ། །

མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ།

༄༅། །མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ་བཞུགས་སོ། །

༈ སྭསྟི། བོད་ཡུལ་གངས་ཅན་འདིར་བཀའ་བརྒྱུད་པ་ཞེས་སྙན་པར་གྲགས་པ་མཐའ་དག་གི་འབྱུང་ཁུངས་རྗེ་བཙུན་ལྷོ་བྲག་པ་ཆེན་པོ་ཞེས་པ་མར་སྟོན་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གང་དེ་དུས་ནམ་ཙམ་དུ་བྱོན་འཁྲུངས་ལོ་གང་ཡིན་ལེགས་པར་བརྟག་ན་འཁྲུངས་པའི་ལོ་ནི་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་དུ་བྱུང་སྟེ། དེ་ཡང་ལོ་ཚིགས་མང་ཉུང་གོ་རིམ་ལྟར་སྨོས་པ།

དང་པོ་ནི། མར་པའི་དངོས་སློབ་དྲུག་གི་གསུང་རྒྱུན་ཟིན་བྲིས་ཀྱི་དོན་རྗེ་སྒམ་པོ་ཁུ་དབོན་བརྒྱུད་པ་ནས་ཇོ་བོ་བཙུན་པས་བསྡེབ་པར་གྲགས་པ་ལས་ནི། ཆུ་ཕོ་རྟ་ཡི་ལོ། དཔྱིད་ཟླ་ར་བ་སྟག་གི་ཚེས་བཅོ་ལྔ་ཉི་མ་འབྲུག །གཟའ་སྤེན་པ། སྐར་མ་རྒྱལ། དུས་ཚོད་ཉི་ཤར་ལ་འཁྲུངས། བརྒྱད་ཅུ་རྩ་བརྒྱད་ཆུ་བྱ་དཔྱིད་འབྲིང་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིར་གཤེགས་ཞེས་ཟེར་ན། ཇོ་བོ་ཆུ་རྟ་ཡིན་ཚེ་དེ་དང་འཁྲུངས་ལོ་གཅིག་པར་ཁུམས།

གཉིས་པ་མཁས་པ་པདྨ་དཀར་པོའི་གསུང་སྒྲོས་ཁ་ཅིག་ཏུ་ལྕགས་ཡོས་ལ་འཁྲུངས་པར་བཞེད་པ་ལྟར་ན། གྲུབ་ཐོབ་ཁྱུང་པོ་ལས་ལོ་གཅིག་གིས་གཞོན་པ་ཙམ་དང་།

གསུམ་པ་ཚལ་པའི་དེབ་དམར་དུ། དེ་ལས་ལོ་དྲུག་གིས་ཉུང་བ་མེ་བྱ་ལ་འཁྲུངས་བརྒྱ་བརྒྱད་བར་དུ་བཞུགས་པར་བཞེད་ཅིང་། ལྷོ་རོང་པའི་ཆོས་འབྱུང་དུ་འཁྲུངས་ལོ་དེ་ལྟར་ལ་བརྒྱ་དགུ་ཤིང་གླང་རྟ་པ་ཟླ་བའི་ཚེས་བཅུར་གཤེགས་པ་བྱས་པ་དང་།

བཞི་པ་ཡང་ལྷོ་རོང་ཆོས་འབྱུང་དེར་ས་ཕག་ལ་འཁྲུངས་བརྒྱ་དྲུག་ལ་གཤེགས་པ་གཞན་གྱི་འདོད་ཚུལ་བཀོད་པ་དང་།

ལྔ་པ་རྗེ་མི་བསྐྱོད་ཞབས་དང་དཔའ་བོ་གཙུག་ལག་ཕྲེང་བས་མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་དང་རེ་མིག་གསལ་བར་ལྕགས་བྱིར་འཁྲུངས་བརྒྱ་དྲུག་ཤིང་གླང་བར་བཞུགས་བཞེས་ཡོད་པ་དང་། རྔོག་པས་བྱས་པའི་རྣམ་ཐར་རིམ་བཞི་མར་གྲགས་པ་ལས་བྱི་བ་ལོར་འཁྲུངས་ཞེས་པ་ཡང་འདི་དང་འགྲིགས་པར་འདོད་ལ་སླར་ཞིབ་ཏུ་དཔྱད་དེ་ད་དུང་ལོའི་ཚད་བརྒྱད་ཅུ་རྩ་གཉིས་ཀྱི་ངོ་མཐོང་། བྱ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་གཤེགས་པ་འཐད་པར་མཛད་དོ། །འོན་ཀྱང་ལོ་རྒྱུས་རིན་ཆེན་སྤུངས་པར་རྔོག་བྱང་ཆུབ་དཔལ་བས་མཛད་པའི་རྣམ་ཐར་རིམ་བཞིར་པའི་འཁྲུངས་ལོ་འབྱུང་ཁམས་མི་གསལ་ཡང་ལོ་བདག་བྱ་བྱས་ཤིང་བརྒྱ་དགུ་གླང་ལོ་ཡོས་ཟླའི་ཚེས་བཅུ་དགུ་བྱ་ཡི་ཉི་མ་ལ་གཤེགས་ཞེས་ཡོད་ཟེར་བས་རྗེ་གཙུག་ལག་ཕྲེང་བས་གཟིགས་པའི་རྔོག་ལུགས་རྣམ་ཐར་རིམ་བཞི་དེ་དང་གཅིག་གམ་སླར་བརྟག་པར་འོས་སོ། །

དྲུག་པ་ལོ་རྒྱུས་ཐེ་ཚོམ་སེལ་བྱེད་བྱ་བ་ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་རྡོ་རྗེའི་སྦྱར་བྱང་ཡོད་པ་གཉིས་དང་། ངམ་རྫོང་ལུགས་གཉིས་སོགས་རྣམ་ཐར་བདུན་ཙམ་དུ་འཁྲུངས་ལོ་ཆུ་སྟག་ཡིན་པར་གསུང་བ་མཐུན་ཞིང་དགུང་ལོའི་ཚད་དོན་བརྒྱད་དུ་བྱས་པ་ཡང་ཡོད་ཞེས་ཟེར། རྗེ་མཁའ་སྤྱོད་དབང་པོས་ཡང་ཆུ་སྟག་ལ་འཁྲུངས་ནས་བརྒྱད་ཅུ་ལྕགས་བྱི་བར་བཞུགས་པར་བཞེད་དོ། །

བདུན་པ་རྣམ་ཐར་དཔེ་རྙིང་པ་གཉིས་ན་ཆུ་སྟག་ནས་ལོ་བཞིའི་ཉུང་བ་མེ་རྟ་ལ་འཁྲུངས། བརྒྱ་བརྒྱད་དམ་བརྒྱ་དྲུག་བཞུགས་བཞེས་ཡོད་པར་གྲགས་ལ།

བརྒྱད་པ་འགོས་ལོ་གཞོན་ནུ་དཔལ་བས་ནི། ཆུ་བྱི་ལ་འཁྲུངས་ཏེ་གྲྭ་པ་མངོན་ཤེས་དང་འཁྲུངས་ལོ་གཅིག་བརྒྱ་དྲུག་མེ་གླང་བར་བཞུགས་པར་གསུངས་ཤིང་དུས་ཕྱིས་ཕལ་ཆེར་འདི་ཁས་ལེན་པར་མཛད་དོ། །

དགུ་པ་འབྲུག་པ་པུ་རེ་ཤ མ་རིའི་གདན་དུས་ཀྱི་རྩིས་གཞིར་ཆུ་བྱི་ལས་ལོ་དགུ་ཡི་དམན་པ་ལྕགས་བྱ་ལ་འཁྲུངས་བརྒྱ་དགུ་པ་ས་གླང་བར་དུ་བཞུགས་ཞེས་དང་།

བཅུ་པ་རླང་ལྷ་གཟིགས་རས་པས་ལྕགས་བྱ་ལས་ལོ་གསུམ་གྱི་དམན་པ་ཤིང་བྱ་ལ་འཁྲུངས་བརྒྱད་ཅུ་རྩ་བཞི་མེ་ཕག་བར་བཞུགས་ཞེས་གསུངས་སོ། །

དེ་ལྟར་ལོ་ཚིགས་མི་འདྲ་བ་བཅུ་ལས་རྗེ་མཁའ་སྤྱོད་དབང་པོའི་གསུང་འདི་ཡིག་ཆ་མང་པོ་གུང་མཐུན་བྱུང་བ་དང་། གང་ཟག་གཞན་གྱི་དུས་སྔ་ཕྱི་བསྒྲིགས་ཚུལ་འགྲིགས་པ་སོགས་ཀྱི་དོན་ལ་ཤིན་ཏུ་གནས་པར་མཐོང་མོད། རྗེ་མི་བསྐྱོད་ཡབ་སྲས་ཀྱི་བཞེད་པ་ཡང་དེ་དང་ཁྱད་ཆེར་མི་ཞུགས་པས་དེ་གཉིས་གང་རེ་ལོ་ཤིང་འཐད་ལ།འོན་ཀྱང་རེ་ཞིག་ཕྱི་མ་ལྟར་ཁས་བླངས་པ་བདེ་བར་མཐོང་བས་དེས་ན་རྗེ་མར་པ་ལྕགས་བྱི་ལ་འཁྲུངས་ཤིང་བརྒྱད་ཅུ་རྩ་གཉིས་ལྕགས་བྱ་ལོ་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་གཤེགས་པ་སྟེ། དེ་ཚེ་མཉམ་མེད་སྒམ་པོ་པ་ས་ལུགས་ལ་འཁྲུངས་པའི་ལོ་གཉིས་ལོན་པའོ། །གྲྭ་པ་མངོན་ཤེས་ཅན་ཆུ་བྱི་ལ་འཁྲུངས་པར་ངེས་ཚེ་མར་པའི་བཅོ་ལྔའི་སྐབས་སུ་བལྟམས་པ་དང་། སྐར་རྩིས་མཁན་རྣམས་ཀྱི་མེ་མཁའ་རྒྱ་མཚོ་ལ་བསྲེ་བར་རབ་བྱུང་དང་པོ་མར་པའི་ཉེར་བརྒྱད་དང་གྲྭ་པ་མངོན་ཤེས་ཀྱི་བཅུ་དྲུག་སྐབས་སུ་ཡིན་པར་འཐད་དོ། །

དེ་ཡང་རྗེ་བཙུན་མར་པ་འཁྲུངས་པའི་ཡུལ་ནི་དབུས་གཙང་རུ་བཞི་ལས་གཡོ་རུའི་རྒྱུད་ལྷོ་བྲག་ཆུ་ཁྱེར་རུ་དགུ་ཡི་ནང་ཚན་པེ་སར་དུ་ཡིན་པར་གྲགས་ལ།གདུང་ནི་རྔོག་པའི་ཡི་གེ་ལས་ཡར་ལུང་ནས་མར་ས་ཤ་རུ་རྩེ་ཞེས་པའི་རྒྱུད་ཡིན་གསུངས་ཤིང་། ཁ་ཅིག་རུ་སྟོད་མར་ཡུལ་ནས་ཆད་པའི་མར་པ་དཀར་ནག་གཉིས་ལས་མར་པ་དཀར་པོ་ཡིན་ཞེས་གསུང་ཞིང་། གང་ལྟར་ཡབ་དབང་ཕྱུག་འོད་ཟེར་དང་ཡུམ་བློ་གྲོས་ལྕམ་གྱི་སྲས་ལྔ་ཚིགས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པའི་སྐབས་སུ་དཔོན་སློབ་ཀླུ་བརྒྱད་ཞིག་ལ་ཀ་ཁ་ནས་འབྲི་ཀློག་བསླབ། དགུང་ལོ་བཅོ་ལྔའི་སྐབས་ཤེད་དུ་བྱང་ལྷ་རྩེ་མྱུ་གུ་ལུང་དུ་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་ཐད་དུ་བྱོན་ཏེ་རྒྱ་དཀར་འཕྲལ་སྐད་དང་ལེགས་སྦྱར་སྐད་བསླབ་པའི་ཆེད་དུ་ལོ་གསུམ་ཙམ་བཞུགས། དེ་ཡང་མར་པ་རང་ཉིད་ཀྱི་གསུང་མགུར་ལས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་བ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚངས་བསླབ། །ཁོང་བཀའ་དྲིན་མི་ཆུང་ཆེ་བར་ཁུམ། །ཞེས་སོ། །

དགུང་ལོ་བཅོ་བརྒྱད་པར་རྒྱ་དཀར་དུ་འགྲོ་བའི་བློ་སྐྱེས་ཏེ་ཡོ་བྱད་ཐམས་ཅད་གསེར་དུ་དྲིལ་བས་སྲང་བཅོ་ལྔ་བྱུང་ནས་སྨྱོས་ལོ་ཙཱ་བ་དང་སྟབས་སུ་འགྲོགས་ཏེ་དགུན་དེར་བལ་པོར་ཕེབས། དེ་ཡང་སྐད་དང་ཚད་པ་ལ་གོམས་སུ་བཅུག་ཅིང་ལོ་གསུམ་བཞུགས། དེ་ཡང་མགུར་ལས། ལོ་བཅུ་གཉིས་ལོན་ནས་ཆོས་དང་ཕྲད། །དེ་སྔོན་སྦྱངས་ཀྱི་བག་ཆགས་སད་པ་འདྲ། །ང་དང་པོར་ཡིག་ཚངས་ཀ་ཁ་བསླབ། །བར་དུ་སྒྲ་བསྒྱུར་ལོ་ཙཱ་སྦྱངས། །ཐ་མ་ལྷོ་བལ་བརྒྱ་ལ་ཕྱིན། །ལོ་གསུམ་བལ་པོའི་མཐིལ་དུ་སྡད། །ཅེས་སོ། །དེ་ཚེ་བལ་པོའི་སྤྱི་ཐེར་བ་རྣམ་རྒྱལ་དབང་པོ་ལ་གདན་བཞིའི་དབང་དང་བཤད་དཀའ་མན་ངག་བཅས་ལེགས་པར་ནོས་དེ་ཡི་མཆེད་སེནྡེ་བ་དང་ཤིན་ཏུ་མཛའ་གཅུགས་ཆེན་པོར་གྱུར་པས་དཔལ་ནཱ་རོ་པའི་དྲུང་དུ་སྦྱོར་བར་མཛད། དེ་ནས་དགུང་ལོ་ཉི་ཤུ་རྩ་གཅིག་གི་མཐར་རྒྱ་དཀར་དུ་ཕེབས་ཏེ་བལ་པོ་སྐུ་མཆེད་ཀྱི་གསུང་བཞིན་དགེ་ཚུལ་ཤེས་རབ་སེང་གེ་ལ་གནས་མལ་ཞུས། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་སྒོ་དྲུག་ཕལ་ཆེ་བཞུགས་པའི་དུས་ཡིན་པས་ཅུང་ཟད་བཞུགས་ནས་སྒོ་དྲུག་མཁས་པ་གཞན་རྣམས་ཀྱི་ཞལ་ཡང་མཇལ་དེ་སྐབས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་དགུང་ལོ་སོ་དགུ་པ་དབུས་ཀྱི་ཀ་ཆེན་གཉིས་པ་བསོད་སྙོམས་པ་ཛྙཱ ན་ཤྲཱི་མི་ཏྲའི་ཉེ་གནས་མཛད་ཀྱི་ཡོད་པར་གྲགས། དེ་ནས་མི་རིང་བར་བྱང་པུཥྤ་ཧ་རིར་དཔལ་ནཱ་རོ་ཏ་པའི་ཞབས་ལ་བསྙེན་རེ་དེ་ཡི་དུས་སུ་ཇོ་བོ་ན་རོ་ཞབས་ནས་ཐུན་བཞིར་བསྒོམ་ཐུན་མཚམས་སུ་ཆོས་འཆད་པས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་རྩ་བཤད་མན་ངག་དང་བཅས་པ་གཞན་ཡང་འདུས་པ་མ་ཡཱ་སོགས་ཁྱད་པར་འཕགས་པའི་གདམས་པ་ཅི་རིགས་གསན། རྩ་བའི་བླ་མ་འདི་མ་མཛད་ཐུགས་རྗེས་ཤིན་ཏུ་འཛིན་པས་སྔ་ཕྱིར་དགྱེས་རྡོར་གྱི་དབང་བསྐུར་ཡང་ལན་བདུན་ཙམ་ཐོབ། ལོ་ཁ་ཤས་སོང་ནས་བོད་དུ་གསེར་འཚོལ་མཛད་པར་དགོངས་བལ་པོར་སླེབ་སྐབས་ཕྱག་དཔེ་ཡང་ཆུ་རྒྱས་པར་ཤོར་ཞིང་ལམ་ཡང་མི་བདེ་བས་བལ་པོར་གྲོགས་ཞིག་ལ་གསེར་ཞོ་བཞི་སྐྱིས་རི་རྒྱ་གར་དུ་ལོག་པ་རྗེ་ནཱ་རོ་པའི་ཞལ་ནས་ཁྱོད་བོད་དུ་ཕྱིན་ནས་གསེར་བླང་པ་བས་འདིར་ཆོས་ཀྱི་སྒྲོ་འདོགས་གཅོད་དུ་འོངས་པ་ཤིན་དུ་དགའ་གསུངས་སྔར་མ་ཐོབ་པའི་གདམས་ངག་ངོ་མཚར་ཅན་མང་དུ་གནང་ཞིང་ལོ་གཅིག་ཉེ་ཙམ་བཞུགས། དེ་རེས་ཁྱོན་དྲིལ་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཟེར་ཡང་ལམ་ཞུགས་བལ་པོ་དང་བཅས་སྡོམ་པ་སྟེ་རྒྱ་དཀར་དུ་ལོ་བདུན་ཙམ་བཞུགས་པར་སྣང་། དེ་ལྟ་ཡང་མགུར་ལས། རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ང་བོད་ཀྱི་མར་པ་ལོ་ཙྭ་གཉིས། །ལྗོངས་མེ་ཏོག་རྒྱན་པའི་གྲོང་ཁྱེར་དང་། །རི་བོ་གསེར་གྱི་དགོན་པར་མཇལ། །དེ་ཚེ་རབས་ཀྱི་སྨོན་ལམ་དག་པ་འདྲ། །གནས་བྱིན་རླབས་ཅན་དུ་གྲགས་པ་དེར། །སྐུ་སྙན་པ་ཅན་གྱི་རྗེ་བཙུན་ལ། །ལོ་དྲུག་དང་ཟླ་བ་བདུན་དུ་བསྟེན། །དབང་ཡོངས་སུ་རྫོགས་པ་ལན་བདུན་ཞུས། །ཞེས་པ་ལྟར་རོ། །

དེ་ནས་བླ་མ་རྣམས་ལ་བཀའ་དྲིན་གྱི་བཏང་རག་ཕུལ་པའི་ཆེད་དུ་དགུང་ལོ་ཉེར་དགུའི་མགོར་བོད་དུ་གསེར་ཚོལ་ཕེབས། དེ་ཡང་ཁ་རག་སྨྱོས་ལོ་བོད་དུ་ལོག་པ་དང་ལྷན་དུ་བྱོན་ཟེར་ཡང་ཅུང་ཟད་སྔ་ཕྱིར་ཕེབས་པ་མངོན། རྗེ་མར་པར་སྨྱོས་ལོ་ཡི་རྒྱ་བལ་དུ་གསེར་ལ་སོགས་པའི་ཕན་ཐོགས་ལེགས་པར་མཛད་པའི་བཀའ་དྲིན་རྗེས་དྲན་ཚུལ་དུ་ཕྱིས་བདེ་མཆོག་རྡོ་སྐུ་ནཱ་རོ་པའི་ཐུགས་དམ་རྟེན་དང་རྒྱ་དཔེ་སོགས་ཐུགས་སུ་བྱོན་པའི་འཕགས་ཡུལ་གྱི་ཡོ་བྱད་ཁ་ཤས་མར་པས་སྨྱོས་ལ་ཕུལ་བར་གྲགས་ལ། ནཱ་རོའི་ཐུགས་དམ་རྡོ་སྐུ་ནི་ད་ལྟ་ཡང་གྱེ་རེ་ལྷ་སའི་ནང་རྟེན་དུ་བཞུགས་པ་ཁོ་བས་ཀྱང་མཇལ། ཚུལ་དེ་ལྟས་སྨྱོས་ལོས་ཕྲག་དོག་གི་མར་པའི་དཔེ་ཆུ་ལ་བསྐྱུར་ཚུལ་དེང་སང་མར་པའི་རྣམ་ཐར་རྣམས་སུ་ཁྱབ་ཆེ་ཡང་ཡི་གེ་ལ་སླད་ཞུགས་པའམ་གཞན་གཅིག་དང་འཁྲུལ་བ་ལས་སྨྱོས་ལོས་བྱས་པ་བདེན་བདེན་མི་འདྲའོ། །དེ་རེས་མར་པ་བོད་དུ་ལོ་གསུམ་བཞུགས། ལ་སྟོད་བྱང་དགྱེས་བུ་ཟློག་སྐྱ་བས་ནེ་ལེན་བསྙེན་བསྐུར་བཅས་སློབ་མ་བྱས་ཤིང་། བྱང་དུ་གསེར་ཚོལ་ཕེབས་པས་ནམ་རའི་གསེར་རྡོལ་དང་ཐུག་ཅིག་མར་པ་མགོ་ལེགས་ཀྱི་ཞབས་རོག་ཆེ་བར་བྱས། སླད་རྒྱ་དཀར་དུ་ཅི་མྱུར་བྱོན་པས་དེ་སྐབས་ནཱ་རོ་ཞབས་ནི་སྤྱོད་པ་སྐྱོང་བའི་དུས་སུ་གྱུར་པས་ཕྱག་ཏུ་ཌ་མ་རུ་དང་ཐོད་པ་ཙམ་ལས་མ་བཟུང་བར་ཡོ་བྱད་ཐམས་ཅད་སློབ་མ་རྣམས་ལ་དཀྱེས་ནས་མར་པའི་རྟེན་སྐལ་ཧེ་བཛྲ་གྱི་ཐང་ཀ་ཞིག་འདུག་སྐད། དུས་དེར་སློབ་མ་རྙིང་པ་རྣམས་ཀྱི་ཚོགས་དཀོན་ཙམ་རེ་མཛད་ཅིང་། དེ་བཞིན་བྱིན་བརླབས་ཙམ་རེ་དང་དོགས་སེལ་ཐེ་ཚོམ་གཅོད་པ་ལས་གཞན་དབང་བསྐུར་རྒྱུད་བཤད་སོགས་ཆེར་མི་སྣང་། གྲོང་འཇུག་གི་རོལ་རྩེད་མང་པོ་དང་། ཆོམ་རྐུན་གྱི་སྤུ་གྲི་ཀ་པཱ་ལར་ཕུལ་བ་མར་ལྟར་བཞུས་ནས་གསོལ་བ་སོགས་རྫུ་འཕྲུལ་དང་། ལས་དང་བལྟ་སྟངས་ཀྱི་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་སྣང་། དེ་སྐབས་མངའ་བདག་མཻ་ཏྲི་པ་ཆེན་པོ་དཔལ་གྱི་རི་ནས་འཁོར་སྟེ་འགྲོ་དོན་མགོ་ཚུགས་ཙམ་པའི་དུས་ཡིན་པས་རྗེ་ནཱ་རོ་པའི་ལུང་བསྟན་བཞིན་མར་པས་དེ་ཡི་ཞབས་ལ་འདི་རེ་ཐུག་པར་སྣང་། དེ་ལ་འདི་སྐབས་དང་ཕྱི་མ་ཕེབས་སྐབས་བཅས་སུ་དགྱེས་རྡོར་བརྟག་གཉིས། རྡོ་རྗེ་གུར་སངས་རྒྱས་ཐོད་པ། མཚན་བརྗོད་དང་སྙིང་པོ་དོན་གྱི་སྐོར་དྭོ་ཧ་སོགས་མན་ངག་མང་དུ་གསན་ཅིང་ཕྱག་རྒྱ་ཆེན་པོའི་དགོངས་པ་ཇི་བཞིན་ནམ་མཁའ་མཉམ་པ་ཤར། དེ་ཡང་མགུར་ལས། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོས་སྤྲོས་པ་དེ་ནས་ཆོད། །ཞེས་གསུངས་པ་ཉིད་དོ། །

གཞན་ཡང་རྒྱ་དཀར་དུ་ཕེབས་པ་སྔ་ཕྱི་དེ་རྣམས་སུ་ནག་པོ་ཞི་བ་བཟང་པོར་གྲགས་པ་དང་། པཎྜི་ཏ་ཡེ་ཤེས་སྙིང་པོ་མཁའ་འགྲོ་མ་མི་རུས་རྒྱན་ཅན་སོགས་གྲུབ་པ་ཐོབ་པ་ལྔ་དང་། སྣང་བ་འགྱུར་ངེས་ཀྱི་བླ་མ་བཅུ་གསུམ་སོགས་ཡོངས་སུ་གྲགས་པ་དང་། མ་གྲགས་སྦས་ཚུལ་དུ་བཞུགས་པའི་རྣལ་འབྱོར་ཕོ་མོ་ཀུ་སཱ་ལའི་བླ་མ་མང་དུ་བསྟེན། ཕྱིས་ཞིག་ནཱ་རོ་པས་ལུངས་བསྟན་པ་ལ་བརྟེན་དུག་མཚོའི་འགྲམ་དུ་དཀའ་དཔྱད་ཆེན་པོས་བྱོན་ཏེ་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་ཡང་དངོས་སུ་མཇལ་བར་སྣང་མོད། ཞི་བ་བཟང་པོ་ནི། འགོས་ཁུག་པ་ལྷ་བཙས་ཀྱིས་ཀྱང་བླ་མར་བརྟེན་པ་ཡིན་ལ། དེ་བཞུགས་པའི་གནས་འགོས་ལོས་རྒྱལ་པོའི་ཁབ་དང་། མར་པས་སེར་སྐྱའི་གྲོང་ནའོ། །གསུང་པ་ལྟར་སྟེ། རྗེ་འབྲུག་པས་ཆོས་འབྱུང་པདྨ་རྒྱས་པར། རྗེ་ནཱ་རོའི་སློབ་མ་ཆེ་བརྒྱད་ཀྱི་ནང་ཚན་ཤནྟ་ཞེས་བསྒྲངས་ཤིང་། དེ་ལ་མར་པས་ཆོས་གསན་ཞིང་། གསུང་ལས། རྒྱུད་སྙན་པོ་རྣམས་ཀྱི་གཏེར་བདག་པོ། དཔལ་ཞི་བ་བཟང་པོ་དངོས་དང་མཇལ། །ཞེས་དྲངས་པ་ལྟར་སྟེ། ཀུ་ཀུ་རི་པ་ནི་ཏེལློ་པས་ཀྱང་བླ་མ་ཡིན་པས་ཞི་བ་བཟང་པོ་དང་། ཀུ་ཀུ་རི་པ་གཅིག་ཏུ་འཁྲུལ་པར་མི་བྱའོ། །ད་རེས་རྒྱ་དཀར་དུ་ལོ་རྒྱུས་ཁ་ཅིག་ཏུ་ལོ་བདུན་བཞུགས་ཟེར་ཡང་ལོ་ལྔ་བཞུགས་པར་གསལ་ཏེ། དེ་ཡང་མགུར་ལས། སངས་རྒྱས་ནཱ་རོ་པཎ་ཆེན་དང་། །སེམས་ཅན་མར་པ་ལོ་ཙཱ་གཉིས། །རི་བོ་གསེར་གྱི་དགོན་པར་མཇལ། །ལོ་ནི་བཅུ་གཉིས་བར་དུ་བསྟེན། །ཞེས་རྒྱ་དཀར་དུ་ཕེབས་པ་ཕྱི་མའི་སྐབས་ནཱ་རོ་པས་སྤྱོད་པ་སྐྱོངས་བའི་དུས་ཡིན་ཡང་སྐབས་སྐབས་སུ་ཞལ་མཇལ་ལུང་བསྟན་དང་བྱིན་རླབས་ནོད་ཅིང་། དགེ་ཆོས་ཅི་རིགས་བྱར་ཡོད་པ་ཡི་ལོ་ལྔ་ཡང་ནཱ་རོ་པ་བརྟེན་པའི་ཁོང་དུ་བྱས་པར་སྣང་ལ། དེས་ན་ལོ་དྲུག་ཟླ་བ་བདུན་ཉེ་བར་བསྙེན་ཅིང་ཆ་ཤས་ཀྱི་སྒོ་ནས་ལོ་བཅུ་གཉིས་ལ་ཕྱོགས་པ་ཙམ་ནི་དོན་ལ་གནས་གྱི་གཞན་དེ་ལས་ཆེས་མང་བར་བྱས་པ་ཡང་མི་འགྲིག་ལ། ཡང་ཁ་ཅིག་གི་མར་པས་ནཱ་རོ་པ་དངོས་སུ་མ་མཇལ་ཏེ་དུས་མི་མཚུངས་ལ།

མར་པས་མཇལ་བ་ནི་ནཱ་རོའི་མིང་ཅན་གཞག་ཞིག་གོ་སྨྲ་བ་བྱུང་མོད། དེ་ནི་ཤིན་ཏུ་མི་རིགས་ཏེ། དེ་སྐད་སྨྲ་བ་པོ་རང་གི་ཚིག་ནང་འགལ་བས་མཚོན་ནུས་ཀྱི། ཅི་ཕྱིར་མར་པ་སླར་རྒྱ་དཀར་དུ་འགྲོ་བ་དང་ཇོ་བོ་བོད་དུ་ཕེབས་པའི་ལམ་བར་དུ་མཇལ་བར་ཕྱེད་རང་གིས་འདོད་ན། ནཱ་རོ་ཞབས་ཇོ་བོ་བོད་དུ་ཕེབས་ལ་ཉེ་སྐབས་ཞི་བར་གཤེགས་པ་ཇོ་བོའི་ལོ་རྒྱུས་ཆེན་མོར་འབྱུང་བཞིན་དོན་ལ་གནས་པ་དང་། ཇོ་བོ་བོད་དུ་མ་ཕེབས་པའི་ལོ་དུ་མའི་སྔ་རོལ་ཉིད་དུ་མར་པ་རྒྱ་དཀར་ཕེབས་པ་མར་དོ་ཆོས་དབང་བའི་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་འགྱུར་ན་མངོན་སུམ་འགལ་བའི་དམ་བཅའ་འདི་ལ་སུ་ཞིག་ཡིད་ཆེས། དོན་དུ་ཚིག་དེ་ལྟར་རྒྱ་ཡང་ཕྲག་དོག་གིས་ཟིན་པའི་གང་ཟག་ཞིག་གི་སྐྱེས་མཆོག་དམ་པའི་གསུང་དུ་བརྫུས་ཏེ་བྱས་པ་ཁོ་ནར་ངེས་ཤིང་། སྤྱིར་གཡེལ་མ་མུ་ཅོར་གྱི་རྒྱལ་ཞེས་པ་ལྟར། བོད་འདིར་ཁུངས་དང་མི་འབྲེལ་བའི་གཡོ་སྒྱུའི་ཚིག་གི་སྐྱེ་བོ་རྨོངས་པ་བསླུ་བར་བྱེད་པ་མང་དུ་མཐོང་སྟེ། དེ་ཡང་ལུས་མེད་པོས་བརླམ་པའི་གང་ཟག་སྡིག་ཅན་ཅིག་ཁོ་ནས་བོད་འདི་རུ་རྒྱ་བལ་གྱི་པདྨ་འབྱུང་གནས་ཆེ་ཆུང་གཉིས་བྱུང་ངོ་ཞེས་རྫུན་དུ་སྨྲས་པ་ལ་ཕྱུགས་ལྟ་བུའི་སྐྱེས་བོ་ཁ་ཅིག་གི་དེ་རྗེས་ཟློས་སུ་བྱེད་པ་དང་ཚུལ་འདི་འདྲ་བས་སོ། །དེས་ན་ཚིག་འདི་ལྟས་ཐེ་ཚོམ་དུ་གྱུར་བ་ནི་སྨོས་ཀྱང་ཅི་འཚལ་ཏེ། དགོས་དོན་མེད་པར་རྗེས་ཟློས་བྱེད་པ་ཡང་བདུད་ཀྱི་བྱིན་གྱིས་ནོན་པ་ཤེས་པར་བྱའོ། །དེ་ཕྱིར་ལོག་པར་འདྲེན་པའི་གཏམ་དེ་ལྟ་བུ་གང་དུ་སྣང་ཡང་གྲོང་ཁྱེར་གྱི་བཤུངས་པའི་ཁུངས་བུ་མི་བསྟིར་བར་བྱ་རིགས་སོ། །ཞེས་པ་ཡང་གཞན་གྱི་དགེ་བའི་བར་ཆད་སེལ་བའི་སླད་དུ་སྐབས་སུ་སྨྲས་པ་སྟེ། དེ་ཡང་ལྷོ་བྲག་མར་པ་བོད་དུ་བྱོན་པ་འདི་སྐབས།

ཡར་འབྲོག་མར་དོ་ཆོས་ཀྱི་དབང་ཕྱུག་རྒྱ་དཀར་བྱོན་པ་དང་བལ་པོར་མཇལ་ནས་གསེར་ཞོ་གང་གི་ཕྱག་རྟེན་བྱས་པས་གསེར་སེ་བ་རེ་ལ་ཡང་འཐོགས་འོངས་པས་ཁྱོད་རང་ཁྱེར་ང་བོད་དུ་གསེར་འཆག་རུ་འགྲོ་བ་ཡིན་གསུང་ཞིང་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མེད་པས་ནཱ་རོ་པའི་སློབ་མ་བཞི་ལ་ཆོས་ཉོན་ཞེས་གསུང་བ་མར་དོ་རང་ཉིད་ཀྱི་རྣམ་ཐར་དུ་གྲགས་པས། དེ་ཚེ་མར་པ་བོད་དུ་བྱོན་པ་འདི་རེས་སུ་མཇལ་བར་ངེས་སོ་ཡང་མར་དོས་རོང་ཟོམ་པ་ཆེན་པོར་ལོ་ཙཱ་བསླབ་ཞེས་ངག་སྒྲོས་ཁ་ཅིག་ཏུ་ཡོད་སྣང་ཡང་། རོམ་ཟོམ་པའི་རྣམ་ཐར་དེ་ཡི་ཐུགས་སྲས་གཡག་རྡོ་རྗེ་འཛིན་པས་མཛད་པར་མར་དོས་རོང་ཟོམ་པ་ཐོག་མར་བརྩོད་པར་ཡོངས་བ་སླར་གུས་ཏེ་སློབ་མར་བྱས་ཞེས་གསུང་བ་འཐད་པར་གོའོ། །མར་དོས་ཏི་ར་ནུ་ཏིར་ནཱ་རོའི་ཞལ་ཡུད་ཙམ་མཇལ་ཞིང་བྱིན་གྱིས་བརླབས། དེ་ནས་ནཱ་རོའི་དངོས་སློབ་རྣམས་ལ་གདམས་པ་གསན་པ་ཡིན་ནོ། །ཁ་ཅིག་གི་ལྷོ་བྲག་མར་པའི་ལོ་གཅིག་མར་དོ་འཁྲུངས་ཞེས་འོལ་ཕྱི་དཔྱད་ཀྱང་མི་འགྲིགས་ཀྱི་ལྷོ་བྲག་པ་ལས་ལོ་བཅུ་སྐོར་ལྷག་ཙམ་གྱི་གཞོན་པ་ཉིད་དུ་ངེས་སོ། །འགོས་ཁུག་པ་ལྷ་བཙས་ཀྱང་རགས་ཙམ་དུ་མར་པ་རྒྱ་དཀར་དུ་བར་རེས་བྱོན་དུས་ཙམ་དུ་རྒྱ་དཀར་ལ་བྱོན་པར་མངོན། མར་པ་བོད་དུ་ཕེབས་ནས་སློབ་མ་མཆོག་མེས་རྔོག་སོགས་ཀྱང་འདུས། སྐལ་ལྡན་གྱི་ཚོགས་ཅི་རིགས་བསྐྱངས་ཀྱིན་བཞུགས་པ་ན་མཁའ་འགྲོ་སྡེ་བཞིའི་བརྡའ་དཀྲོལ་གྱི་གླུ་ཡི་མཐར། ཏེ་ལོས་ལུང་བསྟན་ནཱ་རོའི་བུ། །ལྷུན་གྲུབ་ཆོས་ཀྱི་བློ་གྲོས་ཁྱོད། །སུ་ལ་ཧ་རིའི་དགོན་པ་ན། །རྣལ་འབྱོར་དབང་ཕྱུག་ནཱ་རོ་པ། །སྐྱེ་བ་མེད་པའི་དབྱིངས་སུ་ཡལ། །ཁྱེད་བཞུད་ན་ངེད་དང་འགྲོགས་ལ་གཤེགས། །ཞེས་བསྐུལ་བས་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་པར་དགོངས་ནས་ཕྲལ་དུ་ཕྱག་རྫས་རྣམས་གསེར་དུ་དྲིལ་ཞིང་གསེར་གྱི་བསྙེད་ཚོལ་ཡང་མཛད་དེ་གསེར་སྲང་བརྒྱ་ཕྲག་དུ་མ་བསྣམས་ནས་རང་ལོ་བཅུ་བཞི་རྩ་གཉིས་པ་ལྕགས་སྦྲུལ་ལོའི་དགུན་སྨད་དེར་རྒྱ་དཀར་དུ་བྱོན། དེ་ཡང་མགུར་ལས། ང་མར་སྟོན་ཆོས་ཀྱི་བློ་གྲོས་ནི། །ཚེ་གསུམ་གཉིས་རྒྱ་དཀར་ཡུལ་དུ་བསྐྱལ། །ལོ་བཞི་བཅུ་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་རྟ་བའི་ཟླ་བ་ལ། །མི་ཁོ་བོ་ལམ་དུ་ཞུགས་ཏེ་མཆིས། །ཞེས་གསུངས་ཏེ། མགུར་དོན་འདི་རྒྱ་དཀར་ནས་ཚུར་ལ་བྱོན་པ་དང་། བོད་ནས་ཕར་ཕེབས་པར་འདོད་པ་མི་འདྲ་བ་འབྱུང་བ་འབྱུང་མོད་ལ། རྒྱ་དཀར་ནས་བལ་པོར་སྦྲུལ་ལོ་ལ་ཕེབས་པར་ཡང་རུང་མོད། བོད་ནས་རྒྱ་གར་དུ་ཕེབས་པ་ནི་སྦྲུལ་ལོའི་གཞུག་རྟ་ཡི་ལོ་འགོ་ཡིན་པར་འཁྲུལ་མེད་དུ་སྣང་ངོ་། །ཕེབས་པའི་ལམ་བར་ཉང་སྟོད་གླང་པོ་སྣར་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཞེས་སྤྱིར་གྲགས་ཀྱང་། ལྷོ་རོང་ཆོས་འབྱུང་དུ་མང་ཡུལ་ཕྱོགས་ལམ་བར་ཞིག་དུ་མཇལ་ཞེས་འབྱུང་བ་འཐད་པར་གོ་ཞིང་། གང་སྤྱིར་ཇོ་བོ་དང་མཇལ་ཚེ་ཇོ་བོའི་གསུངས་ལས་རྗེ་བཙུན་ནཱ་རོ་པ་ནི་ལོ་གསར་གྱི་ཉ་ལ་མཁའ་སྤྱོད་གཤེགས་ཞེས་གསན་པས་དེས་ཀྱང་གདུང་བ་ལྷག་པར་འཕེལ་ཏེ་ཅི་མྱུར་བལ་པོ་ནས་རྒྱ་དཀར་དུ་གཤེགས་པ་ལ་ཐོག་མར་བླ་མ་བནྡྷེ་པ་ཆེན་པོ་དང་མཇལ་ཏེ་ནཱ་རོ་ཏ་པ་མཇལ་བར་ལུང་བསྟན། དེ་རྗེས་ནཱ་རོ་ཏ་པའི་ཉེ་གནས་དགེ་ཚུལ་ཤེན་སེང་གེ་དང་མཇལ། དེ་ནས་མཻ་ཏྲི་པ། ཞི་བ་བཟང་པོ། མི་རུས་རྒྱན་ཅན། པྲཛྙཱ་རཀྵི་ར། ཛྙཱ་ན་ཀ་ར། ཨ་ར་ཀ་སིདྡྷི། ཛ་ཡ་ཀ་ར། རི་རི་པ། ཀ་པོ་རི་པ་སོགས་བླ་མ་བཅུ་གསུམ་ཙམ་རེ་རེ་བཞིན་ཚོགས་ཀྱི་འཁོར་ལོས་བརྙེས་པར་བྱས་ཤིང་། སོ་སོར་ཟླ་བ་རེ་རེའི་ཡུན་དུ་ནཱ་རོ་པ་དང་མཇལ་བར་གསོལ་བ་བཏབ་པས་བླ་མ་ཀུན་གྱི་མཇལ་བར་ལུང་བསྟན་ཅིང་མཐར་ཀ་སོ་རི་པས་ཟླ་བ་བརྒྱད་དང་ཞག་བདུན་ནཱ་རོ་པ་དང་མཇལ་བར་དབུགས་དབྱུང་གནང་བཞིན་ནཱ་རོ་ར་ས་ཕྱོགས་ཀུན་འཚོལ་བར་ལུས་སྲོག་ལྟོས་མེད་ཀྱི་དཀའ་བ་མང་དུ་སྤྱད་པ་ཉམས་སྣང་ཁྱད་པར་ཅན་དང་བཅས་ཐོག་མར་ཞབས་རྗེས་མཇལ།

དེ་ནས་ཞག་བདུན་གསོལ་བ་བཏབ་པས་རྗེ་བཙུན་འཇའ་ཚོན་གྱི་རྣམ་པ་འོལ་བྱི་དང་གསལ་བ་དང་། ཤིན་ཏུ་གསལ་བའི་རྣམ་པ་རིམ་པ་བཞིན་མཐར་ནཱ་རོ་མངོན་སུམ་བྱོན་པ་མཇལ་ནས་བྱིན་བརླབས་ཞུ་བའི་ཆེད་དུ་རྒྱུག་སྟེ་བྱོན་པས་རྗེས་མ་ཟིན་པར་ཡལ་ཞིང་། དེར་ཐོད་པ་རྣམས་སྣང་གི་གང་བ་བདུད་རྩིར་བྱིན་གྱིས་བརླབས་པ་ཞིག་འདུག་པས་གསོལ་བས་རང་བཞིན་དཔག་ཏུ་མེད་པ་འཁྲུངས། སླར་ཡང་གསོལ་བ་དྲག་ཏུ་བཏབ་པས་ཞག་བདུན་ན་ཌཱ་མ་རུའི་སྒྲ་དང་བཅས་བར་སྣང་ནས་ནཱ་རོ་ཏའོ་པ་མངོན་སུམ་པ་བྱོན་ཏེ་ས་ལ་བབས་དེ་ལ་ཕྱག་དང་མཎྜལ་ཕུལ་བས་ཅི་འདོད་གསུང་ཀྱཻ་རྡོ་རྗེ་བསྟན་པར་ཞུས་པས་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་དབང་བསྐུར་རྒྱུད་དང་མན་ངག་རྣམས་ཚར་ཅིག་གསུངས་པས་དབང་དོན་ཇི་བཞིན་དུ་ངོ་འཕྲོད་ཐེ་ཚོམ་ཆོད་དོ། །ད་དུང་བདེ་མཆོག་དང་འདུས་པ་ཞུ་སྙམ་པ་ན་ཁྱོད་ཀྱི་ཀྱཻ་རྡོ་རྗེ་གོའམ་གསུང་གོ་ལགས་ཞུས་པས་དེས་ཆོག་གསུང་ནས་མི་སྣང་བར་གཤེགས་དེར་ལོ་ཙཱ་བ་ཡིད་སྐྱོ་ནས་ནགས་ཚལ་རྣམས་སུ་གསོལ་བ་འདབས་ཀྱིན་ཕྱིན་པས་ནཱ་རོ་པ་མངོན་སུམ་ཤིང་ནྱ་གྲོ་ཏ་ཡི་རྩེ་མོར་བྱོན་ནས་རྡོ་རྗེའི་གླུ་གསུང་དེ་ནས་ནཱ་རོ་པ་དང་ལོ་ཙཱ་བ་འདུ་འབྲལ་མེད་པའི་གདེང་རྙེད་ཚུལ་འདི་ནི་སླད་མེད་ཀྱི་ལོ་རྒྱུས་ཀུན་ཁུངས་མཐུན་པས་ཡིད་ཆེས་ཀྱི་གནས་རེ་དེ་ལྟར་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་ཟིན་ཀྱང་མཇལ་འདོད་ཀྱི་རྟོགས་པ་དྲག་པོ་མི་བཟད་པས་དཀའ་བ་མང་དུ་སྤྱད་པའི་མཐར་ནཱ་རོ་པ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མངོན་སུམ་མཇལ་ཏེ་དབང་བསྐུར་བྱིན་རླབས་མངའ་གསོལ་ལུང་བསྟན་ཐོབ་པས་ལོ་ཙཱ་བ་སྐལ་མཆོག་དང་གྲུབ་པའི་གྲགས་པས་རྒྱ་བལ་ཀུན་ཏུ་ཁྱབ་ཅིང་བྱང་ཕྱོགས་གངས་ཅན་ལྗོངས་འདིར་མུན་རེ་རེ་དུ་གངས་ལ་ཉི་མ་ཤར་བ་ལྟ་བུ་ནཱ་རོའི་རྒྱུད་འཛིན་སྙིང་པོ་དོན་གྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་བར་འབྱུང་བ་མཁྱེན་བཞིན་དེ་ཡི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཆེད་དུ་མགོན་པོ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་རྒྱུད་དེ་ལྟར་ཡོངས་སུ་བསྐུལ་བར་གདོན་མི་ཟ་ལ། ཚུལ་དེས་ཁོང་གི་ཆོས་རྒྱུད་བཀྲ་ཤིས་ཤིང་དར་རྒྱས་སུ་གྱུར་པའི་རྟེན་འབྲེལ་ཇི་བཞིན་འགྲིགས་པའོ། །

དེ་རེས་ཀྱང་མཻ་ཏྲི་པ་གཙོ་བོར་གྱུར་པའི་སྔར་གྱི་བླ་མ་རྣམས་ལ་གདམས་ངག་ཅི་རིགས་པ་གསར་དུ་གསན་པ་དང་སྔར་གྱི་ལ་ཞུ་ཏིག་ཡང་དག་པ་མཛད་སྟེ། དེ་ཡང་མགུར་ལས་ང་རྒྱ་གར་ཡུལ་དུ་ལན་གསུམ་ཡིན། དུས་ད་རེས་ནན་ཏན་ཞུ་གཏུམ་བྱས། ཞེས་པ་ལྟར་རོ། །ལོ་ཡང་མང་ཉུང་ཙམ་བཞུགས་ཏེ་ལོ་རྒྱུས་མང་ཞིག་ཏུ་ལོ་བཅུ་གཉིས་བཞུགས་ཟེར་བ་རྒྱ་བལ་གཉིས་ཀ་སྡོམ་པར་མངོན། སྔ་ཕྱི་ཁྱོན་དྲིལ་རྒྱ་དཀར་དུ་ལོ་ཉི་ཤུ་ཉེ་ཙམ་དང་བལ་པོར་ཡང་ལོ་ངོ་དྲུག་བདུན་ཙམ་བཞུགས་པར་སྣང་། དེ་ལྟར་རྗེ་བཙུན་མར་པ་རྒྱ་དཀར་ལན་གསུམ་ཕེབས་པ་ནི་རྔོག་གི་ཡིག་རྙིང་སོགས་ཁུངས་ལྡན་ཐམས་ཅད་མཐུན་ན། གཞན་ནི་མགུར་ཁ་ཅིག་ཏུ། མི་ང་རང་མར་པ་ལོ་ཙཱ་འདི། །སྐྱེ་ས་ཕམ་རེ་འགྲོ་ས་རྒྱལ། །རྒྱ་དང་བལ་པོར་ལན་ལྔ་ཕྱིན། །ལུས་སྲོག་ལ་མ་ལྟོས་དམ་ཆོས་བཙལ། །ཞེས་འབྱུང་ལྟར་བལ་པོར་ལན་ལྔ་ཕེབས་པ་གསུམ་རྒྱ་དཀར་དུ་བསྒྲོད་པའི་སྐབས་དང་། གཉིས་རྒྱ་དཀར་ལན་གསུམ་ཕེབས་པའི་རྗེས་སུ་བྱོན་ནས་བླ་མ་རྣམས་ལ་གདམས་ངག་མང་དུ་གསན་ཞེས་དེབ་གཏེར་ལས་བཤད་ཅིང་། གཞན་ཁ་ཅིག་ཏུ་མར་པ་དགུང་ལོ་བཅོ་ལྔ་སྐབས་ཙམ་དུ་གསེར་ཞོ་ཁ་ཤ་བསྣམས་ནས་བལ་པོར་ཕེབས་ཏེ་ལོ་གསུམ་བཞུགས། སླར་བོད་དུ་ཕེབས་པ་འབྲོག་མི་རྒྱ་དཀར་ནས་ཕེབས་ཏེ་རིང་པོ་མ་ལོན་པ་ཞིག་དང་ཞལ་མཇལ་ད་རེས་ཡོ་བྱད་ཐམས་ཅད་གསེར་དུ་དྲིལ་ནས་བལ་པོ་བརྒྱུད་རྒྱ་གར་དུ་ལ་ཀྵེ་ཏྟར་ཕེབས་ཏེ་ལོ་ལྔ་མི་རིངས་པཎྜི་ཏ་ཛྙཱ་ན་གཪྦྷ་དང་བནྡྷེ་པ་སྐུ་མཆེད་བརྟེན་དེ་ནས་བོད་དུ་ཕེབས་པར་དགོངས་བལ་པོར་སླེབས་ཚེ་བོད་ནས་རྒྱགས་བསྐྱལ་བ་འབྱོར་བས་ལར་ཡང་རྒྱ་དཀར་དུ་ཕེབས་ནཱ་རོ་མཻ་ཏྲིས་ཞབས་ལ་ཐུག་ཡང་གསེར་ཚོལ་ཆེད་བལ་པོ་བར་དུ་ཕེབས་ནས་རྒྱ་དཀར་དུ་ལྡོག་པ་དང་དེ་རྗེས་བོད་དུ་ཕེབས་ནས་རྒྱ་དཀར་དུ་ལན་ཕྱི་མ་ཕེབས་སྐབས་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་པའི་སྐབས་ཡིན་ཞེས་སོགས་ལོ་རྒྱུས་མི་འདྲ་བ་དུ་མ་མཐོང་མོད།

འོན་ཀྱང་གོང་གི་དཀྱུས་སུ་བཀོད་པ་ཉིད་རྣམ་པར་ཁུངས་མ་སྤྱི་དང་མེས་རྔོག་གི་གསུང་རྒྱུན་ནས་བྱུང་བཞིན་བྲིས་པ་ཡིན་པས་འཁྲུལ་བ་མེད་པར་སེམས་ལ་རྒྱ་བལ་དུ་ལན་ལྔ་ཕེབས་པ་སྤྱིར་གྲགས་ཆུང་ཞིང་གི་མགུར་ཚིག་དྲངས་བ་དེ་ནི་གཞན་དུ་རྒྱ་གར་དང་བལ་པོར་ལན་གསུམ་ཕྱིན་ཞེས་ཀྱང་ཡོད་པ་དེ་འདྲ་ཡི་གེ་མ་དག་པས་དང་། ལར་མགུར་ངོ་བོ་གཅིག་ལ་ཚིག་འདྲ་མིན་དོན་མཐུན་མི་མཐུན་སོགས་ཡིག་སྐྱོན་དང་། སླད་བསྲེས་པ་དང་། གསུངས་སུ་རྫུས་པ་སོགས་ཞིབ་མོར་དཔྱད་དགོས་པར་སྣང་ངོ་། །གང་ལྟར་རྒྱ་དཀར་ལན་གསུམ་ཕེབས་པའི་ཕྱི་མ་ཚུར་ལམ་བལ་པོར་བཞུགས་པའི་སྐབས་མཻ་ཏྲི་པ་དག་ཞིང་དུ་གཤེགས་པར་གདོངས་ཏེ། རྗེ་སྙིང་པོའི་དོན་རྟོགས་ཆོས་ཀྱི་སྐུ། །མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ། །ཁོང་བསམ་བཞིན་སྐུ་དྲིན་ཆེ་བའི་ཕྱིར། །མི་ཁོ་བོའི་ཡིད་ལ་ཤིན་ཏུ་བཅགས། །ཞེས་དང་། རྗེ་ཡང་ཡང་དྲན་ནོ་མཻ་ཏྲི་པ། །མི་ཁོ་བོའི་མིག་སྔར་བྲལ་མ་ཕོད། །གདོང་མཆི་མས་གང་བས་ངུད་མོ་ཤོར། །དབུགས་ཁ་ནས་མ་ཐོན་བྱང་ཁོག་རྒྱས། །ཕ་སྙིང་ནས་འདོད་དོ་ཆུ་བས་སྐོམ། །མི་ཁོ་བོའི་གདུངས་སེམས་མཁྱེན་ལགས་སམ། །ཕ་ལམ་སྣ་དྲོངས་ཤིག་སྤྲུལ་པའི་སྐུ། །ལར་རྨི་ལམ་བག་ཆགས་ཡིད་མོད་ཀྱང་། །མདོར་རྗེ་བཙུན་བྱོན་པ་ངོ་མཚར་ཆེ། །སེམས་དགའ་ལ་མི་དགའ་ཐོས་དམན་གྱུར། །ཁྱེད་འདིར་བཞུགས་ཀྱི་སྙན་དུ་ཞུ་བ་ལགས། །ཞེས་པའི་གདུངས་དབྱངས་ཀྱང་མཛད། དེ་ནས་བོད་དུ་བྱོན་ཚེ་དགུང་ལོ་ལྔ་བཅུ་རྩ་གྲངས་བཞེས་པའི་སྐབས་ཏེ་ལྷོ་བྲག་ཏུ་གནས་གཞི་བཟུང་ནས་ནཱ་རོ་པས་ཁྱོད་ལས་ཀྱི་ཕྱག་རྒྱ་འབྲལ་མེད་དུ་བརྟེན་ལ་སྣོད་ལྡན་སྨིན་པར་གྱིས་ཤིག་གསུང་པ་ལྟར་བཙུན་མོ་དགུ་ཁབ་ཏུ་བཞེས། ནང་གྲུབ་པ་ཆེན་པོའི་ས་ལ་བཞུགས་ཀྱང་ཕྱི་སྦས་ཚུལ་འཇིག་རྟེན་ཀུན་སྤྱོད་ཁྱིམ་པའི་ཚུལ་དང་མཐུན་པར་མཛད་དེ་བཞུགས་སོ། །གྲུབ་པའི་དབང་ཕྱུག་མི་ལ་རས་པ་ཡང་དུས་དེ་ཙམ་ན་ཞབས་སུ་སྙེགས་ཏེ་སྤྱོ་བ་དང་སྤྲོ་བས་རྗེས་སུ་བཟུང་། སྐབས་སྐབས་སུ་སྐལ་བ་དང་ལྡན་པའི་མིག་ངོར་གྲོང་འཇུག་སོགས་ཐུན་མོངས་ཀྱི་གྲུབ་མཚན་ཡང་མང་དུ་བསྟན་ཅིང་ཐུན་མོང་མ་ཡིན་པ་སློབ་མ་དམ་པ་རྣམས་ཀྱི་ངོར་ཟད་པ་ཟིལ་གནོན་དང་སྐུ་ཡི་བཀོད་པ་དང་སྐུ་མི་བཀོད་པ་དུ་མ་བཅས་སྤྲོས་བཅས་བདེ་ཆེན་གྱི་སྤྱོད་པ་སྐྱོང་ཞིང་དཀྱིལ་འཁོར་འཁོར་ལོ་མངོན་སུམ་དུ་སྣང་བ་སོགས་མཆོག་གི་རྫུ་འཕྲུལ་གྱི་རོལ་རྩེད་ཅིར་ཡང་བསྒྱུར་ཞིང་གདུལ་བྱ་རྣམས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་སྐོར་བར་མཛད་པ་རྡོ་རྗེ་ཅན་གྱི་རྒྱལ་ཚབ་དམ་པར་བཞུགས་པར་ཞིག་གོ །མཐར་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་བྱ་ཡི་ལོ་སར་མ་ཐག་པ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་རྣམ་པར་སྨིན་པའི་ལུས་བཏང་སྟེ་དག་པ་ཡེ་ཤེས་སྒྱུ་མའི་སྐུར་གཤེགས་སོ། །དེང་སང་མར་པའི་རྣམ་ཐར་རྣམས་རྒྱ་དཀར་ཕེབས་ཚུལ་འཁྲུངས་ལོ་སོགས་དཔྱད་དཀའ་བར་སྣང་བས་འདིར་སྔོན་གྱི་དཔེ་རྙིང་དང་མཁས་དང་གྲུབ་པས་བྱས་པའི་ལོ་རྒྱུས་ཇི་སྙེད་བལྟས་ནས་ཕྱིས་རྣམ་ཐར་དོན་གཉེར་ཅན་སྲིད་ཚེ་ཕན་པའི་བསམ་པས་དཔྱད་བཟོད་པའི་ལུགས་སུ་བྱས་ཏེ་བཀོད་པ་ཡིན་པས་ཡིད་ཆེས་སུ་རུང་བའོ། །འདིར་སྨྲས་པ། མར་པའི་རྣམ་ཐར་ཚིག་ཚོགས་མི་ངོམ་ཡང་། །མ་འཁྲུལ་སྙིང་པོ་གསལ་བའི་ལང་ཚོ་ངོམ། །དཔྱད་བཟོད་ཤེས་ལྡན་འགུག་པའི་སྐྱེས་འདི་ནི། །ཚེ་དབང་ནོར་བུའི་ངག་གི་རོལ་རྩེད་ཡིན། །ཞེས་སོ། །

རྗེ་མར་པའི་སློབ་མའི་ཐུ་བོ་རྔོག་སྔོན་ཆོས་ཀྱི་རྡོ་རྗེ་ནི་དེབ་གཏེར་དུ་མར་པའི་ཉི་ཤུ་རྩ་ལྔ་པ་མེ་ཕོ་བྱི་བ་ལ་འཁྲུངས། རང་གི་དྲུག་ཅུ་རྩ་བདུན་ས་ཆུ་ཕོ་རྟ་ཡི་ལོར་མཁའ་སྤྱོད་དུ་གཤེགས་ཞེས་གསུང་ཞིང་ལྷོ་རོང་ཆོས་འབྱུང་དུ་ཡབ་རྔོག་བན་ཅན་ཁ་པ་དང་ཡུམ་འོད་ལྡན་མ་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོ་ལ་སྐུ་འཁྲུངས་དགུང་ལོ་དྲུག་ཅུ་རྩ་བརྒྱད་ལྕགས་ཕོ་རྟ་ལོ་ཁྱི་ཟླའི་ཚེས་གསུམ་ཉི་ཤར་ལ་མཁའ་སྤྱོད་དུ་གཤེགས་པར་བཤད། གདན་དུས་བསྟན་རྩིས་སུ། རྗེ་བཙུན་མར་པའི་བཅུ་བདུན་པ། རབ་བྱུང་དང་པོའི་ཐམས་ཅད་འདུལ། མེ་ཕག་རྔོག་སྟོན་ཆོས་རྡོར་འཁྲུངས། ཞེས་དང་། རེ་བརྒྱད་ཤིང་རྟར་འཇའ་ལུས་གཤེགས། ཞེས་སྨྲ་མོད། དེ་དག་གི་རྩ་བ་ཁུངས་ནི། རྔོག་མདོ་སྡེའི་ལོ་རྒྱུས་ཡིག་རྙིང་ཡང་དག་པ་ལས། རྔོག་གི་སྲས་པོ་མདོ་སྡེས་རྗེས་མར་པ་ལས་ལུང་ཙམ་ཐོབ། ལོ་བརྒྱད་ལོན་པའི་ཚེ་རྗེ་མར་པ་གཤེགས། བཅུ་གསུམ་ལོན་པའི་ཚེ་ཡབ་གཤེགས། ཞེས་འབྱུང་བ་ལ་དཔང་པོ་བྱས་ནས་ལོ་ཚིགས་བློས་དཔྱད་དེ་བཞག་པར་སྣང་ལ། ཁུངས་དེ་སླད་བྲལ་ཡིན་པས་དེ་ལྟར་མི་རུང་བ་ནི་མ་ཡིན་མོད། འོན་ཀྱང་འདྲ་མིན་ནི་མར་པའི་འཁྲུངས་ལོ་མ་མཐུན་པས་བྱུང་སྟེ། འདིར་ནི་རྗེ་རང་བྱུང་ཞབས་དང་དཔལ་མཁའ་སྤྱོད་པའི་གསན་ཡིག་ཐོ་འཁོད་ལྟར་བསྒྲིག་ན། རྔོག་སྟོན་ཆོས་རྡོར་ནི་མར་པའི་ཉི་ཤུ་པ་ས་ལུག་ལ་འཁྲུངས་ཏེ་བརྒྱད་མེ་སྟག་ལ་གཤེགས། དེ་ཡི་སྲས་མདོ་སྡེ་ནི་ཡབ་ཀྱི། ང་ལྔ་པ་ཤིང་མོ་སྟག་གི་ལོ་ལ་འཁྲུངས། དགུང་ལོ་བདུན་ཅུ་རྩ་བདུན་ལྕགས་རྟ་ལ་གཤེགས་ཀྱི་བར་དབང་རྒྱུད་མན་ངག་གིས་འགྲོ་བའི་དོན་རྒྱ་ཆེར་མཛད། རྔོག་མདོ་སྡེ་དང་རྗེ་ས་ཆེན་གཉིས་རགས་རྩིས་སུ་དུས་མཚུངས་ཏེ་མདོ་སྡེ་ཡི་བཅུ་དགུ་པ་ཆུ་སྤྲེལ་ལ་ས་ཆེན་འཁྲུངས་པ་ཡིན་ནོ། །མདོ་སྡེའི་སྲས་གཅེན་གཙང་ཚ་ཇོ་ཚུལ་ནི་ཡབ་ཀྱི་ཉེར་དྲུག་ལྕགས་ཡོས་ལ་འཁྲུངས། ཞེ་བཞི་ཤིང་ཁྱི་ལ་གཤེགས།

གཅུང་རྒྱལ་ཚ་ཐོགས་མེད་གྲགས་ཡབ་ཀྱི་སོ་གཅིག་མེ་སྤྲེལ་ལ་འཁྲུངས་རང་ལོ་སོ་བདུན་བར་དུ་བཞུགས། ཐོགས་མེད་གྲགས་པའི་སྲས་རྒྱལ་ཚ་ར་མོ་ཡབ་ཀྱི་ཉེར་ཆུ་ཁྱི་ལ་འཁྲུངས། ཁོང་ཉེར་གཅིག་པར་མེས་གཤེགས། རང་ལོ་སོ་བདུན་པར་བཞུགས་ཞེས་གྲགས་སོ། །གཙང་ཚ་ཇོ་ཚུལ་གྱི་སྲས་རྔོག་ཀུན་དགའ་རྡོ་རྗེ་མེས་མདོ་སྡེ་དགུང་ལོ་དྲུག་ཅུ་རྩ་བདུན་པ་ལྕགས་སྤྲེལ་ལ་འཁྲུངས་བཅུ་གཅིག་སྐབས་མེས་གཤེགས། གདམས་པའི་ལྷག་མ་རྣམས་རྒྱལ་ཚ་ར་མ་ལ་ཞུས། རང་ལོ་བདུན་ཅུ་རྩ་བརྒྱད་ས་སྟག་བར་དུ་བཞུགས། ཀུན་དགའ་སྲས་གཅེན་རྔོག་བཙུན་གཟི་བརྗིད་གྲགས་པ་ནི་ཡབ་ཀྱི་ང་གསུམ་ཆུ་བྱི་ལ་འཁྲུངས། ཉེར་བདུན་སྐབས་ཡབ་གཤེགས་རང་ལོ་བརྒྱད་ཅུ་ལྕགས་ལུག་བར་དུ་བཞུགས། གཅུང་སློབ་དཔོན་རྒྱལ་དགའ་ཡབ་ཀྱི་ང་དྲུག་ཤིང་ཡོས་ལོར་འཁྲུངས་བརྒྱད་ཅུ་བཞུགས་ཟེར། དེ་ཡི་སྲས་གསུམ་གྱི་བར་ཚིག་སྤྱན་སྔར་རིན་ཆེན་བཟང་པོར་གྲགས་པ་རྔོག་པའི་གདུང་རབས་ལས་ཕྲིན་ལས་ཆེ་བར་གྱུར་པ་དེ་ནི་དེབ་སྔོན་དང་ཆོས་འབྱུང་རིན་ཆེན་སྤུངས་པར་ཆུ་ཡོས་ལོ་པ་སྟེ་ཡབ་ཀྱི་ཞེ་དགུའི་སྐབས་སུ་འཁྲུངས། སོ་གཉིས་སྐབས་སུ་ཡབ་གཤེགས། དགུང་ལོ་དོན་བདུན་བར་དུ་བཞུགས། དེབ་གཏེར་དུ་ཁོང་ཡོས་ལ་འཁྲུངས་པའི་ལོ་བཞི་ལོན་པ་མ་ར་ལ་རང་གི་གཅུང་སློབ་དཔོན་ཆོས་རྡོར་བ་དང་ཡར་ཀླུང་ཀླུབ་ལོ་ཙཱ་གྲགས་པ་རྒྱལ་མཚན་འཁྲུངས། དེ་བཞིན་ཞེ་གཉིས་པར་ཀརྨ་རང་བྱུང་ཞབས་དང་། ཞེ་བརྒྱད་ལྕགས་སྟག་ལ་བུ་སྟོན་རིན་པོ་ཆེ། ལྔ་བཅུ་ཆུ་འབྲུག་ལ་ཀུན་མཁྱེན་དོལ་པོ་པ་རྣམས་འཁྲུངས་པར་གསུངས་ཏེ། དེས་དུས་ནམ་བྱུང་བདེ་བླག་ཏུ་ཤེས་པར་འགྱུར་ལ། སྤྱིར་ཡང་རྔོག་བཙུན་རིན་ཆེན་བཟང་པོ་མན་གྱི་འཁྲུངས་གཤེགས་ཀྱི་ལོ་ཐམས་ཅད་མཐུན་པས་འདིར་སྨོས་མ་དགོས་ལ་ཡན་ཆད་མར་པའི་དུས་དང་བསྒྲིགས་པ་ལ་ངེས་པར་འཁོག་པའི་དབང་གིས་ཞིབ་མོར་དཔྱད་དེ་བཀོད་པའོ། །

རྗེ་བཙུན་མར་པ་སྙིང་པོའི་དོན་གྱི་བསྟན་པ་འཛིན་པའི་གཙོ་བོ་སྒྲུབ་རྒྱུད་མཐའ་དག་འབྱུང་ཁུངས་གངས་ཅན་བོད་ཡུལ་གྱི་རྣ་བའི་རྒྱན་གྲུབ་པའི་དབང་ཕྱུག་མི་ལ་རས་པ་སྟེ་དེ་འཁྲུངས་པའི་ལོ་ནི་ཆུ་འབྲུག་དང་། ལྕགས་འབྲུག་དང་། ས་འབྲུག་ཏུ་འདོད་པ་གསུམ་དང་། ཞི་བྱེད་རི་པ་བྱ་བ་མི་ལའི་རྣམ་ཐར་བརྒྱ་དང་ཉེར་བདུན་གཟིགས་པར་གྲགས་པ་ས་སྟག་ལ་འཁྲུངས་པར་གསུང་ཞིང་དེ་ཡང་ས་འབྲུག་ལས་ལོ་གཉིས་ཀྱི་སྔ་བས་མེ་སྟག་སྟེ། མེ་སྟག་དེ་ཡི་ཕྱི་མེ་ཡོས་རབ་བྱུང་དང་པོ་མཚུངས་པ་ཡིན་ལ། དེ་ལྟར་ལོ་ཚིགས་མི་འདྲ་བ་བཞི་བྱུང་བ་ལས། ཆུ་འབྲུག་ལོ་པར་བྱས་པ་ནི། ངམ་རྫོང་སྟོན་པས་ཆུ་དབར་དུ་འདྲེ་དམག་ཆོ་འཕྲུལ་ཞུས་ཆེན་དང་པོའི་སྐོར་ཆུ་འབྲུག་ལ་ཡིན་གསུང་པ་ལྟར་ན་མི་ལའི་རེ་གཅིག་སྐབས་དང་མཐུན་པར་སྣང་རུང་། སྒམ་པོ་པས་མི་ལ་སོ་གཅིག་ས་གླང་ལོར་མཇལ་བ་ངེས་ཅན་ཡིན་པས་དེ་ཚེ་ལུགས་འདིར་མི་ལ་དགུང་ལོ་དགུ་བཞེས་སྐབས་མཇལ་དགོས་ཤིང་། དེ་ནས་མི་ལ་གཤེགས་ཀྱི་བར་ལོ་ཉེར་དྲུག་ཡོད་པས་དེ་བར་མི་ལ་དང་ཡེ་མ་མཇལ་བ་ཡང་མི་ལེགས་ཤིང་། སྒམ་པོ་པ་ཕྱི་སློབས་སུ་ཀུན་གྱིས་བཞེད་བཞིན། རས་ཆུང་བ་དང་། སྒམ་པོས་མཇལ་སྔ་ཕྱི་ཅུང་ཟད་ཙམ་ལས་དུས་མཚུངས་པ་ཉིད་དུ་གྱུར་པ་དང་། སང་ཕོད་ཡོས་ལོ་རྟ་པ་ཟླ་བར་བྲིམ་ཆུ་དབར་གྱི་རི་ལ་ཤོག་གསུང་བ་སོགས་མི་འགྲིགས་པ་མང་བས་མི་འཐད་དོ། །ལྕགས་འབྲུག་ལོ་པར་བྱས་པ་ནི་སྔ་མ་ལས་འཐད་ཤས་ཆེ་ཡང་། མི་ལ་དང་སྒམ་པོ་མཇལ་ནས་ལོ་བཅུ་གཉིས་ལོན་པ་ན་མི་ལ་གཤེགས་པར་བཞེད་ནས། ལོ་བཅུ་གཉིས་ནས་བྲིམ་གྱི་རི་ལ་ཤོག །ཞེས་པ་ང་ཕོད་ཀྱི་ལོ་ཚིག་བཅུ་གཉིས་སུ་བསྒྱུར་ཏེ་གནས་སྐབས་འགྲིགས་པ་ལྟར་མཛད་ཀྱང་སྒམ་པོ་པས་མི་ལ་མཇལ་ནས་ལོ་གཅིག་དང་ཟླ་བ་གཅིག་དྲུང་དུ་བསྙེན་ཁ་ཅིག་ནས་ནས་ཟླ་བ་བཅུ་དགུ་བརྟེན་ཡང་ཟེར། གང་ལྟར་སོ་གཉིས་པའི་སྐབས་དབུས་སུ་བྱོན། དབུས་སུ་ལོ་གཅིག་བཞུགས། དེར་རྗེ་བཙུན་གྱིས་སང་ཕོད་ཆོས་ལོ་རྟ་ས་ཟླ་བར་བྲིམ་ཆུ་དབར་གྱི་རི་ལ་ཤོག་གསུང་བ་དྲན་ནས་ཕེབས་པའི་ལམ་ཁར་མི་ལ་གཤེགས་པར་གསན་ནས་གསེར་རྣམས་བྲིམ་གྱི་ཕྱོགས་སུ་གཏོར་སྟེ་གདུང་དབྱངས་མཛད་པར་སྒམ་པོ་པའི་རྣམ་ཐར་དངོས་སློབ་ཀྱི་སྒྲོ་བསྐུར་སྤངས་ནས་བྲིས་པ་ཡིན་ཞེས་སྔར་གྱི་ཡིག་རྙིང་སླད་བྲལ་དུ་འབྱུང་བ་མཐོང་ཞིང་།

སྒམ་པོའི་རྣམ་ཐར་གཞན་གྱི་བབ་ལ་བརྟག་པས་ཀྱང་དོན་ལ་གནས་ངེས་སྣང་བས་དེས་ན་ཚུལ་དེ་དང་མི་འགྲིགས་པས་མི་འཐད་དོ། །ས་འབྲུག་ཏུ་བཞེད་པ་འདི་ལ་སྒོམ་པོ་པའི་སོ་གཅིག་ས་གླང་ལོར་མི་ལ་དང་མཇལ་བ་དང་། སོ་བཞི་ལྕགས་ཡོས་ཀྱི་མཐར་མི་ལ་ཞི་བར་གཤེགས་ཤིང་དེ་ཡི་ལོ་སྔ་མ་ལྕགས་སྟག་ལ་རྗེ་དུས་གསུམ་མཁྱེན་པ་འཁྲུངས་པ་ཡིན་ཞེས་དཔལ་མཁའ་སྤྱོད་དབང་པོའི་ཞལ་སྔ་ནས་གསུང་བ་ལོ་ཚིགས་སྔ་ཕྱི་འགྲིགས་ཤིང་དོན་ལ་ཤིན་ཏུ་གནས་པར་ཁུམ། འདི་ལ་ཚེ་རིང་མའི་ཞུས་ལེན་ཆུ་འབྲུག་ལ་བྱས་པ་མི་འགྲིགས་སམ་སྙམ་ན་སྤྱིར་ལོ་དེ་ཡི་ཁམས་ནོར་བའོ་ཞེས་དམ་པ་ཁ་ཅིག་གི་གསུང་བ་དོན་ལ་གནས་པ་དང་། དེར་ཡང་མ་ཟད་རྒྱ་ནག་ལྟར་ལོ་ཟླ་འབྱུང་ཁམས་མ་བུར་བསྒྲང་བ་ལ་བརྟེན་ཏེ་གསུང་བ་ཡང་སྲིད་པས་སླར་དཔྱད་པའི་གནས་སོ། །མེ་སྟག་ལ་འཁྲུངས་བར་འདོད་པ་ཡང་ས་འབྲུག་དང་ལོ་ཁྱད་ཆེར་མེད་པར་སྤྱིར་མི་འགལ་མོད། འོན་ཀྱང་རྣལ་འབྱོར་སྤྱིར་བཏང་མཐའ་དག་ཁམས་མི་མཐུན་ཡང་ལོ་འབྲུག་ཁོ་ནར་སྣང་བ་དང་། སྒམ་པོ་པས་མཇལ་ཚུལ་ལ་དཔག་པས་ཀྱང་འབྲུག་ཏུ་འཐད་དོ། །དེས་ན་རྗེ་མི་ལའི་འཁྲུངས་ལོ་རང་ཞབས་ཀྱི་གསུང་རྒྱུན་དཔལ་མཁའ་སྤྱོད་དབང་པོའི་བཞེད་པ་ལྟར་ཁས་བླང་པར་བྱ་སྟེ། དེ་ཡང་མི་ལ་འཁྲུངས་པའི་ཡུལ་ནི་སྟོད་མངའ་རིས་གུང་ཐང་ལ་ཤོད་རྩ་ཞེས་ཡིན་ལ་སྐུ་ཚེའི་སྟོད་དགུང་ལོ་སུམ་ཅུ་རྩ་བདུན་བར་རྡོ་རྗེ་གནུབ་ཆུང་། གཡུང་སྟོན་ཁྲོ་རྒྱལ། རོང་སྟོན་ལྷ་དགའ་རྣམས་བསྙེན་ནས་དྲག་སྔགས་ལ་ནུས་པ་ཐོན་པར་མཛད་ཅིང་འཇམ་དཔལ་གཤིན་རྗེ་གཤེད་དང་སྒྱུ་འཕྲུལ་དང་། ཁྱད་པར་རྫོགས་ཆེན་སེམས་ཕྱོགས་དང་གསང་སྟོན་སྐོར་ཅི་རིགས་པ་གསན་ཅིང་བཞུགས།

དེ་ཚེ་རོང་སྟོན་ལྷ་དགའ་ལུང་བསྟན་པ་ལ་བརྟེན་ཏེ་དགུང་ལོ་སུམ་ཅུ་རྩ་བརྒྱད་པའི་སྐབས་སུ་མར་པའི་ཞབས་སུ་ཐུག་སྟེ་སྒོ་གསུམ་གྱིས་བླ་མ་མཉེས་པར་བྱས། སྐབས་ཤིག་བླ་མའི་ཡུམ་གྱི་བཀས་གཞུང་དུ་རྔོག་སྟོན་རྩར་བྱོན་ནས་ལོ་ཕྱེད་གཉིས་ལྷག་ཙམ་ཞིག་གདམས་པ་གསན་ཏེ་བཞུགས། གཞན་རི་ཁྲོད་དུ་གཤེགས་ཀྱི་བར་ལུས་དང་གྲིབ་མ་ལྟར་ལོ་དྲུག་དང་ཟླ་བ་བརྒྱད་བསྟེན། དེ་ཡང་ལོ་སོ་བརྒྱད་ཀྱི་ངོ་ནས་ཞེ་བཞིའི་ངོ་ཡི་བར་རིལ་པོ་བཞི་ལྷག་སྤྱོ་བའི་ཚུལ་གྱིས་དང་། ཞེ་ལྔ་པ་ནས་ཞེ་བདུན་གྱི་ངོ་མཐོང་ལོ་གཉིས་གདམས་པས་སྤྲོ་བ་བསྐྱེད། དེ་རྗེས་སུ་བཟུང་ནས་སྨིན་གྲོལ་རྩལ་ང་དྲུག་ཏུ་གནས། དེ་ནས་བླ་མའི་བཀའ་བཞིན་བསྒྲུབ་པའི་དམ་བཅའ་དྲག་པོ་བཅས་གཅིག་པུར་རི་ཁྲོད་དུ་གཤེགས་ཏེ་ལོ་བདུན་དང་ངོ་མཐོང་བརྒྱད་ལོན་པ་རང་ལོ་ལྔ་བཅུ་རྩ་བཞི་ཤར་མ་ཐག་པར་མར་པ་གཤེགས། དེ་ཡི་ཕྱི་ལོ་ལྔ་བཅུ་རྩ་ལྔ་པར་སྒྲུབ་པའི་དམ་བཅའ་ལོ་དགུ་ཐིམས། དེ་ནས་ལ་ཕྱི་ཆུ་དབར་དང་ཏི་སེ་སོགས་གནས་མེད་དུ་བསྒྲུབ་པའི་རྒྱལ་མཚན་བཟུང་ནས་མི་དང་མི་མ་ཡིན་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་བཞི་ལྕགས་ཡོས་ལོར་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བཅས་སྐུ་གཤེགས་པའི་ཚུལ་བསྟན་ནོ། །

དེབ་གཏེར་མཁན་པོས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་བླ་མ་མཛེངས། དྷརྨ་བྷོ་དྷི་ཆུ་འབྲུག་ལ་འཁྲུངས་བར་གསུང་བ། མི་ལའི་ཉེར་ལྔ་སྐབས་དང་། བ་རི་ལོ་ཙཱ་བ་ལྕགས་འབྲུག་ལ་འཁྲུངས་ཁུངས་གསལ་ཡོད་ན་མི་ལའི་བཅུ་གསུམ་སྐབས་དང་། གཞན་དགུང་མཉམ་ཙམ་བཞེད་པ་བ་རི་ཡང་ས་འབྲུག་ཏུ་འགྱུར་རོ། །བ་རི་བ་རྒྱ་དཀར་དུ་བྱོན་པའི་སྐབས་རྡོ་རྗེ་གདན་པ་སྔ་མ་པུཎེ་ཨ་ཀ་ར་གུཔྟ་ཡི་བསྟན་པ་སྐྱོང་བའི་དུས་སྐུ་ཚེའི་སྨད་ཡིན་ལ། བ་རི་བས་ཀྱང་དེ་ཡི་ཞབས་ལ་ཐུག་ཅིང་གྲུབ་ཐོབ་ཁྱུང་པོའི་རྩ་བའི་བླ་མ་ཡང་འདི་ཡིན། དུས་དེ་ཡི་པཎ་གྲུབ་ཨ་མོ་གྷ་བཛྲ་ཞེས་པ་བ་རི་བས་གདམས་པ་མང་དུ་གསན་པའམ་རྩ་བའི་བླ་མ་དེ་དང་རྡོ་རྗེ་གདན་པ་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ་ཨ་མོ་གྷ་བཛྲ་ནི་བོད་དུ་ཕེབས་ཤིང་ད་རེས་སྐྱོ་འོད་འབྱུང་གིས་ཀྱང་རྩ་བའི་བླ་མར་བརྟེན་རས་ཆུང་ནས་ཀྱང་གདམས་པ་མང་དུ་གསན། སླར་རྒྱ་གར་དུ་ཕེབས་ནས་སྐུ་རིང་དུ་བཞུགས་ཤིང་སྐྱོ་པ་རྣམས་ཀྱི་མཐར་འཇའ་ལུས་སུ་གཤེགས་པར་ཡང་བཞེད། གྲྭ་པ་མངོན་ཤེས་ཆུ་བྱི་ལོ་པ་བདུན་ཅུ་རྩ་དགུ་ལྕགས་རྟ་ལོར་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་ལུག་གམ་ཆུ་སྤྲེལ་ལ་ལ་སྟོད་དམ་པ་དམར་པོ་གྲགས་པ་སྐུ་འཁྲུངས། ཁོང་རྒྱ་གར་དུ་ཕེབས་ནས་རྡོ་རྗེ་གདན་པ་དང་མཇལ་རྩ་བའི་བླ་མར་མཛད་དེ་ནི་རྡོ་རྗེ་གདན་པ་བར་པ་སྟེ་མཚན་ས་རི་པའམ་རཏྣ་ཨཱ་ཀ་ར་གུཔྟའམ་ཞབས་ལ་ཐུག་པར་མངོན། ཙ་མི་ལོ་ཙཱ་སངས་རྒྱས་གྲགས་རྒྱ་དཀར་དུ་ཕེབས་པའི་སྐབས་སུ་རྡོ་རྗེ་གདན་པ་ཕྱི་མ་ཨ་བྷ་ཡ་ཀ་ར་གུཔྟ་ཡི་གདུལ་བྱ་སྐྱོང་ནས་ཅུང་ཟད་ལོན་པའི་དུས་དང་། དཔལ་ཆེན་སྒ་ལོ་རྒྱ་དཀར་དུ་ཕེབས་སྐབས་ཁོང་གི་སྐུ་ཚེའང་སྨད་ལ་ཐུག་པར་མངོན། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་དཀར་དུ་ཕེབས་སྐབས་རྡོ་རྗེ་གདན་པ་བཞི་པར་གྲགས་པ་ཙྭ་མི་ལོ་ཙཱ་སངས་རྒྱས་གྲགས་ཀྱི་ཞབས་ལ་ཐུག་པ་ཡིན་ཏེ་དེ་ཙམ་གྱིས་ཀྱང་རྡོ་རྗེ་གདན་པར་གྲགས་པ་བླ་མ་རབས་བཞི་དང་བོད་ཀྱི་བླ་མ་རྣམས་དུས་བསྒྲིགས་པ་ཚུལ་རྟོག་པར་བྱེད་པ་ཡིན་ནོ། །

རྗེ་བཙུན་མི་ལའི་སློབ་མ་རས་ཆུང་བ་ནི་མི་ལ་བསྒྲུབ་པ་ལ་གཤེགས་པའམ་བསྒྲུབ་པའི་དམ་བཅའ་ལོ་དགུ་མཛད་པའི་ཐོག་མ་ལ་འཁྲུངས་པ་ཡིན་ཞེས་གསུང་བས། དེས་ན་ཆུ་བྱིའམ་ཤིང་སྟག་ལ་སྐུ་བལྟམས་ལོ་བཅུ་གཅིག་སྐབས་མི་ལ་དང་མཇལ་བཅོ་ལྔ་པར་རྒྱ་གར་དུ་ཝ་ལ་ཙཎྜ་ལ་ཐུག་སྟེ་བསྙུན་ལས་གྲོལ་བླ་མ་མི་ལ་ཡི་བཀས་ཉེར་གཅིག་ལ་ཏི་ཕུ་པའི་དྲུང་དུ་སྙེགས། དགུང་ལོ་བདུན་ཅུ་རྩ་བརྒྱད་པར་སྐུ་ལུས་སྤངས་ནས་མཁའ་སྤྱོད་དུ་གཤེགས་པར་གྲགས། ཁ་ཅིག་ཤིང་ཁྱི་ལ་འཁྲུངས་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་དང་གྱ་བཞི་དང་གྱ་གཉིས་པར་བཞུགས་པར་འདོད་པ་ཡང་སྣང་ངོ་། །

དེ་ལྟར་མར་རྔོག་མི་ལ་དུས་ནམ་བྱོན་ངེས་པར་བྱས་ནས་ད་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱོན་པའི་རྒྱ་དཀར་གྱི་པཎྜི་ཏ་ཤིན་ཏུ་བཀའ་དྲིན་ཆེ་བ་ཚད་མེད་པའི་ཐུགས་རྗེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་མར་མེ་མཛད་དཔལ་ཡེ་ཤེས་ཞབས་ཀྱི་འཁྲུངས་ལོ་ནི། འཆིམས་སྟོན་ནམ་མཁའ་གྲགས་སོགས་ཀྱི་ལྕགས་རྟ་དང་། རྗེ་གཞོན་ནུ་དཔལ་བས་ཆུ་རྟ་དང་། གཞན་ཕལ་ཆེ་ཤིང་རྟ་དང་ཁ་ཅིག་གི་མེ་རྟར་བཞེད་པ་ཡོད་ཀྱང་། དུས་སྔ་ཕྱི་གོ་རིམ་ལ་ཞིབ་མོར་དཔྱད་པས་རྗེ་གཞོན་ནུ་དཔལ་བའི་བཞེད་པ་འདི་དོན་ལ་གནས་པར་ངེས་ཞེས་ཕྱིས་ཀྱི་མཁས་པ་ཕལ་ཆེར་ཞལ་འཆམ་ཞིང་འཐད་པར་ཡང་སྣང་བས་དེས་ཇོ་བོ་ཆུ་རྟ་ལ་འཁྲུངས། ཞེ་དགུ་ལྕགས་འབྲུག་ལོ་བར་རྒྱ་གར་དུ་བཞུགས། ལྕགས་འབྲུག་ལོ་འདིར་དཔལ་ནཱ་རོ་ཏཱ་པས་ཇོ་བོ་ལ་བསྟན་པ་གཏད་ནས་ཐུན་མོང་གི་གདུལ་བྱའི་ངོར་ཞི་བར་གཤེགས་པའི་ཚུལ་བསྟན་ནས་ནཱ་རོ་པའི་གདུང་ཞིག་ཀྱང་ཇོ་བོ་རྗེས་བསྣམས་པ་སྙེ་ཐང་མཆོད་སྡོང་དུ་བཞུགས་པར་ལོ་རྒྱུས་ཆེན་མོ་ལས་འབྱུང་ཞིང་དེང་སང་བཀའ་བརྒྱུད་ཀྱི་ལོ་རྒྱུས་མང་ཞིག་ཏུ་ནཱ་རོ་ཏཱ་པ་མེ་འབྲུག་ལ་བལྟམས་ཏེ་བརྒྱད་ཅུ་རྩ་ལྔ་མཁའ་སྤྱོད་དུ་གཤེགས་ཞེས་པ་ཚིག་འདི་ལ་བརྟེན་པ་མིན་ན་འགྲིག་པར་སྣང་ལ། ཡང་དམ་པ་ཁ་ཅིག་གི་ནཱ་རོ་ཏཱ་པ་གླང་གི་ལོ་པར་བཞེས་ཏེ་བརྒྱད་དུ་རྩ་བརྒྱད་ཀྱི་ངོ་མཐོང་ལ་གཤེགས་པར་རྟོགས་སོ། །

ཇོ་བོ་རྗེ་ནི་ལྔ་བཅུ་རྩ་དགུ་པ་ལྕགས་འབྲུག་ལོ་དེ་ཀའི་མཐར་རྒྱ་གར་ནས་བཏེགས་ཏེ་དྲུག་ཅུ་པ་ལྕགས་སྦྲུལ་ལོར་བལ་པོར་བཞུགས་ཏེ་རེ་གཅིག་ཆུ་ཕོ་རྟ་ལ་བོད་ཡུལ་མངའ་རིར་ཕེབས། དེར་ལོ་གསུམ་བཞུགས་པར་འདོད་པ་དང་། ལོ་གཅིག་བཞུགས་པར་འདོད་པ་ཡོད་ལ། དེབ་སྔོན་དང་ཆོས་འབྱུང་རིན་ཆེན་སྤུངས་པ་མཐུན་པར་ཆུ་རྟ་ལ་མང་ཡུལ་དུ་བཞུགས། ཆུ་ལུག་ལ་སུ་རོང་བུ་ཕེབས་ཤིང་སྤྲེལ་ལ་དེར་བཞུགས་བོད་དུ་ལོ་གསུམ་ལོན་པས་རྒྱ་གར་དུ་བྱོན་དགོངས་ནས་ཤིང་བྱ་ལ་མང་ཡུལ་དུ་ཕེབས་དེར་བལ་པོ་རྫོངས་སུ་དམག་འཁྲུག་གི་ལམ་འགག་པས་ལོ་གཅིག་བཞུགས། དེ་ནས་འབྲོམ་གྱི་ཐབས་མཁས་ཀྱི་དབུས་གཙང་དུ་བྱོན་པར་གསོལ་བ་བཏབ་ཅིང་མི་ཚན་རྣམས་བསྐུལ་ནས་ཇོ་བོ་བོད་དུ་སྤྱན་དྲངས། མེ་ཁྱི་ལ་གཙང་དུ་ཕེབས་ཞེས་འབྱུང་། དེ་ཡང་གཙང་དུ་ཕྲིན་ལས་ཧ་ཅང་མ་བྱུང་བས། གཙང་སྟོད་སྨད་དུ་བཤུལ་ལམ་ལ་ཟླ་བ་གསུམ། ཉན་མཚོ་གནས་སུ་ཟླ་བ་གཅིག་བཞུགས། དེར་ཨ་རོའི་སློབ་མ་ཟོང་དཀར་མཛོད་ཁུར་དང་མཇལ་བས་མཛོད་ཁུར་ལ་ཇོ་བོས་ཕྱག་མཛད་པར་གྲགས། ལོ་དེ་ཀར་གམ་བྱང་ཐང་ལ་ནས་ཐོན་ཏེ་དབུས་སུ་ཕེབས། དེས་ན་ཇོ་བོ་དབུས་སུ་ལོ་དགུ་བཞུགས་པར་མངོན། མཐར་དབུ་རུ་སྐྱིད་ཤོད་སྙེ་ཐང་ཤིང་རྟ་དབྱུ་གུ་ཟླ་བའི་ཚེས་ཉི་ཤུ་ལ་དགའ་ལྡན་དུ་གཤེགས་པར་གསུངས་སོ། །རྗེས་མཁའ་སྤྱོད་པའི་བཀའ་རྒྱུད་གསེར་ཕྲེང་མར་པའི་རྣམ་ཐར་དུ། མར་པ་བི་ཀྲ་མ་ཤཱི་ལར་ཕེབས་སྐབས་ཇོ་བོ་དགུང་ལོ་བཅུ་དགུ་པར་གསུང་ཡང་། ཇོ་བོ་དགུང་ལོ་ཉེར་དགུ་ཞེས་སྐབས་ཕལ་ཆེན་སྡེ་བའི་གནས་བརྟན་ཆེན་པོ་ཤཱི་ལ་ཀྵི་ར་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ཅེས། བཀའ་གདམས་ལོ་རྒྱུས་ལས་འབྱུང་ན་བཅུ་དགུ་ཡིག་ནོར་དང་དེ་སྐབས་སོ་དགུ་ཡིན་པར་མངོན། དེ་ལྟར་ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟ་ལོ་འདི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་ལྔ་བཅུ། ལྷོ་བྲག་མར་པའི་ཞེ་གསུམ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སོ་བརྒྱད། མདོ་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ཟུར་ཆུང་བ་ཉེར་དགུ། རྣལ་འབྱོར་པ་ཨ་མེས་བྱང་ཆུབ་རིན་ཆེན་ཉེར་བརྒྱད། དགོནjཔ་བ་འཛེངས་བསྒོམ་དབང་ཕྱུག་རྒྱལ་མཚན་གྱི་ཉེར་བདུན། རྗེ་བཙུན་མི་ལ་ལོ་བཅོ་ལྔ་ལོནjཔའི་སྐབས་སོ། །

གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཕལ་ཆེར་གྱི་ལྕགས་སྟག་ལ་འཁྲུངས་བར་གསུངས་བས་དེ་ཚེ་རྒྱ་གར་ལན་གསུམ་བྱོན་པའི་ཐོག་མ་དགུང་ལོ་ལྔ་བཅུ་བཞེས་སྐབས་བལ་པོ་ནས་རྒྱ་གར་གཤེགས་ཏེ་རྡོ་རྗེ་གདན་པ་དང་མཻ་ཏྲི་པ་སོགས་བརྟེན་ལོ་བཞི་བཞུགས་ནས་ཤིང་སྤྲེལ་ལ་པུ་རོང་དུ་ཇོ་བོ་རྗེ་དང་མཇལ་གདམས་པ་ཡང་དུས་དེར་གསན་པར་གསོལ་ལོ། །ལར་གྲུབ་ཐོབ་ཁྱུང་པོ་འདི་དགུང་ལོ་བརྒྱ་དང་ལྔ་བཅུའི་བར་དུ་བཞུགས་ཞེས་གསུང་བཞིན་དོན་ལ་གནས་པས་རྗེ་སྒམ་པོ་པའི་རེ་གཅིག་སྐབས་སུ་གཤེགས་པ་ཡིན། མར་པ་དང་ཇོ་བོ་ཉང་སྟོད་དུ་མཇལ་བར་ངེས་ཚེ་མེ་ཁྱིའི་ལོ་ཡིན་དགོས་ཡང་ལྷོ་རོང་ཆོས་འབྱུང་ལྟར་སྐྱིད་རོང་ལམ་བར་དུ་མཇལ་བར་འཐད་པས་དེས་ན་ཆུ་རྟ་ཡི་ལོ་འགོར་མངོན། དགེ་བཤེས་པུ་ཏོ་བ་ནི་དེབ་སྔོན་དུ་ལྕགས་ལུག་ལ་འཁྲུངས་གསུང་ཡང་ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་དུ་མེ་ཡོས་ལ་འཁྲུངས་པར་བཞེད་པས། དེ་ཚེ་མར་པས་ཉེར་བརྒྱད་རབ་བྱུང་དང་པོ་ཤར་བར་འཁྲུངས་ཤིང་། པུ་ཏོ་བ་སྐུ་གཤེགས་མ་ཐག་པའི་སྐྱེ་བ་རྗེ་དུས་གསུམ་མཁྱེན་པ་ཡིན་ཞེས་གསུང་ན་པུ་ཏོ་བའི་ཤིང་བྱ་ལ་གཤེགས་ནས་ལོ་ལྔ་འདས་ལྕགས་སྟག་ལ་འཁྲུངས་བར་སྣང་ལ། མར་པའི་ལོ་སོ་གསུམ་པ་ཤིང་ཁྱི་ལ་འཁོན་ས་སྐྱ་པ་དཀོན་མཆོག་རྒྱལ་པོ་དང་། དྲུག་ཅུ་ཐམ་པ་ལ་ས་ཕག་ལ་ལོ་ཙཱ་བ་ཆེན་པོ་བསྟན་པའི་མངའ་བདག་རྔོག་བློ་ལྡན་ཤེས་རབ་སྐུ་བལྟམས་ཤིང་། རེ་གཅིག་པ་ཆུ་སྟག་ལ་ཀོར་ནི་རཱུ་པ། དམ་པ་སོ་ཆུང་། མ་གཅིག་ཞ་མ་རྣམས་བལྟམས། དྲུག་ཅུ་རྩ་བདུན་མེ་སྟག་ལ་འབྲོག་མི་ཤཱཀྱ་ཡེ་ཤེས་གཤེགས། དོན་བཞི་ཆུ་གླང་ལ་འཁོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱ་བཏབ། བརྒྱད་ཅུ་ས་ལུག་ལ་མཉམ་མེད་དྭགས་པོ་ལྷ་རྗེ་འཁྲུངས་པ་ཤེས་པར་བྱའོ། །

རྗེ་མི་ལའི་སློབ་མ་མཆོག་མཉམ་མེད་དྭགས་ལྷ་རྗེ་ཞེས། ཇོ་བོའི་རིང་ལུགས་བཀའ་གདམས་པར་གྲགས་པའི་གདམས་པས་དགེ་སྦྱོར་རྐང་ཚུགས་རྗེ་མི་ལའི་མན་ངག་གི་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་པ་གཟིགས་ནས་སྙིང་པོ་དོན་གྱི་བསྟན་པ་རྒྱས་པར་བྱེད་པ་པོ་གང་དེ་ནི་མཉལ་སྨད་དུ་ས་མོ་ལུག་གི་ལོ་ལ་སྐུ་བལྟམས། ཉི་ཤུ་རྩ་ལྔ་བར་ཁྱིམ་དུ་བཞུགས། ཉེར་དྲུག་པར་རབ་ཏུ་བྱུང་ནས་བཀའ་གདམས་ཀྱི་བླ་མ་མང་དུ་བརྟེན། སོ་གཅིག་སྐབས་རྗེ་མི་ལ་དང་མཇལ། སོ་གཉིས་སྐབས་དབུས་སུ་ལོག །སོ་གསུམ་པ་མི་ལ་མཁའ་སྤྱོད་དུ་གཤེགས། དེ་ནས་བཀའ་གདམས་ཁྲོད་དུ་ལོ་ཁ་ཤས་དང་། སེ་བ་ལུང་དུ་ལོ་དྲུག་བསྒྲུབ་པའི་ས་སྡེ་བཙུག་འོད་ཁ་དོག་ལུང་དུ་ལོ་གསུམ་བཞུགས་རྗེ་མི་ལས་ལོ་བཅུ་གཉིས་ན་རྟོགས་པ་བཤའ་མ་སྐྱེ་ཞེས་ལུང་བསྟན་ལྟར་དེར་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་བརྙེས། དེ་ནས་རི་ཁྲོད་ངེས་མེད་དུ་ལོ་ཤས་ཟླ་ཤས་དང་འོད་ཟེར་གུང་རྒྱལ་དུ་མང་ཙམ་བཞུགས། དགུང་ལོ་ལྔ་བཅུའི་ནང་ཁུལ་དུ་སྒམ་པོར་ཕེབས། སྐལ་ལྡན་མཆོག་གི་སློབ་མ་རྣམས་དེར་འདུས། མཐར་རང་ལོ་བདུན་ཅུ་རྩ་ལྔ་པ་ཆུ་བྱ་སྟོན་འབྲིང་གི་ཚེ་བཅོ་ལྔའི་སྔ་དྲོར་གཤེགས་པའི་ཚུལ་བསྟན། འདི་ཡི་འཁྲུངས་གཤེགས་ཀྱི་ལོ་ནི་ཐམས་ཅད་མཐུན་པས་འཆུག་པ་མེད་པ་ཉིད་དོ། །

ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་བརྙེས་པ་རྗེ་བཙུན་དམ་པ་རྒྱ་དཀར་ནག་ཆུང་བོད་འདིར་གདུལ་བྱའི་དོན་དུ་ཡོངས་གྲགས་སུ་ལན་གསུམ་བྱོན་པའི་དང་པོ་ནི། ཇོ་བོ་རྗེ་གཤེགས་འཕྲལ་ཙམ་དུ་བྱོན་ཏེ་སྐབས་ལྕེ་དྭས་སྒང་བ་ལ་དུས་འཁོར་གསུང་ཟེར། བར་པར་རྨ་པོ་ཀམ་གསུམ་རྗེས་སུ་བཟུང་ནས་ཤིང་ཡོས་ལོར་རྒྱ་ནག་ཏུ་ཕེབས། དེར་ལོ་བཅུ་གཉིས་བཞུགས། དེ་ནས་རྒྱ་དཀར་དང་བལ་པོ་བརྒྱུད་བོད་དུ་བྱོན་ཞེས་དམ་པའི་རྣམ་ཐར་ལས་བྱུང་། དེབ་སྔོན་དུ་མེ་གླང་ལ་ཕེབས་ཉེར་གཅིག་མེ་བྱ་བར་བཞུགས་བཞེད་ཀྱང་། སོ་ཆུང་ཆུ་སྟག་ལོ་པ་བཅུ་གསུམ་ཤིང་སྟག་སྐབས་དམ་པས་རྗེས་སུ་བཟུང་བར་འདོད་ན་དེ་ནས་ལོ་བཅུ་གཉིས་པ་ཤིང་གླང་ཡིན་ལ། མེ་གླང་དང་མི་འགྲིག །དེས་ན་ཤིང་གླང་ལ་བོད་དུ་ཕེབས་པའམ། མཁས་པ་དམ་པ་དྷརྨཱ་ཤྲཱིའི་བསྟན་རྩིས་སུ་ལྕགས་ལུག་ལོར་དམ་པ་དིང་རིར་ཕེབས་ཞེས་གསུང་བ་འཛེངས་བསྒོམ་དྷརྨཱ་བྷོ་དྡེའི་རྣམ་ཐར་བབ་ལྟར་ན་འཐད་པར་ཡང་སྣང་། དེ་ཚེ་དམ་པ་དིང་རིར་ལོ་བཅུ་བཞི་བཞུགས་པར་མངོན། དམ་པ་ཤིང་བྱ་སྨིན་དྲུག་ཟླ་བའི་ཚེས་བཞིའི་ནམ་གུང་ལ་གཤེགས་ཞེས་གླང་འཁོར་རྒྱ་བསྒོམ་བདེ་ཆེན་གླིང་པས་གསུང་སྟེ་དེ་ནི་འཆུག་པ་མེད་པར་ཁུམ། ཤིང་བྱ་དེ་ནས་ལོ་དྲུག་འདས་པའི་ལྕགས་ཡོས་ལ་མི་ལ་གཤེགས་པ་ཡིན་ནོ། །དེ་ཡང་རྗེ་མར་པ་ལྕགས་བྱི་ལ་འཁྲུངས་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱི་ལོ་འདི་ཡི་སྟེང་དུ་སླེབས་པ་བློ་ངན་ལྕགས་བྱ་ཡན་འདས་པའི་ལོ་བདུན་བརྒྱ་བཞི་བཅུ་ཞེ་གཉིས་སོང་། དེ་བཞིན་རྗེ་བཙུན་མི་ལ་ས་འབྲུག་ལ་འཁྲུངས་ནས་ལོ་བདུན་བརྒྱ་དང་བཅུ་གཉིས་ཐམ་པ་འདས། ཇོ་བོ་རྗེ་བོད་དུ་ཆུ་རྟ་ལ་ཕེབས་ནས་ལོ་བདུན་བརྒྱ་ཐམ་པ། རྔོག་ལོ་ཆེན་པོ་ས་མོ་ཕག་ལ་བལྟམས་ནས་དྲུག་བརྒྱད་དང་གྱ་གསུམ། དྭགས་པོ་ལྷ་རྗེ་ས་ལུག་ལ་འཁྲུངས་ནས་ལོ་དྲུག་བརྒྱ་དང་དྲུག་ཅུ་རེ་གཉིས། དམ་པ་དིང་རིར་ལྕགས་ལུག་ལ་ཕེབས་ནས་དྲུག་བརྒྱ་དང་ལྔ་བཅུ་ང་གཅིག་ལོན་པ་ཤེས་པར་བྱའོ། །

དེ་ལྟར་མར་པ་མི་ལ་འཁྲུངས་གཤེགས་ཀྱི་ལོ་བཀའ་བརྒྱུད་བླ་རབས་གོང་མ་རྣམས་ཀྱི་སྙན་ནས་སྙན་དུ་གསུང་རྒྱུན་བར་མ་ཆད་བཞིན་རྒྱལ་སྲས་སེམས་དཔའ་ཆེན་པོ་རང་བྱུང་ཡབ་སྲས་ཀྱི་དགོངས་བཞེད་ཇི་བཞིན་དཔལ་མཁའ་སྤྱོད་དབང་པོས་བསྟན་དུས་རྗེས་དྲན་ཞེས་ས་བོན་ཙམ་ཞིག་སླར་ཞིབ་མོ་ཞིག་སྤྲོ་བར་བཞེད་པའི་དགོངས་པ་ལྷག་མ་ཅན་དེ་ཡོངས་སུ་བསྐང་བའི་སླད། གང་གི་བཞེད་པ་དེ་ཡང་མེ་སྟག་རམ་པ་དང་། མི་ལ་དྭགས་པོའི་ལོ་རྒྱུས་ཡིག་རྙིང་ཁུངས་ལྡན་མང་ཞིག་དང་མཐུན་ཤས་ཆེ་བར་མཐོང་བས་ཀྱང་ཡིད་ཆེས་ནས་འབད་པས་གསལ་བར་བྱས་པ་ཡིན་ལ། སྤྱིར་ནི་ཞི་བྱས་རི་པས་མི་ལ་ཡི་རྣམ་ཐར་ཡང་བརྒྱ་དང་ཉེར་བདུན་གཟིགས་གསུང་བ་ལྟར་མར་མིའི་བརྒྱུད་འཛིན་ཤིན་ཏུ་རྒྱ་ཆེ་བར་གྱུར་བཞིན། དེ་ཡི་རྣམ་པར་འཆད་ཙམ་བྱེད་པ་པོ་ཆེས་མང་བ་བྱུང་བ་ཡི་རྣམ་ཐར་སྔ་ཕྱི་གོང་འོག་ཚིག་སྒྲོས་མཐུན་མི་མཐུན་དོན་གཅིག་མི་གཅིག་འདྲ་མིན་སྣ་ཚོགས་དཔྱད་པར་དཀའ་བ་ཉིད་མཐོང་ལ། ཁ་ཅིག་ནི་གྲུབ་པའི་རྣལ་འབྱོར་གྱིས་དཔག་པར་དཀའ་བ་ཉིད་དུ་གྱུར་ཀྱང་། ཁ་ཅིག་ནི་ཕྱིས་བྱུང་གི་རང་བཟོས་བསྲེ་སླད་ཀྱང་ངེས་པ་རྙེད་པས།

དེས་ན་དུས་ཀྱི་གོ་རིམ་རྣམ་ཐར་གྱི་བབ་རང་བཟོ་མེད་པར་ཡིག་རྙིང་ཁུངས་ལྡན་མང་པོ་ལ་བརྟེན་རེ་འདིར་ཅུང་ཟད་ཞིག་ཡི་གེར་བགྱིས་པ་སྟེ་ཕྱོགས་མཚམས་ཀྱི་རྨོངས་པ་མ་ཡིན་པའི་དཔྱོད་ལྡན་བློ་གཟུ་བོར་གནས་པ་དག་སྨྲས་པ་འདི་ཡང་དོན་ལྡན་དུ་འགྱུར་རམ་སེམས་མོད། གཞན་ཡང་དུས་སྐབས་དེར་བསམ་གཏན་འཛིན་གྱི་སྐྱེས་བུ་ཤིན་ཏུ་གྲགས་ཆེ་ཞིང་ལོ་རྒྱུས་ལ་ཉེ་བར་མཁོ་བ་ཇོ་བོ་རྗེ་འབྲོམ་སྟོན་རྔོག་ལོ་རྣམས་ཀྱི་འཁྲུངས་གཤེགས་ཀྱི་ལོ་རྗེ་གཞོན་ནུ་དཔལ་བས་འཆུག་མེད་དུ་གཏན་ལ་ཕབ་ནས་དེབ་གཏེར་དུ་གསུང་བ་བཞིན་དང་། དམ་པ་རྒྱ་དཀར་གླང་འཁོར་ནས་དགའ་ལྡན་དུ་གཤེགས་པའི་ལོ་ཡང་གླང་འཁོར་གྱི་མཁས་པ་ཟུར་ཁང་པ་དང་འབུམ་རམས་པས་ཇི་ལྟར་གསུང་བཞིན་འཆུག་པ་མེད་པར་མཐོང་ནས་བྲིས་པ་ཡིན་ནོ། །བཀའ་བརྒྱུད་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་འཆད་པ་དང་བསྟན་རྩིས་སྐབས་སུ་ཉེར་བར་འཁོག་བའི་གཏམ་ཉུང་གསལ་འདི་ཀཿཐོག་ལྷོ་རྒྱུད་དུ་སྐྱེས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུའི་གུ་རུའི་གནས་ཆེན་ལྗོན་པ་ལུང་དུ་རྔ་ཆེན་ཆུ་ཁྱི་ལོ་སྟོན་འབྲས་བུ་སྨིན་པའི་སྐབས་སུ་སྦྱར་བ་སྟེ། ཡང་གནས་དེར་ཚིག་སྣ་ཅུང་ཟད་བསྲིངས་ཤིང་། སླར་བསྲུང་བྱེད་མེ་སྟག་གི་ལོར་བོད་ཡུལ་དབུ་རུ་སྲོད་ལུང་མཚུར་གྱི་གནྡོ་ལར་དཔྱད་པ་དག་པར་བྱས་པའི་ཡི་གེ་པ་ནི་ཡེ་ཤེས་དཔལ་འབྱོར་གྱི་བགྱིས་པའོ། །དགེའོ། །མངྒ་ལཾ།

བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ།

༄༅། །བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་བའི་བསྟན་པ་ལ་མཁས་པའི་ཁྱུ་མཆོག་བུ་སྟོན་རིན་ཆེན་གྲུབ་ཀྱི་ཞལ་སྔ་ནས་བོད་ཀྱི་རྒྱལ་རབས་ཇི་ལྟར་བཞེད་ནི་དེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས་འབྱུང་བ། མདོར་བསྡུ་ན།

རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོའམ་གསལ་རྒྱལ་འཆར་བྱེད་གང་རིམ་ཞིག་གི་སྲས་མཚན་དང་ལྡན་པ་ཞིག་བོད་ཡུལ་ལྷ་རིའི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་བྱོན་པ་བོད་ཀྱི་རྒྱལ་པོ་གཉན་ཁྲི་བཙན་པོར་གྱུར་ལ། དེ་ནས་རིམ་པར་གནམ་ལ་ཁྲི་བདུན་གྲགས་པ་བྱུང་ཞིང་། ཁྲི་བདུན་གྱི་ཐ་མ་སྲིབ་གྲི་བཙན་པོའི་སྐབས་གདོན་བོན་གཤེན་ཚ་མི་བོ་ཆེ་ཞེས་པ་བྱུང་། དེ་ནས་བར་གྱི་ལྟང་ཅིག་པ་ཡི་ལེགས་དྲུག དེ་ནས་ལྡེ་བརྒྱད་དང་བཙན་བཞི་སྟེ་དེ་རྣམས་ཀྱི་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་སོང་བ་ལས་རྒྱལ་པོ་ཉི་ཤུའི་རང་ཆབ་སྲིད་བོན་གྱིས་སྐྱོང་བར་གྲགས་སོ། །དེའི་མཐར་གསང་བའི་བདག་པོས་བྱིན་གྱིས་བརླབ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན་བྱོན། དེ་ཡི་དགོང་ལོ་དྲུག་ཅུ་བར་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པར་ནམ་མཁའ་ནས་ཟ་མ་ཏོག་བཀོད་པ་དང་སྤང་ཀོང་ཕྱག་རྒྱའི་གླེགས་བམ་གསེར་གྱི་མཆོད་རྟེན་རྣམས་བབས་པས་དམ་པའི་ཆོས་ཀྱི་དབུ་དེ་ནས་བརྙེས། དེ་ལ་རྒྱལ་པོས་གཉན་པོ་གསང་བར་བཏགས་ཤིང་མཆོད་པའི་བྱིན་རླབས་ཀྱིས་དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་དང་དེ་ཡི་བཙུན་མོ་འབྲི་བཟའ་ཐོད་དཀར་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་དབུ་ལ་འོད་དཔག་མེད་པ་མངོན་སུམ་དུ་བཞུགས་པའི་རྒྱལ་བུ་གཅིག་མེ་མོ་གླང་གི་ལོ་ལ་འཁྲུངས་ཏེ་མཚན་ལ། ཁྲི་སྲོང་བཙན་བཏགས་དགུང་ལོ་བཅུ་གཉིས་སར་རྒྱལ་ཐབས་མཛད་དེ་མཐའ་ཡི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་པས་སྐྱེས་འབུལ་གྱི་འཕྲིན་ཡིག་བཀླགས། དེས་བོད་ལ་ཡི་གེ་དགོས་པར་གཟིགས་ཏེ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བཏང་ནས་པཎྜི་ཏ་ལྷ་རིག་སེང་གེ་ལ་སྒྲ་བསླབ་སྟེ་བོད་ཀྱི་སྐད་དང་བསྟུན་པའི་དབྱངས་གསལ་སུམ་ཅུ་གཟུགས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ཏེ་ལྷ་སའི་སྐུ་མཁར་དམར་རུར་བཀོད་ཅིང་དེ་ཡི་ཆ་རྐྱེན་སྒྲ་ཡི་བསྟན་བཅོས་བརྒྱད་མཛད། དེར་རྒྱལ་པོས་ཀྱང་ལོ་བཞི་ཡི་བར་མཚམས་བཅད་དེ་སྒྲ་ལ་སྦྱངས་བའི་ཚུལ་མཛད་དེ་མདོ་ཟ་མ་ཏོག་དང་དཀོན་མཆོག་སྤྲིན་རྣམས་བོད་སྐད་དུ་བསྒྱུར། དེ་ཚེ་བོད་འབངས་རྣམས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས་མི་དགེ་བ་ལས་ལྡོག་པའི་དགེ་བཅུའི་ཁྲིམས་བཅོས་པས་མཚན་ལ། སྲོང་བཙན་སྒམ་པོར་གྲགས།

དེ་ནས་རྒྱ་གར་ཤར་ཕྱོགས་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྤྲུལ་པས་སྤྱན་དྲངས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁབ་ཏུ་བཞེས་པས་དེས་ལྷ་མི་བསྐྱོད་རྡོ་རྗེ། བྱམས་པ། ཙན་དན་གྱི་སྒྲོལ་མ་རྣམས་སྤྱན་དྲངས། རྒྱ་ཡི་རྒྱལ་པོ་སེང་གེ་བཙན་པོ་ཞེས་ཐང་གི་རྒྱལ་རབས་གཉིས་པའི་སྲས་མོ་ཀོང་ཇོ་ཁབ་ཏུ་བཞེས་ཏེ་དེས་འཕྲུལ་སྣང་གི་ཇོ་བོ་གདན་དྲངས་སོ། །དེ་ནས་ཁྲི་བཙུན་གྱི་གཙུག་ལག་ཁང་བཞེངས་འདོད་ཀྱང་བཞེངས་སུ་མ་བཏུབ་པར་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདི་གནས་དགོས་པར་གཟིགས་ནས་དཔུང་པ་གཡས་པ་ཀ་ཚལ། གཡོན་པ་ཁྲ་འབྲུག ཀོང་པ་གཡས་པ་གཙང་འབྲམ། གཡོན་པ་གྲཾ་པ་རྒྱང་སྟེ་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོ་མཐིང་། སྤུས་མོ་གཡས་ལ་ཀ་བྲག གཡོན་ལ་པྲ་བདུན་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་འཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་ཀློང་ཐང་སྒྲོན་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་། སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེང་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་རྩིགས། ཤིང་གིས་ཕུབ། ཀླུའི་འདམ་པས་ཞ་ལ་བྱས་ཏེ་ར་ལ་ས་བཀལ་ནས་བཏབ་སྟེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། བློ་འབུར་བྱང་མར་བཟོ་རྒྱུ་སྤུང་བ་ལ་རང་བྱོན་དུ་བྱུང་བའི་ངོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་གསུངས་སོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔ། བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱ་མོ་ཀོང་ཇོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས། དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་མ་ར་དང་། བྲམ་ཟེ་ཤམ་ཀ་ར་དང་། བལ་པོ་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་དེ་ཚེ་དང་། ལོ་ཙཱ་བ་ཐོན་མོ་སཾ་བྷོ་ཊ་དང་། དེའི་མཆན་བུའི་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱི་ཆོས་ཅི་རིགས་བསྒྱུར་ཅིང་གཏན་ལ་ཕབ་བོ། །རྒྱལ་པོ་དེས་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཀྱང་ཡོད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ་བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །

དེ་དང་མཉམ་དུ་ཀོང་ཇོའི་ཞལ་ནས་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ་འཕྲུལ་སྣང་གི་བློ་འབུར་དུ་སྦོས་སྒོ་ལ་ཞ་ལ་གྱིས་ལ་འཇམ་དབྱངས་བྲིས་ཤིག་གསུངས་ཏེ་ཁྲི་བཙུན་དང་མཉམ་དུ་གསུམ་ཀ་ཐུགས་རྗེ་ཆེན་པོ་ལ་ཐིམ་པའམ་འདས་སོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ་ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་དེའི་སྲས་རླུང་ནམ་འཕྲུལ་གྱི་རྒྱལ་པོ། དེ་ཡི་སྲས་ཁྲི་ལྡེ་བཙུག་བརྟན་ཏེ་དེ་ལྷ་ས་མཁར་བྲག་སོགས་བཙུག་ལག་ཁང་བརྒྱད་བཞེངས། བྲན་ཀ་མུ་ལ་ཀོ་ཎ། མྱག་ཛྙཱ་ན་ཀུ་མ་ལ་རས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་བསྒྱུར། རྩིས་དང་སྨན་དཔྱད་ཅི་རིགས་ཡང་དར་བར་བྱས། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱ་ཡི་རྒྱལ་པོའི་སྲས་མོ་གྱིམ་ཤང་ཀོང་ཇོ་བླང་བར་རྒྱལ་པོའི་སྲས་གཤེགས་པས་མེས་དང་ལྷག་ཏུ་འདུས་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་འཕྲུལ་ཁྲི་སྲོང་ལྡེ་བཙན་ས་ཕོ་རྟ་ལ་བལྟམས། དེ་ཆུང་ངུའི་དུས་སུ་རྒྱ་ཡི་ཡུལ་དུ་སང་ཤིང་སོགས་མི་བཞི་ཆོས་ཚོལ་བར་བཏང་བས་ཆོས་དང་ཧ་ཤང་གཅིག་བཅས་བོད་ཡུལ་དུ་སླེབས་ཀྱང་ཤུལ་དུ་རྒྱལ་པོ་གཤེགས་ཤིང་རྒྱལ་བུ་ནར་མ་སོན་པས་བོན་བློན་རྣམས་ཀྱིས་ཆོས་བྱེད་དུ་མི་སྟེར་བའི་ཁྲིམས་བུ་ཆུང་བཅས་པས་སང་ཤིའི་ཆོས་རྣམས་རེ་ཞིག་བྲག་ལ་སྦས། སླར་རྒྱལ་བུའི་ན་ཆུང་ཟད་སོན་ཏེ་རྒྱལ་སྲིད་མཛད་པའི་སྐབས་སང་ཤིའི་རྒྱལ་བུའི་སྙན་དུ་ཆོས་གསོལ་བར་དགྱེས། དེ་དང་མཐུན་པར་རྦ་གསལ་སྣང་མང་ཡུལ་གྱི་སོ་ཁར་ཡོད་པ་ཡང་འཁོར་ཏེ་རྒྱལ་པོ་ལ་ཆོས་བགྱིད་པར་གསོལ་བའི་འགོས་ཀྱི་བློ་གྲོས་ཀྱི་མ་ཞང་མཆད་དུ་ལོ་གསུམ་བཅུག་སྟེ་དེའི་རིང་གསལ་སྣང་ཨ་ཙཱརྱ་བོ་དྷེ་ས་ཏྭ་སྤྱན་འདྲེན་བཏང་ནས་མང་ཡུལ་དུ་ཕེབས་པ་ན་བློན་པོ་གསུམ་བསུ་བར་བརྫངས་ནས་རིམ་པས་བོད་དུ་བྱོན། ཕོ་བྲང་བྲག་དམར་དུ་རྒྱལ་པོ་མཇལ་འཕྲད་མཛད། ཕོ་བྲང་རླུང་འཚུབ་དུ་ཟླ་བ་བཞི་ཡི་བར་མཁན་པོས་ཆོས་བཤད་པས་བོད་ཀྱི་ནག་ཕྱོགས་ལྷ་འདྲེའི་ཆོ་འཕྲུལ་དང་བློན་པོ་བོན་ལ་དགའ་བ་རྣམས་ཀྱིས་ཆོས་བཤད་དུ་མ་སྟེར་བས་རེ་ཞིག་མཁན་པོ་བལ་ཡུལ་དུ་བསྐྱལ།

དེ་ནས་རི་ས་ཤིག་ལོན་པ་ན་གསལ་སྣང་རྒྱ་ཡི་ཡུལ་ཆོས་འཚོལ་བ་དང་། སང་ཤིང་མཁན་པོ་སྤྱན་དྲངས་བར་བརྫངས་ཤིང་། སླར་ཡང་གསལ་སྣང་རྒྱ་ནས་འཁོར་ཏེ་མཁན་པོ་སྤྱན་འདྲེན་ཆེད་དུ་བསྐྱར་དུ་བརྫངས་པས་མཁན་པོ་བོད་དུ་ཕེབས། བསམ་ཡས་ཀྱི་ས་འདུལ་མཛད་པས་ལ་ཉེ་རྟེན་འབྲེལ་ཤིན་ཏུ་ལེགས། འོན་ཀྱང་བོད་ཡུལ་གྱི་ལྷ་འདྲེ་གདུག་པ་ཆེ་བས་དེ་དག་ཇི་བཞིན་འདུལ་བར་མ་བཟོད་པས་ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝ་སྤྱན་དྲོངས་ཤིག་པར་ལུང་བསྟན་རྒྱལ་པོས་དེ་སྤྱན་འདྲེན་པར་ཕོ་ཉ་བདུན་བཏང་ནས་སློབ་དཔོན་གྱིས་མཁྱེན་ཏེ། མང་ཡུལ་དུ་བྱོན་པ་དང་མཇལ་ནས་རིམ་པས་ལྷ་སྲིན་དམ་ལ་བཏགས་ཀྱིན་བསམ་ཡས་སུ་ཕེབས། སློབ་དཔོན་གྱི་ས་ཕྱོགས་སུ་མཁན་པོས་ས་བཅད་མཛད་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་མཛད་དེ་མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་སྔོན་དུ་ཨཱརྱ་པཱ་ལོ་བཞེངས། ས་མོ་ཡོས་ཀྱི་ལོ་ལ་ཚར་ཞེས་གསུང་ཀྱང་མཁས་མཆོག་བུ་ལྟ་བུ་ལ་འཁྲུལ་པ་རགས་པ་འདི་ལྟ་བུ་གང་ལ་མང་། དེ་ནི་ཡིག་མཁན་གྱི་ལོ་ཁམས་ནོར་བར་མངོན། བསམ་ཡས་ལ་པདྨ་སམ་བྷ་ཝ་དང་བོ་དྷེ་ས་ཏྭ་གཉིས་ཀས་རབ་ཏུ་གནས་པ་མཛད། ལོ་དེའི་ཕྱི་མ་སད་མི་བདུན་རབ་ཏུ་བྱུང་། དེ་ནས་སློབ་དཔོན་ཆེན་པོ་ཡི་མངོན་པར་ཤེས་པའི་མཐུ་དང་རྫུ་འཕྲུལ་གྱིས་བློན་པོ་རྣམས་གུ་དོག་པས་རྒྱལ་པོ་ལ་ནན་གྱིས་ཞུས་ཏེ་རྒྱ་གར་དུ་བརྫངས། གཞན་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། བྷཱུདྡྷ་གུ་ཧྱ། ཤིནྟཾ་གཪྦྷ། བི་ཤཱུདྡྷ་སིངྷ། ཡོ་ག་མཁན་དྷརྨ་ཀིརྟི་སོགས་སྤྱན་དྲངས། སད་མི་བདུན་སོགས་ལོ་ཙཱ་རྣམས་ཀྱིས་ཆོས་རྒྱ་ཆེར་བསྒྱུར། འབྲུག་ལོ་ཕོ་བྲང་གདན་དཀར་དུ་བཞུགས་པའི་སྐབས་བོད་དུ་འགྱུར་བའི་ཆོས་རྣམས་དཀར་ཆག་གིས་གཏན་ལ་ཕབ།

དེ་ནས་མི་རིང་བར་མཁན་པོ་བོ་དྷེ་ས་ཏྭ་ཡང་ཞི་བར་གཤེགས། དཔལ་དབྱངས་སློབ་དཔོན་དུ་བསྐོས་ནས་སྦ་ཡེ་ཤེས་དབང་པོ་ལྷོ་བྲག་ཏུ་བསྒོམ་པར་གཤེགས། དེའི་འོག་ཏུ་ཧ་ཤང་དང་ཆོས་ཀྱི་རྩོད་པ་བྱུང་བར་མཁན་པོའི་སློབ་མ་ཀ་མ་ལ་ཤཱི་ལས་ཧ་ཤང་བཏུལ་ནས་རྒྱ་ནག་ཏུ་བརྫངས། ཡེ་ཤེས་དབང་པོ་ཁམས་ཀྱི་ཟས་སྤང་སྟེ་གཤེགས། མངའ་བདག་ཡང་དགུང་ལོ་དྲུག་ཅུ་རྩ་དགུ་པ་གཤེགས་པར་གསུངས་ཏེ་ས་རྟ་ལ་འཁྲུངས་གཤིས་མེ་སྟག་ལ་གཤེགས་པར་མངོན། དེ་ནས་སྲས་མུ་ནེ་བཙན་པོས་ཆུ་སྟག་ལ་རྒྱལ་སྲིད་བཟུང་། བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ཀྱི་ལྟོག་ཕྱུག་ལན་གསུམ་སྙོམས། ཆབ་སྲིད་ལོ་གཅིག་དང་ཟླ་བདུན་གྱི་མཐར་ཡུམ་གྱིས་དུག་བཏང་ནས་གཤེགས། དེ་ནས་གཅུང་ཁྲི་ལྡེ་བཙན་པོ་ལོ་བཞི་པ་རྒྱལ་སྲིད་གཏད་པས་སད་ན་ལེགས་གྲགས། དེས་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་བཞེངས། ཆོས་ཀྱི་སྲོལ་ཆེར་མཛད། དེ་ལ་སྲས་ལྔ། ཁྲི་རལ། གཙང་མ། ཁྲི་དར་མ། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན། དེ་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྲུལ་པ་རལ་པ་ཅན་དགུང་ལོ་བཅོ་བརྒྱད་པར་ཆབ་སྲིད་བཟུང་། ཕོ་བྲང་འོ་འཇང་དོ་བཞེངས། རྒྱ་ལ་དམག་དྲངས་ཏེ་བཅོམ་ཞིང་སླར་རྒྱ་དང་དུམ་བྱས་ནས་ལྷ་སར་རྡོ་རིང་བཙུགས། དེ་ནས་དགུང་ལོ་སོ་དྲུག་པ་ལྕགས་མོ་བྱ་ལ་བློན་པོས་བཀྲོངས་ཏེ་རྒྱལ་སྲིད་ལ་གླང་དར་མ་བཞག དེ་ནར་སོན་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེར་བྱས། དེ་ནས་རིངས་ཤིག་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཏོ་ཅན་དེ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློགས་པར་ཡོད་པས་དེར་བསྒྲལ། རྒྱལ་པོ་དེ་ཡི་བཙུན་མོ་ཆུང་མ་ལ་སྲས་གཅིག་བྱུང་བ་མཚན་མོ་མར་མེའི་འོད་ཀྱིས་བསྲུང་བས་འོད་བསྲུང་དུ་གྲགས། ཆེན་མ་ལ་ཁྱེའུ་སྐྱེས་མ་ཐག་སོ་ཅན་ཞིག་བྱུང་བ་ཡུམ་བརྟན་གྲགས། གནམ་ལྡེ་འོད་བསྲུང་ལོ་དྲུག་ཅུ་རྩ་གསུམ་པར་གཤེགས་ཤིང་། དེ་ཡི་མ་སྲས་ཉིས་ཁྲི་བཀྲ་ཤིས་བརྩེགས་དང་། ཁྲི་ཉི་མ་མགོན་ཡིན་ལ། ཉི་མ་མགོན་མངའ་རིས་སུ་གཤེགས་ཏེ། དེ་ལ་སྲས་གསུམ། ཆེ་བ་རིག་པ་མགོན་མར་ཡུལ་གྱི་བདག་པོ་དང་། འབྲིང་བ་བཀྲ་ཤིས་མགོན་སྤུ་རོང་གི་བདག་པོ། ཆུང་བ་ལྡེ་གཙུག་མགོན་ཞང་ཞུང་གི་བདག་པོར་གྱུར།

ཆུང་བ་ལ་སྲས་དྲང་སྲོང་དང་འཁོར་ལོ་ལྡེ་གཉིས་སྟེ་མགྱོགས་མིང་དུ་སྲོང་ཁོ་རེར་གྲགས་སོང་ངེ་རབ་ཏུ་བྱུང་བ་ལ། མཚན་ཡེ་ཤེས་འོད་དེ། དེ་ཡི་ཁྱིའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་བཏང་བ་ལ་བཅོ་བརྒྱད་ཚད་པས་ཤི་ཞིང་གཉིས་བོད་དུ་ལོག་པ་ལ་ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་སྟེ་བསྟན་པ་ལ་ཤིན་ཏུ་ཕན་པར་བྱུང་། གཞན་ཡང་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་། མདོ་སྔགས་ཅི་རིགས་པ་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་རྩལ་དུ་བཏོན། པཎྜི་ཏ་སྨྲྀ་ཏི་ཡང་བལ་པོ་བརྒྱུད་བོད་ནས་མདོ་ཁམས་སུ་གཤེགས་པ་འདི་སྐབས་ཡིན་པར་སྣང་། གཅུང་ཁོ་རེའི་སྲས་ལྷ་ལྡེ། དེ་ལ་སྲས་གསུམ་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་སྟེ་བྱང་ཆུབ་འོད་ཀྱི་འབད་པས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བཀའ་དྲིན་ཤིན་ཏུ་ཆེ། བསྟན་པ་ཕྱི་དར་མདོ་ཁམས་ནས་བྱུང་བ་ནི་སྔར་གླང་དར་གྱིས་བསྟན་པ་བསྣུབ་པའི་སྐབས་སུ་གཙང་གཡོ་རྨ་གསུམ་གྱིས་གླེགས་བམ་ཇི་སྙེད་པ་བསྣམས་ཏེ་ཁམས་སུ་བྲོས་ཏེ་བཞུགས་པ་ལ་མོས་པས་སྤྱོད་པའི་ས་པ་དམུ་ཟི་རབ་གསལ་ཞེས་རབ་ཏུ་བྱུང་བས་མཚན་དགེ་བ་རབ་གསལ་བཏགས། ཤེས་རབ་ཆེ་བས་ཕྱིས་བླ་ཆེན་པོ་དགོངས་པ་རབ་གསལ་དུ་གྲགས། རབ་ཏུ་བྱུང་བའི་ལོ་ཕྱི་མར་སྔར་གྱི་མཁན་སློབ་དང་རྒྱ་ནག་ཧ་ཤང་གིས་ཁ་བསྐང་བྱས་ཏེ་བསྙེན་པར་རྫོགས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་ན་དབུས་གཙང་གི་སྡེ་མི་བཅུ་མདོ་ཁམས་སུ་བྱོན་ནས་གཙང་པ་ལ་བསྙེན་པར་རྫོགས་པའི་བཀའ་དྲིན་ཞུས་པར་བླ་ཆེན་པོར་ཞུས་ཞིག་པ་བསྩལ་བས་ཁོང་རྣམས་བླ་ཆེན་པོ་ལ་དགེ་སློང་གི་དངོས་པོ་བསྒྲུབ། ཁོང་རྣམས་བོད་དུ་ཡོང་ནས་ཀླུ་མེས་སོགས་དབུས་མི་ལྔ་ཡི་དབུས་སུ་གནས་གཞི་ཐ་དད་རྩིགས་ཤིང་། ལ་སྟན་སོགས་གཙང་པ་ལྔ་ཡི་གཙང་དུ་གནས་གཞི་ཐ་དད་བཟུང་སྟེ་རྒྱལ་བ་ཤཱཀྱའི་བསྟན་པ་ལ་རྒྱས་པར་བྱས་སོ། །

འོན་ཀྱང་བླ་ཆེན་པོའི་མཁན་བརྒྱུད་དང་དབུས་གཙང་མི་བཅུའི་སྡོམ་པ་བླང་བའི་མཁན་པོ་ལོ་རྒྱུས་མི་མཐུན་པ་ཡོད་འདུག་ལ། དེ་ཡང་འདི་སྐད་ཅེས་འབྱུང་སྟེ་ཁ་ཅིག་ན་རེ་མཁན་པོ་བོ་དྷེ་ས་ཏྭའི་མཁན་བུ་རྦ་རཏྣ། དེས་ལྷ་ལུང་རྣལ་འབྱོར་དབྱངས། དེས་བླ་ཆེན་པོ་དགོངས་གསལ་དེས་ས་གོང་ཡེ་ཤེས་གཡུང་དྲུང་། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེ་ལ་སོགས་པའོ་ཞེས་ཟེར་བ་དང་། བཀའ་ཆེམས་ཀྱི་ཡི་གེ་ཁ་ཅིག་ན་རེ། མཁན་པོ་བོ་དྷེ་ས་ཏྭའི་སློབ་མ་ད་ན་ཤི་ལ་དང་། ཛི་ན་མི་ཏྲས་བྱས་ནས་རྦ་རཏྣ་དེས་གཡོག་དགེ་འབྱུང་། དེས་བླ་ཆེན་དགོངས་པ་གསལ། དེས་སྒྲོལ་མཉྫུ་ཤྲཱི། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེའི་ཀླུ་མེས་ཞེས་འབྱུང་བ་དང་། རིག་རལ་ན་རེ། བླ་ཆེན་པོའམ་མཁན་བུ་གྲུམ་ལ་དབུས་གཙང་གི་མི་བཅུའི་སྡོམ་པ་བླང་ཟེར་བ་རྣམས་བརྟག་དགོས་སོ། །ཡང་གཡོ་ལ་སོགས་པ་རྣམས་ཁ་ཅིག་ཛི་ན་མི་ཏྲའི་མཁན་བརྒྱུད་བླང་འདོད་ཁ་ཅིག་ཞི་བ་འཚོའི་མཁན་བརྒྱུད་དུ་འཆད་པས་བརྟག་པར་བྱའོ། །དེ་ལྟར་དབུས་གཙང་དུ་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས་དབུས་གཙང་གི་མི་བཅུས་བསྟན་པ་བཙུགས་པ་ཡིན་ཏེ། མི་བཅུ་དབུས་སུ་བྱོན་ཙ་ན་རྒན་མོ་ཞིག་ན་རེ་ང་ལོ་དྲུག་ལོན་པ་ན་བཙུན་པ་མཐོང་ཟེར། ཅི་ཙམ་ལོན་བྲིས་པས་ལོ་བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ་ཞེས་ཟེར་ལ། ཁ་ཅིག་ལོ་བརྒྱ་རྩ་བརྒྱད་སོང་ཟེར། ཞེས་བུ་སྟོན་ཆེན་པོའི་བསྟན་པ་ཕྱི་དར་ཆུ་བྱ་ལོ་ལ་འདོད་ཞེས་པའི་གཏན་ཚིགས་ཡང་གསུང་དེ་ཡིན་ནོ། །དེ་སྐད་བུ་སྟོན་ཁ་ཆེའི་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས་རིག་པ་འཛིན་པས་ཉེ་བར་བཏུས་པའོ། །སརྦ་མངྒ་ལཾ།

ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བསྒྲིགས་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས།

༈ ཨོཾ་སྭཱསྟི། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བསྒྲིགས་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས།

བོད་རྗེ་གཉའ་ཁྲི་ནས་ལྷ་ཐོ་ཐོ་རི་སྙན་ཤལ་ཡན་རྒྱལ་རབས་ཉེར་བདུན་ལ་ལོ་དྲུག་བརྒྱ་སོང་འདུག་པ་ངེས་ཞེས་དང་། ཐོ་ཐོ་རི་སྙན་ཤལ་ལོ་བརྒྱ་ཉི་ཤུ་ཐུབ། དེ་ནས་གདུང་རབས་བཞི་ལ་ལོ་བརྒྱད་ཅུ་དང་གཅིག་ལོན་པ་ཡིན་ཞེས་བཀའ་ཚིག་ཆེན་མོ་ན་བཤད་ཡོད་དོ་གསུང་། རྒྱལ་པོ་༸སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་རེ་ལྔ་བཞེས་པའི་ལྕགས་འབྲུག་ལོར་བཙུན་མོ་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་བལྟམས། དགུང་ལོ་བཅུ་གསུམ་པར་ཡབ་ཀྱི་རྒྱལ་སྲིད་གཏད་ནས་བཅོ་བརྒྱད་ལ་གཤེགས་དེ་ཡི་སྲས་མང་སྲོང་མེ་ཁྱི་ལ་འཁྲུངས། སྲོང་བཙན་དགུང་ལོ་བརྒྱད་ཅུ་རྩ་གཉིས་ལྕགས་ཁྱི་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་ཇོ་བོའི་སྐུ་བརྙན་ལ་ཐིམ། མང་སྲོང་གིས་རྒྱལ་སྲིད་ལོ་བཅོ་ལྔ་བཟུང་ཉེར་བདུན་ཆུ་བྱི་ལ་གཤེགས། དེ་སྲས་འདུས་སྲོང་ཡབ་གཤེགས་ནས་ཞག་བདུན་ཆུ་བྱི་ལ་འཁྲུངས། ལོ་ཉེར་དགུར་རྒྱལ་སྲིད་བཟུང་ལྕགས་འབྲུག་ལ་གཤེགས། དེ་སྲས་མེས་ཨག་ཚོམ་ལྕགས་འབྲུག་ལ་འཁྲུངས། རེ་གསུམ་ཆུ་རྟར་གཤེགས། དེ་སྲས་ལྕགས་རྟ་ལ་ཁྲི་སྲོང་འཁྲུངས་ལོ་བརྒྱད་པར་སྲིད་བཟུང་བསམ་ཡས་ཡོས་ནས་ཡོས་ཏེ་ལོ་བཅུ་གསུམ་ལ་འགྲུབ་ཡོས་ཀྱི་ཁམས་མི་གསལ་བ་ང་དྲུག་ཤིང་གླང་ལ་སྲས་མུ་ནེར་རྒྱལ་སྲིད་གཏད་དེ་ཟུར་མཁར་དུ་གཤེགས་སོ། །སྲས་མུ་ནེ་ཆུ་སྟག་ལ་འཁྲུངས་རྒྱལ་སྲིད་ལོ་གཅིག་ཟླ་བ་དགུ་བཟུང་ནས་ཉེར་དགུ་པ་འབྲུག་ལ་གཤེགས། དེ་ནས་མུ་ཏིག་བཙན་པོར་རྒྱལ་ས་གཏད་རྩིས་ཀྱང་གཤེགས། དེ་ཡི་གཅུང་ཁྲི་ལྡེ་སྲོང་བཙན། སད་ན་ལེགས་ཀྱི་རྒྱལ་སྲིད་བཟུང་ནས་ཤིང་ཡོས་ལ་གཤེགས། དེ་སྲས་ལྡིང་ཁྲི་ཆུ་ཡོས་ལ་འཁྲུངས། ལོ་བཅུ་གསུམ་པར་ཡབ་གཤེགས། རྒྱལ་པོར་གྱུར། ང་ལྔ་མེ་བྱ་ལ་གཤེགས། དེ་སྲས་རལ་བ་ཅན་མེ་ཁྱི་ལ་འཁྲུངས། ལོ་བཅུ་གཉིས་པར་ཁྲིར་འཁོད། སོ་དྲུག་ལྕགས་བྱ་ལ་གཤེགས། ལྕགས་བྱ་༼རྒྱལ་པོ་གླང་དར་མ་གླང་ལོ་མ་འཁྲུངས། བྱ་ལོ་ལ་རྒྱལ་ས་བཟུང་། ལོ་ལྔའི་བར་དུ་སྲིད་སྐྱོངས། དགུང་ལོ་སོ་བརྒྱད་སོན་པའི་མེ་སྟག་ལོ་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ལོ། །ཞེས་དཔེ་རྙིང་ཁུངས་ལྡན་གྱི་མཆན་ལས་བཤུས་སོ། །༽དེ་ནས་ལོ་སྐོར་དགུ་ཟེར་ཡང་ངེས་པར་ལོ་སྐོར་བརྒྱད་དེ་ལོ་དགུ་བཅུ་གོ་བརྒྱད་པར་དབུས་གཙང་དུ་བསྟན་པ་ནུབ། གོང་གི་ལྕགས་བྱ་ནས་ལོ་དྲུག་ཅུ་ལོན་པ་འཕན་ཞོག་ཏུ་འཁྲུངས་པ་བོན་པོའི་བུ་སྨུ་ཟུ་འཕེན་ཞེས་དད་པས་མདོ་ཁམས་སུ་ཕྱིན་ནས་ལྷ་ལུང་དཔལ་རྡོར་དང་འཕྲད་དེས་གྲོགས་བྱས་སྨར་གཡོར་གཙང་གསུམ་ལ་དགེ་སློང་བསྒྲུབ་པའི་མཚན་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ལྕགས་བྱ་ནས་ལོ་བརྒྱད་ཅུ་བར་བསམ་ཡས་གཙད་པོ་ཡེ་ཤེས་རྒྱལ་མཚན་གྱི་བདག་རྐྱེན་ལ་བརྟེན། ཀླུ་མེས་ཤེར་ཚུལ། འབྲི་ཡེ་ཤེས་ཡོན་ཏན། ཚོང་གེ་ཤེར་སོང་། ལོ་སྟོན་རྡོ་རྗེ་འབུམ། སུམ་པ་ཡེ་གློ། རྒྱ་བློ་ཤེས། གཞན་ཕན་ཆོས་མཆོག་དང་བདུན་གྱི། སྨར་གཡོར་གཙང་གསུམ་གྱི་སློབ་མ་གྲུམ་གྱི་མཁན་པོ་དང་ཅོག་རོས་སློབ་དཔོན་བྱས་ནས་བསླབ་པ་ནོད་པས་རབ་བྱུང་དབུས་གཙང་མི་བདུན་ཞེས་པ་བྱུང་། དེ་རྣམས་ཁམས་ནས་ལོག་ཚེ་ལྷ་ཡེ་ཤེས་རྒྱལ་མཚན་གཤེགས་ཀྱང་སྲས་ཁྲི་པས་བདག་རྐྱེན་མཛད་དེ་སངས་རྒྱས་བསྟན་པའི་མེ་རོ་ལྡང་བ་ཡིན་ནོ། །ཞེས་བླ་མ་དམ་པས་རྒྱལ་རབས་གསལ་བའི་མེ་ལོང་རབ་དྲུག་ལྕགས་དཔེ་རྙིང་ཞིག་ལས་ས་འབྲུག་ཏུ་འདུག འབྲུག་ལོར་མཛད་ནས་ཡུན་མི་རིང་བར་ལྷ་ས་འཕྲུལ་སྣང་དང་ཉེ་བའི་སྐྱིད་ཤོད་སྣེའུ་གཞིས་ཀར་ས་ཁྱི་ལོར་བསྒྲུབ་པའི་པར་མ་ལས་བཏུས་པའོ། །སརྦ་མངྒ་ལཾ།

དཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས།

༈ དཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས་འདི་སྐད་འབྱུང་སྟེ།

དེ་ལྟར་བོད་ཀྱི་གཉའ་ཁྲི་བཙན་པོ་ནས། ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། །མི་ལོ་དྲུག་བརྒྱ་དང་ནི་དྲུག་ཅུ་སོང་། །དེ་ནས་ཐོ་ཐོ་རི་སོགས་གདུང་རབས་ལྔར། །ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས། །བཀའ་གཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད། །དེ་ཚེ་བོད་ཡུལ་འགྲོ་རྣམས་སྨིན་གཟིགས་ནས། །སྤྲུལ་པའི་རྒྱལ་པོས་མཛད་པ་དངོས་སུ་སྟོན། །ཞེས་དང་། སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་གྱ་གཉིས་པ་ཁྱི་སྨིན་དྲུག་ཟླ་བའི་ཚེས་བཅུར་གཤེགས། ས་ཁྱི་ལོ་དེར་དབོན་སྲས་མང་སྲོང་ཁྲིར་འཁོད། ལོ་བཅུ་ལྔ་རྒྱལ་སྲིད་བྱས་ཆུ་བྱིར་གཤེགས། མང་སྲོང་གཤེགས་ནས་ཞག་བདུན་ལོན་པ་ཆུ་བྱི་ལོར་འདུས་སྲོང་འཁྲུངས། ལོ་ཉེར་དགུ་ལྕགས་འབྲུག་བར་བཞུགས། སྲས་མེ་ཨག་ཚོམ་ལྕགས་འབྲུག་ལ་འཁྲུངས་ཡབ་ཀྱི་ང་གཅིག་ལྕགས་རྟར། ཁྲི་སྲོང་འཁྲུངས་སྲས་ཀྱི་བཅུ་གསུམ་ཆུ་རྟར་ཡབ་གཤེགས། ཁྲི་སྲོང་གི་ལོ་ཉེར་གཉིས་པ་ལྕགས་ཡོས་ལ་བསམ་ཡས་རྨང་བཏིང་སོ་བཞི་ཆུ་ཡོས་ལ་འབྱོང་། མེ་ལུག་ལོར་རབ་བྱུང་གི་སྡེ་བཙུགས་དགུང་ལོ་ང་ལྔ་ཤིང་བྱི་ལ་ཟུར་མཁར་དུ་གཤེགས། མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཅིག་ཟླ་བ་དགུ་མཛད། དེ་ནས་སད་ན་ལེགས་ཞེས་ཁྲི་ལྡེ་སྲོང་བཙན་ནམ་ལྡིང་ཁྲིར་བརྗོད་པ་དགུང་ལོ་ཉེར་གསུམ་མེ་སྟག་ལོར་རྒྱལ་པོར་གྱུར་ནས་སྐར་ཆུང་བཞེངས་ལྔ་བཅུ་རྩ་བཞི་མེ་བྱ་ལོར་སྒྲག་ཕུར་གཤེགས། དེ་སྲས་རལ་པ་ཅན་མེ་ཁྱི་ལ་འཁྲུངས་ལོ་བཅུ་གཉིས་པར་རྒྱལ་པོར་གྱུར་འུ་ཤང་རྡོ་བཞེངས། སོ་དྲུག་ལྕགས་བྱ་ལ་མལ་གྲོ་ཞམ་པའི་ཕོ་བྲང་དུ་གཤེགས། གླང་དར་རལ་པ་ལས་ལོ་གསུམ་གྱི་སྔ་བ་ཆུ་ལུག་ལ་སྐྱེས། སོ་དགུ་ལྕགས་བྱར་རྒྱལ་པོར་གྱུར་ནས་ཞེ་བཞི་མེ་སྟག་ལ་དཔལ་གྱིས་བསྒྲལ། སང་ཕོད་མེ་ཡོས་ལ་སྲས་འོད་སྲུངས་བཙས། སོ་དགུ་ཤིང་སྦྲུལ་ལ་གཤེགས། དེ་སྲས་དཔལ་འཁོར་བཙན་ཤིང་བྱ་ལ་འཁྲུངས། སོ་གཅིག་ལ་གྲོངས། དེ་སྲས་ཉི་མ་མགོན། བཀྲ་ཤིས་བརྩེགས། ཉི་མགོན་སྲས། རིག་མགོན། བཀྲས་མགོན། གཙུག་མགོན་གསུམ། གཙུག་མགོན་སྲས་སྲོང་ངེའམ་སྲོང་ལྡེ་ཁོ་རེ། སྲོང་ངེ་སྐུ་ཚེ་སྟོད་ཀྱི་སྲས་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ། ཚེ་སྨད་རབ་ཏུ་བྱུང་བས་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། མཐོ་ལིང་དཔལ་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བདག་རྐྱེན་མཛད་པས་བསྟན་པ་ལ་ཤིན་ཏུ་ཕན། པཎྜི་ཏ་དྷརྨ་པཱ་ལ་སོགས་ཀྱང་སྤྱན་དྲངས། གཅུང་ཁོ་རེ་ལ་སྲས་ལྷ་ལྡེ། དེ་སྲས་འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་གསུམ།

ཇོ་བོ་རྗེ་སྔར་ཡེ་ཤེས་འོད་ཀྱི་སྐབས་སུ་སྤྱན་མ་དྲངས་པ་བྱང་ཆུབ་འོད་ཀྱི་འབད་པས་སྤྱན་དྲངས་འདིས་བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་བྱུང་བས་ཇོ་བོ་སྤྱན་དྲངས་པའི་ཡོ་བྱད་ཕལ་ཆེར་ས་འོག་ནས་དེས་བླང་བར་བཤད་དོ། །འོད་ལྡེས་ཁ་ཆེ་པཎྜི་ཏ་ཛྙཱ་ན་ཤྲཱི་སྤྱན་དྲངས། འོད་ལྡེའི་སྲས་རྩེ་ལྡེས་པཎྜི་ཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས་ཤིང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས་བ་སོགས་ཀྱིས་བསྟན་པ་རྒྱས་པའི་རྩིས་ཆེན་པོར་གྱུར། རྩེ་ལྡེའི་སྲས་འབར་ལྡེ་སོགས་རིམ་པར་བྱུང་བ་སོ་སོ་ནས་ཐུབ་པ་མཆོག་གི་བསྟན་པ་ལ་བྱ་བ་ཅི་རིགས་མཛད་དོ། །ཡང་མངའ་བདག་ཁྲི་ལྡེ་ཡུམ་བརྟན་ལས་རྒྱུད་པ་ནི། ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་གཉེན། དེའི་སྲས་ལྡེ་རིག་པ་མགོན་དང་ཉི་མ་མགོན། ཉི་མགོན་གྱི་སྲས་ཉི་འོད་གསལ་མགོན། དེའི་རྒྱུད་ཀླུང་ཤོད། འཕན་ཡུལ་མདོ་སྟོད་ན་མང་ངོ་། །གཅེན་རིག་པ་མགོན་གྱི་སྲས་ལྡེ་པོ་རྡོ་རྗེ་འབར། ལྡེ་པོའི་སྲས་ལྷ་བུག་པ་ཅན་པ་ཐར་ལྷ་པྲག་པ་རྣམས་སོ། །རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ་ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དབུས་གཙང་གི་མི་བཅུ་ཁམས་ནས་བྱོན་ནོ། །ཁྲི་པའི་སྲས་ཨ་ཙ་ར་དགེ་སློང་། བླ་མ་བོ་དྷེ་རཱ་ཛཱའོ། །དང་པོའི་བྷུད་ཕྲེང་པོ་བ། ལྕང་རྒྱབ་པ། བྲག་བ་ལམ་པ། གྲིབ་པ། སྙེ་ཐང་བ། ལུམ་པ་བཙན་པོ་སོགས་སོ། །དགེ་སློང་གི་རྒྱུད་སྤེལ་ཞི་བ། བོ་དྷེ་རཱ་ཛཱའི་རྒྱུད་ལྷ་བཙུན་སྔོན་མོ། སྨུག་རུམ་པ། ལྷ་འབྲི་སྒང་པ་སོགས་ཏེ། འོན་རྡོ་ཆབ་ཐང་། བསམ་ཡས་བཙད་པོ་སོགས་ཏེ་མང་དུ་འཕེལ་བ་ཡུམ་བརྟན་གྱི་རྒྱུད་དོ། །བསྟན་བཅོས་འཆད་པ་པོ་འདིས་ནི་ཡུམ་བརྟན་ཡང་གདུང་རྒྱུད་རྣམ་པར་དག་པ་བཞེད་དེ་ཅི་ཕྱིར་རྗེ་བཙན་པོ་ཁ་དགུ་ཕལ་ཆེར་ཡུམ་བརྟན་གྱི་རྒྱུད་ཡིན་པའི་ཕྱིར་དགོངས་སོ། །ཞེས་པ་ནི་མཁས་མཆོག་དཔའ་བོ་བཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པ་དགའ་བྱེད་ལས་ཇི་ལྟར་གསུང་བཞིན་བཏུས་པའོ། །སརྦ་མངྒ་ལཾ།

མཁས་མཆོག་དྷརྨཱ་ཤྲཱི་རབ་བྱུང་བདེ་འབྱུང་གི་བློ་ངན་ལྕགས་བྱ་ལོར་བརྩམས་པའི་རྩིས་གཞུང་ཉིན་སྣང་གི་བསྟན་རྩིས་ལྟར་ན།

༈ སྭཱསྟི་མཁས་མཆོག་དྷརྨཱ་ཤྲཱི་རབ་བྱུང་བདེ་འབྱུང་གི་བློ་ངན་ལྕགས་བྱ་ལོར་བརྩམས་པའི་རྩིས་གཞུང་ཉིན་སྣང་གི་བསྟན་རྩིས་ལྟར་ན།

རྫོགས་པའི་སངས་རྒྱས་ཆོས་སྐུར་གཤེགས་ནས་ལོ་བདུན་བརྒྱ་དང་ལྔ་བཅུ་རྩ་བཞི་འདས་པའི་ཤིང་སྟག་ལོར་གཉའ་ཁྲི་བཙན་པོ་བོད་རྗེར་ཕེབས། དེ་ནས་ལོ་ལྔ་བརྒྱ་བཟླས་པ་ཤིང་ཁྱིར་རྗེ་ཐོ་ཐོ་རི་འཁྲུངས། དེ་སྐབས་ཤམྦྷ་ལ་རིག་ལྡན་ཁྱབ་འཇུག་པ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་ཡིན་སྐད། ཐོ་ཐོ་རི་དགུང་ལོ་དྲུག་ཅུ་པ་ཆུ་བྱ་ལ་གཉན་པོ་གསང་བ་ནམ་མཁའ་ལས་ཕོ་བྲང་སྟེང་དུ་བབ་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས། ལྷ་ཐོ་ཐོ་རི་གཉན་བཙན་དེ་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་ཏེ་ཆུ་བྱ་ལོར་གཤེགས། དེ་ནས་ལོ་བརྒྱ་དང་བཅུ་གཅིག་འདས་པ་ཤིང་བྱི་ལ་གནམ་རི་སྲོང་བཙན་འཁྲུངས། གནམ་རི་སྲོང་བཙན་གྱི་ལོ་ཉི་ཤུ་པ་ཤིང་སྤྲེལ་ལ་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ཤིང་ཤམྦྷ་ལར་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང་མེ་མཁའ་རྒྱ་མཚོའི་དབུ་ཚུགས་པ་དུས་མཉམ། དེ་ནས་ལོ་ལྔ་འདས་པ་གླང་ལོར་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ཉེར་གཉིས་ལྕགས་ཕག་ལ་ར་ས་བཏབ། གྱ་གཉིས་ལྕགས་ཁྱི་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ། དབོན་མང་སྲོང་ལོ་བཅུ་གསུམ་ནས་རྒྱལ་སྲིད་ལོ་སུམ་ཅུ་བྱས་པ་ཡོས་ལ་གཤེགས། འདུས་སྲོང་ས་ཡོས་ནས་ཤིང་འབྲུག་བར་རྒྱལ་སྲིད་ལོ་ཉེར་དྲུག་བྱས། མེས་ཨག་ཚོམ་གྱིས་ཤིང་འབྲུག་ནས་ཤིང་རྟ་བར་ལོ་ལྔ་བཅུ་རྩ་གཅིག་རྒྱལ་སྲིད་མཛད་དེ་གཤེགས་༸ཁྲི་སྲོང་ལྡེའུ་བཙན་ཆུ་རྟ་ལ་འཁྲུངས་བཅུ་གསུམ་པར་ཡབ་གཤེགས་བཅུ་བཞི་ལུག་ལ་རྒྱལ་སྲིད་བྱས། ཉེར་གཅིག་ཆུ་སྟག་ལ་ཨོ་རྒྱན་ཆེན་པོ་བོད་དུ་ཕེབས་ཏེ་བསམ་ཡས་ཀྱི་ས་འདུལ་མཛད་ནས་རྨང་བཏིང་ལོ་ལྔ་མེ་རྟ་ལ་འབྱོང་། མེ་ལུག་ལ་སད་མི་བདུན་རབ་ཏུ་བྱུང་། ཞེ་གསུམ་ཤིང་བྱི་ལ་ལ་གནུབས་སངས་རྒྱས་ཡེ་ཤེས་འཁྲུངས། ང་དགུ་བཞེས་པ་ལྕགས་འབྲུག་ལ་ཞི་བར་གཤེགས། མུ་ནེ་བཙན་པོས་ཡབ་བཞུགས་བཞིན་པར་རྒྱལ་སྲིད་མཛད་ནས་ལོ་གཅིག་ཟླ་དགུ་ལོན་ཚེ་གཤེགས། མུ་ཁྲི་ལྕགས་འབྲུག་ཡབ་གཤེགས་པའི་ལོ་དེར་ཁྲིར་འཁོད་རྒྱལ་སྲིད་ལོ་བཅུ་བདུན་བྱས་པའི་མེ་སྤྲེལ་ལོར། གུ་རུ་རྔ་ཡབ་དུ་གཤེགས། མུ་ཁྲི་སྐུ་གཤེགས། མེ་སྤྲེལ་ལོ་དེར་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་རྒྱལ་པོར་བསྐོས་རྒྱལ་སྲིད་ལོ་བརྒྱད་མཛད་དེ་ཆུ་ཡོས་ལ་འདས། དེ་ནས་མུ་ཁྲིའི་སྲས་ཁྲི་རལ་མེ་ཁྱི་ལོ་པ་བཅོ་བརྒྱད་ལོན་པས་རྒྱལ་སྲིད་མཛད་ནས་ལོ་བཅུ་བཞི་པ་སོ་གཅིག་མེ་འབྲུག་ལ་གཤེགས། དར་མ་རྒྱལ་པོར་གྱུར་ཏེ་ལོ་དྲུག་པ་ལྕགས་བྱར་དཔལ་གྱིས་བསྒྲལ། བླ་ཆེན་པོ་ནི་ཆུ་བྱི་ལ་འཁྲུངས་པ་རལ་པ་ཅན་གྱི་ཉེར་བདུན་སྐབས་སུ་བཞེད། མཁས་པ་འདིའི་སྒྲ་སྦྱོར་བམ་པོ་གཉིས་པར་ཁྲི་ལྡེ་སྲོང་བཙན་བཞེས་ཡོད་པ་ཡི་གེ་ནོར་ཏེ་ཁྲི་གཙུག་ལྡེ་བཙན་དུ་འབྱུང་དགོས་གསུང་བ་ནི་ལེགས་པར་བཤད་པར་བདག་གིས་སེམས་སོ། །ལྕགས་བྱ་ནས་ལོ་ལྔ་བཅུ་རྩ་གཉིས་འདས་པའི་ཆུ་གླང་བསྟན་པ་ཕྱི་དར་གྱི་ཐོག་མར་རང་ལུགས་སུ་བཞེད་འདུག འབྲོམ་གྱིས་བཞེད་པ་ལས། ལོ་ཉི་ཤུ་རྩ་ལྔས་སྔ་བར་སྣང་ལ་བསྟན་རྩིས་འདིར་འབྲོམ་གྱིས་བསྟན་པ་ཕྱི་དར་ཐོག་མ་ས་སྟག་ལོ་དེར་ཁྱུང་པོ་རྣལ་འབྱོར་འཁྲུངས་པར་བཞེད་ལ། གོང་གི་བསྟན་པ་ཕྱི་དར་གྱི་ཆུ་གླང་དེ་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ཡན་ལ་ལོ་དགུ་བརྒྱ་དང་ཉག་མ་དགུ་འདས་པ་ཤེས་པར་བྱའོ། །ཞེས་ཉིན་བྱེད་སྣང་བ་རྩ་འགྲེལ་ལས་མདོར་བསྡུས་པ་སརྦ་མངྒ་ལཾ།

མི་ཡི་དབང་པོ་པཎྜི་ཏ་བྷུདྡྷཱ་ས་རས་རབ་བྱུང་བཅུ་གཉིས་པའི་ཐོག་མར་བརྩམས་པའི་བཻཌཱུརྱ་དཀར་པོའི་བསྟན་རྩིས་ལས།

༈ ཨོཾ་སྭཱསྟི། མི་ཡི་དབང་པོ་པཎྜི་ཏ་བྷུདྡྷཱ་ས་རས་རབ་བྱུང་བཅུ་གཉིས་པའི་ཐོག་མར་བརྩམས་པའི་བཻཌཱུརྱ་དཀར་པོའི་བསྟན་རྩིས་ལས།

སངས་རྒྱས་གཤེགས་ནས་ལོ་ཆིག་སྟོང་དང་ཆིག་བརྒྱ་སུམ་ཅུ་རྩ་བཞི་པ་ཤིང་ཁྱི་ལོར་རྗེ་ཐོ་ཐོ་རི་འཁྲུངས་དེའི་ལོ་བརྒྱད་ཅུ་ཆུ་སྦྲུལ་ལོར་མདོ་སྡེ་ཟ་མ་ཏོག་ནམ་མཁའ་ནས་བབ། རྒྱལ་པོ་དེ་དགུང་ལོ་བརྒྱ་དང་ཉི་ཤུ་ལོན་པ་ཆུ་བྱ་ལོར་གཤེགས། དེ་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་དྲུག་འདས་པ་ས་གླང་ལོར་གངས་ཅན་མགོན་པོ་སྲོང་བཙན་སྒམ་པོ་འཁྲུངས། དེ་ཡི་དགུང་ལོ་བཅུ་གསུམ་པར་འུན་ཤིང་ཀོང་ཇོ་བོད་དུ་ཕེབས། ཉི་ཤུ་རྩ་ལྔ་ཆུ་གླང་ལོར་འཕྲུལ་སྣང་བཏབ། བརྒྱད་ཅུ་རྩ་གཉིས་ལྕགས་ཁྱི་ལ་འཕྲུལ་སྣང་འཕགས་པའི་སྐུ་བརྙན་གྱི་ཐུགས་ཀར་ཐིམ། དེ་ནས་ལོ་བརྒྱད་ཅུ་འདས་པའི་ལྕགས་རྟ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བལྟམས། དེ་ཡི་དགུང་ལོ་ཉི་ཤུ་པ་ས་གླང་ལོར་༸སློབ་དཔོན་ཆེན་པོ་བོད་དུ་ཕེབས་ལོ་གཉིས་འདས་པའི་ལྕགས་ཡོས་ལ་བསམ་ཡས་ཀྱི་རྨང་བཏིང་ལོ་ལྔ་ལོན་པ་ཤིང་རྟ་ལ་བསམ་ཡས་ལེགས་པར་གྲུབ། མངའ་བདག་ལྔ་བཅུ་ང་དགུ་པ་ས་འབྲུག་ལོར་གཤེགས། མངའ་བདག་གཤེགས་ནས་ལོ་བཅུ་དྲུག་འདས་པའི་ཤིང་སྤྲེལ་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རྔ་ཡབ་ལྷོ་ནུབ་ཀྱི་སྲིན་པོ་འདུལ་བར་གཤེགས། དེ་ནས་ལོ་གཉིས་འདས་པའི་མེ་ཁྱི་ལ་བྱེད་རྩིས་ཀྱི་ལོ་དག་ཉིས་བརྒྱ་ཉེར་གཅིག་པའི་དབུ་ཚུགས། དེ་ནས་ལྔ་བཅུ་ང་བདུན་འདས་པའི་ཆུ་ལུག་ལོར་གནོད་སྦྱིན་གླང་དར་སྐྱེས། དེ་ནས་ལོ་གསུམ་འདུས་པའི་མེ་ཁྱི་ལོར་ཁྲི་རལ་པ་ཅན་འཁྲུངས། དེ་སུམ་ཅུ་རྩ་དྲུག་པ་ལྕགས་བྱ་ལོ་ལ་གཤེགས་ཤིང་། ལོ་དེར་གླང་དར་མ་རྒྱལ་པོར་གྱུར། རྒྱལ་སྲིད་བཟུང་ནས་ཟླ་བ་དྲུག་གི་མཐར་དམ་པའི་ཆོས་ལ་སྣུབ་པར་བརྩམ་ནས་ཟླ་བ་ཕྱེད་བདུན་ལོན་པ་ཆུ་ཕྱི་ལོར་དཔལ་གྱི་རྡོ་རྗེས་ཚད་མེད་པའི་སྙིང་རྗེའི་གཞུ་ལ་ཕུལ་དུ་བྱུང་བའི་བརྟུལ་ཞུགས་ཀྱི་མདའ་རྡོ་རྗེ་ཕ་ལམ་གྱི་མདེའུ་ཅན་གྱིས་སྡིག་ཅན་གླང་གི་ཀླད་པ་འགེམས་པར་བྱས་ནས་བསྟན་འགྲོ་བདེ་བ་ལ་བཀོད། དེས་ན་ལོ་དྲུག་ཅུ་རྩ་ལྔ་འདས་པའི་མེ་ཡོས་ལ་ཤམྦྷ་ལ་ནས་དུས་ཀྱི་འཁོར་ལོ་འཕགས་ཡུལ་དུ་འགྱུར། དེས་ལོ་བཅུ་གཅིག་འདས་པའི་ས་སྟག་ནི་བསྟན་པ་ཕྱི་དར་གྱི་ཐོག་མ་འབྲོམ་གྱིས་བཞེད་པར་སྣང་། ཕྱི་དར་དེ་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱ་ཡན་ཆད་འདས་པའི་ལོར་བྱས་པ་བདུན་བརྒྱ་དང་དྲུག་ཅུ་རྩ་བཞི་སོང་ངོ་། །ཞེས་བཻཌཱུརྱ་དཀར་པོ་ལས་བོད་ཀྱི་རྒྱལ་རབས་བསྟན་རྩིས་ཉེ་བར་བཏུས་པའོ། །སརྦ་མངྒ་ལཾ།

དཔལ་ལྡན་ཤར་ཁའི་ཡིག་ཚང་དུ།

༈ ན་མོ་ལོ་ཀེ་ཤྭ་ར་ཡ། དཔལ་ལྡན་ཤར་ཁའི་ཡིག་ཚང་དུ།

བོད་ཀྱི་རྒྱལ་རབས་ལོ་རྒྱུས་འདི་ལྟར་འཆད་སྟེ། རྒྱ་གར་ཤཱཀྱའི་རིགས་ཤཱཀྱ་ཆེན་པོ་ཤཱཀྱ་རི་བྲག་པ་ཤཱཀྱ་ལི་ཙ་ཝི་གསུམ་ལས་རི་བྲག་པའི་རྒྱུད་འཕགས་རྒྱུལ་གྱི་ཡུལ་དུ་རྒྱལ་པོ་རྩིས་ཀྱི་མུ་ཁྱུད་བྱུང་ཞིང་དེའི་བུ་གཏུམ་བུ་རབ་སྣང་ཞེས་བདག་ཅག་གི་སྟོན་པ་བལྟམས་པ་དང་དུས་མཚུངས་པར་བཙས། དེ་ཡི་བུ་རྒྱལ་པོ་སྐྱབས་སེང་ཞེས་བྱ་བ་བྱུང་ཞིང་། དེ་ཡི་བུ་ལྔ་ལས་ལྔ་ཚིག་དེ་མིག་བྱ་ལྟར་མས་འགེབས་གཡུ་ཡི་སྨིན་མ་ཅན་དུང་སོ་འཁོར་མར་ཡོད་པ་སོར་མོ་དྲ་བས་འབྲལ་བ་ཞིག་བྱུང་བ་དེས་ལྟས་ངན་དུ་དོགས་ཏེ་ཟངས་ཀྱི་གའུ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་གངྒཱ་ལ་བསྐྱུར་བ་ཡུལ་ཡངས་པ་ཅན་དུ་ཞིང་པ་རྒན་རྒོན་གཉིས་ཀྱིས་བརྙེད་ནས་གསོས་པ་ནམ་ཞིག་ནར་སོན་པོའི་ཚེ་རང་གི་ཕ་མས་བོར་བའི་ཚུལ་རྒན་རྒོན་གྱི་ངག་ལས་ཐོས་ཏེ་ཡིད་སྐྱོ་ནས་བྱང་ཕྱོགས་གངས་རིའི་ནགས་སུ་བྲོས་པས་ལྷ་རི་གྱང་མཐའི་ཁར་བྱུང་དེ་ནས་རིམ་གྱིས་བོད་ཡུལ་དབུས་ཡུལ་ཡར་མེ་སྣ་བཞི་ཡར་ལྷ་ཤམ་པོ་མཐོང་བའི་ས་ལྷ་རི་གང་པོའི་རི་རྩེར་ཕེབས་ནས་བཙན་ཐང་སྒོ་བཞིར་བྱོན་ཤེས་རབ་ཅན་གྱི་མི་བཅུ་གཉིས་ཕྱུགས་རྫི་བྱེད་པ་དང་འཕྲད་པས་གང་ནས་ཡོང་དྲིས་པ་མཛུབ་མོ་ནམ་མཁར་སྦྲེངས་བས་འདི་ནམ་མཁའ་ནས་བྱུང་བར་འདུག་སྙམ་སྟེ་དེ་བཅུ་གཉིས་ཀྱི་ངེད་ཀྱི་རྗེ་བོ་བྱའོ་ཞེས་ཤིང་གི་ལྡིང་ཁྲིར་ལ་བཞུགས་སུ་གསོལ་ནས་གཉའ་བར་ཁུར་ཏེ་ནང་དུ་ཡོང་བས་གཉན་ཁྲི་རྩད་པོར་གྲགས་པ་ཕྱུགས་རྫི་དེ་རྣམས་ཀྱིས་ཕོ་བྲང་ཡམ་བུ་བླ་མཁར་བརྩིགས་ཏེ་ཕུལ། རྒྱལ་པོ་འདི་ཡར་ལུང་དུ་ཕེབས་པའི་ལོ་དེ་ཆུ་ཁྱི་ཡིན་ཟེར་དེ་ནས་རྒྱལ་རབས་ཁྲི་བདུན་རིམ་པར་བྱུང་བ་ཐ་མ་སྲིབ་ཁྲིའི་སྲས་བྲི་གུམ་བཙད་པོའི་རི་ཡལ་མུག་མེད་ཤིང་འཕྲོད་དང་སྲོག་ཟབ་པ་དེའི་སྐད་པ་གསུམ་བྱུང་བ་མཆོད་གནས་སུ་བཅོལ་བས་རྒྱལ་སྲིད་ཉམས། དེ་ཡི་སྲས་གསུམ་གྱི་བར་མ་པུ་ཏེ་གུང་རྒྱལ་ནི་རྒྱལ་སྲིད་བཟུང་། བློན་པོ་ཡར་ལྷ་ཤམ་པོའི་བུ་རུ་ལས་སྐྱེས་དང་དེ་ཡི་བུ་ལྷ་བུ་མགོ་དཀར་གྱིས་བྱས། རྒྱལ་པོ་དེ་ཡབ་སྲས་ལ་སྟོད་ཀྱི་སྟེང་གཉིས་ཟེར། པུ་ཏེའི་སྲས་རྒྱུད་རིམ་པར་ལེགས་དྲུག་དང་སྡེ་བརྒྱད་བྱུང་དེ་ཡན་ཆད་ཀྱི་རྒྱལ་པོའི་བཙུན་མོ་རྣམས་ལྷ་མོ་ཀླུ་མོ་ཡིན་པ་འཆི་བའི་མ་བྱུང་སྐད།

དེ་ནས་རྒྱལ་པོ་བཙན་ལྔ་བྱུང་བའི་མཐའ་མ་ལྷ་ཐོ་ཐོ་རི་གཉན་བཙན་མེ་ཡོས་ལ་འཁྲུངས་དེ་དུས་རྒྱལ་པོ་གཉའ་ཁྲི་བཙད་པོ་བྱོན་ནས་ལོ་དགུ་བརྒྱ་དང་དྲུག་ཅུ་རྩ་ལྔ་སོང་ཟེར། རྒྱལ་པོ་འདིའི་སྐུ་རིང་དུ་ནམ་མཁའ་ནས་ཟངས་ཀྱི་གའུ་ཡི་ནང་དུ་དཔང་ཀོང་ཕྱག་བརྒྱ་མདོ་ཟ་མ་ཏོག་བཀོད་པ་ཙིནྡྲ་མ་ཎིའི་གཟུངས་རྣམས་བྱོན་ཅིང་ད་སྟེ་གདུང་རབས་ལྔ་ནས་འདི་ཡི་དོན་ཤེས་པར་འགྱུར་རོ་ཞེས་པའི་སྒྲ་གྲགས། དེ་ལྟར་དམ་པ་ཆོས་ཀྱི་དབུ་བརྙེས་ཏེ་གླེགས་བམ་བབ་པའི་ལོ་ནི་ས་སྤྲེལ་ཡིན་ཟེར། གླེགས་བམ་ལ་གཉན་པོ་གསང་བར་མཚན་གསོལ་ཏེ་མཆོད་པས་བྱིན་རླབས་ཀྱི་རྒྱལ་པོ་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ཡི་སྲས་ཁྲི་གཉའ་བཟུང་བཙན། དེ་ཡི་སྲས་འགྲོང་གཉེན་ལྡེ་རུ་དང་དེ་སྲས་སྟག་རི་གཉན་གཟིགས་ཏེ་ཡབ་སྲས་དེ་གཉིས་ལ་བར་གྱི་སྟེང་ཟེར་སྟག་རི་གཉན་གཟིགས་ཀྱི་སྲས་ནི་གནམ་རི་སྲོང་བཙན་ཡིན། དེ་ཡི་སྲས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། དེ་དུས་ཐོ་ཐོ་གཉན་བཙན་འཁྲུངས་ནས་ལོ་བརྒྱ་དང་དགུ་བཅུ་ཐམ་པ་སོང་ཟེར། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བརྒྱད་ཅུ་རྩ་གཉིས། སྤྲུལ་པའི་སྐུ་དེ་ཡི་སྐུ་རིང་དུ་བོད་ཀྱི་ཡི་གེ་ཡང་ལེགས་པར་མཛད། རྒྱ་བལ་ནས་སྟོན་པའི་སྐུ་དང་དམ་པའི་ཆོས་ཇི་སྙེད་པ་སྤྱན་དྲངས། ལྷ་ལྡན་སོགས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ས་ཕོ་ཁྱི་ཡི་ལོ་ལ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ལྷག་མེད་འོད་སྐུར་ཐིམ་མོ། །དེ་ཡི་སྲས་གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་པ་ཡབ་ཀྱི་སྔོན་ལ་འདས། དབོན་སྲས་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་པའི་སྐབས་མེས་གཤེགས་ཏེ་ལོ་བཅོ་ལྔའི་བར་དུ་རྒྱལ་སྲིད་བྱས་ཏེ་དགུང་ལོ་ཉེར་བདུན་བར་གཙང་གི་བར་སྣང་སྒང་དུ་གཤེགས་སྐད་སྟེ་དེ་ཤང་གི་ཕོ་བྲང་སྒང་ཡིན་ཟེར། དེ་ཡི་སྲས་རླུང་རྣམ་འཕྲུལ་གྱི་རྒྱལ་པོ་ཆུ་མོ་བྱ་ལོ་ལ་ཡབ་གཤེགས་ནས་ཞག་པོ་བདུན་ལོན་པའི་སྐབས་སུ་འཁྲུངས་ལོ་ཉི་ཤུ་རྩ་དགུ་རྒྱལ་སྲིད་བཟུང་། དེ་ཡི་སྐུ་རིང་དུ་ཇ་དང་དཀར་ཡོལ་ཀྱང་བྱུང་ཞིང་རྩལ་པོ་ཆེ་ཡི་མི་བདུན་ཀྱང་བྱུང་། འཇང་ཀྱང་དབང་དུ་འདུས་ཤིང་སྐུ་འཇང་ཡུལ་དུ་གཤེགས།

དེ་ཡི་སྲས་ཁྲི་ལྡེ་གཙུག་བརྟན་ལྕགས་འབྲུག་ལ་འཁྲུངས་ལོ་དེ་ལ་ཡབ་གཤེགས། གཙུག་ལག་ཁང་ལྔ་བཞེངས་དགུང་ལོ་དྲུག་ཅུ་རྩ་གསུམ་པར་ཡར་འབྲོག་སྦས་ཚལ་ན་མར་སྐུ་གཤེགས། དེ་ཡི་སྲས་ཁྲི་སྲོང་ལྡེ་བཙན་ལྕགས་ཕོ་རྟ་ལ་སྐུ་འཁྲུངས། དེ་དུས་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བརྒྱ་དང་བདུན་ཅུ་དོན་གསུམ་སོང་ཟེར། རྒྱ་གར་ནས་ཨ་ཙརྱ་བྷོ་དྷེ་ས་ཏྭ་དང་སློབ་དཔོན་པདྨ་སོགས་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། གཞན་ཡང་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་རྒྱལ་བའི་བཀའ་མ་ལུས་པ་བོད་སྐད་དུ་བསྒྱུར་དགུང་ལོ་ལྔ་བཅུ་རྩ་ལྔ་པ་ཤིང་མོ་གླང་གི་ལོ་ལ་ཟུར་མཁར་དུ་གཤེགས། དེ་ལ་སྲས་བཞི་ཡོད་པའི་གཅེན་མུ་ཁྲི་བཙད་པོ་༼ཆུང་ངུ་ནས་གཤེགས་པས་བང་སོ་མེད་མུ་ནེ་བཙད་པོ་ཆུ་སྟག་ལ་འཁྲུངས། ལོ་གཉིས་དང་ཟླ་བ་དགུ་རྒྱལ་སྲིད་བཟུང་། དགུང་ལོ་ཉི་ཤུ་རྩ་དགུ་ལ་གཤེགས། དེའི་འོག་མ་མུ་ཏིག་བཙད་པོ་༽རྒྱལ་སར་འཁོད་པ་ལ་ཞང་གིས་མ་བཟོད་ནས་བཀྲོངས། བང་སོ་དོན་མཁར་མདར་བརྩིགས། གཅུང་ཁྲི་ལྡེ་སྲོང་བཙན་ཤིང་འབྲུག་ལ་འཁྲུངས་ལོ་བཞི་ལོན་པའི་སྐབས་གཅེན་འདས་པས་ཁོང་རྒྱལ་སྲིད་ལ་བཀོད་པའི་ཉམས་སད་པའི་ཕྱིར་ཁྲི་ཡི་སྟེང་དུ་བཞུགས་སུ་གསོལ་ནས་དབུ་ལ་ནོར་བུའི་གཙུག་རྒྱན་བཅིངས་པས་བརྗིད་མ་ཐེགས་ནས་འཇིང་པ་ཡོ་ཙམ་བྱུང་ན་ཡང་བཀྲ་ཤིས་པའི་རྟགས་མང་དུ་བྱུང་བས་སད་ན་ལེགས་འགྱིང་ཡོན་དུ་མཚན་གསོལ། རྒྱལ་སྲིད་ལོ་སུམ་ཅུ་རྩ་གཉིས་བཟུང་དགུང་ལོ་ལྔ་བཅུ་རྩ་བཞི་ལ་བསྒྲགས་ཕུར་འདས། དེ་ལ་སྲས་ལྔ། གཙང་མ། དར་མ། རལ་པ། ལྷུན་རྗེ་ལྷུན་གྲུབ་ལྔ་བྱུང་བ་ལས། ལྷུན་རྗེ་ལྷུན་གྲུབ་གཞོན་ནུ་ནས་གཤེགས། བར་པ་ཁྲི་རལ་པ་ཅན་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས་ལོ་བདུན་ཅུ་དོན་དྲུག་སོང་མེ་བྱི་ལ་སྐུ་འཁྲུངས། ལོ་བཅུ་གཉིས་རྒྱལ་པོར་གྱུར་བཅོ་ལྔ་ལ་ཤར་རྡོ་ཡི་གཙུག་ལག་ཁང་སོགས་མང་དུ་བཞེངས། དེ་དུས་དར་མས་ཀྱང་འབྲི་ཡི་ལྷ་ཁང་བཞེངས་ཟེར་དགུང་ལོ་སོ་དྲུག་ལྕགས་བྱ་ལ་མང་གྲོལ་ཞམ་པའི་གཙུག་ལག་ཁང་དུ་བློན་པོས་རལ་གྲི་སྩལ་ནས་བཀྲོངས། དེ་ཡན་ཆད་རྒྱལ་སར་བཞུགས་པ་རྒྱལ་རབས་བཞི་བཅུ་ཞེ་གཉིས་ལོ་གྲངས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་བཞི་སོང་ཟེར། གཅེན་དར་མ་ཆུ་ལུག་ལོ་པ་སོ་དགུ་ལོན་པའི་དུས་རྒྱལ་སྲིད་ཐོབ་ལོ་གཉིས་རྒྱལ་པོ་ཚུལ་བཞིན་བྱས་ཆུ་ཕག་ལོ་བཞུགས་ནས་ནག་ཕྱོགས་ཀྱི་གདོན་ཞུགས་པ་དང་སྡིག་བློན་རྣམས་ཀྱི་བློ་བསྒྱུར་ཞིང་སྔར་ནུ་བོ་རྒྱལ་སྲིད་ལ་བཀོད་པའི་སྙིང་གནད་བྱས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་བསྣུབ་ལོ་ཞེ་བཞི་མེ་སྟག་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྷ་ས་རྡོ་རིང་གི་རྩ་རུ་བསྒྲལ། སྡིག་རྒྱལ་དེ་ཡི་རྐྱེན་གྱི་ཆུ་མོ་ཕག་ནས་ལྕགས་ཕོ་རྟ་ཡི་བར་ལོ་དྲུག་ཅུ་རྩ་བརྒྱད་དབུས་གཙང་གི་འདུལ་བསྟན་ནུབ་པ་ཡིན་ཟེར། དར་མའི་སྲས་ཡུམ་བརྟན་འོད་བསྲུང་གཉིས་བྱུང་། འོད་བསྲུང་ཤིང་ལུག་ལོ་པ་སུམ་ཅུ་སོ་དགུ་ལ་ཡར་ལུང་འཕན་མདར་འདས། དེ་ཡི་སྲས་འཁོར་བཙན་ཤིང་ཕོ་བྱ་ལ་འཁྲུངས་གཙུག་ལག་ཁང་བརྒྱད་བཞེངས། བློན་པོ་གཙང་རྒན་ལ་ཕོ་འགྲོ་གཙུག་དགྲ་ལྷ་གདོང་གི་བྱས་དགུང་ལོ་སུམ་ཅུ་སོ་གསུམ་པའི་སྐབས། དེ་ཡི་སྲས་ཁྲི་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་ཀྱི་མ་མགོན་མངའ་རིར་བྱོན་ནས་རྒྱལ་སྲིད་བཟུང་བའི་སྲས་དཔལ་གྱི་མགོན་དང་ལྡེ་གཙུག་དང་བཀྲ་ཤིས་ཉི་མ་མགོན་སྟེ་སྟོད་ཀྱི་མགོན་གསུམ་དུ་གྲགས། བཀྲ་ཤིས་ཉི་མ་མགོན་གྱི་སྲས་འཁོར་རེ་དང་སྲོང་ངེ་གཉིས་འཁོར་རེའི་སྲས་ན་ག་ར་ཙ་དང་དེ་བ་ར་ཛ། གཉིས་ཡབ་སྲས་གསུམ་རབ་ཏུ་བྱུང་བས་ཡབ་ཀྱི་མཚན་ལྷ་བླ་མ་ཡེ་ཤེས་འོད་སྲས་གཉིས་ལ་ཞི་བ་འོད་བྱང་ཆུབ་འོད་ཟེར། གཅུང་སྲོང་ངེ་ལ་སྲས་གསུམ་ལྷ་ལྡེ་དང་། གནམ་ལ་འོད་ཅན། ཨུ་པ་དང་གསུམ་བྱུང་ཟེར། ལྷ་བླ་མ་ཡབ་སྲས་ཀྱི་ཇོ་བོ་རྗེ་བོད་དུ་དོ་གལ་གྱིས་སྤྱན་དྲངས་བས་བསྟན་པ་ལ་ཆེས་ཕན་པར་མཛད།

ཞེས་པ་ནི་གཙང་ཉང་སྟོད་རྒྱལ་མཁར་རྩེ་པ་མི་ཡི་དབང་པོ་སིརྟུ་རབ་བརྟན་ཀུན་བཟང་འཕགས་ཀྱིས་མཛད་པའི་རྒྱལ་རབས་དེབ་ཐེར་མཁས་པའི་དགའ་སྟོན་ལས་རིག་པ་འཛིན་པ་ཚེ་དབང་ནོར་བུས་བཏུས་པའོ། །སརྦ་མངྒ་ལཾ།

དབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།

༈ ཨོཾ་སྭཱསྟི། དབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།

སྔོན་གྱི་མཁས་པ་གཡུ་དབྱེར་སྟག་བཙན་དང་། ལོ་ཙཱ་ནམ་མཁའ་གཡུང་དྲུང་གི་རྗེས་སུ་འབྲངས་ནས་བོད་ཀྱི་རྒྱལ་པོའི་རབས་སྨྲ་བ་ན། རྒྱ་ནག་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་སྤྲུལ་པའི་བཀོད་པ་འཇམ་དཔལ་དབྱངས་ཀྱི་ཐུགས་ཀར་ཐིམ་ནས་ལོ་ཉིས་སྟོང་དྲུག་བརྒྱ་ལོན་པ་མེ་ཕག་གབ་ཚེ་དང་པོར་བོད་རྗེ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ། སྲོང་བཙན་སྒམ་པོ་འཁྲུངས། ལོ་དེ་ལ་རྒྱ་ནག་ནས་གཙུག་ལག་འཕྲུལ་རྩིས་བོད་དུ་བྱུང་བའི་དབུ་ཚུགས། དེ་ཡི་དགོང་ལོ་བཅུ་གསུམ་པ་ས་ཕག་གབ་ཚེ་དང་པོར་རྒྱ་བཟའ་ཀོང་ཇོ་འཁྲུངས། ལོ་དེ་ཡི་ཕྱི་མ་ལྕགས་བྱི་ལ་བལ་བཟའ་ཁྲི་བཙུན་འཁྲུངས། ཡབ་ཀྱི་ལྔ་བཅུ་རྩ་བཞི་པར་མོང་བཟའ་ཁྲི་ལྕམ་ལ་ལྕགས་འབྲུག་གབ་ཚེ་བར་མར་སྲས་གུང་སྲོང་གུང་བཙན་བལྟམས་དགུང་ལོ་བཅུ་གླང་ལོར་ཁྲི་དཀར་ཁབ་དུ་བཞེས། དེ་ལ་བཅོ་བརྒྱད་མེ་བྱ་ལོར་མང་སྲོང་བཙན་འཁྲུངས། བཅུ་དགུ་པ་ཁྱིར་གུང་སྲོང་བཙན་གཤེགས། སླར་ཡང་མེས་སྲོང་བཙན་གྱིས་བཅུ་གསུམ་པར་རྒྱལ་སྲིད་མཛད་དེ་བརྒྱད་ཅུ་རྩ་བཞི་བཞེས་པ་ལྕགས་ཁྱི་ལོར་སྐུ་ཡི་བཀོད་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། དེ་ནས་སྲས་དབེན་མང་གིས་རྒྱལ་སྲིད་ལོ་ཉི་ཤུ་རྩ་བཞི་བཟུང་། དགུང་ལོ་ཉེར་དགུ་མེ་བྱི་ལ་གཤེགས་ཟེར་ཡང་དགུང་ལོ་ཉེར་དགུ་ལ་གཤེགས་པར་ངེས་ཚེ་རྒྱལ་སྲིད་ལོ་བཅུ་བཞི་དང་། གཤེགས་པའི་ལོ་ཤིང་གླང་ཡིན་པར་མངོན། དེ་སྲས་རླུང་ནམ་འཕྲུལ་རྒྱལ་སྲིད་ཅི་ཙམ་བཟུངས་ཀྱི་གསལ་ཁ་ནི་མ་བསྟན། དགུང་ལོ་ཉེར་བརྒྱད་པར། མཆིམས་བཟའ་བཙན་ཐོག་ལ་ཆུ་འབྲུག་གབ་ཚེ་བར་མར་ཁྲི་ལྡེ་གཙུག་བརྟན་འཁྲུངས་ལོ་དེ་ཡི་ཕྱི་མ་ལྕགས་སྦྲུལ་ལ་རླུང་ནམ་གཤེགས། ཁྲི་ལྡེ་གཙུག་བརྟན་གྱིས་རྒྱལ་སྲིད་ལོ་སུམ་ཅུ་ཐམ་པ་བཟུང་། རྒྱ་མོ་ཀོང་ཇོ་ཤིང་འབྲུག་ལ་ལོ་ཉེར་དྲུག་ལྕགས་སྟག་གབ་ཚེ་གསུམ་པར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས། ཁྲི་སྲོང་དགུང་ལོ་བཅུ་བདུན་ལོན་པ་ཡབ་ང་ལྔ་མེ་ཁྱི་ལ་གཤེགས་ཟེར། ཁྲི་སྲོང་གི་བཙུན་མོ་ཚེ་སྤོང་བཟའ་མེ་ལུག་ལོ་པ་ཉེར་བརྒྱད་ལོན་ཚེ་མུ་ནེ་བཙད་པོ་དང་པོ་གཅིག་ཆུ་གླང་ལ་མུ་རུག་བཙན་པོ་སོ་དགུ་ལྕགས་བྱར་མུ་ཐུང་བཙན་པོ་འཁྲུངས་ཟེར་ཡང་། ཚེ་སྤོང་བཟའ་མེ་ལུག་ལོ་པ་ནི་ཡི་གེ་མ་དག་པར་མངོན་ཏེ། སོ་གཅིག་ཆུ་གླང་དང་བསྒྲིག་ན་ཆུ་ལུག་ལོ་པར་འགྲིག འདི་སྐབས་བོད་དུ་རྒྱ་ནག་རྩིས་མཁན་མཁས་པ་བདུན་བྱུང་བར་གྲགས་ཏེ་དེ་དག་ནི། ཅོག་རོ་དཔལ་རྒྱལ་ལྷ་ལུང་དབྱིག །ཚེ་སྤང་ཡེ་གྲགས་སྣ་ནམ་ལྷ། །སྣ་ནམ་གྲགས་པ་ཤུད་བུ་བ། །གྲགས་པ་ལྷ་མཁྱེན་རྒྱའི་སྟོན་པ། །ཆོས་ཀྱི་རིན་ཆེན་རྣམ་བདུན་བྱུང་། །ཞེས་ཟེར། ཁྲི་སྲོང་ང་དྲུག་ཤིང་གླང་ལ་གཤེགས། མུ་རུག་བཙན་པོས་རྒྱལ་སྲིད་ཉེར་དྲུག་བཟུང་། འབྲོ་བཟའ་ཤིང་བྱི་ཉེར་གསུམ་ལོན་པ་མེ་ཁྱི་ལོར་མངའ་བདག་རལ་པ་ཅན་བལྟམས། ཉེར་དགུ་ལ་ཆུ་འབྲུག་ལོ་མཐར་དར་མ་ཨུ་དུམ་བཙན་སྐྱེས་ཟླ་གཉིས་ལོན་ཚེ་ཡབ་ཞེ་གཅིག་བཞེས་པ་གཤེགས་ཟེར་བས་ལོ་དེ་ཆུ་སྦྲུལ་ཡིན་པར་མངོན། དེ་ཚེ་འབྲོ་བཟའ་ཡང་སུམ་ཅུ་ལོན་པའི་སྐབས་སོ། །

ལུགས་འདིར་རལ་པ་ཅན་གྱིས་རྒྱལ་སྲིད་བཟུང་བའི་གསལ་ཁ་ཆད་ཀྱང་རིགས་པས་བརྟགས་ན་རྒྱལ་སྲིད་ལོ་ཉི་ཤུ་ལྷག་བཟུང་ནས་ལྕགས་བྱ་ལོར་གཤེགས་པར་མངོན། དར་མས་ཆབ་སྲིད་ལོ་ལྔ་བཟུང་སུམ་ཅུ་རྩ་བཞིར་འདས་ཟེར། དེ་ལྟ་ན་ཤིང་གླང་ལོར་གུམ་པར་མངོན། དར་མ་ཐེག་པའི་ཤིང་གླང་ལ་འོད་བསྲུང་དང་། ལོ་དེའི་ཕྱི་མ་མེ་སྟག་ལ་ཡུམ་བརྟན་འཁྲུངས། འོད་བསྲུངས་ཀྱིས་ཆབ་སྲིད་ལོ་སུམ་ཅུ་རྩ་གཅིག་བཟུང་། བཙུན་མོ་ཅོག་རོ་བཟའ་རྒྱལ་མོ་ལ་མངའ་བདག་དཔལ་འཁོར་བཙན་འཁྲུངས། དཔལ་འཁོར་བཙན་གྱིས་རྒྱལ་སྲིད་ལོ་བདུན་བཟུང་། དེ་ཡི་བཙུན་མོ་སྣ་ནམ་བཟའ་ས་ལུག་གབ་ཚེ་ཐ་མར་ཁྲི་ལྡེ་ཉི་མ་མགོན་འཁྲུངས། ལོ་དེར་མངའ་བདག་དཔལ་འཁོར་བཙན་གཤེགས། ས་ལུག་ལོ་འདིར་བརྩིས་པས་ཀོང་རྩེ་འཕྲུལ་རྒྱལ་གཤེགས་ནས་ལོ་ཉིས་སྟོང་དགུ་བརྒྱ་སུམ་ཅུ་ཐམ་པ་དང་། སྲོང་བཙན་སྒམ་པོ་སྐུ་གཤེགས་ནས་ལོ་ཉིས་བརྒྱ་ཞེ་བདུན་འདས་པར་འདོད། བོད་དུ་རྩིས་ཀྱི་གཙུག་ལག་བྱུང་ནས་ལོ་ཉིས་བརྒྱ་དགུ་བཅུ་རྩ་ལྔ་སོང་ཟེར་ཡང་། ཚུལ་འདི་ལ་༸མི་རྗེ་པཎྜི་ཏས་ན་རེ། དེ་སྐད་མཁས་དབང་ཕུག་པ་བའི། །སློབ་མ་བསམ་རྒྱལ་རྗེས་འབྲང་རྣམས། །མཚར་བའི་གཏམ་དུ་རབ་གླེང་མོད། །འོན་ཀྱང་ལོ་ཚིགས་མི་འགྲིག་སོགས། །འཁྲུལ་པའི་ཆ་ནི་འགའ་འདུག་ཀྱང་། །མ་དཔྱད་རེ་ཞིག་བཏང་སྙོམས་བཞག །ཞེས་གསུངས་པ་ལྟར་ཕྲལ་མོ་ཚིག་མི་འགྲིགས་པ་ཅི་རིགས་སྣང་ཡང་ཞིབ་ཏུ་དཔྱད་ནས་བསྟན་རྩིས་གཞན་དང་སྦྱར་ན་ལེགས་པར་བཤད་པའི་ཆ་ཅི་རིགས་འབྱུང་བའི་སྒོ་ཡང་སྣང་ངོ་། །ཞེས་ནག་རྩིའི་གབ་ཚེ་ཡི་ལོ་རྒྱས་ལས་བྱུང་བསྟན་བཅོས་ཆེན་པོ་བཻཌཱུརྱ་དཀར་པོར་དྲངས་པའི་དོན་ལ་གཞིགས་ནས་རྣལ་འབྱོར་ཨ་ཝ་དྷུ་ཏི་པས་བཀོད་པའོ། །མངྒ་ལཾ།

རྒྱལ་པོ་ཁྲི་སྲོང་བཙན་ཕོ་བྲང་བྱམས་པ་མི་འགྱུར་དུ་འཁྲུངས། ལོ་བཅུ་གསུམ་ལ་ཡབ་འདས་ནས། ཆབ་སྲིད་ལོ་དྲུག་ཅུ་བཟུང་། སྐུ་ཚེ་ལོ་བརྒྱད་ཅུ་གྱ་བཞི་བཞེས་པ་ན། དབུ་རུ་འཕན་ཡུལ་ཟལ་མོ་སྒང་དུ་དགུང་དུ་གཤེགས། ཁྱུང་པོ་ཡུ་ད་ཟུ་ཚེ་དང་། འགར་ཏང་ས་ཡུལ་བསྲུངས་ཀྱི་བློན་པོ་ཡིས། གུང་སྲོང་གུང་བཙན་ཡབ་མ་འདས་པར་ཆབ་སྲིད་ལོ་ལྔ་བཟུང་། མང་བློན་མང་བཙན་བལྟམས་པའི་ཚེ་བཙན་པོ་དགུང་ལོ་བཅུ་དགུ་ལ་གུང་དུ་གཤེགས། མང་བློན་མང་བཙན་མེས་དགུང་དུ་གཤེགས་པའི་ཁྱི་ལོ་ནས་ཆབ་སྲིད་ལོ་བཅུ་ལྔ་བཟུང་། བྱི་ལོའི་དགུན། དགུང་ཚང་བར་སྣང་ལ་ཉེར་བདུན་པ་ལ་དགུང་དུ་གཤེགས། མེས་ཀྱི་རིགས་ཚུན་ཆད། གྷར་ཏང་པ་ཡུལ་བསྲུངས་ཀྱི་བློན་པོ་གྱིས་སོ། །ཁྲི་ལྡེ་གཙུག་བརྟན་འབྲུག་ལོ་ལ་དཔྱིད་ལྡན་དཀར་དུ་བལྟམས། དགུན་ཡབ་དགུང་དུ་གཤེགས། ཆབ་སྲིད་ལོ་སུམ་ཅུ་བཟུང་། ཕག་ལོའི་དབྱར་ཡར་འབྲལ་སྦལ་བར། ལྔ་བཅུ་རྩ་ལྔ་ལ་དགུང་དུ་གཤེགས། ཁུ་མང་རྗེ་ལྷ་བཟུང་བློན་པོར་བསྐོས་པ་ལས་སྙན་ཕྲས་མ་ནོངས་པར་བསྐྱོན་ཕབ། བཙན་པོ་ཁྲི་སྲོང་ལྡེ་བཙན་རྟ་ལོ་ལ་བྲག་དམར་དུ་བལྟམས། དགུང་ལོ་བཅུ་གསུམ་པ་ལ་ཡབ་དགུང་དུ་གཤེགས། ཆབ་སྲིད་ལོ་སུམ་ཅུ་རྩ་གཉིས་བཟུང་། གླང་ལོ་ལ་ཟུང་དཀར་དུ་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ལ་གཤེགས། དབས་སྣང་བཞེད་ཟླ་བཙན་དང་། མགོས་ཁྲི་བཟང་ཡབ་ལྷག་དང་། ངན་ལམ་སྟ་ར་ཀླུ་གོང་དང་། འཕྱིམས་རྡོ་རྗེ་སྐྲ་ཆུང་རྣམས་ཀྱིས་བློན་པོ་བགྱིས་སོ། །སྲས་མུ་ཏི་བཙན་པོ་ཡབ་ཀྱི་སྔོན་ལ་དགུང་བཅོ་བརྒྱད་པ་ལ་གཤེགས། མུ་ནེ་བཙན་པོས་ཆབ་སྲིད་ལོ་བཅུ་བདུན་སྐྱོང་ཡུན་བུར་གཤེགས། གཅུང་ཁྲི་ལྡེ་སྲོང་བཙན། ཉེར་གསུམ་པ་ལ་ཡབ་འདས། ཆབ་སྲིད་ལོ་བཅོ་བརྒྱད་བསྐྱངས། བཞི་བཅུ་ལ་དཀར་ཆུང་དུ་འདས། ཉང་མང་རྗེས་གསལ་སྣང་གི་བློན་པོ་བགྱིས། ཁྲི་གཙུག་ལྡེ་བཙན་གྱི་ལོ་ལ་བྲག་དམར་དུ་བལྟམས་ལོ་བཅུ་གཉིས་ན་ཡབ་འདས། ཆབ་སྲིད་ལོ་ཉེར་གཅིག་བཟུང་། བྱ་ལོ་ལ་ལྷན་དཀར་དུ་སུམ་ཅུ་རྩ་དྲུག་པ་ལ་དགུང་དུ་གཤེགས། འབྲི་ཁྲི་གསུམ་རྗེས་བློན་པོ་བགྱིས་སོ། །ཤཱུ་བྷཾ། ཞེས་པའི་དེབ་ཐེར་འདི་གཙང་ལ་སྟོད་དིང་རི་གླང་འཁོར་གྱི་དཔེ་ཤིན་ཏུ་རྙིང་པ་ཞིག་ལས་བཤུས་པ་ཡིན་ཡང་མང་བཙན་དང་ཁྲི་ལྡེ་གཙུག་བརྟན་བར་ནས་རྒྱལ་པོ་རླུང་ནམ་ཆད་པ་དང་ལོ་ཚིགས་མི་འགྲིག་པ་ཡང་འདུག་རུང་དཔྱད་པའི་གནས་སུ་འདིར་བཀོད་པར་བྱས་སོ། །སརྦ་མངྒ་ལཾ། ༸ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མེས་ཨག་ཚོམ་ཅན་གྱི་སྐབས་དག་ཏུ་རྒྱ་ནག་གི་རྒྱལ་པོའི་སྲས་མོ་ཀོང་ཇོ་དག་བཙུན་མོར་བླངས་བ་སྔ་མ་ཀུན་ཤེང་ཀོང་ཇོ་ཅང་༼འདི་སྔ་མ་རྣམས་ཀྱི་ལྕགས་གླང་ཡིན་ཟེར་ཡང་མེ་ཁྱི་ཡིན་པར་འཁུམས་༽ཀྭན་ལོ་ལ་བོད་དུ་ཕེབས་ཤིང་ཕྱི་མ་མ་ཤང་ཀོང་ཇོ་ཀོང་ལུང་༼འདི་ཁོ་བོས་ཤིང་འབྲུག་ཡིན་པར་སེམས་ཀྱང་ཀུན་མཁྱེན་སིདྷུའི་ལྕགས་འབྲུག་ཡིན་ཞེས་གསུངས་༽ལོར་བྱོན་པར་ལྷ་ལྡན་གྱི་རྡོ་རིང་ལ་བཀོད་པར་སྣང་བ་སླར་རྒྱ་ནག་སྐད་ཤེས་པས་དཔྱད་པར་བྱའོ། །སརྦ་མངྒ་ལཾ།

༈ རྒྱ་ཡི་དེབ་ཐེར་ལས།

ཨོཾ་སྭཱསྟི། འཕགས་པ་རྡོ་རྗེ་རྣོན་པོ་དང་པད་དཀར་འཆང་བ་ལ་ཕྱག་འཚལ་ལོ། །ཐང་ཤུ་ཧུ་ཐན་ཞེས་པའི་རྒྱ་ཡི་དེབ་ཐེར་ལས་འདི་སྐད་ཡོད་པར་གྲགས་ཏེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་དྲུག་ལོན་པ་ན་རྒྱ་ནག་གི་རྒྱལ་པོ་ཐང་ཀའུ་ཛུང་ཞེས་པ་བྱུང་ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང་ལོ་དགུར་རྒྱལ་སྲིད་བསྐྱང་ནས་བདུན་ཅུ་མེ་ཁྱི་ལ་འདས། དེ་བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ། དེ་ཡི་སྲས་ཐང་ཐའི་ཛུང་གི་སྐབས་ཤིང་ཕོ་རྟ་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་བའི་གྲོགས་བྱས་དེ་ནས་ལོ་བདུན་ལོན་པ་ལྕགས་མོ་གླང་ལ་ཀོང་ཇོ་བོད་རྗེའི་བཙུན་མོར་ཕེབས། ཐང་ཐའི་ཛུང་གི་ལོ་ཉེར་གསུམ་རྒྱལ་པོ་བྱས་ནས་ང་གཉིས་པ་ས་བྱ་ཟླ་བ་བཞི་པར་འདས་ཐའི་ཛུང་གི་བུ་དགུ་པ་ཆི་ཀོའུ་ཛུང་རྒྱལ་སར་ཐོན་ནས་ལོ་སུམ་ཅུ་སོ་བཞིར་སྲིད་བསྐྱང་ང་དྲུག་ཆུ་ལུག་ལ་འདས། དེ་རྒྱལ་སར་འཁོད་པའི་ལོ་ཕྱི་མ་ལྕགས་ཕོ་ཁྱི་ལ་བོད་རྗེ་སྲོང་བཙན་སྒམ་པོ་ཞི་བར་གཤེགས། དེ་ཡི་སྲས་གུང་སྲོང་ཡབ་བཞུགས་པའི་སྐབས་སུ་གཤེགས་ཤིང་མང་སྲོང་དགུང་ལོ་བཅུ་གསུམ་པ་ལོ་དེར་རྒྱལ་སར་བཏོན་ནས་ལོ་བཅོ་ལྔ་རྒྱལ་སྲིད་མཛད་པའི་བཀའ་བློན་ནི་མགར་གྱི་བྱས་པ་མེ་ཡོས་ལ་གཤེགས་ཟེར་ཀྱང་ལོ་ཁམས་མི་འགྲིག ལོ་བཅོ་ལྔ་དག་ཚེ་ཤིང་བྱི་ལ་གཤེགས་པར་མངོན། ལྕགས་ཕོ་རྟ་ལོ་ལ་རྒྱ་ནག་དམག་གི་ཕོ་བྲང་ཁྲི་རྩེ་དམར་པོ་བསྲེག དེར་བློན་པོ་མགར་གྱིས་དམག་འབུམ་ཕྲག་གཉིས་འཁྲིད་ནས་རྒྱ་ཡི་དམག་མི་རྣམས་ཕམ་པར་བྱས། མགར་ཡང་ལོ་དེར་གཤེགས། ས་མོ་ཡོས་ལ་འདུས་སྲང་རྒྱལ་སར་འཐོན། ལོ་དེའི་ཕྱི་མ་ལྕགས་འབྲུག་ལ་འོན་ཤིང་ཀོང་ཇོ་གཤེགས་སྐད། རྒྱ་ནག་རྒྱལ་པོ་ཆི་ཀོའུ་ཛུང་འདས་པའི་འོག་ཏུ་རྒྱལ་མོ་ཨུ་ཟིན་ཐེན་ཞེས་པས་ལོ་ཉེར་གཅིག་རྒྱལ་ས་བྱས་བརྒྱད་ཅུ་ཤིང་འབྲུག་ལ་འདས།

རྒྱལ་མོ་དེའི་སྐབས་སུ་བོད་དུ་འདུས་སྲང་གཤེགས་ནས་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་འཁོད་པར་སྣང་། ཤིང་སྦྲུལ་ལ་རྒྱལ་མོ་རང་གི་བུ་ཛུང་ཛུང་རྒྱལ་སར་བསྐོས། བོད་ཀྱི་རྒྱལ་པོས་བུ་མོ་བླང་དུ་བྱུང་བས་རྒྱལ་བོའི་ནུ་བོ་ཝི་ཛུང་གི་བུ་མོ་ཀེང་ཤིང་ཀོང་ཇོ་བྱིན། ཛུང་ཛུང་རྒྱལ་ས་ལོ་དྲུག་བྱས་ནས་ལྔ་བཅུ་རྩ་ལྔ་ལྕགས་ཁྱི་ལ་འདས། གཅུང་ཝི་ཛུང་ཁྲིར་འཁོད་ནས་ལོ་གཉིས་ང་ལྔ་ཆུ་བྱི་ལ་འདས། ཆུ་གླང་ལ་ཝི་ཛུང་གི་བུ་གསུམ་པ་ཧན་ཛུང་ལོ་ཉེར་དགུ་པ་ཞིག་ཁྲི་ལ་བསྐོས་ནས་རྒྱལ་སར་ལོ་བཞི་བཅུ་ཞེ་གསུམ་བཞུགས་ནས་དོན་གསུམ་ལྕགས་བྱ་ལ་འདས། ཀེང་ཤིང་ཀོང་ཇོ་བོད་དུ་སོ་གཅིག་བཞུགས་ནས་ལྕགས་སྦྲུལ་ལ་འདས། འདི་ཡན་ལ་ཐང་གི་རྒྱལ་པོ་ཁམས་འཇགས་ནས་ལོ་བརྒྱ་དང་བཅུ་དྲུག་སོང་། ཤིང་ལུག་ལ་བོད་རྗེ་ཁྲི་ལྡེ་གཙུག་བརྟན་འདས་ནས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བསྐོས། ཧན་ཛུང་གི་འོག་ཏུ་དེའི་བུ་གསུམ་པ་ཛུང་ཛུང་མེ་སྤྲེལ་ལ་རྒྱལ་སར་ཐོན་ནས་ལོ་དྲུག་སྲིད་བྱས་ང་གཉིས་ཆུ་སྟག་ལ་འདས། རྒྱལ་པོ་འདི་སྲིད་སྐྱོང་སྐབས་བོད་ཀྱི་རྒྱལ་པོ་དང་མ་མཐུན་པས་བོད་དམག་རྒྱ་ལ་དྲངས་ཏེ་རྒྱ་ཡི་མཁར་ཉི་ཤུ་རྩ་བཞི་བོད་ཀྱིས་བདག་བྱས། ཛུ་ཛུང་གཤེགས་པའི་ཆུ་སྟག་ལ་དེ་ཡི་བུ་ཆེ་བ་མཐའི་ཛུང་རྒྱལ་སར་བཏོན། ལོ་ཕྱི་མར་བོད་དམག་གིས་རྒྱ་ཡི་ཡུལ་མཐའ་དག་བླངས། སླར་ཡང་ཐའི་ཛུང་རང་གི་བླང་ནས་རྒྱལ་སར་ལོ་བཅུ་བདུན་བྱས་ལྔ་བཅུ་པ་ལུག་ལ་གཤེགས། ལོ་དེའི་ཕྱི་མ་ལྕགས་སྤྲེལ་ལ་ཐའི་ཛུང་གི་བུ་ཆེ་བ་དེང་ཛུང་རྒྱལ་སར་བསྐོས་ལོ་དེ་ལ་བོད་རྗེ་ཁྲི་སྲོང་ལྡེ་བཙན་གཤེགས། སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བསྐོས་ལོ་བཅུ་བདུན་རྒྱལ་ས་བཟུང་ནས་མེ་གླང་ལ་གཤེགས། ལོ་དེར་ཇུ་ཚེ་བཙད་པོ་རྒྱལ་སར་བསྐོས་ཏེ་ལོ་བརྒྱད་ཤིང་སྤྲེལ་ལ་འདས་འདི་ས་སྐྱ་བླ་མ་དམ་པའི་རྒྱལ་རབས་སུ་མུ་མེའི་འོག་ཏུ་ཁྲི་སྲོང་གི་སྲས་བཞི་པ་ལྡིང་ཁྲིས་རྒྱལ་ས་བྱས། དེ་ཡི་སྲས་སད་ན་ལེགས་ཡིན་གསུང་པ་དང་དོན་མཐུན་པར་བཞེད།

གང་ལྟར་ཤིང་སྤྲེལ་ལ་བོད་རྗེ་ཁྲི་ལྡེ་སྲོང་བཙན་བསྐོས། དིང་ཛུང་གི་རྒྱལ་ས་ལོ་ཉེར་ལྔ་བྱས་ནས་རེ་བཞི་ཤིང་བྱ་ལ་གཤེགས། ལོ་དེ་ལ་དེང་ཛུང་གི་བུ་ཆེ་བ་ཤྲུན་ཛུང་བསྐོས་ལོ་གཅིག་རྒྱལ་སྲིད་བྱས་ཏེ་བཞི་བཅུ་རྩ་དྲུག་ལ་འདས། མེ་ཁྱི་ལ་ཤྲུན་ཛུང་གི་བུ་ཆེ་བ་ཧུན་ཛུང་བསྐོས་ཏེ་ལོ་གསུམ་རྒྱལ་སྲིད་བྱས་ནས་ས་བྱི་ལ་འདས། ས་གླང་ལ་ཧན་ཛུང་གི་བུ་མུ་ཛུང་བསྐོས། དེ་སྐབས་ཤེད་དུ་བོད་ཀྱི་རྒྱལ་པོ་འདས་ནས་ཁ་ལི་ཁ་ཆུ་བསྐོས་རྒྱ་ནག་དང་བོད་མཐུན་པར་མནའ་ཆད་བྱས་སྐད་མུ་ཛུང་གི་རྒྱལ་ས་ལོ་དྲུག་བྱས་མེ་སྟག་ལ་གཤེགས། མེ་ལུག་ལ་མེ་ཛུང་གི་བུ་གཉིས་པ་འུན་ཛུང་རྒྱལ་སར་བསྐོས་མེ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས་ནས་དེའི་གཅུང་པོ་ཐ་མུ་ཞེས་པ་བསྐོས་དེའི་རིང་དུ་བོད་ཀྱི་རྒྱལ་ཁམས་འཁྲུག མེ་འབྲུག་ནས་ལོ་གསུམ་ལོན་པའི་ས་ལུག་ཡན་ཐང་གི་རྒྱལ་སྲིད་བཟུང་ནས་ཉིས་བརྒྱ་དང་བརྒྱད་སོང་སྐད། རྒྱ་ནག་ཏུ་མུ་ཛུང་གི་འོག་ཏུ་ཐང་གི་རྒྱལ་རབས་དྲུག་ཙམ་བྱུང་ཞིང་། དེ་ལྟར་ཐང་གི་རྒྱལ་རབས་ལོ་གཉིས་བརྒྱ་དང་གྱ་བརྒྱད་བར་ས་ཡི་བདག་བྱས་ཞེས་གྲགས་སོ། །འདིར་ལོ་ཚིགས་ཁམས་དང་མི་འགྲིག་པ་འགའ་ཞིག་སྣང་རུང་དཔྱད་པ་མེད་པར་མང་དུ་ཐོས་པས་ཐང་ཤྲུ་ཧུ་ཐན་གྱི་ཡིག་ཚང་ནས་དྲངས་པ་ལས་བོད་ཀྱི་རྒྱལ་རབས་ཀྱི་ཆེད་དུ་རིག་པ་འཛིན་པས་མཐུན་པར་གཅིག་ཏུ་བཏུས་པའི་ཅི་རིགས་སོ། །སརྦ་མངྒ་ལཾ།

ཉིན་སྣང་གི་འགྲེལ་པ་གསེར་གྱི་ཤིང་རྟ་ལས།

ཐང་ཀའུ་ཛྷང་ཞེས་པས་ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང་སྟེ་ཐང་གི་རྒྱལ་པོ་རྣམས་ཀྱི་ཐོག་མ་ཡིན། འདིའི་ས་ཕོ་སྟག་འདི་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སྟོང་དང་ལྔ་བརྒྱ་དྲུག་ཅུ་རྩ་དྲུག་པ་ཡིན་ཟེར་བ། རྒྱའི་དེབ་བར་མ་ཅིག་ལ་སྣང་། དེ་དེབ་སྔོན་ལས་བཤུས། ཡང་སངས་རྒྱས་མྱ་ངན་འདས་ནས་ལོ་སྟོང་ལོན་པའི་ཚེ་ཙན་དན་གྱི་སྐུའི་རྒྱ་ནག་ཏུ་འགྲོ་དོན་བྱེད་པར་ལུང་བསྟན་པ་ལ་བརྟེན་ནས། སེ་ཆེན་རྒྱལ་སར་ཕེབས་ནས་ལོ་ངོ་ཕྱེད་དང་གསུམ་འགྲོ་བ་ཆུ་མོ་ཕག་ལ་རྩིས་པས་མྱ་ངན་ལས་འདས་ནས་ཆུ་ཕག་ཡར་བཏེགས་པ་ཡན་ཆད་ལ་ལོ་ཉིས་སྟོང་དང་བཅུ་གསུམ་ལོན་ཞེས་འབྱུང་ལ། དེའི་ཕྱི་ལོ་ཤིང་བྱི་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོང་བའི་ཕྱིར། འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་བཞི་བརྒྱ་དང་སུམ་ཅུ་ཐམ་པ་རབ་བྱུང་(༡༣༣༥)གཉིས་སྟོང་བཞི་བརྒྱ་གོ་དྲུག་འདས། ཙན་དན་ཇོ་བོའི་ལོ་ཉུང་བ་འདས་ཏེ་ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་སོ། །ཡང་ཐང་གི་རྒྱལ་པོ་ཀའུ་ཛུང་ཞེས་པས་ས་ཕོ་སྟག་ལ་རྒྱལ་ས་བཟུང་བ་ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ལྔ་བརྒྱ་རེ་དྲུག་འདས་དེའི་ཕྱི་ལོ་ས་ཡོས་ནས་ཞལ་ལུང་བརྩམས་པའི་རབ་བྱུང་བརྒྱད་པ་ཤར་བ་ཡན་ལ་ལོ་བརྒྱད་བརྒྱ་དང་གྱ་བརྒྱད་སོང་ཞེས་འབྱུང་། དེ་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་བརྒྱ་སོ་བཞི་སོང་བས་འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་དྲུག་བརྒྱ་བརྒྱད་ཅུ་གྱ་རབ་འདོད་སྐབས་༢༧༥༥སོང་བརྒྱད་དམ། ཡང་ན་ཐང་གི་རྒྱལ་ས་ཐོག་མར་བསྙེད་པ་དེ་སྔ་མ་ལས་དྲུག་ཅུ་སྐོར་གཅིག་གིས་དམན་པའི་ས་སྟག་དེ་ཡིན་པར་བྱས་ན་ལོས་ཉིས་སྟོང་དང་དྲུག་བརྒྱ་ཉེར་བརྒྱད་འདས་རབ་འོད་སྐབས་༢༨༩༤སོང་པ་སྟེ་ཐང་གི་ཡིག་ཚང་གི་ལུགས་སོ། །ཉིན་སྣང་གི་འགྲེལ་པ་གསེར་གྱི་ཤིང་རྟ་ལས་བཤུས་སོ། །སརྦ་མངྒ་ལཾ།

བསྟན་པ་ཕྱི་དར་གྱི་སྐབས་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་ཀྱི་འཁྲུངས་ལོ།

ཨ་ཐ། གཞན་ཡང་འདི་སྐད་ཅེས་བྱ་སྟེ། ཕྱི་དར་གྱི་ས་སྟག་དེ་ནས་ལོ་ལྔ་བཅུའི་མེ་ཡོས་ནི་སྐར་རྩིས་མཁན་གྱི་རྩིས་ལ་བསྲེ་བའི་རབ་བྱུང་དང་པོ་ཡིན་ལ། ཤངས་པ་བཀའ་རྒྱུད་ཀྱི་འབྱུང་ཁུངས་ཁྱུང་པོ་རྣལ་འབྱོར་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་སྟེ་ས་སྟག་ལ་འཁྲུངས་ཞེས་ཁ་ཅིག་གི་གསུང་ན་དེའི་ཚེ་བསྟན་པ་ཕྱི་དར་གྱི་ས་སྟག་ཏུ་ངེས་ལ། གལ་ཏེ་ལྕགས་སྟག་ལ་འཁྲུངས་པར་བཞེད་ཚེ། བསྟན་པ་ཕྱི་དར་གྱི་ལོ་ནས་བཅུ་གཉིས་འདས་པའི་ལྕགས་སྟག་ཏུ་མངོན་ནོ། །ཕྱི་དར་གྱི་ས་སྟག་དེ་ནས་དྲུག་ཅུ་སྐོར་གཅིག་འདས་པའི་ས་སྟག་ལ། སྔ་འགྱུར་གྱི་པཎྜི་ཏ་སྤྲུལ་པའི་སྐུ་རོང་ཟོམ་དྷརྨ་བྷ་དྲ་བལྟམས་པ་ཡིན་ཞེས་རགས་རྩིས་ཙམ་དུ་བྱ་དགོས་པར་ཁོ་བོས་དཔྱད་པ་དང་། ས་སྟག་དེ་ནས་ལོ་ལྔ་ལོན་པའི་ཆུ་རྟ་ལ། ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་བི་ཀྲ་མ་ཤཱི་ལའི་མཁན་པོ་ཕུལ་དུ་བྱུང་བའི་ཐུགས་རྗེ་ཅན་དཔལ་ལྡན་ཨ་ཏི་ཤ་དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་པ་མངའ་རིར་ཕེབས་དེ་སྐབས་བོད་འདིར། ལམ་འབྲས་ཀྱི་འབྱུང་ཁུངས་འབྲོག་མི་ལོ་ཙཱ་ན་ཤཱཀ་ཡེ་ཡི་ལོ་ལྔ་བཅུ། བཀའ་བརྒྱུད་ཀྱི་འབྱུང་ཁུངས་མར་པ་ལོ་ཙཱ་ན་དྷརྨྨ་དྷཱིའི་ཞེ་གསུམ་ཡན་ཞེ་གཅིག བཀའ་གདམས་པའི་འབྱུང་ཁུངས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སོ་བརྒྱད། སྔགས་རྙིང་མའི་རིག་པ་འཛིན་པ་ཆེན་པོ་ཟུར་ཆུང་བས་ཉེར་དགུ་བཞེས་ཤིང་། བཀའ་གདམས་གཞུང་པ་པུ་ཏོ་བ་རབ་དང་མེ་ཡོས་ལ་འཁྲུངས་པའི་ལོ་བཅུ་དྲུག་པའོ། །ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟ་ནས་ལོ་སོ་བདུན་འདས་པའི་ས་ལུག་ལ། དོན་བསྒོམ་བསྟན་པའི་བདག་པོ་དཔལ་སྒམ་པོ་པ་འཁྲུངས། ས་ལུག་དེ་ནས་ལོ་བཅུ་གསུམ་འདས་པའི་ཆུ་སྤྲེའུ་ལ་༸དཔལ་ས་སྐྱ་པ་ཆེན་པོ་གོང་མ་ལྔ་ཡི་དང་པོ་ས་ཆེན་ཀུན་དགའ་སྙིང་པོ་བལྟམས།

ས་ཆེན་དགུང་ལོ་བཅུ་བཞི་བཞེས་པའི་ཤིང་བྱ་ལ། ཞི་བྱེད་བསྟན་པའི་འབྱུང་ཁུངས་ཕ་དམ་པ་རྒྱ་དཀར་དིང་རི་གླང་འཁོར་མཁན་པ་ཁྲོད་དུ་ཞི་བར་གཤེགས་པའི་ཚུལ་བསྟན། དམ་པ་གཤེགས་པའི་ཤིང་བྱ་དེ་ནས་ལོ་དྲུག་ལོན་པའི་ལྕགས་སྟག་ལ་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་བདེ་གཤེགས་ཕག་མོ་གྲུབ་པ་སྐུ་འཁྲུངས། ལོ་དེ་ཡི་ཕྱི་མ་ལྕགས་ཡོས་ལོ་མཐར་བསྒྲུབ་བརྒྱུད་བསྟན་པའི་མངའ་བདག་མི་ལ་རས་པ་མྱ་ངན་འདས། དུས་མཁྱེན་དང་ཕག་གྲུ་ཡི་དགུང་ལོ་བཅུ་གསུམ་པ་ཆུ་སྟག་ལ། མདོ་ཁམས་སུ་སྔ་འགྱུར་བཤད་སྒྲུབ་སྡེ་ཆེན་པོ་ཀཿཐོག་ཞེས་ཐོག་པའི་འབྱུང་ཁུངས་ཀཿདམ་པ་བདེ་གཤེགས་སམ་མཚན་དངོས་ཤེས་རབ་སེང་གེར་གྲགས་པ་དེ་ཕག་གྲུ་དང་མ་སྤུན་དུ་འཁྲུངས། དེ་ཡི་ལོ་ཕྱི་མ་ཆུ་ཡོས་ལ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་བལྟམས། ཀཿདམ་པ་བདེ་གཤེགས་ལོ་བཅུ་གསུམ་ལོན་པའི་ཤིང་སྟག་ལ་སྔ་འགྱུར་རིག་འཛིན་ཆེན་པོ་སྒྲོ་ཕུག་པ་མཁའ་སྤྱོད་དུ་གཤེགས། ༸སྤྲུལ་པའི་སྐུ་གཏེར་སྟོན་མྱང་ཉི་མ་འོད་ཟེར་ཡང་ཡི་གེ་ཕལ་ཆེར་ཞངས་འཁྲུངས་པའི་ལོ་ཕྱི་མ་ཤིང་འབྲུག་ལ་འཁྲུངས་ཞེས་གསུང་ཡང་རྣམ་ཐར་མ་ཞིབ་ཏུ་བརྟག་ན་སྒྲོལ་ཕུག་པ་གཤེགས་ནས་ལོ་གཉིས་འདས་པའི་མེ་འབྲུག་དེ་ཡིན་པར་སེམས། མེ་འབྲུག་དེ་ནས་ལོ་བདུན་ལོན་པ་ཆུ་ཁྱི་ལ་ས་ཆེན་གྱི་སྲས་ས་སྐྱ་གོང་མ་ལྔར་བསྒྲང་བའི་གཉིས་པ་བསོད་ནམས་རྩེ་མོ་དང་སྟག་ཐང་པ་བལྟམས། ལོ་དེ་ཡི་ཕྱི་མ་ཆུ་ཕག་ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་འཁྲུངས། འབྲི་སྟག་བཀའ་བརྒྱུད་ཀྱི་ཐོག་མ་ཡང་དེ་ཡིན། ཆུ་ཕག་དེ་ནས་ལོ་བཞི་འདས་པའི་མེ་ཡོས་རབ་བྱུང་གསུམ་པ་ཤར་བ་ན་ས་ཆེན་སྲས་གོང་མ་གསུམ་པ་རྗེ་བཙུན་གྲགས་པ་སྐུ་འཁྲུངས།

དེ་ཡི་ལྔ་བཅུ་རྩ་བརྒྱད་པ་ཤིང་བྱི་ལོར་རྒྱ་དཀར་བི་ཀྲ་མ་ཤཱི་ལ་ཡི་མཁན་པོ་ཕྱི་མར་གྱུར་པ་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བོད་དུ་ཕེབས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་འདུལ་བའི་བསྟན་པ་ལ་ཕན་པ་ཆེ་བར་མཛད། ཤིང་བྱི་ལོ་དེར་ཀརྨ་པ་ཞེས་སྙན་པའི་བ་དན་ཅན་གྲུབ་པའི་དབང་པོ་ཆོས་ཀྱི་བླ་མ་སྐུ་བལྟམས། དེ་སྐབས་དཔལ་འབྲུག་པའི་འབྱུང་ཁུངས་འགྲོ་མགོན་རིན་པོ་ཆེ་གཙང་པ་རྒྱ་རས་པའི་ལོ་ཞེ་བཞི། ཞང་རིན་པོ་ཆེའི་ཐུགས་སྲས་ལྷ་རི་ནམ་མཁའ་འོད་ཀྱི་སོ་བདུན། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་སོ་གཉིས། ས་སྐྱ་རྗེ་བཙུན་གྲགས་པའི་དབོན་གོང་མ་བཞི་པ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཉེར་གསུམ་བཞེས་ཤིང་ཆག་ལོ་ཙཱ་བ་དགྲ་བཅོམ་གྱི་དབོན་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལོ་བདུན་ལོན་པ་ཡིན། པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ལོ་བཅུ་བཞུགས་ནས་ཆུ་བྱ་ལྔ་ཁ་ཆེར་ཕེབས། ལོ་དེར་རྒྱལ་བ་ཡང་དགོན་པ་འཁྲུངས། ལོ་དེ་ཡི་སྔ་མ་ཆུ་སྤྲེའུ་ལ་གཏེར་སྟོན་སྤྱན་རས་གཟིགས་གུ་རུ་ཆོས་དབང་བལྟམས། སྤྲེའུ་དེར་ཉང་རལ་སྲས་འགྲོ་མགོན་གྱི་ལོ་སོ་བདུན་པ་ཡིན། གུ་རུ་ཆོས་དབང་གི་དགུང་ལོ་བཅུ་དགུ་བཞེས་པའི་ལྕགས་སྟག་ལ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དང་། ཆོས་དབང་གི་ཉེར་གསུམ་པར་རིག་གནས་བསྟན་པའི་འབྱུང་ཁུངས་ཤོང་ལོ་ཙཱ་རྡོ་རྗེ་རྒྱལ་མཚན་བལྟམས། ལོ་དེ་ཡི་ཕྱི་མ་ཉེར་བཞི་ཤིང་ལུག་ལ་ས་པཎ་གྱི་དབོན་ས་སྐྱ་གོང་མ་ལྔ་ཡི་ཐ་མ་ཆོས་རྒྱལ་འཕགས་པ་འཁྲུངས། འཕགས་པའི་དགུང་ལོ་དགུ་པ་ཆུ་ཡོས་ཇོ་ནང་སྒྲུབ་སྡེ་དང་པོར་འདེབས་པ་པོ་ཞང་ཐུགས་རྗེ་བརྩོན་འགྲུས་བལྟམས། ཆུ་ཡོས་དེ་ནས་ལོ་ཞེ་བརྒྱད་འདས་པའི་ལྕགས་སྟག་ལ་ཞ་ལུ་བུ་སྟོན་དང་། ལྔ་བཅུ་པ་ཆུ་འབྲུག་ལ་ཇོ་ནང་ཀུན་མཁྱེན་དོལ་པོ་པ་འཁྲུངས། ཇོ་ཞལ་ཞེས་དེ་གཉིས་ནས་གྲགས། ཇོ་ནང་ཀུན་མཁྱེན་གྱི་བཅུ་བདུན་བཞེས་པའི་ས་སྤྲེའུ་ལ་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་སྒྱུ་འཕྲུལ་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་བལྟམས།

དེ་བཞིན་ཇོ་ནང་པའི་ཉེར་གཅིག་སྐབས་ས་སྐྱ་གོང་མ་འཇམ་དབྱངས་བདུན་དུ་བསྒྲང་བའི་དྲུག་པ་བླ་མ་དམ་པ་བལྟམས། བླ་མ་དམ་པའི་ཞེ་དྲུག་མེ་བྱ་ལོར་ཤར་ཙོང་ཁ་ནས་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་སྐུ་འཁྲུངས། དཔལ་རི་བོ་དགའ་ལྡན་ནམ་དགེ་ལུགས་ཞེས་གྲགས་པ་ཀུན་ཁོང་གི་རྗེས་འབྲང་སྟེ་དེ་ནས་དར། རྗེ་ཙོང་ཁ་པའི་དགུང་ལོ་བཅུ་དགུ་པར་བོ་དོང་ཐམས་ཅད་མཁྱེན་པ་དཔལ་འཇིགས་བྲལ་དབྱངས་ཅན་དགའ་བ་འཁྲུངས། ཁོང་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཕག་མོས་སྣང་བ་བྱིན་ནས་བསྟན་བཅོས་གླེགས་བམ་བརྒྱ་དང་དགུ་བརྩམས། བོ་ལུགས་ཞེས་པ་དེ་ནས་གྲགས། བོ་དོང་འཇིགས་བྲལ་གྱི་དགུང་ལོ་བརྒྱད་པ་ཆུ་ཁྱི་ལ་ངོར་པ་རྡོ་རྗེ་འཆང་དུ་འབོད་པ་ཀུན་དགའ་བཟང་པོ་བལྟམས་ངོར་པ་ཞེས་དེ་ནས་གྲགས། བོ་དོང་བའི་བཅུ་བདུན་བཞེས་པའི་ལྕགས་ལུག་ལོར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། དེ་ཡི་ལོ་ཕྱི་མ་ཆུ་སྤྲེའུ་ལ་མཁས་མཆོག་ཡིད་བཟང་རྩེ་པ་འཁྲུངས། ཡིད་བཟང་རྩེ་པའི་དགུང་ལོ་བཅོ་བརྒྱད་པ་གླང་ལོར་ས་སྐྱ་གོང་མ་འཇམ་དབྱངས་བདུན་དུ་བསྒྲང་བའི་ཐ་མ་ཐེག་ཆེན་ཆོས་རྒྱལ་ཨ་ནནྡ་མངྒ་ལཾ་འཁྲུངས། ལྕགས་ཡོས་ལ་མཁས་མཆོག་གཡག་པ་དང་རོང་སྟོན་ན་ལེནྡྲ་པའི་རྗེས་འབྲང་བཤད་གྲྭ་འཛིན་པའི་དབང་པོ་ཀུན་མཁྱེན་སངས་རྒྱས་འཕེལ་བ་བལྟམས། དེང་སང་ས་ལུགས་ཀྱི་བཤད་གྲྭ་གསེར་མདོག་ཅན་མ་གཏོགས་གཞན་ཕལ་ཆེར་ཁོང་གི་རིང་ལུགས་ཁོ་ན་ཡིན། རྒྱལ་སྲས་ཞི་བ་ལྷ་ཡི་རྣམ་འཕྲུལ་དང་དེས་མཛད་པའི་སྤྱོད་འཇུག་སྨོན་ལེ་ནས་ཚིག་ཤུགས་ཀྱི་ལུང་བསྟན་པ་ཡིན་ཟེར། འདྲ་རུང་ཡང་ཡོད། ཀུན་མཁྱེན་སངས་རྒྱས་འཕེལ་གྱི་ལོ་བཅོ་བརྒྱད་པ་ལ་སྨྲ་བའི་དབང་ཕྱུག་པཎྜི་ཏ་ཤཱཀྱ་མཆོག་ལྡན་འཁྲུངས། ༸ས་སྐྱའི་ལམ་འབྲས་ངོར་ལུགས་རྫོང་ལུགས་ཞེས་ཐ་དད་བསྒྲང་བའི་རྫོང་ལུགས་གོང་དཀར་ལུགས་ལ་ཁོང་གི་བཤད་སྲོལ་གསེར་མདོག་ཅན་པ་ཡིན། ཤཱཀ་མཆོག་གི་ལོ་ལྔ་པ་ཆུ་བྱི་ལ་ཐུ་སྟོན་འཇིགས་མེད་དཔའ་བོ་སྟེ་དབུས་གཡོ་རུ་གོང་དཀར་རྡོ་རྗེ་གདན་འདེབས་པ་དེ་འཁྲུངས། ༸ས་སྐྱའི་ལམ་འབྲས་ངོར་ལུགས་རྫོང་ལུགས་ཞེས་ཐ་དད་བསྒྲང་བའི་རྫོང་ལུགས་གོང་དཀར་ལུགས་ལ་ཟེར་བ་ཡིན། ད་ལྟ་ཡན་ཆད་ཁུངས་ཀྱང་བཙུན་པར་མཐོང་། ཐུ་སྟོན་འཇིགས་མེད་དཔའ་བོའི་དགུང་ལོ་བཅུ་པ་ལྕགས་བྱ་ལ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས། ཞ་ལུ་ལོ་ཆེན་གྱི་དགུང་ལོ་བདུན་པ་མེ་ཡོས་རབ་བྱུང་བརྒྱད་པ་ཆགས་ལོ་རིན་ཆེན་ཆོས་རྒྱལ་བལྟམས།

ལྷ་ཆེན་པོ་འོད་དེ་གུང་རྒྱལ་གྱི་གངས་རིའི་ཁམས་སུ་ཆོས་གྲགས་རྒྱ་མཚོ་དང་། ནོར་བཟང་རྒྱ་མཚོ་དང་། ལྷུན་གྲུབ་རྒྱ་མཚོ་གསུམ་གྱི་གྲུབ་མཐའ་ཡི་རྩིས་པད་དཀར་ཞལ་ལུང་མེ་ལོ་དུ་མའི་སྔ་རོལ་ནས་དཔྱད་དེ་ལོ་འདི་ལ་བརྩམས་པར་མཛད་ཅིང་། ཕྱིས་ཀྱང་ཡུན་རིང་པོའི་བར་ནོར་བཟང་རྒྱ་མཚོས་དཔྱད་ནས་བུ་ཡིག་ཅི་རིགས་བརྩམས། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱི་དྲུག་ཅུ་རྩ་གཅིག་མེ་ཡོས་རབ་བྱུང་དགུ་པར་རྗེ་བཙུན་ཀརྨ་པ་དཔལ་མི་བསྐྱོད་རྒྱལ་བའི་དབང་པོ་དང་། གློ་བོ་པ་རྗེ་བཙུན་གྲོལ་མཆོག་ཞབས་བལྟམས། དེ་ཡི་ལོ་བདུན་པ་ཆུ་བྱ་ལ་སྒམ་པོ་པ་བཀྲ་ཤིས་རྣམ་པར་རྒྱལ་བ་ཞེས་སྒམ་པོའི་གདན་རབས་ནས་མཆོག་ཏུ་མཁས་པ་དེ་འཁྲུངས། མི་སྤྱོད་པའི་དགུང་ལོ་ཉེར་གཅིག་མེ་ཕག་ལ་བསྒྲུབ་བརྒྱུད་འབྲུག་པའི་རྗེ་དཔལ་པཎྜི་ཏ་སྙན་པའི་བ་དན་ལྷབ་ལྷུབ་གཡོ་བ་མི་ཕམ་པདྨ་དཀར་པོ་བལྟམས། མི་ཕམ་པདྨ་དཀར་པོའི་ཉེར་དྲུག་ལོན་པའི་ཆུ་བྱི་ལ་མཐུ་སྟོབས་ནུས་པའི་མངའ་བདག་ཧེ་རུ་ཀ་དཔལ་སོག་བཟློག་ཞབས་འཁྲུངས། སོག་བཟློག་པའི་ཉེར་བཞི་ཤིང་ཕག་ལོ་རྗེ་གྲོལ་མཆོག་གི་སྤྲུལ་སྐུ་མཆོག་གི་སྤྲུལ་སྐུ་ཤིང་རྟ་ཆེན་པོ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་བལྟམས། དེ་དགུང་ལོ་བཅུ་དགུ་བཞེས་པའི་ཆུ་སྦྲུལ་ལོར་མི་ཕམ་པདྨ་དཀར་པོའི་སྤྲུལ་སྐུ་བྱང་ཆུབ་སེམས་དཔའ་འབྲུག་པ་དཔག་བསམ་དབང་པོ་བལྟམས། ལོ་དེ་ཡི་ཕྱི་མ་ཤིང་རྟ་ལ་ལྷོ་འབྲུག་པ་ཞེས་མཐུ་སྟོབས་ཀྱི་མངོན་པར་མཐོ་བ་ངག་དབང་རྣམ་རྒྱལ་ཞེས་འབྲུག་པའི་གདུང་ལས་བྱོན། ཇོ་ནང་རྗེ་བཙུན་གྱི་དགུང་ལོ་བཞི་བཅུ་རྩ་གསུམ་པ་མེ་སྦྲུལ་ལོར་ཏཱ་ལའི་བླ་མ་བཛྲ་དྷཱ་ར་ཞེས་གངས་ཅན་བོད་ཡུལ་ཡོངས་ཀྱི་རྒྱལ་པོ་ངུར་སྨྲིག་འཛིན་པ་༸གོང་ས་ངག་དབང་བློ་བཟང་རྒྱ་མཚོ་བལྟམས།

དེ་ཡི་དགུང་ལོ་ཉེར་ལྔ་ལྕགས་སྦྲུལ་ལ་སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་རྡོ་རྗེ་བྲག་བྱང་བདག་སྤྲུལ་སྐུ་པདྨ་འཕྲིན་ལས་དང་། སུམ་ཅུ་ཐམ་པ་མེ་ཁྱི་ལ་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པ་བལྟམས། དེ་བཞིན་༸གོང་ས་ཡི་ཞེ་བདུན་ཆུ་ཡོས་ལོར་གཙང་ཉང་སྨད་བཀྲ་ཤིས་ལྷུན་པོའི་མཁན་ཆེན་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་འཁྲུལ་ཞིག་བློ་བཟང་ཡེ་ཤེས་དང་བདག་གི་རྩ་བའི་བླ་མ་པད་འབྱུང་བདེ་ཆེན་གླིང་པ་འཁྲུངས། དེ་གཉིས་ཀྱི་བཅུ་བཞི་བཞེས་པའི་མེ་འབྲུག་ལ་ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་ཞི་བར་འཁྲུངས།ཀརྨ་པའི་དགུང་ལོ་ཉི་ཤུ་ཐམ་པ་ཤིང་ཕག་ལ་ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་གྲུབ་བལྟམས། ཞྭ་དམར་ཆོས་ཀྱི་དོན་གྲུབ་ཀྱི་དགུང་ལོ་བརྒྱད་ལོན་པའི་ཆུ་རྟ་ལ་ཀརྨ་པ་ཡེ་ཤེས་རྡོ་རྗེ་ཞི་བར་གཤེགས། དེ་ཡི་ཕྱི་མའི་ཆུ་ལུག་ཀརྨ་པ་བཅུ་གཉིས་བྱང་ཆུབ་རྡོ་རྗེ་འཁྲུངས། ཞྭ་དམར་བརྒྱད་པའི་བཅུ་བཞི་པ་ས་བྱི་ལ་གངས་ཅན་ཡོངས་ཀྱི་རྗེ་བོ་མངོན་པར་མཐོ་བའི་གོ་ས་ཅན་༸གོང་ས་༸བསྐལ་བཟང་རྒྱ་མཚོ་དགུང་ལོ་ཉེར་ལྔ་བཞེས་པའི་ཆུ་བྱི་ལོ་མཇུག་ཏུ་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ཞྭ་དམར་བརྒྱད་པ་ཆབས་ཅིག་ཏུ་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་གཤེགས། དེ་ནས་ལོ་གཉིས་འདས་པའི་ཤིང་སྟག་ལ་ཞྭ་དམར་དགུ་པ་མོན་སྤ་གྲོ་ཡི་ཕྱོགས་སུ་སྐུ་བལྟམས། དགུང་ལོ་བདུན་པར་ཞྭ་དམར་ཅོད་པཎ་བཅིངས། བརྒྱད་པར་ཞི་བར་གཤེགས། ཞྭ་དམར་ཆོས་ཀྱི་དོན་གྲུབ་ཀྱི་ལོ་དྲུག་པ་ལྕགས་འབྲུག་ལ་སི་ཏུ་སྤྲུལ་པའི་སྐུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་འཁྲུངས། སི་ཏུ་རིན་པོ་ཆེའི་སོ་གཅིག་མེ་ཁྱི་ལ་རྗེ་འབྲུག་པ་སྤྲུལ་པའི་སྐུ་རྒྱལ་དབང་འཕྲིན་ལས་ཤིང་རྟ་དང་། དཔའ་བོ་གཙུག་ལག་དགའ་བ་འཁྲུངས། སི་ཏུའི་དགུང་ལོ་སོ་བཞི་བཞེས་པ་ཆུ་གླང་ལ་ཀརྨ་པའི་སྤྲུལ་པའི་སྐུ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་སྐུ་བལྟམས་ཤིང་། ད་ལྟར་སི་ཏུ་རིན་པོ་ཆེ་དགུང་ལོ་ཞེ་གསུམ་པ་དང་།

རྗེ་འབྲུག་པ་དང་དཔའ་བོས་ཉེར་ལྔ་དཔལ་ཀརྨ་པ་ཆེན་པོས་བཅུ་བཞེས་པ་ཡིན་ལ། ཞྭ་དམར་དགུ་པའི་ཡང་སྲིད་བཅུ་པའི་སྐུ་ཡི་དཀྱིལ་འཁོར་ཡང་འཆར་བར་ངེས་པ་སྟེ། འགྲོ་བའི་མགོན་པོ་ཡབ་སྲས་དེ་རྣམས་ཀྱི་སྐུ་ཚེ་བར་ཆད་མེད་པར་རྡོ་རྗེ་རི་བོ་ལྟར་བརྟན་ཅིང་འཕྲིན་ལས་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག དེ་ལྟར་བསྟན་པ་ཕྱི་དར་གྱི་ས་སྟག་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱིའི་ལོ་འདི་ཤར་བའི་སྔོན་མ་བློ་ངན་ལྕགས་བྱ་ཡན་འདས་ལོར་བྱས་པའི་ས་སྟག་བཅུ་གཉིས་འདས་ཤིང་བཅུ་གསུམ་པའི་བཞི་བཅུ་རྩ་ལྔ་ལོན་པས་ཁྱོན་སྡོམ་ལོ་བདུན་བརྒྱ་དང་དྲུག་ཅུ་རེ་བཞི་འདས་རེ་ལྔའི་སྟེང་དུ་གནས་པ་ཡིན་ཏེ། དེ་ལ་ལོ་ཞེ་དགུ་སྦྱངས་པའི་ལྷག་བདུན་བརྒྱ་དང་བཅོ་ལྔ་འདས་བཅུ་དྲུག་པའི་སྟེང་དུ་གནས་པ་ནི། སྐར་རྩིས་མཁན་རྣམས་ཀྱི་རྩིས་ལོ་བསྣན་བྱ་རབ་བྱུང་དང་པོ་ནས་ད་ལྟ་བཅུ་གཉིས་པའི་མཇུག་ཆུ་ཁྱི་འདི་ཡན་གྱི་ལོ་གྲངས་ཡིན་ལ། ད་ལྟ་ཆུ་ཁྱི་འདི་ནས་ལོ་ལྔ་འདས་པའི་མེ་ཡོས་ནི་རབ་བྱུང་བཅུ་གསུམ་པ་ཤར་བ་ཡིན་ན་ཕྱིན་ཆད་བསྣན་འོས་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །

ཞེས་པ་ཡང་བསྟན་པ་ཕྱི་དར་གྱི་དབུ་འབྲུ་མང་པོ་ཞེས་པ་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་པའི་འབྱོན་ལོ་རྣམས་དུས་ཀྱི་ངེས་པ་གསལ་བའི་སླད་བློ་ལྡན་རྣམས་ཀྱི་དྲན་པའི་གསོས་སུ་ཀཿཐོག་སྤྲུལ་སྐུར་གྲགས་པའི་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱི་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཚེས་བཟང་དགའ་བ་གཉིས་པ་ལ་ཀོང་ཡུལ་ལྗོན་པ་ལུང་གི་རི་བོའི་ཁྲོད་དུ་བྲིས་པ་སྟེ་དགེའོ། །སརྦ་མངྒ་ལཾ།

རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན།

༄༅། །རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དང་པོའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་འོད་སྲུང་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་ཉེ་བར་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེས་བུ་འདུལ་མཁས་སྒྱུ་འཕྲུལ་སྲས་དེ་ཡིས། །གདུལ་བྱ་རྣམས་ཀྱི་མོས་བསམ་དང་མཐུན་པར། །ཐེག་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་བསྟན། །ཀུན་ཀྱང་ཐར་པར་གཞོལ་མཛད་འདིར་རྨད་བྱུང་། །འཕགས་ཡུལ་བནྡྷེ་བལ་པོར་བྷ་ཏནྟ། །བོད་དུ་བཙུན་པ་རྒྱ་ནག་ཧྭ་ཤང་ཞེས། །ཐ་དད་མིང་ལས་དོན་དུ་ལྡོག་པ་ཅིག །ཀུན་ཀྱང་ཐུབ་བསྟན་རྗེས་འབྲང་ཁོ་ནར་ཟད། །འོན་ཀྱང་བོད་ཡུལ་འདི་ན་མཁས་རྨོངས་ཕལ། །ཕྱོགས་སྔ་མ་ལོང་ཚིག་ཙམ་ལ་ཞེན་ནས། །ཧྭ་ཤང་གྲུབ་མཐའ་མུ་སྟེགས་བྱེད་པ་ཡི། །ཚུལ་དང་འདྲ་བར་འགོག་འདི་ཆོས་སྤང་ངེས། །སྤྲུལ་སྐུ་ལོ་པཎ་མཁས་པས་ཡུལ་དུས་ལ། །དགོས་པ་ཁྱད་འཕགས་ཡོད་པ་ལ་དགོངས་ནས། །དགག་སྒྲུབ་ཚུལ་ཙམ་མཛད་ལ་མངོན་ཞེན་ཏེ། །བདག་གི་ཆོས་སྤང་སྒྲིབ་བསགས་མ་གྱུར་ཅིག །བོད་འདི་སྔ་ཕྱི་ཀུན་ཏུ་ཉན་ཐོས་ཀྱི། །སྡེ་པ་བཞི་ལས་ཡོད་སྨྲ་ཁོ་ན་ལས། །སྡོམ་རྒྱུན་གཞན་རྣམས་བཀག་པ་རྩོད་པའི་རྒྱུར། །དགོངས་ལས་སྡེ་པ་གཞན་རྣམས་སྐྱོན་ཅན་མིན། །དེས་ན་ཆོས་མིག་རྡུལ་བྲལ་མ་ཐོབ་པར། །ཆོས་རྣམས་མཚན་ཉིད་ཤིན་ཏུ་རྟོགས་དཀའ་བས། །ཐུབ་བསྟན་ཐེག་ཆེན་ཆོས་ཚུལ་སྣ་ཚོགས་པར། །དད་གུས་བསྐྱེད་པའི་ཡུལ་ལས་གཞན་ཅི་ཞིག །འོན་ཀྱང་ཆོས་ཀྱི་གནད་རྣམས་ལ་འཆུགས་པར། །དམ་པའི་ཞལ་ལུང་བརྒྱུད་ལྡན་ཉན་པ་ལས། །རྩལ་བཤད་བློ་བཟོས་ཆོས་ཀྱི་གནད་ཉམས་པ། །དེ་ཚུལ་རིང་དུ་དོར་བར་རྒྱལ་བས་བསྔགས། །དེ་ཡང་མ་ཧཱ་ཙི་ན་ཞེས། མ་ཧཱ་ནི་ཆེན་པོ་དང་། ཙི་ན་ལ་ཡི་གེ་བསྣན་ན་དོན་སྣ་ཚོགས་སུ་འཇུག་པར་སྣང་ཡང་ཁ་ཅིག་གིས་ཡིད་ཡང་བསྒྱུར་མོད། གཞན་ཡང་གསལ་བ་དང་། སྣ་ཚོགས་དང་། རི་མོར་ཡང་འཇུག་པའི་སྐབས་ཡོད་མོད་ཀྱང་བོད་རྣམས་ཀྱི་འདོད་རྒྱལ་གྱི་མིང་རྒྱ་ནག་ཞེས་སུ་བཏགས་པ་དེར་སྒྱུ་འཕྲུལ་སྲས་པོའི་བསྟན་པའི་རྗེས་སུ་འབྲང་བའི་བཙུན་པའི་མིང་དུ་ཧྭ་ཤང་ཞེས་སྤྱིར་བརྗོད་ཅིང་དེ་ལ་བྱེ་བྲག་ཏུ་སྔོན་ཐེག་པ་ཆེ་ཆུང་མཐའ་དག་དར་ཀྱང་ད་ལྟའི་སྐབས་ཕལ་ཆེར་རྒྱུ་ཡི་ཐེག་པ་ཆེན་པོ་དང་། བྱ་སྤྱོད་སོགས་སྔགས་རྒྱུད་ཐུན་མོང་ཙམ་ལ་སྤྱོད་པ་ཤས་ཆེ་ཞིང་། དེ་ལ་ནང་ཚན་བྱེ་བྲག་ཏུ་ད་ལྟ་བོད་ཀྱི་འདོད་པ་དང་ཆ་མཐུན་པར་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ་ཉམས་ལེན་བསྒོམ་པའི་སྲོལ་རྒྱུན་དང་གསུམ་ཡོད་པར་གྲགས་མོད། དེ་ལ་དང་པོ་ཟབ་མོ་ལྟ་བའི་བརྒྱུད་པ་ནི།

སྟོན་པ་རྫོགས་པའི་སངས་རྒྱས། རྗེ་བཙུན་འཇམ་དཔལ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། འདི་ཟླ་གྲགས་ཀྱི་མཚན་གྱི་རྣམ་གྲངས་ཡིན་སྐད་ཀྱང་ཟླ་གྲགས་ཡིན་པར་དཀའ། དེ་ནས་རྗེས་ལེགས་ལྡན་འབྱེད། རྗེ་པྲཛྙཱ་རསྨི། རྒྱ་ནག་སློབ་དཔོན་ཛྙཱ ན་ཤྲཱི། རྗེ་ཛྙཱ་ན་མ་དྷི། དེ་ནས་རྒྱ་ཡུལ་གྲགས་ཆེ་བ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དང་དོད་མཚུངས་པ་ཧྭ་ཤང་ཊི་ཅེ་དཱ་ཤི་ཐཱ་ཝང་སྟེ་ཚུལ་ཁྲིམས་དང་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་དང་མངོན་པར་ཤེས་པ་ཆེན་པོ་མངའ་བས་འདུལ་བྱ་གདུལ་བྱ་ལ་ལྷག་པར་མཁས་པ་ཡུལ་དེའི་མཐུ་དང་རྫུ་འཕྲུལ་ཆེ་བའི་མི་མ་ཡིན་ཡང་བཀར་བཏགས་ནས་ཆོས་སྐྱོང་བར་བསྐོས་ཤིང་རྒྱ་ནག་གི་ས་སྐྱོང་བ་ཆེན་པོ། ཐི་གུར་གྱི་རྒྱལ་རབས་གཉིས་དང་། པུས་རྒྱལ་པོ་ཝན་དྷེའི་གཙུག་གི་ནོར་བུར་བཀུར་བ་ཡི་ཕྲིན་ལས་དཔེ་མེད་པས་དགེ་འདུན་གྱི་གནས་ཆེན་པོ་གཉིས་དང་། ཆུང་བ་སུམ་ཅུ་རྩ་དྲུག་འདེབས་པར་མཛད་ཅིང་ཆོས་ལས་སྐྱེས་པའི་སློབ་མ་ཡང་བརྒྱུད་པའི་སྲོལ་འཛིན་པ་སུམ་ཅུ་རྩ་གཉིས་སྡོམ་པ་ཐོབ་པ་ཆིག་ཁྲི་བཞི་སྟོང་། ཆོས་ཀྱི་འབྲེལ་ཐོབ་གྲངས་མེད་པ་བསྐྲུན་པར་མཛད་ཅིང་། གསུང་རབ་རིན་པོ་ཆེའི་སྤྱི་ཆིངས་སུ་དུས་ཚོགས་ལྔ་དང་འཇུག་སྒོ་བརྒྱད་ཞེས་རྣམ་པར་བཞག་ཅིང་། དེ་ཡང་དུས་ཚིགས་ལྔ་ལ་སྡོང་པོ་བཀོད་པའི་དུས་རི་དྭགས་ཚུལ་གྱི་དུས། ཤིན་ཏུ་རྒྱས་པ་མདོ་སྡེའི་དུས། ཤེར་ཕྱིན་ཀྱི་དུས། མྱང་འདས་ཀྱི་དུས་དང་ལྔ་སྟེ། སྒོ་བརྒྱད་ནི། ཏོན་མེད་ཅིག་ཆར་འཇུག་པའི་སྒོ། ཅི་ཡང་མན་རིམ་གྱིས་འཇུག་པའི་སྒོ། བཱི་མི་གསང་བ་ཐུན་མིན་གྱི་སྒོ། དེ་བཞིན་མ་ངེས་པའི་སྒོ། སྡེ་སྣོད་ཀྱི་སྒོ། རིག་པའི་སྒོ། རྣམ་པར་དབྱེ་བའི་སྒོ། ཡོངས་སུ་རྫོགས་པའི་སྒོ་སྟེ་བརྒྱད་དོ། །གཞན་ཡང་ཆོས་དབྱིངས་འཇུག་པ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། འདི་རྒྱ་ནག་ཏུ་བྱུང་བའི་དུས་ནི་ཝན་བྷི་ནས་ཡུན་མི་རིང་ཙམ། རྒྱལ་རབས་གསུམ་གྱི་མཐར་ཆེན་པོ་ཐང་ལ་རྒྱལ་ཁམས་འཇགས་པ་ཡིན་པར་སྣང་བས་སློབ་དཔོན་ཐང་ཙན་ཙང་ལས་མི་ཐོག་གཅིག་ཙམ་གྱི་སྔ་བ་ཁོ་ནར་ངེས་སོ། །

དེ་ལྟར་སློབ་དཔོན་ཆེན་པོ་དེ་ཡི་བརྒྱུད་འཛིན་སུམ་ཅུ་རྩ་གཉིས་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་པ་ཊང་ཨན་ཙུན་ཅེ་ཧྥ་རུ་ཝ་ཙུན་ཅེ། རུང་ཐང་ཐིའན་ཀུང་ཙུང་ཅེ་ཉིན་ཥི་ཙུན་ཅེ། དེ་ནས་རིམ་པས་ཐིའན་ཐིའ་ཙུང་ཅེས་རྒྱ་ནག་ལྷོ་ཀིའང་ནན་གྱི་ཕྱོགས་སུ་དར་བ་དང་། རྒྱ་ནག་བྱང་ཊུང་ཡུའུན་གྱི་ཕྱོགས་སུ་ཊི་ཅེ་ཡབ་སྲས་ནས། དྷཱི་པུན་ཧྥུ་ཞུན་དཱ་ཤིའ། ཡུན་ཧུ་ཝ་ཊི་ཡན་དཱ་ཤིའ། ཥིའན་ཤིའུ་ཧྥ་ཙ་དཱ་ཤིའ། ཆིང་ལིའང་ཆེང་ཀུནའན་ཀྭ་ཤིའ། ཀུའི་ཧངྥ་ཅུང་མི་དཱ་ཤིའི། དེ་ཉིད་གྲངས་སུ་བྱས་པའི་མི་རབས་ཉེར་གཅིག་པ་ལུ་ཨན་ཕུ་ཐའི་ཧྥ་ཤིའ། ཞེས་རི་བོ་རྩེ་ལྔར་རྗེ་བཙུན་བྱམས་པ་དངོས་སུ་མཇལ་ནས་ཆོས་ཉན་པར་གྲགས་པ་དང་། དེ་ཡི་སློབ་མ་ཡི་ཀིའང་ཊེན་ལི་ཧྥ་ཤིའ། དེ་ནས་པུ་ཝེ་ཋུའན་ཊེན་ཆིང་ཀྭ་ཤིའ། དེ་ཉིད་ཐེ་བའི་མི་རབས་བཞི་པ་ད་ལྟ་རྒྱ་ནག་རྒྱལ་པོའི་ཕོ་བྲང་པོའི་ཀིང་གི་ཕྱོགས་སུ་ཧྭ་ཤང་ཡོངས་ཀྱི་བླ་མ་ཞན་ཀྭ་ཀུའན་ཀུའང་ཝེན་ཧྭ་ཤང་ཞེས་ཡོད་པར་གྲགས་ལ། འཕགས་པ་ཀླུ་སྒྲུབ། འདི་བར་སློབ་དཔོན་རབས་བཞི་བཅུ་ཐམ་པ་པ་བྱུང་བ་ཡིན་ཟེར་གང་ལྟར་རྒྱ་ནག་ཏུ་ད་ལྟ་དར་རྒྱས་ཆེ་བའི་སྐབས་སུ་སྣང་། གཉིས་པ་རྒྱ་ཆེན་སྤྱོད་པའི་སྲོལ་འཛིན་ནི། སྟོན་པ་རྫོགས་པའི་སངས་རྒྱས། རྒྱལ་བ་མི་ཕམ་པ། སློབ་དཔོན་ཐོགས་མེད། གཅུང་དབྱིག་གཉེན། སློབ་དཔོན་དྷརྨ་རཀྵི་ཏ། སློབ་དཔོན་ནནྡཿ སློབ་དཔོན་དུལ་བ་བཟང་པོའམ། དུལ་བ་ལྷ་ཡང་ཟེར་བ་དགུང་ལོ་བརྒྱ་དང་དྲུག་བཞེས་པའི་སྐབས་སུ་རྒྱ་ནག་ཡུལ་ནས་ལོ་ཙཱ་བ་ཆེན་པོ་ཐང་ཟན་ཙང་སྟེ་ཐང་སྡེ་སྣོད་གསུམ་པར་གྲགས་པ་མཁས་པ་ཆེན་པོ་དེ་ཡི་ཐུགས་དེ་ལ་ངོ་མཚར་བའའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པ་མངའ་ཡང་འདིར་རྒྱས་པར་བྲིར་མ་ལོངས་ལ། དུས་ནི་བོད་ཀྱི་རྒྱལ་པོ་འཕགས་མཆོག་སྲོང་བཙན་སྒམ་པོ་དང་རགས་རྩིས་སུ་མཚུངས་ཏེ། ཐང་གི་རྒྱལ་རབས་གཉིས་པ་ཐང་ཐ་ཛུང་རྒྱལ་པོའི་རིགས་ཀྱི་གཅུང་ཡིན་པར་ཡང་གྲགས། དེ་ཡི་སློབ་མ་ཥྭན་ཊང་ཤིའ་དེ་ནས་ཁུའི་ཀི་ཧྥ་ཤིའི། དེ་ལ་གོང་དུ་ཟབ་མོ་ལྟ་བརྒྱུད་དུ་བཤད་པའི་ཡུན་ཧུ་ཝ་ཊི་ཡན་དཱ་ཤའི་དང་། ཥིའན་ཤིའུ་སོགས་ནས་ཤིང་རྟ་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་སྐད་དོ། །

གོང་དུ་བཤད་པའི་དུལ་ལྷ་དང་དུལ་སྡེ་རྒྱ་ནག་ཆོས་འབྱུང་དུ་གཅིག་པར་མཛད་པ་ནི་མི་འཐད་དེ། ལོ་རྒྱུས་གཞན་དུ་དབྱིག་གཉེན་ནས་འཕགས་པ་རྣམ་གྲོལ་སྡེ། དེས་མཆོག་སྡེ། དེས་དུལ་བའི་སྡེ་ཞེས་པ་ནི་རྒྱལ་པོ་སེང་གེ་ལྔ་པའི་སྐབས་སུ་བྱུང་བ་ཡིན་ལ་ཐང་ཟན་ཙང་གི་བླ་མ་དུལ་ལྷ་ནི་རྒྱ་གར་གྱི་རྒྱལ་པོ་གོ་བི་ཙནྡྲའི་སྐབས་སུ་གྲགས་ཆེ་བར་གྱུར་པའི་སློབ་དཔོན་ཡིན་པར་སྣང་ངོ་། །གསུམ་པ་ཉམས་ལེན་བསྒོམ་པའི་བརྒྱུད་པ་ནི་ཧྭ་ཤང་བསྟན་འཛིན་མཁན་པོ་ཙུང་མེན་དུ་གྲགས་པའི་སྡེ་ཚན་རྣམས་ཏེ། དེ་ཡི་བརྒྱུད་པའི་རིམ་པ་ནི་རྫོགས་པའི་སངས་རྒྱས་ནས་བསྟན་པའི་གཏད་རབས་ཀྱི་ཚུལ་ལས་འབྱུང་བ་སྟེ། དེ་ཡང་ཅི་ལྟར་ཞེ་ན་མཁས་མཆོག་བུ་སྟོན་དང་འགོས་ཀུ་མ་ར་ཤཱི་སོགས་ཀྱི་ཆོས་ཀྱི་དེབ་ཐེར་རྣམས་སུ་ཡང་བཀོད་པར་མཛད་པ་དང་། རྒྱ་ནག་གི་ལོ་རྒྱུས་སུ་ཡང་དེ་དང་མཐུན་པར་སྣང་ལ། དེ་ནི་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། དགྲ་བཅོམ་པ་འོད་སྲུང་ལ་བསྟན་པ་གཏད། དེས་དགྲ་བཅོམ་པ་ཀུན་དགའ་བོ། དེས་དགྲ་བཅོམ་པ་ཉི་མའི་གུང་པ་དང་། དགྲ་བཅོམ་པ་ཤ་ནའི་གོས་ཅན་གྱིས་དགྲ་བཅོམ་པ་ཉེར་སྦས། དེ་དགྲ་བཅོམ་པ་དྷ་དྷི་ཀ དེས་དགྲ་བཅོམ་པ་ནག་པོ། དེས་དགྲ་བཅོམ་པ་ལེགས་མཐོང་དང་། བི་བྷ་ག་གཉིས་དགྲ་བཅོམ་པ་བི་བྷ་ག་ནས། དེས་བཙུན་པ་ཆེན་པོ་བནྡེ། དེས་བཙུན་པ་ཆེན་པོ་བུདྡྷ་མི་ཏྲ། དེས་དགྲ་བཅོམ་པ་རྩིབས་ལོག དེས་འཕགས་པ་སུ་ན་ཤ་ཏ་དེས་འཕགས་པ། དེས་ཕག་པ་ཏྟ་སྐད། དེས་འཕགས་པ་མ་ཤི་བ། དེས་འཕགས་པ་ཆེན་པོ་ཀླུ་སྒྲུབ། དེས་འཕགས་པ་ཨརྱ་དེ་ཝ། དེས་འཕགས་པ་ར་ཧུ་ལ། དེས་སངྒ་ནནྡེ་འཕགས། དེས་དགེ་སློང་དགྲ་བཅོམ་པ་གྷ་ལ་ཤ དེས་ཀུ་མ་ར་ཏ། དེ་ཤ་ཡ་ཏ། དེས་བ་སུ་བནྟུ། དེས་མངོན་ཏ། དེས་ཧ་ཀ་ལི་ཀ་ཤ དེས་དགེ་སློང་སེངྒེ། ཞེས་པ་ཡན་རྒྱ་བོད་ཀྱི་གཏད་རབས་ཡི་གེ་མཐུན། དེ་ཡན་ཆད་རྒྱ་ནག་ཆོས་འབྱུང་དུ་འབྱུང་སྟེ། དགེ་སློང་སེང་གེ་ནས་འཕགས་པ་བྷ་ཤྱ་སིདྡྷ། དེས་བི་ཤྭ་མི་ཏྲ། དེས་པྲ་ཛྙཱ་དྷཱ་ར། དེས་བྷོ་དྷེ་དྷརྨོཏྟ་ར་སྟེ་བྱང་ཆུབ་ཆོས་ཀྱི་བླ་མར་གྲགས་པ་དེ་ཡན་ཆད་རྒྱ་གར་དུ་བྱུང་ལ། དེ་ནས་བྷོ་དྷེ་དྷརྨོཏྟ་ར་ཡི་རྒྱ་དཀར་དུ་བི་ཤྭ་མི་ཏྲ་ཕྱི་མ་ལ་བསྟན་པ་གཏད་ནས་ཐོག་མར་རྒྱ་ནག་ལྷོ་ཕྱོགས་རྒྱལ་བུའི་ཕོ་བྲང་ཀིའང་ནན་དུ་རྒྱལ་པོ་ལི་ཡང་ཨུདྷེའི་གམ་དུ་བྱོན།

རྒྱལ་བློན་རྣམས་ལ་དམ་པའི་ཆོས་ཅི་རིགས་པ་འཆད་ཀྱང་ཟབ་དོན་སྟོན་པའི་གདུལ་བྱར་མ་གྱུར་དགོངས་ཏེ་རྒྱ་ནག་བྱང་ཕྱོགས་སུ་ཡོ་གུར་དུ་ཕེབས་པའི་ལམ་གྱི་ཀིའང་ཀླུང་ཆུ་གཏེར་ལྟར་མི་བཟོད་པ་འཕྱོ་བའི་སྟེང་དུ་འདེ་བུའི་རྩྭ་འདབས་མ་ལྔ་པ་ཞིག་ལ་ཞབས་རྣམ་པར་བཀོད་དེ་རྫུ་འཕྲུལ་གྱིས་གཤེགས་པས་ཆུ་ཀླུང་དེར་དམག་དཔོན་ཞིག་གྲུ་ལ་ཞོན་ཏེ་འགྲོ་བས་ཚུལ་དེ་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ། དེ་ནས་ཡུ་གུར་གྱི་ཡུལ་དུ་ཞོའུ་ལེན་ཟི་དགོན་པར་རེ་ཞིག་སྦས་ཚུལ་གྱིས་བཞུགས། མཐར་རྒྱ་ནག་གི་ཧྭ་ཤང་ཧུའི་ཁེ་དང་ཡུ་གུར་གྱི་བཙུན་པ་གསུམ་གྱིས་ཉེ་བར་བསྙེན་ཏེ་སློབ་མར་གྱུར་དེ་ལས་དོན་བརྒྱུད་ཀྱི་བསྟན་པ་ནི་ཧྭ་ཤིང་ཧུའི་ཁེ་གཅིག་པུར་གཏད་དེ་བདག་གི་གཙང་ཀླུང་བརྒལ་དུས་བརྫིས་པའི་འདམ་བུ་ལོ་མ་ལྔ་ཡོད་པའི་རྟེན་འབྲེལ་གྱི་ཁྱོད་ལས་ཅིག་བརྒྱུད་ཀྱི་གཏད་རབས་ལྔ་པ་ནས་མང་པོར་འཕེལ། དེ་ཡང་ཚུགས་ཐུབ་ཀྱི་སྡེ་པ་ལྔར་འགྱུར་ཞེས་བཀའ་སྩལ་ནས་ཡུལ་དེར་མྱ་ངན་འདའ་བའི་ཚུལ་བསྟན་ཅིང་། སླར་ཡང་རྒྱ་གར་དུ་བྱོན་ཏེ་སྐལ་ལྡན་གྱི་གདུལ་བྱ་མང་པོས་མཇལ་བ་སོགས་དོན་དུ་གདོས་བཅས་ཀྱི་ཕུང་པོ་རྣམ་པར་དག་སྟེ་འཆི་བ་མེད་པའི་སྐུ་བརྙེས་པ་ཞིག་གོ །

དེ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་ནག་ཡུལ་དུ་ཕེབས་པའི་སྐབས་ནི་རྒྱལ་པོ་ལི་ཡང་ཨུ་དྷེའི་དུས་སུ་ཡིན་པར་སྣང་ན་ལི་ཡང་ཨུདྷེ་ནས་རྒྱལ་རིགས་གསུམ་གྱི་ཡུན་མི་རིང་ཙམ་བྱས་པའི་རྒྱལ་རབས་བརྒྱད་ཙམ་བྱུང་ཞིང་དེ་ཡི་མཐར་ཆེན་པོ་ཐང་གི་རྒྱལ་རིགས་ཀྱི་དབུ་བརྙེས་པར་གྲགས་པས་དེ་ཚེ་བོད་ཀྱི་ལ་སོ་གནམ་རི་སྲོང་བཙན་གྱི་མེས་འབྲོང་གཉེན་ལྡེ་རུ་རྒྱལ་པོར་གྱུར་པའམ་རྒྱལ་པོར་གྱུར་ཉེ་བའི་སྐབས་ཙམ་ཡིན་པར་སེམས་སོ། །གང་ལྟར་སློབ་དཔོན་དེ་ཡི་རྒྱ་ནག་ཏུ་སློབ་མའི་མཆོག་བསྟན་པ་གཏད་པའི་གནས་ཧྭ་ཤང་ཧུའི་ཁེ་ད་ཙུ་ཆན་ཤིའ་ཡི་བསྟན་པ་གཏད་པའི་སློབ་མ་ནི་སེང་ཚན་ཀིའན་ཊི་ཆན་ཤིའ་ཡིན་ལ། དེས་ཧུང་བཞིན་དཱ་མན་ཆད་ཤིའ། དེས་ལུ་ཙུ་ཧུའི་ནེ་ང་དཱ་ཀིའན་ཆན་ཤིའི་སྡེ་དེ་ལྟར་ཧྭ་ཤང་ཆིག་བརྒྱུད་མི་རབས་ལྔ་སོང་བ་ཧུའི་ནེ་ང་ནས་སྲོལ་འཛིན་མང་དུ་འཕེལ་བ་ལས། རང་ཚུགས་ཐུབ་པའི་བཀའ་བབས་མ་ལྔ་བྱུང་སྟེ་ལིན་གྱི་དང་ཚོ་དུང་དང་ཡུན་མན་དང་ཝེའི་ཡན་དང་། ཧྥ་ཡན་དང་ལྔར་གྱེས་པ་ལས་ད་ལྟའི་སྐབས་སུ་ནི་ལིན་གྱི་ཚོ་དུང་གཉིས་ལས་ཕྱི་མ་གསུམ་གྱི་བརྒྱུད་འཛིན་ནི་མེད་སྐད་ལ། དེ་ཡང་དེང་སང་གྲུབ་བརྒྱུད་ཀྱི་བསྟན་པ་གྲགས་ཆེ་བ་ལིན་གྱི་ནས་བརྒྱུད་པའི་རིམ་པ་ནི། གོང་གི་ལཱུ་ཚུ་ཧུའི་ཧྭ་ཤང་ནན་པོ་ཧུ་ཝའི་བཞའ་ཆན་ཤིའ་དང་། དེས་ཡི་ཙུ་དྭའུ་ཡི་ཆན་ཤིའ། དེས་པེ་ཊ་མི་འོའུ་ཥིང་ཆན་ཤིའ། དེས་ཧུའང་པོའི་ཥི་ཡུན་ཆན་ཤིའ། དེས་ལིན་གྱི་ཨིཥུའན་ཆན་ཤིའ། དེ་ཉིད་ཐེ་བའི་མི་རབས་སུམ་ཅུ། རྩ་བཞི་པ་ནི་ད་ལྟ་གྲུབ་བརྒྱུད་བསྟན་པའི་གསལ་བྱེད་དུ་བཞུགས་པའི་སློབ་དཔོན་ཐི་ཡོའུ་མེའི་མིང་ཏིང་ཆན་ཤིའ་འཚོ་ཞིང་བཞེས་པ་ཁོང་དུ་ཐུག་པའི་རབ་དྷརྨོ་ནས་བརྒྱུད་རབས། བཞི་བཅུ་ཞེ་བཞི་བྱོན་པ་ཡིན་ནོ་ཞེས།

རབ་བྱུང་བཅུ་གཉིས་པའི་ནང་གི་མེ་འབྲུག་ལོར་རྒྱ་ནག་ཡུལ་གྱི་ལོ་ཙཱ་ཝ་ཆིང་གིར་གུར་ནཱ་ཐ་ཤ་ར་ཎ་བཀོད་པའི་རྒྱ་ནག་ཆོས་འབྱུང་ལས་འབྱུང་ལ་དེ་ལྟར་ན་རྫོགས་པའི་སངས་རྒྱས་ཀྱི་རྗེས་སུ་ད་ལྟའི་བར་བརྒྱུད་པ་རབས་བདུན་ཅུ་རྩ་གསུམ་སྟེ། ཉི་མའི་གུང་པ་དང་ལེགས་མཐོང་ཡང་ན་བར་བྱས་པས་བདུན་ཅུ་རྩ་གཅིག་གོ །རྒྱ་ནག་ཆོསའབྱུང་དུ་ཉེར་སྦས་ཀྱི་སློབ་མ་ཉི་མའི་གུང་པར་བཤད་པ་ནི། སྡེ་པ་ཐ་དད་ཀྱི་འདོད་ཚུལ་ལམ་ཕལ་ཆེར་ལོ་རྒྱུས་མ་དག་པ་ཉིད་དོ། །གང་ལྟར་བླ་མ་བརྒྱུད་པའི་རྣམ་གྲངས་སུ་བྱས་པ་དེ་རྣམས་མཆོག་ཏུ་གྱུར་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟ་ལ་ཐུག་གི་བར་བསྟན་པའི་གཏད་རབས་ཀྱི་རྗེས་སུ་འབྲེལ་ཞིང་རྗེས་སུ་མཐུན་པ་བསྒོམ་པ་བསམ་གཏན་གྱི་འཁོར་ལོ་ཆད་པ་མེད་པར་བསྐོར་བ་བྱིན་བརླབས་ཀྱི་རྒྱུན་མ་ཉམས་ཤིང་མྱོང་བསྒོམ་པའི་ཡོན་ཏན་ཐུགས་ནས་ཐུགས་སུ་བརྒྱུད་པ་བར་མ་ཆད་པའི་རྒྱ་ནག་ཧྭ་ཤང་གཞན་ལས་མཆོག་དང་ཕུལ་གྱུར་པ་ཞིག་གོ །

བོད་སྔགས་རྙིང་པའི་མན་ངག་ཁ་ཅིག་གི་ཁུངས་སུ་སྤྲུལ་པའི་སྐུ་རྒྱ་གར་བདུན་བརྒྱུད་དང་། རྒྱ་ནག་བདུན་བརྒྱུད་ཞེས་བསྒྲང་བའི་རྒྱ་ནག་བདུན་བརྒྱུད་ནི་ཙུང་མེད་དུ་གྲགས་པ་འདི་ཡི་སྡེ་ཚན་ཁོ་ནར་ངེས་ལ། དེ་ཡང་སློབ་དཔོན་དྷརྨོཏྟཱ་ར་མ་བསྒྲང་བ་ཧྭ་ཤང་ཧུའི་ཁེ་ནས་མ་ཧཱ་ཡ་ནའི་བར་དོན་བརྒྱུད་ཀྱི་བླ་རབས་བདུན་བྱུང་བ་ལ་སྤྲུལ་པ་བདུན་བརྒྱུད་དུ་རྣམ་པར་བཞག་གི་སེམས་ཤིང་། ལོ་པཎ་བཀའ་ཡི་ཐང་ཡིག་ལས། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བའི་དུས༔ ཆོས་ཀྱི་ཐ་མ་དྲི་བས་ཐེ་ཚོམ་བཅད༔ མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན༔ དཔེ་དོན་མང་པོ་འོད་སྲུང་ཉིད་ལ་གསུངས༔ དེ་ནས་དྷརྨོཏྟཱ་ར་ལ་སོགས་ནས༔ རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་ཐ༔ ཧཱ་ཤང་མ་ཧཱ་ཡ་ན་ཉིད་ལ་ཐུག༔ འོད་སྲུང་ཅིག་ཅར་འཇུག་པ་ཕལ་ཆེན་སྡེ༔ མཁན་པོ་དྷརྨོཏྟཱ་ར་ལི་བརྒྱུད་ནི༔ ཤར་གྱི་ཕྱོགས་སུ་རྒྱ་མཚོ་རྒལ་ནས་ཕྱིན། རྒྱ་ཡུལ་ལི་ཀུན་ཞེས་བྱའི་ཡུལ་དུ་སླེབས༔ ཞེས་དང་། བོ་ཏི་དྷརྨོཏྟཱ་རའི་བརྒྱུད་འཛིན་ནི༔ ཐ་མ་ཧྭ་ཤང་མ་ཧཱ་ཡ་ནའི་གཞུང༔ ཅིག་ཆར་འཇུག་པ་ཡོངས་སུ་རྫོགས་པ་ཡིས༔ དཔེ་དོན་མང་པོ་མདོ་སྡེའི་གཞུང་ལ་ཐུག༔ དེ་དག་འདོད་གཞུང་ཡི་གེ་ཡོད་པ་དང་༔ དྷརྨོཏྟཱ་རའི་རྒྱ་ལུང་ཆེན་མོ་རྣམས༔ ཅི་ཡང་བྱར་མེད་མན་ངག་སྙན་ཁུང་བརྒྱུད༔ ཞེས་སོགས་གསུངས་པས་ཀྱང་ངེས་པ་བསྐྱེད་པར་སྣང་ངོ་། །ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་བྱུང་བའི་དུས་ནི་རྒྱལ་རབས་སོགས་ལོ་རྒྱུས་མང་ཞིག་ཏུ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་ཐ་མར་ཡིན་པར་བཤད་ཀྱང་དེ་སྐབས་ཀྱི་ལོ་རྒྱུས་མི་འདྲ་བ་མང་ཞིང་གྲུབ་མཐའི་དབང་གིས་བསླད་ཡང་ཅི་རིགས་བསྲེས་པར་རྟོགས་མོད། དེས་ན་ལོ་རྒྱུས་ཁུངས་དང་ལྡན་པ་ཁ་ཅིག་ཏུ་མ་ཧཱ་ཡ་ན་བོད་རྗེ་མེས་ཨག་ཚོམ་ཅན་གྱི་སྐུ་ཚེའི་ཐ་མ་ལ་ཕྱོགས་པའི་སྐབས་སུ་བོད་དུ་བྱོན་ཞིང་། ལྷ་ཁྲི་སྲོང་ལྡེའི་བཙན་སྐུ་ནར་མ་སོན་པའི་དུས་སུ་བོད་བློན་ཆོས་ལ་གནག་པ་རྣམས་ཀྱིས་རྒྱ་ནག་ཏུ་བརྫངས་བར་གྲགས་པ་འདི་དོན་ལ་གནས་པར་མཐོང་ཞིང་། དེ་སྐབས་བློན་པོ་ཆོས་ལ་དཀར་བ་རྦ་གསལ་སྣང་སོགས་ཀྱིས་བླ་མར་བཀུར་ཞིང་བསྒོམ་ལུང་ཞུས་པ་དང་། མྱང་ཏིང་འཛིན་བཟང་པོས་ཀྱང་ཧྭ་ཤང་ལ་བསྒོམ་ལུང་ཞུས་པར་ལོ་རྒྱུས་ཁ་ཅིག་ནས་གསུངས་ན་དེ་ཡང་འདི་སྐད་ཉིད་དུ་མངོན། དེས་ན་སློབ་དཔོན་ཀ་མ་ལ་ཤི་ལ་དང་རྩོད་པར་བྱེད་པ་པོ་ནི་ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མའི་སྐབས་ཙམ་དུ་འགྲིག་ལ། འོན་ཀྱང་སྐུ་ཚེ་རིང་དུ་བཞུགས་པའི་མཚན་གྱི་རྣམ་གྲངས་གཅིག་པ་ཡིན་སྲིད་པའི་གནས་ཙམ་དུ་སྣང་ངོ་། །

གཞན་བོད་ཀྱི་རྗེ་བོ་འོད་འཕྲོའི་ས་ལ་བཞུགས་པའི་འཕགས་པ་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་བསམ་གཏན་མིག་གི་བསམ་གཏན་འགྲེལ་ལས་ཧྭ་ཤང་ཏནྟུ་ཡིན་གྱི་གྲུབ་མཐའི་རྣམ་པར་བཞག་པ་དེ་ཡི་མཁན་ཆེན་པོ་ཉི་ཤུ་རྩ་ལྔའི་གསུང་ལུང་དུ་དྲངས་ནས་ཞིབ་མོར་བཤད་པར་མཛད་པ་སྟེ། དགོས་པ་ནི་རྫོགས་ཆེན་དང་ཆ་འདྲ་བས་མི་ནོར་བའི་ཆེད་དུ་ཡིན་པར་གསུང་བ་དང་། ཧྭ་ཤང་གི་ཆོས་དེ་ཡང་ཡང་དག་པའི་ལམ་དུ་བཞེད་པའོ། །ལུང་ཁུངས་མཁན་ཆེན་ཉི་ཤུ་རྩ་ལྔ་ཙམ་བྱུང་བ་ནི་མཁན་འབའ་ཞིག་བསྒྲང་བ་ནི་མིན་ནམ་སྙམ་མོ། །དེ་ནས་ཧྭ་ཤང་ཞེས་པ་གོང་དུ་བསྟན་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡིན་པར་མ་ཟད་སྒོས་ཐེག་པ་ཆེན་པོ་དང་དེ་ཡི་ནང་ཚན་ནས་ཀྱང་བྷོ་དྷེ་དྷརྨཏྟཱ་རའི་རྗེས་འབྲང་ཙུང་མེན་ནི་བཀའ་འཁོར་ལོ་གསུམ་པ་ངེས་དོན་སྙིང་པོའི་མདོ་སྡེ་ལ་བརྟེན་པའི་དོན་བསྒོམ་ཁོ་ན་ལ་ཕྱོགས་པར་འདོད་ཅིང་། ལམ་གྱི་ངོ་བོ་ནི་མདོ་ལུང་འབའ་ཞིག་གོ་ཞེས་མཁས་པའི་མཁས་པ་མཆོག་གིས་གསུང་མོད། དེས་ན་མདོ་ཡི་རང་ལམ་གཅིག་པུའི་ནི་དབང་རྣོན་ཡང་བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་བྱང་ཆུབ་ཆེན་པོ་བརྙེས་པ་ལས་གཞན་མ་ཡིན་ནོ་སྙམ་ན། དེ་ཡང་མཐའ་གཅིག་ཏུ་འགོག་པར་མི་ནུས་ཏེ་ཕྱིས་བྱང་ཆུབ་ཀྱི་མཁས་པའི་དབང་པོའི་དེབ་ཐེར་དུ་རྒྱ་གར་གྱི་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལུང་འདི་སྐད་དྲངས་ཏེ། ཕ་རོལ་དུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ་སོ་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་། ཞེས་གསུངས་པས་ཕྱོགས་འདི་ལ་མི་འཇུག་པ་ཡང་མ་ཡིན་གྱི། དེ་བཞིན་ངེས་དོན་སྙིང་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་རྒྱ་ནག་འགྱུར་ལས། དེ་བས་ན་ཤིན་ཏུ་ཐབས་མཁས་པས་མདོ་སྡེ་འདི་ལ་བརྩོན་འགྲུས་དུ། ནན་བྱས་ན་སྐྱེས་བུ་དེ་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་ཀྱང་མདོ་ལམ་རང་གི་བསྒོམ་རིམ་ཁྱད་པར་བས་དུས་ཡུན་རིང་པོར་མི་ཐོགས་པར་སངས་རྒྱས་འགྲུབ་པའི་གོ་སྐབས་ནི་ཡོད་པར་གོ་དགོས་སོ། །དེ་ཡང་བརྩོན་པ་ཁྱད་པར་ཅན་གྱི་བསྐལ་ཆེན་དྲུག་ཅུ་སོགས་ཀྱིས་ཚོགས་བཟླུམ་པར་ནུས་ན།

ཤེས་ཁྱད་པར་ཅན་བསྒོམ་པ་རྨད་དུ་བྱུང་བས་ཚོགས་ལྷག་པར་བཟླུམ་ནུས་པ་ཡང་རྒྱུ་མཚན་དུ་མས་ཤེས་པར་གྱུར་པའོ། །འོན་ཀྱང་མདོ་ལམ་འབའ་ཞིག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་གསུངས་པ་མཐའ་དག་དགོངས་པ་ཅན་ཏེ་དོན་དུ་ནི་ཕལ་ཆེར་འཕགས་ལམ་ས་བརྒྱད་པ་དང་མཐར་ཐུག་བཅུ་པ་ལས་ལྷག་མདོ་ལམ་འབའ་ཞིག་གིས་ནམ་ཡང་བསྒྲོད་པར་མི་ནུས་ལ། དེ་ནས་ངེས་པར་སྔགས་ལམ་ལ་འཇུག་དགོས་ཀྱི་མི་འཇུག་པ་ཡང་མི་སྲིད་སྟེ། འདི་ནི་མདོ་ནས་གསལ་བར་བཤད་པ་དོན་ངེས་པའི་གྲུབ་མཐའ་རུ་རྡོ་རྗེ་འཛིན་པ་རྣམས་ཀྱིས་ལེགས་པར་བཀྲལ་བཞིན་པའོ། །དེས་ན་ཚུལ་དེས་མདོ་ལམ་གྱི་སངས་རྒྱས་ཐོབ་པ་མེད་ན་སངས་རྒྱས་འགྲུབ་པར་འགྱུར་ཞེས་གསུངས་པ་དང་ཅི་ལྟར་འགལ་སྙམ་ན་དེ་ནི་སྐྱོན་ཡོད་པ་མ་ཡིན་སྟེ་ཐོག་མར་ཚོགས་སྦྱོར་གྱི་ལམ་མདོ་ལམ་འབའ་ཞིག་པས་བསྒྲོད་ནས་ས་དང་པོ་ཐོབ་པའི་སྐབས་སུ་སྔགས་ལམ་ལ་འཇུག་པར་ཤས་ཆེ་ཞིང་གལ་ཏེ་ཚུལ་སྟོན་གྱི་དབང་གིས་ས་བརྒྱད་པའི་བར་དུ་མི་འཇུག་པ་དག་ཡོད་སྲིད་ཀྱང་ས་བརྒྱད་པ་ནས་གཞན་རྐྱེན་ལ་ལྟོས་པ་མ་ཡིན་པར་སྔགས་ཀྱི་ངང་ཚུལ་རང་སྟོབས་ཀྱིས་ཤེས་བཞིན་དུ་འཇུག་ཏུ་ཡོད་པ་ཡིན་པས་དེས་ན་མདོ་ལམ་དུ་སྔགས་ལ་འཇུག་དགོས་སོ་ཞེས་མ་བསྟན་ཀྱང་ས་བརྒྱད་པ་ཡན་ཆད་ནས་ངང་གིས་ཤེས་པའི་དབང་གི་ལམ་མ་ཚང་བ་དང་ཆད་པའི་གོ་སྐབས་མེད་ལ། གཞན་ཡང་ཐོག་མའི་འཇུག་སྒོ་མདོ་སྔགས་གང་ཡིན་ཀྱང་རུང་མཐར་སྔགས་ལ་གཞོལ་དགོས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཚེ་མདོ་སྔགས་ཐ་དད་ཀྱི་སངས་རྒྱས་དབྱེ་རུ་མེད་པའི་ཕྱིར་དེ་ལྟར་དགོངས་ཏེ་གསུངས་པས་སྐྱོན་མེད་པའོ། །ལར་ཚུར་འདི་རྒྱ་ཆེར་བཤད་དུ་ཡོད་ཅིང་དགོས་པ་ཡང་ཆེ་རུང་སྐབས་འདིར་ནི་དོགས་བསླང་ཟུར་ཙམ་རེ་ལས་སྤྲོས་མ་དགོས་སོ། །

གཞན་ཡང་འདི་རུ་བརྗོད་པར་བྱ་བ་སྔོན་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྐབས་སུ་ཏོན་མེད་དུ་ཙེ་ཡ་མན་ཞེས་སུ་གྲགས་པ་ནི་རྒྱ་ནག་གི་སྐད་དེ། བོད་སྐད་དུ་ཅིག་ཅར་དུ་འཇུག་པ་དང་རིམ་གྱིས་སུ་འཇུག་པ་ཞེས་ཡིན་པར་སྣང་ངལ། དེ་ཡང་ཅིག་ཆར་འཇུག་པ་ནི་ཐོས་བསམ་གྱི་བྱ་བ་གཞན་གཙོ་བོར་མི་བྱེད་པ་རྣམ་པ་ཀུན་ཏུ་བསམ་གཏན་དོན་བསྒོམ་ལྷུ་རུ་བླངས་པ་སྟེ། ད་ལྟ་ཡང་རྒྱ་ནག་ཏུ་བསྟན་འཛིན་མཁན་ཧྭ་ཤང་ཙུང་མེན་རྣམས་ཚུལ་དེ་ཁོ་ན་ཡིན་འདུག་ལ། བོད་འདིར་ཡང་བཙུན་པ་དང་ཁྱིམ་པ་རིས་སུ་མེད་པར་སེམས་ཁྲིད་ནོད་དོ་ཞེས་ཐོག་མ་ནས་ཟབ་མོ་ནང་དོན་ལ་གཞོལ་བར་འདོད་པ་ཕལ་ཆེར་འདི་རྣམས་ཀྱང་དེ་དང་ཆ་མཐུན་པ་ལས་གཞན་དུ་མ་དམིགས་སོ། །རིམ་གྱིས་འཇུག་པ་རྣམས་ནི་ཐོས་པའི་ཤེས་རབ་ཀྱི་ཕྱི་ཡི་སྒྲོ་འདོགས་བཅད་ཅིང་དེ་ནས་བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད་པ་དང་། དེ་ནས་བསྒོམ་པའི་ཤེས་རབ་ཀྱིས་བར་གྱི་སྒྲོ་འདོགས་བཅད་པ་སྟེ། ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་འཇུག་པར་བཞེད་དེ། རྫོགས་ཆེན་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་སྤྱོད་པ་བདུན་རིམ་ཅན་དུ་གསུང་བ་དང་གནད་གཅིག་གོ །དེ་ཡང་ཚུལ་འདི་གང་ཟག་དབང་པོའི་ཁྱད་པར་གྱིས་འདོད་ནས་ཅིག་ཆར་དང་རིམ་གྱིས་འཇུག་པར་གྲགས་པ་ལས་རྒྱ་ནག་གི་མཁན་པོ་ཧྭ་ཤང་ཊི་ཅེ་དཱ་ཤིའ་ཐྭ་ཝན་གྱི་འཇུག་སྒོ་བརྒྱད་དུ་གྲགས་པའི་གྲུབ་མཐའི་ནང་ཚན་དེ་བོད་དུ་བྱུང་ནས་དེ་ལྟར་གྲགས་པ་ནི་མ་ཡིན་ནོ། །དེས་ན་སྔོན་རྒྱ་གར་མཁན་པོ་ཞི་བ་འཚོ་ཡི་རྗེས་སུ་འབྲང་བ་བནྡྷེ་ཆེན་པོ་ཡེ་ཤེས་དབང་པོ་ལ་སོགས་པས་ཤེས་རབ་གསུམ་བསྒྲགས་མར་མཛད་པ་ལ་བརྟེན་རིམ་གྱིས་པ་དང་རྒྱ་ནག་མཁན་པོ་མ་ཧཱ་ཡ་ནའི་རྗེས་འབྲང་རྣམས་ཀྱིས་བསམ་གཏན་ཁོ་ན་ལ་གཞོལ་བས་ཅིག་ཆར་བར་གྲགས་པ་ཤེས་པར་བྱའོ། །འདི་ལ་ཁ་ཅིག་འདི་སྙམ་དུ་སེམས་ཏེ་ཧྭ་ཤང་གི་ལྟ་བ་རྣམ་པར་དག་པ་མ་ཡིན་པར་སྔོན་ལྷ་བཙད་པོ་བྱང་ཆུབ་སེམས་དཔའི་སྐབས་སུ་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་ཤྲཱི་ལ་དང་བོད་ཀྱི་སྦ་ཡེ་ཤེས་དབང་པོ་དང་དཔལ་དབྱངས་སོགས་དམ་པར་གྱུར་པ་རྣམས་ཀྱིས་བཀག་པར་མཛད་པ་དང་། ཕྱིས་ཀྱི་མཁས་པའི་དབང་པོ་འགའ་ཡིས་ཀྱང་འགོག་པར་མཛད་ན་ཚད་མར་ག་ལ་རུང་སྙམ་ན་སྤྱིར་ཡང་རྩོད་པ་བྱུང་ཙམ་གྱིས་དམ་པའི་ཆོས་མ་ཡིན་པར་མི་འགྱུར་ཏེ་ཉན་ཐོས་སྡེ་པ་ཐ་དད་པ་དང་ཐེག་ཆེན་སེམས་ཙམ་རྣམས་བདེན་རྫུན་དང་རང་རྒྱུད་ཐལ་འགྱུར་རྣམས་གཅིག་གིས་གཅིག་ལ་རྩོད་ཀྱང་རྒྱལ་བའི་བསྟན་པ་རྣམ་དག་ཉིད་དུ་ངེས་པས་ཀྱང་གྲུབ་ལ།

སྔོན་ལྷ་བཙན་པོའི་སྐབས་སུ་མ་འོངས་རྩོད་པ་འབྱུང་བར་དགོངས་ནས་ཉན་ཐོས་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་འཇུག་པར་མ་གནང་ཞིང་སྔགས་ནང་རྒྱུད་ཐུན་མིན་རྣམས་ཀྱང་ཤིན་ཏུ་གསང་བ་ཆེན་པོའི་སྒོ་ནས་སྤྱོད་པ་ལས་ཐུན་མོང་བསྒྱུར་བར་མ་གནང་བ་དང་། དེ་བཞིན་རྒྱ་ནག་ཧྭ་ཤང་གི་ལྟ་སྒོམ་ལ་དེ་སྐབས་ཉིད་དུ་སྐྱོན་གྱི་ཆ་ཤས་ཡོད་པར་གཟིགས་པ་དང་། ལྷག་ཏུ་མ་འོངས་ཕྱི་མའི་དུས་ན་ལྟ་སྒོམ་དེ་ལ་བརྟེན་ནས་འཁྲུལ་པ་མང་དུ་སྐྱེ་བ་དང་གྲུབ་མཐའ་ཕན་ཚུན་སྡེ་རིས་ཀྱི་རྩོད་པའི་མི་ངེས་པ་ཆེན་པོ་འབྱང་བ་སྤྲུལ་པའི་སྐུ་ལོ་པཎ་ཆོས་རྒྱལ་དེ་རྣམས་ཀྱིས་མངོན་ཤེས་རྒྱ་ཆེན་པོས་མཁྱེན་ཅིང་གཟིགས་ནས་འགོག་པ་གོར་མ་ཆག་ཀྱི་ཧྭ་ཤང་གི་ལྟ་བསྒོམ་དེ་གཏན་ནས་ནོར་ཏེ་འགོག་པ་ནི་མ་ཡིན་པར་ཤེས་སོ། །དེ་སྐབས་ཀྱི་དགག་སྒྲུབ་ཀྱང་རྩོད་ངོར་ཁས་བླང་བ་ཤས་ཆེ་སྟེ་ཅི་ཕྱིར་ཧྭ་ཤང་གི་འདོད་གཞུང་དུ་སྤང་བྱ་འཁོར་བར་འཁྱམས་པའི་རྒྱུ་གཟུང་འཛིན་གྱི་རྣམ་རྟོག་ཏུ་ཁས་བླང་བ་དང་། བསྒྲུབ་བྱ་ངན་ལས་འདས་པའི་ལམ་ཅི་ལ་ཡང་མི་རྟོག་མི་སེམས་མི་དཔྱོད་མི་དམིགས་པ་ལ་གཞོལ་བར་འདོད་པ་དང་ཅི་ཡང་མི་དྲན་ཞེས་འབྱུང་བ་ཡང་རྣམ་རྟོག་ལ་དྲན་པའི་མིང་བཏགས་པ་སྟེ་དོན་དུ་རྣམ་པར་མི་རྟོག་པ་ཉིད་དང་སྒྲ་དོན་གཅིག་ཅིང་ཡང་དག་པའི་དྲན་པ་ཉམས་པ་ལ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་ལམ་གྱི་གྲོགས་ཚུལ་ཁྲིམས་སྙིང་བརྩེ་ཡི་སྤྱོད་ལམ་བསྡུ་དངོས་བཞི་རྣམ་དག་ལ་སྤྱོད་པ་ཡིན་ཞེས་གྲགས་ན་དེ་ཚེ་བོད་ཡུལ་གྱི་ནང་དོན་འཇོག་བསྒོམ་པ་སྤྱི་མི་འདོད་པ་ཡང་ཁྱད་ཆོས་སྔགས་ལམ་གྱིས་བརྒྱན་པ་ཡོད་ན་མ་གཏོགས་གཞན་བསྒོམ་རིམ་སེམས་ཀྱི་འཇོག་སྟངས་ནི་ཧྭ་ཤང་གི་འདོད་པ་དེ་ནམ་ཡང་བཟློག་པར་མི་ནུས་ཏེ། ཅི་ཕྱིར་ནང་དོན་འཇོག་བསྒོམ་གྱི་གཞུང་ལས་ཡིད་ལ་མི་བྱེད་པ་དང་མི་མནོ་མི་བསམ་མི་དཔྱད་མི་བསྒོམ་མི་ཡེངས་རྣམ་པར་མི་རྟོག་པའི་ངང་ལ་བཞག་ཞེས་པ་ཡང་གོང་དུ་བརྗོད་པ་ཉིད་དང་ཚིག་དོན་གཉིས་ཀ་ནས་མི་མཐུན་པ་མེད་པའི་ཕྱིར་རོ། །

དེས་ན་བོད་ཡུལ་འདིར་དོན་བསྒོམ་པ་རྣམས་ལ་གྲགས་ཆེ་བ་རྒྱ་གར་གྱི་གཞུང་ལ་མ་ན་སའི་མན་ངག་སྤྱིར་བཏང་དང་། རྒྱ་ནག་མཁན་པོའི་བསམ་གཏན་གྱི་འཇུག་སྒོ་གཉིས་ཕལ་ཆེར་མི་མཐུན་པ་མེད་དོ། །གཞན་ཕྱག་རྒྱ་ཆེན་པོའི་གཞུང་དངོས་གཞི་ཆེན་པོ་ས་ར་ཧ་ཡི་དྭོ་ཧ་ཡི་དགོངས་པ་ནི་དོན་བསྒོམ་གྱི་གཞི་སྔ་མ་དང་མཐུན་པ་ལས་བྱེད་པར་གྱི་ཆོས་སྤྱིར་མང་དུ་ཡོད་མོད་ཀྱང་སྐབས་འདིར་འཆད་འོས་པའི་སྙིང་པོ་ནི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ། རྗེ་འགྲོ་བའི་མགོན་པོའི་ཡེ་ཤེས་རྡོ་རྗེའི་གསུང་ལས། སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་ཤེས་པ་དང་། ལམ་གང་ཤར་ལ་སྤང་བླང་མེད་པ་དང་། སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། ཞེས་བསྩལ་བ་འཕགས་བོད་ཀྱི་ཕྱག་རྒྱ་ཆེན་པོ་བསླད་མེད་ཀྱི་དགོངས་པ་དཔྱིས་ཕྱིན་པའི་བཤད་པར་སྣང་ལ། ཚུལ་དེ་ལྟ་དྭོ་ཧ་ཡི་དགོངས་པ་བསླད་བྲལ་དང་། རྫོགས་ཆེན་སེམས་ཕྱོགས་ཀྱི་མན་ངག་ཚད་ལྡན་དག་གནད་གཅིག་ཏུ་འབབ་པ་ལས་ཐ་དད་དུ་འཛིན་པར་མི་ནུས་སོ། །འོན་ཀྱང་དུས་ཕྱིས་བྱུང་དུ་གང་ཟག་ཆོས་ལ་དབང་ཟ་བས་རང་བཟོ་བསྲེ་བསླད་མང་པོས་སྔོན་གྱི་མན་ངག་རྙིང་པ་རྣམས་འཚོང་འདུས་ཀྱི་འོ་མ་ལས་ཀྱང་ཟོང་ཆེ་བར་བྱས་པ་མང་དག་མཐོང་ན་དེ་རྣམས་ཀྱི་ངང་ཚུལ་ནི་ཉེས་པ་ཆོས་ཀྱི་གནད་བཅོས་ཏེ་ཕྱིན་ཅི་ལོག་གི་གཡང་སར་འཕྱན་པ་བདུད་ཀྱི་གསང་ཚིག་ཏུ་གྱུར་པ་དང་། ལེགས་པ་སྲིན་བུའི་ཤུལ་རྗེས་ཀྱི་ཡི་གེའི་གཟུགས་ལྟར་སྣང་བ་དག་ལ་དཔྱད་པར་མི་ནུས་ཤིང་དཔྱད་པར་བྱར་ཡང་མི་ལོང་བས་དུས་སྙིགས་མའི་(འདི་ནས་མ་དཔེ་ལྡེབ་བུ་གཅིག་ཆད་འདུག)ཤིག་འདིར་གདམས་པ་བྱའོ། །

སྤྱིར་ནི་རྒྱ་ནག་གི་ཡུལ་དུ་ཧྭ་ཤང་དང་ཟིན་ཤིང་དང་གཞུ་སྟོན་སྟེ་ལུགས་སྲོལ་གཙོ་ཆེ་བ་གསུམ་དང་། གཞན་ཡང་གྲུབ་མཐའ་རྣམ་གྲངས་དུ་མ་ཞིག་ཡོད་པར་སྣང་བ་ལས་ཧ་ཤང་ནི་ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་བསླད་མེད་དང་། གཞན་ཕལ་ཆེ་བ་ཕྱི་རོལ་གྲངས་ཅན་གྱི་གྲུབ་མཐའ་སོགས་དང་ཆ་མཐུན་ཞིང་། ཁ་ཅིག་ནི་ཀླ་ཀློའི་གྲུབ་མཐའ་དང་འདྲེས་པར་ཡང་སྣང་ངོ་། །དེ་ལྟར་རྒྱ་ནག་ཧྭ་ཤང་རྣམས་འཕགས་ཡུལ་གྱི་གྲུབ་མཐའ་ལས་ཅི་ལྟར་གྱེས་པའི་ཚུལ་དང་། རྒྱ་ནག་བསྟན་འཛིན་མཁན་རྣམས་ཀྱིས་ལམ་རིམ་ལ་དཔྱད་པ་དོགས་བསླང་ས་བོན་དང་བཅས་པ་འདི་ནི་རྦ་བཞེད་ཡི་གེ་ཁུངས་ལྡན་ལས་རྒྱ་ནག་མཁན་པོའི་འདོད་པ་དང་། ཀ་མ་ལ་ཤཱི་ལ་སློབ་མར་བཅས་པའི་གསུང་མཆིད་ལ་ལེགས་པར་བརྟགས་པ་དང་། དེ་བཞིན་གནུབ་རིན་པོ་ཆེའི་བསམ་གཏན་མིག་གི་འགྲེལ་ལ་ཡང་ཞིབ་མོར་བལྟས་ཤིང་མཁས་པའི་མཁས་པ་འཇིགས་མེད་སྨྲ་བའི་དབང་པོ་ཁ་ཅིག་གི་ཧྭ་ཤང་གི་གྲུབ་མཐའི་སྐྱོན་ཡོན་དབྱེ་ཅུང་ཟད་མཛད་པ་དག་མཐོང་ཞིང་ཐོས་པ་དང་། དུས་ཕྱིས་རྒྱ་ནག་ལོ་ཙཱ་བ་ཆིང་གིར་གུང་གིས་བྱས་པའི་རྒྱ་ནག་ཆོས་འབྱུང་མཐོང་བས་རྐྱེན་བྱས་གཞན་ཡང་བོད་འདི་ན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོའི་གསུང་མན་ངག་ཁུངས་དང་ལྡན་པའི་རིགས་གྲགས་ཆེ་བ་ཕལ་མོ་ཆེ་ཞིག་ཀྱང་མཐོང་རང་གི་སྐལ་བ་དང་མཚམས་པ་ཆ་ཤས་ཅི་རིགས་ཡང་ཐོས། དཔལ་མགོན་བླ་མའི་ཐུགས་རྗེའི་འཇུག་པ་ལ་གཏན་ཚིགས་དོན་གྱི་ཆ་ལ་ཅུང་ཟད་དཔྱད་པར་ནུས་པའི་བློ་མཐུ་ཡང་ཐོབ་པས་སྐྱོ་མ་སྔ་གཙན་དང་གྲགས་པའི་རྗེས་འབྲང་ཁོ་ན་ཙམ་མ་ཡིན་པར་རང་སྟོབས་ཀྱིས་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མཐུ་ལ་བརྟེན་ཚུལ་འདི་ཡང་བརྗོད་པ་ཡིན་ན་ལེགས་པར་བཤད་པའི་ཆ་ནི་ཅི་རིགས་བསོད་ལ་ཉེས་པ་བཤད་པའི་སྐྱོན་ནི་ཉུང་ངུ་ཟད་པར་སེམས་ལ། དེས་ན་འདི་ནས་བསྣན་པར་འོས་པ་ནི་མཆིས་ལ་དབྲི་བར་བྱ་རྒྱུ་ནི་མེད་དོ། །

དེ་སྐད་རྣམ་མང་གྲུབ་མཐའ་རྒྱ་མཚོའི་ཁམས། རྣམ་པར་འབྱེད་པའི་ཤེས་རབ་བསྲུབ་ཤིང་ལ། །ལྷག་བསམ་ནོར་རྒྱས་བསྲུབ་ཐག་གིས་བསྐྲུན་པའི། །ལེགས་བཤད་ཟླ་བ་གཞོན་ནུ་དུས་འདིར་བཤད། །རྒྱལ་བསྟན་ཉན་རང་ཐེག་ལ་མི་སྨོད་ན། །ཐེག་ཆེན་འཇོག་བསྒོམ་སྨོད་པ་སྨོས་ཅི་འཚལ། །བདག་གིས་གཏམ་གྱི་སྦྱོར་བ་འདི་རྣམས་ཀྱང་། །རང་བཟོ་རིག་པ་ཁོ་ནས་གསར་བསྒྲུབ་མིན། །ཚད་མའི་ལུང་མཐོང་དེར་དཔྱོད་ཤེས་རབ་ཀྱི། །མ་འཁྲུལ་ངེས་པ་ཐོབ་ནས་བརྗོད་པ་སྟེ། །སྔོན་ཆད་ཚུལ་འདི་ཧ་ཅང་མི་གསལ་བས། །སྔོན་མེད་ལེགས་བཤད་སྨྲ་ལ་འགལ་བ་ཅི། །སངས་རྒྱས་བསྟན་པའི་གཏད་རབས་འཕགས་པའི་རྒྱུན། །མང་བྱོན་ཕྱིར་མི་ལྡོག་པ་སྙིང་པོའི་མདོ། །ལེགས་འགྲེལ་དོན་བསྒོམ་བསླད་མེད་ཆོས་དམ་པར། །ཚེ་རབས་རྟག་ཏུ་སྡིག་བསགས་མ་གྱུར་ཅིག །བརྒྱུད་པའི་བཀའ་མེད་གཏན་ཚིགས་ལུང་གིས་དབེན། །ཆོས་བརྒྱད་སྒྲིབ་ཤིང་ཆོས་སུ་བཅོས་པ་ཡི། །ཁ་ཤས་ཞག་གིས་སངས་རྒྱས་ཐོབ་བོ་ལོ། །རྫུན་ཆོས་དེ་འདྲ་སྤྱོད་ལ་སྙིང་རྗེ་སྐྱེ། །ལྟར་སྣང་མཛེས་བྱེད་ལུང་གི་ཕྲེང་སྤེལ་ཡང་། །ཟབ་གནད་སྙིང་པོ་ལྟར་བཅོས་སྙིང་པོས་དབེན། །གསང་བའི་དོན་འཕྱར་འབྲས་བུ་ངན་འགྲོའི་རྒྱུ། །ཆོས་ཚུལ་དེ་འདྲ་མཐོང་ཚེ་ཡི་མུག་ལྡང་། །ཐ་སྙད་རྟོག་གེའི་གནས་ལ་སྦྱང་བརློམ་ཞིང་། །དོན་བསྒོམ་སྙིང་པོར་ལོག་རྟོགས་དཔྱད་པ་མཁན། །ཟབ་དོན་མཆོག་གི་སྐལ་བ་མི་ལྡན་པ། །མཁས་རློམ་རྨོངས་པ་དེ་འདྲར་སྐྱོ་བ་སྐྱེ། །ཐེག་ཆེན་པར་རློམ་ཐེག་དམན་སོ་ཐར་གྱི། །སྡོམ་པས་ཡིད་བཅིངས་ཐེག་ཆེན་སོ་ཐར་གྱི། །སྡོམ་པས་ཡིད་བཅིངས་ཐེག་ཆེན་སྙིང་པོའི་གཏམ། །ཐོས་ཚེ་ལྗགས་སྲིན་རྣ་བར་འབྲུག་སྒྲ་བཞིན། །ལུགས་ངན་དེ་ལྟ་བུ་ལ་བདག་མི་གུས། །བག་མེད་སྤྱོད་པ་སྔགས་ལ་མ་གཡེར་ཏེ། །ངོ་ཚ་ཁྲེལ་མེད་ཐོ་ཅོའི་སྤྱོད་པ་ཅན། །གྲུབ་པར་བརྫུས་ནས་རང་གཞན་བསླུ་བྱེད་པ། །དེ་འདྲའི་ངང་ཚུལ་མཐོང་ཚེ་སྙིང་ནས་ཁྲེལ། །བླ་མ་ཡུན་རིང་ལ་བསྙེན་པའི་ལས། །མི་འབུང་གདམས་ཚིག་རེ་ཟུང་ཐོབ་ལོ་ཡི། །བློ་ཁེངས་རྣལ་འབྱོར་ཐོབ་ཁུལ་སྟོང་བཤད་མཁན། །བཟང་མིན་བཟང་བསྡུ་མང་འདིར་བདག་མི་རངས། །དེང་སང་སྙིགས་ཀྱི་མཐར་ཐུག་པས། །ཕྲ་མོར་གྱུར་པའི་སྐྱོན་ནི་ཆེ་རུ་འཛིན། །སྐྱོན་གྱུར་ཆེ་ལ་མི་སྨོད་དགའ་བས་འཇུག །ལུགས་ངན་དེ་ལྟ་བརྗོད་ན་ཟད་པ་ཅི། །དེ་དག་ཕལ་ཆེར་བདག་སེམས་མ་དག་སྐྱོན། །ཁོ་ནར་སྲིད་མོད་དེས་ན་སེམས་དྲི་མ། །དག་བྱེད་དབུ་ཕྱག་རྫོགས་པ་ཆེན་པོའི་ལམ། །དཔལ་ལྡན་བླ་མའི་ཞལ་ལུང་ཐོབ་པ་གང་། །ཆོས་བརྒྱད་རྣམ་གཡེང་གིས་དབེན་རི་ཁྲོད་དུ། །མ་ནོར་འཁྲུལ་མེད་བརྩོན་པས་བསྒོམ་བྱས་ནས། །ཇི་བཞིན་གནས་ལུགས་ཐོབ་པའི་གདེངས་ཐོབ་སྟེ། །རང་སེམས་དག་པའི་འཁོར་ལོ་འཁོར་བར་ཤོག །འགྲོ་ལ་ཕན་ཕྱིར་མ་དག་གྲུབ་པའི་མཐའ། །ཐ་དག་བདག་བློ་བཟང་པོས་ཉེར་བཅིལ་ཏེ། །རྣམ་ཀུན་གྲུབ་པའི་ལམ་བཟང་རྒྱལ་བའི་བསྟན། །མཐའ་ཡས་འགྲོ་ལ་རྟག་ཏུ་སྟོན་པར་ཤོག །རང་གི་རྣམ་རྟོག་ཇི་བཞིན་ངག་གསང་པོས། །ལྷག་བསམ་དག་པས་བརྗོད་པའི་ཚིག་འདི་ལ། །གལ་ཏེ་ཉེས་པའི་ཆ་ཤས་མཆིས་པ་རྣམས། །འཕགས་ཚོགས་སྤྱན་སྔར་བཤགས་སོ་ཉེས་མེད་སྩོལ། །གང་ཞིག་དགེ་བའི་ཆ་ཤས་མཆིས་པ་ཀུན། །ཕ་མའི་རང་བཞིན་མཁའ་ཁྱབ་འགྲོ་བ་ལ། །བསྔོ་མཐུའི་ཀུན་མཁྱེན་རྒྱལ་བའི་གནས་དམ་པ། །རིང་པོར་མ་ཡིན་མྱུར་དུ་ཐོབ་པར་ཤོག །དེ་སྲིད་ཚེ་རབས་རྟག་ཏུ་དམ་པའི་ཆོས། །མཐའ་དག་མི་སྤོང་རང་དབང་ཆོས་བཞིན་སྤྱོད། །མ་ནོར་འཁྲུལ་མེད་སྙིང་པོའི་དོན་འཛིན་པ། །ཡིད་བཞིན་བདེ་བའི་ནོར་བུ་རྟག་སྤྱོད་ཤོག །

ཅེས་པ་འདི་ཡང་རི་ཁ་བ་ཅན་གྱི་ལྗོངས་འདིར་ཧྭ་ཤང་གི་གྲུབ་མཐའ་རྣམ་པར་དག་དང་མ་དག་དཔྱད་པ་མང་དུ་མཐོང་བས་དེས་ན་ཧྭ་ཤང་གི་ཕྱོགས་སྔ་རང་གི་ཅི་ལྟར་ཐོས་ཤིང་རྟོགས་པའི་ཚུལ་ཅུང་ཟད་ཙམ་བརྗོད་པ་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་ཞེས་བྱ་བ་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའི་སྡེ་དཔལ་ཀུན་ཏུ་རྒྱས་པ་ཡིས་དབུས་རི་ནག་པོའི་དཀྱིལ་ཀོང་ཡུལ་ལྗོན་པ་ལུང་གངས་རི་འོད་ལྡན་དང་ཉེ་བ་ནགས་ཀླུང་གིས་བསྐོར་བའི་བསམ་གཏན་གྱི་སྤྱིལ་པོར་དགའ་དབང་ངམ་མིག་དམར་ཡང་བརྗོད་པ་ཤིང་ཕོ་བྱི་བའི་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཀརྨ་ཤེས་རབ་བསྟན་འཛིན་དང་རབ་བྱུང་ཡེ་ཤེས་དཔལ་འབྱོར་ཟུང་གིས་བགྱིས་པ་དགེའོ། །དགེའོ། །སརྦ་མངྒ་ལཾ།

གསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་།

༄༅། །གསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

༈ བདེར་གཤེགས་རྒྱལ་བ་ཡོངས་འདུས་སྤྱི་དཔལ་ཀུན་བཟང་པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །

ངོ་བོ་དྲི་བྲལ་གདོད་ནས་རང་བྱུང་སྟོང་ཉིད་ཡེ་ཤེས་མཁའ། །རང་བཞིན་དཔག་ཡས་ཆོ་འཕྲུལ་དུ་མ་འོད་གསལ་ཡངས་པའི་ཀློང་། །ཐུགས་རྗེ་མཉམ་ཉིད་ཚད་མེད་བརྩེ་ཆེན་བདེན་གཉིས་ཡོངས་རྫོགས་དབྱིངས། །དབྱེར་མེད་དོན་དམ་སྐུ་གསུམ་བརྒྱུད་ལྡན་བླ་མར་གུས་ཕྱག་འཚལ། །བདེ་གཤེགས་མ་ལུས་འདུས་པའི་བསྒྲུབ་ཆེན་བརྒྱད། །རྒྱུད་ལུང་མན་ངག་ཟབ་མོའི་གདམས་པ་མཆོག །བརྒྱུད་པ་དགོངས་བརྡའ་གཏད་རྒྱ་བཀྲལ་སྙན་ཁུངས། །བབས་ཚུལ་ལོ་རྒྱུས་ས་བོན་ཙམ་འདིར་བཀོད། །

དེ་ཡང་འདིར་གྲངས་མེད་བྱང་ཆུབ་སྒྲུབ་པ་མཚན་ཉིད་རྒྱུ་ཡི་ཐེག་པ་ལས། ཆེས་འཕགས་འབྲས་བུ་སྔགས་ལས་ཀྱང་ཆེས་བསྔགས། རྨད་བྱུང་འདི་ཕྱིར་བར་དོ་གང་རུང་དུ་བྱང་ཆུབ་ཆེན་པོ་ཐོབ་པའི་ཉེ་ལམ་ནང་པ་ཐབས་རྒྱུད་རྡོ་རྗེ་ཐེག་པའི་བྱེ་བྲག་བླ་མེད་རྒྱུད་སྡེའི་དཀྱིལ་འཁོར་ཡོངས་གཙོ་བོ་བསྒྲུབ་ཆེན་བཀའ་བརྒྱད་དུ་གྲགས་པའི་བབ་ཚུལ་ལོ་རྒྱུས་སྤྱི་དང་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུས་གྲགས་ཆེ་པའི་ལོ་རྒྱུས་དང་བསྟུན་ཅུང་ཟད་ས་བོན་ཙམ་དུ་འདིར་སྟོན་པ་ལ། དེ་ཡང་གསང་ཆེན་རྙིང་མའི་ལོ་རྒྱུས་སྐབས་སུ། བརྒྱུད་པ་དྲུག་ལྡན་དང་བདུན་ལྡན་ལྔ་ལྡན་གསུམ་ལྡན་སོགས་དུ་མར་སྟོན་པ་ལས། འདིར་ལྔ་ལྡན་ནམ་དྲུག་ལྡན་གྱི་སྒོ་བདུན་སྨོས་ཏེ། དེ་ལ་སྐུ་གསུམ་རྒྱལ་བ་དགོས་པས་བརྒྱུད་པ། རིག་འཛིན་རིག་བརྡས་བརྒྱུད་པ། མཁའ་འགྲོ་གཉེར་གཏད་རྒྱས་བརྒྱུད་པ། གྲུབ་ཐོབ་རྣལ་འབྱོར་བྱིན་རླབས་རྒྱ་བཀྲོལ་བརྒྱུད་པ། སྐལ་ལྡན་རྗེ་འབངས་གང་ཟག་སྙན་ཁུང་བརྒྱུད་པ། གཏེར་སྟོན་བླ་རབས་སྨོན་ལམ་གཏེར་ཆོས་བརྒྱུད་པ་དང་དྲུག་ལས། དང་པོ། ངོ་བོ་གདོད་ནས་རྣམ་པར་དག་པའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་སྐྱེ་མེད་གཤིས་ལུགས་གཉུག་མ་གཡོ་མེད་ངང་དུ། རང་བཞིན་གདང་གསལ་མ་འགགས་ཅིར་ཡང་སྣང་བ་སྣ་ཚོགས་པ་ཡི་དུས་དེར། ཐུགས་རྗེ་རིག་པ་རང་བྱུང་གཞི་ཡི་གནས་སུ་ཡང་དག་མངོན་པར་བྱང་ཆུབ་ཀུན་ཏུ་བཟང་པོ་ཞེས་ཡེ་སངས་རྒྱས་པའི་དགོངས་པ་དེ་ལས་མ་གཡོས་གཡོ་བ་མེད་པར་མཉམ་ཉིད་ངང་དུ་གནས་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པར་སྣང་བ་འོད་གསལ་གཞོན་ནུ་བུམ་པ་ཅན་སྐུ་ཟངས་ཐལ་ཐིག་ལེ་ཉག་གཅིག་ཀློང་དུ་དཔྱོད་བྲལ་ཐམས་ཅད་མཁྱེན་པའི་བདག་ཉིད་དུ་གནས་ཤིང་དེ་ཡི་རང་ངོ་རང་བཞིན་རྣམ་པར་དག་པའི་སྣང་ཆ་གནས་ཆོས་དབྱིངས་དབུས་མཐའ་ཕྱོགས་མུ་བྲལ་བར་འོད་ལྔའི་གཞལ་ཡས་ཁང་དེས་མཚོན་དབྱིངས་ལས་འདས་པའི་མཁའ་ལ། སྟོན་པ་རང་བྱུང་རིག་པའི་ངོ་བོ་ཆོས་ཉིད་བྱ་རྩོལ་སྤྲོས་བྲལ་སྐུ་ཅན་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་བདེ་བར་གཤེགས་པའི་བདག་ཉིད་འཁོར་འདས་སྤྱི་དཔལ་ཀུན་ཏུ་བཟང་པོ་ལ། འཁོར་ཡེ་ཤེས་ཆ་ཤས་མདངས་ལས་སྣང་བ་རིགས་ལྔའི་རྒྱལ་བ་ལ་སོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་བསམ་གྱིས་མི་ཁྱབ་པའི་རྣམ་པར་རྒྱ་མཚོས་སྟོན་པ་ལས་གདུལ་བྱ་གདུལ་བྱེད་མ་ཡིན་པ་རང་སྣང་མཉམ་ཉིད་དུ་ཤར་བ་ལྷུན་གྲུབ་གདོད་མའི་རང་ངོ་ལ། ཆོས་སྨྲ་བསམ་བརྗོད་བྲལ་ཆོས་ཉིད་དོན་དམ་བསྟན་པའི་སྙིང་པོ་ཡང་དག་དགོངས་པ་མངོན་དུ་སྟོན་པར་བྱེད་ཅིང་། དུས་འཕོ་འགྱུར་དང་བྲལ་ཆོས་ཉིད་གཡོ་བ་མེད་པའི་ངང་དུ་གནས་སོ། །

དེ་ཡི་ངང་ལས་གཞན་ངོ་གདུལ་བྱར་ཡང་དག་པའི་ཐུགས་རྗེ་ཆེན་པོའི་དབང་གིས། གནས་ཕུན་སུམ་ཚོགས་པ་དཔག་གིས་མི་ལངས་ཆོས་འབྱུང་དབྱིངས་ཀྱི་ཞིང་དུར་ཁྲོད་མེ་རི་འབར་བ། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཀུན་ཏུ་བཟང་པོ་རང་བྱུང་དོན་གྱི་ཧེ་རུ་ཀ་གཞོན་ནུ་དཔའ་བོ་ཡབ་ཡུམ་ཟུང་འཇུག་གཉིས་མེད་མཉམ་པའི་ངང་ལས་མ་གཡོས་བཞིན་དུ། རོལ་པའི་འཁོར་ལོ་མཚན་དཔེ་དུ་མས་བརྒྱན་པ་ཅིར་ཡང་སྣང་བའི་སྐུ། གདུལ་བྱ་གདུལ་བྱེད་རང་རང་རིགས་ཀྱི་གཙོ་བོར་སྟོན་པས་མཛད་ཅིང་། བླ་ན་མེད་པའི་རྣལ་འབྱོར་དུ། དཔལ་གསང་འདུས་མི་བསྐྱོད། འཇམ་པའི་རྡོ་རྗེ། འཇིགས་བྱེད་དགྲ་ནག་དང་། གདོང་དྲུག གཤེད་དམར། སྒྱུ་མ་ཆེན་པོ། ཀྱཻ་རྡོ་རྗེ། སངས་རྒྱས་ཐོད་པ། བདེ་མཆོག་འཁོར་ལོ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། དུས་ཀྱི་འཁོར་ལོ་ལ་སོགས་ཕ་མ་གཉིས་མེད་དུ་མའི་སྐུར་སྣང་བ་དང་། ཁྱད་པར་ཞི་བ་སྒྱུ་འཕྲུལ་དྲ་བ་འདུས་པ་དམ་པ་རིགས་བརྒྱ། རྡོ་རྗེ་དབྱིངས་དཀྱིལ། བདེ་གཤེགས་རིགས་ལྔ། དེ་ཉིད་རིགས་གསུམ། གསང་ཆེན་རིགས་གཅིག་པར་སྟོན་པ་དང་། དེ་བཞིན་ཁྲོ་བོ་སྒྱུ་འཕྲུལ་དྲ་བ་ཧེ་རུ་ཀར་ཤར་བ་བསྒྲུབ་པ་བཀའ་བརྒྱད་ཕལ་ཆེན་པོ། སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད། གསུང་སྨ་དབང་ཆེན་རྟ་མགྲིན་ཐུགས་ཡང་དག་བདེ་གཤེགས་སྙིང་པོ། ཡོན་ཏན་བདུད་རྩི་ཆེ་མཆོག་བདེ་བའི་འཁོར་ལོ། ཕྲིན་ལས་ཕུར་བུ་རྡོ་རྗེ་གཞོན་ནུ། མངོན་རྫོགས་མ་མོ་ཧེ་རུ་ཀ འཇིག་རྟེན་དྲེགས་པ་ཀུན་འདུལ། དྲག་སྔགས་སྟོབས་ལྡན་ནག་པོ། གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས་ཏེ། གཙོ་བོ་དགུ་ཤར་ཞིང་། དེ་ཉིད་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་དཔག་ཡས་ཚད་བཟུང་མཐའ་ལས་འདས་པའི་རང་བཞིན་ཅན་དེ་ལ་གདུལ་བྱ་མཆོག་ཏུ་དག་པ་ཡི་ཆོས་སྐུ་དག་པས་ལོངས་སྐུ། མ་དག་པར་སྤྲུལ་སྐུ་ཅིར་ཡང་སྣང་ཞིང་། འཁོར་ཕུན་སུམ་ཚོགས་པ་རང་གདངས་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ངང་ཉིད་དུ། གཙོ་འཁོར་ཀུན་ཀྱང་གང་ལ་གང་འདུལ་ཞི་བ་ཁྲོ་བོ་ཞི་མ་ཁྲོ་ཡི་རྣམ་འགྱུར་གྲངས་མེད་སྟོན་ཞིང་། ཆོས་ཕུན་སུམ་ཚོགས་པ་དྲང་ངེས་ཐེག་པ་ཕྱི་ནང་གསང་བ་དེ་སྤྱི་དང་། ཁྱད་པར་གསང་བ་སྔགས་ཀྱི་རྡོ་རྗེ་ཐེག་པ་རྣམས་དང་། བྱེ་བྲག་ཏུ་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་། སྒོས་རྒྱུད་བཅུ་ཡན་ལག་སྒྲུབ་ལུགས་སོ་སོའི་རྒྱུད་དཔག་ཏུ་མེད་པ་རྣམས་གསུངས་ཏེ། དུས་ཕུན་སུམ་ཚོགས་པ་རང་ངོ་ཐོག་མཐའ་བྱར་མེད་དུས་བཞི་མཉམ་ཉིད་རང་བྱུང་དག་པ་ཆེན་པོའི་ངང་། གདུལ་བྱ་འཇིག་རྟེན་འདི་ཡི་སྔོན་རོལ་དང་། མངོན་པར་ཆགས་པའི་དུས་དང་བདུད་ཀྱི་རྒྱལ་པོ་འཇིགས་བྱེད་དྲག་པོ་མ་ཏྲམ་རུ་ཏྲ་འདུལ་བའི་དུས་སོགས་སུ་བསྟན་པར་མཛད་པའོ། །

དེ་ལྟར་བཅོམ་ལྡན་འདས་ཡབ་དང་ཡུམ་སྲས་འཁོར་གཞལ་ཡས་ཁང་མངོན་པར་ཕྱུང་ནས་ཆོས་ཉིད་ཀྱི་རང་སྒྲ་བསྐུལ། གསུང་རྣམས་གདུལ་བྱའི་དོན་དུ་སྟོན་པ་ལས། ངེས་པ་ནི་ཉི་མ་དང་འོད་ཟེར་ལྟ་བུ་གཙོ་འཁོར་ཞི་ཁྲོ་རབ་འབྱམས་རིགས་མཐུན་རིག་འཛིན་བྱང་ཆུབ་སེམས་དཔའི་ཚུལ་སྣང་བ་ཀུན་ཐ་མི་དད་པ་ཐུགས་དགོངས་པ་གཅིག་ཏུ་མཉམ་ཞིང་ཆོས་སྟོན་བྱ་སྟོན་བྱེད་སོ་སོར་མ་གྱུར་བཞིན་སྟོན་པའི་ཚུལ་ཙམ་ལ་རྒྱལ་བ་དགོངས་པས་བརྒྱུད་པ་ཞེས་བྱའོ། །དེ་ནས་གཉིས་པ་རིག་འཛིན་རིག་པ་བརྡའ་བརྒྱུད་ཅི་ལྟར་བྱུང་བའི་ཚུལ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དག་པའི་འཁོར་ལོ་ཞིང་། ལྷ་ཚོགས་ཐམས་ཅད་ཆོས་ཉིད་དབྱིངས་མཉམ་པའི་ཀློང་དུ་བསྡུས་ཏེ་གདུལ་བྱ་ཐུན་མོངས་སྤྱིར་མི་སྣང་བར་གྱུར་ཚེ། ཀུན་ཏུ་བཟང་པོའི་ཐུགས་ཀྱི་ངོ་བོ་དང་གཉིས་སུ་མེད་ཅིང་། སྐུ་ཡི་ཞལ་ཚབ། གསུང་གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་བཅོམ་ལྡན་ཐམས་ཅད་ཀྱི་ཐུགས།རིག་པའི་ཡེ་ཤེས་རང་རྩལ་གཅིག་ཏུ་འདུས་པའི་ངོ་བོ་དེ་ལ་མཚན་གྱི་རྣམ་གྲངས་སུ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་རིག་འཛིན་རྡོ་རྗེ་ཆོས་མཆོག་དང་། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་ཐོད་པའི་ཕྲེང་བ་ཅན། རྡོ་རྗེ་སྙིང་པོ། ཐུགས་ཀྱི་རྡོ་རྗེ། མི་ཡི་ཐོད་པ་ཅན་ལ་སོགས་མཚན་གྲངས་དུ་མར་འཆང་བ་དེ་ཉིད་ཀྱི་བཅོམ་ལྡན་འདས་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པའི་རྣམ་འགྱུར། གསུང་གི་བརྡའ་ཐུགས་ཀྱི་དགོངས་དོན་མ་ལུས་ལུས་པ་མེད་པར་རྒྱུད་ཀྱི་རང་བཞིན་དུ་གཏན་ལ་ཕབས་ནས། ཐུགས་སུ་རབ་ཏུ་བསྡུས་ཤིང་འཁོར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་ཐུགས་ཀྱི་ཡེ་ཤེས། རང་མདངས་རྩལ་ལས་གྲུབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མངོན་རྫོགས་ཀྱི་རིག་འཛིན་ཆེན་པོ་བརྒྱད་དང་། གཞན་ཡང་ས་ལ་གནས་པ། ཚེ་དབང་། ཕྱག་རྒྱ། ལྷུན་གྲུབ་སོགས་ཀྱི་རིག་འཛིན། བྱང་ཆུབ་སེམས་རྒྱུད་བསྡུ་བའི་ཆེད་དུ་རབ་ཏུ་འདུལ་ནས། རིག་འཛིན་རྡོ་རྗེ་ཆོས་མཆོག་སྟོན་པར་བཞེངས་ནས་རིག་པ་འཛིན་པ་དེ་འཁོར་བསམ་གྱིས་མི་ཁྱབ་པ་ཚོམ་བུའི་དཀྱིལ་དུ་བྱས་ནས། རང་རང་ཚིག་མཚམས་སྦྱོར་བ་དང་བཅས་ཏེ་མི་མངོན་རིག་པ་འཛིན་པའི་གནས་སུ་རྒྱུད་རྣམས་ཐོག་མར་ངག་ཏུ་བསྡུས་སོ། །དེ་ནས་སླར་ཡང་འོག་མིན་ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་ཏུ་གསང་གསུམ་བདག་པོའི་རིག་འཛིན་རྡོ་རྗེ་ཆོས་གཙོ་འཁོར་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་སྣང་བར་བྱས་ཏེ། དེའི་ཚེ་རྒྱལ་བའི་དགོངས་པ་ཡང་དག་སྙིང་པོ་གདུལ་བྱ་རྣམས་ལ་མངོན་པར་འཆར་བྱེད་རྒྱུན་མི་ཆད་པར་སྟོནཔའི་བཙས་སུ། གསང་བདག་རིག་འཛིན་ཆེན་པོ་རྡོ་རྗེ་ཆོས་དང་། རིག་འཛིན་བརྒྱད་ལ་སོགས་པའི་བཅོམ་ལྡན་འདས་དཔལ་ཆེན་པོས་སྐུ་གསུང་ཐུགས་ཀྱི་བརྡས་སྟོན་པའི་བདེ་གཤེགས་འདུས་པ་བཀའ་བརྒྱད་ཀྱི་རྒྱུད་སྤྱི་དང་བྱེ་བྲག་རེ་རེར་བྱོན་པ་དང་།

གཞན་ཡང་ཨ་ནུའི་ཏནྟྲ་རྩ་བ་ཡན་ལག་ཅི་སྙེད་པ་རྣམས་རིག་འཛིན་བརྒྱད་དང་། གཙོ་མཆོག་རྡོ་རྗེ་ཆོས་ཀྱི་ཐུགས་ནས་ཕྱུང་ཞིང་ངག་ཏུ་བསྡུས་པ་ཡང་གདུལ་བྱར་གྱུར་པ་རྣམས་ལ་ཡུན་རིང་དུ་ཕན་པའི་ཆེད་དུ་བརྗོད་བྱ་དོན་ཕྱིན་ཅི་མ་ལོག་པ་སྟོན་པའི་ཆེད་དུ་རྗོད་བྱེད་གདུལ་བྱའི་བརྡས་འདྲེན་པའི་ཡི་གེ་གསེར་གྱི་ཤོག་བུ་ལ་བཻཌཱུཪྻ་ཞུན་མ་ཡིས་སྣང་བར་བྱིན་གྱིས་བརླབས་ཤིང་། བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་བསྡུས་བ་དང་ལྷིག་ལུང་གི་ཆོས་ལྔ་ཡང་སྟོན་པར་མཛད་དོ། །སྐབས་འདིར་གསང་བདག་རྡོ་རྗེ་ཆོས་ཆེ་བའི་མཆོག་དེས་རྒྱུད་རྣམས་ཡི་གེར་བཀོད་དང་དུས་མཚུངས་པར་ལྷ་ཡི་གནས་ཡོངས་འདུས་པ་རྡོལ་ཨ་མོ་ལི་ཀའི་ཚལ་དང་། གནོད་སྦྱིན་ལྕང་ལོ་ཅན་དང་། ཁྱད་པར་དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པར་གསང་བའི་བདག་པོ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་ཕྱག་ན་རྡོ་རྗེའི་སྐུར་བཞེངས་ནས་དྲེགས་པའི་རྒྱུད་དང་། སྟོབས་ལྡན་ནག་པོར་སྤྲུལ་ནས་དྲག་སྔགས་ཀྱི་རྒྱུད་རྣམས་གསུང་བར་མཛད་པ་ཡིན་ཞེས་བདག་གི་རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཛིན་པའི་ཞལ་སྔ་ནས་གསུངས་ཏེ། ཤིན་ཏུ་མད་པ་ཉིད་དོ། །དེ་ལྟར་མངོན་བྱང་མྱང་འདས་དཀྱིལ་འཁོར་ཐུགས་གསུང་ཡོན་ཏན་ཕྲིན་ལས་བཞི་དང་། འཇིགས་འདས་གཟུགས་སུ་སྣང་བ་སྐུ་དང་མངོན་རྫོགས་ཏེ་དཀྱིལ་འཁོར་དྲུག དེ་ལ་འཇིག་རྟེན་དྲེགས་པའི་དཀྱིལ་འཁོར་གཉིས་བསྣན་པས་བསྒྲུབ་པ་བཀའ་བརྒྱད་དུ་གྲགས་པ་སྟེ། དེ་ལྟར་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཧེ་རུ་ཀ་ཤ་སྟག་ཀྱང་དཀྱིལ་འཁོར་འཁོར་གྱི་ཚུལ་དུ་སྣང་བ་རྣམས་ཀུན་རྫོབ་ཙམ་དུ་འཇིག་རྟེན་འདས་དང་མ་འདས་པའི་ཚུལ་ལ་མཚན་གྱི་ཐ་སྙད་དེ་ལྟར་ཁ་ཅིག་ནས་མཛད་པ་ཡིན་ནོ། །རྒྱུད་དེ་དག་གི་སྡུད་པ་པོ་རིག་པའི་རྒྱལ་པོ། རིག་འཛིན་བླ་མ་ཉིད་དཀྱིལ་འཁོར་དུ་འདྲེན་པའི་དཔལ་དགུའི་དཀྱིལ་འཁོར་ཞེས་གྲགས་སོ། །ཡང་ཡོ་ག་ལ་ལའི་ལོ་རྒྱུས་སྐབས་སུ་དཔལ་ཀུན་ཏུ་བཟང་པོས་མི་མངོན་དབྱིངས་སུ་བསྟན་པའི་རྒྱུད་རྣམས་གསང་བའི་བདག་པོས་བསྡུས་ཏེ། སླར་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པར་གསང་བའི་བདག་པོས་སྟོན་པར་མཛད་པའི་དུས་དེ་ཉིད་དང་། དྲེགས་པ་འདུལ་བའི་དུས་མཚུངས་པར་གསུང་བ་ཡང་གོང་དང་མི་འགལ་ཞིང་།

སྒྱུ་འཕྲུལ་དཔག་པར་དཀའ་བ་ཉིད་ཀྱིས་སོ། །དེ་ལྟར་རིག་པ་འཛིན་པ་ཞེས་ཆོས་སྐུའི་རིགས་ལ་ལོངས་སྐུའི་བསྟན་པ་འཛིན་པའམ། ལོངས་སྐུའི་རིགས་ལ་སྤྲུལ་སྐུའི་བསྟན་པ་འཛིན་པས་རིག་འཛིན་ནམ་ཡང་ན་དཀྱིལ་འཁོར་སོ་སོའི་རིགས་དང་ཡོན་ཏན་མ་ལུས་པ་འཛིན་པས་རིག་འཛིན་དང་། ཆོས་དོན་མ་ལུས་བརྡར་ཤར་ཞིང་ཡོངས་སུ་རྫོགས་པས་རིག་འཛིན་བརྡའ་རྒྱུད་ཞེས་བྱའོ། །དེ་ནས་གསུམ་པ་མཁའ་འགྲོ་གཏད་རྒྱ་གཉེར་གཏད་ཀྱི་བརྒྱུད་པ་ནི། རིགས་དང་དཀྱིལ་འཁོར་རིག་འཛིན་ཡོངས་གཙོ་ཀུན་བཟང་རྡོ་རྗེ་ཆོས་མཆོག་རེ་ཞིག་མི་ཡི་ཡུལ་དུ་དུས་ལ་མ་བབ་པས་དེས་ན། འཇིག་རྟེན་འདི་ན་མཐུ་སྟོབས་ཆེ་ཞིང་དྲེགས་པ་ཐམས་ཅད་དབང་དུ་བསྒྱུར་བ། མ་ཡི་མ་ཆེན། རྗེ་ཡི་ཡང་རྗེ། མཁའ་འགྲོ་ཡོངས་ཀྱི་བདག་མོ། རྣལ་འབྱོར་མ་རྣམས་ཀྱི་གཙོ་མོ། འཁོར་འདས་ཡེ་ཤེས་ལས་ཀྱི་མངའ་བདག་མོ། འདོད་དོ་དགུ་བསྒྱུར་བའི་འཁྲུལ་ཅན། མཚན་གྱི་རྣམ་གྲངས་དུ་མར་གྲགས་ཤིང་། སྲིད་པ་ན་ཨུ་མ་དྷེ་ཝི། མ་མོ་ཉི་ཟླའི་ཕྲེང་བ་ཅན། རྣལ་འབྱོར་མ་བདེ་བའི་དངོས་གྲུབ། མཁའ་འགྲོ་མ་ཀུན་དགའ་མོ། རྗེ་བཙུན་ལས་ཀྱི་དབང་མོ་ཆེ་དང་། གསང་བ་ཡེ་ཤེས་རིག་བྱེད་མ་ཞེས། གཞན་དུ་ནི་སྨུག་ནག་དབང་གི་མཁའ་འགྲོ་དང་། རྡོ་རྗེ་ཁྲོ་མོ་རག་གདོང་མ་ཡང་གྲགས་པ། དོན་དམ་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་མངོན་དུ་སྣང་བ། ཡུམ་ཆེན་ཀུན་ཏུ་བཟང་མོ་ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་ཀྱི་ངོ་བོ་ཉིད་དེ་ལ་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པར་གཉེར་གཏད་བདག་པོར་བསྒོས་ནས། མཆོག་གི་རིན་ཆེན་རྣལ་འབྱོར་རྣམས་ལ་བསྟན་པའི་བཙས་སུ་དངོས་གྲུབ་ཏུ་བྱིན་ཞེས་བཀའ་ལུང་གདམས་ཤིང་། དེས་ཀྱང་འཛིན་ཅིང་འཆང་བར་མཛད་དེ། ཏནྟྲ་སྡེ་བཅོ་བརྒྱད་པོ་རྩ་བ་ཡན་ལག་གི་སྐོར། ལ་ལ་ནི་མི་མངོན་དབྱིངས་སུ་རིག་འཛིན་བྱང་སེམས་མཁའ་འགྲོ་རྣམས་ཀྱིས་བཟུང་ཞིང་། ལ་ལ་ནི་ཨོ་རྒྱན་གྱི་གསང་མཛོད་རྣམས་སུ་མཁའ་འགྲོ་མ་རིགས་གསུམ་ལ་འཛིན་པར་གདམས་ཤིང་། ལ་ལ་ནི་མཁའ་སྤྱོད་གསང་ཆེན་རོལ་པའི་དུར་ཁྲོད་སོགས་གཞན་ཡང་གནས་ཡུལ་རྣམས་སུ་ཡེ་ཤེས་ལས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་ལ་གཉེར་དུ་གཏད་པར་མཛད་ཅིང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་སྡེ་སྤྱི་དང་བྱེ་བྲག་རྣམས། མི་དང་སྲིན་པོའི་ཐོད་པ་དང་རིན་པོ་ཆེ་ཡི་སྒྲོམ་བུ་རུ་སོ་སོར་གཞུག་པར་མཛད་དེ།

སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོ་སོའི་རྒྱས་གདབ་ནས་བཀུར་ཞིང་མཆོད་པར་བྱེད་ཅིང་། དེ་ནས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེ་དེ་ཡི་འཁོར་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའི་ཚོགས་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་པར་རྒྱུད་རྣམས་གཏེར་དུ་སྦ་བར་བཀའ་བསྒྲོས་པས། དྲེགས་པ་ཅན་རྣམས་གནས་ལ་མ་འཆམ་སྟེ། མ་མོ་མཁའ་འགྲོ་རྣམས་དཔག་བསམ་ཤིང་ལ་སྦ་བར་འདོད་པ་དང་། ལྷ་ཡི་རི་རབ་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་། ཀླུའི་རྒྱ་མཚོའི་གཏིང་། བདུད་ཀྱི་མུན་གླིང་བདུད་མཁར་རྩེ་དགུ། རྒྱལ་པོས་གནམ་གྱི་ཤེལ་མཁར་རྩེ་དགུ། གཤིན་རྗེ་རི་རབ་འོག་ལྕགས་མཁར་ནག་པོ། གཟའ་ཡི་ནམ་མཁའི་མཐོང་ཉི་ཟླའི་ཁང་པ། རྨུ་ཡི་སྨུ་ཡུལ་རྨུ་མཁར་རྩེ། གནོད་སྦྱིན་གྱི་རི་རབ་བྱང་ཤར་ལྕང་ལོ་ཅན། སྲིན་པོས་ལངྐ་པུ་རི་སྲིན་མཁན་དགུ་རྩེགས། བགེགས་ཀྱི་བགེགས་གླིང་འདྲེ་མཁར་སྐྱ་བོ་འོད་ཅན། བཙན་གྱི་བྲག་དམར་བཙན་མཁར་ལྡེམ་པའི་རྩེ་ལ་སྦ་དགོས་ཞེས། རང་རང་ཐོབ་ཤ་བྱས་པའི་ཚེ་གཙོ་མཆོག་རྡོ་རྗེ་རྣལ་འབྱོར་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེས་དུར་ཁྲོད་རི་གླིང་བསིལ་བའི་ཚལ། འདུ་བུའི་ཚལ་ཞེས་བྱ་བ། འཛམ་གླིང་ཆོས་ཀྱི་འབྱུང་གནས་ཀྱི་དབུས་གླིང་ཡུལ་པོ་གཉིས་ཀྱི་གཙོ་བོ། གནས་ཉེར་བཞིའི་སྙིང་པོ་དུར་ཁྲོད་བརྒྱད་ཀྱི་མཆོག་ཏུ་གྱུར་པ་དེ་རུ་ལྷ་སྲིན་སྡེ་བརྒྱད་དྲེགས་ཚོགས་ཐམས་ཅད་བསྡུས་ནས་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་བཀའ་སྩལ་པ། ཀྱེ་ཧོཿ ལྷ་སྲིན་དྲེགས་པ་འདུས་པའི་འཁོར་ཚོགས་ཉོནཿ གསང་སྔགས་ཟབ་མོ་དགོངས་པའི་སྙིང་ཕྱུང་བ། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ནས་གསུངས། །རིགས་ལྔ་ལ་སོགས་འདུས་པའི་འཁོར་གྱིས་ཉོན། །ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་སྤྲུལ་ནས། །འཁོར་གྱི་ཁྲོ་ཚོགས་རིག་འཛིན་རྣམས་ལ་གསུངས། །བསྟན་པ་མི་ནུབ་ཡུན་དུ་གནས་བྱའི་ཕྱིར། །རིག་འཛིན་རྣམས་ཀྱི་གསེར་གྱི་གླེགས་བམ་བྲིས། །བཀའི་བསྲུང་མ་བདག་ཅག་རྣམས་ལ་གཏད། །ཁྱེད་རྣམས་རང་རང་འདོད་པ་མ་སྨྲ་བར། །དུར་ཁྲོད་བསིལ་བའི་ཚལ་ཞེས་བྱ་བ་འདིར། །བཾ་རོ་གསར་རྙིང་མང་པོ་གནས་པའི་ས། །གཅན་གཟན་གདུག་པ་ཅན་རྣམས་རབ་ཏུ་འདུ། །ལངྐ་འདབ་ཆགས་མང་པོ་སྤྲིན་ལྟར་གཏིབས། །རང་བྱུང་མཆོད་རྟེན་ཆེན་པོ་འདི་ན་བཞུགས། །ལྷ་སྲིན་ཐམས་ཅད་འདུས་ནས་བྱེད་པའི་ས། །རྣལ་འབྱོར་ཀུན་གྱི་བརྟུལ་ཞུགས་སྤྱོད་པའི་གནས། །གསང་སྔགས་ཟབ་མོ་བཞུགས་པའི་གནས་སུ་བཟང་། །ལྷ་སྲིན་ཐམས་ཅད་འདུས་ལ་མཆོད་པར་བྱོས། །ཞེས་གསུང་པར་ལྷ་སྲིན་དྲེགས་པ་ཀུན་ཉན་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དེ་ཉིད་ཀྱི་དབུས་མཆོད་རྟེན་བདེ་བྱེད་རྩེགས་པ་ཞེས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཚད་ཆོས་འཁོར་ལས་ལྷག་པའི་བཅོམ་འདས་བཞེངས་པའི་ཚད་དུ་སྣང་བ། དེ་ཡང་ཕྱི་མཆོད་རྟེན་ནང་གཞལ་མེད་ཁང་དུ་གྱུར་པར། ཆོས་རྣམས་རི་རབ་སྲོག་ཤིང་དཔག་བསམ་ལྗོན་པའི་དཔེར་བྱས་ཏེ། ཟུག་པ་རྩ་བ་ལྟ་བུར་མཆོད་རྟེན་སེང་ཁྲིར་བདེ་གཤེགས་སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་སྦས། འགྲིལ་བ་སྡོང་པོ་ལྟ་བུར་བཀའ་བརྒྱད་བདེར་གཤེགས་འདུས་པའི་རྒྱུད་སོགས་མི་ཡི་ནོར་བུ་བསམ་འཕེལ་རིན་ཆེན་སྣ་ཚོགས་ཀྱི་ཕྲས་བརྒྱན་པའི་སྒྲོམ་བུ་ནི་མཆོད་རྟེན་བུམ་པའི་དབུས་སུ་སྦས། གྱེས་པ་ཡལ་གའི་ཚུལ་བསྒྲུབ་སྟེ་བྱེ་བྲག་རྒྱུད་རྣམས་རྣམས་གསེར་དངུལ་ལྕགས་ཟངས་གཡུ་བསེ་མཆོང་གཟི་ཡི་སྒྲོམ་བུར་བུམ་པའི་ཕྱོགས་མཚམས་བརྒྱད་དུ་སྦས། གསལ་བ་མེ་ཏོག་ལྟ་བུར་གསང་བ་འདུས་པའི་རྒྱུད་སོགས་ཤེལ་གྱི་སྒྲོམ་བུར་བུམ་པའི་བྲེ་ལ་སྦས། སྨིན་པ་འབྲས་བུ་ལྟ་བུར་གྱུར་པ་རང་ཤར་རྒྱུད་ལ་སོགས་པ་བཻཌཱུཪྻའི་སྒྲོམ་བུར་ཆོས་འཁོར་དུ་སྦས། འབྲས་བུའི་བཅུད་ལྟར་སངས་རྒྱས་མཉམ་སྦྱོར་ལ་སོགས་ཨ་ཏིའི་རྒྱུད་རྣམས་ཡིད་བཞིན་ནོར་བུ་བསམ་འཕེལ་སྒྲོམ་བུར་གདུགས་ཀྱི་དབུས་སུ་སྦས། ཡང་གསང་བླ་མེད་ཨ་ཏི་ནག་པོ་ལ་སོགས་རྫོགས་ཆེན་སྙིང་པོའི་སྐོར་རྣམས་འོད་ཀྱི་གོང་བུར་མཆོད་རྟེན་གྱི་རྩེ་ཏོག་ལ་སྦས་ཤིང་རྒྱས་བཏབ་སྟེ། ཡེ་ཤེས་དང་ལས་ཀྱི་དཔའ་བོ་མཁའ་འགྲོ་དྲེགས་པ་མཐའ་དག་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྒྱུད་སྡེ་རྣམས་བསྲུང་བར་གཉེར་གཏད་ཅིང་། དེ་དག་གིས་ཀྱང་རྒྱུད་སྡེ་རྣམས་ལ་མཆོད་བཀུར་བསྲུང་བ་རྒྱུན་མི་ཆད་པར་མཛད་ཅིང་རྒྱུད་དེ་དག་གནས་པའི་པར་ཆོ་འཕྲུལ་གྱི་སྣང་བ་རབ་ཏུ་འཆར་བར་བྱེད་དོ། །

དེ་ལྟར་ཆོས་ཐམས་ཅད་བཅོམ་ལྡན་འདས་རིག་པ་འཛིན་པས་ཡེ་ཤེས་མཁའ་འགྲོའི་གཙོ་ལ་གཉེར་དུ་གཏད་ཅིང་། དེས་ཀྱང་བདག་གིར་མཛད་དེ་རང་རང་ཕྱག་རྒྱས་བཏབ་སྟེ་མཁའ་འགྲོ་དྲེགས་པའི་ཚོགས་ཆོས་ཀྱི་བསྲུང་མར་བརྐོས་ཤིང་འཛད་མེད་གཏེར་དུ་བཙས་པ་དང་། བསྟན་པ་འཕེལ་ཕྱིར་རིག་འཛིན་རྣམས་ལ་དུས་སུ་སྣང་ཞིང་བདེ་བར་གཤེགས་པའི་ཆོས་རབ་ཏུ་གནས་པར་བྱེད་པ་མཁའ་འགྲོ་གཏད་རྒྱ་གཉེར་གཏད་བརྒྱུད་པ་ཞེས་བྱའོ། །དེ་ནས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དེ་རྣམས་མི་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ལ། ཐོག་མར་མི་ཡུལ་དུ་དངོས་གྲུབ་རྣལ་འབྱོར་བྱིན་རླབས་རྒྱ་བཀྲོལ་བརྒྱུད་པའི་རིམ་པ་ལ། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ཉེ་ལམ་སྔགས་ཀྱི་ཐེག་པ་འབྱུང་འགྱུར་ལུང་བསྟན་ཞིང་། རྡོ་རྗེ་ཐེག་པའི་ཆོས་མི་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ལ། གསང་བདག་ཀུཉྫར་མི་རུ་སྣང་བ་རྒྱལ་པོ་ཨིནྡྲ་བྷོ་དྷེ་ཛ་ཞེས་པར། རྨི་ལྟས་ཡ་མཚན་པ་བདུན་ཤར་ཞིང་། མི་མངོན་རིག་འཛིན་མཁའ་འགྲོའི་ཕྱག་གིས་གླེགས་བམ་ཕོ་བྲང་རྩེར་བབ་ཅིང་། རྒྱལ་པོ་གྲུབ་པ་རབ་ཏུ་བརྙེས་སོ། །དེ་ནས་ཡུན་ཇི་ལྟར་རིག་པ་ཉིད་ན། འོག་མིན་ཆོས་ཀྱི་དབྱིངས་ནས་རིག་འཛིན་རྡོ་རྗེ་ཆོས་ཆེ་བའི་མཆོག་དེ་ཡི། ཐུགས་ཀྱི་ཡེ་ཤེས་དགུ་ཡི་རང་མདངས་ལས། མི་ཡུལ་དུ་བཀའ་བརྒྱད་རིག་པ་འཛིན་པ་བརྒྱད། རིག་འཛིན་གཙོ་མཆོག་རྒྱལ་བ་པདྨ་འབྱུང་གནས་ཉིད་བཅས་དགུ་རུ་སྣང་ཞིང་། དེ་ནས་རིག་འཛིན་ཆེན་པོ་བརྒྱད་རང་གྲུབ་པ་བརྙེས་ཤིང་དུར་ཁྲོད་བརྒྱད་དུ་དགོངས་པ་ལ་ཞུགས་པའི་ཚེ། དུར་ཁྲོད་བསིལ་བའི་ཚལ་དུ་ཉིན་བཞིན་ཐོག་སེར་འཁྲིག་ཅིང་། མཚན་མོའི་མེ་འོད་གློག་ཁྱུུག་དབུས་སུ། མཁའ་འགྲོ་དྲེགས་ཚོགས་ཀྱི་མཆོད་སྤྲིན་རོལ་མོ་དུ་མ་བཅས་ཕྱག་སྐོར་བྱེད་པ་དེ་མཁྱེན་པའི་སྤྱན་གྱིས་མཐུན་པར་གཟིགས་ཤིང་ཡ་མཚན་དེ། ནམ་མཁའི་ལམ་ལ་རྫུ་འཕྲུལ་གྱི་མཆོད་རྟེན་དྲུང་དུ་དུས་གཅིག་ལ་འདུས་ཏེ། ཐུན་མོང་མ་ཡིན་པའི་ཆོས་བཞུགས་པར་ཤེས་ཤིང་དེ་ཉིད་བླང་བའི་དུས་ལ་བབ་པར་དགོངས་པ་གཅིག་པས་བཀའ་བསྒྲོས་ཚེ། མ་ཧཱ་གུ་རུ་རིན་པོ་ཆེ་ཡི་ཞལ་ནས། ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཡི་དམ་ལ་དངོས་གྲུབ་ཞུ་ན་ལེགས་ཞེས་གནང་བས། སློབ་དཔོན་རྣམས་མཐུན་པར་གྷ་ན་ཙཀྲ་རྒྱ་ཆེ་བར་བཤམས་ཏེ། ཡི་དམ་ལ་གསོལ་བ་བཏབ། མཁའ་འགྲོའི་ཐུགས་དམ་བསྐང་། ཆོས་སྐྱོང་དམ་ཅན་དབང་དུ་བསྡུ་བའི་དགོངས་པ་ལ་ཞག་བདུན་སོང་བའི་ནུབ་མོར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་འཁོར་དང་བཅས་པས། སློབ་དཔོན་རྣམས་ལ། ཨེ་མ་ཧོཿ སྐུ་ནི་ལྷར་གསལ་གསུང་ཉིང་སྔགས་སྒྲ་སྒྲོགས། །ཐུགས་ནི་མཉམ་ཉིད་རྡོ་རྗེ་ལྟ་བུ་ལ། །སྤྲུལ་པ་སྣ་ཚོགས་སྟོན་མཛད་སློབ་དཔོན་བརྒྱད། །བཀའ་བཞིན་ཅི་སྩལ་གསུང་ནི་ཅི་ལྟར་ཉན། །ཞེས་གསོལ་བ་བཏབ་པས་སློབ་དཔོན་བརྒྱད་ཀྱིས་གསུང་གཅིག་ཏུ། ཨེ་མ་ཧོ། འདུས་པའི་འཁོར་ཚོགས་མཁའ་འགྲོ་མང་པོ་དང་། །བདུད་དང་གཤིན་རྗེ་ལ་སོགས་ལྷ་སྲིན་རྣམས། །བཀའ་བཞིན་བྱེད་ན་ཁྱེད་རྣམས་མཆོད་བྱེད་པའི། །རིན་ཆེན་སྒྲོམ་རྣམས་ད་ལྟ་ངེད་ལ་བྱིན། །ཞེས་བསྩལ་བས། སྔོན་བཅོམ་འདས་རིག་འཛིན་ཆེན་པོས་ཇི་ལྟར་བསྒོས་བཞིན་དུ། དྷཱ་ཀིའི་གཙོ་མོ་ཆེན་པོ་དེས། མཆོད་རྟེན་ནས་རིན་ཆེན་སྒྲོམ་བུ་བརྒྱད་རྒྱ་བཀྲོལ་ཏེ། སློབ་དཔོན་བརྒྱད་ལ་དངོས་གྲུབ་ཏུ་བྱིན་ཏེ། དེ་ཡང་། འཇམ་དཔལ་བཤེས་གཉེན་ལ་ལྕགས་ཀྱི་སྒྲོམ་བུ། དེ་བཞིན་ཀླུ་སྒྲུབ་སྙིང་པོར་ཟངས་སྒྲོམ། ཐུགས་ཀྱི་འབྱུང་གནས་ལ་བསེ་སྒྲོམ། ཕྱག་རྒྱ་ཆེན་ལ་གསེར་སྒྲོམ།པདྨ་འབྱུང་གནས་ལ་གཡུ་སྒྲོམ།སྦྱིན་པ་ལེགས་སྦྱར་ལ་བསེ་སྒྲོམ། ཟླ་གསང་ལ་མཆོང་སྒྲོམ། ཞི་བ་སྙིང་པོར་གཟི་སྒྲོམ་རྣམས་གཏད་ཅིང་། བཀའ་བསྲུང་དྲེགས་པའི་ཚོགས་ཀྱིས་སྲོག་གི་སྙིང་པོ་ཡང་དུས་དེར་ཕུལ་ལོ། །དེ་ཡང་སྐབས་འདིར་ལོ་རྒྱུས་འགར་རྡོ་རྗེ་ཕུར་པའི་ཆོས་སྒྲོམ་རུས་པ་ལས་གྲུབ་པ་དེ་ཉིད་སློབ་དཔོན་འོད་ཟེར་གླང་པོ་ལ་བསྩལ་བར་བཤད་པ་དང་། རིག་འཛིན་རྡོ་རྗེ་ཆོས་ཐུགས་ཀྱི་ཡེ་ཤེས་དགུ་ཡི་རང་མདངས་རིག་འཛིན་དགུར་ངེས་ཤིང་། བྱེ་བྲག་གུ་རུ་རིན་པོ་ཆེས་པྲ་ཝ་ཧ་སྟིར་ཕུལ་པ་གསན་པའི་ལོ་རྒྱུས་བཅས། དེས་ན་དོན་ལ་གནས་པར་གོར་མ་ཆག་སྟེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས་སོ། །དེ་ནས་རིག་འཛིན་བརྒྱད་པོས་དངོས་གྲུབ་བརྙེས་པའི་ཆོས་སྒྲོམ་རྫུ་འཕྲུལ་གྱིས་བསྣམས་ནས་རང་རང་གནས་སུ་ཞལ་ཕྱེས་པས་གསེར་གྱི་སྒྲོམ་བུར་བདུད་རྩི་སྨན་གྱི་སྐོར། དངུལ་སྒྲོམ་ནས་ཡང་དག་ལྕགས་སྒྲོམ་ནས་གཤིན་རྗེ། ཟངས་སྒྲོམ་ནས་རྟ་མགྲིན། གཡུ་སྒྲོམ་ནས་ཕུར་པ།བསེ་སྒྲོམ་ནས་མ་མོ། མཆོང་སྒྲོམ་ནས་མཆོད་བསྟོད།གཟི་སྒྲོམ་ནས་དྲག་སྔགས་ཀྱི་ཆོས་རྣམས་བྱུང་ཞིང་། རིན་པོ་ཆེ་སྣ་ཚོགས་ལས་བྱས་ཆོས་སྒྲོམ་ནི་མཁའ་འགྲོས་རྒྱ་མ་བཀྲོལ་ཞིང་རིག་འཛིན་རྣམས་ཀྱིས་མ་ཁྲོལ་བར་རེ་ཞིག་མཁའ་འགྲོ་དྲེགས་པའི་ཚོགས་ཀྱི་སྔར་བཞིན་དུ་མཆོད་དོ། །དེ་ནས་སློབ་དཔོན་ཆེན་པོ་བརྒྱད་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་བྱེ་བྲག་བཀའ་བབ་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པས་རིགས་ཀྱི་དཔལ་ཆེན་ཡབ་ཡུམ་ཞལ་མངོན་སུམ་དུ་གཟིགས་ཤིང་། དེ་དང་མི་གཉིས་པར་ཡོན་ཏན་ཡོངས་རྫོགས་འཛིན་གྱུར་རྒྱལ་བའི་ལུང་གི་ཕོ་ཉ་ཡོངས་ཀྱི་གཙོ་མཆོག་ཆེན་པོ་བརྙེས་ཤིང་མཁས་པར་གྱུར་ཏོ། །

དེ་ཡི་ཚེ་ཕྱོགས་དུས་རྒྱལ་བའི་ཐུགས་གསུང་སྐུའི་ངོ་བོ་གཅིག་བསྡུས་ཚེ་འོད་དཔག་མེད་རྡོ་རྗེ་དངོས་པདྨ་འབྱུང་གནས་དེ་ཉིད་ངེས་པར་གསང་སྔགས་སྟོན་མཛད་ཧེ་རུ་ཀ་དཔལ་ཉིད་དུ་གྱུར་ཡང་། གདུལ་བྱ་དྲངས་ཕྱིར་རིག་འཛིན་སློབ་དཔོན་བརྒྱད་བླ་མར་བརྟེན་ནས་བཀའ་བརྒྱད་བྱེ་བྲག་གི་རྒྱུད་ལུང་མན་ངག་མ་ལུས་ལུས་པ་མེད་པར་གསན་ཞིང་ཐུགས་ལ་ལོན་ཏེ་སྒྲུབ་མ་ཐག་ཏུ་ལྷ་སོ་སོའི་ཞལ་གཟིགས་ཤིང་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་བཅུད་ཐུན་མོང་མ་ཡིན་པ་ཐུགས་ལ་ཤར་ཞིང་དཀའ་བའི་གནས་ཀུན་ཁྲོལ་བར་མཛད་དོ། །དེ་ཡི་ཚེ་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་ཆེན་སྣ་ཚོགས་ཀྱི་སྒྲོམ་བུ་དེ་ཉིད་འདོན་པར་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེས་བསྐུལ་ཞིང་དུས་ལ་བབ་པར་མཁྱེན་ནས་སྤྱན་དྲངས་ནས་ཞལ་ཕྱེས་པ་བདེ་གཤེགས་འདུས་པའི་རྒྱུད་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་ཟབ་ཆོས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དེ་ཉིད་བྱུང་ཞིང་། གཞན་ཡང་མཆོད་རྟེན་དེ་ཉིད་ལ་བཞུགས་གཏེར་ལྷག་མ་མ་ལུས་པར་ཕྱག་ཏུ་བཞེས་ཤིང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཞོན་ནུ་དང་། རིག་འཛིན་ཀུཉྫ་ར་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་། དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབ་པའི་ཚུལ་མཛད་པས་རྒྱལ་བ་ཞི་ཁྲོ་རབ་འབྱམས་མ་ལུས་པའི་ཞལ་རང་རང་གཉིས་སུ་མེད་པར་གཟིགས་ཏེ། ཚེ་དབང་ཕྱག་རྒྱ་ཆེ་མཆོག་ལྷུན་གྱིས་གྲུབ་པ་རྡོ་རྗེ་འཛིན་གྱུར་བརྙེས་སོ། །དེ་ཡི་དུས་སུ་རིག་འཛིན་ཆེན་པོ་བརྒྱད་ཀྱིས་བདེ་གཤེགས་འདུས་པའི་ཆོས་སྒོ་དབྱེ་བར་གསོལ་བ་འདེབས་པས་སྔར་གྱི་བཀའ་དྲིན་བསབ་པའི་ཚུལ་གྱིས་རྒྱུད་ལུང་མན་ངག་ཡོངས་རྫོགས་ཕུལ་བས། མཁའ་འགྲོ་རིག་འཛིན་ཆོས་སྐྱོང་རྣམས་ཀྱིས་རབ་ཏུ་བསྔགས་པར་མཛད་ཅིང་གསང་སྔགས་ཀྱི་སྟོན་པ་ཆེན་པོར་གྱུར་ཏེ། མི་ཡི་གནས་སུ་མཚན་ལྔ། མཚན་བརྒྱད། མཚན་ཉི་ཤུ། མཚན་བརྒྱད་ཅུ་སོགས་བསམ་གྱིས་མི་ཁྱབ་པས་གདུལ་བྱ་འདུལ་ཞིང་། དེ་བཞིན་ལྷ་ཡི་གནས་སུ་གུ་རུ་གཙུག་ཕུད་འོད་འཕྲོ་དང་། ཀླུ་ཡི་གནས་སུ་གུ་རུ་འཇོག་པོ་ཁྱུང་གཤོག་ཅན་དུ་སྣང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྤྱིར་རིགས་དྲུག་ཏུ་གུ་རུ་དྲུག་ཏུ་སྤྲུལ་ཞིང་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་གུ་རུ་ཡི་སྒྱུ་འཕྲུལ་དཔག་གིས་མི་ལང་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་མཛད་དོ། །དེ་ལྟ་ཡང་མ་ཧཱ་ཏནྟྲ་སྡེ་བཅོ་བརྒྱད་སོགས་རྒྱལ་པོ་ཛ་ལ་བབ་པ་དང་། བདེ་གཤེགས་འདུས་པའི་དཀྱིལ་འཁོར་དང་། བཀའ་བརྒྱད་བྱེ་བྲག་བཅས་མཆོད་རྟེན་བདེ་བྱེད་ནས་བཏོན་པ་དང་། ཨ་ནུའི་སྐོར་སེདྷེངའི་ནགས་ཚལ་དུ་ཛ་ལ་ལའི་བདག་པོས་སྣང་བར་བྱས་ཤིང་། ཨ་ཏིའི་བསྐོར་རྣམས་དྷ་ན་ཀོ་ཤར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། དཔལ་རྡོ་རྗེ་སེམས་དཔའ་ཡིས་སྟོན་པར་མཛད། ཡོ་ག་དེ་དག་ལས་འཕྲོས་པས་རྒྱུད་སྡེ་འགའ་ཞིག་ནི་མཁའ་ལ་སྤྱོད་པའི་གནས་གསུམ་དང་ཨོ་རྒྱན་གྱི་ཀེ་ཚང་ནས་མཆོག་གི་གྲུབ་པ་བརྙེས་པ། ས་ར་ཧ། ཀླུ་སྒྲུབ། རྟ་མཆོག་པ། ལཱུ་ཧི་པ། བིཪྺ་པ། བི་ན་པ། ལྭ་ཝ་པ། ཨིནྡྲ་བྷུ་ཏི། ཌོམྦི་ཧེ་རུ། རྡོ་རྗེ་དྲིལ་བུ་པ། ལ་ལི་ཏ་བཛྲ། ནག་པོ་སྤྱོད་པ། སུ་མ་ཏི། ཡེ་ཤེས་ཞབས། ཙི་ལུ་པ། ཏིལླི་པ། ནི་གུ་མ་ལ་སོགས་པས་སྤྱན་དྲངས་པའི་ཕ་མ་གཉིས་མེད་སྙིང་པོའི་རྒྱུ་བསྐྱེད་རྫོགས་ཀྱི་མན་ངག་སྙན་རྒྱུད་བཅས་སྣང་བར་མཛད་ཅིང་། དེ་ཐམས་ཅད་ཀྱང་ཡོ་ག་གསུམ་དུ་ཡོངས་སུ་འདུས་ཏེ། ཏནྟྲའི་སྡེ་ལས་སྐུ་གསུང་ནས་འཕྲོས་མ་ཡི་རྒྱུད་དང་། ཐུགས་ལས་ཕ་ཡི་རྒྱུད་དང་། ཡོན་ཏན་འཕྲིན་ལས་ལས་ཆ་སྙོམས་ཀྱི་རྒྱུད་སྡེ་རྣམས་འབྱུང་བར་གུ་རུ་པདྨས་བཞེད་ཅིང་། དེ་ཡང་གསང་འདུས་དང་སྒྱུ་འཕྲུལ་དཀྱིལ་འཁོར་ཆ་མཐུན་ལ། དམར་ནག་འཇིགས་བྱེད་གདོང་དྲུག་དགྲ་ནག་སོགས་ནི་འཇམ་དཔལ་སྐུ་དཀྱིལ་ཉིད་དོ། །དེ་བཞིན་བདེ་མཆོག་དང་ཆེ་མཆོག་བླ་མེད། དགྱེས་རྡོར་དང་ཡང་དག་སངས་རྒྱས་ཐོད་པ་དང་རིག་འཛིན་མི་ཡི་ཐོད་པའི་རྒྱུད་རྣམས་ལྷ་ཡི་ངོ་བོ་གཅིག་པར་འདོད་ལ། རང་རང་གི་བབས་ཚུལ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལྟར་གདུལ་བྱའི་དབང་གིས་གསང་སྔགས་རྒྱུད་བྱེ་བྲག་རྣམས་རྒྱལ་བས་ལུང་བསྟན་པའི་རིག་འཛིན་གྲུབ་ཐོབ་རྣལ་འབྱོར་རྣམས་ཀྱིས་མཁའ་འགྲོའི་བཀའ་རྒྱ་བཀྲོལ་ཏེ་བྱིན་རླབས་སྨིན་གྲོལ་ཆུ་རྒྱུན་རབ་ཏུ་རྒྱས་པར་མཛད་པས། གྲུབ་ཐོབ་རྣལ་འབྱོར་བྱིན་རླབས་བཀའ་རྒྱ་བཀྲོལ་བའི་བརྒྱུད་པ་ཞེས་སོ། །

ད་ནི་ལྔ་པ་སྐལ་ལྡན་རྗེ་འབངས་གང་ཟག་སྙན་ཁུང་དུ་བརྒྱུད་པ་ཞེས། འཕགས་ཡུལ་ནས་གཉིས་པ་བོད་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ཏེ། རྒྱལ་བ་ཀུན་ལས་ལྷག་པའི་མཆོག་གི་སྤྲུལ་སྐུ་པདྨ་འབྱུང་གནས་རྡོ་རྗེ་ཐོད་འཕྲེང་རྩལ་དེ་ཉིད་ཐུགས་རྗེའི་དབང་གིས་བོད་ཡུལ་གདུལ་བྱ་དུས་ལ་སོན་ཞིང་། འཇམ་དཔལ་གཞོན་ནུར་གྱུར་པའི་སྤྲུལ་གར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་འདྲེན་ཞུས་པ་ལ་བརྟེན་ནས་བྱོན་ཏེ། ལྷ་འདྲེ་གདུག་པའི་ཚོགས་ཀུན་སྲོག་སྙིང་བླང་ཞིང་བཀར་བཏགས་ནས། སྐུ་ཡི་རྟེན་དཔལ་གྱི་བསམ་ཡས་ལ་སོགས་པ་རྒྱ་ཆེར་བཞེངས། གསུང་མདོ་སྔགས་ཆོས་རྣམས་བསྒྱུར་ཞིང་བཤད་གྲྭ་བཙུགས། ཐུགས་ཟབ་མོ་བསྒོམ་སྒྲུབ་ཀྱི་གྲ་རྒྱས་པར་མཛད་ཅིང་། དེ་ཡི་ཚེ་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་མཐུས་འཁྲུངས་པའི་རྗེ་འབངས་ཉེར་ལྔ་སྤྱི་ལས། ཁྱད་པར་བཀའ་བརྒྱད་ཀྱི་ཐུགས་སྲས་བརྒྱད་དམ། གྲུབ་ཆེན་མི་དགུར་གྲགས་པ་ལ། ཐོག་མར་བཀའ་བརྒྱད་ནས་བྱེ་བྲག་སྒྲུབ་པའི་ལེ་ཚན་ཅུང་ཟད་རེ་གནང་བ་བསྒྲུབ་ལྟས་ཁྱད་པར་འཕགས་པ་ཤར་བའི་ཡ་མཚན་ཏེ། མངའ་བདག་རྒྱལ་པོ་ཡི་ཚོགས་ཀྱི་འཁོར་ལོ་པུཙྪ་བསམ་གྱིས་མི་ཁྱབ་པ་བཅས་ཏེ། འདོད་ཡོན་མ་སྤང་བར་མྱུར་དུ་སངས་རྒྱས་པའི་རྒྱུད་ལུང་མན་ངག་ཐུན་མོང་མ་ཡིན་པ་ཞིག་གནང་བར་ཞུས་པས། གུ་རུ་རིན་པོ་ཆེས་གསང་སྔགས་རྡོ་རྗེ་ཐེག་མཆོག ཏ་ཐཱ་ག་ཏ་བི་ར་མཎྜལ་སྟོན་པའི་དུས་ལ་བབ་པར་མཁྱེན་ཏེ། རྒྱལ་པོ་ཆེན་པོ་ཐེག་ཆེན་གསང་སྔགས་ཀྱི་དཀྱིལ་འཁོར་སྒོ་ཁྱད་འཕགས་སྟོན་པར་ཞལ་གྱིས་བཞེས་ཤིང་། དེ་ཡང་ཐོག་མར་དབང་གི་སྨིན་པར་བྱ་བའི་ཕྱིར། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ། བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབ་པའི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་ཐོག་མར། བདེ་གཤེགས་ཞི་བའི་དཀྱིལ་འཁོར་སྤྱི་ཁྱབ་ཏུ་དབང་བསྐུར་ཞིང་། བྱེ་བྲག་བཀའ་བརྒྱད་གྲུབ་ཆེན་དགུ་པོར། ཁྲོ་བོའི་དཀྱིལ་འཁོར་དུ་རང་རང་རིགས་བརྟག་མེ་ཏོག་གཏེར་སྲང་བཅུ་ལས་བྱས་པ་རེ་དོར་བས། མངའ་བདག་རྒྱལ་པོ་དང་། ཀུ་མ་ར་གཉིས་གཙོ་མཆོག་བདུད་བརྩིའི་དཀྱིལ་འཁོར་ལ་བབ། ནམ་མཁའ་སྙིང་པོ་བཛྲ་ཧེ་རུ་ཀ་ཡི་དཀྱིལ་འཁོར་བབ། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ལ་བབ། རྒྱལ་ཡུམ་མཚོ་རྒྱལ་གྱི་མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་བབ་ཅིང་། སླར་འོད་ཟེར་དང་བཅས་རིག་འཛིན་དཀྱིལ་འཁོར་དུ་བབ། དཔལ་གྱི་ཡེ་ཤེས་སྲིད་པ་མ་མོའི་དཀྱིལ་འཁོར་ལ་བབ། དཔལ་གྱི་སེང་གེ་མཆོད་བསྟོད་དྲེགས་འདུལ་ལ་བབས། བཻ་རོ་ཙ་ན་སྟོབས་ལྡན་དྲགས་སྔགས་ལ་བབ་ཅིང་། བཅོམ་ལྡན་འདས་དཔལ་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་དཀྱིལ་འཁོར་མེ་ལོང་གི་གཟུགས་བརྙན་ལྟ་བུར་མངོན་སུམ་སྣང་ཞིང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་མ་ལུས་པར་བསྐུར་ཞིང་། རང་རང་གི་རིགས་དང་འབྲེལ་བའི་དཀྱིལ་འཁོར་སྒྲུབ་ཐབས་རྒྱུད་ལུང་མན་ངག་བྱེ་བྲག་སོ་སོ་དང་། བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཅས་ཡོངས་སུ་སྩལ་ཞིང་། སྒྲུབ་པའི་གནས་ཀྱང་བདེ་གཤེགས་འདུས་པའི་བསམ་ཡས་དབུ་རྩེ། སྐུ་ཡི་གནས་སྒྲག་ཡོངས་རྫོང་། གསུང་གི་གནས་མཆིམ་བུ་བྲེ་དགུ། ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ། ཡོན་ཏན་གནས་ཡར་ལུང་ཤེལ་བྲག འཕྲིན་ལས་གནས་སྤ་གྲོ་སྟག་ཚང་། མ་མོའི་གནས་ཡར་སྟོད་ཤམ་པོ། མཆོད་བསྟོད་གནས་གནམ་མཚོའོ། །དྲག་སྔགས་གནས་བྲག་དམར་གཡའ་མ་ལུང་དུ་སྒྲུབ་པ་གྱིས་ཞེས་བཀའ་གནང་ཞིང་། རྗེ་འབངས་རང་རང་བཀའ་བབས་ཀྱི་ལྷ་རྣམས་བསྒྲུབ་པའི་གནས་དེ་རྣམས་སུ་བསྒྲུབ་པས་ལྷ་ཞལ་གཟིགས་ཤིང་གྲུབ་པ་ཐོབ་པའི་རྟགས་བྱུང་ན་ཡང་ཡོངས་གྲགས་སུ།

སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཉི་ཟླ་གདན་དུ་བཏིང་བ་དང་། ཕུར་པ་བྲག་ལ་བསྣུན་ཞིང་དགྲ་བགེགས་གང་ལ་ཡང་གཟིར་ཀྱང་རེང་བར་ནུས། རྒྱལ་བ་མཆོག་དབྱངས་སྤྱི་བོ་གནས་རྟ་སྐད་སྟོང་གསུམ་ཀུན་ཁྱབ་སྒྲོགས་ཏེ་སྲིད་གསུམ་དབང་དུ་འདུས་ཤིང་ཚངས་པའི་རྒྱལ་པོས་གསེར་གྱི་འཁོར་ལོ་རྩིབས་དགུ་བརྒྱ་ཀུན་གྱིས་མངོན་པར་ཕུལ། ནམ་མཁའི་སྙིང་པོས་དབང་མོ་ཉེར་བརྒྱད་བྲན་དུ་བཀོལ་ཞིང་། ཉི་མའི་ཟེར་ལ་ཞོན་ཏེ་གླིང་བཞི་སྐད་ཅིག་རྒྱུ་ནུས། བྲག་ལ་ཕུར་པ་བཏབ། ཀུ་མ་རཱ་ཡིས་བྲག་ལ་བདུད་རྩི་བཏོན་ཞིང་། སྨན་གྱི་དྲང་སྲོང་ལྷ་མོས་དངོས་སུ་བཏུད། མཚོ་རྒྱལ་བསད་པ་གསོ་ནུས། སྣང་སྲིད་དྲེགས་པའི་སྲོག་སྙིང་མངོན་སུམ་བླངས་ཤིང་། ཕྲིན་ལས་ནམ་མཁའི་མཐའ་མཉམ་བརྙེས། དཔལ་ཡེས་རྩ་རླུང་དབང་བསྒྱུར་མ་མོ་དངོས་སུ་རྦད་དོ། །དཔལ་སེ་དྲེགས་པ་སྡེ་བརྒྱད་མ་ལུས་བྲན་དུ་འཁོལ། བཻ་རོ་ཙ་ན་རྫུ་འཕྲུལ་མངོན་ཤེས་མཆོག་དུ་མ་དང་ལྡན་ཞིང་དམོད་པས་དགྲ་བགེགས་སྒྲོལ་བར་ནུས། མངའ་བདག་རྒྱལ་པོ་ཏིང་འཛིན་གཡོ་མེད་གྲུབ་ཅིང་གཞན་སྣང་ཟིལ་གྱིས་གནོན་པ་དང་སྐུ་ཚེའི་ཚད་ལས་ཕྱིར་ལོ་གསུམ་བསྲིང་བར་ནུས་ཤིང་། བཀའ་མེད་ཀྱི་བཀའ་བབ་གྲུབ་ཆེན་དེ་དག་མངའ་བདག་རྒྱལ་པོ་ལས། གཞན་བརྒྱད་སྐུ་ཚེ་བརྒྱ་ཕྲག་ལྷག་དང་། ཉིས་བརྒྱ་དང་། སུམ་བརྒྱ་ཉེ་བའི་བར་ཙམ་རེ་བཞུགས་ནས། མཐར་རིགས་ཀྱི་བདག་པོའི་ཐུགས་ཀར་ཕྱག་རྒྱ་ཆེ་མཆོག་གིས་སར་སྐུ་ལུས་འདིས་གཤེགས་ཤ་སྟག་ཏུ་ངེས་ལ། མངའ་བདག་རྒྱལ་པོ་ནི་དག་པའི་སྣང་ངོར་ཆོས་ཟད་སྣང་བས་འཇམ་དཔལ་ཐུགས་ཁར་སྐུ་གཟུགས་སྐུ་བསྡུས་པར་ཤར་ཞིང་། ཐུན་མོང་སྣང་ངོར་དྲུག་ཅུ་རེ་དགུ་ལ་མྱ་ངན་ལས་འདས་པར་གྲགས་སོ། །

དེ་ལྟར་གུ་རུ་པདྨའི་ཐུགས་སྲས་སྒྲུབ་ཆེན་དགུ་གཙོ་བོར་གྱུར་པའི་རྗེ་འབངས་ཉེར་ལྔ་དང་། གཞན་ཡང་ཡེར་པའི་དངོས་གྲུབ་བརྒྱ་རྩ། ཤེལ་བྲག་བསྔགས་པ་སུམ་ཅུ། ཡོངས་རྫོགས་རྟོགས་ལྡན་ང་ལྔ་ལ་སོགས་ལས་སྐལ་མཆོག་ལྡན་སྐྱེས་བུ་གང་ཟག་དམ་པར། དུས་དེ་དང་མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རིས་མེད་དོན་དུ་ཆོས་ཀྱི་བྱེ་བྲག་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་དུས་དེར་སྟོན་པར་མཛད་ཅིང་། དེ་རྣམས་རིམ་བཞིན་སྙན་ནས་སྙན་ཞལ་ནས་ཞལ་ཐུགས་ནས་ཐུགས་སུ་ཆུད་པའི་གདམས་བརྒྱུད་ཆད་མེད་དུ་སྣང་བར་གྱུར་པས་ན་གང་ཟག་སྙན་ཁུང་གིས་བརྒྱུད་པ་ཞེས་གྲགས་ཤིང་། དེ་ལ་ཐུན་མོང་རིང་བརྒྱུད་བཀའ་མ་ཁྱད་པར་ཉེ་རྒྱུད་གཏེར་མ་གཉིས་མེད་ཟུང་འཇུག་སྙན་བརྒྱུད་དུ་དབྱེ་བ་གསང་ཆེན་སྔ་འགྱུར་བས་བཞེད་པར་སྣང་ཞིང་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་ཡང་མཁས་པ་མི་བཞིས་ཛྙཱ་ན་ཀུ་མ་རཱ་ལ་གནང་བས། དེས་སངས་རྒྱས་ཡེ་ཤེས། དེ་ཡི་ཡོན་ཏན་རྒྱ་མཚོ་ལ་སྩལ་ཞིང་རིམ་པར་མི་ནས་མིར་བརྒྱུད་པ་ལས་གྲུབ་ཐོབ་དངོས་གྲུབ་ཀྱིས་ཐོས་ཤིང་། དེ་ལ་མྱང་རལ་གྱིས་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྲགས་སོ། །དེ་ལྟར་སྔ་འགྱུར་གྱི་སྐབས་དེར་རྣལ་འབྱོར་ཆེན་པོའི་ཏནྟྲ་ལས་འཕྲོས་བདེ་དགྱེས་སྒྱུ་མ་གསང་གཤིན་དུས་འཁོར་གྱི་རྒྱུད་ལུང་མན་ངག་རྣམས་གུ་རུ་རིན་པོ་ཆེས་སྟོན་པར་གྱུར་ཡང་ཕལ་ཆེར་གཏེར་དུ་སྣང་བར་མཛད་ཅིང་། ཕྱིས་སུ་འཕགས་ཡུལ་དུ་གྲུབ་པ་མཆོག་ཏུ་བརྙེས་པ་རྣམས་ལས་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་བླངས་ནས་དར་རྒྱས་སུ་མཛད་པས། དེ་ལ་སྔགས་གསར་འགྱུར་གདགས་པར་མཛད་དོ། །དེ་ནས་དྲུག་པ་ཟབ་མོ་གཏེར་ཆོས་སྨོན་ལམ་གཏེར་སྟོན་བླ་རབས་ཀྱི་བརྒྱུད་པའི་ཚུལ་ནི། སངས་རྒྱས་བསྟན་པའི་སྙིང་པོ་ནུབ་མེད་རབ་ཏུ་གནས་པའི་ཕྱིར་དུ་མཆོག་གི་བདག་ཉིད་མ་ཧཱ་གུ་རུ་རིན་པོ་ཆེས་ཟབ་མོའི་ཆོས་ཐམས་ཅད་འཛད་མེད་གཏེར་དུ་སྦ་བར་མཛད་དེ། དེ་ལས་བཀའ་བརྒྱད་ཀྱི་རྒྱུད་ལུས་མན་ངག་རྣམས་གཏེར་དུ། ཡོངས་སུ་གྲགས་ཆེ་བའི་ཐུགས་གཏེར་ལྔར་གསུངས་ཏེ་སྙིང་དང་འདྲ་བ་ཕྲིན་ལས་ཀྱི་གཏེར་བདེ་གཤེགས་འདུས་པ་རྒྱལ་པོའི་བླ་དཔེ་དེ་ཉིད་ཐོག་མར་ལོ་རྒྱུས་ལ་ལར་དབུ་རྩེར་སྦས་ཡང་ཟེར་ལ་ཕལ་ཆེར་བྲག་དམར་མགྲིན་བཟང་དུ་སྦས་པར་གསུང་སྟེ། གང་ལྟར་ཆོས་ཁྲིམས་འཇིག་དུས་སུ་ཁོ་མཐིང་ལྷ་ཁང་རྣམས་སྣང་གི་སྐུ་ལ་སྦས། སྙིང་ཁྲག་དང་འདྲ་བ་ཡོན་ཏན་གྱི་གཏེར་གསང་རྫོགས་སྐོར་ལྷོ་བྲག་གནམ་སྐས་ཅན་དུ་སྦས་སྙིང་ཁྲག་དྭངས་མ་འདྲ་བ་གསུང་གཏེར་རང་བྱུང་རང་ཤར་ལ་སྟོད་བྱང་ཟང་ཟང་ལྷ་བྲག་ལ་སྦས། ཐུགས་ཀྱི་ཐིག་ལེ་བཀའ་བརྒྱད་ཐུགས་མེ་མོན་བུམ་ཐང་དུ་སྦས།

སྐུ་གཏེར་ཡང་གསང་དྲེགས་འདུལ་ཡར་ཡུལ་འཆིང་ང་བང་སོ་དམར་པོར་སྦས་ཞེས་ཡང་གསང་དྲེགས་འདུལ་གྱི་དཀར་ཆག་ཏུ་གསུང་བ་དང་། གཞན་ཡང་གུ་རུ་རིན་པོ་ཆེ་ལྷོ་ནུབ་གཤེགས་ཁར་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མངའ་བདག་མུ་ཏིག་བཙན་པོ་ཡབ་སྲས་རྗེ་འབངས་རྣམས་སྨིན་གྲོལ་མཛད་དེ་བླ་དཔེ་གླེགས་བམ་སུམ་ཅུ་སོ་བདུན་རྒྱལ་སྲས་ལྷ་རྗེའི་རང་སྐལ་གནང་ནས་ཡར་ལུང་ཤེལ་བྲག་ཏུ་སྦས། དེ་བཞིན་རྗེ་འབངས་རང་རང་གི་དབང་བསྐལ་བཀའ་བརྒྱད་ཇི་སྙེད་གཏེར་དུ་སྦས་ལ། དེ་ལྟར་གཙོ་བོ་བླ་གཏེར་ལྔ་དང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་བཅས་པའི་གཞན་ཡང་གཏེར་ཆེན་ཕྲན་དུ་བཙས་པ་ཀུན་གུ་རུ་ཡབ་ཡུམ་གྱི་མི་འཇིགས་པའི་རྫས་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཉེར་གཏད་བསྲུང་མར་བསྒོས། སྐལ་ལྡན་རྗེ་འབངས་རང་རང་ལ་སྨོན་ལམ་བདེན་ཚིག་གིས་དབང་བསྐུར་ལུང་བསྟན་པར་མཛད་ནས་ཕྱག་བྱས་བཏབ་སྟེ། ཆོས་དེ་དག་ནམ་ཞིག་སྙིགས་དུས་རང་རང་གདུལ་སྐལ་ལ་སོན་ཚེ། སྔོན་གྱི་སྨོན་ལམ་བསླུ་བ་མེད་པར་སྤྲུལ་པའི་རྗེ་འབངས་རང་རང་གི་ཐུགས་རྗེའི་སྐྱེ་རྒྱུད་གུ་རུའི་བྱིན་གྱིས་བརླབས་པ་རྣམས་བྱོན་ནས། དེ་ལ་རྩ་བ་གསུམ་གྱི་ལུང་བསྟན་རྗེས་སུ་གནང་ཞིང་། མཁའ་འགྲོ་གཏེར་བསྲུང་ཚོགས་ཀྱིས་བཀའ་རྒྱ་བཀྲོལ་ནས་གཏེར་སྟོན་དམ་པའི་ཕྱག་ཏུ་བབ་སྟེ་གདུལ་བྱ་ཐམས་ཅད་སྨིན་གྲོལ་བླ་མེད་ལ་སྦྱོར་བར་མཛད་པ་དེ་ལ། སྨོན་ལམ་གཏེར་ཆོས་ཀྱི་བརྒྱུད་པ་ཞེས་སུ་བརྗོད་ཅིང་། དེ་ཡང་བཀའ་བརྒྱ། བླ་གཏེར་ལྔ་ཡི་ཐོག་མར་བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་མངའ་བདག་རྒྱལ་པོའི་སྐྱེ་བ་བཅུ་གཉིས་པར་མྱང་རལ་པ་ཅན་གྱིས་ཁོ་མཐིང་ནས་སྤྱན་དྲངས། དེ་ནས་གསང་བ་ཡོངས་རྫོགས་རྣམས། མྱང་རལ་སྐྱེ་བ་ཕྱི་མར་གྲགས་ཤིང་། སྤྱན་རས་གཟིགས་སྤྲུལ་སྐུ་གུ་རུ་ཆོས་དབང་གིས་གནམ་སྐས་སྤྱན་ནས་སྤྱན་དྲངས།

དེ་ནས་དྲེག་པོ་རང་བྱུང་རང་ཤར་སྐོར་རྣམས། སྣ་བསྣམ་རྡོ་རྗེ་བདུད་འཇོམས་སྐྱེ་བ་རིག་འཛིན་རྒོད་ལྡེམ་ཅན་ཞེས་དངོས་གྲུབ་རྒྱལ་མཚན་དེས་བྱང་ཟང་ཟང་དཔལ་འབར་རི་བོ་ཆེ་ནས་སྤྱན་དྲངས། དེ་ནས་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་སྐོར་རྣམས་ལྷ་ལྕམ་པདྨ་གསལ་གྱི་དག་པའི་བརྒྱུད་བདུན་གྱི་ཐ་མ་པདྨ་གླིང་པས་མོན་བུམ་ཐང་ནས་སྤྱན་དྲངས། དེ་ནས་བཀའ་བརྒྱད་དྲེགས་པ་ཀུན་འདུལ་སྐོར་རྣམས་འབྲོག་མི་དཔལ་ཡེའི་སྐྱེ་བ་བཅུ་དགུ་པ་ཁ་རག་ཕུག་གི་གཏེར་སྟོན་ཨོ་རྒྱན་བསམ་གཏན་བདེ་ཆེན་གླིང་པས་མཆིང་ང་བང་སོ་ནས་སྤྱན་དྲངས་ཤིང་དེ་རྣམས་རང་རང་ལུང་བསྟན་ཆོས་ཀྱི་བདག་པོས་སྐལ་ལྡན་གདུལ་བྱའི་ཚོགས་ཀུན་སྨིན་གྲོལ་དུ་མཛད་དོ། །དེ་ལྔ་ལས་གཏེར་ཁ་གོང་འོག་ཞེས་བདེ་འདུས་གསང་རྫོགས་ཡོངས་སུ་གྲགས་ཆེ་ཞིང་། རང་ཤར་ཐུགས་མེ་ཡང་འགྲོ་དོན་དར་རྒྱས་སུ་བྱུང་ལ། དྲེགས་འདུལ་སྐོར་ནི་རྟེན་འབྲེལ་དབང་གིས་ཆེར་འཕེལ་བར་མ་གྱུར་ཏོ། །རྒྱལ་སྲས་རྗེ་ཡི་ཆོས་སྐལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་ཡང་ལུང་ཤེལ་བྲག་ཏུ་སྦས་པ་ཡར་རྗེ་ཨོ་རྒྱན་གླིང་པས་སྤྱན་དྲངས་ཤིང་རྟེན་འབྲེལ་གྱིས་སླར་ཡང་གཏེར་སྦས་སོ། །དེ་བཞིན་མྱང་བན་ཏིང་འཛིན་བཟང་པོ་ཡི་རང་སྐལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་དཔལ་མགོན་བདུན་ཅུའི་རྒྱུད་སྒྲུབ་ཐབས། མ་ནིང་དྲེགས་པའི་གཙོ་བོ་ཡི་རྒྱུད་སྒྲུབ་ཐབས་བཅས་དབུ་རུ་ཞྭ་ཡི་ལྷ་ཁང་ཕ་འོང་བྱ་རོག་འདྲ་བར་སྦས་པ་གཏེར་སྟོན་འཇའ་ཚོན་སྙིང་པོས་སྤྱན་དྲངས་ནས་མ་ནིང་གི་ཆོས་སྐོར་ལས་གཞན་ཤོག་སེར་འབེབས་པ་མ་གནང་བར་ཡང་གཏེར་དུ་བཞུགས་སོ། །

གཞན་ཡང་མཚོ་རྒྱལ་ཕྱག་དཔེ་ཨ་ཙར་ས་ལེར་བཀའ་བབ་གནང་བ་གླེགས་བམ་ཉེར་བདུན་མ་ཀུང་ལུང་དུ་བཞུགས་པ་དང་། ཁྱེའུ་ཆུང་ལོ་ཙཱ་བའི་སྐལ་བར་མཛད་པ་ཞི་ཁྲོ་བཀའ་བརྒྱད་འདུས་པ་བདུད་རི་རྔ་སྒྲ་ཅན་དུ་སྦས་པ་དང་། དེ་བཞིན་ལང་གྲོ་དཀོན་འབྱུང་གི་བླ་དཔེ་བཀའ་བརྒྱད་ཁ་ཆེ་བདུད་རྩིའི་ཕུག་ཏུ་སྦས་པ་དང་། བཻ་རོའི་ཕྱག་དཔེ་བཀའ་བརྒྱད་བཙན་རི་རྡོ་རྗེའི་བྲག་ལ་སྦས་པ་དང་། འཁོན་ཀླུ་དབང་གི་དབང་བསྐལ་རྒྱ་མཚོ་ནག་ཏུ་སྦ་བར་མཛད་པ་དེ་རྣམས་ནི་སྤྲུལ་པའི་གཏེར་སྟོན་པ་བྱུང་ཡང་རྟེན་འབྲེལ་དབང་གིས་མ་བཏོན་པ་དང་ལ་ལ་བཏོན་ཀྱང་ཡང་གཏེར་དུ་སྣང་བ་དང་། འགའ་ཞིག་ཆོས་རྣམས་ལ་རྫོགས་ཤིང་ཡང་གཏེར་དུ་སྦས་པ་བྱུང་ཞིང་། སླར་སྤྲུལ་པའི་སྐྱེ་བས་རིམ་གྱིས་འདོན་པར་གྱུར་ཞེས་ཐོས་ལ། སྤྱིར་གུ་རུ་པདྨའི་གཏེར་རྣམས་བྱམས་པ་བྱོན་གྱི་བར་དུ་རྒྱུན་མི་ཆད་པར་སྣང་ནས་འགྲོ་བའི་དོན་བླ་མེད་དུ་མཛད་པ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །བཀའ་བརྒྱད་ཀྱི་ཆོས་ས་སྟེང་དུ་སྣང་བ་གཏེར་ཁ་གོང་འོག་སོགས་ཀྱི་སྨིན་གྲོལ་བསྐྱེད་རྫོགས་གདམས་ངག་སྐལ་ལྡན་སོ་སོར་རིམ་པར་བརྒྱུད་ཚུལ་ནི་དུ་མར་མངོན་ཞིང་ལྡན། ལྔ་ལྡན་རྣམས་ཡོངས་སུ་ཚངས་པ་ཁྱད་པར་དུ་འཕགས་པའོ། །འདི་ལྟར་བཀའ་བརྒྱད་ཀྱི་རྒྱུད་ཚུལ་དྲུག་ལྡན་ལོ་རྒྱུས་ས་བོན་ཙམ་དུ་འདིར་སྨྲས་ཤིང་རྒྱས་པ་ནི་རང་རང་གི་གཞུང་དུ་རྟོགས་པར་བྱ་ལ། ལོ་རྒྱུས་ལ་འདྲ་མིན་ཅུང་ཟད་རེ་མངོན་ཡང་དོན་དམ་སྤྲུལ་པའི་རྣམ་ཐར་དབང་དུ་ཤར་ཞིང་།

འདིར་ནི་ཡོངས་སུ་གྲགས་ཚུལ་གཙོར་བཏོན་ཏེ་བྱས་པའོ། །དེ་ལྟར་བདེ་གཤེགས་རྒྱལ་བ་ཡོངས་གསང་ལམ། །རྫོགས་པ་ཆེན་པོ་བླ་མེད་སྙིང་པོ་གང་། །བབས་ཚུལ་མཐའ་ཡས་རྒྱལ་བའི་རྣམ་ཐར་ཉིད། །བསམ་གྱིས་མི་ཁྱབ་ཚད་བཟུང་མཐའ་ཀླས་ཤིང་། །གདུལ་བྱའི་ཡུལ་གྱི་དབང་ཁམས་དུ་མ་ཡི། །ཐེག་པའི་སྒོ་མང་རབ་ཏུ་དབྱེ་གྱུར་པ། །བྱུང་ཚུལ་འགག་མེད་སྒྱུ་མའི་འཕྲུལ་འཁོར་བཞིན། །མཐའ་གཅིག་མ་ངེས་ཅིར་ཡང་སྣང་བའི་ཁམས། །མཉམ་ཉིད་དང་ལ་མ་འདྲེས་ལེགས་བཤད་གཟུགས། །གར་མཁན་ལུས་བསྒྱུར་འཇའ་ཡི་རིས་མཚུངས་བཀྲ། །བླ་མེད་ལོ་རྒྱུས་ངོ་བོ་ཆོས་ཉིད་གཞིར། །གནས་ལུགས་གཤིས་གྱུར་བློ་རར་ཡོངས་འདས་ཀྱང་། །འདུལ་བྱའི་འཇུག་ངོགས་རྣལ་འབྱོར་ལམ་སྣང་ཚུལ། །རྡོ་རྗེ་ཐེག་མཆོག་བསྒྲུབ་ཆེན་སྡེ་བརྒྱད་ཀྱི། །བརྒྱུད་པ་དྲུག་ལྡན་རྣམ་ཐར་རྒྱ་མཚོའི་ཁྱོན། །ཞིང་འདིར་གྲགས་པ་ལམ་གསུམ་ཆུ་རྒྱུན་ལས། །བདག་བློའི་བུམ་པར་འཇོས་པ་སྐྲ་རྩེ་ཡི། །ཆུ་ཐིགས་ཙམ་དུ་སྣང་གང་འཁྲུལ་མེད་ཀྱི། །བབས་གཞུང་མཐོང་དང་བླ་མའི་གསུང་དག་ལས། །རྙེད་གང་རང་བཟོའི་རྙོག་མས་མ་བསླད་པར། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་གི །བཀའ་ལུང་ཅོད་པཎ་སྤྱི་བོར་བཅིངས་བྱས་ནས། །བཀའ་བརྒྱད་སྤྱི་ཁྱབ་ལོ་རྒྱུས་ས་བོན་ཙམ། །འདིར་བཀོད་ཉེས་མཆིས་མཁྱེན་ལྡན་ལ་བཤགས་ཤིང་། །དགེ་བས་གསང་ཆེན་སྙིང་པོའི་བསྟན་པ་ཉིད། །ནུབ་མེད་བསྐལ་པ་སྲིད་པར་རབ་རྒྱས་ནས། །བསྟན་འཛིན་སྐུ་ཚེ་མཛད་འཕྲིན་ཉམས་མེད་བརྟན། །མཐའ་ཡས་འགྲོ་ཀུན་བདེ་ཆེན་མྱུར་ཐོབ་ཤོག །

ཞེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡབ་གཅིག་མགོན་པོ་ཚེ་དཔག་མེད་ཀྱི་སྤྲུལ་པའི་ཟློས་གར་མཁན་ཆེན་ཞི་བ་འཚོ་ཡི་སྐྱེ་བའི་ཐ་མ་པ་རྒྱལ་བསྟན་མཐའ་དག་གི་སྒྲོན་མེ་ཆེན་པོ་གངས་ཅན་སྐྱེས་བུ་མཆོག་རྣམས་ཀྱི་གཙུག་གི་ནོར་བུར་མཛེས་པ་རྗེ་བཙུན་ཆེན་པོ་ཏྲཻ་བོ་ཆོས་ཀྱི་དབང་པོ་གང་གི་བཀའ་ལུང་གི་ཅོང་པཎ་སྤྱི་བོར་ཕེབས་པ་ལ་བརྟེན་ནས། བཀའ་བརྒྱད་ཀྱི་ལོ་རྒྱུས་ས་བོན་ཙམ་དུ་ལེགས་བཤད་བུམ་བཟང་ཞེས་བྱ་བ་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་ལྷ་རིགས་སུ་སྐྱེས་ཤིང་གསང་སྔགས་ནང་གི་དགེ་སློང་ཆེན་པོའི་རྗེས་འབྲང་གོས་དཀར་འཆང་བ་ཚེ་དབང་ནོར་བུ་ཡིས་རང་བྱུང་བདེ་མཆོག་ཕོ་བྲང་དམ་ཚིག་འཁོར་ལོ་རྣམ་པར་བཀོད་པ་སྟག་སྣའི་གཙུག་ལག་ཁང་གི་བསྟི་གནས་ག་ལ་བ་དེར་མེ་རྟ་དབྱུག་ཟླའི་ཚེས་བཟང་པོ་ལྷ་བབ་དུས་ཆེན་ལ་དབུ་ཚུགས་ཤིང་ཐུན་བར་དུ་བཀོད་དེ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་གྲུབ་པར་སྦྱར་བའི་ཡིག་རིས་པ་རང་གི་སློབ་མ་ཨོ་རྒྱན་བློ་གྲོས་སོ། །དགེའོ། །དགེའོ། །དགེའོ། །

ཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆག

༄༅། །ཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆག་བཞུགས་སོ། །

༈ ཨོཾ་སྭཱསྟི། མི་འགྱུར་གཡུང་དྲུང་རྫོགས་སངས་རྒྱས། །མི་བསླུ་བདེན་པ་དམ་པའི་ཆོས། །ཇི་བཞིན་བསྒྲུབ་པ་དགེ་འདུན་ཚོགས། །རིན་ཆེན་གསུམ་ལ་གུས་ཕྱག་འཚལ། ། ༡ གདོད་ནས་ཡོན་ཏན་མཆོག་ལྡན་དྲི་མ་ཀུན་སྤངས་བདེར་གཤེགས་ཐུགས། །སྐྱེ་འགག་གནས་བྲལ་སྨྲ་བསམ་བརྗོད་མེད་བསམ་གྱིས་མི་ཁྱབ་གསུང་། །གཟུགས་མེད་གཟུགས་བཟང་མཚན་དཔེས་བརྒྱན་པ་མི་ཤིག་རྡོ་རྗེའི་སྐུ། །མུ་བྲལ་མཐའ་དབུས་ལས་འདས་ཤཱཀྱ་ཐུབ་པར་ཕྱག་འཚལ་འདུད། ། ༢ རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཕྱག་རྒྱ་ཆེན་པོ་ཡི་གེ་དྲུག །མི་འགྱུར་བདེ་བའི་རང་བཞིན་ཐིག་ལེ་ཆེན་པོ་ཡི་གེ་ལྔ། །གཡོ་མེད་ཟུང་འཇུག་ཨེ་ཝཾ་མཉམ་ཉིད་བླ་མེད་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་དེ་ལ་རྟག་ཏུ་ཕྱག་འཚལ་དགེ་ལེགས་སྩོལ། ། ༣ བདེ་འབྱུང་གནས་སུ་ས་བདག་དགུ་བཅུ་རྩ་དྲུག་གཙུག་ནོར་བུས། །ལེགས་མཆོད་འཕྲོག་བྱེད་ཡན་ལག་བརྒྱད་ལྡན་ལྷ་མིའི་བླ་མ་ཆེ། །མི་མཆོག་ཚུལ་གྱུར་ཆོས་རྒྱལ་རིགས་ལྡན་རྩ་ལྔ་བཅུ་ཕྲག་གསུམ། །རྒྱལ་བའི་རྒྱལ་ཚབ་རྡོ་རྗེ་ཐེག་པའི་སྟོན་པར་གུས་ཕྱག་འཚལ། ། ༤ སི་ཏའི་ལྷོ་ཕྱོགས་ཐེག་ཆེན་བསྟན་པའི་འབྱུང་གནས་འཛམ་གླིང་རྒྱན། །རྣམ་དག་ལྟ་སྤྱོད་ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་མཆེད། །རྒོལ་ངན་ཚར་གཅོད་ཕྱོགས་གླང་ཆོས་གྲགས་རྨད་བྱུང་སློབ་དཔོན་ནི། །ཞི་ལྷ་ཟླ་གྲགས་ཙནྡྲ་གོ་མཱིར་རབ་ཏུ་དང་བས་འདུད། ། ༥ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་མགོན་ཕྱོགས་འོད་དཔག་མེད། །ཞིང་འདིར་རིགས་མཆོག་ཉི་མའི་རྒྱལ་ཚབ་ཚུལ་བཟུང་འཕུར་འགྲོའི་རྒྱལ། །སྐུ་གསུམ་རྩལ་འཆང་སངས་རྒྱས་ཀུན་གྱི་གསང་གསུམ་རྫོགས་པའི་བདག །འདྲེན་པ་ཟླ་མེད་པདྨ་ཀ་རར་ཕྱག་འཚལ་འདུད། ། ༦ སྤྱན་རས་གཟིགས་དབང་གདུལ་བྱའི་ཉེར་འཚོ་ཡོངས་བྱོན་གངས་ཅན་མགོན། །མི་བདག་མཚན་དཔེས་བརྒྱན་པ་འོད་དཔག་མེད་ཞལ་དོ་གེར་ཅན། །སྒྱུ་འཕྲུལ་རྡོ་རྗེའི་མངའ་བདག་ལྷ་ཡི་ལྷར་གྱུར་འགྲོ་འདུལ་མཆོག །ནོར་བུ་པདྨ་སྲོང་བཙན་སྒམ་པོར་དད་པའི་སྤུ་ལོང་རྒྱུན་པར་གཡོ། ། ༧ ཐུབ་དབང་བསྟན་པའི་སྙིང་པོ་འཁོར་གསུམ་སོ་སོའི་དགོངས་པའི་དོན། །མ་ནོར་སྨྲ་བའི་དབང་ཕྱུག་བསྟན་པའི་ཤིང་རྟ་དོལ་པོ་ཞེས། །ཆོས་ཀྱི་སྤྲིན་འཕྲོ་ས་ཡི་དབང་ཕྱུག་ཕྱག་ན་པད་དཀར་འཆང་། །ཤེས་རབ་རྒྱལ་མཚན་གང་དེར་འདུད་དོ་བདག་རྒྱུད་བྱིན་གྱིས་རློབས། ། ༨ རྣམ་རིག་ལྟ་བའི་སྲོལ་ཆགས་ཇི་བཞིན་འཛིན་མཁས་ལེགས་བཤད་གཏམ། །གསར་དུ་སྤེལ་མཁས་འགྲོ་ཀུན་སྒྲོལ་བའི་སྤྱོད་འཆང་རྣམ་རོལ་མགོན། །ཚད་མེད་མཁྱེན་པའི་མཐུ་ཡིས་མངའ་བདག་ཀུན་གྱི་བཞེད་དགོངས་མཆེད། །ཀུན་ནས་དགའ་དཔལ་སྙིང་རྗེ་ཆེན་པོར་གྲགས་དེར་འདུད། ། ༩ རྣམ་འདྲེན་བཞི་པའི་བསྟན་གཞི་འཛིན་ལ་སྟོན་པ་གཉིས་པ་ལྟར། །བསྟན་པའི་བདག་པོར་སྲིད་འདིར་མཚུངས་མེད་འཇམ་དཔལ་དཔའ་བོ་གང་། །ངུར་སྨྲིག་གོས་ཀྱི་གཡིབ་ཏེ་མི་ཡི་ཟོལ་འཛིན་བློ་བཟང་པོ། །གྲགས་པའི་དཔལ་དེར་སྙིང་ནས་ཡི་རང་གུས་པ་ཆེན་པོས་འདུད། ། ༡༠ གྲུ་འཛིན་བདག་པོའི་འོད་ཟེར་རབ་སྤྲོས་མི་ཡི་སྲིད་པར་སྣང་། །འཛམ་གླིང་སྐྱེ་དགུའི་གཙུག་རྒྱན་སྤྱི་ཡི་འདྲེན་མཆོག་བླ་མ་ཆེ། །ཐམས་ཅད་མཁྱེན་གཟིགས་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །སྐལ་བཟང་བདེ་བའི་འབྱུང་གནས་གང་དེར་འདུད་དོ་བདག་བློ་འཆོས། ། ༡༡ ཨུ་རྒྱན་རྒྱལ་པོ་ཐོར་ཅོག་ཅན་ཞེས་མཚོ་སྐྱེས་བླ་མ་ནི། །རྒྱལ་བ་ཀུན་དངོས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དག་ཏུ་རང་གི་དམ་བཅའ་མཛད་པའི་པཎྜི་ཏ། །བློ་བཟང་ཡེ་ཤེས་རྒྱལ་བ་གཉིས་པའི་ཞབས་ལ་མཆོད་པར་བགྱི། ། ༡༢ སྐྱེ་དགུ་དགེ་ལེགས་མ་ལུས་འབྱུང་གནས་གཅིག་པུ་ཉིད་གྱུར་པ། །རྒྱལ་བསྟན་རིན་ཆེན་ཁོ་ན་ཉིད་སྟེ་དེ་ལ་སྨན་པ་ཡི། །བྱ་བ་བྱེད་པོ་ས་སྐྱོང་མི་ཡི་བདག་པོ་ཆོས་སྐྱོང་བ། །གང་དེ་ལ་ཡང་རྗེས་སུ་ཡི་རང་གུས་པའི་བསྔགས་འོས་ཡིན། ། ༡༣ འགྲོ་ཀུན་བདེ་བའི་ལམ་མཆོག་དམ་པའི་ཆོས། །བསམ་མི་ཁྱབ་པའི་གཙོ་བོ་འཁོར་ལོ་གསུམ། །ངེས་དང་ངེས་དོན་མཐར་ཐུག་སྟོན་པ་ཡི། །མཚན་ཉིད་མེད་དང་ཕྱིར་མི་ལྡོག་པའི་གཏམ། ། ༡༤ མཐའ་དག་སྨྲ་བའི་འདུས་སྡེ་ངོ་མཚར་ཕུལ། །མངོན་མཐོ་དགའ་ལྡན་ངེས་ལེགས་ཕུན་ཚོགས་ཀྱི། །གླིང་དེར་ཚོགས་གཉིས་མཆོད་སྤྲིན་འཕྲོ་བ་ཡི། །ངང་ཚུལ་ཆ་ཙམ་དེབ་ཀྱི་ཚུལ་འདིར་གླེང་། ། ༡༥

ཞེས་ཚིགས་སུ་བཅད་པས་མདུན་བསུས་ནས། །གང་འདིར་རྒྱལ་བ་ཧཱ་ལའི་ཉི་མ་དོན་ཀུན་གྲུབ་པ་ཐུབ་པ་ཆེན་པོ་འགྲོ་ཀུན་འདྲེན་མཛད་ལྷ་ཡི་བླ་མའི་བླ་མ་གང་གི་བསྟན་པ་རིན་པོ་ཆེ་དེང་དུས་རབ་ཏུ་རྒྱས་པའི་ཡུལ་བྱང་ཕྱོགས་རི་ཁ་བ་ཅན་གྱི་ཁོངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་གིར་མཛད་པའི་ཞིང་ཁམས་བོད་ཡུལ་རུ་བཞི་ལས་གཙང་རུ་ལག་གི་ཆ་སྲིད་པའི་མ་མོ་ནག་སྨན་རྒྱལ་མོའི་ཕོ་བྲང་གི་ངོགས་ན། རྒྱལ་བས་རྔོ་བོ་ཆེ་ཡི་མདོར་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་རྨད་དུ་བྱུང་བའི་མཁས་པ་རྡོ་རྗེ་འཆང་ཨ་ནནྡ་གརྦྷ་མངྒ་ལཾ་ཀེ་རུ་ཤྲཱི་བྷ་ཊ་གང་གི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་གནས་མཆོག་རྟག་བརྟན་ངེས་དོན་དགའ་བའི་ཚལ་ལམ་དགའ་ལྡན་ཕུན་ཚོགས་གླིང་ཞེས་སྙན་པའི་བ་དན་དཀར་པོ་སྲིད་རྩེར་འཕྱོ་བ་བསླབ་གསུམ་དག་པའི་དགེ་སྦྱོང་བརྒྱ་ཕྲག་དུ་མས་དམ་པ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་ཀུན་དགའ་ར་བ་གང་གི་རྨང་བཏིང་ནས་ལོ་བརྒྱ་ཕྲག་གཅིག་དང་བདུན་ཅུ་རྩ་བདུན་འདས་ཤིང་། གངས་རིའི་ཁྲོད་སྤྱི་ཡི་འདྲེན་པ་རྒྱལ་མཆོག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ལག་ན་པད་དཀར་འཆང་བའི་སྒྱུ་འཕྲལ་བདུན་པ་ངག་དབང་བསྐལ་བཟང་རྒྱ་མཚོའི་སྡེ་དང་། འདུལ་བ་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུ་མ་ཧཱ་པཎྜི་ཏ་བློ་བཟང་ཡེ་ཤེས་ཞལ་སྔ་ནས་ཀྱི་རྒྱལ་བསྟན་ཡོངས་རྫོགས་འཛིན་པར་མཛད་ཅིང་། གནམ་བསྐོས་བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མི་ཡི་རྗེ་ཆོས་སྐྱོང་ས་ཆེན་པོ་གང་གི་རྣམ་པར་དཀར་བའི་རྒྱལ་ཁྲིམས་ཀྱིས་ཁ་བ་ཅན་གྱི་ལྗོངས་མཛེས་པར་བྱེད་པའི་དུས་སྐབས་རབ་བྱུང་བཅུ་གཉིས་པའི་དགུང་ཡོངས་འཛིན་ཆུ་བྱིའི་ལོ་གསར་དུ་འཆར་བའི་སྐབས་སུ་ཕྲན་མདོ་ཁམས་ཀཿཐོག་ལྷོ་རྒྱུད་དུ་ལྷ་ལས་བབས་པ་རྔུ་ཡི་རིགས་སུ་སྐྱེས་ཤིང་། ཨོ་ཌོ་ཡ་ན་ཨ་ཙརྱ་མ་ཧཱ་པུ་ཥཾ་པདྨ་ཀ་པཱ་ལ་མ་ལེ་པ་ཀྲ་མས་ཚེ་རབས་དུ་མར་རྗེས་སུ་བཟུང་བ། ཤཱཀྱའི་དགེ་བསྙེན་འོད་གསལ་རྡོ་རྗེ་སྙིང་པོའི་རིག་པ་འཛིན་གྱུར་རྒྱལ་ཁམས་ཕྱོགས་མེད་དུ་རྒྱུ་བ་ཚེ་དབང་ནོར་བུར་གྲགས་པ་བདག་གིས། སྤྱིར་རྒྱལ་བསྟན་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་གི་བློ་མིག་སྙིང་དབུས་ནས་རྒྱས་ཤིང་།

ཁྱད་པར་སྔོན་གནས་རྗེས་སུ་འོལ་ཅིར་དྲན་པའི་བག་ཆགས་མཐུག་པོའི་དབང་གིས་གདན་ས་དམ་པ་འདིར་དད་གུས་དུང་ཆེན་པོས་དྲང་བས་ཕན་ཡོན་ཆེ་བར་རྟོགས་ཏེ། སྤྱིར་སྐྱེ་དགུ་ཐམས་ཅད་བདེ་བའི་དཔལ་ལ་སྤྱོད་པ་དང་། བྱེ་བྲག་དེ་ཡི་རྩ་ལག་རྒྱལ་མཆོག་གོ་ཏམ་ཉི་མའི་བསྟན་པ་མཐའ་དག་ཡུལ་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་པའི་ཆེད་དང་། ཁྱད་པར་གངས་ཅན་གྱི་བསྟན་པའི་བདག་པོ་ཐམས་ཅད་མཁྱེན་གཟིགས་བླ་མ་ཆེན་པོ་ཡབ་སྲས་ཀྱི་ཞབས་པད་རྡོ་རྗེའི་རི་བོ་ལྟར་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། དེ་བཞིན་བོད་ཡུལ་གྱི་མངའ་བདག་དགེ་བཅུའི་ཁྲིམས་ཀྱིས་སྐྱོང་བ་ཆོས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ཆབ་སྲིད་བརྟན་ཅིང་བདེ་ལེགས་འཕེལ་པའི་ཕྱིར་དང་། གཞན་ཡང་བདག་དང་འབྲེལ་བཅས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པ་ཀུན་གྱི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་མྱུར་དུ་བརྙེས་ཤིང་བྱང་ཆེན་མཆོག་གི་གོ་འཕང་ལ་སྦྱོར་བའི་ཆེད་དུ་དམིགས། ཆུ་ཟླ་ཆོ་འཕྲུལ་དུས་ཆེན་གྱི་ཡར་ཚེས་བརྒྱད་ལ་མང་ཇ་བརྒྱད་སྦྱར་བའི་མུ་མཐུད་ནས་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་ཉེར་གཉིས་ནམ་བྱུང་བར་དགའ་ལྡན་ཕུན་ཚོགས་གླིང་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་བཟང་བ་རེ་ཡོང་བའི་རྩ་བར་དངུལ་སྲང་ལྔ་བཅུ་རྩ་བཞི་ལ་ནེམྤལ་གྱི་དི་ནར་སུམ་བརྒྱ་དྲུག་ཅུ་ཡུལ་ལུགས་ཀྱི་བདེ་ཡང་བར་གསུམ་མ་བཞི་སྐྱེད་དུ་སྦྱར་བ་དང་། ཡང་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཕྱོགས་ལས་རྣམ་པར་རྒྱལ་པ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཚེས་ ༡༨ ཚེས་ ༢༠ ཚེས་ ༢༢ རྣམས་ལ། མར་དཀར་རྟགས་ཉག་སྤོར་གང་གི་མཆོད་མེ་ཀོང་བཀང་རེ་དང་། ཐོབ་གཞི་གོང་མཐུན་གྱི་གཞལ་ཡས་ཁང་དུས་འཁོར་བློས་བླང་གི་མདུན་དུ། ཚེས་ ༡༥ ཚེས་ ༣ དང་དེ་བཞིན་བདེ་བ་ཅན་གྱི་ཡེ་ཤེས་མཆོད་རྟེན་དྲུང་དུ། ཚེས་༡༠ ཚེས་ ༢༥ རྣམས་ནམ་འཆར་དུ་མར་མེ་ཆགས་མེད་རྟེན་རྩ་བ་ནེམ་པཱ་ལ་ཡི་དི་ནར་དྲུག་ཅུ་རྩ་གསུམ། ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་ཉམས་པ་མེད་པའི་བཙས་སུ་སྦྱར་བ་སྟེ་དགེ་ལེགས་ཡོན་ཏན་འཕེལ་བའི་རྒྱུ་ཕུན་སུམ་ཚོགས་པར་གྱུར་ཅིག

ཨ་ཐཱ། ཁྱད་པར་འཕགས་པའི་ཆོས་རྡོ་རྗེ་ཐེག་པའི་རྒྱུད་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་ས་བཅུ་པའི་དགོངས་འགྲེལ་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་འདི་ཉིད་རྒྱ་བོད་འཕགས་གྲུབ་ཆེན་པོ་ཐམས་ཅད་ཀྱིས་གཅེས་པའི་ཟབ་ཆོས་བླ་ན་མ་མཆིས་པ་ཡིན་པར་མ་ཟད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་གྱི་རྒྱུད་རྒྱལ་འདི་ཉིད་ལ་དགྱེས་ཤིང་ཉམས་བཞེས་མཛད་པ་ལས་ཀྱང་། གསན་པའི་གནས་ཡུལ་ཇོ་ནང་དུ་ཕྱོགས་རྣམ་པའི་སྤྱན་སྔར་ཡིན་ལ་དེ་སྐབས་དུས་འཁོར་ལྷན་སྐྱེས་གསེར་གྱི་མདོག་ཅན་ཀྱང་ཞལ་གཟིགས་ལ་བྱིན་རླབས་དོན་བརྒྱུད་ཀྱི་ཆུ་བོ་འདིར་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཞིང་། གཞན་ཡང་རྗེ་རིན་པོ་ཆེའི་རྗེས་སུ་འབྲང་བའི་སྐྱེས་མཆོག་དམ་པ་མཚར་དུ་དངར་བ་རྣམས་ཀྱིས་བཅོམ་ལྡན་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་སྲོལ་གཙོར་མཛད་པ་འབའ་ཞིག་སྟེ། རང་རང་གི་རྣམ་པར་ཐར་པས་ཤེས་ཤིང་འདིར་ཡི་གེ་འབྲིར་ག་ལ་ལང་། གཙོ་བོར་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས་དང་། རྒྱལ་མཆོག་ཐམས་ཅད་མཁྱེན་གཟིགས་ལག་ན་པད་དཀར་འཆང་ལྔ་པ་ཆེན་པོ་ཡི་ངོ་མཚར་རྨད་དུ་གྱུར་པའི་ཆོས་དམ་པར་ཆེས་ཆེར་བསྔགས་པར་མཛད་པའི་རྒྱུད་སྡེ་ཆེན་པོ་གང་འདི་ཡི་ཆོ་ག་དགོན་སྡེ་ཆེན་པོ་འདིར་ཚུགས་ན་གངས་ཅན་གྱི་བདེ་སྐྱིད་རྩ་བ་རྒྱལ་བསྟན་རིན་པོ་ཆེ་ཡོངས་སུ་སྐྱོངས་བ་བསྟན་པའི་བདག་པོ་མཆོད་ཡོན་གྱི་ཆབ་སྲིད་མངའ་ཐང་འཕེལ་བའི་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་ས་དབང་ཆོས་ཀྱི་རྒྱལ་པོའི་སྲས་བྱང་ཆུབ་སེམས་དཔའ་ཐོ་པ་ལ་ཆི་གུང་སྐུ་ཞབས་ནས་དངུལ་སྲང་ལྔ་བཅུ་ཐམ་པ་སྟེ་དངུལ་བྲེ་ཆེན་དུ་གྲགས་པ་གཅིག་གནང་ཞིང་།

དེ་ཡི་མུ་མཐུད་དུ་བདག་གི་དངུལ་སྲང་བརྒྱ་ཐམ་པ་སྟེ་བྲེ་ཆེན་གཉིས། དེ་བཞིན་བླ་མ་དམ་པ་ཀུན་བཟང་དབང་པོའི་ཞལ་སྔ་ནས་ཀྱི་སྐུ་ཞབས་སུ་བདག་གི་སྦྱོར་དྲུག་ཁྲིད་བཀའ་ལན་དྲུག་དང་བདག་པོ་དང་བདག་པོ་ཆེན་པོའི་དབང་ལན་དྲུག་ཏུ་ནོད་པའི་བཀའ་དྲིན་ནི་གླིང་བཞི་བྱེ་བ་ཕྲག་བརྒྱ་ཙིནྟ་མ་ཎིའི་བཀང་སྟེ་བསྐལ་པའི་བར་ཉིན་རེ་བཞིན་ཕུལ་ཡང་ཚིགས་སུ་བཅད་པ་གཅིག་གི་ཡོན་དུ་ཡང་དཀའ་མོད། འོན་ཏེ་རང་གི་སྒོ་གསུམ་གུས་པས་ཟང་ཟིང་ཅི་ཡོད་ཀྱི་སྤོང་ཐག་ལན་དུ་མར་བགྱིས་པ་ལས་དེ་དག་ཕལ་ཆེ་བ་མཆོད་སྦྱིན་དུ་སྤེལ་བའི་ཆ་ཤས་དང་། དད་ལྡན་འགའ་ཡིས་ཕུལ་བ་རྣམས་ཚོགས་གོང་འཕེལ་དུ་དགོངས་ནས་དངུལ་སྲང་བརྒྱ་དང་ལྔ་བཅུ་དངུལ་བྲེ་ཆེན་གསུམ་ཕུལ་བར་མཛད་དེ། ཁྱོན་དྲིལ་དངུལ་བྲེ་ཆེན་དྲུག་ནེམྤལ་དི་ནར་སྟོང་ཕྲག་གཉིས་ཀྱི་རྩིས་ལྡན་འབྲི་བ་མེད་ངེས་པ་དང་། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཆོ་ག་བཏང་བའི་ཆ་རྐྱེན་དུ་དགའ་ལྡན་ཕུན་ཚོགས་གླིང་བཟང་པོར་སྦྱར་བ་སྟེ། དེ་ཡང་དུས་ཀྱི་འཁོར་ལོ་ཆོ་ག་རྒྱས་པར་རྗེ་བདག་ཉིད་ཆེན་པོའི་གསུང་ཐུགས་སྐུ་ཡོངས་སུ་རྫོགས་པའི་སྒྲུབ་དཀྱིལ་སྦྲེལ་བ་ཞིག་འཛུག་ཐུབ་ན་ཤིན་ཏུ་ལེགས་པར་གྱུར་རུང་། ཆོས་སྡེ་འདི་བཤད་པའི་གྲར་སོང་བ་དང་། སྙིགས་མ་དུས་དབང་གི་ཤེར་བརྩོན་ཞེན་པ་རྣམས་ཆོ་ག་ཚོགས་ཆེ་ན་དཀའ་ཚེགས་ཆེན་པོས་དུབ་པར་དོགས། ཆོ་ག་ཟོར་ཡང་ན་ཆགས་འགྲིབ་མི་འབྱུང་བའི་ཆེད་དུ་དམིགས། ཀླག་དཔེ་ཡང་འགྲུབ་སླ་བ་བཅས་ཀྱི་རྭ་ལོ་གསུམ་པའི་གསུང་ངག་དུས་འཁོར་ལྷ་དགུའི་བསྒྲུབ་ཐབས་དང་། རྣལ་འབྱོར་མ་རིགས་བརྒྱའི་ཆོ་ག་ཡོངས་སུ་རྫོགས་པ། ཚོགས་མཆོད་བདུད་རྩི་འཁྱིལ་པ་བཅས་ཕྱག་བཞེས་སྔར་རྒྱུན་མ་ཉམས་པ་གཟབ་རྒྱས་སུ་དགེ་འདུན་བརྒྱ་དང་སུམ་ཅུ་རྩ་དྲུག་ལས་མི་ལྷག་མི་ཆད་པས་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་ཚེས་བཅོ་ལྔ་ནམ་ཤར་བར་གཞལ་ཡས་ཁང་དུ་གྲགས་པར་རིགས་ལྡན་སྤྲུལ་པས་བསྒྲུབ་པའི་དུས་འཁོར་དཀྱིལ་འཁོར་བློས་བླང་མདུན་དུ་གནང་རྒྱུ་ཡིན་ལ། དེ་ཡང་དགེ་རྒྱུན་འདི་སྦྱར་དུས་འབྲུ་མར་ཤ་སོགས་སྤྲུལ་དཀོན་པའི་ལོ་སྐབས་སུ་གྱུར་ཡང་། ཆོ་ག་གྲྭ་པ་རྣམས་ལ་གསོལ་ཇ་བཞེས་འཇམ་ཚོགས་འཁོར་གྱི་ཡོ་བྱད་བཟང་པོའི་ཐོབ་ལྡན་དུ་བགྱིས་པ་ཡིན་གྱི། སླད་མར་འབྲུ་ཤ་སོགས་སྤུས་འབོལ་པོ་བྱུང་ཚེ་འཕར་གང་ཡིན་དུས་འཁོར་ཚོགས་རྫས་སུ་སྤར་ཏེ་ལས་པ་འདི་ཐོག་ཏུ་འཕར་འདི་བཏང་ཞེས་སྤྱན་ལྟོས་བཟང་པོར་ཕན་པའི་ཕྱག་བཞེས་དང་། གང་ལྟར་གོང་གསལ་གྱི་དགེ་རྒྱུན་དངུལ་རྩ་བར་ཉམས་ཆགས་མེད་པར་དུས་ཇི་སྲིད་སྒྱུ་འཕྲུལ་སྲས་པོའི་བསྟན་པ་ས་ཕྱོགས་འདིར་གནས་ཤིང་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་འཛིན་པ་ཡོད་པ་དེ་སྲིད་དུ་དགེ་ལེགས་དུ་མ་འབྱུང་བའི་རྟེན་འབྲེལ་བཟང་པོའི་གཞི་རྟེན་དུ་དུས་འཁོར་ལྷ་དགུ་རྣལ་འབྱོར་མ་རིགས་བརྒྱའི་ཆོ་ག་ཚོགས་ཀྱི་འཁོར་ལོ་དང་བཅས་པ་འདི་ངེས་པར་གནས་པའི་བྱེད་པོ་དགའ་ལྡན་ཕུན་ཚོགས་གླིང་གི་བསྟན་འཛིན་སྐྱེས་བུ་མཁན་སློབ་སྤྱི་ཡི་གཟིགས་པས་བཙའ་བ་དང་། ལས་བྱེད་པས་ཀྱང་དོ་དམ་ལྷག་བསམ་རྣམ་པར་དག་གཙང་དགེ་བས་གནང་ངོས། དགེ་འདུན་སྐུ་དྲག་རྣམས་ཀྱང་གལ་ཆུང་མ་ཡིན་པར་རྒྱལ་བསྟན་རིན་པོ་ཆེར་དམིགས་པའི་འགན་ཁུར་ཆེ་བཞེས་བཀའ་དྲིན་ཆེན་པོས་ཆོ་ག་མཉམ་པ་མེད་པའི་མཛད་པ་སྐྱོང་བར་གསོལ་བ་འདེབས་ཤིང་། དེ་བཞིན་རྒྱལ་བའི་བསྟན་བསྲུང་མཐུ་རྩལ་ནུས་པ་རྨད་དུ་བྱུང་བ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཡབ་ཡུམ་འཁོར་བཅས་དང་། ཁྱད་པར་ལེགས་ལྡན་ནག་པོ་ཏྲཀྴད་ལྕམ་དྲལ། གཟའ་མཆོག་ར་ཧུ་ལ་འཆི་བདག་གཤིན་རྗེའི་ཚོགས་དང་བཅས་པ། གནས་བདག་ནགས་སྨན་རྒྱལ་མོ་ལ་སོགས་མཐུ་ལྡན་དམ་ཅན་དྲེགས་པ་ཅན་རྣམས་ཀྱིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་དགའ་ལྡན་ཕུན་ཚོགས་གླིང་བཤད་སྒྲུབ་ཀྱི་སྡེ་ཉམས་པ་མེད་པའི་འཕྲིན་ལས་དང་། དེ་བཞིན་དུ་འགྲོ་བ་མཐའ་དག་གི་དགེ་ལེགས་འབྱུང་གནས་རྒྱལ་བ་མཆོད་ཡོན་གྱི་ཆབ་སྲིད་ཡུན་དུ་གནས་ཤིང་བོད་ཁམས་བདེ་བའི་རྟེན་འབྲེལ་དུ་དམིགས་པ་ཡིས་དུས་ཀྱི་འཁོར་ལོའི་ཆོ་གའི་རྒྱུན་འདི་ཉམས་པ་མེད་པའི་བསྲུང་མ་མཛད་ནས་བར་དུ་གཅོད་པ་མཐའ་དག་ཐལ་བའི་རྡུལ་བཞིན་བརླགས་ཤིང་མཐུན་རྐྱེན་འདོད་དགུ་ཡིད་བཞིན་དུ་རྒྱས་པར་མཛོད་ཅིག ཞེས་དངོས་དོན་སྨོས་ཟིན་ནས་སླར་སྨྲས་པ།

དེ་ལྟར་མི་འགྱུར་བདེ་ཆེན་ལ་དགའ་བས། །རྣམ་ཀུན་མཆོག་ལྡན་དུས་གསུམ་རྒྱལ་བའི་ལམ། །མངོན་མཐོ་ངེས་ལེགས་ཕུན་སུམ་ཚོགས་པའི་གླིང་། །བདག་སྐལ་བཟང་པོས་སྤྱོད་འདི་ངོ་མཚར་ཡིན། ། ༡ རྟག་བརྟན་འགྱུར་བ་མེད་པའི་བདེ་གཤེགས་ཁམས། །ཡིན་ལུགས་ཚུལ་བཞིན་འཆད་པ་དམ་པའི་ཆོས། །ངེས་དོན་ཙམ་མིན་ངེས་དོན་མཐར་ཐུག་གི །ཆོས་འཁོར་གནས་འདིར་བདག་སྙིང་དགའ་ཚལ་འགྱུར། ། ༢ ཚུལ་འདིས་ཉེ་བར་དྲངས་ནས་ཐེག་ཆེན་མཆོག་གྱུར་སྔགས་ཀྱི་རྒྱུད། །རྡོ་རྗེ་ཐེག་པའི་མཐར་ཐུག་དུས་བཞི་འཁོར་ལོ་ཕྱི་ནང་གཞན། །དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་བདེ་བ་ཆེ། །གང་གི་དཀྱིལ་འཁོར་འཁོར་ལོ་མཆོད་པའི་སྤྲིན་དཔུང་བཟང་པོ་ནི། ། ༣ སྔོན་བྱོན་སྐྱེས་མཆོག་རྨད་བྱུང་རྗེ་བཙུན་དམ་པར་གྱུར་རྣམས་ཀྱི། །དགོངས་ཀློང་རྒྱ་མཚོ་བསྐང་ཞིང་བདག་གཞན་འགྲོ་བའི་ཚོགས་གཉིས་གང་། །རབ་སྤེལ་ཆེད་དུ་འབད་པ་དུ་མ་དང་བཅས་ལྷག་བསམ་གྱིས། །རྫོགས་ལྡན་དཔལ་བཟང་གསར་དུ་བསྐྱེད་འདི་སྔོན་ལམ་ལས་སུ་ངེས། ། ༤ སྤྱིར་ཡང་གཞན་གྱི་འདག་དཀའི་སྡིག་ཚོགས་མ་ལུས་བསྲེགས་པའི་མེ། །བྱང་ཆུབ་ཆེན་པོའི་འབྲས་བུ་དུས་འདིར་སྩོལ་བྱེད་རྨད་བྱུང་ཐབས། །དེ་ཕྱིར་དཔྱོད་ལྡན་བླ་མེད་རྒྱུད་ཀྱི་དཀྱིལ་འཁོར་ཚོགས་འཁོར་གྱིས་མཆོད་པ། །མཚུངས་པ་ཡོད་མིན་མཐའ་དག་རྒྱུད་སྡེ་ནས་བསྔགས་སྙིང་ལ་བཟུང་། ། ༥ དོན་དེས་གཞུང་དོན་མཁྱེན་པ་ཀུན་གྱི་འབད་པས་ཚུལ་འདི་བསྒྲུབ། །དེ་ཕྱིར་ཕྱོད་ལྡན་རྣམས་ཀྱིས་མགྲིན་གཅིག་བསྔགས་པར་འོས་ལགས་ཤིང་། །བདག་ཀྱང་ཚུལ་འདིར་འབད་པའི་དགེ་བས་སྐྱེ་ཀུན་ཡང་འདིར་འབད། །དེ་ལྟས་རིང་མིན་རྣམ་མཁྱེན་རྫོགས་སངས་རྒྱས་འབྲས་ཐོབ་པར་ཤོག ། ༦ གཞན་ཡང་བདག་གི་དུས་གསུམ་བསགས་ཡོད་དགེ་བའི་ཚོགས་མ་ལུས། །གཅིག་སྡོམ་བྱང་ཆེན་རྒྱུར་བསྔོ་ཐེག་ཆེན་སྨོན་ལམ་བཏབ་པ་ཀུན། །བསླུ་མེད་དུས་འདི་ཉིད་ནས་ཡོངས་གྲུབ་རྒྱལ་བ་མཆོག་གོ་འཕང་། །མ་ཐོབ་བར་དུ་མངོན་མཐོའི་དགེ་ལེགས་ཡོངས་ལ་སྤྱོད་པར་ཤོག ། ༧ སྐྱེ་ཀུན་རིགས་བཟང་མཚན་དཔེ་བཟང་བརྒྱན་ལུས་ཐོབ་ཀུན་ཡིད་འོང་། །འཇིག་རྟེན་འཇིག་རྟེན་འདས་པའི་ལམ་ཀུན་ཡོངས་ཤེས་བློ་གྲོས་རྒྱས། །སངས་རྒྱས་བསྟན་ལ་མི་ཕྱེད་དད་གུས་མཆོག་ཏུ་རྟག་ཏུ་བརྟན། །བསྟན་པའི་སྒོར་ཞུགས་ཚུལ་ཁྲིམས་བསླབ་པ་དག་གཙང་སྤྱོད་པར་ཤོག ། ༨ འགྲོ་ཕན་གྱུར་ན་མ་གཏོགས་སྐྱེ་ཀུན་ཆགས་ཁྲོ་རྨོངས་ཕྲག་དོག །རྣམ་རྟོག་ངན་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བྱམས་པ་དང་། །སྙིང་རྗེ་དགའ་བ་བཏང་སྙོམས་ལ་སྤྱོད་འགྲོ་བའི་དོན་རྒྱ་ཆེར། །ནམ་ཡང་གཡེལ་མེད་སྤྱོད་ནས་འབྲེལ་ཚོགས་མ་ལུས་འདྲེན་པར་ཤོག ། ༩ ཏིང་ངེ་འཛིན་དང་ཤེས་རབ་བསླབ་སྤྱོད་ཡོན་ཏན་རྩལ་མྱུར་རྫོགས། །གཟུང་དང་སྤོབས་པ་མཐའ་ཡས་ཡོངས་གྲུབ་རྒྱལ་གསུང་ཆོས་ཀྱི་སྒོ། །མ་ལུས་གཅིག་ཆར་བློ་ཡིས་འཛིན་ཞིང་ཇི་བཞིན་དོན་འཆད་ནུས། །རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་དགོངས་པ་མ་ལུས་བསྐང་བར་ཤོག ། ༡༠ ཁྱད་པར་ཚེ་རབས་ཚེ་རྒྱུད་རྟག་ཏུ་རྡོ་རྗེ་ཐེག་ལམ་འཕྲད། །རྨད་བྱུང་ཟབ་གསལ་བདེ་ལམ་མཆོག་གྱུར་བཅོམ་ལྡན་དུས་འཁོར་ལོ། །སྟོན་མཛད་མཁྱེན་བརྩེ་ནུས་ལྡན་བླ་མ་དམ་པས་རྗེས་བཟུང་ནས། །སྨིན་དབང་ཡོངས་རྫོགས་བསྐྱེད་རིམ་ཡེ་ཤེས་ཆེས་དབང་མྱུར་བརྙེས་ཤོག ། ༡༡ རྫོགས་རིམ་བྱེད་ཅིང་ཅུང་ཟད་ཙམ་གྱིས་རླུང་དབུར་ཞུགས་ནས་ཐིམ། །ཟབ་གསལ་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་མཉམ། །ས་གསུམ་ཕོ་ཉ་མའི་ཚོགས་མ་ལུས་བདག་དྲུང་རབ་འདུས་ནས། །མི་འགྱུར་བདེ་ཆེན་གྲོགས་སྤྱོད་ཁུ་རྡུལ་རླུང་དག་རྡོ་རྗེ་གསུམ་འགྲུབ་ཤོག ། ༡༢ གཞན་ཡང་ལས་བཞི་ལྟ་སྟངས་བཅུ་གཉིས་གྲུབ་པ་ཆེན་པོ་བརྒྱད། །ཡོངས་རྫོགས་ཅིག་ཆར་བརྙེས་ནས་འགྲོ་ཕན་རྒྱ་ཆེན་པོ་བསྒྲུབ་ཅིང་། ། ༡༣ དེ་བཞིན་བདག་མཐོང་ཐོས་རེག་གྱུར་འགྲོ་ཀུན་སྡིག་ཟད་ནས། །བདེ་ལྡན་འོད་དཔག་མེད་པའི་ཞིང་དུ་བཙན་ཐབས་འདྲེན་པར་ཤོག །ཡང་ཅིག་བདག་གི་ཐེག་ཆེན་སྨོན་ལམ་རྒྱ་མཚོ་ཆེ་གང་བཏབ། །བདག་ལ་གུས་ལྡན་སློབ་ཚོགས་ཀུན་གྱི་ལེགས་འགྲུབ་ཚོམ་བུར་འཚོགས། །གལ་ཏེ་བདག་སྨོད་བདག་ལ་གནོད་པའི་སེམས་ལྡན་གྱུར་རྣམས་ཡང་། །སྡིག་པ་མྱུར་དག་བདག་གི་བྱང་ཆེན་སྤྱོད་པའི་འབངས་བྱེད་ཤོག ། ༡༤ མདོར་ན་ཚེ་རབས་ཀུན་ཏུ་བྱང་ལམ་སྤྱོད། །རང་དབང་ཉིད་ཀྱི་རྒྱལ་བསྟན་ཅི་བདེར་སྤེལ། །མ་ནོར་ངེས་དོན་མཐར་ཐུག་ལྷག་པར་འཆང་། །དོན་གཉིས་ལྷུན་གྲུབ་ནོར་བུའི་གནས་ཐོབ་ཤོག །ཅེས་ཆོས་གྲྭ་ཆེན་པོ་དགའ་ལྡན་ཕུན་ཚོགས་གླིང་དུ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཆོ་ག་གང་དང་སྐུ་བརྙན་རྣམས་ལ་སྣང་སལ་དང་འདུས་སྡེར་མང་ཇ་སྦྱར་བའི་དོད་དུ་རིག་འཛིན་ཚེ་དབང་ནོར་བུས་བོད་ཡུལ་ས་ཡི་ཐིག་ལེ་ལྷ་ལྡན་འཕྲུལ་སྣང་གི་བྱ་འདབས་སུ་མེ་འབྲུག་ཁྲུམས་ཟླའི་དམར་ཕྱོགས་བརྒྱད་ལ་གྲུབ་པར་བྲིས་པ་དགེའོ། །དགེའོ། །

ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་སྨད་གནས་ཆེན་རྒྱ་ལ་ཡི་འཇམ་དཔལ་གྱི་ཐུགས་ཀྱི་རྟེན་རང་བྱུང་མཆོད་རྟེན་གྱི་དཀར་ཆག་ཤུགས་བྱུང་རྡོ་རྗེའི་གླུ་མི་འགྱུར་བྱིན་རླབས་གཟི་འབར།

༄༅། །ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་སྨད་གནས་ཆེན་རྒྱ་ལ་ཡི་འཇམ་དཔལ་གྱི་ཐུགས་ཀྱི་རྟེན་རང་བྱུང་མཆོད་རྟེན་གྱི་དཀར་ཆག་ཤུགས་བྱུང་རྡོ་རྗེའི་གླུ་མི་འགྱུར་བྱིན་རླབས་གཟི་འབར་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དུས་གསུམ་རྒྱལ་བ་ཀུན་གྱི་མགྲིན་གཅིག་ཏུ། །འཇམ་དཔའ་བོ་བ་སྤུ་ཁུང་ཅིག་གིས། །ཡོན་ཏན་བསྐལ་བརྒྱར་བརྗོད་ཀྱང་འཛད་ནུས་མིན། །དེས་ན་མགོན་དེར་སྙིང་ནས་ཕྱག་འཚལ་འདུད། །གང་དེས་མི་མཇེད་ཞིང་འདིར་འདྲེན་པ་མཆོག །ཐུབ་པའི་རྒྱལ་ཚབ་མཆོག་གྱུར་པདྨ་འབྱུང་། །དེ་ལས་འཇམ་དཔལ་གཞན་དུ་ཡོད་མ་ཡིན། །དེས་ན་ཤེས་བཞིན་དེ་ལ་སྙིང་ནས་འདུད། །འཇམ་དཔལ་དཔའ་བོའི་ཐུགས་རྟེན་མཆོད་རྟེན་འདི། །ཕྱེད་ནི་རྡོ་རྗེ་རི་ཡི་སྤོར་ནུབ་པ། །ཆོས་སྐུ་བློ་འདས་དམིགས་སུ་མེད་པའི་བརྡའ། །ཕྱེད་ནི་རང་བྱུང་འབུར་དུ་དོད་པ་ནི། །གཟུགས་སྐུའི་སེམས་ཅན་གཞན་དོན་བྱེད་པའི་བརྡའ། །དེ་ལ་རིམ་པ་གླིང་བཞིར་བརྩེགས་པ་ནི། །དང་པོ་ལྷ་མི་གཉིས་པ་ཉན་རང་དང་། །གསུམ་པ་ཐེག་ཆེན་བཞི་པ་སྔགས་ཀྱི་བརྡའ། །ཆོས་འཁོར་རྩེ་རྣོན་ཆར་ཁེབ་སྤང་བ་ནི། །ཆོས་དབྱིངས་གསང་བ་གཞལ་དུ་མེད་པའི་བརྡའ། །རྩེ་མོའི་གཡོན་དུ་ཉི་ཟླ་ཁ་སྦྱོར་དང་། །སེང་ཁྲིའི་གཡས་སུ་དགའ་འཁྱིལ་ཟླུམ་པོས་མཚན། །འདི་ནི་རྒྱལ་བའི་ཡེ་ཤེས་རང་མདངས་ཉིད། །གདུལ་བྱའི་ཆེད་དུ་ཅིར་ཡང་སྣང་བ་ལས། །རྒྱང་པའི་གནས་ཀྱི་ཐུགས་རྟེན་རང་བྱུང་ཚུལ། །རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས་མཛད་ཅིང་། །ཡེ་ཤེས་སྣང་བ་རབ་ཏུ་གནས་བྱས་ནས། །སྐལ་བཟང་ཚོགས་གཉིས་བསགས་པའི་ཆེད་དུ་སྣང་། །དེས་ན་སྦ་དོང་འཇམ་དཔལ་སྐུ་ཡི་རྟེན། །ཆུ་ཀླུང་སྔགས་སྒྲ་སྒྲོགས་པ་གསུང་གི་རྟེན། །རང་བྱུང་མཆོད་རྟེན་འདི་ནི་ཐུགས་ཀྱི་རྟེན། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ནོ། །ལོངས་སྐུ་ངེས་པ་ལྔ་དང་ལྡན་པའི་མདངས། །སྤྲུལ་སྐུ་གཞན་དོན་ཅིར་ཡང་སྣང་བ་ལས། །བེམས་པོའི་ཚུལ་ལ་སེམས་དཔའ་གསུམ་བརྩེགས་པའི། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན་འདི་ཡང་། །ཇི་སྲིད་དུས་ཀྱི་མཐའ་ལ་ཐུག་གི་བར། །འགྲོ་བའི་སྒྲིབ་སྦྱངས་ཆེད་དུ་བརྟེན་པར་སྣང་། །དེས་ན་འདི་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་རྣམས་ཐར་པ་གསུམ་གྱི་ས་བོན་གང་། །ངེས་པར་བཞག་པའི་ནུས་པ་མཆོག་ལྡན་པར། །འཇམ་དཔལ་དཔའ་བོ་པདྨ་འབྱུང་གནས་ཀྱི། །རྡོ་རྗེའི་གསུང་ལས་ངེས་པར་གྲུབ་པ་ན། །བློ་ལྡན་རྣམས་ཀྱི་ཡིད་ཆེས་གནས་སུ་འོས། །འདི་ཚུལ་རྒྱས་པར་སླད་ནས་གཏེར་ཤོག་ལས། །གཏེར་སྤྱོད་ཡང་དག་མཆོག་གི་སྟོན་གྱུར་ངེས། །གཞན་དུ་རྟོག་སྤྱོད་རིག་པ་བསྒྲིམས་པོ་ཡི། །སྐུ་གཟུགས་ཕྱག་མཚན་འདྲ་དཔྱད་ཀྱིས་གདགས་ཀྱང་། །བྱིན་རླབས་མཚན་ཀ་ཆེན་པོ་འབྱུང་མིན་ཏེ། །སྲིན་བུའི་ཤུལ་རྗེས་ཡི་གེ་གཟུགས་གྱུར་མཚུངས། །འོན་ཀྱང་དད་པ་བརྟན་པོར་གནས་པ་ཡི། །འདུན་པའི་དགེ་བ་འགོག་པ་མང་མ་ཡིན། །གཞན་གྱུར་གཏེར་གྲུབ་བརྫུ་བའི་ཟག་ཟོག་དང་། །ནག་ཕྱོགས་འདྲེས་བརླམ་འདྲེ་མཐོང་མཁན་གྱི་གཏམ། །རེ་ཞིག་མཛེས་ཀྱང་ཕུགས་སུ་ཤིས་མིན་པས། །དེས་ན་ཆོས་དང་ཆོས་མིན་ཞིབ་ཏུ་དཔྱོད། །དེ་ལྟ་ན་ཡང་དེང་དུས་འགྲོ་བ་ཕལ། །ཆོས་བཞིན་སྤྱོད་ལས་ཆོས་མིན་ཟོག་པོ་འགྲིམ། །གསེར་དང་ར་གན་རིན་ཐང་མཉམ་པར་བརྩི། །དེས་ན་སྙིགས་དུས་འགྲོ་བ་སུ་ཡིས་ཐུལ། །བསམ་བཞིན་སྙིགས་དུས་སྐྱེས་འདིར་ཡི་མུག་སྐྱེས། །འོན་ཀྱང་རྒྱལ་བ་རྣམས་ཀྱིས་འདུལ་དཀའ་ཡི། །འགྲོ་ཡང་བདག་གིས་སྒྲོལ་བར་སེམས་བསྐྱེད་པའི། །གོ་ཆས་སྨོན་ལམ་བཟང་པོ་འདེབས་ལས་ཅི། །དེས་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །དོན་ལྡན་འགྲོ་ཀུན་ཐར་པའི་རྒྱུར་འགྲོ་ཤོག །བདག་གི་ཆོས་བཞིན་སྤྱོད་དང་ཆོས་མིན་སྤྱོད། །ཆོས་ཉིད་ངོ་བོར་སྒྱུ་མར་རོ་མཉམ་ཞེས། །རྒྱལ་བས་གསུང་ན་བདག་གི་དགེ་མི་དགེ། །ཀུན་ཀྱང་ཀུན་ཏུ་བཟང་ཐོབ་གསོས་གྱུར་ཤོག །འཁོར་བ་དབྱིངས་འདས་མིང་གིས་བླ་དག་སྟེ། །རང་རིག་བདེ་ཆེན་དབྱིངས་སུ་རོ་མཉམ་ན། །ཡེ་ཤེས་ཅན་ཚུལ་རྟོག་གེའི་སྤྱོད་ཡུལ་མིན། །དེས་ན་ཀུན་ལ་དག་སྣང་འབྱམས་ཀླས་ཤོག །ཕྱི་ནང་རིག་གནས་སྨྲ་བའི་སེང་གེ་མཆོག །ཐོབ་གྱུར་འོན་ཀྱང་མཁས་རློམ་དཔྱད་པ་ཡི། །བསམ་མི་ཁྱབ་ལ་ཆོས་སྤངས་མི་སྤྱོད་པར། །གུ་ཡང་བློ་བདེའི་ངང་དུ་རྟག་གནས་ཤོག །དེ་སྐད་ཆོས་ཉིད་དོན་གྱི་གཟི་འདོད་ཀྱང་། །ཆོས་བརྒྱད་ཞེན་པའི་དབང་གིས་མ་གཟི་བའི། །མདོ་མེད་སེང་གེ་ཚེ་དབང་ནོར་བུ་ཞེས། །རྒྱ་བལ་བོད་ཡུལ་ཀུན་ཏུ་གྲགས་གྱུར་མིང་། །ཀཿཐོག་སྤྲུལ་སྐུ་རིག་པ་འཛིན་པ་སྟེ། །ཨོ་རྒྱན་གུ་རུའི་གསང་བའི་མིང་བཏགས་པ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། །འབོད་དེ་རྔ་ཆེན་ལོ་ཞལ་གསར་ངོམ་གྱི། །རྒྱལ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས། །བཟང་པོ་གསུམ་པར་རྒྱ་ལའི་གནས་ཆེན་དུ། །ཚིག་འདི་སྨྲས་པའི་དགེ་བས་འགྲོ་བ་ཀུན། །འཇམ་དཔལ་དཔའ་བོའི་ཐུགས་ཀྱི་གདུང་འཚོབ་པ། །ཀུན་རྫོབ་མཆོད་རྟེན་དབང་པོའི་སྒོར་མཇལ་ནས། །དེ་ལ་དད་པས་བསོད་ནམས་ཚོགས་རྫོགས་ཤིང་། །དོན་དམ་མཆོད་རྟེན་བདེ་གཤེགས་སྙིང་པོ་ཡི། །བློ་བུར་དྲི་སྤང་བདེ་ཆེན་མངོན་གྱུར་ཤོག །སརྦ་མངྒ་ལཾ་བྷ་ཝནྟུ།

བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན།

༄༅། །བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན་བཞུགས་སོ། །

༈ ཨོཾ་སྭཱསྟི་སིདྡྷི་རསྟུ། མཁའ་ཁྱབ་ཡེ་ཤེས་གཉིས་ལྡན་བྲལ་སྨིན་མཐར་ཐུག་ཡང་དག་རྫོགས་སངས་རྒྱས། །འགོག་བདེན་ངོ་བོ་ཉིད་ལས་ཞི་བ་མྱང་འདས་མངོན་ལམ་གྱུར་དམ་པའི་ཆོས། །རྒྱལ་བའི་ས་བོན་སྲས་གྱུར་ལྷ་མིའི་ཚོགས་ཞིང་མཆོག་གྱུར་དགེ་འདུན་སྡེ། །བསླུ་མེད་སྐྱབས་གྱུར་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་དགེ་ལེགས་སྩོལ། །གང་ཞིག་བསོད་ནམས་དཔལ་ལྡན་མི་ཡི་རྗེ། །གང་གི་རྒྱལ་གསུང་བཅུ་གཉིས་ཡན་ལག་ཅན། །གངས་ལྗོངས་བརྡས་འདྲེན་ཆོས་ཀྱི་རིང་སྲོལ་མཆོག །གངས་ཅན་མགོན་པོའི་རིག་སྔགས་འཁོར་ལོ་བཅས། །བྱང་ཆུབ་ཆེན་པོ་འགྲུབ་ཕྱིར་རྣམ་དཀར་ལས། །ལེགས་པར་བསྒྲུབ་པའི་ངང་ཚུལ་ཚིག་ཆགས་སུ། །སྡེབས་ཤིང་དགེ་འབྲས་ཉམས་མེད་གོང་འཕེལ་དུ། །འགྱུར་བསྔོ་སྨོན་བཅས་ཆ་ཙམ་འདི་ན་སྤེལ། །དེ་ཡང་རྒྱལ་བ་སྐུ་གསུམ་ཆོ་འཕྲུལ་གྱི། །ཞིང་ཁམས་ནམ་མཁའི་མཐའ་ལ་ཡོངས་སུ་གཏུག །ཆོས་སྐུའི་ཞིང་ནི་བརྗོད་པའི་ཡུལ་ལས་འདས། །ལོངས་སྤྱོད་རྫོགས་ཤིང་ལྷུན་གྲུབ་མུ་མཐའ་བྲལ། །སྤྲུལ་པ་སྐུ་ཞིང་རྡུལ་སྙེད་རྡུལ་གྲངས་ཆགས། །དེ་ལས་མི་མཇེད་འཇིག་རྟེན་ཁམས་ཞེས་པ། །བྱེ་བ་ཕྲག་བརྒྱ་སྟོང་གསུམ་སྟོང་ཆེན་པོ། །མཆོག་གི་སྤྲུལ་པ་གཅིག་གི་གདུལ་བྱར་ཤར། །མཆོག་ཏུ་བཟོད་ལྡན་བཟང་པོའི་བསྐལ་པ་ཞེས། །སྒྲོན་མ་བརྒྱ་ཕྲག་བཅུ་ཡི་ཞིང་ཁམས་ནི། །རྣམ་པར་སྣང་མཛད་ཕྱག་གི་པདྨོ་ཡི། །ཟེའུ་འབྲུ་ཉེར་ལྔ་བརྩེགས་པའི་དབུས་སུ་སྤྲུལ། །འདི་རུ་རྣམ་འདྲེན་བརྒྱད་ཅུ་ཕྲག་དང་པོའི། །བཞི་པ་རྒྱལ་བ་གཞན་ལས་ཐུགས་བསྐྱེད་མཐུ། །རྨད་བྱུང་ལྷ་ཡི་ལྷར་གྱུར་རིགས་མཆོག་སྐྱེས། །ཡང་དག་རྫོགས་སངས་རྒྱས་པ་ཤཱཀྱ་ཐུབ། །དེ་ཉིད་གདུལ་བྱ་དམན་ངོར་དྲང་དོན་དུ། །གྲངས་མེད་བསྐལ་པ་དུ་མའི་སྔོན་རོལ་ན། །དམྱལ་བསྲུང་ཤིང་རྟ་འདྲེན་པ་བྱང་ཆུབ་རིགས། །སད་ནས་རྫ་མཁན་ཁྱེའུ་ཡངས་པའི་མིག །སྐྱེས་པས་ཐུབ་པ་ཆེ་ལ་གུས་པའི་བློས། །སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་རབ་བསྐྱེད། །དེ་ནས་བསྐལ་པ་གྲངས་མེད་ཆིག་མཐར་ཚེ། །རྒྱལ་པོའི་མདུན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ། །ཞེས་གྱུར་རྫོགས་སངས་རྒྱས་ལ་རིན་ཆེན་སྙིང་། །གང་གི་སྤྱན་སྔར་འཇུག་པའི་སེམས་བསྐྱེད་ནས། །རྒྱལ་སྲས་སྙིང་རྗེ་ཆེ་སྟེ་གྲངས་མེད་པའི། །བསྐལ་པ་གཉིས་ནས་རྫོགས་སངས་རྒྱས་ལུང་ཐོབ། །འཇུག་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གཅིག །རྫོགས་ཚེ་བྲམ་ཟེ་ཁྱེའུ་སྤྲིན་ཞེས་པར། །གྱུར་ནས་དེ་བཞིན་གཤེགས་པ་མར་མེ་མཛད། །དགྱེས་པར་བྱེད་པའི་བྱ་བ་ལ་བརྩོན་ནས། །བླ་མེད་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །རྒྱལ་བས་གྲངས་མེད་བསྐལ་པ་གཅིག་གི་མཐར། །མི་མཇེད་འཛམ་བུའི་གླིང་དུ་རྩོད་ལྡན་དུས། །ཤཱཀྱ་ཐུབ་པར་སངས་རྒྱས་ལུང་བསྟན་ཏེ། །དེ་བཞིན་ཞིང་འདིར་རྫོགས་སངས་རྒྱས་གསུམ་པ། །འོད་སྲུང་བསྟན་ལ་ཁྱེའུ་བླ་མར་གྲགས། །དེ་འཕོས་དགའ་ལྡན་གནས་སུ་དམ་པ་ཏོག །དཀར་པོ་ཞེས་པས་ལྷ་རྣམས་དོན་མཛད་ནས། །མི་ཡི་གདུལ་བྱར་གཟིགས་པ་ལྔ་ཡི་ནི། །གཟིགས་ཏེ་ཟས་གཙང་སྲས་གྱུར་རྡོ་རྗེ་ཡིས། །ས་གཞིར་ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མཆོག་དེ་གསར་དུ་བརྙེས་པར་འདོད། །ཐེག་ཆེན་པས་ནི་གྲངས་མེད་སྔོན་བསྐལ་དུ། །རིན་ཆེན་ཏོག་ཏུ་ཡང་དག་སྔར་སངས་རྒྱས། །སླར་ཡང་འཛམ་གླིང་གདུལ་བྱར་ཤཱཀྱ་ཐུབ། །མངོན་སངས་རྒྱས་པའི་ཚུལ་དུ་བསྟན་པར་བཞེད། །སྔགས་རྒྱུད་ཐུན་མོང་བས་ནི་གཙང་མའི་གནས། །སྤང་བའི་འོག་མིན་དེ་ན་གསང་བ་འདུས། །ཡང་དག་རྫོགས་སངས་རྒྱས་ནས་ཞིང་ཁམས་འདིར། །བྱང་ཆུབ་སྤྱོད་པས་སངས་རྒྱས་ཚུལ་བསྟན་འདོད། །བླ་མེད་སྔགས་ཀྱི་མཐར་ཐུག་ཨ་ཏི་ཡི། །གཟོད་མ་ཉིད་ནས་དག་པ་ཆོས་ཀྱི་སྐུ། །ཤཱཀ་ཐུབ་རང་བྱུང་ཡེ་སངས་པ་རྒྱས་ཏེ། །སྐུ་གསུམ་ལྷན་གྲུབ་ཀུན་ཏུ་བཟང་པོར་བཞེད། །དེ་ལྟར་རྒྱལ་མཆོག་ཤཱཀྱ་ཐུབ་པ་དེས། །འཛམ་གླིང་གདུལ་བྱའི་སྣང་ངོར་ཆོས་འཁོར་ལོ། །རིམ་པ་གསུམ་བསྐོར་དང་པོ་བདེན་པ་བཞི། །བར་པ་མཚན་ཉིད་མེད་པ་ཕ་རོལ་ཕྱིན། །ཐ་མ་ཕྱིར་མི་ལྡོག་པ་སྙིང་པོ་གཏམ། །ངེས་དོན་མཐར་ཐུག་ཆོས་ཀྱི་འཁོར་ལོ་བསྐོར། །ལྐོག་གྱུར་དབང་པོ་མཆོག་ངོར་གསང་བ་སྔགས། །ཕྱི་ནང་རྒྱུད་སྡེ་བསམ་གྱིས་མི་ཁྱབ་གསུངས། །དེ་ལྟར་རྒྱལ་བའི་བཀའ་ལུང་ཆོས་ཀྱི་སྒོ། །དེ་དག་ཉིད་ལས་མི་ཞན་སྲས་ཀྱི་ཚུལ། །རྣམས་ཀྱིས་བསྡུས་ནས་གདུལ་བྱའི་སྐལ་བ་དང་། །མཚམས་པར་ཆོས་ཀྱི་བདུད་རྩི་འགྱེད་པར་མཛད། །སྤྱིར་ནི་བཟང་པོའི་བསྐལ་པར་རྫོགས་སངས་རྒྱས། །ཀུན་གྱི་བསྟན་པ་བསྡུད་བསྲུང་སྐྱོང་བ་པོ། །གནོད་སྦྱིན་ཆེན་པོ་ལག་ན་རྡོ་རྗེར་གྲགས། །ཁྱད་པར་ཐུབ་བསྟན་ཐེག་ཆེན་རིགས་གསུམ་མགོན། །ཉན་ཐོས་བསྟན་ནི་འཕགས་པ་གནས་བརྟན་པ། །བཅུ་དྲུག་འཁོར་དུ་དགྲ་བཅོམ་མང་པོས་བསྐོར། །འཛམ་གླིང་ཚེ་ལོ་མཐར་ཐུག་བཅུ་པ་ནས། །བརྒྱ་ཕྲག་འཕེལ་བར་བཞུགས་ནས་བསྟན་པ་སྤེལ། །དེ་ཡང་རྒྱལ་བ་ཐུབ་དབང་བསྟན་པ་མཆོག །ཏིང་འཛིན་རྒྱལ་པོའི་རྗེས་འབྲང་པཎྜི་ཏ། །དབྱངས་ཅན་དགའ་བའི་བཞེད་པ་ལོ་ཡི་གྲངས། །སྟོང་ཕྲག་ལྔ་ཡི་བར་དུ་གནས་གྲགས་ཏེ། །གང་ཞིག་རྩྭ་ཅན་གྲོང་དུ་རྒྱལ་བ་མཆོག །ཞི་བར་གཟིམ་ནས་བརྒྱ་དང་བཅུ་ཕྲག་ལོ། །ཡིན་ཏེ་ཕྱེད་ལོ་ཉིས་བརྒྱ་ཉི་ཤུར་གྲགས། །དེ་སྲིད་རྒྱལ་བསྟན་གཏད་རབས་བདུན་གྱིས་བཟུང་། །བཀའ་ཡི་བསྡུ་བ་རིམ་པ་གསུམ་པོ་ཡང་། །འདས་ལོར་ཆིག་དང་བརྒྱད་ཅུ་དེ་བཞིན་དུ། །སུམ་བརྒྱ་ལོན་པའི་སྐབས་སུ་རིམ་བྱུང་ཞིང་། །དེ་ཡི་ཐེག་ཆེན་བཀའ་ཡང་ཅི་རིགས་བྱོན། །དེ་ནས་རིམ་བཞིན་ཐེག་ཆེན་བསྟན་པ་ཡང་། །ཐོབ་བཙུན་གྲུབ་རྗེ་མཆེད་ཀྱི་མ་ག་དྷར། །དབུ་གཙུག་སྒྲ་གཅན་བཟང་པོས་འཕེལ་བར་མཛད། །ལྷག་པར་རྒྱས་མཛད་ཀླུ་སྒྲུབ་སྙིང་པོ་སྟེ། །འདས་ལོ་བཞི་བརྒྱ་ལོན་སྐབས་ལྷོ་ཡི་ཕྱོགས། །བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། །འཁོར་ལོ་གསུམ་གྱི་དགོངས་དོན་གཏམ་གྱི་ཚོགས། །རིག་ཚོགས་བསྟོད་པའི་ཚོགས་ཀྱིས་བསྟན་པ་སྤེལ། །ཐེག་ཆེན་གྲུབ་མཐའ་འཆང་བའི་ཤིང་རྟ་ཆེ། །འཛམ་གླིང་རྒྱན་ཞེས་སྟོན་པ་གཉིས་པར་གྱུར། །ཁྱད་པར་འཁོར་ལོ་གསུམ་པའི་དགོངས་དོན་མཆོག །མི་ཕམ་རྒྱལ་བས་ཆོས་ལྔ་མཛད་པ་གང་། །རྒྱལ་བ་འདས་ནས་དགུ་བརྒྱའི་ལོ་ལོན་ཚེ། །ཐོགས་མེད་ས་གཞིའི་དབང་ཕྱུག་འཁྲུངས་ནས་སྤེལ། །ཤིང་རྟ་ཆེ་གཉིས་དེ་ཡི་རྗེས་འབྲང་བ། །ཐེག་ཆེན་སྤྱོད་པས་འཛམ་གླིང་ཡོངས་སུ་ཁེངས། །ཁྱད་པར་བླ་མེད་སྔགས་ཀྱི་ཐེག་པ་ཡང་། །འདས་ལོ་བཅུ་གཉིས་ལོ་སྐོར་གཉིས་སོང་ཚེ། །གསང་བའི་བདག་པོའི་རིགས་ཅན་དྲ་མ་ལྔར། །སིངྒ་ལ་རི་དྲག་ཤུལ་ཅན་རྩེ་མོར། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ཡི་མི་ཡི་རིགས་ཅན་རྒྱལ་པོ་ཛཿ །ཨིནྡྲ་བྷུ་ཏིར་དགེ་བའི་རྟ་བདུན་བཅས། །བཀའ་གཏད་པུསྟི་དབང་བསྐུར་གསང་སྔགས་བརྙེས། །དེ་ནས་ཀླུ་སྒྲུབ་སྙིང་པོ་བྱོན་གྱི་བར། །ཆེས་ཆེར་གསང་བ་ཆེན་པོའི་སྒོ་ནས་ནི། །སྐལ་ལྡན་འབའ་ཞིག་བདག་གིར་སྤྱོད་པས་ན། །ཚོམ་བུ་འབུམ་ཕྲག་དུ་མ་སྔོན་སངས་རྒྱས། །ཀླུ་སྒྲུབ་བྱོན་པ་ནས་བཟུང་གསང་སྔགས་ཆོས། །རིམ་བཞིན་འགྲོ་བ་ཡོངས་ཀྱི་སྤྱོད་ཡུལ་གྱུར། །རྒྱལ་བ་འདས་ནས་སུམ་སྟོང་ཟིན་གྱི་བར། །སྔགས་ཀྱི་མཆོག་བརྙེས་གྲངས་ཀྱིས་མི་ལངས་བྱོན། །དེ་ལྟར་རྒྱལ་བའི་འབྱུང་གནས་འཕགས་ཡུལ་བྱང་། །ཕྱག་ན་པདྨོའི་གདུལ་བྱ་གངས་རིའི་ལྗོངས། །འདི་རུ་རྒྱལ་བའི་འབྱུང་གནས་འཕགས་ཡུལ་བྱང་། །ཕྱག་ན་པདྨོའི་གདུལ་བྱ་གངས་རིའི་ལྗོངས། །འདི་རུ་རྒྱལ་བ་འདས་ནས་ལོ་ཉིས་སྟོང་། །ལྔ་བརྒྱ་སོ་དགུ་འདས་ནས་བཞི་བཅུའི་བར། །བྱང་སེམས་ཀུན་བཟང་རྣམ་འཕྲུལ་ཐོ་ཐོ་རི། །ཕོ་བྲང་རྩེ་ལ་སྤང་རྐོང་ཟ་ཏོག་བབས། །ཆོས་ཀྱི་དབུ་བརྙེས་དེ་ནས་མི་རབས་ལྔ། །སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་བྱོན། །ར་ས་འཁྲུལ་སྣང་གཙུག་ལག་ཁང་བཞེངས་ཤིང་། །དམ་པ་ཆོས་ཀྱི་སྲོལ་བཀའ་ལེགས་པར་བསྟོད། །དེ་ཡི་གདུང་རབས་ལྔ་བར་ཁྲི་སྲོང་ལྡེ། །བྱོན་ནས་བསྟན་པ་སྤེལ་ཕྱིར་འཕགས་ཡུལ་ནས། །མཚན་ཉིད་སྡེ་སྣོད་འཛིན་པ་ཞི་བ་འཚོ། །སྔགས་ཀྱི་རིག་འཛི་བི་མ་ལ་མུ་ཏྲ། །ཁྱད་པར་འོད་དཔག་མེད་པ་སངས་རྒྱས་ཏེ། །ཞིང་འདིར་བླ་མར་གྱུར་པ་འཕུར་འགྲོ་ཡི། །རྒྱལ་སྲས་ཐོར་ཅོག་ཅན་ཞེས་བདེ་བ་ཆེ། །ཟླ་བྲལ་སངས་རྒྱས་གཉིས་པ་དེ་སྤྱན་དྲངས། །བོད་ཡུལ་མི་དང་མི་མིན་འགྲོ་བ་རྣམས། །འདུལ་མཛད་རྨད་དུ་མགོན་དེ་ཁོ་ནར་བྱུང་། །དེ་ཡི་སློབ་མ་ཚེ་གཅིག་ཕྱག་ཆེན་གྱི། །སྐུར་གཤེགས་ལྔ་ཕྲག་ལྔ་དང་བརྒྱ་རྩ་བརྒྱད། །ལ་སོགས་གྲུབ་པའི་སྐྱེས་བུ་གྲངས་མེད་པར། །བྱོན་ནས་བསྟན་པ་འཕགས་ཡུལ་ལས་ལྷག་གྱུར། །དེ་ཚེ་འཕགས་པའི་ཡུལ་ནས་རྒྱལ་པོ་དེ་གདུང་འཇམ་དཔལ་རྩ་རྒྱུད་ནས། །ལུང་བསྟན་གཉིས་འདས་གསུམ་པ་ཁྲི་རལ་བྱོན། །དེ་འདས་འོག་ཏུ་འགྲོ་བ་བསོད་ནམས་ཀྱི། །སྡེ་སྣོད་འཛིན་པའི་བསྟན་པ་ཉམས་དམས་གྱུར། །དེ་ཚེ་འཕགས་པའི་ཡུལ་ནས་སྨྲྀ་ཏི་ཞེས། །བྱོན་པ་དེ་ཚུན་གསར་མ་ཞེས་གྲགས་ཏེ། །རྒྱལ་བའི་སྲས་པོ་མི་ཡི་སེང་གེ་ནི། །ལྔ་རིག་གཉིས་སྨྲ་དུ་མས་བསྟན་པ་སྤེལ། །མཆོག་གྱུར་རྒྱུད་ལུང་མན་ངག་བདག་པོ་ནི། །བླ་ཆེན་འབྲོག་མིའི་བརྒྱུད་འཛིན་མཁོན་སྟོན་ཆེ། །ས་སྐྱ་པ་ཞེས་མཁས་ཤིང་གྲུབ་པའི་གཙོ། །གོང་མ་ལྔ་དང་དེ་ཡི་ཐུགས་ཀྱི་སྲས། །སྨྲ་བའི་ཁྱུ་མཆོག་འབུམ་ཕྲག་དུ་མ་ཡི། །ལུང་རྟོགས་བསྟན་པ་ཀུན་ཏུ་གསར་བར་མཛད། །མཆོག་ཏུ་གསུང་གི་རྡོ་རྗེ་ཇོ་ནང་པ། །གསང་བ་འདུས་འཕྲུལ་བུ་སྟོན་རིན་ཆེན་གྲུབ། །ཤིང་རྟ་གཉིས་ཀྱི་ཤཱཀྱའི་བསྟན་པ་ལ། །བྱ་བ་བླ་ལྷག་མཚུངས་པ་མེད་པར་གྱུར། །སང་ཞེས་གྲགས་པའི་པཎྜི་ཏ་དེ་ཡང་། །གངས་ཅན་མུན་སེལ་ཤེས་རབ་མིག་ཏུ་མཛད། །ཁྱད་པར་འཕགས་ཡུལ་སློབ་དཔོན་ཟླ་བ་གྲགས། །བོད་དུ་སྐྱེ་བཞེས་ལོ་ཙཱ་བཻ་རོ་སྟེ། །འབྱུང་འགྱུར་རྒྱལ་བ་སྣང་མཛད་མོས་པ་ཞེས། །རྫོགས་སངས་རྒྱས་པར་ཞལ་བཞེས་གང་དེ་ཉིད། །དག་པའི་སྒྱུ་འཕྲུལ་ཆུ་ནང་ཟླ་གཟུགས་བཞིན། །བསམ་གྱིས་མི་ཁྱབ་ནམ་མཁའི་མཐའ་མཉམ་ཡང་། །གངས་རིའི་ཁྲོད་འདིར་རྒྱལ་བསྟན་ཡོངས་རྫོགས་སུ། །སྤེལ་བར་བཞེད་པས་ལྔ་བརྒྱ་སྙིགས་མའི་དུས། །རྒྱལ་བ་ཞི་བར་གཟིམས་ནས་ལོ་སྟོང་ཕྲག །གསུམ་དང་ལྔ་བརྒྱ་འདས་ཤིང་ཉག་མ་དགུའི། །སྟེང་དུ་སླེབ་ཚེ་གངས་ཅན་བོད་ཡུལ་སྟོད། །ལ་སྟོད་ཤྲཱི་སཪྤ་ཏ་ཡི་ཡུལ། །ལུམྦིའི་ཚལ་མཚུངས་དེ་རུ་རྒྱལ་བ་ཉིད། །རྒྱལ་སྲས་ཚུལ་བཟང་པཎ་ཆེན་འཇིགས་མེད་གྲགས། །གང་དེ་འཕགས་ཡུལ་པ་རྣམས་མེར་འབོད་པའི། །མེ་འབྲུག་ལོ་ལ་སྐུ་ཡི་དཀྱིལ་འཁོར་ཤར། །ངེས་པའི་དོན་ལ་འཕགས་པའི་སྤྱོད་ཡུལ་ཉིད། །ཚུར་མཐོང་སྐྱེ་བོས་བློས་བརྟགས་ནུས་མིན་ཡང་། །གདུལ་བྱ་འདི་ཡི་སྣང་ཚུལ་དག་ཏུ་ནི། །ཆེས་ཆེར་མཁས་ཤིང་བཙུན་པའི་ངང་ཚུལ་ཅན། །ཁྱད་པར་སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །བྱིན་རླབས་ཆོས་ཀྱི་སྣང་བ་བསམ་ཡས་ནས། །སྡེ་སྣོད་རབ་འབྱམས་ཐུགས་ཀྱི་ཀློང་དུ་ཆུད། །ཡེ་ཤེས་ཆེན་པོའི་གནས་ལུགས་མངོན་གྱུར་ཅིང་། །རིག་གནས་མདོ་རྒྱུད་བཀའ་དང་བསྟན་བཅོས་ཀུན། །དགོངས་པ་རྫོགས་པར་འབྲེལ་བའི་བསྟན་བཅོས་ནི། །དེ་ཉིད་འདུས་པ་སེང་གེའི་ང་རོ་སྒྲོག །ཐུབ་པའི་བསྟན་ལ་སྟོན་པ་གཉིས་པར་གྱུར། །བརྒྱུད་འཛིན་སློབ་མ་བཀའ་བབས་ཉི་ཤུ་གསུམ། །འཇམ་དབྱངས་འཁོན་གྱི་གདུང་རིགས་རྣམ་པ་གསུམ། །ཉི་ལྟར་གྲགས་པའི་མཁས་གཉིས་སྔགས་འཆང་གཅིག །ལོ་ཙཱ་མཆོག་གསུམ་དགེ་བཤེས་ཆེན་པོ་དྲུག །ཡོངས་རྫོགས་མཁས་པ་བཅུ་གསུམ་རྟོག་གེ་གསུམ། །ཡོངས་ཀྱི་བཤེས་གཉེན་བཅུ་དྲུག་སྔགས་མཁན་གསུམ། །དྲག་སྔགས་འཛིན་པ་གཉིས་དང་རྣལ་འབྱོར་བཞི། །ཤཱཀྱ་ཐུབ་པའི་གདན་ས་མཁན་པོ་གཉིས། །ལེགས་བཤད་སྨྲ་བའི་མཁས་པ་སྟོང་ཕྲག་གཅིག །བཀའ་བཅུ་སྨྲ་བར་ནུས་པ་སྟོང་ཕྲག་གཉིས། །ཕར་ཚད་སྨྲ་བ་ཁྲི་ཕྲག་ལྷག་པ་དང་། །མཆོག་གི་གྲུབ་བརྙེས་བཅུ་ཕྲག་ལྔ་བཅས་ཏེ། །གང་གི་དངོས་རྒྱུད་སློབ་མར་བཅས་པ་ཡིས། །རྒྱལ་བསྟན་ལུང་རྟོགས་དྲི་མེད་སྲོག་མཐུད་པ། །འཛམ་གླིང་རྒྱན་གྱུར་ཨེ་ཝཾ་བོ་དོང་གིས། །སྙན་པ་ཚངས་ཆེན་འཇིག་རྟེན་བར་དུ་སྐྱོངས། །

དེ་ལྟར་བསྐལ་བཟང་རྣམ་འདྲེན་བཞི་པ་ཡི། །བསྟན་པ་འཛམ་གླིང་འཕགས་པའི་ཡུལ་མཆོག་དང་། །བྱང་ཕྱོགས་གདོང་དམར་བྷོ་ཊའི་ལྗོངས་འདི་རུ། །རྒྱལ་བ་རྒྱལ་སྲས་ཚུལ་བཟུང་འཕགས་རྣམས་ཀྱི། །མཚན་ཉིད་རྒྱུད་དང་འབྲས་བུ་གསང་སྔགས་ཀྱི། །བསྟན་པའི་བྱུང་ཚུལ་ས་བོན་ཙམ་སྨོས་ནས། །ད་ལམ་འདི་རུ་བརྗོད་བྱ་དངོས་པོའི་དོན། །ཇི་ལྟ་བུ་ཞིག་གླེང་བར་བྱ་ཞེས་ན། །དེ་ཡང་འཛམ་གླིང་རི་དབུས་ཀཻ་ལ་ཤ །ཆུ་བཞིའི་མགོ་བོ་ས་གཙང་ཉམས་དགའ་བ། །རྒྱལ་བས་ལུང་བསྟན་པད་དཀར་འཆང་བའི་ཞིང་། །གངས་རིའི་ལྗོངས་ཞེས་མི་ཀུན་བྱང་ཆུབ་སེམས། །སྤྱན་རས་གཟིགས་དང་འཕགས་མ་སྒྲོལ་མ་ཡི། །སྤྲུལ་པའི་སྤྲེའུ་བྲག་སྲིན་རིགས་རྒྱུད་ལས།།བྱུང་བས་མི་རྣམས་ཐེག་ཆེན་རིགས་ལྡན་པའི། །ཡུལ་གླིང་དུམ་བུ་གསུམ་དུ་བཅད་པ་ཡི། །ཡུལ་དབུས་གཙང་རུ་བཞི་གཙང་གི་ཆ། །ལ་སྟོད་ལྷོ་ཞེས་གྲུབ་པ་མཆོག་གི་གནས། །གནམ་ས་འཁོར་ལོ་པདྨའི་དབྱིངས་སུ་ཆགས། །རི་ཀུན་བཀྲ་ཤིས་རྟགས་ཀྱིས་ཡོངས་སུ་བརྒྱན། །འབྲོག་ཁྱིམ་ཡུལ་ལྗོངས་དཀར་དམར་འབྲུ་སྣ་ཚོགས། །རྩྭ་ཆུ་ཤིང་སོགས་མཐུན་རྐྱེན་འདོད་དགུ་འཛོམ། །འཕགས་པའི་སྐྱེས་མཆོག་དུ་མ་སྐུ་འཁྲུངས་ཤིང་། །ཞབས་བཅགས་བྱིན་རླབས་གྲུབ་པའི་བསྟི་གནས་མཛད། །ཁྱད་པར་ཤྲཱི་སཪྤ་ཏ་ཞེས་པ། །གང་དེ་འཛམ་གླིང་འདི་ན་དཔལ་གྱི་རི། །བཅུ་གསུམ་ཡོད་པའི་སྙིང་པོ་ལྟ་བུ་སྟེ། །བཀྲ་ཤིས་བྱིན་ཆགས་མཆོག་མཐུན་གྲུབ་པའི་རི། །རི་རྒྱུད་ཤེལ་གྱི་མཆོད་རྟེན་ཕྲེང་བ་འདྲ། །དཔལ་གྱི་རི་བོ་དེ་ཡི་བྱང་ཤར་མཚམས། །མཁའ་ལ་སྤྱོད་པའི་གྲུབ་གནས་ཕ་དྲུག་བྱང་། །མྱང་འདས་རྒྱལ་བའི་ཕོ་བྲང་ལྷ་གདོང་ཤར། །བོད་ཀྱི་གངས་བཞི་ཡ་གྱལ་བུ་ལེའི་ལྷོ། །པདྨའི་སྒྲུབ་ཕུག་རྒྱང་གི་ལྷོ་ནུབ་མཚམས། །ལོ་ཆེན་གྲགས་པའི་བསྟི་གནས་ཤེལ་དཀར་རི། །ལུང་རིགས་དབྱར་རྔ་སྒྲོག་དེའི་ནུབ་ཀྱི་ཆ། །མངོན་པར་དགའ་ཞེས་ཀུན་དགའ་ར་བ་བཞིན། །འཇིགས་མེད་དབྱངས་ཅན་དགའ་བའི་སྙིང་པོའི་གཏམ། །མི་ཞུམ་སྨྲ་བའི་སྤོབས་ལྡན་མཁས་པ་ཆེ། །བརྒྱ་ཕྲག་དུ་མ་ཚོགས་པའི་མདུན་ས་དེར། །འཇིགས་མེད་གྲགས་པའི་དབོན་རྒྱུད་སྟོབས་ལྡན་རིགས། །མི་རབས་ཀུན་ཏུ་མངོན་མཐོ་ངེས་ལེགས་ཀྱི། །དཔལ་ལ་སྤྱོད་པའི་འཕྲིན་ལས་བ་དན་ཅན། །སྤོམ་རོམ་རྗེ་དབོན་ཞེས་པའི་གདུང་རྒྱུད་ལས། །བློ་གྲོས་དུ་མའི་ལང་ཚོ་དཔལ་འབར་ཞིང་། །བླ་མེད་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ། །དགེ་བཅུའི་ཁྲིམས་ཀྱི་མངའ་བདག་ཆོས་ཀྱི་རྗེ། །ནམ་མཁའ་དཔལ་བཟང་པོ་ཞེས་སྙན་གྲགས་ཅན། །གང་གི་བཀའ་བློན་འབངས་བཅས་ལྷག་བསམ་གྱིས། །བསམ་གྱིས་མི་ཁྱབ་དགེ་འབྲས་བསྐྱེད་པའི་རྒྱུར། །རྒྱལ་བའི་གསུང་རབ་གངས་ཅན་བརྡས་འདྲེན་པའི། །བཀའ་འགྱུར་ཞེས་གྲགས་གླེགས་བམ་རིན་པོ་ཆེ། །གངས་ཅན་འཛིན་མའི་བདག་པོ་སྟོབས་ཀྱི་རྒྱལ། །མི་ཡི་དབང་ཕྱུག་ཆེན་པོས་ཤེལ་དཀར་དུ། །སྤར་དུ་སྒྲུབ་པའི་དག་ཐེར་སྔ་འགྱུར་གྱི། །བསྟན་པའི་གསལ་བྱེད་གང་གི་མཛད་པ་ལས། །འཆར་བའི་པུསྟི་བརྒྱ་ཕྲག་ཆིག་གི་གྲངས། །སྒྲུབ་པའི་དཀར་ཤོག་ཡོན་དུ་རྡོ་བཅུད་ཀྱི། །དོང་ཙེ་བལ་ཊཾ་གྲགས་པ་བརྒྱ་ཕྲག་བདུན། །གདོང་ཚོན་གསེར་ཤོག་ཆེ་གྲས་སྟོང་བམ་གཉིས། །ཚལ་རྩིའི་ཡོན་དུ་བལ་ཊཾ་ཞེ་གཅིག་དང་། །དགབ་ཤིང་གླེགས་ཆབ་རྒྱུན་བཅས་ཕུན་ཚོགས་དང་། །འཕགས་པའི་རིགས་སྔགས་ཡི་གེ་དྲུག་མ་ཡིས། །ཙཀྲ་མཐོང་ཐོས་རེག་པས་གྲོལ་བ་འདི། །དཀར་ཤོག་བལ་ཊཾ་སུམ་བརྒྱ་ལྔ་བཅུའི་རིན། །ཕྱི་ཡི་ལཱཉྪར་གསེར་ཤོག་སྟོང་བམ་བདུན། །ས་སྙིང་བཏུལ་མ་ཞོ་གསུམ་སེ་བ་བརྒྱད། །ཚོན་རྩིའི་ཡོན་ཏུ་བལ་ཊཾ་ཞེ་དགུ་ལྷག །དེ་ལྟར་བཀའ་འགྱུར་ཡིག་དྲུག་ཙཀྲ་ལ། །གཞན་གྱི་མཐུན་རྐྱེན་གསོས་སུ་ཕུལ་བ་ནི། །མངོན་དགའ་སྟོན་འཁོར་ཚང་མས་ཐུན་མོང་དུ། །བལ་ཊཾ་བརྒྱ་ཕྲག་གཡས་གསུམ་འཁོར་དྲུག་གཅིག །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཀོང་པོ་ཡི། །ཤོག་ལྡེབ་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ཕུལ། །མངོན་དགའ་འཆད་ཉན་བླ་མས་གཡག་གྲུས་བཞི། །བླ་མ་མགོན་རིན་གསེར་ཤོག་ཞོ་གསུམ་རིན། །སྤོམ་རོམ་བློན་ཆེན་ཚོགས་བདག་ཡར་འཕེལ་ནས། །གསེར་ཤོག་ཆེ་གྲས་སྟོང་བམ་བལ་ཊཾ་བརྒྱད། །བཀའ་བཅུ་ངག་ཚུལ་བམ་ཊཾ་སུམ་ཅུ་བརྒྱད། །བཀའ་བཅུ་ནམ་དཔལ་བཟང་ཇ་ཆུ་ཤོག་སྦབ། །རིན་དབང་ནས་ཁལ་བརྒྱ་དང་བམ་ཊཾ་བཅུ། །གསེར་གཉེར་དྲུང་པ་ངག་དབང་དགེ་ལེགས་དང་། །བཀའ་བཅུ་བསོད་གྲགས་བལ་ཊཾ་བཅུ་གཉིས་དང་། །མཁས་པ་ཆོས་མཛད་གསེར་ཤོག་བརྒྱ་བམ་གཅིག །བཅུ་མགོན་གཡག་གཅིག་བཅུ་བཀྲས་བལ་ཊཾ་དྲུག །དེ་སོགས་དད་ཤུགས་ཅན་གྱི་འབྱོར་ཡོན་དང་། །གཞན་ཡང་བཅུ་ཚིགས་སྐབས་ཆང་ཅི་རིགས་པ། །དད་ལྡན་དགེ་སེམས་རྒྱས་པ་མང་པོས་སྒྲུབ། །མ་ཎི་བཞུགས་པའི་ཕྱི་ཡི་གནྡྷོ་ལ། །སྦུབས་སུ་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །གཡས་གཡོན་རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས། །འཁོར་དུ་རང་འདྲའི་ལྷ་ཚོགས་རྣམས་ཀྱིས་བསྐོར། །གཡས་གཡོན་གཙོ་བོའི་མདུན་དུ་དོལ་པོ་པ། །དབྱངས་ཅན་དགའ་བའི་སྐུ་བརྙན་སྒོ་ཡི་གོང་། །གངས་ཅན་འགྲོ་བའི་བླ་མ་ཡབ་སྲས་གསུམ། །སྒོ་འདེབས་གཡས་གཡོན་དམག་ཟོར་ཆོས་བདག་པ། །ཕྱི་ལྡེབ་ལོག་ལ་རྒྱལ་ཆེན་སྡེ་བཞི་བཅས། །བཀོད་ལེགས་ངོ་མཚར་ཤིན་ཏུ་ལེགས་སྒྲུབ་སྟེ། །དེ་ལྟར་དགེ་ལས་བསྐྱེད་པའི་གཉེར་འཛིན་པ། །སྤོམ་རོམ་བློན་ཆེན་ཚོགས་བདག་ཡར་འཕེལ་ཞེས། །དཔའ་མཛངས་བློ་གྲོས་འཕྲུལ་ལྡན་དགེ་བློ་ཅན། །དེ་ཡི་ལྷག་བསམ་བཟང་པོའི་ཁུར་བླང་འབད། །དོ་དམ་འགོ་མི་ཞལ་ངོ་ནོར་བསྟན་དང་། །བློ་བཟང་དར་རྒྱས་ཆོས་འཕེལ་གསུམ་གྱིས་བགྱིས། །འདུ་བྱེད་མཁས་པ་བདུན་དང་སྤར་འདེབས་པ། །དགེའ་འདུན་བཅུ་ཕྲག་ཤིང་བཟོ་ལྕགས་བཟོ་སོགས། །ཁྱོན་དུ་བཅུ་ཕྲག་བརྒྱད་ལྷག་གྲངས་ལྡན་གྱིས། །སྒོ་གསུམ་ལེ་ལོར་མེད་པར་བརྩོན་པས་སྒྲུབ། །བྱིན་རླབས་མཐུ་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རབ་ཏུ་གནས་པ་བཀྲ་ཤིས་མེ་ཏོག་བྱབ། །ཀུན་ཀྱང་འཕངས་མེད་དངོས་པོ་དཔང་མཐོ་བའི། །ཡོན་གྱི་བློ་ཡི་ར་བ་ཁེངས་པར་བྱས། །དེ་ལྟར་དགེ་བའི་བྱ་བ་རླབས་ཆེན་པོ། །འཛམ་གླིང་རིང་བསྲེལ་ཅན་གྱི་བིམ་པ་ཀུན། །གསེར་གྱིས་གཡོགས་ཏེ་མཆོད་པ་བགྱིས་པ་ལས། །ཆོས་ཀྱི་རང་བསྲེལ་གསུང་རབ་གླེགས་བམ་མཆོད། །བསོད་ནམས་ཆེས་ཆེ་ཕ་མཐའ་ཡས་གསུངས་པས། །དེ་ན་རྒྱལ་བཀའ་བོད་དུ་འགྱུར་རོ་ཅོག །གླེགས་བམ་ཡིག་དྲུག་འཁོར་ལོ་གནྡྷོ་ལ། །ལེགས་པར་སྒྲུབ་པ་འདི་ལས་གང་ཐོབ་པ། །དགེ་ཚོགས་མ་ལུས་ཡོངས་སུ་བསྡོམས་ནས་ནི། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །དེ་མཐུས་དུས་འདི་ནས་བཟུང་བྱང་ཆེན་བར། །སྐྱེ་ཀུན་མི་ཁོམ་གནས་སྤང་དལ་འབྱོར་རྟེན། །མ་ཉམས་རིགས་བཙུན་མཚན་དཔེ་མཚར་སྡུག་ལུས། །མཐོ་རིས་ཡོན་ཏན་བདུན་དང་ལྡན་པར་ཤོག །ཕུན་ཚོགས་རྣམ་པར་སྨིན་པའི་ཡོན་ཏན་བརྒྱད། །མཐུན་པའི་ཡུལ་དང་སྐྱེས་བུ་དམ་པ་རྟེན། །བདག་གི་ལེགས་སྨོན་སྔོན་གྱི་བསོད་ནམས་པ། །ཆོས་མཐུན་མཐུན་རྐྱེན་མ་ཚང་མེད་ཐོབ་ཤོག །གྲོགས་མཆོག་དགེ་བའི་བཤེས་དང་གཞོན་ནུ་ནས། །མཇལ་ཞིང་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་། །བཤེས་གཉེན་བླ་མའི་ཐུགས་ཀྱི་དགྱེས་དགུ་སྒྲུབ། །མི་མཉེས་སྐད་ཅིག་ཙམ་ཡང་མི་སྤྱོད་ཤོག །ཆོས་ཀྱི་གཞི་མ་ཚུལ་ཁྲིམས་བསླབ་པ་བརྟན། །ཉེས་ལྟུང་མ་གོས་ཚུལ་ཁྲིམས་ཕུང་པོ་རྒྱས། །ཟབ་དང་རྒྱ་ཆེའི་གསུང་རབ་རྒྱ་མཚོ་ལ། །ཡེངས་མེད་བློ་གྲོས་ཐོས་བསམ་ལ་སྤྱོད་ཤོག །ཐོས་བསམ་མཐར་སོན་སྒོམ་པའི་ཆོས་ལ་ཞུགས། །རྙེད་དཀའ་ཤེས་ནས་དལ་འབྱོར་སྙང་པོ་བླང་། །འཆི་བས་འཇིགས་ནས་ཆོས་ལ་བརྩོན་པ་བསྐྱེད། །རྒྱུ་འབྲས་ལས་ལ་ཡིད་ཆེས་སྐྱེ་བར་ཤོག །སྐྱེས་བུ་ཆུང་འབྲིང་ཆེན་པོའི་བློ་གྲོས་རྣམས། །མ་ཉམས་ཐོབ་སྟེ་མཐར་ཐུག་གཞན་གྱི་དོན། །ཡང་དག་རྫོགས་པའི་སངས་རྒྱས་གོ་འཕང་མཆོག །ཐོབ་འདོད་བསམ་པ་ཐུན་མིན་མཉེས་པར་ཤོག །བླ་མ་སངས་རྒྱས་བྱང་སེམས་སྤྱན་སྔ་རུ། །སྦྱོར་དངོས་རྗེས་ཚང་ཆོ་ག་ལེགས་བླངས་ཏེ། །སྨོན་པ་འཇུག་སེམས་ཡང་དག་བསྐྱེད་བྱས་ནས། །དེ་ཡི་བསླབ་ལས་ནམ་ཡང་མི་འདའ་ཤོག །ཁྱད་པར་ཐེག་ཆེན་སྔགས་ཀྱི་སྒོར་ཞུགས་ཏེ། །སྨིན་བྱེད་དབང་གི་རིམ་པས་ཡོངས་སྨིན་བྱེད། །མཆོག་ཏུ་བླ་མེད་དབང་བཞིའི་སྒོ་གསུམ་སྙིགས། །རྡོ་རྗེ་བཞི་ཡི་རྒྱུ་རུ་སྨིན་པར་ཤོག །དབང་སྲོག་དམ་ཚིག་ཐུན་མོང་རིགས་ལྔ་དང་། །ཁྱད་པར་བཅུ་བཞིའི་རྣལ་འབྱོར་གསང་མཐའི་བརྒྱད། །ཡན་ལག་སྦོམ་པོ་བརྒྱད་བྱས་ཉམས་མེད་པར། །སྲོག་ལས་ལྷག་པ་གཅེས་པ་བསྲུང་བར་ཤོག །སྔགས་ཀྱི་ལྟ་བསྒོམ་སྤྱོད་པ་རྣལ་འབྱོར་རྣམས། །ཉམས་སུ་ལེན་པའི་ནུས་པ་མཆོག་ཏུ་ཐོབ། །སྟོང་ཉིད་མཉམ་ཉིད་བརྗོད་མེད་མི་རྟོག་པས། །ཆོས་ཉིད་འཁོར་འདས་དབྱེར་མེད་རྟོགས་པར་ཤོག །གསང་སྔགས་ཐུན་མོང་མ་ཡིན་ལྟ་བ་ཡི། །ཆོས་ཅན་འཁོར་འདས་དབྱེར་མེད་གཏན་ཕེབས་ནས། །བསྒོམ་པ་བསྐྱེད་རིམ་ལུས་དབོན་སྐུ་རྡོ་རྗེ། །ངག་དབེན་གསུང་གི་རྡོ་རྗེའི་ལམ་བསྒོམ་ཤོག །སེམས་དབེན་ཐུགས་ཀྱི་རྡོ་རྗེའི་ལམ་ཟིན་ནས། །ཚོགས་ལམ་རྒྱུ་ཡི་ས་བཅུ་མངོན་དུ་བྱས། །ཡེ་ཤེས་རྡོ་རྗེ་རྫོགས་པའི་རིམ་པ་ནི། །སྒྱུ་ལུས་འོད་གསལ་ཟུང་འཇུག་ཉམས་ལེན་ཤོག །སྒྱུ་ལུས་ཐུན་མོང་རྒྱུ་ཡི་ས་བཅུ་གཅིག །ཐུན་མིན་སྦྱོར་བའི་ལམ་གྱི་ངེས་བྱེད་བཞི། །དབང་པོ་ལྔ་དང་སྟོབས་ལྔའི་ཡོན་ཏན་རྫོགས། །ལམ་གྱི་ས་བཅུ་ཡོངས་སུ་བགྲོད་པར་ཤོག །འོད་གསལ་ལམ་གྱི་སྙིང་པོ་ཉམས་བླངས་པས། །འབྲས་བུ་ས་བཅུའི་མཐོང་ལམ་རབ་དགའ་ཐོབ། །བྱང་ཆུབ་ལམ་གྱི་ཡན་ལག་བདུན་བརྙེས་ཤིང་། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་རྫོགས་པར་ཤོག །ཟུང་འཇུག་སློབ་ལམ་འཕགས་པའི་ས་དགུ་རྫོགས། །ཡན་ལག་བརྒྱད་ཀྱི་ཡོན་ཏན་ཡོངས་སུ་སྨིན། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །ལམ་གྱི་ཁྱད་པར་ཡོངས་སུ་རྫོགས་པར་ཤོག །མི་སློབ་རྗེས་མཐུན་ཀུན་ཏུ་འོད་ལ་སོགས། །བཅུ་གཉིས་ས་ཡི་ཡོན་ཏན་ཕལ་ཆེ་རྫོགས། །སྐུ་གསུང་ཐུགས་མཆོག་ཡེ་ཤེས་རྡོ་རྗེའི་ལམ། །ལམ་མཆོག་ཆེས་ཆེར་འཕགས་རྣམས་རྫོགས་པར་ཤོག །མི་སློབ་ལམ་གྱི་མཐར་ཐུག་རྫོགས་སངས་རྒྱས། །ཡན་ལག་བདུན་ལྡན་དབང་ཕྱུག་རྡོ་རྗེ་འཆང་། །རྣམ་པ་ཐམས་ཅད་སྐུ་གསུང་ཐུགས་ཡེ་ཤེས། །མངོན་བྱང་ཆུབ་པས་འགྲོ་ཀུན་དོན་སྤྱོད་ཤོག །མདོར་ན་ཐེག་ཆེན་རྒྱུ་ཡི་གཞི་ཐིངས་ཤིང་། །བླ་མེད་སྔགས་ཀྱི་ལམ་ལ་ཡང་དག་ཞུགས། །རྒྱུད་མཆོག་ནས་གསུང་མཆོག་གི་འབྲས་བུ་བརྙེས། །གནས་སྐབས་མཐར་ཐུག་དོན་གཉིས་ཡོངས་འགྲུབ་ཤོག །གཞན་ཡང་ཐུན་མོང་ལས་ཆེན་བཅུ་གཉིས་འགྲུབ། །གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་བརྙེས། །ཡོན་ཏན་བརྒྱད་ལྡན་རིག་འཛིན་ལུས་ཐོབ་ནས། །འཆི་མེད་ལུས་རྟེན་དེ་ཡི་བྱང་ཆུབ་ཤོག །གལ་ཏེ་འཆི་སྲིད་བརྟན་ཡང་རང་བཞིན་གྱིས། །འོད་གསལ་ཆོས་ཀྱི་སྐུ་རུ་ཡོངས་སུ་ཞུགས། །བར་དོ་ལོངས་སྤྱོད་རྫོགས་པ་མཆོག་གི་སྐུར། །བཞེངས་ནས་དཔག་མེད་འགྲོ་དོན་བྱེད་པར་ཤོག །གལ་ཏེ་འོད་གསལ་མངོན་དུ་མ་གྱུར་པས། །སྲིད་པར་འཁྱམས་ན་ལྷ་དང་བླ་མ་ཡི། །ལུང་བསྟན་ལ་བརྟེན་བར་དོ་རང་ངོ་ཤེས། །བསམ་བཞིན་དག་པ་སྤྲུལ་སྐུའི་ཞིང་འཇུག་ཤོག །དུས་འདི་ལ་ཡང་གངས་ཅན་རྒྱལ་ཁམས་འདིར། །སངས་རྒྱས་བསྟན་པ་རིས་མེད་རབ་རྒྱས་འཕེལ། །དབྱངས་ཅན་དགའ་བའི་དགོངས་དོན་བཞེད་དགུ་འགྲུབ། །དཔལ་ལྡན་ཨེ་དོང་རིང་ལུགས་ཉམས་མེད་ཤོག །བོད་ཡུལ་བསྟན་པའི་བདག་པོ་རྒྱལ་བའི་དབང་། །ཞབས་པད་བརྟན་ཞིང་ས་སྐྱོང་མི་ཡི་བདག །ཕྲིན་ལས་ཉམས་མེད་ཆོས་རྣམས་གོང་དུ་འཕེལ། །སྐྱེ་རྒུ་ཐམས་ཅད་བདེ་བའི་དཔལ་སྤྱོད་ཤོག །དེ་ལྟར་སྨོན་ལམ་བཏབ་དོན་བསླུ་བ་མེད་པར་འགྲུབ་པའི་རྒྱུ་མཆོག་ཏུ། །བདེ་ལེགས་ཀུན་འབྱུང་ཞིང་དང་དམ་ཆོས་བརྟན་གཡོའི་བཅུད་གྱུར་ཆོས་ཀྱི་སྐུ། །རྫོགས་པའི་སངས་རྒྱས་དེ་སྲས་སློབ་མར་བཅས་ཤིང་བདེན་གཉིས་རྟེན་འབྲེལ་མཐུས། །གེགས་མེད་དེང་ནས་རྒྱུད་ལྡན་འདི་འགྲུབ་མྱུར་དུ་རྡོ་རྗེ་སེམས་ཐོབ་ཤོག །

ཞེས་གངས་རིའི་ལྗོངས་སུ་སྐུ་འཁྲུངས་པའི་དབོན་པཎྜི་ཏ་འཇིགས་མེད་དབྱངས་ཅན་དགའ་བའི་དབོན་རྒྱུད་མི་རྗེ་ཆོས་སྐྱོང་བ་རྗེ་དབོན་ནམ་མཁའ་དཔལ་གྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་། རིག་སྔགས་ཡི་གེ་དྲུག་པའི་འཁོར་ལོ་གྷནྡྷོ་ལ་བཅས་སྒྲུབ་པའི་དཀར་ཆག་སྨོན་ལམ་དང་སྡེབས་ཏེ་སྤེལ་བ་འདི་ནི་གང་གི་བློན་པོ་བློ་གྲོས་དད་པའི་ནོར་ལྡན་བྷ་རོ་ཚོགས་བདག་ཡར་འཕེལ་གྱིས་ནན་དུ་བསྐུལ་བ་ལ་བརྟེན་ཏེ། རྒྱལ་བ་ཤཱཀྱ་སེང་གེ་སྐུ་འཁྲུངས་ནས་ལོ་སུམ་སྟོང་དགུ་བརྒྱ་རྩ་བདུན་པའི་སྟེང་དུ་སླེབས་ཤིང་། དཔལ་དབྱངས་ཅན་དགའ་བའི་ཞབས་འཁྲུངས་ནས་ལོ་སུམ་བརྒྱ་ལྔ་བཅུ་རྩ་ལྔ་འདས་པ། བདེ་འབྱུང་ཆ་བསགས་ཀྱི་ཕོ་བྲང་སེང་གེའི་ཁྲིར་རིགས་ལྡན་རྣམ་གནོན་གྱིས་ཆོས་གསུངས་ནས་ལོ་ལྔར་སླེབས་པ། རྗེ་དབོན་ནམ་མཁའ་རིན་ཆེན་གྱིས་མངོན་དགའ་བཏབ་ནས་མི་རབས་བདུན་ལ་འཁོད་པའི་ལོ་འཕགས་ཡུལ་ལས་སྟོད་འབྲེལ་བ་འགལ་བྱེད་ལྕགས་ཕག་དབྱུག་གུ་ཟླ་བའི་ལྷ་བབས་ཚེས་དམར་ཕྱོགས་བདུན་གྱི་སྐབས་སུ་ལ་སྟོད་ལྷ་གདོང་གི་དགོན་པར་མདོ་ཁམས་དབུས་འགྱུར་ཀཿཐོག་གི་ལྷོ་རྒྱུད་དུ་སྐྱེས་ཤིང་སྐྱེ་བ་ཀུན་ཏུ་འཕུར་འགྲོའི་རྒྱལ་བ་པདྨ་སྐྱེས་ཀྱི་རྗེས་སུ་བཟུང་མཐུས་མདོ་སྔགས་ཀྱི་དོན་ཇི་བཞིན་སྨྲ་བར་མི་འཇིགས་པའི་སྤོབས་པ་ཅན་རིག་འཛིན་ཚེ་དབང་ནོར་བུས་སྦྱར་བའི་ཡི་གེ་པ་ནི་ཤར་སྟག་བུའི་བཙུན་པ་བསོད་ནམས་རབ་བརྟན་ནོ། །དགེའོ། །

མངའ་རིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་ཀྱི་ནམ་ལིང་དགོན་སྡེར་སྡེ་པ་ལྷས་སྦྱིན་བསམ་འགྲུབ་ཀྱི་སྦྱོར་འཇགས་སོགས་གནང་བའི་དཀར་ཆག

༄༅། །མངའ་རིས་ཁྱུང་རྫོང་དཀར་པོའི་ཉེ་འདབས་ཀྱི་ནམ་ལིང་དགོན་སྡེར་སྡེ་པ་ལྷས་སྦྱིན་བསམ་འགྲུབ་ཀྱི་སྦྱོར་འཇགས་སོགས་གནང་བའི་དཀར་ཆག་བཞུགས་སོ། །

༈ ཨོཾ་སྭཱསྟི། འཁྲུལ་སྤང་ཡོན་ཏན་ཀུན་སྨིན་བྲི་གང་ཡང་བྲལ་སྟོན་པ་ཆེ། །བདེ་བར་གཤེགས་པ་མ་ལུས་ཀུན་བསྐྱེད་བརྗོད་དང་བརྗོད་བྲལ་ཡུམ། །གདུལ་བྱའི་ཚོགས་ཞིང་མྱ་ངན་འདས་པའི་ས་བོན་རྒྱལ་ཀུན་སྲས། །བླ་མེད་བླ་མ་འཇིག་རྟེན་གསུམ་མགོན་དཀོན་མཆོག་ལ་ཕྱག་འཚལ། །ཡང་དག་དོན་ལ་གདོད་མ་ཉིད་ནས་རང་བྱུང་ཀུན་ཏུ་བཟང་། །སྔགས་ཀྱི་འོག་མིན་གནས་སུ་བྱང་ཆུབ་རྒྱལ་བ་རྣམ་སྣང་མཛད། །ཐེག་ཆེན་ས་ཡི་བསྐལ་སྔོན་རྫོགས་སངས་རྒྱས་པ་རིན་ཆེན་ཏོག །མི་མཇེད་བསྐལ་བཟང་ཞིང་འདིར་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ། །བལྟམས་པའི་གླིང་མཆོག་གསེར་གྱི་ལྗོན་པས་ཡོངས་བརྒྱན་དབུས་འགྱུར་འཚལ། །མ་ག་དྷ་ཡི་བྱང་ཕྱོགས་ཧི་མ་ལ་ཡི་ཕྲེང་མཛེས་པའི། །བྷོ་ཊ་ཞེས་གྲགས་ཕྱག་ན་པདྨ་འཆང་དེའི་གདུལ་བྱའི་ཞིང་། །གྱུར་ཞིང་རྒྱལ་བསྟན་དྲི་མེད་མཆོག་ཏུ་གནས་པའི་ཡུལ་ལྗོངས་ཉིད། །ཆ་གསུམ་བྱས་པའི་སྟོད་ལ་མངའ་རིས་སྐོར་གསུམ་གྲགས་པ་ཡི། །མང་ཡུལ་གུང་ཐུང་ཞེས་པ་རྒྱལ་བས་བྱིན་གྱིས་བརླབས་པའི་གནས། །མཆོག་ཏུ་གྱུར་ཞིང་འཛམ་གླིང་འདི་ན་ས་སྐྱོངས་སུ་ཡིས་ཀྱང་། །འགྲན་མེད་མི་རྗེ་ལྷས་མཛད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས། །བོད་ལ་བཀའ་དྲིན་ཆེ་བ་ལས་ཀྱང་ཆེས་ཆེར་རྨད་བྱུང་བ། །མཆོག་དེའི་གདུང་རྒྱུད་གུང་ཐང་ཆོས་རྒྱལ་བཞུགས་ནས་བཀའ་རྟགས་ཀྱི། །རྒྱལ་ཁབ་ཁྱུང་རྫོང་དཀར་པོའི་ནུབ་བྱང་མཚམས་ཀྱི་དབེན་པ་མཆོག །ནམ་མཁར་སྙེགས་འདྲ་གྱེན་ཕྱུར་རྩེ་མོར་ལིང་ངེ་ཆུ་འཛིན་ལྟར། །མཛེས་གྱུར་ནམ་ལིང་ཞེས་བྱ་སྲིད་གསུམ་འདི་ན་སྙན་པ་ཡི། །བ་དན་སྒྲེངས་བས་དཔལ་ལྡན་ས་སྐྱ་ཞེས་གྲགས་མཁས་ཤིང་གྲུབ། །དེ་ཡི་རིང་ལུགས་དྲི་མེད་འཆང་བའི་སྒྲུབ་སྡེ་གང་དེ་ལ། །རྫོང་དཀར་ཁྲིམས་འཛིན་མི་མཆོག་སྡེ་པ་ལྷས་སྦྱིན་བསམ་འགྲུབ་ཀྱིས། །ལྷག་བསམ་རྣམ་པར་དཀར་པས་རྒྱལ་བསྟན་འཛིན་པའི་སྐྱེས་སུ་ཡིས། །ཞབས་པད་རྟག་བརྟན་ཐེག་དགུའི་སྒྲོན་མེ་ཕྱོགས་མཐར་ཀུན་རྒྱས་ཤིང་། །རིས་མེད་འགྲོ་ཀུན་བདེ་དགའ་ཆེར་འཕེལ་མི་དབང་ཆབ་སྲིད་བརྟན། །ཕ་མར་གྱུར་པའི་སྒྲིབ་བྱང་གྱུར་ཅིང་བདག་གཞན་ཐམས་ཅད་ཀྱི། །འདི་དང་ཕྱི་མའི་བདེ་འབྲས་ཐོབ་ཕྱིར་སྐྱེས་བུ་ཆེན་པོའི་བློས། །དགོན་གནས་ནམ་ལིང་ཇི་སྲིད་བར་དུ་དགེ་འདུན་ལྔ་ཕྲག་ལྔས། །ལོ་རེ་བཞིན་དུ་ཆོ་འཕྲུལ་ཆེན་པོ་རྒྱལ་བའི་དུས་མཆོག་གི །དཀར་ཕྱོགས་ཚེས་པ་གསུམ་བཞི་ལྔ་པ་ཉིན་ལྟར་བཞིན་དུ་ནི། །སྟོང་ཉིད་མཁའ་ལ་སྙིང་རྗེས་སྤྱོད་མའི་སྒྲུབ་ཐབས་རྩ་བཤད་ལུགས། །རྡུལ་བྲལ་ད་ལར་འབྱུང་བའི་དམར་ཆས་ཡོངས་བྱུག་རྟེན་ཉིད་ལ། །ལྷ་སྔགས་ཏིང་འཛིན་ཡོངས་རྟེན་ཡན་ལག་བཞི་ལྡན་ཆོ་ག་མཆོག །ཉིན་རེ་ལ་ནི་ལན་གསུམ་དག་ཏུ་མཉེས་བྱས་མཁའ་སྤྱོད་ཀྱི། །གྲོང་ཁྱེར་འཆི་མེད་ཉམས་དགའི་གནས་སུ་ཡོངས་བགྲོད་སྐལ་འཇོགས་ཤིང་། །དམ་ཅན་དགྱེས་ནས་ལམ་གྱི་བར་ཆད་སེལ་ཕྱིར་ཟླ་བ་ནི། །བྱུང་ངོ་ཅོག་གི་ཉི་ཤུ་དགུའམ་ཡང་ན་གནམ་སྟོང་ལ། །ནག་པོ་ཆེན་པོ་རྡོ་རྗེའི་གུར་དང་ཞལ་བཞི་པ་ཡི་ནི། །མཆོད་བསྐང་གསོལ་ཁ་དག་གཙང་བརྒྱ་རྩ་རེ་ནི་དུས་རྟག་པར། །འཛུག་པའི་མཐུན་རྐྱེན་རྡོ་བཅུད་ནཻམྤ་ལ་ཡི་ལྟང་རྩེ་གྲངས། །བརྒྱ་ཕྲག་གཅིག་དང་ཟུང་གཉིས་གཅིག་གི་ལྷག་བཅས་སྦྱོར་འཇགས་སུ། །བགྱིས་པའི་དགེ་རྩ་དེ་དང་དེ་རིགས་ལས་བྱུང་གཅིག་སྡོམས་པའི། །བསོད་ནམས་གྱུར་ཀུན་རྣམ་མཁྱེན་རྫོགས་སངས་རྒྱས་པའི་རྒྱུར་བསྔོ་ཞིང་། །གནས་སྐབས་སུ་ཡང་སྐྱེ་བ་འདི་ནས་མཐར་ཐུག་བར་དུ་ནི། །ངན་སོང་གནས་སུ་མི་སྐྱེ་མཐོ་རིས་བདེ་ཐོབ་སྡིག་སྒྲིབ་ཟད། །རྒྱལ་བའི་བསྟན་ལ་ལྷག་ཏུ་བྱ་བ་ཆེར་བྱས་དོན་གཉིས་འགྲུབ། །ནམ་ཞིག་འཆི་ཚེ་འཁྲུལ་པའི་འཇིགས་སྐྲག་མེད་པར་དེ་བཞིན་དུ། །རྒྱལ་བ་རྡོ་རྗེ་བཙུན་མོའི་མཁའ་སྤྱོད་དགའ་བའི་གྲོང་ཁྱེར་དུ། །བསུས་ནས་དག་པའི་ས་ལ་ཡོངས་སྤྱོད་དཔའ་བོ་དྷཱཀྐི་མཆོག །རྣམས་དང་སྐལ་བ་མཉམ་ནས་ཧེ་རུ་ཀ་འབྲས་རབ་ཐོབ་ཤོག །གང་དུ་སྐྱེ་དང་གནས་ཡུལ་བཀྲ་ཤིས་དགེ་ལེགས་ཡོན་ཏན་ཚོགས། །རབ་བརྒྱན་ཚེ་རིང་ནད་མེད་ཕུན་ཚོགས་འབྱོར་པ་མཐའ་དག་རྒྱས། །མི་མཐུན་ཀུན་ཞི་བསམ་དགུ་ཐམས་ཅད་ཆོས་མཐུན་འབད་མེད་འགྲུབ། །རྒྱལ་བས་བསྔགས་གྱུར་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་མཇལ་ཞིང་། །སྡེ་སྣོད་གསུམ་དང་རྡོ་རྗེ་ཐེག་མཆོག་བདུད་རྩིའི་ཡོངས་མྱོང་ནས། །རྒྱལ་ཀུན་གཤེགས་ཤུལ་ཚེ་གཅིག་ཉེ་ལམ་ངེས་གསང་སྙིང་པོའི་དོན། །བརྗོད་བྲལ་ལྷན་སྐྱེས་གཉུག་མ་ཀ་དག་ཡེ་ཤེས་ཆེན་པོ་གང་། །དྲི་མ་ཀུན་སྤངས་ཡང་དག་མཆོག་རྟོགས་སྐུ་གཉིས་མྱུར་ཐོབ་ཤོག །གཞན་ཡང་གངས་རིས་བརྒྱན་པའི་ལྗོངས་འདིར་སངས་རྒྱས་པ་མཆོག །ནུབ་མེད་རབ་ཏུ་རྒྱས་ཤིང་དེ་འཛིན་སྐྱེས་བུ་དམ་པ་རྣམས། །ཐུགས་ཡིད་རབ་མཐུན་མཛའ་གཅུགས་མཛད་བཟང་གོང་བུ་གཅིག་འདྲེས་ཤིང་། །སྐུ་ཚེ་ཉི་ཟླ་ལྟར་བརྟན་འཕྲིན་ལས་ཉམས་མེད་ཀུན་ཏུ་འཕེལ། །མཐའ་དམག་དུས་འཁྲུགས་མཚོན་དང་མུ་གེའི་བསྐལ་པ་རབ་ཞི་ཞིང་། །རྒྱལ་བསྟན་སྙིང་པོ་ལ་གུས་མི་དབང་ཆེན་པོའི་ཆབ་སྲིད་རྒྱས། །སྐྱེས་འགྲོ་ཐམས་ཅད་བདེ་དགའི་དཔལ་ལ་ལོངས་སྤྱོད་དགེ་མཚན་ཆེ། །ཕྱོགས་དུས་ཀུན་ཁྱབ་ཡུན་ནས་ཡུན་དུ་རྟག་པར་རབ་གནས་ཤོག །

ཅེས་མངའ་རིས་ཁྱུང་རྫོང་དཀར་པོར་སྐྱེ་འགྲོ་མཐའ་དག་བདེ་བར་སྐྱོང་བའི་ཁྲིམས་འཆང་མི་མཆོག་དམ་པ་གཞུང་བཟང་དད་གུས་ཤེས་རབ་ལ་སོགས་ཡོན་ཏན་དུ་མ་ཡིས་ཡོངས་སུ་བརྒྱན་ཞིང་སྡེ་ཐེག་པ་ཆེན་པོ་ལ་ལས་སྨོན་བཟང་པོས་མཐུས་གྲུབ་པའི་སྡེ་པ་ཀུན་གསལ་བ་ལྷས་སྦྱིན་བསམ་འགྲུབ་ཀྱིས་བསྟན་འགྲོའི་དོན་དང་རང་གཞན་གྱི་སྒྲིབ་བྱང་ཚོགས་རྫོགས་ཆེད་དུ་ནམ་ལིང་དགོན་སྡེར་ཕུར་བུ་ཞེས་སྤྲེལ་ནས་བཟུང་དགོན་གནས་ཇི་སྲིད་བར་དུ་ལོ་ལྟར་བཞིན་ཟླ་བ་དང་པོའི་ཚེས་གསུམ་ནས་ལྔ་ཡི་བར་ནཱ་རོ་མཁའ་སྤྱོད་ཀྱི་ཆོ་ག་ཉིན་རེ་བཞིན་ཚར་གསུམ་རེ་དང་། ཟླ་བ་བྱུང་ངོ་ཅོག་གི་དགུའམ་སྟོང་ལ་གུར་ཞལ་གྱི་བསྐང་གསོལ་བརྒྱ་ཕྲག་རེ་ཆགས་མེད་གནང་རྒྱུའི་མཐུན་རྐྱེན་རྡོ་བཅུད་ནཻམྤ་ལ་ཡི་ལྟང་རྩེ་བརྒྱ་དང་བཞི་ལྷག་སྦྱོར་འཇགས་མཛད་པའི་དཀར་ཆག་སྨོན་ལམ་ས་བོན་ཙམ་དུ། རྒྱལ་དབང་པདྨ་འབྱུང་གནས་ཀྱི་བྱིན་རླབས་ཅུང་ཟད་ཞུགས་པར་རློམས་པའི་ཀཿཐོག་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུས་ས་སྤྲེལ་ཆོ་འཕྲུལ་ཟླ་བའི་དུས་བཟང་ཚེས་བཅུར་གང་ཤར་ཆུ་བབས་དུ་བྲིས་པའི་དགེ་བས་སྦྱིན་བདག་མཆོག་གི་སྐུ་ཚེ་འཕྲིན་ལས་ཉམས་མེད་བརྟན་པར་གྱུར་ཅིག མངྒ་ལཾ།

སྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག

༄༅། །སྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག །

༈ ཨོཾ་སྭཱསྟི། རྩ་བའི་བླ་མ་དང་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀུན་གྱི་རང་བཞིན་བདེ་བ་ཆེན་པོའི་ཁམས། །ཀུན་ལ་ཁྱབ་པ་མཁའ་ལྟར་བརྡལ་བའི་སྐུ། །ཀུན་གྱི་མགོན་པོ་ཕན་བདེ་དགེ་ལེགས་ཆོས། །ཀུན་གྱི་འབྱུང་གནས་བླ་མར་དང་པོ་འདུད། །སྲིད་དང་ཞི་བའི་མཐའ་སྤངས་མ་རིག་སྦུབས་ལས་ཡོངས་གྲོལ་ཞིང་། །རང་བྱུང་ཡེ་ཤེས་རིག་པའི་དཀྱིལ་འཁོར་ལྷག་མེད་རབ་རྒྱས་པ། །དམིགས་མེད་སྙིང་རྗེས་མཁའ་ཁྱབ་སེམས་ཅན་ཀུན་དོན་རྒྱུན་མི་ཆད། །དམ་པ་སྐུ་གཉིས་སྤྱི་དཔལ་རྫོགས་སངས་རྒྱས་དེར་ཕྱག་འཚལ་འདུད། །བསྐལ་བཟང་སངས་རྒྱས་ཀུན་ལས་ཆེས་རྨད་བྱུང་། །རྩོད་ལྡན་སྙིགས་མའི་འགྲོ་བ་འདུལ་མཛད་པ། །ཤཱཀྱ་ཐུབ་པ་དོན་གྲུབ་ལྷ་ཡི་ལྷར། །སྙིང་ནས་གུས་པས་རྟག་ཏུ་ཕྱག་འཚལ་འདུད། །དགེ་ལེགས་ཡོན་ཏན་ཕུང་པོའི་དོན་སྣང་འབུམ། །སྲིད་ཞིའི་བླ་ན་བྲེས་པའི་མིའི་ཉི་མ། །བདུད་བཞིའི་མུན་པའི་གཡུལ་ལས་རྣམ་རྒྱལ་བའི། །སྟོན་མཆོག་ཟས་གཙང་སྲས་དེས་ཤིས་པ་སྩོལ། །མ་ལུས་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཟུགས། །གཅིག་གྱུར་འཕགས་པའི་འཕགས་པ་མིག་མི་འཛུམ། །རྒྱལ་ཀུན་བསྐྱེད་ཡབ་ཀུན་གྱི་སྲས་ཀྱི་ཚུལ། །ལག་ན་པདྨོ་ཅན་དེས་རྟག་བསྲུང་མཛོད། །འཛམ་གླིང་གངས་ཅན་འདི་ན་སྒྲུབ་བརྒྱུད་འཛིན་པ་གདོང་ལྔ་པ། །དུ་མའི་དབུས་ན་ཉམས་དང་རྟོགས་པའི་ཡོན་ཏན་ཆེས་རྨད་བྱུང་། །སྒྲོ་གཤོག་རབ་རྒྱས་རྐང་རྒྱན་ལྡན་པ་ངེས་དོན་ང་རོས་སྙེམས། །འགྲོ་བའི་མགོན་པོ་འཁོར་གྱི་དགྲར་གྱུར་བཀའ་བརྒྱུད་པས་སྐྱོངས་ཤིག །མངོན་པར་མཐོ་བའི་འབྲས་བཟང་ཀུན་བསྐྱེད་ཅིང་། །ངེས་ལེགས་རིན་ཆེན་མ་ལུས་འབྱུང་བའི་གནས། །འཇིག་རྟེན་ཀུན་གྱི་རྟེན་དང་གནས་གྱུར་པའི། །ཚུལ་ཁྲིམས་གསེར་ལྡན་འཛིན་མ་རྒྱལ་གྱུར་ཅིག །

ཅེས་དང་དེ་ཡང་། རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུའི་ཞིང་ཐུན་མོང་དང་། མཆོག་ཏུ་གྱུར་པ་ལས། མཆོག་གི་གནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཞིང་། གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སངས་རྒྱས་རྣམ་པར་སྣང་མཛད་གངས་ཅན་མཚོ་ཡི་ཕྱག་གི་ལྷུང་བཟེད་དྲི་མ་མེད་པ་སྤོས་ཆུའི་རྒྱ་མཚོ་ཆེན་པོ་ལས་ལེགས་པར་སྐྱེས་པ་རབ་ཏུ་རྒྱས་པ་པདྨའི་སྡོང་པོ་དབུས་མ་ཐུགས་ཀྱི་དཔལ་བེའུའི་གནས་སུ་ཁ་གྱེས་པའི་ཟེའུ་འབྲུ་ཉི་ཤུ་རྩ་ལྔ་སྟེང་ནས་སྟེང་དུ་བརྩེགས་པའི་ཡས་མས་བཅུ་གཉིས་ཀྱི་ཚིག་དབུས་སུ་ཐུན་མོང་མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་གདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཁྱོན་ལྡན་དེ་ལས་རི་རབ་ལྷུན་པོའི་ལྷོ་ཕྱོགས་གསེར་གྱི་འབྲས་བུ་ཅན་གྱི་ལྗོན་ཤིང་གི་ཉེ་བར་སྤྲས་པ་དབུས་འགྱུར་ཚལ་སྐལ་བཟང་འདྲེན་པ་རྣམས་མངོན་པར་སངས་རྒྱ་བ་རྡོ་རྗེའི་ས་གཞི་བྱང་ཆུབ་ཤིང་གི་ཉེ་བར་སྤྲས་པ་ཁྱད་པར་འཕགས་པ་འཛམ་བུ་གླིང་ཞེས་ཡོངས་སུ་གྲགས་གྱུར་བསྐལ་པ་བཟང་པོ་ས་འདིར་རྫོགས་པའི་སངས་རྒྱས་བཅུ་ཕྲག་བརྒྱ་དང་རྩ་གསུམ་རིམ་པར་བྱོན་པར་འགྱུར་པ་ལས་རྣམ་འདྲེན་དཔའ་བོ་བདུན་ནམ་བཞི་པར་གྱུར་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཐུབ་པ་ལྷ་ཡི་ལྷ་ཤཱཀྱ་ཏོག་ཤཱཀྱ་ཐུབ་པ་ཆེན་པོ་གང་དགའ་ལྡན་གྱི་གནས་སུ་ས་བཅུ་རྒྱུན་གྱི་མཐའ་མ་ལ་གནས་པའི་སྐྱེས་བུ་འཛམ་གླིང་མི་ཡི་འགྲོ་བ་ཚེ་ལོ་བརྒྱ་པའི་དུས་སུ་འཇམ་དཔལ་ཟས་གཙང་མ་དང་འཇིག་རྟེན་མགོན་པོའི་སྒྱུ་འཕྲུལ་སྲས་སུ་བལྟམས་ནས་སེར་སྐྱའི་གྲོང་བཙུན་མོ་དམ་པ་བརྒྱད་ཁྲིའི་དབུས་སུ་སྤྲོས་བཅས་ཀྱི་སྤྱོད་པ་དང་། རབ་ཏུ་བྱུང་ནས་ལྗོངས་རྒྱུ་བ་སྤྲོས་མེད་དང་། ནཻ་ར་ཛ་རིའི་འགྲམ་དུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་བསྐྱངས་ནས་ཐུན་མོང་དུ་རྡོ་རྗེ་ཅན་གྱི་ས་གཞི་བྱང་ཆུབ་ཤིང་དབང་གི་དྲུང་ཐུན་མོང་མ་ཡིན་པ་ལྷ་ཡི་བུ་དབང་ཕྱུག་ཆེན་པོའི་གནས་དང་།

དོན་དམ་པར་ཕྱོགས་མེད་ཕྱོགས་དང་བྲལ་བ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་དོན་དམ་པ་ས་གསུམ་པའི་ངོར་གཞོམ་དུ་མེད་པའི་སྒྲ་བརྟག་པར་རྒྱུན་མི་ཆད་པ་ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། འཛམ་གླིང་འདི་ན་ཐུན་མོང་གི་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ། དང་པོ་ནི། གང་ཟག་བདག་བཟློག་པའི་ཆེད། གཉིས་པ་ཆོས་ཀྱི་བདག་བཟློག་པར་མཛད་ཅིང་། གསུམ་པ། བདག་མེད་པ་བདག་གི་ཕ་རོལ་དུ་ཕྱིན་པ་དོན་དམ་པ་ཆོས་ཀྱི་དབྱིངས་བདག་པོའི་བདག་ཕྱིར་མི་བཟློག་པ་ངེས་དོན་སྙིང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ནས་ཐུན་མོང་གི་སྡེ་སྣོད་རྣམས་གནས་བརྟན་བཅུ་དྲུག་ལ་དང་། ཐུན་མོང་མ་ཡིན་པ་འཕགས་པ་རིགས་གསུམ་མགོན་པོ་ལ་གཏད་དེ། དགའ་ལྡན་གྱི་གནས་སུ་རྒྱལ་ཚབ་མི་ཕམ་མགོན་པོ་མངའ་གསོལ་ཞིང་། མི་ཡི་གནས་འཛམ་གླིང་དུ་སློབ་དཔོན་པདྨ་འབྱུང་བར་བྱིན་གྱིས་རླབས་ཏེ་རྟག་འཛིན་ཅན་རྣམས་ཞེན་པ་བཟློག་ཕྱིར་དུ་རྩྭ་ཆེན་དྲུང་དུ་གཟུགས་སྐུའི་བཀོད་པ་བཏུལ་བའི་ཚུལ་བསྟན་ཅིང་། མེད་པར་ལྟ་བ་བཟློག་པའི་ཆེད་དུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ནས་ཐུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གསང་བའི་བདག་པོ་ལ་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོར་གསུང་ཞིང་། དེ་ནི་མྱ་ངན་འདས་ནས་ལོ་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་པ་ན།

རྡོ་རྗེ་སེམས་དཔའི་སྐུར་བསྟན་ནས་སྤྲུལ་པའི་སྐུ་རིག་པ་འཛིན་པ་དགའ་རབ་རྡོ་རྗེ་ལ་རྫོགས་པ་ཆེན་པོའི་རྒྱུད་ལེའུ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལེགས་པར་གསུངས་ཏེ་ཁྱད་པར་མྱ་ངན་ལས་འདས་ནས་ལོ་བརྒྱད་དམ་བཅུ་གཉིས་ལོན་པ་ན་དྷཱ་ན་ཀོ་ཤའི་མཚོ་གླིང་མེ་ཏོག་པདྨའི་སྡོང་པོར་བརྫུས་སྐྱེས་སྤྲུལ་པའི་སྐུ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་པདྨ་འབྱུང་གནས་སུ་སྣང་ལ། སྡེ་སྣོད་སྤྱི་དང་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པ་སོགས་སངས་རྒྱས་ཀྱི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་སྟོན་པར་མཛད་པ་ལས། དེ་དོན་སྙིང་པོའི་བསྟན་པ་མཆོག་ཏུ་གསལ་བར་བྱེད་པ་གཅིག་ནི་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དངོས་སློབ་བྲམ་ཟེའི་བུ་བཞི་པའི་བརྡ་ལ་བརྟེན་གཅིག་ཆར་ཉིད་དུ་རྡོ་རྗེ་འཆང་གི་གོ་འཕང་ཉིད་ལ་གཤེགས་ཏེ་ཞིང་ཁམས་གཞན་དུ་མཆོག་གི་སྤྲུལ་པའི་སྐུར་ཡང་བསྟན་པ་དཔལ་ཆེན་པོ་ས་ར་ཧ་སྟེ་མདའ་བསྣུན་ཞབས་ཡིན་ལ། དེ་ནས་རིམ་པར་སངས་རྒྱས་པའི་གྲུབ་མཐར་མཆོག་གི་དངོས་གྲུབ་བརྙེས་པ་གྲགས་ཆེ་བ་བཅུ་ཕྲག་བརྒྱད་བྱོན་པའི་ནང་ནས་བཀའ་བཞི་ཆུ་བོ་གཅིག་ཏུ་འདུས་པ་ཉི་ལྟར་ཀུན་ཏུ་གསལ་བ་གྲུབ་པ་བྱེ་བའི་འབྱུང་ཁུངས་དཔལ་ལྡན་ཏི་ལོ་པ་དང་དེ་སྲས་ཐུ་བོ་ནཱ་རོ་ཏ་པ་ཏེ་གང་གི་རིང་ལུགས་བྱང་ཕྱོགས་འདི་རུ་འདྲེན་པའི་ཤིང་རྟ་ཆེན་པོ་དཔལ་ལྡན་ཧེ་རུ་ཀ་མར་སྟོན་ཆོས་ཀྱི་བློ་གྲོས་ཞབས་ཏེ།

དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་འཕགས་མཆོག་ལག་ན་པདྨོ་ཅན་གྱིས་བདག་གིར་བཟུང་བའི་མཐུ་ལ་བརྟེན་མང་བཀུར་ཉི་མའི་གདུང་རིགས་དྲི་མ་མེད་པ་ཤཱཀྱ་ལི་ཙ་ཝིའི་རྒྱུད་ལས་འཕགས་པའི་རྣམ་འཕྲུལ་གནམ་གྱི་དམུ་ཐག་བརྒྱུད་ལྷ་རི་རོལ་པའི་རྩེ་མོར་བབས་པར་གྲགས་པ་གཉའ་ཁྲི་བཙན་པོ་ནས་སྤུ་རྒྱལ་བོད་ལ་སྨན་པའི་རྗེ་བཙད་པོ་བྱུང་ཞིང་། དེ་ཡི་གདུང་ལས་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་གནང་བ་ཆོས་ཀྱི་རྒྱལ་པོ་ལྷ་སྲོང་བཙན་སྒམ་པོའི་སྐབས་སུ་དམ་པའི་ཆོས་ཀྱི་སྲོལ་ཇི་བཞིན་པ་བཙུགས། དབོན་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་བཏང་བར་འཕགས་ཡུལ་གྱི་པཎྜི་ཏ་ཆེས་ཆེན་པོར་གྱུར་པ་ནས་ཀྱང་བསྔགས་པའི་ཡུལ་དུ་གྱུར་པར་མཛད། དེ་རྗེས་ཁྲི་རལ་པ་ཅན་གྱིས་ཀྱང་དེ་བཞིན་ལ་ཆོས་ཀྱི་ཁྲིམས་བཙན་པར་བྱས་ཤིང་། དེ་ཡི་དབོན་རྒྱུད་མངའ་རི་སྟོད་ཀྱི་རྒྱལ་པོ་རྣམས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་བོད་དུ་སྤྱན་དྲངས། རགས་རྩིས་སུ་དེ་དང་དུས་མཚུངས་ཉིད་དུ་དཔལ་དགྱེས་པ་རྡོ་རྗེ་ཨུ་པ་སི་ཀའི་ཚུལ་གྱིས་གདུལ་བྱའི་དོན་མཛད་པར་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་བལ་པོ་ཕམ་ཐིང་དང་། འཕགས་ཡུལ་གྱི་རྗེ་མཻ་ཏི་པ་ལ་སོགས་པཎ་གྲུབ་དུ་མའི་ཞབས་ལ་ཐུག་ཅིང་།

ཁྱད་པར་དུ་དཔལ་རྡོ་རྗེ་སེམས་དཔའ་དང་ལག་ན་པདྨོའི་སྲས་ཀྱི་ཐུ་བོ་ནོར་བུ་འཛིན་པ་དང་གཉིས་སུ་མེད་པའི་སྒྱུ་འཕྲུལ་ནཱ་རོ་ཏ་པའི་བྱིན་རླབས་དོན་གྱི་འཕོ་བ་ཡང་དག་པར་ཐོབ་སྟེ་གངས་རིའི་ཁྲོད་དུ་སྙིང་པོ་དོན་གྱི་བཤད་སྒྲུབ་རྒྱས་པར་མཛད་པས་མི་ལ་ཐོས་པ་དགའ་ཡི་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པ་ཡི་གྲུབ་པའི་ཆུ་ཀླུང་ཆེན་པོ་རྒྱས་པའི་དབུ་བཙུགས། གསུང་གི་རྡོ་རྗེ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་དཔལ་སྒམ་པོ་པ་ཆེན་པོའི་དོན་བསྒོམས་སྙིང་པོས་འཛིན་པའི་ཁྱོན་ཀུན་གྱི་རྒྱན་དུ་བཀོད་ཅིང་། དེ་ཡི་སློབ་མའི་མཆོག་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་ཞལ་གྱི་བཞེས་པ་དཔལ་ལྡན་ཕག་མོ་གྲུབ་པ་ཞེས་སུ་གྲགས་ཤིང་། དེ་ལས་སློབ་མ་གདུགས་ཐོགས་རྣམས་ཀྱི་ནང་ནས་ཅིག་ཆར་རྟོགས་པའི་གར་མཁན་གཅིག་པུ་གཉིས་སུ་མེད་པ་འཕགས་ཡུལ་དཔལ་མདའ་བསྣུན་ཞབས་ཀྱི་གཉེན་གྱུར་སྣང་ཕུ་པ་གང་གི་སློབ་མ་ན་རོ་ཏ་པ་བསམ་བཞིན་དུ་སྒྲུབ་བརྒྱུད་བསྟན་པ་སྤེལ་པའི་སླད་དུ་སྐྱེ་བའི་སྲིད་པ་བཟུང་བ་འགྲོ་བའི་མགོན་པོ་ཡེ་ཤེས་རྡོ་རྗེའམ་གཙང་པ་རྒྱ་རས་པ་དང་བསྒྲུབ་གནས་ལ་མཚན་གསོལ་ཏེ་དཔལ་ལྡན་སྤྲིན་གྱི་རྔ་སྒྲ་ཅན་ཞེས་སྙན་པ་འོག་མིན་ཚངས་ཆེན་གྱི་འཇིག་རྟེན་བར་དུ་ཁྱབ་པར་གྱུར་པ་གང་གི་རིང་ལུགས་འཛིན་པ་ནམ་མཁའི་སྐར་ཚོགས་དང་ས་ཡི་རྩི་ཐོག་བཞིན་གནས་ཡུལ་ཁྲོད་ཀུན་ཏུ་ཁྱབ་པར་གྱུར་པ་ཉིད་ལས་ཕྱི་མའི་དུས་སུ་འགྲོ་བའི་མགོན་པོ་རང་ཉིད་བསྟན་པའི་རྒུད་པ་སེལ་བའི་སླད་དུ་སྐྱེ་བའི་ཕྲེང་བར་བྱིན་གྱིས་བརླབས་པ་ལས་རྒྱལ་བསྟན་ཡོངས་རྫོགས་ཀྱི་འཁོར་ལོས་བསྒྱུར་བ་ཀུན་མཁྱེན་པུཎྜ་རི་ཀ །

ཞེས་རྒྱུ་སྐར་གྱི་ཁྲོད་དུ་ཟླ་བ་ལྟར་གཅིག་ཏུ་དཀར་ཞིང་མངོན་པར་མཐོ་བ་གང་གི་ཡང་སྲིད་རྒྱལ་བ་དམ་པ་དཔག་བསམ་དབང་པོའི་ཞལ་ནས་མངའ་རི་སྟོད་དུ་ཕྲིན་ལས་ཀྱི་བྱེད་པོར་ཆོས་ཀྱི་རྒྱལ་ཐབས་ཆེན་པོར་དབང་བསྐུར་ཞིང་ཐར་པའི་ལམ་མཁན་ཆོས་ཀྱི་རྗེ་བོ་ངག་དབང་བཟང་པོས་སེམས་ཉིད་ཆོས་ཀྱི་སྐུ་རུ་ངོ་སྤྲད་པ་རྣལ་འབྱོར་གྱི་དབང་ཕྱུག་ཨོ་རྒྱན་པ་སྟག་ཚང་རས་པ་ཞེས་གང་གི་ཕྲིན་ལས་ཀྱི་བགྱི་བས་འདུས་བྱས་ཤིང་སྨོན་ལམ་གྱི་སྟོབས་རླབས་པོ་ཆེ་དང་ལྡན་ཞིང་བསོད་ནམས་ཀྱི་དཔུང་པ་ནམ་ཡང་མ་སྨད་པས་མངོན་པར་མཐོ་བའི་ལང་ཚོ་མཆོག་ཏུ་བརྟས་པ་ལྷ་བཙད་པོ་སེང་གེ་རྣམ་པར་རྒྱལ་བ་གང་གི་ཐུགས་བསྐྱེད་བཟང་པོའི་འཕྲུལ་ལས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་ལྡན་འབྲུག་པའི་འཁོར་ལོ་གསུམ་གྱི་རྒྱུན་མངའ་རི་སྟོད་སྤྱི་དང་བྱེ་བྲག་མར་ཡུལ་ཕྱོགས་སུ་རྒྱ་ཆེར་རྒྱས་པར་བྱེད་པ་ལས། སྙིང་པོར་གྱུར་པ་རྡོ་རྗེའི་སྤོ་ལྟ་བུ་ཧེ་མི་བྱང་ཆུབ་གླིང་དུ་ཐེག་མཆོག་བདེ་ཆེན་གྱི་གཙོ་གྱུར་དགོན་མ་ལག་བསྒྲུབ་སྡེའི་རིགས་གྱུར་ཀུན་གྱི་བླ་མ་མཁན་སློབ་མཛོད་འཛིན་ལས་ཚན་ཆེ་ཕྲ་ལྷ་འབངས་བཅས་ཀུན་གྱི་རྒྱལ་བའི་བསྟན་པ་སྙིང་པོའི་དོན་སྒྲུབ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ལ་ཉེ་བར་སེམས་ཏེ་བླང་དོར་བགྱིད་འོས་ཀྱི་ཡི་གེ །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་རྟོགས་ཀྱི་བདག་ཉིད་ཅན་འདི་ཁོ་ན་ཡིན་ལ་དེ་ཡང་བསྟན་རྩ་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང་།

དེ་ཉིད་ཀྱང་བསྟན་པ་རིན་པོ་ཆེའི་སྲིད་ཞུ་ཚུལ་བཞིན་དུ་བགྱིས་པའི་སྦྱིན་བདག་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་ལྟོས་པ་ལས་སྔར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་གོང་བུ་རྗེ་བཙུན་འབྲུག་པ་རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་ནས་ཕྱོགས་འདིར་ཆོས་ཀྱི་འཕྲིན་ལས་ཀྱི་བྱེད་པོར་རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེར་དགོངས་པ་ཡོངས་སུ་གཏད་པ་དེ་བཞིན་ལ་དེང་དུས་རྟེན་འབྲེལ་ལས་ཀྱི་རྒྱུ་བས་མར་ཡུལ་གྱི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོངས་བའི་གོ་འཕང་ལ་བཞུགས་དགོས་བྱུང་སྟབས་རྒྱལ་པོའི་ཕོ་བྲང་དངོས་གཞི་སླེབས་མཁར་དུ་གདན་འཇགས་པར་གྱུར་ཀྱང་ཆོས་སྡེ་ཕན་ཚུན་དགོན་མ་ལག་ཆོས་གཞིས་མི་སེར་ཁྲལ་ཡོངས་འབབ་ས་ཡུལ་དབང་རིས་སོགས་ལ་རྒྱའི་འཛིན་སྐྱོངས་ཚང་མར་མགོ་འདྲེན་གནང་ཁྱབ་སྔར་ལས་ལྷག་ཏུ་གནང་བའི་ཞལ་བཞེས་གཏན་ཚིགས་བཟང་པོ་བཀའ་དྲིན་ཆེ་ཞིང་དེ་དང་མཐུན་པར་འདུས་སྡེ་རྣམས་ནས་ཀྱང་དད་ལྡན་དང་བ་འདྲེན་པའི་མིག་རྐྱེན་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་གྱུར་གཤིས་རང་གཞན་དོན་གཉིས་བརླབ་པོ་ཆེ་བསྒྲུབ་པའི་ཐུགས་བསྐྱེད་རྣམ་པར་དག་པས་གཞི་བཟུང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟ་བུ་གཅེས་སྤྲས་སུ་འཛིན་ཅིང་། ཐོས་བསམ་བསྒོམ་པའི་མཛད་བཟང་ཉམས་པ་མེད་པས་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པ་བླ་ནས་བླར་འདེགས་པ་མིག་རྒྱན་ལ་ཕན་པའི་སྒྲིགས་ལམ་ཕུན་སུམ་ཚོགས་པ་ཞིག་ཤིན་ཏུ་གལ་པོ་ཆེར་འདུག་པས་སོ་སོར་ཐར་པའི་བསླབ་གཞི་དང་པོ་ཚངས་སྤྱོད་ལ་སྒྲོ་བསྐུར་དང་བྲལ་བ་ཞིག་མེད་ཐབས་མེད་པས། ནག་སྐྱོན་གྱི་གླེང་ངན་ཙམ་ཡོད་རིགས་ལའང་རྩད་གཅོད་ཐར་ཕྱིན་ངོས་བཤགས་བསྒྲུབ་ཚུལ་བཞིན་བགྱིད་རྗེས་བསླབ་གཞི་ཡང་དག་བསྐྱར་བ་དང་དེ་བཞིན་མ་བྱུང་བ་རྣམས་གནས་དབྱུང་ཉེས་ཚབས་ཆེ་ཆུང་བསྟུན་པའི་རྒྱང་ཕུད་ཤོག་ཐོད་ཁྱི་ཁྲམ་སོགས་གང་འོས་སྟོང་། དེ་མཚུངས་སྐུ་རྫུན་སོགས་བྱུང་རིགས་ཀྱང་ཉེས་བབས་དང་བསྟུན་པའི་ཆད་སྒྲུབ་འགེལ་ཞིང་མགོ་རེངས་ལངས་ཤོར་དུ་མ་སོང་བ་དང་། གྲྭ་ཤག་ཏུ་བུད་མེད་རིགས་གཏན་ནས་ཞག་སྡོད་བྱ་ས་མེད་ཅིང་། དེར་མ་ཟད་གནང་བ་མ་ཞུས་པར་རྒྱུ་འགྲུལ་ཀྱང་མི་ཆོག ཡུལ་བབ་དང་བསྟུན་གཏན་ནས་བཀག་ཆ་མ་ཐུབ་རུང་། ཆང་འདི་ཉེས་པའི་རྩ་བར་སོང་གཤིས་བག་མེད་དུ་མ་སོང་བའི་ཚོད་ཟིན་བྱ། གཞན་ཡང་ཐ་མ་ཁ་འཐུང་བ། དགོན་གསེབ་དུ་ལོང་འབོད་རྒྱག་པ། ལུས་ཆས་ཡ་མ་ཟུང་བྱེད་པ་སོགས་མིག་རྒྱན་ལ་གནོད་རིགས་མངོན་བཙན་ཅན་གྱི་སྤྱོད་པ་རྣམས་བྱས་མི་ཆོག གཙོ་བོར་འདོན་ཆོས་སྤྱོད། རྒྱུད་གཞུང་། བློ་འཛིན་སོགས་སྔར་རྒྱུན་བཟང་པོ་གང་ཡིན་ཉམས་ཆགས་མེད་པ་དང་།

དབྱངས་རོལ་མོ་དཀྱིལ་འཁོར་བྲི་ཐིག དུང་རྒྱ་གླིང་། གར་འཆམས་གཏོར་བཟོ་སོགས་ཤེས་ཡོངས་དང་བསྟུན་ལས་ཚན་མགོ་ཡོད་པས་བཏིང་བསྐུལ་ངོས་སོ་སོས་ཀྱང་ཐེག་པ་ཁུར་བླང་གི་སྦྱང་བརྡར་ལ་བརྩོན་པ་ཆེ་བསྐྱེད་དང་། བློ་གསལ་ཁྱད་པར་བ་དག་ནས་ལེགས་པར་སྦྱར་བ་སྒྲ་ཡི་བརྡ་སྤྲོད་དང་། སྙན་ངག་སྐར་རྩིས་སོགས་བཅུ་ཕྲག་རིག་པའི་གནས་ལ་བསླབ་སྦྱང་ངོས། བར་མ་རབ་བྱུང་། དགེ་ཚུལ། བསྙེན་པར་རྫོགས་པ་སོགས་སྡོམ་པ་གསུམ་རིམ་ཅན་དུ་རྒྱུད་ལ་བླངས་ནས་ཕྱི་འདུལ་བའི་བསླབ་གཞི་གཙོ་བོར་སྟོན་པའི་ཆོས་གོས་རྣམ་གསུམ་དང་མི་འབྲལ་བ་སོགས་བསྟན་པའི་མིག་རྒྱན་ལ་ཕན་པ་ནང་བྱང་ཆུབ་སེམས་ཀྱི་བསླབ་བྱས་རྒྱུད་སྦྱངས་ནས་ཞི་དུལ་བག་ཡོད་དང་ལྡན་པས་གཞན་གྱི་འདྲེན་པར་འོས་པ། གསང་བ་རང་བཞིན་ཡོངས་སུ་ཤེས་པ་ལྟར་ཤེས་རབ་ཀྱི་བསླབ་པས་རང་གཞན་གྱི་དོན་གཉིས་འགྲུབ་པ་ཞིག་ཅིས་ཀྱང་མཛད་དགོས་ཤིང་། ལས་ཚན་འགོ་ཡོད་རྣམས་ནས་ཀྱང་ཉེ་ཁ་ཕྱོགས་སྐྱོར་དང་རང་འདོད་འཁོན་འཛིན་གྱི་དགྲ་ཕྱོགས་ནག་འདེད་རིགས་མེད་པའི་བཅའ་ཁྲིམས་ཀྱི་གཞུང་ཤིང་དྲངས་པོར་བསྲངས་ནས་ལར་རྒྱའི་འཛིན་གྲས་ལེ་ཤོར་མེད་པ་སོགས་ཚང་མས་འདོད་གཅིག་ཏུ་དྲིལ་ནས་སྐྱབས་མགོན་འབྲུག་པ་རིན་པོ་ཆེ་ངེས་པ་དོན་གྱི་སྐྱེས་བུ་ཆེན་པོ་དེང་དུས་སྒྲུབ་བརྒྱུད་འཛིན་པ་ཀུན་གྱི་གཙུག་གི་ནོར་བུ་གཅིག་པུ་པ་གཉིས་སུ་མེད་པ་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཆེན་པོ་གང་གི་བསྟན་པའི་ཞབས་འདེགས་སུ་གྱུར་ངེས། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ལུང་དོན་དང་མཐུན་པ་ཞིག་མཛད་དགོས་རང་གཞན་མཐའ་དག་འདི་ཕྱི་ཀུན་ཏུ་ཕན་བདེ་དགེ་ལེགས་ཀྱི་བཙས་དམ་པར་བགྱི་འོས་སྙིང་པོ་ལས་ཀྱང་སྙིང་པོ་ཐམས་ཅད་ཀྱི་ཐུགས་ཀྱི་དབུས་སུ་གཞར་ཡང་གཡེལ་བ་མེད་པར་བསྟི་འོས་དང་།

དེ་ལྟར་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཀྱི་དམ་པ་ཆོས་བཞིན་གྱི་བཅའ་ཁྲིམས་གོང་གསལ་གྱི་དོན་ལྟར་འདའ་བ་མེད་པར་མཛད་པ་ལ་དགེ་འདུན་པའི་སྒོ་ལྷ་འབངས་དབང་རིས་བདག་ཐོབ་རྣལ་འབྱོར་དབང་ཕྱུག་སྟག་ཚང་རས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དགེ་བའི་རྒྱུན་ཆོས་སྐྱོངས་བའི་རྒྱལ་པོ་ཆེན་པོས་ལེགས་པར་སྦྱར་བའི་མཐུ་དཔལ་ལ་བསྟན་སྣང་ཆེན་པོ་དང་། བློན་པོ་དང་། དམག་དཔོན། ཁྱིམ་བདག་དད་པ་ཅན་རྣམས་ཀྱི་རིམ་པར་སྦྱར་བའི་ཞིང་ཁང་རི་ཀླུང་གི་ས་ཡུལ། དགོན་གྱི་རྒྱ་ཁོངས་སོགས་མཐའ་དག་ཞིབ་མར་དེབ་གསལ་རྒྱལ་པོ་རིམ་ཅན་གྱིས་བཀའ་ཐམ་ལྷག་ཏུ་དཔལ་གདོང་ཆུ་མོ་བྱ་ལོར་མར་ཡུལ་ལྗོངས་ཀྱི་འཛིན་མ་ཆོས་བཞིན་སྐྱོངས་བའི་རྒྱལ་སྲས་རིན་པོ་ཆེའི་ཞལ་སྔ་ནས། སྐྱེས་མཆོག་གོང་མ་རྣམས་ཀྱི་ཞབས་འདེགས། རང་ཉིད་བགྱིད་འོས་བཟང་པོས་ཕྲིན་ལས་དགོངས་ཏེ་སླད་ནས་རྒྱལ་པོ་རིམ་བྱོན་གྱིས་རྣམ་དཀར་བསྔགས་པའི་ཕྱག་སེངྒེའི་རྣམ་པར་འགྱིང་བ་ཞེས་པའི་རེ་ཁ་གསར་འགོད་ཀྱི་ཐམས་ཕུད་མི་བདག་གི་གྲངས་སུ་སྤེལ་ཟིན་ནས་ཚིག་གི་ཐོག་མར་བསྒྲུབ་བརྒྱུད་བསྟན་པའི་སྲིད་ཞུ་ཉིད་དུ་རྒྱས་བཏབ་པའི་དོན་ལ་ཕྱི་ནང་ཀུན་ནས་བླང་དོར་འཛོལ་མེད་དང་། དེ་བཞིན་རྒྱལ་སྲས་རིན་པོ་ཆེའི་རིགས་ཀྱི་གདུང་འཚོབ་པ་གཞོན་ནུ་ཚེ་དབང་འཕྲིན་ལས་བསྟན་འཛིན་མི་འགྱུར་རྡོ་རྗེ་གང་དཔལ་ལྡན་འབྲུག་པས་ཕྲིན་ལས་ཀྱི་བྱེད་པོར་རྡོ་རྗེ་གསུང་གི་དབང་བསྐུར་མཛད་པ་དེ་བཞིན་གང་དེ་མར་ཡུལ་ཕྱོགས་འབྲུག་བསྟན་འཛིན་པ་རྣམས་ཀྱི་སྐྱབས་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྐྱིན་དུ་བཟུང་ནས་གུས་པའི་སྲིད་ཞུ་མི་ལྷོད་ཅིང་ནར་སོན་གྱི་ལ་རྒྱ་ཕྱི་ནང་ཀུན་ལ་མཛོད་པས་གཙོས་ལས་བྱེད་པ་པོས་ལེ་ཤོར་དུ་མ་སོང་བ་དང་། སྐུ་ཡི་བསྐྱེད་རྫོགས་ནས་ཀྱང་རྒྱལ་བའི་རིང་ལུགས་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་སྨན་པའི་ཆེད་དུ་བསླབ་པ་གསུམ་ངུར་སྨྲིག་རྒྱལ་མཚན་གོས་ཀྱིས་མཛེས་པ་ཞིག་ཀྱང་སྙིང་ནས་འདུན་ཅིང་སྨོན་ལམ་གྱི་ཡུལ་དུ་བྱས་པ་ཡིན་ལ།

མདོར་ན་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡབ་སྲས་ཀྱི་རྣམ་ཐར་ཅི་ནུས་སློབ་པ་ཡི་ཞན་ལྷོག་ཆོས་ཀྱི་རྐང་པ་མོས་གུས་ཆོས་ཀྱི་མགོ་བོ་དམ་ཚིག་ཆོས་ཀྱི་སྲོག་རྩ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དོན་སྙིང་སྙིང་རྗེ་ཆོས་ཀྱི་མིག་འབྲས་སུ་གྲགས་ལྟར་དམ་པ་ཆོས་སྙིང་ནས་དྲན་པ་ལ་མེད་ཐབས་མེད་པ་ཉིད་དང་། གཞན་ཡང་ཆོས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བའི་ལས་ཆེ་ཕྲ་ལ་འབད་པ་ཉིད་དང་། ཆོས་ཚུལ་དེ་རྣམས་མི་ཉམས་པའི་ཆེད་དུ་དམ་པའི་ཆོས་ལ་ཆོས་བཞིན་དུ་འདུ་ཤེས་ཏེ་རྒྱལ་བསྟན་དབུ་རྨོག་བཙན་པའི་བྱ་བ་དགོས་པ་ནི་གཞིར་བཅས་གཞན་འཇིག་རྟེན་སྣང་ཤས་དང་ཧ་ཅང་གི་འབྲེལ་བ་ཡང་མི་བྱ་ཞིང་། ལས་རྒྱུ་འབྲས་དཔང་དུ་གཙུགས་ཏེ་ཕན་དང་བདེ་བ་དང་དགེ་བའི་བྱ་བས་དགོན་གྲོང་བཙུན་སྐྱེ་མཐའ་དག་ལ་སྨན་པའི་ཐབས་རང་འཁོས་ལ་དཔག་པའི་གང་འགྲུབ་ཅི་ནས་ཀྱང་གལ་ཆེན་སྙིང་ལ་བཞག་འོས་སུ་གསོལ་བ་སྟེ། དེ་ལ་ཚུལ་བཞིན་ཉན་པར་མི་སྤྱོད་པ་དང་། ལས་འབྲས་བླང་དོར་ལ་མི་བརྩོན་ཞིང་དེ་ཁྱད་དུ་གསོད་པ་རྣམས་ལ་ནི་བདག་གི་གསར་དུ་སྨྲེངས་མ་དགོས་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་བསྟན་པ་བསྲུང་བར་མངའ་གསོལ་བའི་དཔལ་ལྡན་ལྷ་མོ་ནག་མོ་དང་། རྡོ་རྗེ་ནག་པོ་ཆེན་པོ་སོགས་འཇིག་རྟེན་སྐྱོངས་བ་མཐུ་ལྡན་བསྒྲངས་ཀྱིས་མི་སྤྱོད་པ་ཉིད་དང་བྱེ་བྲག་དང་བཀའ་བརྒྱུད་བླ་མ་གོང་མ་རྣམས་ཀྱི་བཀའ་དང་། དམ་ལ་བཏགས་ནས་བསྟན་པ་བསྲུང་བར་མངའ་གསོལ་བའི་དམ་ཅན་དྲེགས་པ་བསམ་གྱིས་མི་ཁྱབ་པ་དང་། ཡུལ་ཕྱོགས་འདི་ཡི་དགེ་བསྙེན་བསྟན་མ་མཐུ་བོ་ཆེ་རྣམས་ཀྱིས་མི་དགེ་སྤྱོད་པ་རྣམས་ལ་བཀའ་ཡི་ཆད་པ་དྲག་པོས་ཚེ་འདིར་མི་རུང་སྣ་དགུ་དང་ཕྱི་མ་མནར་མེད་དམྱལ་མེད་བསྐལ་པ་རྒྱ་མཚོའི་བར་དུ་སྙིང་བསྲེགས་པར་གདོན་མི་ཟ་ལ། གོང་གསལ་གྱི་དོན་ལས་འབྲས་འདོར་ལེན་ཚུལ་བཞིན་བྱས་རྣམས་ལ་སངས་རྒྱས་བྱང་སེམས་རྣམས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་དམ་ཅན་དྲེགས་པ་ཅན་རྣམས་ཀྱི་སྡོང་གྲོགས་ཡིད་བཞིན་དུ་མཛད་པས་ཚེ་འདིར་སྐྱིད་ལ་ཕྱི་མིར་བདེ་ཞིང་མཐར་ཐུགས་རྫོགས་སངས་རྒྱས་ཀྱི་གོ་འཕང་རིང་པོ་མ་ཡིན་པར་ཐོབ་པར་ངེས་པས་དེས་ན་དེ་དོན་ཚང་མ་ཀུན་ནས་ཐུགས་ཀྱི་དཔེའུར་བསྟི་བ་འཚལ་ལ། དེ་ལ་བདག་ལྟ་འཁོས་ནུས་དམན་ཡང་དགེ་བའི་ཡིད་ཀྱི་སྨོན་ལམ་བཟང་པོ་ཅི་ནུས་སུ་རྒྱས་བཏབ་པ་ཡང་ཀུན་གྱིས་ཡིད་ལ་འཇུག་པར་བགྱིས།

སངས་རྒྱས་བསྟན་པ་ཨུ་དུམ་ཙ་ཝ་ར་བཞིན། མཚན་ཙམ་ཐོས་དཀའ་དེ་བས་འཕྲད་པ་ཅི། །བརྒྱ་ལམ་འཕྲད་པས་དོན་ཆེ་ཞུགས་པ་རྣམས། །གཏན་བདེ་ཐོབ་བྱེད་འདི་ལ་སུ་མི་ནུས། །རྒྱལ་བསྟན་སྡེ་སྣོད་གསུམ་གྱི་སྙིང་པོ་ཡང་། །བསླབ་གསུམ་ཡིན་དེ་ཡང་ཚུལ་ཁྲིམས་ལ། །མ་བརྟེན་ཏིང་འཛིན་ཤེས་རབ་ཐོབ་པར་དཀའ། །དེ་ཕྱིར་ཚུལ་ཁྲིམས་བསླབ་པར་ཅིས་མི་འབད། །འདུལ་འཛིན་རེ་ཟུང་ལས་གཞན་ལས་ཕལ་ཆེར་ཆོས་གོས་བགོས། །ཇི་བཞིན་རྔོ་མ་ཐོག་ཀྱང་འདུལ་པོད་ཀློག་བྱས་ནས། །སྔོན་གྱི་རྟོགས་བརྗོད་ལ་དམིགས་ཅུང་ཟད་བག་ཡོད་བྱེད། །དེས་ན་དེ་བརྟེན་ད་དུང་ཅུང་ཟད་གཟུགས་བརྙན་ཡོད། །སྔོན་རབས་ནཱ་རོ་མར་རྔོག་བླ་མ་བསྙེན་པའི་ངང་ཚུལ་གང་། །རྗེ་བཙུན་མི་ལ་རྒྱ་རས་ལོ་རྒོད་རྣམས་ཀྱིས་ཞེན་ལྡོག་དང་། །བསྒྲུབ་ཚུགས་མོས་གུས་རྣམ་ཐར་ཉིད་ལ་ཅུང་ཟད་མ་སེམས་ན། །ངེས་དོན་སྒྲུབ་སྲོལ་འཛིན་ཡིན་ཞེས་ངོས་གཟུགས་ཇི་ལྟར་འགྱུར། །ཀྱེ་མ་ད་ནི་སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པས་ཅི་ཞིག་རུང་། །ཇི་ཙམ་འབད་ཀྱང་ཆོས་བཞིན་སྤྱོད་པའི་དགེ་འདུན་ཉིད་ནི་ཉུང་ངུར་གནས། །སྟོན་མཇུག་གྲང་རེག་ཇི་བཞིན་ཆོས་མིན་སྤྱོད་པ་བཀག་པས་མི་ཁེགས་རྒྱས། །ད་ནི་ཐུབ་བསྟན་ཉི་མ་ནུབ་རིར་ཡོལ་སྙམ་བདག་ནི་མཆི་མ་བཀུ། །འཇིག་རྟེན་མགོན་པོ་ཐུབ་མཆོག་ཁོང་ནི་ཞི་ལ་གནས་མིན་འོག་མིན་སྟུག་བཀོད་དུ། །བཞུགས་མོད་ཁྱེད་བསྟན་མཐའ་ལ་ཐུག་པའི་ངང་ཚུལ་འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱོགས་དུས་སངས་རྒྱས་སྲས་བཅས་ཀུན་དང་བཀའ་ཡི་བསྒོ་ནས་དུས་འདིར་སྙིང་པོའི་བསྟན། །རྒྱ་ཆེར་རྒྱས་པར་མཛོད་ཅེས་ཐུགས་དམ་བསྐུལ་ལོ་ཡོལ་མེད་དུས་འདིར་འཕྲིན་ལས་མཛོད། །ཀྱེ་མ་བདག་ལྟ་ཉོན་མོངས་ཚང་ཚིང་དབུས་གནས་གཞན་ལ་དེ་ལྟ་སྨྲ། །དེ་ཡང་དམ་པའི་རྣམ་ཐར་མིན་མོད་ལྷག་བསམ་དག་པས་སྐྱོན་ཡང་མེད། །ཏིང་འཛིན་མངོན་ཤེས་ཇི་བཞིན་མ་ཐོབ་བསྟན་ལ་སེམས་ཀྱང་གཞན་ཕན་དཀའ། །ད་ནི་ལང་ཚོ་ཡོལ་ཉེ་དབེན་པའི་རི་ལ་རྩེ་གཅིག་བསྒོམ་རེ་རན། །འོན་ཀྱང་ཐེག་ཆེན་སྨོན་པ་ཙམ་ལའང་རྒྱལ་བས་ཆེས་ཆེར་བསྔགས་མཛད་ན། །བདག་གི་སྨོན་པ་འདིའོ་དེ་ཡང་གེགས་མེད་ཉིད་དུ་འགྲུབ་བྱིན་བརླབས། །ས་ཡི་ཕྱོགས་འདིར་ཐུབ་བསྟན་སྙིང་པོ་འཛིན་པའི་སྡེ་དཔུང་འཐུག་པོར་བཀོད། །རྡོ་རྗེ་སློབ་དཔོན་བསྙེན་པར་བྱེད་པ་ན་རོ་པ་དང་ཞི་སྦས་བཞིན། །ཀུན་ཀྱང་ངུར་སྨྲིག་གོས་འཛིན་ཉེ་བར་འཁོར་ཞིང་ཚུལ་ཁྲིམས་བསླབ་ལ་སྤྱོད། །གང་གི་སེམས་ཀྱི་རྒྱུད་ཀྱང་ཞི་དུལ་ལྕང་ཤེས་བྱམས་དང་སྙིང་རྗེས་ཁེངས། །རྟག་ཏུ་ངུ་དང་ནོར་བཟང་ཇི་བཞིན་དམ་པའི་ཆོས་ལ་མཆོག་ཏུ་དུང་། །རྡོ་རྗེ་སློབ་དཔོན་བསྙེན་པར་བྱེད་ལ་ནཱ་རོ་པ་དང་ཞི་སྦས་བཞིན། །གསུམ་ལྡན་རྡོ་རྗེ་འཛིན་པ་འབའ་ཞིག་དག་གིས་ཀུན་ཏུ་ཁེངས་བར་ཤོག །མི་དང་མི་མིན་གདུག་པའི་སེམས་ལྡན་ཀུན་ཀྱང་བདག་མིང་ཐོས་པས་ཞི། །ལོག་སྲེད་ཅན་ཡང་བདག་མིང་ཐོས་པའི་མོད་ལ་བྱང་ཆུབ་སེམས་སྐྱེ་ཞིང་། །ཕན་ཚུན་ཀུན་ཀྱང་མཛའ་བར་བལྟ་ནས་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད། །ནད་མཚོན་མུ་གེ་ཀུན་ཉམས་རྫོགས་ལྡན་བཟང་པོའི་དུས་བཞིན་ལེགས་སྤྱོད་ཤོག །གང་ཞིག་མི་དགེ་མཚམས་མེད་སྡོམ་གསུམ་ཉམས་ཆགས་ཞིག་རལ་སྤྱོད་པ་ཀུན། །སྡིག་གྱུར་ཕམ་ལྟུང་ཉེས་པའི་སྐྱོན་ཀུན་སྐད་ཅིག་དེར་ཟད་བདག་ཚངས་གང་། །བདག་མིང་ཐོས་ཙམ་གྱིས་སྟེ་འགྲོ་ཀུན་ཕྱིར་མི་ལྡོག་པའི་ས་མཆོག་ཐོབ། །ཀུན་ནས་ཀུན་ཏུ་བཟང་པོ་ཇི་བཞིན་འབྲས་བུ་མཆོག་ལ་མྱུར་འཁོད་ཤོག །མདོར་ན་བདག་གི་སྔོན་གྱི་ཚེ་རབས་ནས་བརྩམས་ད་ལྟའི་བར་དག་ཏུ། །བྱང་ཆུབ་སེམས་ཀྱིས་ཡོངས་བཟུང་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ཙམ་པ། །དེ་ཀུན་ཡོངས་ཟླུམ་མཁའ་ཁྱབ་སེམས་ཅན་རྣམས་ལ་བསྔོ་བར་བགྱིད་བཞིན་པ། །ཐུན་མོང་ཉིད་གྱུར་ཕྱམ་གཅིག་ཚོམ་བུ་གཅིག་གྱུར་རྡོ་རྗེ་སེམས་ཐོབ་ཤོག །

ཅེས་རྗེ་བཙུན་འབྲུག་པ་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་འགྲོ་བའི་མགོན་པོ་པ་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞབས་གང་གི་བསྟན་པ་རིན་པོ་ཆེར་ལྷག་པའི་བསམ་པ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་སྙིང་པོ་ལྟར་མཆོག་ཏུ་དཀར་བས་མར་ཡུལ་ལྗོངས་ཀྱི་སྒྲུབ་བརྒྱུད་འཛིན་པ་རྣམས་ལ་སྨན་པར་བྱེད་པའི་བཀོད་གདམས་ཀྱི་ཡི་གེ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་གྱི་ལོ་མགོ་ཆེན་གྱི་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པར་ཤར་ཕྱོགས་བོད་ཆེན་དུ་སྐྱེས་པ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆོས་སྨྲ་བའི་ཁུར་ལྡན་དཔལ་རིག་པ་འཛིན་པས་མར་ཡུལ་སྟོད་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་བྲིས་པ་སརྦ་མངྒ་ལཾ། ཛ་ཡ་ཛ་ཡནྟུ།

ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས།

༄༅། །ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས། །

༈ (འདི་ནས་ལྡེབ་གསུམ་ཆད)ལྗོངས་ཞེས་པ་འདིར་གདུལ་བྱ་འདུལ་དཀའ་བའི་དབང་གིས་འཕགས་མཆོག་སྙིང་རྗེ་ཆེན་པོ་ལག་ན་པད་དཀར་འཆང་བས་བདག་གིར་མཛད་པའི་མཐུ་ལས། མེས་དབོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ལ་བརྟེན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པས་བོད་ཡུལ་ཉིན་མོ་ལྟ་བུར་གྱུར་ཅིང་། ངོ་མཚར་མཆོག་གྱུར་སྐྱེས་བུ་དམ་པ་བགྲང་གིས་མི་ལངས་བ་སྔ་ཕྱི་ཀུན་ཏུ་བྱོན་ནས་བཤད་སྒྲུབ་ཀྱི་སྡེ་བཟང་པོ་དར་ཞིང་རྒྱས་པ་ལས། །རྒྱུ་སྐར་གྱི་ཕྲེང་བའི་ཁྲོད་ནས་ཉི་ཟླ་ལྟ་བུ་ངེས་དོན་གྱི་བསྟན་པ་མཐའ་དག་གི་ཉིང་ཁུ་འགྲན་ཟླ་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ཡིན་པར་གྲགས་ཤིང་གྲུབ་པ་ལས་འདིར་ནི་ཕྱག་རྒྱ་ཆེན་པོའི་ཆོས་རང་གིས་ཇི་ལྟར་ནོད་པའི་ཚུལ་བརྗོད་པར་བྱ་བ་སྟེ། དེ་ཡང་བོད་ཡུལ་འདིར་ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་མང་དུ་བྱུང་མོད་ཀྱང་སྐབས་འདིར་བརྗོད་བྱ་ནི་བྲམ་ཟེ་ཡབ་སྲས་ལས་ཉེ་བར་བརྒྱུད་པ་སྟེ། སྤྱིར་ཡང་ཕྱག་རྒྱ་ཆེན་པོ་མཐའ་དག་གི་ཆུ་འགོ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་ཐུག་ཞེས་རྒྱལ་བ་ཡང་དགོན་པས་གསུང་པ་ཡང་དོན་ལ་གནས་པར་སྣང་ལ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་ཐུག་སྟེ། དེ་ཡི་མན་ངག་སྲོལ་འཛིན་གཙོ་བོ་གྲགས་ཆེ་བ་འཕགས་པ་ཀླུ་སྒྲུབ་དང་། དེ་ལ་སློབ་མ་ཤིན་ཏུ་མང་ཡང་ཕྱག་རྒྱ་ཆེན་པོ་དོ་ཧའི་སྒོ་ནས་གྲུབ་པ་ཐོབ་པ་དཔལ་ཆེན་པོ་ཤ་ཝ་རི་པ་སྟེ་རི་ཁྲོད་དབང་ཕྱུག་ཡིན་ལ། དེ་ཡི་སློབ་མ་ལཱུ་ཧི་པ་ནི་གྲུབ་པ་ཐོབ་པ་བྱེ་བ་ཕྲག་གྲངས་ལས་འདས་པའི་འབྱུང་ཁུངས་སུ་གྱུར་པ་དང་དུས་ཕྱིས་པཎྜི་ཏ་བི་བྷུ་ཏི་ཙནྟ་དང་། བཱ་ན་རཏྣས་ཀྱང་དངོས་སུ་མཇལ་ནས་གདམས་པ་བསྩལ་བ་སོགས་ཐོར་བུ་ཡང་མང་དུ་བྱུང་མོད། འོན་ཀྱང་ཕྱག་རྒྱ་ཆེན་པོ་བརྒྱུད་པའི་བཀའ་སྲོལ་གཙོ་བོར་འཛིན་པ་ནི་མཁས་པ་སྒོ་དྲུག་དང་རགས་རྩིས་སུ་དུས་མཚུངས་པ་མངའ་བདག་མཻ་ཏྲི་པ་ཆེན་པོ་ཡིན་ཏེ། དེ་ཡང་མཚན་དངོས་མཻ་ཏྲི་གུཔྟ་ཞེས་བྱམས་པ་སྦས་པ་དང་གསང་མཚན་རོ་མཉམ་རྡོ་རྗེ་སྟེ། དེ་ཡི་རྗེས་འབྲང་རྣམས་ཀྱིས་ཤ་ཝ་རི་པ་ཡབ་དང་རྒྱལ་བ་མཻ་ཏྲི་པ་སྲས་ཏེ་རི་ཁྲོད་དབང་ཕྱུག་ཡབ་སྲས་སུ་བསྒྲགས་སོ། །དེ་ཡི་བརྒྱུད་འཛིན་བོད་འདིར་བཤད་སྒྲུབ་གཉིས་སུ་བྱུང་བ་ལས། འདིར་ཕྱི་མ་གཙོ་བོར་གྱུར་པའི་གླེང་མོད། བཤད་པའི་བཀའ་ལ་ཡང་ཇོ་བོ་རྗེ་ལྷ་གཅིག་དང་། དེ་བཞིན་མར་པ་ཆོས་བློ། བཻ་རོ། ཀོཪྞི་རུ་པ། རྒྱ་གར་ཕྱག་ན། བལ་པོ་ཨ་སུ། རས་ཆུང་རྡོ་རྗེ་གྲགས། མངའ་རིས་ནག་པོ་བཅས་བརྒྱད་ཙམ་བྱུང་སྟེ་སྔོན་དར་རྒྱས་སུ་གྱུར་རུང་། དེང་སང་བཤད་བཀའ་དངོས་ཉག་ཕྲ་ཡང་། དོ་ཧའི་ལུང་དང་མན་ངག་ཟབ་མོ་ནི་རྙིང་མའི་ཕྱིས་ཀྱི་བསྟན་བཅོས་དུ་མ་དང་གསང་སྔགས་གསར་མ་མཐའ་དག་བར་མ་ཁྱབ་པ་མེད་པ་ལྟ་བུར་སྣང་ཞིང་། སྤྱིར་དོ་ཧའི་མན་ངག་གཙོ་བོ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉིད་དུ་གྲུབ་མོད། བྱེ་བྲག་ཏུ་དོ་ཧ་རང་གི་མན་ངག་ཏུ་གྲགས་པའི་རྒྱུན་ས་བོན་ཙམ་དང་། དོ་ཧ་སྐོར་གསུམ་རྩ་བ་དང་ཊིཀ་བཤད་ལུང་ད་ལྟའི་བར་མ་ཆད་པ་རང་གིས་ཅི་ལྟར་ཐོབ་པ་ཡང་འོག་ཏུ་སྤྲོའོ། །ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་དར་རྒྱས་སུ་བྱེད་པོ་གཙོ་བོ་ཕུལ་དུ་གྱུར་པ་ནི་མཉམ་མེད་སྒམ་པོ་པ་ཡིན་ལ། དེ་ལ་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་གཉིས་གཅིག་ཏུ་འདུས་པ་ཡི་གཉུག་མ་ལྷན་གཅིག་སྐྱེས་སྦྱོར་གྱི་འབྱུང་ཁུངས་གཅིག་ནི་མཁས་མཆོག་ཤཱནྟི་པ་དང་། མཻ་ཏྲི་པའི་སློབ་མ་ས་ཧོ་ར་ཡི་པཎྜི་ཏ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཡིན་ལ། གཅིག་ནི་དཔལ་ནཱ་རོ་ཏཱ་པ་དང་། མངའ་བདག་མཻ་ཏྲི་པ་ཡི་ཞབས་ལ་ཐུག་པ་དཔལ་ལྷོ་བྲག་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཡིན་ཏེ། དེ་ལས་ཉེ་བར་འོངས་པའི་གདམས་ནི་སྐབས་འདིར་བརྗོད་བྱའི་གཙོ་བོ་སྟེ།

གཞན་ཡང་དམ་པ་མི་ཕམ་དབང་པོའི་ཕྱག་ཆེན་དྲི་མེད་ཐིག་པ་དང་། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་རང་ཤར་ཕྱག་རྒྱ་ཆེན་པོ་ཡང་རི་ཁྲོད་ཡབ་སྲས་ཀྱི་རྗེས་སུ་འབྲངས་བ་ཡིན་ནོ། །དེར་མ་ཟད་སྔ་འགྱུར་གྱི་བོད་སྔགས་རྙིང་མའི་སྐབས་སུ་དོ་ཧ་འགྱུར་ཞིང་མན་ངག་ཉམས་ལེན་གྱི་རྒྱུན་བྱུང་བར་ཚད་ཐུབ་དམ་པ་ཁ་ཅིག་གིས་གསུང་བར་གྲགས་པ་དང་། དེ་མཐུན་རྫོགས་ཆེན་སེམས་ཕྱོགས་ཨ་རོའི་མན་ངག་འཇམ་དབྱངས་མགོན་པོའི་ཡི་གེར་ཡང་སྣང་བས། ཡིད་ཆེས་སུ་གྱུར་མོད་ཀྱང་ད་ལྟ་སྔ་འགྱུར་ནས་བརྒྱུད་པའི་མན་ངག་ཡོད་ཅེས་ཡོངས་ལ་མ་གྲགས་ཤིང་མི་སྣང་མོད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་གཏེར་ནས་བྱུང་བ་ཇི་སྙེད་མཆིས་ལ། དེ་ནས་རང་གི་ཆ་ཤས་ཐོབ་པ་ནི་གཞན་དུ་བརྗོད་པར་བྱའོ། །དེ་ཡང་མཉམ་མེད་སྒོམ་པ་པོ་ནི། རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོས་ངེས་དོན་བསྟན་པའི་བདག་པོར་མདོ་སྡེ་རྣམས་ནས་ལུང་གིས་བསྟན་པར་མཛད་ཅིང་། རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་འོད་དཔག་ཏུ་མེད་པ་པདྨ་ཀ་ར་ཡི་ཐུགས་ཀྱི་རོལ་རྩེད་མཉམ་མེད་དྭགས་པོ་ལྷ་རྗེ་དར་མ་སྐྱབས་སམ། ཀུན་དགའ་སྙིང་པོའམ། སྙི་བསྒོམ་བསོད་ནམས་རིན་ཆེན་ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་ཚེས་ཟླ་འོད་གཞོན་ནུར་གྱུར་པ་དེ་ཡིས་ཐོག་མར་ཇོ་བོ་རྗེ་ཡབ་སྲས་ནས་བརྒྱུད་པའི་མན་ངག་གིས་བསམ་གཏན་བཟང་པོར་བརྙེས་པར་བྱས་ཤིང་། དེ་ནས་ལྷོ་བྲག་མར་པའི་ཐུགས་ཀྱི་སྲས་མི་ལ་བཞད་པ་རྡོ་རྗེ་ལས་ཐབས་ལམ་ཆོས་དྲུག་གི་མན་ངག་ལེགས་པས་གནས་ལུགས་ཡེ་ཤེས་ཀྱི་རང་ཞལ་ཇི་བཞིན་དུ་གཟིགས་པས་བཀའ་གདམས་མན་ངག་ཆུ་བོ་གཅིག་འདྲེས་སུ་དེ་ལྟར་གྲགས་སོ། །དེ་ཡང་སྔོན་མར་པ་དང་མི་ལ་ཞབས་ཀྱི་གདུལ་བྱ་རྣམས་ལ་ཆོས་དྲུག་གི་གདམས་པ་བྱིན་ནས་གཏུམ་མོའི་ནུས་པས་ཞུ་བདེ་ཡེ་ཤེས་བསྐྱེད་ཅིང་། འོད་གསལ་ལས་རང་བཞིན་འོད་གསལ་གྱི་སྐབས་སེམས་ཉིད་གནས་ལུགས་ཀྱི་ངོ་སྤྲོད་མཛད་ནས་དོ་ཧ་སོགས་ཟབ་མོའི་མན་ངག་ཁྱད་པར་ཅན་གཞན་གྱི་དེ་ལ་ངེས་པ་བསྐྱེད་པ་ཙམ་ལས་ཕྱག་ཆེན་ཞེས་ཁྲིད་སྲོལ་རྐང་ཚུགས་ཟུར་དུ་དབྱེ་བ་ཡང་མ་མཛད་མོད། །རྗེ་དྭགས་པོ་ནས་གདུལ་བྱ་དཀྲི་བ་ལ་མཁས་པས་ཇོ་བོ་རྗེ་ཡི་ལྷན་ཅིག་སྐྱེས་སྦྱོར་དང་མར་མྱི་ཡི་འོད་གསལ་ཕྱག་ཆེན་གྱི་དགོངས་པ་གཅིག་ཏུ་བསྡུར་ནས་སེམས་ཉིད་གཉུག་མའི་ཡེ་ཤེས་རྗེན་པར་ངོ་སྤྲད་ནས་ས་ལམ་གྱི་ཚད་རྣལ་འབྱོར་བཞི་ཡི་རིམ་པས་དབྱེ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་ཁྲིད་ཚུལ་རང་རྐང་ཚུགས་པ་གུད་དུ་མཛད་ནས་གདུལ་བྱ་མཆོག་དམན་མཐའ་དག་གིས་འཇུག་པ་བདེ་ཞིང་། ལམ་བླ་ན་མེད་པར་བཀའ་དྲིན་ཆེན་པོས་ཁྱབ་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོ་དེ་ལྟ་བུའི་གཞུང་མདོ་ཏིང་ངེ་འཛིན་རྒྱལ་པོ་ཡང་ཡིན་པར་གྲགས་ལ། མགོན་པོ་བྱམས་པ་ཡི་རྒྱུད་བླ་མ་ཡང་ཡིན་པར་མཉམ་མེད་སྒོམ་པ་པས་ཞལ་གྱིས་བཞེས་ཤིང་གཙོ་བོར་བྲམ་ཟེ་ཆེན་པོའི་དོ་ཧ་རི་ཁྲོད་དབང་ཕྱུག་ཡབ་སྲས་ནས་བརྒྱུད་པ་དང་། ཏེ་ལོ་ནཱ་རོ་ཡི་གདམས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་དགོངས་དོན་ཟབ་མོའི་ཆ་གཙོར་བཏོན་བྱས་པའི་མན་ངག་ཆོས་ཉིད་ཀྱི་དོན་གཏན་ལ་ཕབ་པའི་རིམ་པ་སྟེ། དེ་ཉིད་སྔགས་རྒྱུད་ཐམས་ཅད་ཀྱི་དབང་བཞི་པའི་ཡེ་ཤེས་ཟབ་མོའི་ཆ་ཡང་རྨ་མེད་པར་འགྱུར་མོད། དབང་བཞིའི་ཡེ་ཤེས་དངོས་ནི་ཟབ་གསལ་བདེ་ཆེན་ཟུང་དུ་འཇུག་པ་ལ་བཞེད་ཀྱི། དེ་ལྟའི་དུས་སྐབས་འདིར་ཕལ་རྣམས་ཀྱི་ཞེ་འདོད་དུ་བཞག་པའི་ཕྱག་རྒྱ་ཆེན་པོ་འདི་ཙམ་ལ་སྔགས་ཀྱི་དབང་བཞིའི་ཕྱག་ཆེན་ཡོངས་རྫོགས་དེ་ཁོ་ན་ཉིད་དུ་སེམས་ན་དབུ་མ་ཆེན་པོའི་ལྟ་ཁྲིད་ལ་སྔོན་འགྲོ་བཞི་སྦྱོར་ཙམ་གཅིག་བསྣན་པས་ཀྱང་དེར་འགྱུར་རིག་སྟེ། ཟབ་མོའི་ལྟ་བ་རྣམ་དག་ནི་དབུ་མ་ཡང་ཡིན་ཕྱིར་རོ། །དེ་ཡིན་ན་སྔགས་ཀྱི་གྲུབ་མཐའི་མཐར་ཐུག་དང་ཕར་ཕྱིན་ལ་ཁྱད་མ་ཞུགས་པས་བསམ་པར་བྱའོ། །དེས་ན་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་སྡོམ་གསུམ་དུ་ཡུལ་དུས་ལ་དགོངས་ནས་སྔགས་ཀྱི་ཕྱག་ཆེན་ལ་དཔྱད་པ་དེ་ནི་ཡང་དག་པ་ཡིན་ལ། ཕྱོགས་སྔ་མ་ལོང་བ་རྣམས་ཀྱིས་ལ་དྭགས་ལ་ངག་སྨྲས་སུ་སེམས་སྡིག་བསགས་པར་མི་བྱའོ། །

ཡང་བཀའ་བརྒྱུད་པའི་མཁས་པའི་ཁྱུ་མཆོག་ཆེན་པོ་ཡིད་བཟང་རྩེ་པས། མཉམ་མེད་དྭགས་པོའི་ཕྱག་ཆེན་ཐུན་མོང་ནི་རྒྱ་གར་གྱི་སློབ་དཔོན་ལྷན་སྐྱེས་རྡོ་རྗེའི་དེ་ཁོ་ན་ཉིད་བཅུ་ཡི་འགྲེལ་པར་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་མིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཁྱད་པར་གསུམ་དང་ལྡན་པའི་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་གསལ་བར་བཤད་པ་ལྟར་ཡིན་ཞེས་གསུངས་མོད་ཚུལ་དེ་ཞིབ་མོར་མ་དཔྱད་པའི་སྐབས་ཕར་ཕྱིན་དང་སྔགས་ཀྱི་ཕྱག་ཆེན་གཉིས་ཀྱི་ཁུངས་ལེགས་བཤད་ཆེ་བ་ལྟར་སྣང་ཡང་། ཞིབ་མོར་བྱས་ཚེ་སློབ་དཔོན་ལྷན་སྐྱེས་རྡོ་རྗེའི་དགོངས་པ་དེ་ནི་ལྟ་བ་ཕ་རོལ་ཕྱིན་པ་དང་མཐུན་པ་ཉིད་ལ་ལམ་སྔགས་ཀྱི་རིམ་པ་དབང་གིས་སྨིན་པར་བྱས་ཏེ་ལྟ་བ་གཏན་ལ་ཕབ་པ་དབང་དོན་གྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ཟབ་མོ་ལ་འཇུག་པ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་ཡིན་པས་མིང་ཡང་དེ་ལྟར་གདགས་པར་གསུངས་པ་སྟེ། དེ་ནི་རྒྱ་བོད་དུ་རྡོ་རྗེ་སློབ་དཔོན་ཆེས་མང་པོ་ཡི་བཞེད་པ་ཡང་ཡིན་པས། ཚིག་དེ་ཕར་ཕྱིན་མདོ་ཡི་ཕྱག་ཆེན་ཡོད་ལུགས་དང་ཡིན་ཚུལ་གྱི་ཁུངས་སུ་འགྲོ་བར་དཀའོ། །སྤྱིར་དབང་གིས་མ་སྨིན་ཞིང་མདོ་ལུགས་ཁོ་ན་ལྟར་བྱས་པའི་བསམ་གཏན་འཇོག་བསྒོམ་ཙམ་ལ་ཕྱག་རྒྱ་ཆེན་པོར་འདོད་པ་ནི་འཕགས་ཡུལ་དུ་མ་གྲགས་པར་ངེས་ཤིང་། བོད་དུ་ཡང་སྔོན་བྱོན་དམ་པ་རྣམས་ཀྱིས་དེ་ལྟར་མ་བཞེད་པས་མདོ་ཡི་ཕྱག་ཆེན་དང་སྔགས་ཀྱི་ཕྱག་ཆེན་ཞེས་ཐ་དད་དུ་དབྱེ་བ་ནི་བོད་ཕྱི་རབས་པའི་རྣམ་རྟོག་ཉིད་དུ་གསལ་ལོ། །

གཞན་ནི་རྒྱ་བོད་གཉིས་ཀར་དབང་བཞི་པའི་ཡེ་ཤེས་ཟབ་མོའི་ཆ་གུད་དུ་ཕྱེས་ཏེ་རྩལ་དུ་འདོན་པ་ནི་ཆེས་མང་དུ་བྱུང་རུང་། དེ་ལ་ཕར་ཕྱིན་ལུགས་ཀྱི་ཕྱག་ཆེན་ཡིན་ཞེས་གཞུང་ཆེ་བ་གང་དུ་ཡང་མ་གསུངས་སོ། །ཞུ་བདེ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་ནི་མཉམ་མེད་དྭགས་པོ་ལྷ་རྗེ་ལ་རྗེ་མི་ལས་ཁོ་བོའི་གཏུམ་མོ་ཨ་ཐུང་འདི་བསྒོམ་དང་ད་བཟོད་སེམས་ཀྱི་ངོ་བོ་མཐོང་བར་འགྱུར་ཞེས་གསུངས་པ་ས་སྐྱ་པཎྜི་ཏའི་རང་བཞེད་ཀྱི་ཕྱག་ཆེན་དེ་དང་གཅིག་ཏུ་འབབ་པ་ཡིན་ནོ། །དེ་ཡང་རྒྱུད་ནས་བརྡར་བཞག་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་དབང་བཞི་པའི་ཡེ་ཤེས་ལ་ཟེར་བ་ཡིན་གྱི་དེ་ནི་དེ་ཁོ་ན་ཉིད་དོན་གྱི་འོད་གསལ་ཟབ་མོ་བདེ་བ་ཆེན་པོའི་རང་བཞིན་ཅན་ཏེ་དངོས་གནས་ཟུང་འཇུག་འཕགས་པའི་བསྡུས་པའི་ཡེ་ཤེས་དང་ལམ་བྱེད་རྣལ་འབྱོར་རྣམས་ཀྱི་རྟོགས་པའི་ཡེ་ཤེས་ཏེ་གང་དེ་མིང་དང་ཚིག་གི་སྒྲོ་བསྐུར་ལས་འདས་མོད། དེ་ལྟ་ན་ཡང་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་ཞེས་སོགས་དོན་ལ་རྟོན་ཏེ་ཐབས་མཁས་ཀྱི་བརྡར་བཏགས་པར་མཛད་པ་སྟེ་མཐར་ཐུག་དོན་དམ་གྱི་དབྱིངས་དེ་ལྟར་ཕྱག་ཆེན་དང་རྫོགས་ཆེན་དང་རིམ་ལྔ་དང་ལམ་འབྲས་དང་སྦྱོར་དྲུག་སོགས་ལམ་ཚུལ་དང་པོའི་འཇུག་སྒོ་ཐ་དད་པ་ལས་འབྲས་བུ་གཅིག་ཏུ་གྱུར་པ་ཡིན་སྨྲ་ལ། འོན་ཀྱང་ལམ་གྱི་དུས་སུ་རྒྱལ་བས་གདམས་ཚུལ་དང་གྲུབ་པ་ཐོབ་པ་རྣམས་ཀྱི་ཕྱག་བཞེས་གང་ཟག་དབང་པོའི་རིམ་པ་དཀྲི་ཚུལ་ཐ་དད་པས་འཇུག་སྒོ་ཟབ་པ་དང་ཆེས་ཟབ་པ་དང་། ཆེས་ཆེར་ཟབ་པ་དང་། རྨད་དུ་བྱུང་བ་ཡི་ལམ་མྱུར་བུལ་གྱི་ཁྱད་པར་ནི་ཡོད་དོ། །ཚུལ་འདི་ཡང་གོ་བ་ལ་ཕན་པའི་སླད་དུ་འདིར་ཆ་ཤས་ཕྱོགས་ཙམ་སྨོས་པ་སྟེ་དེས་ཀྱང་བློ་ལྡན་རྣམས་ལ་ངེས་པ་སྦྱིན་པར་ནུས་ལ་སྤྲོས་པས་ཆོག་གོ །

གཞན་ཡང་དེང་དུས་ཕྱག་རྒྱ་ཆེན་པོ་ཡི་ས་ལམ་གྱི་ངེས་འབྱེད་རྣལ་འབྱོར་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཡི་རྩ་བའི་ཁུངས་ནི་རྗེ་བཙུན་དམ་པ་རྒྱ་གར་ལ་བཀའ་བབས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དུ་ཏིང་ངེ་འཛིན་བཞི་དང་རྣལ་འབྱོར་བཞི་སྦྱོར་བ་དང་། དེ་ཡི་མན་ངག་ཨིནྡྲ་བྷོ་དྷིས་རྣལ་འབྱོར་བཞི་ཡི་ངོ་སྤྲད་རྣམས་དམ་པས་མྱི་ལར་གནང་མྱི་ལས་སྒམ་པ་པོར་བསྩལ་བར་གྲགས་པ་དང་། སློབ་དཔོན་ཆེན་པོ་ཤཱནྟི་པའི་རྣལ་འབྱོར་བཞི་ཡི་རིམ་པ་ཇོ་བོ་རྗེ་ལ་བསྩལ་ཞིང་། ཇོ་བོའི་ལྷན་སྐྱེས་ཀྱི་ཤེས་རབ་གོ་ཆའི་བསྒོམ་པའི་ལམ་རིམ་རྣལ་འབྱོར་བཞིར་མཛད་པ། རྒྱ་ལྕཊ་རི་གོང་ཀ་བར་མཉམ་མེད་སྒམ་པོ་པས་གསན་པས་དེ་དག་དོན་གཅིག་ཏུ་འབབ་པར་གཟིགས་ནས་རང་གི་མྱོང་བ་དང་བསྟུན། གཞན་ལ་རྒྱ་ཆེར་བསྒྲགས་ཏེ་ཕྱི་རབས་རྣལ་འབྱོར་རྣམས་ཀྱི་བསམ་གཏན་གྱི་མིག་གམ་སྒྲོན་མེར་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་སྟེ་རྣལ་འབྱོར་བཞི་ཡི་མཚན་ཉིད་སྔ་འགྱུར་རྙིང་མའི་གཞུང་རྣམས་ལ་ཡང་དོན་གསལ་པོར་འབྱུང་བར་མ་ཟད་མིང་གི་བརྡ་ཆད་མཐུན་པ་ཡང་ཅི་རིགས་སྣང་ཞིང་། ཁྱད་པར་དུ་རྫོགས་ཆེན་སེམས་ཕྱོགས་ཀྱི་རྣལ་འབྱོར་ཉམས་རིམ་པ་བཞི་དང་གནད་གཅིག་ཏུ་འབབ་པ་ཉིད་དོ། །

འདིར་སྨྲས་པ། ཕ་རོལ་ཕྱིན་པ་དབུ་མ་ཆེན་པོ་ལྟ་བའི་ནམ་མཁའ་ལ། །སྔགས་ལམ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉི་མ་ཤར། །དབང་པོ་མཆོག་དམན་ཀུན་ཕན་མི་ཤེས་མུན་གསལ་མགོན། །གང་གི་འོད་ཀྱིས་ལམ་བཟང་མཐའ་དག་མ་ནོར་སྟོན་པར་བྱེད། །ས་ལམ་ངེས་འབྱེད་ལག་ཏུ་བླང་བདེ་བྱིན་རླབས་དོན་བརྒྱུད་ཀྱི། །ཆུ་བོ་མཐའ་དག་གཅིག་ཏུ་འདུས་གྱུར་ཤིན་ཏུ་གྲགས་ལྡན་པ། །ནོར་འཛིན་ལྷོ་རུ་ཉི་ཟླ་ལྟར་ཁྱབ་ངེས་དོན་སྒྲོན་མེ་ཆེ། །གྲུབ་ཐོབ་མང་པོ་འབྱོན་པའི་གཏེར་ཁུངས་ལྟ་བུ་ལམ་འདི་རྨད། །ཞེས་ཆེད་དུ་བརྗོད་པའོ། །

ད་ནི་ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་དེ་ལྟ་རང་གི་སྐལ་བས་ཇི་ལྟར་ཐོབ་པ་བརྒྱུད་པའི་རྟོགས་པ་བརྗོད་པར་བྱ་བ་ལ་གཉིས་ཏེ། བྱིན་རླབས་ཀྱི་ཡང་སྙིང་ཉམས་མྱོང་རྟོགས་པ་གང་ལས་སྐྱེས་པ་རྩ་བའི་དོན་གྱི་ལུང་མཆོག་གྱུར་བརྒྱུད་པའི་རིམ་པ་དང་། མོས་གུས་མིག་ཡངས་པོས་བརྒྱུད་པའི་བཀའ་སྲོལ་གཞན་གྱི་ཞལ་ལུང་བྱིན་རླབས་ཀྱི་རྒྱུན་ཇི་ལྟར་བབས་པའི་ཚུལ་ལས། དང་པོ་ལ་ཡང་། རིག་པའི་མེ་ཏོག་ཐོག་མར་བབས་པའི་ཡུལ་ནི། དྲན་མཆོག་དྭངས་མ་འཁོར་ལོའི་མགོན་པོ་མཆོག་གྱུར་ཧེ་རུ་ཀ་དཔལ་རིག་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་བ་པདྨ་བདེ་ཆེན་གླིང་པའི་ཞབས་ཀྱི་པདྨོ་ཚངས་པའི་གནས་སུ་བཀོད་པའི་ཐུགས་རྗེ་ཆེན་པོའི་མཐུ་ལས་གྲུབ་པ་སྟེ། དེ་ཡང་སྔོན་རྒྱལ་བའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་ངེས་དོན་བསྟན་པ་སྤེལ་བར་ཞལ་གྱིས་བཞེས་ཚེ་བཅོམ་ལྡན་འདས་རང་ཉིད་ཀྱང་དེ་ཡི་གྲོགས་སུ་འབྱོན་པར་ཞལ་བཞེས་ལྟར་དྭགས་པོ་ལྷ་རྗེའི་ཕྲིན་ལས་ཀྱི་གྲོགས་རྒྱལ་བའི་རྣམ་འཕྲུལ་འཇིག་རྟེན་གསུམ་གྱི་འདྲེན་པ་ཕག་མོ་གྲུ་པ་ཞེས་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་གང་གི་བཀའ་བརྒྱུད་ལས་བྱུང་བ་ཡིན་ལ། དེ་ཡི་བརྒྱུད་འཛིན་ཆེས་མང་བས་སྤྱིར་ཚོགས་པ་བརྒྱད་བརྒྱ་ལ་གདུགས་ཐོགས་པ་ལྔ་བརྒྱ་ཞེས་པ་ལྟ་བུ་ཡིན་ཞིང་། མཆོག་ཏུ་གྱུར་པའི་སློབ་མ་ཉི་ཤུ་རྩ་བཞི་སྟེ། དེ་ལས་འདིར་ནི་རྗེ་འགྲོ་བའི་མགོན་པོའི་ཉེ་བའི་སྲས་བཞིའི་ཡ་གྱལ་སྨར་པ་ཤེས་རབ་ཡེ་ཤེས་ལས་སྣང་བའི་སྨར་ཚངས་ཞེས་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པའི་བཀའ་བརྒྱུད་དེ་ཉིད་རྩ་བར་གྱུར་ཅིང་། དེ་ལ་ཕག་གྲུའི་མཐར་ཐུག་བུ་བཞིའི་མཆོག་གྱུར་གླིང་རས་པདྨ་རྡོ་རྗེའི་བཀའ་བརྒྱུད་ལས་བྱོན་སྟོད་འབྲུག་ཏུ་གྲགས་པ་ཡང་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་བཞུགས་པ་ཡིན་ལ། དེ་ལྟར་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས། བྱིན་རླབས་ཀྱི་རྒྱུན་བར་མ་ཆད་པ་བཀའ་བརྒྱུད་བླ་མ་བསླད་མེད་གསེར་གྱི་འཕྲེང་བ་ལྟ་བུར་བྱོན་པའི་མཚན་ཙམ་ཡང་བརྗོད་པར་དཀའ་རུང་ཅུང་ཟད་སྨོས་ན། དེ་ཡང་ཕྱག་ཆེན་འཕགས་ཡུལ་གྱི་བརྒྱུད་པའི་རྣམ་གྲངས་དེང་སང་ཏེ་ལོ་ནཱ་རོ་ནས་འདྲེན་པ་ཤས་ཆེ་ཞིང་། དེ་ནི་རྗེ་མར་པས་ནཱ་རོ་པ་ལ་ཀྱཻ་རྡོར་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དབང་དོན་ཡེ་ཤེས་ངོ་འཕྲོད་པས་ཞུ་བདེ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་རང་རྐང་ཚུགས་པ་གུད་དུ་བཏབ་པ་འདི་ལྟ་ལ་ནི་རྗེ་རི་ཁྲོད་ཡབ་སྲས་ལ་བརྒྱུད་པ་འདོད་པ་ངེས་པར་འཐད་སྟེ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པ་ཡིན་ལ། ཅིས་ཕྱིར་མར་པ་རང་གི་མགུར་ལས། རྗེ་མངའ་བདག་མཻ་ཏྲིའི་ཞབས་ལ་ཐུག །རྒྱུད་ཟབ་མོའི་བསྟོད་པ་གླུར་བླངས་ཐོབ། །ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས། །སེམས་དངོས་པོའི་གནས་ལུགས་གཏན་ལ་ཕབ། །གཞི་ཆོས་ཉིད་དོན་གྱི་ངོ་བོ་མཐོང་། །ཞེས་དང་། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་འཛིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཞེས་གསུངས་པ་ལྟར་རོ། །

དེང་སང་རྣལ་འབྱོར་རྣམས་ཀྱིས་ནི་བླ་མར་སངས་རྒྱས་དངོས་སུ་མཐོང་བ་དང་ཆོས་ཐམས་ཅད་ཡིད་བྱེད་བྲལ་བའི་ཁས་བླངས་མཛད་དགོས་བྱུང་བའི་སྟབས་ཀྱིས་བརྒྱུད་ཁུངས་ལ་དཔྱད་པ་ཞིབ་མོ་མི་བྱེད་པ་ནི་དེ་ཀས་ཡིན་ཏེ་འོང་། གཞན་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་འོངས་པའི་བཀའ་གདམས་ཀྱི་ལམ་རིམ་འདི་ལ་བཀའ་བབ་གསུམ་འདུས་པར་དེང་སང་ཡོངས་སུ་གྲགས་བཞིན་པ་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། བྱིན་རླབས་རྟོགས་པའི་ཆུ་བོ་གསུམ་དྲིལ་བ་རྗེ་སྒམ་པོ་པ་ལ་འདུས་པར་འདོད་བཞིན་དང་། དེར་མ་ཟད་ལྷན་ཅིག་སྐྱེས་སྦྱོར་གྱི་གོ་ཆ་གཉིས་པ་ནི། སློབ་དཔོན་ཆེན་པོ་ཤཱནྟི་པའི་མན་ངག་གཙོ་བོར་གྱུར་པས་ན་བརྒྱུད་པའི་ཆུ་བོ་དེ་ཡང་འདུ་བ་ཡིན་ཏེ། གོང་མ་ཆུ་བོ་གསུམ་གྱི་བླ་བརྒྱུད་ཚུལ་ནི་ལམ་རིམ་གྱི་གཞུང་ཀུན་ཏུ་གྲགས་ཆེ་བས་འདིར་མ་སྨོས་ལ། ཤཱནྟི་པའི་མན་ངག་ལྷན་ཅིག་སྐྱེས་སྦྱོར་ནི་རྡོ་རྗེ་འཆང་ནས་རིམ་པར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། དེ་ནས་ཉི་ཟླ་འོད། ཉི་མའི་དངོས་གྲུབ། དགྱེས་པའི་རྡོ་རྗེ། ཉི་མ་སེང་གེ། ལྷ་ཡི་དབང་ཕྱུག དེ་ལ་སློབ་མ་ཕོ་གཉིས། སྨྲྀ་ཏི་པ་དང་ཤཱནྟི་པ། མོ་གཉིས་དགེ་བ་མ་དང་གྲགས་འཛིན་མ་དེ་ལས་སྨྲྀ་ཏི་བོད་དུ་བྱོན་ནས་སློབ་མ་རྟ་ནག་ཚུལ་ཁྲིམས་སྙིང་པོ། དེས་སྦ་སྒོམ་བསོད་ནམས་ཡེ་ཤེས། དེས་ཁ་རག་སྒོམ་ཆུང་ལ་བཤད་ཞེས་གྲགས་ཤིང་། སློབ་དཔོན་ཆེན་པོ་ཤཱནྟི་པའི་སློབ་མ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ དེས་ལྷན་གཅིག་སྐྱེས་སྦྱོར་གྱི་གདམས་པ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། དེས་བྱ་སོར་བ། དེས་རྒྱ་ལྕགས་རི་གོང་ཀ་བ། དེ་ལ་རྗེ་མཉམ་མེད་དྭགས་པོ་ལྷ་རྗེས་གསན་པ་ཡིན་ཞེས་སྔོན་གྱི་ཡི་གེ་ཆེས་རྙིང་པ་ནས་འབྱུང་བ་མཐོང་བས་ཡིད་ཆེས་པའི་གནས་སུ་དྲངས་པའོ། །

ཕྱག་རྒྱ་ཆེན་པོ་ཇི་བཞིན་མངོན་སུམ་རྟོགས་པའི་རིམ་པ་རྗེ་བཙུན་ཆེན་པོ་མར་པ་ལས་འོང་བའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ། བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གླུ་མཁན་ཤ་ཝ་རི་པ་ཞེས་པ་སྤྱི་དང་། ཡང་ས་ར་ཧ་ཆེ་ཆུང་ཞེས་པ་ས་ར་ཧ་ནས་ཤ་ཝ་རི་པ་དང་། ཡང་རྡོ་རྗེ་འཆང་ནས་ཤ་ཝ་རི་པ་བགྲང་བ་ཡང་སྟེ། དེ་དག་གྲུབ་ཐོབ་རྣམས་ཀྱི་ལུགས་ཡིན་པས་རུང་མོད། དེ་ནས་མངའ་བདག་མཻ་ཏྲི་གུཔྟ། དེས་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། དེས་མི་ལ་བཞད་པ་རྡོ་རྗེ། དེས་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་ལའོ། །དེ་ནས་སློབ་མ་རྣམས་ལ་རྒྱ་ཆེར་མཆེད་པ་ལས་འདིར་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། དེས་སྨར་པ་ཤེས་རབ་ཡེ་ཤེས། ཤ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན། རྨོག་སྤྱན་སྔ་བ་བྱང་ཆུབ་གྲགས་པ། ཤ་དབུ་རྩེ་བསོད་ནམས་ཡེ་ཤེས་འདིས་ཉག་རས་སེ་བོ་ནས་བརྒྱུད་པའི་ཕྱག་ཆེན་ཡང་གསན་པས་དེ་ཡང་ཆུ་བོ་གཅིག་འདུས་སུ་བགྲངས། དེ་ལ་སྣལ་རིན་ཆེན་གླིང་པའམ་རིན་ཆེན་རྒྱལ་མཚན། དཔང་མཁན་ཆེན་འོད་ཟེར་བླ་མ། ཤིང་མགོ་དཀོན་མཆོག་རྒྱལ་མཚན། རྔུ་བན་ཆོས་ཀྱི་རྡོ་རྗེ། འདི་གྲུབ་ཐོབ་ཀུ་ཀུ་རི་བའི་སྤྲུལ་པར་གྲགས། དེ་ཡི་སློབ་ཚོགས་རྒྱ་ཆེར་འཕེལ་བ་ལས། མཁས་གྲུབ་ཛྙཱ་ན་ཀེ་ཏུ། བྱང་སེམས་རྒྱལ་བ་སེང་གེ །

འདིའི་གཏེར་སྟོན་རཏྣའི་ཞབས་ལ་ཐུག གོང་མ་དང་གཉིས་ཀ་རཏྣའི་ཆོས་བདག་རྩ་བའི་བུ་བརྒྱད་ཀྱི་ཡ་གྱལ་ཡིན། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། འདི་ཟབ་ཕུ་ལུང་དུ་རྒྱུན་རིང་བཞུགས། གུ་རུ་པདྨའི་ཞལ་དངོས་སུ་མཇལ། དབུས་གཙང་གི་མཁས་གྲུབ་མང་པོར་ཐུག སྟོད་འབྲུག་བཀའ་བརྒྱུད་ཀྱི་ཆུ་བོ་ཡང་འདིར་འདྲེས་པ་ཡིན། མཚན་ལྡན་དཀོན་མཆོག་རྡོ་རྗེ། ཡོངས་འཛིན་ཤཱཀྱ་རྒྱལ་མཚན། རྟོགས་ལྡན་བྷོ་དྷི་སིང་ཧ། རྗེ་བཙུན་བཀྲ་ཤིས་རྒྱ་མཚོ། འདི་གཏེར་སྟོན་ཞིག་པོའི་ཆོས་བདག་ཡིན། ཁོང་གི་ནང་དོན་ཡིག་ཆ་ཡང་མང་ཙམ་མཛད། འཁྲུལ་ཞིག་བསྟན་པ་སེང་གེ །འདི་ལ་སྟག་བུ་པ་ཀུན་མཁྱེན་པདྨ་བློ་གྲོས་ཀྱིས་ཀྱང་ཆོས་འབྲེལ་གསན། བ་ཁྱིམ་ཆོས་ཉིད་རྒྱ་མཚོ། འདི་ནི་བསྟན་པ་སེང་གེ་དང་དབང་དྲག་རྒྱ་མཚོ་གཉིས་ཀར་ཐུག འོན་ཀྱང་རྩ་བའི་བླ་མ་བསྟན་པ་སེང་གེར་མཛད། དམ་པ་ཤེས་རབ་རྒྱ་མཚོ། འདི་ལ་སློབ་མ་མང་ཡང་མཆོག་ཏུ་གྱུར་པ་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ཡིན་ལ། གཞན་ཡང་རྣལ་འབྱོར་དབང་ཕྱུག་གསེར་པ་ཡེ་ཤེས་སེང་གེའམ། ཡེ་ཤེས་རྒྱལ་མཚན་དུ་གྲགས་པ་དང་། རྡོ་ཧྲེབ་རྟོགས་ལྡན་ཡེ་ཤེས་སྙིང་པོས་ཀྱང་དོན་བརྒྱུད་ཀྱི་ཆུ་བོ་དམ་པ་འདི་ཁོ་ནའི་དྲིན་ལས་རྙེད་པ་ཡིན་འདུག་ཅིང་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་དང་། རྣལ་འབྱོར་པ་ཡེ་ཤེས་སེང་གེ་གཉིས་ཀར། དཔལ་པདྨ་བདེ་ཆེན་གླིང་པས་ཐུག་སྟེ། བྱིན་རླབས་རྟོགས་པའི་བཀའ་ཡང་དག་པར་བརྙེས་པའོ། །འོན་ཀྱང་བརྒྱུད་པའི་གཙོ་བོ་རྩ་བའི་བླ་མ་མཆོག་ནི་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོར་མཛད་པར་འཁུམས། ཡང་སྨར་ཚང་བཀའ་བརྒྱུད་འཁྲུལ་ཞིག་རང་གྲོལ་དབང་དྲག་རྒྱ་མཚོ་ནས་བརྒྱུད་པ་ནི། བུ་འབོར་བ་མཁས་གྲུབ་ཛྙཱ་ན་ཀེ་ཏུ་ནས། མཚུངས་མེད་ཡོན་ཏན་དཔལ་བ། མཚན་ལྡན་ཤེས་རབ་དབང་ཕྱུག རིན་པོ་ཆེ་སངས་རྒྱས་རིན་ཆེན། རྟོགས་ལྡན་འཁོར་བ་དོང་དཀྲུག་༼དོང་སྤྲུགས༽ཞེས་མཚན་དངོས་སངས་རྒྱས་རྡོ་རྗེ། དཔལ་འབར་དྲུང་བ་ནམ་མཁའ་རྒྱལ་མཚན། འཁྲུལ་ཞིག་རང་གྲོལ་ཞེས་དབང་དྲག་རྒྱ་མཚོ། སྒར་རྗེ་བླ་མ་ཀུན་སྤངས་ཆོས་སྐྱོང་རྒྱ་མཚོ། ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོ། དེས་རིག་འཛིན་ཆེན་པོ་པདྨ་བདེ་ཆེན་གླིང་པ་དེའི་ཐུགས་རྗེ་བརྩེ་བ་ཆེན་པོས་རྣལ་འབྱོར་གཟུགས་འཛིན་སྙོམས་ལས་པ་བདག་ཚེ་དབང་ནོར་བུ་རྗེས་སུ་བཟུང་བའོ། །

དེ་ལྟར་སྨར་ཚང་བཀའ་བརྒྱུད་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་དཔལ་སྟོད་འབྲུག་བཀའ་བརྒྱུད་ནི། ཕག་གྲུ་རྡོ་རྗེ་རྒྱལ་པོ་ནས། རྟོགས་པའི་མཐར་ཐུག་གླིང་རས་པ་པདྨ་རྡོ་རྗེ། དེ་ལ་ཆོས་རྗེ་གཙང་པ་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ། དེས་རང་ལས་ལྷག་པའི་བུ་ཡང་དགོན་ཆོས་རྗེ་ཐུགས་ཀྱི་རྡོ་རྗེ། རིམ་བཞིན་སྤྱན་སྔ་རིན་ཆེན་དཔལ་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་། མཁས་གྲུབ་ནམ་མཁའ་སེང་གེ །དམ་པ་ཀུན་དགའ་ཆོས་རྒྱལ་༼དམ་པ་ཀུན་དགའ་དཔལ་ལྡན་གསུང་བ་འདུག ༽མོན་རྫོང་རས་པ་ཟླ་བ་རྒྱལ་མཚན། དེས་གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན་པ་སྟེ། དེ་མན་སྨར་ཚང་བརྒྱུད་པ་སྔ་མ་དང་འདྲའོ། །ཡང་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ནས་དཀའ་སྤྱད་རང་མཉམ་གྱི་སྲས་ཕུག་རི་བ་དབང་ཕྱུག་རྒྱལ་མཚན། སྤྲུལ་སྐུ་བདེ་ཆེན་ལྷུན་གྲུབ། མ་ཅིག་ཆོས་ཀྱི་སྒྲོན་མ། དཀའ་བཞི་ནམ་མཁའ་འོད་ཟེར། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། དེ་ནས་སྔར་བཞིན་བགྲང་སྟེ། བླ་མ་གོང་མ་རྣམས་ཀྱི་སྟོད་འབྲུག་གི་བརྒྱུད་པ་འདི་ལ་གཙོ་ཆེ་ཙམ་མཛད་འདུག འཁྲུལ་ཞིག་རང་གྲོལ་དབང་དྲག་རྒྱ་མཚོས་སྟོད་འབྲུག་གི་རྒྱུད་པར་གཙིགས་སུ་མཛད་ཀྱང་། བརྒྱུད་པའི་གྱེས་མཚམས་བརྒྱུད་རིམ་ནི། ཞལ་སློབ་ཚོས་སྨར་ཚང་བརྒྱུད་པ་གཅིག་པུས་ཆོག་ཤེས་ཀྱི་བརྟུལ་ཞུགས་ཀྱིས། སྟོད་འབྲུག་བླ་བརྒྱུད་བུམ་ནང་མར་མེ་ལྟར་གྱུར་ལ་དེང་སང་ཀཿཐོག་ནུབ་ཕྱོགས་པའི་བརྒྱུད་འདེབས་སྟོད་འབྲུག་སྨར་ཚང་བསྲེ་སླད་བྱས་པ་དེ་ནི་ཁྱབ་ཆེ་བར་འདུག་རུང་། མབརྟག་པར་ཉམས་དགའ་བ་ཙམ་ལས་སྙིང་པོས་དབེན་པ་ཉིད་དོ། །

དེ་ལྟར་རྩ་བའི་བཀའ་བརྒྱུད་སྨར་ཚང་ལུགས་སུ་གྲགས་པ་འདི་ལ། ཁོ་བོ་གཅིག་པུ་མ་གཏོགས་རྩ་བརྒྱུད་བླ་མ་དེ་དག་ཐམས་ཅད་མ་མཐའ་ཡང་སྐྱེ་མེད་སྤྲོས་བྲལ་གྱི་རྟོགས་པ་ཐུགས་ལ་མ་འཁྲུངས་པ་མེད་ཅིང་། ཤས་ཆེར་རོ་གཅིག་ནས་བསྒོམ་མེད་ཀྱི་བར་འཁྲུངས་པ་འབའ་ཞིག་ཡིན་ལ། དེ་བཞིན་བརྒྱུད་པ་འདི་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་དཔལ་སྟོད་འབྲུག་གི་བརྒྱུད་པའི་རྣམ་གྲངས་དག་ཀྱང་རྩོད་མེད་ཡོངས་གྲགས་ཀྱི་གྲུབ་ཐོབ་འབའ་ཞིག་ཏུ་བྱོན་པ་དེར་གདའ། དེ་ལྟར་བརྒྱུད་པའི་བླ་མ་རྣམས་ཉམས་མྱོང་རྟོགས་པའི་དྲོད་ཚད་རྒྱུད་ལ་རྫོགས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བར་མ་ཆད་པར་བྱོན་པའི་ཐུགས་རྗེ་ལ་བརྟེན། དེང་སང་སྐབས་སུ་ཡང་ཕྱག་རྒྱ་ཆེན་པོ་འདི་ལ་ཡོན་ཏན་བརྒྱད་ཀྱི་ཁྱད་པར་དང་ལྡན་ཏེ། ཡི་གེ་ནག་འདེད་ཀྱི་ཁྲིད་ལུང་དཔེ་བཤད་འོལ་སྤྱི་ཙམ་མ་ཡིན་པར་ཞལ་གདམས་ཡིད་བཞིན་གྱི་ནོར་བུ་རྡོ་རྗེའི་ཚིག་རེའི་དོན་རྒྱ་ཆེན་པོ་ཁྲོལ་ནུས་ཤིང་མྱོང་ཁྲིད་བཟང་པོས་གཏན་ལ་ཕབས་པ་དང་། ༡ རང་གི་བློ་ནུས་ཅུང་ཟད་ཀྱིས་དཔག་པའི་གོ་བ་རབ་རིབ་ཙམ་མ་ཡིན་པར་བླ་མའི་ཞལ་གདམས་གནད་ཏིག་ཅན་རྒྱུ་མཚན་མ་ཆད་པ་དང་། ༢ སྔོན་གྱི་ཚིག་སྒྲོས་བཟང་པོ་ཙམ་ལ་བརྟེན་ནས་མ་མཐོང་ཕྱོགས་ཀྱི་མཛུབ་ཚུགས་འལ་འོལ་མ་ཡིན་པར་ཉམས་རྟོགས་མངོན་སུམ་གྱི་སྲོལ་མ་ཉམས་པ་དང་། ༣ ཟླ་ཆོས་སུ་མིང་བཏགས་པའི་གོ་མྱོང་གང་ཡང་མ་སྐྱེས་རུང་ཁྲིད་རྫོགས་སོ་གྲུབ་བོ་ཐོབ་བོ་ཞེས་མིང་རྐྱང་གི་སྒྲོ་བཏགས་ཅན་མ་ཡིན་པར་ལོ་ཟླ་དུ་མའི་བར་དུ་དགེ་སྦྱོར་སྤྲོས་བཅས་ཀྱི་གཡེང་བ་མེད་པར་བླ་མའི་སྤྱན་སྔར་བསྒོམ་ནས་ཉམས་རྟོགས་ལ་རྡོ་རུས་གཏུགས་པ་དང་། ༤ ཁྲིད་ཚུལ་མཐའ་གཅིག་པ་དེ་ཀ་རྐྱང་ངེ་མ་ཡིན་པར་སློབ་མའི་མྱོང་བ་དང་མཐུན་པའི་ཁྲིད་ཚུལ་གང་ལ་གང་འཚམས་དམིགས་པའི་སྤོ་ལེན་ཐོགས་པ་མེད་པ་དང་། ༥ ཉམས་གནས་པ་བདེ་གསལ་གྱི་ཆ་སྲང་སྲིང་སྐྱེས་པའི་རོས་མི་ཁེངས་པར་ཡིན་ལུགས་ལྷག་མཐོང་གི་ངོ་བོར་སྐྱེས་པར་བྱེད་པ་དང་། ༦ སེམས་ཉིད་སྟོང་པའི་བཞུགས་ཚུལ་མི་རྟོག་པའི་དགེ་སྦྱོར་སྐྱེ་ལུགས་གོ་ཉམས་བཟང་པོ་ཙམ་རེ་བྱུང་བ་ལ་ཡང་ཆེར་ཆེར་པོར་མི་མཛད་པར་ཡིད་ལ་མི་བྱེད་བློ་འདས་ཕྱག་རྒྱ་ཆེན་པོ་ཇི་བཞིན་གྱི་མཐིལ་ལ་གཏུགས་པ་དང་། ༧ མདོར་ན་གོལ་ས་ཤོར་ས་འདྲ་མིན་ནོར་འཁྲུལ་གྱི་གནས་སུ་ནམ་ཡང་མ་ལྟུང་བར་མཉམ་མེད་དྭགས་པོ་ལྷ་རྗེ་ཡབ་སྲས་ཀྱི་བཞེད་པ་ཇི་བཞིན་པའི་ཕྱག་ཆེན་ལྟ་བསྒོམ་གཙང་སིང་ངེ་མཛུབ་ཁྲིད་དུ་བསྟན་པའི་རྒྱུན་མ་ཉམས་པ་དང་། ༨ བརྒྱད་སྟེ་དེ་ལྟར་བརྒྱུད་པའི་བཀའ་སྲོལ་འདི་ལ་འདྲེས་ཁྱེར་གྱི་མ་བསླད་ཅིང་དམ་སེལ་སྐྱོན་གྱིས་མ་གོས་པ། སྔོན་རབས་ཀྱི་བཀའ་བརྒྱུད་ཀྱི་བླ་མའི་ཕྱག་བཞེས་ཇི་བཞིན་དྲི་མ་མེད་པའི་ཁྲིད་ཚུལ་ཡོན་ཏན་ཆེན་པོ་བརྒྱད་ལྡན་འདི་ལྟ་བུ་དང་འཕྲད་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་རྙེད་པ་ལྟར་བསྐལ་པ་ཆེས་བཟང་ཞིང་དགའ་བདེས་བློ་རྒྱུད་ཡོངས་སུ་སིམ་པར་འོས་པའི་གནས་སོ། །

ཡང་རིག་འཛིན་ཆེན་པོ་དཔལ་པདྨ་བདེ་ཆེན་གླིང་པ་ལ་དོན་བརྒྱུད་ཀྱི་ཆུ་བོའི་བཀའ་བབས་གཅིག་ནི། དཔའ་བོ་ཆེན་པོ་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེ་ལས་བརྙེས་པ་ཡིན་ཏེ། དེ་ཡང་རིང་བརྒྱུད་ནི། རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་ཐུགས་སྲས་བརྟུལ་ཞུགས་རང་དང་མཉམ་པ་ཨོ་རྒྱན་པ་རིན་ཆེན་དཔལ་ནས་བརྒྱུད་པའི་ཕྱག་ཆེན་གསོ་རིག་པ་རྣལ་འབྱོར་ངག་དབང་ཆོས་འཕེལ་ལ་གསན་པ་ཡིན་ལ། དེ་ཡི་བླ་མ་བརྒྱུད་པའི་མཚན་ནི་སླད་མར་མདོ་ཁམས་སུ་སླེབས་ཚེ་ཁུངས་བཅད་ནས་འདིར་བཀོད་པར་བྱ་ལ། ཉེ་བརྒྱུད་ཁྱད་པར་བ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་དོན་དམ་རྟོགས་པའི་ཆུ་རྒྱུན་ནི། རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྒྱལ་པོའི་མདོར་ལུང་བསྟན་པ་ངེས་དོན་བསྟན་པའི་བདག་པོ་རྒྱལ་སྲས་ས་བཅུ་མཉམ་མེད་ཟླ་འོད་གཞོན་ནུ་ལ། རྡོ་རྗེ་འཆང་གི་བྱིན་རླབས་དོན་གྱི་འཕོ་བ་ཆེན་པོས་ཇི་བཞིན་ཡེ་ཤེས་མཆོག་གཟིགས་པའི་དོན་བརྒྱུད་བརྙེས་པ་ཐུགས་ཀྱི་སྲས་དུས་གསུམ་སངས་རྒྱས་ཀྱི་ངོ་བོར་ཞལ་གྱིས་བཞེས་པ་ཕག་གྲུ་རྡོ་རྗེ་རྒྱལ་པོར་བབ་ཅིང་། དེ་ལ་རྟོགས་པ་ས་ར་ཧ་དང་མཉམ་པར་ཡོངས་སུ་གྲགས་པ་གླིང་རས་པདྨ་རྡོ་རྗེ་དང་། དེས་དེ་ཡི་བྱིན་རླབས་འཕོས་རྒྱ་སྟོན་དྲི་མེད་བཤེས་གཉེན། དེའི་བྱིན་གྱིས་བརླབས་པ་ཡེ་ཤེས་སྒྱུ་མའི་སྐུ་བརྙེས་མཆོག་ལྡན་རྡོ་རྗེ་གྲགས་འབུམ། དེའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་ཐུགས་རྒྱུད་གཉིས་སུ་མེད་པ་དཔའ་བོ་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེ། དེའི་སློབ་མ་རྟོགས་པའི་བཀའ་བབས་པ་དྲན་མཆོག་པདྨ་བདེ་ཆེན་གླིང་པ། དེའི་ཐུགས་རྗེ་ཆེན་པོས་བདག་རྗེས་སུ་བཟུང་བའོ། །བརྒྱུད་པ་འདི་ནི་མཆོག་གི་དངོས་གྲུབ་ཐོབ་པ་འཕགས་ཆེན་གྱི་སྐྱེས་མཆོག་འབའ་ཞིག་ཡིན་པས་ནན་ལྟར་བྱིན་རླབས་ཆེ་བར་མ་ཟད་དཔའ་བོ་སྟག་ཤམ་པ་ལས་ཕྱག་ཆེན་གྱི་རྟོགས་པའི་བཀའ་བབ་བརྙེས་པའི་སྲས་ཀྱི་མཐུ་བོ་ནི་བདག་གི་རྩ་བའི་བླ་མ་ཡིན་པས་བརྒྱུད་པ་འདི་ལ་གཙིགས་སུ་བྱའོ། །

དེ་ལྟར་རྣམ་འདྲེན་རྡོ་རྗེ་འཆང་དཔལ་པདྨ་བདེ་ཆེན་གླིང་པ་ལ་བདག་གིས་ཕྱག་རྒྱ་ཆེན་པོ་སྦྱོར་དངོས་རྗེས་ཚང་རྒྱབ་ཆོས་རྣལ་འབྱོར་བཞི་ཡི་རྣམ་བཞག་ཞལ་ལུང་ཁྱད་པར་ཅན་ཚིག་ཉུང་ལ་དོན་རྒྱ་ཆེ་བ་དུ་མ་ལེགས་པར་མནོས་ཤིང་། དེའི་མཐུས་ཆོས་ཕྱག་རྒྱ་ཆེན་པོ་གོ་བའི་སྒོ་ནས་ངེས་པ་ཡང་དག་པ་རྙེད་ཅིང་། ཉམས་སུ་མྱོང་བ་ཡང་གནས་འགྱུ་དྲན་པ་རྡོ་རུས་ཐུག་ཅིང་བསམ་གཏན་ཞི་གནས་ཤེས་རབ་རིག་པ་ལྷག་མཐོང་གི་ཉམས་མྱོང་གི་སྣ་ཁ་ཅུང་ཟད་ཟིན་པའི་མཐུ་ལས། ཕྱིས་ཀྱི་དགེ་སྦྱོར་ཐམས་ཅད་སྐྱེ་བའི་རྨང་གཞི་ལྟ་བུར་གྱུར་པས། དེས་ན་ཚེ་འདིའི་བླ་མར་གྱུར་པ་རྣམས་ཀྱི་མཆོག་བཀའ་དྲིན་རྨད་བྱུང་རྩ་བའི་བླ་མའི་གནས་སུ་འཛིན་པའི་རྒྱུ་མཚན་དེ་ཡིས་ཡིན་ནོ། །དེ་བས་གཞན་རྨོངས་ཞེན་ཙམ་གྱིས་ནི་དགོས་པ་མ་མཆིས་ཏེ། ཅིས་ཕྱིར་དེ་དགོས་པ་ཆེ་ན་རྟ་མི་ཡིས་བདག་ཏུ་བཟུང་བའི་བྱོལ་སོང་ཕལ་ཆེར་ཡང་འཚངས་ཚར་འདུག རྨོངས་ཞེན་དེ་ཚོས་ཡང་ཤེས། སྤྱིར་ཡང་གཉེན་བཤེས་བསམ་རང་ལ་སྙིང་ཉེ་བྱམས་པ་ཙམ་གྱིས་བླ་མར་འཛིན་མི་འོས་ཏེ་དེས་ཡོང་ན་བཀའ་དྲིན་ཕ་མས་ཆེ། མགོ་བཟའ་དཔོན་གྱིས་བཏོན། སྙིང་ཐག་ནག་མོས་ཉེ། མཛའ་ཁྲམ་གྲོགས་དང་ཆེ་སྟེ། དེ་དག་ལ་རྩ་བའི་བླ་མར་བཟུང་ནས་གསོལ་བ་བཏབ་པའི་ལུགས་སྲོལ་སྔར་ཡེ་ནས་བྱུང་ལུགས་མེད། ད་ནི་དུས་ཀྱི་དབང་གིས་ཡིན་ཡིན་མོར་རློམ་པ་འགའ་རེས་ཀྱང་དེ་འདྲ་ལ་གསོལ་བ་གདབ་རིགས་སུ་གདའ། ཅིའི་ཕྱིར་ཞེ་ན་དབང་བཤད་མན་ངག་ཟབ་མོ་ཐོས་ཤིང་གོ་མྱོང་བཟང་པོ་བསྐྱེད་མཁན་དེ་གནད་ཆུང་དུ་བཟུང་ཞིང་། དེ་བས་ཕ་ཁུ་བཟའ་དཔོན་སོགས་མཛའ་གྲོགས་གཉེན་བཤེས་སུ་རྟོགས་པའི་བླ་མར་ཆོས་ཀྱི་གོ་མྱོང་རྟོགས་གསུམ་གྱི་དྲ་དྲི་ཡེ་ནས་མ་བྱུང་ཡང་ཆོས་རབ་རིབ་ཐན་ཐུན་དང་། མན་ངག་དུམ་དུམ་ཅུང་ཟད་རེ་ཐོས་པ་ལ་རྨོངས་ཞེན་ཁོ་ནས་བསྐྱོད་དེ་རྩིས་ཆེ་ཆེས་སོ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ཡིན་ཡིན་མོ་བྱེད་པ་ཡང་མང་དུ་མཐོང་བས་སོ། །ལར་ཚིགས་བཅད་གཅིག་ཉན་པ་ལ་ཡང་དད་པ་མོས་གུས་ཡང་དག་པར་བྱ་རིགས་ན། ཆོས་རབ་རིབ་ཐན་ཐུན་དང་མན་ངག་དམ་དུམ་ཐོས་པའི་ཡུལ་ལ་དག་སྣང་མོས་གུས་བཀུར་སྟི་རིམ་གྲོ་མི་དགོས་ཟེར་བ་ནི་མ་ཡིན་ཏེ། ཆོས་འབྲེལ་ཡོད་ཕྱིན་གུས་པས་བསྙེན་དགོས་པ་ཡང་གཞིར་བཅས།

གཞན་ཡང་ཁ་ཅིག་ལུང་སུལ་དབེན་པོ་རེར་སྡོད་ཡུན་རིང་དུ་བྱས་ཤིང་ཆོས་ཀྱི་གོ་མྱོང་བློ་གྲོས་ཡེ་ནས་མེད་པ་ལ་དབང་བསྐུར་ཆོས་བཤད་བློ་གྲོས་ཀྱི་སྣང་བ་བསྐྱེད་ཆོ་ག་ཕྱག་ལེན་ཡང་ཅི་རིགས་བློར་ཚུད་ཚེ། དེ་དག་སྔར་ནས་ཤེས་གྱུ་གྱུ་ཡོད་གྱུ་གྱུ་ལས་ཕན་བཏགས་དྲིན་དུ་མི་གཟོ་ཞིང་བྱས་པ་མཉམ་མཉམ་འདྲ་འདྲའི་ཁུལ་གྱིས་ད་དུང་མཆེད་གྲོགས་ཙམ་ཡིན་གྱུའི་ཨོ་ཟོབ་ཅན་ཁྲེལ་ངོ་ཚ་ཆུང་བ་དེ་འདྲ་ཡང་དུས་དབང་གི་མང་རབ་མཐོང་ཡོངས་རིགས་འདུག་སྟེ། སྔར་མཆེད་གྲོགས་ཡིན་རུང་དབང་ལུང་ཁྲིད་བཀའ་ཞུ་ཟིན་ནས་མཆེད་གྲོགས་འཛིན་ག་ནས་རུང་བླ་མ་ཡིན་པར་ངེས། སེམས་ངོ་སྤྲད་ན་བླ་མ་ལས་ཀྱང་རྩ་བའི་བླ་མ་གཉན་ཤོས་དེར་གདའ། རང་གི་དབང་ལུང་མ་ནོད་ཀྱང་། བླ་མས་རྒྱལ་ཚབ་ཏུ་དབང་བསྐུར་བའམ། ཆོས་ཀྱི་འགྲོ་དོན་སྐྱོང་ནུས་པ་དེ་ནི་མཉམ་འགྲོགས་ཀྱི་གནས་མ་ཡིན་རང་གཞན་གཉིས་ཀས་ཆོས་ཀྱི་འགྲོ་དོན་སྤྱོད་ནུས་ན་ཡང་དག་སྣང་སྦྱངས་པ་གཅེས། དེ་མི་ཤེས་མཁན་ཚོ་ཡིན་པ་ལྟ་ཧམ་པ་མིག་ཆེ་བྱེད་རྒྱུ་ལ་བསགས་པ་ནི་རྡོ་རྗེ་དམྱལ་བའི་ལས་བསགས་པ་ཚོ་ཕོ་ཚ་རེ། ཕ་ཕ། ལར་ཆོས་ཀྱི་བཀའ་དྲིན་ཆེ་ས་ལ་མི་རྩི་ཆུང་ལ་རྩི། སེམས་ངོ་སྤྲད་པར་རྩ་བའི་བླ་མར་མི་འཛིན།

མ་སྤྲད་པ་ལ་འཛིན་པ་རྣམས་འགའ་ཞིག་ནི་མ་གོ་བའི་སྐྱོན་ཡང་ཡིན། ཕལ་ཆེར་ཞིག་ནི་རང་བསོད་ནམས་དམན་པས་འདི་ཕྱི་ཕུང་པའི་ཕུང་འགོང་དེ་སྙིང་ལ་ཞུགས་ནས་འདི་སྣང་ཁེ་གྲགས་ཡད་ཡུད་ཀྱི་བྱེད་མང་བདུད་ལས་སུ་བསྒྲུབ་པ་ཡིན་མོད། ངོ་ཤེས་མཁན་ནི་ཉུང་། ཟེར་མཁན་ཡང་དཀོན་རིགས་སྣང་སྟེ། སྨྲ་དགོས་ངེས་རང་གཞན་སྐྱོན་ལ་མཛུབ་ཚུགས་དམ་པའི་ཆོས་དང་མཐུན་པ་དེ་མི་བྱེད་པར། ཕྱི་ཞི་དུལ་གྱི་ཁ་གསག་རྩེད་རྩེད་མཁས་འཇུག་སྐྱེན་པོ་ལ་ནང་བྱང་སེམས་བརླན་གྱིས་མ་གོས་པར་ཆགས་སྡང་ཕྲག་དོག་ཆོས་བརྒྱད་ཀྱི་ཡོ་ལང་འཚུབ་པ་ཚོ་ཚིག་རྩུབ་འདི་འདྲ་སྨྲ་དགོས་མ་བབ་ཅིང་དེ་དགེ་བའི་བཤེས་གཉེན་དུ་ཡང་འགྱུར་རེ་སྐན། གཞན་ཡང་ཁྲིད་ཐོབ་སྔ་བ་ཙམ་ཞེན་ཡང་བྱ་རྒྱུ་མེད་དོ། །རྒྱུ་འབྲས་ལ་འཕྲིག་མ་ཚུད། དམ་ཚིག་གི་ཁེ་ཉེན་མ་ཤེས་ཤིང་། གོ་བ་ཉམས་མྱོང་གང་ཡང་མ་བྱུང་ན་མིང་ཁྲིད་དུ་བཏགས་ཀྱང་དོན་ལ་བཀླགས་ལུང་ཙམ་དང་ཁྱད་པར་མ་བྱུང་བས་དེ་ལ་རྩ་བའི་བླ་མ་མི་ཟེར། དེ་མ་ཟད་སྔོན་བསྐལ་པ་བཟང་དུས་སུ་སྔར་གོ་མྱོང་ཙམ་སྐྱེས་ཀྱང་ཕྱིས་རྟོགས་པའི་ཡེ་ཤེས་དངོས་གང་ལས་སྐྱེས་པ་དེ་ལ་རྩ་བའི་བླ་མར་མཛད་པ་ཡིན་ཀྱང་། དེང་སང་དེ་སྐད་ཙམ་ལས་དངོས་མཐུན་ཨེ་ཡོད་རང་མ་ཤེས། ཡོད་འགྲོ་ཉེན་ཡང་ཆེ། ཡོད་ན་དེ་ཀས་འཐུས་པས་འདིར་བརྗོད་མ་དགོས། དེ་དག་ནི་འཕྲོས་དོན་ཙམ་སྟེ་རྒྱས་པར་འདིར་བརྗོད་མ་ལངས་གཞན་དུ་ཅི་རིགས་སྤྲོ་བར་འགྱུར་རོ། །དེ་ལྟར་ཤེས་པས་ཆོས་ཀྱི་གོ་བ་ཉམས་མྱོང་མ་བྱུང་ཡང་ཆོས་ཐོབ་སྔ་བ་ཙམ་དང་། ཕྱོགས་འཛིན་རྨོངས་ཞེན་གྱི་བྱ་བས་མ་གོས་པར་ཚུལ་བཞིན་ཆོས་ཀྱི་རྗེས་སུ་འབྲང་བས་རྩ་བའི་བླ་མ་ངོས་བཟུང་བའི་ཡིན་ལུགས་ཅུང་ཟད་བརྗོད་པ་ཡིན་ནོ། །

མཉམ་མེད་རྒྱས་སྲས་ཟླ་འོད་གཞོན་དུ་འཆི་མེད་མེས་པོའི་རལ་པ་ལས། །ལེགས་འོངས་འོད་གསར་ཕར་ཕྱིན་ཕྱག་ཆེན་དག་བྱེད་ལྷ་མོ་བྱེ་བའི་གཙོ། །ཐུབ་ཆེན་བཤེས་གཉེན་ཚུལ་གྱུར་ཕག་གྲུ་སྐལ་ལྡན་ཤིང་རྟའི་སྙིང་སྟོབས་ཀྱིས། །ལེགས་དྲངས་ཡོན་ཏན་བརྒྱད་ལྡན་རྒྱུན་བཟང་བདེ་གླིང་ཛ་ཧུའི་མཆོད་བྱས་ཤིང་། །སླར་ཡང་གདུལ་བྱ་མཐའ་དག་གྱུར་པ་སྟོབས་ལྡན་ལས་སྐྱེས་བརྒྱད་ཁྲིས་གདུང་། །སེམས་ཀྱི་དྲི་མ་འཁྲུད་པར་མཛད་ཕྱིར་ས་གསུམ་ཀུན་ཏུ་འགྲོ་བ་པོ། །རྨད་བྱུང་མན་ངག་ལེགས་པར་བཤད་པའི་ཅ་ཅོ་སྒྲོགས་བྱེད་འཆོར་སྒེག་ལྷ་མོའི་ཚིག །བདག་གིས་ཅུང་ཟད་ཐོས་པས་ཉོན་མོངས་སྐོམས་ཚད་གདུང་སེལ་དབུགས་དབྱུང་བྱས། །ཞེས་པའང་སྨྲས་སོ། །དེ་ལྟར་དཔལ་པདྨ་བདེ་ཆེན་གླིང་པའི་ཐུགས་རྗེ་ལས་ཕྱག་རྒྱ་ཆེན་པོ་ལ་གོ་བ་མ་ནོར་ཇི་ལྟ་བ་དང་ཉམས་མྱོང་གི་སྣ་ཁ་ནས་ཀྱང་ཟིན་མོད། འོན་ཀྱང་ཕྱག་རྒྱ་ཆེན་པོའི་རྟོགས་པ་དངོས་ནི་རང་ཉིད་ཀྱི་སྒྲིབ་པས་དེ་སྐབས་སུ་མ་ཤར་བས། རྟོགས་པ་ནི། མཉམ་མེད་དྭགས་པོའི་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་སྔོན་གྱུར་པ་མ་བྱོན་པའི་སངས་རྒྱས་བསྐལ་བཟང་འདྲེན་པ་དྲུག་པ་སེང་གེ་སྒྲ་ཡི་ངོ་བོ་ཀྲེ་བོ་ཀརྨ་པ་དུས་གསུམ་མཁྱེན་པའི་དཔལ་ཞེས་ཆོས་ཀྱི་གྲགས་པའི་ཞབས་ནས་བརྒྱུད་པ་ཀརྨ་ཀམ་ཚང་དུ་གྲགས་པའི་བཀའ་བརྒྱུད་བྱེ་བྲག་ཏུ་ཀམ་ཚང་སྙན་བརྒྱུད་འཛིན་པ་དཔལ་ཟུར་མང་པ་ཞེས་སྙན་པའི་བ་དན་སྲིད་རྩེར་གཡོ་བ་གང་གི་བཀའ་སྲོལ་འཛིན་པའི་ཁྱུ་མཆོག་དཔལ་ཆེན་པོ་ཤ་ཝ་རི་པའི་སྒྱུ་འཕྲུལ་མ་བྱོན་པའི་སངས་རྒྱས་ཚོགས་ཆེན་གཙོ་བོའི་ངོ་བོ་རྡོ་རྗེ་འཆང་ཆེ་ཚངས་མཆོག་གི་སྤྲུལ་པའི་སྐུ་དྲུག་པ་འཇམ་མགོན་གྲུབ་པའི་དཔའ་བོ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཧེ་རུ་ཀ་དཔལ་ཁོང་གི་བཀའ་དྲིན་ཆེན་པོས་ཁྱབ་པར་གྱུར་པ་དེ་ཉིད་ཀྱི་ཞབས་པད་དུ་དཀའ་བ་སྤྱད་དེ་ལན་གཉིས་ཀྱི་བར་བསྙེན་པར་བྱས་ཤིང་། ཕྱག་རྒྱ་ཆེན་པོ་སྤུང་ཁྲིད་ཚར་གསུམ། སྨིན་ཁྲིད་ལན་གཉིས་མནོས་ཤིང་། ཁྱད་པར་སེམས་ཉིད་ངོ་བོ་ཆོས་ཀྱི་སྐུ་རུ་ངོ་སྤྲད་པས་རྩ་བའི་བླ་མ་ཡོངས་ཀྱི་གཙོ་བོར་བཞུགས་ཤིང་སངས་རྒྱས་ཐམས་ཅད་ཀྱི་ངོ་བར་གྱུར་མོད། སྤྱིར་ཡང་སེམས་ཉིད་ཆོས་སྐུར་ངོ་སྤྲད་པའི་བླ་མ་དེ་ལ་དབང་བཀའ་ཀླགས་ལུང་ཚིགས་སུ་བཅད་པའི་གཅིག་ཙམ་ཡང་མ་ཐོབ་རུང་རྩ་བའི་བླ་མ་ཡིན་ལ། སེམས་ཉིད་ཆོས་སྐུར་ངོ་མ་འཕྲོད་ན་གླེགས་བམ་བརྒྱ་སྟོང་ཙམ་གྱི་བཀླགས་ལུང་ཐོབ་པའམ་དབང་བསྐུར་གྱི་བུམ་ཆུའི་ཤོ་རྒྱུག ཅོད་པཎ་གྱི་ཐིབ་འོག་ཏུ་ནོན་པ་ནོད་པའི་ཡུལ་ཀྱང་། ཡན་ལག་གི་བླ་མ་ཡིན་ལ། དབང་བསྐུར་གཉན་པོ་འགའ་རེས་རྩ་བའི་བླ་མའི་ཁོངས་སུ་གཏོགས་དགོས་པ་ནི་ཡོད། ཁྲིད་ཀྱི་རྒྱུན་ཙམ་ཞུས་པ་ཡང་དེ་དང་འདྲ། དཔེར་ན་མི་ལས་རོང་སྟོན་དང་རྔོག་སྟོན་ལ་ཁྲིད་ཆ་ཚང་བ་རེ་གསན་ཅིང་། དེ་བཞིན་དྭངས་པོས་བཀའ་གདམས་ཀྱི་མན་ངག་སྔར་གསན་པ་དང་། ཕག་གྲུའི་ས་ཆེན་ལོ་བཅུ་གཉིས་བསྟེན་ཅིང་གདམས་ཁྲིད་མཐའ་ཡས་པ་གསན་པས་དེ་རྣམས་ལ་གོ་མྱོང་བཟང་པོ་སྐྱེས་ཀྱང་རྟོགས་པ་གཤའ་མ་དེ་ཕྱིས་སྐྱེས་པས། དེ་དག་གིས་མར་པ་དང་མི་ལ། དྭགས་པོ་རྣམས་རྩ་བའི་བླ་མར་མཛད་པའི་རིག་པས་ཤེས་སོ། །

གཞན་ཡང་དེ་ལྟ་བུའི་ལོ་རྒྱུས་ཆེས་མང་ཡང་སྐབས་འདིར་རྒྱ་མི་བསྐྱེད་དོ། །དེ་ལྟར་བདག་གི་ཚེ་འདིར་ཕྱག་རྒྱ་ཆེན་པོ་ཡི་རྟོགས་པའི་སྣ་ཁ་ནས་ཅུང་ཟད་ཟིན་པར་གྱུར་ཅིང་རྡོ་རྗེའི་གསུང་གི་དབུགས་དབྱུང་བར་མཛད་པ་པོ་གང་རྡོ་རྗེ་འཆང་དུ་ཤེས་པས་རང་ངོ་ལ་བླ་མ་བརྒྱུད་རིམ་ལ་མི་ལྟོས་མོད། འོན་ཀྱང་གཞན་རྣམས་ཡིད་ཆེས་པར་བྱེད་པ་ལ་ནི། རྫོགས་པའི་སངས་རྒྱས་ནས་བཀའ་དྲིན་ཅན་རྩ་བའི་བླ་མའི་བར་ཆོས་རྒྱུན་མ་ཆད་ཅིང་བྱིན་རླབས་མ་ཉམས་པ་ཞིག་དགོས་པ་ནི་གཞིར་བཅས། གཞན་དུ་ནི་བྱིན་རླབས་མེད་ན་བརྒྱུད་ཁུངས་ཡོད་ཀྱང་ངོ་མཚར་མེད་ལ། བྱིན་རླབས་ཡོད་ན་བརྒྱུད་ཁུངས་མེད་ཀྱང་རུང་བའི་གོ་སྐབས་ནི་ཡོད་མོད། འདིར་ནི་བརྒྱུད་པར་ལྡན་ཅིང་བྱིན་རླབས་མ་ཉམས་པ་ལས་ཀྱང་ཆེ་བའི་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བླ་མ་རྣམས་ཀྱི་མཚན་ནས་བགྲང་བར་བྱ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་སྔར་བཤད་པ་ཉིད་ཡིན་ཀྱང་སྐབས་འདིར་རང་གི་རྒྱུད་ལ་སྐྱེ་ཚུལ་སྔགས་ཀྱི་ཕྱག་ཆེན་གྱི་རྒྱས་ཐེབས་པ་དང་། ཆོས་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ནོར་བུ་སྐོར་གསུམ་གྱི་གནས་ལུགས་ཡིད་བཞིན་ནོར་བུ་ཡིན་པར་བཞེད་པས་ན། དེས་ན་སྐབས་འདིར་དཔལ་ཏིལ་བརྡུང་ཞབས་ནས་བརྒྱུད་པའི་ལུགས་སུ་བྱ་སྟེ། དེ་ལ། བྷ་ག་ཝན་བཛྲ་དྷ་ར། བཛྲ་ཡོ་གི་ནི། གུ་རུ་ཏི་ལློ་པྲཛྙཱ་བྷ་ཊ། ནཱ་རོ་ཏ་ཛྙཱ་ན་སིདྡྷི། ལོ་ཙཱ་ན་དྷརྨཱ་ཏི། ཡོ་ག་ཧ་སྱ་བཛྲ། དེ་ཝ་སཱ་མི་པུཎྱ་རཏྣ་ཀརྨ་ཀ་ཤྲཱི་དྷརྨ་ཀིརྟི། པུཎྱ་གིརྟི། པུཎྱ་བཛྲ། ཀརྨ་ག་དྷརྨ་གུ་རུ། ཨོ་རྒྱན་རཏྣ་ཤྲཱི། ཀརྨ་ཀ་སྭ་ཡམ་བྷུ་བཛྲ། བཛྲ་ཤྲཱི། ཀརྨ་ཀ་ལི་ལ་བཛྲ། ཁེ་ཙ་རེནྟྲ་བཛྲ། ཀརྨ་ཀ་དྷརྨ་ཤྲཱི། འདི་ནས་འཁོར་ལོ་བདེ་མཆོག་གི་སྒྱུ་འཕྲུལ་དཔལ་ཏེལློ་པ་ཡི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་། དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ཀྱི་ངོ་བོར་གྱུར་པ་ཡ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན། དེས་ཚབ་ཤིར་རྣལ་འབྱོར་ཆོས་སྐུ་འོད་ཟེར་སེང་གེ །དེས་ཇོ་གདན་བློ་གྲོས་གྲགས་པ། དེས་བྱ་བཏང་བློ་གྲོས་རྒྱ་མཚོ། འདི་གཏེར་སྟོན་རཏྣའི་རྩ་བའི་ཆོས་བདག་ཡིན། དེས་རྟོགས་ལྡན་དོན་གྲུབ་བཀྲ་ཤིས། དེས་སྔགས་འཆང་སངས་རྒྱས་རིན་ཆེན་དེས་ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ། འདིས་ལོ་དྲུག་རྡོ་རྗེ་དཀྱིལ་ཀྲུང་ཅིག་མ་བཤིག་པར་བཞུགས་ཤིང་རོ་གཅིག་ཆེན་པོའི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས། ཀརྨ་པའི་སྤྲུལ་པར་ཡང་གྲགས་ཤིང་ཐུགས་རྒྱུད་གཅིག་པར་ཡང་མངོན་ཏེ།

ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་ཡོངས་འཛིན་དུ་ཡང་བརྟེན། དེས་གར་དབང་ཀརྨ་བསྟན་སྐྱོང་། དེས་ཆེ་ཚངས་བསོད་རྣམས་འགྱུར་མེད། འདིས་བསྒོམ་མེད་ཆེན་མོ་རྟོགས་པར་ཞལ་གྱིས་བཞེས་ཤིང་ལྟ་སྟངས་ཀྱིས་ཆུ་བོ་གྱེན་དུ་བཟློག་པར་ཡང་གྲགས། དེས་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་ཞབས། དེས་དྲན་མཆོག་འཁོར་ལོའི་མགོན་པོ་ཧེ་རུ་ཀ་དཔལ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་སྟེ། དེས་བརྩེ་བ་ཆེན་པོས་བདག་ཀརྨ་བསྟན་པ་མཐའ་རྒྱས་སམ། དཔལ་རྣལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེ་རྩལ་རྗེས་སུ་བཟུང་ནས་དོན་བརྒྱུད་བརྙེས་པའོ། །ཡང་ཀརྨ་པ་དུས་གསུམ་མཁྱེན་པའི་དཔལ་ཆོས་ཀྱི་གྲགས་པ་ནས། ཀཿཐོག་དམ་པ་བདེ་གཤེགས་སུ་གྲགས་པ་མཚན་དངོས་སྤོབས་པ་མཐའ་ཡས། གཙང་སྟོན་རྡོ་རྗེ་རྒྱལ་མཚན། སྤྱན་སྔ་བྱམས་པ་འབུམ། དེས་གྲུབ་ཐོབ་ཆེན་པོ་ཀརྨ་པཀྵི་ཞེས་ཆོས་ཀྱི་བླ་མ་ནས་སྔར་ལྟར་བརྒྱུད་ཞེས། རྗེ་མི་བསྐྱོད་ཞབས་ཀྱི་གསུང་ཞེས་དྲུང་ཀུན་དགའ་རྣམ་རྒྱལ་བའི་སྙན་བརྒྱུད་ཆོས་འབྱུང་ལས་སོ། །ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དོན་བརྒྱུད་གཅིག་ནི། དྭགས་པོ་ནས། ཕག་གྲུ། གླིང་རས། རྒྱ་རས་ཞབས། རྒོད་ཚང་པ། ཨོ་རྒྱན་རིན་ཆེན་དཔལ་ནས་རྒྱལ་བའི་སྲས་མཆོག་ཀརྨ་རང་བྱུང་ཞབས་ཏེ། དེ་ནས་སྔར་དང་འདྲ། ཡང་ཅིག་ཡ་སེ་རྟོགས་ལྡན་ནས། རག་ཤི་བསོད་ནམས་དཔལ་གྲུབ། ཚེར་དཀར་ཆོས་ཀྱི་གྲགས་པ། དགོངས་དུས་པ་ཆོས་ཀྱི་རྒྱལ་མཚན། ཨ་ཝ་དྷུ་ཏི་པ་བློ་གྲོས་རྒྱ་མཚོ་དེ་ནས་སྔར་དང་འདྲ། ཡང་ཨ་ཝ་དྷུ་ཏི་ནས། རྟོགས་ལྡན་དོན་གྲུབ་བཀྲ་ཤིས་དང་། དེ་ནས་རྗེ་བཙུན་སྤྲུལ་པའི་སྐུ་ཀརྨ་ལེགས་བཤད་སྒྲ་དབྱངས། རྒྱལ་བའི་སྲས་པོ་མ་དྷིའི་མཚན་ལྡན། སྔགས་འཆང་སངས་རྒྱས་རིན་ཆེན། དྲུང་ཀུན་དགའ་རྣམ་རྒྱལ། སྤྲུལ་པའི་སྐུ་ཀརྨ་བསྟན་སྐྱོང་། ཆེ་ཚང་ལྔ་པ་བསོད་ནམས་འགྱུར་མེད། རིན་པོ་ཆེ་དཀོན་མཆོག་བསྟན་འཛིན། ཚེར་ལུང་དྲུང་པ་ཀརྨ་བསྟན་པ་རྣམ་རྒྱལ། དེ་གཉིས་ཀར་དྲན་མཆོག་རྩ་བའི་བླ་མས་ཐུག་མོད། འོན་ཀྱང་ཕྱག་ཆེན་རྟོགས་པའི་དོན་བརྒྱུད་ནི་སྔར་བསྟན་པ་ཁོ་ནའོ། །ཡང་རྗེ་བཙུན་རྡོ་རྗེ་འཆང་འདི་ཡི་ཞབས་པད་དུ། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་རྒྱས་བསྡུས་གཉིས་སྤུང་ཁྲིད་དུ་ཆོས་འབྲེལ་གྱི་ཐོག་མར་ཐོབ་པའི་བརྒྱུད་པ་གཅིག་ནི་འདི་ལྟ་སྟེ། ཕག་གྲུ་རྡོ་རྗེ་རྒྱལ་པོ་ནས་སྐྱོབ་པ་རིན་ཆེན་དཔལ། སྤྱན་སྔ་གྲགས་འབྱུང་བ། འབྲི་གུང་དཔོན་རིན་པོ་ཆེ། གཅུང་རྡོ་རྗེ་གྲགས། རྒྱལ་སྲས་ཐོག་ཁ་བ་རིན་ཆེན་སེང་གེ། མཚམས་བཅད་པ་གྲགས་པ་སེང་གེ། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས། རིན་པོ་ཆེ་རྡོ་རྗེ་རིན་ཆེན། རིན་པོ་ཆེ་རྡོ་རྗེ་རྒྱལ་པོ། རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ། ཐུགས་སྲས་རིན་ཆེན་དཔལ་རྒྱལ་མཚན། ཆོས་རྒྱལ་རིན་ཆེན་དཔལ་བཟང་། ཀུན་དགའ་རིན་ཆེན་དཔལ་བཟང་། རིག་འཛིན་རིན་ཆེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། རིག་འཛིན་དཀོན་མཆོག་ཆོས་ཀྱི་གྲགས་པ་སྟེ། དེ་ཡན་ཆད་འབྲི་གུང་བཀའ་བརྒྱུད་དོ། །

དེ་ནས་ཟུར་མང་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་དཔལ་བཟང་པོ། དེས་རྩ་བའི་བླ་མ་ཀརྨ་རིག་འཛིན་ཞབས་ལ་སྟེ། བརྒྱུད་པ་འདི་རྣམས་ཕྱག་ཆེན་རྟོགས་པ་བསྐྱེད་བྱེད་མྱོང་ཁྲིད་དངོས་ཀྱི་བརྒྱུད་པའི་གོ་རིམ་རང་ནི་མིན་པར་སེམས་ལ་ཆོས་གསན་བཞེས་ཡོད་ཅིང་གདན་རབས་ཀྱི་གོ་རིམ་དང་མཐུན་ཕྱིར་མཛད་པར་རིགས་སོ། །ཕྱག་ཆེན་ལྔ་ལྡན་འདི་ལ་བརྒྱུད་པའི་རྣམ་གྲངས་གཞན་ཡང་ཡོད་པར་ངེས་ཀྱང་དེ་སྐབས་ཞུ་བ་མ་བྱུང་། །སླར་ཁུང་ཆོད་ཚེ་བྲི་བར་འདོད་དོ། །གཞན་ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་པ་བྱེ་བྲག་པ་དུ་མ་དང་། བྱིན་རླབས་མན་ངག་གི་རྒྱུན་བཀའ་སྲོལ་ཅི་རིགས་ཞིག །སྨར་ཚང་ཀཿཐོག་ལུགས་དང་། ཀམ་ཚང་ཟུར་མང་ལུགས་ལ་འདུ་བ་སྟེ། དེ་བརྒྱུད་པའི་བླ་མ་སོ་སོའི་རྣམ་ཐར་གྱིས་ཤེས་ཤིང་། དེ་དག་ཁོ་བོས་ཅུང་ཟད་ཅིག་གཞན་དུ་སྤྲོ་བར་འདོད་ཀྱི་འདིར་ནི་ཡི་གེ་མང་བས་མི་བྲིའོ། །དཔལ་ལྡན་བཀའ་བརྒྱུད་དབྱིག་འཛིན་ཁྱོན་གྱི་རྒྱན་གཅིག་ཀམ་ཚང་དཔལ་བསམ་ཤིང་། ཕྲིན་ལས་རྣམ་པར་རྒྱལ་ལས་སྙན་བརྒྱུད་འབྲས་བུ་གཡུར་གྱུར་ཟུར་མང་བ། གང་གི་བྱིན་རླབས་རོ་བཅུད་མཛོད་འཛིན་འཆི་མེད་དབང་པོ་ཆེ་ཚང་ཞབས། གང་ཁྱོད་བདག་སྙིང་དབུས་སུ་ཞེན་ནོ་ཡོངས་འདུས་དགའ་སྟོན་ཅིས་མི་སྟེར། བསམ་བཞིན་དྲན་ནོ་དྲན་མཆོག་འཁོར་ལོའི་དབང་ཕྱུག་ཀརྨ་རིག་པ་འཛིན། རྒྱལ་བ་ཀུན་གཙོ་ཀུན་གྱི་ངོ་བོ་ཚེ་རབས་ཡོངས་འཛིན་བླ་མའི་ཞབས་ཡོངས་འདུས། མེ་ཏོག་བདག་མགོར་བཀོད་མཐུའི་ངེས་དོན་བདུད་རྩི་ཆ་ཤས་གཅིག། ཐོབ་པ་ཡིས་ཀྱང་བདག་ཚེ་འབྲས་ལྡན་སྐལ་བཟང་འདི་ནི་ཁྱོད་ཀྱི་དྲིན། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་རྩ་བའི་བླ་མ་དག་ལ་ཕྱག་རྒྱ་ཆེན་པོའི་མན་ངག་ཅི་ཙམ་ཐོབ་པའི་ཚུལ་དང་། རྩ་བའི་བླ་མ་ངོས་འཛིན་ཚུལ་བཀའ་བརྒྱུད་གོང་མའི་བཞེད་པ་ཡང་ཅུང་ཟད་བཅས་སྨྲས་པ་སྟེ། དེ་ཡང་བདག་ལྟ་བུ་སོ་སོའི་སྐྱེ་བོ་བག་ཆགས་སྒྲིབ་པ་འཐུག་པོས་གཡོག་པ་ལ་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་དངོས་ཅི་ཕྱིར་སྐྱེ། འོན་ཀྱང་ཉམས་དང་རྟོགས་པའི་གཟུགས་བརྙན་ཙམ་ཞིག་སྐྱེས་པ་འདི་ནི་རྗེ་བཙུན་བླ་མ་དེ་གཉིས་ཀྱི་ཐུགས་རྗེ་ཁོ་ནར་བརྟེན་པ་སྟེ། དཔལ་པདྨ་བདེ་ཆེན་གླིང་པའི་བཀའ་དྲིན་གྱིས་གོ་མྱོང་གི་རྨང་གཞི་ཐིང་ཞིང་། ཀརྨ་རིག་འཛིན་ཞབས་ཀྱི་བྱིན་རླབས་མཐུས་རྟོགས་པའི་སྣེ་ཆ་ཤས་ཅུང་ཟད་ཞིག་ཟིན་པར་གྱུར་པ་འདི་ཉིད་སྟེ། སླར་རིང་པོར་མི་ཐོགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཅི་ལྟ་བ་མཆོག་གི་དངོས་གྲུབ་དེ་ཉིད་མྱུར་དུ་ཐོབ་པར་སྨོན་གྱི་གེགས་མེད་དུ་འགྲུབ་པ་དང་། གང་ལྟར་ཡང་། བདེ་རུང་། མི་བདེ་རུང་། སྐྱིད་རུང་། སྡུག་རུང་། ན་རུང་། འཆི་རུང་། བསྒོམ་རུང་། ཡེངས་རུང་། རྟོགས་རུང་། མ་རྟོགས་རུང་། གྲོལ་རུང་། འཁྲུལ་རུང་།

མདོར་ན་རང་སེམས་ཀྱི་ཆོ་འཕྲུལ་ཅི་ལྟར་སྣང་ཡང་། དོན་དམ་པར་གནས་ལུགས་རང་བབ་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་འགག་པ་མེད་གནས་པ་མེད་འགྲོ་འོང་མེད་བརྗོད་དུ་མེད་བསམ་དུ་མེད། རྩོལ་བྱེད་ཡིད་བྱེད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ཉིད་ངོ་ཤེས་ཤིང་ཞེ་གདེངས་སུ་ཅུང་ཟད་དུ་གྱུར་པ་འདི་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་ཀ་ར་གསུང་གི་རྡོ་རྗེ་འཆང་འོད་དཔག་མེད་པ་དང་དབྱེར་མ་མཆིས་ཤིང་དེ་ཡི་ངོ་བོར་གྱུར་པ་རྩ་བའི་བླ་མ་ཟུང་གི་ཐུགས་རྗེའོ། །བྱིན་རླབས་སོ། །བཀའ་དྲིན་ནོ། །དུས་འདི་ནས་བདག་ཡིད་ཇི་སྲིད་དུ་རེ་ས་གཞན་ནི་མེད་ཀྱི་ཅི་མཛད་ཁྱེད་རང་ཤེས་སོ། །བདག་བྱང་ཆུབ་ཆེན་པོ་མ་ཐོབ་བར་དུ་བརྗེད་པའི་གོ་སྐབས་མེད། བྲལ་བའི་གོ་སྐབས་མེད། བྱང་ཆུབ་ཐོབ་ཀྱང་རྟག་བརྟན་གཡུང་དྲུང་རིགས་ཀྱི་བདག་པོར་བཞུགས་པར་བཞུགས་སུ་གསོལ་ཞིང་བཞུགས་པར་ངེས་པའོ། །མགོན་པོ་ཁྱོད་ཀྱི་འཕྲིན་ལས་བསྒྲུབ་པའི་ཕྱིར་དགྱེས་ན་བདག་བསྐལ་པའི་བསྐལ་པ་རྒྱ་མཚོའི་བར་དུ་འཁོར་བའི་གནས་སུ་མཆིས་ལ། གང་ལྟར་ནའང་མགོན་པོ་ཁྱོད་དགྱེས་པའི་ལས་རྣམས་ལ་བདག་འཇུག་ཤིང་མི་དགྱེས་པ་སྐད་ཅིག་ཙམ་ཡང་སྲོག་འདོར་ན་ཡང་མི་བགྱིད་པར་བསྙེན་པར་བྱ་ལགས་སོ། །བདག་སྲོག་འདི་ནི་རྙེད་པར་མི་དཀའ་ཡི། །ཇི་བཞིན་ཡེ་ཤེས་བསྐྱེད་མཛད་ཆེས་དཀོན་པས། །དམ་ཚིག་གཉན་ནི་ཚེ་རབས་གཏན་གྱི་གྲོགས། །མི་འབྲལ་སྙིང་ལ་བཅངས་འོས་ཡིད་བཞིན་ནོར། །ཕུན་ཚོགས་འདོད་དགུ་ཡོངས་སྟེར་དཔག་བསམ་ཤིང་། །ཡང་དག་ཐར་ལམ་ལ་འདྲེན་ལྕགས་ཀྱུ་མཆོག །འདི་གོ་དམ་ཚིག་སྙིང་པོ་མོས་གུས་ཏེ། །ལྟེམ་རྐྱང་མེད་དོ་རྩ་བའི་བླ་མ་རྗེ། །ཞེས་པ་ཡང་མོས་གུས་ལ་ཆེད་དུ་བརྗོད་དོ། །ཞེས་བྱིན་རླབས་ཀྱི་ཡང་སྙིང་ཉམས་མྱོང་རྟོགས་པ་གང་ལས་སྐྱེས་པ་རྩ་བའི་དོན་བརྒྱུད་ཞལ་ལུང་མཆོག་གི་བརྒྱུད་རིམ་ཆ་ཤས་ཙམ་བརྗོད་པའི་སྐབས་ཏེ་དང་པོའོ། ། ཚེ་རབས་དུ་མར་བསགས་པའི་བསོད་ནམས་མཐུས། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་མ་ནོར་ལྟ་བསྒོམ་སྤྱོད་པའི་གནད། །ཚུལ་བཞིན་ནོར་བུ་རྙེད་འདི་ངོ་མཚར་རྨད། །

ད་ནི་སྤྱི་དོན་གཉིས་པ་བརྒྱུད་པའི་བཀའ་སྲོལ་གཞན་གྱི་ཞལ་ལུང་བྱིན་བརླབས་ཀྱི་བརྒྱུད་ཇི་ལྟར་བབས་པའི་ཚུལ་བརྗོད་པ་ལ། དེ་ཡང་དཔལ་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་འཛིན་ནམ་མཁའི་སྐར་མ་ལྟར་བཀྲ་བ་ལས། ཁྱད་པར་བ། ཀམ་ཚང་། སྒམ་པོ། ཚལ་པ། ཕག་གྲུ། འབྲི་གུང་། སྟག་ལུང་། འབྲུག་པ། སྨར་གཡམ། འབའ་རོམ་པ་སོགས། བརྒྱུད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་། སོ་སོའི་ཁྱད་པར་གྱི་བཀའ་བབས་བྱིན་རླབས་རེ་དང་འབྲེལ་ནས་གནས་པ་ལ། རང་གི་མོས་གུས་ཀྱི་མིག་ཡངས་པས་སོ། །

ཀུན་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་ངེས་པ་དོན་གྱི་རྡོ་རྗེ་སེམས་དཔའ་གང་གི་སྒྱུ་འཕྲུལ་དུ་ཤེས་པར་བྱས་ནས་བཀའ་བརྒྱུད་བྱེ་བྲག་གི་བྱིན་རླབས་དོན་ཁྲིད་ཀྱི་ཆུ་བོ་ཅི་སྙེད་ཅིག་ཐོས་པའི་ཚུལ་འདིར་བརྗོད་པ་ལ། དེ་དག་སྡེ་ཚན་སོ་སོར་བསྒྲིག་ན་མཛེས་མོད་ཀྱང་། འདི་ནི་རང་གི་ཅི་ལྟར་ཐོབ་རིམ་བཞིན་བརྗོད་བདེ་བས་དེ་ལྟར་བྱ་སྟེ།དེ་ལ། དང་པོ་ནི་རྟོགས་པའི་གར་མཁན་གྲུབ་མཆོག་འོད་གསལ་དབང་པོ་ལ་ཇི་ལྟར་ནོད་པའི་ཚུལ་ལས།དང་པོ། སྒམ་པོ་གདན་རབས་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་སྤུང་ཁྲིད་ཙམ་ནོད་པའི་བླ་མ་བརྒྱུད་པ་ནི། མཉམ་མེད་ཟླ་འོད་གཞོན་ནུ་ཡན་ཆད་སྔ་མ་དག་དང་འདྲ་ལ། དེ་ནས་བསྒོམ་པ་ཚུལ་ཁྲིམས་སྙིང་པོ།ལ་ཡག་པ་བྱང་ཆུབ་དངོས་གྲུབ། མཁན་ཆེན་བྱེ་དཀར་བ། སྙི་བསྒོམ་ཆེན་པོ། འབྲི་གུང་གླིང་པ་མཆེད། ལྷ་ལུང་པ། ལྷ་བཙུན་པ་ཇོ་སྲས་རྡོ་རྗེ་བློ་གྲོས། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་སེང་གེ། ཆོས་ཀྱི་དབང་ཕྱུག མཁན་ཆེན་རྒྱལ་མཚན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། སྒམ་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་མཚན་ཅན། སྤྲུལ་སྐུ་ནོར་བུ་རྒྱན་པ། སྤྱན་སྔ་རིན་ཆེན་རྡོ་རྗེ། སྤྲུལ་པའི་སྐུ་མཆོག་བཟང་པོ་རྡོ་རྗེ་དཔལ། གྲུབ་མཆོག་འོད་གསལ་དབང་པོ། དེས་བདག་ཚེ་དབང་ནོར་བུ་ལ་བསྩལ་བའོ། །བརྒྱུད་པ་འདི་ལས་བྱུང་བའི་འཁོར་ལོ་བདེ་མཆོག་གི་དབང་བཞི་ཞིབ་རྒྱས་ཞིག་ཀྱང་ནོད་ལ་སྒམ་པོ་པཎ་ཆེན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་བསྡུས་ལུང་དང་པོད་དབང་ཡང་ནན་ཏན་ཅན་ཞུས་པ་ལགས། ཡང་ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ཀྱི་ཁྲིད་རྒྱུན་ལུགས་གཅིག་ནི། ཀུན་མཁྱེན་པདྨ་དཀར་པོ་ཡན་བར་འབྲུག་ལུགས་འོག་ནས་འབྱུང་བ་དང་འདྲ་ལ།

དེ་ནས་སེམས་དཔའ་རིན་ཆེན་དཔལ་བཟང་། དེས་སྤྲུལ་པའི་སྐུ་དཔག་བསམ་དབང་པོ་དང་། འགྲོ་སྨོན་ཆོས་རྗེ་འཇམ་དཔལ་བཟང་པོ། དེ་གཉིས་ཀས་ཅོག་གྲྭ་སྤྲུལ་སྐུ་སྙན་གྲགས་དཔལ་བཟང་། དེས་ཁྱབ་བདག་འོད་གསལ་དབང་པོ་ལ་བསྩལ་བའོ། །བརྒྱུད་པ་འདི་དམ་ཚིག་སེལ་མེད་ཁུངས་དག་ཡིན་ཞེས་གསུང་བརྒྱུད་པ་འདི་ལས་ཐོད་དབང་མེ་ཡི་འཁོར་ལོ་དང་། གཏུམ་མོ་རྩུབ་ཤིང་མའི་མྱོང་ཁྲིད་བཅས་ཐོབ་ཅིང་དེ་དང་འབྲེལ་མཚུངས་སུ། སྒམ་འབྲུག་གི་ལུས་སྦྱངས་འཁྲུལ་འཁོར་ཡོངས་རྫོགས་ལུང་ནོད་ཀྱང་བརྩོན་པ་དམན་པས་བློ་ལ་ནི་མ་འཇགས་སོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་མན་ངག་མཆོག་ཏུ་གྱུར་པ་དཔལ་དྭགས་པོ་ལྷ་རྗེས་བྲག་སྒོམ་ཞྭ་འདྲ་བ་རུ་གཏེར་དུ་སྦས་པ་ཕྱིས་སྤྲུལ་སྐུ་འཇའ་ཚོན་སྙིང་པོས་གཏེར་ནས་བཏོན་པའི་གསེང་ལམ་བླ་བསྒྲུབ་ཏུ་གྲགས་པའི་ལུང་ཁྲིད་ནོས་པའི་བླ་མ་བརྒྱུད་པ་ནི། རིང་བརྒྱུད་མི་ལ་རས་པའི་བར་སྔར་བརྗོད་པ་དང་འདྲ་མོད། འདིར་ཉེ་བརྒྱུད་གཙོ་ཆེ་བར་མངོན་པས། ཉེ་བརྒྱུད་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་མཁའ་འགྲོ་མ། བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་འོད་གཞོན་ནུ། སྤྲུལ་སྐུ་འཇའ་ཚོན་སྙིང་པོ། མཆོག་སྤྲུལ་བཟང་པོ་རྡོ་རྗེ་དཔལ། ཁྱབ་བདག་འོད་གསལ་དབང་པོ།

དེས་བདག་ལའོ། །དེ་ཡི་སྨིན་བྱེད་དབང་སྙིང་ཁོང་མ་ཡང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཡེ་ཤེས་མཁའ་འགྲོ། བྱང་ཆུབ་སེམས་དཔའ་ནོར་བུ་བརྒྱན་པ། སྤྱན་སྔ་རིན་ཆེན་རྡོ་རྗེ། མཆོག་སྤྲུལ་བཟང་པོ་རྡོ་རྗེ་དཔལ། ཁྱབ་བདག་འོད་གསལ་དབང་པོ། དེས་བདག་ལ་ཆོས་དབྱིངས་དོན་གྲུབ་རྡོ་རྗེ་རྩལ་ཞེས་མིང་དང་བཅས་ཏེ་བསྩལ་བའོ། །མགོན་པོ་དེ་ཅོག་གྲྭ་སྤྲུལ་སྐུའི་ཆོས་སྲས་དམ་པར་གྱུར་ཅིང་། ལྷག་ཏུ་སྒམ་པོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་བཟང་པོ་རྡོ་རྗེའི་ཞབས་པད་ཉེ་བར་བསྙེན་ཅིང་། དེ་སྲས་མཆོག་རྣམས་དང་བཅས་བསྟེན་ནས་དཀའ་སྤྱད་སྙིང་རུས་ཀྱི་གོ་ཆ་དྲག་པོས་མཐར་བཏོན་གྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་ལ་སོམ་ཉི་མེད་པ་ཡིན་འདུག་པས། དེས་ན་རང་གི་རྟོགས་པའི་ཆ་སྤྲོས་བྲལ་ལ་ཡང་ཉམས་རྟོགས་སྤུ་རིས་ཞིབ་མོར་དབྱེ་བ་ལ་ཉམས་བསྡུར་གྱི་སྒོ་ནས་དོགས་པ་བཅད་པས། མཉམ་བཞག་གི་ཁོང་བརྟན་པར་འདུག རྩལ་ནི་ངེད་རང་བཟང་བ་ཙམ་བྱུང་། ངོ་བོ་ངོས་བཟུང་ལ་ནི་ཁྱད་ཅུང་ཟད་ཀྱང་མ་བྱུང་བས་སྤྲོས་བྲལ་གྱི་རྣལ་འབྱོར་ལ་ཕྱོགས་གཅིག་གི་སྒྲོ་འདོགས་དེར་ཆོད་སོང་བས་ཁོང་ཡང་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། གཞན་ཟླ་ཆོས་རེ་གྲུབ་ཚ་ན་སྤྲོས་བྲལ་ནས་བསྒོམ་མེད་བར་གྱི་ཁས་ལེན་བྱེད་པ་གྲུབ་ཐོབ་གླིང་རས་ཀྱི་རྟོགས་པ་སྐྱེ་ཚུལ་ལས་ཀྱང་བཟང་བ་ཅི་རིགས་ཡོང་གི་ནི་འདུག

སངས་རྒྱས་རྐུན་མ་གར་ཡོད་མི་ཤེས་པའི་དཔེ་དེ་འདྲ་ཡོད་ཤས་ཡང་ཆེ། འོན་ཀྱང་སྐྱེས་བུ་ཤེད་རྩལ་ཆེ་བས་རང་དང་ལང་ཚོ་མཉམ་པ་ལ་རྩེ་བ་བཞིན་རང་དང་ཉམས་རྟོགས་མཚུངས་ནས་ཉམས་བསྡུར་བའི་འོས་སུ་ནི་སྔར་ཕན་གྲུབ་ཆེན་དེ་ཙམ་ལས་སོམ་ཉི་མེད་པའི་རྟོགས་ལྡན་པ་ང་རང་སྐལ་དམན་པས་མཇལ་བ་དཀོན་པ་ཉིད་བྱུང་། སྤྱིར་ཡང་ཁོ་བོ་སྤྱི་བརྟོལ་ཆེ་བའི་རིགས་སུ་གྱུར་པས་ཡིན་ཏེ་འོང་། གཞན་གྱི་བསྒོམ་ཞེས་སླ་ཆོས་སུ་བྱེད་ཀྱང་། ངེད་ཀྱི་ནི་ཕྲལ་གྱི་ཉམས་བྲང་བྲེང་དང་། རྟོགས་པའི་ཆ་ཅུང་ཟད་རེ་བྱུང་བར་ཞེན་པ་དང་དགའ་ཚོར་ཡེད་ཡེད་པོ་དེ་གཏན་ནས་མ་བྱས། དེས་ན་ཉམས་རྟོགས་མ་སྐྱེས་པར་ཀུ་ཅོ་སྒྲོགས་པ་ནི་སྨོས་ཅི་འཚལ། ཅུང་ཟད་སྐྱེས་པ་ལ་ཡང་རྒྱལ་བའི་བཀའ་བླ་མའི་མན་ངག་གིས་རང་གི་ཉམས་མྱོང་གཏན་ལ་ཕབ་པ་ལས། ཕྱོགས་ཆ་ཞིག་ལ་ཡིན་གྱུ་གྱུ་ཡོད་གྱུ་གྱུ་བ་དེ་ཡེ་ནས་བྱེད་མི་འདོད་པ་གཅིག་ཡིན། ད་ལྟ་ཡང་ཉམས་ལེན་ལ་རང་སྐྱ་འཕེར་ངེས་ཙམ་ལས་ངེད་རྟོགས་ལྡན་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་སྙམ་ཡང་མེད་ཡིན་ཡང་མིན། རང་གི་ཉམས་རྟོགས་ལ་རང་ཉིད་མགུ་དཀའ་བས་གང་ཡིན་རྡོ་རུས་གཏུགས་འདོད་མཁན་ཅིག་ཡིན། ལར་མི་གཞན་ལྟར་ཉམས་རྟོགས་སྐྱེ་མྱུར་པོ་དེ་ངེད་མིན་པར་གདའ། དབང་དམན་རིམ་གྱིས་པ་ཟེར་བ་དེར་འདུག་པས་སྐྱག་རེ་ཡང་ཅི་ལ་ཡོད། འོན་ཀྱང་ཉམས་རྟོགས་མི་མཐོ་ཡང་གང་སྐྱེས་དེ་སྤུས་གཙང་མར་རློམས། དེ་ལྟར་གྲུབ་མཆོག་འོད་གསལ་དབང་པོ་དང་དགེ་སྦྱོར་ཉམས་བསྡུར་ལ་བརྟེན་རང་གི་ཡང་ལྷག་མཐོང་ལ་ངེས་ཤེས་ཅི་རིགས་པ་རྙེད། གྲུབ་མཆོག་བླ་མ་དམ་པས་ཀྱང་སྔར་གྱི་དགེ་སྦྱོར་ལ་ད་རེས་ཁྱོད་དང་ཉམས་རྟོགས་འབེལ་མཆིད་ཞིབ་མོར་བྱུང་བ་དེས་བོགས་ཅི་རིགས་ཐོན་རྒྱུ་བྱུང་ཞེས་དགྱེས་ཚོར་གནང་གྱི་འདུག གཞན་ཁ་ཅིག་ལྟར་ཕན་ཐོགས་ཀྱང་མ་ཐོག་ཁུལ་གྱིས་གཡོ་ཅན་དེ་མིན་པར་བཟང་པོའི་རྣམ་ཐར་དེར་གདབ། བསྟན་པའི་སྲོག་ཤིང་དཔལ་ལྡན་སྒམ་པོ་པ། མཆོག་གི་སྤྲུལ་སྐུ་བཟང་པོ་རྡོ་རྗེ་དཔལ། །གང་གི་ཞལ་སྐྱིན་འོད་གསལ་དབང་པོ་ཡི། །བདག་བློའི་ཐེ་ཚོམ་མུན་པ་སེལ་འདི་རྨད། །ཞེས་སོ། །

ད་ནི་བརྒྱུད་པའི་རྣམ་གྲངས་གསུམ་པ་ནི། ཀམ་ཚང་བསྟན་པའི་གཙོ་བོ་ས་ལ་གནས་པའི་འོག་མིན་དབུ་རུ་སྟོད་ལུང་མཚུར་ཕུ་རྒྱལ་བའི་བསྟི་གནས་སུ་རྒྱལ་བའི་སྲས་པོ་ཀརྨ་པ་སྐུ་བཅུ་གཉིས་པ་དང་། སྤྱན་སྔ་ཐམས་ཅད་མཁྱེན་པ་ཞྭ་དམར་བརྒྱད་པའི་ཞབས་ལ་རེག་སྟེ། ཀརྨ་པ་ལ་བྱིན་རླབས་ཀྱི་རྒྱུན་ཤིན་ཏུ་ཆེ་བའི་ཆོས་འབྲེལ་ཁ་ཤས་དང་། ཞྭ་དམར་བ་ལ་ཕྱག་ཆེན་ལྷན་སྐྱེས་ཀྱི་ཡིག་ཆ། རྗེ་རང་ཉིད་ཀྱིས་མཛད་པའི་ལུང་ཁྲིད་ནོས་པའི་རྒྱུད་རིམ་འོག་ཏུ་འབྱུང་བས་རྟོགས་ཀྱིས། འདིར་མ་བསྟན་ནོ། །

མཆོག་ཏུ་གྱུར་པ་རྩ་བའི་བླ་མ་གསུམ་པ་ཕ་ཏྲེ་བོ་ཆོས་ཀྱི་རྗེ། རྒྱལ་བ་ཀུན་གྱི་ཡབ་གྱུར་རྒྱལ་བའི་འཁོར་ལོས་བསྒྱུར་བ་ཆོས་ཀྱི་དབང་པོའི་ཞལ་སྔ་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྨིན་ཁྲིད་གདན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཚང་ཡང་ནས་ཡང་དུ་ཐོབ་སྟེ། དེ་ཡང་དམ་པ་འདི་ཉིད་སྤྲུལ་པའི་སྐུ་ཀརྨ་པ་ཡབ་སྲས་ཀྱི་ཡོངས་འཛིན་རྩ་བའི་བླ་མ་ཡིན་ལ། སློབ་མ་ཐམས་ཅད་ཀྱི་གཙོ་བོའི་ཚུལ་ཡང་མཛད་པས། འདིར་ནི་ཁྲིད་བཀའ་གནང་སྐབས་ཀྱི་གསུང་རྒྱུན་བཞིན་ཕྱི་མ་དང་མཐུན་པར་བཀོད་ན། ཀརྨ་པ་དྷརྨ་ཤྲཱི་སྟེ། ཀརྨ་པ་དེ་བཞིན་གཤེགས་པ་ཡན་ཆད་སྔར་ཟུར་མང་བཀའ་བརྒྱུད་སྐབས་སུ་བསྟན་པ་ལྟར་ཡིན་ལ། དེ་ནས་སོག་དབོན་རིག་པའི་རལ་གྲི། མཚན་དངོས་རཏྣ་བྷ་ཊ། ཀརྨ་དྲུག་པ་དར་ཨརྠ་པ་ཏི། བན་རྒར་བ་མཉྫུ་ཤྲཱི་བྷ་དྲ། རྒྱལ་ཚབ་པ་ཤྲཱི་བྷུ་ཏྱཱཪྠ་སིདྡྷི། ཀརྨ་པ་བདུན་པ་ས་རོ་རུ་ཧ་བཛྲ། སངས་རྒྱས་བཤེས་གཉེན་པ་མངྒ་ལ་ཤྲཱི་བྷུ་ཏི། ཀརྨ་རབ་བརྒྱད་པ་ཨཀྵོ་བྷྱ་བཛྲ། ཞྭ་དམར་རཏྣ་ག །ཀརྨ་དགུ་པ་ཨི་ཤྭ་ར་བཛྲ། ཞྭ་དམར་དྷརྨེ་ཤྭ་ར། ཀརྨ་པ་བཅུ་པ་བཛྲ་དྷརྨ་དྷ་ཏུ། ཞྭ་དམར་ཛྙཱ་ན་གརྦྷ། ཀརྨ་པ་བཅུ་གཅིག་པ་ཛྙཱ་ན་བཛྲ། འདི་ལ་ཕ་ཏྲེ་བོས་ཕྱག་རྒྱ་ཆེན་པོ་གསན་ཅིང་། ཀརྨ་པས་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་ཆོས་ཀྱི་ཁྲི་ལ་མངའ་གསོལ་བར་མཛད། མཚན་ཀརྨ་གུ་རུ་འཕྲུལ་ཅན་རྩལ་ཞེས་ཀྱང་འདོགས་པར་མཛད་ཅིང་། གང་ལྟར་ཆོས་སྲས་ཐུ་བོ་དམ་པར་གྱུར་པའོ། །ཀརྨ་པ་བཅུ་གཅིག་པ་དེ་ལ་ཞྭ་དམར་དཔལ་ཆེན་རཏྣ་དྷརྨ་སིདྡྷིརྠ་སྟེ། དཀོན་མཆོག་ཆོས་ཀྱི་དོན་གྲུབ་ཀྱིས་ཀྱང་ཐུག་ཙམ་བྱུང་ཡང་།

ཕྱག་རྒྱ་ཆེན་པོའི་གདམས་པ་ཇི་བཞིན་ནི་འདྲེན་མཆོག་ཆོས་རྗེ་ཀྲེ་བོ་ལ་གསན་པ་ཡིན་ལ་ཀརྨ་པ་བཅུ་གཉིས་པ་བྷོ་དྷེ་བཛྲ་གྱིས་ཞྭ་དམར་བ་ལ་གསན་པར་མཛད་མོད། དངོས་གནས་ཀྱི་བརྒྱུད་རིམ་ནི་དེ་ལྟར་སྟེ། འོན་ཀྱང་རྗེ་བཙུན་ཆོས་ཀྱི་རྗེས་ཐུགས་མོས་ཀྱིས་ཀརྨ་པ་བྱང་ཆུབ་རྡོ་རྗེ་ལ་ཕྱག་ཆེན་གྱི་ཁྲིད་བཀའ་སླར་ཡང་ཚུར་ལ་བཞེས་ནས་བརྒྱུད་རིམ་ནི་དེ་བཞིན་དུ་མཛད་སྣང་བས། དེས་ན། ཀརྨ་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀརྨ་པ་བྱང་ཆུབ་རྡོ་རྗེ། ཕ་ཆོས་ཀྱི་རྗེ་ཏྲེ་བོ་བྱང་ཆུབ་ཆོས་ཀྱི་སྙིང་པོ། དེས་བདག་ཚེ་དབང་ནོར་བུ། ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་ལ་དགྱེས་པས་སྩལ་བའོ། །དམ་པ་འདི་ལ་ཕྱག་རྒྱ་ཆེན་པོའི་ཞལ་ལུང་ཡང་དག་པར་ཐོབ་ཅིང་། ཀུན་མཁྱེན་ཇོ་ནང་པའི་བཞེད་པ་རྡོ་རྗེའི་ཚིག་ཅུང་ཟད་ཅིག་ཐོས་པ་ལ་བརྟེན་སྔར་ཕྲ་བའི་གནས་ལ་དཔྱད་པ་ཕྲ་མོ་ཞིག་ཡོད་པ་དེ་སྟོན་སྤྲིན་ལྟར་དེར་དྭངས་ནས། རྟོགས་པའི་ངོ་བོ་སྔར་གྱི་དེ་ལ་ཉམས་ཀྱི་ཆ་ནས་བརྒྱ་འགྱུར་དུ་འཕེལ་སོང་ཞིང་། ལམ་གང་ཤར་ལ་སྤངས་བླང་མེད་ཟེར་བ་དེ་ཚིག་ཏུ་མ་ལུས་དོན་ཐོག་ཏུ་ཕེབས་པས་ན་བཀའ་དྲིན་ཤིན་ཏུ་ཆེ་བས་རྩ་བའི་བླ་མའི་གནས་སོ། །དེ་ཕྱིན་དབུས་གཙང་རུ་བཞིའི་བླ་མ་མང་དུ་བརྟེན་ཁྲིད་བཀའ་ཡང་ཤིན་ཏུ་མང་བ་ཞུས་ཀྱང་། ཡོན་ཏན་ཆ་ཤས་ཙམ་རེ་ལས་དེ་དག་གིས་རྟོགས་པ་ལ་ཇི་བཞིན་གསར་དུ་བསྐྱེད་ཐོན་རྒྱུ་ཞིག་སྔར་ཕན་ནི་མ་བྱུང་། དེ་ཡང་བླ་མ་གཞན་བྱིན་རླབས་ཆུང་བ་ནི་མིན། རང་གི་མོས་གུས་མེད་པ་ཡང་མིན། དེས་ན་ཚེ་སྔོན་གྱི་ལས་འབྲས་ཆེ་ཆུང་དང་། རང་གི་དགེ་སྦྱོར་ཡང་སད་པའི་དུས་ལ་བབ་མི་བབ་ཀྱི་ཁྱད་ནི་ཡིན་པར་ངེས། གཞན་སྔོན་བྱོན་གྱི་སྐྱེས་མཆོག་དམ་པ་འགའ་ཡི་བྱིན་གྱིས་བརླབས་པའི་སྣང་བ་དང་གསུང་གི་མཐུས་ནི་རྟོགས་པའི་བོགས་མང་དུ་ཐོན་སོང་ཡང་སྐབས་འདིར་བརྗོད་མི་དགོས་པར་འདུག

ཕྱག་ཆེན་ཁྲིད་ཕ་ཏྲེ་བོ་རིན་པོ་ཆེར་རྒྱས་བསྡུས་མང་དུ་ཐོས་ལ། སླར་ཡང་ཀརྨ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ཁྲིད་ཡིག་ཆེན་མོ་ཚང་དྲིལ་གྱི་རྒྱུན་རྩ་བ་ཚིགས་བཅད་ཀྱི་ལུང་བཅས་ཤིང་ཡོས་ལོར་ཤངས་ཟབ་ཕུ། མདོར་བླ་མ་བསྒྲུབ་ཆེན་མཚན་བླ་བཏགས་མངའ་རིས་བུ་ཆུང་དུ་གྲགས་པའི་དྲུང་དུ་ནན་ཏན་གྱིས་ཞུས་པ་ཡིན་ནོ། །དེས་ཞབས་དྲུང་ཏྲེ་བོ་རིན་པོ་ཆེའི་དྲུང་དུ་ལོ་ངོ་གཉིས་སུ་ཞུས་པ་ཡིན་གསུངས། ཏྲེ་བོ་རིན་པོ་ཆེ་ནས་ཀརྨ་པ་བཅུ་གཅིག་ཡེ་ཤེས་རྡོ་རྗེ་ལ་གསན་པ་ཡིན་འདུག་ལ། ཏྲེ་བོ་རིན་པོ་ཆེ་ནས་ཁྲིད་ཡིག་ཆེན་མོ་ཚངས་དྲིལ་ལན་གཅིག་ལས་གནང་བ་མ་བྱུང་ཞེས་བླ་མས་གསུང་ངོ་། །དེ་ལ་གཞན་ཡང་ནེ་གུ་ཆ་ཚང་སྒྲོལ་དཀར་གྱི་ཁྲིད་རྒྱུན་སོགས་མང་ཞིག་ནོད་པ་བཀའ་དྲིན་ཅན་ཡིན་ནོ། །དེ་ལྟར་ཕྱག་ཆེན་རྒྱལ་བ་ཡབ་སྲས་ནང་རྒྱུད་ལས་ཅི་ལྟར་ཐོས་པའི་ཚུལ་སྟེ། བཞི་པ་ཏྲེ་བོ་རང་ལུགས་ཀྱི་བརྒྱུད་པ་ནི་ཡོད་པར་གོར་མ་ཆག་ཀྱང་། བརྒྱུད་པ་ཅི་བཞིན་སྔར་མ་འཚལ་བས་སླར་དྲི་བར་འདོད། དེ་ཡང་བརྒྱུད་པའི་གྱེས་མཚམས་ནི། ཀརྨ་པ་བདུན་པའི་ཞབས་ནས་ཏྲེ་ཆུང་ཆོས་ཀྱི་རྒྱ་མཚོས་ཐུག། དེ་ལ་སྤྱོད་འཆང་ནག་པོའི་སྤྲུལ་པ་ཀུན་དགའ་གྲོལ་མཆོག་གིས་ཐུག དེ་ལ་ཏྲེ་བོ་གཉིས་པ་དཔག་བསམ་དབང་པོས་ཐུག་ཅིང་། རྩ་བའི་བླ་མ་ཡང་གྲོལ་མཆོག་ལ་མཛད། དེ་ཡི་སྤྲུལ་སྐུ་ཏྲེ་བོ་གསུམ་པ་ཀརྨ་བསྟན་པ་དར་རྒྱས་དང་དེའི་སྤྲུལ་སྐུ་རྡོ་རྗེ་འཆང་ཏྲེ་བོ་བྱང་ཆུབ་ཆོས་ཀྱི་དབང་པོ་ཞེས་བདག་ཅག་གི་འདྲེན་པ་མཚུངས་པ་མེད་པ་དེ་ཉིད་དོ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་འཕྲིན་ལས་པ། །ཀརྨ་པ་ཞེས་སྙན་པའི་བ་དན་ཅན། །གང་གི་རྣམ་འཕྲུལ་བྱང་ཆུབ་རྡོ་རྗེ་སེམས། །ཆོས་ཀྱི་དོན་གྲུབ་མཆོག་གིས་བདག་སྐྱོང་རྨད། །དཔལ་ལྡན་ཀམ་ཚང་བསྟན་པའི་སྲོག་ཤིང་མཆོག །མཚུངས་མེད་བླ་མ་ཆོས་ཀྱི་དབང་པོ་ཞེས། །གང་དེ་བདག་སྙིང་དབུས་སུ་ཞེན་ལེགས་ཀྱི། །ཐུགས་རྗེས་གཟིགས་ཤིང་ཡོངས་འཛིན་ཆོས་ཀྱི་རྗེ། །ཁྱོད་ཀྱིས་ཅུང་ཟད་རྗེས་སུ་བཟུང་བས་ཀྱང་། །ཅིར་སྣང་ཕྱག་རྒྱ་ཆེན་པོའི་འཁོར་ལོ་འཁོར། །མངོན་མཐོ་ངེས་ལེགས་ཡོན་ཏན་ཅིར་ཡང་རྒྱས། །བཀའ་དྲིན་དྲན་ནོ་རྩ་བའི་བླ་མ་རྗེ། །ཚེ་དཔག་མེད་མགོན་སྤྱན་རས་གཟིགས་དབང་གི །ཐུགས་རྗེའི་ཆུ་གཏེར་བསྲུབ་ལས་ཡོངས་བྱུང་བའི། །འགྲོ་འདྲེན་བླ་མ་ཡིད་བཞིན་ནོར་བུ་ཁྱེད། །བྱང་ཆུབ་བར་དུ་བདག་གཙུག་རྒྱན་མཛོད་ཅིག །ཞེས་པ་སྨྲས་སོ། །དེ་ལྟར་ཕ་ཏྲེ་བོ་ཆོས་ཀྱི་དབང་པོའི་ཞལ་སྔ་ནས་ཕྱག་ཆེན་ཞུས་པ་ཡན་གྱི་སེམས་ཕྱོགས་གདམས་པ་ནོདཔ་ཀུན་མྱོང་ཁྲིད་དུ་དམིགས་ཤིང་ཉམས་རྟོགས་གི་ཆ་ལ་སྒྲོ་འདོགས་ཅི་ཆོད་དུ་བྱས། ཕལ་ཆེ་བ་ཞིག་ནི་ཆོད་ནས་ཡང་སོང་། ཉམས་ལེན་ངོ་ཐོག་ལ་ནི་ཡིད་གཉིས་དང་ཐེ་ཚོམ་གྱི་གནས་སྤུ་ཙམ་ཡང་མེད་པར་གདིངས་རྐང་ཚུགས་པའི་ལུགས་སུ་བྱས། །

དེ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་མ་མཐོང་ཉམས་རྟོགས་ཀྱི་ཆ་ནས་སྒྲོ་འདོགས་གཅོད་པ་ལས་གེགས་སེལ་བོགས་འདོན་དང་གོལ་ཤོར་དུ་མ་སོང་བའི་གནད་ཀྱི་གོ་བ་བཟང་པོ་ནི་བུ་ཆུང་གི་སྐབས་ནས་ཡོད། འོན་ཀྱང་བདེ་གསལ་མི་རྟོག་པའི་ཉམས་བན་བུན་གྱི་ཞེ་ཁ་འགྲང་ཞིང་ཆོག་ཤེས་མ་བྱས་པར་ཉམས་རྟོགས་ལྡན་པའི་དམ་པ་རྣམས་ཀྱི་སྤྱན་སྔར་རྡོ་རུས་གཏུགས་པ་ཡིན། དེ་ཀ་ཡང་རྩ་བའི་བླ་མ་གཅིག་ཆོག་རྒྱལ་པོ་གཅིག་གི་ངོ་སྤྲད་པས་ཆོག་མོད་ཀྱི། དེ་ལ་ཡིད་གཉིས་བྱུང་ནས་དོགས་གཅོད་བྱས་པ་ཡང་མིན། རྩ་བའི་བླ་མ་དག་དངོས་སུ་མཇལ་བའི་སྐལ་བ་དམན་པ་བྱུང་ཚེ་ཉམས་རྟོགས་ཀྱི་སྤུ་རིས་ཕྲ་མོ་གསར་དུ་སྤྱད་པ་ཞུགས་པ་ལ་ཞུན་མཐར་ཅི་ཆོད་དུ་བགྱིས་པ་ལགས། དེ་ལྟ་ན་ཡང་ངོ་བོ་ནི་སྔར་ཆེ་ཚང་སྤྲུལ་པའི་སྐུའི་སྤྱན་སྔར་སྐྱེས་པ་དེ་ཀར་གདའ། ཉམས་མྱོང་གི་སྒོ་ནི་མི་འདྲ་བ་དུ་མ་བྱུང་། སྤྱིར་ཡང་དེ་ལ་གེགས་སེལ་བོགས་འདོན་མི་དགོས་པ་དེ་ག་ནས་ཡིན། དེ་ཙམ་ནས་བཟུང་དེ་དག་གཞན་ལ་ལྟོས་ནས་བྱེད་མ་དགོས་པར་རང་སྐྱ་འཕེར་བ་ཡིན། བྱིན་རླབས་ཀྱི་འཕོ་བས་ཡེ་ཤེས་ཀྱི་སྣང་བ་གསར་དུ་བསྐྱེད་རྒྱུ་མེད་པ་ཡང་བཞིར་བཅས། སྤྱིར་ཡང་དེ་རྣལ་འབྱོར་ལམ་ཞུགས་གསར་བུ་པ་མི་དགོས། ཚོགས་སྦྱོར་གྱི་ལམ་མཐོན་པོར་ཞུགས་པ་ལ་ཡང་གེགས་སེལ་དགོས་པའི་སྐབས་ཡོད་ན་གཞན་ལྟ་ཅི་སྨོས། བོགས་ནི་འཕགས་པའི་ས་ལ་ཞུགས་པ་རྣམས་ཀྱང་རྫོགས་སངས་རྒྱས་ཀྱི་བར་བཏོན་དགོས་ན་གཞན་ལ་སྨྲ་མ་དགོས། དེང་སང་རྣལ་འབྱོར་ལ་བོགས་བཏོན་རྒྱུ་མེད་པའི་ཁས་ལེན་ཅན་ཚོ། དེ་སོམ་དང་བླུན་པོ་མགོ་བསྐོར་གྱི་ཤབ་ཤོབ་ལས་ཆུ་ཤིང་གི་སྙིང་པོ་ལྟ་བུའི་གཏམ་དེ་ལ་དཔྱོད་ལྡན་སུ་ཞིག་ཡིད་ཆེས། གཞན་ཁ་ཅིག་ནི་ས་ལམ་བགྲོད་པའི་ཚིག་འདི་འདྲ་ལམ་ཤོར་དུ་འཛིན་པ་ཡང་འདུག་སྟེ། དེ་ནི་སེམས་ཉིད་ངོ་བོ་བླ་མས་ངོ་སྤྲད་པ་ལ་ཡིད་མ་ཆེས་ཤིང་ད་ལྟའི་ཤེས་པ་འདི་གོ་མ་ཆོད་པའི་གོང་བགྲོད་ཀྱི་ལྟོས་གཞི་འཆའ་བ་ལ་ཟེར་གྱི། ས་ལམ་ཡེ་ནས་བགྲོད་རྒྱུ་མེད་པ་ག་ནས་ཡིན། དེ་མ་གོ་བར་ཟད་ཀྱི་མང་དུ་སྨྲ་མི་དགོས་མོད། དེ་དག་ནི་ཞོར་བྱུང་གི་འཕྲོས་ཏེ། གང་ལྟར་དུས་དེ་ཙམ་ནས་རྩ་བའི་བླ་མ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན། རང་གི་དགེ་སྦྱོར་གྱི་ངོ་བོ་ལ་མ་བདེ་བའི་དོགས་གཅོད་བྱེད་རྒྱུ་ནི་མི་འདུག་པས་དེ་ཕྱིན་གྱི་བླ་མ་སུ་ལ་ཡང་མ་བྱས། ཚུར་ར་ཉམས་རྟོགས་ཚད་མཚུངས་ན་དོགས་གཅོད་ཉམས་བསྡུར་ལ་དགྱེས་སག་སག་གི་བསྔགས་པ་གནང་མཁན་ཡང་སྔར་ཕན་ནི་མ་བྱུང་།

དེས་ན་སྒྲོ་འདོགས་གཅོད་པའི་ཁྲིད་བཀའ་ཞུ་བ་ནི་དེ་ཙམ་ཡན་ལ་ཆོག་ཤེས་བྱས། བཀའ་བབས་བྱིན་རླབས་ཀྱི་རྒྱུན་ལ་དམིགས་ཤིང་བསྟན་པ་ལ་ལྷག་པའི་བསམ་པས། བླ་མ་རྣམས་ལ་དག་པའི་སྣང་བ་ལེགས་པར་སྦྱངས་ནས་ཁྲིད་རྒྱུན་ཞུས་པ་ནི་དེ་ཕྱིན་ནས་ཆེས་མང་བ་སྟེ། དེ་ཡང་མང་ཡུལ་སྐྱིད་གྲོང་གྲྭ་འཇམ་གླིང་བླ་མ་དམ་པ་མ་དྷི་དྷརྨ་ཝརྟ་ཞེས་རྒྱ་དཀར་གྱི་སློབ་དཔོན་ཀམྦྷ་ལ་ཆུང་བས་བྱིན་གྱིས་བརླབས་པ་སྦས་ཚུལ་ཁྱིམ་པའི་ཆ་བྱད་གྱིས་འགྲོ་བ་འདུལ་བ་གང་གི་ཞལ་སྔ་ནས་ལ་ཁྲིད་རྒྱུན་ལྔ་པ་སྟོད་འབྲུག་བཀའ་རྒྱུད་ཀྱི་སྡོང་པོ་ལྟ་བུ་འབར་ར་བ་སྐྱེ་མཆོག་རྒྱལ་མཚན་དཔལ་བཟང་པོ་ནས་བརྒྱུད་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད་གཞུང་མན་ངག་ཟུར་འདེབས་དང་བཅས་པ་ཐོབ་པའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབའ་ར་བ་ཡན་ཆད་ནི་རྩ་བའི་བླ་མ་བདེ་ཆེན་གླིང་པར་ནོད་པའི་སྟོད་འབྲུག་གི་རྒྱུད་པ་དང་འདྲ་བའམ། ཡང་ན། ཡང་དགོན་པ་ནས། ལྕར་སྟོན་གྲུབ་ཆེན། འཁྲུལ་ཞིག་སངས་རྒྱས། བྱང་ཆུབ་བཟང་པོ། དེས་སྐྱེས་མཆོག་འབའ་ར་བ་ལ། དེ་ནས་བྱ་བྲལ་པདྨ་བཟང་པོ། འཇམ་དབྱངས་སྤྲུལ་པའི་སྐུ་སངས་རྒྱས། ཟུར་ཁང་པ་བསོད་ནམས་བཟང་པོ། སྐྱེས་མཆོག་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། གུང་ཐང་པ་ནམ་མཁའ་རྡོ་རྗེ། མཁས་མཆོག་ལྷུན་གྲུབ་རྒྱལ་མཚན། འཇམ་གླིང་པ་སངས་རྒྱས་ཆོས་འཕེལ། མང་ཡུལ་གྲྭ་པ་དཀོན་མཆོག་རྒྱལ་མཚན། སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད། འཇམ་གླིང་རིན་པོ་ཆེ་བློ་གྲོས་ཆོས་འཕེལ། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན་ནམ་མཁའ་རྡོ་རྗེ་ནས། ནམ་མཁའ་དཔལ་འབྱོར། ནམ་མཁའ་མགོན་པོ་སངས་རྒྱས་ཆོས་འཕེལ་ནས་འདྲ། ཡང་ན། སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་ནས། རིན་ཆེན་ཆོས་དཔལ། ཆོས་ཀྱི་རྒྱལ་མཚན། ཀརྨ་གནས་མཆོག ཀརྨ་གསལ་བྱེད། དཀོན་མཆོག་རྒྱལ་མཚན་ནས་འདྲ་ཡང་། མོན་རྫོང་རས་ཆེན་ཟླ་བ་རྒྱལ་མཚན་ལ་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་གྱིས་འབར་ཆོས་ཡོངས་རྫོགས་གསན་པས་དེ་ལྟར་བརྒྱུད་ན་ཡང་རུང་བར་མངོན་བརྒྱུད་པ་འདི་ལ་འབར་རའི་གསང་ཁྲིད་སྐོར་ཡོངས་རྫོགས་དང་། དྲིལ་བུ་རིམ་ལྔ། བྱིན་རླབས་དང་བཅས་པ་ཡང་མནོས།

དྲུག་པ་སྐྱེས་མཆོག་འབའ་རའི་མན་ངག་ཁྱད་པར་འཕགས་པ་ཕྱག་ཆེན་ཆོས་དྲུག་བླ་སྒྲུབ་ཀྱི་ཡང་སྙིང་རྨད་དུ་བྱུང་བ་ཤངས་འབར་ར་བྲག་ཏུ་གཏེར་དུ་བཙས་བ། ༸རྗེ་བཙུན་རྡོ་རྗེ་འཛིན་པ་བློ་གྲོས་ཆོས་འཕེལ་ཞལ་སྔ་ནས་སྤྱན་དྲངས་པ་ཆ་ཚང་དྲིལ་དུ་དགྱེས་པ་ཆེན་པོས་རྩ་བའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབར་ར་བ་རྒྱལ་མཚན་དཔལ་བཟང་། བླ་མ་དམ་པ་བློ་གྲོས་ཆོས་འཕེལ། དེས་རིག་པ་འཛིན་པ་ཚེ་དབང་ནོར་བུ་ལའོ། །དམ་པ་འདི་ལ་བདག་བློ་ཤིན་ཏུ་བཅུག་པ་ཞིག་བྱུང་བས་སྔོན་གྱི་ལས་འབྲེལ་བཟང་པོ་ཡོད་པར་ངེས་སོ། །སྐྱེ་བ་སྤྲུལ་སྐུ་དཔལ་ལྡན་ལྷ་གདོང་པ། །གང་གི་གསུང་གི་སྒྱུ་འཕྲུལ་འབའ་ར་བ། །དེ་ཡི་སྲོལ་འཛིན་སྙིང་པོ་འཇམ་གླིང་རྗེ། །བློ་གྲོས་ཆོས་འཕེལ་བདག་བློའི་དབུས་ན་མཛེས། །ཞེས་པའང་སྨྲས་སོ། །

ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་བཀའ་བདུན་པ་ཚལ་པ་སྐྱེ་མེད་ཞང་རིན་པོ་ཆེ་ནས་བརྒྱུད་པ་མན་ལུང་འཁྲུལ་ཞིག་ནམ་མཁའ་བསྟན་འཛིན་ལ་ལེགས་པར་ཞང་གི་མཛད་པའི་ཡིག་ཆའི་སྟེང་ནས་སྨིན་སོར་ནོད་པའི་བླ་མ་བརྒྱུད་པ་ནི། དེ་ཡང་གུ་རུ་པདྨའི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་གྲུབ་པ་ཞང་རིན་པོ་ཆེ་བརྩོན་འགྲུས་གྲགས་པ་ཡི་རྩ་བའི་བླ་མ་དཔལ་སྒ་ལོ་མལ་ཡེར་པ། དྭགས་པོ་བསྒོམ་ཚུལ། པཎྜི་ཏ་རྡོ་རྗེ་སྣང་མཛད་སྟེ། དེ་དག་བདེ་མཆོག ཕག་མོ། ཐུབ་པ། སྒྲོལ་མ་ཡིན་ངེས་པས་ཡིན་ངེས་བཞི་དང་། གཞན་ཡང་གཉིས་བཅས་ཀྱི་མན་ངག་བྱིན་རླབས་ཀྱི་རྒྱུན་མཐའ་དག་མངའ་བ་ལས། དེ་ཡན་གྱི་བརྒྱུད་པའི་རྣམ་གྲངས་སོ་སོ་བ་ཡི་གེ་མང་བས་མ་བྲིས་ལ། འདིར་ནི་ཕྱག་ཆེན་ལྷན་སྐྱེས་ཁོ་ན་ལ་ནི། རྡོ་རྗེ་འཆང་ནས་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུའི་བར་གཞན་ལྟར་ལས། དེ་ནས་དྭགས་པོ་བསྒོམ་པ་ཚུལ་ཁྲིམས་སྙིང་པོ། དེས་རྒྱལ་བ་ཞང་བདེ་བ་རྡོ་རྗེ། དེ་ནས་རིམ་བཞིན་མན་ལུང་གྲུབ་ཐོབ་བྱང་ཆུབ་༼མན་ལུང་བྱང་སེང་གེ་རྣམ་ཐར་གསེར་བྲིས་སྐྱ་པོད་གཉིས་ཀར་རྒྱལ་བ་ཞང་དངོས་ལ་ཐུག་པ་འདྲ་ཞིག་བྱུང་ཡང་ཞིབ་མོར་བྱས་ན་ཚལ་པ་ཉི་ཟླ་འོད་ཀྱི་སློབ་མ་ཡིན་པར་སྣང་སྟེ། ཚལ་པ་ཉི་ཟླ་འོད་ནི་མེ་སྟག་ལ་འཁྲུངས། གྱ་ལྔ་ལྕགས་སྟག་ལ་གཤེགས་པས་འགྲིག་གོ །འོན་ཀྱང་བྱང་སེང་བས་ལོ་བརྒྱ་ལྷག་ངེས་གཅིག་བཞུགས་ལ་འགྲིག་རུང་བའོ། །ལོ་རྒྱུས་གཞན་དུ་ཚལ་ཆེན་པ་ལྷ་ཕྱུག་ཉི་ཟླ་འོད་ཀྱི་སློབ་མར་གསུངས་ཤིང་། ཚལ་ཆེན་དང་མེན་ལུང་བྱང་སེང་མཆེད་གྲོགས་ཡིན་གསུང་བས་དེ་འཐད་པ་འདྲ་སེམས་སོ། །༽སེང་གེ །དེས་སྲས་ཆོས་རྗེ་སྤྲུལ་སྐུ་སྟོན་པ། འདི་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་སྐུ་སྟེ་དེ་ཡི་སྐྱེ་བ་ཕྱི་མ་རིག་འཛིན་རྒོད་ལྡེམ་པ་ཡིན་པར་གྲགས། སྤྲུལ་སྐུ་སྟོན་པའི་སྲས་པོ་ཆོས་རྗེ་འཇམ་དབྱངས་གྲགས་པ། དེས་བྱང་སེམས་དཔལ་ལྡན་གཞོན་ནུ། རིམ་པས་རིག་འཛིན་དཀོན་མཆོག་དཔལ་ལྡན། སྔགས་འཆང་འཇམ་དབྱངས་བསོད་ནམས། མཁས་གྲུབ་ཡེ་ཤེས་དཔལ་ལྡན། རྒྱུད་འཛིན་ཆོས་སྐྱོང་འཕགས་པ། སྤྲུལ་སྐུ་འཇམ་དབྱངས་དཔལ་ལྡན། མཉམ་མེད་ཆོས་སྐྱོང་དཔལ་ལྡན། བྱང་སེམས་བསོད་ནམས་རྒྱལ་མཚན། སྔགས་འཆང་ཆོས་འབར་བཟང་པོ། ཀུན་མཁྱེན་ཉི་ཟླ་འོད་དཀར། མཁས་གྲུབ་ཆོས་སྐྱོང་སེང་གེ། སྔགས་འཆང་བསྟན་པའི་རྒྱལ་མཚན། སྔགས་འཆང་བསྟན་པའི་ཉི་མ། སྔགས་འཆང་བསྟན་འཛིན་སེང་གེ། སྤྲུལ་སྐུ་ནམ་མཁའ་དཔལ་ལྡན། འཁྲུག་ཞིག་ཆེན་པོ་ཆོས་རྗེ་ནམ་མཁའ་བསྟན་འཛིན་ཉི་མ། དེས་བདག་ཚེ་དབང་ནོར་བུ་འཇམ་དབྱངས་སེང་གེ་ལའོ། །ཚལ་ལུགས་ཀྱི་ཕྱག་ཆེན་ཁྲིད་རྒྱུན་འདི་ཤིན་ཏུ་དཀོན་པས་སྔོན་ལྷོ་བྲག་དཔའ་བོ་གཙུག་ལག་ཕྲེང་བའི་སྐབས་ཙམ་ནས་གྲགས་ཆེ་མེད་པར་དེས་མཛད་པའི་བཀའ་བརྒྱུད་ཆོས་འབྱུང་དུ་གསལ་ལ། དེས་ན་ད་ལྟ་ཁྲིད་རྒྱུན་ཡོད་པ་ཁོང་ཙམ་དུ་ཟད་པའི་སྟབས་ཀྱིས་ཁྲིད་ཡིག་རྒྱས་བསྡུས་གཉིས་ཀའི་སྟེང་ནས་སྨིན་ཁྲིད་གཉིས་སུ་ཞུས་པ་ཡིན་ལ་བྱིན་རླབས་དོན་བརྒྱུད་ཀྱི་ཆུ་བོ་ཡང་དག་པར་ཐོབ་པའོ། །བརྒྱུད་པ་འདི་ལས་བྱུང་བའི་ཞང་གི་གསུང་འབུམ་ཡོངས་རྫོགས་ཀླགས་ལུང་དང་མགོན་པོ་བྱ་རོག་གི་དབང་ལུང་ཚང་བ་ཐོབ་བོ། །ཨེ་མ་སྐྱེ་མེད་ཞང་སྟོན་ཆོས་ཀྱི་སྐུ།།གང་གི་གྲགས་པས་ས་གསུམ་ཁེངས་ན་ཡང་།།ཁྱོད་ཀྱི་དོན་རྒྱུད་འཛིན་པ་ཉིན་སྐར་བཞིན།།གྱུར་ལ་ཉེ་ཚེ་མན་ལུང་འཁྲུལ་ཞིག་གམ། །བཀའ་དྲིན་བཟང་པོའི་མཐུ་ལས་བདག་སྐལ་གྱི། །རྙེད་འདི་ངོ་མཚར་གནས་སུ་ཅིས་མི་འགྱུར། །དེས་ན་མགོན་པོ་དབྱིངས་ནས་དགྱེས་རིག་ཞིང་། །ཚུལ་འདི་དག་ཀྱང་སྔོན་སྨོན་ཉིད་དུ་ངེས། །ཞེས་པའང་སྨྲས་སོ། །

ཡང་བརྒྱད་པ་མཉམ་མེད་དྭགས་པོའི་མན་ངག་ཕྱག་རྒྱ་ཆེན་པོ་ལ་ཡི་གེ་བཞི་པར་མཚན་གསོལ་བ་དེ་ཉིད་ཟ་ཕུག་སྒྲུབ་ཆེན་སྦས་པའི་སངས་རྒྱས་བཀྲ་ཤིས་རྒྱ་མཚོའམ་ཤཱཀྱ་སེང་གེར་གྲགས་པ་གང་གི་ཞལ་སྔ་ནས་གཙང་སྨྱོན་ཧེ་རུ་ཀ་ཡི་བཞེད་པ་ཇི་བཞི་དུ་སྨིན་ཁྲིད་ལན་གྲངས་དུ་མའི་བར་དུ་ཞུས་ཤིང་མན་ངག་ཞལ་གདམས་སྦ་འཕྲི་མེད་པར་ནོས་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཏེ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ། ཕག་གྲུ། དེ་ཡི་ཉེ་བའི་སྲས་བཞིའི་ཡ་གྱལ་དགྱེར་སྒོམ་ཞིག་པོ་རྡོ་རྗེ། དེ་ནས་རིམ་བཞིན་གསེར་ལྡིང་པ་གཞོན་ནུ་འོད་ཟེར། དེ་སྲས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཇོ་ནང་ཀུན་སྤང་ཐུགས་རྗེ་བརྩོན་འགྲུས། ཇོ་ནང་བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་གྲུབ་བློ་གྲོས་བཟང་པོ། རྣལ་འབྱོར་འོད་ཟེར་སེང་གེ། ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། ལ་ཕྱི་འདུལ་འཛིན་ངག་དབང་། སྟག་ལུང་ངག་དབང་གྲགས་པ། ཤ་ར་རབ་འབྱམས་སངས་རྒྱས་སེང་གེ། གཙང་སྨྱོན་པ་རུས་པའི་རྒྱན་ཅན་སངས་རྒྱས་རྒྱལ་མཚན། ཐུགས་སྲས་ལྷ་རྒོད་རྣམ་གཉིས། གནས་རབ་བློ་གྲོས་རབ་ཡངས། རས་ཆུང་སྤྲུལ་སྐུ་གྲུབ་མཆོག་དབང་པོ། རྔོག་སྟོན་ཀརྨ་བློ་བཟང་། གུར་ཕུག་པ་རྒྱལ་དབང་སེང་གེ། དེ་ཡི་ཆོས་སྲས་ཐུ་བོ་ཤཱཀྱ་སེང་གེ། དེས་བདག་ཚེ་དབང་ནོར་བུ་མཁའ་འགྲོའི་དབང་ཕྱུག་ལའོ། །ཡང་ལུགས་སྲོལ་གཅིག་ནི། གཙང་སྨྱོན་ཆེན་པོ་ནས། པཎ་ཆེན་དངོས་གྲུབ་དཔལ་འབར། བྱམས་པ་ལྷ་བཙུན་གྲགས་པ། ངག་དབང་གྲགས་པ། བྱམས་པ་རྣམ་རྒྱལ། བྱམས་པ་རྡོ་རྗེ། བྱམས་པ་རྣམ་རྒྱལ། ཡེ་ཤེས་དཔལ་འབྱོར། སངས་རྒྱས་ཤེས་རབ། བྱམས་པ་ཀུན་དགའ། སངས་རྒྱས་ཡར་འཕེལ། སངས་རྒྱས་བསོད་ནམས། དེ་ལ་སྤུང་ཁྲིད་ཚུལ་དུ་གདན་ཐོག་གཅིག་ཏུ་རྫོགས་པར་ཞུས་པ་ལགས་བརྒྱུད་ཡིག་འདི་བྲིས་པའི་ལོ་ཕྱི་མ་ཤིང་ཡོས་ལོར་ཞུས་པ་ཡིན། །སརྦ་མངྒ་ལཾ།

ཡང་དམ་པ་དེ་ལ་ཕྱག་རྒྱ་ཆེན་པོའི་མན་ངག་ཁྲིད་རྒྱུན་དགུ་པ་དཔལ་ཏེ་ལོ་པ་ཡི་ཐུགས་བཅུད་ཕྱག་ཆེན་གངྒཱ་མ་དང་ཆོས་ཉིད་གཉུག་མའི་དོ་ཧ་ཡི་བཤད་འགྲེལ་དང་། ཆོས་ཉིད་གཉུག་མའི་ཁྲིད་ཡིག་ཟིན་བྲིས་སྟེང་ནས་སྨིན་པར་ནོས་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་ཏ་པ། མར་ལོ། རི་ལ་རས་པ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་ཡེ་ཤེས་བླ་མ། དེ་ལ་མར་སྟོན་ཚུལ་ཁྲིམས་འབྱུང་གནས། ཏར་བསྒོམ་པ། མ་ཅིག་ཨང་ཇོ། དེ་གསུམ་ལ་ཞང་ལོ་བྱང་ཆུབ་འོད། དེ་ལ་འགྲོ་མགོན་དྷཱ་ར་ཤྲཱི། དེ་ནས་རིམ་བཞི་བྱང་སེམས་བསོད་ནམས་རྒྱལ་མཚན། མ་ཅིག་ཀུན་ལྡན་རས། མཁས་བཙུན་གཟི་བརྗིད་རྒྱལ་མཚན། མཁན་ཆེན་དབང་ཕྱུག་རྒྱལ་མཚན། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། རས་ཆེན་གདན་གཅིག་པ། ལྡོང་སྟོན་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་གི་དབང་པོ། ཤ་ར་རབ་འབྱམས་པ་སངས་རྒྱས་སེང་གེ། གཙང་སྨྱོན་ཕྱོགས་ལས་རྣམ་རྒྱལ་ཏེ། དེ་ནས་ཤཱཀྱ་སེང་གེའི་བར་ཡི་གེ་བཞི་པའི་བརྒྱུད་པ་དང་འདྲ། གཞན་ཡང་བརྒྱུད་པ་དེ་ཉིད་ལས་གཙང་སྨྱོན་ལུགས་ཀྱི་རས་ཆུང་པའི་བདེ་མཆོག་སྙན་རྒྱུད་དྲུག་ཅུ་པའི་དབང་ལན་བཅུ་གསུམ་གྱི་བར་དུ་ཞུས་ཤིང་ལུང་ཁྲིད་བཤད་བཀའ་ལེགས་པར་ནོད་ཅིང་ལུས་སྦྱོང་སོགས་གདམས་པའི་མཐའ་ཡང་ཅི་རིགས་པ་ཆོད་པས་བཀའ་དྲིན་ཆེའོ། །ཨེ་མ་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ནི། །དཔའ་བོ་ཆེན་པོ་ཏིལ་བརྡུང་ཧེ་རུ་ཀ །གང་གི་ཐུགས་བཅུད་ཡིད་བཞིན་ནོར་བུ་མཆོག །སྟེར་མཛད་ཤཱཀྱ་སེང་གེ་ཕྱག་གི་གནས། །ཞེས་པའང་སྨྲས་སོ། །

བཅུ་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་བཀའ་བརྒྱུད་སྲོལ་གཅིག་འཇིགས་མེད་དབྱངས་ཅན་དགའ་བའི་ཞལ་སྔ་ནས་བརྒྱུད་པ། ལྟས་སྒ་གྲུབ་ཆེན་ཟབ་གསལ་ཆོས་འཕེལ་ཞབས་ལས་རྩ་སྡོམ་(འདི་ནས་མ་དཔེ་ལྡེབ་ངོས་གཉིས་ཆད་འདུག)རྡོར་ནོར་བུ་དང་། དཔལ་འབར་གྲུབ་ཆེན་དཔག་བསམ་ཡེ་ཤེས། དེ་གཉིས་ཀ་ལ་རང་རིག་རས་པ་ཀུན་དགའ་རྒྱ་མཚོ། དེས་འཇམ་དབྱངས་འཕྲིན་ལས་རབ་བརྟན། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན་སྤྲུལ་སྐུ་དཔག་བསམ་དབང་པོ་ནས། གྲུབ་དབང་ཅོག་གྲ་སྙན་གྲགས་དཔལ་བཟང་། གཉིས་ཀ་ལ་རང་རིག་རས་པ་ཡི་ཐུག་པར་མཛད་པས་དེ་དག་བརྒྱུད་པའི་རྣམ་གྲངས་སུ་བགྲངས་རུང་ཡང་། དོན་རྒྱུད་ཀྱི་ཆུ་བོ་ཡང་དག་པ་ནི་གོང་དུ་བཤད་པ་དེ་ཁོ་ན་ཡིན་ཞེས་གསུངས་སོ། །ཡང་རྒྱལ་དབང་རྗེ་གསུམ་པ་མི་ཕམ་པད་དཀར་ཞབས་ནས། སྤྲུལ་སྐུ་མི་ཕམ་ཆོས་ཀྱི་རྒྱལ་པོ། དེ་སྲས་མི་ཕམ་བསྟན་པའི་ཉི་མ། དེ་སྲས་མཐུ་སྟོབས་ཀྱི་དབང་ཕྱུག་ངག་དབང་རྣམ་རྒྱལ། དེ་ཡི་སློབ་མ་གྲུབ་མཆོག་དབང་གི་རྒྱལ་པོ། དེས་རྗེ་བཙུན་རང་རིག་དཔའ་བོ་སྟེ། དེ་ཡང་བྱིན་རླབས་ནུས་པར་ལྡན་པའི་བརྒྱུད་པའོ། །བརྒྱུད་པ་འདི་གཉིས་ཀ་སོ་སོ་བར་དམ་ཚིག་སེལ་མེད་བྱིན་རླབས་མ་ཉམས་པ་ཡིན་ཅིང་ཕྱིས་བྱུང་གི་སླད་དེ་མེད་པའོ། །རྒྱུད་པ་འདི་ཡི་རྗེས་འབྲེལ་མཻ་ཏྲི་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་དབང་བཞི་ཞིབ་རྒྱས་དང་། བསྲེ་འཕོ་འགྲེལ་ཆེན་གྱི་ལུང་ཁྲིད་དུ་དམིགས་ནས་ཉན་ཡང་། ཁྲིད་ཡིག་དངོས་མ་ལོགས་སུ་བཞུགས་པས་ཁྲིད་ཐོབ་པའི་གོ་མ་ཆོད་དོ། །བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་རྣམས་ཀྱང་ལེགས་པར་ནོད་པ་ཡིན་ལ་བྱིན་རླབས་ཀྱི་ཆ་ཤས་ཀྱང་ཞུགས་པར་རློམ་མོ། །ཡང་བདག་གི་འདྲེན་པ་འཕྲིན་ལས་རབ་བརྟན་ཞལ་སྔ་ནས་དེའི་སྤྲུལ་པའི་སྐུ་མི་ཕམ་ཡོངས་འདུ་ལ། ཕྱག་ཆེན་མན་ངག་གི་སྙིང་པོ་མཚོན་པ་ཙམ་ཞིག་གསན་ཅིང་། དེ་དང་རྩ་བའི་བླ་མ་རང་རིག་ཞབས་ཐ་དད་མེད་པར་གསོལ་བ་བཏབ་པའི་ཡུལ་དུ་མཛད་པས་ན། དེས་ན་རྗེ་རང་རིག་པ། རྗེ་མི་ཕམ་ཡོངས་འདུས་རྗེ་འཇམ་དབྱངས་འཕྲིན་ལས་རབ་བརྟན། ཞེས་བགྲང་ན་ཡང་རུང་མོད། དམ་པ་འདི་ལ་བོ་དོང་ལུགས་ཀྱི་ཕྱག་ཆེན་ལྷན་སྐྱེས་ཡང་མནོས་པའི་བརྒྱུད་པ། རིན་པོ་ཆེ་ནམ་མཁའ་ནོར་བུ་ཡན་གོང་གི་སྐབས་སུ་བཤད་པ་ལྟར་ལས། དེ་ལ་དམ་པ་འདིའི་གསན་པའོ། །ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྒྱུན་བཅུ་གཉིས་པ་ཡི་གེ་བཞི་པ་བོ་དོང་ལུགས་ནོད་པའི་བླ་མ་བརྒྱུད་པ་ནི། སྟག་ལུང་ངག་དབང་གྲགས་པ་ནས། སྤྲུལ་སྐུ་འཆི་མེད་དཔལ་བཟང་པོ། འཇམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། རྗེ་དབོན་གྱི་བླ་མ་ནམ་མཁའ་རིན་ཆེན། འདུལ་འཛིན་ནམ་མཁའ་རྒྱལ་པོ། མཁས་གྲུབ་ནམ་མཁའ་དཀར་པོ། རིན་པོ་ཆེ་ནམ་མཁའ་ནོར་བུ། རྗེ་འཇམ་དབང་འཕྲིན་ལས་རབ་བརྟན། དེས་བདག་ཚེ་དབང་ནོར་བུ་ལའོ། །དེ་ལྟར་ཡོངས་སུ་གྲགས་ཆེ་ཕྱག་རྒྱ་ཆེ། །འཛིན་མའི་ལྟོ་ཀུན་འགེངས་མཛད་པདྨ་དཀར། །གང་གི་རིང་ལུགས་སྙིགས་མེད་བར་འབྲུག་ཞེས། །གདམས་པས་བདག་བློ་ཚིམ་མཛད་རྫོང་ཕུ་མ། །ཞེས་པའང་སྨྲས་སོ། །

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རྒྱུན་བཅུ་གསུམ་པ་རྟོགས་པའི་གར་མཁན་དབུས་སྦྱོན་ཧེ་རུ་ཀ་དཔལ་ཀུན་བཟང་གྲུབ་པའི་དཔའ་བོ་ནས་བཀའ་སྲོལ་ནོད་པའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་ཡན་ཆད་སྟོད་འབྲུག་སྐབས་སྤྱི་དང་འདྲ་བ། དེ་ནས་རས་ཆེན་བརྩོན་འགྲུས་དར་པོ། ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ། དབུས་སྨྱོན་ཧེ་རུ་ཀ་དཔལ་ཀུན་བཟང་གྲུབ་པའི་དཔའ་བོ། དེས་མངའ་རིས་དོལ་པོ་རྣམ་གྲོལ་བཟང་པོ། ཚར་ཁ་ཆོས་སྐྱོང་རྡོ་རྗེ། བར་ལུང་ཁྲི་གཉེར་བ་ཡོན་ཏན་རྒྱ་མཚོ། ཀུན་སྤང་ཤཱཀྱ་བཟང་པོ། བར་ལུང་ཁྲི་གཉེར་བ་ཡོན་ཏན་རྒྱལ་མཚན། བར་ལུང་ར་བྲང་བ་དཔལ་ལྡན་རྡོ་རྗེ། རྗེ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ་ནས། གྲུབ་ཆེན་རྒྱལ་མཚན་འབུམ། རྟོགས་ལྡན་ཤེས་རབ་མགོན། བླ་ཆེན་རིན་ཆེན་གཞོན་ནུ་དཔལ། སྤྱན་སྔ་བསོད་ནམས་རྒྱལ་མཚན། བྲག་ཅོག་རིན་ཆེན་བཟང་པོ། དབུས་སྨྱོན་ཀུན་དགའ་བཟང་པོ། རྣམ་གྲོལ་བཟང་པོ་ནས་སྔར་ལྟར་རམ། ཡང་ན། ག་མི་བསོད་ནམས་བློ་གྲོས། རྗེ་ཆོས་སྐྱབས་དཔལ་བཟང་། མཐར་སྐར་ཆོས་སྐྱོང་དཔལ་བཟང་། རྣལ་འབྱོར་ཀརྨ་རྡོ་རྗེ། རྗེ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོ། དེས་སོ། །

ཡང་དབུས་སྨྱོན་ནས་བརྒྱུད་པའི་ཁྲིད་རྒྱུན་འདི་ལ་དཔག་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཕག་གྲུ་གདན་ས་མཐིལ་གྱི་གདན་རབས་ནས་བརྒྱུད་པ་དེ་ཡང་ཆུ་བོ་གཅིག་འདྲེས་སུ་ཞུགས་པས། དེས་ན་བརྒྱུད་པའི་རྣམ་གྲངས་བཅུ་བཞི་པར་བགྲངས་ཏེ། དེ་ཡང་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་ནས། འབྲི་གུང་འཇིག་རྟེན་རིན་ཆེན་དཔལ། སྤྱན་སྔ་རླང་ལྷ་གཟིང་པ་གྲགས་པ་འབྱུང་གནས། རྒྱལ་བ་གྲགས་པ་བརྩོན་འགྲུས། བཅུ་གཉིས་རིན་ཆེན་རྡོ་རྗེ། སྤྱན་སྔ་གྲགས་པ་ཡེ་ཤེས། གཉིས་མཆོད་པ་གྲགས་པ་རིན་ཆེན། ཚེས་བཞི་གྲགས་པ་རྒྱལ་མཚན། བཅུ་གཉིས་གྲགས་པ་ཤེས་རབ། ཚེས་བཞི་གྲགས་པ་བྱང་ཆུབ། དེས་སྤྱན་སྔ་ཀུན་སྤང་བསོད་ནམས་གྲགས་པ་དང་། བླ་མ་རིན་ཆེན་གཞོན་ནུ་གཉིས་ཀ་ལ། སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་གསན་ཅིང་། བྲག་ཅོག་རཏྣ་བྷ་ཊ་ནས་དབུས་སྨྱོན་མན་འདྲ། ལུགས་སྲོལ་འདི་ལ་བརྒྱུད་པའི་རྣམ་གྲངས་མང་ཞིག་འདུག་ཀྱང་འདིར་བརྗོད་པ་ནི་སྙིང་པོ་ཙམ་མོ། །དབུས་སྨྱོན་ཧེ་རུ་ཀ་དཔལ་འདི་ཉིད་ཆེས་ཆེ་བའི་གྲུབ་ཐོབ་ཡིན་འདུག་ཀྱང་དེང་སང་ཆོས་རྒྱུན་འཛིན་པ་དཀོན་པར་འདུག་པས་དེ་ལ་བརྒྱུད་པའི་ཕྱག་ཆེན་ཞིབ་ཐོབ་འདོད་ཆེ་བར་བྱུང་བཞིན། དོལ་པོ་བླ་མ་ཨོ་རྒྱན་རྒྱལ་མཚན་ཞལ་སྔ་ནས་ལ་དམར་བསྒོམ་ཆོས་སྐྱབས་དཔལ་བཟང་གི་ཁྲིད་ཡིག་སྟེང་ནས་ཟླ་གཅིག་གི་བར་དུ་སྨིན་ཁྲིད་དུ་སྐྱོང་བར་བྱས་ཤིང་། དེ་སྐབས་ཤིག་ཏུ་ཡི་དམ་ལྷའི་སྣང་བ་བཅས་དགེ་སྦྱོར་བཟང་པོར་མངོན་པ་ཡང་བྱུང་བས་བྱིན་རླབས་དོན་གྱི་ཆུ་བོ་ཡང་ཐོབ་པར་ངེས་སོ། །མདའ་བསྣུན་རྟོགས་པར་ཅོ་འདྲི་མཁའ་འགྲོའི་དབང་ཕྱུག་ཆེ། །འོད་གསལ་སྒྱུ་མའི་སྐུ་བརྙེས་བདེ་ཆེན་དཔའ་བོ་མཆོག །ཀུན་དགའ་བཟང་པོ་ཕྱག་རྫོགས་དོན་གྱི་རྣལ་འབྱོར་པ། །གངས་རིའི་ཁྲོད་འཁྲུངས་གྲུབ་དེས་ལྗོངས་འདི་མཛེས་རྒྱན་བྱས། །གང་གི་རིང་ལུགས་བྱིན་རླབས་མ་ཉམས་བརྒྱུད་པ་ཡི། །སྲད་བུ་ལས་བྱུང་ཕྱག་རྒྱ་ཆེན་པོའི་མན་ངག་གི །རིན་ཆེན་འཕྲེང་བ་རྣམ་པར་མཛེས་དེ་བདག་གི་བརྒྱན། །བཅིངས་པོ་ཨོ་རྒྱན་རྒྱལ་མཚན་དཔལ་དེར་སྙིང་ནས་འདུད། །ཞེས་སོ། །

དེ་ནི་བཀའ་དྲིན་མཆུངས་མེད་རྩ་བའི་བླ་མ་བཞི་པ་འདྲེན་མཆོག་སྦས་པའི་སངས་རྒྱས་དཔལ་བརྩེ་བ་ཆེན་པོ་ས་མནྟ་བྷ་དྲེནྟྲ་གང་གི་ཞལ་སྔ་ནས། རྒྱ་དཀར་གྱི་སློབ་དཔོན་སྤྱོད་འཆང་ནག་པོའམ་སྒྱུ་འཕྲུལ་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་པའི་ཁྲིད་ཆེན་བརྒྱ་དང་བརྒྱད་ཀྱི་གནད་སྡོམ་ས་བོན་ལྟ་བུ་མཛད་པ་དེ་ཡི་བཀླགས་ལུང་ཡོངས་འཛིན་ངག་དབང་འཕྲིན་ལས་ལ་གསན་མོད། ཁྲིད་ཀྱི་རྒྱུན་ནི་དགེ་སློང་སྙིང་པོ་མཐའ་ཡས་ལ་གསན་པར་མཛད་པ་ཡིན་ཞེས་གསུང་ཞིང་། དགེ་སློང་དེ་རྗེ་བཙུན་དམ་པའི་སྤྲུལ་སྐུ་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་ཟིན་ཅིང་། ཕྱིས་སུ་ཡང་དེའི་རྒྱལ་ཚབ་འཇམ་དབྱངས་རིན་ཆེན་རྒྱ་མཚོ་དང་། ཇོ་ནང་རྗེ་བཙུན་མ་འཕྲིན་ལས་དབང་མོའི་ཞབས་ལ་ཡུན་རིང་དུ་ཐུག་པས། ཁྲིད་རྒྱུན་བཞུགས་པར་སོམ་ཉི་མ་དགོས་ཤིང་། དེ་ལ་བདག་གི་ཡོངས་འཛིན་སྦས་པའི་སངས་རྒྱས་བརྩེ་བ་ཆེན་པོས་ཁྲིད་རྒྱུན་གྱི་ཚུལ་དུ་གསན་པ་ཡིན་འདུག་ལ། དེ་ཡང་བླ་མས་བཤད། སློབ་མས་གོ་བ་ལ་ཁྲིད་ཟེར་གྱི། གཞན་བླ་མས་མ་བཤད་སློབ་མ་ལ་གོ་མྱོང་མ་བྱུང་ན། ཁྲིད་རྒྱུན་དུ་འགྲོ་དཀའ་མོད་ཀྱང་། འདིར་ནི་བླ་སློབ་གཉིས་ཀས་ཁྲིད་རྒྱུན་དུ་དམིགས་ན་གསན་བཞེས་མཛད་པས་མོས་པའི་སྟོབས་དང་། དགེ་སློང་དེ་ཡང་རྡོ་རྗེའི་རྣལ་འབྱོར་བ་བཟང་པོ་ཡིན་འདུག་ལ། བདག་གི་འདྲེན་པ་ནི་སྔོན་སྦྱངས་མཐུ་ཆེན་པོས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་སྔ་མའི་ས་ལ་ངེས་པར་བཞུགས་པས། ཡེ་ཤེས་ཀྱི་མཐུ་ཡིས་དེས་ན་ཁྲིད་རྒྱུན་རྣམ་དག་ཏུ་འགྲུབ་པར་འདུག་པས། བདག་གིས་ཀྱང་འབད་པ་ཆེན་པོས་ཞུས་ཤིང་། རྗེ་བླ་མ་རིན་པོ་ཆེས་རྩ་སྡོམ་དག་གསལ་ལྷག་ཆད་ནོར་འཁྲུལ་གྱི་སྐྱོན་མེད་གསུང་རིམ་བཞིན་དེ་རྣམས་ཀྱི་གོ་དོན་སྤུ་རིས་མ་འདྲེས་པར་བློ་ལ་ལམ་ལམ་པར་འཆར་ངེས་སུ་བྱས་པས་ན་ངེད་རང་ནས་ཀྱང་ཁྲིད་རྒྱུན་ཐོབ་པའི་གྲངས་སུ་འགྲོ་ངེས་བྱས་ལ། དེ་ལྟར་མ་བྱུང་ན་བླ་མ་ལ་ཁྲིད་རྒྱུན་ཙམ་ཡོད་རུང་གོ་བཤད་དང་མ་འབྲེལ་ན་བཀླགས་ལུང་ཉིད་ལས་གཞན་མ་ཡིན་ཏེ། དེང་སང་དུས་ངན་དབང་གིས་ལུང་ཁྲིད་ཤན་མི་དབྱེ་བར་གང་ཡིན་མེད་པའི་ཆལ་ཆོལ་བྱེད་མཁན་མང་དུ་ཡོད་ཀྱི་འདུག་པ་ནི་རྒྱལ་བསྟན་གྱི་སྲོག་རྩ་བཅད་པའི་དམར་ལས་མཁན་ལས་གཞན་མ་ཡིན་ནོ། །དེས་ན་ལུང་རྒྱུན་དང་བཤད་རྒྱུན་དང་། ཁྲིད་རྒྱུན་རྣམས་སོ་སོར་ཕྱེས་པ་ཤིན་ཏུ་གཅེས་སོ། །

ལུང་རྒྱུན་ཐོབ་པས་ཁྲིད་ཐོབ་པའི་གོ་ཆོད་ན། དབང་དཔེའི་བཀླགས་ལུང་ཐོབ་པ་ཙམ་གྱིས་དབང་དེ་ཐོབ་པའི་གོ་ཆོད་དགོས་པར་ཐལ། དེ་ལྟའི་གོ་སྐབས་ནི་ཡེ་ཤེས་ཐོབ་ན་མ་གཏོགས་མེད་པའི་ཕྱིར་རོ། །དེ་བས་ན། ཡེ་ཤེས་གཅིག་པུའི་ལས་ཀུན་བྱེད། །ཅེས་གྲུབ་པ་ཐོབ་ངེས་པ་དང་། སྨོན་ལམ་གྱི་དབང་བསྐུར་ཅན་རྣམས་མ་གཏོགས། བཀླགས་ལུང་ཁྲིད་དུ་འཛིན་ནས་བཤད་ན་བདུད་ལས་རླབས་པོ་ཆེ་སྟེ། བསྐལ་པ་རྒྱ་མཚོར་དམྱལ་བའི་བུད་ཤིང་དུ་འགྱུར་བས་གོ་བར་གཅེས་སོ། །དེས་ན་དེང་སང་སྙིགས་མའི་དབང་གི་རྡོ་རྗེ་འཆང་གི་གསུང་གཙང་མ་རྒྱུད་སྡེའི་ཁུང་དང་འབྲེལ་བའི་ཁྲིད་བཀའ་ཁྱད་པར་རྣམས་སྐྱེ་བོ་དོན་གཉེར་ཆུང་བས་ཆེད་དུ་ཉེ་བ་འགའ་རྒྱལ་བསྟན་ལ་ལྷག་བསམ་དག་པས་རང་གཞན་གྱི་དོན་ཆེ་བཞག་ཆུང་བཤོལ་ཞིང་དཀའ་བ་ཁྱད་དུ་བསད་ནས་འབད་པ་དྲག་པོས་རི་སུལ་ལུང་སྐྱོགས་ཀྱི་དགོན་ཆུང་རེ་རེ་བཞིན་འགྲིམ་ཀྱིན། ཡ་ཀི་ཡོངས་གྲགས་ཀྱི་བླ་ཆེན་ནས་མ་ཀི་གྲོང་པའི་ཁྱིམ་བཙུན་ཡན་ཆད་བརྟེན་ཅིང་། རང་གི་མངོན་རློམ་ལྟག་ཚུགས་ཁེ་གྲགས་ཁེངས་པ་མཐའ་དག་བཏང་ནས་སྒོ་གསུམ་དམན་པ་བཟུང་བཞིན་གུས་པའི་བསྙེན་ཚུལ་དང་མི་བྲལ་བར་བྱེད་ཅིང་ཤེས་རབ་བསྒྲུབ་པའི་མཎྜལ་དང་ཟང་ཟིང་གི་བསྙེན་བསྐུར་འཕང་མེད་ལྟོས་མེད་ཀྱི་སྒོ་ནས་མཉེས་པར་བྱེད་པ་འདི་རྒྱལ་བའི་གསུང་དྲི་མ་མེད་པ་མི་ནས་མི་རུ་བརྒྱུད་པ་ཟམ་མ་ཆད་པ་ལ་རྩིས་སུ་བྱེད་པའི་དོན་ཡིན་གྱི་དེ་བས་དཀའ་ཚེགས་ཆེན་པོ་དེ་ཁུར་དགོས་དོན་ཅི་ཞིག་ཡོད་དེ། ཡང་རང་གི་ལམ་སྣ་མ་ཟིན་པ་ཞིག་ཡིན་ན་ད་ཆོས་བྱེད་ཕྱིན་བླ་མ་མི་བསྟེན་ནས་སྡོད་རྒྱུ་ག་ལ་ཡོད་ཀྱང་། ངེད་ནི་སྐྱེ་བ་སྔ་མ་ནས་འདྲེན་པ་བཟང་བ་ལ་དམིགས་ནས་པདྨ་བདེ་ཆེན་གླིང་པའི་ཞབས་དྲུང་དུ་སྐྱེས། བསམ་བཞིན་ཡོངས་འཛིན་དུ་དེ་བརྟེན་ནས་སྨིན་གྲོལ་གྱི་གདམས་པ་ཡང་རང་སྐལ་དང་མཐུན་པར་ཐོབ། གདམས་པའི་སྲོག་གྱུར་དམ་ཚིག་ལ་སྐྱོན་གྱུར་འགལ་བ་སྤུ་ཙམ་ཡང་མེད་པར། དེ་ནས་ཡོངས་འཛིན་ཞིག་བརྟེན་པ་དེ་སློབ་དཔོན་པདྨས་གཏེར་ལུང་དུ་མ་ནས་ཟིན་ཅིང་མཁས་བཙུན་བཟང་པོའི་མཐར་ཐུག་པ་ཀརྨ་རིག་འཛིན་ཞེས་རྒྱ་དཀར་གྲུབ་ཐོབ་ཤཱ་ཝ་རི་པའི་སྤྲུལ་སྐུ་དེ་ཡི་ཞབས་པད་བསྙེན་ནས་བླ་མ་བརྟེན་ཚུལ་ཡང་རྒྱུད་སྡེ་ནས་བཤད་བཞིན་པ་བྱས། སེམས་ཉིད་ཀྱི་ངོ་བ་མཐོང་བ་ཡང་རྡོ་རྗེ་འཆང་དེས་དབུགས་དབྱུང་བར་མཛད། དེ་འཕྲོར་རང་དོན་འབའ་ཞིག་དོན་དུ་གཉེར་འདུན་གྱི་ཙཱ་རི་ཊ་ལྟ་བུ་མི་མེད་དབེན་པའི་གངས་ཁྲོད་གཅིག་ཏུ་ཚེ་དང་བསྒྲུབ་པ་སྙོམས་པ་ཞིག་ཡོང་ཨེ་ཐུབ་བསམ་ཡང་།

སྔོན་ལས་ཀྱི་དེ་མ་གྲུབ་ཅིང་དབུས་གཙང་ཕྱོགས་འདིར་སླེབས་ནས་རྗེ་ཀརྨ་པ་དང་སྤྱན་སྔ་ཞྭ་དམར་བ་དང་ཕ་ཏྲེ་བོ་ཆོས་ཀྱི་དབང་པོ་སོགས་དམ་པ་མང་དུ་མཇལ། བསྟན་པ་ལ་སེམས་ཁུར་ཡིན་ཁུལ་གྱི་ཆོས་ལ་ཐོས་བསམ་དང་། འཆད་སྤེལ་ཅི་རིགས་པ་བྱས་མོད། དེ་ཡང་ཕྱོགས་གཅིག་ནས་རང་འདོད་འདི་སྣང་གི་ཁེ་གྲགས་མིན་པས་འགྲོ་དོན་གྱི་གཟུགས་བརྙན་ཙམ་གྲུབ་པར་ཡང་རློམ། འོན་ཀྱང་རང་དོན་ཇི་བཞིན་པ་ཞིག་འགྲུབ་ན་གཞན་དོན་ཤུགས་ཀྱིས་འགྲུབ་རྒྱུར་གདའ་བ་ལ། ཆོས་རྒྱུན་དཀོན་པོ་ལ་གཅེས་འཛིན་གྱི་མི་ཚེ་འདི་ཡད་ཡུད་ཀྱི་ངང་ལ་རྫོགས་ནས་བསྒོམ་སྒྲུབ་བྱས་པའི་རྗེས་མེད་པ་འདི་ཡང་སྐྱོ་བ་འཕེལ་རབ་ཏུ་གདའ། ཨ་ཀྱང་འགའ་ཞིག་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡང་མ་གྲུབ་པར་འཆི་བ་དེ་ཚོ་ལས་ངེད་རང་གི་ཐོས་བསམ་གྱི་གཡེང་བ་འདི་ལོས་གྲགས། ད་འགྱོད་རྒྱུ་མེད་ཕཊ་ཊཿ འོན་ཀྱང་ཕྱིན་ཆད་བསྒྲུབ་པ་ལ་གཞོལ་ནས། འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་ཞིག་དང་། དེ་ལྟ་མིན་ཀྱང་ཚེ་དང་བསྒྲུབ་པ་མཉམ་པ་ཞིག་སྨོན་པ་ལགས། དེ་ལྟར་བསྟན་པ་ལ་ལྷག་བསམ་ཁོ་ན་ལས་དེ་མིན་ངེད་རང་བསྒྲུབ་པ་བརྒྱབ་ནུས་ན་ཉམས་ལེན་གྱི་རྐང་ནི་རྩ་བའི་བླ་མ་གཉིས་ཀྱི་ཐུགས་རྗེ་ཁམས་ནས་གདེང་ཅུང་ཚུད་པ་དེ་ཀ་ལྟར་ལགས། དེ་འདྲ་ཆ་རྒྱུས་མེད་པའི་མཆེད་གྲོགས་འདྲ་དང་བླ་མ་རྣམས་ཀྱི་གྲྭ་འཁོར་ཚོས་བསྐྱེད་རྫོགས་ཡེ་ནས་གོ་མྱོང་མེད་པའི་རྣལ་འབྱོར་གསར་ཞུགས་ཁམས་གང་ཡང་མེད་པ་ཞིག་ཏུ་བརྩི་བ་དང་། ལ་ལས་ནི་དེ་ཡོད་པར་ཤེས་ཀྱང་མི་གཞན་གྱི་སྣང་ངོར་རང་རང་ཆེ་འདོད་ཀྱི་སྒོ་ནས་ཁྱད་གསོད་མིག་བརྙས་ཅི་རིགས་པ་བྱེད་མཁན་ཡོངས་ཀྱི་འདུག་ཀྱང་། ཕལ་ཆེར་ནི་ངེད་རང་གི་སྡིག་སྒྲིབ་ཀྱི་རང་གཟུགས་སུ་ངེས་པས་བཟོད་པ་བསྒོམ་ནུས་ན་སྡིག་སྒྲིབ་ཀྱི་ཕྱག་མ་རུ་དེ་འདྲ་བཟང་བ་ཡིན་པས་ཨེ་མ་ཧོཿ ལར་རང་གི་གནས་ཚུལ་ཇི་བཞིན་པར་བརྗོད་ན་ང་རྒྱལ་དུ་འགྲོ། མ་བརྗོད་ན་གཞན་གྱི་མིག་བརྙས་ཡུལ་དུ་བཟུང་ནས་རང་གཞན་ལས་ངན་གྱི་གནས་སུ་བསག གང་བྱས་ཀྱང་སྟབས་མི་བདེ་བ་འདི་ཡང་རང་སེམས་སླད་མེད་ཆོས་རྒྱུན་རྣམ་དག་གི་ཆེད་དུ་ཡིན་པས་བྱ་བ་དོན་ལྡན་ཏེ་དགའ་བ་བསྒོམ་པའི་གནས་སུ་ཤེས་པར་བྱའོ། །བསྟན་ལ་ལྷག་བསམ་གྲོགས་ལ་ཕན་པའི་ལས། །ཅི་ལྟར་སྤྱད་ཀྱང་གཞན་དག་མི་མགུ་ཞིང་། །ཁྱད་གསོད་བརྙས་བཅོས་ཧམ་པས་མནར་ན་ཡང་། །བྱམས་པའི་མ་ལྟར་བདག་གིས་བལྟ་ནུས་ཤོག །བཟང་བྱས་ཕར་ལ་དྲིན་ཡུས་ཚུར་ར་རྩི། །སྒོ་གསུམ་འབད་པའི་ལས་ལ་གནོང་ཆུང་བཞག །མཆེད་གྲོགས་དུས་ངན་རང་གཟུགས་བསྟན་ན་ཡང་། །བདག་སེམས་མི་འཁྲུག་དེ་ལ་བཟོད་པར་ཤོག །བདག་ནི་སྐྱེ་བ་འདི་ནས་བྱང་ཆེན་བར། །དུས་ཀུན་རྒྱལ་བསྟན་སྲོག་ལས་ལྷག་བལྟ་ལས། །གཞན་གྱི་ངན་སྨྲས་བརྙས་པ་ཁྱད་གསོད་སོགས། །ཅིས་ཀྱང་མི་བྱེད་བྱང་ཆུབ་གྲོགས་གྱུར་ཤོག །དེ་བཞིན་ཀུན་ཏུ་རྫོགས་སངས་རྒྱས་དང་སྲས། །མཚན་ལྡན་བླ་མ་དགྱེས་པའི་བྱ་བ་ལ། །ལུས་སྲོག་ཕྱེ་མར་གྱུར་ཀྱང་སྲན་བཟོད་ཅིང་། །དེ་ཉིད་འབའ་ཞིག་བདག་གིས་དང་ལེན་ཤོག །བདག་གི་ཚེ་རབས་སྔ་མར་ཉོན་མོངས་དབང་། །ཆོས་སྤུན་མཚན་ལྡན་རིག་མར་མ་གུས་བརྙས། །ལས་དེས་ཚེ་འདིར་ཉེ་བའི་སྤུན་རྣམས་ཀྱི། །སེམསལ་ཟུག་རྔུ་འབྱིན་པ་དེས་དག་ཤོག །ཕྱིན་ཆད་བདག་གི་མཆེད་ལ་མི་སྡང་ཞིང་། །རྡོ་རྗེ་སྤུན་གྱིས་བདག་ལ་མི་སྡང་བར། །གསང་སྔགས་རྒྱུད་ནས་གསུང་བཞིན་ཕན་ཚུན་བྱམས། །ཚོམ་བུ་གཅིག་ཏུ་བྱང་ཆུབ་འགྲུབ་པར་ཤོག །ཅེས་པ་ཡང་བར་སྐབས་ཀྱི་འཕྲོས་སུ་སྨྲས་པ་སྟེ། ད་ནི་དཀྱུས་སུ་འཇུག་པར་བྱ་ལ། དེ་ཡང་ཕྱག་རྒྱ་ཆེན་པོའི་མན་ངག་ཁྲིད་རྒྱུན་བཅོ་ལྔ་པ་ཐུན་མོང་མ་ཡིན་པའི་མན་ངག་ཀརྨ་ཀམ་ཚང་གི་ཁྱད་ཆོས། བསྐྱེད་རིམ་ལྷན་ཅིག་སྐྱེས་མ། རྫོགས་རིམ་རླུང་སེམས་དབྱེར་མེད་དུ་གྲགས་པ་ལས། བསྐྱེད་རིམ་ལྷན་སྐྱེས་སྨིན་བྱེད་རྒྱས་པ་ཕ་ཏྲེ་བོ་ཆོས་ཀྱི་དབང་པོའི་ཞབས་པད་དུ་ལེགས་པར་ནོད་ལ། རྫོགས་རིམ་རླུང་སེམས་དབྱེར་མེད་ཀྱི་མན་ངག་གནད་ཅི་རིགས་པ་རྩ་བའི་བླ་མ་ཀརྨ་རིག་འཛིན་ལས་ཐོས་ཤིང་། ཁྲིད་རྒྱུན་དངོས་ནི་ཁྲིད་བརྒྱ་ལས་བྱུང་བ་ལྟར་བགྲང་སྟེ་བླ་མ་བརྒྱུད་པ་ནི། རྡོར་འཆང་ཕག་མོ་ཏེ་ན་མར་མི་སྒམ། །དུས་མཁྱེན་རས་ཆེན་སོམ་བྲག་པགྴི་གཉག །རང་བྱུང་མགོན་རྒྱལ་རོང་རྡོར་གུ་ཤྲི་པ། །ཡེ་ཤེས་འཇམ་དབྱངས་སྐྱོབ་ལྕེ་ཏྲེ་བོ་ཆུང་། །གྲོལ་མཆོག་ལྷ་དབང་ཀུན་དགའ་སྙིང་པོའི་ཞབས། །རིན་ཆེན་རྒྱ་མཚོའི་འཕྲིན་ལས་དབང་མོ་ཆེ། །སྙིང་པོ་མཐའ་ཡས་ཀུན་བཟང་དབང་པོའི་སྡེ། །དེས་བདག་ལའོ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅུ་དྲུག་པ་ཀརྨ་པའི་དགོངས་བཅུད་སྐུ་གསུམ་ངོ་སྤྲོད་དུ་གྲགས་པའི་ཁྲིད་ཀྱི་བླ་མ་བརྒྱུད་པ་ནི་རྡོར་འཆང་པགྴི་ཨོ་རྒྱན་རང་བྱུང་གཡུང་། རོལ་རྡོར་མཁའ་སྤྱོད་དེ་གཤེགས་མཐོང་དོན་ལྡན། །བན་སྒར་ཆོས་ཀྱི་གྲགས་པ་འཕྲིན་ལས་པ། །དེ་ནས་ཀུན་དགའ་གྲོལ་ཏེ་དེ་ལྟར་རོ། །སྐུ་གསུམ་ངོ་སྤྲོད་འདི་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་། །ཕ་ཏྲེ་བོ་རྩ་བའི་བླ་མ་ཀརྨ་རིག་འཛིན་གསུམ་གྱི་ཕྱག་ཆེན་ཁྲིད་རྒྱུན་ལ་ཆུ་བོ་ཆིག་འདྲེས་སུ་བཞུགས་པས་དེ་འདོད་ཀྱང་རུང་ངམ་སེམས་ཤིང་། ལྷག་ཏུ་དབང་ཕྱུག་རྡོ་རྗེ་ཡན་ཀམ་ཚང་སྤྱི་བརྒྱུད་ལྟར་ལ་དེ་ནས་ཏཱ་ར་ན་ཐ་སྟེ། དེ་མན་ཆད་སྔར་བཤད་པ་ལྟར་རོ། །

ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་གྱི་རྣམ་གྲངས་བཅུ་བདུན་པ་ཕག་གྲུ་ཐེལ་སྐོར་གྱི་ཁྱད་ཆོས་ནོད་པའི་བླ་མ་བརྒྱུད་པ་ནི། རྡོར་འཆང་ཏེ་ནཱ་མར་མི་དྭགས་ཕག་འབྲི། །སྤྱན་སྔ་རིན་རྡོར་གྲགས་པ་རིན་རྒྱལ་བ། །གྲགས་གཞོན་བསོད་རྒྱལ་སྤྱན་ལུང་པཎ་ཆེན་གཞོན། །དེ་ནས་ཀུན་དགའ་གྲོལ་མཆོག་མན་སྔར་ལྟར་རོ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅོ་བརྒྱད་འབྲི་གུང་པའི་ཁྱད་ཆོས་དགོངས་ཟབ་དང་འབྲེལ་བའི་བརྒྱུད་པ་ནི། རྡོར་འཆང་ཏེ་ནཱ་མར་མི་དྭགས་ཕག་འབྲི། །བསོད་གྲགས་རྡོར་གྲགས་ཐོག་ཁ་མཚམས་བཅུ་གཉིས། །ཉེར་བརྒྱད་ཆོས་རྒྱལ་སྨན་སྒོམ་ལ་ཕྱི་པ། །འདུལ་འཛིན་ངག་དབང་འབྲུག་དབོན་སྟག་ལུང་དབོན། །དེ་ནས་ཀུན་དགའ་གྲོལ་མཆོག་ཏེ་འདྲ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅུ་དགུ་པ་སྟག་ལུང་ཐང་པ་ནས་བརྒྱུད་པའི་རིམ་པ་ནི། རྡོར་འཆང་སྟེ་ནཱ་མ་མི་དྭགས་ཕག་སྟག །སྐུ་ཡས་ཡར་བྱོན་བཀྲས་བླ་སངས་རྒྱས་དཔལ། །ཀ་ར་གུ་རུ་ཀུན་སྤང་བཀྲ་ཤིས་དཔལ། །བྱང་རྒྱལ་ངག་དབང་རྣམ་གྲགས་སྟག་ལུང་དབོན། །དེ་ནས་གོང་ལྟར་རོ། །སྐབས་འདིར་སྟོད་འབྲུག་བརྒྱུད་པའི་མན་ངག་གི་རྒྱུན་ཡོད་ཀྱང་སྔར་བཤད་པས་འདིར་མི་བགྲང་། ཕྱག་ཆེན་ཁྲིད་རྒྱུན་ཉི་ཤུ་པ་སྨད་འབྲུག་གི་ཐུབ་པ་ལྔ་ལྡན་དུ་གྲགས་པ་ལ། རྡོར་འཆང་སྟེ་ནཱ་མར་མི་དྭགས་ཕག་གླིང་། །རྒྱ་རས་ལོ་རས་དགའ་ལྡན་བསོད་དར་བ། །འགིར་ཕུ་འོད་རྒྱམ་སངས་རས་སྐྱེས་མཆོག་པ། །གཡམ་སྤྱིལ་འབྲུག་དབོན་སྟག་ལུང་སྤྲུལ་པའི་སྐུ། །དེ་ནས་གྲོལ་མཆོག་སྟེ་སྔར་ལྟར་རོ། །

ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་ཉེར་གཅིག་པ་ཕྱག་ཆེན་མན་ངག་མཐའ་དག་གི་གཞི་མ་སྡོང་པོ་ལྟ་བུ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ས་ར་ཧ་ཡི་དོ་ཧའི་ཁྲིད་བཀའ་ཟབ་མོ་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོར་འཆང་བདེ་མགོན་ས་ར་ཧ་ཀླུ་སྒྲུབ། །ཤཱ་མཻ་ཏྲི་ཕྱག་ན་མངའ་རིས་པ། །གྲོ་ཤུལ་སར་བུ་དགྱེར་བསྒོམ་སངས་རྒྱས་དབོན། །བྲག་འབུར་གཞོན་རིན་དཀོན་རྡོར་ཆོས་སྒོ་བ། །རྫ་ཁོལ་སྨོན་ལམ་ངག་དབང་གྲགས་པ་དང་། །པཎ་ཆེན་ཡབ་སྲས་དེ་ནས་སྔར་ལྟར་རོ། །དེང་སང་དོ་ཧའི་བཀླགས་ལུང་ཙམ་ལས་ཁྲིད་ཀྱི་རྒྱུན་ནི་དཀོན་པར་སྣང་བས། དེས་ན་འདི་ལ་གཙིགས་སུ་བྱ་བའི་གནས་སོ། །

ཡང་ཕྱག་རྒྱ་ཆེན་པོའི་མན་ངག་མཉམ་མེད་སྒམ་པོའི་དགོངས་བཅུད་མཚོ་མཎྜལ་ནག་པོར་སྦས་པ་གཏེར་སྟོན་དུང་མཚོ་རས་པས་སྟོན་པ་སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་རྒྱུན་ནི། རྡོར་འཆང་སྟེ་ནཱ་མར་མི་སྒམ་ཡེ་རྡོར། །དུང་མཚོ་སྣེ་རས་ཆོས་དབྱིངས་མགར་རྫོངས་མགོན། །ཚུལ་རྒྱལ་མཁྱེན་རབ་གཞོན་ནུ་ཆོས་གྲུབ་པ། །དེ་ནས་གྲོལ་མཆོག་སྟེ་སྔར་ལྟར་རོ། །གཞན་ཡང་རྗེ་བཙུན་བླ་མ་འདི་ལ་ཁྲིད་ཆེན་བརྒྱ་དང་བརྒྱད་ཀྱི་རྒྱུན་ཡོངས་སུ་རྫོགས་པ་དང་། སྦྱོར་བ་ཡན་ལག་དྲུག་གི་མྱོང་ཁྲིད་ལན་དྲུག་གི་བར་དུ་ཞུས་ཤིང་རང་གི་ཚེ་སྔ་མའི་ལས་འབྲེལ་གྱི་བག་ཆགས་མཐུག་པའི་སྟབས་ཀྱིས་ཚེ་འདིར་སངས་རྒྱས་ཀྱི་ཡེ་ཤེས་བཞུགས་ཚུལ་གྱི་གོ་བ་བཟང་པོ་དེ། ཇོ་ནང་པའི་གྲུབ་མཐའ་ལས་སྐྱེས་པ་ཡིན་པས། དེས་ན་ཇོ་ནང་པའི་ཆོས་རྒྱུན་ཕལ་ཆེ་བ་དམ་པ་འདི་ལས་ཐོས་པས་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་ཡིན་ནོ། །དཔལ་ལྡན་བདེ་འབྱུང་བདག་པོ་ས་བཅུ་རྒྱལ་བའི་སྲས་པོ་མཆོག །ཤི་ཏའི་ལྷོ་འདིར་གང་གི་རིང་ལུགས་རྒྱ་ཆེར་སྤེལ་བའི་ཕྱིར། །ཇོ་ནང་པར་གྲགས་རྒྱལ་བསྟན་ཡོངས་རྫོགས་འདྲེན་པའི་ཤིང་རྟ་ཆེ། །མཚུངས་མེད་འཇིག་རྟེན་མགོན་དེ་བདག་གི་སྙིང་དབུས་རྒྱན་དུ་གྱུར། །དེ་ཡི་བསྟན་པའི་སྲོལ་འཛིན་གཅིག་པུ་ས་འོག་གཏེར་བཞིན་དུ། །གནས་ཤིང་མི་སྣང་ཉེ་བར་གྱུར་ཚེ་བདག་གི་འབད་པ་ཆེས། །ལེགས་རྙེད་ཆོས་ཀྱི་ནོར་བུ་ལེགས་ཐོན་བདག་བློའི་རྒྱལ་མཚན་རྩེར། །བཅིངས་མཛད་ཀུན་བཟང་དབང་པོ་བདག་བློའི་མཛེས་རྒྱན་རྨད་དུ་བྱུང་། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་བདག་གི་འབད་པས་བཙལ་བའི་ཕྱག་རྒྱ་ཆེན་པོ་ཡི་ཁྲིད་ཀྱི་རྒྱུན། རྩ་བའི་བླ་མ་ཟུང་ལས་བྱུང་བ་དྲུག་དང་། བཀའ་དྲིན་ཅན་རྡོ་རྗེ་སློབ་དཔོན་གཞན་ལས་ནོད་པའི་ཁྲིད་རྒྱུན་ཉི་ཤུ་རྩ་གཉིས་ཏེ། ཁྱོན་དྲིལ་རགས་རྩིས་ཀྱི་ཉི་ཤུ་རྩ་བརྒྱད་ནོད་ལ། འབྲི་སྟག་ནས་བརྒྱུད་པ་གོང་དུ་ཡང་ཡོད་མོད་ལ། སླད་མར་འབྲི་སྟག་གི་བརྒྱུད་པ་བསྐྱར་མ་ཞིག་དང་། སྐྱེས་མཆོག་འབའ་རོམ་ནས་བརྒྱུད་པ་ཞིག་ཅེས་ཀྱང་ཞུ་འདུན་ཡིན་ལ། གཞན་ད་ལྟ་ཁྲིད་རྒྱུན་མ་ནུབ་ཡོངས་གྲགས་སུ་གནས་པ་ནི་དེ་ཙམ་དུ་འཁུམ་མོད། །གོང་གི་རགས་རྩིས་དེ་དག་ལ་ནང་གསེས་ཞིབ་མོར་བརྗོད་ན་དུ་མ་ཡོད་དོ། །ཞེས་བརྒྱུད་པའི་བཀའ་སྲོལ་དུ་མའི་བྱིན་རླབས་ཀྱི་རྒྱུན་རྣམ་པར་དག་པ་རང་གིས་ཅི་ཙམ་ནོས་པའི་ཚུལ་བརྗོད་པའི་སྐབས་ཏེ་གཉིས་པའོ། །བསོད་ནམས་མཐུ་ཡིས་དམ་པ་རྣམས་དང་མཇལ། །ཐེག་མཆོག་གྲུབ་མཐའ་ལ་ཞུགས་ངེས་དོན་རྙེད། །བསྟན་འཛིན་མོས་པའི་སྙིང་སྟོབས་ཅི་ཡང་འཆང་། །འདི་ཀོ་ཚེ་དབང་ནོར་བུའི་ངང་ཚུལ་ཡིན། །ཞེས་སོ། །

བདག་གིས་ཚེ་འདིར་འབད་པའི་སྙིང་པོ་ཁྲིད་རྒྱུན་འབའ་ཞིག་པ་དོན་དུ་གཉེར། དེ་ཡང་རྒྱུན་ཡོད་མེད་བརྒྱུད་ཁུངས་དག་མི་དག་ལ་གསེར་ལྟར་བརྟག །ཞལ་གཟིགས་ལུང་བསྟན་རྨི་ལམ་ཡད་ཡུད་ལ་སྐྱབས་མ་བཅོས་བརྒྱུད་པའི་ཁུངས་ནས་བརྩམ་སྟེ་མི་ཡི་རྟེན་ཅན་གྱི་སྐྱེས་བུ་དམ་པ་ཟམ་མ་ཆད་པའི་བརྒྱུད་པ་གང་རྙེད་བྱས་པ་སྟེ། སྤྱིར་ཆོས་ཁུངས་ཅན་གྱི་དཔེ་རྒྱུན་ཙམ་ལ་དབང་ཁྲིད་བཤད་རྒྱུན་ཡེ་ནས་མེད་ན། ཡེ་ཤེས་མཆོག་ཐོབ་པའི་སྐྱེས་བུ་དམ་པ་རྣམས་ལ་ཡི་དམ་ལྷ་དང་བླ་མ་རྣམས་ཀྱི་བྱིན་གྱིས་བརླབ་ཅིང་བཀའ་ཡི་གནང་བ་ཐོབ་པས་རྒྱུན་གསོ་བ་ལས་འོས་མེད་མོད། མི་ནས་བརྒྱུད་པ་ཡོད་ཕྱིན་དེ་ཁོ་ན་གཙོ་བོར་འདོན་པ་ལས་ཞལ་གཟིགས་བརྟན་པོ་མོད་ན་གོ་མི་ཆོད་པ་ཙམ་ཡིན་ཡང་། གདེངས་དེ་ལ་མི་འགལ་བ་ཆོས་རྒྱུན་ལ་འབད་རྩོལ་གལ་ཆེའོ། །གལ་ཆེའོ། །བདག་ནི་སྔར་ཕན་གྱི་ཁྲིད་གྱུན་སོ་སོ་བ་དང་ཁྲིད་རྒྱུན་ངོ་བོ་གཅིག་ཀྱང་བརྒྱུད་ཁུངས་ཐ་དད་པ་རྣམས་ཁྱོན་བསྡོམས་ཁྲིད་བཀའི་རྒྱུན་བརྒྱ་དང་བརྒྱད་ཅུ་ལ་ཉེ་བ་ནོས་པས། ཆོས་ཀྱི་བསྐལ་པ་ནི་ཧ་ཅང་རང་མི་དམན་པར་རློམ་མོ། །དེ་ཡང་ངེད་ཀྱི་སྙིང་པོར་བསྡུ་ན་བདག་གི་སྐྲ་བཅད་སྐྱབས་སྡོམ་ཞུས་པ་ནི་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ཡིན། སེམས་ངོ་ནི་པདྨ་བདེ་ཆེན་དང་། ཀརྨ་རིག་འཛིན་གྱིས་སྤྲད། ཆོས་འབྲེལ་ཞུས་པའི་བླ་མ་ནི་ལྔ་བཅུ་ལྷག་ཙམ་ཡོད། སྤྱིར་མདོ་ཡི་ལྟ་བ་ནི་ཇོ་ནང་པའི་བཞེད་པ་སྐྱོང་། ཁྱད་པར་བ་ནི་ཀློང་ཆེན་རབ་འབྱམས་པའི་རྗེས་སུ་འབྲང་། གྲུབ་མཐའ་ནི་པད་འབྱུང་བི་མ་ལ་ཞི་བ་སྦས་པའི་གསུང་བཞིན་འཛིན།

བཀའ་བརྒྱུད་ཀྱི་གྲུབ་མཐའ་ནི་ཀརྨ་ཀམ་ཚང་དང་སྨར་ས་སྟོད་འབྲུག་གི་གདམས་པས་སེམས་ངོ་འཕྲོད་པ་ལགས་ཀྱིས་དེ་ཁོ་ནར་ཁྱབ་པ་འཆའ་། སྤྱིར་དག་སྣང་ལ་ཕྱོགས་རིས་མེད་ཅིང་གྲུབ་མཐའ་དག་ལ་མི་མོས་པ་ཡེ་ནས་མེད་ངེས་ཡིན། ཚེ་རབས་གཏན་གྱི་བླ་མ་ནི་ཨོ་རྒྱན་པདྨ་ཡིན། དཀོན་མཆོག་གི་ཐུགས་རྗེར་བརྟེན་རང་མགོ་ནི་རང་གི་བཏོན་པ་ལགས། ཚུལ་འདི་དག་ནི་ཁོ་བོའི་ཡིན་ལུགས་ཏེ། དེང་སང་ཁ་ཅིག་གིས་ངེད་ལ་གྲུབ་མཐའ་འཆུག་འདུག་ཅེས་སྨྲ་མཁན་ཡང་འདུག་མོད། ངེད་ཀྱི་གྲུབ་མཐའ་སུ་ཡིན་དང་མགོ་སུས་སྟོན་དེས་ཤེས་པར་མི་གདའ་འམ། ཞེས་པ་ཡང་ཀུ་རེ་ཞུ་བ་ལགས། ཕྱག་རྒྱ་ཆེན་པོ་ཆོས་ཀྱི་རྒྱུན་བྱིན་རླབས་དང་ལྡན་པ་གཅིག་གིས་ཆོག་མི་ཤེས་པ་མ་ཡིན་ཀྱང་།

རང་རང་མོས་པའི་དབང་དང་། དེ་དང་དེ་ཡི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་དུ་གནས་པའི་ཕྱིར་ལྷག་པའི་བསམ་པས་ཕྱག་ཆེན་གྱི་རིམ་པ་དུ་མ་ལ་ཐོས་བསམ་བགྱིས་པའི་ངང་ཚུལ་དེ་ལྟར་ལགས། དེང་སང་རྒྱུད་ཁུངས་ལ་དོན་གཉེར་ཆུང་བ་འདུག་ཀྱང་ཆོས་བརྒྱུད་ཁུངས་དང་མི་བྲལ་བ་གལ་ཆེ་ཤོས་སུ་སྣང་བས་བརྒྱུད་འདི་རྣམས་ཀྱང་ཁུངས་ཆོད་པར་བྱས་ཤིང་། རང་གི་དྲན་པའི་གསོས་དང་གཞན་དོན་དུ་གཉེར་བ་ཡོད་ན་ཕན་འདོད་ཀྱི་བློའམ། ཡི་གེར་ཕྱོགས་གཅིག་ཏུ་རྫོགས་བརྗོད་ཅི་རིགས་པ་བཅས་བཀོད་པའོ། །དཔལ་མཆོག་དང་ལྡན་དྭགས་པོའི་རིང་ལུགས་ངོ་མཚར་དགའ་བའི་ཏོག །རྨད་བྱུང་མཆོག་དེ་བདག་བློའི་ཀོ་མོག་དབུས་ན་མངོན་གནས་མཐུས། །འཁྲུལ་པའི་རྙོག་པ་ཀུན་སེལ་འགྲོ་བའི་གདུང་སྐྱོབས་བརྒྱད་ལྡན་ཆབ། །དྲི་མེད་འདི་ཡི་བསྐལ་བཟང་སྐྱེ་བོ་རྒྱུན་ཆད་མེད་རྒྱས་ཤོག །ཞེས་ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཅི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས་ཞེས་བྱ་བ་འདི་ཡང་བཀའ་བརྒྱུད་ཀྱི་རྟོགས་ལྡན་རྣལ་འབྱོར་གྱི། ཐ་ཤལ་པ་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའམ་ཀརྨ་རིན་ཆེན་མཆོག་དགའ་དགེ་བའི་དཔལ་བཟང་པོས་བོད་ཡུལ་གཙང་ལ་སྟོད་ལྷོ་བྲང་མཚོ་བསམ་རྫོང་གི་བླ་བྲང་བསམ་འགྲུབ་ཏུ་རང་ལོ་སུམ་ཅུའི་གོང་དུ་སླེབས་པ་ཀུན་དགའ་ཤིང་སྟག་གྲོ་བཞིན་ཟླ་བའི་ཡར་ཚེས་ཀྱི་ཐུན་སྐབས་ཅུང་ཟད་རེ་བྲིས་པའི་འཕྲོ་ཚེས་བཅུ་གསུམ་ཉིན་གུང་དུ་གྲུབ་པར་བྱས་པའི་ཡིག་རིས། ལྷ་ལྡིང་དང་རྔུ་ཡི་རིགས་གྱུར་རྣལ་འབྱོར་ཀུན་བཟང་བློ་དབང་ངོ་། །འདིས་ཀྱང་མཐའ་དག་འགྲོ་བས་ཕྱག་རྒྱ་ཆེན་པོ་མྱུར་དུ་རྟོགས་ཤིང་དེ་ཡི་གཞི་རྩ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །སརྦ་མངྒ་ལཾ།

རྒྱུད་ཡིག་འདི་བྲིས་ཟིན་ནས་ལོ་གཉིས་འདས་པ་མེ་འབྲུག་ལོར་འབྲི་གུང་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོའི་སྐུ་ཞབས་སུ་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་རྒྱུན་ལེགས་པར་བླངས་པའི་རྒྱུད་རིམ་སྔར་རྩ་བའི་བླ་མ་ཀརྨ་རིག་འཛིན་ལས་ཐོབ་པ་དང་རིག་འཛིན་ཆོས་ཀྱི་གྲགས་པའི་བར་མཐུད་དགོས་མོད། འོན་ཀྱང་འདིར་མཚན་འདྲ་མིན་དུ་བྱུང་བས་འབྲི་གུང་འཇིག་རྟེན་གསུམ་མགོན་ནས། མཁན་པོ་ཚུལ་ཁྲིམས་རྡོ་རྗེ། གྲགས་པ་འབྱུང་གནས། རྡོ་རྗེ་གྲགས་པ། རིན་ཆེན་སེང་གེ། གྲགས་པ་བསོད་ནམས། རྡོ་རྗེ་རིན་ཆེན། འཛམ་གླིང་ཆོས་ཀྱི་རྒྱལ་པོ། དོན་གྲུབ་རྒྱལ་པོ། རིན་ཆེན་དཔལ་གྱི་རྒྱལ་མཚན། ཆོས་རྒྱལ་རིན་ཆེན་དཔལ་བཟང་པོ། རིན་ཆེན་ཆོས་ཀྱི་རྒྱལ་མཚན། རིན་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། རྒྱལ་དབང་རིན་ཆེན་ཕུན་ཚོགས། བསོད་ནམས་དཔལ་གྱི་རྒྱ་མཚོ། ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དཔལ་བཟང་པོ། རྗེ་བཙུན་དཀོན་མཆོག་རིན་ཆེན། ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ། དཀོན་མཆོག་འཕྲིན་ལས་རྣམ་རྒྱལ། དཀོན་མཆོག་འཕྲིན་ལས་བཟང་པོ། སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ། དེས་བདག་ལའོ། །

དོ་ཧ་སྐོར་གསུམ་གྱི་རྩ་འགྲེལ་ཡང་དེའི་སྐབས་ཐོས། རྒྱུད་ཡིག་འདི་བྲིས་པའི་ཤིང་སྟག་ནས་ལོ་བཅོ་ལྔའི་སྟེང་དུ་སླེབས་པ་ས་འབྲུག་ལོར་མདོ་ཆེན་སྔགས་འཆང་རྒྱལ་སྲས་སེང་གེ་ལ་དཀར་པོ་དྲུག་གི་ཁྲིད་མ་བདུན་པའི་ཕྱག་ཆེན་དོན་བརྒྱད་ཆུ་བོ་འདྲེས་པ་ཐོབ་པའི་བླ་མ་བརྒྱུད་པ་ནི། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ནས། སྐྱེས་མཆོག་ལོ་རྒོད་རྣམ་གཉིས། དེ་གཉིས་ཀས་མ་བདུན་རས་ཆེན། དེ་ནས་རིམ་པར་གདན་ས་རིན་ཆེན། བྱིན་རླབས་རྡོ་རྗེ། སངས་རྒྱས་དབོན། བསོད་ནམས་དབང་ཕྱུག བསོད་ནམས་སྙིང་པོ། ལྷུན་གྲུབ་བཀྲ་ཤིས། མགོན་པོ་དཔལ། ཀུན་དགའ་གཟི་བརྗིད། དཀོན་མཆོག་རྡོ་རྗེ། ནམ་མཁའ་ལྷུན་གྲུབ། ནམ་མཁའ་སེང་གེ། ནོར་བུ་བདེ་ཆེན། བསྟན་པའི་ནོར་བུ། སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ། དེས་བདག་རིག་པ་འཛིན་པ་ཚེ་དབང་ནོར་བུ་ལའོ། །

བྲམ་ཟེ་ཆེན་པོའི་དོ་ཧ་སྐོར་གསུམ་རྩ་བ་དང་། འགྲེལ་བཤད་རྗེ་བཙུན་ཀརྨ་འཕྲིན་ལས་པས་མཛད་པའི་སྟེང་ནས་ཐོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཤཱ་ཝ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་ཨ་སུ། མངའ་རིས་ཞང་ཇོ་སྟོན། གྲོ་ཤུལ་བས་ཆོས་རབ་གྲགས་པ། སར་བུ་བློ་གྲོས་སེང་གེ། སྙེ་ཕུ་ཤུག་གསེབ་ཀྱི་སྒྱེར་བསྒོམ། ཞིག་པོ་ཚུལ་ཁྲིམས་སེང་གེ། དེའི་དབོན་པོ་རིན་ཆེན་ཕུན་ཚོགས། རི་པ་མགོན་རིན། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྫ་ཁོལ་ཇོ་སྟོན། བླ་མ་སྨོན་ལམ་པ། སྟག་ལུང་ངག་གི་དབང་པོ། ཤ་ར་རབ་འབྱམས་བསོད་ནམས་ཡེ་ཤེས། ཆོས་རྗེ་སངས་རྒྱས་བསམ་འགྲུབ། ཀརྨ་འཕྲིན་ལས་པ། སྤྱན་སྔ་བཀྲ་ཤིས་རྒྱལ། ཡོངས་འཛིན་བུདྡྷའི་མཚན་ཅན། སངས་རྒྱས་དཀོན་མཆོག་རིན་ཆེན། བླ་མ་རིན་པོ་ཆེ་རཏྣ་ཀརྨ་བི་ཛ་ཡ། དེས་འབྲི་གུང་དཀོན་མཆོག་འཕྲིན་ལས་བཟང་པོ། དེས་འབྲི་གུང་སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ། དེས་བདག་ཚེ་དབང་ནོར་བུ་ལའོ། །

༈ ལ་དྭགས་ཀྱི་ཆིང་ཡིག

༈ གངས་ལྗོངས་ཕན་བདེའི་བཙས་སུ་རྒྱལ་བ་མཆོག་གི་བཀས་རྗེ་བཙུན་བླ་མ་དམ་པ་དཔལ་རིག་པ་འཛིན་དབང་ཆེན་པོས་ལྷག་པའི་ཐུགས་བསྐྱེད་ཀྱིས་མངའ་རི་མར་ཡུལ་ལ་དྭགས་རྒྱལ་པོ་ཁུ་དབོན་གྱི་ལེགས་བཟླུཾ་ཡང་དག་རྗེ་བློན་འབངས་བཅས་དགའ་བདེའི་དཔལ་ལ་བཀོད་པའི་བཅད་ཁྲ་རིང་པོ་ཆེ་ཇི་སྲིད་བསྐལ་པའི་བར་དུ་གཞོམ་པ་མེད་པར་བཀའ་རྟགས་ཕྱག་རྒྱ་འགྱུར་མེད་རྡོ་རྗེའི་རེ་ཁཱས་གསལ་བར་མཇད་པའི་གཏན་ཚིགས་ཤོག་དྲིལ་ཆེཉ་པོ་ལས་ཞལ་བཤུས་བཞུགས། ཨོཾ་སྭཱསྟི་སིདྡྷི་ཛྙཱི་རཱཾ་ཛ་བྷ་ཝནྟུ། མི་འགྱུར་གདོད་ནས་དག་པ་ཆོས་ཀྱི་དབྱིངས། འབྲི་གང་ལས་འདས་རྟག་པ་གཡུང་དྲུང་ཆེ། སྲིད་ཞི་ཕུན་ཚོགས་དཔལ་ཀུན་འབྱུང་བའི་གནས། རང་བཞིན་འོད་གསལ་ཆོས་སྐུ་ངོ་བོ་ཉིད། ཀུན་གྱི་རྒྱུད་དུ་ཏིལ་ལ་མར་བཞིན་དུ། གནས་མེད་གསེར་ལ་གཡའ་བཞིན་བློ་བུར་གྱིས། སྒྲིབ་པ་བསལ་བྱེད་བདེན་གཉིས་ཟུང་འཇུག་སྐུ། དྲན༼འདྲེན༽་མཆོག་བླ་མ་ཀུན་ཏུ་བཟང་པོར་འདུད། རྣམ་ཀུན་མི་འགྱུར་བདེ་བ་ཚད་མེད་པ་ཡི་ནམ་མཁའི་མཐར་གཏུགས་སེམས་ཅན་སྒྲོལ་སླད་དུ། རྫོགས་སངས་རྒྱས་གྱུར་ཡི་དམ་ཞི་དང་ཁྲོ་བོ་མཆོག་གི་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་གར། དེ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་སློབ་གྱུར་རང་སངས་རྒྱས་དང་ཉན་ཐོས་འཕགས་པའི་ཚོགས་གང་གི། ཐུགས་དང་ཞལ་ལ་ལེགས་གནས་ལུང་དང་རྟོགས་པ་དམ་ཆོས་རིན་ཆེན་སྒྲོན་མེ་ཆེ། རིན་ཆེན་མཆོག་གསུམ་རབ་ཏུ་གཉེན༼བསྙེན༽་ཞིང་བསྟན་པ་ཡུན་དུ་གནས་པའི་ཕྱིར། ས་བཅུའི་མགོན་པོ་རྡོ་རྗེ་ཆོས་སྐྱོང་ཆེན་པོར་སྤྲུལ་དང་དེ་ལས་གཞན། འཇིག་རྟེན་ལས་ཀྱི་ཚུལ་སྣང་ཕྱོགས་སྐྱོང་ཞིང་སྐྱོང་བསྲུང་མ་དམ་ཚིག་ཅན་། མཐུ་དང་རྫུ་འཕྲུལ་༼རབ༽་འབྱམས་ཀླས་ལེགས་ཉེས་བཏན༼སྟངས༽་འཛིན་དུས་རིག་རྒྱུད༼རྒྱུན༽་མཁྱེན་ཆེ། དེ་ལྟར་གཅིག་དང་དུ་མའི་སྤྲོས་བྲས༼བྲལ༽་གཅིག་དུ་མ། རང་ཤར་དཀོན་མཆོག་རིན་ཆེན་རྩ་བ་གསུམ་གྱི་ཚོགས། མ་གྲུབ་བཞིན་སྣང་སྒྱུ་འདྲའི་འགྲོ་ལ་དུས་རྟག་པར། ཕན་དང་བདེ་བའི་འབྱུང་གནས་རྟོག་མེད་རྗེས་ཆགས་ཀྱི། རྒྱུན་ཆད་མེད་མཛད་དེ་ལ་བསྐུལ་བརྡ་མི་ཚལ༼འཚལ༽་ཡང་། གཉིས་འཛིན་ལས་ཉོན་སྒྲིབ་པས་བཅིང་རྣམས་སྙིགས་དུས་ཀྱི། མི་བཟད་དུཿཁས་རབ་ཏུ་མནར་ལ་མ་བཟོད་པས། དཔུང་དང་ར་མདར་སྦྲན་གྱིས་དུས་འདིར་དགོང་མཛོད་ལ། སྐྱེ་རྒུ་སྤྱི་དང་བྱེ་བྲག་རྒྱལ་བའི་བསྟན། ཉེར་གནས་གངས་རིའི་བསྐོར་བའི་ཡུལ་ལྗོངས་འདིར། ནད་བཞི༼གཞི༽་མུ་གེ་མེད་ཅིང་ཁྱད་པར་དུ། མཐའ་དམག་གདུག་པའི་མཚོན་བསྐལ་ཡོང་སྙམས་ནས། རིས་མེད་འགྲོ་ཀུན་དགའ་བདེའི་དཔལ་བཟང་པོས། བསྲུང་ཕྱིར་གངས་ཅན་མགོན་པོའི་འཕྲིན་ལས་སུ། མར་ཡུལ་བདག་པོའི་ལེགས་བཟླུཾ་བདག་འབད་འདི། ཇི་བཞིན་དུས་སྲིད་བར་དུ་གནས་པར་མཛོད༎ ཞེས་སྐྱབས་ཡུལ་རྣམས་ལ་མཆོག་ཏུ་གུས་པས་རང་བློ་ངལ་བ་གསོ་བའི་སླད་དུ་གསོལ་འདེབས་ཤུགས་འབྱུང་འགག་པ་མེད་པའི་ཚིགས་སུ་བཅད་པ་ཁ་ཤས་ཞིག་གིས་མདུན་བསུས་ཏེ་འདིར་བརྗོད་པར་བྱ་བ། ༈ དེ་ཡང་རྒྱལ་བ་ཆོས་ཀྱི་སྐུ་ཡི་ཞིང་ནམ་མཁའི་མཐར་ཐུག་པ་ཉིད་དུ་རྒྱ་ཆད་ཕྱོགས་ལྷུང་ལས་འདས་པ་ཡི་གངས་གནས་པ་ཆེན་པོའི་བརྡར་བཞག་པ་དེ་ལས་སངས་རྒྱས་ཐམས་ཅད་ལོངས་སྤྱོད་རྫོགས་སྐུའི་ཞིང་རྒྱན་སྟུག་པོ་བཀོད་པ་ཡེ་ཤེས་ཀྱི་གཟི་བརྗིད་དཔལ་དུ་འབར་བས་སྒྲིབ་གཉིས་ཀྱི་དྲི་མ་བཅོས་པར་སླ་བ། དེ་ལས་མཆོག་གི་སྤྲུལ་པའི་སྐུའི་ཞིང་ལྷའི་བུ་དབང་ཕྱུག་ཚེན་པོའི་གནས་ལས་མ་གཡོས་བཞིན་དུ་བསྒྱུར་བའི་ཟློས་གར་འཇིག་རྟེང་གྱི་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་བདག་ཉིད་ཅན། སྟོན་པ་སྐུ་གསུམ་གྱི་རྒྱལ་བ་ཆོས༼ཆོས་ཀྱི་སྐུ་ཆོས༽་ཀྱི་དབྱིངས་གཅིག་ཏུ་མཉམ་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་དང་ཐ་དད་པ་མ་ཡིན་པ་སྤྲུལ་པའི་སྐུ་གདུལ་བྱའི་མོས་པ་བཞིན་མ་འདྲེས་སོ་སོར་སྣང་བའི་བདག་ཉིད་ཅན་རྒྱལ་བ་ཐམས་ཅད་ཀྱི་བཀོད་པ་རྟག་པར་མཉམ་པ། དེ་ལྟ་བུ་ལས་དུས་འདིར་རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བཟོད་པ་དང་ལྡན་པ་མི་མཇེད་འཇིག་རྟེན་གསུམ་གྱི་མགོན་པོ། སྲིད་པ་གསུམ་གྱི་སྒྲོན་མེ། མཚུངས་པ་མི་མངའ་བ་བདག་ ཅག་གི་ སྟོན་པ་ཤཱཀྱའི་དབང་པོ་ཤཱཀྱའི་ཏོག་ཤཱཀྱ་དོན་ཀུན་གྲུབ་པ་ཞེས་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ལས་ཆེས་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་ཛམ་བུ་གླིང་གི་སྐྱེ་རྒུ་བསྐལ་པ་རྩོད་ལྡན་གྱི་མཐའ་ལ་ཐུག་པ་ཕ་ལ་ཕར་མི་འཛིན་ཞིང་། མ་ལ་མར་མི་འཛིན་པ། བྲཾ་ཟེ་དང་དགེ་སྦྱོང་ལ་ཁྱད་པར་དུ་མི་བྱེད་ཅིང་། མི་དགེ་བའི་ལས་ལཾ་བཅུ་ཡོངས་སུ་༼སྤྱོད༽་ཞིང་མཚམས་མེད་པའི་ལས་ལ་ཞུགས་པའི་དུས་སུ་དགའ་ལྡན་གྱི་གནས་ཆོས་ཀྱི་རྒྱལ་མཚན་མཐོན་པོ༼པོར༽་གནས༼གནས་པའི༽་སྐྱེ་བ་སྤྲུལ་པའི་སྐུ་དམ་པ་ཏོག་དཀར་པོ་ཉིད་གཟིགས་པ་ལྔས་ཛམ་བུ་གླིང་དུ་སྐྱེ་བའི་སྲིད་པ་ཡོངས་སུ་བཟུང་བའི་ཚུལ་སྣང་བར་བྱས་ཏེ་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་བླ་ན་མེད་པ་སྟེ་ཚུལ་བཅུ་གཉིས་ལེགས་པར་བསྟན་པ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བདེན་པ་བཞི་དང་། མཚན་མ་མེད་པ་དང་། ཕྱིར་མི་ལྡོག་པ་སྙིང་པོའི་གཏམ་སྟེ། དང་པོ་ནི་དྲང་བ་དང་། བར་མ་ནི་ངེས་པའི་དོན་རྩ་བ་ཉིད་དང་། ཕྱི་མ་ནི་ངེས་དོན་གསལ་བ་ལེགས་པར་རྣམ་པར་ཕྱེ་བ་བཤད་སྦྱར་ཚུལ་གྱི་སྟེ་གདུལ་བྱ་རྣམས་རང་རང་དབང་སྐལ་དང་མཐུན་པར་དཀྲི་བར་མཛད་ཅིང་རིག་པ་འཛིན་པའི་སྡེ་སྣོད་རྣམས་ནི་ཐུང་མོང་གི་གནས་ཨོར་ཡན༼ཨོ་རྒྱན༽་གྱི་ཡུལ་དང་དཔལ་ལྡན་འབྲས་སྤུངས་སོགས་སུ་ཡང་སྣང་བར་མཛད་ཅིང་། ཐུན་མོང་མ་ཡིན་པ་རྡོ་རྗེ་བཙུན་མོའི་མཁར་རྟག་ཏུ་གནས་བཞིན་པར་བསྟན་པར་མཛད་པ་དང་། གདུལ་བྱ་འགའ་ཞིག་ལ་དགོངས་ཏེ་ཐོས༼ཐེག༽་པ་གསར་པ་མ་འོངས་འབྱུང་འགྱུར་དུ་ལུང་བསྟན་པའི་ཚུལ་ཡང་མཛད་ནས་ཐུན་མོང་གི་ངོར་བྱང་ཕྱོགས་གྱད་ཀྱི་ཡུལ་ཙཱ༼རྩྭ༽་ཅན་དུ་དགུང་ལོ་བརྒྱད་ཅུ་པར་མྱ་ངན་ལས་འདས་པའི་ཚུལ་སྤྲུལ་པའི་སྐུ་ལོངས་སྐུ་གཞི་མཐུན་པའི་བཀོད་པས་ཞི་བ་ཆོས་ཀྱི་སྐུར་གཤེགས་པའི་ཚུལ་བསྟན་ཅིང་གང་གི་བསྟན་པ་རིན་ཆེན་སྒྲོན་མེ་ཡུན་རིང་དུ་གནས་པའི་ཆེད་དུ་ཐུན་མོང་གི་དེ་སྣོད་རྣམས་འཕགས་པའི་གནས་བརྟན་བཅུ་དྲུག་དང་། རྒྱལ་ཚབ་དགྲ་བཅོམ་པ་འོད་བསྲུང་སོགས་ལ་བསྟན་ཅིང་། ཐེག་ཆེན་རྣམས་རིགས་གསུམ་མགོན་པོ་སོགས་ཉེ་སྲས་རྣམས་དང་། རྒྱལ་ཚབ་བྱམས་པ་ལ་ཉེ་བར་གཏད་ཅིང་སྨོན་ལམ་གྱི་མཐུས་བསྟན་པ་ལྔ་བརྒྱ་ཕྲག་བཅུའཾ་བཅུ་གཅིག་ཏུ་གནས་པར་བྱིན་གྱིས་བརླབས་ཤིང་། དེ་ཡང་བྱང་ནས་བྱང་གི་ཕྱོགས་སུ་འཕེལ་ཞིང་ལྷོ་ཕྱོགས་སུ་བསྡུད་པར་གསུང་བ་ལྟར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བས་ཡོངས་སུ་བརྒྱན་པའི་རི་བོའི་ཁྲོད་བྷོ་ཊ་ཞེས་བོད་དུ་སྒྲོགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་གིར་བཟུང་བའི་ཡུལ་ཁམས་པ༼ཨ༽་ཡི་དཀྱིལ་འཁོར་རྒྱ་ཁྱོན་ནི་མི་ཁྱིམ་བྱེ་བའི་གྲངས་སུ་ཉེ་བས་བཅིང་བའི་ཡུལ་གྱི་ཚད་ཅན་དུ་མཁས་པའི་དབང་པོ་ཁ་ཅིག་གི་བཞེད་བཞིན་སྔོན་དུས་སྐྱེ་བོའི་ཚོགས་ཀྱིས་ཡོངས་སུ་ཁེངས་ཤིང་འབྱོར་བར་ངེས་ཀྱང་དེང་དུས་སང་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་མི་ལུས་དམ་པ་རྙེད་པར་དཀའ་བའི་མཚད་ཉིད་ཀྱི་མི་ཁྱིམ་གྱི་གྲངས་ནི་དེ་ལྟར་སྨོས་ཀྱང་ཅི་འཚལ་སྟེ་སྐྱེ་བོའི་གྲངས་ཡོངས་སུ་བསྡོམས་ཀྱང་དེའི་རྗེས་སུ་འགྲོ་བ་དཀའ་བར་སྣང་ལ། གང་ལྟར་ཡུལ་ལྗོངས་འདིར་འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་བྱོན་ནས་སེམས་ཅན་ལ་ཕན་ཅིང་བདེ་བའི་སླད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་མཛད་པ་སྟེ། དེ་ཡང་ཐོག་མར་ཡུལ་ལ་དབང་བ་རྒྱལ་པོའི་ཚུལ་གྱིས་འདུལ་བར་དགོངས་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པའི་ཚུལ་ཅན་ཆོས་ཀྱི་རྒྱལ་པོ་མེས་དབོན་ཡབ་སྲས་རྣམས་རིམ་པར་བྱོན་ཞིང་། དེ་རྣམས་ཀྱི་དུས་སུ་རྫོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འགྲོ་བའི་ཡུལ་དུས་དབང་པོ་དང་འཚམ་པར་སློབ་དཔོན་ཆེན་པོ་དང་མཁན་པོ་ཆེན་པོ་སོགས་འཇིག་རྟེན་མིག་མཁས་པ་ཆེན་པོ་རྣམས་སུ་སྣང་བར་མཛད་ནས་དམ་པ་ཆོས་ཀྱི་དབུ་བརྙེས་པ་དང་སྲོལ་གཏོད་པ་དང་དར་རྒྱས་སུ་སྤེལ་བར་བྱས་ཤིང་། དེ་ནས་ཡང་རིམ་པས་ད་ལྟ་ལ་ཐུག་གི་བར་མོས་པ་ཐ་དད་ཀྱིས་ངོ་ག་བཞིན་པཎྜིཏ། དང་ལོ་ཙཱ་བ་དང་། རབ་ཏུ་བྱུང་བ་དང་། དགེ་བསྙེན་གྱི་ཚུལ་བསྒྲངས་ཀྱིས་མི་ཆོད་པ་བྱོན་ཏེ། དམ་པའི་ཆོས་ཚུལ་གྱི་སྒོ་འཕར་བརྒྱ་ཕྲག་དུ་མ་དབྱེ་བར་མཛད་ཅིང་། གདུལ་བྱ་རྣམས་ཀྱི་འཁོར་བའི་སྒོ་བཅད་ཐར་པའི་ལམ་དབྱེ། བྱང་ཆུབ་ཀྱི་ འབྲས་བུའི་ གསོས་རྨད་དུ་བྱུང་བ་ཡི་སྒྱུ་འཕྲུལ་མདོ་དང་སེམས་ཀློང་མན་ངག་གི་སྡེ་འཛིན་པ་དང་། ལཾ་འབྲས་བུ་དང་བཅས་ཤིང་། ཆོས་དྲུག་གི་གདམས་པ་རིགས་གཉིས་དང་། དུས་འཁོར་བདེ་དགྱེས། གསང་འདུས་ཀྱི་མཚོན་སྔགས་བླ་ན་མེད་པའི་ཆོས་ཚུལ་འབྱམས་ཀླས་པ་དང་། གཞན་ཡང་གཉུག་མའི་དོན་ཟབ་མོ་གཙོ་བོར་སྟོན་པ་ཞི་བྱེད་གཅོད་ཡུལ་ཕྱག་ཆེན་བསམ་གྱིས་མི་ཁྱབ་པ་དང་། དབུ་མའི་ལྟ་ཁྲིད་སོགས་རྣམས༼རྣམ༽་གྲངས་བརྗོད་པར་དཀའ་བ་དང་། ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་མེད་དུ་མི་རུང་བའི་ཤིང་རྟ་ཆེན་པོའི་སྲོལ་བསྟན་པ་སྤྱིའི་རིམ་པའཾ་བྱང་ཆུབ་ལཾ་རིམ་དུ་གྲགས་པ་ཉིད་དང་། བྱང་ཆུབ་བློ་སྦྱོངས་ཀྱི་དམ་པ་ཚོགས་དུ་མ་འབྱམས་ཀླས་པ་སོགས་མདོར་ན་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་གསུམ་གྱི་རྒྱུན་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་པའི་མན་ངག་རྣམ་གྲངས་ཚད་བཟུང་ལས་འདས་པ་ཀུན་ཀྱང་འཁོར་བའི་རྒྱ་མཚོ་ལས་བརྒལ་བ་ཐར་བ་མཆོག་གི་ལམ་དུ་འཇུག་པ་བླ་ན་མེད་པའི་གོ་འཕང་བསྒྲོད་པ། དུས་གསུམ་གཤེགས་པའི་ཤུལ་དུ་སྙེགས་པ་དེ་ལྟ་བུའི་ཆོས་ཚུལ་མཆོག་ཏུ་གྱུར་བ་དུ་མས་འཛམ་གླིང་སྤྱི་ལས་ཁྱབ༼ཁྱད༽་པར་དུ་བྱས་པས་གངས་རིའི་ཁྲོད་འདི་ནི་ཡུལ་གྱི་ཆ་ནས་དམན་པ་དང་ཉུང་ངུ་ཉིད་དུ་ཟད་ཀྱང་། མངོན་མཐོ་ངེས་ལེགས་ཀྱི་སྒོ་ནས་གང༼གངས༽་ཅན་བྷོ་ཊ་ཉིད་བྱང་ཕྱོགས་ཤམ་བྷ་ལ་ལ་ལྷག་པར་བརྡོ་བའི་ངང་ཚུལ་ཅན་སྟེ་ད་ལྟ་འཛམ་གླིང་འདི་ན་གདུགས་ཀྱི་ཏོག་གཾ་རྒྱལ་མཚན་གྱི་རྩེ་མོ་བཞིན་མངོན་པར་མཛེས་ཤིང་འཕགས་པར་གྱུར་པའི་ཡུལ་བོད་དང་བོད་ཆེན་པོ་གཉིས་སུ་བཞག་པའི་བོད་ཆེན་པོ་ཞེས་ཉི་འོག་གི་ཡུལ་མདོ་ཁམས་སྒང་ལྔ་ཨཾ་དྲུག་ཏུ་གྲགས་པ་དང་། བོད་ཀྱི་རྒྱལ་ཁམས་ཉིད་ལ་གླིང་དགུར་བཅད་པའི་དབུས་འགྱུར་གྱི་ཚལ་དུ༼རུ༽་བཞི་དང་། སྟོད་དུ་རྣམས་པར་གྱེས་པ་མངའ་རི་སྐོར་གསུམ་ཏེ། དེ་ན་སྐྱེ་རྒུ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ལྷར་བཅས་འགྲོ་བ་ཡོངས་ཀྱི་མཆོད་འོས་ལག་ན་པད་མོ་འཛིན་པ་གང་ངུར་སྨྲིག་གར་གྱིས་སྒེག་པ་ངེས་ལེགས་ཀྱི་དེད་དཔོན་ཆེན་པོ་མངོན་མཐོ་གྲུ་འཛིན་གྱི་སྤོར་སེང་གེའི་ཁྲིར་འཇིག་རྟེན་མཛེས་པའི་རྒྱན་གྱུར་བདུན་པས་ཡུལ་དབུས་སུ་བསྟན་པ་བསྐྱང་བའི་ལོ་ཀུང་ལྡན་ལྕགས་བྱི་ནས་སོ་གསུམ་འདས་ཤིང་ད་ལྟ་དཔལ་གདོང་ཆུ་བྱ་སྟེ་སོ་བཞིའི་སྟེངས་སུ་སླེབས་པ་དང་། འཛམ་གླིང་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་རྣམས་ལས། ཏ་སིག༼ཟིག༽་རྒྱལ་པོས་ཧ་ཏ་ཤཱཀྵ་ར་འབོད་པ་ནས་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་བར་ས་ཡི་དཀྱིལ་འཁོར་ཆེན་པོ་ལ་དབང་མཛད་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་པ་དགོང་མ༼གོང་མ༽་ཤུན་ཙིང་གྱི་གདུང་ལས་གནམ་བརྐོས་ལྷས་སྐྱོང་གི་རྒྱལ་ཐབས་བསྐྱང་ནས་ལོ་བཅོ་བརྒྱད་པ། ལྷོ་ཕྱོགས་འཕགས་པའི་ཡུལ་རྒྱ་བལ་གྱི་མཚམས་སིན་དྷུ་ལ་ནས་རྒྱ་མཚོ་ཆེན་པོའི་བར་ས་ཡི་དཀྱིལ་འཁོར་མཐའ་དག་ལ་དབང་སྤྱོད་པ་ནུབ་ཕྱོགས་ཏ་སིག༼ཟིག༽་ཅེས་དང་ད་ལྟ་ཟུར་ཆག་སྐད་སྟག་གཟིག་ཞེས་བརྗོད་པ་ཀླ་ཀློའི་རྒྱལ་པོ་བཱཀྵ་དྷེ་བྷཙའི་རིགས་ལས་པཱཀྵ་ཨ་མརཤ་ཞེས་པས་དི་ལིར་སྲིད་ཀྱང༼བསྐྱངས༽་ནས་ལོ་བདུན་ཀྱི་སྟེང་དུ་གནས་པ་བྱང་ཕྱོགས་བསིལ་ལྗོངས་དང་ཉེ་བའི་ཡུལ་ས་ཋ་ན་ཞེས་སྔར་དི་ལིའི་འོག་ཏུ་འདུས་ཀྱང་ད་ལྟ་རང་དབང་ཅང་དུ་ཤས་ཆེ་བ་ཡུལ་ན་དིར་ཤ་ནས་བྱུང་བའི་རིགས། རཱ་ཛ་ཨ་མར་ཁང་གི་སྲིད་སྐྱོང་ནས་ལོ་བརྒྱད་སོང་བའི་སྐབས། ཆུ་ཀླུང་ཆེང་པོ་ནཱི་ལའི་ངོགས་རི་བོ་གངས་ཅན་ཆེན་པོའི་ལྷོ་སྨད་ཀྱི་ཆ་འཛམ་གླིང་སུཾ་ཆའི་ཡུལ་དུ་མངོན་རློམས་ཀྱི་ང་རྒྱལ་ལྡན་པ་བསྟན་བཅོས་རྣམས་སུ་རུ་ཀམ་ཞེས་དང་། ད་ལྟ་ཟུར་ཆག་གི་རུམ་དུ་འབོད་པའི་སྟོབས་ཀྱི་རྒྱལ་པོ་ཧ་སི་རརྟི་ཨ་ཝ་བྷ་ཀ་ར་སིདདྷིའི་རྒྱུད་ཧ་སི་རརྟི་ཨ་ལས་ཁྲིམས་བཀྱང་བའི་དུས་སྟེ་སྐར་རྩིས་པ་སྤྱིའི་རབ་བྱུང་བཅུ་གཉིས་འདས་ཤིང་བཅུ་གསུམ་པ་ཤར་ནས་ལོ་ལྔ་སོང་བ། དེའི་དུས་རྒྱ་དཀར་དང་རྒྱ་ནག་གི་མངའ་རིས་ཀྱི་ས་མཚཾས་སྟོད་ཧོར་དང་སོག་པོའི་རྒྱུ་སྲང་བོད་ཡུལ་གྱི་སྟོད་མངའ་རི་སྐོར་གསུམ་གྱི་ས་ཡི་ཐིག་ལེ་རི་ཡི་རྒྱལ་པོ་ཀེ་ཏ་རའི་ནུབ་ཕྱོགས་ཀླུང་སེང་གེ་ཁ་འབབ་ཏུ་གྲགས་པ་ནཱི་ལའི་ཆུ་མགོ་མར་ཕུལ༼ཡུལ༽་གཡའ་ཡི་བསྐོར་བའི་ལྗོངས་ཀྱི་བདག་པོ་རྒྱལ་པོ་མང་པོས་བཀུར་བའི་རིགས་དྲི་མ་མེད་པ་ཤཱཀྱ་ལིཙཱ་བའི་རྒྱུད་བོད་ཀྱི་རྗེ་བོ་ལྷ་བཙད་བོ་མེས་དབོན་གྱི་གདུང་ལས་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་མགོན་གསུམ་གྱི་གཅེན་དཔལ་ལྡེ་རིག་པ་མགོན་ནས་མངའ་ཐང་ལང་ཚོ་ད་ལྟའི་བར་དུ་ཉམས་པ་མེད་པར་སྤྱོད་པའི་རྒྱུན་མར་ཡུལ་ལ་དྭགས་རྒྱལ་པོ་ཞེས་ཡུན་ནས་ཡུན་དུ་དགེ་བའི་དཔལ་དང་ལྡན་པ་དེ་ལྟ་ལ་ཕྱི་མའི་དུས་འདིར་ཆུ་བོ་སི་ཏའི་ལྷོ་ཕྱོགས་ཀྱི་ཁྱོན་འདིར་རྒྱལ་པོ་ཆེན་པོ་དང་། ཁམས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་དང་རྒྱལ་རིགས་ཀྱི་ཚོགས་མཐའ་དག་ཐུབ་བསྟན་ལྔ་བརྒྱའི་མཚམས་སུ་དུས་ཀྱི་འགྱུར་བས་གཅིག་ལ་གཅིག་གིས་རྒོལ་ཞིང་མཛའ་བཤེས་ཉིད༼ཉེ༽་དུ་རྣམས་ཀྱང་བརྩེ་བ་ཆུང་ཞིང་ཕན་པའི་མཚམས་སྦྱོར་དཀོན་ཅིང་གནོད་པའི་སྦྱོར་བ་མྱུར་ལེན་པའི་སྐྱེ་བོ་མང་བ་ཡི་མར་ཡུལ་བདག་པོ་ཁུ་དབོན་ཡང་མི་མཛའ་བའི་ངང་ཚུལ་བརྟས་པ༼པས༽་མཐའི་དམག་དཔུང་ཆེན་པོ་དྲག་ཏུ་གཡོ་བའི་རྒྱུ་རྐྱེན་ལ་ཞུགས་ཏེ་སྐྱེ་རྒུ་མཐའ་ཡས་པ་ལ་བཟོད་པར་དཀའ་བའི་དུཿཁ་སྟེར་བར་ཆས༼འཆས༽་པ་ལ། ༈ གངས་ཅན་མགོན་པོ་ལག་ན་པད་མོ་སྡོམ་བརྩོན་རྒྱལ་པོའི་ཚུལ་དུ་སྤྲུལ་གྱུར་གང་གི་རིས་སུ་མ་ཆད་པའི་སྐྱེ་རྒུ་མཐའ་དག་ལ་བྱམས་པ་དང་བརྩེ་བའི་ཐུགས་ཀྱི་ཡོངས་སུ་བྱབ་པས་འགྲོ་བ་སྤྱི་དང་བྱེ་བྲག་དུ་མར༼མར་ཡུལ༽་ཕན་བདེའི་བཙས་སུ་དགོངས་ནས ༈ གངས་ཅན་ཁྲིམས་ཀྱི་བྱེད་པོ་མདུན་ན་འདོན་ཆེན་པོ་རྣམས་བརྒྱུད་དེ་ཉི་འོག་བོད་ཆེན་གྱི་ཕྱོགས་སུ་རང་དབང་གི་ཆོས་སྨྲ་བའི་གོ་སར་སྐྱེས་གྱུར་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ་བརྟོན༼རྟོན༽་པ་བཞི་ལྡན་བྷོ་ཊ་ཛོ་ཀི་ཧ་རི་ནཱ་ཐ་ལ་རྒྱལ་བའི་ འཕྲིན་ལས་ ཀྱི་བྱེད་པོ་མངའ་རིས་སྟོད་ཀསྨི་ར་ཡི་ཡུལ་མཚམས་སུ་ཁྱོད་ཉེ་བགྲོད་པར་འོས་ཞེས་བཀའ་ལུང་ཕེབས་པར་གྱུར་ཀྱང་། རང་ཉིད་སྤྱིར་ནམ་འཆི་ཆ་མེད་ཀྱི་བློ་ལ་ལྷག་ཏུ་བསྒྲངས་བྱས་ཡོངས་སུ་གཏུགས་པས་བསོད་ནམས་ཚོགས་ཆེན་གྱི་ལས་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོས༼པོའི༽་ཞིག་གསོ་འགྲུབ་ན་སྙམ་པ་ཙམ་ལས་གཞན་ཕྱོགས་བསྒྲོད་ཀྱི་སྤྲོས་པ་མང་པོ་མི་ལྡན་པ་དང་། སྟོད་ཕྱོགས་སུ་བསྒྲོད་པར་ལྟས་ཀྱང་ཅུང་ཟད་འཚུབ་ཅིང་། ལྷག་ཏུ་བདག་ལྟ་བློ་གྲོས་ཀྱི་ལང་ཚོ་མ་བརྟས་པས་འཇིག་རྟེན་མཐུན་འཇུག་གི་སྤྱོད་པར་མི་མཁས་པ་ཀུན་གྱིས་མངོན་པར་གསལ་བར་གྱུར་པ་དེ་བཞིན་པས་རྒྱལ་པོ་དྲེགས་ལྡན་དག་གི་ལེགས་བཟླུམ་རྔོ་ཐོག་པར་དཀའ་བ་ཡིས་འགྲོ་བར་མི་སྤྲོ་ཚུལ་གསོལ་ཡང་སྐྱེ་རྒུ་དུ་མར་ཕན་བདེའི་བརྩས་སུ་བཀའ་ནན་ཆེན་པོས་བཅིང་བ་ལ་བརྟེན་སྒོ་གསུམ་གྱི་ངལ་བ་མཐའ་དག་ཁྱད་དུ་བསད་དེ་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་བདུན་པར་མངའ་རི་སྟོད་སྒར་ཐོག་ཏུ་འབྱོར་ཞིང་། ལ་དྭགས་རྒྱལ་པོ་དང་མུལྦེ་རྒྱལ་པོ་གཉིས་ཀྱང་ཝཾ་ལེར་འཕྲལ་འབྱོར་དགོས་ཚུལ་གྱི་སྔ་འགྲོས་སོ་སོའི་ཕེབས་བསུ་དེར་བྱུང་བའི་ཁྲོད་ནས་བརྫངས་ཤིང་རང་ཉིད་ཟླ་བ་དེའི་དམར་ཕྱོགས་ཚེས་བཅུར་བོད་ཡུལ་རྗེ་བོ་དང་ལ་དྭགས་བདག་པོའི་ཡུལ་མཚམས་གུ་རུའི་གནས་ཆེན་བདེ་མཆོག་ལྷ་རི་དཀར་པོ་དང་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་ཁ་སྦྱོར་དུ་སོན། ལ་དྭགས་ཉས་རྒྱལ་སྲས་རྒྱལ་མོ་ཡང་ཝཾ་ལེར་རིང་ཁྱད་ཀྱི་ཕེབས་གྲུབ་འདུག་ཅིང་། མུལྦེ་རྒྱལ་པོ་སྔར་བླ་མ་དཀོན་མཆོག་ལ་དད་པ་ཆེ་བར་གྲགས་གཤིས་འཕྲལ་འབྱོར་ཡོང་བར་བྱས་ཀྱང་ཟླ་བ་དེ་ཀའི་ཚེས་བཅུ་བདུན་ལ་མུལྦེ་རྒྱལ་པོའི་བཀའ་བློན་བསྟན་འཛིན་སོན་པའི་ངག་མར་ལ་དྭགས་རྒྱལ་པོའི་ཕོ་ཉ་ཁ་ཆེ་ནས་ཡོང་བར་ཁ་ཆེ་ནས་དཔུང་ཆེ་བ་གཉིས་ཡོང་རྒྱུའི་མི་དང་ཡི་གེ་ལག་ཟིན་བྱུང་གཤིས་དོག་ཟོན་གྱི་འཕྲལ་ཡོང་མ་བདེ་བས་ཟླ་མཚམས་ཙམ་ལ་ཡོང་རྩིས་ཡིན་ཚུལ་བྱུང་བ་དེ་ལྟར ༈ གངས་ཅན་རྗེ་བོ་གཞུང་ས་མཆོག་ཏུ་ལ་དྭགས་བར་འཆིངས་བགྱིད་པར་ངེད་དགོས་ཚུལ་གསོལ་བཞིན་ཁ་ཆེའི་དཔུང་གི་སྣ་འདྲེན་བྱེད་པ་མི་འོས་ཤིང་། ཡིད་ཀྱང་དཀྲུགས་པས་ཕན་ཚུན་ལ་འཕྲོས་ཀྱང་གསལ་བར་བགྱིས་པར་ལ་དྭགས་རྒྱལ་བློན་ནས་ཁྱོད་ལ་དྭགས་སུ་ཡོང་བའི་ངེས་པ་མ་རྙེད་གོང་དུ་ཁ་ཆེར་ཨ་ཁུའི་སྣ་ཚོགས་ཞུས་པར་བརྟེན་དེ་དང་ཆ་མཐུན་གྱི་ཉེར་ལེན་བཏང་བ་ལས་འདིར་ཕེབས་རྒྱུར་ཐོས་ནས་བཏང་བ་མིན་ཚུལ་སོགས་དང་། མུལྦེ་རྒྱལ་པོའི་བློན་པོས་ཀྱང་ཁྱོད་འདིར་ཕེབས་རྒྱུར་ཐོས་པ་ནས་རྒྱལ་པོ་ནས་ཀྱང་དམག་འཁྲུག་གི་བསམ་སྦྱོར་བཤོལ་བ་ཡིན་ཚུལ་ཟེར་བས་དེ་ལ་ངོས་ཀྱི་ལ་དྭགས་དང་མུལྦེ་རྒྱལ་པོ་ཁུ་དབོན་གཉིས་ཐད་ནས་ཁ་ཆེར་ན་བབ་དང་ཝ་ཀིར་ལ་རྒྱལ་པོ་ཁུ་དབོན་སྐུ་ངོ་ནང་ལེགས་སྤེལ་གྲུབ་གཤིས་ཁ་ཆེ་ནས་དཔུང་དང་མི་སྣ་སུ་ཡང་ཡོངས་མི་དགོས་ཚུལ་ཡི་གེ་འཕྲལ་བཏང་དགོས་ཚུལ་སྨྲས་བཞིན་ལ་དྭགས་པས་ཟེ་རེག༼རིགས༽་མིག་སྟོན་དང་མུལྦེ་ནས་ཀྱང་ཟེ་རེགས༼རིགས༽་དེ་མཐུན་སྟོན་རྒྱུར་དགོས་ཚུལ་བཅས་ཕོ་ཉ་ཚེས་ཉེར་བདུན་ལ་བརྫངས་ཀྱང་མུལྦེ་རྒྱལ་པོ་རང་ནས་འདི་རིགས་ལ་དྭགས་པའི་རྫུན་བརྩོམ་ལ་གསན་པ་ཡིན་འདུག་ཞེས་ཕོ་ཉ་བཟློག་འདུག་ཁ་ཆེའི་དཔུང་འཇུག་འདི་ཚབས་ཤིན་ཏུ་ཆེ་གཤིས་དེ་རྟིང་ཡང་ལན་གཉིས་བསྐྱར་ནན་བྱས་ཀྱང་སྔ་ཕྱི་གསུམ་ཀ་མུལྦེ་རྒྱལ་པོ་རང་གི་ཐུགས་རྟོག་སྟབས་བཏང་བར་མ་མཛད་ཅིང་། ཁོ་པ་རང་ནས་ངེད་ཀྱི་ངག་བཀོད་དང་མཐུན་པའི་ཡི་གེ་ཞིག་བསྐུར་ཡོད་ཟེར། འདྲ་བཤུས་ནི་སྟོན་མ་བྱུང་། དེ་སྐབས་ཁ་ཆེའི་ཡི་གེ་དེ་ཕྱིས་ཁ་ཆེའི་ཡིག་མཁན་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ཚིགས་འོག་ཏུ་འཆད་པར་འགྱུར་གྱི་ལྟར་དམག་ཉེན་ཤིན་ཏུ་ཆེ་བ་ཡོད་ངེས་ཡིན་འདུག་པ་དེ་ལྟར་ངེད་ནས་ལྷག་བསམ་དག་པས་ལ་དྭགས་པའི་ཕོ་ཉ་བ་བརྫང་བ་ལན་དུ་མར་བཟློག་པར་བྱེད་པ་ནི་སྤྱིར་ཁ་བ་ཅན་དགོས༼སྒོས༽་ལ་དྭགས་ལྗོངས་ཡང་དགོས༼སྒོས༽་མུལྦེ་རང་མ་རུང་བར་འགྱུར་བའི་གོད་ཆགས་ཡིན་འདུག་ཀྱང་འདི་ལོ་དཀོན་མཆོག་གི་ཐུགས་རྗེས་ཁྱབ་ནས་སྐྱོན་མ་བྱུང་བར་དེར་གདའ ༈ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ནི་རྒྱུ་རྐྱེན་མང་པོ་ཞིག་གི་ངེད་ལ་དྭགས་སུ་སླེབས་སྐབས་ཟུར་བཞུགས་མཛད་ནས་ཟླ་བ་ཁ་ཤས་སོང་འདུག་པ། དེ་ཡང་ལེགས་སྤེལ་སྐབས་བབ་བྱུང་ན་བྱེ༼བྱེད༽་རྒྱུ་གང་ཅིར་ཐོག་མར་ཁུ་དབོན་ལེགས་སྤེལ་བྱེད་སྐབས་སྐུ་ངོ་ཚང་མ་འཛོམས་པ་ཁོ་ན་ལེགས་ཤིང་། རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ངོས་ལ་དད་པ་ཆེ་བའི་གྲགས་པ་ཀུན་ཏུ་ཆེ་ཤིང་། དེ་ཐོག་མར་དོན་དམ་དུ་ཡིན་པར་བྱ་ཤིང་དེ་ཚེ་མཁྱེན་དཔྱོད་ཡངས་བ་དང་གནང་སྒོ་གཟུར་གནས་གྱུར་པ་ཞིག་བྱུང་ཚེ་སྐུ་མཆེད་རྒྱལ་བློན་གྱི་ལེགས་བཟླུཾ་ཡུལ་གྱི་ཆ་རྒྱུས་སྟབས་ཁོང་དང་བསྒྲོས་ནས་བགྱིད་རྩིས་སུ་བྱས་ཤིང་། མུལྦེ་རྒྱལ་པོ་འཕྲལ་མྱུར་དུ་ཕེབས་ཡོང་རེས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཡུམ་སྲས་སྤྱན་འདྲེན་ཞུ་བ་དང་། མུལྦེ་རྒྱལ་པོའི་ཕེབས་བསུ་བསྒྲགས༼སྦྲགས༽་གྲྭ་ངོ་དང་ལ་དྭགས་སྟོད་པའི་ཞབས་རིམ་བཅས་སྔ་མ་ཁྲུཾ་ཟླའི་ཚེས་དགུར་བཏང་ཡང་ཡོ་བྱད་མ་འགྲིག་ཞེས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཡང་འབྱོན་མ་ཐུབ་པས་མུལྦེ་རྒྱལ་པོ་ངེས་པར་ཕེབས་རེས་ཡང་བསྐྱར་ཟླ་བ་དེ་ཀའི་ཚེས་ཉེར་གསུམ་ལ་ཕེབས་བསུ་ལ་དྭགས་སྟོད་པའི་བཀའ་བློན་རྒན་གཙོ་དང་རང་རེའི་གྲྭ་ངོ་ལྷན་ཅིག་ཏུ་བཏང་བར་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཡུམ་སྲས་རྒྱལ་པོའི་ཟུར་མོ་མ་མ་དང་བཅས་དབྱུག་ཟླའི་ཚེས་བཅུ་གཅིག་ལ་ཝཾ་ལེར་ཕེབས། ༈ རྒྱལ་པོ་ བཀྲ་ཤིས་རྣམ་རྒྱལ་ ནི་ཕེབས་རྒྱུའི་ཁུལ་ཙམ་ལས་ལམ་ཞུགས་མེད་འདུག་གཤིས་རྒྱལ་པོ་རང་གི་གཟིམ་དཔོན་གྲོང་དཀར་ནས་དང་རྒྱལ་མོ་བསྟན་སྐྱོངས་ཀྱི་ཡ་དོ་བཀྲ་ཤིས་དོན་གྲུབ་རྣམས་སྔ་གཏིང༼རྟིང༽་དུ་བརྫངས། ལ་དྭགས་ཀྱི་རྒན་གཙོ་དྲག་གྲས་དྲུག་ཅུ་སྐོར་འཕྲལ་དུ་ཡོངས་དགོས་བརྡ་རྒྱབ་བཏང་བཞིན་ཟླ་བ་དེ་ཀའི་ཚེས་བཅུ་བདུན་ཝཾ་ལེར་འདུས་པར་ཨ་ཁུ་རྒྱལ་པོ་འཕེབས་འགོར་ཆེ་གཤིས་ཟླ་བ་དེ་ཀའི་ཚེས་ཉེར་དགུར་རྒྱུད་རྩིས་ལུགས་ཀྱི་འགྲུབ་སྦྱོར་འདུག་པར་ ཕུན་ཚོགས་རྣམ་རྒྱལ་ ཟུར་བཞུགས་སྐོར་ཅི་ལྟར་ཡང་སོགས་དྲི་བ་ནས་སྐུ་མཆེད་ལེགས་བཟླུམ་དབུ་ཚུགས། ལ་དྭགས་རྒན་གཙོ་རྣམས་ཀྱང་འཕྲལ་དུ་ལྡོག་པར་རིངས་ཤིང་། ཨ་ཡུཾ་བུ་ཁྲིད་ཀྱང་ཆུ་ངད་ཀྱི་བྲོ་འཚལ་བ་བཅས་ཆོད་ཡིག་དགོས་ཚུལ་དངོས་བརྒྱུད་ཞུ་ངོ་དུ་མར་སྦྲན་པ་དང་། གཟིམ་དཔོན་གྲོང་དཀར་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ལ་སོན། རྒྱལ་པོ་ཚེས་ཉེར་ལྔར་ཝཾ་ལེར་ཕེབས་ཐག་ཆོད་ཀྱི་ཡི་གེ་དང་ངག་མ་ངེས་ཅན་འདུག་པས་རྒྱལ་པོ་དང་སླེབ་ཙམ་དུ་མཇལ་ཐུབ་རེས་ཕེབས་བསུར་གྲྭ་ངོ་གསུམ་བརྫངས་ཤིང་མཐར་ཐུག་གཅོད་མཚམས་ཀྱི་སྟེངས་འབྱོར་ངེས་ཀྱི་རེ་བ་བྱས་ཀྱང་རྫུན་གྱི་བསླུས་པ་བྱུང་ཞིང་། ལར་ཡང་འགོར་འགྱང་དུ་མ་ཟད་མཛོད༼མཛད༽་སྒོ་ལ་དཔག་ན་དཔྱོད་ལྡན་གཟུར་གནས་ཀྱི་ངང་ཚུལ་མང༼ཡང༽་མ་ངེས་པས་ཟླ་བ་དེ་ཀའི་ཚེས་ཉེར་དྲུག་ལ་རྒྱལ་སྲས་སྐུ་མཆེད་རྒྱལ་མོར་བཅས་པའི་ཞལ་ངོ་ནང་གི་ལེགས་བཟླུཾ་ཐག་གཙང་མར་བཅད། མགོ་ཟླའི་ཡར་ཚེས་གསུམ་ལ་རང་རང་གི་བློ་འདོད་གང་ཡིན་རྒྱབ་ཡིག་རྟགས་ལྡན་དུ་བླངས་ནས་དེ་ལ་ནམ་དུ་ཡང་འགྱུར་ལྡོག་མེད་པར་ཆོད་ཡིག་གི་ཀླད་དུ་གངས་ཅན་མགོན་པོ་མཆོག་གི་བཀའ་རྟགས་ཕྱག་རྒྱའི་རེ་ཁཱ་ཡང་གསལ་བར་མཛད། ༈ གོང་གི་མུལྦེ་རྒྱལ་པོའི་ཕེབས་བསུ་བཏང་བ་རྣམས་མུལྦེ་མཁར་རང་དུ་སོན། རྒྱལ་པོ་ནི་ཕེབས་པའི་ངང་ཚུལ་གཏན་ནས་མེད་པར་རྒྱལ་པོས་ནི་ཁོ་པ་རྣམས་ནས་ཕེབས་བསྐུལ་ཞུས་ཚེ་ངེད་འགོར་ཆེས་པས་ད་ནི་མི་འགྲོ་ཞེས་དང་། རེས་རྒྱལ་མོ་གཡོ་འཕྲུལ་ཆེ་པས་ལ་དྭགས་ཕྱོགས་སུ་འགྲོ་མི་ནུས་སྐད་སོགས་གསུང་སྣ་ཚོགས་བྱོན་པར་ཁོ་པས་ཅིས་ནས་ཀྱང་ཕེབས་ན་ལེགས་ཚུལ་གསོལ་ཞིང་། བཀའ་བློན་བསྟན་འཛིན་དང་གཟིམ་དཔོན་གྱིས་ཀྱང་དེ་མཐུན་ཕེབས་ན་ལེགས་ཚུལ་འདི་རེས་ཀྱང་ཡི་གེ་ཡོད་འདུག་པ་ཕོ་ཉ་སླེབས་ནས་ཉིན་ཞག་བཅུ་གཅིག་སོང་བ་མགོ་ཟླའི་ཚེས་ལྔ་ལ་མུལྦེ་ནས་ཐོན་མཁར་བུར་སོན། དེར་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ གྱི་སྐོར་ལེགས་སྤེལ་ཡང་དག་གྲུབ་པའི་གནས་ཚུལ་ངེས་པོ་ཐོས་པས་རང་འདོད་མ་གྲུབ་པའི་ཐུགས་ངལ་གྱིས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ གྱི་སྐོར་གྲུབ་ཕྱིན་ངེད་ལ་དོན་གཞན་གཏན་ནས་མེད་པས་ལ་དྭགས་ཕྱོགས་སུ་འགྲོ་རྒྱུ་མིན་ཞེས་དེར་ཞག་ཤས་བཞུགས་པར་ཕེབས་བསུ་བས་ནན་ཞུས་བྱས་པར་ད་འདི་ནས་ཕྱིར་ལོག་བྱས་ན་ངོ་ཚ་ཞེས་ལ་དྭགས་ཀྱི་ས་ཡི་ཐིག་ལེ་སླེས་མཁར་བརྒལ་ཤེལ་དུ་ཚེས་བཅུ་གསུམ་ལ་ཕེབས་ཉིན་ཕྱི་མར་འུ་ཨག་གྲབ༼གྲུབ༽་ཏེ་དོས་ཁལ་ཤར་རིར་སླེབས་སྐབས་རྒྱལ་པོས་ཀྱང་ཆིབས་སྒ་སྦྲོན༼སྒྲོན༽་ཟིན་ནས་ཐུགས་འགྱུར་ཏེ་ཚུགས་བཅག ཉི་མ་ཕྱི་མ་ཡང་དེར་སྡོད་ལ་ ཕེབས་བསུ་ བས་ཕེབས་དགོས་ཚུལ་ནན་གྱིས་ཞུས་པར་ཁྱེད་རང་གྲྭ་ངོ་གཅིག་དང་ངེད་ཀྱི་ཡ་དོ་དྲག་པ་ཁ་ཅིག་བཅས་བླ་མའི་སྐུ་ཞབས་སུ་ཞུ་ཡིག་བཅས་བརྫངས་དགོས་འདུག་པ་དེ་མ་འགུག་རིངས་འདིར་སྡོད་རྒྱུ་ཡིན་ཚུལ་བཅས་རྒྱལ་པོའི་ནང་གཉེར་དཔལ་གྲུབ་དང་ངེད་ཀྱི་གྲྭ་པ་གཅིག་བཅས་མགོ་ཟླའི་ཚེས་ཉེར་གསུཾ་ལ་ཝཾ་ལེར་འབྱོར་བར་རྒྱལ་པོའི་ཡིག་གེར་ལ་དྭགས་པས་ཛུན་བརྩོམ་གྱི་ཞུ་ཕྲ་བྱས་འདུག་ཚུལ་དང་། ཁོ་རང་ཚོས་རྒྱུ་འབྲས་ཁྱད་གསོད་ངང་གཡོ་སྔ་ཚོགས་ཡོད་པའི་དགོངས་ཚུལ་དང་།་ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ ཟུར་བཞག་ངོས་ལ་དྭགས་ཁ་དྲག་རྣམས་༼རྣམས༽་ཀྱི་གཉའ་བཅག་ནས་ཁོ་རང་ཚོས་དབང་རིས་བདག་ཐོབ་བྱེད་རྒྱུ་ཡིན་འདུག་ཚུལ་སོགས་དང་། ཁྱེད་ལ་དྭགས་མཐིལ་སླེས་སུ་ཡོངས་དགོས་ཚུལ་སོགས་ཅུང་ཟད་འབྲལ༼འབྲེལ༽་བ་དང་ཕལ་ཆེར་མི་འབྲེལ་བ་ཤས་ཆེ་པ་འདུག་པས། ལར་སྔ་ཕྱིའི་གསུང་རིགས་རྣམས་གྱ་ཚོམ་གྱི་ཐུགས་རླུང་སྟབས་ཡིན་ནམ་ཅི་ཨིཏར་ཡིན་སྙམས་པའི་ཐེ་ཚོམ་པ་བྱུང་། སླར་ཡང་བསྐྱར་གྱི་གཟིམ་དཔོན་གྲོང་དཀར་དང་རང་རེའི་གྲྭ་པ་གསར་དུ་བརྫངས་ནས་རྒྱལ་པོ་འཕྲལ་དུ་ཕེབསཾ༌མི་ཕེབས༌ཀྱི་འཕྲོས་ངེས་གསལ་དགོས་ཚུལ་བཅས་རྒྱལ་པོ་འཕྲལ་དུ་ཕེབས་ན་ལེགས་ཚུལ་དང་། མི་ཕེབས་ཕྱིར་ལྡོག་མཛད་ཚེ་ལཾ་བརྙེ་ཞོད་མེད་༼མད༽་པའི་ཕེབས་བསྐྱལ་ཚད་ལྡན་གྱི་ལམ་ཡིག་ཀྱང་བསྐུར། མི་རྣམས་ནས་ད་རེས་རྒྱལ་པོ་འཕྲལ་དུ་ཡོང་འགྲོ་ཟེར་འདུག་ཀྱང་མཐའི་དྲ༼དགྲ༽་འདྲེ་འགོང་པོ་རྣམས་ཀྱི་འཕྲུལ་གྱི་རང་བཞིན་རྫུན་གྱི་སྒོ་ནས་སེལ་འཇུག་གི་ངག་དང་བྱད་གདོང་གིས་ཀྱང་བསྐྱོན་དེ་མུལྦེ་རང་གི་བཀའ་བློན་གཟིམ་དཔོན་ཡང་ལ་དྭགས་པར་ངོ་ལྡོག་གཾ་ཞེས་དང་། ཕེབས་ལམ་རོང་དུ་ལ་དྭགས་པས་ངན་ཤོམ་བྱེད་ཡོང་ཞེས་དང་། གཞུང་ས་སྒར་དཔོན་དང་རུ་ཐོག་པས་ཀྱང་ཐོ་མཚམས་པར་སེམས་པ་སོགས་སྔ་ཕྱིར་ཐུགས་རྟོགས༼དོག༽་མང་པོ་བསླང་བ་ཡི་ཤེལ་སྒར་དུ་ཉིང་མཚན་མེད་པར་གྲ་ཟོན་ཁོ་ནར་བསྒྲིམ་པའི༼བསྒྲིབ་མའི༽་གནས་ཚུལ་རྣམས་རིམ་པར་སོན་ཞིང་། ༈ ལྷག་ཏུ་རྒྱལ་ཟླའི་ཚེས་བཅུ་བཞི་ལ་རྒྱལ་པོས་ཆེད་བསྔགས༼མངགས༽་གྱི་སྒར་དཔོན་ལ་ཡང་ཐུགས་རྟོག་གི་བལྟ་ཉུལ་ལྟ་བུའི་ཡི་གེ་དང་། ངོས་ལ་ཡང་ཡི་གེ་ཞིག་བསྐུར་འདུག་པ་དེ་དག་གི་ཚིག་དོན་སྙིང་པོ་ནི། སྔར་ནས་ཡང་ཡང་གསུང་རིགས་བཞིན་ལ་དྭགས་ཀྱི་དྲག་གྲས་ཁ་ཤས་གསོད་དགོས་ཀྱང་ད་ལམ་བླ་མ་ཕེབས་གཤིས་སྲོག་སྐྱོན་ཡངས་ཏེ་སྤྱུགས་ནས་བཏང་རྒྱུ་དང་། ལ་དྭགས་རྒྱལ་པོ་བཙུན་སྐྱ་སོ་སོས་དགོན་རྫོངས་ཐ་དད་དུ་འཛིན་དགོས་དང་། ཁོ་རང་གི་ཐུགས་འཐད་ལ་དབང་ཐང་ཆེན་པོ་སྟེར་དགོས་ཡོད་པས། ངེད་ནས་ཀྱང་བླ་མ་མཇལ་བ་དང་བདེན་ཚིགཞུ་བར་ཤེལ་དུ་འབྱོར་ཡང་བདེན་ཚིགཞུ་ལོང་མ་བྱུང་བར་གཞན་གྱི་ཞུ་དབང་གི་ལ་དྭགས་རྒྱལ་པོ་སྐུ་ངོ་ནང་འགྲིག་བཟླུཾ་གནང་ཚར་བ་མི་ངན་དེ་རྣམས་ཀྱི་བསམ་དོན་འགྲུབ་འདུག་པས་ངེད་ཡར་ཡོང་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་གནོད་འཚེ་མེད་པངའི་མནའ་ཆད་འདྲ་བྱེད་དགོས་བྱུང་ན་ཁོངས་ཚོའི་དྲིན་གྱིས་ངེད་མམས་བླ་མའི་བཀའ་ལས་འགལ་བའི་ཉེས་ལྟུང་ཕོག་པ་ལས་མི་འདུག་པས་འདི་ནས་ཕྱིར་ལྡོག་བྱེད་རྩིས་ཡིན་ཚུལ་སོགས་ཐུགས་དྲན་རྒྱ་ཆེ་བའི་འཕྲོས་མང་ཞིག་འདུག་པ་ཕན་ཚུན་མཁོང་སྙིང་མ་སྦྱང་བའི་ཁར་གསར་དུ་བསྐྱེད་པར་དགོས་རེ་ཞིག་གླེང་མི་ཆེ་བར་བཞག་ཅིང་། སྔ་ཕྱིར་དེ་ལྟར་ཐུགས་བཞེད་ཀྱི་གསུངས་བསྐྱར་ནན༼སྣོན༽་མཛད་པ་ཀུན་རྒྱས་པར་བྲིར་མ་ལོངས་ལ་འདིར་ཡང་ས་བོན་ཙམ་སྟེ། ངེད་ལ་སྒེར་དུ་འཕྲོས་གཟིམ་དཔོན་གྲོང་དཀར་བས་ངེད་འདི་ནས་ཕྱིར་ལྡོག་བྱས་ཚེ་ཀེགས་ཆགས་ཤིན་ཏུ་ཆེ་ཞེས་བླ་མས་གསུང་འདུག་ཟེར་བ་དེ་ལྟར་གསུང་ཡོད་པ་བདེན་ཚེ་ངེད་ཀྱིས་འདི་ཕྱིའི་སྐྱབ་གནས་ཞུ་པ་ཁྱེད་ཁོ་ན་ཡིན་ན་ཀེགས་སེལ་ཅི་ལྟར་ལེགས་གསུང་དགོས་ཞེས་ཀྱང་སྣང་བས༎ ཕོ་ཉ་བ་དེ་ཡི་གདོང་དུ་རྒྱལ་པོའི་ཐུགས་དོག་སེལ་ཕྱིར་གཙོ་བོར་ལ་དྭགས་པས་ད་ལམ་ཨ་ཁུར་ངང་ཤོམ་མེད་པ་དང་། གཞུངས་ས་ནས་རྒྱཻ་པོ་ཁུ་དཔོན་གཉིས་ཐད་ལ་ཕན་པའི་དགོངས་པ་འབའ་ཞིག་ལས་ཕྱོགས་ལྟུང་གཏཉ་ནས་མེད་པས་སྒར་དཔོན་ལ་ཡང་ཡིད་མི་ཆེས་པ་གནང་མི་དགོས་ཚུལ་བཅས་ལ་དྭགས་ཀྱི་བཀའ་བློན་ཚང་མ་དང་སྒར་པའི་ངོ་ཚབ་བཅས་ལ་མུལ་རྗེ་ཐུགས་ཡིད་ཆེས་ཕྱིར༼པར༽་ཟླ ༡༢ ཚེས ༡༤ དེ་ཀར་བྲོ་བཀག ལ་དྭགས་བློན་པོ་རྣམས་ནས་བླ་མ་ཕེབས་ནས་སྨོས་ཀྱང་ཅི་འཚ༼ཚལ༽་སྟེ་མ་ཕེབས་དགོང༼གོང༽་བླ་མ་ཕེབས་དགོས་གཞུངས་སར་སྙན་སྒྲོན་ཞུས་ནས་ད་ལྟའི་བར་མུལྦེ་རྒྱལ་པོར་ངན་ཤོམ་ཅུང་ཟད་ཡང་མེད་ལ། གལ་ཏེ་ཡོད་ཚེ་མཆོག་གསུམ་ཆོས་སྐྱོང་གི་དེ་རྣམས་ཨ་བཀའ་ཆད་འཕྲལ་གཏོང་དང་། དེ་མིང་དོག་པ་ཟ་པ་པོ་རང་ལ་བཀའ་ཆད་གཏོང་བའི་ཕྲིན་བཅོལ་དགོས་ཚུལ་བྱུང་ཡང་གནོད་པ་མི་བྱེད་ཚུལ་གྱི་བྲོ་བོར་བ་ལས་བདེན་བརྡར་མི་ལེགས་ཚུལ་གྱིས་བཀག ལ་དྭགས་རྒྱལ་པོ་སྐུ་མཆེད་ཀྱི་ལེགས་སྤེལ་མ་གྲུབ་ན་ཡོང་བ་ལས་གྲུབ་ཕྱིན་རྒྱལ་པོ་ལ་དོན་གཞན་མེད་ཚུལ་ཕེབས་པ་ནི་ལྕགས་ལུག་ཧོར་ཟླ་ བཅུ་གཙིག་ པའི་ནང་དུ་གཞུང་ས་མདུན་ན་འདོན་ཆེན་པོ་རྨམས་ནས་ལ་དྭགས་རྒྱལ་པོ་ཁུ་དབོན་ལེགས་སྤེལ་ཆེད་དུ་ངེད་མངའ་རི་ཕྱོགས་སུ་བསྒྲོད་དགོས་ཕེབས་ཤིང་། དེ་རྗེས་གངས་ཅན་མགོན་པོ་མཆོག་དང་མདུན་ན་འདོན་རྣམས་ཀྱི་རིམ་ཅན་དུ་བཀའ་གླེགས་རྟ་ཟཾ་བརྒྱུད་ཕེབས་པ་དགོང༼གོང༽་དོང་ལས་གཞན་མེད་པ་མུལྦེ་རྒྱལ་པོ་རང་གི་དགོངས་མངའ་ལྟར་དང་། ངེད་མངའ་རི་སྒར་པར་སོན་སྐབས་རྒྱལ་སྲས་དང་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ སྐུ་མཆེད་ཐུགས་ནང་མ་ལེགས་པ་ཡོད་འདྲ་ཞེས་གསར་དུ་ཐོས་པ་ལས་དོན་དག་ཁུ་དབོན་ལེགས་སྤེལ་ཁོ་ན་མ་ཡིན་པ་ཀུན་གསལ་དེ་བཞིན་ལ། ད་ལྟ་ལ་དྭགས་རྒྱལ་པོ་སྐུ་མཆེད་ལུགས་མི་ལེགས་པ་བྱུང་བ་ལ་དེའི་བདེན་ཚིག་ཨ་ཁུའི་ཞུ་རྒྱུ་ལས་ཁུ་དབོན་བར་དུ་བསྙོན་མེད་ཚུལ་ནི། ངེད་ཡུལ་མཐའ་འཁོབ་ཏུ་སྐྱེས་པས་ཁྲིམས་ཀྱི་མཚན་ཉིད་ཇི་བཞིན་ཤེས་པ་ཞིག་མིན་ཀྱང་ཁྲིམས་ལྡན་གྱི་ཡུལ་དབུས་གཙང་ཕྱོགས་སུ་ཉི་ཚིག་དེ་རིགས་སྨྲ་བར་རྒས་རལ་གྱི་སྙོན་ཧཾ་ཟེར་གྱི་འདུག་ལགས་ན་མུལྦེ་རྒྱལ་པོ་རང་མཁྱེང་དཔྱོད་ཡངས་པའི་བདག་ཉིད་ཅན་ཡིང་པ་ཞིག་གཞིར་བཅས་པས་ད་ལཾ་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀས་རྒྱལ་པོ་རང་གི་སྔར་ལས་འབྲས་སད་པ་ལྟ་བུའི་དད་ཡུལ་བྱས་པའི་བླ་མར་དགོངས་ཏེ་ཁུ་དབོན་ལེགས་སྤེལ་ལ་ཆེད་དུ་བསྔགས་པར་ཐུགས་ཡིད་གཉིས་དང་འཕྲོས་དེ་ལྟ་བུ་འོས་སུ་ཆེ་འཾ་མི་ཆེ་ཐུགས་བསམ་ཞིབ་མོ་ནས་རྒྱལ་པོ་རང་ཉིད་འདི་ཕྱི་གཉིས་འཕུང་གཏན་རླག་ཏུ་མ་སོང་བ་ཞིག་དགོངས་པ་གཏད་དགོས་ཚུལ་ངག་མ་དང་ཡིག་ལན་ཡང་ཉི་མ་དེ་ཀར་འཕྲལ་དུ་བརྫངས། དེ་སྐབ་ཆེས་གཟུ་བོར་མི་གནས་པ་ནི་སྲིད་མཐའ་མ་བཀག གཞན་མར་ཡུལ་སྐོར་གྱི་དགྲ་གཉེན་བར་མི་འགྲོ་བ་མུལ་རྗེ་རང་ལ་ལྷག་པར་ཞེན་པ་བཅས་སྐྱེ་རྒུ་མཐའ་དག་པས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཀྱི་སྐོར་རྒྱལ་པོ་རང་གི་མཛད་རྒོ་ཐ་ཆད་དུ་གྱུར་ཀྱང་རྒྱལ་བུ་ཚེ་དབང་ཁྲིར་བཀོད། ཀུ་ངོ་ནང་མཐུན་གཤིབ་ཏུ་གྱུར་ཏེ་བཞེས༼བཞེད༽་ཐང་ཡབ་མེས་ཀྱི་སྐབས་ལས་ཀྱང་ལྷག་པ་དེ་ལྟར་ལེགས་སྤེལ་ཁྲིམས་མཐུན་ལ་དྭགས་ལྗོངས་ཀྱི་རྒྱལ་བློན་ཕྱི་རབས་རྣམས་ཀྱི་ཡར་དཔེར་འོས་པ་ལ་རྒྱལ་པོ་ བཀྲ་ཤིས་རྣམ་རྒྱལ་ ནས་དེ་མི་རིགས་པའི་ཚུལ་མཛད་པ་ནི་རྒྱལ་པོ་རང་ནས་ལ་རྒྱ་ལ་མི་གཟིགས་པའི་རང་འདོད་ཁོག་ཚངས་བཟང་པོའི་ཁྲིམས་སྲོལ་ཨས་ཕྱིར་བཟློག་པ་ཞིག་མཛད་འདོད་ཡིན་པར་ངེས་ཀྱི་གཞན་དེ་འདྲ་གསུང་བ་སྐབ་སུ་མི་ཆེ་ཕྱམ༼ཁྱབ༽་བརྡལ༼གདལ༽་རླུང་ལྟར་དུ་སྒྲོགས་ཀྱི་འདུག། ༈ བདག་བྱ་བྲལ་མལ་འབྱོར་སྤྱོད་ཀྱི་སྐབས་གང་ཤར་གདོང་དེད་ཀྱི་བརྟུལ་ཞུགས་མེད་ཀྱང་སྣ་ཐེག་མགོ་དཀྲིས་ཀྱི་སྤྱོད་ལམ་བདེ་བ་ཞིག་དེ་ལྟའི་བསྒུག་སྡོད་རིངས་པོ་དང་མར་ཡུལ་བདག་པོའི་ངོ་བསྲུང་དེ་ཙམ་ག་ལ་གཅོགས༼ལྕོགས༽་ཀྱང་འདི་རེ་རྒྱལ་བ་མཆོག་གི་གངས་ཅང་སྤྱི་དང་བྱེ་བྲག་བསྟན་འགྲོ་མང་པོའི་བདེ་ཐབས་སུ་དགོངས་ནས་ཕྲིན་ལས་ཀྱི་བྱེད་པོར་ཕྲན་བསྔགས༼མངགས༽་པ་གནང༼ནང༽་བཞིན་རང་ཉིད་མི་ཡི་གཤིས་རིགས་ཀྱི་ཁོག་ཤོང་ཤིན་ཏུ་ཆུང་ཡང་འབད་པས་རྒྱལ་བ་མཆོག་གི་ ཕྲིན་ལས་ ལ་དམིགས་བྱ་བ་ཀུན་གཉུག་བསྲིངས་དལ་བརླིངས་གལ༼གང༽་ཆེ་བགྱིས་མོད།

༈ འོན་ཀྱང་རྒྱལ་པོ་ཤེལ་དུ་བཞུགས་སྐབས་ཞབས་ཕྱི་སུ་རིག་པ་རྣམས་ནས་མི་མམས་ཀྱི་ཙཱ༼རྩྭ༽་ཤིང་ཡོ་བྱད་རྐུ་འཕྲོག་བཅོམ་ཁྱེར་ཁྲིམས་མེད་ཅི་ནུས་སུ་བྱེད་པ་དང་སླེས་མཁར་གྱི་བཀག་ཙྭར༼རྩྭར༽་མུལྦེའི་རྟ་ཁྱུ་མཚོ༼འཚོ༽་བ་དང་། དེ་ལྟར་མི་མཛད་པར་གསོལ་ཚེ་ཁྲོ་འགྲུག༼འཁྲུག༽་འཐབ་བརྩོད་ཀྱི་རྩིས་བྱེད་ཅིང་པུ་རིག་ཕྱོགས་སུ་ཡང་ དམག་གི་ བརྡ་བརྒྱབ་བྱུང་ཚེ་ཐོགས་མེད་འཆས༼ཆས༽་ཆོག་གི་འཇའ་བརྒྱབ་འདུག་པ་སྐད་སོགས་མི་རྣམས་ཀྱི་བརྗོད་རིགས་ཆེས་མང་བ་བྱུང་བ་མཐའ་དག་འདིར་ བྲི་བར་ མ་ལོང་ཤིང་། ལ་དྭགས་རྒྱལ་བློན་ནས་ཀྱང་མུལྦེ་རྒྱལ་པོའི་མཛད་སྒོ་ལ་ཐུགས་རྟོག་ཤིན་ཏུ་ཟ་བས་ངེད་ལ་འཕྲོས་སྣ་ཚོགས་ཞིག་གནང་བ་བཅས་རང་ཉིད་ཕྱོགས་འགྲོ་ ཤིན་ཏུ་ རིངས་ཡང་མུལ་རྗེ་ཤེལ་དུ་ཕེབས་ནས་ངེད་མ་སྡོད་ན་འཕྲལ་མར་ཤེལ་རང་དུ་འཐབ་འཁྲུག་གིས་འཇོམས་ངེས་སུ་སྣང་བས་ཕྱོགས་འགྲོའི་བློ་བོར་ནས་ལྷོད་ཆགས་སུ༼འཇགས་སུ༽་སྡོད་དགོས་བྱུང་ཞིང་རྔལ་འབྱོར་པའི་རྩ་མདུད་ཁམས་འདུས་རླུང་གི་རལ་སྐབས་རིགས་དྲུག་གི་གནས་སོ་སོར་སྐྱེ་འཇིག་གི་སྣང་བ་འབྱུང་བར་གསུང་འདུག་པ་འདིར་ཁམས་འདུས་ཀྱི་རྩ་མདུད་མ་རལ་ཡང་མྱལ༼དམྱལ༽་བ་བསྡུས་འཇོམས་ཀྱི་གནས་སྦྱངས་ཇི་འདྲ་བ་ཞིག་ལ་དྭགས་རྒྱལ་པོ་ཁུ་དབོན་ནས་སྐབས་འདིར་གནང་བ་རང་གི་ལས་ཀྱི་རྒྱུ་བ་ལས་སྦྱང་བ་ཉིད་དུ་ངོ་མཚར༎ དེ་ནས་རྒྱལ་པོ་ཝཾ་ལེར་འཕྲལ་དུ་ཕེབས་མི་ཕེབས་ཁོ་ཐག་གཅོད་པའི་ཕྱིར་རང་གི་གྲྭ་པ་རྒད་པོ༼རྒན་པོ༽་ཞིག་དང་ཧེ་མི་མཛོད་པ་བཅས་རྒྱལ་པོ་རང་གཞུང་ས་ལ་ཡང་ཐུགས་རྟོག་གི་ལབ་འཆིང་མི་བཞེད་ཚེ་ནང་བསྐྱེད་ཞུ་ག་ལ་སྤོབས་ད་ལམ་ཡོངས་མི་ཡོངས་ཁོ་ཐག་ཆོད་པ་དགོས་ཚུལ་སོགས་སྙིང་ནས་ཁམས་འཁྲུག་པའི་ཚིག་རྩུབ་མོ་ཁ་ཤས་ཕྲིན་བཅས་རྒྱལ་ཟླའི་ཚེས་ཉེར་ལྔ་ལ་ཐོང་པར་བརྫངས། ཁོ་པ་མམས་ཤད༼ཤེད༽་རྩོམ་གྱི་ཤེལ་དུ་གནམ་སྟོང་ལ་འབྱོར་འདུག རྒྱལ་པོ་ནས་ཕེབས་བསུར་བརྫངས་པའི་གྲྭ་པ་སྔ་མར་ཡང་བླང་འདུག་ཅིང་། འདི་རེས་ཀྱང་ཁོང་གཉིས་ལ་མནའ་གན་གྱི་ཐེའུ་བཟུང་འདུག་པ་དེ་ཡི་དོན་གྱི་སྙིང་པོ་གསལ་བར་སྨྲས་ན་འདི་ཡིན་པར་སྣང་སྟེ། རྒྱལ་སྲ་སྐུ་མཆེད་དང་རྒྱལ་མོ་རྣམས་ངེད་ནས་ལེགས་སྤེལ་བྱས་པ་དེ་རྒྱལ་པོ་རང་ནས་བཤིག་མཆོག༼ཆོག༽་པ་བྱུང་ན་སྨོས་མེད་དང་། རྒྱལ་པོ་དང་བློང་བུ་དག་གླེང་གཞི་དང་འགོར་འགྱིང་ལཾ་འཆིངས་ཀྱི་མནའ་ཆད་སོགས་མ་དགོས་པར་མུལྦེར་ལོག་ཆོག་པ་དང་། ལ་དྭགས་པས་ལམ་བར་དུ་ཉེས་སྐྱོན་མི་ཡོང་བའི་ཁག་འཐེག་མནའ་གན་དགོས་ཚུལ་ཡིན་འདུག་པ་སྔར་ཝཾ་ལེའི་གཙུག་ལག་ཁང་གི་མདུན་དུ་ལ་དྭགས་པའི་བློན་པོ་དྲག་གྲས་ཚང་མ་དང་སྒར་དཔོན་གྱི་ངོ་ཚབས་བཅས་པར་རྒྱལ་པོ་ལ་ཉེར་འཚེ་མེད་པའི་མནའ་ངེད་ནས་བཀག་པ་དེས་གོ་མ་ཆོད་པའམ་ཐུགས་སྙེལ་བ་གང་རུང་གི་ད༼དེ༽་མཛད་དགོས་བྱུང་བར་སྣང་། དེ་ལྟར་རྒྱལ་པོ་འགོར་འགྱིངས་རྣམ་རྟོག་མང་བ་གངས་ཅན་སྤྱི་བྱེ་བྲག་གི་ཀེགས་འཚུབ་ཏུ་གྲུབ་པར་ཤེས་བཞིན་སྐྱབས་གནས་དཀོང་མཆོག་ལ་གསོལ་བ་སྙིང་ནས་བཏབ་པ་དང་། ཡེ་ཤེས་སྤྱན་ལྡན་དང་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ལ་ཕྲིན་ལས་ཚིག་ཙམ་མིན་པར་སྙིང་ནས་བཅོལ་ཞིང་། རང་དང་ལྷང་ཅིག་སྤྱོད་པའི་ཚོགས་དང་གྲྭ་ཚོགས་གཞན་བཅས་ཀྱི་སྒྲོལ་མའི་མཚན་བརྒྱ་འབུམ་ཕྲག་ཁ་ཡར་བསགས། རྒྱལ་བུ་ཚེ་དབང་གི་ཁྲི་འདོན་རྒྱལ་ཟླའི་ནང་དུ་བྱེད་འདོད་གནང་འདུག་ཀྱང་། མུལྦེ་རྒྱལ་པོ་ཕེབས་ན་ཁུ་དབོན་ལྷན་ཅིག་གི་ཁིར་འདོང་ལུགས་ལེགས་སུ་འགྲོ་བར་སེམས་བཤོལ་ཡང་ཨ་ཁུ་འཕྲལ་ཕེབས་མ་མཛད་སྟབས་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ལ་ལ་དྭགས་རྒྱལ་བློན་འབངས་བཅས་ཚངས་མ་འདོད་མཐུན་གྱི་སྟེངས་ནས་རྒྱལ་བུ་ཚེ་དབང་ཁྲིར་འཁོད་ཅིང་། དེ་ནར་མ་སོང་གྱི་བར་རྒྱལ་སྲིད་སྐྱོང་བའི་མགོ་འདོན་རྒྱལ་སྲ་རིན་པོ་ཆེ་ནས་མཛད་རྒྱུའི་ཁུ་དབོན་ཁྲི་འདོན་ཆབ་གཅིག་ཏུ་བྱས་ཉི་མ་དེར་མུལྦེ་རྒྱལ་པོ་ཡང་ཤེལ་ནས་ཝཾ་ལེར་བསྐྱོད་པའི་ལམ་དུ་ཞུགས་ཏེ་ཆུ་མ་ཐང་ཕེབས་སྐབས་ཡང་ཝཾ་ལེར་འགྲོ་རྒྱུ་མིང་ཚུལ་གྱི་ཞག་གཅིག་ཚུགས་བཅག ཚེས་ཉི་ཤུ་ལ་མུལྦེ་རྒྱལ་པོ་ཝཾ་ལེར་ཕེབས་པའི་མདུན་དུ་ཕེབས་བསུ་རིམ་པ་གསུམ་ཡི་གེ་རེ་དང་བཅས་ཏེ་བརྫངས་བར་སྔར་འགོར་འགྱིངས་དང་ཤེལ་དུ་སྡོད་པ་རྒྱལ་པོ་རང་གི་མཛད་སྒོ་མ་ལེགས་པའི་འགྱོད་སེམས་སྐྱེས་པའི་དབུ་ཚུགས་སོ་སྐད་འདི་ཡི་ཉི་མ་སྔ་ཕྱིར་ཡང་དུ་རུ་ཀ་ནག་ཕྱོགས་རྒྱ་འདྲའི༼འདྲེའི༽་ཆོ་འཕྲུལ་རེ་བྱུང་། ༈ ངོས་ཐོག་མར་མར་ཡུལ་འབྱོར་སྐབས་ཉིད་དུ་ལབ་འཆིངས་འཕྲལ་བདེ་བ་ལྟར་ལ་ཕུགས་ཚེགས་སུ་འགྱུར་བར་ཝཾ་ལེར་བཟླུཾ་ན་ཅུང་ཟད་ལེགས་པའི་ལྟས་བྱུང་བཞིན་ཝཾ་ལེར་འཛོམས་དུས་བཏབ་ཀྱང་མུལྦེར༼མུལྦེའི༽་རྒྱལ་པོར་སྔ་ཕྱིར་ཁོ་རང་གི་བཀའ་བློན་དང་གཟིམ་དཔོན་ནས་འབྱོར་ན་ལེགས་ཚུལ་མུལྦེ་དང་ཤེལ་བཅས་ལན་གྲངས་བཅུ་དྲུག་ཙམ་སོང་སྐད་ཅིང་། ངེད་ནས་ཀྱང་ཕོ་ཉ་ཡི་གེ་མང་ཞིག་སོང་རུང་ཐུགས་བག་མི་ཕེབས་པས་ཁྱོན་ཟླ་བ་ཧྲིལ་པོ་དྲུག་གི་བར་ཝཾ་ལེར་འབྱོན་མ་ཐུབ། དེ་ཡང་རྒྱལ་པོ་ཆོས་ལ་མི་མོས་པ་མིན། ངེད་ལ་དད་པ་མེད་པ་ཡང་མིན། བླང་དོར་གྱི་གནས་གཏན་ནས་མི་ཤེས་པ་ཡང་མིན་འདུག་རུང་རྒྱ་འདྲེ་འགོང་པོ་དུ་རུ་ཀའི་འདྲེ་གསར་བྱུང་ནག་པོའི་ཕྱོགས་ཅཉ་མང་པོས་མཐའ་དམག་གི་སྣ་འདྲེན་སོགས་རྒྱལ་ཁམས་དུ་མར་མི་ངེས་པ་སྣ་ཚོགས་བསྐྱེད་པར་འདོད་པས་ཡིད་བསྒྱུར་བ་ཉིད་དུ་ཤེས་ལ། དེ་དང་དེ་ཡི་ཆོ་འཕྲུལ་མངོན་གྱུར་དང་ལྐོག་གྱུར་ཆེས་མང་བ་སྔ་ཕྱི་རིམ་ཅན་དུ་བྱུང་ཞིང་། དེ་རྣམས་ཀྱི་ནུས་པས་མི་རྣམས་ཀྱང་རྨམ་ཏོག་སྣ་ཚོགས་པའི་ལབ་འཆོལ་སེལ་འཇུག་འཕུང་ཁྲོལ་གྱི་ཚིག་མང་པོས་དུས་འདའ་བ་ཞིག་འདུག་ཀྱང་། དུས་འདིར་བོད་ཡུལ་གྱི་མངའ་བདག་གཞུང་ས་མཆོག་ནས་བསྟན་རིམས་ལ་འབད་རྩོལ་མཛད་པ་དང་། ཁྱད་པར་གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་སྐྱབས་འཛུག་ལ་བརྟེན་འགོར་ཆེའི་མཐར་མར་ཡུལ་བདག་པོ་ཡས་མས་ཀུན་ཝཾ་ལེར་ལྷན་ཅིག་ཏུ་འཛོམས་པར་གྱུར་པས་ལེགས་ཚོགས་ཀྱི་རྒྱུར་གྱུར་རང་ཡང་མར་ཡུལ་དུ་སླེབས་ནས་བརྩམས་ཆུ་མི་སྙོམས་པས་བྲོ་འཚལ་བ་དང་། སྐབས་སུ་རྩ་དཀར་དང་རླུང་ནད་ཀྱིས་ཀྱང་བཙེར་བ་སོགས་ལུས་ཀྱང་མི་བདེ་ཞིང་། ལྷག་ཏུ་རང་ཉིད་ནནམ་འཆི་ཆ་མེད་དུ་ངེས་ན་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་ལ་རིངས་བས་ཏཐོག་མར་ལ་དྭགས་ཕྱོགས་སུ་ཟླ་བ་གསུམ་ལས་མི་སྡོད་པའི་རྩིས་བྱས་ཤིང་། ཅིས་ཀྱང་འདི་ལོ་དདགུན་བལ་པོར་བསྒྲོད་མ་ཐུབ་ཞང་ཞུང་དང་མར་ཡུལ་དག་གི་ཡུལ་མཐའ་ལྷོ་ཕྱོགས་ཀཀྱི་ཆར་གདོད་ནས་གྲུབ་པའི་གནས་ཆེན་རྒྱ་བོད་དུ་སངས་རྒྱས་པའི་སྒྲུབ་མཐའ་འཛིང་པཔ་ཀུན་ལ་རླུང་ལྟར་དུ་གྲགས་པ་ཡུལ་ཉེར་བཞི་ལས་མཁའ་སྤྱོད་ཐུགས་ཀྱི་གནས་བརྒྱད་ཀྱི་ཡ་གགྱལ་དུ་གྱུར་པ་དང་། སྒྱུ་འཕྲུལ་སྲས་ཀྱི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུ་འཕགས་མཆོག་ཀླུ་གྲུབ་ཞབས་ཀྱི་གསེར་གྱི་རི་བོར་བྱིན་གྱིས་རརླབས་པར་དགོངས་པ་གརཎཌ་རི་དང་། ལན་ཚྭའི་འབྱུང་ཁུངས་སུ་སྣང་བ་མཎཌོརི་སོགས་དཔའ་བབོ་དང་མལ་འབྱོར་མ་ངེས་པར་འདུ་བའི་གནས་ཆེན་དེ་རྣམས་སུ་ཚོགས་གཏོར་འདུ་མཆོད་སོགས་འགྲུབ་ན་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་པ་ཆེ་བའི་ལྟས་ངེས་པ་དང་། རང་གི་ཚོགས་གགསུཾ༼ཟུང༽་འཕེལ་བ་ཡང་གཞིར་བཅས་ཀྱི་ས་ཁད་ཀྱང་ཤིན་ཏུ་ཉེ་ཞིང་བསྒྲོད་འདོད་ཐུན་མམོངས་མ་ཡིན་པ་ཡོད་ན་ཡང་། རྒྱལ་པོ་སྤྱིར་མུལྦེ་ནས་མ་བྱོང་ཞིང་། བྱོན་ནས་ཤེལ་དདུ་དོན་གཞན་མེད་པར་ཟླ་བ་ཧྲིལ་པོ་གཉིས་རང་གཞན་དུཿཁ་དྲག་པོ་ལ་འཁོད་པར་མཛད་པས་བདག་གིས་དགེ་ལས་དེ་མམས་བཤོལ་བའི་རྒྱུར་སོང་། འོང་ཀྱང་ད་ལྟ་ཁུ་དབོན་བཟང་སྤེལ་ལེགས་པར་གྲུབ་པ་འདིའི་བསྟན་འགྲོ་སྤྱི་དང་བྱེ་བྲག་མང་པོར་ཕན་པ་དང་བདེ་བའི་རྒྱུ་རྒྱལ་བ་དགྱེས་པའི་མཆེད༼ཆེད༽་དུ་དམིགས་ནས་བློ་ཡི་ངལ་བ་བསང་བ་ལས་འོས་ཅི་ཡོད༎ དེ་ལྟར་མུལྦེ་རྒྱལ་པོ་ཝཾ་ལེར་སོན་ནས་ཁོ་རང་འགོར་ཆེ་བའི་གནོང་གི་མཇལ་ཁ་ཡུན་རིང་བར་མ་བྱུང་དོགས་པས་དེ་ལ༼ལྟ༽་རྒྱལ་ཁག་གཞན་གྱི་ངོར་ཚ༼ངོ་ཚ༽་བས་འཕྲལ་དུ་ཐུགས་རྗེ་གང་ཆེ་དགོས་ཚུལ་ཟེར་བར་ངེད་ནས་རྒྱལ་པོའི་ཕེབས་བསྒུག་ཟླ་བ་དྲུག་ཙམ་སོང་ན་རྒྱལ་པོ་དད་པ་ཅན་གྱི་ཞག་ཁ་ཤས་ཀྱང་བསྒུག་ལོང་མེད་པ་ཅི་ཞིག་ཞེས་སྐབས་བབས་ཀྱི་འཕྲོས་ཁ་ཡར་བཏང་། སྔར་འགོར་འགྱིང་དེ་ལ་ཐུགས་མི་བདེ་བའི་ཏབ་ཏབ་པོ་ཆེ་བ་མཛད་ཀྱི་འདུག་ཟེར་བས་བློ་ཡི་མ་བཟོད་ན་ཉི་མ་གསུཾ་པར་མཇལ་འཕྲད་བྱས། བག་ཕེབས་པའི་ཚིག་གིས་མདུན་བསུས། དེ་ཡི་སང་ཉེར་གསུམ་ལ་ཁྱོས་མའི་རྣམ་པ་ཕྲན་བུ་སྐུ་སྐལ་དུ་བྱས་པ་དེ་ཡང་རྩིས་ཕུལ་ཉི་མ་དེའི་ཕྱི་ཆ་ནས་བཟུང་འཕྲོས་བྱེད་དགོས་རྣམས་རིམ་པར་བྱས། ༈ དེ་ཡང་ཐོག་མར་གཞུངས་ས་སྒར་དཔོན་ལ་ཐུགས་དོག་དང་ངེད་ཨ་གདེངས༼གདེང༽་ཁེལ་མི་མཛད་པའི་རྒྱུ་རྐྱེན་གང་ཡིན་གྱི་དྲི་བ་ཕུལ་སྟེ༎ ཐོག་མར་རྒྱལ་པོ་རང་གི་ཐུགས་ལ་དོག་པ་མ་ཀསྐྱེས་ཀྱང་མི་མམས་ཀྱི་སྒར་དཔོན་ནས་དམག་གི་གྲ་བསྒྲིགས་དང་། རུ་ཐོག་རྫོང་དཔོན་ཡང་ཏ་པ་ལྔ་བཅུ་སྐོར་བདེ་མཆོག་ཏུ་འབྱོར་ཡོད་འདུག་པ་ཝཾ་ལེར་མ་སླེབས་ལམ་བར་ལ་དྭགས་པ་དང་བསྡོངས་ནས་རུང༼རོང༽་ལཾ་དུ་འཚེ་བ་བྱེད་རྒྱུར་འདུག་ཞེས་པ་ཐོས་པས་ཡིན་ཞེས་དེ་ལྟ་ཞུ་མཁན་ཁུངས་བསྐྱལ་རྩད་གཅོད་གནང་དགོས་ཚུལ་ཞུས་པར་མི་སྣ་ཚོགས་པས་དེ་ལྟར་ངེས་པར་ཡོད་པར་ཟེར་བ་ལས་ཁུངས་འདི་ཡིན་སྟོན་རྒྱུ་ཡང་མེད་ཟེར། ངེས་པར་ཟེར་ན་རྩ་བ་སྟོན་དགོས་དང་། ངེས་མེད་ཡིན་ཚེ་ངེས་པ་དང་མི་འབྲེལ་ཞིང་། སྤྱིར་ཡང་རྒྱལ་རིགས་དྲ་མ་རྣམས་ཀྱི་ཁྱད་པར་ཡོན་ཏན་ལྔ་ལས་དཔྱད་བཟོད་དུ་བྱེད་པ་ཉིད་ཀྱང་གཙོ་བོ་ཡིན་ན། ཁུངས་དང་མི་ལྡན་པའི་ཁ་ལ་སླ་ཆོས་ཀྱི་རྒྱུག་པ་རྒྱལ་པོ་རང་གི་མཚན་ཉིད་ཅི་ལྟར་འགྱུར། རྒྱལ་པོ་ཉིད་རང་དང་ཤེས་ལྡན་མཐའ་དག་གིས་གཟིགས་ཤིག དེང་དུས་གངས་ནའི་ཁྲོད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་མཐའ་དག་གི་མངའ་བདག་པྱི་དཔལ་ཆེན་པོ་ངའགྲོ་བ་ལྷ་དང་བཅས་པའི་སྐྱབས་ཡུལ་དུ་གྱུར་བ་འཕགས་པ་སྤྱང་རས་ཟིགས་དབང་ཕྱུག་གི་སྒྱུ་འཕྲུལ་གྱི་རོལ་པ་རྒྱལ་བ་མཆོག་ཡིཉ་པས་གང་གི་ཚད་མེད་པའི་ཐུགས་རྗེས་སྐྱེ་རྒུ་ཐམས་ཅད་ལ་སྙོམ་པར་གཟིགས་ནས་ལ་དྭགས་མར་ཡུལ་ལྗོངས་བདེ་བའི་ཕྱིར་དུ་ཡང་དག་དགོངས་པ་གཏད་ནས་ཁྱེད་ཕན་ཚུན་ལ་ཐུགས་ ལས་སུ་ མཛད་ཅིང་དེ་ཡི་ཕྲིན་ལས་པ་ཆེན་པོ་རྣམས་ཀྱི་ཡང་དེ་དང་མཐུན་པ་ཉིད་ཀྱི་བདག་བསྔགས་པ་ལས་གཞན་མེད་ན། ཁྱེད་རང་རྣམས་ནས་གཞུངས་སར་དོགས་པ་སྐྱེ་བའི་གཏམ་མ་ཐོས་པར་ངོས་ཅག་མམས་ཀྱི་ནི་དེ་འདྲ་༼བློ༽་འཆར་འགྲོ་སྙམ༼སྙམ༽་པ་ཡང་བྱུང་རེ་ན་ར་ཀན། ངེད་ལྟ་བུ་ཡང་ལས་ཉོན་མ་སྤངས་པས་དགྲ་གཉེན་གྱི་སྣང་བ་དབྱིངས་སུ་དག་པ་ནི་སྨོས་ཅི་འཚལ། ཚུལ་དེ་ཧྲགས༼རགས༽་པ་ཡང་ཡོད་པས་འཁྲུལ་ཞིག་དང་གྲུབ་ཐོབ་ཀྱི་དྲི་ཙམ་ཡང་མེད་མོད། འོན་ཀྱང་ཆོས་ལྟར་བཅོས་པའི་སྒྲིབ་ཤིང་ལ་བརྟེན་དད་ལྡན་རང་འདོད་ཆེད་གཉེར་གྱི་ཤེས་བཞིན་བསླུས་པ་ནི་བྱིས་པ་མནོ་ཤེས་ནས་ད་ལྟའི་བར་སྔར་ཡང་མ་བྱས། ད་ཡང་མི་བྱེད་ལ། དེར་ཡང་མ་ཟད་སྐྱེ་བ་ཀུན་ཏུ་ཚུལ་དེར་ནི་འཇུག་པར་མི་འགྱུར་གྲངས༼གྲང༽། ཁོ་བོ་ཅག་བྱ་བྲལ་མཁོས་མེད་ཁྱེར་ཁ་ཞན་པ་ཞིག་ཡིན་ཡང་ཡུལ་རྒྱ་དཀར་དབུས་འགྱུར་གྱི་ཆ་ཉས་རྒྱ་ནག་བྲག་སྒོའི་བར་རང་མཁོས་ཀྱི་ཆོས་སྨྲ་བ་པོ་དམ་པ་ཆོས་ཀྱི་ཕྲིན་ལས་སྐྱོང་བ་ཞིག་ཡིན་ན་ཁྱེད་རྒྱལ་པོ་ཁུ་དབོན་བསླུ་བའཾ་རྒྱལ་ཁག་ཕན་ཚུན་ཕྱོགས་ཁྱེར་གྱི་ཆེད་དུ་གངས་ཅན་མགོན་པོས་ངེད་བརྫངས་པར་འགྱུར་རེ་ཀན། དབྱིངས་པའི༼སའི༽་སྒར་དཔོན་རྣམས་ནས་ཀྱང་རྒྱལ་བ་མཆོག་གི་ཐུགས་བསྐྱེད་བཞིན་མར་ཡུལ་བདག་པོ་ཁུ་དབོན་ལེགས་བཟླུཾ་དུ་ཆ༼ཆེ༽་བ་ཞིག་བྱུང་ན་ཅིས་མ་རུང་སྙམ་ནས་ལེགས་སྤེལ་གྱི་འཕྲོས་ལས་གནངས་ཀྱི་མི་འདུག་ཅིང་། དོན་དུ་དེ་ཡང་དེ་ལས་གཞན་མེད་པར་ངེད་ཁོ་ནས་ཀྱང་དག་སྦྱངས་ཆོག་ན་ཁྱེད་ལ་འཚེ་བར་ག་ལ་འགྱུར། དེས་ན་རྒྱལ་པོ་རང་གི་ཐུགས་ལ་འདི་ལྟ་བུ་འཆར་བ་ཅི་ལྟར་ཡིན་འདུག་ཞེས་སྨྲས་པར། བདག་དེ་སྐབས་ལྷ་འདྲེས་བསླུས་པ་ཡིན་འདུགཞེས་གསུང་སྔག་གཅིག་དང་ཕྱག་རྒྱ་གཅིག་ལ་ཞེ་གདེང་མཛད་ཕྱིར་ཞུ་ཐེས༼ཐལ༽་ཡང་མི་འདུག།

༈ དེ་ནས་རྒྱལ་པོ་ནས་རང་རེའི་གྲྭ་པ་དང་ཧེ་མི་མཛོད་པར་ཁག་འཐེག་གི་མངའ་ཐེའུ་བླང་འདུག་པ། བོད་གངས་ཅན་གྱི་རྒྱལ་ཁམས་སྤྱིར་ནི་བར་པས་དོས་བདག་ལ་ཉན་ཐེའུ་བླང་བ་ལས། དོས་བདག་གིས་བར་པ་ལ་ཉན་ཐེའུ་དང་ཁག་ཐེག་གི་མནའ་ཐེའུ་བླང་བ་ངེད་མཐོང་ཐོས་ཆུང་བ་མིན་ན་གང་དུ་ཡང་ཡོད་པར་མ་ཤེས། ལ་དྭགས་ཕྱོགས་སུ་སྔར་དེ་ལྟར་སྲོལ་ཡོད་མེད་ཆོས་སྡེ་ཁག་གི་མི་སྣ་དང་རྒྱལ་པོ་ཡས་མས་ཀྱི་བློན་པོ་དམངས་རྒན་གཙོ་སྤྱིར་དྲིས་པར་ལ་དྭགས་ཡུལ་དུ་ཡང་སྔར་དེ་ལྟར་སྲོལ་རྒྱུན་བྱུང་གཏཾ་མ་ཐོས་ཞེས་ཀུན་གྱི་མགྲིན་གཅིག་ཏུ་སྨྲེངས། དེ་ཚེ་སྲོལ་མེད་ཀྱི་སྲོལ་མུལ་རྗེ་ནས་རང་འདོད་ཁྲིམས་མེད་ཀྱི་མཛད་པ་དེ་ངེད་བྱ་བྲལ་རྣལ་འབྱོར་པ་ཕྲན་བུ་ཡིན་ཡང་ད་ལམ་རེས་སྐབས་སུ་མི་འབབས་རུང་རྒྱལ་པོ་ནས་རང་ལ་དད་པ་ཆེ་བར་གྲགས་ཤིང་དོན་ལ་ཡང་གཞིར་བཅས་པས་ཡིན་འགྱུར་ཞུ་དགོས་ལ། དེ་ལ་མུལྦེ་རྒྱལ་པོ་རང་གི་བཞེད་ལྟར་ཁུ་དབོན་རྒྱལ་བློན་ལེགས་སྤེལ་མི་འདོད་ཚེ་ནན་བསྐྱེད་ཀྱི་སྨྲ་རྒྱུ་མིན་ཞེས་སྔ་སོར་ནས་གསོལ་ལྟར་ཡིན་ན་དེ་ཚེ་དོན་མེད་ཀྱི་མནའ་ཅི་ལ་འགག བཟང་དུས་ཙམ་ཡང་མ་བྱུང་ཚེ་མུལྦེ་བར་དུ་ལམ་བར་འཚེ་མེད་ཕེབས་བསྐྱལ་ཡང་སྔར་ཞུས་ལྟར་བཏང་རྒྱུ་ཡིན་ལ། གཞན་གྱི་ཞུས་དབང་དུ་མ་སོང་བ་དགོས་གསུང་བ་ནི། ངོས་རང་ལོ་བཅུ་དྲུག་ནས་ཕལ་གྱི་ངག་རྗེས་སུ་འབྲངས་འདོད་མ་བྱུང་ཞིང་། རྒྱལ་བས་གསུང་བའི་བླང་དོར་གནས་གང་ཐུབ་དང་། སྙིགས་མ་ལྔ་བརྡོ༼བདོ༽་བའི་མཐར་ཐུག་ཏུ་སྐྱེ་པས་ཉོན་མོངས་པ་དང་བག་མེད་དབང་གི་མ་ཐུབ་པ་ཡང་བཏང་སྙོམ་མ་ཡིན་པར་འགྱོད་བཤེགས་ཅི་ནུས་བྱས་ཉེས་པ་གང་ཡང་ལོག་ལྟ་ཡི་དབང་གི་བྱས་པ་ནི་ཡེ་ནས་མེད་ངེས་ཡིན། རྩ་བའི་བླ་མའི་བཀས་ངེས་པར་གནང་ན་སྲོག་ཀྱང་འདོར་ནུས་པའི་ཞེ་གདེངས་ཡོད་ལ། ཡན་ལག་བླ་མ་མམས་ལ་ཡང་དག་སྣང་སྦྱངས་ཤིང་བཀའ་སྩལ་འབད་པས་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་པ་ཡི་སྒོ་ནས་བསྒྲུབ་ཅི་ནུས་སུ་བྱས། གཞན་ནི་ཚེ་འདི་སྣང་གི་ཉེ་དུ་གྲྭ་འཁོར་སྦྱིན་བདག་མཛའ་བཤེས་གུས་པ་བྱེད་མཁན་རྣམས་ལ་ཡང་འཕྲལ་ཡུན་བདེ་བའི་བསྔོ་སྨོན་ཉིད་ལས་གང་ཟེར་ལ་ཉན་པ་དེ་སྔར་ཡང་ཡེ་ནས་མ་བྱས་ན་ད་ལམ་ལ་དྭགས་རྒྱལ་པོའི་གཟི་བརྗིད་མི་བཟོད་ནས་ཞུ་ཚད་ཉན་འགྲོ་དགོངས་པ་ཡིན་སྲིད་ཀྱང་མར་ཡུལ་བདག་པོའི་ལེགས་སྤེལ་བྱེད་ན་རང་གི་མ་སྨད་པའི་བློ་གྲོས་ཀྱིས༼ཀྱི༽་སྟེངས་ནས་གཟུ་བོས་དཔྱད་དེ་བྱེད་པ་ལས་སྔར་རྒྱལ་སྲས་སྐུ་མཆེད་ཀྱི་བར་དུ་ཡང་གཞན་མེད་ཅིང་། ད་དུང་ཁུ་དབོན་ལེགས་སྤེལ་ལྟ་བུ་ཞིག་བགྱིད་པར་སྲིད་ན་ཡང་ལ་དྭགས་རྒྱལ་པོའི་ཞུས་དབང་དང་། མུལྦེ་རྒྱལ་བློན་སྟེ་ཕྱོགས་གཉིས་ཀའི་ཞུས་དབང་དུ་བདག་ག་ལ་འགྱུར་བས་ཚུལ་དེ་ཐུགས་ལས་ཆུང་ངུར་གནང་མཆོག༼ཆོག༽་གི་ཤེལ་ནས་ནན་ཐུར་གྱི་ཁག་ཐེག་མནའ་གན་གྱི་ཡི་གེ་བླང་དོན་ཡང་ཇི་བཞིན་བྱེད་རྒྱུར་ངེད་ནས་ཀྱང་རྒྱབ་སྣོན་ཡི་གེ་རྟགས་རྒྱས་རྒྱན་པ་སྤྲད་ཆོག་ཚུལ་བཅས་དེ་དོཉ་གྱི་ཡི་གེ་རྟགས་ལྡན་རྒྱལ་པོ་ཁུ་དབོན་སོ་སོ་སྤྲད། ༈ དེ་ནས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ དང་རྒྱལ་སྲས་སྐུ་མཆེད་བཟང་སྤེལ་ལེགས་བཟླུཾ་གྲུབ་པ་དེ་ཉིད་ཨ་ཁུ་ཤེལ་དུ་བཞུགས་སྐབས་དེ་བཤིག་དགོས་ཚུལ་ཡང་ནས་ཡང་དུ་ནན་ཏན་ཆེན་པོ་གནང་འདུག་པ་དེ་ཡང་དེ་ལམ་དུ་བཞག་ན་འཐུས་པར་མིན་འདུག་གཤིས་དེ་བཤིག་དགོས་པའི་རྒྱུ་མཚན་གང་ཡིན་ངག་ཐོག་ནས་རྒྱས་པར་མོལ་ཞིང་། བར་བརྒྱུད་བཙུན་སྣེ་སྟོད་སྨད་ཀྱི་བློན་པོ་རྒན་པོ་རྒན་གཙོ་བཅས་ཕན་ཚུན་དུ་བཏང་བར་བརྗེད་ཐོ་སམཊ་ཞེས་རྡུལ་བྱར་ལ་བཀོད་ཅིང་།

༈ སྙིང་པོའི་མདོ་དོང་ཡི་གེ་རྟགས་ལྡན་དུ་བྱས་ཏེ། ངེད་ནས་རྒྱལ་སྲས་བསླར༼བསླབ༽་བསྐྱར་དགོས་ཚུལ་ཟླ་བ་འཁོར་ཡུག་ལོངས་པར་ལན་ཅིག་མ་ཡིན་པར་ནན་ཏན་གྱིས་གསོལ་ཡང་གསན་མ་བཞེད་སྟེ་འབངས་ཕལ་བ་ཞིག་ཡིན་ན་ཡུལ་དབང་རྒྱལ་པོར་ཞུས་ཏེ་གཅུང་ཆོག་པ་ཡིན་འདུག་ཀྱང་རྒྱལ་སྲིད་ཀྱི་དབང་ཐང་ལྡན་པ་རང་རང་བློ་ཆོས༼ཆོ༽་འགྲོ་མ་བྱས་ན་གཞན་གྱི་དྲག་ཏུ་བཀོལ་ན་སྐབས་སུ་མི་བབ་པར་མཐོང་སྟེ། སོག་རྗེ་སྦོ་ཤོག་ཐུ་དང་སྔར་ལ་དྭགས་སུ་གཡུལ་འགྱེད་པ་པོ་དགའ་ལྡན་ཚེ་དབང་དག་ཀྱང་དགེ་སློང་སྡེ་སྣོད་འཛིང་པར་གྲུབ་པ་དང་༎ མར་ཡུལ་བདག་པོ་རིམ་པར་བྱོན་པ་ཡང་རིས་མེད་གྲུབ་མཐར་ཆོས་སྒོར་ཞུགས་ཏེ་སླར་རྒྱལ་ཐབས་ལ་ཞུགས་པ་མང་དུ་བྱུང་ཚུལ་རྒྱལ་སྲས་རང་གི་ཡང་བསྒྲངས་ནས་ངེད་ཀྱི་ནི་བྱ་ཐབས་ཡེ་ནས་མ་རྙེད་ཀྱང་ད་ལམ་ཨ་ཁུ་རྒྱལ་པོ་མཁྱེན་སྟོབས་སྨད༼རྨད༽་དུ་བྱུང་བས་བསླབ་བསྐྱར་ཐུག་པ་ཞིག་བྱུང་ན་གངས་ཅང་མགོན་པོ་རྒྱལ་བ་མཆོག་ཀྱང་དགྱེས་པའི་མཆོད་སྤིན་བླ་ན་མེད་པར་འགྱུར་ཞིང་བདག་ནས་ཀྱང་རང་མཁོས་ལ་དཔགས་པའི་མུལྦེ་རྒྱལ་པོ་ལ་ལེགས་གསོའི་སྐྱེས་འབུལ་བར་ཤིན་ཏུ་སྤྲོ་བས་དེ་ལྟར་ཅིས་ནས་ཀྱང་གནང་དགོས་དང ༈ དེ་ལྟ་མིན་ཡང་བོད་ཡུལ་དབུས་འགྱུར་གྱི་ཡ་རབས་བཟང་པོའི་མིག་སྲོལ་ལྟར་རྒྱལ་སྲས་དང་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ རྒྱལ་མོ་བཅས་འདོད་གཅིག་ཏུ་འཆམས་ན་ཕྱི་ནས་གླེང་རྒྱུ་ཉུང་ཞིང་ནང་ལྟར་སྣང་མཛེས་པ་ཞིག་ཡོང་བར་རེ་ནས་དེ་ཡང་ཁོ་བོས་ནན་ཏན་བྱས་རུང་མཁྲེགས་པའི་རྡོ་ལ་ཁབ་བཙུགས་པ་ལྟར་སྐུ་མཆེད་སོ་སོ་ནས་གསན་ཡང་མ་བཞེད་ཅིང་དོང་དུ་ཡང་ལ་དྭགས་རང་གི་ཤེས་ལྡང་གཟུར་གནས་རྣམས་ནས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ནི་གླད་སྟོང་མདོ་མེད་ཀྱི་མཛད་པ་མཚོན་ཆའི་ཚ་ངམ་ལ་དགྱེས་ཤིང་མ་མ་ཡང་བློ་མི་བཏང་བ་དང་། རྒྱལ་སྲས་རིང་པོ་ཆེ་ནི་ཐུགས་གནག་ཅིང་ངེས་པར་འཁྲུག་འཚེ་བབ༼བས༽་ལྕི་ཞིང༼ཞི༽་བཟློག་དཀའ་བ་ཞིག་མཆིས་པས་ཐུགས་གཤིས་དེ་ལྟས་དུས་སྙིགས་ཀྱི་དབང་གི་ཕན་ཚུན་ཐལ་ཆར་ཡང་འགྱུར་དོག་པ་བཙའ་བ་བཅས་དེ་ལེགས་ཆར་འགྲོ་དཀའ་ཚུལ་ཟེར་ཞིང་། དོན་ལ་ཡང་གནས་ངེས་སུ་སྣང་བས་ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ ཟུར་བཞུགས་ལ་བཞེས་ཐང་གསོལ་སྐལ་སོགས་ཕྱི་རབས་ཀྱི་དཔེར་ཕན་པ་ལ་དྭགས་རྒྱལ་བློན་འབང་བཅས་ཀུན་གྱི་ཚིག་ཙམ་མ་ཡིན་པར་ཡིད་ངེས་པར་མགུ་བ་བསྐྱེད་པ་ཞིག་ངོས་ནས་བགྱིས་ཤིང་༎ དེ་རྗེས་རྒྱལ་སྲ་དང་རྒྱལ་མོ་ལ་ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ དང་ཕན་ཚུན་ལུགས་ལེགས་མཛའ་གཤིམ་དགོས་ཚུལ་བདག་གིས་ཞུས་པ་ཐུགས་སུ་བཞག་ནས་རྒྱལ་སྲས་རང་གི་གཅུང་རྒྱལ་བུ་ཚེ་དབང་གི་ཡབ་ཡིན་པས་གསོལ་སྐལ་ས་གཞིས་ཀྱི་བསྣོན་མར་གསེར་ཁྲི་བློན་གཞིས་ཚང་མ་གནང་རྒྱུ་ཡིན་གསུང་ཞིང་བློན་གཞིས་ཀྱི་ཞིང་ཁང་ཁྲལ་འབབ་རྣམས་སྔར་བཀའ་ཚུལ་གྱི་ཕ་ བསོད་ནམས་ལྷུན་གྲུབ་ ཉས་རང་མཚམས་ཀྱི་དབང་བསྒྱུར་ཆོག་སྐབས་བླང་བ་ཡིན་འདུག་གཤིས་གསེར་ཁྲི་མཁར་ཆེན་གྱི་ས་གཞིས་ཀྱི་འབབ་ཡོངས་མི་སེར་ལས་ལྷག་ངེས་ཡོད་འདུག་པ་དེ་ཡང་ཐུགས་ལེགས་གཤིམ༼གཤིབ༽་གྱི་སྒོ་ནས་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགུ་ལ་གཏན་ཚིག་ཡི་གེ་བཅས་གནང་བ་སོགས་ཕན་ཚུན་ཐུགས་ལེགས་གཤིམ༼གཤིབ༽་ཆེས་ཆེ་བ་དེ་ལྟའི་སྐབས་ཡིན་ཡང་། ད་དུང་ཨ་ཁུ་རྒྱལ་པོ་ནས་སྐུ་མཆེད་གདན་གཅིག་ཏུ་ཚོགས་ནས་དེ་ལས་ལྷག་ངེས་ཞིག་གནང་རྒྱུ་ཡོད་ཚེ་ཅིས་ནས་ཀྱང་གནང་དགོས་དེ་ལ་ཡང་གོང་དོན་བཞིན་གྱི་ལེགས་ཚོགས་སུ་འགྲོ་བས་ལེགས་འབུལ་ཡང་བགྱིད་རྒྱུ་སྟེ། དེ་ལྟར་དོན་ཚན་གཉིས་གང་རུང་བསྒྲུབ་པ་གནང་ན་སྨོས་མེད་གོང་ཕུད་དུ་བཞག་པ་ཡིན་ལ། དེ་ལྟར་མ་ཡིན་ཡང་ཁོ་བོ་ཅག་མདོ་ཁམས་ཡུལ་མཐའ་འཁོབ་རྒྱལ་སྲིད་ཀྱི་མཐོང་མྱོང་ཆུང་བའི་སར་སྐྱེས་པ་ཡིན་གཤིས་རང་གི་སྐྱོན་མེད་དུ་བརློམས། ཡང་མཁྱེན་སྤྱོད༼དཔྱོད༽་ཅན་གྱི་གཟིགས་ཚེ་སྐྱོན་ཡོད་པ་དག་སྲིད་ན་བཅད་ཁྲ་ལ་ཞིབ་གཟིགས་ཀྱི་ད་ལྟ་ངེད་རང་ཡོད་ཐོག་ཏུ་མུལྦེ་རྒྱལ་བློན་ནས་སྐྱོན་ལ་མཛུབ་བཙུགས་ཀྱི་ཕེབས་གསལ་གནང་བ་ནི་ཅིས་ནས་ཀྱང་རུང་ལ། ངེད་ཕྱོགས་འགྲོ་ཚར་རྗེས་རང་འདོད་ཁོག་འཚོངས་ཀྱི་རྒྱལ་སྲས་སྐུ་མཆེད་ཕྱོགས་ཁྱེར་རྗེ་འབངས་མི་བདེ་བའི་རྒྱུར་འགྲོ་བའི་དབུ་ཉོག་ནི་གནང་ང་མི་རུང་སྟེ། ཆོད་ཡིག་གི་ཀླད་དུ་གཙོ་བོར་རྒྱལ་བ་མཆོག་གི་ཞབས་པད་ནས་རྡོ་རྗེའི་གསུང་གིས་བྱིང་གྱིས་བརླབས་ཤིང་བཀའ་རྟགས་ཕྱག་རྒྱ་འགྱུར་མེད་རྡོ་རྗེའི་རེ་ཁཱས་རྒྱས་བཏབ་པར་མཛད་པ་ཉིད་དང་། ངེད་ནས་ཀྱང་མཆོག་གསུཾ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་ཕྲིན་བཅོལ་དུ་རང་རང་གི་རྒྱབ་ཡིག་རྟགས་ཀྱི་རི་མོ་འབེབས་ཆར༼ཚར༽་ནས་དྲན་གསར་སྐྱེ་རྙོགས་མ་གཏིང་བསླང་། རི་འགུལ་མཚོ་འཁྱོམ། སིར་བུ་སྦུབ་འཇུག་སོགས། སུ་ཡི་བྱས་ཀྱང་། དེ་ལ་འདི་ཕྱི་གཉིས་ཀར་བཀའ་ཡི་ཆད་པ་དྲག་པོ་མི་བཟད་པ་འབེབས་པར་མཛོད་ཞེས་ཡང་ཡང་ནན་ཏན་ཆེན་པོ་བགྱིས་པ་ཡིན་ན་ཤེས་ལྡན་གྱུར་པ་རྣམས་ཀྱི་ཚུལ་དེ་ཐུགས་ལ་ཞུགས་འོས་ཡིན་ཚུལ་ཞིབ་མོར་སྨྲས་ཤིང་། སྟོད་སྨད་ཀྱི་བཙུན་སྐྱ་དྲག་རིགས་ཚངས་མ་དང་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ དྲུང་རང་ཉིད་སྒར་དཔོན་གྱི་ངོ་ཚབས་རང་རེའི་གྲྭ་བ་ཁ་ཤས་བཅས་ཨ་ཁུ་རྒྱལ་པོའི་བཞུགས་སྒར་དུ་ཆོད་ཡིག་ཡང་བསྐུར་ནས་ཞིབ་པར་དོན་ཚན་སོ་སོར་ངོ་སྦྱོར་བྱེད་བཞིན་བཀླགས་པར་རྒྱལ་པོ་ནས་ནོ་ནོ་ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ རང་གི་བྱེད་བབ་འདི་ལ་སྐུ་ཞབས་ཀྱི་ཐུགས་རྗེས་ཡག་པོ་བྱུང་འདུག་ཟེར་ལ།་ རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ རང་ནས་ཨ་ཁུར་ཕྱག་འབུལ་བཅུ་ཕྲག་དུ་མ་བརྩེགས་ཏེ་ལ་དྭགས་པ་བློན་པོའི་ཚོགས་སྤྱི་ལ་ཕྱག་མཛུབ་སྦྲེངས་ཏེ་རྒྱལ་སྲས་རྒྱལ་མོ་ལ་ཐུགས་ཁག་མེད་འཁྲུག་རྐྱལ་འདི༼འདིས༽་ཚངས༼མཚང༽་གྷོས༼གོས༽་བྱས་ནས་ཨ་ཁུ་དང་མཇལ་རྒྱུ་མེད། ཨ་ཡུཾ་དང་མཇལ་རྒྱུ་མེད། ངེད་སྔར་བཙོན་དུ་ཡོད་ཀྱང་ད་༼ལཾ༽་བླ་མའི་དྲིན་གྱིས་བཙོན་ནས་ཐར་སྲོག་ལྟར༼ཐར༽་ཨ་ཁུ་དང་མཇལ། ཨ་ཡུཾ་དང་མཇལ། མི་གྲལ་དུ་ཆུད་ཙམ་བྱུང་ཞེས་སོགས་སྤྱན་ཆབ་དྲག་ཏུ་བརྙིལ་ཞིང་ཏབ་ཏབ་ཀྱི་གསུང་སྔ་ཚོགས་བཅས་ཨ་ཁུའི་ན་བཟའི་ཐུ་བ་དང་། བདག་གི་གྲྭ་པ་ཞིག་གི་ཐང་ཤམ་ཐ་མར་བཟུང་ནས་རིང་པོར་བཏང་བར་མི་མཛད་པ་སོགས་ཀུན་ཏུ་སྤྱོད་པ་རྣལ་མའི་ངང་ཚུལ་འདི་རེས་ཡང་སྟོན་པ་ཡང་མཛད་འདུག དེའི་དགོངས་ཕྱི་མོར་གྱུར་ཞིང་རྒྱལ་པོ་ཐུགས་དོག་གི་ཕྱི་རོལ་བཞུགས་སྒར་སྟབས༼བཏབ༽་གཞན་རྣམས་སྡོད་གནས་དགོན་པར་སོང་གཤིས་པ་ཁད་ཅུང་ཟད་འགྱང་བས་ཁོ་པ་མམས་ཀྱི་ཆོད་ཡིག་ཞག་ཤ་གཟིགས་རྟོགས་གནང་བར་འོས་ཞེས་རྒྱལ་པོའི་ཕྱག་ཏུ་ཕུལ་གནས༼ནས༽་རང་གཉས་སུ་ལྡོག་དེའི་སང་ཉིན་རྒྱལ་པོས་ལ་དྭགས་རྒྱལ་པོ་ཀུ་མཆེད་བཙུན་མོར་བཅས་པའི་ལེགས་སྤེལ་སྐྱབས་མགོན་མཆོག་ནས་འདི་ལྟ་བུ་གནང་བ་ཁོ་བ་ཕོ་ཉ་ཡོང་མི་གཟིམ་དཔོན་སོགས་ནས་ཀྱང་མ་སྨྲ་པས་བདག་གི་ཚུལ་དེ་མ་ཤེས་པ་ལས་ད་ཆ་གང་ཡང་ཞུ་རྒྱུ་མེད་པ་ངེས་ཅན་ཡིན་ཚུལ་གྱི་འཕྲོས་དང་ནོ་ནོ་རབ་བརྟན་རྣམ་རྒྱལ་ངེད་ཀྱི་བུ་ཚབ་བླངས་རྩིས་ཀྱི་རེ་བ་བྱས་འདུག་པ་ངེད་རང་ལ་ད་དུང་རིགས་རྒྱུད་ཨེ་འབྱུང་གི་རེ་བ་ཡིང་ཅིང་གལ་ཏེ་མ་བྱུང་ཡང་ལ་དྭགས་སྔར་ནས་ཡུལ་སྲོལ་འཛོལ་མེད་བཞིན་མཁར་ཆེན་རྒྱལ་བུ་ཚེ་དབང་རང་ལ་འཇགས་པ་ལས་ལུང་པའི་བབས་ཀྱི་ནོ་ནོ་རབ་བརྟན་ལ་མི་ཡོང་བས་དེས་ན་གཞན་དུ་རེ་བ་ཡོད་ན། ལས་ངེད་ཀྱི་ནི་རབ་བརྟན་བུ་དོད༼འདོད༽་དུ་འཕྲོས་ཙམ་ཡང་མེད་པས་འདི་རིགས་ཆོས་མཛད་པའི་དགྱང་གཞི་ལས་མ་མཆིས་པས་དེ་དོན་ངེས་པར་གནང་དགོས་ཚུལ་བྱུང་བར། ནོ་ནོ་རབ་བརྟན་སྐོར་དེ་ལྟར་ལས་མ་དམིགས་རུང་ཤེཨི་ལ་དྭགས་སྐུ་མཆེད་ཀྱི་ལེགས་པེལ་སྔར་དེ་མ་ཡིན་པ་ཡང་བསྐྱར་དགོས་ཚུལ་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་མགྲིན་པ་རལ་བ་ཙམ་དུ་གསུང་ན་ད་ཆ་ཨ་ཁུ་ཝཾ་ལེར་འབྱོར་འཕྲལ་ལ་དྭགས་སྐུ་ངོ་རྣམས་ཀྱི་བཟང་སྤེལ་ལེགས་བཟླུཾ་ཕུལ་དུ་བྱུང་བ་ཡིན་འདུགཞེས་གསུང་ན་མི་གཞན་རྣམས་ཀྱི་མུལྦེ་རྒྱལ་པོ་དཔལ་རིག་པ་འཛིན་པ་ལ་དད་པ་ཆེས་ཆེ་བས་ཅི་གསུང་དངས་ལེན་ལས་གཏིང༼རྟིང༽་དེ་ལ་གསུང་སྔ་མར་དཔག་ན་སྐྱོན་ཡོད་རྒྱུ་ཞིག་ཤར་འགྲོ་བས་ཅིས་ཀྱང་ཆོད་ཡིག་ལ་གཟིགས་ཏོག་ཞིབ་མོས་སྐྱོན་ཆེ་ཆུང་ཇི་ལྟར་འདུག་ཀྱང་དེ་ལ་མཛུབ་བཙུགས་དང་། རྒྱལ་སྲ་བསླབ་བསྐྱར་རབ་སྐུ་མཆེད་འདོད་གཅིག་གང་རིགས་རྒྱལ་པོ་མཁྱེན་དཔྱོད་ཅན་ཡིན་པས་གནང་ཐུབ་འགྲོ་བས་ཅིས་ཀྱང་གལ་ཆེ་ཚུལ་གྱི་འཕྲོས་ཞག་ཁ་ཡར་བར་བསྟར་ཆགས་སུ་སྙན་དུ་ཕུལ་ཡང་། རྒྱལ་སྲས་རང་གི་གསུང་ལྟར་ལ་དྭགས་ཀྱི་རྒྱལ་རིགས་ཆོས་མཐར་སོན་པ་རྒྱལ་པོ་ཉི་མའི་གཅུང་ལྷོ་འབྲུག་པར་སོང་བ་ཞིག་ལས་མ་བྱུང་བ་ཐུགས་མད་ལ། གང་ཅིར་རྒྱལ་སྲས་བསླབ་བསྐྱར་སྐུ་མཆེད་འདོད་གཅིག་ཁྱོད་ཀྱི་བཀའ་ལ་མ་གསན་ཕྱིན་ངེད་ཀྱི་ཞུས་ནས་ག་ལ་གསན། ཆོད་ཡིག་གི་གནང་སྒོ་ཀུན་ངེད་རང་རྣམས་ཀྱི་བསམ་པ་ལས་ཀྱང་ལྷག་ཅིང་ལེགས་པ་སྐུ་ཞབས་ནས་མཛད་འདུག་པ་དེ་ལ་རང་གི་སྐྱོན་མ་ཤེས་ངེས་ཅན་ལས་སྐྱོན་མཐོང་ནས་མ་ཞུས་པ་ལྟ་བུའི་མཛེས་ཁྲིག་མིན་ཚུལ་གྱི་དབུ་བསྙུང་བཅས་གནང་བ་ཁ་སིང་གི་གསུང་ལྟར་ན་དེ་ལ་ད་དུང་པྱི་བརྟོལ་བསྐྱེད་དགོས་ཡོད་ཀྱང་རང་ཉིད་གོ་མེད་ལྟུང༼ལྟ་བུར༽་སོང་དགོས་འཕྲོ་བསྐྱུང་། རྒྱལ་པོའི་ཐུགས་ལ་དེ་ལྟར་སྐྱོན་མེད་དུ་ངེས་པར་དགོངས་ཚེ་ཆོད་ཡིག་འདིའི་རྒྱབ་བྱང་དུ་ལ་དྭགས་དྲག་ཞན་འཐུས་འོས་ཚངས་མའི་རང་རང་གི་བསམ་ཚུལ་བཞིན་ཡི་གེ་རྟགས་ལྡན་བླང་བ་དེ་སྐབས་རྒྱལ་པོ་རང་གི་བཀའ་བློན་དང་གཟིམ་དཔོན་གྱི་ཐེའུ་ཡོད་རུང་ད་ལམ་དེ་དོན་འགྱུར་མེད་དུ་རྒྱབ་ཡིག་རྟགས་ཐེའུའི་བརྒྱན་པ་ཞིག་ཡང་ཅིར་གནང་ཞེས་སྨྲས་པར་ཅིས་ཀྱང་དེ་ལྟར་འོས་ཤིང་འཐད་ཞེས་རྒྱབ་ཡིག་ཏུ་ལ་དྭགས་རྒྱལ་སྲས་སྐུ་མཆེད་ལེགས་སྤེལ་གྱི་བཅད་ཁྲ་གནང་དོན་འདི་ལ་བཅོས་བསྒྱུར་ཅུང་ཟད་ཡང་མེད། རྒྱལ་བུ་ཚེ་དབང་ཁྲིར་འོས་ཤིང་བབ་བཞིན་ཁྲིར་གནས་པར་མཛད་འདུག་པ་ངེད་མུལྦེ་རྒྱལ་བློན་ཡང་དེས་བློ་ཁ་རྫོགས་ཤིང་ཡིད་ཆིམ་པས་ངེད་ཅན་ནས་ཁྲ་དོན་འདིར་འགལ་བ་སྤུ་ཙམ་མི་བྱེད་ཚིག་ཙམ་མ་ཡིན་པའི་དད་འབུལ་ཡིན་ཚུལ་ཞལ་ནས་གསུང་ཞིང་རྒྱལ་པོ་རང་གི་ཐཾ་ཀ་དང་བློན་བུའི་ཐེའུ་པུ་རིག་དྲག་གྲས་ཐམས་ཅད་ཀྱི་ལག་བསྐོར་གྱི་ཐེའུ་བཅས་སྦོ་ཟླའི་ཡར་ཚེས་རྒྱལ་བ་གསུམ་པར་ཕུལ་བར་མཛད། རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཡང་ཟུར་མོ་མ་མ་དེ་སྦྲུམ་མ་སང་བཙས་གནང༼གངངས༽་བཙས་ཀྱི་ཐུགས་ལྷག་པར་རིང་བས༼རིངས་པས༽་འབྱོན་ལོང་ཡོད་མེད་མཇད་པར་སྦོ་ཟླའི་ཚེས་བཅུ་གསུམ་ལ་ངེད་ནས་ཐོན་འཇའ་བྱས་ཤིང་རྒྱལ་སྲས་རྒྱལ་མོ་ནས་ཕེབས་བསྐྱལ་རྟ་པ་ཉི་ཤུ་སྐོར་བཅས་ཕེབས་སོང་༎ མདེ་ལྟར་རྒྱལ་སྲས་དང་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ སྐུ་མཆེད་ཀྱི་བཟང་སྤེལ་སྔ་མ་འགྲིག་ཆགས་ལ་མུལ་རྗེ་ངས་བཀའ་ཁྲིམས་ཡང་བསྐྱར་དགོས་ཚུལ་གསུང་བའི་མདོ་དོན་སྙིང་པོ་དེ་ཡན་གྱི་ཐག་གཙང་མར་ཆོད་སོང ༈ གང་ལྟར་རྒྱལ་པོ་ཤེལ་དུ་ཟླ་བ་ཧྲིལ་པོ་གཉིས་ཀྱི་བར་བཞུགས་ནས་རང་དབང་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་གསུང་ཇི་སྙེད་ཞིག་བྱོན་པ་དེ་མམས་ཕན་པ་དང་ནུས་པ་གཞན་ཡང་ལོས་ཡོད། གནས་སྐབས་སྤྱི་ཡི་ལྟར་སྣང་མཐུན་པར་ནི་གཟུ་བོ་མ་ཡིན་པའི་རང་བཞེད་ཀྱི་བརྟུལ་ཞུགས་ཁོ་ན་སྐྱོང་བའི་ངང་ཚུལ་ནང་གི་དེ་ཉིད་གསལ་བ་སྟོན་པའི་ཀནཏཱ་དརཤ་ཞིག་དགོས་དབང་གི་གནང་བ་ཡིན་ནམ་སྙམས་པ་བྱུང་༎ ༈ དེ་ནས་མར་ཡུལ་ལ་དྭགས་ཀྱི་བདག་པོ་ལྷ་བཙད་པོ་ཁུ་དབོན་ལེགས་སྤེལ་གྱི་ཚུལ་ལ་མུལྦེ་རྒྱལ་པོ་ཨ་ཁུ་བཀྲ་ཤིས་རྣམ་རྒྱལ་ནས་སྔ་ཕྱིར་ཁུ་དབོན་ལེགས་སྤེལ་བཟང་བཟླུཾ་མཛད་པར་མི་བཞེད་པ་ལྟ་བུའི་གསུང་ངག་ཡི་གེ་ཡང་ཡང་ཕེབས་གཤིས་རྒྱལ་པོས་མི་བཞེད་ཚེ་བདག་གི་ཡང་ནན་བསྐྱེད་མེད་ཚུལ་ཤེལ་དུ་ཞུགས་སྐབས་ཡི་གེ་སྔ་ཕྱི་ཕོ་ཉ་ངག་མ་བཅས་ཡང་ཡང་བགྱིས་བཞིན་ཝཾ་ལེར་ཕེབས་ནས་ཀྱང་གཏང་འཆིང་ནི་ཨ་ཁུ་རྒྱལ་པོ་དགྱེས་རིགས་མིན་འདུག་པས་སྔར་ཞུས་ལྟར་འཇོག་རྩིས་དང ༈ གངས་ཅན་མགོན་པོ་རྒྱལ་བ་མཆོག་ནས་རྒྱལ་པོ་ཁུ་དབོན་གྱི་ལེགས་སྤེལ་ལ་ངེད་ཆེད་བསྔགས༼མངགས༽་བརྫངས་གཤིས་ལོ་ཤལ༼ཤས༽་གྱི་བཟང་དུས་ཙམ་དགོངས་པ་གཏད་མིན་ཅི་ལྟར་གནང་ཞེས་འཕྲོས་སུ་གསོལ་བ་སྔ་སོར་མུལྦེ་དང་ཤེལ་ནས་གསུང་གནང་བ་དེ་དང་ལམ་གཅིག་པ་ལྟ་བུའི་ཐུགས་ཞི་ཞིང་དུལ༼འདུལ༽་བ་བླ་མ་ལ་དད་པ་ཡོད་པའི་ངང་ཚུལ་དེ་ཡང་གསལ་བར་མཛད་ནས་བཟང་མཚམས་ཙམ་མ་ཡིན་པར་ངེད་ཁུ་དབོན་བར་གཏན་འཆིངས་ཐུགས་རྗེ་དགོས་གསུང་། དེ་ལྟར་ཐུགས་བཞེད་ཡོད་ཚེ་ཁ་སིང་གི་གསུང་དེ་མམ་རང་གཞན་ངལ་པའི་རྒྱུ་ལས་མ་དམིགས་ཚུལ་ཞུས་པར། དེ་སྐབས་རང་ཉིད་བསོད་ནམས་དམན་ཅིང་གཞན་ཟེར་སྣ་ཚོགས་དབང་དང་། བྱད་ཀ་གདོན་སྐྱོན་ལ་བརྟེན་དུས་དེར་བགྱིད་འོས་ཀུན་ཡིད་དུ་མི་འོངས་ཤིང་གཞན་གྱི་ཚུར་སྨྲ་པ་དང་ཕར་བརྗོད་པ་ཡང་མང་ཞིག་ཡིད་ལ་མི་དྲན་པ་ལྟ་བུའི༼བུ༽་རང་གི་ངང་ཚུལ་དེ་ཀུན་ཉེས་པར་ཟད་ཀྱི་བདག་གི་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབ་གནས་སྔར་ནས་ཁྱེད་ལ་དམིགས་པ་ཡིན་ན་མཐོལ་བཤགས་བཟོད་བཞེས་དང་ལབ་འཆིངས་ཀྱང་ཅིས་ན་དགོས་ཚུལ་བཅ་འཕགས་ཡུལ་གྱི་ཀརཤ་པ་ཎིའི་ཕུང་པོ་རྣམ་པར་སྤུངས་ནས་བསྟམས༼བསྟབས༽་པར་མཛད་པ། རྒྱལ་པོ་ནས་དེ་ལྟར་གསུང་བ་གནོང་བའི་ལས་གནོང་བར་ངོས་བཟུང་ནས་འགྱོད་བཤགས་བྱེད་པ་ཡང་མཁས་པ་དམ་པ་ཡིན་མོད། འོན་ཀྱང་བློ་འདུ་བྱས་ཡིན་པས་མི་རྟག་རུང་ད་ལྟའི་དུས་སྐབས་འདིར་གཞན་གྱི་རིན་ཐང་མཆོག་ཏུ་བརྩི་བའི་དངོས་པོ་འདི་ལྟའི་རིགས་ལ་བདག་རང་གི་བློ་ལ་ཧ་ཅང་གི་ཅེར་ཅེར་པོ་མི་འཆར་ཞིང་སྔོན་བསགས་ལས་འཕྲོ་གུ་རུའི་ཐུགས་རྗེ༼རྗེས༽་ཕྱོགས་མེད་ཡུལ་དུ་ལྟོ་རྒྱབ་ཕྱིད་ཙམ་གྱི་དད་རྫས་རྟག་པར་སྤྱད་དུ་ཡོད་ན་ལབ་འཆིངས་ཀྱི་ཞུ་རྟེན་དང་བཤགས་པར་དམིགས་པའི་རྫས་འདི་ལྟ་ནི་སེ་བ་གང་བདག་གིར་མི་བྱ་སྟེ། དེར་མ་ཟད་མར་ཡུལ་ལྗོངས་སུ་སླེབ་ནས་ངེད་ལོ་ཕྱེད་ལྷག་སོང་ཡང་དེ་རིངས་ངེད་རང་དཔོན་སློབ་ཚང་མའི་འཚོ་ཆས་ཀྱང་རིན་གྱི་བཅལ་ཉས་ཉོས་པ་ལས་ལ་དྭགས་རྒྱལ་པོས་ཡོན་སྦྱར་བ་ཅུང་ཟད་ཡང་མ་བླང་བ་ཀུན་གྱི་མཐོང་ཡུལ་དུ་བབས་པ་འདི་ཡིན་དེ་ལྟར་འཚོ་ཆས་ཙམ་ཡང་ཁྱེད་རྒྱལ་པོ་ཡས་མས་ནས་སྔར་དང་ད་དུང་ཡང་མི་བླང་ན་ཕྱོགས་འདིའི་ལབ་འཆིངས་ཆེད་དུ་ཁབ་སྐུད་ཙམ་ཡང་མི་ལེན་པའི་ཞེ་དམ་བཅས་པ་ཡིན་པས་རྒྱལ་པོའི་མཐོལ་བཤགས་ནི་བླངས་ལ། དངོས་པོ་ནི་མི་འཚལ་ཞེས་དུས་སྐད་ཅིག་མ་དེ་ཀར་ཕྱིར་བཟློག དེ་ནས་ཡང་བསྐྱར་རྒྱལ་པོ་ཁུ་དབོན་སོ་སོར་དགོངས་པ་གཏད་ཚེ་བཟང་དུས་ལོ་བརྒྱད་ནས་བཅུ་གཉིས་བར་བྱེད་འདོད་ཡིན་པས་དེ་ཅི་ལྟར་གནང་ཞེས་གསོལ་བར་ལ་དྭགས་རྗེ་བློན་ནས་ཁུ་དབོན་ནང་འགལ་རྨེ༼དམེ༽་འཁྲུག་ཤིན་ཏུ་མ་འདོད་པས་གཞུངས་སར་སྙན་འབུལ་ཞུ་ནས་གཏན་འཆིངས་སུ་མོས་ཀྱང་ཨ་ཁུ་རྒྱལ་པོ་ཕར་བསྟུན་བཞིན་གྱོང་རུ་བཏང་གཤིས་ད་ཆ་ཕན་ཚུན་འཐབ་འཁྲུག་དགོས་ཕྱིན་ཨ་ཁུ་ལ་གནོད་ཚབ་མ་ཆེ་ན་ངེད་ལ་དྭགས་པ་ལ་གནོད་ཚབས་མི་ཆེ་བས་ལོ་བཞི་ལས་ལྷག་མི་བྱེད་ཚུལ་ཟེར། མུལྦེ་རྒྱལ་བློན་ནས་བཟང་མཚམས་ལོ་བཅུ་གཉིས་མ་ཟད་ཉི་ཤུ་སུམ་ཅུའི་བར་ཅིས་ཀྱང་དགོས་ཚུལ་དང་། དེ་བས་ཀྱང་ད་ལམ་ཅིས་གཏན་འཆིངས་ཁོ་ང་གནང་དགོས་སྟེ། ད་ལམ་ངེད་རང་ཚངས་མས་སྙིང་ནས་དད་པའི་ཡུལ་བླ་མ་ཁྱེད་ཕེབས་སྐབས་འགྲིག་བཟླུཾ་མ་བྱུང་ཕྱིན་རང་གི་དཔོན་པོ་བཱཀྵ་ཡིན་ཡང་ཁ་ཆེ་ནས་ཡོང་བའི་མི་རྣམས་ནི་ནོར་སྙད་ཁོ་ནས་ཕན་ཚུན་སེལ་སྤྲད་ལས་བཟང་སྤེལ་དཀའ་ཞིང་གཞན་རྒྱལ་ཁག་ཕན་ཚུན་སུ་བྱུང་ཀྱང་ལབ་འཆིངས་ཀྱི་སྤྲོ་པ་མི་ཡོངས་ལ། སུ་རྒྱལ་སུ་ཕམ་སྔོན་ལ་བསྒུག་སྡོད་ལས་མེད་ཚུལ་ཁོ་ཐག་ཆོད་པ་ཡང་ཡང་ལབ་བྱུང་ཞིང་། དེ་མཐུན་སྒར་དཔོན་ཟུང་ལ་ཡང་ཞུ་ངོ་སྒྲན༼སྦྲན༽་ཡོད་འདུག་པའི་ཡི་གེ་ཡང་འབྱོར་བས། འཕྲོས་ལན་དུ་རྒྱལ་པོ་ཁུ་དབོན་ལེགས་བཟླུཾ་ཆེད་དུ ༈ རྒྱལ་བ་མཆོག་ནས་ངེད་བསྔགས་པར་ནང་ཡང་། ཁྱེད་རང་ཕན་ཚུན་ནཐུགས་རྟོག་ཁོ་ནས་ཡུན་དེ་སྙེད་འགོར་འགྱིང་གི་ངེད་རང་གི་བགྱིད་འོས་བྱེ་བྲག་པ་དམ་པ་མང་ཞིག་བཤོལ་བའི་རྒྱུར་སོང་ཞིང་། ད་དུང་གཏན་འཆིངས་བྱས་ཚེ་ངེད་འདིར་འབྱོར་བ་ངས་ཞུ་ཚིག་སྲིད་དུ་རིང་བ་བྲིས་སྐད་བཅས་དབུ་ཉོག་ཅིག་ལས་གཅིག་ཆེས་འགོར་ཆེན་པོས་ཡིད་དབྱུང༼འབྱུང༽་བས་བསྔོན༼སྔོན༽་བཟང་མཚམས་བྱས་ནས་བབ་ལྟས་འཕྲོས་བྱ་རྒྱུ་བྱེད་ཞེས་སྨྲས༎ དེ་ནས་ཐོག་རྔར་རྒྱལ་པོ་ཨ་ཁུའི་ཞུས་ནན་ལྟར་ལོ་བཅུ་གཉིས་བར་བཟང་མཚམས་རྩིས་ལ། རྒྱལ་པོ་ཨ་ཁུའི་དྲུང་ནས། བདེན་ཚིག་ཞུ་ལོངས་མེད་པའི་གཅོད་མཚམས་ཡོངས་དོག་གསུང་ངག་ཡི་གེ་བཅས་ནན་ཆེས་པས་འཕྲོས་ཅུང་ཟད་ནི་འགོག་པར་མ་སྤོབས་ལ། གཞན་བཟང་དུས་ལ་མཚན་མང་པོ་ནི་གནང་མི་དགོས་ཚུལ་ཞུས། ༈ དེ་ལ་ལ་དྭགས་རྒྱལ་སྲ་རིན་པོ་ཆེ་དང་བདག་མོ་ཀུན་འཇོམས་བློན་གཙོ་བཅས་ནས་ན་རེ། ཨ་ཁུ་རྒྱལ་པོར་གཙོ་བོ་རྒྱལ་སྲས་དང་གཞན་ཡང་རྒྱལ་པོ་རྒྱལ་མོ་བློན་འབངས་བཅས་ཚངས་མས་བཀུར་བཟོས་ལེགས་ལམ་མཐུན་ཕྱོགས་གང་ཆེ་ལོ་ཟླ་དུ་མར་ཕར་བསྟུན་པ་ཡིན་ཡང་། བསྟུང་བཞིན་གཤིས་ངན་དུ་བཏང་གྱོང་དུ་བཏང་འདུག་པ། ངེད་རང་ཕན་ཚུན་གཉིས་ཐད་ཀྱི་དད་ཡུལ་བཟང་མཛད་པར་བླ་མ་ཕེབས་ན་ཡང་ཡུན་དེ་སྙེད་ཅིག་ཉན་བཤད་མེད་པར་བོར་སོང་གཤིས་ད་ནི་ཨ་ཁུ་རང་གི་ཐུགས་འདོད་གང་ཡོད་ལ་བཞག་པ་ལས་གཞན་མེད་ངེས་ཡིན་ཚུལ་ཟེར༎ དེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དྲུང་ནས་ན་རེ། ཡབ་ཉི་མ་རྨམ་རྒྱལ་དང་གཅེན་བདེ་སྐྱོང་རྨམ་རྒྱལ་གྱི་སྐབས་སུ་ས་རིས་འཇག་ནས་གྲུབ་པར་ཁོང་རྣམས་ནས་བརྙད་བཙེར་བྱས་པ་ལས་ངེད་ནས་ཕར་ལ་དྭགས་པའི་ཞབས་འདྲེན་འགྲོ་བ་མ་ཞུས་ཟེར ༈ དེ་ལ་ལ་དྭགས་རྒྱལ་བློན་གཙོ་བོ་རྣམས་ནས་ན་རེ། རབ་མྱོས་ལྕགས་རྟ་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔར་རྒྱལ་པོ་ཁྲི་ཕུན་ཚོགས་མམ་པར་རྒྱལ་བ་དང་བདག་མོ་ཀུན་འཛོམས་ཉི་ཟླ་རྒྱལ་མོར་ཁྲི་ཕུལ་བའི་སྐབས་ལ་དྭགས་རྒྱལ་ཐབས་མཁར་གྱི་འབབ་ཏང་གི་དེབ་རིམ་ཅན་འཕར་ཆག་མེད་པ་ལ་དེ་ཡི་ཁུང་ཕལ་ཆེར་སྟོངས་པ་ལ་བརྟེན་རྒྱལ་བློན་རྒན་གཙོ་དམངས་བཅས་སྤྱིར་དེ་ལྟར་འགྱུར་བའི་རྒྱུ་རྐྱེན་གང་ཡིན་མོལ་བསྡུར་མཛད་པར་མཁར་བུ་ནི་ལ་དྭགས་མེས་རིམ་བརྒྱུད་སྙིང༼རྙིང༽་ཁུང༼ཁུངས༽་དང་། པི་ཏི་ནི་རྒྱལ་པོ་ལྷ་བཟང་སྐབས་ལ་དྭགས་མངའ་འོག་མཁོས་ཆུང་གཤིས་ཁ་ཆེའི་མགྲོན་སྐྱོངས་སུ་བྱིན་པ་ཡི་ཨ་ཁུ་རྒྱལ་པོས་བསྣམས་འོས་མིང་ཞེས་སྤྱི་ནས་གླེང་ཞིང་དམངས་རྒང་གཙོ་ཚངས་མས་མཁར་བུ་པི་ཏི་ཨ་ཁུ་ལ་ད་རེས་ཞུ་འོས་སྐབས་སུ་ཆེ་ཚུལ་དང་། དེ་ལ་དྲག་གྲས་བློན་པོ་རྣམས་ནས་པི་ཏི་ཞུ་བ་རེ་ཞིག་ངང་བསྲིངས་ནས་སྙིང༼རྙིང༽་ཁུང་ཡིན་གཤིས་མཁར་བུ་ཙམ་ད་རེས་ཞུས་ན་སྐབས་སུ་བབས་བསམ་ཟེར་བར་བློན་ཚུལ་ནས་དམངས་ཀྱི་ཞུས་དེ་ཤིན་ཏུ་བདེན་ལ་དེ་གཉིས་ཀ་ད་ལམ་ཞུས་ན་ལེགས་ཞེས་ཁོ་རང་ལག་བསྟར་གྱི་ཡི་གེ་བྲིས་ནས་མཁར་དཔོན་ བསོད་ནམས་ཕུན་ཚོགས་ དང་མཛོད་ཀུན་དགའ་ཨ་ཁུའི་སྐུ་ཞབས་སུ་བརྫངས་ནས་ཡི་གེ་ཕུལ་བར་ཉི་མ་ཕྱི་མར་གསུང་ལས་ལ་དྭགས་ནས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ ཡབ་ཡུཾ་ཁྲིར་འཁོད་མ་ཐེག༼ཐག༽་ཐོག་མར་དགྲ་འདུལ་གཉེཉ་སྐྱོང་གཞཉ་མེད་པར་ངེད་མ་སྨད་ལ་ཡབ་དང་གཅེན་གྱི་སྐབས་སུ་འཇག་པའི་ས་རིས་དགོས་ཟེར་བ་སོགས་མ་དགྱེས་པའི་གསུང་མང་དུ་བྱོན་པ་དེ་ལ་རྒྱལ་པོ་ཡབ་ཡུམ་ནས་ནོ་ནོ་འཇིག་རྟེན་དང་འ་ཕ་ཟླ་བ་ཆེད་གཉེར་གྱི་བརྫངས་ནས་ཨ་ཁུ་ལ་ཞུ་ཚུལ་དེ་ལྟར་བདག་ཅག་རྣམས་ནས་མ་ཤེས་པ་སྐྱོན་དུ་ཟད་ཀྱི་ད་ཆ་མི་དགྱེས་པ་མེད་པར་བཟོད་གསོལ་དགོས་ཚུལ་ཞུ་པར་ཨ་ཁུ་རྒྱལ་པོ་ཡང་དགྱེས་བཞིན་ནས་ལ་དྭགས་ནས་ཀྱང་ཡབ་དང་གཅེན་གྱི་སྐབས་ལྟར་ངེད་ལ་སྤྱན་བསྐྱངས་གང་ཆེ་དང་། ངེད་ནས་ཀྱང་ས་མཚམས་ཀྱི་བགྱིད་འོས་ལ་དྭགས་པར་ཕན་ཆར་གང་འགྲོ་ཞུ་རྒྱུ་ཡིན་ཚུལ་བཅས་བཟོད་གསོལ་བཟོད་བཞེས་གནང་གྲུབ་པ་ཡིན་ཀྱང་ངེད་རྨམས་ནས་བཟོད་གསོལ་གྲུབ་རྩིས་ལ་ད་ཆ་ཨ་ཁུའི་དེ་བཟློག་གསུང་རྒྱུ་ཡིན་ན་མཁར་བུ་སྔར་གྱི་ས་གཞིས་རྙིང་ཁུངས་ཨ་ཁུའི་ག་ལ་ཐོབ། པི་ཏི་ལ་དྭགས་ལ་རྒྱར་ཕན་པའི་ཆེད་དུ་གཞུངས་སར་ཞུས་གཞུངས་ནས་ཀྱང་། ལ་དྭགས་མཁར་ཆེན་དུ་གནང་བ་ལས་ཨ་ཁུའི་རང་འདོད་ཀྱི་སྣོན་མར་ཞུས་པ་ག་ལ་ཡིན་པས་དེ་ཡང་ད་ཆ་ལ་དྭགས་མཁར་དུ་བཟློག་དགོས་ངེས་ཅང་ཡང་བཀའ་ཡི་ཁྱབ་པ་དང་། ལར་ལ་དྭགས་མཁར་གྱི་འབབ་བཏང་མཐའ་དག་སྟོང་བའི་གཞི་རྩ་ནི་བློན་ཚུལ་གྱི་ཕ་ བློན་པོ་བསོད་ནམས་ ཀྱི་སྐབས་ནས་རང་འདོད་ཁར་འཚོངས་འབའ་ཞིག་གི་ས་རིས་འབབ་ཡོངས་ཕལ་ཆེར་བླང་བ་ལ་བརྟེན་ཏེ་བྱུང་བ་ཡིན་ཡང་འདི་སྐབས་ཨ་ཁུ་རྒྱལ་པོར་མཁར་བུ་པི་ཏི་བཟློག་པ་བབ་འབྲེལ་ཆེ་ཚུལ་ཟེར་བ་ཡང་དོན་དུ་ཁུ་དབོན་སེལ་སྤྲད་ནས་རང་ཉིད་ཡངས་འདོད་ཡིན་འདུག་ལ། དེ་སྐབས་ཨ་ཁུ་རྒྱལ་པོ་ལ་ཡང་དེ་མཚུངས་ཀྱི་སེལ་སྤྲད་ཞུས་པ་གཞིར་བཅས། ཚུལ་དེར་དམིགས་ནས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ སྐུ་མཆེད་ལ་རྒྱལ་སྲས་ཀྱི་ངན་ཤོམས་འདུག་ཚུལ་ཡིད་ལ་མ་ཤར་བའི་སེལ་སྤྲད་བཟོད་པར་དཁའ་བས་མཚོན་དེ་རིགས་ཆེ་མང་བ་བྱས་པ་ཡང་ཕལ་ཆེར་གྱི་ཡིད་ལ་ངེས་ཤིང་ཐོས་ལྟར་ཡིན་པ་བློན་ཚུལ་ཉེས་པ་ཅན་ཡིན་མིན་ཨ་ཁུའི་ཡང་མཁྱེན་པར་ངེས་ལ ༈ སྐྱབས་མགོན་མཆོག་ནས་ཀྱང་དགོངས་པས་དཔྱད་པ་དང་། ལར་ནི་མེས་ཆེན་ཉི་མ་རྣམ་རྒྱལ་ཆོས་ལ་ཐུགས་གཞོལ་བ་ཡི་འཇིག་རྟེན་གྱི་བྱ་བཞག་ཕྱིའི་ལ་རྒྱ་ཀུན་བཀའ་བློན་ཀུན་དགའ་ཕུན་གྱི་མཛད་ནས་ཡོ་འཁྱོམ་ཆེ་བ་མ་བྱུང་ཡང་ནང་ཚགས་ཀྱི་སྐོར་བློན་པོ་གཡོ་སྒྱུ་ཅན་གྱི་ངག་དང་། ཟི་ཟིའི་གང་ཞུས་ཁོ་ནར་འགྲོ་བ་ཀུན་ལ་གསལ་བཞིན་ཡིན་ཟེར༎ དེ་མུལྦེ་རྒྱལ་བློན་ནས་ན་རེས་ཡབ་རྗེ་ཉི་མ་རྣམ་རྒྱལ་ཆོས་རྒྱལ་སུ་བརྗོད་ནས་མཁྱེན་པ་རྫོགས་པར་བྱས་བྱ་བ་ཐམས་ཅད་ཀྱི་ཟི་ཟིའི་ཞལ་དབང་སོང་ཚུལ་འདུག་པ་ཟི་ཟིའི་ཞལ་དབང་སོང་ནས་ལ་རྒྱར་མ་གནོད་པའི་ཁར་སྐུ་ཞབས་རྒྱལ་སྲས་རང་ཉིད་བྱིས་པའི་སྐབས་ཡུམ་དང་བྲལ་ཟི་ཟི་རྒྱལ་མོས་བརྩེ་སྐྱོངས་ཆེན་པོ་ཞུས་པ་ཡིན་ན་དེ་ལྟར་གསུང་གནང་སྐབས་སུ་བབ་མིན་དགོངས་དཔྱད་དང་། ཟི་ཟི་རྒྱལ་མོའི་ཞུས་དབང་ཁོ་ནར་འགྲོ་ཀྱི་ཡོད་ན་ཁ་ཧཕུ་ལཽ་ན་ཐོག་མར་གཉེན་སྡེབས་སྐབས་བདག་གི་མེས་ཧ་ད་ཁང་དང་ཞང་པོ་རྡབ་ལད་ཁན་གྱི་ཟི་ཟི་བག་ལ་བཏང་ནས་སྲས་བྱུང་ན་སྟེང་མཁར་གནང་བའི་ཆད་སོ་བཟུང་བ་ཡིན་ཡང་ཟི་ཟིའི་ཁ་དབང་ལ་མ་བཞག་པས་ད་ལྟ་ངེད་ལ་མེད་པ། ད་ཆ་ཟི་ཟི་ཁ་དབང་ཡིན་གསུང་ཚེ་དེ་ཡང་ངེད་ལ་འཇག་དགོས་ཟེར། ༈ དེ་ལ་ལ་དྭགས་རྒྱལ་བློན་ནས་ན་རེ། རྒྱལ་སྲས་རང་ཉིད་ཆུང་ངུའི་སྐབས་སུ་ཟི་ཟི་རྒྱལ་མོས་བྱཾས་པོ་བྱས་ཞེས་ཁྱེད་རྣམས་ཀྱི་སྨྲངས་ག་ལ་དགོས། རང་གི་སེམས་ལ་བཞག་ནས་ད་ལྟ་བར་ཟི་ཟི་དང་ཨ་ཁུ་རྒྱལ་པོ་བཅས་པར་ཕན་ཆར་གང་འགྲོ་བྱས་པ་ཡིད་ལ་གསལ་དགོས་ཡོད་ཀྱང་དེ་མ་མཁྱེན་པར་དུས་ཕྱིས་ངེད་ལ་ངན་སྨྲས་སྒྲོ་བསྐུར་ཅི་ཙམ་ཞིག་བྱས་ཁྱེད་རང་དཔོན་གཡོག་རྣམས་ཀྱི་བློར་གསལ་བདག་རྒྱལ་པོའི་སྲས་རྒྱལ་པོའི་བཙུན་མོ་དངོས་མར་མཁར་ནང་སྐྱེས་པ་ལ་དྭགས་ཡུལ་སྲོལ་བཞིན་བུ་རྒྱལ་སྲིད་རྒྱལ་ཐོབ་ངེས་དེ་ངེས་ཡིན་པར་མ་ཟད་དེ་སྐབས་སྤུན་ཡང་མེད་པའི་བུ་གཅིག་སྟེ། དེ་བདག་མེད་བོར་བའི་སྲོལ་གཞན་ནས་མི་འདུག་བཞིན་ནང་གི་ཁུར་སྐྱོང་བྱེད་པའི་བདག་མོས་ཕན་པ་ཅུང་ཟད་བྱས་པ་ལ་གཞན་ལ་མེད་པ་ལྟ་བུའི་དྲིང་ཡུས་བསྒྲང་བར་ཡང་སྐབས་སུ་མི་ཆེ་སྙམས། དེས་ན་སྐབས་འདིར་བདེན་ཚིག་དྲང་པོར་བརྗོད་པ་ལ་མེས་ཉི་མ་མཁྱེན་ཡངས་དང་མདུན་སྡོད་དྲུང་འཁོར་བརྩེ་བ་ཆེ་ཞིང་ཟི་ཟི་ཞལ་དབང་ཆུང་ན་རང་གི་མངའ་འོག་ཏུ་གྱུར་པ་ཇོ་ཁག་དྲག་པ་ཞིག་གི་བུ་མོ་རྒྱལ་པོ་ཆེ་ཁའི་བག་མར་མ་སླེབས་སྔོན་ནས་མཁར་ལ་བགོ་ཤ་བཏང་བའི་ཚུལ་འདི་ཡི་མཚོན་པར་ནུས་ཏེ་གཞན་ཀུན་ཡང་དེ་ཡི་རིགས་འདྲེ༼འགྲེ༽་ཡིན། སྟེང་མཁར་ནི་བདག་ཅག་གི་ཡབ་བདེ་སྐྱོང་རྣམ་རྒྱལ་ཁྲི༼ཁྲིར༽་སྤར་སྐབས་བློན་རྒན་དམངས་ཚངས་མས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་འདི་རབ་སྐུ་ཆོས་མཛད་པ། དེ་མིན་ལ་དྭགས་མཁར་མགོ་གཞན་གཅིག་གནང་ན་ལས། པུ་རི་མུལྦེར་བཞག་ན་ཁ་ཆེའི་ལམ་བར་དུ་སོང་གཤིས་མཐར་འཐབ་ཅིང་རྒྱུར་ངེས་པར་འགྲོ་ཚུལ་ཞུས་ཀྱང་གསན་པར་མ་མཛད་ཅིང་། ཅིས་ཀྱང་མུལྦེ་གནང་ཡང་ཏིང་མོ་སྒང་གནང་བ་དང་མཁར་ཆེན་དངོས་པོ་ནས་ཚབ་ཆེན་བསྣམས་པ་ལ་དྭགས་ཡུལ་སྲོལ་ལ་གཏན་ནས་མི་རིགས་ཚུལ་སྤྱི་བརྟོལ་ཆེན་པོས་ཞུས་པ། ཡུལ་སྲོལ་བཟློག་པར་དཀའ་བ་ཡི་མ་གསན་ན་ཕུགས་མི་བརྟན་པར་དགོངས་ནས་མཁར་ཆེན་དུ་རང་འཇགས་ལས་གཟུར༼བཟུར༽་ནས་བྱམས་བརྩེས་མཁར་ཆེན་དུ་སྦྱར་བ་མ་ཡིན་པ་མཁྱེན་དགོས་ལ། དེར་ཡང་མ་ཟད་ཟི་ཟི་རྒྱལ་མོ་རང་གི་ཐུགས་འདོད་ལྟར་བྱུང་ན་ལ་དྭགས་མཁར་རྫོངས་ཡོད་ཚད་ཀྱི་ནོར་རྫས་ཀྱང་གསུམ་ཆར་བགོས་བཞེད་དུང་དུང་པོ་བྱས་འདུག་རུང་། བཀའ་བློན་ཀུན་དགའ་སོགས་བློན་ཆེ་ཕྲ་རྒན་མི་དམངས་ཚངས་མའི་བློར་མ་འཇུག་ནས་ནུས་པ་མ་ཐོན་པ་ལས་སླེ་མཁར་གྱི་དངོས་པོ་སྔར་ཐེམ་མི་འདའ་ཡི་རིགས་ཀྱང་ཕྱིར་བཏོང་ནས་སྒྱེ་བུ་ཡང་མ་ལུས་པ་ཙམ་བྱས་པ་ཀུན་གསལ་དེ་ལྟར་ལ་དྭགས་སུ་རྒྱལ་པོ་ཇི་རིགས་སྤྱི་དང་བྱེ་བྲག་བླ་ཆེན་པོའི་གདུང་རབས་ཆགས་ནས་ད་ལྟའི་བར་ཇི་སྙེད་རིམ་པར་བྱུང་བར། དེ་ལྟ་བྱས་པ་མ་ཐོས་ཤིང་མ་གྲགས་ལ་འཕྲལ་དུ་ཡང་བདེ་ལྡན་རྨམ་རྒྱལ་སྐབས་གྱེས་པའི་ཨ་ཁུ་ཟང་དཀར་རྒྱལ་པོ་དང་། མེས་ཉི་མའི་སྐབས་སུ་གྱེས་པ་ཧེ་ན་ཀུ་སྟེ། དེ་རྣམས་ཇི་ལྟར་གནས་ད་ལྟ་དངོས་གསུམ་འདི་ཀ་ཡིན་ན། མེས་ཉི་མའི་སྐབས་ཟི་ཟི་ལ་བྱུང་བའི་སྲས་ཁོ་ན་གཉའ་རེང་བ་འདི་ཟི་ཟིའི་ཞལ་དབང་མིན་ཚེ་གཞན་སུ་ཡི་དབྱེན་བཅོས་པ་ཡིན་ལན་གསལ་བཀའ་གནང་དགོས་ཚུལ་ཡང་ཟེར། མུལྦེ་རྒྱལ་བློན་ནས་ན་རེ། ལ་དྭགས་ཀྱི་མངའ་འོག་ཏུ་ཁ་ཧཕུ་ལོ་འདུ་ཚུལ་སྙན་པར་བརྗོད་པའི་སྒོ་ཙམ་ལས། ཇོ་ཁག་དེ་ནི་དམག་ལྔ་སྟོང་གི་བདག་པོ་རེ་དཀར་རྡོ། རེས་ལ་དྭགས་ལ་འདུད་པ་གཉེན་འབྲེལ་གང་ཟབ་ལ་ལྟོས་པ་ཞིག་ལས་ལ་དྭགས་པའི་མངའ་འོག་ཏུ་རྟོགས༼གཏོགས༽་ཙམ་ལས་པུ་རི་ཇོ་ཁག་བཞིན་ངེས་པར་འདུ་བ་ཡང་མིན་ལ། དེར་ཡང་མ་ཟད་ཕལ་དུ་ཡང་བུད་མེད་ཆེན་མ་མ་བུ་ཡོད་བཞིན་ཆུན་མ་བླང་ཚེ་ཁ་དན་འཇུག་པ་ཡུལ་སྲོལ་ལས་གསར་བྱུང་མ་ཡིན་ཚུལ་དང་། ཟང་དཀར་རྒྱལ་པོ་དང་། ཧེ་ན་ཀུའི་རྒྱལ་པོའི་མཚུངས་དཔེར་གནང་བ་ནི་ཁོངས་ཚོར་ཡབ་མེས་ཀྱི་གཅོད་རྒྱ་གནང་བ་ལ་མི་གནས་པའི་གསར་འགྱུར་བྱུང་ཡོད་ན་ལན་གསལ་འཁྱོང་དགོས་བཀའ་ཁྱབ་བརྩེ་སྐྱོངས་དང་། གཞི་ནས་ཁོང་གཉིས་དང་ངོས་མི་འདྲ། ཕྲན་ལ་ཡབ་རྗེ་རིན་པོ་ཆེས་ཕྱག་འབུལ་ཀྱང་བྱེད་མི་དགོས་པར་གཅོད་མཚམས་གནང་ནས་ད་ལྟ་ཐུག་བརྗོད་མེད་ལགས་ཤིང་། སྔར་ཟི་ཟིའི་ཞལ་དབང་དུ་སོང་ཚུལ་མང་ཙམ་ཞུ་བ་མཛད་འདུག་པ་ནི་ད་ལྟའི་མཛད་བབ་མམས་ཀྱང་རྒྱལ་མོའི་ཞལ་དུ་སོང་མིང་ནཾ། ལ་དྭགས་མཁར་སྤྱིའི་ནས་རྫས་གསུམ་ཆ་དང་། སྟེང་རྫོངས་ས་རིས་ཨ་ཡུཾ་ཟི་ཟིའི་ཐུགས་བསམ་ཆེན་པོས་ལྷོད་གྲོལ་བྱས་པ་ཡིན། སླེས་མཁར་ཆེན་གྱི་ནང་ནོར་ཆ་གསུམ་དུ་བཏང་བ་ནི་ལ་དྭགས་ཡུལ་སྲོལ་དུའང་ནང་ནོར་ཆ་གསུམ་དུ་བཏང་བའི་ཆ་གཉིས་ནང་དངོས་གཞིར་བུ་རྒན་པ་ལ་སྤྲད། ཆ་གཅིག་ཕ་མ་ཟུར་སྡོད་ཁང་བུར་བཟུང་ནས་ཕ་མ་ཤི་མཚམས་སུ་བུ་རྒན་པར་བཟློག་སྲོལ་ཡོད་འདུག་ཀྱང་འདི་སྐབས་ནང་ནོར་སུམ་ཆ་དེ་རྒྱལ་པོ་ཉི་མ་དང་ཟི་ཟིའི་མཚན་ནས་མ་སྨོས་པར་ངེད་རང་གི་མིང་ནས་སྨོས་ན་འཇགས་སུ་བཅུག་པ་གཅེན་བདེ་སྐྱོངས་ཀྱི་ཐུགས་རྗེས་གཟིགས་པ་ལས་ཟི་ཟིའི་ཁ་དབང་གཅིག་པུ་མ་ཡིན་ཚུལ་ཟེར། ༈ ལ་དྭགས་རྒྱལ་བློན་ནས་ན་རེ། ཨ་ཁུ་ནས་ཞུས་པའི་དོན་ལ་གོ་མེད་གནང་བ་ལས་ཟངས་དཀར་རྒྱལ་པོ་དང་ཧེ་ན་ཀུའི་རྒྱལ་པོ་ལས་ལྷག་པའི་ཡབ་ཀྱི་གཅོད་མཚམས་ཡོད་ཞེས་ལྟར་སྣང་ལས་དོན་གཏན་ཚིགས་ཡོད་པར་དཀའ་ཡང་ངེས་མེད་ཡོད་སྲིད་ཚེ་དེ་ཀ་ཟི་ཟིའི་ཞལ་དབང་དུ་སོང་ནས་བྱུང་བ་ལགས་ཞུ་བ་ཡིན་ལ་དྭགས་སུ་རྒྱལ་པོ་ཆགས་པ་ནས་རྒྱལ་རབས་ཇི་སྙེད་པར༼བར༽་བུ་རྒན་པས་རྒྱལ་སྲིད་བཟུང་གཞོན་པ་རྣམས་ཕལ་ཆེར་ཆོས་སྒོར་འཇུག་རེ་རེ་ཙམ་ཆོས་མི་བྱེད་ཚེ་ལྟོ་སྐལ་ཕྲན་བུ་གནང་ནས་བློན་པོའི་གྲལ་དུ་འཇུག་པ་ལས་སྔར་སྲོལ་ཡེ་ནས་མེད་པ་ཀུན་གསལ་ཉིད་དང་། དེར་མ་ཟད་ལ་དྭགས་ཡུལ་དུ་མི་དྲག་གཞན༼ཞན༽་ཚངས་མར་བུ་རྒན་པས་ཕ་མེས་ཀྱི་གཞིས་ཟ། གཞོན་པ་ཕ་ཡི་རིངས་ལ་བྱུང་བ་གསར་ཐོབ་ཉོས་ཡོད་ན་ལས་སྔོན་ཀྱི་རྙིང་པ་ཡེ་ནས་ཐོབ་སྲོལ་མེད་ལ། དེ་ཕྱིན་ཕལ་ཆེར་ཆོས་སྒོར་འཇུག་པ་ཤས་ཆེ་ཞིང་ཟངས་དཀར་དང་ཧེ་ན་ཀུའི་རྒྱལ་པོ་དག་ཀྱང་ཡབ་མེས་རྣམས་ཀྱི་ཡབ་ཡུཾ་གཅིག་པའི་སྐུ་མཆེད་ངོ་ཐོག་ཡིན་ཡང་གདོད་ནས་གྲུབ་པའི་ཡུལ་ཆོས་ཀྱི་ད་ལྟ་ལ་དྭགས་རྒྱལ་པོ་བློན་ཆེ་ཁའི་གོ་ས་འཛིན་པ་ལས་གཞན་མེད་པ་ཚིགས་ཙམ་མ་ཡིན་པར་མངོན་སུམ་འདི་ཀ་ལ་ཨ་ཁུ་ནས་ལུགས་སྲོལ་དེ་ལས་བརྒལ་སྟེ་མེས་སྐབས་ཟི་ཟིའི་ཞལ་དབང་བཙན་པ་གོང་སྨོས་ལྟར་དང་མེས་དང་བདག་ཅག་ཡབ་བདེ་སྐྱོང་སྟབས་གཅིག་གཤེགས་ཤིང་། དེ་རྗེས་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ མཁྱེན་ཡངས་ཤིན་ཏུ་ཆུང་བར་དེ་ལ་མིག་བརྙས་གཉའ་གཅོག་གི་རང་མཚམས༼འཚམས༽་ལ་ཁག་དཀྲི་བ་སྐབས་སུ་མི་ཆེ་བས་ཆ་དབང་༼གྱིས༽་གཏན་ཚིགས་མིག་སྟོན་ཡོད་ན་དང་དེ་མིན་ཁོང་གཉིས་དང་མི་འདྲ་བའི་ཁྱད་ཆོས་ལག་རྗེས་ཅི་ལྟར་ཡོད་བཀའ་འདྲི་གནང་དགོས་དང་། ཟང་དཀར་རྒྱལ་པོ་དང་ཧེ་ན་ཀུའི་རྒྱལ་པོར་ཡབ་མེས་ཀྱི་གཅོད་རྒྱ་གནང་བ་ལ་མི་གནས་པའི་གསར་འགྱུར་བྱུང་ཡོད་ན་ལན་གསལ་འཁྱོང་དགོས་གསུང་བ་ནི་རྒྱལ་པོ་དེ་གཉིས་ནས་མཁར་ཆེན་ལ་ད་ལྟ་འབངས་གྱེན་ལྡོག་གཡོག་གཉའ་རེངས་ཁྲིམས་མེད་ཀྱི་ཧམ་ཡམ་བྱས་པས་ངེད་ནས་ཀྱང་རྗེས་གནོན་ཅི་ལ་གཏོང་། ཨ་ཁུ་རང་ནས་ཟང་དཀར་རྒྱལ་པོ་ནི་ནང་མ་མཛད་ཀྱིས་འདུག་ཀྱང་། ཧེ་ན་ཀུའི་རྒྱལ་པོས་ཨ་ཁུ་རང་ལ་ལོག་པར་འགྲོ་བ་ཅུང་ཟད་མ་བྱས་ཀྱང་། བློན་པོའི་བུ་མོ་སེམས་ལ་མ་སོང་ཞེས་ཁོས་ཡབ་སྲས་ཕ་གཞིས་སུ་འཁོར་མ་བཅུག་སོང་བ་ཨ་ཁུ་རང་གི་ཞལ་ངས་ཡབ་ཉི་མ་རྣམ་རྒྱལ་དང་། གཅེང་བདེ་སྐྱོངས་ཀྱི་དུས་གང་ཡིན་ལ་ཆ་འཇོག་དགོས་ཚུལ་བརྒྱ་སྟོང་ཁྲི་འབུཾ་བར་གསུངས་ཀྱི་འདུག་ན། མེས་ཉི་མའི་ཡབ་ཡུམ་གཅིག་པའི་ནོ༼ནུ༽་བོའི་སྲས་ཨ་ཁུ་རང་གི་ཕ་སྤུན་གཅེན་པོ་ངོ་ཐོག་ཧེ་ན་ཀུ་པར་སྔར་ཡབ་མེས་རྣམས་ཀྱི་བཀའ་ཐཾ་གཏན་ཚིག་ཆོད་ཐང་བདེ་འཇགས་བྱས་པ་ལ་རལ་བོར་ཐུབ་ཆོད་ཀྱི་མཛད་པ་འདི་ཡང་སྐབས་སུ་མི་བབ་སྟེ། དེ་དོན་སླར་ཡང་འཕྲོས་ཞིབ་མོ་ཞུ་དགོས་དང་། ཨ་ཁུའི་ངེད་ལ་རྒྱལ་མོའི་ཁ་དབང་དུ་སོང་ཚུལ་འདུག་པ། ངེད་བསླབ་གཙང་ཆོས་དགོས༼གོས༽་ཀྱི་བརྟུལ་ཞུགས་འཛིང་དུ་མ་སྤྱོད་པ་ནི་ལ་དྭགས་ཡུལ་དུ་སྔར་མ་བྱུང་བ་ཞིག་ངེད་ངས་གསར་བྱུང་གྱུར་པ་མིན་ཡང་དོན་དུ་གནོང་ཞིང་འགྱོད་མོད། དེ་ནི་རང་གི་རྩ་བའི་བླ་མ་ལ་སྒོ་གསུམ་གུས་པས་བཤགས་འབུལ་བགྱིས་དང་བགྱིད་འགྱུར་ལས་འོས་གཞན་མ་མཆིས་ལ། སྔར་རྒྱལ་པོ་ཇི་སྙེད་ཆོས་ལ་བབ་འདུག་ཀྱང་དེ་ཡི་རྒྱལ་སྲིད་ལ་ཨ་ཁུའི་འདོད་འཚངས་བརྒྱབ་ནས་ཐུབ་ཆོད་ཀྱི་ངན་སྨྲ་ལྷུར་བླངས་མཁན་བྱུང་བར་མ་ཐོས་ཀྱང་། བདག་གི་ཨ་ཁུའི་ནི་འདོད་པས་ངོ་ཚ་བསྒྲིབས་ཏེ་ངེད་ཀྱི་རྒྱལ་སྲིད་ལ་འཚངས་འདོད་ཀྱི་རང་རྒྱལ་གཞན་ཕམ་ཁོ་ནས་ཚིགས་ངན་ཡ་ཁ་སྐྱ་སེར་ཀུན་ལ་སྒྲོག་གང་ཐུབ་བྱེད་པ་ནི་སྐབས་སུ་མི་ཆེ་རུང་གཞན་ཆོས་ཀྱི་ཁྲིམས་བདག་བླ་མ་ཡིན་ཡང་ད་ལམ་ངེད་ཀྱི་ཆོས་ཁྲིམས་ཨ་ཁུའི་སྔོན་མེད་སྲོལ་སོ་མ་གནང་འདོད་འདི་ཡང་ཡབ་མེས་ཀྱི་གཅོད་མཚམས་བགྱིས་པ་ཡིན་ནམ། ད་ལྟ་ཨ་ཁུའི་ཐུགས་ལ་གང་དྲན་ལག་ཏུ་བླང་ནས་མཛད་པ་ཀུན་ཡབ་མེས་ཀྱི་གཅོད་མཚམས་སོང་བ་ལ་ཁག་འགེལ་གྱི་འདུག་པས་དེ་ལྟར་ཞུ་བ་ཡིན་གཞན་ད་ལྟ་ཡང་རྒྱལ་རིགས་ཆོས་སྒོར་ཞུགས་པ་ཁ་ཅིག་བསླབ་སྡོམ་ཉམས་པར་གྱུར་ཞིང་། དེ་ལ་འགྱོད་སེམས་ཙམ་ཡང་མེད་པར་ད་དུང་བཟང་བརྫུའི་ཆེ་ཚུགས་བཟུང་ནང་ངན་སོང་གི་གཏིང་རྡོ་བྱེད་པ་ལ་ཕལ་མོ་ཆེས་སྐྱོན་དུ་མི་བརྗོད་ཅིང་། མང་ཞིག་གི་བསྟོད་པ་ཡང་བརྒྱབ་ཀྱི་འདུག་ན། དེ་ལ་ནི་ཨ་ཁུའི༼ཁུས༽་སྐྱོན་བརྗོད་ཕར་ཞོག བསླབ་བསྐྱར་བའི་གྲོས་འདེབས་པའཾ་དེ་མིན་བླ་མ་ལ་བཤགས་པ་ཕུལ་ཙམ་ཡང་མི་གསུང་བར་སྐྱོང་སྦེད་ཐུབ་ན་དང་ཡོན་ཏན་བརྗོད་ཨེ་རུང་བལྟ་ཀྱི་འདུག་ན་ངེད་ཁོ་ནར་སྒེར་དུ་གནག་པ་འདི་ཇི་འདྲ་ཞིག་ཡིན་འདུག ༈ སྐྱབས་མགོན་མཆོག་ནས་ཀྱང་དགོངས་པས་ཆོད་འགྲོ་ཞིང་ཨ་ཁུའི་ལན་གསལ་འཁྱོང་རྒྱུ་ཡོད་པ་གཞིར་བཅས། གཞན་ངེད་རྒྱལ་མོའི་ཁ་དབང་སོང་ནས་ལ་དྭགས་བསྟན་སྲིད་ལ་བརྒྱར་གནོད་པ་ཅི་ཡང་མ་བྱས། ཟི་ཟི་མེས་ཀྱི་ཁབ་ཏུ་བྱོན་ནས་ལོ་གཅིག་གཉིས་ཙམ་ནས་བཟུང་ཟི་ཟི་རང་སྐུ་དབང་ཤིན་ཏུ་ཆེ་བས་མེས་ལ་དེས་གང་མཛད་མེད་པ་ལ་དྭགས་སྟོ་བཤམ༼སྟོད་ཤམ༽་ཚང་མས་དག་མངའ་འཕེར་ལ་སླེ་མཁར་གྱི་ནང་ནོར་སུམ་ཆ་བྱས་པ་ཡབ་བདེ་སྐྱོང་ནས་ལྷོད་གྲོལ་བྱས་པ་ཡིན་ཅིང་ཡབ་མེས་ཀྱི་གཏན་ཚིག་ཡོད་ན་ཞུ་རྒྱུ་མ་མཆིས་ཤིང་རང་གི་ཐོས་ཚུལ་དུ་མཁར་གྱི་ནང་ངོར་ནས་ཁྱེར་སྤུས་ཆེ་ཞིང་མངའ་ཐང་གཅོད་མཚམས་སོགས་འོས་མིན་ཚབས་ཆེ་བར་ཤེས་ལྡན་བློན་པོ་དག་ནས་དེ་མི་ལེགས་ཚུལ་གསོལ་བར་མེས་ནས་ཕྱག་བཤན༼ཤན༽་བརྣམས་ནས་རོལ་གྲབ༼གྲབས༽་མཛད་པ་ཞབས་ཕྱིའི་ཟིན་པ་དང་དེ་མཐུན་བློན་པོ་ཁ་ཤས་ཆུ་སྦྱངས་གནང་རྩིས་མཛད་པ་ད་ལྟ་ཆ་རྒྱུས་ཡོད་པ་ཡང་ཆེས་མང་བར་ཡོད། རང་འདོད་ཀྱི་ཡིན་མིན་མོ་བསྒྲུབ་པ་ཁོ་ན་ག་ལ་རུང་། སྔོན་ནས་ད་ཐུག་ལ་དྭགས་ལ་མི་རུང་བ་སྣ་ཚོགས་འབྱུང་བའི་གཞི་ཀ་རྡ་ཝར་གྱི་བྱད་སྟེམ་བརླབས་པོ་ཆེ་འདི་ད་ལྟ་ཡང་རྩ་བ་སུ་ལ་ཐུག་ཨ་ཁུ་རང་ནས་དགོངས་ཆུབ་ཡོད་པས་དེ་ཡང་ཟི་ཟིའི་ཞལ་དབང་དུ་སོང་མིན་ཅི་ལྟར་ཡིན་བཀའ་གནང་དགོས་ཚུལ་ཟེར༎ མུལྦེ་རྒྱལ་བློན་ནས་ན་རེ། ཟངས་དཀར་དང་ཧེ་ན་ཀུའི་རྒྱལ་པོ་དག་དང་ངེད་མི་མཉམ་པ་ཡབ་དང་ཇོ་ཇོའི་སྐབས་སུ་ཀུན་ལ་གསལ་བར་གྱུར་པ་ལ་གཏན་ཚིགས་མི་དཔང་དེས་མ་མཐུས༼འཐུས༽་ན། ཁྱེད་རྣམས་ལ་དེ་མིན་གཏན་ཚིགས་ཞིག་ཡོད་དམ་ཅི། ཡབ་དང་ཇོ་ལེགས༼ལགས༽་གཤེགས་རྗེས་ལོ་བསྐོར་གྱི་རིངས་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱི་སོ་ཆིས་ཚོ་འཛིན་དྲིན་དུ་ཡོད་པ་བྱས་ན་དེས་ཀྱང་ཟངས་དཀར་ཧེ་ན་ཀུ་དག་ངེད་དང་མཚུངས་པ་མ་ཡིན་མོད། ཧེ་ན་ཀུའི་རྒྱལ་པོ་ཡང་ངེད་ནས་ཡབ་རྗེའི་བཀའ་ཤོག་བརྩི་མེད་མ་བྱས་ཀྱང་ཁོ་རང་ཁྱེ་བཙལ་ནས་སོང་ཕྱིན་ངོས་ནས་ཀྱང་ཞིང་ཁང་བདག་འཛིན་བྱས་པ་ཙམ་ལས་གཞན་མེད། ཨ་ཡུཾ་ཟི་ཟིའི་སྲས་མོ་སྐྱེ་མ་ཀ་རྡ་ཝར་དུ་སྩལ་བ་ཡང་བུ་སྲིང་གི་ཁྲིམས་བདག་ཕ་མ་ཡིན་གཤིས་བུ་མོ་སྐྱིད་ཅིང་ལེགས་ལམ་དུ་འགྱུར་བ་ཞིག་ཏུ་དགོངས་ནས་གནང་བ་མ་རྟོགས་ལ་དྭགས་རྗེ་འབངས་ཞལ་ངོ་ཚངས་མ་ལ་གནོད་པའི་ཆེད་དུ་བརྫངས་བ་མ་ཡིན་ཡང་། སྐྱེས་མ་ཀ་དྷ་ཝར་དུ་མཐུན་གཤིབ་ཆུང་གཤིས་རང་གནས་སུ་བླང་དགོས་བྱུང་བ་དེ་སྐབས་སླེ་མཁར་དུ་ཡབ་རྗེ་ཕེབས་ནས་རྒྱལ་པོ་ཁྲི་བདེ་སྐྱོང་རྣམ་རྒྱལ་བློན་བཅས་ལ་གསུང་མོལ་མཛད་ནས་སྐྱེས་མ་ལེན་པར་བརྫང་བ་ལས་ཟི་ཟི་ཁོ་ནའི་རང་མཚམས་མིན་ལ་ག་རྡ་ཝར་ནས་སྐྱེས་མ་ཚུར་མ་བཏང་གཤིས་ཡབ་རྗེ་ཉི་མ་དང་ཉིད་ག་རྡ་ཝར་གྱི་ཡུལ་མཚམས་ས་བཱ་ཏན་གྱི་བར་དུ་ཕེབས་དགོས་བྱུང་ཞིང་། དེ་ཚེ་གཅེན་ཁྲི་བདེ་སྐྱོངས་ནས་སྲིང་མོའི་ཆེད་དུ་མིང་པོའི་སྲོག་ཡིན་པས་ཚངས་མས་ཐབས་སྒོ་གང་ལེགས་དགོས་ཚུལ་བློན་པོ་ཚོ༼ཚོར༽་རིམ་ཅན་དུ་གནང་ནས་ཐབས་མཁས་ཀྱི་གཅེས་མ་ཚུར་འཁྱོང་རྒྱུ་བྱས་ཀྱང་ག་རྡ་ཝར་གྱི་ཚུར་རྒོལ་ནས་མི་ཁ་ཤས་གྲིའི་རྨས་པར་བྱས་པས་ཕར་ཡང་ལག་ལེན་མི་བྱེད་ཀ་མེད་བྱུང་བར་དམག་གི་ཁྲོད་དུ་རང་རེའི་༼ད༽་མག་པ་ག་རྡ་ཝར་གྱི་རྒྱལ་པོ་རང་ཡོད་འདུག་པ་ནོར་འཁྲུལ་གྱི་ཐལ་སོང་ལས་བསམ་བཞིན་གསོད་པ་མིན་གྱི་དེ་ཡི་མི་དཔང་ཡོད་ཚུལ་ཟེར། ༈ ལ་དྭགས་རགཟལ་བློན་ནས་ན་རེ། ཨ་ཁུ་ནས་ཟངས་དཀར་དང་ཧེ་ན་ཀུའི་རྒྱལ་པོ་དང་མི་མཉམ་པ་ཟི་ཟིའི་ཁ་དབང་ཡིན་པ་ཀུན་གསལ་དྲག་ཞན་ཚངས་མའི་ཡིད་ལ་ངེས་པ་མི་དཔང་དུ་བཞག་པ་དེ་ཡིན། གཅེན་བདེ་སྐྱོང་གཤེགས་ནས་ཚོ་འཛིང་བྱས་ཚུལ་ཕེབས་པ་དེ་སྐབས་ཕུན་ཚོགས་རྣམ་རྒྱལ་གྱི་ཡུམ་བུ་ཁྲིད་དབང་མོ་ནི་བྱང་ཆུབ་སེམས་མའི་ངང་ཚུལ་གྱི་གཞན་ནས་ཤར་ལ་ནུབ་དང་ནུབ་ལ་ཤར་གང་ཟེར་ལ་བདེན་པར་འཛིང་པ་དང་། བློན་ཚུལ་ནས་མཁར་ལ་ཤ་ཚ་མ་བྱས་པས་ཕྱི་ནང་གི་འབབ་ཡོངས་ཐམས་ཅད་ཁོ་རང་གི་ནང་དུ་བསྡུས་ཆེན་པོ་ཕན་ཚུན་གྱི་གསང་གཏམ་དང་ཡི་གེ་གཅིག་དང་གཅིག་ལ་བསྐྱལ་སྟེ་དེ་ཡི་བྱ་དགའ་ལ་རྔམས་པ་དེ་ངོ་པོར༼སོར༽་ཁྱེར་བ་ལ་ཕན་ཚུན་ནས་དེ་ཡི་གཏིང་མ་རྟོགས་ནས་བློན་ཚུལ་ལེགས་པར་སྨོན་མཁན་ཡང་ཆེས་མང་། ལ་དྭགས་རྒྱལ་པོ་ལ་ནི་ཕྱི་ནང་གི་ལ་རྒྱ་ལ་ཕན་པ་མི་ཆེ་བའི་མཁར་གནོད་པར་འགྲོ་བ་དུ་མ་ཞིག་བྱས་ཀྱང་རྣམ་པ་རུ་བསྟན་དོན་ལ་རྒྱ་ལ་ཕན་པར་བྱས་པ་ཡིན་ནོ་ཞེས་མ་བརྟག་པའི་བླུན་པོ་རྣམས་ཀྱི་འཆལ་སྒྲོགས་ཀྱི་སྐབས་ཡིན་ན། ཨ་ཁུའི་ཚོ་འཛིང་མཛད་གསུང་བ་ཡང་དེ་སྐབས་ཡིན་པས་དུས་དེར་མཁར་གྱི་ལ་རྒྱ་ལ་ཕན་པའི་དགྲ་འདུལ་གཉེན་སྐྱོང་མཁར་ལ་འཇགས་སོ་ཇི་ཞིག་མཛད་སུས་ཀྱང་མ་ཤེས་པར་བྱས་ཡོད་ན་མ་རྟོགས་མངོན་གྱུར་ནི་ཅི་ཡང་མེད་པ་ཀུན་གསལ་གྱི་མཁར་དུ་བཞུགས་ནས་འདོན་ཐང་ལྷན་གཅིག་ཏུ་སྤྱོད་པར་བྱས་ཞེས་དྲིང་དུ་བསྒྲང་བ་ནི་མི་རིགས་པ་འདྲ། ཧེ་ན་ཀུའི་རྒྱལ་པོ་ཡང་མཁར་ཆེན་གྱི་ནང་མར་ཆུད་པ་ལས་ཨ་ཁུ་རང་ལ་ཆེད་བསྔགས༼མངགས༽་ཀྱི་དོ་བསྡོས་ནས་ཁེ་མ་བཙལ་བ་ཀུན་གསལ་ལ་ཁྲིམས་མེད་ཀྱི་སྙད་འདོགས་སྐབས་སུ་མི་ཆེ་ཞིང་ཧེ་ན་ཀུའི་རྒྱལ་པོའི་ས་གཞིས་ནི་བསྣམས་སོང་དེ་ལས་གཞན་པའི་ཡབ་མེས་ཀྱི་བཀའ་ཐཾ་ལ་རལ་ཆོད་ཅི་མཛད་རྒྱུ་ཡོད་ཇོ་ཇོའི་སྐུ་ལ་མ་བརྡོས་ཟེར་རྒྱུ་ཡིན་ན་ཨ་ཁུ་རང་འདི་དང་ཕྱི་མ་གཉིས་ཅི་འགྱུར་སོམ་ཤིག ངེད་རྣམས་ནས་ད་ལྟའི་བར་ཨ་ཁུའི་མཛད་ཀྱང་སྲན་བསྐྱེད་ལབ་འཆིངས་བྱུང་ན་སྙམས་པ་དེ་རྨེ༼དམེ༽་འཐབ་ཚེར་བ་ལས་ཨ་ཁུ་ལ་འཇིགས་ནས་མ་ཡིན་པ་མཁྱེན་དགོས་ཀྱང་ཅི་ཆ་ཨ་ཁུ་རང་ནས་འགྲུབ་ན་དེ་རིང་འཛེམ་རྒྱུ་མི་འདུག་པ་དགོངས་པར་མངའ་བཞིན་ལགས། ལ་དྭགས་རྒྱལ་བློང་ཚང་མ་ཕུང་བའི་གཞི་རྩ་ག་རྡ་ཝར་གྱི་སྐོར་ནི་རྒྱལ་པོ་ཉི་མ་ཟི་ཟིའི་ཞལ་དབང་དུ་སོང་བས་མིང་རེ་ཞེས་རང་གཞན་ཀུན་གསལ་ཡིན་ཅིང་། ངེད་རྒྱལ་བློན་ནས་ཀྱང་མནའ་དག་ཕུལ་ཆོག་པ་ཞུ་རྒྱུ་དང་། དེ་ཡང་ཤེ་མ་བཀྲ་ཤིས་དབང་མོ་ག་རྡ་ཝར་དུ་ཕྱིན་ན་མི་ལེགས་ཚུལ་བདག་ཅག་གི་ཡབ་བདེ་སྐྱོང་ཀྱི་གཙོས་ལ་དྭགས་གྲོས་དབང་ཤེས་ལྡན་ཚངས་མས་མོལ་ཡང་དེ་ལ་མ་གསན་པར་ག་རྡ་ཝར་གྱི་རྒྱལ་པོར་བག་མར་བརྫངས། དེར་རྒྱལ་པོ་དང་ཤེ་མ་གཉིས་མཛའ་བཞིན་དུ་རྒྱ་གར་སྤྱིའི་ལུགས་སྲོལ་བཙུན་མོ་ནང་དབེན་པར་སྡོད་དགོས་པ་ཤེ་མ་ཅུང་ཟད་དེས་ཚེར་ངས༼ངེས༽་སུ་གྱུར་པ་དེ་ལ་ཁག་གཏད་དེ་རྒྱལ་པོ་ཉི་མ་ག་རྡ་ཝར་དུ་གཞན་གྱི་གྲོས་མེད་ཟི་ཟིའི་རང་གི་བརྫངས་འདུག་པ། དེ་རྗེས་ལ་དྭགས་བློན་པོ་དྲག་རིམ་དང་དཔུང་མི་གཏོང་ཀ་མེད་བྱུང་། ཤེ་མ་ག་རྡ་ཝར་དུ་བཞག་པ་ཨ་མ་ཟི་ཟིའི་ཐུགས་ལ་མ་འདོད་ག་རྡ་ཝར་གྱི་རྒྱལ་པོ་ལ་དྭགས་སུ་འཁྱོང་ན་ཨ་ཁུ་རྒྱལ་པོའི་མངའ་ཐང་ལ་གནོད་དོགས་ནས་ག་རྡ་ཝར་གྱི་རྒྱལ་པོས་གཙོས་མ་ཉུང་བ་ཞིག་གསོད་པས་རྒྱ་དཀར་གྱི་བཱཀཱཿ་གཙོ་བོར་གྱུར་པའི་རྒྱལ་པོ་རྒྱལ་ཕྲན་ཐམས་ཅད་ཀྱི་རྣ་བར་ལ་དྭགས་རྒྱལ་པོ་གཉེན་འབྲེལ་ལ་བརྩེ་གདུང་ཁྲེལ་ངོ་ཚ་གཞུང༼གཞུངས༽་ཕྱི་ཐག་གཏན་ནས་མེད་དོ་ཞེས་གཏམ་ངན་གྱི་ས་སྟེང་ཁྱབ་པའི་རྩ་བ་ཚུགས། ག་རྡ་ཝར་གྱི་རྒྱལ་པོ་དེའི་མས་བཱཀཱཿ་རྒྱལ་པོའི་མདུན་དུ་དམག་དཔུང་ཞུ་བ་ལ་སོགས་འདུག་ཀྱང་བཱཀཱཿ་པ་ལ་དྭགས་རྒྱལ་པོ་ང་ཡི་བུ་ཡིན་པས་དམག་མི་གཏོང་གསུང་གསེར་དངུལ་གཏོས་ཆེན་གནང་ནས་བཟློག་འདུག་ཀྱང་མ་དེས་རྒྱ་དཀར་གྱི་བྲཾ་ཟེ་ངན་སྔགས་མཁན་ཆེས་མང་བར་བསགས་ནས་འོག་ཏུ་བསྒྲུབ་ཁང་བཅས་ཏེ་ངན་སྔགས་འབའ་ཞིག་ལྷུ་རུ་བླངས་སྐད་འདུག་པས་ཐམས་ཅད་ཀྱི་དེ་ཡིན་འཆམས་ཡང་བླ་མ་རྣམས་ཀྱི་གསུང་དང་ཁ་ཅིག་གི་ཟེར་རིགས་ག་རྡ་ཝར་གྱི་རྒྱལ་པོ་བསད་མ་ཐག་གདུག་རྩུབ་ཅན་གྱི་འདྲེར་སྐྱེ་ཤིང་རྒྱལ་པོ་དེའི་རིགས་ཀྱི་ཕོ་ལྷ་མཐུ་ཆེ་བ་ཞིག་ཡང་ཡོད་འདུག་པས་དེས༼དེའི༽་ནུས་པ་དང་བསྡོངས་ནས་ཡིན་ཡང་ཟེར་གང་ལྟར། ག་རྡ་ཝར་གྱི་རྒྱལ་པོ་བསད་ནས་མེས་ཉི་མ་མུལྦེར་སླེབས་ཏེ་རིངས་པོར་མ་ཐོགས་པ་ས་རྟ་ཟླ ༡༠ ཚེས ༡༡ ལ་སྐུ་གཤེགས། དེ་རྗེས་བདག་ཅག་གི་ཡབ་བདེ་སྐྱོང་ས་ལུག་ཟླ ༢ ཚེས ༡༡ ལ་སྐུ་གཤེགས། ཨ་ཁུ་རང་ཡང་ཐུགས་རླུང་ཁམས་ཀྱི་ཆེས་མ་བདེ་བར ༈ སྐྱབས་མགོན་མཆོག་རང་ཉིད་ཀྱི་བརྟག་ལུང་སྐུ་རིམ་དང་སྐྱབས་འཇུག་ལ་བརྟེན་པ་ལས་གྲོང་ལ་ཐུག་པ་བྱུང་། རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་ཡང་ཆུང་ངུའི་སྐབས་མམ་རིག་གསལ་བ་ཞིག་ཡོད་ཀྱང་། དེ་ཚུན་ཆོད་དུ་ལོ་རེ་ལས་ལོ་རེ་བཞིན་མཛད་པ་ཇེ་ངན་གྱི་མཐར་འདི་ལྟར་འགྱུར་སོང་། རྒྱལ་བུ་ཁྲི་ཚེ་དབང་རྨམ་རྒྱལ་འདི་ཡང་ད་ལྟ་སྤྱང་གྲུང་འཛོམ་པས་ཡོངས༼ཡོང༽་ཐང་ཆེ་བ་ཞིག་ཏུ་རེ་ཡང་སླར་ཇི་ལྟར་འགྱུར་སྙམས་པའི་བློ་ངལ་ཆེ་ལ། ལ་དྭགས་ལུང་པ་སྤྱི་ལ་ཡང་སྐྱེས་མ་ག་རྡ་ཝར་ནས་ལོག་ཚུན་ལོ་ཉེས་སོགས་མི་ཤེས་པའི་ལྟས་རྒྱུན་མར་བྱུང་བ་དེ་ཀུན་ཟི་རྒྱལ་མོ་ཡུཾ་སྲས་ཀྱི་བློ་གྲོས་དང་མཛད་པས་ཁྱབ་པ་ཡིན། གཞན་ཞིག་ཡིན་ན་མེས་ནི་སྤྱི་མར་གྱུར་པས་ཅི་ཞུ། བདག་གི་ཡབ་བདེ་སྐྱོང་གཤེགས་སྟོང་། ཁྲི་ ཕུན་ཚོགས་རྣམ་རྒྱལ་ གྱི་གསོན་སྟོང་ཡང་སྙེགས་འོས་ཡིན་ཡང་རང་གི་ཁུ་བོ་དངོས་མར་གྱུར་བ་དང་། ཟི་ཟི་ཡུམ་སྲས་བཅས་ལ་ངོ་ཚས་སྨྲས་མ་སྤོབས་པ་ཡིན། ག་རྡ་ཝར་ནས་སྐྱེས་མ་ཚུར་བཟློག་རྗེས་གློ་བོར་ནེ་ནེའི་སྲས་ལ་བློང༼སློང༽་བར་མ་བྱིན། ཀླ་ཀློའ༼ཀློའི༽་གྲུབ་མཐའ་འཛིན་པ་ཁ་ཧཕུ་ལཽ་ལ་བྱིན། དེའི་ཇོ་བོ་དང་མཐུན་གཤིབ་ཡོན༼ཡོད༽་བཞིན་ཡང་ཟི་ཟི་བློན་ནས་རང་རྒྱལ་སྐྱེས་མ་ཚུར་བླང་ནས་ད་ལྟ་སྐྱ་མིན་སེར་མིན་ཐུགས་ཡངས་ཅི་བདེ་གང་དགྱེས་ཀྱི་ངང་ལ་ཡོད། ཁུ་དབོན་མཐུན་གཤིབ་ཡོད་ན་ཁ་ཧཕུ་ལོ་ནས་སྐྱེས་མ་བཟློག་པ་ལ་དྭགས་ལ་རྒྱར་ཡང་འགལ་མོད་ཁུ་དབོན་ཐུགས་འདོད་མ་སྙོམས་ཕྱིན་ངེད་ལ་དྭགས་པར་གནོད་རྒྱུ་མེད་ཀྱང་ཟི་ཟི་རང་རྒྱལ་ཆེ་ཚུལ་གྱི་སྐབས་སུ་ཞུ་བ་ལེགས་ཞེས་ཟེར། དེ་ལ་མུལྦེ་རྒྱལ་བློན་མམས་ནས་ན་རེ། ཟངས་དཀར་ཧེ་ན་ཀུའི་རྒྱལ་པོ་དང་ངེད་མི་མཉམ་པ་ཁྲི་བདེ་སྐྱོང་སྐུ་གཤེགས་ཁར་སྲས་མམས་ལ་བརྩེ་སྐྱོང་མགོ་འདོན་ངེད་ལ་བགྱིས༼གྱིས༽་གསུང་ལྟར་མཁར་གྱི་ལ་རྒྱར་འཇགས་པ་དགྲ་འདུལ་གཉེན་སྐྱོང་ཆེར་མ་བྱུང་ཡང་། བསམ་པ་བཟང་པོས་ལ་རྒྱ་གང་ཆེ་བྱས་པ་ཡིན། ཧེ་ན་ཀུའི་རྒྱལ་པོའི་ས་གཞིས་བསྡམས་པ་ཙམ་ལས་འཐོར་ཞིག་བོར་བརླག་མ་བྱས་ལ། ཡབ་མེས་ཀྱི་བཀའ་ཐམ་འགལ་བ་བྱེད་རྩིས་མེད་ཅིང་། ༈ སྐྱབས་མགོན་དམ་པའི་བཀའ་ལྟར་ཁོ་རང་ལ་མ་ཉམས་པར་ཚང་འདྲིལ་དུ་སྤྲོད་རྒྱུ་ཡིན ༈ ལ་དྭགས་སྐུ་ངོ་འབངས་བཅས་མི་བདེ་བ་ཚབས་ཆེ་ཡོང་བའི་རྒྱུ་སྐྱེས་མ་ག་རྡ་ཝར་བརྫང་བ་ནི་མ་འོངས་མ་རྟོགས་ཤིང་སྔོན་ལས་གགས༼བསག༽་དབང་གི་ཟི་ཟིའི་ཐུགས་བསྐྱོད་པ་ལ་རང་གཞན་སུ་ཀྱང་བྱ་ཐབས་མ་རྙེད་པར་ད་ཟི་ཟི་ཡུམ་སྲས་ལ་སྐྱོན་བརྗོད་མཛད་ཀྱང་རང་གཞན་ངལ་པའི་རྒྱུ་ལས་གཞན་ཅི་ཞིག་ཡོད། ག་རྡ་ཝར་གྱི་རྒྱལ་པོའི་དམག་གི་ཚུར་ལ་དྭགས་དམག་མིར་གྲི་མཚོན་གྱིས་འཐབ་པའི་ལག་ལེན་བཟློག་སྐབས་ག་རྡ་ཝར་རྒྱལ་པོ་ཡང་ནོར་ནས་བསད་པ་ལས་ཆེད་དུ་བསམ་ནས་བསད་པ་མ་ཡིན་པ་དམག་དཔོན་ངོ་ཐོག་པ་ས་རྒྱ་མཚོ་དང་། གཞན་ཁོང་རྒན་པ་ཁ་ཤས་ཡོད་པ་རྣམས་ཀྱི་གསལ་ལྟར་ཡིན་ཟེར། ༈ དེ་ལ་དྭགས་རྒྱལ་བློན་རྣམས་ཀྱི་ན་རེ། ཨ་ཁུ་ནས་བདག་ཅག་གི་ཡབ་ཁྲི་བདེ་སྐྱོང་ནས་སྲས་མམས་ལ་བརྩེ་སྐྱོངས་བྱེད་དགོས་ཚུལ་བཀའ་ཆེམས་ཡིན་ལ། མཁར་ལ་ལ་རྒྱའི་འཇགས་གསོ་ཆེར་བྱས་པ་མེད་ཀྱང་། བསམ་པ་བཟང་པོས་ལ་རྒྱར་གང་ཕན་བྱས་ཚུལ་གསུང་བ་རྒྱལ་པོ་ ཕུན་ཚོགས་རྣམ་རྒྱལ་ དང་ངེད་སྤུན་ཨ་ཁུ་རང་གི་ཇོ་བོའི་བུ་ངོ་ཐོག་རྒྱལ་ནི། ཨ་ལྕེའི་བུ་མོ་སྟེ་ཚ་མོ་དངོས་ཡིན་ལ། ངེད་རྣམས་ནས་ནི་ཨ་ཁུ་རྒྱལ་པོ་རང་ནས་ཚུར་མ་བརྡོས་བར་ཕར་ལ་བསྙད་བརྩེར༼གཙེར༽་འགྲོ་བ་གཏན་ནས་མ་བྱས་ཀྱང་ བློན་པོ་བསོད་ནམས་ལྷུན་གྲུབ་ ཕ་བུ་ནས་མཁར་གྱི་ས་གཞིས་སུམ་ཆ་བླང་བར་ཡོངས་སུ་གྲགས་རུང་ཞིབ་མོར་བརྩིས་ཚེ་ཁོ་རང་ཕ་བུ་ཁུ་མཚན་ཚངས་མས་མཁར་གྱི་ས་གཞིས་ཆེད༼ཕྱེད༽་ལྷག་ངེས་པར་བླང་བ་རེ་རེ་ནས་ཁུང༼ཁུངས༽་སྤྲད་འཕེར་ཞིང་། ད་ལྟ་མུལྦེར་ཨ་ཁུ་རྒྱལ་པོ་རང་གི་མངའ་འོག་ཏུ་ཡང་མཁར་གྱི་ཕྱག་འདེབས་མང་ངམ། བློན་པོའི་བུ་སྤུན་རྣམས་ཀྱི་ས་གཞིས་མང་། མཁྱེན་ཡོད་པ་དེ་ཡི་རིགས་འདྲེས་གཞན་མང་དུ་ཞུ་མ་དགོས་ཤིང་། གཞན་ཡང་ལ་རྒྱར་གནོད་འགལ་དུ་འགྲོ་བ་བློན་ཚུལ་རང་ནས་མང་བས། དེ་ལ་མཁར་ནས་ཁྲིམས་གཅོད་ཐུག་སོང་བ་དེ་རྒྱལ་ཁྲིམས་ཀྱི་ལ་རྒྱར་ཞན་གཤིས་ཨ་ཁུ་རང་ཡང་དགྱེས་དགོས་རྒྱུ་ཡིན་རུང་། སྔར་བློན་ཚུལ་ནང་རང་གི་བུ་མོ་གཡོ་ཐབས་ཀྱི་ཆང་གྲལ་དུ་ཨ་ཁུ་དང་ཞལ་འཆམ་བཅུག མཐར་བོར་དུ་མེད་པའི་མནའ་བཀག་ནས་བཙུན་མོར་བླང་བ་ཡིན་ཟེར་སྐད་འདུག་པ་གང་ལྟར་དེ་དང་། ངེད་ཚ་བོ་ཚ་མོ་ལ་དྭགས་པའི་རྒྱལ་པོའི་ལ་རྒྱ་ཚངས་མ་བློས་བཏང་ཏེ། དེ་གཅིག་པུའི་གདོང་ལ་གཟིགས་ནས་ལ་དྭགས་པའི་རྒྱལ་སྲིད་ལ་གནོད་གང་འཁྱོལ། ངེད་སྤུན་ཨ་ཐུབ་ཆོད་གང་ནུས། རྒྱལ་མོ་སོགས་དྲག་རིགས་ཁ་ཤས་བསོད་རྒྱུ་ཡིན་ཚུལ་ཕེབས་པ་སོགས་མཛད་སྒོ་རྣམ་གྲངས་མང་བ་དེ་ཀུན་ཇོ་ལག་གི་ཞཻ་འཆེམས་བཞིན་ངེད་རྣམས་ཀྱི་ཕ་དོད་ལ་རྒྱ་ལ་ཕན་པ་བུ་ལྟར་བརྩེ་སྐྱོངས་མཛད་ཡོད་གསུང་བ་དེ་ཡིན་ལས་ཆེ་ཡང་ངེད་རྒྱལ་མོའི་ཁ་དབང་དུ་སོང་ཚུལ་འདུག་པ། ཨ་ཁུའི་༼ཁུ༽་སྐུ་གཞོགས་ཐུབ༼ཐུགས༽་ཟབ་བརླིང་གི་ཤེ་མའི་ཁ་དབང་ཡེ་ནས་མ་སོང་ཚུལ་གོང་གི་དེ་དག་ཡིན་ཉམ། ༈ སྐྱབས་མགོན་དམ་པས་བཀའ་ཡི་ཁྱབ་པ་ཞུ་རྒྱུ་དང་༎ ལྕགས་རྟ་ལོ་ནས་ད་ལྟ་ལ་ཐུག་གི་བར་རྒྱལ་ཁམས་གཞན་གྱི་ཐོས་ན་ཁྲེལ་བའི་རྒྱུ་དང་ནང་ཚག་ཏུ་ཡང་རང་གཞན་འདི་ཕྱི་མི་དགེ་སྡིག་པའི་རྒྱུ་འཐབ་འཁྲུག་ཡོ་ལངས་ལ་དགོས་པ་ཞིག་བསམ་ནས་ངེད་རང་ནས་ཁུ་དབོན་གཉིས་སྙོམ་ཀྱི་ཚོ་གང་ཟིན་བྱས། མཁར་ནས་ཀྱང་ཨ་ཁུ་ལ་བསྟུན་ཕྱོགས་གང་ཆེ་བྱས་སོང་ཡང་རིམ་པས་ང་རྒྱལ་ཇེ་ཆེ་ཇེ་གྱོང་དུ་བཏང་བར་མཛད་ཅིང་ལྷག་ཏུ་ཁ་ཆེའི་མི་སྣ་བྱུང་སྐབས་ལ་དྭགས་དགོན་ཡུལ་ཚངས་མས་ཁུ་དབོན་བར་ལེགས་ལམ་ལྗོངས་སྤྱིའི་ཕན་ཐབས་སུ་བསམ་ནས་ཁ་ཆེའི་མི་སྣ་དང་ལྷན་ཏུ་དགོན་ཁག་གི་བླ་མ་ཕྱག་མཛོད་མཁར་གྱི་ཞབས་རིམ་བཅས་མུལྦེར་བཅར་ནས་ཆད་སོའི་ཡི་གེ་ཨ་ཁུའི་ཐུགས་ལ་གང་དགྱེས་བཟུང་བཅུག་ནས་འཇམ་ཆགས་བཅས་དེ་ལ་ཆ་འཇོགས་ཁོ་ན་བྱས་ཀྱང་། ཨ་ཁུའི་དེ་ལ་མ་གནས་པར་ཁ་ཆེར་༼དེ་ལ༽་ཞུ་ལོག་ཇི་སྙེད་ཞིག་བརྫངས་ནས་མི་འགྱངས་བར་ཁ་ཆེའི་མི་སྣ་བསྐྱར་མར་ཕབ། དེ་སླེས་སུ་འབྱོར་སྐབས་རྩ་བའི་རྒྱལ་པོ་ལ་དྭགས་པར་སོང་གཤིས། ཁ་ཆེའི་མི་སྣ་རྣམས་ནས་ལ་དྭགས་ལ་གདོང་ལེགས་པར་བརྟས༼བལྟས༽་པར་བརྟེན། བོས་པའི་མགྲོན་པོས་ངོ་ལོག་པ་ཡི་ཨ་ཁུའི་ཐུགས་ཡི་ཆད་ཅིང་། དོག་པ་སྣ་ཚོགས་ཀྱི་འབྲུལ༼འགྲུལ༽་འཛེམས་ལ་བསྙད་པའི་ཁ་ཆེའི་འཚོངས་ལམ་བཀག་པ་སོགས་འོས་སུ་མི་ཆེ་བ་འབའ་ཞིག་རྒྱུན་མི་ཆད་གནང་བ་ལས་ངེད་ལ་དྭགས་པས་སྤྱིར་ཨ་ཁུ་ལ་འཚེ་བ་བྱེད་འདོད་མེད་ཅིང་དགོས༼སྒོས༽་ཆད་སོ་བཟུང་ནས་དེ་དང་མ་འགལ་བར་བྱས་པ་དགོང་པར་ཆུབ་པ་ནས་ཨ་ཁུ་རང་ལ་བཀའ་འདྲི་གནང་བས་ཀྱང་གསལ་པ་ལེགས༼ལགས༽་ཞེས་ཟེར༎ དེ་ལ་མུལྦེ་རྒྱལ་བློན་ནས་ན་རེ། བློན་པོའི་བུ་མོ་ཆང་གྲལ་ནས་འཁྱོང་བ་ནམ་དུ་ཡང་མིན་སྟེ། ཟི་ཟི་ཐུགས་ལ་མོན་ཕྱོགས་ནས་རཱ་ཎིའི་ཁ་ཐུན༼མཐུན༽་ཞིག་བླང་འདོད་མཛད་ཀྱང་། དེ་རང་བློར་ཧ་ཅང་མ་སོང་ཞིང་། ཇོ་ལག་ཁྲི་བདེ་སྐྱོང་ནས་ཕྱོགས་གཞན་རྣམ་ལ་དྭགས་མངའ་འོག་འདིར་ནོ་ནོ་རགཟལ་པོ་རང་གི་བཙུན་མོ་ཡིད་ལ་གང་འཐད་ཞིག་འཛིང་ཆོག་ཚུལ་ཕེབས་པ། དེ་ཡང་ལ་དྭགས་མངའ་འོག་ཏུ་འོས་སུ་འཐུས་པ་ཐུགས་སྲས་དང་བཀའ་བློན་གཟི་སྲས་མོ་སོགས་བསྟར་བ་ནས། བཀའ་བློན་གྱི་སྲས་མོ་རང་གི་ཡིད་ལ་འཐད་པར་བཟུང་ནས་གཟའ་སྐར་སོགས་བག་རྩིས་ལུགས་དང་མཐུན་པར་བླང་བ་ལས་གཞན་གཏན་ནས་མེད་པ་དེ་ལྟ་ཤེས་ལྡན་འཕེར་བ་འགའ་ཡང་མཆིས་ན། ཆང་གྲལ་ནང༼ནས༽་འཁྱོང་ཚུལ་སྙན་དུ་ཕུལ་བ་དེ་ནི་ཁུངས་དང་མི་འབྲེལ་བའི་རྫུན་དུ་ཟད་ལ་ངེད་ནས་ཚ་བོ་ཚ་མོ་ལས་ཤེ་མ་བརྡམ༼གདམ༽་ནས་ལ་རྒྱ་ལ་གནོད་པ་ཅུང་ཟད་ཡང་མ་བྱས་རུང་། ལ་དྭགས་མཁར་ཆེན་རང་ནས་ཡབ་མེས་ཀྱི་གཅོད་མཚམས་ལ་མ་གནས་པར་ཐོག་མར་པི་ཏི་དང་མཁར་བུའི་བསྙད་བྲུས་བྱུང་། དེ་རྗེས་བཀའ་བློན་ཚུལ་ཁྲིམས་ཟླ ༨ པའི་ཚེས ༡༥ ལ་བཀའ་བསྐྱོན༼བཀྱོན༽་ཕབས་ཏེ། དེ་ནས་ཡུན་ཧ་ཅང་མ་ལོན་པར་མཁར་དཔོན་ བསོད་ནམས་ཕུན་ཚོགས་ དང་ ནོ་ནོ་ བཀྲ་ཤིས་མདོ༼མཛོད༽་བློན་དང་ལྡན་སོགས་ཀྱི་གཙོས་གཏིང་སྒང་མངའ་འོག་གི་དམག་ཁ་ལ་རྩེར་ཟླ ༩ ཚེས ༩ ལ་འབྱོར་བ་དང་། དེ་རྗེས་ ནོ་ནོ་ ཀུན་ཁྱབ་དཔུང་སྣོན་བཅས་པ་པོ་ལར་སླེབས་འདུག་ཚེས ༡༠ ཀྱི་ཐོ་རངས་ཁར་ངེད་ཀྱི་དབང་ཡུལ་དུ་གྱུར་པ་མཁར་བུའི་རྫོངས་བཟུང་རྩིས་གནས་ཚུལ་བྱུང་བར་བརྟེན་མཁར་བུ་མཁར་བསྲུང་མི་ཉི་ཤུ་ཙམ་དང་། མུལབབེ་ཉེས་འཁོར་རགས་རིམ་བརསྡུས་པར་མཁར་བུར་མཁར་བསྲུང་སླེབས་སྐད་ཐོས་ནས་སྟབས་མ་བདེས་རེ་ཞིག་ཕྱིར་ལོག་བྱས་འདུག སླར་ཡང་གཤམས་མའི་དམག་ཞིབ་བསྐུལ་ལ་དྲག་ཤུལ་ལྡན་དང་། སྟོད་ནས་ཀྱང་དམག་ཞིབ་བསྐུལ་བྱས་ནས་སླེས་སུ་འབྱོར་སྐད་ཐོས་ནས་རང་ཟོན་སྐྱོང་བར་མཁར་བུ་རྫོངས་བསྲུང་དམག་མི་སུམ་བརྒྱ་སྐོར་དང་། མུལྦེར་ལྔ་བརྒྱ་སྐོར་བསྡུ་ཟིན་སྐབས་གཡུ་རུང་དགོན་གྱི་བླ་མ་ཕེབས་ནས་ལེགས་སྤེལ་ཞུ་རྒྱུ་ཡིན་ཚུལ་ཟེར་བའི་ལན་དུ་སྔོན་ཐོག་རྒྱབ་ཏུ་ཁ་ལ་བརྩེར་དཔུང་འཇུག་བྱེད་རྩིས་དང་། དེ་རྗེས་ལ་དྭགས་མངའ་འོག་སྟོད་གཤམས་ཀྱི་དམག་ཞིབ་བསྐུལ་བྱས་འདུག་པས་རང་ཟོན་སྐྱོར༼སྐྱོང༽་བ་ལས་ངེད་ནས་སྔར་ཡང་ལ་དྭགས་པའི་ལ་རྒྱར་གནོད་པ་མ་བྱས་ཤིང་། ད་དུང་ཡང་བྱེད་རྩིས་མེད་ངེས་ཡང་ལ་དྭགས་རྒྱལ་བློན་ནས་ངེད་ལ་དཔུང་གི་སྦྱོར་བ་འདི་ལྟར་མཛད་ཀྱི་འདུག་པས་བླ་མ་རང་ལ་དྭགས་པར་རྒྱུ་མཚན་ཞུ་བར་ཕེབས་ཞུས་བསྟུན་བླ་མ་ཡང་གྱེན་ལ་བསྐྱོད། དེ་རྗེས་ལ་དྭགས་པས་རྒྱལ་མཚན་བཏང་ནས། ནོ་ནོ་ཡང ༌སྤུན་དེ༌ ཕྱོགས་སོང་འདུག་པ་འཕྲལ་བཟློག་དགོས་ཚུལ་བྱུང་བའི་ལན་དུ། ནོ་ནོའི་ཕ་མེས་ནས་ད་བར་ཞབས་འདེགས་ཞུས་པ་ལ་སྐྱོན་འབེབས་དེ་ལྟས་མི་ཆོག་པར་ཟོལ༼སོས༽་བདེར་འདིར་ཡང་སྡོད་དབང་མེད་པ་སྐབས་སུ་མི་ཆེ་ཚུལ་ཞུས་ནས། རྒྱལ་མཚན་དང་ལྷན་དུ་རྒྱལ་དོན་ཡང་བརྫངས། དེ་རྗེས་གཡུང་རུང་བླ་མ་དང་། རྒྱལ་མཚན་རྒྱལ་དོན། རྒན་པོ་གཅིག་བཅས་འབྱོར་ནས་གཡུང་རུང་བླ་མས་གཙོས་རྒན་དམངས་སྤྱི་ནས་ཡས་མས་ལུགས་ལེགས་གནང་དགོས་ཞུས་ནས་དམག་རྣམས་བཤོལ་བ་དང་། ནོ་ནོ་སྤུན་ཡང་ཨ་ཁུའི་ཞབས་དྲུང་དུ་སྡོད་ཆོག་པ་ཡོད་པས་འདི་ནས་ཀྱང་དམག་ནས་ཕན་ཚུན་ལུགས་ལེགས་དགོས་ཚུལ་ཟེར་བཞིན། མཁར་བུ་མུལྦེའི་དཔུང་རྣམས་སོར་སོར་བསྐྱེས། ཟླ ༡༠ ནང་དུ་ཁ་ཆེ་ནས་ན་བབ་ཀྱི་ཕོ་ཉ་དོ་ཥར་གྱི་རིགས་གསེར་གྱི་དབྱུག་པ་འཛིང་པ་ཧཱ་ཤཱི་མ་མཏ་དང་། ཝ་ཀི་ཨ་པ་ལཾ་རྡར་དང་། མརྫི༼མིརྫ༽་མ་ལིག་བཅས་ཧེན་བབ་ཏུ་འབྱོར་བར་ཐོས་འཕྲལ། དེ་རྣམས་ལ་དྭགས་སུ་འོངས་ནས་ཕན་ཚུན་སེམས་སྤྲད༼ཁྲལ༽་ཆེ་ཞིང་། གཟིངས་ཞིག༼གཞིག༽་རྒྱུར་དོག་ཆེད་སྔགས་ཀྱི་ཕོ་ཉ་མུལྦེ་ནས་བཞག་པའི་ཧེན་འབབ་ཀྱི་མཁར་དཔོན་མ་ལ་ཧུ་སེན་མཱ་མཏ་བརྫངས་ནས་ད་ལམ་ལ་དྭགས་སུ་གནང་མ་བདེ་བ་ཡོད་གཤིས། ཧེན་འབབ་རང་ནས་ཕྱིར་ལོག་ལེགས་ཚུལ་འཕྲོས་སུ་བརྫངས་ཀྱང་ཁ་ཆེའི་ན་བབ་ཀྱི་མི་སྣ་རྣམས་ནས་ན་རེ། ལ་དྭགས་སྟོད་སྨད་ནང་མ་གཤིམ་པ་ཐོས་ནས་དེ་ཡི་ཆེད་དུ་ན་བབ་ཀྱི་བརྫངས་པ་ཡིན་ཚུལ་བཅས་ཟླ ༡༡ ཚེས ༡ ལ་མུལྦེར་སོན་གོང་དོང་བསྐྱར་ནས་ལྡོག་ལེགས་ཚུལ་སྨྲས་ཀྱང་ཕན་ཚུན་རྒྱུ་མཚན་ལེན་པར་ཅིས་ཀྱང་འགྲོ་དགོས་ཞེས་ལ་དྭགས་སླེར་སོང་། སླར་ཟླ ༡༢ ནང་དུ་ཕྱིར་ལོག་པ་དང་ལྷན་དུ་བཀའ༼དཀའ༽་ཆེན་ཤཱ་རིའི་བུ་དང་། དཔེ་ཐུབ་ཁྲི་རྩེ་གཉིས་འཐུས་དཔེ་ཐུབ་བླ་མ། ཧེ་འབྲེ་གཉིས་འཐུས་ལྕེམ་འབྲེ་ཕྱག་མཛོད། རྒན་དམངས་སྤྱི་འཐུས་མཁར་ནས་ཕྱག་ཀུན་བཅས་དེ་རྣམས་ནས་ན་རེ། ལ་དྭགས་ཀྱི་དགོན་ཚན་ཡུལ ༌ཚན༌ སེར་ཀྱ་དྲག་ཞན་སྤྱི་ནས་རྒྱལ་པོ་ཡས་མས་ལེགས་སྤེལ་ཞུ་རྒྱུ་ད་ལམ་ལ་དྭགས་སྐུ་ངོ་རྣམས་སྐུ་ན་ཕྲ་གཤིས་མཛད་པ་ཐལ་ལུས་ཅན་ཡོད་ཚེ་ཨ་ཁུ་སྐུ་ན་སྨིན་པ་ཡི་ཐུགས་ཁོངས་ཤོངས་ཀྱི་བཟོད་བཞེས་ནས་ཡབ་མེས་ཀྱི་སྐུ་དུས་ལྟར་ཕན་ཚུན་ལུགས་ལེགས་ལྟར་བརླིང་ཆགས་ཞིག་ཅིས་ནས་ཀྱང་གནང་དགོས་ཞེས་ངག་ནས་དང་། མནའ་ཡིག་བཅད་ཁྲ་ལ་དྭགས་པས་ཐཾ་བཀའ་གནང་ཟིང་ངེད་ལ་ཡང་ཐེའུ་བཏང་དགོས་ཟེར་བ། ལན་དུ། ལ་དྭགས་པས་ཐལ་ལུས་ཅི་ལྟར་ཁྱེད་རང་ཚོའི་ཐུགས་གསལ་དང་། ངེད་ནས་ལ་རྒྱར་གནོད་འགལ་སྔར་ཡང་མ་བྱས། ད་ཡང་བྱེད་སེམས་མ་མཆིས་ན་ཆད་ཡིག་དགོས་དོན་ཅི་ལ་ཡོད། ཅིས་ཀྱང་ཆད་ཡིག་ལ་ཐེའུ་བཏང་དགོས་ཚེ་ཡབ་རྗེ་དང་གཅེན་ཁྲི་བདེ་སྐྱོངས་སྐབས། པུ་རི་ཇོ་ཁག་གི་ཕྱག་འབུལ། ངེད་ལ་གཅོད་ཚམས་སོང་བཞིན་ད་ལྟ་གསར་འགྱུར་མཁར་ཆེན་དུ་འཇགས་དགོས་གསུང་བ་སྐབས་སུ་མི་བབ་པས་དེ་དང་། ནོ་ནོ་སྤུན་ངེད་ལ་སྲོག་འཛེམས་ཀྱི་སྐྱབས་ཞུ་ཡོངས་བར་སྡུག་གནོང་བརྗོད་པ་མི་རིགས་པས་ཚིག་དེ་གཉིས་དོར་ན་བཅད་ཁྲའི་དོན་བཞིན་ངེད་ནས་ཐེའུ་བཏབ་ཚུལ་སྨྲས་བཞིན་དེ་ལྟར་བྱེད་རྒྱུར་དན་ནས་ཐེའུ་བཏབ། ཆོད་ཡིག་དེ་ཀ་ལ་དྭགས་རྒྱལ་བློན་གྱི་ཐུགས་ལ་བབ་ན་ཐཾ་ཀ་གནང་རྒྱུ་དང་། མ་བབ་ཚེ་ཡི་གེ་དེ་ཕྱིར་བཟློག་མཛད་རྒྱུར་བྱས་པར་ལ་དྭགས་པའི་ཐུགས་ལ་མི་འཐད་པ་མེད་པར་རྒྱལ་པོ་ཐཾ་བཀའ་དང་དྲག་རིགས་ཀྱི་ཐེའུ་ཡང་གནང་བྱུང་ཞིང་ངེད་ནས་དེ་དོན་ལ་ད་བར་འགལ་བ་མ་བྱས་ཀྱང་། ལ་དྭགས་ནས་དེ་རྗེས་སྦལ་ཏིའི་ཡུལ་དུ་མི་རིམ་ཅན་རྩལ༼སྩལ༽་བ་དང་། དཀར་རྡོ་ཇོ་བོའི་དཔུང་གྲོགས་སུ་གྷང་བ་རྒྱལ་མཚོ་དམག་ཚོགས་བཅས་གནང་ནས་ཤི་དཀར་གྱི་མཁར་ཕབ། བྷན༼བྷལ༽་ཏི་ནང་ཁོངས༼གོང༽་ཅིག་ཏུ་དྲིལ་ནས་པུ་རིག་འཇོམས་རྒྱུ་ཡིན་ཚུལ་འཕྲོས་ངེས་ཅན་གླང་བར་བརྟེན། སླར་ཡང་མ་ལ་ཧུ་སེན་མཱ་མཏ་སྐད་ཉུལ་ཏུ་མི་བཏང་ཐུ་མེད་དུ་སོང་། དེ་རྗེས་ལྕགས་ལུག་གི་དབྱར། ལ་དྭགས་པས་ཁ་ཆེར་ནོ་མོ་འཚོངས་ལྷག་བླང་རྒྱུ་ཡོད་ཞེས་སོང་། ནོ་མོ་ཁ་ཆེར་འགྲོ་བའི་དོན་སྐོར་ན་བབ་ཁ་དམག་དཔུང་ཞུ་ནས་རྡ་རོ་ཉི་ས་མེན་རྡར་ཞེས་པ་དམག་དཔོན་གཉིས་བཅས་རོ་ཙ་ཟླ་བ་རྫོགས་མཚམས་པུ་རིག་ཏུ་ལ་དྭགས་རྒྱལ་པོས་བསྐུལ་ནས་དཔུང་འཇུག་བྱེད་རྩིས་འདུག་ཞེས་ཁ་ཆེ་ནས་ཚུར་གླང་བར་བརྟེན། བདེན་མིང་བརྟག་པར་གརྦི་ཨ་ལི་ཁ་ཆེར་བལྟ་ཉུལ་ངབཏང་བར་ཐོག་མར་ཁ་ཆེར་དམག་སྐད་བཏང་ངེས་ཡིན་འདུག་ཀྱང་རྒྱུ་རྐྱེན་ཅི་ལྟར་ཡང་རིམ་གྱི་དམག་རྣམས་བཤོལ་བའི་གནས་ཚུལ་བཅས་མུལྦེར་འབྱོར། དེ་རྗེས་ཟླ ༨ ཚེས་ལ་ན་བབ་ཀྱི་དྲུང་འཁོད་འཕྲང་པ་དངུལ་གྱི་དབྱུག་པ་འཛིན་པ་ཧ་ཤི་ག་དང་། ཝ་ཀིལ་ཕ་གིར་ཤུ། མ་ཤིར་ཤུ། མིརྫ་མ་ལིག་རྣམས་སླར་ཡང་ཡོངས༼ཡོང༽་སྐད་ཐོས་པས་ཁོང་རྣམས་ནོར་གྱི་ཆེད་དུ་ལས་ཁུ་དབོན་བློན་འབངས་བཅས་ཀྱི་ལ་རྒྱ་ལ་ཕན་སླེབས་འགྱུར་བ་ནི་དཀའ་གཤིས་ཁ་ཆེ་ནས་མ་ཐོན་གོང་དུ་འདི་ཕྱོགས་སུ་ཡོངས་མི་དགོས་ཚུལ། ཡི་གེ་ནན་ཏན་ཡང་ཡང་སོང་རུང་། དེ་ལ་མ་ཉན་པར་ཧེན་འབབ་ཏུ་འབྱོར་འདུག དེ་སྐབས་ཝ་ཟིར་ཚེ་བཀྲས་ཆེད་བསྔགས་བཏང་ནས་ཅིས་ཀགང་དེ་ནས་ལོག་དགོས་ཚུལ་ཟླ་བའི་བར་དུ་ཞུ་བ་བཙུགས་ཀྱང་མ་ཉན་པར་ཡོངས་བ་ལས་ངེད་ཀྱི་སྔ་ཕྱིར་ཆེད་དུ་གཉེར་ནས་དེ་རྣམས་བོས་པ་མིན་ཀྱང་ཝ་ཀིར་ཧ་མརཤུ་ནས་ལ་དྭགས་པའི༼པས༽་བུ་ཏེས་ལེན་པར་བཀག་བསྐྱིལ་བྱས་ན་མི་འཐུས་ཚུལ་དང་། དེ་ཡང་སྔོན་ནས་ཁ་ཆེར་ལ་དྭགས་ན་བུ་ཏེས་རེ་རྟག་སྡོད་ཡོད་པ་སྔ་མ་དེ་དྲོངས༼གྲོངས༽་འདུག་པས་ད་ཆ་བུ་ཏེས་མེད་ན་ལ་དྭགས་ཀྱི་ཛ་གིར་ཡང་མི་འཇགས་ཚུལ་གྱི་ཡི་གེ་བྱུང་བས་ཚུར་མི་བཏང་ཀ་མེད་བྱུང་བ་ཡིན། འཚོངས་ལམ་སྐོར་ཡང་ཝ་ཀིར་ཧ་མརཤུ་བུ་ཏེས་ལེན་པར་ཡོད་པ་བུ་ཏེས་ནམ་སླེབ་བར་ཁ་ཆེའི་འཚོངས་པ་འདི་ནང་བཏང་བ་མེད་ཅིང་། ངེས་མེད་རེ་ཟུང་སླེབས་པར་སྲིད་ན་ཅིས་ཀྱང་དེར་འགོག་དགོས་ཤིང་། དེ་བར་ལེ་ནའི་རིགས་སྐུད་པ་ཙམ་ཡང་བཏང་མི་རུང་ཚུལ་བཅས་ངེས་མེད་དེ་ལྟར་འཚོངས་པ་མ་བཀག་ཕྱིན་ཇ་གིར་ལས་བུད་པར་འགྱུར་བས། སླར་ངེད་ལ་དེ་ཡི་ཁག་མེད་ཞེས་ཡི་གེ་ནན་ཆེ་ཡང་ཡང་བྱུང་བར་བརྟེན། དེ་བར་འཚོངས་པ་རེ་གཉིས་བཀག་བསྐྱིལ་ལས་ཝ་ཀིལ་ཕ་གིར་ཤུ་མུལྦེར་སླེབས་ནས་འཚོངས་ལམ་བཀག་པ་མེད། དེ་སྐབས་ལ་དྭགས་ནས་ནོ་ནོ་ཚེ་བརྟན་ཟངས་དཀར་དུ་གནས་ནས་པུ་རིག་ཨ་ཁུ་རྒྱལ་པོས་བྷལ་ཏི་ནང་ཁོངས༼གོང༽་གཅིག་དྲིལ་གྱི་ལ་དྭགས་པར་གཡུལ་བཤམས་བྱེད་ཀྱི་ཡོད་འདུགཞེས་སྟོང་འུར་ལ་བསྙད་ཟངས་དཀར་རྒྱལ་པོ་བསྙུན་བཞིན་དོ་ལེ༼ལི༽་ལ་བརྟེན། མུལྦེར་ཕེབས་པ་ལས་གཞན་མེད་པ་ནོ་ནོ་ཚེ་བརྟན་རང་གི་བློ་ལ་གསལ། ལུག་ལོ་དེ་ཀའི་སྟོན་འཇུག༼མཇུག༽་ཁ་ཆེ་གནས་བསྐོར་བ་འབྲུཾ་ནད་ཀྱི་གོས་ནས་ཝ་ཀ་དང་། ཁ་ལ་རྩེ། གཡུང་རུང་། སྟེང་སྒང་རྣམས་སུ་མཆེད་ཅིང་། དེ་སྐབས་ཧེན་འབབ་ཏུ་ཡང་བྱུང་བ་ཨིཨ་བརྟེང་ཕྱོགས་མཐར་ལམ་བཀག་མི་བྱེད་ཐུ་མེད་ཀྱི་ཝ་ཀིར་ཕར་གིར་ཤུ་ཡང་ལམ་སྐྱུར་བུ་ཅན་དུ་བསྒྱུར་དགོས་བྱུང་བ་ཡིན་ལ། དེ་རྗེས་ཁ་བས་ལམ་འགག་ཤིང་། ལ་བྱེ་ནས་ཀྱང་འབྲུམ་པ་ཐག་ཆོད་མིན་མ་ཤེས་སྟབས་ཟླ་བ་དྲུག་པའི་བར་དུ་དེ་ངང༼རང༽་དུ་བཞག་དགོས་བྱུང་ལ། ཆུ་སྤྲེ་ཟླ་བ་བདུན་པར ༈ སྐྱབས་རྗེ་དམ་པ་སྒར་ཐོག་ཏུ་ཕེབས་པའི་ཕེབས་བསུའི་མཚམས་ལམ་བཀག་བཀྲོལ་ཞིང་། འཚོངས་པ་རྣམས་ཀྱང་བསྒོར་བསྐྱིལ་མ་བྱས་པ་རྣམས་དབྱིངས་རིན་པོ་ཆེར་སྨིན་པ་ མཁྱེན་མཁྱེན་། མཁྱེན་ཞེས་པ་མུལྦེ་རྒྱལ་བློན་གྱི་ཞུ་ཚིགས་ལས་རགས་བསྡུས་བཏུས་པ་སྟེ་ལ་དྭགས་སྤྱིའི་སྐད་ལས་བྷལ་ཏིའི་སྐད་དང་འདྲེས་པ་མི་འབྱེད་པ་དྲི་བ་དགོས་གཤིས་བབ་ཀྱི་ཚིགས་མི་གཉོན༼སྙན༽་པ་ཞིག་ཡོང་བར་འདུག། ༈ དེ་ལ་ལ་དྭགས་རྒྱལ་བློན་ཚངས་མས་མགྲིན་གཅིག་ཏུ་ན་རེ། མཁར་དཔོན་ བསོད་ནམས་ཕུན་ཚོགས་ དང་ག་ག་བཀྲ་ཤིས་སོགས་ཀྱི་ཨ་ཁུ་ལ་དཔུང་བརྡེག་བྱུང་གསུང་བ་ནི་རྒྱལ་སྲས་རིན་པོ་ཆེ་ནས་བློན་བུ་དབང་རྒྱལ་སྤུན་སྲོག་སྐྱོབས་ཡང་དག་མཛད་པའི་དྲིན་ལན་ལོག་གཞལ་གྱི་ཧེ་མི་དགོན་པ་ལ་རྒྱབ་ལོག་བྱས། རྒྱལ་སྲས་ནན་པོ་ཆེ་ལ་དབུ་བསྐོར་ཕུལ་ནས་བྲོས་སོང་རྗེས་སྙེག་བློན་པོ་རེས་དམག་ཚན་རེ་ཁྲིད་ནས་བཟང༼ཟངས༽་དཀར་གྱི་ལམ། ཡར་རྐན༼དཀན༽་སྦྱོངས་འགར་ཕྱོགས་ཀྱི་ལམ་ལ་པུ་རིག་ཕྱོགས་སུ་བཀྱེས་པར། པུ་རིག་ཕྱོགས་དེ་ལ་ཨ་ཁུའི་ཐུགས་རྟོག་ཟོས་པ་ཡིན་འདུག་ཀྱང་། དེ་སྐབས་ཨ་ཁུ་ལ་དམག་འཇུག་བསམ་པ་ཙམ་ཡང་མེད་པ་མནའ་དག་ཕུལ་ཆོག་པ་ལ། ཨ་ཁུ་བཅོམ་འདོད་ཡོད་ཚེ་མཁར་བུའི་རྫོངས་བསྲུང་ལ་འཛེམས་ནས་ལ་དྭགས་ཀྱི་དཔུང་མི་གཤོལ་ལ། མུལྦེ་བཅོམ་པར་ཚེགས་སུ་ག་ལ་འགྱུར། དེར་མ་ཟད་ད་དུང་ཡང་མུལྦེ་བཅོམ་ན་ཐུབ་ངེས་དཀོན་མཆོག་དཔང་བཞག་ཡིན་ཡང་མ་དགོས་པར་སྨོན་པ་ཡིན། མཁར་བུ་རྫོངས་བསྲུང་ནི་བློན་ཚུལ་དགོངས་ཕོག་མ་ཐུག་སྔོན་ནས་འཇོག་སྣང་ལ། ལ་དྭགས་རྒྱལ་པོ་རྒྱལ་མོ་ཀ་འཇི་མའི་ཆུ་ཚན་ལ་བསྐྱོད་སྐབས་བློན་ཚུལ་ཡང་ལ་དྭགས་པའི་ཞབས་ཕྱིར་ཡོད་པ་མུལྦེ་མཁར་ནས་བློན་པོར་སྐྱེ་གཟབ་མ་བཏང་། རྒྱལ་པོར་ཕྱག་སྨན་ཅི་ཡང་མ་ཕུལ་སྟེ་མཛད་སྒོ་གོ་ཅི་ལོག་དེ་འདྲ་སྔར་ནས་མཛད་ཀྱི་ཡོད། དེས་ཀྱང་བློན་ཚུལ་ལ་བཀའ་བསྐྱོན༼བཀྱོན༽་མགྱོགས་པའི་རྒྱུར་སོང་། དེ་རྗེས་སྟོད་སྨད་ཀྱི་དམག་ཞིབ་བསྐུལ་བྱས་འདུག་ཕེབས་པ་བློན་བུ་སྤུན་པུ་རིག་མུལྦེར་འབྱོར་བ་ཐོས་ནས་དེ་སྤྲད་ན་དང་། མ་སྤྲད་ན་མུལྦེ་མཁར་ཡང་འཛོམས་ངེས་བྱས་བདེན་ཡིན། དེ་ལ་ཚིགས་ཀྱང་མི་ཡོངས་བར་སྣང་རུང་། རྒྱལ་སྲས་རིན་པོ་ཆེས་ཅིས་ཀྱང་མི་ལེགས་ཚུལ་བཀའ་ནན་ལྕི་བ་གནང་གཤིས་དམག་འཐེན་པར་བྱས་ཞིང་། གཡུང་རུང་བླ་མ་ཡང་བར་བརྒྱུད་ལ་བྱོན་པར་ཨ་ཁུ་རྒྱལ་པོས་ནོ་ནོ་སྤུན་འདིར་བྱུང་བ་སོག་མ་དཀར་པོའི་སྐྱབས་ཀྱི་དཔེ་ལྟར་སྲོག་སྐྱོན་ཡངས་ནས་འདིར་སྡོག་ཆོག་པ་ལས་ཕྱོགས་གཞན་དུ་མི་འགྲོ་བའི་ཁག་ཐེགས་ངེས༼ངེད༽་རང་ནས་བྱེད་པ་ལས་ནོ་ནོའི་རྒྱབ་བྱས་ནས་ལ་དྭགས་པའི་བསྟན་དོན་ལ་གནོད་པ་སྨོས་ཅི་འཚལ། ལ་དྭགས་ཀྱི་ཁྱི་བྱི་ལ་ཙམ་ལ་ཡང་གནོན༼གནོད༽་འཚེ་མི་བྱེད་ཚུལ་ནན་གྱི་གསུང་ངེས་བར་བརྒྱུད་པ་རྣམས་ཀྱང་ད་ལྟ་མངོན་སུམ་དུམ་དཔང་པོ་འཕེར་ངེས་ཡོད་ལ། དེ་རྩིས་ཀྱི་ཁུ་དབོན་ལུགས་ལེགས་ངོར་འཇོགས་རྒྱུ་བྱས་པ་ཡིན་རུང་མ་འགྱངས་བར་ཨ་ཁུའི་ལྡབཞུས་སཾ། འདི་རེས་ཁོ་རང་རང་མཚམས་ཀྱི་ཡིན་ཡང་རུང་ཁ་ཆེ་ནས་ན་བབ་ཀྱི་ཕོ་ཉ་ཨ་ཁུའི་ཞུ་ཚིག་ཏུ་མིང་གསལ་ལྟར་སླེས་སུ་འབྱོར། མི་སྣ་དེ་རྣམས་དང་། ལ་དྭགས་དགོན་ཡུལ་ཤེས་ལྡན་མཐའ་དག་སྤྱི་དང་རྒྱལ་སྲས་རང་ཉིད་ནས་ཀྱང་གཟུར་ནས་ཀྱི་ལེགས་སྤེལ་སྙིང་ཐག་པ་ནས་བགྱིད་རྒྱུར་བྱས་པ་ཡི་སྔར་དམངས་དང་བློན་ཚུལ་གྱི་གྲོས་བཞིན་མཁར་ཆེན་ནས་པི་ཏི་མཁར་བུ་བཟློག་དགོས་ཞུས་པ་ཨ་ཁུ་ཞལ་བཞུགས་རེ་ཞིག་དེ་ཡང་སྐབས་བབ་ཆུང་བས་བཟོད་གསོལ་གྲུབ་པར་ད་ལམ་ཡང་གླེང་མེད་འཇམ་ཆགས་དགོས་ཚུལ་བཅས་ཤིང་། ན་བབ་ཕོ་ཉ་རྣམས་ནས་ཀྱང་རཧོག་མར་ལ་དྭགས་པའི་ཆད་ཡིག་བཟུང་དགོས། དེ་ནས་མུལྦེ་བཟུང་མིན་ལྟོས་མེད་ངེད་རང་གི་ཐག་ཆོད་ཚུལ་བཅས་ལ་དྭགས་ཀྱི་མི་སྣ་ཨ་ཁུའི་ཞུ་ཚིག་ཏུ་གསལ་ལྟར་ཁ་ཆེའི་མི་སྣ་དང་ལྷན་དུ་མུལྦེར་སོང་བ། དེར་ཁ་ཆེའི་བློ་བསྒྱུར་ཏེ་སྔར་གྱི་ཆད་ཡིག་ལ་བཅོས་རྒྱབ་འདུག་ཀྱང་། ལ་དྭགས་ཤེས་ལྡན་ཚངས་མས་འཇགས་ཆེ་ལ་བསམ། ཨ་ཁུའི་ཐུགས་འདོད་གང་ཡོད་ལ་བཞག་པར་བྱས་ཀྱང་མ་ཕན་པར་ཡང་བསྐྱར་ཁ་ཆེ་ནས་མི་སྣ་ཕབ། ཨ་ཁུའི་ཞུ་ཚིག་ཏུ་ཁ་ཆེ་བསྐོར་བསྐྱིལ་བྱས་ཚུལ་འདུག་པར་གཡོག་པོ༼པོས༽་དཔོན་པོའི་མི་སྣ་བསྒོར ༌ག༌ ལ་ཐུབ་སྟེ། དེ་རྫུན་ཞུ་སྙིད་དུ་ངེས་ལ། ཨ་ཁུ་རང་ནས་ཞུ་ལོག་སྣ་ཚོགས་ཕུལ་ཚུལ། ཁ་ཆེའི་མི་སྣ་རྣམས་ཀྱི་ངག་ནས་ཐོས་པ་ལ་ཏི་བབ་རཱ་ཛ་སྟེ་ལ་དྭགས་རྒྱལ་པོ་ནི་བོད་རྒྱལ་པོར་ཕྱོང༼སོང༽་། བློན་ཚུལ་གྱི་བཱཀྵའི་ཕྱོགས་འཐེན་ནས་བློན་ཚུལ་ལ་ཆད་པ་སྲོག་ཐོག་ཏུ་བྱུང་བ་ཡིན་ཞེས་རྫུན་སྦྱོར་དེ་ཁོ་ཤ་ཁ་མིག་བརྒྱུད་ན་བབ་ལ་ཞུས། དེས་བཱཀྵའི་བཀའ་ཡི་བློན་པོ་ས་རྡར་ཤང་གི་སྙན་དུ་འཁྱོལ་ནས་དེ་ཡི་ཕོ་ཉ་གཉིས་ད་ལྟ་ཁ་ཆེར་འབྱོར་ཡོད་ཚུལ་ཟེར་བ་དང་། དེ་བཞིན་ཁ་ཆེ་ནས་ལ་དྭགས་སུ་དམག་དཔུང་བཏང་བའི་ གླར་རུ་༼གླར༽་ཀུ་རུ་གཅིག་དང་། སླེ་མཁར་ཆེན་ཕེབས༼ཕབ༽་ནས་ཨ་ཁུའི་ཕྱག་ཏུ་སོན་ཚེ་དངུལ་ཀུ་རུ་གཅིག་འབུལ་རྒྱུའི་ལག་འཛིན་ཡང་ཁ་ཆེར་བྱུང་བ་ཡིན་ཚུལ་དང་། བློན་བུ་སྤུན་ལ་ཁོ་རང་གི་ས་གཞིས་ནོར་རྫས་ངེད་རྣམས་ཀྱི་ཟེར་ལྟར། རེ་ཞིག་བཏང་ན་བློན་བུ་དག་དེ་ལ་ཆགས་ཏེ་འདིར་མཆིས་ཤིང་། དེ་ཚེ་ཁྱེད་རང་རྣམས་ཀྱི་གཡོག་ཡིན་གཤིས་ལེགས་ཉེས་ཅི་མཛད་རང་དབང་གི་ཆོག་ལ། དེ་ཡང་ཆུ་སྤྲེལ་ཟླ ༤ ཚེས ༡༠ ལ་བློན་བུ་དག་སླེས་མཁར་མཐོང་པ་ནས་ཕྱག་བཙལ་ཀྱིན་རྒྱལ་པོའི་ཞབས་སུ་འབྱོར་བར་བྱེད་རྒྱུ་ཡིན་ལ། ཁོ་པ་ཟླ་ཚེས་ལ་དེར་སླེས་མཁར་དུ་མ་འབྱོར་ཕྱིན། ཁོ་པར་ས་རིས་དབང་ཐང་གཏན་ནས་སྤྲད་མི་དགོས་ཤིང་། ཁ་ཆེ་ནས་ཀྱང་ཉེས་ཆད་ལྕི་པོ་བློན་པོའི་བུ་ལ་བཏང་རྒྱུ་ཡིན་ཚུལ་དང་། ལྷག་ཏུ་བཱཀྵས་སྔགས་པའི་རཱ་ཛ་དངོས་མ་ལ་དྭགས་༼པ༽་རང་ཡིན་ལ། པུ་རིག་ལམ་བར་དུ་སྡོད་ནས་ལམ་འགྲུལ་འཚོངས་པ་རྣམས་འཕྲོག་འཇོམས་མཁན་མུལྦེ་རྒྱལ་པོ་འདི༼འདིར༽་འོས་སུ་མི་ཆེ་བས་དེ་འཇོམས་པར་ཁ་ཆེ་ནས་དཔུང་གང་དགོས་ཡོངས་ཚུལ་ནན་ཆེན་པོས་ལབ་ཀྱི་འདུག ལ་དྭགས་རྒྱལ་བློན་གྲོས་༼གྲོས༽་དབང་ཚངས་མའི་ཡིད་གསལ་ཡིན་ཅིང་། ཁ་ཆེའི་མི་རྣམས་ནོར་གྱི་ཆེད་དུ་དཀྲུག་སེལ་མཁས་ཤིང་། གཟུར་གནས་དཀོ་པས་མཐའ་དག་བདེན་མིང་ཅི་ལྟར་ཡང་སྒྲོ་བཏགས་ནི་ན་བབ་ཀྱི་ཕོ་ཉ་དངོས་མར་སོང་གཤིས་དཀའ་བས་ཨ་ཁུའི་ལ་དྭགས་དགོན་ཡུལ་སྤྱི་དང་ཁ་ཆེའི་མི་སྣ་སྔ་མ་རྣམས་ཀྱི་མནའ་ཆད་ལ་བརྩིས་མ་བརྩིས་དེས་མཁྱེན་པར་འགྱུར་ལ། དེ་སྐབས་མཁར་ནས་ཀྱང་ཁ་ཆེའི་མི་སྣ་དེ་རྣམས་ལ་ངེད ༌ཁུ་དབོན་ལུགས་ལེགས་མཐུན་ཁོ་ནར་རེ་ཞིང་སྨོང་པ་ཡིན་པ་ལ་དྭགས་པའི་རྒྱབ་དཔུང་དུ་ཁ་ཆེ་ནས་དམག་མི་ཚལ་ལ། ཅིས་ནས་ཀྱང་རྒྱབ་དཔུང་ཞུ་དགོས་བྱུང་ན། བཱཀྵ་སྙན་འབུལ་ཞུ་མཁན་ཁ་ཆེར་བརྫངས་རྒྱུ་དེ་སྐབས་མགོ་འདྲེན་གང་ཆེ་དགོས་ཚུལ་ལས༌ ཁ་ཆེ་ནས་དཔུང་འཕྲལ་དུ་གཏོང་དགོས་ཡེ་ནས་མ་ཞུས་ངེས་ཅང་ཡིན་དེ་ལྟར་ཨ་ཁུའི་ཁ་ཆེ་ནས་རྒྱབ་དཔུང་མི་སྣ་སྦྲན་པ་རྣམས་སླེས་མཁར་དུ་སླེབས་འཕྲལ། རྒྱལ་པོ་ཆེ་ཕྲ་གོ་སའི་བབ་དང་། བདེན་ཚིག་ཡོད་པ་ལ་བརྟེན། ངེད་ལ་དྭགས་པར་དགའ་བར་བྱས་སོང་བ་ཡི་ཨ་ཁུ་ཞལ་སྐྱེངས་ནས་དེ་ཕྱིན་ནད་སོགས་བསྙད་འདོགས་སྣ་ཚོགས་པས་ཁ་ཆེའི་ལམ་ཅི་ནུས་བཀག་ཅིང་། འཚོངས་པ་ ར་ སོགས་རྒྱུ་འཁྲུལ་བ་རྣམས་༼ལ༽་སྙད་མེད་ལ་སྙད་འཚོལ་དང་། ལྷག་ཏུ་ལ་དྭགས་པའི་ཕོ་ཉ་རྣམས་ཟླ་བ་གསུམ་བཞིའི་བར་བསྐོར་བསྐྱིལ་སོགས་འོས་སུ་མི་ཆེའི་ཁྲིམས་མེད་འབའ་ཞིག་མཛད་སོང་ཡང་། བླ་མ་ཕེབས་ན་བཟང་མཚམས་ཞིག་ཡོངས་འགྲོ་སྙམས་བཟོད་སྲན་བསྐྱེད་བསྒུར་སྡོད་བྱས་པ་ཡིན། གཞན་ངེད་རྣམས་ནས་ཁ་ཆེའི་དཔུང་སྦྲན་རྒྱུ་ཡིན་ན། ལཾ་ཨ་ཁུའི་པུ་རིག་ཁོ་ནར་ག་ལ་ལྟོས། མུལྦེའི་མཁར་༼མཁར༽་དང་པུ་རིག་གི་དཔུང་ཙམ་ནི་ལ་དྭགས་མངའ་འོག་ནས་གཤམས་མའི་དམག་གི་གདོང་ལེན་ཡང་དཀའ་ན་ཚངས་མའི་དོ་ཟླ་ག་ལ་རུང་། ཁ་ཆེ་ན་བབ་ཀྱི་ཕོ་ཉ་དྲག་པ་ཞིག་ཀྱང་འགོག་པར་མི་ནུས་ན་དམག་ཚན་ཆུང་ངུ་ཡང་འགོག་ག་ལ་ནུས། དེ་ལྟ་མི་ནུས་བཞིན་ངུས་རྒྱུའི་ཁུལ་གྱི་ཞལ་རྫུན་ཨ་ཁུའི་རྟག་ཏུ་གསུང་བ་འདི་མཁྱེན་ལྡན་ ཐམས་ཅད་ ཞེ་དུས་གཅིག་ཏུ་ཁྲེལ་བ་ལས་གཞན་མེད་པ ༈ སྐྱབས་མགོན་མཆོག་ནས་ཀྱང་མངོན་སུམ་གཟིགས་པ་འདི་ཀ་ལགས། ཁ་ཆེའི་ལམ་བསྡེམས་ཧོར་ཟླ་བདུན་པ་ནས་ལྷོད་གྲོལ་བྱས་ཚུལ་ཞུ་བ་དེ་རྟིང ༈ སྐྱབས་མགོན་མཆོག་གི་བཀས་བླ་མ་རྒྱམ་ཚར་གསུམ་བཏང་ཡང་ཨ་ཁུ་རང་གི་ཕོ་ཉ་ཁ་ཆེར་བཏང་ཡོད་ཞེས་ལ་དྭགས་པའི་བླ་མ་རྒྱམ་ཚུར་བཟློག་པ་དགོངས་ཆོད་མངོན་སུམ་གྱི་ཨ་ཁུའི་ཞལ་རྫུན་གསུང་ཕལ་ཚེར༼ཆེར༽་དེ་ཡི་རིགས་འདྲེ་ཁོ་ན་ཡིན༎ ཨ་ཁུ་རང་ནས་ལ་དྭགས་སྤྱིའི་མནའ་ཆད་ལ་མ་བརྩིས་པར་ཁ་ཆེ་སྦྲན་པའི་སྐྱོན་སེལ་དུ་ལ་དྭགས་པས་མནའ་ཆད་གྲུབ་ནས་མ་འགྱངས་པར་བྷལ་ཏིང༼ཏིར༽་དཔུང་བརྫངས་ནས་ཤི་སར་མཁར་ཕབ་སོང་ཟེར་བ་ཨ་ཁུའི་ཉེ་རིང་མངའ་འོག་གང་དུ་ཡང་མི་འགྲོ་ན་བྷལ་ཏིའི་ཇོ་ཁག་ཕབ་པར་དོན་མེད་ཀོ་ལོང་སྐྱེ་དོན་མི་འདུག་ཀྱང་། ལར་ཤི་ཥར་ཇོ་བོ་ཕབ་པ་འདི་ལ་རྒྱར་ཕན་སླེབས་ཤིན་ཏུ་ཆུང་ཡང་། དེ་སྐབས་གྲོས་དཔོན་བློ་གྲོས་ཀྱི་དེ་ལྟར་གྱུར་པ་སྐྱེས་མ་ག་རདྷ་ཝར་བརྫངས་བ་བཞིན་ངཾ་ཕུག་ལས་ལ་གནོང་བསྐུར་དགོས་རིགས་གོ་ལ། ཡས་མས་ཆད་ཡིག་བཟུང་བ་དང་། དུས་སྔ་ཕྱི་མི་མཚུངས་པ་ཨ་ཁུའི་ཐུགས་ཞིབ་མ་མཛད་སྐྱོན་སྟེ། དེ་འདྲ་ཨ་ཁུའི་རྟག་ཏུ་གནང་ཀྱི་ཡོད། བློན་ཚུལ་གྱི་ཕ་མ་གཅིག་པའི་སྤུན་ བློན་པོ་བསོད་ནམས་ ཀྱི་བུ་ཡིན་རྩིས་ལ་ལས་བློན་ཚུལ་རང་གི་བུ་ཡིན་ཡང་ཟེར་བ་དཔལ་འབར་ཡང་བྱ་བྱེད་མ་ལེགས། ཞེས་བློན་ཚུལ་ལ་ རྒྱལ་པོ་ཕུན་ཚོགས་ གྱི་དགོངས་ཕོག་བཏང་ནས་ཞག་གསུམ་གྱི་ཁར་ཨ་ཁུ་རང་གི་བསོད་པར་བྱས་སོང་ཁོ་པ་ལ་སྐྱོན་ཕྲན་ཚེགས་ཡོད་ཡིན་སྲིད། དེ་ལ་སྲོག་སྐྱོན་འབེབས་ཚེ་བློན་ཚུལ་ལ་སྐྱོན་དེ་ལས་བརྒྱ་སྟོང་གི་ཆེ་ན་ལ་དྭགས་རྒྱལ་པོའི་དགོངས་ཕོག་བཏང་བར་ལ་དྭགས་པ་ཐལ་ལུས་ཅི་ལྟར་བྱས་ཁྱོད་རང་རྣམས་ཀྱི་ཤེས་ཞེས་བར་མི་རྣམས་ལ་ཟེར་བ་ཡང་འོས་སུ་བབ་སམ་དགོངས་པས་དཔྱད་པ་དང་། ལར་བློན་ཚུལ་སྤུན་ནས་ལ་དྭགས་རྒྱལ་པོའི་དཀོར་མ་འཇུ་བ་ལོས་ཡིན། མི་རྣམས་ཀྱི་ཟེར་རིགས་བདེན་ཚེ་བློན་ཚུལ་རང་གི་བུའམ་ཚ་བོ་ངོ་ཐོག་དེ་ལ་ཨ་ཁུ་རྒྱལ་པོ་ལ་བསད་དགོས་ནན་གྱི་བློན་ཚུལ་རང་ལ་སྐྱོན་མ་བྱུང་སྔོན་དུ་ཞུས་པ་ཡིན་སྐད་ཐོས། དེ་ཐལ་ལུས་སུ་མི་འགྲོ་ན་ལ་དྭགས་པས་བློན་ཚུལ་ལ་སྐྱོན་ཕབ་པ་ཐལ་ལུས་ཅི་ཕྱིར་འགྲོ། ཆད་སོ་བྱས་རྗེས་ཨ་ཁུས་ངེད་ལ་དྭགས་འཇོམས་ཕྱིར་བྷལ་ཏི་ཇོ་བོ་ལ་ལར་རང་དབང་རྫོགས་ཁ་ཅིག་རྔན་པར་སྤྲད་གྲབ་བྱས་ཚུལ་ཡང་ཐོས་ལ། ངེད་ལ་དྭགས་པས་ནི་ཆད་སོ་བཟུང་ནས་ཨ་ཁུ་ལ་མནག༼གནག༽་པའི་ལས་གང་ཡང་མ་བྱས་ངེས་ཅན་ཡིན། བཱཀྵ་ནི་རང་གི་རྒྱལ་པོ་ཡིན་བཞིན་ཁ་ཆེ་ལ་མ་བསྟུན་ན་ག་ལ་འོངས། དེ་ཞོར་ཨ་ཁུའི་མཛད་པ་ཅི་འདྲ་ཉག་ནོན་ནི་བཏང་བཏང་པ་ཡིན། འདི་རྣམས་རྫུན་མེད་བདེན་པར་ཞུ་བ་ལ་ཨ་ཁུའི་ཧམ་པ་ལྟ་བུ་ངེད་རྣམས་ཀྱི་ནི་ཞུ་མ་སྤོབས། མདོ་དོན་སྙིང་པོར། ལ་དྭགས་དགོན་སྡེའི་མི་སྣ་ཁ་ཆེའི་ཕོ་ཉ་སོགས་མུལྦེར་སོང་ནས་བཟང་ཚམས༼མཚམས༽་མནའ་ཆད་བྱས་ནས་བཟུང་ངེད་རྣམས་ནས་བསམ་ངན་གཡོ་འཕྲུལ་མ་བྱས་ཀྱང་། བྱས་སོ་ཞེས་ཁག་ངན་དཀྲི་ཀྱི་འདུག་པས་ད་ཆ་མནའ་ཆད་དེ་ལས་ངེད་རང་ཁུ་དབོན་འགལ་སྔ་སུས་བྱས་ཀྱི་ཐོག་ཏུ་དཀོན་མཆོག་རྩ་གསུམ་ཆོས་སྐྱོངས་ཀྱི་བཀའ་ཆད་འབེབས་པའི་མདོ་བསྒྲུབ་བདེན་བརྡར་ཕྲིན་བཅོལ་དྲག་བསྐུལ་ཞིབ་ཅི་ནས་ཀྱང་གནང་དགོས་ མཁྱེན་མཁྱེན་ མཁྱེན་ཞེས་ཟེར། དེ་ལ་མུལྦེ་རྒྱལ་པོ་ཞབས་རིམ་གཟིམ་དཔོན་གྲོང་དཀར་སོགས་ནས་ལ་དྭགས་རྒྱལ་བློན་གྱི་ཟེར་ལྟར། དེན་ལ་མདོ་བསྒྲུབ་ཀྱི་བཅད་རྒྱ་ཅིས་ཀྱང་དགོས་ཞེས་འདོད་མཐུན་དུ་སྨྲེངས་བས་མུལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དྲུང་རང་དུ་མི་བཏང་ནས་ངེད་ལེགས་སྤེལ་ལ་ཡོང་བ་ལས། རྒྱལ་པོ་ཁུ་དབོན་མདོ་བསྒྲུབ་དམོད་བཅོལ་ལ་ཡོངས་བ་མིན། འོང་ཀྱང་ལ་དྭགས་པས་ཟེར་ཚུལ་དེ་ལྟར་དང་། དེ་ཁའི་ཞབས་རིམ་ནས་ཀྱང་གསུང་ཚུལ་དེ་འདྲ་ནི་ཅི་ལྟར་ལགས་ཀྱི་བཀའ་འདྲི་ཞུ་བར་བརྫངས་བ། དེ་སྐོར་གྱི་གཅོད་མཚམས་ལ་རང་འདོད་དབང་གི་ཡས་མས་གཉིས་ཀར༼ཀ༽་ནས་འགལ་བ་ཡོད་འགྲོ་བས་གཟིམ་དཔོན་ནས་མ་གོ་བའི་སྤྱི་བརྟོལ་ལ་དགོངས་མི་ཁྲེལ་བར་ད་ཆ་མདོ་བསྒྲུབ་ཀྱི་བཅད་རྒྱ་མེད་པ་ཞིག་དགོས་ཚུལ་གྱི་འཕྲོས་དང་། བྷལ་ཏི་ཀར༼སྐར༽་རྡོ་ཇོ་བོས་ཆེད་བསྔག་ཀྱི་བང་མིར་པུ་རིག་བཅོམ་ཐུབ་ན་ཨ་ཁུའི་དབང་རིས་བྱིན་ཞེས་ལ་དྭགས་པས་ཟེར་བྱུང་། ལ་དྭགས་ལ་དེ་འདྲ་ངེད་རྣམས་ནས་མི་བྱེད་ཞེས་འཕྲོས་བྱུང་བའི་ལན་དུ། དེ་བྱས་མིན་ལ་དྭགས་མཁར་ཆེན་དུ་དྲི་བ་ཞུ་དིགོས་སྨྲས་པས་ཁོ་པ་གནོང་ནས་དེ་ཕྱིན་ཕོ་ཉ་ཡང་མ་བྱུང་། བྷལ་ཏིའི་ཡང་ཁུ་དབོན་བར་སེལ་སྤྲད་བྱས་པར་འདུག་ལ། དེ་བཞིན་ཁ་ཆེར་ངེད་རྣམས་དམག་དཔུང་ཞུ་བ་དེ་རིགས་མ་བྱས་ཀྱང་ཁ་ཆེའི་རྫུན་བཅོམ་དུ་སྣང་ཞིང་། ལར་ནོར་གྱི་ཕྱིར་དུ་ཁ་ཆེ་སེལ་སྤྲད་ཤིན་ཏུ་མཁས་པ་ཡིན་ཚུལ་དང་། ལ་དྭགས་རང་གི་རྒྱབ་དཔུང་དུ་ཁ་ཆེ་ནས་དམག་ཡོངས་རྒྱུའི་འཕྲོས་ནི་ཡང་ཡང་བྱུང་ཞིང་། ལ་དྭགས་པའི་ཕོ་ཉའི་ལག་ནས་ཆུ་སྤྲེལ་གྲོ་ཞུན་ཟླ་བར་ཡི་གེ་ཐོབ་པ་ཡང་འདི་བཞིན་ཡིན་ཚུལ་རས་ཀྱི་ཁུག་མར་ཁ་ཆེའི་ཡི་གེ་ཁ་ཆེའི་ཙིཧནོ་ཡོད་པ་ཞིག་སྟོན་དུ་བྱུང་ཡང་། ཡི་གེ་དེའི་ཚིག་དོན་ཅི་ལྟར་ཡོད་མ་ཤེས་པས་དགོས་མེད་མགོ་ཉོག་གི་རྒྱུར་དོག་ལ་དྭགས་པས་ཁ་ཆེ་ཁ་ཤས་བོས་པའི་ཁྲོད་ནས་ཡི་གེ་ཀློག་མཁན་འདུག་ཀྱང་དེ་སྐབས་བཀླགས་རྒྱུ་བཤོལ། སླར་ལ་དྭགས་མཐིལ་དུ་སླེབས་ནས་ཁ་ཆེའི་ཡིག་མཁན་མཁས་པར་བཀླགས་སུ་བཅུག་པར་ཁྲུམ་ཟླའི་ཚེས ༡༡ ལ་རྟ་དམག་དང་མེ་མདའི་འཁྲུལ་འཁོར་འཁན༼མཁན༽་གྱི་མགོ་མི་གཉིས་དཔུང་ཚན་དང་བཅས་འཕྲལ་དུ་མུལྦེར་བརྡག༼བརྡེག༽་རྒྱུ་ཡིན་པ་ཨིཨ་དྭགས་ནས་ཀྱང་དེ་མཐུན་དཔུང་བསྒྲིག་དགོས་ཚུལ་ཡིན་པར་ཁ་ཆེའི་ཡིག་མཁན་རྣམས་དག༼དང༽་མཐུན་པར་སྒྲོགས་འདུག དུས་སྐབས་དེ་ཡི་ཚེ་ཁུ་དབོན་ལེགས་སྤེལ་ཚུགས་པའི་གཏམ་ཁ་ཆེར་སོན་པ་ཉིད་དང་ལྷག་ཏུ་པ་ཋན་གྱི་དཔུང་ཁ་ཆེ་སླེབས་པ་སོགས་གངས་ཅན་མགོན་པོའི་ཐུགས་རྗེའི་འཇུག་པས་མི་ངས་མི་བཟད་པ་དེ་རེ་ཞིག་ཕྱིར་བསྲིངས་བར་གྱུར་པ་ལས། གཞན་ནི་བར་འཆིངས་བྱེད་མཁན་རང་དང་བཅས་རྡུལ་འཚུབས་རིང་ངེ་གར་བྲོས་ཆ་མེད་ཀྱི་གནས་སུ་སླེབ་པར་སྣང་བ་སྐྱབས་ཀྱི་འཕྲོས་སུ་སྟེ། དེ་ནས་གོང་གི་ཀྱུས༼དཀྱུས༽་སུ་བསྟན་པའི་མུལྦེ་རྒྱལ་བློན་རྣམས་ཀྱི་འཕྲོས་ཀྱི་ལན་དུ། ༈ ལ་དྭགས་པས་ན་རེ། ཁ་ཆེ་རྣམས་ནས་ཁྱེད་རང་རྣམས་ཀྱི་ཨ་ཁུ་འདི་ལམ་བར་གྱི་དགྲ་འདུག་པས་ངེས་པར་བཅོམ་པ་འོས་ཤིང་། ཁ་ཆེ་ནས་ཀྱང་དཔུང་གྲོགས་བཏང་ཚུལ་ཟེར་ཡང་དེ་རིགས་མི་དགོས་ཚུལ་དང་། ཅིས་ཀྱང་དགོས་བྱུང་ཚེ་ཕོ་ཉ་བཏང་རྒྱུར་བྱས་པ་ལས་གཞན་མེད་ངེས་ཅན་ཡིན། ལར་ཁ་ཆེ་ཡང་མོན་མེད༼མོ་མིན༽་བྱིས་པ་མིན་གཤིས་ལ་དྭགས་ནས་རྒྱལ་པོ་དངོས་མ་དང་ཟངས་དཀར་ཧེ་ན་ཀུ་ཨ་ཁུ་རྨམ་རྒྱལ་རིགས་མཐོར་བུ་ཡིན་པར་ཤེས་ནས་བབ་འབྲེལ་གྱི་ཤག༼གཤའ༽་ཡིན་པར་ཡང་སྲིད་ལ། གཞན་ཨ་ཁུ་ནས་ཁ་ཆེའི་ལམ་བར་གྱི་འཚོངས་པ་དང་རྒྱུ་འགྲུལ་སྤྱི་ལ་ཁྲིམས་མེད་ཀྱི་སྡུག་པོ་མང་པོ་བཏང་བ་ཡི་ཁ་ཆེ་རྣམས་ཚིག་པ་ཟས་ཏེ་ཁ་ཆེ་ནས་དམག་འཇུག་འདོད་པ་ཡིན་འོངས། ངེད་རྣམས་ཀྱི་ནི་གོང་གསལ་ལས་གཞན་མ་མཆིས་ཞེས་ཟེར༎ དེ་རྣམས་ཀྱི་སྔ་ཕྱིར་མུལྦེ་རྒྱལ་པོ་རང་གི་བཀའ་བློན་དང་གཟིམ་དཔོན་གཉིས་རྒྱུད་འདི་ལྟར་ཕན་ཚུན་ཤེར་གླང༼གླེང༽་བརྒྱིས་བཞིན་མང་དུ་འགྲོ་བ་ཡི་རང་གཞན་སུན་པ་ལས་མི་འདུག་གཤིས་སྐུ་ཞབས་མཆོག་ནས་ཐུགས་རྗེ་གང་ཆེ་ཡི་དགོངས་དཔྱད་ཀྱི་གཅོད་མཚམས་ཞིག་གནང་བས་ཁྱབཞེས་འཕྲོས་ཞུ་དང་། ཆད་གཉེར་གྱི་ཀྱང་བྱུང་བ་དང་༎ གཞི་ནས་སྔར་ཕན་ཚུན་ལས་ཤེར་ཅུང་ཟད་ཉན་རྩིས་མ་བྱས་ནའང་བདེན་ཚིག་བརྗོད་ལོངས་མ་བྱུང་བར་གཅོད་མཚམས་བྱས་སོང་ཞེས་མ་འོངས་གླན་ཁ་འབྱུང་བར་དོག༼དོགས༽་པས་དེ་ལྟར་ཉན་པ་མི་བྱེད་ཀ་མེད་ལས། ཐོག་མ་ནས་བཟང་དུས་ལ་ལབ་ཤེར་མང་པོ་མི་དགོས་ཞུས་བཞིན་འཕྲལ་དུ་གཅོད་མཚམས་ཆོག་པ་བྱུང་ན་ལེགས་ཀྱང་ཕར་འཕྲོས་ནན་བསྐྱེད་ནི་བྱེད་མ་མུས། ལ་དྭགས་པས་གོ་མེད་མ་བྱས་ཕྱིན་ཅི༼ཅིས༽་ཀྱང་དེ་ཀ་ལེགས་ཚུལ་སྨྲས། དེ་ནས་ཕན་ཚུན་གྱི་བཀའ་བློན་རྒན་གཙོ་དགོན་པའི་བཙུན་སྡེ་བཅས་ལ་འཕྲོས་སུ་མར་ཡུལ་གྱི་བདག་པོ་ཆེན་པོ་མི་ཡི་ལྷ་ཁུ་དབོན་དག་གནང༼ནང༽་གཅིག་གི་ཞལ་ངོ་ཚེ་གང་དུ་འགྲོགས་པར་ཕན་ཚུན་རྒྱུས་ཀྱི་སྟེང་ནས་ཐུགས་ལ་འཐད་པ་དང་མི་འཐད་པ་སྣ་ཚོགས་གསུང་དུ་ཡོད་པ་གཞིར་བཅས་ཀྱང་། ད་ལམ་ངེད་ནས་ལོ་དུས་ཀྱི་བཟང་མཚམས་བྱེད་རྩིས་ལ། ཐུགས་འདོད་མི་འཁྱོངས་པའི་ཤག་འདེབས་མང་པོ་མཛད་པ་ནི། དེ་ཙམ་གྱི་སྐབས་སུ་མི་ཆེ་ཞིང་ངེད་རྣལ་འབྱོར་ནམ་འཆི་ཆ་མེད་ཀྱི་བློ་སྣ་བསྟུ༼བསྟུང༽་བཞིག༼ཞིང༽་རང་གི་དགེ་སྦྱོར་སྐྱོངས་ཤིང་རྒྱལ་ཁམ་བསྒྲོད་དགོས་འགྱངས་བའི་རྒྱུར་ཆེ་བ་བཅས། ད་ནི་ལོ་བཅུ་གཉིས་བཟང་མཚམས་ཀྱི་ནང་དུ་གླེང་དགོས་ངེས་སྙིང་པོའི་མདོ་དོན་ལས་གཞན་རྒྱ་ཆེ་མུ་མེད་ཀྱི་འཕྲོས་རྣམས་ཅིས་ཀྱང་འཇོགས་པ་ཞིག་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་དབྱིངས་སུ་བསྟི་བ་ནས་གནང་ཁྱབ་ཡོད་པ་ཅིས་ནས་ཀྱང་ཞུ་ཞེས་ནན་གྱིས་གསོལ་བས། དེ་ལ་ཤེས་ལྡན་རྣམས་ན་རེ། བླ་མ་ཕྱོགས་འདིར་ཕེབས་ནས་ཡུན་རིང་པོ་སོང་བས་ཡིད་སུན་པར་བྱས་པའི་ཁར་ད་དུང་རང་རང་གི་འདོད་ཞུས་མང་པོས་སྙན་གཙེར་བ་སྐབས་སུ་མི་ཆེ་བས་དེ་ཏ་ཁོ་ན་ལེགས་ཞེས་འཐད་པར་བྱས་ནས་རྒྱལ་པོ་ཁུ་དབོན་གྱི་སྙན་དུ་ཕུལ་སོང་བས། ༌ལ་དྭགས་རྒྱལ་བློན་ནས་ཞུ་འོས་མང་ཙམ་མཆིས་རུང་ཞབས་ཏོག་མེད་པ་སྙན་སུན་ཏུ་དོག་སྔར་ནས་ཡང་ཨ་ཁུའི་གསུང་ལན་མི་ཞུ་ཐུ་མེད་ལས་འཛེམས་ཁུལ་ཡིན་ལ། ད་ཆ ༈ སྐྱབས་མགོན་མཆོག་གི་བཀའ་གནང་ལྟར་ཞུ་དགོས་ཟེར། ༌མུལྦེ་རྒྱལ་པོས་ཀྱང་དེ་བཞིན་འཐད་པར་མཛད་པས་ཟོར་ཡང་དུ་སོང་། དེ་ལྟར་ལ་དྭགས་རྒྱལ་པོ་དང་མུལྦེ་སྟེ་ཁུ་དབོན་དག་གི་ཕན་ཚུན་གྱི་ཚིགས་ཤག་དང་ཤག་ལེང༼ལན༽་གྱི་ཚུལ་དུ་གནང་བ་དེ་རྔམས་སོ་སོར་རགས་པ་ཞུ་ཚིགས་བླང་ཡང་། མང་ཞིག་ཡི་གེའི་སྟེང་སུ་བྱས་ཚེ་འགོར་བ་ཞིག་ཡོངས་ཀྱི་འདུག་པས་ངག་ཐོག་ནས་ཉན་ཅིང་མ་ངེས་པ། བསྐྱར་ཏེ་དྲིས་ནས་ཐོག་མར་རེ་ཟིག་བཀོད། དེ་ཡང་ལ་དྭགས་ཡུལ་སྐད་བྱེ་བྲག་པ་ནི་སྔར་བོན་གྱི་སྟོན་པ་བཤེན༼གཤེན༽་རབ་གུ་གེར་འཁྲུངས་ཤིང་ཞང་ཞུང་ཞེས་པ་ནི་མངའ་རི་སྐོར་སུམ་གྱི་སྤྱི་མིང་དང་། ལ་དྭགས་ཡུལ་དབུས་འགྱུར་གྱི་སེར་སྐྱ་ལྟ་བུ་ནི་གུ་གེ་ཡིན་ཡང་། སྔོན་ཞང་ཞུང་གི་སྐད་ཞེས་བོད་ཀྱི་བརྡ་ལས་ཕལ་ཆེར་ལོག་པ་ཞིག་ཡོད་སྣང་ཡང་ད་ལྟ་བོད་ཀྱི་སྐད་དང་ཕལ་ཆེར་གཅིག་པར་གྱུར་ཡང་། ཞང་ཞུང་གི་སྐད་རྙིང་གནས་པ་ཡང་མང་དུ་སྣང་ཞིང་། ལ་དྭགས་ཡུལ་མཚམས་བྷལ་ཏིའི་རང་སྐད་རྙིང་པ་དངོས་འབྲུ་ཤ་དང་བོད་སྐད་འདྲེས་མ་ལྟ་བུར་ཡོད་དགོས་ཀྱང་ད་ལྟ་ནི་དེ་ལས་ཟུར་ཆགས་ཤིང་གྲུབ་མཐའི་དབང་གི་ཀླ་ཀློའི་སྐད་རིམ་གྱིས་འཕེལ་གྱི་ཡོད་འདུག་པས། དེས་ན་ལ་དྭགས་དབུས་གཙང་ཕྱོགས་སུ་ཡོངས་མྱོང་མ་ཡིན་པ་རྣམས་ཀྱི་རང་སྐད་མ་འདྲིས་བར་གོ་དཀའ་བ་ཞིག་འདུག་པས་བརྡ་མི་འཕྲོད་པ་སྤངས་ཕྱིར་ཁོ་རྣམས་ཀྱི་རང་སྐད་ལས་བོད་ཡུལ་དབུས་འགྱུར་གྱི་ངག་བསྟན་བཅོས་ཀྱི་བརྡ་དང་ཕྱོགས་མཐུན་དུ་བྱས་ནས་རྣམ་པར་བཞག་པའི་ཚུལ་ཡང༼དང༽། ཇི་སྐད་དུ། རྒྱལ་རིགས་འགྲིས༼འདྲིས༽་ཀྱང་ཐུབ་ཆོད་སྤངས། གཞོན་ནུ་བརྙས་པར་ཡང་མི་བྱ། དྲེགས་པ་ཅན་ལ་གནོང་མི་བསྐུར། ཆེན་པོ་རྣམས་རླ་སྨ་མི་འབེབས། ཞེས་པ་ལྟར། རྒྱལ་པོ་ཁུ་དཔོན་གྱི་གསུང་གཅིག་ཏུ་གྱུར་པ་དང་གཅིག་གི་ལན་གཅིག་གི་ཇི་བཞིན་མ་བཏབ་པ་དག་དན༼ངན༽་པའི་མིང་དངོས་སུ་མ་སྨོས་ཀྱང་དོན་གྱི་རྟོགས་པར་བྱས་ཤིང་། མང་ཉུང་འདྲ་མིན་དུ་གྱུར་པ་རྣམས་ཚིགས་ཡན་ལག་དོར་ནས་འཕྲལ་ཡུན་དུ་གོ་དགོས་ངེས༼ངེད༽་རྣམས་ཡི་གེར་བཀོད་དེ། ཡང་བསྐྱར་རྒྱལ་པོ་ཕན་ཚུན་སྤྱན་ལཾ་དུ་ཕབ་ཉས་ནོར་འཁྲུལ་ལྷག་ཆད་ཡོད་མེད་གཟིགས་དགོས་ཚུལ་ཞུས་པར་རང་རང་གི་ཞུ་ཚུལ་འདི་དོན་ཁོ་ན་ཡིན་ཕེབས་ནས། སླར་གཏན་ཚིག་ཏུ་བྲིས་པ་ཡིན་ནོ༎ ༈ སྭསྟི། དེ་ནས་འཆིངས་བསྒྲིག་དངོས་གཞིའི་མདོ་ཚིག་བླང་བར༼བླངས་པར༽། ལ་དྭགས་རྒྱལ་བློན་ན་རེ། ངེད་ཕན་ཚུན་བར་བཟང་དུས་ལས་མི་གནང་ཚེ་སྙན་སུན་མང་པོ་ཞུ་བར་ཡང་མི་སྤོབ་རུང་། ལོ་བཅུ་གཉིས་ནི། གཏན་འཆིངས་དང་ཕྱོགས་མཐུན་དུ་འགྲོ་བར་སྣང་བས་མི་ཞུ་ཀ་མེད་ཀྱི་གནས་གོང་དུ་ཡང་སྙན་དུ་བཏང་བཞིན། པི་ཏི་དང་མཁར་བུ་ཨ་ཁུ་ལ་རིགས་སྲས་མ་བྱུང་ཕྱིན་གཞིས་ཚངས་མ་མཁར་ཆེན་དུ་འཇགས་འོས་ལ། འཕྲལ་དུ་དེ་གཉིས་ཁོ་ནས་དམིགས་གསལ་ཞུ་མ་དགོས་ན་སྙམས་སྔར་ནོ་ནོ་འཇིག་རྟེན་དང་འ་ཕ་ཟླ་བ་བཏང་ནས་བཟོད་གསོལ་གྲུབ་ཚུན་རེ་ཞིག་དེ་ཀར་འཇོགས་རྩིས་བྱས་པ་ཡིན་ཡང་། ཨ་ཁུ་རྒྱལ་པོ་ནས་བཟོད་གསོལ་བྱས་ཚུལ་ཡེ་ནས་མི་གསུང་བར་བསྙད་བྲུས་བྱུང་ཚུལ་ཡང་ཡང་བསྐྱང་ཞིང་། ལྷག་ཏུ་འདི་ལོ་ རྒྱལ་པོ་ཕུན་ཚོགས་ དང་ངེད་སྐུ་མཆེད་ལུགས་མི་ལེགས་པ་ཆེ་བ་མེད་ཀྱང་། ཕྲན་བུ་ཡོད་པར་སྲིད་ཚེ་དེ་ལ་ཨ་ཁུ་ནས་ཐུགས་ལེགས་སྤེལ་གྱི་ལྷག་བསམ་མཛད་དགོས་རྒྱུ་ལ། དེ་ཅུང་ཟད་ཀྱང་མེད་པར་བློན་པོའི་བུ་མོ་ཁོ་ནར་ཞེན་ནས་ཨ་ཁུ་རང་ལ་འོས་ཐོབ་ཏིལ་འབྲུ་ཙམ་མེད་བཞིན་ད་དུང་མཁར་ཆེན་གྱི་དབང་ཐང་ལ་རྔམ་ཏེ་ངེད་སྐུ་མཆེད་མ་མཛའ་ན་སྙམས་པའི་བསམ་ངན་ཁོག་འཚོངས༼འཚངས༽་ཀྱི་བོད་གངས་ཅན་གྱི་འདྲེན་པ་ཟླ་མེད་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོས ༈ སྐྱབས་རྗེ་དམ་པར་བཀའ་གནང་ནས་ལེགས་སྤེལ་མཛད་པ་ལའང་ཡང་བསྐྱར་གྱི་བཀའ་ཁྲིམས་དགོས་ཚུལ་ཞུ་བ་སོགས་དེ་ལྟར་སྐབས་སུ་མི་བབ་ཁྲིམས་མེད་གཞུང་ངན་ཁྲེལ་བོར་གྱི་ངང་ཚུལ་མང་ཞིག་མཛད་གནང་བྱུང་བས། ད་ཆ་ས་རིས་དེ་གཉིས་ཀྱང་ངེས་པར་ཞུ་དགོས་ཏེ་མཁར་བུ་ནི་ཡབ་མེས་ཀྱི་ས་གཞིས་རྙིང་ཁུངས། སྲས་ཀྱི་ཐུ་བོ་ཁྲི་ས་ལ་འཇགས་འོས་ལས་ནུ་བོ་རྒྱལ་ཕྲན་ལ་འཇགས་འོས་མིན་པ་ལ་དྭགས་རྒྱལ་རབས་རིམ་ཅན་གྱི་གཅོད་མཚམས་ལ། ཨ་ཁུའི་འགལ་མེད་མཛད་པ་ཞིག་དང་། པི་ཏི་ནི། རྱལ་པོ་ལྷ་བཟང་སྐབས་མཁར་ཆེན་གྱི་ཐབས་སྐྱོངས་སུ་འཇགས་པ་ཡིན་པས་མཁར་ཆེན་གྱི་ཐབས་སྐྱོངས་ཨ་ཁུའི་བསྣམས་པ་མི་རིག༼རིགས༽་པས། དེ་གཉིས་ད་ལམ་མཁར་ཆེན་དུ་འཇགས་པ་ཞུ་རྒྱུ་དང་། ༈ ཟངས་དཀར་དང་ཧེ་ན་ཀུའི་མཁར་ཆེན་དུ་ལོ་ཕྱག་བཙལ་བ་བཞིན། མ་བུ༼ཕུ༽་ཐུང་གི་དཔེས། ཨ་ཁུའི་ཡང་མཁར་ཆེན་དུ་ལོ་ཕྱག་འབུལ་བར་གྲུབ་ན། པུ་རིག་ཇོ་ཁག་ལྔའི་ལོ་ཕྱག་མཁར་ཆེན་དུ་འབུལ་རྒྱུ། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ནས་རྒྱལ་རབས་ལྔ་ཡི་བར་རིམ་པར་འཇགས་པ་ཞིག་ཨ་ཁུའི་སྐུ་དུས་སུ་བཀག་ན་སྐབས་སུ་མི་ཆེ་བས་ཡབ་མེས་ཀྱི་སྲོལ་རྒྱུན་བཞིན་ངེས་པར་གནང་དགོས་དང་། པུ་རིག་ཕྱོགས་སུ་ལ་དྭགས་མཁར་ཆེན་གྱི་མི་རྒྱུ་འགྲུལ་ཙམ་ལ་ཡང་དམ་འདོགས་སྙད་བྲུས་ཆེ་བ་བྱེད་ཀྱི་འདུག་ཀྱང་། ངེད་རྣམས་ནས་ཁོག་ཤོངས་བསྐྱེད་དེ་ད་ལྟ་ཕན་ཨ་ཁུའི་པི་ཏིའི་རྒྱུ་འགྲུལ་སོགས་ལྷོད་ཡངས་དང་། དུད་འགྲོ་སྟོང་ཕྲག་ལྷག་རྩྭ་ཡུལ་དུ་ལྷོད་ཆགས་བྱས་ཀྱང་། དེ་ཨ་ཁུའི་དྲིན་དུ་མི་མཁྱེན་ཅིང་། ཁྱུ་མ་ཆུང་བ་སྔར་རྒྱལ་སྲས་རང་གི་ཕྱི་མོ་གཞུང་གི་བུ་སནང་གི་དོད་དྭགས་པོ་གྲུབ༼བྷྲུམ༽་གྱི་བུ་མོ་གནང་བ་དེས་རྩ་བ་འཛུགས་སྐད་འདུག་ཀྱང་། ཨ་ཁུ་རྒྱལ་པོ་ནས་འོས་མིན་གྱི་ད་ལྟའི་བར་དུ་བདག་ཏུ་བཟུང་བ་ད་ནི་དེ་ལམ་དུ་བཞག་ན་མི་མཐུས༼འཐུས༽་པས་ཨ་ཁུ་རང་གི་སཛིས་ཁག་མུལྦེར་འཕྲལ་འདེད་དང་། ཆིབས་ཁྱུ་མ་མཁར་གྱི་ཡིན་བཞིན་འཕྲལ་སྤྲོད་དགོས་ཚུལ་ཟེར། ༈ ཡང་ཁ་ཆེ་དང་ལ་དྭགས་ཀྱི་ལམ་བར་སྔར་ནས་འགོག་རྒྱུན་ཆེར་མ་བྱུང་། ཨ་ཁུ་ནས་འཚོངས་པ་དང་ཕོ་ཉའི་རྒྱུ་འགྲུལ་ད་ལྟའི་བར་འགོག་པ་གནང་སོང་བ་ལ་དྭགས་དང་མུལྦེ་བར་གྱི་འགལ་འཛོམས་མ་ཟད། མཐར་ཁ་ཆེས་ཀྱང་ནད་མི་ཐེགས་པ་ཡི་རྒྱལ་ཁམས་འཁྲུག་ཟིངས་ཡོ་ལངས་ཆེན་པོའི་རྒྱུར་ངེས་པར་འགྲོ་བས་བཟང་དུས་ཀྱི་རིངས་དེ་ལྟར་མ་སོང་བ་ཞིག་བཀའ་ཡི་ཁྱབ་དགོས་དང་། ངེད་རྣམས་ནས་ཚྭ་བལ་ལེ་སྣ༼ན༽་སོགས་བོད་ཀྱི་ཚོངས་སཛས་ལམ་བཀག་ནས་པུ་རིག་ཏུ་མ་བཏང་ཕ་རོལ་ནས་དགྲ་གཞན་མི་དགོས། པུ་རིག་བྷལ་ཏི་ཨ་ཁུ་ལ་ངོ་ལོག་ནས་བཅོམ་པར་ཐེ་ཚོམས་མེད་ཀྱང་ཆེར་མ་བཀག་པ་ཡིན། སྔར་ཕན་ངེད་ལ་དྭགས་རྒྱལ་བློན་ནས་ནི་ཨ་ཁུ་དང་འཐབ་འཁྲུག་རྨེ་འདྲེ་མ་དགོས་པ་ཞིག་སྙིང་ནས་བསམ་ཏེ་ལེགས་སྤེལ་གཞུངས་སར་སྙན་འབུལ་ཞུས༎ སྙིང་ནས་མོས་ཡུལ་གྱི་བླ་མ་སྤྱན་དྲངས། ཨ་ཁུ་ལ་ཕར་བསྟུན་གང་མཁས་བྱས་ཀྱང་། ཨ་ཁུ་ནས་གྱོང་དུ་བཏང་། གདུག་ཏུ་བཏང་། ངན་དུ་བཏང་བྱུང་ཡང་ད་ལྟ་ཕན་ཐེགས་གང་ཐུབ་བྱས་པ་ཡིན། ད་ནི་བཟང་མཚམས་ཚད་ཚངས་ཕྱིན་ཕན་ཚུན་གང་ཐུབ་ཅི་ཐུབ་ལས་འོས་གཞན་མེད་པས་ལ་དྭགས་ནས་མུལྦེར་ཨ་ཁུའི་ཡ་དོ་སོང་བ་རྣམས་ཀྱང་སྔར་བཟང་མཚམས་གཏན་འཆིངས་ཞིག་ལ་རེ་ནས་ཟོས་བདེར་བཞག་པ་ཡིན་ཡང་ད་ཕྱིན་འགྲོ་མི་ཆོག་ལ། ཅིས་ཀྱང་འགྲོ་མཁན་བྱུང་ན་དེ་ཡི་ས་གཞིས་ངོར་རྫས་ནང་ཚངས་རྣམས་ལ་མི་བཟད་ལ་གྱ་བའི་གནས་སུ་འགྲོ་བར་ངེས་པས་དེ་ལྟ་བཀའ་ཡི་ཁྱབ་པ་ཡང་ མཁྱེན་མཁྱེན་། མཁྱེན་ཞེས་ཟེར། དེ་ལ་ཨ་ཁུ་ནས་ཨ་ཡུམ་ཟི་ཟི་ལ་དྭགས་ཁབས་སུ༼ཁབ་ཏུ༽་བླངས་སྐབས་སྲས་བྱུང་ན་སྟེངས་མཁར་ཆད་སོ་བྱས་པར་མངའ་འོག་སྤྱི་ནས་དེ་མི་འོས་ཚུལ་བྱུང་བས་ལུགས་ལེགས་ཀྱི་བཞག་པ་ཡིན་ལ། མཁར་བུ་ཕོ་ཏོ་ལ་མན་དང་། པི་ཏི་ཡབ་ཀྱི་གཅོད་མཚམས་གནང་བར་མ་ཟད། ཇོ་ལེགས༼ལགས༽་བདེ་སྐྱོངས་ཡབ་གཤེགས་རྗེས་སུ་བཞུགས་པ་ཡིན་ཅིང་། མི་འོས་པ་ཡོད་ན་ཁོང་གི་གསུང་དགོས་ཀྱང་མ་གསུང་ན་ད་ལྟ་ཁྱེད་རྣམས་ཀྱི་གསར་དུ་བསྙད་བཙེར་གྱི་གླེང་ སྐབས་སུ་ སུ་མི་ཆེ་ལ། རྟ་ཁྱུ་མ་དྭགས་པོ་ལྕམ་གྱི་འཛུགས་པ་ས་བོན་ཙམ་ལས་གཞན་སྟོང་བ་ཉི་མའི་སྐུ་ཚེ་སྨད་སླར་གསོས་པ་ཡིན་ལ་སཛིས་ཁག་ཡོད་ཀྱང་མིང་ཙམ་མ་གཏོགས་མུལྦེ་མཁར་རང་གི་གངག་ཕྱུགས་རྐང་ཕྲན་ཉུང་ངུར་ཟད་ཀྱི། ཇོ་ཁག་གི་ཕྱག་འབུལ་ནི་ཡབ་རྗེ་ཉི་མ་རྟོག༼སྟོག༽་ཏུ་བཞུགས་སྐབས་པུ་རིག་ཇོ་བོ་རྣམས་མཁར་ཆེན་དུ་ཕྱག་འབུལ་སོང་བ། ཡབ་རྗེའི་གཟིམ་དབོན༼དཔོན༽་ཕུན་ཚོགས་ཆེད་བསྔགས་བརྫངས་ནས་ཕ་འོངས་གྲོགས༼གྲོག༽་པོ་ནས་བཟློག་ཏེ་ཕྱིན་ཆད་མུལྦེ་ཕྱག་འབུལ་ཆོག་ཚུལ་བཀའི་གནང་ངེས་ཡིན་པས། ཇོ་ཁག་ཕྱག་འབུལ་ཡབ་ཀྱི་གཅོད་མཚམས་གྲུབ་ངེས་ཡིན་གྱི། ངེད་རང་ནས་ནི་མ་ཕུ་ཐུང་གི་དཔེ་ལྟར་མཁར་ཆེན་ཆུང་གི་གོ་བབ༼ཕག༽་བཞིན་ལོ་ཕྱག་ནི ༈ སྐྱབས་མགོན་མཆོག་གི་དགོངས་དཔྱད་ཀྱི་འོས་བབ་གསུང་ན་ལ་དྭགས་མཁར་དུ་འབུལ་རྒྱུ་ཞུ་ལ། ཇོ་ཁག་ཕྱག་འབུལ་ནི་མཁར་ཆེན་དུ་མི་འོས་ངེས་ཅང་ཡིན་ལ། ཁ་ཆེའི་ལམ་བར་འགེགས་པ་ཡང་ད་ཕྱིང་ཡབ་དང་གཅེན་གྱི་སྐབས་གང་ཡིན་ལས་གསར་དུ་འགལ་སུན་མི་བྱེད་ཚུལ་ཟེར། ༈ དེ་ལ་ལ་དྭགས་རྒྱལ་བློན་རྣམས་ནས་ན་རེ། ཡབ་རྗེ་ཉི་མའི་སྐབས་སུ་མ་ཟད། དེ་རྗེས་གཅེན་བདེ་སྐྱོངས་སྐབས་སུ་ཡང་པི་ཏི་མཁར་བུ་སོགས་བཟློག་དགོས་མ་གསུང་ཞེས་པ་ནི་རྒྱལ་པོ་ཉི་མ་གཤེགས་ནས་དགེ་བསྒྲུབ་ཡང་ཚངས་འདྲིལ་མ་འགྲུབ་པ་ཟླ་བ་ཧྲིལ་པོ་བཞིའི་ཁར་བདག་ཅག་གི་ཡབ་བདེ་སྐྱོངས་གཤེགས་པ་ཡིན་པས་ཡུན་རིངས་ཐུང་དེ་ལྟའི་ས་རིས་འཇགས་མི་འཇགས་ཀྱི་འཕྲོས་གནང་མ་བྱུང་ཞེས་པ་བརྗོད་འདོད་ཁོ་ན་ལས་གཞན་མ་མཆིས་ཤིང་། ལར་མུལྦེ། སུ་རུ། དཀར་རྩེ། ཕོད་དཀར་བཞི་མེས་ཉི་མ་དང་། ཡབ་བདེ་སྐྱོངས་ཡབ་སྲས་ཐུན་མོངས་བཅས་ཀྱི་སྐབས་སུ་ཆོད་པ་ལས་མེས་ཉི་མ་ཁོ་ན་མ་ཡིན་ཡང་ལ་དྭགས་ཡུལ་སྲོལ་གསར་བྱུང་བུ་ཐ་ཆུང་ལ་འཇགས་པ་དེ་བཞིན་ཨ་ཁུ་ལ་འོས་བབ་དང་། ཕོ་ཏོ་ལ་མན་ཆད་ནི་ཨ་ཁུ་རང་གི་ཞལ་ནས་གསུང་བ་ལས་ཡབ་མེས་ཀྱི་གཅོད་མཚམས་ཡིན་པ་མ་ཤེས་ཤིང་། ལྷག་ཏུ་ཇོ་ཁག་ཕྱག་འབུལ་ནི། རྒྱལ་པོ་སེང་གེ་རྣམ་རྒྱལ་ནས་ད་ལྟའི་བར་རྒྱུན་མ་ཉམས་པ་ལ་ཨ་ཁུའི་སྲོལ་སོ་མ་མི་འོས་པས་ཅིས་ནས་ཀྱང་གནང་དགོས་ལ། པི་ཏི་མཁར་བུ་ཕོ་ཏོ་ལ་མན་ཆད་རྣམས་ཡབ་མེས་ཀྱི་གཅོད་མཚམས་མཛད་པ་ཡིན་ཅིས་ཀྱང་གསུང་རྒྱུ་ཡིན་ཚེ། མེས་དང་ལྷག་ཏུ་རྒྱལ་པོ་བདེ་སྐྱོངས་ཀྱི་གཏན་ཚིགས་ཐཾ་ཀ་ཡོད་ན་འོས་བབ་ཡོད་མེད་ཞུ་བར་མི་ནུས་ཟེར། མུལྦེ་རྒྱལ་བློན་ནས་ན་རེ། ལ་དྭགས་ཞལ་ངོ་ནང་ཁུལ་དུ་འདི་ལྟར་སྙད༼སྙན༽་ཤུ༼ཞུ༽་ཡོངས་བར་མ་ཤེས་པས་ཡབ་རྗེ་དང་ཇོ་ལག་གི་བཀའ་ཐཾ་གཏན་ཚིགས་ནི་མེད། དེ་ལ་ཡིད་མི་ཆེས་ཟེར་ན། བླ་མའི་སྐུ་མདུན་དུ་ད་ལྟའི་ཞུས་པ་རྣམས་ཡབ་དང་གཅེན་གྱི་སྐབས་སུ་གཅོད་མཆམས་གནང་བ་མིན་རེ་ངེད་རང་གི་མནའ་དག་ལན་དུ་མར་འབུལ་གསུང་ཡང་ཕུལ་ཆོག་པ་ཡོད་ཟེར། ༈ དེ་ལྟར་རྒྱལ་པོ་ཁུ་དབོན་ཕན་ཚུན་དག་ར༼རང༽་བཞེད་ཀྱི་ཉན་བཤད་ཨསྨ༼ཨ་མྲ༽་མཆོག་ཏུ་འཁྲེགས་པའི་གོང་བུ་འཕྲད་པ་ལྟར་བསྐྱར་བཟློས་ཁོ་ན་ངལ་བའི་ཚེགས་སུ་ཆེ་བ་ཡང་ཕན་ཚུན་ཚིགས༼ཚིག༽་བློ་འདོད་སཛོགས་པ་མ་བྱུང་ཞེས་སླར་ནས་གླེན་ཀ༼ཀླན༽་གཞི་སྤང་ཕྱིར་དེ་ལྟར་ལན་ཁ་ཡང༼ཡར༽་བརྗོད་པའི་མཐར་རང་ཉིད་ཀྱི་བློ་གཟུར་གནས་ཁོ་ནས་ཕན་སླེབས་ཆེ་ཞིང་བརླིང་ཆགས་མཐའ་བཙན་དུ་དམིགས་ནས་མ་ཤེས་ཕར་བཞག་གི་གཅོད་མཚམས་རིམ་པས་བཏང་བ། ༈ དེ་ཡང་མར་ཡུལ་བདག་པོ་ཁུ་དབོན་དག་མཁར་ཆེ་ཆུང་གོ་ས་མཐོ་དམན་སྔར་ཡབ་མེས་གོང་མའི་སྲོལ་རྒྱུན་ཤུལ་འཇགས་ཡུལ་ཆོས་དབང་བཙན་པ་ཡི་མ་ཕུ་ཐུང་དཔེས་འཕྲལ་ལབ་ཤེར་བཙན་མིན་གཏན་ཚིགས་ཡོད་མེད་སོགས་ལྟར་སྣང་དུ་ཤར་བ་རྣམས་མཛེས་པའི་ལམ་དུ་བསྒྱུར། དོན་དམ་པ་ཕན་ཚུན་འབྲེལ་པ་མཚུངས་གང་ཡིན་འོས་སུ་བཏང་ནས། ༈ ཐོག་མར་པི་ཏི་དང་མཁར་བུའི་སྐོར་སྔར་ནས་སྙོན་ཡོད་ཙམ་ལས་རྒྱལ་པོ་ཉི་མ་ནས་ཕུན་ཚོགས་རྣམ་རྒྱལ་ཁྲི་སྤར་བའི་བར་མངོན་མཚན་གྱི་གླེང་གཞི་ཆེ་བ་མ་བྱུང་འདུག་ན་ད་ལྟ་ངེད་ནས་ལེགས་སྤེལ་གྱིས༼བགྱིས༽་སྐབས་ལ་དྭགས་པས་ཀྱང་དེ་ལ་རྩེགས་རྩེགས་པོ་གནང་བ་འོས་སུ་མ་ཆེ་བས་རྒྱལ་པོ་བཀྲ་ཤིས་རྨམ་རྒྱལ་རང་ལ་གླེང་མེད་དུ་འཇགས་རྒྱུ་མཛད་དགོས་གལ་ཆེན་གྱི་འཕྲོས་འདི་ལ་བཅོས་བསྒྱུར་མེད་པ་ཅིས་ནས་ཀྱང་ཞུ་རྒྱུ་དང་། ༈ གཉིས་པ་ཇོ་ཁག་ཕྱག་འབུལ་སྐོར་སྔར་ནས་ཇོ་ཁག་རྣམས་སླེས་མཁར་ཆེན་དུ་ཕྱག་འབུལ་ལ་ངོ་ཐོག་བཅར་ནས་ཕྱག་རྟེན་རྒྱ་ཊཾ་རེའི་རྩིས་ཡིན་འདུག་པ་ཕྱག་རྟེན་དེ་ཕྱེད་མར་བགོས་ནས་བལཊཾ་ལྔ་མུལྦེ་རྒྱལ་པོར་ཕུལ། བལཊཾ་ལྔ་མུལྦེ་རྒྱལ་པོ་ནས་མཁར་ཆེན་དུ་གནམ་ལོ་གསར་ཚེས་ཕྱག་སྨན་འབུལ་སྐབས་ཇོ་བོ་ངོ་ཐོག་གཅིག་དང་གཞན་རྣམས་ངོ་ཚབས་བྱས་ཏེ་འབུལ་ན་སྐབས་སུ་བབ་པར་སྙམ་པ་དང་། ༈ དོན་ཚན་གསུམ་པ། རྟ་ཕྱུགས་ཀྱི་བསྐོར་དང་། ༈ བཞི་པ་ཁ་ཆེ་ལ་དྭགས་བར་གྱི་རྒྱུ་འགྲུལ་སྐོར་སོགས་སླར་རིམ་པས་འཕྲོས་བྱེད་རྒྱུ་ཡིན་ཚུལ་སྨྲས་པར། ༈ དོན་གོང་ནི། བདག་གི་ནན་བསྐྱེད་བརྒྱིས་བཞིན། ལ་དྭགས་པས་འདི་འོས་སུ་མི་ཆེ་ཡང་བླ་མ་མཆེད་བསྔགས་སྤྱན་འདྲེན་ཞུས་པར་བཀའ་རྩལ་གཅོག་མི་སྤོབས་ཞེས་དེ་ལ་འཇོགས་རྒྱུར་བྱས་སོང་། ༈ གཉིས་པ་ཇོ་ཁག་ཕྱག་འབུལ་བསྐོར་ནི་མུལྦེ་རྒྱལ་པོ་ནས་བལཊཾ་ལྔ་དངོས་པོ་མི་ཆེ་ཡང་པུ་རིག་ཇོ་བོ་རྣམས་བརྟན་བརླིང་མི་འཁེལ་བས་དེ་ཚེ་ལ་དྭགས་པར་ངོ་བལྟ་བར་ངེས་པས་དེ་ཅི་ནས་ཀྱང་སྐབས་མི་ཆེ་ཚུལ་དང་། ཟངས་དཀར་རྒྱལ་པོས་མཁར་ཆེན་དུ་ལོ་ཕྱག་ཁོ་རང་ནས་འབུལ་བ་ལས་ཟངས་དཀར་ཨོག་གི་དྲག་རིགས་གཞན་གྱི་འབུལ་མི་དགོས་པ་བཞིན་མཁར་ཆེན་དུ་བདག་གི་གནམ་ལོ་གསར་ཚེས་ཀྱི་ཕྱག་འབུལ་ཕུལ་བ་དེ་ལས་ཇོ་ཁག་གི་ཕྱག་འབུལ་ལ་དྭགས་པར་བཏང་མ་དགོས་ཞིགཞུ་རྒྱུ་ཡིན་ལ། ཇོ་ཁག་གི་ཕྱག་འབུལ་མ་དགོས་ཕྱིན་རྟ་ཁྱུ་མང་ཡང་འོས་མཚམས་སམ་ཚངས་མ་མཁར་ཆེན་རང་དུ་འབུལ་དགོས་བྱུང་ཀྱང་དེ་བཞིན་དང་། རྫིས་ཁག་ཡང་མུལྦེ་རང་དུ་བླང་བ་ལས་འོས་མེད་ལ། ལོ་ལྟར་ཕྱག་སྨན་གྱི་རྟེན་ཡང་བལཊཾ་སུཾ་ཅུ་བཞི་བཅུ་སྐོར་འཁྲིགས་ཆགས་སུ་འབུལ་གསུང་ན་ཡང་བརྒྱིད། ཇོ་ཁག་ཕྱག་འབུལ་ནི་ལ་དྭགས་པར་མ་དགོས་པ་ཞིག་ཅིས་ནས་ཐུགས་རྗེ་ཆེ་ཚུལ་གསུང་ལ། དེ་ལ་ལ་དྭགས་པས་ཀྱང་ཇོ་ཁག་གི་ཕྱག་འབུལ་རྒྱལ་པོ་གོང་མ་རིམ་ཅན་གྱི་སྐབས་ནས་རྒྱུན་སྲོལ་མ་ཉམས་པ་ཡིན་པས་ཇོ་བོ་ངོ་ཐོག་སྔར་རྒྱུན་ལྟར་ཡོངས་དགོས་པ་དང་། དེ་མིན་ངོ་ཚབས་ནི་མི་བཏང་ཀ་མེད་ཡིན་ཞེས། དེ་ལྟར་ཁུ་དབོན་གཉིས་ཀ་ནས་ནན་བསྐྱེད་ཆེས་པས་བྱ་དཀའ་བར་གཏད་ཅིང་། དོན་དུ་ཇོ་ཁག་དེ་རྣམས་དམག་སྟོང་ཕྲག་མང་པོའི་བདག་པོར་གྲུབ་པས་ཡུལ་སྲོལ་གྱི་ཕྱག་སྣེ་གང་བསྟན་དེ་དཔོན་པོ༼པོར༽་བཀུར་བ་ཡི་རྩ་བ་ཡང་ཆེ་བ་ཞིག་ཡིན་པར་སྣང་ན་ཡང་། ལ་དྭགས་ནི་ཇོ་ཁག་ལ་ལྟོས་མ་དགོས་པར་མར་ཡུལ་ལྗོངས་རང་ལ་དཔག་པའི་དམག་དཔུང་སྟོབས་དང་ལྡན་པ་དང་། མུལྦེ་རྒྱལ་པོ་ནི་ཇོ་ཁག་མེད་ན་དཔུང་དང་བྲལ་བ་ཡིན་འདུག་གཤིས། དེ་ཡི་གནད་བཟུང་ཏེ་ཡིན་པ་ནི་ཤེས་མོད། དེས་ན་ལ་དྭགས་པར་ཞུ་དར་བཅས་ཏེ་སྨྲས༼སྨྲ༽་པ། དམ་པའི་ཆོས་འདུལ་བ་ལས། ཕ་མ་རྒན་རབས་བཀུར་བན་བསོད་ནམས་ཚོགས་སུ་ཆེ་ཞིང་། ཡུལ་ཁམས་མི་ཉམས་ཤིང་བཀྲ་ཤིས་པའི་རྒྱུར་གསུང་བཞིན་ད་ལམ་མུལྦེ་རྒྱལ་པོ་ལ་དྭགས་རིགས་ཀྱི་རྒན་གྲས་སུ་སྣང་ན། ཇོ་ཁག་གི་ཕྱག་སྐོར༼ཀོར༽་དེ་ཡི་ཐུགས་འདོད་ལྟར་བཞག་ཆོག་པ་ཞིག་ཅིས་ནས་ཀྱང་ངེད་ཀྱི་ཞུས་པ་ལ་གསན་དགོས་ཚུལ་ནན་བསྐྱེད་ཆེན་པོ་བྱས་ཤིང་། དེ་བཞིན་རྟ་ཁྱུ་མ་དང་། རྫིས་ཁག་ཡང་མུལྦེ་རྒྱལ་པོ་གསུང་ལྟར་བརྒྱིས་ན་ལ་དྭགས་རྒྱལ་པོས་ཀྱང་རྒྱུ་མཚན་གནང་བ་བཅས་སྐབས་སུ་བབ་པའི་འོས་ཁྲིམས་ཡིན་འདུག་ཀྱང་། མུལ་རྗེས་རྫིས་ཁག་བསྡུད་དགོས་གཞན་ངོར་ཅུང་ཟད་མ་མཛེས་དོག་རྫིས་ཁག་ནི་མུལྦེ་རྒྱལ་པོ་རང་ལ་ཕན་ལེབས་ཀྱང་ཆེ་ངེས་ཡོད་འདུག་པས་ཁུ་དབོན་ལུགས་ལེགས་ཀྱི་ལ་དྭགས་པའི་ཙྭ༼རྩྭ༽་ཡུལ་སྔར་ལྟར་གཡར་གནང་དང་། རྟ་ཁྱུ་མ་ནས་ཅི་ཙམ་ཡོད་པའི་བཞི་ཆ་ཙམ་ལ་དྭགས་མཁར་དུ་བཟློག་ཅིང་། དེ་འཕྲོས་མུལྦེ་རྒྱལ་པོ་རང་ལཨོ་འཇགས་གནས་ནས་རྩ༼རྩྭ༽་ཡུལ་ཡང་སྔར་ལྟར་དགོས་གལ་ཆེ་ཚུལ་དང་། མུལྦེ་ནས་མཁར་ཆེན་དུ་ཨིཨོ་བསྟར་གྱི་ཕྱག་སྨན་རྟེན་ཡང་ཟངས་དཀར་སོགས་རྒྱལ་ཕྲན་གཞན་ནས་མཁར་ཆེན་དུ་ཕྱག་འབུལ་རྟེན་ཆེ་ཆུང་མ་ངེས་པ་ཡོད་འདུག་གཤིས། འདིར་ཡང་ཟ་ཆེས་པ་ལས་མཛའ་ཆེ་བ་དགའ་ཞེས་པའི་དཔེ་ལྟར་རྒྱ་ཊཾ་བརྒྱད་ལ་ཆ་བཞག་ཕུལ་ཞིང་། མར་ཡང་ཕྱག་སྨན་ལན་མཚོན་བཏབ་པ་གནང་དགོས་ལ། ད་ལམ་འདི་ལ་ཅིས་ནས་ཀྱང་གནས་དགོས་ཚུལ་དམ་ལ་དཀར༼བཀར༽་ནས་འཕྲོས་སུ་བཏང་བས། ༈ ལ་དྭགས་རྗེ་བོ་ནས། ཇོ་ཁག་ལྔ་ཡི་ཕྱག་འབུལ་སོགས་ཚུལ་དེ་ལྟ་སྐབས་བབ་ཏུ་མི་འགྱུར་ངེས་ཅན་ཡིན་ཡང་། ད་ལམ་འདི་ཕྱིའི ༈ སྐྱབ་གནས་སུ་ཁྱབ་པའི་བླ་མའི་བཀའ་གནང་བཅག་པ་ནི་འཛངས་བས༼མཛངས་པས༽་ཅི་ལྟར་བརྒྱིད་སླར་འཕྲོས་འབུལ་དགོས་ཚུལ་བྱུང་བ་དེ་ཡང་བསྐྱར་གྱི་ནན་བསྐྱེད་པའི་ངག་ཚིག་དངོས་རྒྱུད༼བརྒྱུད༽་དུ་མར་བྱས་པས་རྒྱལ་སྲས་རིན་པོ་ཆེ་ནས་ཇོ་ཁག་ཕྱག་འབུལ་འདི་གནད་ཆེ་ཡང་ད་དེ་ལྟར་བགྱིད་པ་ལས་འོས་གཞན་མེད་ཞེས་དན་པར་མཛད་པོ། དེ་ནས་རགཡནལ་སྲས་རིན་པོ་ཆེས། གསུངས་ཕེབས་སུ་ཨ་ཁུ་རྒྱལ་པོ་དཔོན་གཡོག་རྣམས་ནས། ངེད་རྒྱལ་མོ་དང་འདུས་འདོད་པ་ལ་དེ་སྟབས་མ་བདེ་ནས་བཀའ་བློན་ལ་དགོངས་ཕོག༼འཕོག༽་བཏང་བ་ཡིན་ཚུལ་གཙོ་བོར་གཞུངས་ས་ལ་སྙན་འབུལ། གཞན་ཡང་ཀུན་ཏུ་གླེང་གི་ཡོད་སྐད་ཐོས་ན་ངེད་ལ་དྭགས་རྒྱལ་པོའི་བུ་ཡི་ཐུ་བོ་རང་གི་ཕ་ཁྱིམས་སུ་བླང་བའི་བཙུན་མོ་དང་འདུས་པ་ལ། བློན་ཚུལ་ལ་འཛེམས་ཟོན་བྱ་དགོས་ཅུང་ཟད་ཡང་མེད་སྟེ། བློན་ཚུལ་གྱི་ལུས་སྲོག་ནོར་གཞིས་ཀྱི་བདག་པོ་ལ་དྭགས་རྒྱལ་པོ་ཡིན་ན། ཁོ་པས་ངེད་ཀྱི་ཞལ་རས་དཀར་ནག་བསྲུང་བ་ལས། ངེད་ནས་བློན་ཚུལ་ལ་འཛེམས་དགོས་ཡོད་མེད་གཟུར་གནས་ཀྱི་དཔྱད་པས་ཀྱང་གསལ་ཞིང་། དེར་མ་ཟད། རྒྱལ་རིགས་བསླབ་པ་ཉམས་ཤིང་། བླ་མ་ལ་བཤགས་འབུལ་གྱི་སེམས་ཙམ་ཡང་མེད་པའི་སྡིག་པ་ཅན་ད་ཏའི་དུས་སུ་མཆིས་ན་ཡང་སྐྱ་སེར་ཀུན་ནས་དེ་ལ་ཟུར་ཙམ་ཡང་མི་སྨོད་ཅིང་། ཨ་ཁུའི་ཡང་མི་བསྐྱོན་པར་མཁར་གྱི་རྒྱལ་སྲིད་ལ་རྔཾ་ཏེ་ངེད་ཁོ་ནར་ལྷག་པར་གཤེ་བ་འདི་དྲང་པོའི་རང་བཞིན་དུ་འགྱུར་མིན། ཨ་ཁུ་རང་གི་ཡང་བསམ་འོས་བཀའ་ཡི་ཁྱབ་དགོས་དང་། ལྷག་ཏུ་ངེད་རྒྱལ་མོ་དང་འདུས་འདོད་ཀྱི་བློན་ཚུལ་བཤད་པའི་ཁུང་འདི་གཞན་གྱི་ཞུས་སམ། ཨ་ཁུ་རང་གི་རྟོགས་སམ་གང་ལྟར་དེ་ཡི་ལན་གསལ་ཅིས་ཀྱང་ཡོད་དགོས་བཀས་ཁྱབ་པ་ཞིག་ཡང་ཡང་ནན་བསྐྱེད་སྤྱི་བརྟོལ་གནང་གི་འདུག་པས། དེ་འཕྲོས་སུ་བཏང་བར། མུལྦེ་རྒྱལ་པོ་ནས་ན་རེ། དེ་རིགས་རྒྱལ་སྲས་རིན་པོ་ཆེ་ལ་སྐྱོན་བརྗོད་རང་གི་ནི་ངག་ནས་བརྗོད་པ་སྨོས་ཅི་འཚལ། ཡིད་ལ་ཡང་༼མ༽་དྲན་མོད།་ རྒྱལ་པོ་ཕུན་ཚོགས་ ཟུར་བཞུགས་སྐབས་ཕྱོགས་ལྷུང་ཅན་ཁ་ཅིག་གི་སྒྲོ་བཏགས་ཚིག་ཟུར་སྲིད་ཀྱང་། རང་གི་ནི་དེ་ལ་ཡིད་ཆེས་གཏན་ནས་མ་བྱས་པས་གཞུངས་སར་སྙན་འབུལ། སྒར་དཔོན་ལ་ཡང་སྨྲས་པ་ཡེ་ནས་མེད་ངེས་དག་བཀྲུའི་ཆོག་ལ། ངེས་མེད་གཟིམ་ཆུང་ནང་མར་རང་གི་གཡོག་དང་རྗེས་ཟློས་ཚུལ་དུ་འཕྲོས་བྱས་ཡོད་པར་སྲིད་ཚེ་དེ་ལ་གཤེགས༼གཤོག༽་འབུལ་བསྒྲུབ་ཆོག་པ་ཆོག་ཚུལ་གསུང་ཞིང་། ༈ རྒྱལ་སྲས་རིན་པོ་ཆེ་ནས། ཡང་བསྐྱར་གྱི་ཁུངས་སྤྲོད་དགོས་ཚུལ་ནན་ཆེ་ཞིང་། མུལྦེ་རྒྱལ་པོ་ནས་ཀྱང་གོང་གི་ཚིགས་ཉིད་བསྐྱར་བ་ལ་བརྟེན་ཁུངས་སྤྲད་མེད་པར་གསལ་བཞིན་དེ་ལ་ནན་བསྐྱེད་རྒྱལ་སྲས་ནས་ཀྱང་གནང་བ་སྐབས་སུ་མི་ཆེ་བ་དང་། མུལ་རྗེ་ནས། གཞན་ལ་མ་སྨྲས་ཚུལ་གསུང་ཡང་རྒྱལ་སྲས་ལ་མུལ་རྗེས་གསུང་ཚུལ་ཞུ་མཁན་ཡོད་འདུག་གཤིས། དེས་ན་སྒྲོས་མེད ༌སྒྲོས༌ ཀྱི་རྗེས་ཟློས་ཙམ་སོང་བ་སྲིད་ཚེ་མུལ་རྗེ་རང་གི་གསུང་ལྟར་གཤེགས༼གཤོག༽་འབུལ་ཙམ་གྱི་དག་དགོས་ཚུལ་རྒྱལ་སྲས་རིན་པོ་ཆེར་ནན་བསྐྱེད་ཀྱི་ཐག་བཅད། ༈ དེས་རྒྱལ་པོ་ཁུ་དབོན་གྱི་ལེགས་སྤེལ་རྩ་བ་གྲུབ་པའི་དབང་དུ་བྱས་ནས་ནག་ཟླའི་ཚེས་བཅུ་དགུར་ཁུ་དབོན་རྣམས་ངོས་ཀྱི་གཾ་དུ་མཇལ་འཛོམས་བསྒྲིག་ཅིང་དེ་ཡི་རྣམ་བཞག་རྒྱལ་སྲས་རིན་པོ་ཆེ་ཁྲིར་བཞུགས། མུལྦེ་རྒྱལ་པོས་ཕྱག་དང་ཞེ་ཨ་སྔར་སྲོལ་སོར་བཞག་དང་། རྒྱལ་བུ་ཁྲི་ཚེ་དབང་རྣམ་རྒྱལ་ནས་རྒན་གཞོན་བབ་ཀྱི་གདན་ལས་ལྡང་ནས་གོམས་པས་ཀྱང་ཅུང་ཟད་བསུས་ཏེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ལ་དར་དང་ཕྱག་སྔོན་དུ་བསྟབ་དེ་ལ་ལན་ཀྱང་གསལ་ནས་ཁྲི་ཚེ་དབང་དང་མུལྦེ་རྒྱལ་པོ་རང་རང་གི་གདན་ལ་འཁོད་དེ་རྒྱལ་མོ་ཀུན་འཛོམས་ནས་མུལ་རྗེར་དར་དང་ཕྱག་འབུལ་ན་འབྲེལ་མཚུངས་ཀྱི་ཕན་ཚུན་དེ་ལྟར་འོས་ཞེས་འཕྲོས་བརྒྱིས་པར་མུལྦེ་རྒྱལ་པོ་ནས་རྒྱལ་སྲས་རིན་པོར་ཆེར་སྔར་སྲོལ་གང་ཡིན་ལྟར་འོས་ལ། རྒྱལ་བུ་ཚེ་དབང་དང་ཕན་ཚུན་ཕྱག་ཕྱག་ལེན༼ལན༽་བསྟབས་པ་མི་འཚལ་སྟེ། སྡེབས་མཇལ་དར་བསྣོལ་བ་ཙམ་ལེགས་ཞེས་གསུང་གི་འདུག་པ་ཅུང་ཟད་གོ་བས་མ་ཆུན་པར་སྣང་ཡང་ཐུགས་འདོད་བཞིན་དུ་བྱས་ཏེ་སེངགེའི་དུས་སྦྱོར་གྱི་སྐབས་སུ་གོང་གི་རྨམ་བཞག་ལྟར་མཇལ་འཕྲད་ལེགས་སྤེལ་བསྒྲུབ་བཅུག བདག་གི་གཾ་ནས་མུལ་རྗེ་རྒྱལ་པོ་ཕྱིར་ཕེབས་སྐབས་རྒྱལ་སྲས་རྒྱལ་མོར་བཅས་པའི་བཞུགས་གནས་སུ་ཨ་ཁུ་རྒྱལ་པོ་སྤྱན་དྲངས་ནས་ཕན་ཚུན་མཉན༼མཉེས༽་གཤིམ༼གཤིན༽་ཚིགས་ཀྱི་མགུ་བར་བྱས་ཡོད་འདུག། ༈ དེ་ལྟར་ལེགས་ལམ་དུ་ཆེ་བ་གྲུབ་ནས་མཐར་གྱི་ཞིབ་གཅོད་ཁ་ཆེ་དང་ལ་དྭགས་བར་གྱི་ལམ་བཏང་བཀག་འདི་ནི་ཁོ་པ༼བོ༽་དེར་གནས༼གནད༽་དང་གཞན་གྱི་ནི་དེ་རྩ་བ་ཆུང་ངུར་སེམས་ནས་ཀློད༼གློད༽་ཀྱི་འདུག་ཀྱང་། བདག་བློའི་འཆར་ཚུལ་དུ་ནི་རྒྱལ་ཁམས་སྤྱི་དང་མར་ཡུལ་རང་གི་བདེ་སྡུག་གི་ལས་རྔཾ་པོ་ཆེ་བསྐྱེད་པའི་རྒྱུ་རྩ་ཞིག་ཏུ་རྟོགས་པས་ལ་དྭགས་སྤྱི་དང་། ལྷག་ཏུ་མུལྦེ་རྒྱལ་བློན་རྣམས་ཀྱི་མཁྱེན་དགོས་གལ་ཆེན་དུ་སྣང་བས། དེས་ན་ལ་དྭགས་ཀྱི་བཙུན་སྣེ༼སྡེ༽་བློན་རྒན་གཙོ་སྒར་གྱི་ངོ་ཚབས་རང་རེའི་ཟླ་བོ་ཁ་ཡར་བཅས་ཚངས་མ་འདུས་པའི་གདོང་དུ་འཕྲོས་བསྒྱུར་བ། ༈ མུལྦེ་རྒྱལ་པོས་ཁ་ཆེའི་ལམ་བཀག་པ་འདི་སྔར་བརྒྱིས་པ་གང་དེར་ཟད། ད་ཕྱིན་ལམ་བཀག་བསྡེམས་རྒྱུ་འགྲུལ་མཁན་ལ་བརྩེར་བསུན་འཚོངས་པ་རྣམས་ལ་འོས་མིན་གྱི་རྣམ་པར་གནོན་པ་སོགས་གཏན་ནས་བྱ་མི་རུང་ལ། གལ་ཏེ་དེ་ལྟར་བརྒྱིས་ན་རྒྱུ་འགྲུལ་མཁན་སྤྱི་དང་བྱེ་བྲག་འཚོངས་པ་ནད་མ་ཐེགས་ནས་ཁ་ཆེའི་སྒེར༼སྒར༽་དཔོན་ན་བབ་གསོལ། དེས་མཐར་པ༼ས༽་ཡི་དབང་ཕྱུག་ཆེན་པོ་བཱཀྵའི་སྙན་དུ་བཏང་ནས་ཉེས་ནས༼ན༽་དཔུང་གི་སྦྱོར་བ་དང་དེ་མིན་ཡང་རྒྱུ་མཚན་བསྙད་པར་སྟོང་ཕྲག་ཁ་ཡར་བྱུང་ན་གྱོང་གུན་ཤིན་ཏུ་ཆེ་བ་ལས་གཞན་མ་མཆིས་པ་མངོན་སུམ་ཚད་མ་སྟེ། ན་ནིང་ཁུ་དབོན་ནང་གི་རྒྱུ་མཚན་བརྟག་པར་ན་བབ་གྱི་སྒོ་བསྲུང་དབྱུག་པ་འཛིང་པ་ཅིག་བྱུང་བ་ལ་ཁྱེད་རང་རྣམས་ལ་ཚོགས་སུ་ཅི་ལྟར་གྱུར་བློར་ངེས་ཀྱི། ཅི་སྟེ་ཚུལ་འདི་བཱཀྵའི་སྙན་དུ་གསན་ཕྱིན་ཚེགས་ཆུང་ངུར་གྱུར་ཀྱང་རྒྱལ་ཁམས་དངོས་ནས་གསེར་གྱི་དབྱུག་པ་འཛིན་པའི་བྱ་མ་རྟ་ཡི་གདོང་དུ་འཚོངས་པ་རྣམས་ལ། ལམ་གྱི་ཤོ་གཾ་བླང་མི་ཆོག་པ་ཞེས་དངུལ་གྱི་ཤོག་གུ་ལ་གསེར་གྱི་ཐཾ་ཀས་བརྒྱན་པ་ཞིག་ཁྱེད་རང་རྣམས་ཀྱི་སྤྱི་བོར་ལྷུང་ཚེ་གསུམ་རྩེན་བདག་པོའི་མཚོན་ཆ་བབ་པ་བཞིན་ཅི་བྱ་ལ་གྱ་བའི་གནས་གཞན་མ་དམིགས་སྟེ། ཅི་ཕྱིར་བཱཀྵའི་བཀའ་ལུང་གི་དོ་ཟླར་རང་མཚུངས་ཕྱོགས་བཱཀྵ་ལས་གཞན་རྒྱལ་པོ་རྒྱལ་ཕྲན་གང་གི་ཡང་མི་འགྲུབ་ན་མར་ཡུལ་བདག་པོ་ཁུ་དབོན་དཔུང་དྲིལ་ཡང་རྔོ་ཕྲ་མོ་ཐོག་མི་ནུས་ན། མུལྦེ་རྒྱལ་པོས་དེ་ལ་ཅུང་ཟད་དམིགས་པར་ཡང་ག་ལ་ནུས། དེས་ན་ཚུལ་དེ་བསམ་ནས་བྱ་བ་མཁས་པར་མ་བྱས་ན་རི་རབ་ཉིལ་བ་ལ་བྱིས་སྦས༼སྤས༽་འུར་རྡོས་འཐབ་པའི་དཔེར་བྱས་ན་རྗེ་འབངས་ཚེ་འདི་གཏན་ཕུང་གི་རྒྱུར་འགྲོ་བས་དེས་ན་དོན་དེ་ཐུགས་ཀྱི་ དཔལ་བེའུ་ རུ་བསྟི་ནས་སྔར་ལུགས་སུ་མ་སོང་བ་ཞིག་ཅིས་ནས་ཀྱང་གལ་ཆེ་བས་ནན་གྱི་ཞུ་འབུལ་ཡིན་ཚུལ་དང་། ཁ་ཆེའི་ལམ་ངེས་པར་འགོགས་དོགས་ཤར་བ་སྲིད་ཚེ་ཁུ་དབོན་རྗེ་འབངས་ཚངས་མས་མཐུན་གཤིབས་གྲོས་གྲབ༼གྲབས༽་མོལ་བསྡུར་གྱི་དབུས༼དབུ༽་ནས་བཙམ༼བརྩམས༽་པ་ལ། ད་ཕྱིན་མུལྦེ་རྒྱལ་བློན་རང་གི་བློ་མཚམས༼འཚམས༽་གཅིག་པུའི༼པུས༽་ནམ་དུ་ཡང་མི་བྱ་བ་འདི་ཐུགས་ཀྱི་དཀྱིལ་འཁོར་དང་སྲོག་པ་རྩ་ཡི་དབུས་སུ་འཚོ་བ་ཇི་སྲིད་དུ་བསྟི་དགོས་སྟེ། དེ་ནི་ཡུལ་ཁམས་སྤྱི་བྱེ་བྲག་ཚངས་མ་དང་། ཁྱད་པར་མུལྦེ་རྒྱལ་པོ་རང་ལ་རང་དྲིན་ཆེ་བའི་རྒྱུ་ཡིན་གྱི། ངེད་ཕྱོགས་མེད་བྱ་བྲལ་རྒྱལ་ཁམས་པ་ལ་ནི་དགོས་ཆེད་དོ་གལ་གཞན་མ་མཆིས་ན་རང་རང་སྐུ་དོན་དུ་བླང་དོར་གྱི་གནས་མ་འཛོལ་བ་དེ་ལྟར་བརྒྱིད་དགོས་གལ་ཆེའི་རང་བཞིན་དང་། ལ་དྭགས་པས་ཀྱང་བོད་ཀྱི་ལེ་ན་སོགས་བཏང་བསྡམས་སྔར་སྲོལ་གང་ཡིན་ལ་གནས་དགོས་ཚུལ་སྨྲས་པར། ལ་དྭགས་རྒྱལ་བློན་ནས་སྔར་ཡང་ཁོག་ཤོངས་བསྐྱེད་དེ་མ་བཀག་ཚུལ་སྙན་དུ་ཕུལ་བཞིན་ཡིན་ལ། ད་ཆ་ཡང་བཟང་དུས་གཏན་འཆིངས་གང་མཛད་ཀྱང་ཨ་ཁུའི་མ་འགལ་ཕྱིན་ངེད་རྣམས་ཀྱི་འགལ་བ་བྱེད་མི་ཡོངས་ཟེར། མུལྦེ་རྒྱལ་བློན་རྣམས་ནས་ཀྱང་སྔར་འབྲུཾ་བག་སོགས་ལ་བརྟེན། ཁ་ཆེའི་ལམ་བར་བཀག་དགོས་དེ་རིགས་བྱས་སོང་ཀྱང་། ད་ཕྱིན་བཀག་འགོག་དེ་འདྲ་གཏན་ནས་མི་བྱེད་ཚུལ་ཟེར། མུལྦེ་རྒྱལ་པོ་རང་ལ་དད་པ་ཆེ་ཞིང་གསུང་བརླིང་བ་ལྟར་སྣང་ཡང་མཛད་པ་ལ་ཚད་འཛིན་དཀའ་ཞིང་། དོན་འདི་གལ་ཆེན་དུ་ཤེས་ནས་ཝཾ་ལེར་དྲི་བ་བསྐྱར་ནན་ཚར་ལྔ་ཙམ་བཏང་ཕྱིས་ལ་དྭགས་མཐིལ་དུ་ཚར་གསུམ་བཅས་ཁྱོན་ཚར་བརྒྱད་དུ་སྔར་གྱི་ལྟར་ལམ་བཀག་མི་བྱེད་པའི་ཞལ་བཞེས་མཛད་སོང་བ་ལ་དྭགས་མཐིལ་དུ་རྩིགས༼གཙིགས༽་སྔ་མ་བཟུང་སྐབས་བཱཀྵ་རྒྱལ་པོ་ཡི་གཏོག་ཅན་ཉན་རྣ་གསང་བའི་མངགས་པ་ཞུག་པའི་མི་ཞིག་ཀྱང་དེར་ཡོད་འདུག་པ་ཕྱིས་ཐོས། དེ་སྐབས་ཁ་ཅིག་ནས་ན་རེ་མུལྦེ་རྒྱལ་པོར་རིགས་སྲས་འབྱུང་བར་སྨོན་ལ་དེ་ལྟར་བྱུང་ན་སྨོས་མེད་དང་། དེ་མིན་རྒྱལ་སྲས་སྤྲུལ་པའི་སྐུ་དང་རྒྱལ་མོའི་དྲུང་གི་སྲས་ད་ལྟའི་འདི་ཆོས་སྒོར་འཇུག་རྒྱུ་ཡིན་འདུག་ཀྱང་། སླད་ནས་ད་དུང་བར་༼མ༽་ངེས་ན་དེ་དང་ད་ལྟ་མུ་རྗེའི་སྲས་མོ་ཞིག་ཡོད་པ་དེ་དང་ཆབ་གཅིག་བཞག་ན་ཅི་ལྟར་རུང་ཞེས་བདག་ལ་འདྲི་བར་མཛད་པ་དེ་ལ་སྨྲས་པ་ཚུལ་དེ་བདག་ལ་འདྲི་བར་མི་འོས་ཤིང་། ལན་འདེབ་ཀྱང་མི་བཏུབ་ལ། གཡོང་ནི༼ཡོངས་ནས༽་ཕ་ཡི་རིགས་དགུ་རྒྱུད་དང་མ་ཡི་རིགས་གསུམ་རྒྱུད་ཀྱི་བར་གཉེན་དུ་མི་སྡེབས་པར་ཕྱི་ནང་གི་གཞུང་ལུགས་མང་པོར་རླུང་ལྟར་དུ་གྲགས་ཤིང་། བོད་ཡུལ་དབུས་སུ་ཕ་ཡི་རིགས་སུ་གྱུར་ཚད་དང་། གཙང་པ་རྣམས་ཀྱི་དེ་ཡི་ཁར་མ་ཡི་རིགས་གསུམ་བརྒྱུད་ཀྱི་བར་དུ་འཛེམས་ཤིང་། རྒྱ་ནག་ཏུ་ཡང་དེ་དང་འདྲ་སྐད་དང་། ད་ལྟ་འཕགས་ཡུལ་དུ་སངས་རྒྱས་ཀྱི་གྲུབ་མཐའ་དཀོན་ཡང་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་གར་ཡོད་དུ་གོང་དུ་བཤད་པ་དེ་ལས་མི་འདའ་མོད། འོན་ཀྱང་བོད་ཡུལ་མཐའ་འཁོབ་ཁ་ཅིག་དང་། འཕགས་ཡུལ་ཀླ་ཀློའི་གྲུབ་མཐའ་ལྷག་པར་དར་བའི་གནས་སུ་སྤུན་དངོས་མའི་བུ་དང་བུ་མོ་ཁྱིམ་ཐབས་སུ་སྦྲེལ་བར་ཐོས་ཏེ། དེ་ནི་བྱམས་པ་ལུང་བསྟན་པའི་མདོ་ལས། བརྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་མི་གནས་ཤིང་། མཚོན་གྱི་བསྐལ་པ་དང་ཉེ་བ་ཆ་མཐུན་སྐབས་མི་རྣམས་ཁྲེལ་དང་ངོ་ཚ་བྲལ་ཏེ། ཁྱི་དང་། ཕག་པ། ཝ་སྐྱེ་བཞིན། སྲིང་མོ་དང་། བུ་མོ་སོགས་དང་། ལྷག་གཅིག་ཏུ་འཚོགས་ཤིང་། དེ་ནས་མཚོན་གྱི་བསྐལ་པ་དངོས་ཀྱི་འཛམ་གླིང་གྱི་སྐྱེ་རྒུ་ཕལ་ཆེར་ཁ ༌དག་པར་གསུང་སྟེ། སྤྱིར་དེ་ལྟ་བུའི་དུས་ཀྱི་ཉེན་པ་དང་། ཡུལ་ཁ་གཅིག་ཏུ་སྟེ་དབང་གི་དེ་ལྟར་གྱུར་པ་ལ་ནི་ཡུལ་གྱི་ལྷ་རྣམས་གྲིབ་ཀྱི་ནོན་ཅིང་། བཀྲ་མི་ཤིས་པའི་རྒྱུ་ལྟས་ངན་ཏུ་རྐྱེ༌ བོ་མཁས་པ་རྣམས་ཀྱི་བརྗོད་པར་བྱས་ན་ཡ་རབས་དྲ་མ་རྣམས་ཀྱི་ཚུལ་ལུགས་ལ་ནི་དེ་མི་འབྱུང་མོད། འོན་ཀྱང་མི་ངན་ཅི་བྱེད་ཡ་ཆ་༼མེད༽་ཁ་གཅིག་ནས་ཡུལ་དབང་རྗེ་བཙན་མགུ་བའི་ཁ་བསགས་ཚུལ་དེ་ལྟ་ཤཱཀྱ་རིགས་ཡིན་ཞེས་སྨྲེང་བ་པོ་བྱུང་བ་ནི་ཚིག་དེ་རྣམ་པར་ཁྱམས་པ་སྟེ༎ སྔོན་དྲང་སྲོང་སེར་སྐྱའི་གསུང་ནི། དགོས་པས་དགག་༼བྱ༽་ཟིལ་གྱི་གནོན་པ་༼དང༽་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་འོས་པའི་ནབུ་ལ་ཕ་ཡི་བཀས་གནང་ཏེ་རྒྱལ་སྲིད་ཀྱི་དབང་ཐང་བོར་ནས་དཀའ་ཐུགས༼ཐུབ༽་ཀྱི་ནག་ཏུ་གནས་ནས་རིགས་མི་མཉམ་པ་དང་། མཉམ་ཡང་གཞན་གྱི་བུད་མེད་ལ་ལག་པས་རགས༼རེག༽་པ་ཙམ་ཡང་མི་བྱེད་པའི་བཏུལ་ཤུགས་འཛིན་པར་མས་དབེན་ཀྱིག་སྲིད༼སྲིང༽་མོ་བརྟན་པར་གསུང་བ་ཡིན་གྱི། དེ་མ་ཡིན་པ་གཞན་ལ་ཕྱི་རོལ་དྲང་སྲོང་གི་རིག་བྱེད་དུ་ཀུན་ཏུ་མ་བརྟན་པ་ཡིན་ནོ། གལ་ཏེ་རིག་བྱེད་དུ་བསྟན༼བརྟན༽་ན་ཡང་སངས་རྒྱས་དང་མི་མཐུན་པའི་ཚིགས༼ཚིག༽་ཅི་ཕྱིར་གཡུལ་དུ་ཤི་བ་ལྷར་སྐྱེ་བ་དང་། རྒྱལ་རིགས་ཀྱི་ཆེད་དུ་མི་དགེ་བའི་ལས་ལམ་ཆེན་པོ་རུང་བར་བཤད་པ་ནི་ལོག་པ་ལྟ་བས་ཀུན་ཏུ་ནོན་པ་ཡིན་པས་དེ་ཡང་སྤངས་བྱར་ཤེས་པས་རྟོགས་པ་ཉིད་དོ༎ དྲང་སྲོང་སེར་སྐྱས་སྐྱོངས་བའི་རྒྱལ་རིགས་ཤཱཀྱ་སྤུན་རྣམས་ནུ་བོ་རྒྱལ་སྲིད་ལ་དགའ་བ་ཤི་བའི་འོག་ཏུ་ཤཱཀྱར་གྱུར་པ་སྤུན་ཆེ་རིམ་ནས་རྒྱལ་སྲིད་ལ་བཀོད་ཀྱང་། ཕོ་བོ་གསུམ་ལ་སྲས་མ་བྱུང་བར་གྲོངས་ཤིང་། ནོ་བོ་ལ་སྲས་བྱུང་བའི་རྒྱུད་ཤཱཀྱ་ཆེན་པོའི་རིགས་ལས་སྐལ༼བསྐལ༽་བཟང་འདྲེན་པ་བཞི་པ་བྱོན་པ་སྟེ། དེ་ཡང་མས་དབེན། སྲིད༼སྲིང༽་མོའི་བུ་བརྒྱུད་ལས་མིན་པ་ཤེས་དགོས་སོ། དེས་ན་ཚིག་འདི་བདག་གི་ནི་མི་རིགས་པས་གཞན་ལ་གོ་བར་གྱིས་ཤིག ཅི་ཕྱིར་འདི་ཡི་སྐྱེ་བོ་མང་པོ་ལ་ཕན་ནམ། དེ་ལས་ལྡོག་གཾ། མངོན་ཤེས་མ་ཐོབ་པས་བརྟག་མི་ནུས་པ་ཡི༼ཡིས༽་སོ། ཞེས་སྨྲས་པས། གོང་གི་སྨྲས་བ་པོ་རྣམས་སྤྱོམ་ཆུང་ངུའི་ཁ་རོག་ཏེ་སྡོད་དོ། འདིར་ཡི་གེའི་ཚེགས་སུ་ཆེ་ཡང་སྐྱེ་བོ་དྲ་མ་རྣམས་ཀྱི་ཚུལ་སྤྱོད་ལ་སྨན་ཕྱིར་ཉུང་ངུའི་ངག་གིས་ཆ་ཙམ་བྲིས་པའོ༎ དེ་ནས་ཀྱང་མུལྦེ་རྒྱལ་པོ་ནས་ངེད་ལ་སྲས་རྒྱུད་ཡོངས་པར་རེ་ཡང་ངེས་མེད་མ་བྱུང་ཚེ་མཁར་ཆེན་རྒྱལ་བུ་ཚེ་དབང་རང་ལ་ཕྱི་གཞིས་ནང་སཛས་མཐའ་དག་བཟློག་དགོས་ལ་དྭགས་ཡུལ་སྲོལ་བསྒྱུར་བཀོད་མི་རུང་བ་ཡིན་མོད། དེ་གཞན་ནས་རྟོགས་ན་ངེད་ལ་ད་ལྟ་ནས་ལྷག་པར་བརྙས་པར་འགྱུར་བས་གཏན་ཚིག་ཏུ་ངེད་རང་ལ་སྲས་ཡོངས་བཤག༼ཤག༽་གི་གཅོད་དགོས་ཚུལ་ཕེབས་པར། དེ་ལ་ངེད་ནས་སྨྲས་པར་སྲས་ཡོངས་མིན་མ་ངེས་བཞིན་གཅོད་མཚམས་སུ་མི་བདེ་བས་དེ་ནས་རྒྱལ་པོར་སྲས་མེད་ཕྱིན། ཕྱིས་གཞིས་ནང་ནོར་མཁར་ཆེན་ལ་སྤྲོད་དགོས་ཡུལ་སྲོལ་ཡིན་ཚེ་རྒྱལ་བུ་ཁྲི་ཚེ་དབང་རྨམ་རྒྱལ་སྲས་འདོད་དུ་བཟུང་ནས་སླད་མར་རྒྱལ་པོ་རང་ལ་སྲས་མཁྱེན་དཔྱོད་ཅན་བྱུང་ན་རྒྱལ་བུ་ཚེ་དབང་གི་དཔུང་གྲོགས། གལ་ཏེ་སྲས་མཁྱེན་དཔྱོད་མེད་པ་ཞིག་བྱུང་ན་མེས་ཉི་མ་རྒྱལ་བུ་དོན་གྲུབ་ཨིཨ་བརྩེ་སྐྱོངས་མཛད་ཏར་ཚེ་དབང་ནས་ཀྱང་གནང་རྒྱུ། ཡང་རྒྱལ་པོ་རང་ལ་སྲས་མ་བྱུང་ཚེ་རྒྱལ་པོ་ཚེ་དབང་ནས་མུལ་རྗེའི་དྲུང་ཕ་ལྟར་བཀུར་ཞིང་། དེ་ཡི་ལྟོས་བཅས་རྣམས་ཀྱང་ཁྲིམས་མཐུན་གྱི་བསྐྱངས་རྒྱུ་དང་། མུལ་རྗེ་སྐུ་ཚེ་ནམ་འཚོའི་རིངས་པུ་རིག་པི་ཏི་ཡི་ཞབས་འཐམས་ལ་དྭགས་པས་མི་བླང་ཞིང་། ལ་དྭགས་ནས་མུལྦེ་རྒྱལ་པོར་ཞབས་འཐམས་བྱུང་ཡང་མི་བླང་བར་ཁུ་དབོན་ལ་རྒྱ་གཅིག་དྲིལ་མཛའ་གཤིམ་མཛད་རྒྱུ་བྱས་ན་ལེགས་པར་སེམས་ཚུལ་གསོལ་བར། མུལྦེ་རཱཛས་ཐོག་མར་དཔྱད་གནང་དང་། མཐར་ཤིན་ཏུ་ལེགས་ཞེས་ཞུ་ནན་མཛད་པས་ལ་དྭགས་པར་ཡང་འཕྲོས་སུ་གསོལ་བས་མི་འཇུག་པར་མེད་པས་དེ་ལྟར་ཐག་བཅད། དེ་ཡན་གྱི་ཁུ་དབོན་ལེགས་སྤེལ་ཕན་ཚུན་གཟུ་ཐོག་ནས་བྱེད་དགོས་ཀུན་ལེགས་པར་གྲུབ་པའི་དབང་དུ་བྱས། བླང་དོར་གྱི་གནས་ཁ་གཅིག་ངོས་ཀྱིན་ངག་བཀོད་བརྒྱིད་དགོས་ནམ་ཆོད་ཡིག་གི་མནའ་རྩིགས༼ཚིག༽་བླང་སྐབས་བརྒྱིད་རྒྱུར་བྱས། ༈ དེ་ནས་ལ་དྭགས་རྒྱལ་བློན་དང་། བློན་ཚུལ་གྱི་བུ་དག་མཁོན་བཅུག་སེལ་བ་ཡང་སྐབས་སུ་བབ་པས་དེ་ཡི་དོན་གླེང་བར་བརྒྱིས་པ་ལ༼ལས༽། ལ་དྭགས་རྗེ་བློན་ནས་བློན་ཚུལ་གྱི་ཉེས་པ་དུ་མར་བགྱིས་པའི་ཚུལ་གྱི་ཡི་གེ་སྲིང༼སྲིད༽་དུ་རིངས་བ་དག་རིངས་མོ་ཉིད་ནས་བསྟར་བ་ཐོས་པས་དེ་ལ་བལྟས་ན་བརྗོད་པ་དུ་མས་སུན་པར་གོ་བ་ཡི། བཅུ་གཉིས་ལོ་ཡི་བཟང་དུས་ལ་ཞུ་ཚིག་དེ་ལྟ་བལྟ་བ་མི་ལོངས༼ལོང༽་ཚུལ་སྨྲས་ཤིང་། འོས་སུ་འཇུག་པ་ཉིད་རང་གི་བསམ་ཚུལ་ལྟར་ན། ཕན་ཚུན་ཞེ་མཁོན་དྲག་ཏུ་བརྡོས་པ་ཉིད་ས་ཕྱོགས་གཅིག་ཏུ་འཁོད་པ་གཉན་ གཤིམས་སུ་ གྱུར་དཀའ་བ་ཡི། དེས་ན་བློན་པོའི་བུ་དག་ལ་དྭགས་ཕྱོགས་སུ་ས་རིས་སྣེ་ཟིང་ཙམ་ཞིག་ཞུ་ཞིང་། སྡོད་གནས་དངོས་གཞི་གཞུངས་ས་མཆོག་གི་མངའ་འོག་ཏུ་དྲུང་འཁོར་རྟ༼ཐ༽་ཆུང་ལྟ་བུའི་ས་རིས་སྐབས་བབ་ཞིག་ཞུ་ན་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་གནང་ཡོངས་འགྲོ་གཤིས་དེ་ལྟར་ལེགས་པར་སེམས་ཀྱང་ནོ་ནོ་རང་ནས། ཨ་ལྕེ་རྒྱལ་མོ་ནས་མུལྦེ་རང་དུ་སྡོད་དགོས་ཕྱོགས་གཞན་དུ་འགྲོ་བར་མ་བྱེད་ཞེས་དོ་གལ་གྱི་རྩི་ག་ཆེན་པོ་གནང་འདུག་གཤིས། དེ་ལྟར་བྱ་མི་སྤོབས་ཚུལ་ནན་བསྐྱེད་བཟློག་ཏུ་མེད་པ་བྱེད་ཀྱི་འདུག་པས་མཐར་ཁོ་རང་གི་བློ་ངོ་བཞིན་དུ་བྱས། ༈ ལ་དྭགས་མུལྦེར་སྡོད་ནས་སྔར་ཡང་དཀྲུག་སེལ་འདི་ཙམ་ཞིག་བྱས་ཤིང་། དེ་ཡང་ཨ་ཁུ་ཐུགས་རྟོག་ཆེ་ཞིང་ཁོ་པ་མུལྦེར་སྡོད་ཕྱིན་གནས་སྐབས་བཟང་འཆིངས་མཛད་ཀྱང་ཕུག་གཏན༼ཕུགས་བརྟན༽་བརླིང་འཁེལ་བ་ཞིག་མི་ཡོངས་བས་ལ་དྭགས་རང་དུ་སྡོད་པ་སྐབས་སུ་བབ་པས་དེ་ཚེ་ས་རིས་ཀྱང་ཕྲན་བུ་སྤྲད་དགོས་ཡོངས། གཞན་ནཾ༼ཡང༽་ཕྱོགས་ཀྱི་རྒྱལ་ཁག་དང་ལྷག་ཏུ་མུལྦེ་སྡོད་རྒྱུ་མི་ཡོངས་ཞེས་མཁར་གྱི་སྐུ་ངོ་དང་ཤེས་ལྡན་བློན་པོ་རྒན་གཙོ་འབངས་བཅས་ཚངས་མས་མགྲིན་གཅིག་ཏུ་ནན་བསྐྱེད་པར་མཛད་མོད། དེ་ལ་ཡང་ནོ་ནོ་རང་ནས། ལ་དྭགས་སྡོད་པར་བློན་པོ་རྣམས་ཀྱི་སེལ་སྤྲད་ཀྱི་རྒྱུར་སྔར་ཡང་དགོངས་ཚོམས་དེ་བཞིན་བྱུང་། ད་དུང་ཡར༼ཡང༽་སྦྲང་མ་མེ་འོད་དུ་མི་ཚུག་པས་ཅིས་ཀྱང་མུལྦེར་སྡོད་ཆོག་པ་ཞུ་རྒྱུ་དང་༎ ཚེ་འདིའི་གཏམ་ལ་ཕན་ཕྱིར་ལ་དྭགས་ཕ་ཡི་ས་རིས་ནས་ཕྲན་བུ་སྣེ་སེལ་ཙམ་ཞིག་གནང་བ་བྱུང་ན་ཐུགས་རྗེ་ཆེ་བའི་རང་བཞིན་དང་༎ དེ་ལྟར་མ་བྱུང་ཡང་སླད་མར་རྒྱལ་བུ་ཚེ་དབང་གི་སྐབས་ཞབས་ཕྱིར་ཞུགས་ཆོག་པ་ཞིག་ཐུགས་རྗེ་ཆེ་བ་དང་༎ དེ་ཡང་མ་བྱུང་ན་རྒྱལ་སྲས་རྒྱལ་མོ་ནས་ངེད་རང་སྤུན་གྱི་སྲོག་ལ་ཉེས་སྐྱོན་མེད་པའི་ཞལ་བཞེས་རྩིགས༼ཚིག༽་དམ་པ་ཞིག་གནང་ཕྱིན་རང་ཉིད་སྤུན་མུལྦེར་སྙོམས་ཆུང་སྡོད་མཁས༼མཁན༽་ལས་ཕྱོགས་ཀྱི་རྒྱལ་ཁག་དང་སེལ་སྤྲད་ཁུ་དབོན་བར་གྱི་ཀྲུག༼དཀྲུག༽་གཞི་ལ་དྭགས་རྒྱལ་པོ་བཙུན་མོས་བཅས་པ་ལ་དོ་བརྡོ༼བསྡོ༽་ཕོབ༼ཕོད༽་བཙུག་བསམ་ངན་སྦྱོར་རྩུབ་ཀྱི་བྱ་བ་ཅུང་ཟད་ཙམ་ཡང་མི་བྱེད་པ ༈ སྐུ་ཞབས་ཀྱི་སྤྱན་སྔར་སྐྱབས་གནས་དཀོང་མཆོག་དཔང་དུ་བཙུག་ནས་མནའ་རྩིགས༼ཚིག༽་དམ་བཅའ་ཐུགས་ཡིད་ཆེས་པ་འབུལ་རྒྱུ་ཡིན་ལ། དེ་བསླུ་ན་རང་ཉིད་ཚེ་འདིར་བཀའ་ཆད་མི་རུང་བས་བསྡིག་ཤིང་། དེ་བས་ཀྱང་ཕྱི་མར་སྡུག་བསྔལ་དོས་དྲག་ལ་ཡུན་རིངས་བ་ཉིད་འབྱུང་བ་ཤེས་པས་དེ་ལ་བག་ཡོད་ཀྱི་དྲན་པ་དང་མི་བྲལ་བར་བྱེད་རྒྱུར༼རྒྱུ༽་ཡིན་གྱི། དེས་ན་བདག་གི་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་ཁྱེད་ལས་གཞན་མེད་ན་ཞུ་བ་དེ་རྣམས་ཀྱི་སྟེངས་ནས་ལེགས་ཉེས་ཅི་ལྟར་མཛད་ཁྱེད་ཉིད་ལ་བློས་འགེལ་ལས་མ་དམིགས་ཚུལ་ཟེར་ལ། དེ་ལ་ལ་དྭགས་རྗེ་བློན་རྣམས་ཀྱི་གསུང་རིགས་བཞིན་ལ་དྭགས་སུ་སྡོད་ན་སྐབས་བབ་ཡོངས་ཚུལ་སྟོད་སྨད་ཀྱི་བློན་པོ་སྒར་གྱི་ངོ་ཚབས་བཙུན་སྣེ་བཅས་དངོས་བརྒྱུད་དུ་མར་བསྐྱར་ཡང་སྤྱི་བརྟོལ་གྱི་དམ་བཅའ་དེ་ལས་ལྡོག་པར་མི་བྱེད་འདུག ལ་དྭགས་པས་ཀྱང་གོང་བཞིན་ནན་བསྐྱེད་པ་ཡི་རེ་ཞིག་བྱ་དཀའི་གནས་སུ་གྱུར་མོད། འོན་ཀྱང་དལ་གྱིས་ལ་དྭགས་པར་ཁེ་བཤད་ཉན༼ཉེན༽་བཀྲོལ་བྱས་པར་མུལྦེར་སྡོད་རྒྱུ་རུང་ཙམ་གྱི་གསུང་གནང་ཡང་། ས་རིས་ནི་ཆ་ཕྲ་མོ་ཡང་བབ་ཐོབ་མེད་ཚུལ་རྒྱུ་མཚན་མང་པོ་དང་བཅས་ཤིང་། ༈ ལྷག་ཏུ་རྒྱལ་སྲས་རིན་པོ་ཆེའི་གསུང་ལས་ན་རེ། སྔར་ལ་དྭགས་རྒྱལ་པོ་རིམ་བྱོན་ཕ་ཡི་བུ་ལ་གསང་གཏམ་བཀའ་ཆེམས་ཚུལ་དུ་རྒྱ་པ་ཇོ་བོའི་རིགས་མཁར་གྱི་ལས་ཚན་མཐོ་སར་མི་བསྐྱལ་ཏེ་མཐོ་སར་བསྐྱལ་ན་ལ་དྭགས་རྒྱལ་པོ་ཡུལ་འཁོར་ཚངས་མ་ལ་སྲབ་བཅུག་ནས་ཞོན་པ་ཞིག་ཡོངས་བས་མི་འོས་ཚུལ་གསུང་བ་ཤེས་ལྡན་ཀུན་ལ་རླུང་ལྟར་དུ་བརྡལ་བ་ཡིན་འདུག་ཀྱང་མེས་ཉི་མའི་སྐབས་རྒྱ་པ་ཇོ་བོ་འབྲུག་གྲགས་ཀྱི་ནུ་བོ་ཐོག་མར་བཙུན་པ། ཕྱི་དེ་ལས་ལྡོག་ཏེ་རྒྱལ་པོ་ཉི་མའི་དྲུང་འཁོར་དུ་ཆུད། མི་རིངས་བར་བཀའ་བློན་དུ་འཁེལ། དེ་ནས་བཙམ༼བརྩམས༽་ལ་དྭགས་རྒྱལ་པོའི་དབང་ཐང་གི་སྟེངས་ནས་ཟ་བར་རྔཾ་པ་འབའ་ཞིག་པས་དུས་འདས་ཤིང་། དཔེར་ན་ས་ཞིང་ཁོ་ནས་མཚོན་པ༼ན༽་ཁོ་རང་ཕ་བུ་སྤུན་རྣམས་ནས་མཁར་གྱི་ས་རིས་ཁ༼ཁོ༽་ན་ནས་གསར་ཆོད་དུ་བླང་བ་དང་། མཁར་གྱི་ཕྱག་འདེབས་ཉ༼ཉོ༽་མ་ནས་ཁ་ལ་རྩེའི་བར་ཕྱོགས་གཅིག་ཏུ་སྡོམས་ན་དེ་བས་ལྡབ་འགྱུར་ལས་ཀྱང་ལྷག་པ་ཙམ་ད་ལྟ་མངོན་སུཾ་འདི་ཡི་མཚོན་ལ། པུ་རིག་ཨ་ཁུ་མུལྦེ་རྒྱལ་པོའི་དབང་ཡུལ་དུ་ཡང་ བློན་པོ་བསོད་ནམས་ ཀྱི་བུ་སྤུན་གྱི་ས་ཞིང་དང་ཨ་ཁུ་རྒྱལ་པོའི་ཕྱག་འདེབས་གཉིས་བློན་པོ་ལ་ལག་འདེབས་བྱས་པ་མང་ངེས་ཡོད་སྐད་དང་། དེར་མ་ཟད་བློན་པོའི་འབངས་སྡེ་ཡང་ཨ་ཁུ་ལ་བརྡོ༼རྔོ༽་བ་ཙམ་ཡོད་འདུག་པ་དེ་ཐམས་ཅད་ལ་དྭགས་རྒྱལ་པོའི་དབང་ཐང་སྟེང་ནས་གསར་ཆོད་བྱས་པ་ཁོ་ན་ཡིན་ལ། ཁོ་རང་གི་ཕ་གཞིས་དངོས་མ་ནི། གོང་ཞུས་ལ་དྭགས་སྟོད་ཀྱི་རྒྱ་པ་མཁར་སྟེ་དེ་ནི་ལ་དྭགས་ཡུལ་སྲོལ་བཞིན་བུ་རྒན་པས་འཛིན་པ་ལས་གཞོན་པས་མི་ཐོབ་སྟེ། དོན་དེས་སྔར་རྒྱ་པ་ཇོ་བོ་མི་རབས་ཅི་སྙེད་མང་དུ་བྱུང་བ་ཡང་བུ་ཆུང་བ་ཆོས་སྒོར་ཞུགས་གཤིས་ཐེམས་རྐང་གཅིག་ལས་མ་འཕེལ་ལ། ངེད་ཀྱི་མེས་ཉི་མའི་སྐབས་མཁར་གྱི་ས་རིས་བློན་པོས་ཅི་བདེར་སྤྱོད་ཆོག་པ་བྱུང་གཤིས།་ བློན་པོ་བསོད་ནམས་ རང་གི་བུ་སྤུན་ཆོས་སྒོར་གཅིག་ཀྱང་མ་བཅུག་ནས་མཁར་གྱི་ཨ་གཞིས་འཕོང༼ཕངས༽་མེད་དུ་བགོ་ཤ་བྱས། ཁོང་རང་གི་བུ་མོ་རྣམས་མཁར་གྱི་སྲས་མོའི་དོད་དུ་དཔོན་ཁག་རྣམས་ལ་བག་མ་བཏང་། རིགས་ཀྱང་མངའ་བདག་ཡིན་རྒྱུ་བ་བྱས། མཐར་རྒྱལ་སྲིད་དངོས་ཐོབ་པར་རེ་ཞིང་། མཁར་དུ་དབང་ཆོད་དང་ཆོད་ཡོད་ཧཾ་པ་ཚབས་པོ་ཆེ་འབའ་ཞིག་གི་དུས་འདའ་བས་འབངས་གྱེན་ལྡོག་གི་རྣམ་པ་བཟོད་དཀའ་བྱས་པ་རྒྱ་དཀར་རྒྱ་ནག་བོད་ཀྱི་རྒྱལ་པོ་སོགས་རྒྱལ་སྲིད་ལ་རྒྱའི་བདག་པོ་སུ་ཡི་གསན་ཀྱང་བཀའ་ཁྲིམས་ཀྱི་རྩ་ར་བཏང་དགོས་འོས་སུ་བབ་པའི་ངང་ཚུལ་ཞིབ་པར་ངག་ཐོག་དང་ཞུ་ཚིག་འབུལ་དགོས་ཡོད་ཀྱང་མཚམས་ལོ་དུས་ལ་ཞིབ་གླེང་མི་དགོས་བ་དང་དེར་མ་ཟད་མཐའ་དག་ཉན་པར་ཡང་མི་སྤྱོད་ཚུལ་བཀའ་ནན་ལྕི་བ་ཕེབས་སྟབས་འདིར་ཞུ་མ་སྤོབས་ཤིང་༎ གང་ལྟར་བློན་ཚུལ་རང་ནས་མཁར་ལ་བརྩི་མེད་ཀྱི་ལ་རྒྱར་གནོད་འགལ་ཤིན་ཏུ་ཆེ་བར་བརྟེན་མཁར་ནས་རྒྱལ་ཁྲིམས་ཀྱི་རྗེ་གནོན་གཏོང་དགོས་བྱུང་སོང་བ། བློན་བུ་གཉིས་ངེད་ལ་སྲོག་སྐྱོབ་བྱུང་བཞིན། ངེད་ནས་ཀྱང་སྲོག་སྐྱོབས་སྐྱབས་རྗེ་དམ་པ་འབྲུག་པའི་བཀའ་བཞིན་ཁ་ཞེ་མེད་པར་བྱས་པ་དཀོན་མཆོག་དཔང་བཞག་ཡིན་ཡང་། ངེད་ལ་བརྩི་མེད་མགོ་བསྐོར་བཏང་ཧེ་མི་དགོན་པ་སྔར་ནས་ནག་ཆེན་མཐའ་དག་ཐར་པའི་ཐར་པ་གླིང་ཡིན་ཀྱང་། དེ་ལ་ཡང་ཆ་འཇོགས་མེད་པར་སླད་མར་དགོན་དེའི༼སྡེའི༽་བསྟན་དོན་ལ་རྒྱ་ལ་གནོད་པའི་དཔེར་འོས་པ་བྱས་ནས་བྲོས་ཏེ་ཨ་ཁུ་རྒྱལ་པོའི་རྩར་སོང་ཡང་ཨ་ཁུ་རྒྱལ་པོས་ཀྱང་སོག་མ་དཀར་པོའི་སྐྱབས་དགོས་ཚུལ་གསུང་བས་དེ་ལྟར་ཁུ་དབོན་ལུགས་ལེགས་སུ་སེམས་ནས་བཞག་ཡང་། དེ་ལ་གནས་ནས་ད་བར་འཁྲུག་ཞིག་བཅོས་པས་ལ་དྭགས་མི་སྡོད་ཕྱིན་ས་རིས་བཏང་བ་གཏན་ནས་འོས་མིན་པ་དང་། དེར་མ་ཟད་སྤྲེལ་ཟླ ༤ ཚེས ༡༠ ལ་ནོ་ནོ་སྤུན་ལ་དྭགས་རྒྱལ་པོར་ཕྱག་འབུལ་བར་མ་ཡོང་ཕྱིན། ཆ་དངོས་ཅུང་ཟད་ཡང་གནང་བར་མི་བྱ་ལ། ཉེས་ཆད་དྲག་པོ་ཡང་འབེབ་རྒྱུ་ཡིན་ཚུལ་ཁ་ཆེའི་མི་སྣས་ཐག་བཅད་པ་ཡིན་པས་དེ་ལ་ཆ་བཞག་མ་བྱས་ན་ཁ་ཆེ་ནས་ཀྱང་ཅི་ཟེར་མ་ཤེས་སྟབས་མི་འོས་ཚུལ་མང་དུ་ཟེར་ནས་རེ་ཞིག་གསན་པའི་སྒོ་མ་དོད༎ དེ་ལ་ངེད་ནས་དོ་གལ་གྱི་སྤྱིར་ཁྱེད་རང་རྣམས་ནས་གཞུངས་སར་སྙན་འབུལ་ཞུས། དེ་ལ་བརྟེན་ནས་གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་ངེད་ཕྱོགས་འདིར་སོང་ཞེས་ལེགས་སྤེལ་ལ་བཏང་། རང་ཉིད་ལ་དཀའ་ཚེགས་སྦྱངས་སྤྱོད་དེ་ཙམ་བྱུང་ཡང་ཁྱེད་ཕན་ཚུན་ལ་ཕན་པའི་ཕྱིར་དུ་བཟོད་པའི་གོ་ཆ་བགོས། དེ་ལྟར་ན་ད་ལམ་བློན་པོའི་བུ་ལ་ས་རིས་ཕྲན་བུ་ཞིག་བཏང་བར་དེ་ཙམ་ཞིག་རྩེགས་རྒྱུ་ཡིན་ན་བློ་སློབ་ཀྱི་ཁོ་ཐག་ཆོད་པ་ལས་མི་འདུག་ཚུལ་དྲག་ཏུ་སྤྱོས་ཤིང་དེ་བས་༼ན༽་ངེད་ཀྱི་གང་ཟེར་ལ་ཉན་དགོས་ཚུལ་ནན་གྱིས་སྨྲས་པའི་མཐར་བློ་ལ་མི་འཇུག་ཙམ་གྱིས་ཁས་བླང་སོང་། ༈ དེ་ཉས་བློན་བུ་སྤུན་ལ་ཡང་རྒྱལ་སྲས་ཀྱི་གསུང་ཚུལ་རྣམས་ཞིབ་མོར་བསྙད་པས་དབང་རྒྱལ་ནས་ན་རེ༎ མེས་ཉི་མ་ནི་ཆོས་རྒྱལ་བྱང་ཆུབ་སེམས་དཔར་སོང་། བདག་གི་ཕ་མེས་རྣམས་དབང་ཤུགས་ཆེ་བར་གྱུར་པས་ངོས་སུ་ནི་སྐྱོན་སྨྲ་མཁན་མ་བྱུང་ལྐོག་ཏུ་གཞན་གྱི་སྨྲས་པ་ནི་མ་ཐོས། འདོད་པ་ལ་ཆོག་ཤེས་མ་ཤར་བའི་དབང་གི་རྒྱལ་པོ་ལ་ཞབས་ཏོག་ཡང་ཕུལ་ལོས་ཡོད་ཀྱང་། གསར་ཆོད་ཚབས་ཧ་ཅང་ཆེ་བ་ནི་རྒྱལ་སྲས་རིན་པོ་ཆེའི་གསུང་སྐྱབས་མགོན་མཆོག་ནས་བསེད༼གསེད༽་བཀྲོལ་གནང་ཚེ་དེ་ཀ་ཤིན་ཏུ་མད་པར་སྣང་བས་ཞུ་འོས་ཀྱི་སྤོབས་པ་གཞན་མེད་མོད༎ རྒྱལ་སྲས་རྒྱལ་མོ་ནས་ཀྱང་བླ་མའི་བཀའ་གནང་ལ་གསན་ནས་ལ་དྭགས་ནས་ས་རིས་སྣེ་མ་སྟོང་ཙམ་ཞིག་བྱུང་ན་ཐུགས་རྗེ་ཆེ། རྒྱལ་སྲས་རྒྱལ་མོ་ནས་བླ་མའི་བཀའ་ལ་གསན་པར་མ་མཛད་ཚེ་ཐུགས་སུན་གྱི་རྒྱུར་འགྲོ་བ་ནན་བསྐྱར་གྱི་ཞུ་མི་སྤོབས་ངེས་ཅན་ཡིན། ས་རིས་མ་བྱུང་ཡང་ལུས་སྲོག་ལ་འཚེ་རྩིས་མ་མཛད་ཕྱིན་རང་ངོས་ནས་ནི་རྒྱལ་བུ་ཚེ་དབང་རྒྱལ་མོ་ཀུན་འཛོམས་རྣམས་ལ་བློ་ལོག་རྒྱབ་གཏད་བསམ་སྦྱོར་ངན་པ་ཅུང་ཟད་ཡང་མི་བྱེད་སྔར་ཞུས་ལྟར་ཡིན་གྱི། དེ་ན་ཅི་ལྟར་མཛད་ཐུགས་རྗེར་རགས་ལུས་ལས་མེད་ཚུལ་ཟེར། དེ་ལྟར་ལེགས་ཉེས་ཁྱེད་ཤེས་སྙིང་ནས་བཅོལ་བར་ཁྲེལ་གཞུངས་ངོ་ཚས་དབུལ་བ་རྣམས་ནི་བག་ཡངས་སྤྱོད་པའི་བརྩས༼བརྩིས༽་སུ་ཆེ་ཡང་། ཁྲེལ་ལྡན་འཛངས༼མཛངས༽་པའི་ཚོགས་རྣམས་འཆིངས་བའི་ཞགས་པར་དམ་པ་དང་། སྤྱིར་ཡང་སྐྱེ་རྒུའི་བདེ་ཐབས་སུ་རྒྱལ་བས་ངེད་ཕྱོགས་འདིར་བསྔགས༼མངགས༽་ན་ཕན་ཚུན་གཉིས་ལེགས་མཐའ་བཙན་ཞིག་སྙིང་ལ་མནག༼བམག༽་པ་ཡི་ལ་དྭགས་ཕྱོགས་ནས་ས་གཞིས་ཞིག་མཁར་ཆེན་ས་ཡི་དབང་ཕྱུག་ཡབ་ཡུམ་ལ་ཡང་ནས་ཡང་དུ་ནན་བསྐྱེད་པ་ལ་བརྟེན་གནང་བའི་སྐབས་ཅུང་ཟད་ཕྱེས་པས་ནོ་ནོ་རང་གི་སྔར་གྱི་ནང་དེ་མ་ཡིན་པ་གཞན་ཞིག་ཉས་ཞུས་ན་འཕྲོད་ལམ་ཆེ་བར་མཐོང་ཞིང་། བློན་ཚུལ་གྱི་ནང་གི་ལྟེ་བ་བྱས་པ་ཏོག་གི་ཁྱིམ་དེ་ནི་སྔར་དེ་ཡི་འཛིན་བདག་བྱེད་པོ་བློན་ཆེན་རིམ་པར་དགོངས་ཕོག་དུ་མ་བྱུང་བའི་ཤུལ། ས་ཡུལ་སྤྲོ་བར་སྐམ༼རྐམ༽་ཆགས་ཀྱི་བློན་པོ་སྔ་མའི་ཤུལ་བློན་པོ་ཕྱི་མས་རིམ་གྱིས་ཞུས་འདུག་པ་འཇགས་པ་མིན༼མི༽་འདུག་པས་དེ་མི་འཕྲོད་པ་སྙམས་ཀྱང་། བློན་བུ་རང་ནས་སྐྱེས་ཁྱིམ་དུ་སོང་བས་ཞེན་པ་ཆེ་བ་བྱེད་ཀྱི་འདུག་པས། དེ་ན་ཏོག་གི་བློན་གཞིས་ལ་བློན་ཚུལ་ནས་འོས་མིན་གཟུ་ལུམ་གྱི་བླང་འཕྲོག་བྱས་པ་རྣམས་བོར་ནས་བློན་གཞིས་རྙིང་ཁུངས་རང་ལ་ཆ་བཞག་གང་ཡིན་གྱི་ཐོག་མར་ནང་ངོ་ཐོག་དང་སོན་འགྲོ་ཁལ་སུམ་ཅུ་སྐོར་གྱི་ཞིང་ནོ་ནོ་དབང་རྒྱལ་རང་ལ་སྤྲོད་རྒྱུ་རྒྱལ་སྲས་རིན་པོ་ཆེ་དང་རྒྱལ་མོས་བཀྱང་ངེད་ཀྱི་ངོ་ཁར་གནང་སོང་བས་དེ་ནས་ཀྱང་ནོ་ནོ་རང་ཡིད་དགའ་སྤྲོ་ཚད་མེད་བྱུང་སོང་ཞིང་༎ མཐར་གཏན་ འཆིངས་སུ་ ཐག་ཆོད་པའི་སྐབས་འཇགས་འོས་གཏན་ལ་ཕབ་པར། དེ་ལ་འབྲུ་ཞིང་གི་ཁྱོན་སོན་འགྲོ་ལྕགས་བྲེའི་ཁལ་བརྒྱ་དང་དགུ་ཡིན་འདུག་ཀྱང་རྟེན་འདྲེལ༼འབྲེལ༽་དབང་གི་ཁལ་གསུམ་བསྣན་པས་བརྒྱ་དང་བཅུ་གཉིས་ལས་མི་དམན་པ་འགྲོ་ངེས་དང་། བློན་ཁང་སྔར་ཡིན་ཡུལ་དེར་ལྟོས་ན་ཁང་བཟང་ལྟ་བུ་ཉམས་འགོད་མེད་པ་བཀྲུན༼བསྐྲུན༽་ཤིང་གིང༼གི༽་ཚལ་ཆེན་པོའི་རྭ༼ར༽་བ་ཡིད་དུ་འོང་བ་བློན་སྲིད་རང་ལ་རྩྭ་ཆུ་ཤིང་གསུམ་གཉེར་པ་གཡོག་རིགས་རྟ་རྫི་ཆུན་པ་བློན་པོར་ཐོབ་པ་རྙིང་ཁུང་གི་སྟེངས་སུ་སྣོན་ཁ་འོས་མཚམས༎ གཞན་ཡང་རྫིས་ཁག་གསུམ་ནོ་ནོ་རང་གི་སྒེར་གྱི་ལུག་ཁག དེ་ཡི་རྩྭ་ཡུལ་ཡང་རྒྱ་བ་ཇོ་བོའི་རྩ་གཞིས་དངོས་མ་བུ་རྒན་པའི་རྒྱུད་ལས་གཞོན་པས༼པ་ལ༽་དབང་ཐང་མེད་པ་ཡིན་འདུག་ཀྱང་བློ༼བློན༽་ཚུལ་དབང་ཤུགས་སྐབས་ཇོ་བོའི་བུ་ལ་མགོ་འདོན་བྱས་པའི་དྲིན་ལན་དུ་རྩྭ་ཡུལ་ལུང་པ་དེ་ལྟོས་ཁྱད་འཕགས་ཡིན་འདུག་གཤིས་ཐུན་མོངས་སུ་པྱོད་པར་བྱས་འདུག་པ་དེ་ཡང་སྔར་རྒྱུན་ཇི་བཞིན་འཇགས་རྒྱུ༎ ཡང་དབང་གཤེད་ཀྱི་འཕྲོག་བཅོམ་མ་ཡིན་པའི་ཉོས་ཞིང་ཁུང་འཕྲོད་ངེས་ཀྱི་མཁར་དུ་མ་བཟུང་བ་རྣམས་ཀྱི་ཕྱེད་ཆ། ནང་རྫས་རྣམས་ནི་ནོ་ནོ་སྤུན་རང་གི་ཐོབ་པ་དང་། མ་ཡར་དེས་བླང་བ་དང་། ཡུལ་མི་མཐའ་དག་གི་ཐོབ་ཤ་བྱས་ཏེ་མཁར་རང་དུ་བཀའ་འགྱུར་སོགས་རྟེན་དངོས་གྲགས་ཆེན་ཕལ་ནས་སྦེད་དུ་མ་བཏུབ་པ་ལས། ཆེར་མ་འཇགས་པར་ཁུངས་མེད་དུ་འཐོར་བ་ཡིན་འདུག་ནའང་ཁ་ཆེའི་མི་སྣས་བསྡམས་པའི་སྟེངས་ནས ༌འོས་ཤས༌ གནང་རྒྱུ་མཁར་ནས་ཀྱང་བདེ་འཇགས་ཆེ་བ་མཛད་ཅིང་། ༈ ནོ་ནོ་དབང་རྒྱལ་དང་བསྟན་འཕེལ་སྤུན་ནས་ཀྱང་རྒྱལ་པོ་ཁུ་དཔོན་གྱི་མནའ་རྩིགས༼ཚིག༽་སྐབས་སུ་མ་ཡིན་པར་ངེད་རང་སྒེར་དུ་རྩིགས༼ཚིག༽་ཕུལ་ནས་རྒྱལ་སྲས་རྒྱལ་མོས་ཀྱང་བཀའ་བཞེས་བཟང་པོ་ཡོད་པ་ཞིག་དགོས་ཚུལ་ཟེར་བཞིན། ཁུ་དབོན་གྱི་སྔོན་ལ་བླང་སྟེ། ༈ དེ་ཡང་ཁོ་རང་རྣམས་ཀྱི་འཚོ་བ་ཇི་སྲིད་དེ་ཡི་བར་དུ༎ ལ་དྭགས་མར་ཡུལ་བདག་པོ་རྒྱལ་སྲས་རྒྱལ་མོ་རྒྱལ་བུ་ཚེ་དབང་མཆེད་དང་། དེ་ཡི་ལྟོས་ཕྱོགས་བཅས་པར་འཚེ་བའི་བསམ་པ་སྤང་ཞིང་སྐུ་ངོ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་འཕྲིན་ལ་གནོད་འགྱུར་ཆ་ཤས་ཕྲ་མོ་ཡང་མི་བྱེད་པ་དང་། ༡ ཁུ་དཔོན་གཙོ་གྱུར་སྐུ་ངོ་ནང་དང་གཞན་ཡང་ཆེ་ཁག་བློན་པོ་ནང་ཁུལ་དུ་དཀྲུག་སྦྱོར་སེལ་སྤྲད་སྐུ་ངོ་རྣམས་ལན་ནང་སྨྲས་བསྐུར་འདེབས་སོགས་གཏན་ནས་སྤང་ཞིང་སྤྱོད་ལམ་ཡུལ་ཆོས་བློན་པོ་སྤྱིའི་གང་ཡིན་ལས་ལ་དྭགས་རྒྱལ་པོ་ཁོ་ནའི་སྤྱོད་ཡུལ་ཧ་རིན་དར་དཔྱངས་སྒྱུ་རྩལ་མཚུངས་འདྲན་སྔོན་སྤྱོད་ལྟར་མ་སོང་བར་སྡོད་མཁས་སྙོམས་ཆུང་ངུ་ལ་གཞོལ་བ་དང་། ༢ ཉམ་ཞིག་རྒྱལ་པོའི་ཞབས་རིམས་ཆུད་པའི་གོ་སྐབས་རྙེད་ནའང་རང་གི་ཡབ་མེས་སྔ་མས་མཁར་ལ་དབང་ཆོད་ཅི་ཆེར་གྱུར་པ་བསམ་སྤྱོད་དེ་ལས་བཟློག་ཏེ་བཀའ་བློན་ཤཱཀྱ་དང་།་ ཀུན་དགའ་ཕུན་ཚོགས་ སོགས་ཡ་རབས་བཟང་པོའི་མམ་ཐར་ཁོ་ན་ལ་དམིགས་ཡར་བལྟས་སློབ་རྒྱུར་བྱེད་པ་གལ་ཆེན་སྙིང་པོ་དང་། ༣ རྒྱལ་བསྟན་སྤྱི་ལ་འཚེ་བའི་ཀླ་ཀློ་དང་། མོ་གོལ་གྱི་འཐའ༼འཐབ༽་འཁྲུག་དཔུང་སྦྱོར་གྱི་རྒྱུར་འགྲོ་བ་སྣེ་བསླང་སྣེ་ལེན་ཅུང་ཟད་ཀྱང་མ་སོང་བ་བྱེད་རྒྱུ་སྟེ། ༤ དེ་རྣམས་དོན་ཚན་དུ་མ་ལ་རགས་པ་བཞི་པའི་ཁོངས་སུ་བསྡུས་ཏེ་ཟླ་ཚེས་ལ་གྲྭ་ཚོགས་ཀྱི་དབུས་སུ་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་འཇིག་རྟེན་སྐྱོངས་སོགས་དྲེགས་པ་ཅན་རྣམས་དཔང་དུ་གཙུག་ཅིང་བསྲུང་མའི་དཔལ་གཏོར་དང་ནག་པོ་ལྕམ་དྲལ་གྱི་སྐུ་བརྙན་སྤྱི་བོར་བཟུང་ནས་བླར༼བླང༽་དོར་གོང་གསལ་བརྒྱིད་པའི་དམ་བཅའ་ལན་གྲངས་དགུ་ཡི་བར་དུ་བསྐྱར་ཞིང་རྩིགས༼ཚིག༽་བཟུང་བར་བྱས༎ དེ་ནས་རྒྱལ་སྲས་རིན་པོ་ཆེ་དང་རྒྱལ་པོ་ཕུན་ཚོགས་དང་རབ་བསྟན༼བརྟན༽་སྟེ་སྐུ་མཆེད་དང་། རྒྱལ་མོ་ཀུན་འཛོམ་ཉི་ཟླ་བཅས་པ་ན་རེ། ནོ་ནོ་སྤུན་ནས་ཀྱང་ཁ་ཕྱིར་བཆུས༼འཆུས༽་ཀྱི་བྱ་བ་མ་བྱས་པར་དེ་དོན་ཁོ་ནར་གནས་ཚེ་ལུས་སྲོག་ལ་ཉེར་འཚེ་འགྲོ་བ་མི་བྱེད་ངེས་ཅན་གོང་སྨོས་དཔང་ཡུལ་བླ་མའི་བཀའ་དང་དམ་ཚིག་ལ་ཚད་བཙུག་ཏེ་ཞལ་བཞེས་ཡང་དག་མཛད་སོང་༎ ཚུལ་དེས་ནི་བློན་བུ་དབང་རྒྱལ་སྤུན་དག་གི་ཡིད་ཀྱི་ཤིང་རྟ་ལས་ཀྱང་ལྷག་པར་ཁེངས་པར་གྱུར་པ་ཡི་བྲོད་སག་གི་འགྲོ་བའི་རྐང་སྟབས་མི་ཚོར་ཞིང་གཉིད་ཀྱང་ཡེར་བ་ལྟ་བུའི་དགའ་སྤྲོ་ཚད་མེད་བྱུང་ཚུལ་གཞན་རྣམས་ལ་གླེང་གི་ཡོད་འདུག་ཅིང་། ༈ ངོས་སུ་ཡང་རང་ཉིད་ཆུང་ངུ་ནས་ཁྱེད་ཀྱི་མིང་ཐོས་པས་སྙིང་ནས་དད་དེ་གསོལ་བ་འདེབས་ཡུལ་བྱས་བཞིན་ད་ལམ་ཐུགས་རྗེ་ཆེན་པོས་བྱས་པ་འདི་ལྟ་ནི་ཕས་ཀྱང་མ་བྱས་ཤིང་། མས་ཀྱང་མ་འགྲུབ་ན་ཉེ་རིགས་ཅི་སྙེད་ཡོད་ཀྱང་གཞན་རྣམས་ནི་རང་ཉིད་བདག་ལ་ཐུག་ཚེ་མིག་གི་བལྟ་བར་དཀའ་ན་ཕན་འདོགས་ཀྱི་སྤྲོས་པ་ལྟ་ག་ལ་ཞིག དེས་ནས་ཁྱེད་ཀྱི་བཀའ་དྲིན་གསོ་བར་དཀའ་ཡང་། དངོས་པོ་ཟང་ཟིང་གི་ཡོན་དབུལ་བ་ནི་བདག་གིར་མི་བྱེད་ན ༈ དེ་བས་རྣམས་གྲངས་གཞན་ནི་བདག་ཅག་གི་སྐལ་བས་དབུལ་བ་གྱུར་ཡང་གང་གི་ བཀའ་དྲིན་ རྟག་ཏུ་མི་བརྗེད་པར་དྲན་བཞིན་རྣམ་དཀར་དགེ་བ་ལ་ཅི་ནུས་འབད་རྒྱུ་དང་། བྱེ་བྲག་ལོ་རེ་བཞིན་དངུལ་ཀརཤ་པ་ཎི་བརྒྱ་ཕྲག་རེ་རྣམ་དཀར་དགེ་བ་ལ་ངེས་པར་འགྲོ་བ་བྱེད་རྒྱུ་ཡིན་ཚུལ་དོན་གྱི་འཾ་གཅམ་བུ་ཡིན་ཀྱང་རུང་དུས་དེར་དགའ་ཚོར་ཚད་མེད་བྱས་སོང་ཡང་ཡིད་ལ་རིངས་སུ་གནས་མིན་མ་ཤེས་མོད༎ དེ་ལ་ངོས་ནས་དངོས་པོ་མང་ཉུང་གི་དཀྲིག་ཆར་ནི་འབྱོར་བསྟུན་ལས་མི་འཚལ་ལ། ལོ་རེ་བཞིན་ངེས་དོན་གྱི་མདོ་སྡེ་ཉི་ཤུ་དང་ཤེར་ཕྱིན་རྒྱས་འབྲིངས་བསྡུས་པ་གང་རིགས་རེ་བཀླགས་ན་ཁྱེད་རང་གི་ཐར་པའི་ས་བོན་སྨིན་ཅིང་ཚོགས་གོང་དུ་འཕེལ་བར་འགྱུར་བར་ངེས་ན་དེ་ལ་ངེད་ནས་ཀྱང་ཡིད་རང་བསྔོ་སྨོན་བཟང་པོ་བརྒྱིད་ཞེས་སྨྲས༎ སྤྱིར་ཁོ་བོ་ནི་བྱ་བྲལ་ཕྲ་མོ་ལས་ཀྱང་ཕྲ་མོར་གྱུར་གཤིས་དངོས་སུ་ཕན་གནོད་རྔམ་ཆེན་འགྲུབ་མཁན་ནི་མིན་མོད། འོན་ཀྱང་མདོ་ཁམས་ནས་ད་ལྟའི་བར་གནོད་པ་བསྐྱལ་བའི་ཡུལ་ནི་ཧ་ཅང་མི་མང་སྟེ་ཉུང་ངུ་ཉིད་དུ་ཟད། ཕན་གདགས་ནི་མཁོས་དཔགས་ཀྱི་མཆོག་དམན་དུ་མ་ལ་བྱས་ཀྱང་དེ་ཀུན་དགེ་བའི་ལས་འབྲས་བསླུ་མེད་ཉིད་ལས་རང་གི་ལས་ཀྱི་རྒྱུ་བས་དྲིན་དུ་སེམས་པ་ནི་ཤེས་ལྡན་དམ་པ་རེ་ཟུང་ཙམ་སྟེ་གཞན་ནི་ཤིན་ཏུ་ཕྲ་བར་ཟད་དོ༎ དུས་སྐབས་འདིར་ཡང་སྐྱེ་རྒུ་སྤྱི་དང་བྱེ་བྲག་མང་པོའི་བདེ་ཐབས་སུ་དགོངས་ནས། གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་བཀས་བསྔགས༼མངགས༽་བཞིན་བལ་ཡུལ་ནས་ཆུ་སྤྲེ༼སྤྲེལ༽་སྦོ་ཟླའི་མཐར་མར་ཡུལ་གྱི་ལམ་དུ་བཞུགས༼ཞུགས༽། ད་ལྟ་ཆུ་བྱ་སྣྲོན་ཟླ་རྫོགས་སུ་ཆ་བ་སྟེ་ད་དུང་བལ་ཡུལ་སླེབས་བར་ལས་སྔར་ལོ་ཧྲིལ་པོ་གཅིག་དང་ཕྱེད་ཉེའི་རིངས་སྒོ་གསུམ་གྱི་ངལ་བ་ཀུན་བཟོད་པ་གསུམ་གྱི་གོ་ཆས་དངས་སུ༼དང་དུ༽་སླང་། མར་ཡུལ་དུ་སྡོད་རིངས་ལབ་འཆིང་ལ་བརྟེན་པའི་དར་སྐུད་གཅིག་གསེར་དངུལ་སེ་བ་གང་ཀུརྐུཾ་འཇག་མ་གཅིག་གི་མཚོན་སྟེ་དངོས་པོའི་ཡོ་བྱད་ཕྲ་མོ་དེ་ཙམ་ཡང་སྔར་མ་བླང་ན་རགས༼རག༽་པ་སྨོས་ཅི་འཚལ། ད་དུང་བླང་བར་མི་བྱེད་སྟེ། དེར༼དེས༽་ཡང་མ་ཟད་རང་ཉིད་འཚོ་ཆས་ཀྱང་ཟོང་གི་བཅལ་ནས་ལ་དྭགས་པས་ཉིན་རེར་འབུད་ཤིང་ཁུར་ཁ་ཤས་མཐུན་རྐྱེན་ཙམ་ལས་རྒྱལ་པོ་ཡས་མས་སུ་ལ་ཡང་ཚེགས་སུ་འགྲོ་བ་ནི་ཅུང་ཟད་ཀྱང་མེད་པ་ཀུན་གྱི་མཐོང་གསལ་གཏན་ལ་ཕབ་འདི་ཡིན། ༈ ཕན་འདོགས་ཀྱི་བྱ་བ་ནི་བློན་བུ་ཟུང་ཡང་སྲོག་འཚེ་དང་བྲལ་ཞིང་། ས་གཞིས་དང་འཕྲད་པ་སོགས་བག་ཕེབས་ཤིང་ཟོལ༼ཟོས༽་བདེ་བས་དྲིན་དུ་འགྱུར་མོད། དེ་ལ་ བཀའ་དྲིན་ ཆེའོ་ཞེས་ཡང་ཡང་སྨྲེངས་པ་ཤེས་ལྡན་གྱི་ཆ་ཤས་སུ་བཟུང་དགོས་མོད། ༈ དོན་དུ་ནོ་ནོ་སྤུན་ལས་ཀྱང་མུལྦེ་རྒྱལ་པོ་རྟེན་ཞལ་འཁོར་བཅས་ལ་ཕན་པར་བྱས་པམ་ཆེ་སྟེ་སྔར་མཁར་གཞིས་སྙོན་ཅན་དུ་གནས་པ་སྙོན་མེད་དུ་བཏང་། སྒེར་ཆོད་བག་ཡངས་སུ་བསྐྱལ། སེམ་ཀྱི་ཟུག་དུ་དོག་པའི་ཚེར་མ་མཐའ་དག་གྲོལ་བར་བྱས་པ་ཡིན། ༈ མུལྦེ་རྒྱལ་པོ་ཨ་ཀྱང་། ལ་དྭགས་རྗེ་བོ་རྒྱལ་སྲས་དང་རྒྱལ་མོ་དེ་ལ་ལྟོས་བཅས་པ་ལ་ཕན་འདོགས་ཆེ་སྟེ། ཅི་ཕྱིར་གདེང་ཅན་དབང་པོ་ཆེ་རིམ་བཞིན་མགོ་བོ་ཡང་མང་མ་སྡུག་འ་བསྔལ་ཡང་དེ་སྙེད་ཐོབ་པར་གསུང་བ་བཞིན་རྨད་དུ་བྱུང་བའི་བསོད་ནམས་རེ་ཟུང་ནི་སྲིད་མཐའ་མ་བཀག་གཞན་ནི་ཅི་ཙམ་འབྱོར་བཞིན་སྡུག་བསྔལ་ཡང་དེ་ཉེད་ལྡན་པ་ལུགས་རིག༼རིགས༽་མཐུན་པར་མ་ཟད་མངོན་སུཾ་གྲུབ་བཞིན་པ་དང་༎ ལྷག་ཏུ་ངེད་ལ་དྭགས་སུ་འབྱོར་བ་ཉིད་ཀྱི་དུས་ན༎ ཡུལ་དེའི་རྗེ་འབངས་རྣམས་ལ༎ མི་ཁ་གཏམ་ངན་ནི་ཁ་བ་བུ་ཡུག་ཏར་དུ་འཚུབས༎ ཕྱི་དགྲ་ནང་མཁོན༼འཁོན༽་ནི་ཆུ་རླབས་དྲག་པོ་བཞིན་གཡོ༎ ནང་ཁུལ་གཅིག་མི་རེངས༼རངས༽་ཤིང་འཚེ་བའི་བསམ་པ་ནི་སྒྲོན༼མགྲོན༽་བུ་འཚོན༼མཚོན༽་ཆེའི་རྩེ་མོས་གཏམས་པ་བཞིན་གཟེངས། ཡིད་འཇུག་པ་གཞུང་ཞིང་གཟོ་བ་མེད་པ། ཆང་གི་མྱོས་པའི་གར་སྟབས་བཞིན་དུ་རྩེ། བློ་གྲོས་ཀྱི་ནུས་པས་ལྐོག་གྱུར་གྱི་བྱ་བཞག་མ་གཟིགས། མངོན་གྱུར་དུ་དབང་ཐང་ལ་བརྟེན་སྙན་ཚིག་དུ་བསཛུ་བ་བརྔོན་པའི་གླིང་བུའི་རི་དྭགས་བསླུ་བ་ཏ་བུ་ཆེན་པོ་མང་ཞིང་འཕུང་པར་བྱེད་པའི་རྒྱུ་སྟེ་དེ་ཡིན་རྒྱུ་བར་གཟུངས་ཀྱི་འདུག་པས། མཐར་སཛས་ནོར་ནི་སྨོས་ཀྱང་ཅི་འཚལ། དེ་བས་ཀྱང་མངའ་ཐང་། དེ་བས་ཀྱང་པྲ་དྷཱ་ན་ཛཱི་བ་ལ་ཆེས་ཉེན་པ། ཆུ་ཀླུང་ཆེན་པོའི་དབུས་སུ་གྲུ་སཛིང་ཧྲིལ་པོ་འཇིག་ལ་ཁད་ལྟ་བུ་སྨང་ཡང་དེ་ཁོངས་སུ་མ་ཆུད་པར་རྗེ་འབངས་ཚངས་མས་དམུ༼དམུས༽་ལོང་གི་བརྡེག་འཆོས་ལྟ་བུའི་སྤྱོད་པ་ལ་གཞོལ་བས། མར་ཡུལ་མཐའ་དག་མ་ཤ་ཀ་ཡི་ཕུང་པོ་ལ་དཎཌས་བསྣུམ་པ་བཞིན་ཞིག་ཏུ་འཆའ་བ་ནི། བྱེ་བྲག་གི་ཡུལ་ཆགས༼ཆག༽་དང་། སྤྱིར་བཏང་སྤྱི་མཐུན་ལས་ཀྱི་མཐའ་དམག་གཡོ་བའི་རྒྱུར་བརྡོ་བས༼བསྡོས་པས༽་ཀསྨི་ར་ཡི་བདག་པོས་ཀྱང་ལ་དྭགས་མཁར་ལ་རྔམ་པ་སོགས་བསིལ་ལྗོངས་ཀྱི་ར་བར་ཡང་འཚེ་བའི་སྒོ་གསལ་བ༼བར༽་དབྱེས་ཟིན་པའི་དུས་སུ་སྣང་ཞིང་། ༈ དེ་ཡི་བྱེད་པོ་ནག་པོའི་ཕྱོགས་ལ་དགའ་བའི་མི་མ་ཡིན་རྣམས་ཀྱང་མཐུ་དཔུང་ཆོ་འཕྲུལ་ཅི་ཙམ་པས་བརྒྱིངས༼སྒྱིངས། འགྱིངས༽་པའི་སྐབས་སུ་གྱུར་པ་ལ་སྤྱིར་གངས་ཅན་མགོན་པོའི་སྐྱབས་འཇུག་མདུན་ན་འདོན་ཆེན་པོ་རྣམས་ཀྱི་བསྟན་རིམ་གྱི་མཐུ་ལས་བདག་ལྟ་དང་པོའི་སྐྱེ་བོ་ཕྲ་མོ་ཞིག་གི་བརླབས་ཆེན་གྱི་བརྒྱི༼བགྱི༽་བ་རྔོ་ག་ལ་ཐོགས་ཀྱང་། རང་གི་ལྷག་པའི་བསམ་པ་འབའ་ཞིག་པས་དཔུང་བསྐྱེད། མི་མ་ཡིན་ནག་པོའི་ཕྱོགས་ལ་གླུད་བཅལ། དཀར་པོའི་ཕྱོགས་རྣམས་གྲོགས་སུ་སྦྲན། སྟོང་ཉིད་སྙིང་རྗེར་སྐད་པའི་གོ་བ་ལམ་པ་དེས་ལམ་ཁྱེར་ཁུལ་བྱས་ཤིང་། མར་ཡུལ་རྗེ་འབངས་རྣམས་ལ་བདེན་པར་བཤད། ཞིབ་མོར་བཀྲོལ། ༈ ཞི་བས་དཀྲིས། རྩུབ་མོས་སྦྱངས་བར་ཐོག་མར་བཀའ་བློ་ཡང་ཆེས་མི་བདེ་ཞིང་། དགྱེས་རྒྱུ་ཡང་མེད་ཙམ་པ་གནང་གི་འདུག་ཀྱང་། རིམ་པས་སྐུ་མཆེད་ལེགས་སྤེལ་གྲུབ་པ་ནས་བཙམ༼བརྩམ༽་སྐུ་ཀེགས༼ཀེག༽་རེ་ཞིག་ཞི་བའི་རྣམ་པས་གཞན་བདེ་རུ་སོང་། མཐར་ཁུ་དབོན་ལེགས་སྤེལ་གྱི་སྐབས་སུ་ངེད་ཀྱི་ནན་བསྐྱེད་བྱས་པའི་ཞུ་བ་ཕལ་མོ་ཆེར་ཆ་འཇོགས་མཛད་པ་སོགས་ཡ་རབས་དང་དམ་པའི་རྣམ་ཐར་གཞོལ་བར་གྱུར་པ་ཡི། བསྟན་འགྲོ་སྤྱི་བྱེ་བྲག་ལ་ཕན་འདོགས་ཀྱི་རྒྱུ་དང་། ལྷག་ཏུ་མར་ཡུལ་རྗེ་འབངས་རྣམས་ལ་ནི་རབ་སོང་གི་གནས་ནས་སླར་ཡང་འཚོ་བའི་གྲོགས་སུ་འཇུག་པ་བཞིན་གྱུར་པ། དེ་ལྟ་ལ་ཞལ་ནས་ནི་ཐུགས་རྗེ་ཆེ་ཞེས་ཚད་མེད་པའི་སྤྲོ་སག་མི་མཛད་པ་ཐུགས་ཟབ་ཁོག་གི་ཡིན་འགྲོ་ལ་གཏིང་ནི་ཐུགས་དགྱེས་སིམ་ཡང་དག་བྱུང་བ་གཞིར་བཅས། ཅི་ཕྱིར་ཡ་རབས་དྲ་མ་རྣམས་ནི་ཁྲེལ་ཡོད་ངོ་ཚ་ཆེ་ཞིང་བྱ་བ་དྲིན་དུ་གཟོ་བའི་རང་བཞིན་ཅན་ཡིན་ལ། དོན་དུ་ཡང་དེ་མེད་ཐབས་མེད་པ་སྟེ་མངོན་མཐོ་ལྷ་མིའི་ཐེག་པ་ལ་དེ་མེད་ན་ངན་འགྲོ་ལས་མི་གྲོལ་ཉན་རང་གི་ཐེག་པར་ཞི་ལམ་གྱི་བསླབ་པའི་ཀུན་སྤྱོད་ལ་དེ་མེད་ཐབས་མེད། ཐེག་ཆེན་གྱི་ལྷག་བསམ་ཡང་ཁྲེལ་ངོ་ཚ་བྱས་གཟོ་ལས་སྐྱེ་སྟེ་དེ་མེད་ན་མཁའ་ཁྱབ་ཕ་མ་ཡིན་པས་མི་ཕན། འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཡང་མེད་ཐབས་མེད་པ་སྟེ་དྲིན་གཟོ་མ་དགོས་ན་སངས་རྒྱས་ཐམས་ཅད་ལས་རྩ་བའི་བླ་མ་ལྷགཞེས་ག་ལ་བརྗོད༎ དེ་ནས་ཡ་རབས་ཀྱི་གོ་འཕན་ལ་གནས་པ་རྣམས་ཡ་རབས་ཀྱི་རྣམ་ཐར་ལ་ངེས་པར་སློབ་དགོས་ཞེས་པའི་དོང་གྱི་ངེད་ལ་བསྟོད་ར་བཏང་དགོས་ཞེས་པའི་ཚིགས་ལ་སྙེགས་པ་མིན་ལ། གོང་དུ་རྗེ་འབངས་ཀྱི་ངང་ཚུལ་གཟོ་མི་གཟོའི་མཛད་པ་ཆ་ཤས་བརྗོད་པ་ཡང་ནད་ཀྱི་སྡུག་བསྔལ་ཤེས་ན་སྨན་གྱི་ཡོན་ཏན་ཤེས་པ་བཞིན་གོང་དུ་སྨྲས་པའི་སྤྱོད་ལམ་མི་གཟོ་བ་ལ་སླར་འཇུག་ན་མི་བདེ་བ་ཡང་ངང་གིས་སྙེད༼རྙེད༽་པས་ཕྱིན་ཆད་ཚུལ་སྤྱོད་ངན་པ་ལས་བཟློག་ཏེ་བཟང་པོའི་རང་བཞིན་ལ་འཇུག་དགོས་པར་བསྟན་པའི་ཆེད་དུ་སྟེ། དེས་ན་སྡང་ཤུགས་ཀྱི་ངན་སྨྲས་ལྟ་བུ་ཉི་མ་ཡིན་པར་གོ་དགོས་སོ། ༈ དེ་ལྟར་ད་ལྟའི་དུས་ན་དུཿཁ་རུ་པ་ཀ་ར་ཎ་ཡི་སྒོ་ཆུ་བདག་གི་ཕྱོགས་ནས་ཆུ་གཏེར་གྱི་དཀྱིལ་འཁོར་འཁྲུག་ནས་ལུད་པ་ལྟ་བུ་འབྱུང་བར་ཉེ་བ་ཉིད་མཐུན་པའི་རླུང་ཤུགས་ཀྱི་བརྡས༼བདས༽་པ་ལྟར་དུས་ལོ་རེ་ཞིག་བར་ཕྱིར་བཅིལ་བ་ཡི་བསིལ་ལྗོནས་ཀྱི་ར་བར་འཁོད་པའི་སྐྱེས་རྒུའི༼དགུའི༽་ཡིད་ཀྱི་ངལ་གསོར་གྱུར་ཞིང་། ལྷག་ཏུ་མར་ཡུལ་ལྗོངས་ཀྱི་ཁུ་དབོན་རྗེ་འབངས་མཐའ་དག་གི་ཕན་མཚུན་གནོད་འཚེའི་བསམ་སྦྱོར་ཀུན་ནང་བཏང་བས་དོག་མེད་གཉེན་གཤིམ༼གཤིན༽་སིམས་པའི་ཡིད་བག་ཕེབས་པའི་སྤྱོད་པར་ཞུགས་པས་སྔར་སྡང་ཤུགས་ཅན་རྣམས་ཀྱང་དེ་ལས་བཟློག་ཏེ་སྙན་ཚིགས་ཀྱི་བསྔགས་པ་ན། རང་རང་གི་མཛའ་བཤེས་རྩ་ལག་ཕྱོགས་དང་དྲུང་དུ་འཁོད་གྱུར་འཁོར་གཡོག་ནེའུ་ལྡང་རྒན་བྱིས་སོགས་ཆེ་ཕྲ་ཀུན་གྱི་སོ་སོའི་བློ་ནུས་སུ་འཆར་ཏེ་ངོ་སོར་ནས་བྱས་སྨྲེངས་བ་དག་སྲིད་ཀྱང་དེ་དག་མཐུས་ནི་ནམ་ཡང་མ་ཡིན༎ དེ་ལྟར་ལེགས་བྱས་དཔལ་དུ་ཆགས་ཤིང་དགའ་བདེའི་དཔྱིད་ཀྱི་འཚོ་བར་བྱེད་པ་དེ་ཡི་གཞི་དང་རྟེན་དང་བཅས་སུ་གྱུར་པ་གང་གི་བགྱིས། སུ་ཞིག་གི་མཐུ་ལས་བྱུང་སྙམས་ན། རྒྱལ་བས་བཟོ་དང་སྒྱུ་རྩལ་གྱད་སྟོབས་ནོར་སཛས་རྣམ་དཔྱོད་ཡངས་པའི་བློ་ཡི་ཤེས་རབ་སྟེ། དེ་རྣམས་ནས་ཤེས་རབ་ནི་མཆོག་དང་། དེ་མཐའ་དག་ལས་ཀྱང་བསོད་ནམས་ཀྱི་བགྱི་བ་ནབསོད་ནམས་ཀྱི་འདུས་བྱས་པ་ཉིད་མཆོག་ཏུ་བསྔགས་པར་མཛད་བཞིན་ཁྱེད་རང་རྣམས་བདེ་བའི་གོ་སྐབས་བསྐྱེད་པར་གསོལ་བ་འདེབས་པའི་ཡུལ་མ་ནོར་བའི་རང་འབྲས། གོང་དུ་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་སྨོས་བཞིན། གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་གངས་ཅན་མགོན་པོ་འགྲོ་ཀུན་བསྐལ༼སྐལ༽་བཟང་མཆོག་ལ་འགོད་པའི་དེད་དཔོན་བརྩེ་ཆེན་རྒྱ་མཚོའི་གཏེར་འཆང་གང་གི་ཚད་མེད་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཕྲིན་ལས་ཁོ་ན་ལས་གྲུབ་པ་ཉིད་དུ་མཐའ་དག་གི་ཡིད་ཀྱི་མེ་ལོང་དུ་ལེགས་བྱས་ཀྱི་རི་མོ་མངོན་པར་འཁོད་པས་ཤེས་ཤིང་རྟོགས་བཞིན་རྣམ་པ་ཀུན་ཏུ་ བཀའ་དྲིན་ བརྗེད་མེད་དྲན་པར་འོས་ཤིང་རིགས་ཞེས་གདམས་པའོ༎ དེ་ནི་བར་སྐབས་ཀྱི་འཕྲོས་སུ་ཅུང་ཟད་སྤེལ་བ་སྟེ། ད་ནི་དཀྱུས་སུ་འཇུག་པ་དེ་ལྟར་རྒྱལ་བློན་བར་གྱི་སེལ་མཁོན༼འཁོན༽་རྣམས་སྦྱངས་ནས་ལེགས་ལམ་དུ་ངེས་པར་འགྲིག་པའི་གཏན་ཚིགས་སྙིང་པོའི་དོན་རྣམས་ཁུ་དབོན་ལེགས་སྤེལ་གྱི་ཡི་གེ་འདིར་འཕྲོས་སུ་གསལ་བར་བྱས་པ་ཡིན་ལ། ཅི་ཕྱིར་རྒྱལ་པོ་ཁུ་དབོན་ལེགས་སྤེལ་གཏན་ཚིགས་འདི་ནི་ཀུན་གྱི་མཐོང་ཡུལ་དུ་སྤྱོད་ཅིང་གཏན་ལ་འབེབས་བྱ་དང་། རྒྱལ་པའི༼པོའི༽་གདུང་རིགས་རིམ་ཅན་དུ་འབྱོན་པར་འགྱུར་བ་རྣམས་ཀྱི་བཟུང་ཞིང་བཀླགས་པར་བྱས་ནས་ཡུན་རིངས་པོའི་བར་དུ་གཉས་པའི་རྒྱུའི་བཀོད་པ་ཡིན་ལ། ནོ་ནོ་རང་གི་སྤྲོད་འཛིན་གཏན་ཚིགས་མནའ་ཡིགཞིབ་པ་ནི་ཟུར་བཀོད་བྱས་པར་གསལ་ལྟར་རྒྱལ་བློན་ལེགས་སྤེལ་ཡང་དེས་གྲུབ་པར་བྱས་པའོ། ༈ དེ་ཡང་འདིར་རྒྱལ་པོ་སྐུ་མཆེད་དང་། རྒྱལ་པོ་ཁུ་དབོན་དང་། རྒྱལ་པོ་བློན་བུའི་བར་དང་། ཁ་ཆེ་དང་ལ་དྭགས་ཀྱི་ལམ་བར་དང་། གཞན་ཡང་ས་ཡི་མདོ་ཆེན་པོར་གྱུར་པས་ཕྱོགས་ཀྱི་བྱ་བ་བཏང་བཞག་སོགས་དེ་རྣམས་ཀྱི་རྒྱུ་མཚན་རྒྱས་པ་ནི་དུས་ཡུན་རིངས་པོའི་བར་དུ་འགོར་བའི་རྒྱུ་དང་མི་མཐུན་པར་བསྐྱེད་པའི་ས་བོན་དུ་འགྲོ་དོག་པས་ཐོག་མ་ཉིད་ནས་ཉན་པར་མི་སྤྱོད་ཚུལ་སྨྲས་ཤིང་སྤྲོས་པ་ཉུང་ངུ་ཉིད་དུ་བཅིལ་གང་ནུས་བགྱིས་མོད། འོན་ཀྱང་ཕན་ཚུན་སོ་སོའི་རྒྱུ་མཚན་སྙིང་པོ་ས་བོན་ཙམ་ནི་འགོག་པར་ཡང་མ་སྤོབ་སྟེ། ཅི་ཕྱིར་ཕྱོགས་འདིའི་མི་མ་ཡིན་གྱི་སྡེ་ཚོགས་དུ་མ་ཞིག་རྣམ་པར་འཁྲུག་པའི་ཆོ་འཕྲུལ་མཐོང་བས་དེ་ནི་བསྟན་རིམ་རྣམ་པར་དགེ་བའི་དཔུང་བསྐྱེད་པ་སྤྱི་དང་བྱེ་བྲག་རྟེན་འབྲེལ་ཐབས་ལ་མཁས་པའི་རང་བཞིན་གྱི་ཉེ་བར་འཇུག་པའི་རིམ་པ་ལ་འབད་པར་བརྒྱིད༼བགྱིད༽་ན་ཞི་པར་ངེས་ཀྱང་དེ་ལྟའི་རྩོལ་བ་དམན་ན་མི་བདེ་བའི་རྒྱུ་ཚོགས་རིངས་པོ་མ་ཡིན་པར་བསྐྱེད་པར་མཐོང་བས་དེ་ཚེ་རིག་འཛིན་རྒྱལ་ཁམ་པ་ལ་སྣང་ཚུལ་ཐ་དད་པས་མི་དད་པ་རྣམས་ཀྱི་རྩིང་ཧྲལ་དང་། བར་མ་རྣམས་ཀྱི་ཁམས་སྤྱོད་དང་། དད་པ་རྣམས་ཀྱི་གྲུབ་ཚུལ་དུ་བརྗོད་ཀྱང་དོན་དུ་སྔར་ཞིབ་མོར་མ་བྱས་པས་དེ་ཡི་ལྷག་རོ་ལྡང་བའོ་ཞེས་ཁ་ཅིག་གི་སྙཾས་པར་བྱེད་སྟེ་རྒྱལ་ཁམས་པ་རང་ལ་དེ་ལྟར་སྨྲ་བ་ཁྱད་ཧ་ཅང་ཆེ་བ་མི་བརྡོག༼བདོག༽་ཡང་འགྲོས་འདི་རེས་ཁོ་ནར་གླན་ཁ་འདི་ཡང་མི་ལེགས་པས་ན་སྐབས་འདིར་འོས་ཤིང་བབ་པའི་རྒྱུ་མཚན་ཡང་ཁུངས་རྟོགས་ངེས་རགས་པ་ས་བོན་གྱི་ཚུལ་ཙམ་ཡི་གེར་བཀོད་པ་ལ་ལེགས་བཟླུཾ་བཟང་སྤེལ་བརྒྱིས་པ་འདི་ལ་རྩིང་ཧྲལ་མ་ཡིན་པར་ཞིབ་མོས་གཏན་ལ་ཕན༼ཕབ༽་ཏེ་སེམས་ཅན་ལས་ཀྱི་རྒྱུ་བས་རང་དབང་མི་འདུས་པ་བྱུང་ན་ལས་གཅོད་ཚམས་རང་གི་ངང་ཚུལ་གཞན་གྱི་སྐྱོན་བརྗོད་བྱར་མེད་པ་ཉིད་དུ་སེམས་ནས་རྣམ་གྲངས་ལ་ལྟོས་པའི་ཚིགས་ཉུང་ངུར་བསྡུས་ནས་ཐོག་མར་ཟེ་རེག་ལ་ཕབ་ཏེ། དོས༼དོ༽་བདག་པོ་ཙོ་༼སོ་སོར༽་ཚུལ་འདི་ཡིན་མིན་དྲི་བ་བྱས། དེ་རྗེས་དཀར་ཤོག་བཀོད་ནས་རྒྱལ་པོ་ཁག་སོ་སོའི་ཕྱག་ཏུ་ཕུལ་ཏེ་ཡུན་ཉིན་ཞག་ཕྲུགས་རེའི་བར་བཞག་ནས་ལྷག་ཆད་ཡོད་མེད་གཟིགས་དགོས་ཚུལ་ཞུས་པར་ཐོག་མར་ཟེ་རེག་སྐབས་ནས་དྲི་བ་ཞུས་གཤིས་ལྷག་ཆད་མེད་པར་ཞལ་དང་། སླར་ཀཱ་ཤིའི་རས་ཀྱི་ངོས་སུ་གངས་ཅན་བསྟན་འགྲོ་བདེ་བའི་བརྩས་མར་ཡུལ་རྒྱལ་རབས་ཇི་སྲིད་ཀྱི་བར་དུ་བཟང་པོའི་ཚིགས་རྙིང་བར་མི་འགྱུར་བའི་དགེ་ལེགས་ཀྱི་བརྩས་གནས་པར་བྱེད་པའི་གཏན་ཚིགས་ཉིད་དུ་གཏན་ལ་ཕབ་པའོ༎ སྨྲས་པ། གཞན་གྱི་སྐྱོན་ཡོན་ཆ་ཤས་འོལ་ཕྱི༼སྤྱི༽་ཉིད། ཐོས་པའི་མདོ༼མོད༽་ལ་ངང་ཚུལ་ཕྱོགས་མཐོང་མོད། འོན་ཀྱང་རྩིང་ངེ་སྤངས་ཏེ་ཞིབ་དཔྱད་བློས། གཟུར་གནས་དྲངས་པོ་ཉིད་ཀྱི་ཐིག་བཏབ་པས། སྐྱེས་རྒུ་རིས་མེད་དགའ་མགུ་བསྐྱེད་པ་འདི། སྐྱེས་མཆོག་མི་ཡི་སེང་གེ་གངས་ཅན་མགོན། གང་གི་ཐུགས་རྗེའི་འཇུག་པ་ཁོ་ན་ཨིཨས། བདག་གི་བརྒྱིས་བ་ཅུང་ཟད་ཡང་མ་དམིགས༎ ༈ ཨ་ཐ། འཇམ་གླིང་ཆུ་བཞིའི་མགོ་བོ་གངས་ཨིརཇནི་ཆེན་པོ་ཏི་སེའི་འདབ་མར་ཡུལ་བདག་པོ་ཁུ་དབོན་རྒྱལ་བློན་ཚངས་མ་མཁོན༼འཁོན༽་སྦྱངོ་ལེགས་སྤེལ་བསྒྲུབ་པ ༈ དེ་ཡང་ཐོག་མར་ཟོར་ཡངས་བའི་ཕྱིར་ལོ་བཅུ་གཉིས་ཀྱི་བཟང་མཚམས་ཚུལ་དུ་བསྒྲིགས་ཤིང་༎ མཐར་ཁུ་དབོན་རྗེ་འབངས་མཐའ་དག་པས་གཏན་འཆིངས་སུ་སྨོས་ནས། དངོས་དང་ངོ་ཆེན་སྦྲན་ཏེ་ཞུ་བ་ནན་བསྐྱེད་ཆེ་བ་ཡང་ཡང་མཛད་ཀྱི་འདུག་པས། དེ་ལ་མར་ཡུལ་རྗེ་བོའི་སྣ་ཆེན་གཙོ་དམངས་ཚངས་མ་འདུས་པའི་དབུས་སུ་སྔར་ལོ་བཅུ་གཉིས་ཀྱི་བཟང་མཚམས་བྱེད་རྒྱུར་བྱས་པ་ཁྱེད་རང་ཕན་ཚུན་གྱི་གཏན་འཆིངས་སུ་དུང་ཞིང་མུལྦེ་རྒྱལ་བློན་ནས་དབྱིངས་སའི་མངའ་རི་སྐོར་གྱི་སྣེ༼སྣ༽་ཆེན་པོ་སྒར་དཔོན་ཟུང་ཡང་ཞུ་ངོར་སྦྲན་ནས་ནན་བསྐྱེད་པ་དང་། སྔར་བལ་ཡུལ་ནས་སྟོད་དུ་ཡོངས་རྒྱུའི་དངོས་དོན་གངས་ཅན་མགོན་པོ་མཆོག་གི་བཀའ་ལུང་ཕྲིན་ལས་པ་སྣ་ཆེན་པོ་རྣམས་ནས་ཤུགས་འཆང་རིམ་བརྒྱུད་ཀྱི་ཆབ་ཤོག་ཡང་ཡང་གནང་བར་ཁུ་དབོན་ལེགས་སྤེལ་ལ་ཆེད་དུ་བསྔགས་པར་མཛད་པ་ཡིན་གཤིས། ད་ཆ་གོང་དུ་བཅུ་གཉིས་བཟང་མཚམས་བྱས་པའི་བཏང་བཞག་གང་ཡིན་ལས་གཏན་འཆིངས་ལ་བསྙད་ནས་ལབ་ཤེར་གསར་རྒྱ་མི་བསྐྱེད་ཚེ་བཟང་མཚམས་གཏན་འཆིངས་སུ་བསྒྱུར་དགོས་ཚུལ་སྨྲས་པར ༈ དེ་ལ་ཕྱོགས་གཉིས་ཀ་ནས་ལན་གསར་བསྐྱེད་མེད་པར་བཏང་ཞག༼བཞག༽་སྔར་དོན་ཁོ་ནར་འཇོགས་རྒྱུ་དང་། གཏན་ཚིག་གཅིག་ཀྱང་དགོས་ཚུལ་ཟེར་བས། དེ་ཚེ་སྔར་གྱི་བཏང་བཞག་གལ་ཟུར་ཕྲ་མོ་ཁ་ཤས་ཀྱི་བསྒྱུར་བཀོད་མཐར་ཐུག་བྲོ་བསྐྱལ་མནའ་རྩིགས༼ཚིག༽་ཀྱི་དུས་ཇི་སྲིད་གཏན་གྱི་ལེགས་བཟླུམ་དུ་མིང་དོན་བསྒྱུར་བ་ལས་གཞན་མ་དགོས་པ་འབད་མེད་ལྷུན་གྲུབ་ཉིད་དུ་གྱུར་མོད། ༈ དེ་ལྟར་གཏན་འཆིངས་ཉིད་དུ་བསྒྲུབ་པའི་བླངས་དོར་གྱི་གནས་ཕལ་ཆེར་གོང་དུ་སྨོས་ཟིན་ཡང་། ངེས་པའི་ཕྱིར་དུ་འདིར་ཡང་གཏན་ལ་འབེབས་བྱ་སྙིང་པོ་བསྡུས་ཏེ་བཤད་པ༎ དེ་ལ་སྤྱི་དོན་རིམ་པ་གཞིར་བཞག་པའི་དོན། དང་པོར་ཁུ་དབོན་ས་རིས་རྒྱལ་ཐབས་དབང་ཐང་ཉིད་འཇགས་ཆེར་བྱས་པ་ལ ༈ སྔར་རྒྱལ་པོ་ཁུ་དབོན་གྱི་བར་དུ་མུལྦེ་རྒྱལ་པོའི་ས་རིས་སྙོན་ཡོད་པི་ཏི་མཁར་བུ་དང་། ཕོ་ཏོ་ལ་མན་ཞེས་པའི་འཕྱར༼འཆར༽་ཅན་དེ་དེངས་ཕྱིན་ཆད་བཀྲ་ཤིས་རྨམ་རྒྱལ་རང་ལ་གཏན་འཇགས་བྱེད་རྒྱུ་དང ༈ པུ་རིག་ཇོ་ཁག་ལྔ་ཡི་ཕྱག་འབུལ་མཁར་ཆེན་དུ་སེང་གེ་རྙམ་རྒྱལ་སྐབས་ནས་ཆོད་ཐང་ཡིན་འདུག་གཤིས་དེ་དང་འབྲེལ་ཆེ་ངེས་ཡིན་སྙང་ཡང་། རྒྱལ་པོ་ཟུར་བཞུགས་ལ་ཡབ་ནས་དམིགས་གསལ་གྱི་འཇགས་པ་ཡིན་ཚུལ་མནའ་ཚིགས་སུ་གྱ་བ་བྱུང་སོང་རུང་ངོས་ནས་ལུགས་ལེགས་སུ་བྱས་ཏེ་ཇོ་ཁག་ལྔ་ཡི་ཕྱག་འབུལ་མུལྦེ་རྒྱལ་པོས་བཞེས། མུལྦེ་རྒྱལ་པོས་མཁར་ཆེན་དུ་ལོ་ཕྱག་རྣམ་བཞག་དགེ་བའི་མཚན་གྲངས་དངུལ་བརྒྱད་ཕུལ་ནས་བདེ་འཇགས་བྱེད་རྒྱུ་དང ༈ ལ་དྭགས་མངའ་རིས་སུ་མུལ་རྗེ་རྟ་ཕྱུགས་གནས་པ། རྟ་ཁྱུ་མའི་སྟེང་ནས་བཅུ་དྲུག་མཁར་ཆེན་དུ་བཟློག རྒྱལ་སྲས་རྒྱལ་མོ་འདུས་འདོད་ཀྱི་བློན་ཚུལ་ལ་དགོངས་ཕོག་བཏང་བ་རྒྱུ་མེད་པའི་བསྐུར་ཞུས་ལ་བཤགས་པར་རྟ་དྲུག་སྟེ་ཁྱོན་ཉེར་གཉིས་སྤྲད་པའི་ལྷག་མ་མང་ཉུང་གང་ཡོད་ཀྱང་རྒྱལ་པོ་ལ་སྔར་མུར་འཇགས་རྒྱུ་དང་། གནག་ཕྱུགས་རྐང་ཕྲན་རྫིས་ཁག་དག་ཁུ་དབོན་ལུགས་ལེགས་ཀྱི་ལ་དྭགས་པའི་རྩྭ་ཡུལ་དུ་སྔར་བཞིན་འཇོགས་རྒྱུ། ངེས་མེད་དེ་མུལྦེ་རང་གི་བླང་བཞེད་དམ་ལ་དྭགས་པས་འཇོགས་བཞེད་མེད་ཚེ་མུལྦེ་རང་ནས་བསྣམས་ཆོག་རྒྱུ། ཧེ་ན་ཀུའི་རྒྱལ་པོ་དཀོན་གྲུབ་ཀྱི་ས་ཞིང་ཁང་ཕྱི་ནང་དབང་ཐོབ་རྒྱལ་པོ་ཉི་མ་རྣམ་རྒྱལ་གྱི་གཏན་ཚིགས་ཡི་གེ་དང་དེ་སྐབས་འཇགས་གནས་བྱུང་བ་གང་ཡིན་མི་འཕྲོག་མི་བྲི་མི་བསྒྱུར་ལ་དྭགས་རྒྱལ་རིགས་སྤྱིའི་མིག་ལྟོས་ལ་རྒྱ་ལ་མི་གནོད་པ་ཅིས་ནས་ཀྱང་གལ་ཆེར་བཟུང་འོས་ཉིད་དང ༈ རྒྱལ་བུ་ཁྲི་ཚེ་དབང་རྣམ་རྒྱལ་འདི་ཉིད་རྒྱལ་པོ་ཁུ་བཀྲ་ཤིས་རྣམ་རྒྱལ་ནས་སྲས་དོད་དུ་བཟུང་གྱུར་གནང་སོང་བས། རྒྱལ་པོ་ལ་ད་ལྟ་བཞིན་སྲས་མ་བྱུང་ཚེ་རྒྱལ་བུ་ཚེ་དབང་ནས་ཀྱང་ མུལ་རྗེ་ ཕ་བཞིན་དུ་བཀུར་ཞིང་ལྟོས་བཅས་རྣམས་ལ་ཡང་ཐུགས་རྗེ་ཆེན་པོས་སྐྱོང་བ་དང་། ཡང་རྒྱལ་པོ་ལ་རིགས་སྲས་བྱུང་ཚེ་གོང་གསལ་མུལ་རྗེ་གནས་པ་ཡང་འཇགས་སུ་བཅུག་པ་ཟང་དཀར་ཧེ་ན་ཀུ་ལ་ཡབ་མེས་ཀྱི་གཅོད་མཚམས་གནས་བཞིན་དང་། མཁར་དུ་གུས་འདུད་དེ་བཞིན་བྱེད་རྒྱུ་བཅས་སྲས་རྒྱལ་བ༼བུ༽་བྱུང་ན་རྒྱལ་བུ་ཚེ་དབང་གི་དཔུང་གྲོགས། དམན་པ་བྱུང་ན་རྒྱལ་བུ་ཉི་མས་དོན་གྲུབ་སྐྱོང་བ་ཏར་ཚེ་དབང་ནས་མགོ་འདྲེན་གང་ཆེ་བྱེད་རྒྱུ་སྟེ༎ དེ་ལྟར་དོན་ཚན་བཞི་ནི་བཏང་བཞག་ས་རིས་རྒྱལ་ཐབས་མངའ་ཐང་གི་བསྐོར་དང་༎ ༈ སྤྱི་དོན་གཉིས་པ་རྒྱལ་པོ་སྐུ་མཆེད་ཁུ་དབོན་བར་དུ་གནས་སྐབས་ཀྱི་བླར༼བླང༽་དོར་བརྒྱིད་འོས་རྒལ༼གལ༽་ཆེ ༈ སླེ་མཁར་ཆེན་ནས་མུལྦེའི་བར་ཁ་ཆེའི་ཕོ་ཉ་འཚོངས་པའི་གྱུ༼རྒྱུ༽་འགྲུལ་ལ་ཡས་མས་སུ་ནས་ལམ་ཡིག་བྱུང་ཡང་ཁྱད་མེད། དེ་མིན་ཕོ་ཉའཾ་ལ་དྭགས་པུ་རིག་གི་མི་དོས་བཞི་བཅུ་སྐོར་ཡས་མས་ལམ་ཡིག་སྟེངས་ནས་ལེ་ཐོག་མེད་པར་འགྲོ་རྒྱུ། གཞན་དེ་ལྷག་གི་འགྲོས་ངང་སྐུ་ངོ་བསྐྱོད་པར་མཁར་ནས་ལམ་ཡིག་ཞུ་རྒྱུ་ལ་དྭགས་རྒྱལ་པོའི་ཕོ་ཉ་ཁ་ཆེར་འགྲོ་དགོས་རྣམས་མུལྦེ་ནས་ལེ་ཐོག་མེད་པར་འཕྲལ་བསཛངས་བྱེད་རྒྱུ་མུལ་རྗེས་པི་ཏི་སོགས་སུ་བསཛངས་འོས་ཀྱང་ལམ་ཡིག་དགོས་ཚེ་མཁར་ཆེན་ནས་འཕྲལ་བཏང་། དུས་སྐབས་རེ་འགའ་བར་དབུས་གཙང་ཕྱོགས་སུ་རྣམ་དཀར་དགེ་བསྒྲུབ་སོགས་ལ་མུལ་རྗེས་ཕོ་ཉ་གསལ་བ་ལ་ཡང་ལཾ་ཡིག་རྩལ་ཞིང་། དེ་རྣམས་མུལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་སྐུ་ནམ་འཚོའི་རིངས་སུས་ཀྱང་སྙོང་མེད་མཛད་རྒྱུ་དང ༈ དུས་སྙིག་མའི་དབང་གི་སྐུ་ངོ་ནང་ཕན་ཚུན་ཏུ་ཁ་ཆེ་བྷལ་ཏི་འམ། ལ་དྭགས་པུ་རིག་ནས་མི་བསམ་སྦྱོར་མ་དག་པས་སེལ་སྤྲད་བྱས་པ་སྲིད་ཚེ་དེ་ལ་ཡེ་ནས་མི་གསན་པར་སོ་སོ་ནས་ཐུགས་ཁོག་ཆེ་ཡངས་དང་རྩ་བ་ཡོད་ངེས་རིགས་སྐུ་ངོ་ནང་ཕན་ཚུན་དུ་གཅིག་གི་གཅིག་ལ་གསང་བར་བདེན་མིན་དྲི་བ་ཞུ་ཞིང་ཞུ་བ་པོ་དང་ངོས་སྦྱོར་སྟེང་ནས་ཕན་ཚུན་ཉེས་པར་འདུག་ན་སེལ་སྦྱངས་མཛད་ནས་མཛའ་གཤིམ་སྔར་བཞིན་མི་ལྷོད་པ་དང ༈ ལ་དྭགས་ཡུལ་སྐད་ཞབས་འཐམས་སུ་གྲགས་པ་རྗེ་བོ་གཅིག་ཤོས་ལ་མ་མགུ་ནས་གཅིག་ཤོས་ལ་མགོ་གཏད་ཞུ་ནས་བླང་བ་འདི་རིགས་ཆེ་ཕྲ་སུ་ལ་ཡང་ནང་མི་གཤིམ་པའི་རྒྱུ་མཐོང་ཐོས་མྱོང་གྲུབ་ཏུ་སྣང་བས་དེ་རིགས་སྐུ་ངོ་ནང་ཐབས་མཁས་མཐུན་འཇུགས་ཀྱི་སྟེངས་ནས་བླང་ན་མ་གཏོགས་མི་གཟོས་པའི་རང་མཚམས་སུ་ཀྱི་སྐུ་ངོ་ནང་ཕན་ཚུན་སྨོས་ཅི་འཚལ། ཡུལ་སྤྱི་དམངས་དང་མི་མཐུན་པའི་མི་མཀར་ཆེན་དུ་ཞབས་འཐམས་བཞེས་ན་ཡང་མི་མཛེས་རྒྱུར་འགྲོ་བས་གལ་ཆེན་ཐུགས་སུ་འཇུག་འོས་དང ༈ ལ་རྒྱའི་གནས་གལ་ཆེ་བའི་རིགས་རྣམས་སྐུ་མཆེད་ཁུ་དབོན་དངོས་སུའཾ་དེ་མིན་ཕོ་ཉ་ཚད་ཐུབ་ཡི་གེའི་ལཾ་ནས་མོལ་མཆིད་ཞིབ་གྲོལ་བཟང་པོས་བླང་དོར་འཇུག་པ་མཐུན་པར་བྱ་བ་སྟེ། འདི་ནི་ཡུལ་ཁམས་མི་ཉམས་པའི་རྒྱུ་བདུན་རྒྱལ་བས་བསྔགས་པའི་ནང་ཚན་གཙོ་ཆེ་ཤོས་ཡིན། དེ་ཡང་དེ་ལྟར་ཐུགས་སུ་བཞག་འོས་སྟེ། དེ་ལྟར་རྣམ་གྲངས་བཞི་ནི་ཁུ་དབོན་རྣམས་ཀྱི་གནས་སྐབས་ཀྱི་བླང་དོར་དང་༎ ༈ ད་ནི་དོན་ཚན་གསུམ་པ་ཞང་བློན་རྒན་གཙོ་རྣམས་ནས་བླང་དོར་གྱི་གནས་མདོ་དོན་ཙམ་དུ་སྤེལ་ན ༈ ཡུལ་ལ་དབང་བའི་རྒྱལ་པོ་ནི་མགོ་བོ་ལྟར་བསྐུར་འོས་བར་གསུང་ཞིང་དེ་ལ་ལྷག་པའི་བསམ་པ་གོས་མཆོག་གི་ལྟ་བུའི་དཀྲི་བར་བྱ་བ་སྟེ་རྗེ་ཡི་བྱ་བཞག་འཁྲུལ་པར་ཞུགས་ན་རྩུབ་མོའི་ཚིགས་ཀྱི་ཡང་སྤྱོད་ཞིང་ལོག་པའི་ལས་ལ་ཞི་བའི་ཚིགས་ཀྱི་མི་བསྔགས། ཕན་པའི་སླད་དུ་གསོང་པོའི་ངག་གི་དཀྲི་ཞིང་། རང་འདོད་མ་ཡིན་ཞིང་རྒྱལ་ཐབས་ལ་རྒྱར་ཕན་ན་གཡོ་སྒྱུའི་ངག་ཀྱང་རུང་སྟེ། གང་ལྟར་རྒྱལ་པོ་བདེན༼བདེ༽་ན་རྒྱལ་ཁམས་བདེ་བས་དེ་ཡི་ངང་ཚུལ་ལ་འབད་པ་ནི་ཤེས་ལྡན་བློན་པོའི་མཚན་ཉིད་སྟེ་བརྒྱིད་འོས་དང་། ༈ རྒྱལ་རིགས་སྐུ་ངོ་ནང་འཁྲུག་སེ་གྱི་ལས་ལ་ཅུང་ཟད་ཀྱང་མི་འཇུག་ཞིང་ཕན་ཚུན་མཐུན་གཤིམ་མཛའ་བའི་ལས་ལ་རྟག་ཏུ་འབད་པ་དང་། ༈ རྒྱལ་སྲིད་ལ་རྒྱ་རྒྱལ་པོ་དབྱིངས་སུ་གནས་ནས་བློ་ལྡན་མདུན་ན་འདོན་རྣམས་ཀྱི་སྐྱོངས་ཚུལ་ལ་རགས་ལས་པས། དེ་ན་ཕྱོགས་ཀྱི་རྒྱལ་ཁག་གི་སྣེ་ལེན་ནང་མངའ་འབངས་ཀྱི་བྱ་བཞག་ལེགས་ཉེས་ཀྱི་གཏོང་དྲང་པོ་ཚུག་ཐུབ་པས་འཛིན་པ་ལས་གཉེན་དང་བུད་མེད་ནོར་རྫས་ཀྱི་དབང་དུ་མ་སོང་བར་སྒཾ་ཞིང་གཟུ་བོར་གནས་པའི་སྤྱོད་པ་ཁོ་ངར་འཇུག་པ་དང་། ༈ རྗེ་འབངས་ཕྱི་ནང་གི་བྱ་བ་སོ་འཆིའི་སྐུན༼སོ་ཚིས་ཀུན༽་ ལེ་ལོ་སྙོམས་སྒྱིད་བསྐྱུར་གེལ༼གལ༽་མེད་དུ་མ་སོང་བར་བློན་ཆེ་ཕྲ་རྒན་༼གཞོན༽་དམངས་སོ་སོ་ཡི་ཁུར་ལེན་ཁག་འགེལ་མ་ཡིན་པར་ཆ་ཆ་ཉས་དངས་ལེང་ནང་གི་ཀ་གདུངས་གྲལ་ཕྱམས༼ལྕམ༽་ལྟ་བུ་འགྲན་སེམས་དང་མིག་བརྙས་མེད་པར་ཕྱོགས་གཅིག་ཏུ་ཁུར་བཟོད་དགོས་སྟེ། དེ་ལྟར་བློན་རྒན་དམངས་ཀྱི་བརྒྱིད་དགོས་མདོ་དོན་འདིར་སྨོས་པ་བཞི་ཡིན་ལ༎ ༈ དོན་ཚན་གྱི་རྣམ་གྲང་བཞི་པ་བསྟན་འགྲོ་སཔཟི་ལ་ཕན་བདེའི་རྩས་སུ་དམིགས་ཏེ་རྒྱལ་པོ་ཡབ་ཡུམ་སྲས་བློན་ཚངས་མའི་ཐུགས་སུ་འཇུག་འོས ༈ ཡུལ་ཕྱོགས་འདི་ཉིད་ཆེས་ཆེ་བ་སྡེ་བོ་ཆེ་མཐུ་བོ་ཆེ་སྟོབས་པོ་ཆེ་དྲེགས་ལྡན་གྱི་རྒྱལ་ཁག་མང་པོ་འདུ་བའི་སྒོ་མཚམས་སུ་གྱུར་གཤིས། དེས་ན་རྒྱལ་ཁག་ཕན་ཚུན་རྣམས་དང་མཐུན་གཤིམ་གཉེང་ཆགས་པས་ཡིད་མཛའ་བའི་ཞགས་པས་དཀྲིས་པ་ལས་མི་ལྷོད་པ་ནི་དེས་མར་ཡུལ་ལྗོངས་ཀྱི་བདེ་བ་བསྐྱེད་པའི་བརྩས་སྟེ། དེས་གངས་ཅན་རྒྱུད་དུ་ལེགས་བྱས་སུ་ལྷུན་ཆགས་པར་གྱུར་པ་ནི་ཚུལ་དེ་མི་ཉམས་པ་དང་། ༈ གངས་ནའི་ཁྲོད་འདིར་ཀླ་ཀློ་དང་འབའ་སྟེགས་ཀྱི་གྲུབ་མཐའ་འཛིན་པ་ནམ་དུ་ཡང་མེད་ན་བོད་ཀྱི་སྐྱེས་བུ་གྲུབ་མཐའི་སྒོར་ཞུགས་པ་ཀུན་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་བསྟན་པ་ཁོ་ན་དང་། དེ་བས་ཀྱང་ཐེག་པ་ཆེན་པོར་ཞུགས་པ་འབའ་ཞིག་སྟེ་དེས་ན་རྒྱལ་བསྟན་རིས་བྲལ་ལ་དྭགས་པའི་བློ་ཡིག༼མིག༽་ཡངས་པོས་གུས་འདུད་ལྷུར་བླངས་ནས་སྔ་དུས་བཟང་པོའི་སྲོལ་རྒྱུད་༼རྒྱུན༽་མེད་པར་རྒྱས་ཀྱི་འཕྲིན་ལས་མཛད་པ་དང་། ༈ རྒྱ་ཀར་ཀསྨི་ར་དང་མར་ཡུལ་སླེ་མཁར་བར་གྱི་སྤྱིའི་རྒྱུ་འགྲུལ་བྱེ་བྲག་ཚོངས་ལཾ་འགོག་པ་ནི་ཆེས་མི་ལེགས་པས་ཤོག༼ཤོ༽་གཾ་སོགས་སྔར་སྲོལ་བཟང་པོའི་རྒྱུན་ལ་གནས་པ་ཉིད་ལས་ངམ་དུ་ཡང་ཚོངས་མི་རྣམས་རྣམ་པར་གནོན་པའི་ལས་འཇོམ་འཕྲོག་ཀློག༼སློག༽་འཐོར་བོར་བའི་རྒྱུ་ཅུང་ཟད་ཡང་མི་བྱ་ཞིང་འདི་ལ་ཁ་ཆེ་རང་གི་ཚོངས་ཁག་སྣེ་མི་རྣམས་ཀྱི་ཡང་ཆེད་དུ་གསོལ་བཞིན་ཕྱིན་ཆད་ཚོངས་པ་ལ་འཚེ་བ་མི་བྱེད་པ་རྒྱལ་པོ་རྣམས་ནས་ཞལ་བཞེས་ལེགས་ལམ་ཆེ་བ་མཛད་པ་དེ་དོན་འཕགས་ཡུལ་གྱི་སྲོལ་ལྟར་དུས་སྲིད་མཐའི་བར་དུ་གནས་པར་དགེ་རྒྱུན་ཆེ་བ་ལ་དམིགས་ནས་ཁོ་བོས་འབད་པས་ཡི་གེ་ཟངས་ཀྱི་བྱང་ཕུ་ལ་ཚིགས་དོན་མཐུན་པར་ཚར་ལྔ་བཀོད་དེ་མར་ཡུལ་བདག་པོ་ཁུ་དབོན་དང་། ཁ་ཆེའི་པྲ་རྡ་མན་དང་ཁ་ཆེའི་ཚོངས་པ་རྣམས་ཀྱི་ལག་ཏུ་གནས་ཉིད་ཅིས་ནས་བསྒྱུར་བཀོད་མེད་པ་དང་། མར་གྱི་སྔར་ཁྲིམས་བཟང་པོའི་རྒྱུན་ལྟར་ལ་དྭགས་པུ་རིག་པྱི་ནས་སྨོས་ཅི་འཚལ། རྒྱལ་པོས་ཁ་ཆེར་ཕོ་ཉ་བརྫངས་པ་ཡང་ལམ་ཆས་ཚྭ་བལ་ཁུར་རེ་ཙམ་ལས་ལེ་ནའི་རིགས་གཏན་ནས་ཁྱེར་མི་ཆོག་པ་དང་། ཡར་རེས་ཀྱང་ལམ་ཆས་སྐྱེས་བཅས་དོས་ཁུར་རེ་ཟུང་ལས་གཞན་མི་ཁྱེར་ལ་ཞིབ་པར་མུལ་རྗེའི་བོད་འགྲོས་ལྟར་དུས་ཀབས་རེས་འགའ་བར་ལ་དྭགས་མཁར་གྱི་ཕྱག་མཛོད་ཁ་ཆུལ་ཧེ་འབབ་ཏུ་དོན་སྤྱོད༼དཔྱོད༽་ལ་སྔར་རྒྱུན་ལྟར་འགྲོ་བ་དང་བུ་ཏེས་འགྲོ་སྐབས་མ་ཡིན་ཕོ་ཉའི༼ཉ༽་ཆེད་དུ་འགྲོ་བར་མི་མང་ཉུང་དང་བསྟུན་དོས་ཁུར་བཞི་ནས་བཅུ་དྲུག་གི་བར་འོས་བབ་བཏང་རྒྱུ་སྟེ་གང་ལྟར་སྔར་རྒྱུན་གང་ཡིན་ལས་སྲོལ་སོ་མ་རང་གཞན་དུཿཁ་བསྐྱེད་པའི་བྱ་བ་ནམ་དུ་ཡང་མི་བརྒྱིད་པ་གལ་ཆེ་དང་། ༈ ལྷག་ཏུ་ལག་ན་པདམོའི་ཞིང་མར་ཡུལ་ནས་བཙམ༼བརྩམ༽་བསིལ་ལྗོངས་གངས་ཀྱི་རི་བོའི་རྒྱུད་ཉིད་འོག་འཛིན་མའི་མཐའ་ལ་ཐུགས་པའི་སྤྱི་ལས་ཁྱད་པར་ཐར་པ་མཆོག་གི་ལམ་འདྲེན་པའི་ ཟླ་བོ་ གཞན་ནམ་དུ་ཡང་མེད་པ་ཐུབ་པ་ཉི་མའི་བསྟན་པ་རིན་པོ་ཆེ་ཀུན་ལ་དག་པའི་སྣང་ནས་སྲིད་ཞུ་ཕུ་དུད་བསྐྱེད་ཅིང་དེ་ལ་འཚེ་བ་དག་སྲིད་ན་ལྷག་པའི་བསམ་པས་གཞིལ་བའི་སྦྱོར་བ་མི་ལྷོད་ཅིང་ཁྱད་པར་བསྟན་པ་རིན་པོ་ཆེ་ལ་མི་དགེས་པ་ལྷ་མ་ཡིན་གྱི་འཇུག་པ་དགའ་འཇོམས་པའི་ལཾ་འཛིན་སོགས་པྲ་ཏྱནཏཿཨར་ཛྙཱ་རྣམས་དང་ཕན་གཉེན་གཤིམ་པ་སྔར་རྒྱུན་བཟང་པོའི་ལུགས་སྲོལ་མ་དོར་ཙམ་ལ། རྣམ་པར་འགྱེད་པ་དང་། རྣམ་པར་འཁྲུག་པ་གཡུལ་གྱི་སྦྱོར་བ་ལ་འཇུག་པའི་སྣེ་བསླང་སྣེ་འདྲེང་རྒྱལ་བསྟན་རིན་པོ་ཆེ་ལ་འཚེ་བར་འགྲོ་བའི་སྦྱོར་བ་རྣམ་པ་ཀུན་ཏུ་མི་བརྒྱིད་པ་སྟེ་དེ་བཞིན་ནི་རྒྱལ་བློན་ཐུན་མོངས་སུ་སྨྲས་པའོ༎ དེ་ལྟར་ས་བཅད་བཞི་དོན་ཚན་བཅུ་དྲུག་ཏུ་མདོར་བསྟན་པ་འདི་ཉིད་མར་ཡུལ་ལྗོངས་ཀྱི་རྒྱལ་བློན་རྒན་གཙོ་མཐའ་དག་པའི་ཐུགས་ཀྱི་ དཔལ་བེའུར་ བསྟི་དགོས་ཤིན་ཏུ་གཅེས་པར་གདམས་པ་ཡིན་ལ ༈ གཞན་གྱུར་བླང་དོར་སྤྱི་ཡི་གནས་ལུགས་རང་བཞིན་པའི་ངང་ཚུལ་རྒྱས་པར་སྤྲོ་ན་བརྒྱ་ཕྲག་དུ་མས་ཀྱང་སཛོགས་པར་ནུས་པ་མ་ཡིན་པས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཆེན་པོ་རྣམས་ལས་ལྟ་ཞིང་ཆོས་བཞིན་གྱི་ཁྲིམས་ལྷ་ཆེན་པོ་རྣམས་ཀྱི་བསམ་པ་དང་མཐུན་པ་ཁོ་ནར་མོས་པས་ཅི་ནུས་སུ་འཇུག་པ་དང་༎ ཁྱད་པར་དེ་བཞིན་གཤེགས་པས་མ་སྐྱེས་དགྲ་ཡི་མདུན་ན་འདོན་བྲམ་ཟེ་དབྱར་བྱེད་ལ་ཡུལ་ཡངས་པ་ཅན་མི་ཉམས་པའི་རྒྱུ་བདུན་བཀའ་སྩལ་པ། ངས་སྤོང་བྱེད་པ་ལ་ཉམས་པར་མི་འགྱུར་བའི་རྒྱུ་བདུན་བཤད་དོ། བདུན་ཉི་ཡང་དང་ཡང་དུ་འདུ་ཞིང་འདུ་བ་ལ་རིང་དུ་གནས་པ་དང་གཅིག འགྲོ་འདུག་དང་དགོས་པ་དང་བྱ་བ་མཐུན་པར་གནས་དང་གཉིས། སྨན་པར་བྱ་བ་མ་ཡིན་པ་ལ་མི་མོས་སྨོན་པ་མི་འདོར་ཁྲིམས་བཅས་པ་བཞིན་དུ་སྤྱོད་པ་དང་གསུམ། བུད་མེད་བགྲོད་བྱ་མ་ཡིན་པ་ལ་མི་བགྲོད་པ་དང་བཞི། རྒན་རབས་ལ་བཀུར་བསྟི་བྱེད་ཅིང་ཚིགས་ཉན་པ་དང་ལྔ། མཆོད་རྟེན་ལ་མཆོད་ཅིང་སྔོན་གྱི་མཚན་མ་མི་འདོར་བ་དང་དྲུག ཡུལ་གྱི་དགྲ་བཅོམ་པ་རྣམས་ལ་དད་པས་བསྙེན་བསྐུར་བྱེད་པའོ་བདུན། སྤོང་བྱེད་པ་རྣམས་དེ་དག་གཅིག་དང་ལྡན་ནའང་། མ་སྐྱེས་༼དགྲ་ལ༽་དགྲས་ཐུབ་པར་མི་འགྱུར་ན་བདུན་དང་དན་ན་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར་སྟེ། སྔོན་གྱི་མཚན་མ་མི་འདོར་བ་ནི་ཞྭ་གོས་རྒྱན་རྣམས་སྔར་སྙིང༼རྙིང༽་པ་ལ་སྤྱོད་ཅིང་གསར་འགྲོགས་མི་བྱེད་པའི་དོན་ཡིན་ལ། དེངས་དུས་དགྲ་བཅོམ་མངོན་གྱུར་མི་རྟོགས་ཚེ་ཕྱོགས་རེ་ཡང་མ་ཡིན་པར་སངས་རྒྱས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ཀུན་ལ་བསྙེང་བསྐུར་བ་སྟེ། དེ་རྣམས་ངེས་པར་ཕྱི་མཐར་ཐུག་གི་བར་དུ་འབད་བྱའི་གཙོ་བོ་ཡིན་ཞེས་འདིར་ཁོ་བོས་ལེགས་པར་གདམས་པ་ལགས་ན་མཆོག་དམན་ཀུན་གྱི་འབད་པས་ལྷུ་རུ་བླང་བར་འོས་སོ༎ འཇིག་རྟེན་འདི་ན་གསལ་གྲགས་ཡ་རབས་མཆོག ཁྲེལ་ཡོད་ངོ་ཚ་མཐོ་རིས་ལྷ་མིའི་ཐེག ལེགས་པར་སྤྱོད་ན་ངེས་ལེགས་ཐར་པ་ཡང་། རིངས་པོ་མ་ཡིན་མྱུར་དུ་འགྲུབ་པར་ངེས། ཞེས་པས་ཡང་སྨྲས་སོ༎ ད་ནི་མཐར་ཐུག་པ་ལ་དྭགས་རྒྱལ་པོ་སྐུ་མཆེད་ཁུ་དབོན་བཙུན་མོར་བཅས་པས་རང་རང་སྐུ་ཚེ་འདི་ཉིད་ཇི་སྲིད་ཀྱི་བར་དུ་ལྡེམ་རྒྱང་འགྱུར་ལྡོག་འཕེལ་འགྲིབ་མེད་པར་རང་རང་ངོ་སྐལ་གྱི་བླང་དོར་དུས་འདིའི་རྒྱལ་བློན་རྣམས་ནས་ཇི་སྲིད་འཚོའི་བར་དང་ཀསྨི་ར་ཡི་ལམ་སོགས་རྒྱལ་བསྟན་སྤྱི་ལ་སྨན་པའི་བྱ་བ་ནི་མར་ཡུལ་རྒྱལ་བློན་གྱི་རབས་དེ་སྲིད་དུ་གནས་རྒྱུ ༈ དེ་ཡང་སྙིང་པོར་དྲིལ་ན་མུལྦེ་རྒྱལ་པོ་རང་ལ་ས་རིས་སོགས་འཇགས་འོས་དང་། ཁྲི་ཚེ་དབང་རྣམ་རྒྱལ་སྲས་དོད་དུ་བཟུང་ནས་བླང་དོར་བརྒྱིད་ལུགས་གོང་གསལ་ཉིད་དང་། གཅིག་ལ་དྭགས་ས་སྐྱོང་རྒྱལ་སྲས་རིན་པོ་ཆེ་སྐུ་མཆེད་དང་བཙུན་མོ་ཧེ་ན་ཀུའི་རྒྱལ་པོ་ དཀོན་མཆོག་ལྷུན་གྲུབ་ སོགས་ལྟོས་པར་བཅས་པས་མུལྦེ་ཨ་ཁུ་རྒྱལ་པོའི་སྐུ་ལ་འཚེ་བ་མཛད་པ་ཅི་ལ་སྲིད་ཀྱང་མུལ་རྗེའི་ཐུགས་རྟོག་སེལ་ཞིང་ཡིད་ཆེས་ཀྱི་སླད་དུ་དེངས་ཕྱིན་ཆད་ཨ་ཁུ་བཀྲ་ཤིས་རྣམ་པར་རྒྱལ་བའི་སྐུ་འཚོ་བ་ལ་དངོས་རྒྱུད་གང་གི་སྒོ་ནས་ཀྱང་བསམ་ངན་སྦྱོར་རྩུབ་ཀྱི་ཐོ་འཚམས་པ་གཏན་ནས་མི་བརྒྱིད་པ་དང་། མུལྦེ་རྒྱལ་པོ་ བཀྲ་ཤིས་རྣམ་རྒྱལ་ ནས་ཀྱང་ལ་དྭགས་རྒྱལ་སྲས་སུཀུ་མཆེད་རྒྱལ་མོ་ཀུན་འཛོམས་ལྟོས་པར་བཅས་པར་གོས༼གོང༽་སྨོས་ཀྱི་སྐུ་ཡི་འཚོ་བ་ལ་འཚེ་བའི་བསམ་ངན་སྦྱོར་རྩུབ་དངོས་དང་བརྒྱུད་པའི་སྒོ་ནས་ཇི་སྲིད་གཏན་དུ་མི་བྱེད་པ་མནའ་དཾ་བླང་རྒྱུ་སྙིང་པོ་དང་། གཉིས། ད་ལམ་གླེང་གཞིའི༼གཞི༽་འདི་སྐོར་ལ་ངེད་ནས་འགོང༼གོང༽་ཆེ་དཀའ་ཚེགས་སྦྱངས་སྤྱོད་མཐའ་དག་དངས་སུ་བླང་ནས་བཟང་འཆིངས་ལེགས་བཟླུཾ་བརླིང་ཆགས་མཐའ་གཙང་རྗེ་བཙན་ཉིད་དུ་གྲུབ་པར་བྱས་པ་འདི་ལ་སླར་དྲན་གསར་སྐྱེས་རྙོགས་རི་གཏིང་བསླང་ལྟ་བུའི་མཐའ་མི་གཙང་བ་གཏན་ནས་མེད་པར་དོན་འདི་སྐོར་འདིར་བཀོད་ལས་གཞན་ཅུང་ཟད་ཡང་རྒྱལ་པོ་བཙུན་མོ་རྒན་གཙོ་སུ་ནས་ཀྱང་མི་བརྒྱིད་པ་དང་། གསུམ། ལས་སྣེར་མངགས་སླེབས་གཞན་གྱི་འཇུག་བྱ་གཟོས༼ཟོས༽་གཤིམ་གནད་ཐོགས་ལུགས་ལེགས་བགྱིད་དགོས་དེས་ཕན་ཚུན་མཛའ་བ་ལྷོད་མེད་ཀྱི་གངས་ཀྱི་རི་བོའི་རྒྱུད་དུ་ཡི་གྲུབ་མཐའ་འཛིན་པ་མི་སུན་དྲེགས་ལྡན་གཞན་དང་གཞན་གྱི་མཐའ་འཁྲུག་གཡུལ་སློང་གི་སྦྱོར་བས་སྤྱིར་སྐྱེ་རྒུ་གཡོང༼ཡོངས༽་ལ་འཚེ་བ་དང་། བྱེ་བྲག་ཁྱད་པར་བ༼དུ༽་ལྷར་བཅས་འགྲོ་བ་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་གཅིག་པུ་པ་ཐུབ་དབང་ཉི་མའི་བསྟན་པ་རིན་པོ་ཆེ་ལ་གནོད་པ་དང་འཚེ་བའི་རྒྱུར་འགྲོ་བ་མར་ཡུལ་བདག་པོ་སྐུ་ངོ་ཡས་མས་གྲོས་དབང་བློན་པོའི་ཚོགས་དང་བཅས་པས་མི་བརྒྱིད་པ་དེང་གི་ཉི་མ་འདི་ནས་བཙམ་དུས་ཇི་སྲིད་ཀྱི་བར་དུ་བཟུང་རྒྱུ་སྟེ། བཞི། དེ་ལྟར་དམ་དུ་བཅའ་བ་འདི་བཞི་ཚུལ་ཇི་བཞིན་དང་དུ་ལེན་པའི་དཔང་པོར། ༈ འཕགས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྟེ་རྗོགས་པའི་སངས་རྒྱས་བཅོམ་ལྡན་འདས། དམ་པའི་ཆོས་འཕགས་པ་དགེ་འདུན་གྱི་ཚོགས་མཁའ་ཁམས་ཕུར༼ཕྱུར༽་བུར་ཁེངས་པ་ཉིད་དང་། ༈ བླ་མེད་སྔགས་ཀྱི་དཀོན་མཆོག་གསུམ་དཀྱིལ་འཁོར་རིགས་ཀྱི་གཙོ་བོ་བླ་མ། དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཡི་དམ། རང་སྣང་ཡུཾ་དང་ཆོས་ཀྱི་གཉེར་འཛིན་མཁའ་འགྲོའི་སྟེ་རྩ་བ་གསུམ ༈ དེ་ལྟར་དཀོན་མཆོག་རྩ་གསུམ་གྱི་རང་གདངས་སྒྱུ་འཕྲུལ་གྱི་རོལ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཉེན་པར་བྱེད་ཅིང་སེམས་ཅན་གྱི་བདེ་སྐྱིད་སྤེལ་བར་ལེགས་ཉེས་ཀྱི་གཏོང་ཚུལ་བཞིན་དུ་འཛིན་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང་། རྡོ་རྗེ་ལྷ་མོ་ནག་མོའི་ཚོགས་སྟེ། ༈ དེ་ལས་རྫོགས་པའི་སངས་རགཟས་འོད་ཟེར་དཔག༼དཔལ༽་རྩེགས་རྒྱལ་བ་གོང་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་སྤྲིན་གྱི་དབང་ཕྱུག་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྙིགས་དུས་ཆོས་བྱེད་བསྒྲུབ་པོ་རྣམས་ལ་འཚེ་བའི་དགྲ་བགེགས་བསྒྲལ་བ་དང་། རྣལ་འབྱོར་ཕལ་གྱུར་རྣམས་ཀྱི་བར་དོའི་དུཿཁ་བསལ་བ་དབུལ་འཕོང་གྱུར་པ་རྣམས་ལ་ནོར་གྱི་དངོས་གྲུབ་སྟེར་བ་སྟེ་ཚུལ་དེ་གསུམ་ལ་གཞན་ལཨོ་སྨད༼རྨད༽་དུ་བྱུང་བའི་ཐུགས་བསྐྱེད་གཡར་དམ་ཅན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་མྱུར་མཛད་ཡེ་ཤེས་གྱི་མགོན་པོ་ཕྱག་དྲུག་པ་ཡབ་ཡུཾ་སྲས་འཁོར་བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་པ་དང་། ༈ དཔལ་ཧེརུཀས་གདུག་པ་ཅན་རྣམས་ཐབས་ཀྱི་རང་འདྲེའི་གཟུགས་ཀྱི་བཏུལ་ཕྱིར་འཇིག་བྱེད་དྲགས༼དྲེགས༽་པའི་ཆ་བྱེད་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་ཡབ་ཡུཾ་སྲས་འཁོར་དང་བཅས་པ་དང་། ༈ དཔལ་ཁྲག་འཐུང་ཆེན་པོ་གངས་རིའི་བདག་པོའི་སྲས་ཀྱི་ཚུལ་བཟུང་ཞིང་རྒྱལ་བའི་བསྟན་པ་ཉེ་བར་བསྲུང་བ་ཐལ་བས་ཁེབས་པའི་ཞིང་དུ་ཐལ་བའི་དབང་པོར་སངས་རགཞས་སོ་ནག་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུཾ་སྲས་འཁོར་དང་བཅས་པ་རྣམས་དང་། ༈ ཁྱད་པར་དུ་སྲིད་ཞི་ཟབ་གསལ་ཕོ་མོ་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་རོ་མཉམ་ཞིང་དྲེགས་པའི་གཙོ་བོ་ལྷ་ཆེན་ཀླུ་བདུད་སྒྲ་གཅན་སྟེ་འཆི་བདག་གསུམ་གྱི་སྲོག་དབྱེར་མེད་དུ་འདྲེས་པས་མ་ནིང་ནག་པོ་ཞེས་སུ་མཚན་གསོལ་བ་གཅིག་ཤུར་རིག་པའི་རྒྱལ་པོ་འཁོར་འདས་དུར་ཁྲོད་ཀུན་ཏུ་སྤྱོད་པའི་མངའ་བདག་ལྷ་ཡི་ལྷ་བདུད་ཀྱི་བདུད་བགེགས་ཀྱི་བགེགས་ཆེན་བླ་མེད་རྡོ་རྗེ་ཐེག་པའི་བསྲུང་མ་རྨད་དུ་བྱུང་བ་འཆོལ་བའི་ཁྲོ་རྒྱལ་ནག་པོ་སྐལ་ལྡན་ནག་པོ་རྨུག་འཛིན་ནག་པོ་རིག་པའི་རང་གདངས་ལས་ཤར་བའི་རང་སྣང་གི་ཡབ་རང་སྣང་གི་ཡུཾ་དབྱེར་མི་ཕྱེད་ལ་ཐ་དད་དུ་གྲུབ་པ་སྔགས་ཀྱི་བདག་མོ་ རྡོ་རྗེ་ རལ་གཅིག་མ་དང་བཅས་པ་མ་ནིང་ནག་པོ་ཡབ་ཡུཾ་སྲས་འཁོར་བྲན་གྱི་ཚོགས་དང་བཅས་པ་ཞིང་རབ་འབྱམས་འཚམ་སྦྱོར་གྱི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་དང་། ༈ གཞན་ཡང་སྟག་ཞོན་ལ་སོགས་སྐུའི་མགོན་པོའི་རིགས་དང་། ཨ་གྷོ་ར་སོགས་གསུང་གི་མགོན་པོའི་རིགས་དང་། རྡོ་རྗེ་གུར་དང་། བེར་ནག་མིའུ་འཐུང་། ལྷོ་ནུབ་ཟངས་རི་ཅན་སོགས་ཐུགས་ཀྱི་མགོན་པོའི་རིགས་དང་། སེང་ཞོན་ཚོགས་བདག་ལྗང་སྔོན་སོགས་ཡོན་ཏན་གྱི་མགོན་པོའི་རིགས་དང་། ཏྲཀཤད་བདུད་རྒྱལ་ཅན་སོགས་ཕྲིན་ལས་ཀྱི་མགོན་པོའི་རིགས་དང་། དེ་བཞིན་ཞལ་བཞི་པ་སེང་གེ་ནག་པོ་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་ལ་སོགས་པ་ཉེ་བའི་མགོན་པོ་དང་། ༈ ནག་པོ་ཆེན་པོ་དེ་རྣམས་དང་མཐུ་དང་རྫུ་འཕྲུལ་ཡོན་ཏན་མཚུངས་པར་སྤྱོད་པ་འདོད་པ་ཁམས་ཀྱི་བདག་མོ་སྲིད་པ་གསུམ་གྱི་རྒྱལ་མོ་ལྷ་རྣམས་བསྲུང་བའི་རྫོངས། ལྷ་མ་ཡིན་རྣམས་འཇོམས་པའི་གཤེད་མ་འཆི་བདག་ལས་ཀྱི་གཤིན་རྗེའི་སྲིང་མོ་ལྷ་དབང་གཞན་འཕྲུལ་དབང་བྱེད་ཀྱི་ཡིད་སྐྱེས་སྲས་མོ་དབང་ལྡན་བདག་པོའི་རིགས་ཀྱི་བུ་མོ་རྡོ་རྗེ་ནག་མོ་ཆེན་མོ་རི་ཁྲོད་དབང་ཕྱུག་མ་དུད་པ་ལྟར་སྔོ་ཞིང་སོལ་བ་ལྟར་གནག་པ་དེ་བཞིན་གཤེགས་པ་ལས་ཀྱི་རིགས་དང་ལྡན་ཞིང་མ་འོངས་པ་ན་དམ་ཚིག་སྒྲོལ་མར་སངས་རྒྱ་བའི་རང་རྟགས་ལག་ན་རལ་གྲིའི་མཚོན་ཆ་འཛིང་པ་བྲིན༼སྲིན༽་གྱི་རྒྱལ་པོ་ཟིལ་གྱིས་གནོན་ཅིང་། ཆགས་ལྡན་དྲེགས་པ་རྣམས་ཀྱི་མདངས་འཕྲོག་ཕྱིར་ཁ་ར་ལ་ཞོན་ཏེ་སྐད་ཅིག་གི་སྲིད་གསུམ་ཁྱབ་པར་ཉུལ་བ་དཔལ་ལྡན་ལྷ་མོ་ནག་མོ་ཉིད་དང་། དེ་དང་གཉིས་སུ་མེད་པ་སྔགས་ཀྱི་རང་གཟུགས་སྨོན་ལམ་ཀྱི་མཐུའི་བྱུང་བ་རྡོ་རྗེ་རེ་ཝ་ཏི་ནམ་གྲུ་ནག་མོ་དྲེའུ་ལ་ཞོན་པ་དཔོན་གཡོག་གཉིས་ངེས་པའི་དོན་དུ་བཅོམ་ལྡན་འདས་མར་གྱུར་ཀྱང་གདུལ་བྱ་འདྲེན་པའི་ཐབས་ལ་མཁས་པས་འཕགས་པ་བརྒྱད་དང་བཅུ་ཡི་དབང་བསྐུར་ཐོབ་པར་བསྟན་པ་རང་རང་གི་ཡབ་དང་སྲས ༌དང༌ འཁོར་གཡོག་བྲན་འབངས་ཀྱི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་དང་། ༈ རྒྱལ་བའི་ཐུགས་རྗེའི་འཇུག་པ་དང་སེམས་ཅན་ལས་ཀྱི་འཇིག་རྟེང་སྐྱོང་བ་ཆེན་པོར་གྲུབ་པ་ཚངས་པ་དང་། དྲག་པོ་དང་། ཁྱབ་འཇུག་དང་། དབང་པོ་དང་། གཏོག༼གཏོགས༽་འདོད་དང་། སྐྱེམས་བྱེད་དང་། དགྲ་སྟ་ཅན་སོགས་མཐུ་དང་ལྡན་པ་རྒྱལ་བའི་ཞལ་མཐོང་ཞིང་འཇིག་རྟེན་གྱི་འཕེལ་ཟད་བྱེད་པའི་ཚུལ་ཅན་དང ༈ དེ་བཞིན་གཤེགས་པས་བསྟན་པ་ལེགས་པར་གཏད་པ་ཀུན་རྫོབ་ཉན་ཐོས་ཀྱི་ཐེག་པར་ཆོས་མིག་རྡུལ་༼མེད༽་མེད་བརྙེས་པའི་ཚུལ་བཟུང་ཞིང་ཐེག་པ་ཆེན་པོར་ས་བརྒྱད་པ་དང་། ཡང་བཅུ་བའི་བྱང་ཆུབ་སེམ་དཔར་ཡང་གསུང་ཞིང་ངེས་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པར་ཡང་བསྟན་པ་ཕྱོགས་བཞིར་བསྟན་པ་སྐྱོངས་བ་ངལ་སོས་པོ་སོགས་རྒྱལ་པོ་ཆེན་པོ་བཞི་སླས་ཀྱི་བཙུན་མོ་དང་མཛའ་མོ་དང་བྲན་མོ་དང་སྡེ་ཆེན་སྟོབས་དང་ལྡན་པ་སྲས་དང་གཡོག་དང་དཔུང་གི་ཚོགས་མ་ལུས་པ་རྣམས་དང ༈ འགྲོ་བ་ལྷ་དང་བཅས་པའི་འཇིག་རྟེན་ལ་ལེགས་ཉེས་ཆོས་བཞིན་དུ་སྤྱོད་པའི་ཁྲིམས་ཀྱི་བདག་པོ་ཆེན་པོ་དཔལ་ཆེན་པོའི་བཀའ་སྡོད་མཐུ་ཆེན་དྲེགས་པ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་དགེ་སྡིག་གི་གཏོང་འཛིན་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡུམ་ཙ་མུཎཌི་དང་བཅས་པ་དང་། གཞན་ཡང་ཚངས་པ་ལྷ་ཡི་གཤིང་རྗེ་གཅེར་བུ་ནག་པོ། དབང་པོའི་གཤིང་རྗེ། སྲོག་བདག་དམར་པོ། མེ་འབར་གཤིན་རྗེ་མ་རུ་རྩེ། སྲིང་པོའི་གཤིན་རྗེ་ར་ཧུ་ལ། ཀླུ་ཡི་གཤིན་རྗེ་ནཱ་ག་རཀྵ། གནོད་སྦྱིན་གྱི་གཤིན་རྗེ་དྲག་པོ་རྟ་སྔོན་ཅན། དབང་ལྡན་གྱི་གཤིན་རྗེ་ཙཱུ་ཚུནད་ར་དང་། ས་འོག་གི་གཤིང་རྗེ་བྱེ་བ་དགུ་རིང་སྟེ་སྲིད་གསུམ་གཤིན་རྗེའི་ཚོགས་ཡབ་ཡུམ་སྲས་འཁོར་མ་ལུས་ལུས་པ་མེད་པ་དང ༈ རྒྱལ་བའི་བསྟན་བསྲུང་ཨརྐ་དཀར་ལ་དཾ་བཅས་པས་གཙང་རིགས༼རིས༽་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་ཨརྐ་དམར་ལ་དམ་བཅས་པའི་མགོན་པོ་ཉི་ཤུ་རྩ་ལྔ། དྲེགས་པའི་སྡེ་དཔོན་སུམ་བཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད། ཕྱིའི་ལྷ་སྲིན་སྡེ་བརྒྱད། ནང་གི་ལྷ་སྲིན་དེ་བརྒྱད། གསང་བའི་ལྷ་སྲིན་སྡེ་བརྒྱད། གབ་པའི་ལྷ་སྲིན་སྡེ་བརྒྱད། བརྟགས་ཆགས་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་སོགས་ལྷ་མ་སྲིན་སྡེ་རིགས་སུམ་བརྒྱ་དྲུག་བཅུ ༈ ཀུན་གྱི་མཐུ་སྟོབས་གཅིག་ཏུ་དྲིལ་བ་གྱིང་ཆེན་བཅུ་དྲུག་གཙོ་བོ་གྱད་ཆེན་དམར་པོ་ཕྱག་བརྙན། ཚངས་པ་དུང་གི་མཆེ་བ་ཅན་འཁོར་འབྱུང་པོ་འགོང་པོ་རྒྱལ་བསྲེན༼བསེན༽་མི་སྲུན་པ་བྱེ་བ་དུང་ཕྱུར་གྲངས་མེད་ཚོགས་དང་བཅས་པ ༈ འཛམ་གླིང་བོད་ཀྱི་གཙུག་ལག་ཁང་། གཡུ་རུ། ཁྲ་འབྲུག ར་ས་འཕྲུལ་སྣང་། ཟན་ཡང་དཔལ་གྱི་བསམ་པས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་བསྲུང་མ་རྣམས་དང་། དབུས་ཀྱི་ཟབ་བུ་ལུང་། ཤར་གྱི་ལྗོན་པ་ལུང་སོགས་ལུང་ཆེན་ལྔ། ལུང་ཕྲང་བརྒྱད། དཔལ་གྱི་ཙཱ་རི་ཊ་དང་སྟག་ཚངས་ལ་སོགས་པའི་གནས་ཆེན་བཞི་གནས་ཕྲན་བཅུ་དྲུག གྲགས་པའི་མཚོ་བཞི། གངས་ར་ཆེན་པོ་ཉི་ཤུ་རྩ་གཅིག སཛོངས་བཅོ་བརྒྱད་པདམ་བཀོད་སོགས་སྦས་པའི་ཡུལ་ཆེན། འབྲས་ལྗོངས་སོགས་སྦ་ཡུལ་འབྲིང་པོ། རོལ་པ་མཁའ་འགྲོའི་གླིང་སོགས་སྦ་ཡུལ་ཆུང་ངུ་སྟེ་མདོར་ན་སྦས་པའི་ཡུལ་ལྗོངས་ཆེ་ཕྲ་སུཾ་ཅུ་རྩ་དྲུག་རྣམས་ཀྱི་བསྲུང་མ་དང་། བོད་ཡུལ་གྱི་མཐུ་ཆེན་དྲེགས་པ་སྡེ་བཞི། འཕྲེང༼འཕྲང༽་བསྲུང་བཞི། སྒོ་བསྲུང་བཞི། གཙུག་ལག་ཆོས་འཁོར་གྱི་དཀོར་བདག་གཙོ་བོ་ཐུགས་ཀྱི་རྒྱལ་པོ་སྡེར་ཆེན། གསུང་གི་རྒྱལ་པོ་དགྲ་ལྷ། སྐུ་ཡི་རྒྱལ་པོ་སུ་རྟ། ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན། ཕྲིན་ལས་པེ་ཧར་མེའོ་ཆེ། བཙུན་མོ་ལྔ། བློན་པོ་ལྔ། རྒྱལ་མཚན་ཅན་ལྔ། རུ་འདྲེན་བཞི་སོགས་མཐུ་ལྡན་དྲེགས་པ་བརྗོད་ལས་འདས་པ་དང་། བོད་ཡུལ་བརྟགས་ཆགས་ཀྱི་ལྷ་ཆེན། ཏི་སིའི་ཞིང་སྐྱོང་ལེགས་གྲུབ་རྡོ་རྗེ། རྨ་རྒྱལ་པོམ༼སྤོམ༽་ར། རྡོ་རྗེ་གཡུང་དྲུང་། གཉན་ཆེན་ཐང་ལྷ། རྡོ་རྗེ་འབར་བ། འཛམ་གླིང་སྐྱེས་རྡོ་རྗེ་ལེགས་པ་སོགས་དགེ་བསྙེན་ཉི་ཤུ་རྩ་གཅིག གནམ་མཚོ་ཕྱུག་མོ། ཤ་མེད་གངས་དཀར། རྐོང་བཙུན་དེ་མོ་སོགས་འཛམ་གླིང་བརྟན་མ་བཅུ་གཉིས། མངའ་རི་ཕྱོགས་སུ་མཐུ་སྟོབ་ངུས་པ་ཅན། ཆེ་བཙན་རོལ་པ་རྐྱ་བདུན། རྟ་གོ་གངས་བཙན། སྐུ་ལྷ་ཆེ་གོད། རོང་གི་སྐུ་ལྷ་མཆེད་སུཾ་སོགས་ཕོ་རྒྱུད་རྣམས་དང ༈ ཙ་མུཎ་མ་སོགས་མ་ཡཾ་སྲིད་པའི་རྒྱལ་མོ་རྣམས་དང་། སྐྱིད་གྲོངས་རྡོ་རྗེ་མ་བདུན། གློ་བོའི་རྡོ་རྗེ་ལེགས་ལྡན་ཁྱུང་ལུང་རྡོ་རྗེ་སྤྱན་གཅིག་སོགས་མ་མོ་བདུན། ཕུག་བདག་ཆེན་མོ་དགུ་ལ་སོགས་པའི་མོ་རྒྱུད་སྤྱི་དང་། ཁྱད་པར་མར་ཡུལ་ལྗོངས་སུ་དཀར་པོའི་ཕྱོགས་སྐྱོངས་པའི་ཡུལ་བདག་མ་ཆེན་མོ་སྔོན་ཚེ་དཔལ་ཆེན་པོ་པདམ་སམབྷ་ཝའི་སྤྱན་སྔར་སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ་ནས་དམ་ཚིག་གཉན་པོ་བླང་ཞིང་། བར་དུ་ཇོ་བོ་རྗེ་དང་། ལོ་ཆེན་རིན་ཆེན་བཟང་པོའི་སྤྱན་སྔར་སེམས་བསྐྱེད་གསོས་ཤིང་། ཆོས་བཞིན་བསྒྲུབ་པའི་གང་ཟག་སྐྱོངས་བར་ཞལ་གྱི་བཞེས་བཞིན། ཕྱི་མའི་དུས་འདིར་མར་ཡུལ་གྱི་རྒྱལ་བློན་རྣམས་དགེ་བའི་བརྩས་སུ་བདག་གི་བསྒྲུབ་པའི་གྲོགས་མོ་མཛའ་ཤེས་མ་རྡོ་རྗེ་ཆེན་མོ་སྡེ་འཁོར་གཡོག་དང་བཅས་པ་རྣམས་དང་། དེ་བཞིན་བདག་གི་དགེ་བའི་ཕྲིན་ལས་བྱེད་པ་པོ་མཐུ་ཆེན་དྲེགས་པའི་ཚོགས་སྤྱི་དང་བྱེ་བྲག་མ་ལུས་པ་དང་། གཞན་ཡང་ཁ་ཆེ་ཁྲི་བརྟན་གྱི་ཡུལ་དང་། ཁ་ཆེ་ཛ་ལནདྷ་རིའི་ཕུག་ཡུལ་ག་རདྷ་ཝར་ཞང་ཞུང་། འབྲུ་ཤ་སོགས་ད་ལྟ་ཀླ་ཀློ་རྣམས་ཀྱི་བརྡས་ནང་ཁོམ་དང་ཆགས་སོར་འབོད་པའི་ཡུལ་གྱི་མངོན་ཤེས་དང་རྫུ་འཕྲུལ་འདྲེགས་པའི་མཐུ་དང་ལྡན་པ་རྣམས་དང་། སྐྱེ་བོ་རྣམས་ཀྱི་མནའ་དང་ཤག་གི་དཔང་པོར་གཞན་གྱི་མ་བཅོལ་ཀྱང་ལས་ཀྱི་ཤུགས་ཀྱི་བྱེད་པ་དཀར་པོ་སྤྱན་གཅིག་སོགས་སྲོག་བདག་དགུ་དང་། སེར་སྐྱོངས་སོགས་སྲོག་བདག་སྟོང་སྡེའི་ཚོགས་རྣམས་ལེགས་བཟླུཾ་ཆད་དན༼དོན༽་གྱི་ཡི་གེ་འདི་ཡི་རྒྱབ་རྫི་གཉེར་དམ་དུ་ཞུ་ཞིང་གསོལ་བ་ཡིན་པས་ཁྱེད་རྣམས་མཐུ་དང་སྟོབས་དང་ནུས་པ་རྩལ་ཤུགས་མ་ཆུང་བར་གང་ཞིག་ཆད་དན༼དོན༽་འདི་ལ་མི་གནས་པ་བྱེད་པ་པོ་གང་ཡིན་པ་དེ་ལ་བཀའ་ཡི་ཆད་པ་དྲག་པོ་ཕོབ་ཤིག དེ་ཡང་ལྷ་ཆེན་པོའི་དམོད་པ་དང་། དྲེགས་པ་དྲག་ཤུལ་ཅན་གྱི་ཆད་པ་དང་། རིག་སྔགས་གྲུབ་པའི་རྦོད་གཏོང་རྣམས་ཀྱི་ནུས་མཐུ་ནི་མཚན་ཉིད་གསུཾ་དང་ལྡན་པ་སྟེ་རྣམ་སྨིན་འཇིག་རྟེན་ཕྱི་མར་དུས་མི་བཏབ། ལས་ཀྱི་རྣཾ་པར་སྨིན་པ་དབང་བཙན་ན་ཞེས་པའི་སྙད་མི་གདགས། རང་བཞིན་གྲུབ་པའི་སྐྱེ་འཆྱིར་ཁུང་མི་འབྱིན་པ་སྟེ། དེས་ན་འདིར་ཡང་ཡེ་ཤེས་དང་། ལས་དང་འཇིག་རྟེན་རང་རྒྱུད་ཀྱི་གྲུབ་པར་བསམ་པ་ཙམ་གྱི་ལས་བསྒྲུབ་པར་དབང་བ་སྔགས་ཀྱི་དམོད་པའི་མཚོན་ཆ་དྲག་ཤུལ་ནུས་པའི་སྟོབས་དང་ལྡན་པ་ཁྱེད་མཾས་ཀྱི་རྣལ་འབྱོར་པ་བདག་གི་ཕྲིན་ལས་སུ་བཅོལ་བའི་ལས་ནི་སེམས་ཅན་གྱི་བདེ་སྐྱིད་འཕེལ་བར་བྱེད་པ་དང་། ཆོས་བཞིན་གྱི་ཁྲིམས་བཙན་པར་འགྱུར་བ་དང་། སང་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ནུབ་མེད་ཡུན་རིངས་སུ་གནས་པར་བྱ་བའི་ཕྱིར་འབད་པས་བསྒྲུབ་པར་བགྱིས་པ་འདི་ཡི་གཉེར་མཛོད་ལ། ལེགས་སྤེལ་བཟང་བཟླུམ་གྱི་ཡི་གེ་འདི་ཡི་ཆད་མདོའི་དོན་ལ་ཆེ་ཕྲ་སུའི་འགལ་བ་བྱས་པ་ཡིན་ཡང་རུང་། དེ་ལ་བཀའ་ཡི་ཆད་པ་དྲག་པོ་ལོ་དང་ཟླ་བ་མི་འགྱང་བར་ཞག་དང་ཟ་མའི་ཁོངས་སུ་ངེས་པར་འབེབས་དང་། དེ་ཡང་མནའ་དང་ཆད་ལ་མི་རྩི་བ་གང་ཡིན་པ་དེ་ཡི་ལུས་སྲོག་འཕྲོལ་ཅིག གླད་ཁྲག་ཞོ་ལྟར་དཀྲུག་ཤིག སྙིང་ཕྱུང་ཤིག སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ་ཤིག སྲོག་རྩ་ཆོད་ཅིག ཚེ་དང་བསོད་ནམས་སྣུབས་ཤིག དྲོད་དང་དབུགས་འཕྲོལ་ཅིག མདངས་དང་རླུང་རྟ་ཉཾས་པར་གྱིས་ཤིག ལས་ཀྱི་རླུང་དམར་དྲག་པོ་ལ་བསྐྱོན་ཅིག གཤིན་གྱི་ལྕགས་མཁར་ནག་པོའི་སྒོ་དྲུང་དུ་སྐྱོལ་ཅིག འཆི་བདག་ལས་ཀྱི་གཤིན་རྗེའི་ལྟོ་བར་བྲུབ་ཅིག བདུན་རྒྱུད་ཆུན༼ཚུན༽་ཆད་ཀྱི་རིགས་རུས་སྡེ་ཚན་མཐའ་དག་བརླག་པར་གྱིས་ཤིག མངའ་ཐང་ལོང་སྤྱོད་མཐའ་དག་བ་ལོ་སད་ཀྱི་ཁྱེར་བ་བཞིན་དུ་ཆོམས་ཤིག གང་ཞིག་ དཀོན་མཆོག་ ཚད་ལ་བཞག་པའི་བྲོ་འཚལ་བ་བསླུ་བར་བྱས་ན། མཆོད་འོས་བསླུ་བ་དང་། དཾ་པའི་ཆོས་སྤོངས་པ་ཉིད་ཡིན་པས། དེ་ཡི་རྣམ་པར་སྨིན་པ་ནི་འཚམས་མེད་པ་ལྔ་ལས་ཀྱང་ལྕི་བའི་རང་བཞིན་ཅན་སྟེ་དེས་ན་མནར་མེད་པའི་དམྱལ་བ་ཆེན་པོ་མཆོག་གི་བསྐལ་པའི་བར་དུ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བར་གདོན་མི་ཟ་བས་དེས་ན་འདི་དང་ཕྱི་མ་གཉིས་ཀའི་ཁེ་ཉེན་ལ་ལེགས་པར་བསཾ་ནས་མནའ་དཔང་། དེ་ལ་རྗེ་བློན་འབངས་བཅས་སུ་ཀྱང་འདའ་བར་མ་བྱེད་ཅིག། ༈ འདིར་བཀོད་པའི་བླང་དོར་ཚུལ་བཞིན་བཟུང་བར་བྱེད་པ་སུ་གང་ཡང་རུང་སྟེ་དེ་ལ་དཀོན་མཆོག་རྩ་གསུམ་ཆོས་སྐྱོངས་དམ་ཅན་ཡེ་ཤེས་སྤྱན་དང་ལྡན་པ་རྣམས་ཀྱི་དགྱེས་པའི་སྤྱན་རས་ཀྱི་བུ་ལྟར་དྲག་ཏུ་བརྩའ་བར་མཛད་པ་དང་༎ མི་མ་ཡིན་མཐུ་ལྡན་དྲེགས་པ་རྣམས་ཀྱི་ཡང་གྲོགས་ལྟར་བསྲུང་བ་ཡི། འདིར་ཚེ་དང་བསོད་ནམས་དཔལ་དང་ལོངས་སྤྱོད། སྙན་པ་དང་གྲགས་པ། སྟོབས་དང་གཟི་བརྗིད། དབང་ཐང་དང་ཕྱུག་གཡང་། རིགས་རྒྱུད་དང་འཁོར་གཡོག་མཐའ་དག་གོང་དུ་འཕེལ་ཞིང་རབ་ཏུ་རྒྱས་པ་དང་། མི་དང་མི་མ་ཡིན་པ་ཀུན་གྱི་ཡིད་དུ་འོངས་བ་དང་། ལྷ་འདྲེ་མི་གསུཾ་དགའ་བས་འདུ་ཞིང་། འཇིགས་པ་བརྒྱད་དང་བཅུ་དྲུག་ངེས་པར་ཞི་བ་དང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མི་འབྱུང་ཞིང་། དུས་ཀྱི་འཆི་བར་གྱུར་པ་ན་ཡང་ སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛོད་སྤུ་ནས་བྱུང་བའི་འོད་ཟེར་གྱིས་རེགས་ཏེ༼རེག་སྟེ༽་འཆི་བའི་སྡུག་བསྔལ་དང་བར་དོའི་འཇིགས་སྐྲག་མེད་པར་སྐད་ཅིག་མ་དེར་མངོན་པར་དགའ་བ་ལྟ་བུ་ སངས་རྒྱས་ ཀྱི་ཞིང་གཞན་དང་གཞན་བདེ་བ་ཅན་གྱི་ཞིང་དུ་མེ་ཏོག་པདམའི་སྦུབས་སུ་ཞུགས་ཏེ་སྐྱེ་བའི་ཉིང་མཚམས་སྦྱར་ནས་དེ་མ་ཐེག་མེ་ཏོག་པདམའི་སྡོང་པོ་ཁ་དབྱེ་ཞིང་ སངས་རྒྱས་ འོད་དཔག་མེད་པའི་ཞལ་མཐོང་ནས་གསུང་གི་གནང་བ་ངོད་པ་གྱུར་ཅིག བདེ་བ་ཅང་དུ་ཉིན་རེ་བཞིན་སང་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འབྱོན་པ་རྣམས་ཀྱི་ཞལ་མཇལ་ཞིང་གདམས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ཞིང་གཞན་ཚད་མེད་པ་དུ་ཡང་འོད་དཔག་མེད་པའི་སྨོན་ལམ་གྱི་མཐུའི་ཡོངས་སུ་བསྒྲོད་དེ་སངས་རྒྱས་གྲངས་མེད་པའི་ཞལ་བལྟ་ཞིང་དམ་པའི་ཆོས་ཐོས་ཤིང་། ཚོགས་རྣཾ་པ་གསུམ་ཡོངས་སུ་སྤེལ་ཞིང་རྒྱལ་བ་དང་རྒྱལ་བའི་སྲས་ཀྱི་ཐུ་བོ་རྣཾས་ཀྱི་སྨོན་ལམ་མཆོག་ཅི་ཙམ་པ་དེ་ཐཾས་ཅད་ལ་སྤྱོད་པའི་སྐལ་བ་མཆོག་དང་ལྡན་ཅིང་མཐའ་ཡས་པའི་སེམས་ཅན་ ཐམས་ཅད་ སྒྲོལ་བའི་དེད་དཔོན་བླ་ན་མེད་པའི་གྲུ་ཐར་བའི་བཤེས་གཉེན་ལྷ་དང་མིའི་སྟོན་པ་རྫོགས་པའི་ སངས་རྒྱས་ ཀྱི་གོ་འཕང་རིན་པོ་ཆེ་རིངས་པོ་མ་ཡིན་པ་མྱུར་བ་ཉིད་དུ་འགྲུབ་པར་གྱུར་ཅིག དེ་ལྟར་མར་ཡུལ་ལྗོངས་རི་ཡི་རྒྱལ་པོ་ཀེ་ཏ་ར་ཡི་བྱ་འདབས་ན་འབྲུ་ཤའི་ཡུལ་ལ་རེགས་ཀྱི་བར་དུ་སྐྱེ་རྒུ་རྣམས་ཀྱི་བླང་དོར་གྱི་གནས་ལེགས་ཉེས་ཀྱི་གཏོང་ཆོས་བཞིན་ཉིད་དུ་འཛིན་པ་དཀོན་མཆོག་སྤྱི་དང་མགོན་པོའི་ཚོགས་དང་དྲག་ཤུལ་དྲེགས་པ་ཅན་རྣམས་ལ་ཡང་གསོལ་བ་འདེབས་ཤིང་ཕྲིན་ལས་བཅོལ་བ་དེ་རྣམས་ཇི་བཞིན་ཉིད་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མེད་སྔག་ཀྱི་དཀོན་མཆོག་རྩ་བ་གསུམ་གྱི་བདེན་པའི་མཐུ་བྱིན་གྱིས་བརླབས་པའི་ནུས་པས་འགྲུབ་པ་དང ༈ ལྷ་དང་དྲང་སྲོང་བདེན་ཚིགས་གྲུབ་པ་དང་། འབྱུང་པོའི་ཚིགས་ཀྱི་ནུས་པ་ཐོབ་པ་རྣམས་ཀྱི་ཡང་འགྲུབ་པའི་གྲོགས་མཛོད་གཅིག གཞན་ཡང་བདག་ཉིད་ལས་ཀྱི་བྱ་བ་འདིར་ཞུགས་ཏེ་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེགས་པ་དང་བསྒྲོད་པའི་གཤུལ་ལམ་དུ་སྲིན་འབུ་ཕྲ་མོ་ཉམས་པར་བྱས་པ་ཡང་སྟེ་རླུང་གི་རྫི་ཕྱོགས་ཀྱི་བྱབ་པའི་བཏང་སྙོམས་ཉིད་དུ་གནས་པའི་འགྲོ་བ་དང་བཅས་ཤིང་། དེ་བཞིན་ཞི་བ་དང་ཆགས་པའི་ཡུལ་དུ་གྱུར་བ་དང་། དེ་ལས་ཀྱང་ཁྲོ་བ་དང་འཁྲུག་པའི་ཡུལ་གྱུར་རྣམས་སྟེ་མདོར་ན་འབྲེལ་གྱུར་གྱི་འགྲོ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་བྱང་ཆུབ་སེམ་ཀྱི་ཡོངས་སུ་བཟུང་བའི་དགེ་བའི་ཚོགས་ཐུན་མོངས་སུ་བསྔོས་པ་ཉིད་དང་། ཁྱད་པར་ས་ཡི་ཕྱོགས་འདིའི་འགྲོ་བ་རྣམས་ཀྱི་སེམས་སྡང་བ་དང་། འཁྲུག་པ་དང་ཀུན་ཏུ་མི་བཟད་པས་བཀྲ་ཤིས་ཏེ་གཡུལ་གཤཾས་པ་དང་། འགྱེད་པ་དང་། འཐབ་པ་སོགས་ལས་ལྡོག་པར་བྱས་ཤིང་འགྲོ་བ་ཕལ་མོ་ཆེ་བྱང་ཆུབ་སེམ་ཀྱི་སྡོམ་པ་ལ་ཡང་དག་པར་བཀོད་ཅིང་ཅི་ལྟར་འོས་པའི་བསླབ་པ་ལ་བཟུད་པ་སོགས་དགེ་བའི་རྩ་བ་འདི་དག་བདག་གི་ཡོངས་སུ་མ་བཟུང་བར་གཞན་ལ་བསྔོ་བའི་མཐུ་དང་ནུས་པ་ལ་བརྟེན་ཏེ་འགྲོ་བ་དེ་ཀུན་ཚེ་འདིར་རང་རང་གི་ལེགས་པ་ཕུན་སུམ་ཚོགས་པའི་དཔལ་མ་ལུས་པ་རབ་ཏུ་རྒྱས་ནས་ཡོངས་སུ་སྤྱོད་པ་དང་མི་བྲལ་བ་དང་། སྐྱེ་བ་ཕྱི་མ་ཡང་བདེ་བ་དང་དགེ་བ་དང་རྟག་ཏུ་གྲོགས་ཤིང་ཐར་པ་བྱང་ཆུབ་མཆོག་གི་འབྲས་བུ་རིངས་པོ་མ་ཡིན་པ་མྱུར་དུ་ཐོབ་པའི་རྒྱུ་རུ་སྨོན་ལམ་གྱི་རྒྱས་བཏབ་པ་དེ་ཁོ་ན་ཉིད་དུ་འགྲུབ་པར་གྱུར་ཅིག ཁྱད་པར་དུ་བསིལ ༌ལྡན་ར་བའི༌ ལྗོངས་འདིར་རྣམས་འདྲེན་རྒྱལ་བ་གངས་ཅན་མགོན་པོ་སོགས་སྐྱེས་བུ་མཆོག་གྱུར་དམ་པ་རྣམས་སྐུ་ཚེ་འཚོ་གཞེས་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགུ་ལྷུན་གྱིས་གྲུབ་པ་དང་། ༈ རྒྱལ་བསྟན་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་འཕེལ་ཞིང་དེ་རྣམས་ཐུགས་མཇལ༼མཛའ༽་གཤིམ་དམ་པ་ཆོས་ཀྱི་བསྒྲོ་བ་རྒྱུན་མི་ཆད་པ་དང་། ༈ མངའ་འབངས་ཀྱི་སྐྱེ་རྒུ་ཁོལ་བུ་དང་ཉི་ཚེ་ཙམ་མ་ཡིན་པར་རྒྱལ་ཁམས་ཀུན་ནད་མུག་མཚོན་ཆའི་བསྐལ་པ་ལས་ཐར་ཏེ་རྫོགས་ལྡན་བཟང་པོའི་དགའ་སྟོན་ལ་རྟག་ཏུ་སྤྱོད་པའི་རྒྱུར་གྱུར་ཅིག དེ་སྐད་རྣམ་པར་དགེ་བའི་རྒྱ་མཚོ་ལ། རྒྱལ་བའི་ཐུགས་རྗེ་སུན༼སུམ༽་རྩེན་བདག་པོ་ཡི། གཞན་ཕན་བཀའ་ལུང་ནོར་རྒྱས་བསྲུབ་ཐག་གི། བདག་བློ་དག་པའི་གྱེན་ཕྱུར་ཡིད་འཛིན་གྱི། ལེགས་བསྲུབ་རྒྱལ་ཁམས ༌ལྷ༌ རྫིང་མཛེས་པའི་རྒྱན། ཚོགས་ཀྱི་ཟླ་བ་གཞོན་ནུ་འདི་འཆར་བས། ཕྱོགས་ཀྱི་བུ་མོའི་རྣ་བ་མཛེས་པའི་རྒྱན། ཨུཏཔལ་དཀར་པོའི་ཆུན་པོ་ཅིས་མི་འགྱུར། ༢ དེས་ན་ལེགས་སྤེལ་ཚོགས་ཀྱི་ཕྲེང་བ་འདི་ཇི་བཞིན། སྨོན་ཅིང་རེ་བ་བྱས་པའི་དོན་ཀུན་ཕྱི་མཐའི་བར། དབྲི་རྒུད་མེད་པར་ཡོངས་འདུ་ཤིང་གི་རྩ་བ་བཞིན། བསྐལ་པའི་བར་དུ་ཉམས་མེད་རབ་ཏུ་གནས་པར་ཤོག ༣ སྙིགས་དུས་འགྲོ་བ་བསོད་ནམས་ཆེས་ཆེར་དམན་ན་ཡང་། རྒྱལ་བའི་ཐུགས་རྗེའི་འཇུག་པ་བསམ་གྱི་མི་ཁྱབ་པས། མི་བཟད་པ་སྡུག་བསྔལ་ལས་རྒྱུན་སྐད་ཅིག་ཉིད་ལ་བཟློག་༼༤༽་དགེ་ལེགས་ཕུན་ཚོགས་དཔལ་གྱི་དགའ་སྟོན་ལ་སྤྱོད་ཤོག ཁྱད་པར་སཱ་ལའི་ངད་མཚུངས་རྡུལ་དཀར་གྱིས་སྤྲས་ནོར་འཛིན་མེ་ལོང་ངོས། སྐྱེ་རྒུ་དགའ་བདེའི་དཔལ་སྤྱོད་མིག་ཡངས་འཛུམ་པའི་རྣཾ་འགྱུར་བསྟན་ལྟར་གསལ། དེ་ལ་མི་བདེ་ར་ནའི་གོས་མིན་དགའ་བོའི་སྲས་མོའི་བླ་གབ་བཞིན། འཆི་མེད་དགའ་བའི་ཚལ་གནས་ཇི་བཞིན་དགའ་བའི་དཔལ་གྱི་ཡོངས་འཚོ་ཤོག ༥ ཐོག་མ་མེད་པའི་དུས་ནས་རབ་བསགས་འདུས་དགེ་སིདདྷི་སུ་ཀ་ཏ་ཡི་སྦྱོར་བ་དང་། བདག་མེད་ལུས༼འདུས༽་མ་བྱས་པ་ཆོས་དབྱིངས་དོང་དམ་བདག་པོ་ཟབ་གསལ་ནོར་བུ་ཀཽསྟུ་བྷི། གང་དག་དེ་མཐུས་འཁོར་པའི་རང་བཞིན་ལོ་ཧའི་ཕུང་པོ་མཐའ་དག་ས་ལེ་སྦྲམ་དུ་བྱས། འགྲོ་ཚོགས་བདེ་བས་འཕོངས་རྣམས་ཡིད་མཛོད་ཕུན་ཚོགས་ནོར་བུ་ཡོངས་བཀང་བྱེད་པོར་བདག་འགྲུབ་ཤོག ༦ གང་ཞིག་བདག་སེམས་ཆགས་པས་བཟུང་པའི་ཡུལ། ཁྱད་པར་མི་བཟད་སྡང་བའི་ཡུལ་གྱུར་ལ། བདག་གི་དུས་གསུམ་དགེ་བསྐྱེད་ཡོངས་བསྔོའི་མཐུའི། བདག་དང་ཚོམས་བུ་གཅིག་ཏུ་བྱང་ཆུབ་ཤོག ༧ ནམ་མཁའི་མཐར་ཐུག་ཅི་ཙམ་སེམས་ཅན་ཀུན། མ་ལུས་བདག་གི་མཛའ་བོར་ཡོངས་བཟུང་ཞིང་། སངས་རྒྱས་བྱང་འཕགས་འཕྲིན་ལས་མ་ལུས་པའི། བྱེད་པོ་ཉིད་དུ་བདག་ཉིད་ཡོངས་འགྲུབ་ཤོག ༨ ཞེས་བོད་ཡུལ་བསིལ་ལྡན་གངས་ཀྱི་འཕྲེང་བས་བསྐོར་བའི་སྟོད་མངའ་རི་བསྐོར་གསུམ་གྱི་གངས་རིའི་རྒྱལ་པོ་ཀེ་ཏ་ར་ཡི་ནུབ་ཕྱོགས་བོད་པ་རྣམས་ཀྱི་སེང་གེ་ཁ་འབབ་ཏུ་བརྗོད་པ་འཕག་ཡུལ་ཆུ་ཀླུང་ཆེན་པོ་ནཱི་ལ་ཡི་ཆུ་མགོ་ལྗོངས་མར་ཡུལ་གཡའ་ཡི་བསྐོར་བ་ཞེས་ཀསྨི་ར་ཡི་ཡུལ་དང་ཉེ་བར་འབྲེལ་བ་བོད་ཀྱི་ལ་དྭགས་དང་རྟག་གཟིགས་ཀྱི་ཀ་ར་ཏི་བད་དུ་ཡང་གྲགས་པ། ༈ ད་ལྟའི་དུས་སུ་འཛམ་གླིང་འཛིན་མའི་ལྷོ་ཡི་ཁྱོན་ཕྱོགས་གསུམ་རྒྱ་མཚོ་ལ་ཐུག་གི་བར་དུ་དབང་བསྒྱུར་བ་དབང་ཐང་དང་སྟོབས་ཀྱི་དཔུང་པས་ཆེས་ཆེར་རྟེགས༼བཏེགས༽་པ་ཏ་སིག༼ཟིག༽་དུ་རུ་ཀ་ཡི་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་བཱཀྵ་ཡི་མངའ་འོག་ཏུ་གནས་པ་ཡུལ་ལ་དྭགས་ཀྱི།

༈ མངའ་བདག་ལྷ་རིགས་བཙད་པོའི་གདུང་རྒྱལ་པོ་ཁྲི་ལ་བཞུགས་པ་མཆེད་དང་། ༈ ཟུར་དུ་གྱེས་པ་ཁུ་བོ་རྒྱལ་པོ་བཅས་ལེགས་སྤེལ་ཇི་བཞིན་པ་མར་ཡུལ་ཏོད་ཝཾ་ལེའི་དགོན་དུ་བརྒྱིས་ཤིང་། ༈ དེ་ཡི་འཕྲོས་ཞིབ་མོར་བརྒྱིད་འོས་ཁ་ཤས་ནི་རྒྱལ་པོ་ཁུ་དབོན་ཡུལ་ལྗོངས་དེ་ཡི་སེར་སྐྱ་མཆོག་དམན་མཐའ་དག་གི་འདོད་གདུང་ཆེན་པོ་དང་མི་མ་ཡིན་མཐུ་སྟོབས་ནུས་པ་ཅན་གྱི་ཡང་བསྐུལ་བ་ཡི་འགྲོ་བར་མི་སྤྲོ་བཞིན་མར་ཡུལ་གྱི་མཐིལ་ཤེལ་གྱི་ཕོ་བྲང་བར་དུ་ཕྱིན་ཅིང་དེར་རྒྱལ་པོ་རྣམས་ཀྱི་ལེགས་སྤེལ་ཞིབ་ཚགས་བློན་བུ་དག་ལ་ཡང་སྤྲོད་འཇགས་གསར་དགོས། ༈ ཧེ་ན་ཀུའི་རྒྱལ་པོ་ལ་ཡང་ཁོ་རང་གི་དབང་རིས་བདག་ཐོབ་མེས་ཉི་མའི་སྐབས་སུ་འཇགས་པ་ས་གང་ཡིན་བཅོས་གྱུར་མེད་པར་མུལྦེ་དང་ཟངས་དཀར་བཞིན་གཏན་འཇགས་ཀྱི་བརྟན་བརླིངས།

༈ ཁ་ཆེ་དང་ལ་དྭགས་བར་གྱི་འཚོངས་པའི་རྒྱུ་འགྲུལ་ལ་ཕན་པ་ལམ་ཡིག་ཟངས་ཀྱི་བྱང་བུ་ལ་མཐའ་བཅས་རྣམ་པར་དཀར་བ་དགེ་བའི་བརྒྱིད་པ་ཅི་ནུས་རྒྱལ་བ་མཆོག་གི་ཕྲིན་ལས་སུ་འབད་པར་བྱས་ཤིང་ས་ཡི་ཕྱོགས་འདི་ཉིད་སྟོབས་འབྱོར་ཅི་ལྟར་ཡང་རང་སོ་རྒྱལ་རིགས་གྲ༼དྲ༽་མ་དང་པོ་ཉིད་ནས་གནས་ཤིང་།

༈ ཏ་སིག༼ཟིག༽་རྒྱལ་པོས་ཀྱང་བུར་བཟུང་ཏེ་རཱ་ཛ་ཞེས་མིང་གི་གསང་མཐོན་པོར་བསྟོད་པ་ལ་བརྟེན་གངས་ཅན་དབུས་འགྱུར་དབྱིངས་ནས་བསྔགས་པའི་ཕྲིན་ལས་པར་གྱུར་ཀྱང་ཕན་ཚུན་ཀུན་ཏུ་འཇམ་དེས་ཟོས་ཤིང་བརླིང་བས་ལེགས་བཟླུམ་ཆད་པོའི་ཡི་གེ་རྣམས་བྲིས་རིམ་བཞིན་སོ་སོར་ཞིབ་ཏིག་བྱང་ཤིང་མཐར་ཐུག་མདོ་དོན་མནའ་རྩིགས༼ཚིག༽་ཀྱི་སྐོར། ཆུ་བྱ་སྣྲོན་ཟླའི་ཚེས་ཉི་ཤུ་བརྒྱད་ལ་བཀླགས། ༈ དེ་ལ་ཕན་ཚུན་གྱི་ཡིད་མཐུན་པར་བྱས་ནས་རྒྱབ་ཡིག་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་བླང་ནས་གཉིས་ལ་གྲུབ་པར་བྱས། འདའ་མེད་བྲོ་བོར་བ་དངོས་གཞི།

༈ ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་དཔལ་གྱི་གཏོར་མ་བཤམས་ནས་ནག་པོ་ལྕམ་དྲལ་གྱི་སྐུ་བརྙན་བྱིན་ལྡན་ཡུལ་དེ་ཡི་རྟེན་དུ་བཞུགས་པ་དག་སྤྱན་དྲངས་ནས་བཀོད་དགོན་ཁག་སོ་སོས་རང་ལུགས་བསྲུང་མའི་ཕྲིན་ལས་བསྐུལ། བདག་གི་ཡང་ཅི་ཙམ་ནུས་པའི་བདེན་སྟོབས་བརྗོད་ནས་མནའ་རྩིགས༼ཚིག༽་ཀྱི་ཡི་གེ་བསྒྲགས་ཤིང་། རྒྱལ་པོ་བློན་འབངས་བཅས་པའི་ཚོགས་སྤྱི་ཡི་སྤྱི་བོར་ཆོས་སྐྱོང་གི་སྐུ་བརྙན་དང་། དཔལ་གྱི་གཏོར་མ་བཀོད་དེ་གོང་གསལ་གྱི་བྲོ་ཚིགས་ངེད་རང་གི་མནའ་དམ་ལེགས་པར་བླང་བ་ཡིན་ལ༎ དེ་ཕན་ཚུན་ཐམས་ཅད་ཀྱང་ཡིད་ཆེས་ཡིད་བདེའི་གནས་སུ་འཁོད་སོང་ལ༎ དེ་ཡི་ཉི་མ་ཕྱི་མ་ཚེས་བདུན་ལ་རྒྱུད་རྩིས་ལུགས་ཀྱི་ཉི་མ་མེ་བཞིའི་འགྲུབ་བྱོར་ལ་སྨོན་ལཾ་ཚིགས་བཅད་བཟང་པོའི་མཐའ་བཀང་ནས་རྒྱུད་རྩིས་པའི་ཚེས་བཅུ་གཅིག་གི་སྔ་ཆར་རྒྱལ་པོ་ཕན་ཚུན་གྱི་སྣ་ཆེན་ཞང་བློན་རྒན་གཙོ་དགོན་སྡེའི་བླ་མ་ལས་སྣེ་བཅས་ཚངས་པའི་དབུས་སུ་ལེགས་པར་བཀླགས་ཏེ་ལེགས་སྤེལ་གྱི་བྱ་བ་རྗེས་གཙང་ཐག་ཆོད་བཀྲ་ཤིས་དགེ་བའི་འཁོར་བཟང་པོར་གྲུབ་པ་དེ་དུས་ཇི་སྲིད་རྟག་ཏུ་གནས་པར་གྱུར་ཅིག རྒྱལ་ཀུན་ཐུགས་ཀྱི་གོ་འབྱེད་དམིགས་མེད་བརྩེ་བའི་སྤྲིན་དཔུང་ཡོངས་རྒྱས་ཤིང་། རྒྱལ་གྱུར་སྨོན་ལམ་བཟང་འཇུག་འགྲོ་ཕན་བསྒྲུབ་པའི་ཆུ་ཁུར་མྱུ་གུའི་རྒྱུན། རྒྱལ་ཞིང་སྐལ་ལྡན་བཟང་པོའི་འདུན་པར་ཕུན་ཚོགས་དཔལ་སྙེ་ཡོངས་རྒྱས་བྱེད། རྒྱལ་བ་རྒྱ་མཚོའི་མངའ་བདག་ཐར་འབྲས་ཡོངས་སྟེར་གང་གི་བཀའ་དྲིན་གྱི༎ རྒྱལ་ཁམས་དགེ་ལེགས་བྱེད་པའི་དཔལ་གྱུར་གང་། རྣམ་པར་རིག་པའི་བློ་གྲོས་མ་སྨད་པས། ལེགས་བྱས་འཛིན་མའི་ཁྱོན་ཀུན་བདེ་བའི་བརྩས། དམ་པ་གང་གི་ཡུན་ནས་ཡུན་གནས་ཤོག སརྦ་མངྒ་ལཾ་བྷ་ཝནྟུ་སྭཱཧཱ༎ ༎