ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་སྨད་གནས་ཆེན་རྒྱ་ལ་ཡི་འཇམ་དཔལ་གྱི་ཐུགས་ཀྱི་རྟེན་རང་བྱུང་མཆོད་རྟེན་གྱི་དཀར་ཆག་ཤུགས་བྱུང་རྡོ་རྗེའི་གླུ་མི་འགྱུར་བྱིན་རླབས་གཟི་འབར།

༄༅། །ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་སྨད་གནས་ཆེན་རྒྱ་ལ་ཡི་འཇམ་དཔལ་གྱི་ཐུགས་ཀྱི་རྟེན་རང་བྱུང་མཆོད་རྟེན་གྱི་དཀར་ཆག་ཤུགས་བྱུང་རྡོ་རྗེའི་གླུ་མི་འགྱུར་བྱིན་རླབས་གཟི་འབར་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དུས་གསུམ་རྒྱལ་བ་ཀུན་གྱི་མགྲིན་གཅིག་ཏུ། །འཇམ་དཔའ་བོ་བ་སྤུ་ཁུང་ཅིག་གིས། །ཡོན་ཏན་བསྐལ་བརྒྱར་བརྗོད་ཀྱང་འཛད་ནུས་མིན། །དེས་ན་མགོན་དེར་སྙིང་ནས་ཕྱག་འཚལ་འདུད། །གང་དེས་མི་མཇེད་ཞིང་འདིར་འདྲེན་པ་མཆོག །ཐུབ་པའི་རྒྱལ་ཚབ་མཆོག་གྱུར་པདྨ་འབྱུང་། །དེ་ལས་འཇམ་དཔལ་གཞན་དུ་ཡོད་མ་ཡིན། །དེས་ན་ཤེས་བཞིན་དེ་ལ་སྙིང་ནས་འདུད། །འཇམ་དཔལ་དཔའ་བོའི་ཐུགས་རྟེན་མཆོད་རྟེན་འདི། །ཕྱེད་ནི་རྡོ་རྗེ་རི་ཡི་སྤོར་ནུབ་པ། །ཆོས་སྐུ་བློ་འདས་དམིགས་སུ་མེད་པའི་བརྡའ། །ཕྱེད་ནི་རང་བྱུང་འབུར་དུ་དོད་པ་ནི། །གཟུགས་སྐུའི་སེམས་ཅན་གཞན་དོན་བྱེད་པའི་བརྡའ། །དེ་ལ་རིམ་པ་གླིང་བཞིར་བརྩེགས་པ་ནི། །དང་པོ་ལྷ་མི་གཉིས་པ་ཉན་རང་དང་། །གསུམ་པ་ཐེག་ཆེན་བཞི་པ་སྔགས་ཀྱི་བརྡའ། །ཆོས་འཁོར་རྩེ་རྣོན་ཆར་ཁེབ་སྤང་བ་ནི། །ཆོས་དབྱིངས་གསང་བ་གཞལ་དུ་མེད་པའི་བརྡའ། །རྩེ་མོའི་གཡོན་དུ་ཉི་ཟླ་ཁ་སྦྱོར་དང་། །སེང་ཁྲིའི་གཡས་སུ་དགའ་འཁྱིལ་ཟླུམ་པོས་མཚན། །འདི་ནི་རྒྱལ་བའི་ཡེ་ཤེས་རང་མདངས་ཉིད། །གདུལ་བྱའི་ཆེད་དུ་ཅིར་ཡང་སྣང་བ་ལས། །རྒྱང་པའི་གནས་ཀྱི་ཐུགས་རྟེན་རང་བྱུང་ཚུལ། །རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས་མཛད་ཅིང་། །ཡེ་ཤེས་སྣང་བ་རབ་ཏུ་གནས་བྱས་ནས། །སྐལ་བཟང་ཚོགས་གཉིས་བསགས་པའི་ཆེད་དུ་སྣང་། །དེས་ན་སྦ་དོང་འཇམ་དཔལ་སྐུ་ཡི་རྟེན། །ཆུ་ཀླུང་སྔགས་སྒྲ་སྒྲོགས་པ་གསུང་གི་རྟེན། །རང་བྱུང་མཆོད་རྟེན་འདི་ནི་ཐུགས་ཀྱི་རྟེན། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ནོ། །ལོངས་སྐུ་ངེས་པ་ལྔ་དང་ལྡན་པའི་མདངས། །སྤྲུལ་སྐུ་གཞན་དོན་ཅིར་ཡང་སྣང་བ་ལས། །བེམས་པོའི་ཚུལ་ལ་སེམས་དཔའ་གསུམ་བརྩེགས་པའི། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན་འདི་ཡང་། །ཇི་སྲིད་དུས་ཀྱི་མཐའ་ལ་ཐུག་གི་བར། །འགྲོ་བའི་སྒྲིབ་སྦྱངས་ཆེད་དུ་བརྟེན་པར་སྣང་། །དེས་ན་འདི་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་རྣམས་ཐར་པ་གསུམ་གྱི་ས་བོན་གང་། །ངེས་པར་བཞག་པའི་ནུས་པ་མཆོག་ལྡན་པར། །འཇམ་དཔལ་དཔའ་བོ་པདྨ་འབྱུང་གནས་ཀྱི། །རྡོ་རྗེའི་གསུང་ལས་ངེས་པར་གྲུབ་པ་ན། །བློ་ལྡན་རྣམས་ཀྱི་ཡིད་ཆེས་གནས་སུ་འོས། །འདི་ཚུལ་རྒྱས་པར་སླད་ནས་གཏེར་ཤོག་ལས། །གཏེར་སྤྱོད་ཡང་དག་མཆོག་གི་སྟོན་གྱུར་ངེས། །གཞན་དུ་རྟོག་སྤྱོད་རིག་པ་བསྒྲིམས་པོ་ཡི། །སྐུ་གཟུགས་ཕྱག་མཚན་འདྲ་དཔྱད་ཀྱིས་གདགས་ཀྱང་། །བྱིན་རླབས་མཚན་ཀ་ཆེན་པོ་འབྱུང་མིན་ཏེ། །སྲིན་བུའི་ཤུལ་རྗེས་ཡི་གེ་གཟུགས་གྱུར་མཚུངས། །འོན་ཀྱང་དད་པ་བརྟན་པོར་གནས་པ་ཡི། །འདུན་པའི་དགེ་བ་འགོག་པ་མང་མ་ཡིན། །གཞན་གྱུར་གཏེར་གྲུབ་བརྫུ་བའི་ཟག་ཟོག་དང་། །ནག་ཕྱོགས་འདྲེས་བརླམ་འདྲེ་མཐོང་མཁན་གྱི་གཏམ། །རེ་ཞིག་མཛེས་ཀྱང་ཕུགས་སུ་ཤིས་མིན་པས། །དེས་ན་ཆོས་དང་ཆོས་མིན་ཞིབ་ཏུ་དཔྱོད། །དེ་ལྟ་ན་ཡང་དེང་དུས་འགྲོ་བ་ཕལ། །ཆོས་བཞིན་སྤྱོད་ལས་ཆོས་མིན་ཟོག་པོ་འགྲིམ། །གསེར་དང་ར་གན་རིན་ཐང་མཉམ་པར་བརྩི། །དེས་ན་སྙིགས་དུས་འགྲོ་བ་སུ་ཡིས་ཐུལ། །བསམ་བཞིན་སྙིགས་དུས་སྐྱེས་འདིར་ཡི་མུག་སྐྱེས། །འོན་ཀྱང་རྒྱལ་བ་རྣམས་ཀྱིས་འདུལ་དཀའ་ཡི། །འགྲོ་ཡང་བདག་གིས་སྒྲོལ་བར་སེམས་བསྐྱེད་པའི། །གོ་ཆས་སྨོན་ལམ་བཟང་པོ་འདེབས་ལས་ཅི། །དེས་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །དོན་ལྡན་འགྲོ་ཀུན་ཐར་པའི་རྒྱུར་འགྲོ་ཤོག །བདག་གི་ཆོས་བཞིན་སྤྱོད་དང་ཆོས་མིན་སྤྱོད། །ཆོས་ཉིད་ངོ་བོར་སྒྱུ་མར་རོ་མཉམ་ཞེས། །རྒྱལ་བས་གསུང་ན་བདག་གི་དགེ་མི་དགེ། །ཀུན་ཀྱང་ཀུན་ཏུ་བཟང་ཐོབ་གསོས་གྱུར་ཤོག །འཁོར་བ་དབྱིངས་འདས་མིང་གིས་བླ་དག་སྟེ། །རང་རིག་བདེ་ཆེན་དབྱིངས་སུ་རོ་མཉམ་ན། །ཡེ་ཤེས་ཅན་ཚུལ་རྟོག་གེའི་སྤྱོད་ཡུལ་མིན། །དེས་ན་ཀུན་ལ་དག་སྣང་འབྱམས་ཀླས་ཤོག །ཕྱི་ནང་རིག་གནས་སྨྲ་བའི་སེང་གེ་མཆོག །ཐོབ་གྱུར་འོན་ཀྱང་མཁས་རློམ་དཔྱད་པ་ཡི། །བསམ་མི་ཁྱབ་ལ་ཆོས་སྤངས་མི་སྤྱོད་པར། །གུ་ཡང་བློ་བདེའི་ངང་དུ་རྟག་གནས་ཤོག །དེ་སྐད་ཆོས་ཉིད་དོན་གྱི་གཟི་འདོད་ཀྱང་། །ཆོས་བརྒྱད་ཞེན་པའི་དབང་གིས་མ་གཟི་བའི། །མདོ་མེད་སེང་གེ་ཚེ་དབང་ནོར་བུ་ཞེས། །རྒྱ་བལ་བོད་ཡུལ་ཀུན་ཏུ་གྲགས་གྱུར་མིང་། །ཀཿཐོག་སྤྲུལ་སྐུ་རིག་པ་འཛིན་པ་སྟེ། །ཨོ་རྒྱན་གུ་རུའི་གསང་བའི་མིང་བཏགས་པ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། །འབོད་དེ་རྔ་ཆེན་ལོ་ཞལ་གསར་ངོམ་གྱི། །རྒྱལ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས། །བཟང་པོ་གསུམ་པར་རྒྱ་ལའི་གནས་ཆེན་དུ། །ཚིག་འདི་སྨྲས་པའི་དགེ་བས་འགྲོ་བ་ཀུན། །འཇམ་དཔལ་དཔའ་བོའི་ཐུགས་ཀྱི་གདུང་འཚོབ་པ། །ཀུན་རྫོབ་མཆོད་རྟེན་དབང་པོའི་སྒོར་མཇལ་ནས། །དེ་ལ་དད་པས་བསོད་ནམས་ཚོགས་རྫོགས་ཤིང་། །དོན་དམ་མཆོད་རྟེན་བདེ་གཤེགས་སྙིང་པོ་ཡི། །བློ་བུར་དྲི་སྤང་བདེ་ཆེན་མངོན་གྱུར་ཤོག །སརྦ་མངྒ་ལཾ་བྷ་ཝནྟུ།