cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་བཅུ་པ་བླ་རྣམ་རྒྱུན་འཁྱེར་ཆོ་ག་ཆོས་སྤྱོད་ཀྱི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་འཕོ་བའི་ངག་འདོན་བདེ་ཆེན་ལམ་བཟང་།

༄༅། །ཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་འཕོ་བའི་ངག་འདོན་བདེ་ཆེན་ལམ་བཟང་བཞུགས་སོ། །

༈ ཧྲཱིཿ བདག་ལུས་འཛིན་མེད་སྣང་སྟོང་འོད་ཀྱི་ལུས༔ ཕྱི་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ༔ དཀར་གསལ་ཞལ་གཅིག་མཛེས་འཛུམ་དྭངས་པའི་སྤྱན༔ ཕྱག་བཞི་དང་པོ་ཐལ་སྦྱར་འོག་མ་གཉིས༔ ཤེལ་འཕྲེང་པད་དཀར་འཛིན་བཅས་ཞི་བའི་ཚུལ༔ རིན་ཆེན་དབུ་རྒྱན་མགུལ་དཔུང་ཕྱག་ཞབས་བརྒྱན༔ དར་དཀར་གསེར་སྤྲས་སྐུ་ཡི་སྨད་གཡོགས་ཤིང་༔ རི་དྭགས་ཨེ་ནྱའི་པགས་པས་ནུ་གཡོན་འགེབ༔ རྡོ་རྗེ་སྐྱིལ་ཀྲུང་འོད་ཟེར་བྱེ་བས་བལྟམས༔ དབུ་ཡི་གཙུག་ཏོར་རྩེ་མོར་པད་འདབ་བརྒྱད༔ དེ་སྟེང་རྩ་བའི་བླ་མ་པད་འབྱུང་དང་༔ དབྱེར་མེད་སྣང་མཐའི་ཆ་ལུགས་སྤྲུལ་སྐུའི་ཆས༔ དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོས་མཚན༔ ཆོས་གོས་གསུམ་གསོལ་མཉམ་བཞག་ལྷུང་བཟེད་བསྣམས༔ འཁོར་དུ་བརྒྱུད་པའི་བླ་མས་བསྐོར་བཞུགས་དམིགས༔ རང་ལུས་ནང་ནི་འོད་ཀྱི་གོང་བུ་མེ༔ སྟོང་གསལ་ཕྲུ་མ་ཕུས་བཏབ་ལྟ་བུའི་དབུས༔ ཚེ་གཏན་པད་མ་དམར་པོ་འདབ་བརྒྱད་པ༔ ཟེའུ་འབྲུ་དམར་སེང་སྟེང་དུ་ཉི་ཟླ་འཚེར༔ དེ་སྟེང་རང་སེམས་ཐིག་གེ་དངུལ་ཆུའི་མདོག༔ སྲན་ཙམ་ཕྲིག་ཕྲིག་གཡོ་བའི་རྣམ་པ་བཅས༔ གསང་བ་དབུ་མའི་རང་བཞིན་དྭངས་གསལ་འདྲོངས༔ ཤེལ་གྱི་སྦུབ་ལྟར་མར་སྣེ་ཇེ་ཕྲ་ཟུམ༔ ཡར་སྣེ་ཇེ་སྦོམ་སྤྱི་བོར་པདྨའི་དབྱིབས༔ ཁ་གྱེས་དབུས་སུ་རང་སེམས་བརྟེན་རྟེན་གསལ༔ དེ་ངང་བླ་བརྒྱུད་གསོལ་བ་འདི་ལྟར་འདེབས༔ ཨོཾ་ཨཱ༔ཧཱུྃ་ཧྲཱི༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ ལོངས་སྐུ་འོད་དཔག་མེད་མགོན་ལ༴ སྤྲུལ་སྐུ་སྤྱན་རས་གཟིགས་དབང་ལ༴ རིག་འཛིན་པདྨ་འབྱུང་གནས་ལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ གར་དབང་འཇའ་ཚོན་སྙིང་པོ་ལ༴ སྒྲུབ་ཆེན་བཀྲ་ཤིས་འགྲོ་འདུལ་ལ༴ རིག་འཛིན་བདུད་འདུལ་རྡོ་རྗེ་ལ༴ གྲུབ་དབང་ཀློང་གསལ་སྙིང་པོ་ལ༴ པདྨ་བདེ་ཆེན་གླིང་པ་ལ༴ རྣལ་འབྱོར་ཚེ་དབང་ནོར་བུ་ལ༴ ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །འཆི་ཁ་མནར་སྤྱོད་སྡུག་བསྔལ་མི་འབྱུང་ཞིང་༔ རྣམ་ཤེས་དབུ་མ་ཚངས་པའི་སྒོར་ཐོན་ཏེ༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཞེས་དང་། ཕཊ་བརྗོད་ཚེ་ན་རང་སེམས་ཐིག་ལེ་དེ༔ རྒྱང་གི་ཡར་འཕོས་སྣང་མཐའི་ཞབས་ལ་རེག༔ ཧཱུྃ་བརྗོད་ཚེ་ན་ཐིག་ལེ་མར་བབ་ནས༔ སྔར་བཞིན་པད་དབུ་ཉི་ཟླའི་སྟེང་གནས་བསམ༔ ཐུན་མཐར་སྣང་མཐར་སྟོང་གསུམ་ཚེ་བཅུད་འདུས༔ སྣང་མཐའ་འོད་ཞུ་རང་ལུས་བདུད་རྩིས་ཁེངས༔ འཆི་མེད་གཞོམ་བྲལ་རྡོ་རྗེའི་སྐུར་གྱུར་བསམ༔ དེ་ངང་བཛྲ་གུ་རུ་བརྒྱ་རྩ་བཟླ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔

དེས་ནི་ཚེ་བསྲིང་འཕོ་བའི་འགོ་འདོན་ཡིན༔ འཕོ་བའི་རྟགས་དང་འཆི་ཁའི་འཕོ་བ་ནི༔ ཞལ་ནས་ཤེས་ཤིང་འདི་ནི་ཡང་ཟབ་པོ༔ ཞེས་འཕོ་བའི་ངག་འདོན་གསལ་བ་འདི་ནི༔ འཕོ་བའི་རྟགས་ནི། སྤྱི་བོ་ཟ་བ་དང་། བཀྲང་བ་དང་། ཁོལ་བ་དང་། གཡའ་བ་དང་། རྡོལ་བ། ཁྲག་དང་ཆུ་སེར་རྡོལ་བ་སོགས་བྱུང་ཞིང་། སེམས་ཕྱ་ཕྱོ་གཏད་མེད་ལྷང་ལྷང་བ་ཞིག་བྱུང་བ་སྟེ། དེ་ཙམ་ནས་དམིགས་པ་ཚོད་བཟུང་ངོ་། །དེ་ནས་གསོལ་འདེབས་ལ་བརྩོན། ཕྱོགས་མེད་ཀྱི་སྤྲང་བན་ཚེ་དབང་ནོར་བུས་བྲག་གད་སེང་གེ་གནམ་རྫོང་དུ་ཡོས་ཟླའི་ཚེས་བཅུ་བདུན་ལ་སྦྱར་བ་དགེའོ༔

གཅོད་ཡུལ་སྙིང་པོར་དྲིལ་བ་ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་བདུད་རྩིའི་ཡང་ཞུན།

༄༅། །ཟབ་ལམ་ཐུགས་གཏེར་ཨུ་པ་དེ་ཤ་ལས། གཅོད་ཡུལ་སྙིང་པོར་དྲིལ་བ་ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་བདུད་རྩིའི་ཡང་ཞུན་བཞུགས་སོ། །

༈ ཨེ་མ་རང་རིག་སྐྱེ་འགག་བྲལ༔ ཡོད་མ་མྱོང་ལ་གྲུབ་མ་མྱོང་༔ མེད་མ་མྱོང་ལ་ཆད་མ་མྱོང་༔ ཨེ་མ་རང་རིག་སངས་རྒྱས་སོ༔ བརྗོད་དུ་མེད་ལ་བསམ་དུ་མེད༔ ཚོར་དུ་མེད་ལ་མྱོང་དུ་མེད༔ ཤིན་ཏུ་གསལ་ལ་རབ་ཏུ་བཀྲ༔ སྟོང་ལ་ཐུགས་རྗེའི་རྩལ་ཆེ་བ༔ མཐའ་བྲལ་སེམས་འདི་ཡ་མཚན་ཆེ༔ ཨེ་མ་རང་རིག་བློ་ལས་འདས༔ ས་ལེར་གསལ་བས་སྒྲིབ་པ་མེད༔ རྗེན་ནེར་ཤར་བས་འཁྲུལ་པ་བྲལ༔ ཝ་ལེར་སྣང་བས་བཟུང་འཛིན་འདས༔ ཧྲིག་གེར་འཆར་བས་རྟོག་མེད་སངས༔ ཨེ་མ་རང་རིག་རྒྱལ་བའི་ཡུལ༔ འདི་ལ་སུ་ཡིས་གཞོམ་དུ་མེད༔ གཞིག་བྲལ་སྟོང་ཉིད་རྡོ་རྗེ་འཆང་༔ ཨེ་མ་སྐྱེ་མེད་ངོ་རེ་མཚར༔ ཨེ་མ་འགག་མེད་ཤར་བ་མཚར༔ ཨེ་མ་རང་བྱུང་ཡེ་ཤེས་སོ༔ ཨེ་མ་སྤྱོད་ཡུལ་རྨད་དུ་བྱུང་༔ ཨེ་མ་ཨེ་མ་ཨ་ལ་ལ༔ ཞེས་པའི་དོན་ཉམས་སུ་ལེན་པ་ལ་མདོར་བསྡུས་ན་རྣམ་པ་གསུམ་སྟེ༔ ཕྱི་སྣང་བ་ལྷ་འདྲེའི་སྙེམས་ཐག་གཅོད་པ་དང་༔ ནང་གདོས་བཅས་གཅེས་འཛིན་གྱི་རྟོག་པ་གཅོད་པ་དང་༔ གསང་བ་གཉིས་འཛིན་སེམས་ཀྱི་འཁྲུལ་རྟོག་གཅོད་པ་དང་གསུམ་སྟེ༔ དང་པོ་ཕྱི་ལྷ་འདྲེར་སྣང་བའི་སྙེམ་ཐག་གཅོད་པ་ལ་གསུམ་སྟེ༔ འདི་ལྟ་སྟེ༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེའི་ཚོགས༔ བླ་མར་ཤེས་པས་གསོལ་བ་འདེབས༔ ཕ་མར་ཤེས་པས་སྙིང་རྗེ་བསྐྱེད༔ རང་སེམས་ཤེས་པས་མཉམ་པར་བཞག༔ ཞེས་པའི་དོན་ཏེ༔ དེ་ལ་ཉམས་སུ་ཇི་ལྟར་བླངས་ཞེ་ན༔ དེ་ལ་ཐོག་མར་གནས་དབེན་པ་གཉན་ཁྲོད་གང་དུ་རུང་བར༔ ལྷ་འདྲེའི་ཆོ་འཕྲུལ་དངོས་ཉམས་རྨི་ལམ་དུ་ཤར་བའམ༔ རང་གི་འཁུ་འཕྲིག་རྟོགས་པས་ཡ་ང་བ་སྐྱི་ཟ་བ་འཇིགས་སྐྲག་གང་བྱུང་བའི་ཚེ༔ དེ་ལ་མི་དགའ་བའམ༔ མི་གུས་མི་མོས་པ་གཏན་ནས་མེད་པར༔ ལྷ་འདྲེ་དེ་དག་ནི་བླ་མའི་ངོ་བོ༔ ཆོ་འཕྲུལ་དེ་དག་ནི་བླ་མའི་སྤྲུལ་བསྒྱུར་ཤེས་པར་བྱས་ནས༔ ཨེ་མ་བདག་གི་ཉམས་དང་རྟོགས་པའི་བོགས་སྐྱེད་འདོན་ཞིང་འཁྲུལ་སྣང་རང་སར་གྲོལ་བའི་ཆེད་དུ་བླ་མས་རྫུ་འཕྲུལ་འདི་ལྟ་བུའི་བདག་རྗེས་སུ་བཟུང་བ་བཀའ་དྲིན་རེ་ཆེ་སྙམ་ནས༔ དད་པས་སྤུ་གཡོ་བར་བྱས་ནས་བླ་མ་ལ་གསོལ་འདེབས་རྒྱང་འབོད་བྱས་ལ༔ མཐར་ལྷ་འདྲེ་དེ་དག་བླ་མ་རྡོ་རྗེ་འཆང་པད་འབྱུང་ཡབ་ཡུམ་དུ་མོས་ནས་དབང་བཞི་བླང་རྗེས་རང་ལ་བསྟིམ་སྟེ༔ རང་སེམས་བརྗོད་མེད་བློ་འདས་ཟང་ཀ་མ་ཡི་ངང་དུ་མཉམ་པར་བཞག་གོ༔ དེས་ནི་ལྷ་འདྲེ་རྣམས་བླ་མར་ཤར་བས་ཉོན་མོངས་ཀྱི་བདུད་བཅོམ༔ གསོལ་བ་འདེབས་པས་ཕུང་པོའི་བདུད་བཅོམ༔ དབང་བཞི་བླངས་པས་འཆི་བདག་བདུད་བཅོམ༔ རང་སེམས་ངང་དུ་བཞག་པས་ལྷའི་བུའི་བདུད་བཅོམ་སྟེ༔ བདུད་བཞི་ལས་གྲོལ་ནས་རྟོགས་མཚོ་བརྡོལ་རྐྱེན་ངན་གྲོགས་སུ་ཤར༔ མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པའོ༔ ཨྠྀི༔

གཉིས་པ་ནི༔ འདི་ལྟར་བར་གཅོད་རྩོམ་པའི་ལྷ་འདྲེ་འབྱུང་པོ་དམ་སྲི་གཞི་བདག་ཕོ་མོ་ཀླུ་དང་མ་ནིང་གང་ཡང་རུང་བ་འདི་ཡེ་ནས་བདག་གི་ཕའོ༔ མའོ༔ བདག་གི་བུའོ༔ གཉེན་ནོ༔ ཕ་མར་མ་བྱས་པ་མེད་ལ༔ དེས་ན་ད་རེས་བདག་གིས་ཅི་ནས་ཀྱང་ལུས་འདིས་དྲིན་ལེན་རླན་པར་བགྱིད་སྙམ་པ་དུང་ངེར་བྱས་ལ༔ ཕཊ༔ ཞེས་བརྗོད་པས་རང་ལུས་ལ་རིགས་དྲུག་ས་བོན་རྣམས་མཆིས་པ་བསྲེག་གཏོར་སྦྱངས་ནས་ལུས་བདུད་རྩི་ཆེན་པོར་བྱིན་གྱིས་བརླབ་ནས་ལྷ་འདྲེའི་ཚོགས་ལ་དྲིན་ལན་ཚུལ་དུ་འབུལ་ཞིང་༔ ཕཊ༔ གདབ༔ ཡང་རང་གི་དགེ་བའི་ཚོགས་རྣམས་ལྷ་འདྲེ་ལ་བསྔོ་ཞིང་༔ ལྷ་འདྲེའི་སྡིག་སྒྲིབ་རྣམས་རང་ལ་བསྟིམ་ཞིང་༔ སྙིང་རྗེ་ལྷང་ངེ་བ་བྱས་ལ༔ མཐར་དམིགས་མེད་བལྟ་བའི་ངང་ལ་ལྷ་འདྲེ་རང་སེམས་ཆོས་ཉིད་རོལ་པར་ལ་བཟླ་ལ་མཉམ་པར་བཞག་གོ༔ དེས་ནི་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་ཤིང་༔ ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་འཆར་ནས་མཁའ་མཉམ་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འགྲུབ༔ འབྲེལ་ཚད་དོན་དང་ལྡན་ཞིང་ལྷ་འདྲེ་རྣམས་ཀྱི་བུ་ལྟར་དུ་བརྩེ་ཞིང་སྐྱོང་ལ་ཐུན་མོང་གི་དངོས་གྲུབ་མི་འདོད་བཞིན་དུ་འདུའོ༔ ཨྠྀི༔

གསུམ་པ་འདི་ལྟར་སྣང་བ་སྣོད་དང་སྲིད་པ་བཅུད་ཀྱིས་བསྡུས་པའི་འགྲོ་བ་ལྷ་འདྲེ་མི་ཞེས་མིང་གི་ཐ་སྙད་དུ་བྱས་པ་མཐའ་དག་ཡེ་ནས་མ་གྲུབ་ཅིང་༔ གཤིས་གདོད་ནས་སྐྱེ་མ་མྱོང་ལ༔ ད་ཡང་གྲུབ་པ་མེད་ཀྱིས༔ རང་སེམས་འཁྲུལ་པའི་སྣང་བར་མ་གྲུབ་བཞིན་ཡོད་པར་འདོད་པ༔ དེས་རྨི་ལམ་་གྱི་སྐྱེས་བུའམ༔ སྒྱུ་མའི་འཕྲུལ་འཁོར་གྱི་མྱོང་རེག་བཞིན་དུ་སྣང་སྟེ༔ དེ་དག་ཀྱང་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་༔ ཆུ་ཟླའམ༔ དྷ་རུ་ར་ཡི་ནུས་པས་མིག་འཕྲུལ་དུ་ཤར་བ་ལྟར༔ རང་བབ་གཤིས་སུ་ཐམས་ཅད་དུ་གྲུབ་ཅིང་ཐམས་ཅད་དུ་ཤར་བ་ཀུན་ཀྱང་༔ ཆོས་ཉིད་རང་མདངས་རང་རྩལ་ཆེན་པོ་ལ་མིང་གི་ཐ་སྙད་དུ་བཏགས་པ་ཐམས་ཅད་བློ་སྟེ༔ བློ་ལས་འདས་པའི་ཚེ་ན༔ གང་ཡང་མ་གྲུབ་ཅིང་གང་ཡང་མ་འགག་པ༔ རྒྱ་མཚོའི་རྦ་རླབས་རང་ལས་བྱུང་ཞིང་རང་ལ་གནས་རང་ལ་ཐིམ་པ་ལྟར༔ རང་བྱུང་རང་ཐིམ་རང་ཤར་རང་གྲོལ་གཞི་མེད་རྩ་བྲལ་གདོད་མའི་གནས་ལུགས་ཉིད་དུ་ལ་བཟླ་སྟེ༔ དེ་ལྟ་བུ་རྟོགས་པའི་སྐྱེས་བུ་དེ་ལ་འཁོར་བ་མྱང་འདས། བདེ་སྡུག ལྷ་འདྲེ། མཐོ་རིས་ངན་སོང་གི་རྟོག་པ་དང་བྲལ། རང་བཞིན་གྱི་མཁྱེན་པ་གཉིས་དང་ལྡན་ནས་གདུལ་བྱའི་དོན་ལ་སྤྱོད་པའོ། །དེ་ལྟར་ཡང་། དང་པོའི་དུས་སུ་གོ །བར་དུ་ཉམས་སུ་མྱོང་། མཐར་རྟོགས། མཐར་ཐུག་པའི་ཚེ་ན་རྟོག་པ་དང་བྲལ་བའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཚིག་གོ་དེ་ཡང་ལས་དང་པོའི་ཚེ། ལྷ་འདྲེ་ལ་འཇིགས་སྐྲག་གི་རྟོག་པ་ཤར་བའི་ཚེ་འཇིགས་སྐྲག་གི་རྒྱུ་རྐྱེན། གང་ནས་བྱུང་། གང་གིས་བསྐྱེད། མཐར་འཇིགས་སྐྲག་གི་ངོ་བོ་དེ་ཅི་འདྲ་འདུག་བརྟག་པས། འཇིགས་སྐྲག་དེ་ཐོག་མར་ཡོད་པའི་རྒྱུ་སྟོང་། བར་དུ་གནས་པའི་རྐྱེན་སྟོང་། མཐར་འཇིགས་བསྐྲག་གི་ངོ་བོ་དང་བྲལ་བར་སྟོང་ཧད་ངེ་བ། སྔར་འདས་ཀྱི་རྟོག་པ་ཆད། མ་འོངས་པའི་རྟོག་པ་མ་ལང་། ད་ལྟའི་རྟོག་པ་མ་འཕྲོས་པ། འདི་ནི་དུས་གསུམ་དུས་བྲལ་སྐད་ཅིག་གི་ཤེས་པ་ཞེས་བྱ་བ་སྟེ། དེ་ནི་སེམས་རིག་པ་ལ་ཐིམ་པའི་དུས་སམ། རིག་པ་རང་ཐོག་ཏུ་ཤར་ཞེས་པ་ཡིན་པས། དེའི་ངང་དུ་བཅས་བཅོས་གང་ཡང་མི་བྱེད་རང་བབ་ལྷུག་པར་སྐྱོང་བས། རྣམ་རྟོག་བློས་བྱས་ཀྱི་ལྷ་འདྲེ་ཡལ་ནས་དོན་དམ་བློ་བྲལ་གཤིས་ཀྱི་ངོ་བོ་ཉིད་རྗེན་ལ་ཤར་ནས་དེ་ཁོ་ན་ཉིད་མི་རྟོག་རྟོག་བྲལ་གྱི་ངོ་བོ་མཐོང་བར་འགྱུར་ཞིང་། དེ་མུས་སུ་དུས་དང་སྤྱོད་ལམ་ཀུན་ཏུ་མ་ཡེང་མི་བསྒོམ་པར་དྲན་པའི་རྩི་དང་ལྡན་བཞིན་དུ་ཉམས་སུ་ལེན་ནོ། །དེ་བས་དེང་དུས་ཁ་ཅིག་གིས་ལྷ་འདྲེ་རང་སེམས་ཡིན་ནོ་སྙམ་ནས་གཟུང་འཛིན་གྱི་རྟོག་པ་ཆེན་པོས་བཅིང་བ་དང་། སེམས་སྟོང་པ་ཡིན་ནོ་སྙམ་ནས་བློས་བྱས་རྒྱས་འདེབས་ཀྱི་ཤོར་སར་ལྟུང་བ་སོགས་ཀྱིས་གནས་ལུགས་དོན་ལ་སྒྲིབ་པས་རང་བབ་གཤིས་གཉུག་མའི་ངང་དུ་རྟོག་དཔྱོད་མེད་པར་ཀློད་པ་ནི་གནད་དམ་པའོ། །གསང་བ་སྤྱོད་ཀྱི་མན་ངག་ཟབ་མོ་ཨཱི་ཐཱི༔ དེ་ལྟར་ཕྱི་སྣང་ཡུལ་ལྷ་འདྲེའི་སྙེམས་ཐག་གཅོད་པར་བྱེད་པའི་གདམས་པ་སྟེ༔

ད་ནི་གཉིས་པ་ནང་གདོས་བཅས་ཀྱི་གཅེས་འཛིན་རྟོག་པ་གཅོད་པར་བྱེད་ལ་དོན་རྣམ་པ་བཞི་སྟེ༔ འདི་ལྟ་སྟེ༔ སྒྱུ་མ་ལུས་ཀྱི་ཕུང་པོ་འདི༔ མི་གཙང་ཡིན་པས་ཞེན་ལེན་བསྒོམ༔ ས་བོན་ཡིན་པས་བསྲེག་སྦྱངས་ཀྱིས༔ འདོད་ཡོན་ཡིན་པས་མཆོད་སྦྱིན་ཐོང་༔ བག་ཆགས་སྒྱུ་ལུས་ལམ་ཁྱེར་བྱ༔ ཞེས་པ་སྟེ༔ དེ་ལ་ཉམས་སུ་ཅི་ལྟར་བླང་ཞེ་ན༔ ཐོག་མར་རང་གི་ལུས་ཀྱི་ཕུང་པོ་འཇིག་པའི་ཆོས་ཅན་འདི་ཉིད། འཕྲུལ་པའི་རྣམ་པར་ཤེས་པ་དེ། ཕ་མའི་ཁུ་ཁྲག་གི་རྒྱར་འཐུམ་ནས། བག་ཆགས་ཀྱི་ལུས་སུ་སྣང་བ་འདི། ཕྱི་ནང་ཐམས་ཅད་སྲིན་བུ་མི་ཟད་པ་དུ་མ་དང་། མི་གཙང་བའི་རྫས་སུམ་ཅུ་སོ་བདུན་གྱིས་ཡོངས་སུ་ཁེངས་ཤིང་། ཉོན་མོངས་པ་རྣམས་ཡོངས་སུ་བསྐྱོད་པ་དང་ཡོངས་སུ་འཐས་པར་བྱེད་ཅིང་། ལུས་འདི་ལ་བརྟེན་ནས། སྡུག་བསྔལ་བ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དུ་མ་ཡི་རྒྱུ་བསགས་པ་དང་། འཕྲལ་དུ་ཡང་། ཟས་དང་གོས་ཀྱི་གདུང་བས། ཆོས་ལས་ཕྱིར་བསྲེས་པ་ལ་སོགས་པ། ཆོས་དང་མི་མཐུན་པའི་རྒྱུ་མཐའ་དག་ལུས་འདི་ལ་ཞེན་སྲེད་ཀྱིས་བཅིངས་པ་ཁོ་ནའི་སྐྱོན་ཏེ། དེ་ཡང་། དེང་ལུས་འདི་ལ་བརྩེ་གདུང་གཅེས་སྤྲས་དུ་མ་ཡི། གྲང་གི་དོགས་ན་གོས་དྲོ་འཇམ་མང་དུ་གོན་པ་དང་། ལུས་ཚད་པས་དུབ་པ་བསལ་ཕྱིར་བསིལ་བར་བྱེད་པའི་ཐབས་དུ་མ་བརྟེན་པ་དང་། དེ་བཞིན་དུ་ཟས་སྐོམ་ལ་ཆོག་མི་ཤེས་པར་ཅི་ལྟར་སྤྱད་པར་བྱ་བ་དེ་དག་གི་གཉེར་ཁས་ཕྲལ་དུ་མི་ཚེ་དེའི་ངང་དུ་འབྱམས་ནས་ཆོས་ཀྱི་བྱ་བ་མི་འགྲུབ་ཅིང་། ཕུང་པོ་ལ་ཞེན་སྲེད་ཆེན་པོ་བྱས་པ་དེ་ནི་སྙིང་པོ་མེད་པར་མེས་སྲེག ཆུས་ཁྱེར། རླུང་གིས་གཡེང་། ས་ལ་སྦས། ཤིང་དུ་བཅུག་པ་སོགས་རྐྱེན་དུ་མས་འཇིག་ཅིང་། ཤ་ཟ་རྣམས་ཀྱི་ཁ་ཟས་སུ་འགྱུར་ཞིང་། འབད་པ་དུ་མས་བསགས་པའི་ཟས་ནོར་ལོངས་སྤྱོད་རྣམས་ཀྱང་གཞན་གྱིས་ཧབ་ཐོབ་དུ་ཁྱེར་ཞིང་། རང་གི་ཚེ་འདིའི་བྱས་པ་ཐམས་ཅད་དོན་མེད་པ་མི་རྟག་པའི་ཆོས་ཅན་དེ་ལྟ་བུ་ལ་བསམ་ནས། ཅིས་ཀྱང་དགོས་མེད་རྒྱུད་ལ་བསྐྱེད་པར་བྱ་སྟེ། དེ་ཡང་དལ་འབྱོར་གྱིས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་ཨུ་དུམ་ཝ་ར་ལྟ་བུར་བསྔགས་པ་ནི། དགེ་བའི་ས་བོན་བསྐྲུན་ནུས་ནིི་ཡིན་གྱི། དེ་ལྟར་མ་ཡིན་པ་ནི། མི་དང་རེ་ཞིག་དམྱལ་བར་སྐྱེས་པ་མཚུངས་པ་ལས་དམྱལ་བ་ལྷག་སྟེ། ཅིས་ཕྱིར་དམྱལ་བ་ནི་སྔ་མའི་ལས་སྦྱང་པ་སྟེ། མིས་ནི་ལུས་འདིས་སྡིག་པ་བསགས་ཤིང་དགེ་བ་མ་གྲུབ་ན། སླར་དམྱལ་བར་སྡུག་བསྔལ་རྒྱུན་རིང་སྦྱངས་པའི་ཕྱིར་རོ༔ ངན་སོང་མཐོ་རིས་གནས་ནས་འཁོར་ཞེས་པ་སྟེ༔ དེས་ན་ལུས་དལ་འབྱོར་བཅོ་བརྒྱད་ཀྱིས་བརྒྱན་པ་འདི་ཉིད་ཐར་པ་བྱང་ཆུབ་སྒྲུབ་བྱེད་ཀྱི་སེམས་ཆགས་པའི་གནས་གཡར་ཁང་རྙེད་དཀའ་ཙམ་དུ་ཤེས་ནས། ལྷག་སྐྱོབ་ཙམ་གྱི་གོས་དང་། སྲོག་འཚོ་ཙམ་གྱི་ཟས་སྐོམ་གང་བྱུང་ཙམ་ལ་ཆོག་ཤེས་ཤིང་། དམ་པའི་ཆོས་ཕྱིར་དཀའ་སྤྱད་སྙིང་རུས་བརྟེན་པ་མ་གཏོགས། ལུས་ལ་ཞེན་སྲེད་ཀྱི་དབང་གིས་ཟས་གོས་ལ་ཆོག་མི་ཤེས་པར་ཆེད་དུ་གཉེར་བ་དང་། ཉོན་མོངས་པ་འདོད་ཁྲོ་ལུང་མ་བསྟན་པ་ང་རྒྱལ་ཕྲག་དོག་དྲེགས་ཆོས་རྩིང་སྤྱོད་ཀྱི་དབང་དུ་མི་བཏང་ཞིང་། དུས་རྒྱུན་དུ་རོ་སྙོམས་ཀྱི་སྤྱོད་པ་ལ་གནས་པར་བྱ་སྟེ༔དེས་ནི་ཕུང་བོའི་ཞེན་འཛིན་ལས་གྲོལ།སྤངས་བླངས་ཀྱི་གེགས་དང་བྲལ།རེ་དོགས་འཕྲང་ལས་ཐར། ཚེ་འདིར་རྣམ་མཁྱེན་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ༔ ཨྠྀི༔ གུ་ཧྱ༔ ཟབ་རྒྱ༔ གཉིས་པ་ས་བོན་བསྲེག་སྦྱངས་ཀྱི་རིམ་པ་ལ༔ ཐོག་མར་གནས་ཡིད་མཐུན་དབེན་པར༔ སྔོན་དུ་འགྲོ་བའི་བྱ་བ་རྣམས་གྲུབ་ནས་གདན་བདེ་བར་ལུས་གནད་དང་བཅས་ཏེ༔ རང་གི་ལུས་ལ་མ་རིག་པས་བསྐྱེད་པའི་རིགས་དྲུག་གི་ས་བོན་ཡི་གེ་དྲུག་ལ་བརྟེན་ནས༔ ཡང་ནས་ཡང་དུ་འཁོར་བར་འདི་ལྟར་སྡུག་བསྔལ་དུ་མ་ལ་སྤྱོད་པ་རྣམས་ལ་སྙིང་རེ་རྗེ༔ ད་ནི་ལུས་མ་དག་པའི་ཡི་གེར་བརྟེན་ནས་རིགས་དྲུག་འཁོར་བར་འཁྱམས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དུས་དེ་རིང་ནས་བདག་གིས་སྦྱངས་བར་བྱའོ་སེམས་བསྐྱེད་ནས༔

སྙན་བརྒྱུད་ཌཱཀྐིའི་གན་མཛོད་རྡོ་རྗེ་སྙིང་པོའི་སྐོར་ལས་དོན་དམ་ཐིག་ལེ་ཡེ་ཤེས་ཀྱི་དགོངས་པ་འོད་གསལ་སྣང་བར་བརྗོད་པ་རྣལ་འབྱོར་གྱི་རྡོ་རྗེའི་ཐོལ་གླུ།

༄༅། །སྙན་བརྒྱུད་ཌཱཀྐིའི་གན་མཛོད་རྡོ་རྗེ་སྙིང་པོའི་སྐོར་ལས་དོན་དམ་ཐིག་ལེ་ཡེ་ཤེས་ཀྱི་དགོངས་པ་འོད་གསལ་སྣང་བར་བརྗོད་པ་རྣལ་འབྱོར་གྱི་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བཞུགས་སོ། །

༈ ཨ་ཧོ། རང་རིག་ཆོས་སྐུ་ཡེ་སྣང་ཀ་དག་གཤིས། །རང་མདངས་ལོངས་སྐུ་འོད་གསལ་ལྷུན་གྲུབ་གདངས། །རང་བྱུང་སྤྲུལ་སྐུ་གང་ཤར་རིག་པའི་རྩལ། །རང་རིག་བདེ་ཆེན་ཆོས་ཉིད་དབྱིངས་སུ་མཆོད། །དེ་གཉིས་གཞི་སྣང་ཀ་ནས་དག་པ་ལ། །རང་རྩལ་མ་འགགས་བག་ཆགས་ལྡན་པའི་དུས། །ཀུན་གཞི་ཞེས་ཏེ་མ་རིག་སངས་པའི་ཚེ། །དོན་དམ་ཐིག་ལེ་ཡེ་ཤེས་རིག་པར་བརྗོད། །ཟུང་འཇུག་ཀུན་རྫོབ་ཐིག་ལེ་བཅུ་དྲུག་ཆས། །རིག་སྣང་དེ་ཤར་ངོས་མ་ཟིན་པའི་ཚེ། །ཉོན་མོངས་རགས་པའི་རྟོག་པ་ཞེས་སུ་བྱ། །ངོས་ཟིན་རང་གདངས་འོད་གསལ་བདེ་བར་ཤར། །དོན་ལ་རང་རིག་གུ་ཡངས་སྤྲོས་བྲལ་བ། །ཟང་ཀ་རྗེན་ནེ་བདེ་སྡུག་རང་རྩལ་ངང་། །དགའ་བཞི་བགྲོད་མེད་སྐད་ཅིག་ཅེར་གྲོལ་ཀློང་། །རིག་པ་བརྗོད་མེད་བདེ་སྟོང་གཅིག་ཏུ་འདྲེས། །སྟོང་པ་ཆལ་ཆད་མ་ཡིན་བདེ་ལྷང་ངེ་། །བདེ་བ་ཐེར་ཟུག་མ་ཡིན་སྟོང་སངས་ངེ་། །བདེ་སྟོང་རོ་གཅིག་འོད་གསལ་དབྱིངས་སུ་ཐིམ། །ཐིམ་བྱ་ཐིམ་རྒྱུ་གུད་མེད་འདི་ཀློང་རོལ། །ཐབས་༼རོ་༽ཤེས་༼ཀྱང་༽དབྱེར་མེད་༼དབུ་༽སྐུ་གསུམ་སྦུབས་༼རྩ་༽ཀྱི་ཀློང་། །དོན་དམ་ཐིག་ལེ་ཡེ་ཤེས་འོད་དུ་འཁྱིལ། །རང་གདངས་སྐུ་བཞིའི་ལམ་ནས་དབྱིངས་སུ་ཐོན། །རང་རིག་རྩོལ་རྩོད་ཡོངས་བྲལ་རྡོ་རྗེའི་ཐེག །ནམ་མཁའ་གསུམ་ཀློང་མངོན་སུམ་དབྱིངས་སུ་འདྲེས། །བརྗོད་ཚིག་དཔྱོད་བྲལ་སྣོད་བཅུད་འབྱུང་ལྔ་དང་། །དུག་ལྔ་དག་ལུས་ཡིད་འཕྲོགས་ཐམས་ཅད་པ། །རིག་པ་འོད་གསལ་བུམ་པའི་ཀློང་ལས་ནི། །གུད་དུ་རྩལ་བྲལ་འོད་གསལ་འཁོར་ཡུག་ངང་། །རི་རྒྱལ་རྩེ་ནས་རི་ཕྲན་བལྟད་མོ་བཞིན། །བརྗོད་མེད་ཡེ་ཤེས་འོད་གསལ་ཀློང་ཡངས་སུ། །རིག་པའི་རང་རྩལ་ནོར་བུའི་འོད་བཞིན་དུ། །དབྱེར་མེད་ཁྱབ་བརྡལ་དབྱིངས་སུ་ཨེ་མ་ཧོ། །དེ་ལྟར་དོན་དམ་འོད་གསལ་ཟུང་འཇུག་པ། །རང་རིག་མཆོག་ལ་ཆོས་ཀུན་ལ་ཟླ་ཞིང་། །རྩོལ་མེད་དབང་པོར་འཆར་བ་རྫོགས་པ་ཆེ། །ངེས་དོན་རང་ཉམས་ཅི་ཞིག་ཐོལ་གླུ་སྟེ། །རྡོ་རྗེ་སྙིང་པོ་འདི་ལ་གཞན་ཅི་ཞིག །དེ་བས་སྙན་བརྒྱུད་རིན་ཆེན་མཛོད་ལས་ནི། །ནོར་བུ་མཆོག་འདི་གླུ་རུ་བླངས་ནས་ནི། །གང་ཤར་རིག་པའི་གདངས་ལས་སྣང་བྱས་སོ། །

ཞེས་ཌཱཀྐི་ཟབ་ལམ་གྱི་སྐོར་ལས་དོན་དམ་གྱི་བདེ་བ་རང་རིག་འོད་གསལ་གྱི་དགོངས་པ་རང་ཉམས་མཉམ་བཞག་རང་ལ་སྔགས་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུ་ཀུན་བཟང་འོད་གསལ་གྱིས་རང་ལོ་ཉི་ཤུ་ཐམ་པ་རྩ་གཅིག་ལ་འཕོ་བའི་སྐབས་སུ་རི་བོ་བྱ་ཁྱུང་གི་མགུལ་སེའུ་ལུང་དགོན་དུ་བྲིས་པའི་རིག་བྱེད་ནི་པདྨ་ནོར་བུའི་སྤྲུལ་སྐུ་ཚེ་དབང་ནོར་བུས་བགྱིས་པའོ། །མངྒ་ལཾ།

ཚེ་ཡི་བསྒྲུབ་པ་སྤྲོས་མེད་སྙིང་པོ་བཅུད་དྲིལ་རྡོ་རྗེ་ཕ་ལམ།

༄༅། །ཌཱཀྐི་གསང་ལམ་ལས༔ ཚེ་ཡི་བསྒྲུབ་པ་སྤྲོས་མེད་སྙིང་པོ་བཅུད་དྲིལ་རྡོ་རྗེ་ཕ་ལམ།

༈ ཨོཾ་འཆི་མེད་དཔལ་ལ་ཕྱག་འཚལ་འདུད། །གང་ཞིག་འགྲོ་བའི་དོན་དག་༼ཕྱི་སྒྲུབ་༽དང་༔ རང་གི་ཉམས་སུ་༼འདི་ཁོ་ནའོ་འདི་ཁོ་ནའོ། །༽བླངས་པ་ཡི༔ རྒྱུན་ཁྱེར་ཌཱཀྐི་གསང་ལམ་གྱི་ཆོས༔ ཚེ་བསྒྲུབ་པ་ཡི་གདམས་པ་ཁྱད་འཕགས་ནི༔ ཧྲཱི༔ ཐོ་རངས་ཆ་ལ་རང་ཉིད་སྐད་ཅིག་བསྐྱེད་རིམགིས༔ རྟ་ཕག་ལྷར་གསལ་རླུང་རོ་དགུ་ཕྲུག་༼སྔོན་འགྲོ་༽བུད་རྗེས་དེར༔ དལ་བུས་རླུང་རྔུབས་༼བཅུ་དྲུག་༽རང་གིས་ལུས་ནང་ཀུན༔ སྟོང་༼སྟོང་ར་༽གསལ་རྩ་གསུམ་འཁོར་ལོ་༼རྩ་ཡི་༽ལྔ་ལྡན་ལ༔ འཁོར་ལོ་ལྔ་དབུས་ཌཱཀྐི་ཡབ་ཡུམ་ས་བོན་ནི༔ ཧྲཱིཿམཿ རཿཧཿཙཿཧྲཱིཿནིཿཡ་སཿ སྲོག་ཡིག་བཅུ་དེ་ཌཱཀྐི་ཡབ་ཡུམ་བཅུཿ གསལ་གདམས་རླུང་གིས་ལྟེ་བའི་ལྷ་༼ཞུགས་བསྐྱེད་༽གར་བསྐུལཿ བདེ་ཆེན་དབྱིངས་ནས་བདེ་བའི་༼བཛྲ་ཌཱཀྐི་༽ལྷ་གར་ཆརཿ རབ་གཡོས་རླུང་༼བཏང་འཕྲོས་གནས་ལྔ་༽དཀྱིལ་སྐུ་གསུམ་༼དཀར་དམར་མཐིང་༽མདངས། ལྕགས་ཀྱུའི་དབྱིབས་ཀྱིས་འཁོར་འདས་རང་བྱུང་༼ཁམས་ལྔ་༽རྣམསཿ དྲངས་ནས་རླུང་༼བཅུ་བདུན་༽འདུས་མདངས་༼འོད་ལྔ་༽ཀུན་རྡར་ཐིམཿ སྐུ་གང་བདེ་གཡོ་བདུད་རྩི་ནར་མའི་རྒྱུནཿ བདག་ལུས་མེར་གང་འཁོར་ལྔར་རིག་ལྔའི་༼ཕྱག་༽མཚན༔ སྲོག་དངས་རྒྱས་འདེབས་༼འབྱུང་བ་༽སྙོམས་པར་སྙིང་པོ་༼དཀར་དམར་༽བླངས༔ དེ་རྗེས་རང་ལུས་༼ཕྱི་ནི་༽གནམ་ལྕགས་ཕ་ལམ་གྱིས༔ རྡོ་རྗེ་རྩེ་ལྔ་གཞོམ་པ་བྲལ་བའི་༼མེ་འབར་༽ནང་༔ རྩ་གསུམ་འཁོར་ལྔ་གདབ་པ་རིག་ལྔའི་མཚན༔ ཆོས་འཁོར་སངས་རྒྱས་སྙིང་དབུས་རང་བཛྲ་ཨ་ཡུ་ཎེ༔ བདག་བསམ༔ སྒོ་བསྲུང་༼རྩིར་རྟ་༽ཧ་ཡ་གྷྲི་ཝ་དམར་འཚེར་བྷེ༔ རྡོ་རྗེའི་བཟླས་པ་ཧྲཱིཿདང་རང་སྲོག་བཅུཿ ཚེ་བདག་རྒྱལ་བའི་དགོངས་པ་འབྲུ་བརྒྱད་བཟླསཿ བཅུད་དུ་ཧྲཱིཿགསུམ་འབྲུ་གསུམ་བླངས་བའོཿ ༼རྫོགས་རིམ་༽འཇོག་ཁར་དལ་བུས་རླུང་བཏང་དམིགས་མེད་དངཿ འཛིན་མེད་གང་ཤར་རིག་པས་རྒྱས་ཐེབ་པརཿ ས་ལེར་སིང་ངེར་བཏང་བལྟ་མི་བཏང་བརཿ སྟོང་གསལ་ཁྱབ་བརྡལ་ཆེན་པོའི་ངང་ལ་བཞགཿ ཨྠྀིཿ གསང་ཆེན་ངེས་པ་འདིའོ་བདུད་རྩི་ཡིནཿ ཧྲཱིཿཧྲཱིཿཧྲཱིཿ བདུད་རྩིའི་བཅུད་འདི་རྨུ་གུའི་རྩི་རུ་ཤོགཿ བརྡ་ཐིམཿ སྐལ་ལྡན་ལས་འཕྲོ་བཟང་གི་སྤྱོད་ཡུལ་ཤོགཿ སྐལ་མེད་ལོག་ལྟ་ཅན་ལ་གསང་ངོ་རྒྱཿ ཁཾཐཱཿ ཞལ་ཤེས་སྙན་དུ་བརྒྱུད་པར་སྲོལཿ གུ་ཧྱཿ ཨེ་མ་གསང་ཆེན་འདི་ནི་རྔ་ཡབ་ནསཿ མགོན་ཅིག་པདྨ་ཐོད་འཕྲེང་དགོངས་པའི་བཅུདཿ རྡོ་རྗེ་ཌཱཀྐིའི་ཐུགས་ལ་ཤར་བའི་མདངསཿ སྐལ་ལྡན་བུ་ལ་བསྐུལ་ནས་བབས་སོ་སྐདཿ རྡ་ཐིམཿ

ཅེས་པ་འདི་ཉིད་ནི་བདག་འདྲ་དུས་སྙིགས་དུས་ཡུལ་མཐའ་འཁོབ་སྐྱེས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུ་པདྨ་འོད་གསལ་ལམ་གར་དབང་བདག་རང་ལོ་ཉི་ཤུར་ཉེ་བ་གསེར་འཕྱང་གི་སྤྲེལ་ཟླའི་ཚེས་བརྒྱད་ལ་ཌཱཀྐིས་བརྡས་བསྐུལ་ནས་མདོ་ཁམས་ཀྱི་རི་བོ་བཀྲ་བཟང་གིས་བྱང་ཕྱོགས་ཆུ་བོ་འཇང་ཆུ་དལ་འབབ་ཀྱི་འགྲམ་དུ་ཌཱཀྐི་གསང་ལམ་ཤར་བའི་ཐོག་མར་སྙིང་ཐིག་ཆོས་ཚན་འདི་ཉམས་ནས་ཕྱུངས་ཏེ་བྲིས་པའི་རིས་བྱེད་ཡང་རང་གིས་སྤྲེལ་ཟླའི་ཚེས་ ༡༣ བཟང་ལ་སྣང་བར་བྱས་སོ། །

གསོལ་འདེབས་རིན་པོ་ཆེ་ཡི་ཕྲེང་བ།

༄༅། །ཌཱཀྐི་གསང་ལམ་ལས་གསོལ་འདེབས་རིན་པོ་ཆེ་ཡི་ཕྲེང་བ་བཞུགས་སོ། །

༈ ཨོཾ་ཨཱཿཧཱུྃ་ཧྲཱིཿ འོག་མིན་མཐིང་ནག་ཐིག་ལེ་འབར་བ་ནསཿ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོཿ བྱིན་གྱིས་རློབས་ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ རིག་ལྔ་ཡེ་ཤེས་ལྔ་ཡི་ཞིང་ཁམས་ནསཿ ལོངས་སྐུ་རིགས་ཀྱི་བདེར་བཤེགས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ནསཿ དཔའ་བོ་སྟོན་པ་བཅུ་གསུམ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿདུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནསཿ དཔལ་ཆེན་རྡོ་རྗེ་འཛིན་པ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ཀོ་ཤ་འོད་ཀྱི་ཁང་པ་ནསཿ སློབ་དཔོན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ སིང་ག་ལ་ཡི་དུར་ཁྲོད་ནསཿ བྲམ་ཟེ་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿན་ནའི་འདུ་ཁང་ཐོག་མ་ནས།རིག་འཛིན་ཤྲི་སེང་ཧ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ བཱ་སིང་ནགས་ཀྱི་དུར་ཁྲོད་ནསཿ རིག་འཛིན་ཡེ་ཤེས་དྲི་མེད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ རྔ་ཡབ་དཔལ་རིའི་ཕོ་བྲང་ཆེན་པོ་ནསཿ རིག་འཛིན་པདྨ་ཐོད་འཕྲེང་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿརྔ་ཡབ་རཀྴའི་གྲོང་ཁྱེར་ནས། མ་ཅིག་བདེ་ཆེན་རྒྱ་མཚོ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱི ཐུགས་རྗེ་སྤྲུལ་བའི་ཕོ་བྲང་ནསཿ རིག་འཛིན་ཆེན་པོ་ལྔ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ལྟར་སྣང་སྒྱུ་མའི་ཁོང་པ་ནསཿ རྣལ་འབྱོར་ཀརྨ་འགྲོ་འདུལ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ གང་འདུལ་དེར་སྟོན་གྱི་ཕོ་བྲང་ནསཿ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ དག་པ་རབ་འབྱམས་དཀྱིལ་འཁོར་ནསཿ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ཆོས་དབྱིངས་དུར་ཁྲོད་ཆེན་པོ་ནསཿ མ་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ཨོ་རྒྱན་ཌཱཀྐིའི་ཕོ་བྲང་ནསཿ རིགས་ཀྱི་མཁའ་འགྲོ་སྡེ་ལྔ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ གནས་ཡུལ་ཉི་ཤུ་རྩ་བརྒྱད་ནསཿ མ་མོ་མཁའ་འགྲོ་འབུམ་ཕྲག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ བསྟན་བསྲུང་ཕོ་བྲང་ཆེན་པོ་ནསཿ མགོན་པོ་མ་ནིང་ལྕམ་དྲལ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ མཁའ་སྤྱོད་མེ་འབར་ཕོ་བྲང་ནསཿ ཞིང་སྐྱོང་གཟི་ལྡན་ཡབ་ཡུམ་ལ་གསོལ་བ་འདེབས་སོཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ བཀའ་རྒྱུད་རྩ་གསུམ་བླ་མ་ལཿ སྙིང་ནས་དད་པས་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ དེ་ལྟར་གསོལ་འདེབས་ཀྱི་བུ་ལཿ དབང་བཞི་ཅིག་ཅར་དུ་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ དེ་ལྟར་གསོལ་འདེབས་ཀྱི་བུ་བདགཿ བསྐྱེད་རྫོགས་གདིངས་མཐར་སྐྱོལ་བར་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ དེ་ལྟར་གསོལ་འདེབས་ཀྱི་བུ་བདགཿ སྣང་བཞི་མཐའ་རུ་གདེངས་བཞིའི་དྲོད་ཚད་རྙེད་པར་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ མ་འགག་ཆོས་ཉིད་ཀྱི་ལྟ་བཿ མ་བསྒོམ་རང་བབས་ཀྱི་བསྒོམ་པཿ མ་ཡེངས་འཁྲུལ་མེད་ཀྱི་སྤྱོད་པཿ མ་རྩལ་གཞི་ཐོག་གི་འབྲས་བུཿ རིག་གྲོལ་ཁྱབ་བརྡལ་ཆེན་པོར་བྱིན་གྱིས་རློབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿ ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿ ཨོཾ་ཨཱཿཧཱུྃཿཧོ་སརྦ་སིདྡྷིཿཕ་ལཿཧྲཱིཿ ཨེ་མ་ཌཱཀྐི་གསང་ལམ་སྙིང་པོའི་བཅུད་ལས་ནིཿ ཉེ་བར་སྣང་བའི་བྱིན་རླབས་རིན་ཆེན་མཛོདཿ མྱུར་དུ་བླང་བྱེད་འདི་ལས་གཞན་ཅི་ཞིགཿ དེ་བས་འདི་ནི་ཌཱཀྐི་དུས་ཆེན་སྤྲེལ་ཟླའི་ཚེས་བརྒྱད་ལཿ ཡེ་ཤེས་ཌཱཀྐི་སྲིད་པའི་ངང་ཚུལ་དེསཿ འོད་གསལ་ཀློང་དུ་སྣང་བར་བརྡས་བསྐུལ་ནསཿ དགོངས་པ་བུ་ལ་གཏད་དེའི་མཐུ་ཡིས་ནིཿ རང་གིས་ཉམས་ལ་བཀྲ་བར་འདི་ཤར་སྣངཿ ཅེས་པ་ཉིད་ནི་རང་ལོ་ཉི་ཤུར་ཉེ་བའི་གསེར་འཕྱང་གི་ཚེས་བཟང་བརྒྱད་ལ་ཌཱཀྐིའི་བརྡའ་ཚིག་རྣམས་ཤར་ཡང་ཌཱཀྐི་ཉིད་ཀྱི་གསུང་འདི་གསོལ་འདེབས་བྱིན་རླབས་ཆེ་བཞེས་རྩལ་བ་ཞིག་ཕྱུང་སྟེ་སཾསྐྲྀཏའི་སྐད་དུ་འདུག་པ་མ་གོ་ཡང་། རྣལ་འབྱོར་བདག་ཀློང་ནས་རི་བོ་བཀྲ་བཟང་གི་བྱང་ཕྱོགས་འཇང་ཆུའི་ཟུར་ཆོས་སྣ་རུ་གར་དབང་པདྨ་རྩལ་ལམ་ཚེ་དབང་ནོར་བུས་ཚེས་བཅུ་གསུམ་བཟང་ལ་བྲིས་ཏེ་སྙན་བརྒྱུད་ཐུགས་ཀྱི་ནི་རྡིའི་ཐོག་མ་ཉིད་དུ་ཤར་བ་ཡིན་ནོཿ

བླ་མའི་རྣལ་འབྱོར་གྱི་རིམ་པ་མདོར་དྲིལ་ཟབ་མོ།

༄༅། །བླ་མའི་རྣལ་འབྱོར་གྱི་རིམ་པ་མདོར་དྲིལ་ཟབ་མོ། །

༈ ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་ལུས་སྟོང་ངང་སྐད་ཅིག་ཡི་དམ་ལྷ། །ཡབ་ཡུམ་རྒྱན་རྫོགས་ཡེ་ཤེས་མེ་ལོང་གསལ། །སྤྱི་བོ་མཁའ་དབྱིངས་འོད་ལྔའི་གུར་ཁང་འཁྱིལ། །སེང་ཁྲི་པད་ཟླའི་སྟེང་དུ་བཀའ་དྲིན་ཅན། །དྲན་མཆོག་བླ་མ་བྱིན་རླབས་ཡོངས་ཀྱི་བདག །རྒྱལ་ཀུན་ཐུགས་ཀྱི་མཚོ་སྐྱེས་རྡོ་རྗེ་འཆང་། །དཀར་དམར་ཞི་ཁྲོ་བཞད་ཞལ་སྐུ་གསུམ་ཆས། །ཡོངས་རྫོགས་ཕྱག་གཉིས་རྡོ་རྗེ་ཐོད་པ་བསྣམས། །རོལ་པའི་འདུག་སྟངས་འོད་ཟེར་མཐའ་ཡས་འཁྲིགས། །རབ་འབྱམས་ཞིང་ཁམས་རྒྱལ་ཀུན་སྐུ་ལ་རྫོགས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་མ། །ཆོས་སྐྱོང་རྒྱ་མཚོ་སྤྲིན་དུ་འཐིབ་དབུས་བཞུགས། །དམ་ཚིག་ཐུགས་ཀའི་འོད་ཀྱི་དག་ཞིང་ནས། །ཡེ་ཤེས་སྤྱན་དྲངས་མཉམ་ཉིད་ངང་བསྟན་བཞུགས། །བདག་དང་རབ་འབྱམས་མོས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་དེ་བཞིན་དག་ཆོས་འབུལ། །མཚུངས་མེད་རྒྱལ་དབང་རྩ་བའི་བླ་མ་ཆེ། །ཡོན་ཏན་རྒྱ་མཚོ་རབ་དྲན་གུས་པས་བསྟོད། །མགོན་མཆོག་མ་ཧཱ་གུ་རུ་རིན་པོ་ཆེ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔་ཧྲཱི༔ ཨཱ༔ དམིགས་མེད་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ཡེ་ཤེས་ལོངས་སྐུ་རྡོ་རྗེ་སེམས། །དྲི་མེད་མཆོག་གི་སྤྲུལ་སྐུ་བཛྲ་ཧེ༔ རྒྱལ་ཀུན་ངོ་བོ་ཉིད་སྐུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་རྗེ་སྤྱན་གྱིས་གཟིགས། །སངས་རྒྱས་ཀུན་གྱིས་མཁྱེན་པའི་ཡེ་ཤེས་གང་། །བདག་བློའི་མུན་སེལ་དེ་རིང་ཉིད་རྟོགས་ནས། །འཇའ་ལུས་རྡོ་རྗེ་མྱུར་འགྲུབ་བྱིན་གྱིས་རློབས། །ལྷུན་གྲུབ་བདེ་ཆེན་གཞོན་ནུ་བི་མ་ལ། །མི་སློབ་ལམ་ཐོབ་མཁས་མཆོག་རྣམ་སྣང་མཛད། །ཕྱག་རྒྱ་ཆེ་བརྙེས་དབང་ཕྱུག་ནམ་མཁའི་སྙིང་། །རྒྱལ་ཀུན་བསྐྱེད་ཡུམ་ཡེ་ཤེས་མཚོ་རྒྱལ་མ། །གསོལ་བ་འདེབས་སོ་ཐུགས་རྗེ་སྤྱན་གྱིས་གཟིགས། །སངས་རྒྱས་ཀུན་གྱི༴ བདག་བློའི༴ འཇའ་ལུས༴ འོད་གསལ་སྒྱུ་འཕྲུལ་ཡེ་ཤེས་རོལ་པའི་བདག །གཞོམ་བྲལ་མཆོག་གྲུབ་ཨ་ཡུཏྟི་ཋཱ་ཤྲཱི། །དབྱེར་མེད་བློ་འདས་གར་དབང་བསྟན་འཛིན་བཟང་། །མཆོག་ཏུ་བྱང་ཆུབ་མངོན་གྱུར་ཀློང་གསལ་སྙིང་། །གསོལ་བ༴ སངས་རྒྱས༴ བདག་བློའི༴ འཇའ་ལུས༴ ཟུང་འཇུག་ལམ་རྫོགས་གུ་རུ་ཞི་བློ་གྲོས། །མཁྱེན་གཉིས་ཐུགས་ཆུད་པདྨ་བདེ་ཆེན་གླིང་། །དོན་གཉིས་རབ་སྤྱད་རྣལ་འབྱོར་དགྱེས་པ་སྩལ། །བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་ལ། །གསོལ་བ༴ སངས་རྒྱས༴ བདག་བློའི༴ འཇའ་ལུས༴ རང་བྱུང་རྟོགས་པའི་ཡེ་ཤེས་ཆུ་བོ་ཆེ། །བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་བློ་འཁྲུལ་པའི་དྲི་ཚོགས་ཡོངས་སངས་ནས། །དོན་དམ་ཆོས་སྐུ་རྟོགས་པའི་ཡེ་ཤེས་དེ། །སྐད་ཅིག་མ་འདིར་རྒྱུད་ལ་རབ་ཤར་ནས། །ཟག་མེད་འོད་གསལ་འཇའ་ལུས་རྡོ་རྗེའི་སྐུ། །མི་ཤིག་བདེ་ཆེན་མཆོག་གྲུབ་བྱིན་གྱིས་རློབས། །ཨོཾ་གུ་རུ་དྷཱ་ཀཱི་ནི་ཛྙཱ་ན༔སརྦ་སིདྡྷི་ཧཱུྃ། གསོལ་བ་བཏབ་པས་གུ་རུའི་དཀྱིལ་འཁོར་ལས། །བདུད་རྩིའི་རྒྱུན་འབབ་བདག་ལུས་འཁོར་ལོ་བཞི། །ཡོངས་ཁེངས་སྡིག་སྒྲིབ་ཞི་ཞིང་དབང་བཞི་རྫོགས། །ལམ་བཞི་འབྱོངས་ནས་སྐུ་བཞི་ཐོབ་པར་བསམ། །ཨོཾ་ཨཱ༔ཧཱུྃ་ཧྲཱི༔ རྗེས་སུ་བླ་མ་ཚངས་བུག་ནས་མར་བྱོན། །བདག་སྙིང་དབུས་བཞུགས་རྡོར་འཆང་སྐུ་རུ་གྱུར། །མཐར་ནི་བླ་མ་འོད་ཡལ་རང་རིག་དང་། །བླ་མ་དབྱེར་མེད་ཆོས་ཉིད་རོ་གཅིག་ངང་། །དམིགས་མེད་བློ་བྲལ་ཟང་ཐལ་ཁྱབ་བརྡལ་ཆེ། །བརྗོད་འདས་གནས་ལུགས་བྱར་མེད་ཆོས་ཉིད་ཀྱི་སྐུ། །གཏད་མེད་རང་བྱུང་བདེ་ཆེན་རིག་པའི་གཤིས། །ཀུན་ཡང་འོད་གསལ་རང་ངོར་མཉམ་པར་བཞག །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །བདག་དོན་ཚེ་འདིར་མངོན་རྫོགས་སངས་རྒྱས་ཐོབ། །གཞན་དོན་འབྲེལ་ཚད་འགྲོ་ཀུན་བྱང་ཆུབ་སྦྱོར། །ཕྱམ་གཅིག་པད་འབྱུང་གོ་འཕང་ཉིད་ཐོབ་ཤོག །

ཅེས་ཨུད་ཏ་ར་ཡོ་ག་ཁྱེར་བདེ་སྙིང་པོ་རུ་རིག་འཛིན་ཚེ་དབང་ནོར་བུ་ཡིས་ཤིང་སྦྲུལ་ཧོར་ཟླ་བཅུ་པའི་ཚེས་བཟང་བཅོ་ལྔར་གནས་མཆོག་ཡར་ལུང་ཁྲ་འབྲུག་བཀྲ་ཤིས་འབྱམས་སྙོམ་གྱི་གཙུག་ལག་ཁང་འདབས་སུ་སྦྱར་བའི་ཡིག་རིགས་པ་ཏི་ཨིནྡྲ་ཡིས་བགྱིས་པ་དགེའོ། །

སྐུ་གསུམ་ཆས་ནི། ཆོས་སྐུ་བཟོ་བྲལ་རལ་པ་ལྕང་ལོ་བསིལ། །ལོངས་སྐུ་སྔགས་ཆས་བེར་ཕེད་རིན་ཆེན་བརྒྱན། །སྤྲུལ་སྐུ་ཆོས་གོས་ཐང་ཤམ་མདོ་ལུགས་རྫོགས། །སྐུ་གསུམ་ཡོངས་རྫོགས་ཆས་ནི་པད་ཞྭ་གསོལ། །ཕྱག་མཚན་རྡོ་རྗེ་ཐོད་བུམ་ཁ་ཊྭཱཾ་ཀ །ཞེས་སོ། །ན་མོ་ཧཱུྃ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ལ་རྟག་ཏུ་བརྩེ་བའི་བྱང་སེམས་སྐྱེས། །རིགས་ཀུན་འདུས་པའི་བདག་ཉིད་རྡོ་རྗེ་སེམས། །བྱ་སྤྱོད་རྣལ་འབྱོར་བླ་མེད་ཁོ་ན་ཉིད། །རྒྱུད་ཀྱི་དགོངས་པ་ལྷ་སྔགས་ཏིང་འཛིན་གྱིས། །སྒྲིབ་ཉིད་བག་ཆགས་ལྷག་མེད་ཡོངས་སུ་སྦྱངས། །སྣང་སྲིད་སྣོད་བཅུད་བདག་ལུས་ལོངས་སྤྱོད་ཀུན། །དཀོན་མཆོག་ཀུན་འདུས་བླ་མར་ཡོངས་སུ་འབུལ། །ཨོཾ་ཨཱ༔ཧཱུྃ་ཧོ༔ བདག་གི་ཕུང་ཁམས་ཡེ་ནས་ལྷ་ཡི་དལ། །འདུན་ཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྒྱལ་བ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་སེམས། །དབྱེར་མེད་འདྲེན་མཆོག་རྩ་བའི་བླ་མའི་སྐུ། །རིན་ཆེན་རྒྱན་རྫོགས་འཁོར་ལོས་བསྒྱུར་བའི་ཆས། །བག་གྲོ་ལྷུན་ཆགས་རང་འོད་ཡུམ་ལ་འཁྱུད། །དཀོན་མཆོག་རྩ་གསུམ་ཆོས་སྐྱོང་རྒྱ་མཚོས་བསྐོར། །སྣང་སྲིད་ཐམས་ཅད་འོད་དང་སྤྲུལ་པས་ཁེངས། །ཐུགས་ཀའི་འོད་ཀྱིས་རང་བཞིན་ཞིང་ཁམས་ནས། །རྒྱལ་ཀུན་སྤྱན་དྲངས་བླ་མའི་ངོ་བོར་འདྲེས། །སྐྱབས་གནས་ཀུན་གྱི་ངོ་བོ་མཆོག་དེ་ལ། །མི་ཕྱེད་རྩེ་གཅིག་དད་པས་གསོལ་བ་འདེབས། །ཨོཾ་ཨཱ༔ཧཱུ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀུན་བཟང་འོད་དཔག་མེད་མགོན་རྡོ་རྗེ་སེམས། །སྤྱན་རས་གཟིགས་དབང་གུ་རུ་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་གར་དབང་ཞིག་པོ་གླིང་། །མངྒ་ཨཱ་ཡུ་འཇའ་ཚོན་སྙིང་པོའི་ཞབས། །བདུད་འདུལ་རྡོ་རྗེ་པདྨ་ཀློང་གསལ་སྙིང་། །བདེ་ཆེན་གླིང་དང་གསུང་རབ་རྒྱ་མཚོ་སྟེ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །སྙིང་ཁོངས་རུས་པའི་གཏིང་ནས་གསོལ་འདེབས་ཀྱི། །འཁྲུལ་ཀུན་སྐད་ཅིག་དེ་རིང་ཉིད་ལ་བཅོམ། །དྲི་མེད་ལྷག་མཐོང་སངས་རྒྱས་དགོངས་པའི་གཏིང་། །མ་ལུས་གདན་ཐོག་འདི་རུ་མཐར་ཕྱིན་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །ཨོཾ་ཨཱ༔ཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ བླ་མའི་མཛོད་སྤུའི་འོད་ཟེར་ཟླ་ཞུན་ལྟར། །དཀར་བ་བདག་གི་སྨིན་མཚམས་ནས་ཞུགས་ཏེ། །ལུས་ཁེངས་སྒྲིབ་སྦྱངས་བུམ་པའི་དབང་བསྐུར་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུའི་ས་བོན་བརྙེས། །ཡབ་ཡུམ་སྦྱོར་བའི་བྱང་སེམས་དཀར་དམར་ནི། །ལྕེ་སྟེང་བབས་པས་ངག་གི་སྒྲིབ་པ་སྦྱང་། །གསང་བའི་དབང་ཐོབ་སྔགས་རིམ་སྒོམ་ལ་དབང་། །ལོངས་སྤྱོད་རྫོགས་པའི་ས་བོན་རྒྱུད་ལ་བཞག །ཐུགས་ལས་ལྔ་ལྡན་འོད་ཟེར་སྲད་བུ་ལྟར། །བདག་གི་སྙིང་གར་འཐིམ་པས་ཡིད་སྒྲིབ་སྦྱངས། །ཤེར་ཡེའི་དབང་ཐོབ་ཐབས་རིམ་བསྒོམ་ལ་དབང་། །ཆོས་སྐུའི་ས་བོན་རྒྱུད་ལ་རྒྱས་པར་གྱུར། །བླ་མ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། །འོད་ཞུ་སྐུ་གསུང་ཐུགས་དང་སྒོ་གསུམ་འདྲེས། །སྒྲིབ་དག་དབང་རྫོགས་རྫོགས་རིམ་བསྒོམ་ལ་དབང་། །ཡེ་ཤེས་རྡོ་རྗེ་བོ་བོ་མངོན་དུ་བྱས། །དེ་ལྟར་བླ་མ་སྒྲུབ་པའི་དགེ་བ་ཡིས། །ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་གང་། །ཚེ་འདི་ཉིད་ལ་མངོན་དུ་གྱུར་ནས་ནི། །མཐའ་ཡས་འགྲོ་བའི་དཔལ་མགོན་མཆོག་ཐོབ་ཤོག །

ཅེས་བླ་མའི་རྣལ་འབྱོར་རྒྱུན་ཁྱེར་ངག་འདོན་སྙིང་པོར་དྲིལ་བ་འདི་ནི་གློ་བོ་ཆོས་ཀྱི་རྒྱལ་པོའི་བཀའ་བློན་ཆོས་བཞིན་དུ་སྤྱོད་པ་ཁྲི་དཔོན་བསོད་ནམས་ཆོས་འཕེལ་གྱིས་བསྐུལ་ངོར། སྐྱེ་མེད་ཞང་ཚལ་པའི་མན་ངག་ཐོས་དོན་གཙོ་བོར་བྱས་ཏེ་རིག་པ་འཛིན་པ་ཚེ་དབང་ནོར་བུས་གློ་བོ་ཡི་ཡུལ་མཐར་ཐུག་པ་མོན་ཡུལ་གྱི་ཆ་ཤས་རྡོ་ཆུ་ལས་རང་བྱུང་མེ་འབར་བ་མུ་ཁུ་ཏ་ཀྵེ་ཊ་ཞེས་དྷཱ་གི་སྤྲིན་བཞིན་དུ་འདུ་བའི་གནས་ཁྱད་པར་དུ་འཕགས་པ་དེར་ས་བྱ་དབྱུག་གུ་ཟླ་བའི་ཚེས་ལྔའི་ཐུན་སྐབས་གཅིག་ཏུ་སྨྲས་པའི་ཡི་གེ་པ་ནི་རིག་ལུང་རྒྱུད་སྡེ་སྨྲ་བའི་མཁས་པ་ཨོ་རྒྱན་འཕྲིན་ལས་བསྟན་འཛིན་དཔལ་བཟང་པོས་བགྱིས་པ་དགེའོ། །དགེའོ། །

དྲེས་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་པདྨ་འཇིགས་བྲལ་གྱིས་གསུང་གི་སྐུལ་ངོར།

ཨོཾ་སྭཱ་སྟི། སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་ཁྱབ་འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ། །རང་གི་སྤྱི་བོར་པད་ཉི་ཟླ་སྟེང་ལ། །རྒྱལ་བ་ཀུན་འདུས་རྩ་བའི་བླ་མའི་སྐུ། །རྡོ་རྗེ་དྲིལ་འཛིན་རྡོར་སེམས་དམར་པོའི་ཚུལ། །ཕྱོགས་བཅུ་དུས་གསུམ་དཀོན་མཆོག་རྩ་བ་གསུམ། །མ་ལུས་གཅིག་བསྡུས་མཚན་དང་དཔེ་བྱད་རྫོགས། །གཟི་བརྗིད་འོད་ཕུང་ཚད་མེད་ལྷན་ནེར་གསལ། །ཨོཾ་ཨཱ༔ཧཱུྃ། མཁའ་ལྟར་བརྡལ་བ་ཀུན་བཟང་རྡོ་རྗེ་སེམས། །ཉི་ལྟར་གསལ་བ་པད་འབྱུང་བི་མ་ལ། །འོད་ཟེར་ལྟར་འཕྲོ་གུ་རུ་ནམ་མཁའི་སྙིང་། །འདྲེན་མཆོག་སྐུ་གསུམ་བླ་མར་གསོལ་བ་འདེབས། །འཛམ་གླིང་བརྟུལ་ཞུགས་ཀྱིས་མཛེས་སྤྱོད་འཆང་ཞབས། །གངས་ཅན་གྲུབ་པའི་གཙོ་གྱུར་ནམ་མཁའི་སྙིང་། །དབྱེར་མེད་སྙིགས་དུས་འགྲོ་འདུལ་སྒྱུ་མའི་གར། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །དུས་འདིར་རྒྱལ་བསྟན་མཐའ་དག་གསོ་བྱེད་ཅིང་། །ངེས་དོན་བསྟན་པ་སྤེལ་བའི་སྙིང་སྟོབས་ཅན། །རྒྱལ་བ་ཀུན་འདུས་པདྨའི་གདུང་འཚོབ་པ། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་འདེབས་མཐུས། །སྐྱེ་ཀུན་དམ་པའི་མགོན་གྱི་རྗེས་སུ་བཟུང་། །སྨིན་གྲོལ་ལེགས་ཐོབ་དམ་ཚིག་རྣམ་པར་དག །འབྲེལ་བྱས་རྒྱལ་བའི་ས་ལ་ཉེར་འཁོད་ཤོག །ཨོཾ་ཨཱ༔ཧཱུྃ་ཧྲཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ མཐར་ནི་བླ་མ་སྤྱི་བོ་ནས་སྙིང་ཁར། །ཐིམ་པས་རང་རིག་བླ་མ་དབྱེར་མེད་ངང་། །ཅིར་སྣང་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས། །ལམ་ཁྱེར་བྱང་ཆུབ་མཆོག་འབྲས་མྱུར་ཐོབ་བསྔོ། །

ཞེས་དྲེས་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་པདྨ་འཇིགས་བྲལ་གྱིས་གསུང་གི་སྐུལ་ངོར་དཔལ་རིག་པ་འཛིན་པ་བརྩེ་བས་སྐྱེ་བདག་དབྱུག་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པ་ལ་གུ་རུའི་གནས་ཆེན་སོག་པོ་འཛུལ་ཁུང་དུ་སྨྲས་པ་སརྦ་མངྒ་ལཾ།

རང་ཉིད་རྟ་ཕག་གསལ་བ་ཡིས། །སྤྱི་བོར་འཇའ་གུར་སྣ་ལྔའི་དཀྱིལ། །ཀུ་མུད་པདྨ་ཨུཏྤལ་ནི། །དཀར་དམར་མཐིང་ཀ་འདབ་སྟོང་སྟེང་། །ཉི་ཟླ་སྒྲ་གཅན་ཨ་ལི་དང་། །ཀ་ལི་རབ་ཏུ་མཚོན་པའི་སྟེང་། །ཧྲཱི༔ལས་གུ་རུ་པདྨ་འབྱུང་། །མདོག་དམར་ཞི་ཁྲོ་ཆགས་པའི་ཉམས། །རུས་རྒྱན་སྟག་ཤམ་ཧེ་རུའི་ཆས། །ཕྱག་གཡས་གསང་རྔ་གཡོན་དྲིལ་བུ། །པང་དུ་གསང་ཡེ་དམར་སེར་མོ། །གྲི་ཐོད་འཛིན་པས་ཡབ་དང་འཁྲིལ། །སྦྱོར་མཚམས་བདུད་རྩི་དཀར་དམར་རྒྱུན། །རང་གི་ཚངས་བུག་ནས་མར་བབས། །འཁོར་ལོ་བཞི་ཁེངས་དབང་བཞི་ཐོབ། །སྒྲིབ་དག་ལམ་འབྱོངས་སྐུ་བཞི་བརྙེས། །མཐར་ནི་བླ་མ་རང་ལ་ཐིམ། །རང་སེམས་རིགས་པ་ཀ་དག་བཞག །ཨོཾ་ཨཱ༔་ཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དྷཱ་ཀི་ནི་སིདྡྷི་ཕ་ལ་ཧཱུྃ་ཨ། དེ་སྐད་བསྐུལ་ངོ་མ་ལྕོག་ཙམ། །ཚེ་དབང་ནོར་བུས་རྩལ་དེས་སྨྲས། །

བླ་སྒྲུབ་ངོ་མཚར་རྨད་བྱུང་ཙིནྟ་མ་ཎི།

བླ་སྒྲུབ་ངོ་མཚར་རྨད་བྱུང་ཙིནྟ་མ་ཎི་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་པདྨཱ་ཀཱ་ར་ཡཱ། མཁའ་མཉམ་འགྲོ་ལ་ཕན་སླད་དུས་རྟག་པར། །དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་མཆིའོ། །རྒྱལ་ཆེན་བྱང་ཆུབ་སེམས་ཀྱིས་སེམས་ཅན་རྣམས། །སངས་རྒྱས་ཐོབ་ཕྱིར་བླ་མ་བསྒྲུབ་པར་བྱ། །རང་ཉིད་ཡི་དམ་ལྷག་པའི་ལྷར་གསལ་བའི། །སྤྱི་བོར་པད་དཀར་ཉི་ཟླའི་དཀྱིལ་འཁོར་དབུས། །རྩ་བའི་བླ་མ་རྒྱལ་ཀུན་འདུས་པའི་དངོས། །མཚོ་སྐྱེས་རྡོ་རྗེ་དཀར་དམར་ཞི་བའི་ཚུལ། །ཕྱག་གཉིས་རྡོ་རྗེ་ཐོད་པ་ཐུགས་ཀར་འཛིན། །ཞབས་གཉིས་རྡོར་དཀྱིལ་གོས་དཀར་མོ་དང་འཁྲིལ། །དར་དང་རིན་ཆེན་རྒྱན་རྫོགས་གསོར་ཞུ་གསོལ། །སྐུ་ལ་ཡེ་ཤེས་ལྔ་ཡི་འོད་ཟེར་འབར། །གནས་བཞི་རྡོ་རྗེ་བཞི་དངོས་འབྲུ་བཞི་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་འདྲེས། །དེ་ལ་བདག་མོས་གུས་གདུང་ཕུར་ཚུགས་པས། །ལུས་དང་ལོངས་སྤྱོད་ཚེ་བསོད་དགེ་ཚོགས་བཅས། །ཁ་ཞེ་མེད་པར་མཎྜལ་འབུལ་བྱེད་ཤིང་། །མི་ཕྱེད་དད་པས་བསྔགས་ཀྱིས་གསོལ་བ་འདེབས། །ཨོཾ་ཨཱ༔་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ས་ཏྭ་ཨཱ༔ ཞེས་པས་གསོལ་བཏབ་བླ་མའི་སྐུ་ལས་ནི། །བདུད་རྩི་དཀར་དམར་མཐིང་བབ་བདག་གཞན་གྱི། །འཁོར་བ་ཐོག་མེད་ནས་བསགས་སྒོ་གསུམ་གྱི། །སྡིག་སྒྲིབ་མ་ལུས་སངས་ཏེ་དག་པར་གྱུར། །ཨོཾ་ཨཱ༔་ཧཱུྃ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕཱ་ལ་ཧཱུྃ། ཞེས་པས་གསོལ་བཏབ་བླ་མའི་གནས་བཞི་ལས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །དབང་བཞི་ཐོབ་ནས་སོ་སོའི་སྦྱང་སྨིན་རྫོགས། །མངོན་བྱས་སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །ཨོཾ་ཨཱ༔ཧཱུྃ་ཧྲཱི༔ ཧཱིུ༔ བཛྲ་གུ་རུ་པདྨ་སིདྡྷི་པུ་ཎྱེ་ཛྙ་ན་ཨཱ་ཡུ་སིདྡྷི་ཛ་ཛ། ཞེས་པས་གསོལ་བཏབ་ཡབ་ཡུམ་སྦྱོར་མཚམས་ནས། །འཁོར་འདས་ཚེ་བཅུད་དངས་མ་བསྡུས་ཏེ་བབས། །བདག་ལུས་འཁོར་ལྔ་ལུས་ཀུན་བདུད་རྩིས་ཁེངས། །འཆི་མེད་རྡོ་རྗེ་སེམས་དཔའ་འགྲུབ་པར་བསམ། །མཐར་ནི་བླ་མ་ཡབ་ཡུམ་ཚངས་བུག་ནས། །མར་བྱོན་དབུ་མའི་ལམ་བརྒྱུད་སྙིང་གར་བཞུགས། །རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔར་གྱུར། །དེ་ཡང་དམིགས་མེད་སྟོང་ཉིད་ངང་དུ་བཞག །སླར་ཡང་སྐད་ཅིག་ཡི་དམ་སྐུར་གྱུར་ནས། །ཆོས་སྐུན་བླ་མའི་རོལ་པར་ལམ་དུ་འཁྱེར། །དགེ་བ་འདི་ཡིས་བྱང་ཆེན་མྱུར་འགྲུབ་ཅིང་། །མཐའ་ཡས་འགྲོ་ཀུན་སངས་རྒྱས་སར་བཀོད་ཤོག །

ཅེས་བླ་མའི་རྣལ་འབྱོར་འཆི་མེད་ཚེ་ཡི་སྒྲུབ་པ་ཟབ་མོ་ངོ་མཚར་རྨད་གྱུར་ཙིཎྚ་མ་ཎི་ཞེས་པ་འདི་ནི་སྤ་གྲོ་མོན་གྱི་ཡུལ་ལྷོ་འབྲུག་པ་སྡེ་སྲིད་རིན་པོ་ཆེ་ངག་དབང་བསྟན་པའི་ཉིན་བྱེད་ཞལ་སྔ་ནས། ཕྱག་མཛོད་དད་པའི་དཔལ་ལྡན་དབོན་སྲས་ཀུན་བཟང་འཆི་མེད་དབང་རྒྱལ་གྱི་གསུང་གིས་བསྐུལ་ཞིང་ཚུལ་འདི་ལྟར་མ་མོས་པ་རྣམས་ལ་ཕན་པའི་ཆེད་དུ་རིག་འཛིན་ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱིས་བོད་ཡུལ་དབུ་རུའི་ཆ་གུ་རུའི་སྒྲུབ་གནས་བོད་ཀྱི་རི་བོ་རྩེ་ལྔ་ཞེས་ཟང་ཡག་བྲག་ཏུ་ཁྲུམས་ཟླའི་དཀར་ཕྱོགས་ཚེས་བཅུར་སྨྲས་པ་དགེའོ། །

བླ་མའི་རྣལ་འབྱོར།

ན་མོ་གུ་ར་ཝེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆིའོ། །བདག་གི་འགྲོ་ཀུན་འདྲེན་ཕྱིར་བྱང་སེམས་སྐྱེད། །འཁོར་འདས་ཆོས་ཀུན་བདག་མེད་སྟོང་པའི་ངང་། །རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོའི་གཙུག །པདྨ་སྟོང་ལྡན་ཉི་ཟླ་དཀྱིལ་འཁོར་དབུས། །དྲན་མཆོག་དྭངས་མའི་མགོན་པོ་པདྨ་འབྱུང་། །དཀར་དམར་ཞི་འཛུམ་རྡོ་རྗེ་ཐོད་བུམ་འཛིན། །པད་ཞུ་ཆོས་གོས་བེར་ཕེད་རིན་ཆེན་སྤྲས། །སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད། །དམར་པོ་མཉམ་བཞག་མཆོག་གི་སྤྲུལ་སྐུའི་ཆས། །ཐུགས་ཀར་ཡེ་ཤེས་སེམས་ཚུལ་རྡོ་རྗེ་སེམས། །དཀར་གསལ་རྡོར་དཀྱིལ་རྡོ་རྗེ་དྲིལ་བུ་འཛིན། །དེ་ཡི་ཐུགས་དཀར་ཟླ་སྟེང་ཡི་གེ་ཨཱ༔ ཀུན་གྱི་གནས་གསུམ་ཡི་གེ་འབྲུ་གསུམ་མཚན། །འོད་ཟེར་མདངས་ཀྱིས་རྒྱལ་བ་སྲས་བཅས་ཀུན། །དེ་ཉིད་བླ་མ་སངས་རྒྱས་ཡི་དམ་ཆོས། །དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཏེ། །དེ་ལ་བདག་གི་ཚེ་བསོད་དཔལ་འབྱོར་རྣམས། །གཏན་གྱི་འདུན་མར་བཅས་པས་ཡོངས་སུ་མཆོད། །དེ་ལ་ཕུར་ཚུགས་རྩེ་གཅིག་དད་གུས་ཀྱིས། །འཛབ་སྔགས་བཅས་པའི་གསོལ་འདེབས་ལན་གསུམ་གྱིས། །དང་པོ་བླ་མའི་སྐུལ་ལས་བདུད་རྩི་བབ། །བདག་གི་སྒྲིབ་སྦྱངས་བདེ་ཐོབ་པ་རྒྱ་ཨཱ༔ གསོལ་འདེབས་གཉིས་པས་བླ་མའི་གནས་གསུམ་གྱིས། །འོད་ཟེར་དག་གིས་བདག་ལ་དབང་བཞི་བསྐུར། །གསོལ་འདེབས་གསུམ་པའི་བླ་མ་སྤྱི་གཙུག་ནས། །མར་བྱོན་བདག་སྙིང་དབུས་ཞུགས་རྒྱུད་བྱིན་རླབས། །ཨོཾ་ཨཱ༔ ཧཱུྃབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཐར་ནི་སྣང་སྲིད་གཞལ་ཡས་ལྷ་ཡི་སྐུ། །འོད་ཞུ་རང་ཐིམ་རང་ཉིད་བླ་མར་ཐིམ། །དེ་ཡང་ཨཱ་ལ་མཐར་ནི་འཇའ་ལྟར་ཡལ། །བླ་མ་རང་སེམས་དབྱེར་མེད་རོ་གཅིག་དང་། །སྤྲོས་བྲལ་རིག་སྟོང་བདེ་བ་ཆེན་པོའི་དབྱིངས། །བློ་འདས་མཐའ་དང་བྲལ་བའི་ངང་ལ་བཞག །དེ་ལྟར་ཆོས་རྣམས་ཀུན་གྱི་སྙིང་པོ་ནི། །བླ་མའི་རྣལ་འབྱོར་རྩེ་གཅིག་འབད་པའི་དགེ །བདག་གཞན་འགྲོ་ཀུན་རྡོ་རྗེ་ཐེག་ལམ་གྱི། །ཚེ་གཅིག་གཉིས་ལ་རྡོ་རྗེ་སེམས་ཐོབ་ཤོག །

བླ་མའི་རྣལ་འབྱོར་སྙིང་པོ་དྲིལ་བ་རང་གི་ཉམས་ལེན་དང་མཐུན་པ་འདི་ནི། དབང་བརྟུལ་གྱི་སློབ་མ་འགའ་ལ་ཁྱེར་བདེ་འདི་ཙམ་གྱིས་ཕན་པར་གོ་བ་དང་། འཕྲལ་དུ་ལ་སྟོད་མཚོ་སྐོའི་སྡེ་བ་བསྟན་འཛིན་དགྲ་འདུལ་གྱིས་ཡབ་སྲས་དང་གཞན་ཡང་དོན་གཉེར་ཅན་འགའ་ཡི་གསོལ་བ་བཏབ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ལེགས་པར་སྨྲས་པའི་ཡི་གེ་པ་ནི་སྤང་བ་པོ་དགེ་སློང་ཀུན་བཟང་གཞན་ཕན་ནོ། །སརྦ་མངྒ་ལཾ།

ལ་དྭགས་ཀྱི་རྒྱལ་མོ་དད་པ་ཅན་བསྟན་སྐྱོང་དབང་མོའི་ངོར།

ཨོཾ་སྭཱ་སྟི། དཀོན་མཆོག་གསུམ་ལ་རྟག་སྐྱབས་མཆི། །འགྲོ་དོན་སངས་རྒྱས་ཐོབ་པར་བྱ། །བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྤྱི་བོར་པད་དཀར་ཉི་ཟླའི་སྟེང་། །གུ་རུ་ནམ་སྙིང་ཐུགས་རྡོ་རྗེ། །མཐིང་གསལ་རྡོར་དྲིལ་རོལ་བཏབ་བཞུགས། །མཚན་དཔེ་ཞི་བའི་ཚུལ་ཆས་རྫོགས། །གནས་གསུམ་རྡོ་རྗེ་གསུམ་འབྲུ་གསུམ། །འོད་ཀྱིས་རྒྱལ་ཀུན་སྐུར་བསྡུས་ཐིམ། །དེ་ལ་མོས་གུས་གདུང་ཤུགས་ཀྱིས། །སྙིང་ནས་ཕུར་ཚུགས་གསོལ་བ་འདེབས། །ཨོཾ་ཆོས་སྐུ་མཁའ་ཁྱབ་བླ་མ་ལ། །གསོལ་འདེབས་འོད་གསལ་བྱིན་གྱིས་རློབས། །ཨ༔ ལོངས་སྐུ་ལྷུན་རྫོགས་བླ་མ་ལ། །གསོལ་འདེབས་སྒྱུ་ལུས་མཆོག་བྱིན་གྱིས་རློབས། །ཧཱུྃ༔ སྤྲུལ་སྐུ་འགྲོ་འདུལ་བླ་མ་ལ། །གསོལ་འདེབས་འགྲོ་ཕན་བྱིན་གྱིས་རློབས། །ཧྲཱི༔ ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་འདེབས་བདག་རྒྱུད་སྨིན་གྲོལ་ནས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །རྡོ་རྗེ་འཛིན་ཐོབ་བྱིན་གྱིས་རློབས། །ཨོཾ་ཨཱ༔གུ་རུ་གྷ་གྷ་གརྦྷ་སིད་དྷི་ཕ་ལ་ཧཱུྃ༔ མཐར་ནི་བླ་མའི་གནས་གསུམ་ལས། །འོད་འཕྲོས་སྒྲིབ་སྦྱངས་སྐུ་གསུང་ཐུགས། །དབང་བསྐུར་བྱིན་རླབས་གཅིག་ཆར་ཐོབ། །བླ་མའི་ཐུགས་དང་རང་སེམས་འདྲེས། །ཟབ་གསལ་བདེ་བའི་དོན་རྟོགས་འགྱུར། །དེ་ལྟར་བླ་མ་བསྒྲུབ་པ་ཡི། །དགེ་བས་སྲིད་གནས་འགྲོ་བ་ཀུན། །སྡུག་བསྔལ་དང་བྲལ་བདེ་ལ་བཀོད། །འཕྲལ་དང་ཡུན་དུ་བདེ་ཐོབ་ཅིང་། །བླ་མ་སངས་རྒྱས་འོད་དཔག་མེད། །ཇི་བཞིན་གོ་འཕང་མྱུར་ཐོབ་ཤོག །

ཞེས་རྒྱ་གར་ཁ་ཆེའི་ཡུལ་མཚམས་མངའ་རིས་སྐོར་གསུམ་གྱི་མང་ཡུལ་ཆ་ལ་དྭགས་ཀྱི་རྒྱལ་མོ་དད་པ་ཅན་བསྟན་སྐྱོང་དབང་མོའི་ངོར་མེ་སྟག་ས་ག་ཟལ་བའི་ཡར་ཚེས་ལ་མཚུར་གྱི་གནྡྷོ་ལར་རིག་པ་འཛིན་པས་སྤེལ་བ་སརྦ་མངྒ་ལཾ།

རིག་འཛིན་ཤེས་རབ་འབྱུང་གནས་ཀྱི་བསྐུལ་ངོར།

ཨོཾ་ཨཱ༔ཧཱུྃ བདག་ལུས་གཞན་མེད་སྣང་སྟོང་འོད་ཀྱི་སྐུ། །ཧེ་རུ་ཀ་དཔལ་ཆུ་ཟླ་ལྟར་གསལ་བའི། །བདེ་ཆེན་འཁོར་ལོ་ཆོས་དབྱིངས་འོད་གུར་ཀློང་། །ཡེ་ཤེས་ལྔ་ལྡན་ཐིག་ལེ་གསལ་འཚེར་དབུས། །རང་རིག་ངོ་བོ་པད་འབྱུང་རྡོ་རྗེ་སེམས། །རང་མདངས་སྒྱུ་འཕྲུལ་ཧཱུྃ་ཀར་ནམ་མཁའི་སྙིང་། །དབྱེར་མེད་རོལ་རང་རྩལ་དྲན་མཆོག་འཁོར་ལོའི་མགོན། །རིག་འཛིན་དྲི་མེད་གཟི་བརྗིད་བདེ་གཤེགས་སྙིང་། །འཕྲིན་ལས་འགྲོ་འདུལ་དཔལ་ལྡན་བླ་མ་ནི། །དམར་སྨུག་ཁྲོ་འཛུམ་ཐོར་ཚུགས་དར་དམར་ཕུར། །སྟག་ཤམ་རུས་རྒྱན་གྲུ་མོར་ཁ་ཊཾ་འཁྱུད། །ཅང་ཏེའུ་དྲིལ་ཁྲོལ་སྣང་སེམས་ཟིལ་གྱིས་གནོན། །ཧ་ཧོ་ཕཻཾ་ཕཊ་ཧཱུྃ་གི་གད་རྒྱང་སྒྲོགས། །མེ་ཀློང་རྟོགས་མེད་གར་སྟབས་བུན་བུན་འཁྱུག །འཁོར་དུ་རིག་འཛིན་དཔའ་བོ་འབུམ་དང་བཅས། །དཱ་ཀི་ཆོས་སྐྱོང་ཕོ་ཉ་སྤྲིན་ལྟར་འཁྲིགས། །སྤྱི་བོར་བརྒྱུད་པའི་བླ་མ་ཐོ་བརྩེགས་ནི། །ཧཱུྃ་ནགས་ཀློང་གསལ་གཏེར་བཞད་འཇའ་ཚོན་སྙིང་། །མཚོ་རྒྱལ་བི་མ་པད་འབྱུང་དགའ་རབ་རྗེ། །རྡོར་སེམས་རིག་ལྔ་ཁྱབ་བདག་ཀུན་ཏུ་བཟང་། །རང་རང་ཆས་རྫོགས་གཟི་བྱིན་འོད་ཕུང་འབར། །བག་དྲོ་ལྷུན་ཆགས་བདེ་བའི་གར་ཆེན་གཡོ། །བདག་སོགས་རྗེས་འཇུག་བུ་ལ་བརྩེར་དགོངས་ནས། །སྨིན་གྲོལ་དངོས་གྲུབ་ཡོངས་སྩོལ་ངོ་བོར་གསལ། །ཨ་ཧོ། མཚོན་བྲལ་ཡེ་ཐོག་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་དཀྱིལ་འཁོར་ཡོངས་གཙོ་རྡོ་རྗེ་སེམས། །རྒྱལ་ཀུན་སྒྱུ་འཕྲུལ་འདུས་དངོས་པདྨ་འབྱུང་། །ཟག་མེད་བདེ་ཆེན་ཡོངས་སྩོལ་མཚོ་རྒྱལ་མ། །བྱར་མེད་ཀློང་གྲོལ་འཇའ་ཚོན་གཏེར་བཞད་སྙིང་། །གྲུབ་ཀུན་རྒྱལ་པོ་ཀློང་གསལ་ཐུགས་མཆོག་རྩལ། །ཀུན་གྱི་བྱིན་རླབས་ཟབ་གསང་མཛོད་འཛིན་པ། །རང་རིག་དབང་འབྱོར་པདྨ་ནོར་བུའི་མཚན། །སྒྱུ་འཕྲུལ་རྩ་གསུམ་རབ་འབྱམས་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོག་མེད་ནས་འཁྲུལ་སེམས་ཀྱི་མུན་པ་དེ། །བླ་མའི་བྱིན་གྱིས་དེ་རིང་ཉིད་གསལ་ཞིང་། །འདི་སྣང་ཞེན་ལོག་ངེས་འབྱུང་སྙིང་ནས་ཤར། །དད་གུས་མོས་པ་ཤེས་རབ་བརྩོན་འགྲུས་རྒྱས། །རྒྱུ་འབྲས་དམ་ཚིག་སྤང་བླངས་བསྲུང་སྡོམ་གྱི། །རྟེན་འབྲེལ་གནད་ལ་རབ་ཏུ་མཁས་པར་ཤོག །སྐྱེ་ཀུན་འབྲེལ་ཚད་དོན་ལྡན་མཆོག་ཁྱེད་དང་། །མི་འབྲལ་རྟག་འགྲོགས་རྫོགས་ཆེན་ཆོས་དང་འཕྲད། །ཚིག་དོན་གོ་ཡུལ་མ་ལུས་གནད་དུ་ལོན། །ཕྱིར་མི་ལྡོག་ལ་རབ་ཏུ་འཁོད་པར་ཤོག །ཆོས་ཀུན་སྟོང་ཉིད་རྟོགས་པའི་གདེང་ཚད་དང་། །ཡིད་དཔྱོད་ལས་འདས་མངོན་སུམ་མཐར་ཐུག་རྟོགས། །ཤུགས་འབྱུང་སྙིང་རྗེ་འགྲོ་བའི་དོན་ཆེན་སྤྱོད། །མཐོང་ཐོས་དྲན་རེག་འཁོར་བ་དོང་སྤྲུག་ཤོག །ཨོཾ་ཨཱ༔ ཧཱུྃ་ཧོ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བརྗོད་ཚེ་ན་བླ་མའི་གནས་གསུམ་ནས། །དཀར་དམར་མཐིང་གསུམ་ཐིག་ལེ་འོད་བཅས་ཀྱིས། །བདག་གི་གནས་གསུམ་བྱིན་རླབས་སྒྲིབ་ཀུན་དག །དབང་ཐོབ་བསྐྱེད་རྫོགས་རྫོགས་ཆེན་དོན་མངོན་གྱུར། །སྐུ་བཞི་ཡེ་ཤེས་རྡོ་རྗེ་གསུམ་གྱི་དངོས། །སྐད་ཅིག་མ་ལ་ཡོངས་སུ་སྨིན་ཐོབ་བསམ། །རྗེས་སུ་བླ་མ་ཐོ་བརྩེགས་མས་རིམ་ཐིམ། །རྩ་བའི་བླ་མ་རང་དང་དབྱེར་མེད་འདྲེས། །རང་རིགས་བརྗོད་བྲལ་དམིགས་མེད་ཀ་དག་ཀློང་། །དེ་ལྟར་བསམ་བསྒོམ་དོན་རྟོགས་དགེ་བའི་མཐུས། །འགྲོ་ཀུན་སྡུག་བསྔལ་མཚོ་ལས་ཡོངས་སྒྲོལ་ཤོག །

ཞེས་མང་ཡུལ་སྐྱིད་གྲོང་གྲྭ་ཕུའི་ཆོས་གླིང་རི་ཁྲོད་དུ། རིགས་བདག་བླ་མའི་སྲས་གྱུར་རིག་འཛིན་ཤེས་རབ་འབྱུང་གནས་ཀྱི་གསུང་གིས་ཡང་ཡང་བསྐུལ་ངོར། མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སུ་སྐྱེས་ཤིང་རྒྱལ་ཁམས་ཀུན་ཏུ་མྱུལ་བའི་སྤྲང་བན་ཚེ་དབང་ནོར་བུའི་མེ་ལུག་སྤྲེལ་ཟླའི་ཚེས་བཟང་པོ་ལ་བཀོད་པ་དགེའོ། །

རིག་སྔགས་འཛིན་པ་རང་གྲོལ་བསྟན་འཛིན་གྱིས་བསྐུལ་པའི་ངོར།

ན་མོ་གུ་ར་ཝེ། སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆིའོ། །མཁའ་མཉམ་འགྲོ་དོན་བྱང་ཆུབ་མཆོག་སེམས་སྐྱེད། །གདོད་ནས་འདུ་བྲལ་མེད་པ་ཡེ་ཤེས་སྐུ། །རང་བྱུང་རང་ཤར་བདག་ཉིད་གསང་བའི་བདག །སྤྱི་བོར་བླ་མ་ཀུན་བཟང་རྡོ་རྗེ་འཆང་། །སྐད་ཅིག་མོས་པའི་སྣང་ངོར་ལམ་མེ་བ། །བདག་གི་དུས་གསུམ་ཚོགས་གཉིས་དལ་འབྱོར་ཀུན། །ལྟོས་མེད་ལིང་ཕུལ་གསོལ་བ་འདི་ལྟར་བཏབ། །ཨོཾ་ཨཱ༔ཧཱུྃ། དགོངས་བརྡ་སྙན་ཁུང་བརྒྱུད་པའི་བླ་མ་དང་། །སྤྱི་འདྲེན་ཤེར་བསྐང་དབང་ལུང་རྩ་ལན་ལགས། །བྱིན་རླབས་རྩ་བ་ཀུན་འདུས་འདྲེན་མཆོག་མགོན། །བླ་མ་ལག་ན་རྡོ་རྗེར་གསོལ་བ་འདེབས། །རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་གར། །རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་འཁོར་ལོའི་ལྷ། །མ་ལུས་སྤྲོ་བསྡུའི་བྱེད་པོ་བཅོམ་ལྡན་འདས། །ཡི་དམ་ཕྱག་ན༴ ཆོས་ཉིད་མཁའ་ལ་བདེ་ཆེན་ཤུགས་ཀྱིས་འགྲོ། །ས་གསུམ་ཕོ་ཉ་མཁའ་འགྲོ་རྒྱ་མཚོའི་གཙོ། །ཧེ་རུ་ཀ་དཔལ་དཔའ་བོ་རྣལ་འབྱོར་མ། །མཁའ་འགྲོ་ཕྱག་ན༴ རྒྱལ་བའི་ལུང་རྟོགས་བསྟན་དང་མི་མཐུན་ཚོགས། །མ་ལུས་ཕྱེ་མར་འཐག་མཛད་དྲག་ཤུལ་ཅན། །མ་མགོན་དྲེགས་པ་སྔགས་བདག་ཡོངས་ཀྱི་གཙོ། །ཆོས་སྐྱོང་ཕྱག༴ དཀོན་མཆོག་རྩ་གསུམ་རབ་འབྱམས་སྡུད་པའི་དཔྱིད། །དྲན་པ་ཙམ་གྱིས་བདུད་བཞིའི་དཔུང་ལས་རྒྱལ། །མ་ལུས་རྒྱལ་བ་ཀུན་གྱི་གསང་གསུམ་བདག །བཅོ་ལྡན་ཕྱག་ན༴ བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་གསང་བདག་མགོན་དང་དབྱེར་མེད་པར། །སྙིང་ནས་སྐྱབས་སུ་མཆིའོ་ཐུགས་རྗེས་གཟིགས། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བདག་གི་སྒོ་གསུམ་ནད་གདོན་སྡིག་སྒྲིབ་ཞི། །འཆི་མེད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས། །ལྷ་མཆོག་ཁྱེད་མཐུས་ཁྱེད་རང་ཇི་བཞིན་པར། །ད་ལྟ་དུས་འདི་ཉིད་དུ་འགྲུབ་བྱིན་རློབས། །ཨོཾ་ཨཱ༔ཧཱུྃ༔ མཐར་ནི་བླ་མ་རང་གི་སྤྱི་བོར་ཐིམ། །རང་སེམས་བླ་མ་གསང་བདག་ཐུགས་དང་འདྲེས། །སྟོང་གསལ་སིང་ངེ་བདེ་བ་ལྷན་ངེ་བ། །སྤྲོས་བྲལ་འོད་གསལ་ངང་དུ་མཉམ་པར་བཞག །དེ་སོགས་བདག་གི་དུས་གསུམ་བསགས་ཡོད་དགེ །ཡོངས་བཟླུམ་རྡོར་འཆང་གོ་འཕང་ཐོབ་ཕྱིར་བསྔོ། །ནམ་མཁའི་མཐའ་ཀླས་འགྲོ་བ་མ་ལུས་ཀུན། །གསང་བདག་བླ་མའི་ས་ལ་འགོད་པར་ཤོག །

ཞེས་ཕྱག་རྡོར་དང་གཉིས་སུ་མེད་པའི་བླ་མའི་རྣལ་འབྱོར་གསོལ་འདེབས་འདི་ནི་ཡུལ་དབུ་རུ་བྱང་ཕྱོགས་འཕན་ཡུལ་ཤ་ར་ཡི་འདབས་སུ་སྤྱོད་གྱུར་དཔལ་གསང་བའི་བདག་པོའི་རིག་སྔགས་འཛིན་པ་རང་གྲོལ་བསྟན་འཛིན་གྱིས་བསྐུལ་པའི་ངོར་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་པའི་ཐོག་མ་མེ་ཡོས་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་གཉིས་ལ་ཆོས་འཁོར་དཔལ་གྱི་ལྷ་སར་སྐད་ཅིག་མར་སྤེལ་བར་སརྦ་མངྒ་ལཾ།

བླ་མའི་རྣལ་འབྱོར་སྙིང་གི་ཐིག་ལེ།

བླ་མའི་རྣལ་འབྱོར་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱ༔་ཧཱུྃ་ཧྲཱི༔ སྐྱབས་མཆོག་ཀུན་འདུས་ངོ་བོ། །མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །ཡབ་ཡུམ་སྲས་བཅས་རྣམ་འཕྲུལ། །རྩ་བའི་བླ་མར་སྐྱབས་མཆི། །མཁའ་མཉམ་འགྲོ་ཀུན་ཕ་མ། །དེ་དག་འཁྲུལ་སྣང་བསལ་ནས། །བྱང་ཆུབ་ས་ལ་འགོད་ཕྱིར། །ལམ་ཟབ་བླ་བསྒྲུབ་རྒྱས་འདེབས། །བདག་ལུས་འཛིན་མེད་གདན་གསུམ་ལྷར་གསལ། །སྤྱི་བོའི་ནམ་མཁར་པདྨ་ཉི་ཟླར། །འདྲེན་མཆོག་རིག་འཛིན་ཚེ་དབང་ནོར་བུ། །དམར་སྨུག་ཁྲོ་ཆགས་འདྲེས་པའི་ཉམས་ལྡན། །སྨིན་མཚམས་ཧཱུྃ་དང་ཐུགས་ཀར་ཨཱ་མཚན། །སྟོད་སྨོན་ཤམ་དཀར་རྔུལ་གཟན་དམར་གསོལ་ལ། །རྡོར་དྲིལ་རྣམ་རོལ་རྡོ་རྗེ་དཀྱིལ་ཀྲུང་། །རིན་ཆེན་པྲོག་ཞུ་རུས་པའི་རྒྱན་ཅན། །དེ་ཡི་སྤྱི་གཙུག་པདྨའི་སྡོང་པོ། །ཡལ་ག་བཞི་རུ་གྱེས་པའི་དབུས་སུ། །གསུང་གི་རྡོ་རྗེ་པདྨ་འབྱུང་གནས། །རྣམ་རོལ་ཕྱག་རྒྱས་རྡོ་རྗེ་ཐོད་འཆང་། །ཧེ་རུའི་ཆས་ཅན་རྡོ་རྗེ་དཀྱིལ་ཀྲུང་། །མཚོ་རྒྱལ་གྲི་ཐོད་འཛིན་དང་མཉམ་འཁྱུད། །གཡས་གཡོན་པདྨའི་ཡལ་ག་གྱེས་བར། །དྲི་མེད་འོད་ཟེར་རྡོ་རྗེ་གླིང་པའི། །ངོ་བོ་བི་མ་ལ་དང་བཻ་རོ། །མདུན་རྒྱབ་པདྨ་གྱེས་པའི་དབུས་སུ། །ཀརྨ་རིག་པ་འཛིན་དང་སྒྲོལ་མགོན། །ངོ་བོ་རི་ཁྲོད་ཞབས་དང་ནག་པོ། །ཀུན་ཀྱང་རིག་མ་མཉམ་རོལ་བརྗིད་ལྡན། །པད་འབྱུང་སྤྱི་བོ་པད་སྡོང་སྟེང་དུ། །འོད་དཔག་མེད་ལ་རིགས་ལྔས་བསྐོར་ཞིང་། །དེ་ཡི་དབུ་སྟེང་ཀུན་བཟང་ཡབ་ཡུམ། །གཞན་ཡང་དགོངས་བརྡ་སྙན་བརྒྱུད་བླ་མ། །རིག་འཛིན་རྒྱ་མཚོ་སྤྲིན་དུ་འཁྲིགས་བཞུགས། །ཀུན་གྱི་གནས་ལྔར་འབྲུ་གསུམ་ཧྲཱི༔་ཕཊ། །ཐུགས་ཀའི་འོད་ཀྱིས་ཡེ་ཤེས་བཀུག་བསྟིམ། །ཕྱི་ནང་གསང་མཆོད་ཀུན་བཟང་སྤྲིན་ཕུང་། །རྩེ་གཅིག་མོས་གུས་དྲག་པོས་གསོལ་འདེབས། །བྱིན་གྱིས་རློབས་ཤིག་དྲན་མཆོག་དྭངས་མ། །འཁོར་ལོའི་མགོན་པོ་ཐུགས་རྗེ་ཅན་ནོ། །ཨོཾ་ཨཱ༔་ཧཱུྃ་ཧྲཱི༔་ཕཊ། དཀོན་མཆོག་རྩ་གསུམ་འདུས་པའི། །ངོ་བོ་གཅིག་མཆོག་བླ་མ། །དྲན་པས་སྲིད་ཞིའི་གདུང་སེལ། །རྩ་བའི་བླ་མ་མཁྱེན་ནོ། །སྐུ་བཞི་གནས་ལྔའི་འོད་ཀྱིས། །དབང་བསྐུར་སྒྲིབ་དག་ལམ་འབྱོངས། །འབྲས་བུ་མངོན་བྱེད་བླ་མའི། །བྱིན་རླབས་བདག་ལ་རྫོགས་གྱུར། །བདག་ནི་འཁོར་ཚོགས་རིམ་བཞིན། །གཙོ་བོ་ལ་འདུས་དེ་ཡང་། །རྩ་བའི་བླ་མ་ལ་ཐིམ། །དེ་བདག་རོ་མཉམ་འདྲེས་གྱུར། །དགེ་བ་འདི་ཡིས་མྱུར་བདག །སངས་རྒྱས་ཀུན་གྱི་ངོ་བོ། །རྩ་བའི་བླ་མ་འགྲུབ་ནས། །དབང་ཕྱུག་བརྒྱད་ཐོབ་གྱུར་ཅིག །

ཞེས་རྩ་བའི་བླ་མ་ལ་གསོལ་བ་འདེབས་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་གཙང་ལ་སྟོད་བྱང་པ་བཀྲ་བཟང་ཞབས་དྲུང་རིན་པོ་ཆེ་ཀུན་བཟང་ཡེ་ཤེས་ཞལ་སྔ་ནས་དང་། ལྷོ་ཕ་དྲུག་རབ་བཞི་དང་། སྔགས་འཆང་པདྨ་འགྱུར་མེད་དང་། གྲགས་ཆེན་བཅོ་བརྒྱད་འཛིན་པའི་རབ་འབྱམས་པ་པདྨ་རིག་འཛིན་ལ་སོགས་པའི་་སྐལ་ལྡན་མང་པོས་གསོལ་བ་བཏབ་པའི་ངོར་ཀུན་དགའ་དབྱུག་ཟླའི་ཚེས་བཅོ་ལྔ་ལ་བྲག་སྟོད་ཆོས་སྐུའི་ཕོ་བྲང་དུ་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་སརྦ་མངྒ་ལཾ།

དམ་པ་རྒྱ་གར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་དོན་གྱི་བཅུད་ལེན།

མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་དབུས། །ཕ་དྲིན་ཆེན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེ་སྤྲས། །ཞལ་མཛེས་འཛུམ་སྤྱན་གསུམ་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱིས་ལྡེམ་འཕྲུལ་ཅན། །ཕྱག་རྡོ་རྗེ་བནྡྷ་ཚེ་བུ་འཛིན། །ཡུམ་ཌཱ་ཀི་སྦས་ཚུལ་ཁ་ཊཱཾ་བརྟན། །བེར་ཕོད་ཀ་ཆོས་གོས་ངུར་སྨྲིག་གསོལ། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྲོས་མེད་དབྱེར་མེད་ཐིམ། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཚོགས་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྐྱབས་དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་བཟུང་། །དུས་དེང་སང་སྙིགས་མ་ལྔ་བདོའི་དུས། །རྗེ་སངས་རྒྱས་ཀུན་གྱི་ཐུགས་རྗེས་བཟུང་། །བཀའ་དམ་ཆོས་ཀུན་གྱི་ངད་པ་ཡལ། །ལྷ་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཁྲོས། །བདུད་ནག་ཕྱོགས་གདོན་རིགས་རླུང་ལྟར་འཚུབ། །ཆར་དུས་སུ་མི་འབེབས་ལོ་དགྲ་མང་། །དུས་མི་བདེ་མཐའ་དབུས་ཐམས་ཅད་འཁྲུག །སྤུན་ཉེ་དུ་མི་མཐུན་རྨེ་འཁྲུག་བྱེད། །དུས་དེ་འདྲའི་དུས་ཞིག་བྱུང་ཙ་ན། །སྐྱབས་ངེས་པའི་བླ་མ་དཀོན་མཆོག་གསུམ། །དོན་གཅིག་འདུས་ཨོ་རྒྱན་རིན་པོ་ཆེ། །དུས་དེ་ཚེ་རེ་ས་གཞན་ན་མེད། །ཕའི་ཐུགས་རྗེས་བཟུང་ཞིག་པདྨ་འབྱུང་། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །སྐྱབས་གཞན་ན་མ་མཆིས་ཁྱེད་རང་ཤེས། །བདག་གདུང་ཤུགས་དྲག་པོའི་གསོལ་བཏབ་པས། །རྗེ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་དབང་བཞིའི་བྱིན་རླབས་ཅིག་ཆར་ཐོབ། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །དེ་བལྟས་པས་མི་མཐོང་ངང་ལ་ཞོག །དོན་སེམས་ངོ་མཐོང་ཤེས་དེ་ལ་ཟེར། །སེམས་གནས་ན་གནས་པའི་ངང་ལ་བལྟས། །སེམས་སྟོང་གསལ་ངང་ལ་ལྷན་ནེར་ཞོག །སེམས་གར་འགྲོ་གློད་ལ་རྒྱང་བསྲུང་གིས། །དེ་ཆུ་རླབས་ཆུ་ལ་ཐིམ་པ་བཞིན། །སེམས་འཕྲོ་རྒོད་སྟོང་ཉིད་ངང་དུ་ཞིག །རང་སེམས་ཀྱིས་སེམས་ལ་ལྟ་བ་དེ། །རྗེ་པདྨ་འབྱུང་གནས་ལྟ་བ་ཡིན། །དེ་མ་ཡེངས་གོམས་འདྲིས་བྱེད་པ་ལ། །སྒོམ་ཉམས་ལེན་མིང་དུ་བཏགས་པ་ཡིན། །དོན་མཆོག་ཉིད་མཐའ་རུ་ཕྱིན་པ་དང་། །དུས་ནམ་ཞིག་འབྲས་བུ་སངས་རྒྱས་ཐོབ། །མི་བདག་གི་གསོལ་འདེབས་དགེ་སྦྱོར་སོགས། །དུས་གསུམ་དུ་བསགས་པའི་དགེ་བ་འདིས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་པ་ཡར་ངོའི་ཟླ་ལྟར་འཕེལ། །དུས་ནམ་ཞིག་འདི་ནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་རྫུས་སྐྱེས་སྤྲུལ་སྐུར་ཐོབ་ནས་ཀྱང་། །རྟེན་དེ་ལ་ས་བཅུ་རབ་བགྲོད་ནས། །དོན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །གཞི་ཆོས་དབྱིངས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྐྱབས་པད་འབྱུང་ཐུགས་རྗེས་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །

དམ་པ་རྒྱ་གར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་དོན་གྱི་བཅུད་ལེན།

དམ་པ་རྒྱ་གར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་དོན་གྱི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

དམ་པ་རྒྱ་གར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་དོན་གྱི་བཅུད་ལེན་ཞེས་བྱ་བ། བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ན་མོ་ཧཱུྃ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་སེམས་བསྐྱེད་དོ། །མཎྜལ་རྣམ་གསུམ་སངས་རྒྱས་ཞིང་དུ་འབུལ། །སྒྲིབ་སྦྱང་བཟླས་མཆོག་བཛྲ་ས་ཏྭ་ཧཱུྃ། །ཨོཾ་ཨཱ༔ཧཱུྃ་ཧྲཱི༔ རང་ལུས་ཕུང་ཁམས་ཡི་དམ་ལྷར་གསལ་བའི། །སྤྱི་བོའི་འཇའ་འོད་ཐིག་ལེའི་མུ་འབྱམས་དབུས། །པདྨ་སྟོང་ལྡན་གེ་སར་ཉི་ཟླའི་སྟེང་། །ཨཱ༔ཡིག་དཀར་པོ་ཡོངས་གྱུར་ངོ་བོ་ནི། །རྩ་བའི་བླ་མ་པད་འབྱུང་དབྱེར་མེད་པའི། །རྣམ་པར་རྒྱ་གར་དམ་པ་མི་ཕམ་མགོན། །ཨ་ཙར་དར་བབས་དམར་སྨུག་དུ་བའི་མདོག །དབུ་སྐྲ་ཡོ་འབོག་སྡོང་པོ་ལྟར་ཟིང་ཞིང་། །སྤྱན་གསུམ་ཤངས་ཉག་བཞད་ཞལ་ཚེམས་དཀར་འཐགས། །སྨ་ར་ཨག་ཚོམ་རྒྱ་རྣམས་དམར་སེར་སྣུམ། །དྲང་སྲོང་འདུག་སྟངས་ཕྱག་གཉིས་ཐུགས་ཀ་རུ། །འཁོར་འདས་བདེན་གཉིས་རྟེན་འབྲེལ་ཕྱག་རྒྱ་མཛད། །གཅེར་བུ་རུས་རྒྱན་སྟག་ལྤགས་ཤམ་ཐབས་གསོལ། །སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་བསྐྱེད། །དེ་ཡི་སྤྱི་བོར་འཇམ་དཔལ་རྡོ་རྗེ་ནི། །དམར་སེར་ཆོས་འཆད་ཕྱག་རྒྱའི་ཐེབ་མཛུབ་ཀྱིས། །ཨུཏྤལ་ཡུ་འཛིན་སྙན་ཐད་ཁ་རྒྱས་པའི། །སྟེང་དུ་ཤེས་རབ་རལ་གྲི་པུསྟི་སྣམས། །གདོང་ལྔའི་སྟེང་དུ་རོལ་པའི་འདུག་སྟངས་འགྱིངས། །དར་དང་རིན་ཆེན་རྒྱན་ཆ་ཕུན་ཚོགས་གསོལ། །དེ་ཡི་སྤྱི་བོར་ཀུན་བཟང་རྡོ་རྗེ་འཆང་། །སྔོ་དྭངས་ལོངས་སྐུའི་ཆས་རྫོགས་ཕྱག་གཉིས་ཀྱིས། །རྣམ་རོལ་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་འཛིན། །ཞབས་གཉིས་རྡོར་སྐྱིལ་རང་འོད་ཡུམ་དང་དགྱེས། །དེ་དག་སྐུ་ཡི་མཐའ་སྐོར་འོད་གུར་ནང་། །གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་དང་། །རིག་གནས་གཡོ་རླུང་བདེ་ཉམས་ཕྱག་རྒྱ་བརྡའི། །བླ་མ་བཅུ་གཅིག་རིག་པ་ངོ་སྤྲད་ཀྱི། །བླ་མ་གསུམ་དང་མཁའ་སྤྱོད་སུམ་ཅུ་དྲུག །ཐུགས་དམ་བདེ་གཤེགས་བླ་མ་བཅུ་གཉིས་སོགས། །རྒྱལ་དང་རྒྱལ་སྲས་ནམ་མཁའི་ཁྱོན་ཁེངས་པའི། །མདུན་དུ་བདག་གི་སྒོ་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །བྱང་ཆུབ་ཆེན་པོའི་བར་དུ་སྐྱབས་སུ་མཆི། །འགྲོ་ཀུན་འདྲེན་ཕྱིར་བྱང་ཆུབ་སེམས་བསྐྱེད་བགྱེད། །སྤྱི་དང་བྱེ་བྲག་སྔགས་སྡོམ་བརྟན་པོར་བཟུང་། །ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེ་བྱིན་རླབས་ཀྱིས། །བདག་རྒྱུད་སྨིན་གྲོལ་ཟུང་འཇུག་རྡོ་རྗེ་སེམས། །གདན་ཐོག་འདི་རུ་སྐད་ཅིག་དེ་ཉིད་དུ། །འགྲུབ་མཛོད་རྒྱལ་བ་ནུས་པའི་མཐུ་མ་ཆུང་། །ཞེས་འདོན་སྒོམ་སྦྲག་ལ་སྣང་སྲིད་ཀུན་གྱིས་སྒྲོགས་པར་བསམ་ནས་ཨ་ལི་ཀ་ལི་ཚར་བཞི་བཟླས། དེ་ནས་བླ་མའི་གནས་བཞིར་རྡོ་རྗེ་བཞི། རང་བཞིན་ཨོཾ་ཨ༔་ཧཱུྃ་ཧྲཱི༔་འོད་འབར་བའི། །ཟེར་ཕྲེང་དཀར་དམར་མཐིང་འདུས་རང་ལུས་སྣང་། །ཁེངས་པར་བསམ་ངང་གསང་སྔགས་འདི་ཉིད་ཟླའོ། །ཨོཾ་ཨཱ༔་ཧཱུྃ་གུ་རུ་སིདྡྷི་ཧཱུྃ། ཐུན་བསྡུ་ཚེ། སྤྱི་བོའི་བླ་མ་འཁོར་རྣམས་ལ་འདུས། །གཙོ་ཡང་འོད་ཞུ་རང་གི་སྙིང་གར་ཐིམ། །རང་སེམས་བླ་མའི་ཐུགས་དང་རོ་མཉམ་པ། །བྱིན་རླབས་དོན་གྱི་འཕོ་བ་ཐོབ་པར་བསམ། །དར་ཅིག་སྒོ་གསུམ་རང་གནས་སུ་སྐྱོང་ངོ་། །མཐར་གྲུབ་པར་གྱུར་ཅིག་མན་ངག་གི་དཔལ་ལྡན་བླ་མའོ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་བརྗོད། དེ་ལྟར་གྲུབ་པའི་དུས་བསྙེན་ཟླ་བ་དྲུག གྲངས་བསྙེན་ས་ཡ་བརྒྱད། རྟགས་བསྙེན་བླ་མ་དངོས་མཉམ་རྨི་ལམ་དུ་མཇལ་ཞིང་ཁྱད་པར་འཁོར་བར་སྐྱོ་ཤས་ཐར་པར་ངེས་འབྱུང་། བླ་མར་མོས་གུས། འགྲོ་ལ་སྙིང་རྗེ་གནས་ལུགས་ཉམས་རྟོགས་རྒྱུད་ལ་སྐྱེ་བ་མཆོག་གི་རྟགས་སོ། །ཐུན་མོང་དུ་ཡང་ཕྲིན་ལས་བཞི་དང་། ལྷ་འདྲེ་མི་གསུམ་འདུ་བར་འགྱུར་རོ། །དེ་ལྟར་དུས་གྲངས་རྟགས་ཀྱི་བསྙེན་པ་ཐེབ་པས་རྩ་བ་ཡན་ལག་བླ་མར་དམ་སེལ་མ་ཤོར་ན་བར་དོར་བྱང་ཆུབ་ལམ་ན་ཟིན་པར་ཐེ་ཚོམ་མེད་པར་རྡོ་རྗེ་འཆང་གི་ཞི་བྱེད་ཨ་ལི་ཀ་ལིའི་རྒྱུད་དུ་གསུང་པས་ན་མི་སླུ་ངེས་པས། མཆོག་ལམ་དོན་དུ་གཉེར་བ་རྣམས་ཀྱིས་སྙིང་ལ་འཆང་ཞིང་། དེ་ལྟར་དམ་པའི་ཞི་བྱེད་ཉམས་ལེན་བཅུད། །ཟབ་དྲིལ་ཉུང་མིན་རྒྱ་ཆེན་དོན་གསལ་བྱེད། །ཆིག་ཆོས་ལས་མཆོག་བློ་སྦྱོང་བླ་སྒྲུབ་འདི། །བྱིན་རླབས་བླ་མའི་མཐུ་ཡིས་སྨྲ་བར་བྱེད། །དགེ་དེས་འགྲོ་ཀུན་ཐར་པའི་ལམ་མཆོག་ལ། །ཞུགས་ཏེ་མྱུར་དུ་མྱ་ངན་འདས་ཐོབ་ཤོག །རྣམ་མང་ཆོས་ལ་ཟད་པའི་མཐའ་མེད་ཀྱི། །ཆིག་ཆོས་བླ་བསྒྲུབ་འདི་ལ་ཀུན་འབད་བྱོས། །

ཞེས་དཔལ་ཆེན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་མང་པོས་རྗེས་སུ་བཟུང་ཞིང་གནས་ལུགས་ཀྱི་དོན་ལ་བློ་ཕྱོགས་པ་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སུ་སྐྱེས་པའི་རིག་འཛིན་ཚེ་དབང་ནོར་བུས་མངའ་རིས་སྨད་ཀྱི་གུས་ལྡན་བླ་མ་འཇིགས་མེད་ཉི་མ་རྒྱལ་མཚན་གྱིས་གསོལ་བ་བཏབ་ངོར་ལྕགས་ཁྱི་ནག་ཟླའི་ཚེས་བཅུར་བརྗོད་པ་དགེའོ། །

རང་མདུན་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་མཆོག །སྔགས་སྤྱོད་ཆས་རྫོགས་རྡོར་དྲིལ་ཐུགས་ཀར་བསྣོལ། །རོལ་པའི་སྐྱིལ་ཀྲུང་འཇའ་འོད་ཀློང་དུ་བཞུགས། །དེ་ཡི་ཐུགས་ཀར་རིག་འཛིན་གཏེར་བདག་གླིང་། །དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་པ་འཛིན། །བླ་མའི་སྤྱི་བོར་རིག་བདག་པདྨ་འབྱུང་། །ཀུན་གྱི་གནས་གསུམ་ཡི་གེའི་འོད་ཟེར་གྱིས། །རང་བཞིན་གནས་ནས་སྲས་བཅས་རྒྱལ་བ་ཀུན། །སྤྱན་དྲངས་རྩ་བའི་བླ་མར་གཉིས་མེད་ཐིམ། །ཨོཾ་ཨཱ༔ཧཱུྃ། ཞེས་ཅི་ནུས་སུ་བཟླས་མཐར། ཨོཾ་ཨཱ༔་ཧཱུྃ་ཀུན་བཟང་སྣང་མཐའ་གུ་རུ་པདྨ་འབྱུང་། །ཀུན་གྱི་ངོ་བོ་རིག་འཛིན་གཏེར་བདག་གླིང་། །རྩ་བརྒྱུད་བླ་མར་བཅས་ལ་གསོལ་བ་འདེབས། །བདག་རྒྱུད་སྨིན་གྲོལ་མཆོག་གི་དངོས་གྲུབ་སྩོལ། །རྒྱལ་ཀུན་འདུས་པའི་སྤྱི་དཔལ་དཀྱིལ་འཁོར་གཙོ། །བདེ་ཆེན་འཁོར་ལོའི་དབང་ཕྱུག་རིག་པ་འཛིན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །རང་རིག་ཆོས་སྐུའི་རང་ཞལ་དུས་འདིར་སྟོན། །ཨོཾ་ཨཱ༔ཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཞེས་པའི་གསོལ་བཏབ་བླ་མའི་གནས་བཞི་ནས། །འོད་ཟེར་དཀར་དམར་མཐིང་ལྗང་བར་མ་ཆད། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་དག་ལམ་འབྱོངས་འབྲས་བུ་སྐུ་བཞི་བརྙེས། །མཐར་ནི་བླ་མ་རང་ལ་ཐིམ་གྱུར་ཏེ། །རང་སེམས་བླ་མའི་ཐུགས་དང་དབྱེར་མེད་འདྲེས། །དགེ་འདིས་ཆོས་དང་གཟུགས་ཀྱི་སྐུ་འགྲུབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །

དེས་གཙང་ཉང་གི་གྲུབ་ཆེན་མི་ཕྱེད་པའི་མོས་གུས་དད་བརྩོན་དམ་ཚིག་དང་ལྡན་པ་འགྱུར་མེད་ཀུན་བཟང་རང་གྲོལ་གྱིས་གཏེར་བདག་གླིང་པ་དབྱེར་མེད་པའི་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་བསྐུལ་ངོར་ཚེ་དབང་ནོར་བུས་ལྕགས་ཁྱི་གྲོ་བཞིན་ཟླ་བའི་ཚེས་ཉེར་བརྒྱད་ཀྱི་ཐུན་སྐབས་ཞིག་ཏུ་སྨྲས་པ་དགེའོ། །

ཞབས་དྲུང་དགེ་སློང་རྡོ་རྗེ་འཛིན་པ་བློ་བཟང་ནམ་མཁའ་འཇིགས་མེད་ཀྱི་ངོར།

ན་མོ་གུ་རུ་ཝེ། བདག་ལུས་འཛིན་མེད་སྤྱི་བོར་འོད་ལྔའི་གུར། །སེང་གེ་བརྒྱད་དང་པདྨའི་ཉི་ཟླའི་སྟེང་། །རིག་པ་ཧཱུྃ་ལས་ཀུན་བཟང་རྡོ་རྗེ་སེམས། །རྣམ་པ་རྩ་བའི་བླ་མའི་ཆ་ལུགས་ལ། །བག་དྲོ་བྱིན་ཆགས་རིན་ཆེན་རྒྱན་གྱིས་སྤྲས། །འཁོར་ལོས་བསྒྱུར་བ་ཆས་སུ་ཞུགས་པར་གྱིས། །འཁོར་དུ་མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས། །དཔག་མེད་སྤྲིན་གྱི་ཕུང་པོ་ཐིབ་བཞིན་གསལ། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་དཔལ་ཀུན་མཆོད་པར་འབུལ། །ཚེ་རབས་ཐོག་མེད་ནས་བསགས་སྡིག་ཀུན་བཤགས། །བླ་མེད་བླ་མ་བསྒྲུབ་ལ་རྗེས་ཡི་རང་། །གསང་སྔགས་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །འགྲོ་དོན་བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་ཀུན་བླ་མ་མཆོག་འགྲུབ་ཆེད་དུ་བསྔོ། །ཨོཾ་ཨཱ༔་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཀུན་བཟང་རྡོར་སེམས་པད་འབྱུང་ཀཧྣ། །རིགས་བདག་བླ་མ་མཆོག་ལ་གསོལ་བ་འདེབས། །ནམ་སྙིང་རིན་ཆེན་རྡོ་རྗེ་ཟུར་ཆུང་པ། །ཡེ་ཤེས་སྐུ་བརྙེས་བླ་མར་གསོལ་བ་འདེབས། །དྭགས་བསྒོམ་ཚུལ་ཁྲིམས་ནམ་འོད་ཙཱ་རི་རས། །རྡོ་རྗེ་ཐུགས་བརྙེས་བླ་མར་གསོལ་བ་འདེབས། །བྱམས་འབུམ་གྲགས་དཔལ་རྡོ་རྗེ་རྒྱལ་པོ་སོགས། །གྲུབ་པའི་སྒྲོན་མེ་བླ་མར་གསོལ་བ་འདེབས། །བྱང་གླིང་ཚུལ་འབུམ་ཀུན་མཁྱེན་སངས་རྒྱས་འཕེལ། །འགྲོ་འདྲེན་སྤྲུལ་པའི་བླ་མར་གསོལ་བ་འདེབས། །སེམས་དཔའ་ཆེ་དང་གྲོལ་མཆོག་ཀུན་དགའ་སྙིང་། །བསྟན་པའི་སྲོག་ཤིང་བླ་མར་གསོལ་བ་འདེབས། །ཡེ་ཤེས་རྒྱ་མཚོ་པདྨ་མ་ཎི་སོགས། །སྦས་ཚུལ་འགྲོ་སྐྱོང་བླ་མར་གསོལ་བ་འདེབས། །དུས་འདིར་བདག་སོགས་འགྲོ་ལ་སྨིན་གྲོལ་སྟོན། །དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས། །ཁྱེད་ལ་གདུང་ཤུགས་དྲག་པོའི་གསོལ་བཏབ་མཐུས། །བདག་སོགས་དུས་འདི་ནས་བཟུང་བྱང་ཆེན་སར། །པད་འབྱུང་ནམ་སྙིང་དངོས་བརྒྱུད་སྤྲུལ་པ་ཡིས། །རྗེས་བཟུང་སྨིན་གྲོལ་ཟབ་དགུའི་གདམས་ངག་ཐོབ། །རིམ་གཉིས་སྒོམ་པའི་ཡོན་ཏན་གོང་དུ་འཕེལ། །མི་རྟོག་ལྟ་བའི་གདེང་ཆེན་མཐའ་རུ་ཕྱིན། །གཞན་ཕན་འཕྲིན་ལས་སྤྱོད་པ་ཕྱོགས་བཅུར་རྒྱས། །ཀུན་བཟང་བླ་མའི་འབྲས་བུ་མྱུར་ཐོབ་ཤོག །ཅེས་གསོལ་བ་གདབ། མཐར་ནི་བླ་མ་རང་ལ་ཐིམ་པ་ཡིས། །བདག་ལུས་བླ་མའི་སྐུར་ཞུགས་བུམ་དབང་ཐོབ། །བདག་ངག་བླ་མའི་གསུང་གྱུར་གསང་དབང་ཐོབ། །བདག་ཡིད་བླ་མའི་ཐུགས་གཅིག་ཤེར་དབང་ཐོབ། །སྒོ་གསུམ་དབྱེར་མེད་རིག་པའི་རྩལ་དབང་ཐོབ། །ཆོས་ཀུན་གདོད་ནས་སྤྲོས་བྲལ་བདེ་ཆེན་དབྱིངས། །ཟབ་གསལ་མཉམ་ཉིད་ངང་དུ་མཉམ་པར་བཞག །དེ་ཡི་དགེ་ཚོགས་འགྲོ་ལ་ཡོངས་སུ་བསྔོ། །དེ་མཐུས་ཁམས་གསུམ་འཁོར་བའི་སེམས་ཅན་ཀུན། །གློ་བུར་འཁྲུལ་པའི་དྲི་མ་ཡོངས་སངས་ཏེ། །མི་འགྱུར་བདེ་ཆེན་སྐུ་གསུམ་ཡོན་ཏན་རྒྱས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པ་འཇིགས་མེད་དབྱངས་ཅན་དགའ་བའི་ཞལ་སྔ་ནས་གང་གི་རིང་ལུགས་དྲི་མ་མེད་པར་འཛིན་ཅིང་རང་གི་རྡོ་རྗེ་སློབ་མར་གྱུར་པ་ལ་སྟོད་ལྟོ་འབུར་པ་ཞབས་དྲུང་དགེ་སློང་རྡོ་རྗེ་འཛིན་པ་བློ་བཟང་ནམ་མཁའ་འཇིགས་མེད་གང་གི་གསུང་གིས་གསོལ་བ་བཏབ་པའི་ངོར་བོད་ཆེན་གྱི་མངའ་རིས་སུ་སྐྱེས་ཤིང་ཡངས་པའི་རྒྱལ་ཁམས་སུ་ཆོས་སྨྲ་བ་རིག་པ་འཛིན་པ་ཚེ་དབང་ནོར་བུས་གང་ཤར་ལྷུག་པ་ཉིད་དུ་ཤིང་བྱི་སྣྲོན་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཤར་ཕྱོགས་ཀོང་ཡུལ་ལྗོན་པ་ལུང་ནས་སྤེལ་བ་སརྦ་མངྒ་ལཾ།

རྡོ་རྗེ་ལྷ་སྐྱབས་ཀྱི་ངོར།

ཨོཾ་སྭཱ་སྟི། བདག་གི་ཕུང་ཁམས་གདན་གསུམ་དག་པའི་དལ། །སྤྱི་བོར་འོད་གུར་སེང་ཁྲི་པད་ཟླའི་སྟེང་། །རྡོ་རྗེ་སེམས་དཔའི་རང་མདངས་གསང་བ་སྦྱིན། །པད་ཞུ་ཆོས་གོས་གསུམ་གསོལ་ཆོས་འཆད་རྒྱས། །པད་དཀར་རྡོར་དྲིལ་བརྒྱན་པ་གཡས་སུ་འཛིན། །པད་དམར་པོད་རལ་མཚན་པ་ཡོངས་སུ་བསྙེན། །སྤྱི་བོར་རྡོར་སེམས་ཐུགས་ཀར་འཇམ་པའི་དབྱངས། །གཡོན་ན་གཡང་གནས་ལྷ་མོ་བདུད་རྩི་སྟོབས། །མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེ། །བདག་ལ་དབང་བསྐུར་བྱིན་རླབས་མཛད་བཞུགས་བསམ། །ཨོཾ་ཨཱ༔ཧཱུྃ། ཀུན་བཟང་རྡོར་སེམས་ཐུགས་རྗེས་རང་མདངས་ལས། །གསང་བདག་ཨིནྡྲ་བྷོ་ཏི་ཀུན་དགའ་བོ། །ཟླ་བ་གྲགས་དང་ཐོན་མི་སམྦྷོ་ཊ། །ཞི་སྙིང་བཻ་རོ་ཙ་ན་འཇིག་རྟེན་མིག །ཨ་རོ་ཙཱ་མི་རོང་ཟོམ་མཁས་པའི་དབང་། །ཚལ་བསྒོམ་རྡོ་རྗེ་གླིང་དང་ཀུན་སྐྱོང་གླིང་། །སྙིང་རྗེ་ཆེན་པོས་སྒྱུ་མ་ལྟར་སྤྲུལ་སྐུ། །ཀུན་གྱི་སྤྱི་དཔལ་ཆོས་ཀྱི་རྒྱལ་བའི་མཚན། །དབྱངས་ཅན་དགའ་བ་འཇིགས་མེད་བློ་གྲོས་གཏེར། །དཀྱིལ་འཁོར་གཙོ་བོ་གསང་བ་སྦྱིན་པ་ཞེས། །འཇམ་པའི་རྡོ་རྗེ་རང་བཞིན་མཁའ་ཁྱབ་དངོས། །དཔལ་ལྡན་བླ་མ་མཆོག་དེར་གསོལ་འདེབས་ཀྱིས། །ཐུགས་རྗེས་གཟིགས་མཛོད་བདག་རྒྱུད་ཡོངས་བརྒྱན་ཅིང་། །ཐུན་མོང་གྲུབ་བརྒྱད་ཁྱད་པར་སྨིན་གྲོལ་མཆོག །ཚེ་འདིར་དུས་འདིར་གདན་ཐོག་འདི་ཉིད་དུ། །མངོན་སུམ་གྲུབ་པ་ཐོབ་པར་བྱིན་གྱིས་རློབས། །ཨོཾ་ཨཱ༔་མ་ཧཱ་གུ་རུ་ཨཱ་བྷ་ཡ་གུ་ཡ་དཱ་ན་སིདྡྷི་ཕ་ལ་ཧཱུྃ། མཐར་ནི་བླ་མ་འོད་ཀྱི་གོང་བུར་ཞུ། །རང་སྙིང་དབུས་ཐིམ་ཐུགས་སེམས་དབྱེར་མེད་འདྲེས། །དེ་ལྟར་བླ་སྒྲུབ་དགེ་བ་འགྲོར་བསྔོས་མཐུས། །ཀུན་ཀྱང་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་རྗེ་བཙུན་འཇིགས་མེད་དབྱངས་ཅན་དགའ་བའི་དབོན་རིགས་འབུར་པ་མི་རྗེ་གཞོན་ནུ་དད་པ་རྡོ་རྗེ་ལྷ་སྐྱབས་ཀྱིས་གསོལ་བ་བཏབ་པའི་ངོར་ཡུལ་མདོ་ཁམས་ཀྱི་རྒྱུད་དུ་སྐྱེས་ཤིང་ཕྱོགས་ཀུན་ཏུ་ཆོས་སྨྲ་བའི་རྣལ་འབྱོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཤིང་བྱའི་སྣྲོན་ཟླའི་དམར་ཕྱོགས་གང་བའི་ཚེས་བཟང་པོར་ཀོང་ཡུལ་ལྗོན་པ་ལུང་ནས་སྤེལ་བ་སརྦ་མངྒ་ལཾ།

རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་ལ་གསོལ་འདེབས་རྣལ་འབྱོར་ཐུན་མོང་མ་ཡིན་པ་བྱིན་རླབས་ཡིད་བཞིན་གཏེར་མཛོད།

༄༅། །རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་ལ་གསོལ་འདེབས་རྣལ་འབྱོར་ཐུན་མོང་མ་ཡིན་པ་བྱིན་རླབས་ཡིད་བཞིན་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་པདྨ་ཀ་ར་ཨ་ཀརྵ་གརྦྷ་ཡ། ན་མོ་ཧཱུྃ༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་འདུས་སྤྱི་དཔལ། །རྡོ་རྗེ་སློབ་དཔོན་ཞབས་ལ་སྐྱབས་སུ་མཆིའོ། །མཁའ་མཉམ་འགྲོ་ཀུན་ཕ་མར་གྱུར་པ་ལ། །སྙིང་བརྩེ་མ་ཧཱ་གུ་རུ་བསྒྲུབ་པར་བྱ། །བདག་ལུས་གདོད་ནས་ལྷུན་གྲུབ་གདན་གསུམ་ལ། །སྤྱི་བོའི་ཁ་དབྱིངས་པདྨའི་གུར་ཁང་དབུས། །རྡོ་རྗེའི་ཁྲི་ལ་ཟླ་བའི་གདན་སྟེང་དུ། །ཁྱབ་བདག་རྡོ་རྗེ་སློབ་དཔོན་ཀུན་འདུས་པའི། །པདྨ་ཐོད་འཕྲེང་རྩལ་འཆང་ནམ་མཁའི་སྙིང་། །བོད་གྲུབ་དགེ་སློང་ཆ་བྱེད་ཆོས་གོས་ཅན། །སྐུ་མདོག་དཀར་སྨུག་ཤ་རྒྱས་པཎ་ཞྭ་གསོལ། །ཕྱག་གཡས་ཁྲོ་བོའི་ཁུ་ཚུར་ཐུགས་ཀར་སྦྲེང་། །གཡོན་པ་རྡོ་རྗེ་ཁུ་ཚུར་དཀུ་རུ་བརྟེན། །རྡོར་སྐྱིལ་སྐུ་ལ་འཇའ་འོད་མེ་དཔུང་འཕྲོ། །སྤྱི་བོར་གུ་རུ་གསང་བ་འདུས་པ་བཞུགས། །ཐུགས་ཀར་བཛྲ་ཧེ་རུ་ཀ་དཔལ་འཆར། །གནས་གསུམ་རྡོ་རྗེ་གསུམ་དངོས་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་དུར་ཁྲོད་མེ་འབར་ནས། །ཡེ་ཤེས་སྤྱན་དྲངས་དམ་ཚིག་དབྱེར་མེད་བཞུགས། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །བདག་ལུས་ལོངས་སྤྱོད་དཔལ་འབྱོར་ཚེ་བསོད་རྣམས། །གཏན་གྱི་འདུན་མར་བཅས་པས་ཡོངས་མཆོད་ནས། །སྐྱབས་གནས་གཅིག་མཆོག་ཕུར་ཚུགས་གདུང་བ་ཡི། །གུས་པའི་ཡིད་ཀྱིས་རབ་ཏུ་གསོལ་བ་འདེབས། །ཨོཾ་ཨཱ་ཧཱུྃ༔ རབ་འབྱམས་རྒྱལ་བ་རྒྱ་མཚོ་འབྱུང་བའི་གནས། །བླ་མེད་བླ་མ་ཀུན་གྱི་གཙོ་བོ་མཆོག །དམ་པ་སྐུ་གཉིས་སྤྱི་དཔལ་རྡོ་རྗེ་སེམས། །གུ་རུ་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་ཡོངས་ཀྱི་དཔྱིད་གྱུར་པ། །གཉིས་མེད་ཡེ་ཤེས་དྲ་བ་ཡོངས་སྡོམ་མཛད། །ཐུགས་མཆོག་ཡང་དག་རྡོ་རྗེ་ཁྲག་འཐུང་རྒྱལ། །དཔལ་ཆེན་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །ཆོས་དབྱིངས་མཁའ་ལ་བདེ་ཆེན་སྤྲིན་འཕོ་བས། །ཕྱི་ནང་གཞན་གསུམ་ཡོངས་སྤྱོད་མཁའ་འགྲོ་མ། །ཀུན་གྱི་ངོ་བོར་གྱུར་ཅིང་ཀུན་གྱི་བདག །མཁའ་འགྲོ་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །ཡེ་ཤེས་དབྱིངས་ནས་འབར་བའི་ཆོ་འཕྲུལ་གར། །ཅིར་ཡང་བསྒྱུར་ཞིང་འཕྲིན་ལས་རྣམ་བཞི་ཡིས། །བྱང་ཆུབ་འབྲས་བུ་མྱུར་དུ་སྨིན་མཛད་པ། །ཆོས་སྐྱོང་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་གཉིས་མེད་ཡེ་ཤེས་ཐུགས། །དམ་ཆོས་རྒྱ་མཚོའི་སྒྲ་དབྱངས་རྟག་འཆར་གསུང་། །འཕགས་པའི་དགེ་འདུན་མ་ལུས་འཕྲོ་བའི་སྐུ། །མཆོག་གསུམ་ནམ་མཁའ་སྙིང་པོར་གསོལ་བ་འདེབས། །ཀུན་ཁྱབ་ཡེ་ཤེས་རྟག་བརྟན་སྤྲོས་བྲལ་ངང་། །ལྷུན་གྲུབ་འཐུག་པོ་བཀོད་པར་ངེས་ལྔའི་བདག །གང་འདུལ་ཆོ་འཕྲུལ་སྤྲུལ་པ་རྒྱ་མཚོའི་གཞི། །སྐུ་གསུམ་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །མཐའ་བརྒྱད་ལས་འདས་སྟོང་ཉིད་འོད་གསལ་ལྟ། །ཟབ་གསལ་བདེ་ཆེན་ཡོངས་སྒྲུབ་བསྒོམ་པ་ཆེ། །ཆོས་ཀུན་འུབ་ཆུབ་རང་རྫོགས་སྤྱོད་པའི་རྩེ། །རྩལ་རྫོགས་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ངོ་བོར་ཡོངས་གྲུབ་ཅིང་། །སྲས་གྱུར་བྱང་སེམས་རིག་འཛིན་གྲུབ་ཆེན་ཚུལ། །སྒྱུ་འཕྲུལ་རྒྱ་མཚོ་འདོད་དགུའི་གར་བསྒྱུར་མཛད། །ཁྱབ་བརྡལ་ནམ་མཁའ་སྙིང་པོར་གསོལ་བ་འདེབས། །ཁྱོད་ནི་གསང་བདག་ཐུགས་ཀྱི་རྡོ་རྗེ་སེམས། །དངོས་གྱུར་སྤྲུལ་པས་མཁའ་ཁམས་མཐར་ཐུག་ཁྱབ། །རྫོགས་སངས་རྒྱས་ལས་གཞན་གྱིས་གྲངས་བཟུང་ཅི། །ཚད་མེད་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །གདུལ་བྱ་ཚུར་མཐོང་ཉི་ཚེའི་སྣང་ངོ་རུ། །ཁྱེད་ཀྱི་སྒྱུ་འཕྲུལ་རིམ་གྱིས་གཅིག་ཅར་ཚུལ། །དཔེ་མེད་གྲོང་འཁྲུངས་རིན་ཆེན་རྡོ་རྗེ་འཛིན། །བོད་སྔགས་སྦྱོར་གྲོལ་རྩེར་སོན་ཤེས་རབ་གྲགས། །འོད་གསལ་འཁོར་ཡུག་མེས་ཚོམ་དྭགས་སྒོམ་ཚུལ། །མཁའ་འགྲོས་ཡོངས་མཆོད་ནམ་འོད་རྩ་རིས་རས། །བྱམས་དཔལ་བྱམས་འབུམ་གཞན་ཕན་མཁའ་ལྟར་བརྡལ། །ཨེ་མ་མ་ཎི་རིན་ཆེན་འགྲོ་འདུལ་མཁས། །ཐང་དབོན་གྲགས་དཔལ་འོད་གསལ་རྡོ་རྗེའི་ཐུགས། །བདེ་ཆེན་ཞིང་གཤེགས་རི་ཁྲོད་དར་བརྒྱས་ཞབས། །ཟབ་གཏེར་མཛོད་འབྱེད་བྱང་ཆུབ་གླིང་པ་དཔལ། །སངས་རྒྱས་བློ་གྲོས་རྩ་གསུམ་གྲུབ་པའི་གཙོ། །བྱང་ཆུབ་སེམས་བསྙེས་ཆོས་ཀྱི་རིན་པོ་ཆེ། །འཇའ་ལུས་རྡོ་རྗེའི་སྐུར་གཤེགས་བསོད་ནམས་མཆོག །ལུང་རིགས་རྔ་སྒྲ་རྒོད་པ་སངས་རྒྱས་འཕེལ། །རྣམ་དག་ཚུལ་ཁྲིམས་འཛིན་མཁས་བཟོད་དཔལ་གྲུབ། །མཁས་དབང་དམ་པ་ཡེ་ཤེས་རྒྱ་མཚོའི་སྡེ། །སྦས་ཚུལ་སྔགས་སྤྱོད་པདྨ་མ་ཎི་སོགས། །སྤྲུལ་པའི་འདོད་གར་ཅིར་ཡང་བྱེད་པ་པོ། །སྤྲུལ་བཞི་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །དེང་དུས་སྙིགས་མ་བདག་འདྲའི་གདུལ་བྱ་ལ། །སོ་སྐྱེས་རང་གཟུགས་ཚུལ་གྱིས་འདུལ་བའི་ཕྱིར། །དགེ་བཤེས་ཐ་མལ་ཀུན་རྒྱུ་རྣལ་འབྱོར་སྤྱོད། །བྱིན་རླབས་ཅུང་ཟད་ཞུགས་ལ་སྤྲུལ་པའི་མཚན། །འཆང་གྱུར་རིག་འཛིན་ཚེ་དབང་ནོར་བུའི་སྡེ། །གཞན་ཕན་ནུས་པའི་རྩལ་ཤུགས་ཅི་ཙམ་ཀུན། །པད་འབྱུང་ནམ་སྙིང་མཐུ་སྟོབས་ཁོ་ན་སྟེ། །སྐྱབས་གཅིག་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །མགོན་ཁྱོད་མཚན་ཙམ་གྱིས་ཀྱང་བྱིན་རླབས་མཐུས། །འདི་ལྟ་དོན་གཉིས་སྒྲུབ་ལ་གཡེལ་མེད་པས། །རང་ཉིད་ཕྱིར་མི་ལྡོག་པའི་ལམ་ལ་གཤེགས། །གདུལ་བྱ་ཐར་པའི་ལམ་ལ་དཀྲི་བྱེད་པའི། །གང་འདུལ་འཕྲིན་ལས་བཞི་ཡི་མཛད་པ་སྐྱོང་། །འཕྲིན་ལས་འགྲོ་འདུལ་འགྲོ་བ་ཡོངས་འདུལ་ཞེས། །ལྕགས་ལ་གསེར་འགྱུར་རྩི་ཞིང་བརྒྱས་འདེབས་སོ། །འདྲེན་མཆོག་ནམ་མཁའི་སྙིང་པོར་གསོལ་བ་འདེབས། །དེ་ལྟར་རྩ་བའི་བླ་མའི་ངོ་བོ་ཉིད། །ནམ་མཁའི་སྙིང་པོར་རྩེ་གཅིག་གསོལ་བཏབ་མཐུས། །བདག་སོགས་གདུལ་བྱ་འགྲོ་ཀུན་ཚེ་རབས་རྟག །དལ་འབྱོར་ཕུན་ཚོགས་མཐོ་རིས་འཕགས་ནོར་ལྡན། །པད་འབྱུང་ནམ་སྙིང་དངོས་རྒྱུད་སྤྲུལ་པ་ཡིས། །རྗེས་བཟུང་ངེས་འབྱུང་དད་པ་ལྷག་བསམ་རྒྱས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་རྩལ་རྫོགས། །བྱང་ཆེན་གོ་འཕང་རིང་མིན་མྱུར་འགྲུབ་ཤོག །མདོར་ན་པད་འབྱུང་ནམ་སྙིང་སྤྲུལ་བཅས་ཀྱི། །མི་དགེ་དུས་མཐའི་སྐད་ཅིག་ཡུན་མི་སྤྱད། །དགྱེས་ན་བསྐལ་པར་དམྱལ་བ་མནར་མེད་ཀྱང་། །ཡིད་འོང་གྲོང་བཞིན་སྤྲོ་པས་འཇུག་བྱེད་ན། །མགོན་ཁྱེད་བསྙེན་ཕྱིར་ལུས་སྲོག་སྨོས་ཅི་འཚལ། །གཏན་གྱི་འདུན་མའང་བླ་མ་མཉེས་ཕྱིར་སྟེ། །རྒྱལ་བས་བསྔགས་ཤིང་དམ་པའི་རྣམ་ཐར་མཆོག །ཇི་བཞིན་དད་མོས་གུས་ལ་རྟག་གནས་ཤོག །དུས་ཀུན་བདག་མེད་སྙིང་བརྩེའི་གཉིས་མེད་པས། །སྲིད་པར་མི་གནས་ཞི་ལ་མི་ཆགས་པར། །དེ་བཞིན་གཤེགས་པ་བླ་མ་རྡོ་རྗེ་སེམས། །གོ་འཕང་དམ་པ་མངོན་པར་ཐོབ་ནས་ཀྱང་། །མ་བསྒྲུབ་བཞིན་སྣང་སྒྱུ་མ་ལྟ་བུའི་འགྲོར། །གང་འདུལ་ཐབས་ཀྱི་མཛད་པ་རྒྱ་ཆེ་ལ། །རྒྱུན་མི་ཆད་པས་མཁའ་མཉམ་སེམས་ཅན་ཀུན། །རྫོགས་སངས་རྒྱས་སར་བདག་གིས་སྦྱོར་བཪ་ཤོག །རྩ་བའི་བླ་མ་ཁྱེད་མཐུ་ལ་བརྟེན་ནས། །བཀའ་ཡི་བླ་མར་ཡིད་ཆེས་ཚུལ་བཞིན་སྤྱོད། །བརྡ་ཡི་བླ་མས་ཅིར་སྣང་རང་སར་གྲོལ། །ཚུལ་དེས་རང་རིག་དོན་གྱི་བླ་མ་མཆོག །གདོད་ནས་རྣམ་དག་ངོ་བོ་ཆོས་ཀྱི་དབྱིངས། །རིག་པ་སངས་རྒྱས་ཀུན་གྱི་ཆོས་སྐུ་མཆོག །གློ་བུར་དྲི་མའི་ཚོགས་སྤངས་མི་འགྱུར་བདེ། །རང་ཞལ་དུས་འདིར་མཐོང་བར་བྱིན་གྱིས་རློབས། །ཚེ་དབང་རིག་འཛིན་པད་འབྱུང་མཁའ་དབྱིངས་ལས། །ནམ་མཁའི་སྙིང་པོ་ནོར་བུ་འོད་ཟེར་འཕྲོ། །བདག་བློ་འཁྲུལ་པའི་མུན་པ་ཡོངས་གསལ་ནས། །ཁྱོད་དང་མཚུངས་པ་ཉིད་དུ་བདག་མཛོད་ཅིག །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལྟར་རྩེ་གཅིག་གུས་པས་ལྟོས་དྲག་ལ། །ཡུན་རིང་གདུང་བས་གསོལ་བ་བཏབ་པའི་མཐར། །གུ་རུའི་སྐུ་ལས་ཡེ་ཤེས་བདུད་རྩི་རྒྱུན། །དཀར་ལ་དམར་ལྡང་སྔོ་བའི་འོད་འཕྲོ་བ། །མར་བབ་བདག་གི་ཚང་བའི་སྒོ་ནས་ཞུགས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག །མགྲིན་ཡན་ཁེངས་པས་བུམ་དབང་ལམ་འབྲས་རྫོགས། །སྙིང་ག་གསང་དབང་ལྟེ་བ་ཤེར་ཡེའི་དབང་། །གསང་བ་ཁེངས་པས་དབང་བཞིའི་ལམ་འབྲས་རྫོགས། །ལུས་ཀུན་ཡོངས་ཁེངས་རིགས་རྩལ་དབང་རྫོགས་ཤིང་། །བླ་མ་བདག་སྙིང་དབུས་བྱོན་འོད་གསལ་ངང་། །རྟག་ཆད་མཐའ་བྲལ་བླ་མ་རང་རིག་འདྲེས། །སྣང་གྲགས་རིག་ཀུན་བླ་མའི་སྐུ་གསུང་ཐུགས། །ལམ་ཁྱེར་ཟབ་གསལ་བདེ་ཆེན་ངང་ལ་བཞག །དེ་ལྟར་གུ་རུ་ནམ་སྙིང་རྣལ་འབྱོར་ལ། །འབད་པའི་དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །དེ་མཐུས་རྒྱལ་བ་རྒྱ་མཚོའི་གཙོ་བོ་མཆོག །ནམ་སྙིང་སྐུ་གསུང་ཐུགས་དང་དབྱེར་མེད་པར། །སངས་རྒྱས་བྱང་སེམས་མཛད་འཕྲིན་མ་ལུས་ཀུན། །བདག་གིས་ཡོངས་སྒྲུབ་འགྲོ་ཀུན་འདྲེན་པར་ཤོག ། ༣༨

ཅེས་བྱིན་རླབས་རྨད་བྱུང་གུ་རུའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་འདི་ནི་ལང་འབྲོ་དཀོན་མཆོག་འབྱུང་གནས་ཀྱི་གདུང་ལས་སྔ་་འགྱུར་བརྟན་པའི་གསལ་བྱེད་སྒྲོལ་ཕུག་ཆེན་པོ་པདྨ་ཀུན་གསལ་འགྲོ་ཀུན་པའི་བཤེས་གང་གི་དང་། ཁྱབ་བདག་བོན་ལུང་པ་དཔལ་འབྱོར་ཚུལ་ཁྲིམས་རྒྱལ་མཚན་གྱི་ཡང་སྲིད་གཉིས་པ་གར་དབང་བློ་བཟང་ཚུལ་ཁྲིམས་དཔལ་བཟང་ནས་ཀྱང་བསྐུལ་ཞིང་། ལྷག་ཏུ་སྐྱེས་མཆོག་ཆེན་པོ་འབའ་ར་བའི་ཁྲི་ཆེན་སྨྲ་བ་འཇམ་གླིང་བླ་མ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་དང་། མཁས་གྱུར་རྫོགས་ཆེན་རྣལ་འབྱོར་ལྷ་རྗེ་དམ་པ་ཡེ་ཤེས་དཔལ་འབར་དྲུང་ནས་ཀྱང་ཡང་ཡང་ནན་གྱིས་བསྐུལ་བ་མཛད་ཅིང་། དེ་བཞིན་སྙེ་མོ་བདེ་གླིང་སྡེ་པ་རྡོ་རྗེ་བཀྲ་ཤིས་དང་། ཨ་ཐ་གླིང་གི་རྟ་མགྲིན་ཚེ་དབང་སོགས་སྙེ་མོས་འདུས་སྡེ་དད་ལྡན་ཕོ་མོ་ཐམས་ཅད་ཀྱིས་གུས་པ་ཆེན་པོའི་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་དང་། མང་མམ་ལྕམ་ཨོ་རྒྱན་དཔལ་འཛིན་ནས་ཀྱང་དངོས་ངག་ཁོ་ན་རྒྱུད་ནས་དོ་གལ་གྱི་བསྐུལ་བས་རྐྱེན་བྱས་ཏེ། མདོ་ཁམས་ཀཿཐོག་ལྷོ་རྒྱུད་དུ་འོད་གསལ་ལས་བབ་པ་དངུ་ཡི་རིགས་སུ་སྐྱེས་གྱུར་ཤཱཀྱའི་དགེ་བསྙེན་སྔགས་ཀྱི་རིག་འཛིན་ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་འགྲོ་བ་ཡོངས་འདུལ་རྩལ་གྱིས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ས་ག་ཟླ་བའི་ཚེས་བཅུ་ལ་གཞུ་ཡུལ་ས་ཡི་ཐིག་ལེ་འབྲོང་དཀར་རྫོང་དུ་ཐུན་གཅིག་ལ་གྲུབ་པར་བྱས་ཡི་གེ་པ་ཤེས་རབ་བསྟན་འཛིན་ཏེ། འདི་ཡང་འགྲོ་བ་ཀུན་གུ་རུ་ནམ་མཁའི་སྙིང་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་གྱུར་ཅིག དགེའོ། །བཀྲ་ཤིས།

གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར།

༄༅། །གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར་བཞུགས་སོ། །

༈ ཨོཾ་ན་མོ་གུ་རུ་ཧཱུྃ། སྐྱབས་ཡུལ་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །པདྨ་བཛྲ་གུ་རུར་སྐྱབས་སུ་མཆིའོ། །ནམ་མཁའི་མཐའ་ལས་འགྲོ་ཀུན་སྙིང་རེ་རྗེ། །ཀུན་ཀྱང་ཐར་མཆོག་ཐོབ་ཕྱིར་བདག་སེམས་སྐྱེད། ། ༡ ཧཱུྃ༔ བདག་ལུས་རགས་པའི་ཕུང་པོ་སྟོང་པར་དང་། །ཕྲ་བ་གཉུག་མའི་ལུས་འདི་རང་རིག་དང་། །སངས་རྒྱས་སྲས་སློབ་བཅས་པའི་ཡུམ་ཤེར་ཕྱིན། །སྔགས་ཀྱི་ཁྱད་ཆོས་སྔགས་བདག་རྣལ་འབྱོར་མ། ། ༢ ཆོས་དབྱིངས་གཟུགས་སྐུ་མེ་ལོང་པྲ་ཕབ་བཞིན། །སྐད་ཅིག་གསང་ཡེ་རྡོ་རྗེ་ཕག་གདོང་ཅན། །དམར་མོ་གཅེར་བུ་ཞི་ཁྲོ་ཆགས་པའི་ཉམས། །རྣ་ལྟག་གཡས་ནས་གྱེན་ལྟ་ཕག་ཞལ་ནག ། ༣ ཕྱག་གཉིས་རྡོ་རྗེ་ཐོད་པ་ཁ་ཊཱཾ་མཚན། །ཞབས་གཉིས་བརྐྱང་བསྐུམ་པད་ཉི་བམ་གདན་བརྫིས། །དབུ་རྒྱན་ཐོད་སྐམ་རྡོ་རྗེའི་འཕྲེང་བས་སྤེལ། །ཐོད་རློན་དོ་ཤལ་རྡོར་འཕྲེང་གསེར་དྲིལ་འཁྲོལ། ། ༤ ཕྱག་ཞབས་གསེར་གྱི་འཁོར་ལོས་རྣམ་པར་བརྒྱན། །རུས་པའི་བརྒྱན་འཆང་ཡེ་ཤེས་མེ་ཕུང་འབར། །རྡོ་རྗེ་མཚོན་ཆ་འཕྲོ་བའི་གུར་དབུས་བཞུགས། །དམར་སེར་རལ་པ་གྱེན་བརྫེས་སྤྱི་གཙུག་ཏུ། ། ༥ པདྨ་ཉི་ཟླའི་གདན་སྟེང་བཞི་ལྡན་མགོན། །འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མའི་དངོས། །པདྨ་འབྱུང་གནས་སྐྱབས་ཡུལ་ཀུན་འདུས་གཙོ། །དམར་སྨུག་གཅེར་བུ་རྡོར་དྲིལ་རོལ་ཚུལ་འཛིན། ། ༦ རལ་པའི་ཐོར་ཅོག་གཙུག་ཏོར་མངོན་པར་འཕགས། །རྡོ་རྗེའི་རྒྱན་འཆང་དར་གྱི་ཅོད་པཎ་ཕུར། །པང་དུ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དམར། །རལ་པ་སིལ་བུ་གྲི་ཐོད་ཡབ་ལ་འཁྱུད། ། ༧ ཡབ་ཡུམ་རྡོར་པད་སྐྱིལ་ཀྲུང་བདེ་བ་ཆེ། །མི་བཟོད་ཡེ་ཤེས་འོད་དམར་རབ་ཏུ་འཁྲུག །གནས་གསུམ་རྡོ་རྗེ་གསུམ་དངོས་ཡེ་ཤེས་ལས། །འོད་འཕྲོས་རབ་འབྱམས་རྒྱལ་བ་སྲས་སློབ་འབངས། ། ༨ མ་ལུས་སྐུ་གསུང་ཐུགས་གསང་འཁོར་ལོ་ཀུན། །ཡོངས་བསྡུས་བླ་མ་ཡབ་ཡུམ་ལུས་ལ་ཞུགས། །བྱིན་རླབས་གཟི་བརྗིད་ནུས་མཐུ་མཆོག་རབ་རྒྱས། །གཅིག་མཆོག་ནོར་བུ་བླ་མ་རིན་པོ་ཆེ། ། ༩ བདག་ལུས་ལོངས་སྤྱོད་ཚེ་བསོད་གཏན་འདུན་བཅས། །ཁ་ཞེ་མེད་པར་ཡོངས་སུ་ཕུལ་བྱས་ཤིང་། །རྩེ་གཅིག་དད་གུས་གདུང་ཤུགས་གསོལ་འདེབས་མཐུས། །ཡབ་ཡུམ་གསང་བའི་བདུད་རྩི་དབང་བཞི་བསྐུར། ། ༡༠ ཨོཾ། གསང་གསུམ་སྐུ་ཡི་བདུད་རྩི་རབ་དྭངས་པས། །བདག་གི་བདེ་ཆེན་ལོངས་སྤྱོད་བར་ཀུན་ཁེངས། །དམ་ཚིག་ཕྱག་རྒྱ་རྒྱས་འདེབས་བུམ་པའི་དབང་། །སྦྱང་ཐོབ་སྨིན་གྱུར་སྤྲུལ་སྐུའི་འབྲས་རྫོགས་ཤོག ། ༡༡ ཨ། གསང་གསུམ་གསུང་གི་བདུད་རྩི་རབ་ཐིམ་པས། །བདག་གི་ལོངས་སྤྱོད་ཆོས་འཁོར་བར་ཁེངས་ནས། །ཆོས་ཀྱི་ཕྱག་རྒྱ་རྒྱས་འདེབས་ཤེར་ཡེའི་དབང་། །སྦྱང་ཐོབ་སྨིན་གྱུར་ཆོས་སྐུའི་འབྲས་རྫོགས་ཤོག ། ༡༢ ཧཱུྃ། གསང་གསུམ་ཐུགས་ཀྱི་བདུད་རྩི་རབ་སེམས་པས། །བདག་གི་ཆོས་ནས་སྤྲུལ་འཁོར་བར་ཁེངས་ནས། །ལས་ཀྱི་ཕྱག་རྒྱ་རྒྱས་འདེབས་ཤེར་ཡེའི་དབང་། །སྦྱོང་ཐོབ་སྨིན་གྱུར་ཆོས་སྐུའི་འབྲས་རྫོགས་ཤོག ། ༡༣ ཧྲཱིཿ གསང་གསུམ་ཡེ་ཤེས་བདུད་རྩི་རབ་ངོམ་པས། །བདག་གི་སྤྲུལ་བདེའི་འཁོར་ལོ་ཡོངས་ཁེངས་པས། །ཕྱག་ཆེན་བརྒྱ་བྲལ་རྒྱས་འདེབས་དབང་བཞི་པའི། །སྦྱང་ཐོབ་སྨིན་པ་ངོ་བོའི་སྐུ་རྫོགས་ཤོག ། ༡༤ ཨོཾ་ཨཱ༔་ཧཱུྃ་ཧྲཱི༔ རྗེས་སུ་བླ་མ་ཡབ་ཡུམ་ཚངས་བུག་ནས། །མར་བྱོན་སྙིང་ཀ་འཁོར་ལོའི་དབུས་བཞུགས་ནས། །གསང་བའི་བདུད་རྩི་མི་འགྱུར་བདེ་ཆེན་གྱིས། །འཁོར་ལོ་བཞི་རྒྱུད་ལུས་ཀུན་ཡོངས་ཁེངས་པས། ། ༡༥ སྒྲིབ་གསུམ་དྲི་མའི་ཚོགས་ཀུན་གཏན་ནས་བཅོམ། །མི་ཤིག་དྭངས་མ་འགྱུར་མེད་རྡོ་རྗེ་གསུང་། །སངས་རྒྱས་ཀུན་གྱིས་གསང་བ་གསུམ་རང་བཞིན། །མི་འཛད་རྒྱན་གྱི་འཁོར་ལོ་རོལ་བར་ཤོག ། ༡༦ བདག་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས། །དབྱེར་མེད་ཉག་གཅིག་གདོད་མའི་གཤིས་ལུགས་དབྱིངས། །སྐུ་གསུམ་མཚན་དཔེ་ཡེ་ཤེས་འཁོར་ལོའི་ཁམས། །མཉམ་ཉིད་ཟུང་འཇུག་རྫོགས་པ་ཆེར་ཐོབ་ཤོག ། ༡༧ ཧོ༔ རྫོགས་སངས་རྒྱས་པ་ཀུན་གྱི་གསང་བའི་བཅུད། །ཐུན་དྲུག་རྡོ་རྗེ་ཐེག་པའི་ཡང་སྙིང་ནི། །ཐོག་མར་སྨིན་བྱེད་བར་དུ་གྲོལ་བྱེད་སྟེགས། །ཐུན་དྲུག་འབྲས་བུའི་ཚུལ་ལ་ཉེར་ཞུགས་པ། ། ༡༨ བླ་མའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་དབང་། །དེ་ལྟར་བདག་གི་ཉམས་སུ་ལེན་པའི་མཐུས། །བཟོད་པ་མཆོག་གི་ས་ལ་མ་འཁོད་པར། །སྐྱེ་བ་ཇི་སྲིད་ཀུན་ཏུ་མཐོ་རིས་ཀྱི། ། ༡༩ ཡོན་ཏན་འཕགས་ནོར་རབ་རྒྱས་ཁམས་དྲུག་ལས། །ཐོབ་དང་འདྲེན་པ་མདོ་རྒྱུད་ནས་བསྔགས་པའི། །མཚན་ལྡན་བླ་མས་རྗེས་སུ་ཉེར་བཟུང་ཞིང་། །ལམ་མཆོག་རྡོ་རྗེ་ཐེག་ལ་རྟག་འཇུག་ཤོག ། ༢༠ དེ་ཡང་བླ་མའི་དད་གུས་ཟླ་མེད་པར། །རྒྱས་ཤིང་དམ་ཚིག་རྣམ་པར་དག་གྱུར་ནས། །བསྲུང་སྡོམ་བྲལ་བ་ཀུན་བཟང་མྱུར་འགྲུབ་ཤོག །འགྲོ་ཀུན་ཕྱམ་ཅིག་སངས་རྒྱས་སར་འདྲེན་ཤོག ། ༢༡ ཅེས་བསྔགས་སམ་ཐུན་དྲུག སྙིང་པོ་རྨད་དུ་བྱུང་བ་གུ་རུ་པདྨའི་མན་ངག་བསྙན་རྒྱུད་རྫོགས་པ་ཆེན་པོའི་སྲོག་ཤིང་ལམ་ཟབ་ཐུན་མོང་དུ་གྱུར་ཞིང་ཐུན་མོང་མ་ཡིན་པ་འདི་ནི་རིག་འཛིན་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེའི་ཟབ་གཏེར་ལས་བྱུང་ཞིང་ཉམས་བཞེས་ཀྱི་མཐར་ཐུག་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་བདེ་ཆེན་གླིང་པའི་ཞལ་ལས་ཐོས་པ་རང་གི་ཐུན་བཞིའི་ཉམས་ལེན་སྙིང་པོ་དང་མཐུན་པར་འདི་ནི་རྩོད་པ་མེད་པ་གཏེར་སྟོན་ཆོས་རྗེ་གླིང་པ་ཡི་རྣམ་པར་རོལ་པའི་ཆ་ཅན་དུ་དཔལ་ཀརྨ་པས་གསུང་གི་བྱིན་གྱིས་རླབས་པ་གང་དེ་བས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་དུས་ཀྱི་ཕོ་ཉའི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅུར་ཀོང་ཡུལ་གདན་ས་ཆེན་པོ་དགའ་ལྡན་མ་མོར་ཐུན་བར་སྐབས་སུ་ངག་འདོན་ཀློག་བདེ་ཉུང་ངུར་བྲིས་པ་སྟེ་དགེ་ལེགས་སུ་གྱུར་ཅིག འདི་ནི་ཐུན་བཞི་ལ་མ་ཆགས་པར་ཉམས་སུ་ལེན་པ་ཕྱག་བཞེས་ཏེ་དེ་ལྟར་གལ་ཆེ་ཞིང་། དེ་ཡང་མ་གསང་ན་དངོས་གྲུབ་ཡལ་བར་བཤད་པས་ཤིན་ཏུ་གསང་བར་བྱའོ། །འདི་སྙིང་གི་བུ་ལ་འབོག་པའི་སྐབས་སུ་རང་གི་བསྒོམ་བཞི་བྱེད་དེ་དབང་བཞི་རེ་རེ་བཞིན་དང་བར་མཚམས་སུ་སྔགས་བཟླ་རོལ་མོ་འཁྲོལ། མཐར་མེ་ཏོག་གཏོར་ཤིས་པ་བརྗོད་པ་སྨོན་ལམ་བཟང་ལ་རྒྱ་ཆེར་གདབ་པར་བྱའོ། །དེ་ལྟར་སྔགས་ཀྱི་སྒོར་ཞུགས་པ་རྣམས་སྤྱིར་ཡང་བླ་མ་ཡིད་དང་མ་བྲལ་བར་ལྷ་སྔགས། ཆོས་ཉིད་ཀྱི་རོལ་པ་ཆུ་བོའི་རྒྱུན་ལྟར་སྐྱོངས་དགོས་པ་ནི་གཞིར་བཅས་ཤིང་། བྱེ་བྲག་ཏུ་ཐུན་དུ་བཅད་དེ་སྒོམ་པ་ལ་ཡང་། བུམ་དབང་གི་རྗེས་འབྲེལ་ལྷ་སྔགས་བསྒོམ་བཟླས། གསང་དབང་གི་རླུང་སྦྱོར་གཏུམ་མོ་རང་ལུས། ཤེར་དབང་གི་གཞན་ལུས་ཕྱག་རྒྱ་མ་སྤྱོད་པ། དབང་བཞིའི་དོན་ཁྲེག་ཆོད། རྩལ་དབང་གི་ཐོད་བརྒལ་སྒོམ་པའི་ཐུན་འགོ་ཐུན་མཇུག་ཏུ་ཟབ་ལམ་འདི་ཐུན་རེ་རེས་བསྒོམ་པས་བར་ཆད་ཞི། གེགས་སེལ། བོགས་འདོན། ཡང་དག་པའི་ལམ་ཐོབ་པར་བྱེད་པ་སྟེ་བཀའ་ལུང་དང་རང་མྱོང་ཚད་མས་གྲུབ་པའོ། །ལར་གྱི་སྔགས་ལམ་སྟོན་པ་ནི་བླ་མ་ཁོ་ནར་རག་ལས་ཤིང་། དེ་ཡང་དབང་བསྐུར་གྱི་གཞི་བཅའ། དམ་ཚིག་གི་སྲོག་ཕུར་བཙུགས། ལམ་ཟབ་ཏིང་ངེ་འཛིན་གྱི་བཅུད་ལེན་ལ་འབད་པ་ནི་སྔགས་ཤེས་རིག་པ་འཛིན་གྱུར་མ་ལུས་མི་ལུས་ལུས་པ་མེད་པ་གཏམ་གྱི་སྙིང་པོ་ཁོ་ན་སྟེ། སྔགས་འཆང་བའི་སྤྱི་འདེབས་སོ། །དེས་ན་བླ་མའི་དད་དུང་མོས་གུས་ཆེན་པོ་དམ་ཚིག་ལ་རབ་ཏུ་འབད་ཅིང་གསོལ་འདེབས་བརྩོན་པ་ནི་ཤིན་ཏུ་གལ་ཆེ་བ་ལས་ཀྱང་ཆེས་ཆེ་བ་འདི་ཁོ་ནའོ། །དེ་ནི་ལམ་གཞན་ལ་རགས་མ་ལས་པར་ཚེ་གཅིག་ལ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ཨེ་མ་ཧོ་ཨ་ལ་ལ་ཧོ། །ཞེས་བརྗོད་པའི་གནས་སོ། །

ཞེས་པ་ཡང་གོང་གི་འཕྲོས་ལས་ཞར་བྱུར་དུ་དཔལ་ཚེ་དབང་ནོར་བུས་གསོལ་བ་མངྒ་ལངྐུ་ཏུ་བྷྲུཾ། དགེའོ། །དགེའོ། །དགེའོ། །

བླ་མའི་རྣལ་འབྱོར་བཤགས་སྨོན་དང་འབྲེལ་བ་རྨད་བྱུང་བདུད་རྩིའི་ཆུ་རྒྱུན།

༄༅། །བླ་མའི་རྣལ་འབྱོར་བཤགས་སྨོན་དང་འབྲེལ་བ་རྨད་བྱུང་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

༈ སྭཱ་སྟི། སྐྱབས་གནས་དཀོན་མཆོག་སྙིང་ནས་ཡོངས་སུ་བཟུང་། །མཁའ་ཁྱབ་འགྲོ་ལ་བྱང་ཆུབ་སེམས་མཆོག་བསྐྱེད། །བདག་ལུས་ཧེ་རུ་ཀ་ཡི་སྤྱི་བོ་རུ། །འཁོར་ལོའི་མགོན་པོ་དཔལ་ལྡན་རྡོ་རྗེ་འཆང་། །རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས། །དཀར་དམར་མདངས་ལྡན་རབ་ཏུ་བྱུང་བའི་ཆས། །དབུ་ལ་ཅོད་པཎ་པདྨ་ཁ་འབུས་བཅིངས། །རྡོར་དྲིལ་རྣམ་རོལ་ཕྱག་རྒྱས་ཐུགས་ཀར་འཛིན། །སྤྱི་བོར་རིག་བདག་རྡོ་རྗེ་སེམས་དཔའ་དང་། །ཐུགས་ཀར་བདེ་མཆོག་ཧེ་རུ་ཀ་དཔལ་བཞུགས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀུན། །འདུས་དཔལ་བདེ་བ་ཆེན་པོའི་ངོ་བོར་གསལ། །གནས་གསུམ་འབྲུ་གསུམ་འོད་ཀྱིས་མཁའ་ཁྱབ་ཀྱི། །རྒྱལ་བ་ཀུན་འདུས་བླ་མའི་ངོ་བོར་མཉམ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩ་བཅས། །སྙིང་ནས་དཔལ་ལྡན་བླ་མར་མཆོད་པར་འབུལ། །བདག་ནི་འདི་ནས་བྱང་ཆེན་སྙིང་པོའི་བར། །ཅི་མཛད་ཁྱེད་ཤེས་བླ་མར་གསོལ་བ་འདེབས། །ཐོག་མེད་ནས་བསགས་སྡིག་ལྟུང་དྲི་མ་ཀུན། །མཐོལ་ཞིང་བཤགས་ན་དག་ཚངས་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་ས་ཏྭ་ས་མ་ཡ་ཞེས་པ་ནས་བཛྲ་གུ་རུ་ཏྭེ་ནོ་པ་ཞེས་གུ་རུ་བཛྲི་བྷ་ཝ་ས་མ་ཡ་ས་ཏྭ་ཨ་ཧཱུྃ་ཕཊ། ཞེས་བསྒྱུར་བའི་རྡོ་སེམས་ཡིག་བརྒྱ་ཅི་ནུས་བཟླ། མགོན་པོ་དུས་གསུམ་རྒྱལ་ཀུན་འབྱུང་བའི་གནས། །མགོན་པོ་དུས་གསུམ་རྒྱལ་ཀུན་འཕྲིན་ལས་པ། །མགོན་པོ་དུས་གསུམ་འགྲོ་བའི་དོན་མཛད་པ། །མགོན་པོ་དུས་གསུམ་སངས་རྒྱས་ངོ་བོར་འདུད། །རྒྱལ་ཀུན་འདུས་པ་བླ་མ་བདག་ལ་དགོངས། །བདག་ནི་འཁོར་བ་ཐོག་མ་མེད་པ་ནས། །ལས་ཉོན་དྲ་བ་མཐུག་པོས་རྟག་ཏུ་བཅིངས། །མི་ཤེས་རྨོངས་པའི་བྱིས་པ་ཉིད་དུ་གྱུར། །དེས་ན་བདག་གི་སོ་ཐར་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་རྣམས། །ཕམ་ལྟུང་ཉེས་བྱས་ཁྱད་གསོད་ཉོན་མོངས་དབང་། །བག་མེད་འགལ་ལ་སྙིང་ནས་གནོང་འགྱོད་ཀྱི། །སྒྲིབ་མེད་མཁྱེན་སྤྱན་གྱིས་གཟིགས་ཐུགས་རྗེ་ཡིས། །ཕྱག་བརྐྱང་བདག་གི་སྤྱི་བོར་གནས་གཟུང་སྟེ། །མཐའ་མེད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་མཛོད། །ཉོན་མོངས་ཤུགས་དྲག་མེ་ཆེན་འབར་བ་ཡི། །ཐར་པ་མཆོག་གི་ས་བོན་བསྲེགས་ལ་ཉེ། །ཀྱེ་མ་ཀྱེ་ཧུད་མགོན་པོ་ཐུགས་རྗེ་ཅན། །བརྩེ་བའི་ཆུ་རྒྱུན་སྦྲེང་བར་མི་འཚལ་ལམ། །སྔོན་བསགས་བསོད་ནམས་ཞུན་མ་ཕྲ་མོ་ཞིག །རྙེད་ནས་ཐར་པའི་བཤུལ་ལམ་མཚོན་སྙམ་ཡང་། །ལས་ཀྱི་ཤུགས་དྲག་རླུང་གི་རྣལ་ཉེ་ན། །ཐུགས་རྗེ་འོད་སྟོང་བདག་ལ་ཅིས་མི་བསྐྱེད། །འཁོར་བ་གཏིང་ཟབ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་འདོད་དལ་འབྱོར་གྲུ་ལ་དགེ་བའི་བཤེས། །དེད་དཔོན་བསྟེན་ཡང་བདག་ཉིད་ཉོན་མོངས་པས། །གང་དེར་གཟོ་བའི་བྱ་བ་མ་བགྱིད་པས། །འཇིགས་རུང་དུཿཁ་ཆུ་སྲིན་གྱིས་གང་དབུས། །དེད་དཔོན་མཆོག་གི་ཐུགས་རྗེས་མ་བཟུང་ན། །དོན་ཉམས་ཚོང་ཕྲུག་གར་འགྲོ་ལྟོས་མེད་ཀྱི། །མགོན་པོ་ཐུགས་རྗེ་ཆེན་པོས་ཡོངས་བཟུང་འཚལ། །རྒྱལ་ཀུན་ཐུགས་རྗེ་འདུས་པའི་རང་གཟུགས་ཉིད། །དཔལ་ལྡན་རྡོ་རྗེ་སེམས་དངོས་བླ་མ་སྟེ། །མཐའ་མེད་འཁོར་བར་འཁྱམས་པའི་བྱིས་པ་ལ། །ཐུགས་རྗེ་བརྩེ་བ་ཆེན་པོས་མ་བཟུང་ན། །རང་ལམ་བདེ་བར་བགྲོད་པའི་འཕགས་པ་རྣམས། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་ཅི་ཞིག་འཚལ། །ཐ་མལ་འཇོལ་ཉོག་འདོད་ཆགས་དབང་གྱུར་ནས། །བསླབ་སྡོམ་ཚུལ་ཁྲིམས་འགལ་བའི་སློབ་བུ་ལ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་མི་བཟུང་ན། །བླ་མེད་རྗེས་སྣང་ཐབས་ཀྱི་ནུས་པ་ཐོབ། །ཉོན་མོངས་ལམ་ཁྱེར་ནུས་པའི་རྣལ་འབྱོར་ལ། །དམ་པ་རྣམས་ཀྱིས་གནང་ཡང་ཅི་ཞིག་འཚལ། །དེས་ན་བདག་བློ་ཉོན་མོངས་དྲུག་པོ་ཡིས། །ཚངས་པར་སྤྱོད་པའི་ཡིད་འོང་སྐྱེད་ཚལ་ནས། །བག་མེད་ཁྱིམ་ཐབ་མི་གཙང་འདབ་རྫབ་སུ། །འཁྱམས་ལ་སྙིང་ནས་འགྱོད་པས་མཐོལ་བཤགས་ན། །ཐུགས་རྗེ་བརྩེ་བ་ཆེན་པོས་ཉེས་མེད་དུ། །དབུགས་དབྱུང་སྐད་ཅིག་དུས་འདིར་བསྩལ་ནས་ཀྱང་། །སྒྲིབ་མེད་དག་གཙང་རྒྱལ་བའི་དཀྱིལ་འཁོར་དུ། །ད་ལྟ་ཉིད་དུ་འཁོད་པར་མཛད་དུ་གསོལ། །མདོར་ན་བདག་གི་སྒོ་གསུམ་ཆོས་བཞིན་དུ། །སྤྱོད་པར་མ་བྱེད་པ་ལ་དཔལ་མགོན་མཆོག །བླ་མའི་ཐུགས་དང་འགལ་བས་གནོངས་པ་སྟེ། །གནོངས་པ་གནོད་པའི་ལས་ལ་ངོས་བཟུང་ནས། །འདི་ནས་ཇི་སྲིད་འཚོ་ཡི་བར་དག་ཏུ། །ཉིན་མཚན་ཐུན་དྲུག་སྐབས་སུ་བཤགས་ཚིག་དང་། །བླ་མ་དགྱེས་ཕྱིར་སྒོ་གསུམ་དགེ་བའི་ལས། །ཅི་ནུས་འབད་པའང་བླ་མ་ཆོས་ཕྱིར་ཏེ། །དེ་ན་མགོན་པོ་ཁྱེད་ཀྱི་དགྱེས་པའི་ཞལ། །སྟོན་ཟླ་གང་བ་ལྟ་བུས་བདག་ལ་གཟིགས། །སྤོས་ཀྱི་གླང་པོའི་སྣ་བཞིན་ལེགས་པའི་ཕྱག །བདག་གི་སྤྱི་བོར་ཞོག་ཅིག་དཔལ་མགོན་རྗེ། །རང་གི་ལས་ཀྱི་རྒྱུ་བའི་དབང་ཉིད་ཀྱིས། །བླ་མེད་ཆོས་ཀྱི་རྒྱལ་སར་མངའ་གསོལ་ཡང་། །ཉོན་དབང་སྲིད་པ་མུ་ཏོའི་གྲལ་དུ་ཚུད། །རང་གི་ལས་ལ་རང་གི་ཡི་མུག་ལྡང་། །ཀྱེ་ཧོ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཉོན་མོངས་ཅན་དང་སྡུག་བསྔལ་ལྡང་བ་ལ། །ལྷག་པར་བྱམས་ཤིང་བརྩེ་བར་མཛད་ལགས་ན། །བདག་ལ་ཐུགས་བརྩེ་མི་མཛད་ཅི་ཞིག་གུ །དེས་ན་དཔལ་ལྡན་བླ་མའི་ཐུགས་རྗེ་ཡི། །ལྕགས་ཀྱུས་བདག་སྙིང་དབུས་ནས་དུས་ནམ་ཡང་། །འབྲལ་བ་མེད་པར་ཡོངས་སུ་རབ་བཟུང་ནས། །མགོན་པོ་ཁྱེད་ཐུགས་ད་རེས་འདྲེན་པར་ཤོག །སྐྱབས་གཅིག་བླ་མའི་སྐུ་གསུང་ཐུགས་ཉིད་དང་། །བདག་གི་སྒོ་གསུམ་དབྱེར་མེད་གཅིག་འདྲེས་ནས། །མཁའ་མཉམ་སེམས་ཅན་མ་ལུས་མཐའ་དག་ཀུན། །འདྲེན་པའི་དེད་དཔོན་བདག་གིས་བྱེད་པར་ཤོག །ཁྱད་པར་དམ་ཆོས་འདུལ་བའི་བསྟན་པ་ལ། །མི་གཙང་སྤྱོད་པའི་ཁྲིམས་ཉམས་རྨ་འབྱིན་པའི། །སེམས་ཅན་ཅི་ཙམ་ཡོད་པ་དེ་ཀུན་ཡང་། །བདག་གི་མིང་ཐོས་མོད་ལ་སྡིག་པ་དག །སྒྲིབ་མེད་ཚངས་པར་མཚུངས་པར་སྤྱོད་གྱུར་ཅིག །བླ་མེད་ཟབ་གསལ་བདེ་བ་ཆེན་པོའི་ལམ། །རྨད་བྱུང་དོན་དམ་ཚུལ་ཁྲིམས་དབང་ཕྱུག་ལ། །ཡོངས་སུ་འགོད་པའི་བྱེད་པོར་བདག་གྱུར་ཤོག །བདག་གི་ཉོན་མོངས་ཡུལ་གྱུར་འགྲོ་ཀུན་ཡང་། །སྡིག་ཟད་དགེ་བསྒྲུབ་ལེགས་པའི་ཡོན་ཏན་འཕེལ། །ཀུན་ཀྱང་ཐར་མཆོག་ལམ་ལ་གེགས་མེད་ཞུགས། །མི་ལྡོག་བཟོད་པའི་ས་མཆོག་ཡོངས་བརྙེས་ཤོག །བདག་གི་དུས་གསུམ་དགེ་བསགས་མ་ལུས་ཀུན། །བླ་མའི་དགྱེས་བསྐང་འབྲེལ་བཅས་འགྲོ་བའི་དོན། །ཡོངས་སུ་བསྔོས་མཐུས་སངས་རྒྱས་མི་འཁྲུགས་པ། །ཇི་བཞིན་དེ་ཉིད་རིང་མིན་མྱུར་ཐོབ་ཤོག །མཐོལ་ཞིང་བཤགས་པས་སྡིག་ལྟུང་ཉེས་སྒྲིབ་ཀུན། །བྱང་ཞིང་དག་པས་དཔལ་ལྡན་བླ་མ་དགྱེས། །ཟླ་མ་ཞུ་ལྟར་བདག་གི་སྤྱི་བོར་ཐིམ། །སྙིང་ཁར་བྱོན་ནས་བདག་དང་དབྱེར་མེད་ཅིག །དུས་གསུམ་སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས། །རང་རིག་འདི་ཀ་ལས་གཞན་སངས་རྒྱས་མེད། །དེས་ན་སངས་རྒྱས་ཅི་འདྲའི་འཕྲིན་ལས་ཀུན། །མང་འདུས་བདག་གི་མྱུར་བ་ཉིད་འགྲུབ་ཤོག །བདག་གི་བཟང་འབྲེལ་ཆགས་པའི་ཡུལ་གྱུར་དང་། །ཁྲོ་འཁྲུག་སྡང་ཡུལ་རྩུབ་མོས་མནར་བྱེད་པ། །ཀུན་ཀྱང་ཕྱམས་གཅིག་བྱང་ཆུབ་ཆེན་པོ་ཡི། །ལམ་གྱི་རྒྱུ་རུ་ངེས་པར་འགྲོ་བར་ཤོག །

ཞེས་བླ་མའི་རྣལ་འབྱོར་བཤགས་སྨོན་དང་སྦྲགས་པ་འདི་ནི་བོད་ཡུལ་སྟོད་མངའ་རིས་ཏི་སེ་ནུབ་ཕྱོགས་ཀླུང་སེང་གེ་ཁ་འབབ་ཀྱི་ངོགས་མང་ཡུལ་ལྗོངས་ཀྱི་མི་ཡི་བདག་པོ་ལུགས་གཉིས་ཀྱིས་མངོན་པར་མཐོ་བའི་གོ་འཕང་ཅན་ཧེ་མི་སྤྲུལ་པའི་སྐུ་མི་ཕམ་འཇམ་དཔལ་མཐུ་སྟོབས་རྡོ་རྗེ་གང་གི་གསུང་གིས་ཡང་ནས་ཡང་དུ་བསྐུལ་བའི་ངོར་དཔལ་གདོང་ཆུ་བྱ་ཟླ་བའི་ཚེས་དཀར་མཆོག་གི་བཟང་པོ་གཉིས་པའི་སྔ་ཐུན་སྐབས་མ་ཡུལ་ས་ཡི་ཐིག་ལེ་ཤེལ་གྱི་སྐྱེད་མོས་ཚལ་དུ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །དགེའོ། །བཀྲ་ཤིས། །

རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན།

༄༅། །རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན་ཞེས་བྱ་བ་བཞུགས་སོ། །

༈ རྒྱལ་བ་ཀུན་གྱི་ཡེ་ཤེས་སྙིང་པོའི་གར། །བདེ་ཆེན་གཉུག་མའི་རང་མདངས་བླ་མའི་སྐུར། །ཡོངས་བཞེངས་ཁྱབ་བདག་བླ་མ་མཆོག་དེ་ལ། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ཞིང་། །ཁྱེད་ལ་གསོལ་བ་འདེབས་པའི་ཆོ་ག་ནི། །མཆོག་ཀུན་འདུས་པའི་སྙིང་པོར་ཡོངས་བསྒྲུབ་ནས། །གནས་ལུགས་གཤིས་ཀྱི་གཏེར་མཆོག་མངོན་འཆར་བྱེད། །མོས་གུས་རྣལ་འབྱོར་ལམ་མཆོག་འདི་སྟོན་བྱ། །དེ་ཡང་གནས་གཙང་དབེན་ཡིད་དང་མཐུན་པར། །དུས་བཟང་པོ་སྤྱི་དང་ཁྱད་པར་དམར་ཕྱོགས་ཚེས་བཅུ་སོགས་གནས་སྐབས་ནམ་ཡང་རུང་ལ། རྟེན་དམ་ཚིག་བྲིས་སྐུའམ་དབུ་ལོ་གདུང་རུས་སོགས་དང་མེད་ཀྱང་ཡིད་ཀྱི་མོས་པས་ཀྱང་ཡོངས་ཤིང་མདུན་དུ་གཏོར་ཚོགས་སྤྱི་དང་མཆོད་པ་ལེགས་པར་བཤམས་ནས་རང་ཉིད་གདན་ལ་བདེ་བར་འདུག དེ་ནས་བདག་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀ་ཡི་སྐུར་གྱུར་པས་བསམ། སྔོན་གཏེར་རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ས་བྱིན་གྱིས་བརླབས་ནས། ཕེཾཿདང་འབར་བའི་ཕྱག་རྒྱས་གཏོར་མགྲོན་རྣམས་བཀུག་ཨ་ཀ་རོས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །གསང་སྤྱོད་དོན་དུ་ས་ཕྱོགས་འདིར། །བདག་ཞུ་ཁྱེད་ཀྱི་སྩལ་དུ་གསོལ། །ཞེས་དང་། མགོན་མཛེས་སྔགས་ཐུན་སྤོས་རོལ་གྱིས་བྲབ་ཅིང་། ཁྲོ་སྤྲིན་མེ་མཚོན་དང་བཅས་པས་བགེགས་ཐམས་ཅད་སྡུག་བསྐྲད་བརླག་པར་བྱས་ཚུར་འདུས་པ་ལས་ཁྲོ་བོ་རོལ་པའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་མཚམས་ཐམས་ཅད་བཅིངས་ཏེ་ཅིས་ཀྱང་མི་ཤིག་པར་བསྲུངས་པའི་འཁོར་ལོས་ཁྱབ་པར་བསམ་མོ། །དེ་ནས་མ་གྱུར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་ཟབ་མོའི་རྣལ་འབྱོར་ལ་འཇུག་འདོད་ཀྱི་ལྷག་བསམ་བཟང་པོས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ་སྐྱབས་ཞུ་བ་ནི་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ། ཨོཾ་ཨཱཿཧཱུྃ ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །གཞན་དོན་བླ་མ་བསྒོམ་པར་བྱ། །ཞེས་སྐྱབས་སེམས་ལན་གསུམ་དང་། མཆོད་རྫས་བྱིན་གྱིས་བརླབས་པ་ནི། བདག་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་སྦྱངས། །རྣམ་ཀུན་མཆོག་ལྡན་སྟོང་པའི་སྒྱུ་འཕྲུལ་ལས། །རང་བྱུང་ཕྱི་ནང་མཆོད་པའི་ཕུང་པོ་ནི། །ཟག་མེད་འོད་ཡོན་ཅིར་ཡང་འཆར་བ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་མ་ཧཱ་པུ་ཛ་སརྦ་ས་མ་ཡ་ཨཱཿཧཱུྃ། ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལོ། དེ་ནས་དངོས་གཞི་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་དམིགས་མེད་སྟོང་པའི་གཤིས་དབྱིངས་ལས། །ཀུན་སྣང་སྙིང་རྗེ་ཟུང་འཇུག་རིག་པའི་དངོས། །སྐད་ཅིག་རང་མདངས་སྣང་དག་ལྷ་སྐུ་པད། །རང་ཉིད་ཐུགས་གསང་འདུས་པ་ཞལ་གསུམ་མཛེས། །གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་མཐིང་། །ཞལ་འཛུམ་སྤྱན་དགུ་མཆེ་གཙིགས་འོད་ཟེར་འབར། །ཕྱག་དྲུག་དང་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །ལྷག་མས་འཁོར་ལོ་རིན་ཆེན་པད་རལ་འཛིན། །རྡོར་དྲིལ་ཞི་ཚུལ་ལོངས་སྐུ་རྒྱན་ཆ་རྫོགས། །རང་འོད་ཡུམ་སྦྱོར་སེང་ཁྲི་པད་ཟླར་བཞུགས། །མདུན་མཁའ་དག་ཅིང་འོད་གསལ་གཞལ་མེད་དབུས། །རྒྱལ་ཀུན་སྤྱི་གཟུགས་འགྲོ་འདྲེན་སྤྲུལ་པའི་སྐུ། །རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ནི། །འགྱུར་མེད་ཀློང་གྲོལ་ཡེ་ཤེས་ཀུན་གྱི་བདག །གདུལ་རོལ་གཟུགས་སྣང་དར་ཡོལ་བགྲེས་ཉམས་འདྲེས། །ཤ་རྒྱས་དཀར་དམར་སྣུམ་མདངས་དྲི་ཞིམ་འཕྲོ། །ཞལ་རྒྱན་དཀར་ནག་སེ་བོ་ཐུགས་ཀར་སླེབས། །དབུ་རལ་སྦོམ་ལེབ་གཉིས་ཀྱི་སྐུ་དཔུང་ནེན། །པདྨའི་མདངས་འཕྲོག་གངས་ཞུ་རྩེ་ཟླུམ་གསོལ། །སྤྱན་ཟླུམ་ཞལ་འཛུམ་བག་དྲོ་གཟི་བྱིན་འབར། །ཕྱག་གཡས་རིན་ཆེན་འཕྲེང་བ་ངོམ་སྟབས་འཛིན། །སྙན་གྱི་ཐད་ཀར་རབ་རྒྱས་པད་དཀར་གྱི། །ཡུ་བ་ཕྱག་གཡོན་དག་གི་ཐུགས་ཀར་བཟུང་། །སེམས་པའི་དཀྱིལ་ཀྲུང་རས་དཀར་སྨད་གཡོགས་དང་། །རས་དཀར་མུ་རན་དར་དམར་བླ་གོས་གསོལ། །དམར་སེར་སྒོམ་ཐག་ཚད་ལྡན་འགུལ་དུ་འཆང་། །པད་དཀར་ཟླ་བའི་གདན་ལ་ཞི་ཚུལ་བཞུགས། །སྐུ་མཐར་རྒྱུད་གསུམ་རིག་འཛིན་བླ་མ་དང་། །ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་ཆུབ་སེམས། །མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྲིན་དུ་འཁྲིགས། །ཐུགས་དབུས་འོད་ཀློང་བདེ་གཤེགས་ཀུན་འདུས་ཀྱི། །ལྷ་ཚོགས་མ་འདྲེས་ཡེ་ཤེས་སེམས་ཚུལ་བཞུགས། །སྤྱི་བོར་རིགས་བདག་པད་འབྱུང་གཏེར་བདག་གླིང་། །ལྟེ་བར་གསང་བ་ཡེ་ཤེས་ཚོགས་བཅས་གསལ། །དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿ་དམར་ཐུགས་ཀར་ཧཱུྃ་སྔོན་པོ། །རྒྱལ་བ་རྡོ་རྗེ་གསུམ་གྱི་ངོ་བོ་གྱུར། །ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཀུན། །ཆོས་སྐུ་འགྱུར་མེད་ངང་ལས་གཟུགས་སྐུའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར། །སྤོས་རོལ་བཅས་ཏེ་ཨོཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་འཁྱིལ་ལི་ལི། །སྐུ་དང་ཐིག་ལེ་ཤིག་སེ་ཤིག །འཁོར་དུ་ཡི་དམ་ལྷ་ཚོགས་དང་། །དཔལ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །བསྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མ་ཛཱ་ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་ལྟར་གཤེགས་ནས་ཀྱང་། །མདུན་གྱི་ཚོགས་ཞིང་ལ་ཐིམ་པས། །གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས། །དེ་ནས་ཕྱག་མཆོད་ཀྱི་ཚོགས་བསག་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་དང་སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་པར་གྱུར་ཏེ། ཕྱག་དང་མཆོད་པའི་ལས་ལ་འཇུག་པར་མོས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་མཆོག །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མཁའ་ལྟར་ཁྱབ་པའི་རྩ་གསུམ་དཀྱིལ་འཁོར་ལ། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་གྲངས་མེད་རབ་སྤྲུལ་ནས། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། དེ་ནས་མཆོད་པ་ནི། ཨོཾ་དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་འགྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡི་འབུལ་བར་བགྱི། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་མཆོད་ཡོན་ཞབས་བསིལ་ནས་རོལ་མོའི་བར་དང་། ཨརྒྷཾ་གནས་སུ་ཤཔྟའི་བར་བཅུག་པས་མཆོད། ཚུལ་ཁྲིམས་ལྟེ་བ་ལ་སྟེན་པས། །རྣམ་འབྱེད་ཤེས་རབ་རྩིབས་རྣོ་ཞིང་། །ཏིང་འཛིན་མུ་ཁྱུད་ཀྱིས་བསྐོར་བའི། །འཁོར་ལོ་རིན་ཆེན་དབུལ་བར་བགྱི། །ཙཀྲ་རཏྣ་བཛྲ་སུ་ཛི་ཏེ་ཨཿཧཱུྃ། བསོད་ནམས་རྒྱ་མཚོ་ལས་ཐོན་ཞིང་། །བློ་ཡི་མུན་སྟུག་རབ་གསལ་ནས། །དགོས་འདོད་ཀུན་འབྱུང་དད་པ་ཡི། །ནོར་བུ་རིན་ཆེན་དབུལ་བར་བགྱི། །མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། །རང་བཞིན་གཉུག་མའི་ཡེ་ཤེས་སྐུ། །གཞོམ་མེད་གཟུགས་སྒྲ་རེག་བྱས་འཁྱུད། །མི་འགྱུར་བདེ་ཆེན་བསྐྱེད་མཛད་པའི། །བཙུན་མོ་རིན་ཆེན་དབུལ་བར་བགྱི། །སཏྲི་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། བླ་མ་མཆོག་གསུམ་རྗེ་བོར་གུས། །རྣམ་དག་དགེ་བཅུའི་ཆབ་སྲིད་བསྐྱང་། །དྲན་ཤེས་བག་ཡོད་ནོར་གྱིས་ཕྱུག །བློན་པོ་རིན་ཆེན་དབུལ་བར་བགྱི། །པུ་རུ་ཁ་རཏྣ་བཛྲ་པཱུ་ཛི་ཏེ་ཧཱུྃ། མང་ཐོས་པདྨའི་མཚོ་ལ་རོལ། །བདག་མེད་རྟོགས་པའི་ལུས་སྟོབས་རྒྱས། །མཚན་འཛིན་རྟོགས་པ་འཇོམས་བྱེད་པའི། །གླང་པོ་རིན་ཆེན་དབུལ་བར་བགྱི། །ཧ་རི་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། དབང་བཞི་ལུས་མཛེས་བཅོ་བརྒྱད་ཀྱི། །གྲོལ་ལམ་མགྱོགས་པའི་འགྲོས་བཟང་པོས། །འདོད་དོན་མྱུར་དུ་འགྲུབ་བྱེད་པའི། །རྟ་མཆོག་རིན་ཆེན་དབུལ་བར་བགྱི། །ཨ་ཤྲ་བ་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། གང་ཤར་ངོས་ལ་གཅེར་ལྟ་ཡི། །ཤེས་རབ་རིག་པའི་མཚོན་རྣོན་པོས། །རྣམ་རྟོག་དགྲ་ལས་རྒྱལ་བྱེད་པའི། །དམག་དཔོན་རིན་ཆེན་དབུལ་བར་བགྱི། །ཁཊྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དགའ་བཞི་བཅུ་དྲུག་ཉམས་རྒྱས་པས། །རྡོ་རྗེ་རིག་མ་བཅུ་དྲུག་དང་། །གསང་བ་ཕྱག་རྒྱ་བཞིའི་སྦྱོར་བ། །ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོཿ གཙང་རྨེའི་རྟོག་བྲལ་བདུད་རྩིའི་སྨན། །ཉོན་མོངས་ཆགས་མེད་རཀྟའི་མཚོ། །བཟའ་བཅའ་བཏུང་བའི་འདོན་ཡོན་རྫས། །འཁོར་གསུམ་དམིགས་མེད་ཉིད་དུ་འབུལ། །ཨ་མྲྀ་ཏ་རཀྟ་བ་ལིང་ཏ་པཱུ་ཛ་ཧོཿ དེ་ལས་གཞན་ཡང་མཆོད་པའི་ཚོགས། །དཔག་མེད་ཞིང་ན་གང་མཆིས་པ། །དེ་ཀུན་བློ་ཡི་བླང་ནས་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །སརྦ་མ་ཧཱ་པཱུ་ཛ་ཧོ། དེ་ནས་ཡན་ལག་བཅུ་འབུལ་ཞིང་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་ཡི་རང་ཞིང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་གསོལ། །རྫོགས་པའི་བྱང་ཆུབ་འགྲུབ་པར་ཤོག །ཞེས་ལན་གསུམ། གསོལ་བ་འདེབས་པ་ནི། ཨོཾ་སྐྱེ་འཆི་མེད་སྐུ་གསལ་ལ་དྭངས། །རྡོ་རྗེ་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །སྐུ་ཡི་རྡོ་རྗེ་བདག་འགྲུབ་ཤོག །ཨཱཿའགག་མེད་གསུང་དབྱངས་ཆོས་ཀྱི་སྒྲ། །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེ་བདག་གྲུབ་ཤོག །ཧཱུྃཿ ཀ་དག་བདེ་ཆེན་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་པར་འཁྱོལ་བར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེ་བདག་འགྲུབ་ཤོག །བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བའི་སྐྱབས་མེད་བདག་ལ་སྐྱབས། །ཉོན་མོངས་མེ་ཡིས་གདུང་བ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །རྡོས་བཅས་ཤ་ཁྲག་ལུས་རྣམས་ཀུན། །རང་རྟེན་འོད་ཀྱི་རང་བཞིན་དུ། །ལྷག་མེད་མྱ་ངན་འདའ་ཐོབ་ཤོག །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རརེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་དད་གུས་ཀྱི་སྤུ་གཡོ་མཆི་མ་འཁྲུགས་པས་གསོལ་བ་དྲག་ཏུ་བཏབ་པས་བྱིན་རླབས་ཚན་ཁ་དམན་འབྱིང་རབ་ཀྱི་རྣམ་པར་སྐྱེ་བ་སྟེ། སྩོལ་མེད་ཀྱི་མོས་གུས་སྐྱེ་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་བྱེད། གར་གཏད་དུ་དམིགས་པ་བརྟན་ནས་བསྐྱེད་རིམ་དང་མཆོག་གི་གཞི་གནས་བརྟན་ཐོབ། རང་བྱུང་གི་ཡེ་ཤེས་ལྷག་མཐོང་རང་ཞལ་མཇལ་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་བ་སྟེ། གང་རུང་མ་སྐྱེས་བར་དུ་གསོལ་བ་འདེབས་པ་ལ་བརྩོན་ནོ། །བླ་མའི་སྐུ་ལས་འོད་ཟེར་བྱེ་བའི་རྒྱུན། །དཀར་གསལ་འཕྲོས་པས་རང་ལུས་ཡོངས་སུ་གང་། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེ་ཆེར་གསོལ། །དེ་ཡི་ངང་ལས་ཁྱད་པར་སྔགས་ཀྱི་སྒྲ། །བུང་བ་ཚང་ཞིག་ལྟར་གྲགས་སྣང་སྲིད་ཀུན། །མེར་ཁྲོམ་འུར་འུར་རབ་ཏུ་གཡོས་པར་གྱུར། །འགྲོ་ཀུན་སྒོ་གསུམ་ཡེ་ཤེས་འཁོར་ལོས་རྒྱས། །ཁྱད་པར་བླ་མ་དམ་ཚིག་སེམས་དཔའ་ཡི། །སྙིང་གར་ཡེ་ཤེས་བདེ་གཤེགས་ཀུན་འདུས་སྐུ། །གར་དབང་སྤྱན་རས་གཟིས་ཀྱི་ཐུགས་དབུས་སུ། །ཏིང་འཛིན་ཨུཏྤལ་ལ་དམར་པོ་ཉི་མའི་སྟེང་། །ཧྲཱི༔་ལྟར་མཚན་སྔགས་སྙིང་པོ་རང་སྒྲ་ལྡིར། །འཕྲོ་འདུས་དོན་གཉིས་བྱས་མཐར་སྣོད་བཅུད་ཀུན། །བདེ་ཆེན་བླ་མེད་རྡོ་རྗེ་གསུམ་དུ་གྱུར། །ཨོཾ་བཛྲ་གུ་རུ་ཨརྱ་པ་ལོ་ལ་ཀྵ་ར་ཨཏྨ་ཀོ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཅི་ནུས་ཟླས་མཐར་དབང་བླང་བ་ནི། བླ་མའི་སྐུ་ཡི་གནས་གསུམ་ཡི་གེ་ལས། །དཀར་དམར་མཐིང་གི་འོད་ཟེར་རིམ་ཅིག་ཆར། །བྱུང་བས་རང་གི་སྤྱི་མགྲིན་སྙིང་ཁར་ཐིམ། །ལུས་ངག་ཡིད་དང་སྣང་གསུམ་སྒྲིབ་པ་སྦྱངས། །ཨོཾ་ཨཱཿཧཱུྃ་ཞེས་པས་དབང་བཞི་བླང་ངོ་། །མཐར་ཚོགས་མཆོད་སྤྲོ་ན་རྫས་རྣམས་ལ་བདུད་རྩི་གཏོར་ཏེ། རང་ཉིད་ཐུགས་གསང་འདུས་པའི་ཐུགས་ཀ་ནས། རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆར་གྱུར་པས། །དངོས་འཛིན་ཉེས་སྐྱོན་ཐམས་ཅད་སྲེགས་གཏོར་བཀྲུས། །རླུང་མེ་ཐོད་པའི་སྒྱིད་བུར་ཨ་ཡིད་ལས། །བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང་། །ཤ་ལྔ་བདུད་རྩིར་ས་བོན་བཅུ་ཡི་མཚོན། །རླུང་གཡོ་མེ་སྦར་རྫས་ཁོལ་བླང་པ་ཡི། །འཁོར་ཟླས་བདུད་རྩིའི་དྭངས་མ་ཞུ་བའི་རྒྱུན། །འདྲེས་པས་ཟག་མེད་འདོད་ཡོན་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་མཁར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་བསྲུང་ཚོགས། །སྤྲིན་ཕུང་ཐིབ་པ་བཞིན་དུ་སྤྱན་དྲངས་ནས། །ཚོགས་ཞིང་རྣམས་དང་དབྱེར་མེད་བཞུགས་པར་གྱུར། །ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ཧཱུྃ་བཾ་ཧོ། དེ་ནས་ཕུད་ཆ་བཞིར་སྤྲོས་ལ། དང་པོ་མཆོད་པ་ནི་གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འདི༔ གུས་པའི་བློ་ཡི་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ན་ཙཀྲ་པཱུ་ཙ་ཁ་ཧི༔ བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་གྱིས༔ ཡིག་བརྒྱ་ཡང་བཟླས། ཐ་མ་བསྒྲལ་སྟོབ་ནི། ཆ་གསུམ་པའི་འདོད་ཡོན་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས། ནྲི་ཏྲི་བཛྲ་ཨངྐུ་ཤ་ཛ་ཛ༔ཧཱུྃ་བཾ་ཧོ་ས། བསྒྲལ་བྱ་བསྟིབ་ལ་ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱ། །མཱ་ར་ཡ་ཕཊཿ ཞེས་དང་མ་ཡེ་ཤེས་ཀྱི་འཁོར་ལོ་གནས་སྤོར། །སྙིགས་མ་དུམ་བུར་བཏུབ་ཅིང་བདུད་རྩིར་སྦར་ཏེ། མ་ཧཱ་མཾ་ས་རཀྵ་ཀོམ་ནི་རི་ཏི་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྟོབ་བོ། །དེ་ནས་རོལ་བ་ནི། རང་ལུས་ལྷར་གསལ་བའི་སྐུ་ལ་རྩ་སུམ་ལྷ་ཚོགས་ཏིལ་གྱི་གང་བུ་ལྟར་བཞུགས་པར་མོས་ལ་ཚོགས་རྫས་ལག་པའི་སྒང་བླུག་གི་ལྟེ་བའི་ཐབ་ཁུང་དུ་གཏུམ་མོའི་མེས་བསྲེགས་པའི་བདུད་རྩིའི་དྭངས་མས་ལུས་ཀྱི་ལྷ་ཚོགས་རྣམས་བརྙེས་ཤིང་ཚིམ་པར་མོས་ལ་ལོངས་སྤྱད་མཐར་ཙཎྜ་ལའི་སྤྱི་བོའི་ཧཾ་བཞུ་བའི་ཞུ་བདེའི་རང་གདངས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ཁོ་ན་ཉིད་ཀྱི་དབྱིངས་སུ་ལ་བཟླ་བར་བྱས་ལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡི། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཞེས་སྨོན་ལམ་བཏབ། ལྷག་མའི་ཏིང་ལྔར་ཕུད་ཆ་བཞི་པ་ཡང་བསྲེས་ལ། ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱི༔ དམ་ཚིག་གི་ཁ་ཕྲུ་བཏབ་པས་ལྷག་མའི་གཏོར་མ་འདོད་ཡོན་གྱིས་ཕུང་པོ་ཟས་མི་ཤེས་པར་བསམ་ལ། འབར་རྒྱ་དང་བཅས་ཏེ་ཕེམ་ཞེས་མགྲོན་དགུགས་ལ། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་བདུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་བསྒྲུབ་པ་མཛོད། །ཨོཾ་ཨུཙྪཎྚ་བ་ལིང་ཏ་ཁ་ཁ་ཁཱ་ཧི། ཞེས་ཕྱི་རོལ་དུ་འབུལ་ལོ། །ཐུན་བསྡུ་བ་ནི། བདག་གི་སྒོ་གསུམ་གྱིས་མཚོན་སྣང་སྲིད་ཀུན། །བླ་མའི་སྐུ་གསུང་ཐུགས་ཀྱི་ཀློང་དུ་འདུས། །དེ་ཉིད་ཆོས་སྐུ་སྐྱེ་མེད་དབྱིངས་ཐིམ་པས། །དམིགས་མེད་བསམ་བརྗོད་བྲལ་བའི་ངང་དུ་གནས། །དེ་ལས་སྣང་སྟོང་སྒྱུ་མའི་བསྐུར་མང་ནས། །ཅིར་སྣང་བླ་མའི་རོལ་པར་སད་པར་གྱུར། །འདི་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །རྒྱལ་བ་ཀུན་དངོས་རྗེ་བཙུན་བླ་མ་ཡི། །དུས་གསུམ་ཀུན་ཏུ་བརྩེ་བས་རྗེས་བཟུང་སྟེ། །འགྲོ་ཀུན་སྒྲོལ་ཕྱིར་གསང་ཆེན་རྡོ་རྗེའི་ལམ། །དཀའ་བ་མེད་པ་མྱུར་དུ་བགྲོད་པར་ཤོག །ཞེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་གསོལ་འདེབས་མན་ངག་ཆོ་ག་ནི། །བསྐལ་བཟང་མཆོག་གི་ལམ་བཟང་དགའ་སྟོན་ཤར། །རྒྱལ་བ་ཀུན་ལས་རྩ་བའི་བླ་མ་ཉིད། །བསྙན་ལྷག་རྒྱུད་སྡེ་ཀུན་ནས་ཡང་བཤད་ཅིང་། །མཆོག་གི་གཙོ་བོ་བླ་མ་ཉིད་ཡིན་ཅིང་། །བྱ་བ་གཞན་སྤངས་བླ་མ་གཅིག་པུ་མཆོད། །དེས་ནི་ངེས་གསང་སྙིང་པོའི་བདུད་རྩི་སྟེ། །སྐད་ཅིག་ཉིད་ལ་ཐོབ་པར་གདོན་མི་ཟ། །ལམ་བཟང་འདི་ཡི་དགེ་བས་འགྲོ་བ་ཀུན། །གདོད་ནས་མི་འགྱུར་གཞོམ་པ་མེད་པ་ཡི། །ཡེ་ཤེས་ཀློང་དུ་འཕྱམ་གཅིག་གྲིལ་གྱུར་ཏེ། །ཁམས་གསུམ་འཁོར་བའི་གཞི་རྩ་སྟོང་པར་ཤོག །ཅེས་བླ་མ་ལ་གསོལ་བ་འདེབས་པའི་ཆོ་ག་མཆོག་གི་གཏེར་སྦྱིན་བྱ་བ་འདི་ནི་རིག་འཛིན་འགྱུར་མེད་རྡོ་རྗེས་གཏེར་བདག་གླིང་པའི་ཐུགས་ཀྱི་སྲས་ཐུ་བོ་དམ་པ་གྲུབ་པའི་དབང་ཕྱུག་འགྱུར་མེད་ཀློང་གྲོལ་མཆོད་པའི་ཆོ་ག་ཞིག་དགོས་ཞེས་རྗེ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་ནོར་བུ་དཔལ་ལྡན་གཞོན་ནུ་ཐེག་མཆོག་ཡོངས་འདུ་དབང་པོའི་སྡེས་བཀའ་ནན་ཆེན་པོས་བསྐུལ་བས། གཞུང་རྣམས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དྷར་མ་ཤྲཱི་རི་མཛད་པའི་བླ་མས་མཆོད་པའི་ཆོ་ག་དེ་ཉིད་ཚད་མའི་གཞུང་ནས་བསྡུས་ཤིང་ཚིག་དོན་ཤིན་ཏུ་ལེགས་པར་མཐོང་བས་དེ་ཉིད་སླད་མེད་གཞིར་བཀོད་དེ་མངོན་རྟོགས་སོགས་ཚིག་བསྒྱུར་ཅུང་ཟད་སྦྱར་བ་སྟེ་མདོ་ཁམས་དབུས་འགྱུར་གྱི་ཆོས་སྨྲ་བ་ཚེ་དབང་ནོར་བུས་མང་ཡུལ་དཔལ་འབར་བདུད་རྩིའི་ཕུག་ཏུ་ས་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་ཉེར་གསུམ་གྱི་དུས་སྦྱོར་གཅིག་གི་ཚོད་ལ་གྲུབ་པར་བྲིས་པ་དགེའོ། །དགེའོ། །དགེའོ། །འདིའི་ལུང་ཡང་ཐོབ་པའི་བརྒྱུད་པ་ནི། དཔལ་རིག་འཛིན་ཆེན་པོ། ཤེས་འབྱུང་། ཨནནྡ། དེས་སོ། །

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ཐར་པའི་བདེ་ལམ།

༄༅། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ཐར་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་པདྨ་ཀ་རཱ་ཡ། དགེ་བའི་ལས་འཕྲོ་དང་ཟབ་ལམ་གྱི་སྐལ་པ་ལྡན་པ་དག་ཐོག་མར་སྔོན་འགྲོའི་རིམ་པ་ལ་འཇུག་པར་སྤྲོ་ན། འདི་ལ་གཉིས་སུ་ཤེར་པར་བྱ་སྟེ། རིམ་གཉིས་སྤྱིའི་སྔོན་འགྲོ་དང་། རྫོགས་ཆེན་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ཐུན་ཐམས་ཅད་ཀྱི་མགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་གསོལ་འདེབས་བྱ་བ་ནི། གནས་དབེན་པར་བདེ་བའི་གདན་ལ་ལུས་གནད་བསྲང་། རླུང་རོ་ལན་གསུམ་བསལ་བའི་ཚེ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་མོས་ལ། མདུན་མཁར་པད་ཉི་ཟླ་སྟེང་པད་འབྱུང་དང་། །བླ་མ་དབྱེར་མེད་རིག་འཛིན་འཇའ་ཚོན་སྙིང་། །པཎ་ཞུ་ཆོས་གོས་གསུམ་གསོལ་ཕྱག་གཉིས་ཀྱིས། །རྡོ་རྗེ་ཕུར་གདེངས་ཤངས་སྒོར་ཨ་དཀར་གསལ། །འཇའ་ཚོན་གཤོག་པར་ཁྲོ་བོ་ཁྲོ་མོ་སྤྲོ། །སྐྱིལ་མོ་ཀྲུང་བཞུགས་གནས་གསུམ་འབྲུ་གསུམ་མཚན། །ཡེ་ཤེས་འོད་ཟེར་རབ་འཕྲོས་བྱིན་བརླབས་གྱུར། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ༴ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་ལ་གསོལ་བ༴ བླ་མ་སྤྲུལ་པའི་སྐུ་ལ༴ སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩལ་དུ་གསོལ། ཞེས་ལན་གྲངས་ཅི་འགྲུབ་མཐར། ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་སོགས་རིག་འཛིན་ཉིད་ཀྱི་ཞལ་གསུང་གསོལ་འདེབས་འདིའང་དགོས་པ་དང་ཕན་ཡོན་མཆོག་ཏུ་ཆེ་བས་ལན་གཅིག་གམ་གསུམ་ལ་སོགས་པ་བརྗོད། དེ་ནས་སྐུའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་དེ། ཨོཾ་ཨཱཿཧཱུྃ། ཞེས་བཟླས་པའི་མཐར་དམིགས་མེད་དུ་བཞག་གོ །བྱེ་བྲག་རིམ་གཉིས་སྤྱིའི་སྔོན་འགྲོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་བློ་ཆོས་སུ་སྐུལ་བ་ལ་དལ་འབྱོར་རྙེད་དཀའ་བསམ་པ་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། །འཆི་བ་མི་རྟག་པ་བསམ་པ་ནི། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ལས་རྒྱུ་འབྲས་བསམ་པ་ནི། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །འཁོར་བའི་ཉེས་དམིགས་བསམ་པ་ནི། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཅེས་རྫོགས་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་སྟེ་འདོན་བསྒོམ་ནན་ཏན་དུ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི། དང་པོ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། དག་པའི་ཞིང་གི་མཁའ་ལ་འཇའ་སྤྲིན་གྱིས། །བཏགས་པའི་རིན་ཆེན་པད་བརྩེགས་རིམ་པ་གསུམ། །དབུས་ཀྱི་ཟེའུ་འབྲུར་སངས་རྒྱས་ཀུན་གྱི་དངོས། །བླ་མ་པད་འབྱུང་འོད་ཕུང་འཛུམ་བཅས་བཞུགས། །དེ་མཐར་པདྨའི་ས་གཞི་དང་པོ་ལ། །རྩ་བ་ཡན་ལག་བརྒྱུད་པའི་བླ་མས་བསྐོར། །གཉིས་པར་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །གསུམ་པར་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །དེ་རྒྱབ་ཕྱོགས་བཞིར་པད་སྡོང་རབ་རྒྱས་སྟེང་། །མདུན་དུ་ཤཱཀ་ཐུབ་ཕྱོགས་དུས་སངས་རྒྱས་བཅས། །གཡས་སུ་སྤྱན་རས་གཟིགས་དབང་བྱང་སེམས་ཚོགས། །རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ། །གཡོན་ཏུ་ཤཱ་རིའི་བུ་ལ་ཉན་རང་བསྐོར། །སྤྲིན་གསེབ་ལྷ་དང་ལྷ་མོས་མཆོས་རྫས་འབུལ། །དེ་མདུན་བདག་དང་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ། །ཞེས་གསོལ་བ་བཏབ་ལ། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ ཞེས་གྲངས་བསགས་ལ་མཐར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཀུན་བྱེད་རྒྱལ་པོ་བླ་མ་ཡིན། །དཀོན་མཆོག་རྩ་གསུམ་འདུས་པའི་གཙོ། །གུ་རུ་རཏྣར་སྐྱབས་སུ་མཆིའོ། །ཞེས་པའང་ཅི་ནུས་བརྗོད། འདིར་སྔོན་འགྲོ་བསགས་སྐབས་གོང་གི་ཚིག་རྐང་གཅིག་པོ་ཕྱག་རེ་རེ་དང་སྤུགས་ནས་ཕྱག་དང་སྐྱབས་འགྲོ་འབུམ་ཐེར་མཉམ་ཐོན་མཛད་པའི་ཕྱག་སྲོལ་ཡོད་དོ། །ཐུན་བསྡུ་བའི་ཚེ། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོ་བའི་སྒྲིབ་དག་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་བོར་འདུས། །དེ་ཡང་སྤྲོས་བྲལ་ཆོས་དབྱིངས་བརྗོད་མེད་དོ། །གཉིས་པ་ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་སེམས་བསྐྱེད་པ་ནི། མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཡི་ཕྱིར་དུ་ཟབ་ལམ་བླ་སྒྲུབ་ཀྱི། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །ཞེས་མོས་ལ། རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་གྲགས་གསོག །བར་སྐབས་རྣམས་སུ་དབུགས་ཕྱིར་འགྲོ་བ་དང་མཉམ་དུ་བདག་གི་དགེ་བའི་རྩ་བ་ཐམས་ཅད་འོད་ཟེར་ཟླ་ཞུན་ལྟ་བུར་སོང་ནས་སེམས་ཅན་ཐམས་ཅད་ལ་ཕོག་པས་བདེ་བ་ཆེན་པོ་དང་ལྡན། དབུགས་ཚུར་རྔུབས་པ་དང་ལྷན་ཅིག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ནག་འུབས་ཀྱིས་འདུས་ནས་བདག་ལ་ཐིམ། བདག་གིས་ལམ་ཟབ་མོ་ཡིད་ལ་བྱས་པའི་དེ་མ་ཐག་སང་གིས་དག་པར་བསམས་ཏེ་བཏང་ལེན་དམིགས་པ་ཅི་ནུས་བྱ་ཞིང་། ཚད་མེད་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པའང་ལན་གསུམ་ལ་སོགས་པ་བརྗོད་དོ། །གལ་ཏེ་རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུ་ན། སྐྱབས་སེམས་དམིགས་པ་གོང་སྨོས་སྦྲེལ། འདོན་བྱའང་སྐྱབས་འགྲོ་ཚིག་རྐང་གཅིག་དང་། སེམས་བསྐྱེད་ཚིག་རྐང་གསུམ་སྟེ་གཏེར་གཞུང་ཤླཽ་ཀ་གཅིག་སྦྲེལ་ནས་གྲངས་བསགས་པའི་མཐར། སྐྱབས་ཡུལ་བསྡུས་ནས་རྡོར་སེམས་ལ་འཇུག་པས་ཆོག་གོ །གསུམ་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ༔ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲཱི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་བཟླ། སྔོན་འགྲོ་ཆེད་དུ་བསགས་སྐབས་པད་དཀར་འདབ་མ་འབྲེལ་པ་ནམ་མཁའ་ཁེབས་པའི་འདབ་མ་རེ་རེའི་སྟེང་དུ་སེམས་སྔགས་འཁོར་བཅས་རེ་རེ། འོག་ཏུ་སེམས་ཅན་རེ་རེ་གནས་པ་དང་། ཐུགས་ཀའི་སྔགས་འོད་ཀྱིས་དོན་གཉིས་བྱས་ནས་བྱིན་རླབས་བསྡུས། བདུད་རྩི་འདེབས་སྦྱོང་སོགས་ཀྱི་དམིགས་པ་གཞུང་གསལ་ལྟར་ལ། མཐར་ཡང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བདག་གཞན་ཐམས་ཅད་ཀྱི་ཉེས་ལྟུང་བཤགས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའི་གནང་བ་སྩལ་བར་གྱུར། སྐུ་ཡི་འོད་ཀྱིས་བདག་སོགས་སྡིག་སྒྲིབ་དག །རྡོར་སེམས་སྐུར་གྱུར་སྤྱི་བོར་བླ་མར་ཐིམ། །ཀུན་ཀྱང་འོད་ཞུ་གཙོ་བོར་ཉིད་ལ་འདུས། །དེ་ཡང་མཐའ་ནས་དབུས་ཡལ་སྟོང་ཉིད་དོ། །རྒྱུན་ཁྱེར་སྐབས་སུ་དེ་དག་མི་དགོས་པས་ཡིག་བརྒྱ་བཟླས་པའི་འཕྲོས་སུ། རྡོར་སེམས་འོད་དུ་ཞུ་རང་ལ་བསྡུ། །ཞེས་པ་ཙམ་གྱིས་ཆོག་གོ །བཞི་པ་ཚོགས་མྱུར་དུ་རྫོགས་པ་མཎྜལ་འབུལ་བ་ལ། ཚོགས་ཞིང་གསལ་གདབ་པ་ནི། མདུན་གྱི་བར་སྣང་རིན་ཆེན་ས་གཞིའི་དབུས། །སེང་ཁྲི་པད་ཉི་ཟླ་སྟེང་པདྨ་འབྱུང་། །དེའི་སྟེང་སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །དེ་སྟེང་དང་པོའི་སངས་རྒྱས་འོད་མི་འགྱུར། །དགོངས་བརྡ་སྙན་ཁུངས་མཁའ་འགྲོ་གཏད་རྒྱ་དང་། །བཀའ་བབས་དབང་བསྐུར་རྟོགས་པ་དོན་གྱི་བརྒྱུད། །དཔའ་བོ་རྣལ་འབྱོར་མ་ཚོགས་རྒྱ་མཚོས་བསྐོར། །དེ་རྒྱབ་ཕྱོགས་བཞིར་སངས་རྒྱས་ཆོས་དགེ་འདུན། །ཡེ་ཤེས་ཆོས་སྲུང་ཐམས་ཅད་བཞུགས་པར་གྱུར། །ཞེས་མོས་ལ། ཐོག་མར་བསགས་སྦྱང་བྱ་བ་ནི། བདག་སོགས་འགྲོ་ཀུན་བྱ་བྱེད་སྤྱོད་ལམ་མཐུན་པས་ཡན་ལག་བདུན་པ་ཚུལ་བཞིན་བགྱིད་པར་བསམས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་བདུན་རྣམ་དག་གྲངས་ཅི་རིགས་བྱ། དེ་ནས་མཎྜལ་དངོས་ལ་སྤྱིར་འབུལ་བ་ན། ལག་ལེན་རྣམས་ཁྲིད་ཡིག་ལྟར་བྱས་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་རབ་ཅེས་སོགས་ཚོམ་བུ་སོ་བདུན་མ་ཡོངས་གྲགས་ལྟར་བཀོད་ཅིང་སོ་སོའི་དམིགས་པ་གསལ་བས་འབུལ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཤིང་ལ་སྤྱོད་པར་ཤོག །ཅེས་ལན་གྲངས་ཅི་ལྟར་རིགས་པས་མཆོད་རྩ་གསུམ་སྤྱིར་འབུལ། བྱེ་བྲག་བླ་མ་སྐུ་གསུམ་གྱི་མཎྜལ་ནི་རྫོགས་ཆེན་སྒོམ་པའི་སྔོན་འགྲོ་ལྟ་བུར་ཤེས་ཤིང་སྤྲོ་ན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆོས་སྡེ་བི་མ་ལའི་ཆོས་བརྗོད་དཔག་བསམ་རབ་རྒྱས་ལས་འགྱུར་བ་ལྟར་ཚིགས་བཅད་ལྷུག་རྣམས་ཀྱིས་ཅི་ནུས་སུ་ཕུལ་ན་འབྲེལ་ཆགས་ཤིང་ཤིན་ཏུ་ལེགས་ལ། འདིར་དཀྱུས་སུ་བསྟན་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ། །ཅེས་འབུལ། འབུམ་ཐེར་བསགས་སྐབས་གྲངས་ཀྱི་གཙོ་བོ་འདི་ལས་བྱུང་ངོ་། མཐར། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་ཀཾ་ནིཪྻ་ཏ་ཡཱ་མི། ཚོགས་ཞིང་རྣམས་ལས་འོད་འཕྲོས་འགྲོ་ཀུན་ལ། །ཕོག་པས་སྒྲིབ་བྱང་དག་པའི་ཞིང་དུ་གཤེགས། །སྐུ་གསུམ་འཁོར་བཅས་འོད་ཞུ་རང་ཉིད་ལ། །ཐིམ་པས་ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར། །གསུམ་པ་ཁྱད་པར་གྱི་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར། །བརྒྱུད་པའི་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །ཞེས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་དང་རྩ་གསུམ་སྤྱི་ཁྲོམ་ཚོགས་སུ་བཞུགས་པའི་གནས་གསུམ་འབྲུ་གསུམ་བཅས་གསལ་བཏབ་ལ། མོས་གུས་གདུང་ཤུགས་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ། ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། །ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཞིང་། །མཐའ་ཡས་འགྲོ་དོན་སྤྲུལ་པས་འདྲེན་པར་ཤོག །ཅེས་གསོལ་འདེབས་ཚིག་རྐང་དགུ་མ་འདི་ཉིད་གྲགས་གསོག །འབུམ་ཐེར་འཕྲལ་སོགས་དགོས་པ་ལྟ་བུས་མི་ནུས་ན། དེ་ཉིད་ཅི་འགྲུབ་དང་། སྣང་མཐའ་སྤྱན་གཟིགས་པད་འབྱུང་སྲོང་བཙན་སྒམ། །བཀའ་བརྒྱུད་གཙུག་རྒྱན་དྭགས་པོ་ལྷ་རྗེ་སོགས། །ཀུན་གྱི་རྣམ་འཕྲུལ་འཇའ་ཚོན་སྙིང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལ་གྲངས་བཟུང་ཡང་རུང་བ་སྟེ་སྔ་ཕྱི་གཉིས་ཀ་རིག་འཛིན་ཆེན་པོ་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཆེ་མཉམ་ཡིན་ནོ། །ཐུན་མཐར་ཟུར་དུ་གསལ་བའི་བརྒྱུད་འདེབས་རྒྱས་བསྡུས་རྣམས་ཀྱང་འདོན། རྒྱུན་ཁྱེར་ལྟ་བུར་འདི་ནས་དབང་ལེན་ལ་འཇུག་པས་ཆོ་ག་ལ་སྔོན་འགྲོ་བསགས་སྐབས་སོགས་སུ། མོས་གུས་སྟོབས་ཀྱིས་བརྒྱུད་པའི་བླ་མ་རྣམས། །འོད་ཞུ་རིམ་ཐིམ་རྩ་བའི་བླ་མ་ཉིད། །གཟི་བརྗིད་འོད་དུ་འབར་ཞིང་ཐུགས་རྗེ་ཆེས། །བདག་ལ་དགོངས་ཏེ་བྱིན་གྱིས་བརླབས་པར་གྱུར། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་རྣམས་ཀྱང་ཐོག་མར་གསོལ་འདེབས་ཀྱི་བསྙེན་པའི་དོན་དུ་འབུམ་ཐེར་ལ་སོགས་པའི་གྲངས་ཆ་མཉམ་དུ་གསག་གོ །མཐར་དབང་ལེན་པ་ནི། བླ་མ་གུ་རུ་ཡིད་བཞིན་ནོར་བུ་ཡི། །དཔྲལ་བའི་ཨོཾ་ལས་འོད་དཀར་སྐར་མདའ་ལྟར། །རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། །ལུས་ཀྱི་སྒྲིབ་དག་ས་བརྒྱད་མི་གཡོ་ནོན། །འབྲས་བུ་སྤྲུལ་སྐུ་འཐོབ་པའི་ས་བོན་བཞག །བསྐྱེད་རིམ་མ་ཧཱ་ཡོ་ག་བསྒོམ་ལ་དབང་། མགྲིན་པའི་ཨཱཿལས་འོད་དམར་མར་མེ་ལྟར། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་གི་སྒྲིབ་དག་ལེགས་པའི་བློ་གྲོས་ནོན། །འབྲས་བུ་ལོངས་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས། །ཨ་ནུའི་རྫོགས་རིམ་རང་བྱིན་བརླབ་ལ་དབང་། །ཐུགས་ཀའི་ཧཱུྃ་འོད་མཐིང་ག་སྤོས་དུད་ལྟར། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་ཀྱི་སྒྲིབ་དག་ས་བཅུ་ཆོས་སྤྲིན་ནོན། །འབྲས་བུ་ཆོས་སྐུ་འཐོབ་པའི་ནུས་པ་སྨིན། །ཨ་ཏི་དཀྱིལ་འཁོར་འཁོར་ལོ་བསྒོམ་ལ་དབང་། །གནས་ལྔའི་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟར། །གནས་ལྔར་ཐིམ་པས་ཡེ་ཤེས་དབང་ཆེན་ཐོབ། །སྒོ་གསུམ་སྒྲིབ་དག་བཅུ་གཅིག་ཀུན་འོང་ནོན། །ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་ཅན་བྱས། །རྩོལ་བྲལ་ཀ་དག་ལྷུན་གྲུབ་བསྒོམ་ལ་དབང་། །བླ་མ་ཚངས་བུག་ནས་བྱོན་སྙིང་དབུས་བཞུགས། །ཡེ་ཤེས་བདུད་རྩིའི་རྒྱུན་བབས་བདག་ལུས་གང་། །བདེ་ཆེན་འོད་ཞུ་བདག་གི་སྒོ་གསུམ་དང་། །གསང་བ་གསུམ་པོ་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་གུས་ཀྱི་རང་སོ་མ་ཉམས་པའི་བཟོ་མེད་ལྷུག་པའི་རང་ངོ་ཅི་གནས་སུ་བསྐྱངས་ལ་མཐར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་དང་། དགེ་བ་འདི་ཡིས༴ དཔལ་ལྡན་བླ་མ་སོགས་སོགས་བསྔོ་སྨོན་རྣམ་པར་དག་པར་བྱའོ། །གཉིས་པ་རྫོགས་ཆེན་སྒོས་ཀྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣམས་ནི་ཁྲིད་ཡིག་གི་དཀྱུས་ལྟར་ལ། ཁྱད་པར་བླ་མའི་རྣལ་འབྱོར་ནི། རང་ལུས་སྣང་སྟོང་འོད་ཀྱི་རང་བཞིན་ནང་། །རྩ་གསུམ་འཁོར་ལོ་ལྔ་པོ་སྒྲིབ་བྲལ་དབུས། །སྤྱི་བོར་བུདྡྷ་ཐོད་ཕྲེང་ཡབ་ཡུམ་དཀར། །མགྲིན་པར་པདྨ་ཐོད་ཕྲེང་ཡབ་ཡུམ་དམར། །སྙིང་གར་བཛྲ་ཐོད་ཕྲེང་ཡབ་ཡུམ་མཐིང་། །ལྟེ་བར་རཏྣ་ཐོད་ཕྲེང་ཡབ་ཡུམ་སེར། །གསང་བར་ཀརྨ་ཐོད་ཕྲེང་ཡབ་ཡུམ་ལྗང་། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་དྲིལ་འཛིན་འཁོར་ལོས་སྒྱུར་བའི་ཆས། །པད་ཟླའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས། །འཇའ་ཚོན་འོད་ཟེར་ཐིག་ལེ་ཐིག་ཕྲན་འཁྲིགས། །གདོད་ནས་རང་གསལ་ལྷུན་གྲུབ་ཆེན་པོ་ཡི། །འོད་ཀྱིས་བསྐུལ་བས་ཨོ་རྒྱན་ཐོད་ཕྲེང་རྩལ། །དབྱིངས་ནས་སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར། །ཚིག་བདུན་གསོལ་འདེབས་ལན་གསུམ་གྱིས་བྱིན་དབབ། ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཕྱི་ནང་གསང་མཆོད་ཡིད་ཀྱིས་འབུལ་ལ། ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཅེས་སོགས་གནས་ལུགས་རྟོགས་པའི་གསོལ་བའི་ཕུར་ཚུགས་སུ་བཏབ་པའི་མཐར། བླ་མའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན། །ལྔ་ལྡན་འཇའ་འོད་རྣམ་པ་ལྷུག་ལྷུག་བབ། །རང་ལུས་འཁོར་ལོ་སོ་སོའི་ལྷ་ལ་ཐིམ། །འོད་གསལ་ཡེ་ཤེས་ཆེན་པོ་རྒྱུད་ལ་འཕོས། །ཕྱི་ནང་བླ་མ་འཁོར་ལོ་སོ་སོར་ཐིམ། །སྟོང་གསལ་ངོས་བཟུང་བྲལ་བའི་རང་རིག་པ། །སྐུ་གསུམ་དབྱེར་མེད་བླ་མ་པད་འབྱུང་ངོ་། །ཞེས་མཉམ་པར་བཞག་གོ །ནང་གི་རུ་ཤན་དབྱེ་བ་རིགས་དྲུག་གནས་སྤྱོད་དཀྱུས་སུ་བསྟན་པ་དེས་ཀྱང་འཐུས་མོད། ཁྱད་པར་བའི་ཉམས་ལེན་འདི་ཉིད་གཞུང་ཁྲིད་མ་རྫོགས་པའམ་རྒྱན་དུ་ཉམས་ལེན་ལྟ་བུར་བྱས་ཀྱང་ཤིན་ཏུ་ཟབ་ཅིང་ལེགས་པས་འདི་ལྟར། རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །ལུས་ནང་དབུ་མར་ཧཱུྃ་མཐིང་རོ་མར་ཨཱཿ དམར་གསལ་རྐྱང་མར་ཨོཾ་དཀར་འོད་ཟེར་འབར། །རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་བཞུགས། །སྤྱི་བོར་ཨ་དཀར་མགྲིན་པར་སུ་སེར་པོ། །སྙིང་གར་ཎྲྀ་ལྗང་ལྟེ་བར་ཏྲི་མཐིང་ག །གསང་བར་པྲེ་དམར་རྐང་མཐིལ་དུ་དུད་ཀ །རིགས་དྲུག་སྐྱེ་འགྱུར་ལས་དང་བག་ཆགས་ཀུན། །ས་བོན་དྲུག་ལ་འུབས་ཀྱིས་འདུས་པ་ལས། །འབྲུ་གསུམ་དག་པ་ཡེ་ཤེས་མེ་ཕུང་གིས། །རིགས་དྲུག་ས་བོན་ཐུལ་གྱིས་བསྲེགས་པར་གྱུར། །ཨོཾ་ཨཱཿཧཱུྃ་མ་མ་ཀོལིཾ་སཱ་མནྟ། ཞེས་པ་ངག་བཅད་བདུན་འབུམ་བཟླ་མཐར། ཕཊ། དྲུག་བརྗོད་པས་འབྲུ་གསུམ་ལས་ཡེ་ཤེས་ཀྱི་རླུང་བྱུང་བསྲེགས་པའི་ཐལ་པ་འོག་སྒོ་བུན་བུན་གཏོར་མར་བསམ། དེ་ནས། འབྲུ་གསུམ་མཐའ་རུ་ཡིག་བརྒྱའི་སྔགས་ཕྲེང་ནི། །དཀར་དམར་མཐིང་གསུམ་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་དྲི་མ་ཆ་ཤས་བཅས་ཏེ་བཀྲུས། །རང་ལུས་དྲི་མེད་ཤེལ་གོང་འཇའ་ཚོན་ལྟར། །རང་བྱུང་གདོད་མའི་སངས་རྒྱས་ཉིད་དུ་གྱུར། །ཅེས་པའི་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཚུངས་པར་འབྱུང་ངོ་། །མདོར་ན་རིགས་དྲུག་གི་གནས་བདེ་བླག་ཏུ་སྦྱོང་བ་དང་། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་ཚད་མེད་པ་རྒྱུད་ལས་གསུངས་པ་ནན་ཏན་ཏུ་བྱའོ། །འདིས་ཀྱང་ལམ་ཟབ་ཕྲིན་ལས་རྒྱུན། །ཐུབ་བསྟན་ཇི་སྲིད་དར་ཞིང་རྒྱས། །ལུས་ཅན་མཐའ་དག་ཆོས་འདི་ཡི། །གདུལ་བྱར་གྱུར་ནས་རྣམ་གྲོལ་ཤོག །ཅེས་པའང་ཟབ་མོའི་གནས་ལ་དུརྣཔ་བླ་མ་ཀརྨ་བཀྲ་ཤིས་དགེ་ལེགས་དང་ཀརྨ་བསོད་ནམས་ཟུང་གིས་བསྐུལ་ངོར། པདྨའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

རྫོགས་ཆེན་ཐུན་མོང་སྤྱིའི་སྔོན་འགྲོའི་ངག་འདོན་རིན་ཆེན་ཕྲེང་བ།

༄༅། །རྫོགས་ཆེན་ཐུན་མོང་སྤྱིའི་སྔོན་འགྲོའི་ངག་འདོན་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྫོགས་ཆེན་ཐུན་མོང་སྤྱིའི་སྔོན་འགྲོ་ངག་འདོན་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྐྱབས་གནས་ཀུན་འདུས་བླ་མ་སངས་རྒྱས་ལ། །སྙིང་ནས་ཐལ་སྦྱར་སྐྱབས་མཆི་གསོལ་བ་འདེབས། །སྙིང་ཐིག་ལམ་ཞུགས་རྣལ་འབྱོར་གྱི། །སྔོན་འགྲོ་ངག་འདོན་སྙིང་པོ་འདིར་བཤད་བྱ། །ཐུན་གྱི་དང་པོ་ཐོ་རེངས་ཀྱི་སྐབས་སུ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཌ་མ་རུ་དང་དྲིལ་བུའི་སྒྲས། བདག་སོགས་སེམས་ཅན་ཐམས་ཅད་མ་རིག་གཉིད་ལས་སད་པར་བསམ་ལ། གཉིད་སླངས་ཀྱི་ཚིག་འདི་ལྟར་བརྗོད་པར་བྱ་སྟེ། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གི་མ་ནོརན་པར། །བརྩོན་འགྲུས་ངར་སྐྱེད་ད་ལྟར་ཡར་ལོང་དང་། །ཐོག་མེད་དུས་ནས་ད་ལྟ་ཐུག་གི་བར། །མ་རིག་ངང་དུ་ཉལ་ཡུན་དེས་མཆོག་གིས། །ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབུང་། །སྐྱེ་རྒས་ན་འཆི་སྡུག་བསྔལ་མི་ཤེས་སམ། །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །སྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་མ་བབ། །ད་རེས་གཅིག་པུ་གཏན་བདེ་སྒྲུབ་དུས་འདིར། །སྐོམ་ལས་ངང་ལ་བསྡོད་པའི་དུས་མ་ཡིན། །འཆི་བ་སེམས་ལ་བསྒྲུབ་པ་ཐ་རུ་སྐྱོལ། །ཚེ་ལ་ལོང་མེད་འཆི་རྐྱེན་བསམ་མི་ཁྱབ། །དེ་ཚེ་མི་ཚེར་གདེང་གཅིག་མ་ཐོབ་ན། །སྐྱེས་བུ་ཁྱོད་ཉིད་གསོན་པས་ཅི་ཞིག་རུང་། །ཆོས་རྣམས་སྟོང་ཞིང་བདག་མེད་སྤྲོས་དང་བྲལ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་ལྦུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱེད་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱོད་ཀྱི་ཤེས་པར་གྱི། །ཆོས་རྣམས་རང་བཞིན་སྐྱེ་བ་མེད་པ་དེ། །གནས་མེད་འགག་མེད་འགྲོ་འོང་མེད་པའོ། །དམིགས་མེད་མཚན་མ་མེད་ཅིང་བསམ་བརྗོད་བྲལ། །དོན་འདི་རྟོགས་པར་བྱེད་པའི་དུས་ལ་བབ། །དེ་ནས་དད་པ་ངེས་འབྱུང་ལྷག་བསམ་ཆེད་དུ་བསྐུལ་ཕྱིར་འདི་ལྟར་ཚིག་རྗེས་དོན་ལ་སེམས་ཏེ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་དུ། །ལས་ཀྱི་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོའི་སྐེམས་པར་བྱིན་གྱིས་རློབས། །མ་རིག་ལས་ཀྱི་མནར་བའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །མཐའ་མའི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །ང་བདག་བཟུང་འཛིན་བཅིང་བའི་བཙོན་ར་འདིར། །རི་དྭགས་རྒྱར་ཆུད་སླར་ཡང་འཇུག་པ་ལྟར། །མརིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུད་ཁྱུད་མོ་བཞིན། །ཐར་མེད་ལས་ཀྱི་འགྲོ་རྣམས་རེ་རྗེ། །རིགས་དྲུག་སྐྱེ་གོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒས་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཇི་ཙམ་མཐོང་ཡང་མི་འཇིག་སྙིང་བསྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་པས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་གདའ། །འཁོར་བའི་ཞེན་པ་ཟློག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམ་ན་རང་ཉིད་འཆི་བས་བཏུག །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །གོང་དང་འདི་ཉིད་གུ་རུའི་ཆོས་སྤྱོད་ཆེན་མོ་ལས་གསུངས་པའོ། །དེ་ནས་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་ལ་ཐལ་མོ་སྤྱི་བོར་སྦྱར། ན་མོ་བུདྷཱ་ཡ་ཤ་ར་ཎ་གཙྪ་མི། ན་མོ་དྷརྨ་ཡ་ཤ་ར་ཎ་གཙྪ་མི། ན་མཿསངྒཱ་ཡ་ཤ་ར་ཎ་གཙྪ་མི། ན་མོ་གུ་རུ་བྷྱ༔ ན་མོ་དེ་ཝ་བྷྱ༔ ན་མོ་ཌཱཀྐི་བྷྱ༔ ན་མོ་ཨོཾ་ཨཱ༔ཧཱུྃ བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ། །རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་མཆིའོ། །བདེ་དང་གསལ་དང་མི་རྟོག་གསུམ་ལ་སྐྱབས་སུ་མཆིའོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་མི་འགྱུར་རྡོ་རྗེ་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་མངོན་པར་བྱང་ཆུབ་སྐུ་ལ་སྐྱབས་སུ་མཆིའོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །རྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །དམ་ཚིག་དབང་གི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཤེས་རབ་རྒྱུད་ཀྱི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །མན་ངག་ལུང་གི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཉམས་ཆགས་རྐང་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ན་མོ། རྒྱལ་བ་དགོངས་རྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །རིག་འཛིན་བརྡའ་རྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །འདྲེའོ། །གང་ཟག་སྙན་རྒྱུད་བླ་མ་རྣམས་ལ༴ མཁའ་འགྲོ་གཏད་རྒྱུད་བླ་མ་རྣམས་ལ༴ སྨོན་ལམ་གཏེར་རྒྱུད་བླ་མ་རྣམས་ལ༴ བཀའ་བབ་ལུང་བསྟན་རྒྱུད་པ་རྣམས་ལ༴ ཤོག་སེར་ཚིག་རྒྱུད་བླ་མ་རྣམས་ལ༴ དམ་རྫས་མྱོང་གྲོལ་རྒྱུད་པ་རྣམས་ལ༴ ཐུགས་རྗེས་བྱིན་རླབས་རྒྱུད་པ་རྣམས་ལ་སྐྱབས་སུ་མཆིའོ། །ན་མོ། སྣོད་ཀྱི་འཇིག་རྟེན་དཔལ་ལྡན་བླ་མའི་ཚོགས་ལ༴ བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས་ལ༴ སྣད་སྲིད་དཔལ་ལྡན་བླ་མའི་ཚོགས་ལ༴ ན་མོ། ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རླབས་ཏུ་གསོལ། །དབང་བཞི་བསྐུར་བར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲིབ་བཞི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །ལམ་བཞི་སྦྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྟོགས་པས་བདག་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་གཞན་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །དམ་ཆོས་ལམ་དུ་ལོང་བར་བྱིན་གྱིས་བརླབ་ཏུ་གསོལ། །ལམ་གྱི་འཁྲུལ་པ་ཞིག་པར་བྱིན་གྱིས་བརླབ་ཏུ་གསོལ། །འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཉིན་མཚན་ཆོས་ལ་འདའ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་ཅི་ནུས་སམ་ཚར་གསུམ་དུ་བཀླག དེ་ནས་སེམས་བསྐྱེད་པ་ན། ན་མོ། དཀོན་མཆོག་གསུམ་པོ་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །མ་སྒྲལ་བསྒྲལ་དང་མ་གྲོལ་དགྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་འི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་ཉིད་དང་བྲལ་བའི་བློ་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པ་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ཅི་ནུས་སམ་ལན་གསུམ། དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐའ་སྐོར་དུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ། ཏིཥྛ་ཌི་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྷེ་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། བཛྲ་ཧེ་རུ་ཀ་མ་མེ་མུན་ནྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿཧཱུྃ་ཕཊ༔ ཅེས་པས་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཚོགས་དཔག་ཏུ་མེད་པ་བྱོན་ནས་གཉིས་སུ་མེད་པར་ཐིམ། ཡི་གེ་བརྒྱ་པ་བརྒྱ་སྟོང་གང་འགྲུབ་བཟླས་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩིའི་ཆུ་རྒྱུན་དཀར་དམར་ནར་གྱི་བྱུང་ནས་རང་གི་སྤྱི་བོར་བབས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ནག་འདུར་འདུར་འོག་སྒོ་ནས་རྐང་པའི་སེན་མཚམས་བ་སྤུའི་བུ་ག་ནས་ཕྱིར་བུད། ལུས་ཀྱི་ནང་ཐམས་ཅད་བདུད་རྩི་དཀར་དམར་གྱིས་གང་། ལུས་ཤེལ་གོང་དྲི་མ་མེད་པ་ལྟར་དག་པར་བསམ་ལ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོའི་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེས་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཨོཾ་ཨཱ༔ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསྒོམས་པའི་ངང་དུ་མི་རྟོག་པར་བཞག་ཅིང་མཐར་བསྔོ་བ་དང་སྨོན་ལམ་བྱའོ། །དེ་ནས་མཎྜལ་འབུལ་བ་ནི། སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲི་གསང་བ་སྙིང་ཐིག་ལས་བྱུང་བའི་སྐུ་གསུམ་ཞིང་གི་མཎྜལ་ནི། ཨོཾ་ཨཱ༔ཧཱུྃ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་གང་འདི་ཕུལ་བས། །རང་བཞིན་སྤྲུལ་པའི་སྐུའི་ཞིང་ལ་སྤྱོད་པར་ཤོག །ཨོཾ་ཨཱ༔ཧཱུྃ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཨོཾ་ཨཱ༔ཧཱུྃ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེ་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡི། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཞེས་དང་། མ་ཧཱ་གུ་རུ་པདྨ་ཀ་ར་ཡིས་ཕྱི་ནང་གསང་བའི་མཎྜལ་ནི། ཨོཾ་ཨཱ༔ཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་དབུས། །རི་རབ་གླིང་བཞི་རྡུལ་སྙེད་མཆོག་སྤྲིན་གཏིབ། །ལྷ་མི་ལོངས་སྤྱོད་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་ཀུན་སྤྲུལ་སྐུའི་ཞིང་སྤྱོད་ཤོག །ཨོཾ་ཨཱ༔ཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་ཀུན་ལོངས་སྐུའི་ཞིང་སྤྱོད་ཤོག །ཨོཾ་ཨཱ༔ཧཱུྃ། སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །སྤྲོས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པའི་སྤྲོས་བྲལ་གཉུག་མ་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་སྙིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་ཀུན་ཆོས་སྐུའི་ཞིང་སྤྱོད་ཤོག །ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སརྦ་བུདྷ་བྷོ་དྷེ་མཎྜལ་པུཙྪས་མུཏྟྲ་སྥ་ར་ན་ས་མ་ཡ་ཨཱཿཧཱུྃ། ཞེས་པས་ཕུལ་སྨོན་ལམ་ནི། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྫོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་དངོས་སུ་འབྱོར་པའི་མཆོད་པ་དང་ཡིད་ཀྱི་སྤྲུལ་པའི་མཆོད་དང་། བློས་བླང་བའི་མཆོད་པ་འབུལ་ཞིང་། ཁྱད་པར་དུའང་རང་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་། ཚེ་དང་བསོད་ནམས་གང་ཡོད་བློ་ཡི་ལྟོས་པ་མེད་པར་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་པས་ཇི་ལྟར་འདོད་པའི་དོན་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས་བྱས་ནས་རང་གཞན་གཉིས་དོན་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བའོ། །དེ་ནས་བླ་མའི་རྣལ་འབྱོར་ནི། རང་ལུས་སྤྱན་རས་གཟིགས་བསམ་དཔལ་རྡོ་རྗེ་སེམས་དཔའ་དང་། ཧེ་རུ་ཀ་རྡོ་རྗེ་རྣལ་འབྱོར་མར་སྒོམ་པའི་སྤྱི་བར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ཨཱ་ཧཱུྃ་ལས་ངོ་བོ་རྩ་བའི་བླ་མ་རྣམ་པ་དང་པོའི་སངས་རྒྱས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་མཛད་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ་གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཐུགས་ཀ་ནས་འོད་འཕྲོས། རྒྱུད་པ་དྲུག་ལྡན་གྱི་བླ་མ་ཐམས་ཅད་འཇའ་དང་འོད་ཀྱི་རྣམ་པར་བྱོན་ནས་བླ་མ་ལ་ཐིམ། སངས་རྒྱས་ཀྱི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བླ་མ་ལ་ཐིམ། དམ་པའི་ཆོས་ཀྱི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བླ་མ་ལ་ཐིམ། དགེ་འདུན་གྱི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བླ་མ་ཐིམ། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བླ་མ་ལ་ཐིམ། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བླ་མའི་ཞབས་དང་བཞུགས་ཁྲི་ལ་ཐིམ་པར་བསྒོམས་ལ། གསོལ་འདེབས་པཎྜི་ཏའི་དབང་ཐོབ་བྱེ་མ་ལ་མུ་དྲས་མཛད་པའི་བླ་སྒྲུབ་ནས་འབྱུང་བ་ནི། ཨོཾ་ཨཱ༔ཧཱུྃ། ངན་འགྲོ་འཇིགས་ལས་སྐྱོབ་མཛད་པའི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་ལ་སེམས་བསྐྱེད་པ། །འགྲོ་ལ་ཕན་ཕྱིར་བླ་མ་བསྒོམས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་པའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པའི་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་འཁྱིལ་ལི་ལི། །སྐུ་དང་ཐིག་ལེ་ཤིག་སེ་ཤིག །སྤྱི་གཙུག་ཉི་ཟླའི་གདན་སྟེགས་སུ། །བདག་དང་གཉིས་མེད་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤག །སྨིན་གྲོལ་དབང་དང་སྡོམ་པ་ཞུ། །ཨོཾ་སྐུ་སྐྱེ་འཆི་མེད་པ་གསལ་བ་དང་། །རྡོ་རྗེའི་སྐུལ་ལ་གསོལ་བ་འདེབས། །ལུང་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཨཿགསུང་སྐྱེ་འགགས་མེད་པ་སྔགས་ཀྱི་སྒྲ། །ཨཱ་ལི་ཀཱ་ལི་ལ་གསོལ་བ་འདེབས། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །ཧཱུྃ་ཐུགས་ཀ་དག་ཆེན་པོ་ཀུན་བཟང་ཀློང་། །བཱིར་མི་དགོངས་པ་གསོལ་བ་འདེབས། །ཆོས་རྣམས་ཟད་པར་ཕྱིན་པར་བྱིན་གྱིས་རློབས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བཀོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབྱུང་ག་ནས་བྱུང་བའི་གསོལ་འདེབས་ནི། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་ཉི་མས་བརླན་བྲལ་བའི། །སྡུག་བསྔལ་སྐེམ་ལ་གནས་པ་ལ། །ཐུགས་རྗེ་ཆུ་རྒྱུན་བདག་ལ་ཕོབ། །རྩུབ་འགྱུར་དམྱལ་བའི་མེ་ཆེན་འབར། །རང་བཞིན་བརླན་གྱིས་སྐེམས་པར་མཛོད། །བླ་མ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་ལྷ་ཁྱོད་ཕྱག་འཚལ་བསྟོད། །བདག་ནི་བསྐལ་པ་ཐོག་མེད་ནས། །ལུས་ཀྱི་བཅིངས་བའི་སེམས་ཅན་བདག །འབྱུང་བ་སྣོད་དང་བྲལ་གྱུར་ནས། །འོད་གསལ་དྲི་མེད་ལུས་ལྡན་ཤོག །སྨྲ་མང་ངག་གི་བཅིངས་པ་དག །འཁྲུལ་པའི་གཏམ་རྒྱུད་ཟུང་ཟད་ནས། །བརྗོད་དུ་མེད་པའི་དོན་ལྡན་ཤོག །འགྱུ་བ་སེམས་ཀྱི་རྟོག་པས་བཅིངས། །མ་རྟོགས་གསལ་བ་སྣང་མཐོང་ནས། །བསམ་འདས་འདུ་འཕྲོ་ཆད་པར་ཤོག །དེ་ལྟར་ལུས་ངག་སེམས་རྣམས་ལ། །བྱིན་གྱིས་བརླབས་པས་སྐུ་གསུམ་གྱི། །འབྲས་བུ་ཚད་ལ་ཕེབས་པར་ཤོག །ཅེས་གསོལ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བརྗོད་ཀྱིས་མི་ལོང་བ་བྱུང་ཞེས་རྡོ་རྗེ་ཚིག་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ། བྱེ་མ་ལ་མུ་དྲ་བལ་བོ་ཤི་ལ་མཉྫུའི་མཛད་པའི་བླ་མའི་རིམ་པར་དྲངས་པ་ལྟར་སྟེ་དེ་ལ་ནན་དུ་དབྱེ་སྟེ། ཡང་མ་ནི་བཞི་བསྐོར་དུ་གྲགས་པ་ཡང་། འགྲོ་བ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་རྒྱལ་བའི་དགོངས་པའི་རྒྱུད་པ་ལ་གསོལ་བ་འདེབས་སོ། །འགྲོ་བ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་རིག་འཛིན་བརྡའིའི་རྒྱུད་ལ་གསོལ་བ་འདེབས། འགྲོ་བ་མ་ནམ་མཁའ་དང་མཉམ་པི་སེམས་ཅན་ཐམས་ཅད་གང་ཟག་སྙན་ཁུང་རྒྱུད་པ་ལ་གསོལ་བ་འདེབས་སོ། །འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདྲེན་མཆོག་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་པ་ཡང་སྐབས་སུ་ཅི་ནུས་བྱ་སྟེ་སྔོན་སྙིང་ཐིག་མཁན་སྙིང་པ་ལ་ཤིན་ཏུ་གྲགས་པའི་དེང་སང་ཡོངས་གྲགས་མ་ནམ་བཞི་འདི་ལ་བསླན་པར་སྣང་ངོ་། །དེ་མཐར་དམ་ཆོས་རྫོགས་པ་ཆེན་པོ་ལ་གསོལ་བ་འདེབས། །རང་སྣང་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །བཀའ་བསྲུང་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས། །ཀུན་འདུས་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་ཅན་སྡུག་བསྔལ་ཟད་པར་བྱིན་གྱིས་རློབས་ཤིག །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས་ཤིག །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས་ཤིག །འཆི་བ་རྗེས་སུ་དྲན་པ་བྱིན་གྱིས་རློབས་ཤིག །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས་ཤིག །སེམས་ཉིད་རང་ངོ་ཤེས་པར་བྱིན་གྱིས་རློབས་ཤིག །གནས་ལུགས་རྟེན་ལ་ཕེབས་པར་བྱིན་གྱིས་རློབས་ཤིག །བདག་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས་ཤིག །འོད་གནས་ནང་ནས་འཆར་བར་བྱིན་གྱིས་རློབས་ཤིག །ཡེ་གྲོལ་བློ་འདས་རྟོགས་པར་བྱིན་གྱིས་རློབས་ཤིག །རང་འབབ་མངོན་དུ་གྱུར་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས་ཤིག །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་ཟད་པར་ཁྱོལ་བར་བྱིན་གྱིས་རློབས་ཤིག །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས་ཤིག །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས་ཤིག །གདན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །གནས་ཁང་འདི་རུ་བྱིན་གྱིས་རློབས་ཤིག །འདུག་པ་འདི་རུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །སྐད་ཅིག་ཉིད་ལ་བྱིན་གྱིས་རློབས་ཤིག །དེ་ནས་བླ་མ་ཀུན་བཟང་ཡབ་ཡུམ་གཉིས་སུ་མེད་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བར་མི་ཆད་དུ་བྱུང་རང་གི་གནས་གསུམ་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་དག་སྐུ་གསང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་ཚངས་པའི་བུ་ག་ནས་ཞུགས་མགྲིན་པ་ཡན་ཆད་ཁེངས་པའི་བུམ་པའི་དབང་ཐོབ། །སྙིང་ཁ་ཡན་ཆད་ཁེངས་པས་གསང་དབང་། ལྟེ་བ་ཡན་ཆད་ཁེངས་པས་ཤེས་རབ་ཡེ་ཤེས་ལྟེ་བ་རྒྱུད་རྐང་མཐིལ་སོར་རྩེའི་བར་ལུས་ཡོངས་སུ་ཁེངས་པས་དབང་བཞི་པ་ཐོབ། མཐར་བླ་མ་འོད་དུ་ཞུ་རང་གི་སྙིང་ཁར་ཐིམ། བླ་མ་རང་རིག་ཟབ་གསལ་བདེ་བ་ཆེན་པོ་དང་དབྱེར་མེད་རང་ངོ་རྗེན་པ་མངོན་དུ་གྱུར། དབང་བཞིའི་འབྲས་བུ་བརྙེས་པར་བསམ་ལ་མཉམ་པར་བཞག རྗེས་ཅིར་སྣང་བླ་མའི་ང་རྒྱལ་དང་མི་འབྲེལ་བར། སྣང་བ་ཐམས་ཅད་ཀུན་བཟང་ཡབ་ཡུམ་གྱི་སྐུ། སྒྲ་གྲགས་སྔགས། དྲན་རྟོག་ཐུགས་སུ་མོས་ཏེ། སྣང་སྲིད་བླ་མའི་རོལ་པར་བལྟ་དགེ་བ་བསྔོ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁ་པདྨའི་ཟེའུ་འབྲུ་ལ། །འབྲེལ་བ་མེད་པར་རྒྱུན་དུ་བཞུགས་ནས་ཀྱང་། །བཀའ་དྲིན་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །གཞན་ཡང་བསྔོ་དང་སྨོན་ལམ་བཟང་པོ། ཅི་ནུས་སུ་རྒྱས་བཏབ་བོ། །རྫོགས་ཆེན་གྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་སྤྱི་ལ་འཇུག་པ་འདི་ཡང་བླ་མ་གོང་མའི་གསུང་གཞིར་བཞག་ལ་གོ་རིམ་དང་ཚིག་ཟུར་དག་པར་བྱས་པ་སྟེ་བྱིན་རླབས་ཀྱིས་རྒྱུན་དང་ལྡན་པ་ཡིན་པས་ནན་ཏན་དུ་བྱའོ། །དེ་ལྟར་རྫོགས་ཆེན་ལམ་ཞུགས་སྤྱི་ཡི་ཆོས། །བླ་མེད་འདི་ཡང་དམ་པའི་ཞལ་ལུང་བཞིན། །འཇུག་བདེའི་ཕྱིར་དུ་འདིར་བཀོད་དགེ་བས་ཡང་། །འགྲོ་ཀུན་དཔལ་ལྡ་བླ་མ་མྱུར་འགྲུབ་ཤོག །

ཅེས་རྫོགས་ཆེན་ཐུན་མོང་སྤྱི་སྔོན་འགྲོ་ངག་འདོན་རིན་པོ་ཆེའི་ཕྲེང་བ་འདི་ཡང་ས་སྐྱོང་ཆོས་ཀྱི་རྒྱལ་པོའི་བླ་མའི་ཆོས་གནས་སྔ་འགྱུར་རིང་ལུགས་འཛིན་པའི་དབང་ཕྱུག་ཉང་རིགས་གྲུབ་པའི་གདུང་གྱུར་མངའ་བདག་འགྱུར་མེད་གསང་སྔགས་བསྟན་འཛིན་དྲུང་གི་གསུང་གིས་བསྐུལ་བར་བརྟེན་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་པ་མེ་ཡོས་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆོས་འཁོར་དཔལ་གྱི་ལྷ་སར་བྲིས་པའོ། །སརྦ་མངྒ་ལཾ།

ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོའི་ཆོས་སྤྱོད་ངག་འདོན་ཡིད་བཞིན་ནོར་བུ།

༄༅། །ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོའི་ཆོས་སྤྱོད་ངག་འདོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྐུ་གསུམ་གྱི་མཎྜལ་ནི། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམགས་ཏེ་འཕུལ་བ་ཡི། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་འགྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་འབུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་མཎྜལ་འབུལ་ལོ། སྡུག་བཤགས་ཡིག་བརྒྱ་ནི། ཨོཾ་བཛྲ་ས་ཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཧཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོའི་སྐྱོབས་མཛད་ཅིང་། །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། བླ་མའི་རྣལ་འབྱོར་ལ་གསོལ་འདེབས་ནི། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་ཉི་མས་བརླན་བྲལ་བའི། །སྡུག་བསྔལ་སྐམས་ལ་གནས་པ་ལ། །ཐུགས་རྗེ་ཆུ་རྒྱུན་བདག་ལ་ཕེབས། །རྩུབ་འགྱུར་དམྱལ་བའི་མེ་ཆེན་འབར། །རང་བཞིན་བརླན་གྱིས་བསྐེམས་པར་མཛོད། །བླ་མ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་ལྷ་ཁྱོད་ཕྱག་འཚལ་བསྟོད། །བདག་ནི་བསྐལ་པ་ཐོག་མེད་ནས། །ལུས་ཀྱི་བཅིང་བའི་སེམས་ཅན་དག །འབྱུང་བའི་སྣོད་དང་བྲལ་གྱུར་ནས། །འོད་གསལ་དྲི་མེད་ལུས་ལྡན་ཤོག །སྨྲ་བ་ངག་གི་བཅིང་བ་དག །འཁྲུལ་པའི་གཏམ་རྒྱུད་ཟུང་ཟད་ནས། །བརྗོད་དུ་མེད་པའི་དོན་ལྡན་ཤོག །འགྱུ་བ་སེམས་ཀྱི་རྟོག་བཅིང་། །མི་རྟོག་གསལ་བ་སྣང་མཐོང་ནས། །བསམ་འདས་འདུ་འཕྲོ་ཆད་པར་ཤོག །ཅེས་གསོལ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བརྗོད་ཀྱིས་མི་ལང་འབྱུང་ཞེས་བཀོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱུད་ནས་འབྱུང་རྡོ་རྗེའི་ཚིག་རྫོགས་ཆེན་གསང་བ་སྙིང་ཐིག་བླ་མའི་རིམ་པ་ན་གསུང་བ་ལྟར་རོ། །སྐབས་འདིར་སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། དབང་ལེན་པ་ནི། བླ་མའི་སྐུ་ཡིས་བདུད་རྩི་ཡིས། །བདག་གི་འཁོར་ལོ་བཞི་བརྒྱུད་ཁེངས། །སྒྲིབ་དག་དབང་བཞིའི་རྩལ་ཆེན་རྫོགས། །སྐུ་བཞིའི་འབྲས་བུ་མངོན་དུ་གྱུར། །དེ་ནས་རྗེས་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཀུན་ཏུ་བཟང་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རྫོགས་ཆེན་གསང་བ་སྙིང་ཐིག་གི་སྔོན་འགྲོ་རྒྱུན་གྱི་ཉམས་ལེན་ཆོས་སྤྱོད་སྙིང་པོར་དྲིལ་བ་སྟེ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྦྱར་བའོ། །སརྦ་མངྒ་ལཾ།

བླ་མ་དགོངས་པ་འདུས་པ་ལས་སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་མན་ངག

༄༅། །གུརུཤཡསགྣཏཡཏྲཿཔཱུརྦགཏདྷརྨཙཪྻཨངྒསཔྟམུལབྷཪྷནིདྨྨཏཀཉྙིབིཏརཏིསྨ།

༄༅། །བླ་མ་དགོངས་པ་འདུས་པ་ལས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་མན་ངག་བཞུགས་སོ། །

༈ ན་མོ་གུ་རུ་དྷེ་ཝ་དྷཱཀྐི་ནི་ཧཱུྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཡན་ལག་དང་པོའི་ཆོས་སྤྱོད་ནི༔ འདི་ལྟར་རྣལ་འབྱོར་པས་ཤེས་པར་བྱ༔ ཡན་ལག་དང་པོ་སྤྱན་འདྲེན་བཞུགས་གསོལ་ཡན་ལག་གོ༔ ཨོཾ་ཨཱཿཧཱུྃཿ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ ཡི་དམ་ཞི་ཁྲོ་དྷཱཀྐི་ཆོས་སྐྱོང་དང་༔ བཀའ་སྲུང་དམ་ཅན་ཕོ་མོར་བཅས་པ་ཀུན༔ ཨོཾ་ཨཱཿཧཱུྃཿ རྣམ་དག་དབྱིངས་ནས་གཤེགས་བཞུགས་མི་མངའ་ཡང་། །ཁམས་གསུམ་སྲིད་གསུམ་འགྲོ་དྲུག་འདྲེན་སླད་དུ༔ བདེ་ཆེན་ཡངས་པའི་ཕོ་བྲང་ཆེན་པོ་འདིར། །ཐུགས་རྗེ་ཡུད་ཙམ་ཅིག་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃཿ ཐབས་ཤེས་དྲི་མེད་ཉི་ཟླ་པད་མའི་གདན༔ ལྷོད་འབོལ་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི༔ སྤྱི་གཙུག་བདེ་ཆེན་དག་པའི་གདན་སྟེང་དུ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃཿ ལུས་ཀྱི་དངས་པས་སྤྱི་བོར་ཐལ་སྦྱར་ཞིང་༔ བདེ་གཉེན་འཁྱུག་བཅས་མལ་ལྔ་ས་ལ་ཕབ༔ འགྲེང་ལྡང་ལྡན་པར་གུས་པས་ཕྱག་འཚལ་ལོ༔ རྩ་གསུམ་སྐུ་ཡི་གཟི་མདངས་ལུས་ལ་ཕོབ༔ ཨོཾ་ཨཱཿཧཱུྃཿ ངག་སྙན་འགྱུར་དབྱངས་གུས་པར་ལྡན་པ་ཡིས༔ སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང་༔ མཛད་པའི་ཕྲིན་ལས་བརྗོད་བཅས་ཕྱག་འཚལ་ལོ༔ འགགས་མེད་གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཨོཾ་ཨཱཿཧཱུྃཿ ལྷག་བསམ་རྣམ་དག་གདུང་ཤུགས་ལྡན་པ་ཡིས༔ དུས་གསུམ་བདེ་གཤེགས་རྩ་གསུམ་ཡོན་ཏན་རྣམས༔ སྐད་ཅིག་དྲན་རྫོགས་བསམ་པས་ཕྱག་འཚལ་ལོ༔ བདེ་གསལ་མི་རྟོག་ཡིད་ལ་བསྐྱེད་དུ་གསོལ༔ ཨོཾ་ཨཱཿཧཱུྃཿ ལྷན་ཅིག་སྐྱེས་སྦྱོར་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ལུས་ངག་ཡིད་གུས་ལྡན་པས་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃཿ གླིང་བཞི་གླིང་ཕྲན་རི་རབ་རི་བདུན་དང་༔ རོལ་མཚོ་ཉི་ཟླ་སྐར་ཕྲན་འབབ་ཆུར་བཅས༔ ལྡིང་ཀ་ཀོ་མགོ་ཡན་ལག་བརྒྱད་ལྡན་ཀུན༔ མཆོད་པ་འབུལ་གྱིས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃཿ གསེར་དངུལ་གཡུ་དང་མར་གད་ཨིནྡྲ་ཉིལ༔ མུ་ཏིག་པད་མ་རཱ་ག་རྡོ་ཡི་སྙིང་༔ བཻཌཱུརྱ་དང་མེ་ཤེལ་བྱི་རུ་སོགས༔ རཏྣའི་རིགས་འབུལ་ཐུགས་རྗེས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃཿ ག་ཕུར་ཙནྡན་གུར་གུམ་སི་ལ་དང་༔ ཛཱ་ཏི་རྣམ་རྒྱལ་སྙིང་པོ་ཞོ་ཤའི་ཚོགས༔ ཉོན་མོངས་ནད་འཇོམས་སྨན་གྱི་རིགས་རྣམས་ཀུན༔ སྒོ་གསུམ་མོས་བློས་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃཿ གྲོ་འབྲས་ཁྲེ་དང་སོ་བ་ཡུངས་དཀར་དང་༔ ཏིལ་ནས་སྲན་མར་བཅས་ཏེ་འབྲུ་ཡི་རིགས༔ ལྷག་པའི་བསམ་པས་ཉེ་བར་འབུལ་ལགས་ན༔ ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃཿ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀི་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃཿ སྲོག་གཅོད་མ་བྱིན་བླངས་དང་མི་ཚངས་སྤྱོད༔ རྫུན་ཚིག་ཕྲ་དང་ཚིག་རྩུབ་ངག་འཁྱལ་དབྱེན༔ བརྣབས་སེམས་གནོད་སེམས་ལོག་པར་ལྟ་བ་སོགས༔ མི་དགེ་བཅུ་པོ་བགྱིས་རྣམས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃཿ གཞན་ཡང་བདག་སོགས་འགྲོ་བ་རྣམས་ཀྱིས་ནི༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ༔ མཐོལ་ཞིང་བཤགས་ནས་སླད་ཆད་མི་བགྱིད་སྡོམ༔ ཨོཾ་ཨཱཿཧཱུྃཿ དུས་གསུམ་འཕགས་པའི་དགེ་བ་ཅི་བགྱིས་པ༔ ཟག་བཅས་ཟག་མེད་བགྱིས་དང་བགྱིད་བསྩལ་བ༔ བགྱིད་གྱུར་གང་ཡིན་དེ་དག་ཐམས་ཅད་ལ༔ བདག་སོགས་དངས་བས་རྗེས་སུ་ཡི་རང་ངོ་༔ ཨོཾ་ཨཱཿཧཱུྃཿ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང་༔ ས་བཅུའི་དབང་ཕྱུག་འཕགས་པའི་ཚོགས་རྣམས་ཀྱིས༔ ཕྱི་ནང་བླ་མེད་ཐེག་ཆེན་ཆོས་འཁོར་ལོ༔ འཁོར་བ་མ་སྟོངས་བར་དུ་བསྐོར་བར་བསྐུལ༔ ཨོཾ་ཨཱཿཧཱུྃཿ དེ་དག་མཁའ་ཀློང་ཡངས་པའི་ངང་ཉིད་ལས༔ ཐུགས་རྗེའི་ཟེར་ལྡན་སྨོན་འཇུག་ལྡན་པ་པོས༔ སྡུག་བསྔལ་འདམ་དུ་བྱིང་རྣམས་སྐྱབས་སླད་དུ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃཿ དེ་ལྟར་ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དེ་དག་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཨོཾ་ཨཱཿཧཱུྃཿ དེ་ལྟར་སྒོ་གསུམ་དངས་པས་དུས་དྲུག་ཏུ༔ ཡན་ལག་བདུན་སོགས་དགེ་བ་བགྱིས་པ་དང་༔ བགྱིས་གྱུར་བགྱིས་པར་གྱུར་པའི་བསོད་ནམས་ཀྱིས༔ འགྲོ་དྲུག་སེམས་ཅན་ཐར་ལམ་བསྒྲོད་པར་ཤོག༔ ཨོཾ་ཨཱཿཧཱུྃཿ གནས་སྐབས་སུ་ཡང་ཡུལ་རིས་རྒྱལ་ཁམས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས༔ དཀར་པོ་དགེ་བའི་ཕྱོགས་རྣམས་དར་ནས་ཀྱང་༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃཿ དེ་ཡི་རྒྱུ་རྐྱེན་འབྲས་བུར་བཅས་པ་ཡིས༔ ནག་པོ་བདུད་ཀྱི་ཕྱོགས་རྣམས་ཕམ་པ་དང་༔ ཉེས་དགུ་ཞི་ཞིང་ལེགས་དགུ་དར་ནས་ཀྱང་༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃཿ ཁྱད་པར་ཐེག་ཆེན་ཆོས་ལ་སྤྱོད་པའི་ཚེ༔ བཀའ་སྲུང་རྣམས་ཀྱིས་རུ་ང་མི་བགྱིད་ཅིང་༔ མཐུ་དཔལ་ལྡན་པའི་དགེ་བསྙེན་ཁྱོད་རྣམས་ཀྱིས༔ ཆོས་བྱེད་སྒྲུབ་པོ་ཡི་གྲོགས་མགོན་གྱིས༔ ཨོཾ་ཨཱཿཧཱུྃཿ དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་ནི༔ དམིགས་བཅས་དམིགས་མེད་ཟུང་འཇུག་ཅི་བསགས་པ༔ བླ་མེད་རྡོ་རྗེ་ཐེག་པ་བསྔོ་བར་བགྱི༔ འགྲོ་དྲུག་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཨེ་མ་ཧོ། ཕྱི་རབས་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔ ཐུན་འོག་ལམ་ནི་ཉིན་མཚན་དུས་དྲག་ཏུ༔ དམ་ཆོས་སྤྱོད་པའི་ཚེ་ན་འདི་བཟླས་ཤིང་༔ བསམ་གཏན་དང་པོས་རྟག་ཏུ་དྲན་གྱུར་ན༔ བརྩེ་བ་འདི་ཡིས་བསོད་ནམས་ཅི་མཆིས་པ༔ སངས་རྒྱས་སྟོང་གི་ཡོན་ཏན་རྫོགས་པ་དང་༔ ས་ལམ་རིམ་གྱིས་བསྒྲོད་ནས་ཐེག་ཆེན་སར༔ བླ་མེད་རྡོ་རྗེ་འཛིན་པའི་གོ་འཕང་བསྒྲོད༔ གནས་སྐབས་སུ་ཡང་ཤེས་རབ་ཕུན་ཚོགས་ཤིང༔མི་བརྗེད་གཟུངས་ཐོབ་ཅི་བསམ་ཆོས་བཞིན་འགྲུབ༔དེ་ཡི་ཕྱིར་ན་ཕྱི་རབས་སྐལ་ལྡན་ཀུན༔ འདི་ལ་འབོད་རྩོལ་ལྡན་པས་ཉམས་སུ་ལོངས༔ སྙིང་པོ་ལོན་ནས་གཞན་ལ་སྟོན་ཅིག་སྤེལ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པད་མ་འབྱུང་གནས་ཀྱི་ཕྱི་རབས་ཀྱི་དོན་དུ་མཛད་པ་ནི༔ མཚོ་རྒྱལ་བདག་གིས་ཟིན་རིས་སུ་བཏགས་ནས་གཏེར་དུ་སྦས༔ སྐྱེས་བུ་ལས་ཅན་ཤེས་རབ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རི་ཕུག་མོ་ཆེ་ནས་བདག་འདྲ་སངས་རྒྱས་གླིང་པས་བཏོན་པའོ༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ མཆོད་གཡོགས་པས་བསངས་ཆུ་འབོར་ཞིང་༔ གཏོར་མ་ལ་ཆབ་བྱུང་མཛད་པར་ཞུ་ཟེར། སློབ་དཔོན་གྱིས་རྡོ་རྗེ་གསོར་ཅིང་༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ལན་གསུམ་མོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊཿསྭཱ་ཧཱ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཆོངས། བསྐང་རྫས། བརྟེན་རྫས། བསྒྲུབ་རྫས། ཚོགས་རྫས་འདི་རྣམས་ལ་དང་པོ་ཆེ་མི་བསམ་ནས་ཕར་བཅད་པ། ཆུང་མི་བསམ་ནས་ཚུར་བསྣན་པ། ཉེས་སྒྲིབ་སེར་སྣ་བརླམ་སེམས་རྔམས་སེམས་འབག་འཁྲིལ་འཕང་འཁྲིལ། རྨེ་མུག་ནལ་གསུམ༔ སྔ་ཐུན་ཚིག་གསུམ། ལྷ་མི་བར་གྱི་བསྒྲེན་འདྲེ་འདྲ་བ༔ སྒྲོ་སྨྱག་བར་གྱི་དྲི་མ་འདྲ་བ། སྲིད་པའི་འདྲེ་དགུ། གཙུག་ལག་ཁང་གི་གདོན་བཅུ་ལ་སོགས་པ་མཐོས་བསྒོམ་དམས་བཅག་མི་སོང་བ་ཐམས་ཅད་དང་༔ ཕྱིའི་ཡུལ་མ་དག་པ་དང་༔ ནང་གི་བཅུད་མ་དག་པ་དང་༔ རང་གི་སེམས་མ་དག་པ་ཐམས་ཅད་གཙང་པ་ལེ་སི་ལེ་ཡེ་སྭཱ་ཧཱ༔ རཾ་པ་ལེ་སི་ལེ་ཡེ་སྭཱ་ཧཱ༔ ཡཾ་ས་ལེ་སི་ལེ་ཡེ་སྭཱ་ཧཱ༔ ཁཾ་ས་ལེ་སི་ལེ་ཡེ་སྭཱ་ཧཱ༔ མཆོད་གཡོགས་པས་གཏོར་མ་ལ་སྐྱེམས་མཆོད་མེད་པ་ཞུ་ཟེར། མཆོད་དོ་བྱིན་རླབས་ཀྱི་རྩ་བ་བརྒྱད་པ་དགུ་ལྡན་གྱི་བླ་མ་རྣམས་མཆོད༔ བསྙེན་བསྒྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་མཆོད༔ དངོས་གྲུབ་ཀྱི་རྩ་བ་མ་དང་མཁའ་འགྲོ་མཆོད༔ བསྟན་པ་བསྲུངས་པའི་ཆོས་སྐྱོང་སྲུང་མ་མཆོད༔ འཁོར་འདས་རྒྱལ་བའི་ཞིང་ཁམས་ཐམས་ཅད་ལ་དབང་བསྒྱུར་ཞིང་སྐྱོང་བ༔ ཞིང་སྐྱོང་ཆེན་པོ་ཉ་མགོན་གཟི་ལྡན་ཡབ་ཡུམ་བཀའ་ཁོར་བྲན་གཡོག་འཁོར་དང་བཅས་པ་ཐམས་ཅད་མཆོད༔ ཛམྦྷ་ལ་དང་རྣམ་ཐོས་སྲས་ལ་སོགས་པའི་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་མཆོད༔ བཀའ་བསྲུང་གཏེར་བསྲུང་གནས་བསྲུང་གི་རིགས་འཁོར་དང་བཅས་པ་རྣམས་མཆོད༔ བདུད་རྩིས་སྨན་གྱིས་མཆོད༔ བྷ་ལིང་རྒྱན་གྱིས་མཆོད༔ རཀྟ་དམར་གྱིས་མཆོད༔ སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆགས་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་སོར་ཆུད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ༔ ཨེ་དཾ་བ་ལིཾ་ཏ་རཀྵ་རཀྵ་ཧཱུྃ་སྲུངས་ཤིག༔ ཡང་མཆོད་གཡོགས་པས་སྤོས་སྤོར་ཐོགས་ལ་འདི་སྐད་ཞུ༔ གཏོར་མ་ལ་སྤོས་སྦྱངས་མཛད་པར་ཞུ་ཟེར༔ ཚུལ་ཁྲིམས་དྲི་ལྡན་སྤོས༴ སོགས། ཙན་དན་བཟང་པོའི་སོགས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་དྷུཔྤེ་པྲ་ཏི་ཛ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ༔ ཅེས་པ་འདི་ཡང་རིག་འཛིན་ཆེན་པོས་སྦྱར་བའོ། །མངྒ་ལཾ།

བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་ལས་སྔོན་འགྲོ་གཏོར་མའི་རིམ་པ།

༄༅། །ཧམདྷྱེམཧཱདྷརྨཤཡཔརིསཾགྷཏཔཱུརགབལིཾཏསྱགྲམསརྦབིཧརཏིསྨྲ།

༄༅། །བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་ལས་སྔོན་འགྲོ་གཏོར་མའི་རིམ་པ་བཞུགས་སོ། །

༈ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ འདི་འབད་མཐའ་བྲལ་ཀློང་ཡངས་ལས༔ བྲང་རིག་རྩ་གསུམ་ལྷ་ལ་འདུད༔ ཨོཾ་ཨཱཿཧཱུྃཿ ཞེས་པས། རྣམ་སྨིན་ཤ་ཁྲག་གི་ཕུང་པོ་ཐུལ་གྱིས་བསྲེགས་ནས༔ པད་དཀར་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་རང་རང་གི་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་བར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ༔ ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་༔ བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར༔ སྐུ་གང་། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་འབྲུ་བཞི་པའི་མཐའ་སྐོར་དུ་སྔགས་ཐམས་ཅད་རང་སྒྲ་ལྡིང་ཞིང་གཡས་བསྐོར་དུ་འཁོད་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལན་གསུམ། ཧཱུྃ་ཧྲཱིཿ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཞེས་པས་བསྟོད༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་གསེར་སྐྱེམས་མི་དམིགས་པ༔ ཟག་པ་མེད་པ༔ ནམ་མཁའ་ལས་འཕངས་མཐོ་བ༔ ས་གཞི་ལས་རྒྱ་ཆེ་བ༔ རྒྱ་མཚོ་ལས་གཏིང་ཟབ་པ༔ རྩི་ཤིང་ལས་ལྷུན་སྟུག་པ༔ ཉི་ཟླ་ལས་འོད་གསལ་བ༔ རི་རྒྱལ་ལས་རྒྱུད་བརྟན་པ༔ སོ་སོའི་འདོད་དགུ་ཡོན་ཏན་ཕུན་སུམ་ཚོགས་པ་སྟོང་གསུམ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར༔ ཞེས་ནམ་མཁའ་མཛོད་ཀྱིས་ཕྱག་རྒྱ་ནས་བརྩམས༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁང་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ཁཾ་སྭཱ་ཧཱ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ཛྙཱ་ན་ཧཱུྃ༔ ཨོཾ་ན་མཿསམནྟ་བྷུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛ་ཏི་ས་མ་ཡ་སྭཱ་ཧཱ༔ ན་མ་ས་མནྟ་བུདྡྷ་ནཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃཿ ལན་གསུམ། ཨོཾ་བྷྲུཾ་ཏྲཾ་ཧྲཱི་ཨཱཿ ལན་གསུམ། ཞེས་གསེར་སྐྱེམས་ཕྱི་རོལ་དུ་དོར་ལ༔ དྲིལ་བུ་བསིལ་ཞིང་འདི་སྐད་དོ༔ ན་མོཿ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ༔ བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད༔ འཆི་བའི་སྲོག་ལ་མི་འཛེམས་གང་ཡང་མེད༔ སྐྱེ་འགྲོ་རླུང་ལ་མི་བརྟེན་གང་ཡང་མེད༔ འབྱུང་བ་ཆུ་ལ་མི་འཐུང་གང་ཡང་མེད༔ འཚོ་བའི་ཟས་ལ་མི་ཆགས་གང་ཡང་མེད༔ སྨྲས་པའི་ཚིག་ལ་མི་ཉན་གང་ཡང་མེད༔ ཟབ་མོའི་དོན་ལ་མི་སེམས་གང་ཡང་མེད༔ བཟླས་པའི་སྔགས་ཀྱིས་མི་འགྲུབ་གང་ཡང་མེད༔ མ་ལུས་ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཧཱུྃ་ཧྲཱིཿ ང་ནི་དུས་གསུམ་དཔལ་ལྡན་རྡོ་རྗེ་འཆང་༔ ང་ནི་ཆེ་མཆོག་ཁྲོ་བོ་དབང་ཆེན་རྒྱལ༔ ང་ནི་མ་མོ་མཁའ་འགྲོ་ཀུན་གྱི་ཡབ༔ ང་ནི་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ ང་ནི་དགྲ་བགེགས་འབྱུང་པོ་ཀུན་གྱི་གཤེད༔ ང་ནི་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ༔ ང་ཡི་བཀའ་ལ་ཐམས་ཅད་འདའ་མ་ཡིན༔ གལ་ཏེ་ང་ཡི་བཀའ་ལ་འདའ་བྱེད་ན༔ ཆེ་མཆོག་དབང་ཆེན་ཐོད་ཕྲེང་ཁྲོས་ནས་ནི༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ དེ་བས་ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཧཱུྃ་ཧྲཱི༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང་༔ དྲི་ཟ་གྲུལ་བུམ་མི་འམ་ཅི་ལ་སོགས༔ བདུད་དང་སྲིན་པོ་མ་མོ་གཟེ་སྨན་དང་༔ རྨུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང་༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ༔ གནོད་ཅིང་འདུལ་བའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྡོང་གྲོགས་མཛོད༔ ཡུལ་རི་རྒྱལ་ཁམས་ས་ཕྱོགས་འདི་དག་རུ༔ བདག་གི་བླ་མེད་བྱང་ཆུབ་མཆོག་བསྒྲུབ་ཅིང་༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱོད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི༔ ས་བདག་རྗེ་བློན་འཁོར་དང་བཅས་པ་རྣམས༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ༔ བདག་གི་བསམ་པའི་དོན་འདི་མ་འགྲུབ་པར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་བསྒྲུབ་ལ་རེ་བ་སྐོངས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བུཾ་པ་ཏི་ས་པཱ་རི་ཝ་ར་པྲ་ཏི་དི་ཝི་ལོ་ཀཱ་ཏ་ར༔ ཨེ་དཾ་བ་ལིཾ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་ནས། ཤབྡའི་བར་དུ་མཆོད༔ དེ་ནས་ཆོས་ཀྱི་སྦྱིན་པ་ནི༔ དྲིལ་བུ་ཨ་བརྡུང་བྱ་ཞིང་༔ ན་མོཿ བདག་གིས་བསམ་པའི་སྟོབས་དག་གིས༔ དེ་བཞི་གཤེགས་པའི་སྦྱིན་སྟོབས་དང་༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ འཕགས་པ་རྣམས་ལ་མཆོད་པ་དང་༔ སེམས་ཅན་རྣམས་ལ་ཕན་གདག་ཕྱིར༔ དོ་རྣམས་གང་དག་བསམ་པ་ཀུན༔ དེ་དག་ཐམས་ཅད་ཅི་རིགས་པ༔ འཇིག་རྟེན་ཁམས་འདིར་མ་ལུས་པ༔ ཐོགས་པ་མེད་པར་འབྱུང་གྱུར་ཅིག༔ དེ་ནས་དྲིལ་བུ་སུམ་བརྡུངས་བྱ་ཞིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༔ རྒྱུ་ལ་འགོགས་པ་གང་ཡིན་པ༔ དགེ་སྦྱོང་ཆེན་པོས་འདི་སྐད་གསུངས༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་ཤོག །རང་གི་སེམས་ནི་ཡོངས་སུ་དུལ༔ གཞན་གྱི་སེམས་ནི་དཀྲུག་མི་བྱ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ལུས་ཀྱི་སྡོམ་པ་ལེགས་པ་སྟེ༔ ངག་གི་སྡོམ་པ་ལེགས་པ་ཡིན༔ ཡིད་ཀྱི་སྡོམ་པ་ལེགས་པ་ན༔ ཐམས་ཅད་དུ་ནི་སྡོམ་པ་ལེགས༔ ཐམས་ཅད་བསྲུང་བའི་དགེ་སྦྱོང་དག༔ སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ༔ དེ་ནས་དཀར་གཏོར་ནི༔ རིན་པོ་ཆེའི་སྣོད་དུ་དཀར་གཏོར་རྒྱན་ལྡན་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས་ལ༔ རང་ཉིད་སྐད་ཅིག་གི་རིག་འཛིན་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཔལ་མགོན་བདུན་ཅུ་ལ་སོགས་པ་གཞི་བདག་དག་གི་ཚོགས་རྣམས་ཐམས་ཅད་མདུན་དུ་འཁོད་པར་བསམ་ཞིང་༔ དྲིལ་བུ་དཀྲོལ་ལ༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ལ་བཏགས་པ་ཡི༔ འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན༔ ཚངས་པ་དང་ནི་བརྒྱ་བྱིན་དང་༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོངས་བཅུ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལྷ༔ བོད་ཁམས་སྐྱོང་བའི་སྐྱོང་མ་དང་༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ མ་མོ་འབྱུང་པོ་ཤ་ཟའི་ཚོགས༔ སྲིན་པོ་ཡི་དྭགས་སྨྱོ་བྱེད་དང་༔ ཡུལ་ཕྱོགས་འདི་ལ་གནས་པ་ཡི༔ གཞི་བདག་ཚོགས་རྣམས་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ འདིར་གཤེགས་བདག་ལ་དགོངས་སུ་གསོལ༔ དེ་ནས་དྲིལ་བུ་སུམ་བརྡུངས་བྱ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་མེད་ཚེ་དང་དབང་ཕྱུག་དང་༔ དཔལ་དང་གྲགས་དང་བསྐལ་པ་བཟང་༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱིས་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱི་བདག་ལ་བསྲུངས༔ དངོས་གྲུབ་ཀུན་སྩོལ་སྡོངས་གྲོགས་མཛོད༔ དུས་མིན་འཆི་དང་ནད་རྣམས་དང་༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ བདེ་ལེགས་ཐམས་ཅད་འབྱུང་བ་ཡི༔ ཉམས་པ་ཐམས་ཅད་མེད་པར་མཛོད༔ ཡིད་ལ་བསམ་པ་ཀུན་འགྲུབ་ཤོག༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་༔ སེམས་ཅན་ཐམས་ཅད་རྫོགས་པ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དུ༔ ས་ཡི་ཕྱོགས་འདིར་བླ་ན་མེད་པའི་དཀྱིལ་འཁོར་འདི་ཉིད་བཞེངས་ཤིང་བསྒྲུབ་པ་ལ༔ བསྒྲུབ་པ་མཐའ་མ་ཕྱིན་གྱི་བར་དུ༔ བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང་༔ དངོས་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བའི་ཕྲིན་ལས་དང་སྡོངས་གྲོགས་རྒྱ་ཆེན་པོ་མཛོད་ཅིག༔ དེ་ནས་གཞི་བདག་དཀར་གཏོར་ལ་མི་དགྱེས་པའི་རིགས་རྣམས་ལ་དམར་གཏོར་བསྔོ་བ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ལན་གསུམ། ཨ་མྲྀ་ཏས་བརྡ་བྱ༔ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་ཨཱཿལས་བྷན་དྷའི་སྣོད་ཡོངས་ཤིང་རྒྱ་ཆེ་བའི་ནང་དུ་གཙང་མ་དམར་གྱི་གཏོར་མ་རྒྱ་ཆེན་པོ་ནམ་མཁའ་ལས་འཕང་མཐོ་བ༔ ས་གཞི་ལས་རྒྱ་ཆེ་བ༔ རྒྱ་མཚོ་གཏིང་ཟབ་པ༔ རྩི་ཤིང་ལས་ལྷུན་སྟུག་པ༔ ཉི་ཟླ་ལས་འོད་གསལ་བ༔ རི་རྒྱལ་ལས་རྒྱུད་བརྟན་པ༔ སོ་སོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧ་ཧོ་ཧྲཱིཿ ལན་གསུམ། དྲིལ་བུ་དལ་བརྡུངས་བྱ་ཞིང་༔ ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི༔ བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི༔ གཞི་བདག་དཀར་མཆོད་ལ་མི་དགྱེས་ཤིང་དམར་མཆོད་ལ་དགྱེས་པའི་སྡེ་ཚོགས༔ བཀའ་སྲུང་གཏེར་བདག་གནས་སྲུང་གི་རིགས་སུ་གྱུར་པ༔ ཕོ་ཉ་ལས་མཁན་དམ་ཚིག་ཅན་གྱི་སྲུང་མ༔ དམ་ཉམས་རྣམས་ཀྱི་ཤན་པ༔ ཤ་ལ་དགྱེས་ཤིང་ཁྲག་ལ་རྔམས་པ་སྡེ་བརྒྱད་དྲག་བྱེད་གདུག་རྩུབ་ཅན༔ བདུད། བཙན། རྒྱལ་པོ་དམུ། ཐེའུ་རང་། གཟའ། སྨན། མ་མོ། གཡའ་སྤངས། གངས་བྲག ཆུ་གླིང་། ལྗོན་ཤིང་། ནགས་ཚལ་ལ་གནས་པ་ལ་སོགས་པ་གཞི་བདག་མཐུ་བོ་ཆེ་རྣམས་དང་༔ ས་ལ་ངས་ཆེ༔ གནས་ལ་ངས་བདག་ཟོར་བའི་རིགས་སུ་གྱུར་པ་རྣམས་དང་༔ གཞན་ཡང་ཨི་མཆོད༔ ཨི་བསྟོད༔ ཨི་བསྒྲུབ༔ ཨི་བསྙེན་བསམ་པ༔ མ་བོས༔ མ་མཆོད༔ མ་བསྙེན༔ མ་སྒྲུབ་རང་འཁོར་དང་བཅས་པ་རྣམས་དང་ཚེ་རབས་སྔོན་ནས་ལས་འབྲེལ་ཡོད་པའི་ལྷ་སྲུང་གཉེན་པོ་ཁྱོད་རྣམས་ལ་མཆོད་དོ༔ བསྟོད་དོ༔ གསོལ་ལོ༔ བཞེས་སུ་གསོལ་ལོ༔ ཁྱེད་རྣམས་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་ཀྱིས་དགྱེས་ཤིང་ཚིམ་ནས་སྔོན་ཚེ་ཀུན་ཆེ་མཆོག་ཧེ་རུ་ཀ་དཔལ་ཆེན་པོ་པད་མ་དབང་ཆེན་བར་དུ་ཨུ་རྒྱན་ཆེན་པོ་པད་མ་འབྱུང་གནས་རྡོ་རྗེ་གཤོག་རྒོད་རྩལ༔ ཐ་མ་རིག་འཛིན་བདུད་འདུལ་རྡོ་རྗེ་འདུས་པ་རྩལ་ལ་སོགས་རྒྱལ་བ་གོང་མ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ༔ བཀའ་གཏེར་གྱི་བསྟན་པ་སྲུངས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་རྗེས་འཇུག་ཆབ་སྲིད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་ནས་གང་བཅོལ་གྱི་ལས་རྣམས་ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ བཛྲ་ས་མ་ཡཱ༔ དེ་ནས་བགེགས་གཏོར་ནི༔ རིན་པོ་ཆེའི་སྣོད་དུ་བགེགས་ཀྱི་གཏོར་མ་མར་མེ། གཏོར་ཆུང་། ཆང་བུ། ཤ དུམ། ཟན་ཆང་། འབྲས་ཆེན་དར་གྱིས་བརྒྱན་པ༔ རྒྱན་ལྡན་སྐྱེམས་ཕུད་དང་བཅས་པ་བཤམས་ལ༔ སྤྲོས་པ་ལ་དགའ་ན༔ པདྨ་དབང་ཆེན་གྱི་སྐུ་བསྐྱེད་ཐུགས་རྗེ་ཆེན་པོ་ལས་འབྱུང་བ་བཞིན་ཁོལ་དུ་ཕྱུང་ངོ་༔ ཨོཾ་ཧྲཱིཿཔདྨ་ཏ་ཀྲིཏ་སོགས། ཧཱུྃ་ཧྲཱིཿ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་གཅིག་གིས་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཏ་ཀི་ར་ཙ་ཧཱུྃ༔ འདིར་བདེན་སྟོབས་བཀུགས་པ་ནི༔ ན་མོཿ དྲིན་ཆེན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས༴ ཆོས༴ དགེ་འདུན༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་བོ་རྣམས་ཀྱི༴ ལྷ་ལས་ཁྱད་པར་དུ་འོངས་དཔལ་ཆེན་པོ་པད་མ་དབང་ཆེན་སེང་གེ་སྒྲ་སྒྲོགས་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་རྒྱལ་བའི་བསྟན་བསྲུངས་ཆེན་པོ་ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་ལས་མཁན་བམ་རོ་ཕོ་མོ་ལས་བྱེད་བཀའི་ཤན་པ་ལྷ་སྲིན་སྡེ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་གཉེན་པོ་འདི་ཉིད་བཞེངས་ཤིང་སྒྲུབ་པ་ལ་གསང་སྤྱོད་ལྟ་བ་མ་དབང་བ༔ སྒྲིབ་གཉིས་ཀྱི་ཤུན་མ་དག་པ༔ གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་གཉེན་པོ་ཟབ་མོ་བསྒོམ་པ་ལ་བར་གཅོད་པར་བྱེད་པའི་འབྱུང་པོ་མི་མིན་མི་རུ་རྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ ལེགས་སུ་མི་སྟེར་ཞིང་ཉེས་སུ་དགའ་བ༔ སྐབས་ལྟ་ཞིང་གླགས་ཚོལ་བ༔ ཆོས་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ༔ ཉམས་ཏིང་ངེ་འཛིན་ལ་བར་དུ་གཅོད་པ༔ ས་ལམ་ཡོན་ཏན་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ༔ ནད་བདག་ཡམས་བདག༔ ནད་རིམས་བགེགས་ཀྱི་བདག་པོ༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ༔ ལན་ཆགས་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་ལན་ཆགས་གླུད་ཀྱི་གཏོར་མ་འདི་ཉིད་ལེན་པ་ལ་ཁུག་ཅིག༔ ན་མོ༔ སངས་རྒྱས་ཀྱི་བདེན་པས་ཁུག་ཅིག༔ ཆོས་ཀྱི༴ དགེ་འདུན༴ གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་ཆེན་པོས་ཁུག་ཅིག༔ བསྟིམ་ཅིག༔ ཨོཾ་བཛྲ་ཨཾ་གུ་ཤ་ཛ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ་ཧཱུྃཿ ཨོཾ་བཛྲ་སྥོ་ཊ་བཾ་བཾ༔ ཨོཾ་ཨོཾ་བཛྲ་གྷཎྜ་ཧོ་ཧོ༔ ཨ་མྲྀ་ཏས་བསངས༔ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་ནམ་མཁའ་ལས་འཕང་མཐོང་བ༔ ས་གཞི་ལས་རྒྱ་ཆེ་བ༔ རྒྱ་མཚོ་ལས་གཏིང་ཟབ་པ༔ རྩི་ཤིང་ལས་ལྷུན་སྟུག་པ༔ ཉི་ཟླ་ལས་འོད་གསལ་བ༔ རི་རྒྱལ་ལས་རྒྱུད་བརྟན་པ༔ སོ་སོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཞེས་པའི་བར་བྱས་ལ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་ལན་གསུམ་མོ༔ དྲིལ་བུ་དལ་བརྡུངས་བྱ་ཞིང་༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད༔ བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི༔ གང་འདིར་དཀར་པོ་དགེ་བའི་ལས་བསྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པར་བྱེད་པ༔ འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ༔ ནམ་མཁའ་ལ་འཕྱོ་བ༔ ས་གཞི་ལ་བརྟན་པ༔ ས་འོག་ཏུ་འགྲིམ་པ༔ འབྱུང་བ་ལ་གནས་པ༔ སྐྱབས་གྲིབ་ལ་གབ་པ་ལ་སོགས་པ་བླ་ན་མེད་པའི་དཀྱིལ་འཁོར་གཉན་པོ་བཞེངས་ཤིང་བསྒྲུབ་པ་ལ༔ གསང་སྤྱོད་བལྟ་བ་ལ་མི་དབང་བ༔ དཀྱིལ་འཁོར་གྱི་མདངས་འཕྲོག་པ༔ མར་མེའི་འོད་འཕྲོག་པ༔ རོལ་མོའི་སྒྲ་བཅག་པ༔ སྤོས་ཀྱི་དྲི་སྣོམས་པ༔ རཀྟའི་བཅུད་འཇིབ་པ༔ དཔལ་གཏོར་གྱི་དབལ་སྣོམས་པ༔ དོང་བ་བཞིན་དུ་བླ་མ་བཏགས་པ༔ རྟ་རྔ་བཞིན་དུ་བྱིན་ལ་འཁྲིལ་བ༔ ཁྱི་མོ་བཞིན་དུ་རྗེས་འབྲང་བ༔ བྱ་ནག་བཞིན་དུ་གླད་ན་ལྡིང་བ༔ མི་བརྫུ་དགུ་བརྫུ༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལན་ཆགས་པའི་འབྱུང་པོ་ཟ་རེ་བ༔ འཐུང་སྙམས་པ་རྣམས་དང་གཞན་ཡང་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ༔ ནད་གདོན་ངོས་མ་ཟིན་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ༔ རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་འབྱུང་ཞིང་ཚིམ་པར་གྱུར་ཅིག༔ ཚིམས་ནས་ཀྱང་ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད་ལ་འདིར་སྐད་ཅིག་ཡུད་ཙམ་དུའང་འཚེ་བར་མ་བྱེད་ཅིག༔ སོ་སོ་རང་རང་གི་གནས་སུ་བྱེར་ཅིག༔ བུད་ཅིག༔ དངོས་ཤིག༔ སརྦ་བྷིགྷ་ནཾ་གཙྪ༔ ཞེས་དཀྱིལ་འཁོར་གཞུང་ལུགས་ཀྱི་བཀའ་བསྒོ་བྱའོ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་སྟེང་རྡོ་རྗེའི་འཁོར་ལོའམ་གུར་ཁང་༔ འོག་ཐམས་ཅད་རྡོ་རྗེའི་འཁོར་ལོའི་ས་གཞི༔ དེ་ཡི་ཕྱི་རོལ་དུ་ཨ་ལམ་དཀར་པོ་གཡས་སུ་འཁོར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་ཀཱ་ལི་དམར་པོ་གཡོན་དུ་འཁོར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་རླུང་སྤུ་གྲེ་རེག་གཅོད་ཀྱི་གུར་ཁང་༔ དེའི་ཕྱི་རོལ་དུ་འཇའ་འོད་དང་ཡིག་འབྲུ་མཚོན་ཆ་རྣམས་ཀྱི་རིག་བྱེད་ཐམས་ཅད་ཉི་རྡུལ་ལྟར་དུ་འཁྲིགས་པའི་གུར་ཁང་༔ དེའི་ཕྱི་རོལ་དུ་ཤེས་ཀྱི་མེ་རི་མེ་ཕུང་ཁ་དོག་སྣ་ལྔ་འབར་བའི་གུར་ཁང་ཆེན་པོ་ཅིག་ཏུ་གྱུར༔ མེ་ཕུང་གི་ཀློང་ན་བཟློག་བྱེད་ཀྱི་ཁྲོ་བོ་རྣམས་ཀྱི་ཞལ་ཕྱིར་བརྒྱུས་ནས་བྷྱོ་བཟློག་དང་ཧཱུྃ་ཕཊ་ཀྱིས་སྔགས་སྒྲ་དྷི་རི་རི་སྒྲོགས་པ༔ བསྲུང་བའི་འཁོར་ལོའི་ནང་དུ་བསྲུང་བྱེད་ཀྱི་ཁྲོ་མོ་རྣམས་ཀྱི་ཞལ་ནང་དུ་གྱུས་ནས༔ ཧཱུྃ་ཧཱུྃ་དང་ཏུ་ལུའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུར་གྱུར༔ དེ་དག་རྣམས་ཀྱི་དབུས་སུ་ཡེ་ཤེས་ཀྱི་རང་འོད་འཁྲིགས་པའི་ཀློང་དུ༔ བདག་ཉིད་དང་བསྲུང་བྱ་ཐམས་ཅད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་གནས་པར་གྱུར༔ ཨོཾ་ཡེ་དྷརྨཱ་སོགས།

བླ་མ་དགོངས་པ་འདུས་པའི་སྙིང་པོ་ཡང་གསང་རྫོགས་པ་ཆེན་པོ་གསེར་གྱི་ཡང་ཞུན་གྱི་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ངག་འདོན་གྱི་རིམ་པ།

༄༅། །བླ་མ་དགོངས་པ་འདུས་པའི་སྙིང་པོ་ཡང་གསང་རྫོགས་པ་ཆེན་པོ་གསེར་གྱི་ཡང་ཞུན་གྱི་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ངག་འདོན་གྱི་རིམ་པ་བཞུགས་སོ། །

༈ ན་མོ་གུ་རུ་དྷེ་བ་ཌ་ཀྐི་ནཱི་ཧཱུྃ། བཀའ་གསང་བ་རྨད་དུ་བྱུང་བ་བླ་མ་དགོངས་པ་འདུས་པའི་ཡང་སྙིང་རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་མ་ཡི་སྔོན་འགྲོ་རྡོ་རྗེ་ཐེག་པ་སྤྱི་དང་ཐུན་མོང་ལས་སྙིང་ཐིག་གི་ལུགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ནི། དང་པོ་ཕྱི་ནང་གསང་གསུམ་གྱི་སྐྱབས་སུ་འགྲོ་བ་འདི་སྐད་དོ། །ན་མོ་འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་། །ཉོན་མོངས་དྲི་མ་རབ་དབེན་འཕགས་པའི་ཚོགས། །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་གར་སྤྲུལ། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དག་པའི་གནས་མཆོག་བདེ་ཆེན་ཕྱོགས་རྩོལ་ཞིང་། །དམ་ཚིག་ཅན་ལ་དངོས་གྲུབ་གཏེར་མཛོད་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛོད་ལ། །དམ་ཚིག་ཚོགས་ལ་ཕྱག་འཚལ་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛོད་ལ། །དམ་ཅན་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཨཱ༔ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལས། །སྤྲོས་མེད་འོད་གསལ་འདུས་མ་བྱས་པའི་སྐུ། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་གསལ་ཆེན་པོའི་རང་བཞིན་ལས། །རྟོག་མེད་རང་སེམས་རྗེན་པར་སྐྱབས་སུ་མཆི། །ལྷུན་གྲུབ་རང་བཞི་ཡེ་ནས་སྐུ་ལྔའི་བདག །ཡེ་ཤེས་ལྔ་ལྡན་འོད་ཀྱི་རང་བཞིན་ལས། །འཛིན་མེད་རང་གསལ་ངང་དུ་སྐྱབས་སུ་མཆི། །དབྱིངས་རིག་སྟོང་གསལ་ཐིག་ལེ་དཀྱིལ་འཁོར་དུ། །རང་རིག་འོད་གསལ་རྡོ་རྗེ་ལུ་གུ་རྒྱུད། །མངོན་སུམ་འདུ་བྲལ་མེད་པར་སྐྱབས་སུ་མཆི། །མ་འགག་རང་གསལ་ཀུན་ཁྱབ་ཐུགས་རྗེ་ཅན། །ཅིར་ཡང་སྤྲུལ་པ་བདེ་ཆེན་ཐུགས་རྗེ་ཅན། །ཤར་སྒྲོལ་མཐའ་བྲལ་ཆེན་པོར་སྐྱབས་སུ་མཆི། །ཐུགས་རྗེ་རང་བཞིན་ཉི་མའི་འོད་ཟེར་གྱི། །རྟོག་མེད་ངང་དུ་འགྲོ་བའི་མུན་སེལ་བ། །དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པའི་ངག་འདོན་ནི། ན་མོཿ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་པར་གྱིས། །སངས་རྒྱས་རྣལ་འབྱོར་སྡོམ་པ་མཆོག་ཉིད་དང་། །སྡོམ་པ་ཡིད་བཞིན་ལྷག་པའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་མ་ལུས་བསྡུད་པ་དང་། །འགྲོ་བ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གི་ནམ་དུ་ཡང་ནི་མི་སྤོང་ངོ་། །འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་སྡོམ་པ་བརྟན་པོར་བཟུང་བར་གྱིས། །ལུས་དང་སྲོག་ལ་ལྟོས་པ་མེད་པར་ནི། །ཁྱེད་ཀྱི་རྗེས་སུ་འཇུག་ཅིང་བདག་སློབ་ན། །ཚད་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང་། །ཀུན་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །གསུམ་པ་སྒྲིབ་སྦྱོང་གི་ངག་འདོན་ནི། རང་ཉིད་ཐ་མལ་དུ་གསལ་བའི་སྤྱི་བོར། །པད་ཟླའི་གདན་ལ་རྡོ་རྗེ་རྩེ་ལྔ་ཧཱུྃ་དཀར་པོའི་མཚན་པ་ལས་འོད་འཕྲོས། བསྐུལ་དོན་གཉིས་བྱེས་འདུས་པ་ལས་འབྱུང་བའི། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་དྲིལ་བུ་སྐུ་ལ་བརྟན་པ་ཅུང་ཞིག་འགྱིང་བའི་ཚུལ་ཅན། ཞབས་དཀྱིལ་ཀྲུང་ཕྱེད་བཅས་ཀྱི་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པ། ཞལ་འཛུམ་པ། སྤྱན་མདངས་རབ་ཏུ་དགྱེས་པ། དར་སྣ་ཚོགས་ཀྱི་ཅོད་པཎ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཐུགས་ཀར། ཟླ་བ་རྒྱས་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐའ་སྐོར་དུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏཱ་ཧྲཱི་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡཱ་ས་ཏྭ་ཨཿཧཱུྃ་ཕཊ། ཅེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས་ཏེ། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷུ་པྤེ། ཨ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱ། ཤཔྡ་པུཙྪ་ཧོ༔ རུ་པྤ། ཤཔྡ། གྷནྡྷེ། ར་སྱ། སྤཪྵེ་པུཙྪ་ཧོ། བྷོ་དྷི་ཙི་ཏ་ཧོ། དྷརྨ་དྷར་དུ་ཧོ། སརྦ་པུཙྪ་ཧོ། ཧོ༔ མ་སྐྱེས་རྡོ་རྗེ་ཐབས་ཀྱི་རང་བཞིན་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་གསལ། །ཐབས་དང་ཤེས་རབ་ཆེ་ལ་མངའ་སྐྱེས་པ། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཞེས་པས་མཆོད་བསྟོད་ཅིང་དམིགས་པ་མ་ཟིན་པར་གསལ་བཏབ་ནས་བཟླས་པ་བགྱིས་པའི་ཚེ། རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྐོར་བའི་སྔགས་ཀྱི་འཕྲེང་བ་ཐམས་ཅད་གཡས་སུ་ཀ་ར་ར་འཁོར་བ་ལས། འོད་ཟེར་སྐར་མའི་འཕྲེང་བ་ལྟར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བརྒྱུད་བསྐུལ་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཤིང་། སླར་ཡང་འོད་ཟེར་ཚུར་འདུས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་ཕོག་པས། སྐུ་གསུང་ཐུགས་ཀྱི་བརྒྱུད་བསྐུལ་ཞིང་། སྐུ་གསུང་ཐུགས་ནས་འོད་ཟེར་གྱི་རྒྱུན་བབ་ཞབས་མཐེ་བོང་ནས་ངང་ནར་གྱིས་བྱུང་བས། རང་གི་སྤྱི་བོ་ཚངས་པའི་བུ་གར་ཞུགས་ཏེ། འཁོར་བ་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་སྡིག་སྒྲིབ་དམ་ཚིག་ཉམས་ཆག་འགལ་འཁྲུལ་དུ་གྱུར་པའི་ཉེས་བྱས། ལུས་ངག་ཡིད་གསུམ་གྱི་བརྒྱུད་ལ་ཅི་གནས་པ་ཐམས་ཅད་སང་སང་དག་ཅིང་མི་གནས་པར། ལུས་ཤེལ་གོང་དྲི་མ་མེད་པ་ལྟར་རམ། འོད་ཀྱི་རྣམ་པར་གྱུར་ནས་མཐར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་དབྱེར་མེད་དུ་གྱུར་པའི་ངང་དུ་ཇི་གནས་སུ་བཞག་པར་བྱའོ། །རྒྱུན་སྲིང་བར་འདོད་པས། སླར་གོང་ལྟར་ཡང་ཡང་གསལ་ཞིང་། ཡི་གེ་བརྒྱ་པ་དང་། ཨོཾ་ཨ་ཧཱུྃ་ཧྲཱི༔ བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་སིདྷེ་ཕ་ལ་ཧཱུྃ༔ བཛྲ་ཛྙཱ་ན་ས་ཏོ་མ་མ་ཀཱ་ཕ་ཝཱ་ཀ་ཙིཏྟ་ས་ཡ། ཨ༔ཨ༔ བཛྲ་ས་ཏྭ་ཧཱུྃ། ཅེས་ཆུ་བོ་རྒྱུན་ལྟར་བཟླས་པར་བྱའོ། །བཞི་པ་མཎྜལ་གྱི་ངག་འདོན་ནི་རིན་ཆེན་སྨན་འབྲུའི་མཎྜལ་རིམས་པར་དངོས་འབྱོར་ཡིད་སྤྲུལ་གྱིས་ཕུལ་བཞིན། ཧཱུྃ་ཧྲཱི༔ ལྷ་དབང་ཀླུ་དབང་གནོད་སྦྱིན་མི་དབང་འབྱོར་པའི་དཔལ། །ས་འོག་ས་སྟེང་ས་བླ་ཡང་ནི་རྒྱ་མཚོའི་གླིང་། །གངྒཱ་ལས་བྱུང་སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །དངོས་འབྱོར་ཡིད་སྤྲུལ་བླ་མ་ཡི་དམ་ལྷ་ལ་ཕུལ། ཧཱུྃ་ཧྲཱི༔ རླུང་མཁྲིས་བད་ཀན་འདུས་པ་ལ་སོགས་ནད་འཇོམས་ཤིང་། །གསོ་སྐྱེས་རྫས་མཆོག་ཁྱད་པར་རྨད་བྱུང་བའི། །རོ་བཅུད་དྲི་ངད་ཀུན་ལྡན་མཎྜལ་བརྒྱན་དུ་བཀྲམ། །བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཧཱུྃ་ཧྲཱི༔ རྒྱལ་བའི་ཐུགས་རྗེས་འགྲོ་བའི་དཔལ་འབྱོར་ལས་བྱུང་བའི། །རྣམ་པ་མང་པོ་བཅུད་ཀྱི་སྙིང་པོ་འབྲས་བུའི་ཚོགས། །བཀྲེས་སྐོམ་གདུང་སེལ་ཁ་དོག་གཟུགས་ཅན་དུ་མར་བཅས། །མཆོད་པའི་ཞིང་གྱུར་རྒྱལ་བ་འཁོར་དང་བཅས་ལ་འབུལ། །བདག་གཞན་འགྲོ་བའི་བསོད་ནམས་ཡེ་ཤེས་དཔལ་གྱི་ཞིང་། །རྒྱ་ཆེར་རབ་སྤེལ་འདོད་འབྱུང་ཡིད་བཞིན་རྨད་པོ་ཆེ། །རྒྱུ་རྐྱེན་ལས་འདས་རྩོལ་མེད་ལྷུན་གྱིས་གྲུབ་ནས་ཀྱང་། །སྨིན་གྲོལ་མཐར་ཕྱིན་བདེ་འབྲས་བསྟེན་པ་ཐོབ་གྱུར་ཅིག །ཨོཾ་ཨཱ༔ ཧཱུྃ་ཧྲཱིཿ བཛྲ་གུ་རུ་དེ་བཱ་ཌཱཀྐི་ནི། སརྦ་བུདྷ་བྷོ་དྷི་ས་ཏྭ་མཎྜལ་ལ་པུཙྪ་ཨཱ༔ ཧཱུྃ༔ གཞན་ཡང་ཕྱི་ནང་གསང་བའི་མཎྜལ་ནི། ཨོཾ་ཨཱ་ཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་རྡུལ་རྙེད་མཆོད་སྤྲིན་གཏིབས། །ལྷ་མའི་ལོངས་སྤྱོད་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་པའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་བ་སྤྲུལ་སྐུའི་ཞིང་སྤྱོད་ཤོག །ཨོཾ་ཨཱ༔་ཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་བ་ལོངས་སྐུའི་ཞིང་སྤྱོད་ཤོག །ཨོཾ་ཧཱ༔་ཧཱུྃ། སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །སྤྲོས་མེད་སྟོག་གསལ་འཛིན་མེད་ངད་དུ་གནས། །གདོད་ནས་དག་པའི་སྤྲོས་བྲལ་གཉུག་མ་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །བདག་སོགས་འགྲོ་ཀུན་ཆོས་སྐུའི་ཞིང་སྤྱོད་ཤོག །ཨོཾ་གུ་རུ་དེ་ཝ་ཌཱཀྐི་སརྦ་བུདྷ་བྷོ་དྷེ་ས་ཏྭ་མཎྜལ་ལ་པུཙྪ་མེ་ག་ས་མུཏྟྲ་སྥ་ར་ན་ས་མ་ཡེ་ཨ་ཧཱུྃ༔

ལྔ་པ་བླ་མར་གསོལ་བ་བཏབ་པའི་ངག་འདོན་ནི། ཧྲཱི༔ འོག་མིན་བདེ་ཆེན་མཁའ་དབྱིངས་ཕོ་བྲང་ནས། །ཀུན་བཟང་སྣང་བ་མཐའ་ཡས་ཧེ་རུ་ཀ །སྣང་སྟོང་ཡབ་ཡུམ་བདེ་སྟོང་ཟག་མེད་སྐུ། །དང་པོའི་སངས་རྒྱས་དེ་ལ་གསོལ་བ་འདེབས། །ཧྲཱིཿ ལྷུན་གྲུབ་རང་གསལ་འོད་ལྔའི་གཞལ་ཡས་སུ། །རྒྱལ་ཚབ་རིགས་ལྔ་དྲུག་པ་རྡོ་རྗེ་འཆང་། །སྟོན་པ་རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས། །དགོངས་རྒྱུད་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས། །ཧྲཱིཿ ཐུགས་རྗེས་འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནས། །དགོངས་པ་ཡོངས་རྫོགས་ཟག་མེད་འཇའ་ལྟར་སྣང་། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་རྩལ། །དགོངས་པ་མཁའ་ལྟར་གསལ་ལ་གསོལ་བ་འདེབས། །ཧྲི༔ དུར་ཁྲོད་རབ་འཇིགས་རྔམ་པའི་ཕོ་བྲང་ནས། །རྫུ་འཕྲུལ་སྟོབས་ཀྱིས་གདུག་པ་མ་ལུས་འདུལ། །ཤྲཱི་སིངྒ་རིན་འཛིན་ཆེན་པོའི་སྐུ། །བརྡའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཧྲི༔ དྲི་མེད་ཚོ་གླིང་པདྨའི་གེ་སར་ལས། །ལེགས་སྐྱེས་འཆི་མེད་མཚོ་སྐྱེས་རྡོ་རྗེ་འཆང་། །གཉིས་མེད་ཡུམ་ཆེན་ལྷ་ལྕམ་མནྡྷ་ར། །འཕྲིན་ལས་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །ཧྲཱི༔ བསམ་ཡས་ལྷུན་གྲུབ་ཆོས་ཀྱི་གཙུག་ལག་ནས། །ཁྲི་སྲོང་ཡབ་སྲས་ལོ་པཎ་སྐྱེས་མཆོག་འཛིན། །ཤེས་རབ་རྗེ་མོ་ཡེ་ཤེས་མཚོ་རྒྱལ་དེ། །སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཧྲཱི༔ གུ་རུའི་ཞལ་སྐྱིན་ཐུགས་རྗེའི་ཕོ་བྲང་ནས། །རྒྱལ་ཀུན་ཐུགས་བཅུད་དགོངས་འདུས་གསེར་ཆོས་མཛོད། །ལེགས་འབྱེད་ཨོ་རྒྱན་སངས་རྒྱས་གླིང་པ་ཞེས། །གཏེར་བརྒྱུད་སྤྱི་དཔལ་དེ་ལ་གསོལ་བ་འདེབས། །ཧྲཱི༔ སྦས་ཚུལ་གསང་སྔགས་བཅུད་འཛིན་བསོད་ནམས་ལྷུན། །ཆོས་ཀྱི་རྒྱལ་མཚན་སྐར་མ་བཟང་པོ་དང་། །གྲུབ་མཆོག་བཟང་སྟེ་གདུང་རིགས་དྲི་མེད་ལས། །དགོངས་འདུས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཧྲཱི༔ རང་སྲས་རབ་བདུན་གདུང་རྫོགས་ཀ་མ་རུ། །ལྷ་སྲས་ཡང་སྲིད་རིག་འཛིན་སྙིང་པོའི་མཚན། །དེས་གསུང་བདུད་རྩི་ལེགས་གསོལ་རྣལ་འབྱོར་གཙོ། །བདེ་ཆེན་དར་རྒྱས་ཞབས་ལ་གསོལ་བ་འདེབས། །ཧྲཱི༔ པདྨའི་གདུང་འཚོབ་དགོངས་འདུས་པདྨའི་སྲོག །སྨིན་གྲོལ་ཟབ་ཁྲིད་སྐལ་ལྡན་འགྲོར་སྩོལ་མཛད། །འབྲེལ་ཚད་དོན་ལྡན་འཁོར་ལོའི་མགོན་པོ་མཆོག །བདེ་ཆེན་རབ་གསལ་ཞབས་ལ་གསོལ་བ་འདེབས། །ཧྲཱི༔ ཨོ་རྒྱན་གུ་རུའི་ལུང་གི་ཕོ་ཉ་བ། །ངེས་དོན་སྟོན་པའི་གསལ་བྱེད་འགྲོ་བའི་མགོན། །རྒྱལ་བའི་སྲས་པོའི་རིག་འཛིན་སྤྲུལ་པའི་སྐུ། །ཚེ་དབང་ནོར་བུའི་ཞབས་ལ་གསོལ་བ་འདེབས། །ཧྲཱི༔ རང་སྣང་རྣམ་དག་དཀྱིལ་འཁོར་ཆེན་པོ་ནས། །ཞི་དང་ཁྲོ་གར་སྟོན་མཛད་ཡི་དམ་ལྷ། །སྤྲུལ་དང་ཡང་སྤྲུལ་ཡབ་ཡུམ་སྲས་འཁོར་བཅས། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །ཧྲཱི༔ ཕྱི་ནང་དུར་ཁྲོད་ཉེ་བའི་དུར་ཁྲོད་ནས། །དཔའ་གཏུམ་རོལ་པས་བསྟན་པ་བསྲུང་མཛད་ཅིང་། །གར་གྱི་དབང་ཕྱུག་མཁའ་འགྲོ་ཆོས་སྐྱོང་ཚོགས། །དམ་ཆེན་རྒྱ་མཚོའི་རྣམས་ལ་གསོལ་བ་འདེབས། །ཧྲཱི༔ བདག་སོགས་འགྲོ་བ་མོས་པའི་བུ་རྣམས་ལ། །སྐྱབས་མགོན་རྣམས་ཀྱི་ཐུགས་རྗེ་སྐྱབས་མཛོད་ལ། །བྱིན་རླབས་དབང་གི་བཅུད་ཆར་དབབ་ཏུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་བྱིན་གྱིས་རློབས། །ཧྲཱི༔ བདེ་གཤེགས་སྙིང་པོ་བཀའ་ཡི་ཡང་དྲིལ་འདི། །ད་ལྟ་མངོན་སུམ་གཏན་ལ་ཕབ་ནས་ཀྱང་། །ཡང་དག་རྟོགས་པའི་གདེང་ཅན་ཐོབ་པ་དང་། །གྲོལ་བ་མཐར་ཕྱིན་དགོངས་པ་བཟུང་ཏུ་གསོལ། །ཞེས་པ་དང་། གསོལ་བ་ཕུར་ཚུགས་སུ་བཏབ་པ་ནི། མོས་གུས་རྩེ་གཅིག་པའི་སྒོ་ནས། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་། མཛད་པའི་འཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་རྒྱན་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཞེས་ཕུར་ཚུགས་སུ་མི་བྱེད་པའི་དད་པ་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་ཀྱི་བར་དུ་གསོལ་བ་གདབ་བོ། །གཞན་ཡང་འདོད་གསོལ་འདོད་སྦྱར་དང་བཅས་པས་གསོལ་བ་གདབ་པར་བྱའོ། །མདོར་ན་མཎྜལ་ཕུལ་ཞིང་། སྙིང་ཐག་པ་ནས་གསོལ་བ་འདེབས་པ་ནི། གནས་སྐབས་ཐུན་དྲུག་ཐམས་ཅད་དུ། བདེ་ལེགས་ཀྱི་ཡོན་ཏན་སྤེལ་ཞིང་མི་མཐུན་ཕྱོགས་ཐམས་ཅད་གཞོམ་པར་བྱེད་པས་ངེས་པར་རྣམ་པ་ཐམས་ཅད་དུ་མཎྜལ་འབུལ་བ་དང་། གསོལ་བ་བཏབ་པ་ལ་རབ་ཏུ་བརྩོན་པར་བྱའོ། །འདི་ནི་ངོ་བོ་ཉིད་ཀྱི་གནད་ལ་བྱན་ཆུན་པས་ཀྱང་། ནང་དུ་མཎྜལ་ཕུལ་ཞིང་། ནང་དུ་གསོལ་བ་གདབ་པས། གཞན་དོན་ཐུགས་རྗེའི་རྩལ་མྱུར་བ་དང་། འཕེལ་ཆེ་བ་ལ་སོགས་པའི་དགོངས་ཆོས་མང་བའོ། །དེ་ཡང་མ་ཟད་དབང་ཁྲིད་ངོ་སྤྲོད་ལ་སོགས་བླ་མས་སྣང་ཞིང་སློབ་མས་ཞུ་བའི་མཚམས་སྦྱོར་ལ་ཡང་འདི་ཉིད་གལ་ཆེ་ལ། རང་གི་ཉམས་སུ་ལེན་པའི་དུས་ན་ཡང་། རང་དང་དམ་པའི་ལྷུ་འབྲེལ་བ་གནད་ཟབ་མོ་ཡང་འདི་ཉིད་མཆོག ཕྱི་རྩོལ་བའི་མཎྜལ་མ་གྲུབ་ཀྱང་། ཡིད་ཀྱི་སྤྲུལ་ལ་ཕུལ་ཞིང་། གསོལ་བ་གདབ་པ་ལ་ཡང་། སྐད་ཀྱི་གདངས་ཆེར་མ་ནུས་པས་ཀྱང་། དད་པ་མོས་གུས་ཀྱི་ཤུགས་དྲག་པོ་སྐྱེས་ཏེ་གུ་རུ་ལུགས་སུ་གདའ་བར་བྱའོ། །ཞེས་གུ་རུ་པདྨ་འབྱུང་གནས་ཀྱི་གསུང་བས་འབད་པའི་ཆོས། དེ་ལྟར་བླ་མ་དགོངས་པ་འདུས་པའི་སྙིང་པོ་རྫོགས་པ་ཆེན་པོ་གསེར་གྱི་ཡང་ཞུན་གྱི་སྨིན་ཁྲིད་ཇི་བཞིན་པར་ཤར་ཕྱོགས་ཀོང་ཡུལ་ལྗོན་པ་ལུང་གི་འདབས་ཁ་ལྕུག་གི་རི་ཁྲོད་ཆོས་ཉིད་འོད་གསལ་གྱི་ཕོ་བྲང་དུ། ཁྱབ་བདག་གུ་རུ་པདྨའི་སྒྱུ་འཕྲུལ་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཀུན་བཟང་རང་གྲོལ་བདེ་ཆེན་རབ་ཏུ་གསལ་མཛད་ཞལ་སྔ་རུ་ལེགས་པར་གནོད་པའི་སྐལ་བཟང་ལ་སྤྱོད་པའི་སྐབས་སུ་ཁྲིད་ཀ་དེ་ཡི་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ངག་འདོན་གྱི་རིམ་པ་འདི་ལྟ་བླ་མའི་བཀའ་ཡི་གནང་ཞིང་ལམ་འདིར་ཞུགས་པའི་གང་ཟག་རྣམས་ཀྱི་དྲན་པའི་གསོས། རྒྱུན་གྱི་ཉམས་ལེན་ལ་ཕན་པར་མཐོང་བས་གཞུང་རྒྱས་པ་རྣམས་སྙིང་ཐིག་རིགས་མཐུན་ནས་རྡོ་རྗེའི་གསུང་ཁྱེར་བདེ་བླང་ཞིང་མཐོར་ཐབས་སུ་གནས་པའང་གོ་རིམ་ལྟར་གསལ་བ་མདོ་ཁམས་ཀཿཐོག་ལྷོ་རྒྱུད་པའི་རིགས་སུ་སྐྱེས་ཤིང་རྫོགས་ཆེན་གྱི་རྣལ་འབྱོར་པ་ཚེ་དབང་ནོར་བུས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དགའ་བ་གཉིས་པར་བསམ་གཏན་གྱི་ཐུན་བར་སྦྱར་བ་དགེའོ། །

རྡོ་རྗེ་སེམས་དཔའ་སྙིང་ཐིག་གི་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ཆུ་འབབས་སུ་བཀོད་པ།

༄༅། །རྡོ་རྗེ་སེམས་དཔའ་སྙིང་ཐིག་གི་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ཆུ་འབབས་སུ་བཀོད་པ་བཞུགས་སོ། །

༈ ཨོཾ་ན་མོ་བཛྲ་ས་ཏྭ་ཧཱུྃཿ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཐིག་ལེ་ཉག་གཅིག་རྡོ་རྗེ་སེམས། །དམ་པ་དང་པོའི་མགོན་དེ་ཡི། །ངོ་བོ་རྩ་བའི་བླ་མ་འདུད། །ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཡིན་པོ་ཡི། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་ཡང་སྙིང་བཅུད། །དཔལ་ལྡན་རྡོར་སེམས་སྙིང་གི་ཐིག་ལེ་ཡིས། །འཇུག་ངོགས་ཆོས་སྤྱོད་ངག་འདོན་འདི་ན་ཀྭ །མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་བཞུགས་པར་བསྒོམ་སྟེ༔ མོས་ཤིང་གུས་པས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆ་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ བརྡལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱི༔ བྱང་ཆུབ་སྨོན་པར་སེམས་བསྐྱེད་དོ༔ ཧོ༔ སྔོན་གྱི་རྒྱལ་བའི་སྡོམ་བཟུང་ལྟར༔ ད་ནས་འཁོར་བ་མ་སྟོང་བར༔ མ་སྒྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་བཏང་ངོ་༔ བླ་མ་ཡི་དམ་མི་སྤང་ངོ་༔ སྐུ་གསུམ་གཉིས་དང་འབྲེལ་མི་བྱ༔ རང་སེམས་གཙང་མར་དཔང་འཛུགས་སོ༔ ཨོཾ་ཨཱ༔ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རང་བཞིན་གནས་ནས་འདིར་གཤེགས་གཅིག༔ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་༔ གཉིས་སུ་མེད་པར་བཞུགས་སོ་གསོལ༔ ལུས་ངག་ཡིད་གསུམ་གུས་པ་ཡི༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་བཤགས༔ རང་གནོང་འགྱོད་པས་བཤགས་པར་གྱིས།༔ གསང་སྔགས་བླ་མེད་སྒྲུབ་པ་ལ༔ བདག་ནི་རྗེས་སུ་ཡི་རང་ངོ་༔ ནམ་མཁའ་མཉམ་པའི་སེམས་ཅན་ལ༔ སྨིན་གྲོལ་ཆོས་ཀྱིས་འཁོར་ལོ་བསྐོར༔ འཁོར་བའི་འདོམས་ནས་མ་སྤྲུག་པར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་སེམས་ཅན་མ་ལུས་ཀུན༔ བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ ཨེ་མ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་སུ༔ དངོས་འབྱོར་ཡིད་སྤྲུལ་བླ་མས་མཆོད་པའི་རྫས༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱ༔་ཧཱུྃ རིག་པ་སྟོང་གསལ་འཇའ་འོད་གཞལ་ཡས་སུ༔ ཧཱུྃ་ལས་རྡོ་རྗེས་སྐུ་མདོག་དཀར་ལ་འཚེར༔ ཞལ་གཅིག་འཛུམ་མདངས་རིན་ཆེན་རྒྱན་གྱིས་མཛེས༔ བལྟ་བས་མི་ངོམ་རྡོ་རྗེ་དྲིལ་བུ་བསྣམས༔ ཉི་ཟླ་པད་གདན་ཕྱེ་སྐྱིལ་འགྱིང་ཚུལ་བཞུགས༔ སྙིང་ནས་སངས་རྒྱས་སུམ་ཅུ་རྩ་དྲུག་དང་༔ དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས༔ རྩ་ནང་ཐུབ་དྲུག་མཁའ་འགྲོ་དཔའ་བོས་གང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་གཉེན་ལྕུག་འཁྲིལ༔ གནས་གསུམ་ཐིག་ལེ་འབྲི་གསུམ་དཀར་དམར་མཐིང་༔ མདུན་གྱི་ནམ་མཁར་སེང་གེའི་ཁྲི༔ པདྨ་ཉི་ཟླ་དར་ཟབ་སྟེང་༔ ཡིད་ཆེས་བླ་མ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་གསལ་ནམ་མཁའ་མདོག༔ ཞལ་ཚུར་གཟིགས་ནས་གཟི་བརྗིད་ལྡན༔ ཆོས་སྲུང་ཐུགས་ཀྱི་བརྩེ་བར་མཛད༔ རིན་ཆེན་རྒྱན་ལྡན་མཚན་དཔེས་སྤྲས༔ ཕྱག་གཡས་དབང་བསྐུར་བུམ་པ་འཛིན༔ གཡོན་པས་ངོ་སྤྲོད་པུ་ཏི་བསྣམས༔ གསང་ཡུམ་དམར་མོ་སྐུ་ལ་འཁྲིལ༔ གཉིས་མེད་བདེ་བའི་ཉམས་དང་ལྡན༔ རིག་འཛིན་འདུས་པའི་བླ་མས་བསྐོར༔ སྣང་ལ་རང་བཞིན་མ་གྲུབ་པ༔ གསལ་ལ་ཞེན་པ་མེད་པ་ནི༔ འཇའ་འོད་གུར་གྱི་དབུས་སུ་བཞུགས༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ རྒྱལ་བ་ཀུན་འདུས་དབྱེར་མེད་པའི༔ བུམ་པས་དབང་བསྐུར་སྨིན་པར་བྱེད༔ པོ་སྟིའི་ངོ་སྤྲོད་གྲོལ་བྱས་ནས༔ ཕར་ཐིམ་ཚུལ་ཐིམ་གཉིས་མེད་བསྲེས༔ བཀྲག་དང་གཟི་མདངས་ལྡན་པར་བསྒོམ༔ ཨོཾ་ཨཱ་ཧཱུྃ༔ གུ་རུ་པདྨ་བཛྲ་ས་ཏྭ་ཨཱ༔ ཧ་རི་ནི་ས་སིདྷི་ཧཱུྃ། ཨོཾ་ཨཱ་ཧཱུྃ༔ ཆོས་དབྱིངས་དག་པའི་གནས་མཆོག་ནས༔ སངས་རྒྱས་ཀུན་ཡབ་དང་པོའི་མགོན༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལྔ་ལྡན་ཐིག་ལེ་གནས་མཆོག་ཏུ༔ མཚན་དཔེའི་ཡོངས་རྫོགས་བདེ་ཆེན་མགོན༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ༴ ཐུགས་རྗེས་ཀུན་ཁྱབ་གནས་མཆོག་ཏུ༔ ས་བཅུའི་དབང་ཕྱུག་བྱམས་པ་མགོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ གསོལ༴ གར་བཞུགས་དག་པའི་གནས་མཆོག་ཏུ༔ རྒྱལ་ཀུན་འཕྲིན་ལས་བསྡུས་པའི་མགོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ གསོལ༴ གར་བཞུགས་དག་པའི་གནས་མཆོག་ཏུ་༔ རྒྱལ་ཀུན་འཕྲིན་ལས་བསྡུས་པའི་མགོན༔ སངས་རྒྱས་པདྨ་འབྱུང་གནས་ལ་༔ གསོལ་བ༴ མཛད་པ་མཐར་ཕྱིན་གནས་མཆོག་ཏུ༔ འཕགས་པའི་སྤྲུལ་པ་འཇིག་རྟེན་མགོན༔ མཁས་མཆོག་བཻ་རོ་ཙ་ན་ལ༔ གསོལ་བ༴ འོད་གསལ་བདེ་བའི་གནས་མཆོག་ཏུ༔ རྒྱལ་བ་ཀུན་གྱི་གསང་བདག་མགོན༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལ༔ གསོལ་བ༴ བསམ་བཞིན་སྤྲུལ་པའི་གནས་མཆོག་ཏུ༔ རྡོར་སེམས་སྙིང་ཐིག་༼ཟུང་གི་མཚོ་བྲག་ནས། ༽དང་པོ་རུ༔ སྟོན་མཛད་རྡོ་རྗེ་གླིང་པ་ལ༔ གསོལ་བ༴ འཕྲིན་ལས་སྐྱོང་བའི་གནས་མཆོག་ཏུ༔ རྡོར་སེམས་སྙིང་ཐིག་གཏེར་གཉིས་པ༔ སྟོན་མཛད་ཀུན་སྐྱོང་གླིང་པ་ལ་༔ གསོལ་བ༴ ཡེ་ཤེས་ཡོངས་གྲུབ་གནས་མཆོག་ཏུ༔ རྡོར་སེམས་སྙིང་ཐིག་གཏེར་༼ཁམས་ཁྲ་བོ་བྲག་ནས་༽གསུམ་པ༔ སྟོན་གྱུར་སྟག་ཤམ་རྡོ་རྗེ་ལ་༔ གསོལ་བ༴ འོད་གསལ་རྒྱུན་མཐིལ་༼ཟ་ཕུ་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས་༽གནས་མཆོག་ཏུ༔ རྡོར་སེམས་སྙིང་ཐིག་བཀའ་བབ་གསུམ༔ གཅིག་འདུས་བདེ་ཆེན་གླིང་པ་ལ༔ གསོལ་བ༴ སྒྱུ་འཕྲུལ་རྡོ་རྗེའི་གནས་མཆོག་ཏུ༔ སྙིང་ཐིག་བསྟན་འཛིན་རྒྱལ་བའི་སྲས༔ རིག་འཛིན་ཚེ་དབང་ནོར་བུ་ལ༔ གསོལ་བ༴ ཆོས་དབྱིངས་མཁའ་ཁྱབ་བདེ་ཆེན་ཀློང་༔ རྟོགས་པའི་རྩལ་རྫོགས་གྲུབ་པ་བརྙེས༔ ཨོ་རྒྱན་ངག་དབང་ཡེ་ཤེས་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྒྱལ་བ་ཀུན་གྱི་གདུང་འཚོབ་པ༔ དྲིན་ཆེན་རྩ་བའི་བླ་མ་ལ༔ གསོལ་བ༴ གདོད་ནས་རང་ཤར་གནས་མཆོག་ཏུ༔ འདུས་མ་བྱས་རང་ཤར་སྐུ༔ ཡི་དམ་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ༴ སྙིང་ཁ་དུང་ཁང་གནས་མཆོག་ཏུ༔ རང་བྱུང་རྒྱལ་བའི་དཀྱིལ་འཁོར་མཆོག༔ ཞི་ཁྲོ་དམ་པ་རིགས་བརྒྱ་ལ༔ གསོལ་བ༴ རྩ་ཐིག་རླུང་དག་གནས་མཆོག་ཏུ༔ སྒྱུ་འཕྲུལ་རོལ་པ་རྒྱ་མཚོའི་བདག༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ༔ གསོལ་བ་༔ བཀའ་དང་དམ་ཚིག་གནས་མཆོག་ཏུ༔ ལེགས་ཉེས་སྟངས་འཛིན་རྨད་བྱུང་བ༔ ཆོས་སྐྱོང་གཏེར་བདག་ཕོ་མོ་ལ་༔ གསོལ་བ༴ རྒྱལ་བ་དགོངས་རྒྱུད་རྣམས་ལ༴ རིག་འཛིན་བརྡ་རྒྱུད་རྣམས་ལ༴ གང་ཟག་སྙན་རྒྱུད་རྣམས་ལ༴ མཁའ་འགྲོ་གཏད་བརྒྱའི་རྒྱུད་པ་ལ༴ ཚིག་ཤོག་སེར་རྒྱུད་པ་ལ༴ བཀའ་བབ་ལུང་བསྟན་རྒྱུད་པ་ལ༴ སྨོན་ལམ་དབང་བསྐུར་རྒྱུད་པ་ལ༴ གྲུབ་ཐོབ་རྣལ་འབྱོར་རྒྱུད་པ༴ བྱིན་རླབས་དམ་རྫས་རྒྱུད་པ་ལ༴ ཀུན་འདུས་བླ་མ་མཆོག་ལ༴ འཇའ་ལུས་བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཡེ་ཤེས་རླུང་གི་གསང་དབང་བསྐུར་དུ་གསོལ༔ བདེ་ཆེན་ཐིག་ལེའི་ཤེར་དབང་བསྐུར་དུ་གསོལ༔ མངོན་སུམ་རིག་པའི་རྩལ་དབང་བསྐུར་དུ་གསོལ༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས༔ ཆོས་རྣམས་ཟད་པར་འཁྱོལ་བར་བྱིན་གྱིས་རློབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱ༔ཧཱུྃ་ཧྲཱིཿ སརྦ་སིདྷི་ཕ་ལ་ཧཱུྃ༔་ཨ༔ དེ་རྗེས་བླ་མའི་གནས་བཞི་པའི༔ ཡི་གེ་ཨོཾ་ཨཱ༔ཧྲཱི་ལས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ བདག་གི་གནས་བཞིར་ཐིམ་པ་ཡི༔ བུམ་གསང་ཤེས་རབ་རྩལ་དབང་ཐོབ༔ ལུས་ངག་ཡིད་ཤེས་སྒྲིབ་པ་བཅོམ༔ ཕུང་ཁམས་རྩ་རླུང་ཐིག་ལེ་སྦྱངས༔ བསྐྱེད་གཏུམ་ཕྱག་རྒྱ་ཕྱོགས་ཆེན་འབྱོང་༔ སྤྲུལ་ལོངས་ཆོས་སྐུ་མངོན་འབྲས་ཐོབ༔ སླར་ཡང་བླ་མ་བདུད་རྩིར་ཞུ། །དབྱེར་མེད་རྒྱལ་བའི་ས་ཐོབ་གྱུར། །དེ་ལྟར་བླ་མའི་བསྙེན་གྲུབ་ལ། །འབད་མཐུའི་བདག་གི་ཚེ་རབས་སུ། །རྡོར་སེམས་བླ་མའི་སྐལ་བ་ཐོབ། །མཉེས་པའི་ཞབས་ཏོག་ཀུན་འགྲུབ་ཅིང་། །མི་བརྙེས་སྐད་ཅིག་ཡང་མི་སྤྱད། །བླ་མའི་ཐུགས་རྗེ་སྲས་གྱུར་ཅིང་། །བཀའ་བློ་སྨིན་གྲོལ་ཀུན་ཐོབ་ནས། །ཉིན་མཚན་ཆོས་ལ་བར་མེད་སྤྱོད། །དེས་ཀྱང་བླ་མའི་མོས་གུས་རྒྱས། །སྟོང་ཉིད་སྙིང་རྗེ་མངོན་དུ་གྱུར། །དམ་པ་སྐུ་གཉིས་ཐོབ་ནས་ཀྱང་། །འགྲོ་དྲུག་སངས་རྒྱས་སར་འདྲེན་ཤོག །གཞན་ཡང་སྨོན་ལམ་བཟང་པོ་ཅི་རིགས་གདབ་བོ། །རྒྱ་ཆེན་དོན་ཀུན་གཅིག་ཏུ་བསྡུས་པ་ཡི། །གསང་ཆེན་རིགས་གཅིག་རིགས་རྣམས་ཀུན་གྱི་བདག །གང་གི་སྙིང་ཐིག་དགའ་རབ་པད་འབྱུང་གི །སྙན་རྒྱུད་ཡང་ཟབ་རྫོགས་ཆེན་འདི་རྨད་བྱུང་། །དེ་ཡི་འཇུག་ངོགས་ངག་འདོན་ནི། །ཁྱེར་བདེ་དོན་ཆེ་དོན་བཟང་པོ། །འདི་ལྟར་སྦྱར་བའི་དགེ་བས་ཀྱང་། །མཁའ་མཉམ་འགྲོ་ཀུན་རྒྱལ་གྱུར་ཅིག །

དེ་ལྟར་གཏེར་གཞུང་ཚིག་ལ་ཁ་སྐང་འོས་པ་སྦྱར་ཞིང་དབང་ཁྲིད་ལུང་གི་རིགས་རྒྱུད་རྣམས་དུ་མ་ཁོ་བོས་ཐོབ་ན་ཡང་། གཏེར་ཁ་གསུམ་དུ་བྱོན་པའི་བཀའ་བབ་ཆུ་བོ་མི་ནས་མིར་རྒྱུད་པ་ཀུན་པདྨ་བདེ་ཆེན་གླིང་པར་འདུས་པ་མ་ཟད། སྟག་ཤམ་པ་སྐུ་དངོས་མཐུན་སྣང་དང་རྡོར་གླིང་ཀུན་སྐྱོངས་ཀྱི་ཡེ་ཤེས་སྐུ་ཐུན་མིན་གྱི་སྣང་བཅས་བརྒྱུད་གཅིག་བྱིན་རླབས་འཕོ་བའི་དབང་བརྙེས་ཤིང་། རང་གི་ཡང་གནས་ལུགས་དོན་གྱིས་རྟོགས་པ་རྗེ་བཙུན་བླ་མ་དེ་ལས་ཐོབ་པ་དང་། གཞན་རྣམས་ཀྱི་བློར་ཡང་བཀླག་བདེ་བར་གཉེར་པས། ཚུལ་འདི་ཀོང་ཡུལ་ཙཱ་ནང་དུ་ཀཿཐོག་སྤྲུལ་སྐུ་ཚེ་དབང་ནོར་བུས་སྦྱར་བ་དགེའོ། །

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་འཇུག་ངོགས་ཆོས་སྤྱོད་ངག་དོན་སྙིང་པོ་ཟུང་འཇུག་ལམ་སྦྱིན།

༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་འཇུག་ངོགས་ཆོས་སྤྱོད་ངག་དོན་སྙིང་པོ་ཟུང་འཇུག་ལམ་སྦྱིན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་ཨཱ༔་ཧཱུྃ༔ཧོ་ཧཾ་ཀྵ༔་ཀཱ་ལ་ཙཀྲ་ན་མོ་ཧཱུྃ༔ རྣམ་ཀུན་མཆོག་ལྡན་བདེ་གཤེགས་སྙིང་པོའི་ཁམས། །འགྱུར་བ་མེད་པ་སྟོང་གཟུགས་ཕྱག་རྒྱ་ཆེ། །ཟུང་འཇུག་དུས་ཀྱི་འཁོར་ལོར་རྡོ་རྗེ་སེམས། །དབྱེར་མེད་རྩ་བའི་བླ་མར་གུས་ཕྱག་ཚལ། །བླ་མེད་རྒྱུད་སྡེའི་སྙིང་པོ་མཆོག །ཐུན་དྲུག་རྡོ་རྗེའི་རྣལ་འབྱོར་ཆེ། །ཉམས་ལེན་འཇུག་ངོགས་ཆོས་སྤྱོད་ཀྱི། །རིམ་པ་ཉུང་གསལ་འདི་ན་སྤེལ། །གང་ཞིག་སྐལ་ལྡན་དད་བརྩོན་དམ་ཚིག་ཅན་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་མངོན་སུམ་སྦྱོར་བའི་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཉམས་སུ་ལེན་པར། སྔོན་འགྲོ་ཐུན་མོང་ཐུན་མིན་ཁྱད་པར་ཏེ་རྣམ་པ་གསུམ་དུ་བསྟན་ལ། དེ་ཡང་ཐོག་མར་ཀུན་འཇུག་ངོགས་སྐྱབས་སེམས་བསྐྱེད། སྐྱོན་སྤངས་ལེགས་སྤེལ་ཡིག་བརྒྱ་མཎྜལ་ཁྲིད། གཉིས་པ་བླ་མས་དངོས་གྲུབ་ཀུན་གྱི་སྲོག །བླ་མའི་རྣལ་འབྱོར་ལམ་འདིའི་སྙིང་མཆོག་ཡིན། །གསུམ་པ་རྫོགས་རིམ་རྟེན་དུ་རབ་བསྔགས་པ། །བསྐྱེད་རིམ་སྙིང་པོ་ལྷན་སྐྱེས་བསྟན་པའོ། །ཀུན་གྱི་རྗེས་འགྲོ་འདོད་པའི་དོན་རྣམས་དག །གསོལ་བ་བཏབ་པ་བསྔོ་སྔོན་བཀྲ་ཤིས་ཏེ། །ཞེས་པའི་ཐོག་མ་ལ་བཞི་ཡི། དང་པོ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱི་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རླབས་ཏུ་གསོལ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །

སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བ་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །གསུམ་པ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་ཁུག་དང་ཐོད་པ་འཛིན་པ་དང་མཉམར་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་དཀྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛ་ཧཱུྃ་བཾ་ཧོ་གཉིས་སུ་མེད་པར་སྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡེ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿཧཱུྃ་ཕཊ༔ བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོའི་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རློབས་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ན་བདག་ཀྱང་མྱུར་ཐོབ་ཤོག །བཞི་པ་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསལ་བཏབ་ལ། དེ་ནས་ཕྱག་འཚལ་སྐྱབས་འགྲོ་མཎྜལ་རྣམས་བྱ་བ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་གཉིས་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་སྤྱན་ཞབས་པད་ལ་འདུད། །གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱི་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པའི་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པ་ཕན་དང་སྡུག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་དང་། ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ན་ཡོན་ཏན་མཆོག་གི་གནས་དེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆིའོ། །

ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆིའོ། །དཔལ་ལྡན་བླ་མ་དམ་པ་དུས་གསུམ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཨོཾ་བཛྲ་བྷུ་མི་ཨཱ༔ཧཱུྃ། གཞི་ཡོངས་སུ་དག་པ་དང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གི་བསྐོར་བའི་དབུས་སུ། ཧཱུྃཿརིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ། འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་རློབས་ཏུ་གསོལ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེས་དབང་གི་བཞེས་ནས་བྱིན་གྱིས་རློབས་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡི། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཐུན་མཐར། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་འབྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །གཉིས་པ་ཐུན་མིག་དངོས་གྲུབ་ཀུན་གྱི་སྲོག་སྙིང་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། སེང་ཁྲི་ཉི་ཟླའི་པདྨ་གདན་ལ། རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན།

མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཆོས་སྐྱོང་བསྲུང་མ་ཐམས་ཅད་བཞུགས་པར་གྱུར། དེ་ལ་ཡིད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བློས་འཕུལ་ལ། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ། མཆོད་དོ། །སྡིག་པ་གཤགས་སོ། །དགེ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་བསྟན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་བྱ་ཞིང་། བསྡུས་པ་དགའ་ན་མ་བྱས་ཀྱང་ཆོག ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་བཏབ་སྟེ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་མཚུངས་མེད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་རློབས་སུ་གསོལ། །བདག་རྩེ་གཅིག་སྒྲུབ་པ་ནུས་པར་བྱིན་གྱིས་རློབས་སུ་གསོལ། །སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་རློབས་སུ་གསོལ། །སྒྲུབ་པའི་སྙིང་པོ་ཉམས་སུ་ལེན་པར་བྱིན་གྱིས་རློབས་སུ་གསོལ། །སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་བྱིན་གྱིས་རློབས་སུ་གསོལ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་བར་བྱིན་གྱིས་རློབས་སུ་གསོལ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱིན་གྱིས་རློབས་སུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཏུ་གསོལ། བླ་མའི་སྐུ་ཡི་དཔྲལ་བར་ཨོཾ། མགྲོན་པར་ཨཱ༔ སྙིང་ཁར་ཧཱུྃ༔ ལྟེ་བར་ཧོ་རྣམས་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག བུམ་པའི་དབང་ཐོབ། སྐུ་ཡི་བྱིན་རླབས་ཞུགས། ཨཱ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ཧོ་ལས་འོད་ཟེར་སེར་པོ་འཕྲོས། རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱི་གསོལ་བ་བཏབ་པས། སངས་རྒྱས་བྱང་སེམས་འཁོར་གྱིས་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱི་རང་གི་སྤྱི་བོར་བྱོན། འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །གསུམ་པ་ཁྱད་པར་རྫོགས་རིམ་རྟེན་བསྐྱེད་རིམ་གྱི་སྙིང་པོ་ལྷན་སྐྱེས་བསྒོམ་པ་ནི། ཨོཾ་མ་ཧ་ཤུ་ནྱ་ཏེ་ཛྙ་ན་བཛྲ་སྭ་བྷྭ་ཝ་ཨཏྨ་ཀོ྅༔ཧཾ།

སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བ་བཞིའི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་དཀྱིལ་འཁོར་ལོ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོའི་སྙིང་ཁར་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་བརྒྱན་དར། སྟག་གི་ལྤགས་པའི་ཤམ་ཐབ་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིག་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རིས་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ལྕགས་འདྲེས་པའི་ཉམས་ཅན་ནོ། །དེ་ལས་འཁྱུད་པའི་སྣ་ཚོགས་ཡུམ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུྃ། ལྟེ་བར་ཧོ། གསང་གནས་སུ་སྭ། གཙུག་ཏོར་དུ་ཧ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག སྐབས་འདིར་སྔགས་བཟླ་བ་ན། ཨོཾ་ཧཱུྃ་ཡ་སྭཱ་ཧ། ཞེས་བཟླ། ཐུན་འཇོག་པའི་ཚེ་ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །དེ་ནས་རྗེས་ཀྱི་རིམ་པར། ཐོག་མར་འདོད་དོན་ཡན་ལག་དྲུག་འགྲུབ་པར་གསོལ་བ་འདེབས་པ་ནི། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱི། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་སྟོབས་བཅུ་རྫོགས་གྱུར་པས། །ལམ་སོར་བདུད་འབྱོངས་པར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོགས་སྤྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོངས་པར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཆུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་བཅོལ་འབྱོངས་པར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟེན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོ་བཀའ་དྲིན་གྱིས། །ལུས་རྩ་འདབས་བདེ་ཆེན་ཐིག་ལེས་གང་། །ལམ་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པའི། །ལམ་རྗེས་དྲན་འབྱོངས་པར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་སྦྱོར་བའི། །ལམ་ཏིང་འཛིན་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་བྱེད་བཅིངས་གནས་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡི། །ལམ་སྦྱོར་དྲུག་འབྱོངས་པར་བྱིན་གྱིས་རློབས། །དེ་ནས་བསྔོ་བ་ནི། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །དུས་གསུམ་བསགས་དང་རྟོག་པ་ཡི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །སྨོན་ལམ་ནི། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་བྱེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ན་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡི་ལྷ་མོ་དེ་དག་གི །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་གསལ་ནས། །བདེ་ཆེན་ཐར་པའི་ལམ་ལ་འགོད་པ་དང་། །ཀུན་ཁྱབ་བདེ་ཆེན་སྙིང་པོ་མངོན་གྱུར་ཤོག །བཀྲ་ཤིས་ནི། སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེན་པ་ཕུན་ཚོགས་ཀྱིས། །ངེས་སྟོན་སྙིང་པོའི་རྒྱུད་རྒྱལ་དུས་འཁོར་ལོའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་ཟུང་འཇུག་སྒྲུབ་པའི་ལམ་ཟབ། །རྒྱུད་སྡེ་ཀུན་གྱི་སྙིང་པོའི་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་པ་ནི་ཆོས་སྤྱོད་འདི་ཉིད་ཆུ་བོའི་རྒྱུན་བཞིན་ཐུན་དྲུག་རྟག་ཏུ་འབད་པ་ཆེན་པོས་བླང་བར་བྱའོ། །ཨེ་མ་རྫོགས་སངས་རྒྱས་པའི་ལམ་གྱི་མཆོག །མཐར་ཐུག་ཟབ་གསང་རྡོ་རྗེ་གསུམ་རྣལ་འབྱོར། །ཉམས་སུ་ལེན་པའི་ཆོས་སྤྱོད་ཟབ་དགུའི་བཅུད། །ཀུན་མཁྱེན་རྒྱལ་བ་ཇོ་ནང་ཡབ་སྲས་ཀྱིས། །ཞལ་ལུང་ཅི་བཞིན་རང་བཟོས་མ་རྙོག་པར། །ཁྱེད་བདེ་བཀོད་འདིའི་དགེ་བས་འགྲོ་བ་ཀུན། །རྒྱལ་བ་དེ་ཡིས་གྲུབ་མཐར་ཞུགས་བྱས་ཤིང་། །བརྟན་པ་བཞི་ལྡན་གོ་འཕང་མྱུར་ཐོབ་ཤོག །

ཅེས་པ་སྔགས་རྒྱུད་ཐམས་ཅད་ཀྱི་སྦས་དོན་གསལ་བ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོག་གི་རྫོགས་རིམ་རྡོ་རྗེ་རྣལ་འབྱོར་གྱི་འཇུག་ངོགས་ཆོས་སྤྱོད་ཟུང་འཇུག་ལམ་སྦྱིན་འདི་ནི། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཇོ་ནང་ཀུན་མཁྱེན་གྱི་བཞེད་པ་ཇི་བཞིན་སྒྲོལ་བའི་མགོན་པོས་མཛད་པའི་ཁྲིད་གཞུང་ནས་རང་བཟོས་མ་བསླད་པའི་ངག་འདོན་ཁྱེར་བདེ་བྱུང་བའི་ཟེ་རིགས་སུ། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་རང་ལོ་སུམ་ཅུའི་བགྲང་བྱར་སོན་པ་ཐུན་མོང་ས་ག་ཟླ་བའི་ཚེས་བཅོ་ལྔར་འཛམ་གླིང་ཆུ་བཞིའི་མགོ་བོ་མ་ཕམ་གཡུ་མཚོའི་ངོགས་སུ་སྦྱར་བ་ལས། སླར་ཡི་གེ་གཉིས་པར་ཐམས་ཅད་མཁྱེན་པ་གསང་བ་སྦྱིན་གྱི་བསྟི་གནས་ས་སྟོད་ལྷོ་དཔལ་མོ་སྟིང་གཟིམ་ཆུང་དུ་སྤེལ་བ་སྟེ། མ་གྱུར་འགྲོ་རྣམས་དུས་ཀྱི་འཁོར་ལོའི་ལམ་དུ་ཞུགས་ཤིང་དགེ་ལེགས་ཕུན་ཚོགས་དཔལ་ཀུན་རྒྱལ་བའི་རྒྱུ་གྱུར་ཅིག །དགའོ། །དགེའོ། །དགེའོ། །ཡིག་བརྒྱ་བཟླས་པའི་རྗེས་སུ། །

རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །བདག་ནི་མི་ཤེས་རྨོངས་པ་སྟེ། །

སོགས་བརྗོད་པའང་རྩ་བའི་བླ་མའི་ཞལ་གདམས་སོ། །

ཟབ་ལམ་ནེ་གུ་གསེར་ཆོས་ཀྱི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ངེས་གསང་སྙིང་པོའི་སྒོ་འབྱེད།

༄༅། །ཟབ་ལམ་ནེ་གུ་གསེར་ཆོས་ཀྱི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ངེས་གསང་སྙིང་པོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ། ཕ་མ་བླ་མ་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ་སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག །ངེས་པ་དོན་གྱི་མཐར་ཐུག་པ། །གསང་བ་སྔགས་ཀྱི་སྙིང་པོའི་བཅུད། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །ཕྱག་འཚལ་ཐུགས་ཡིད་དབྱེར་མེད་ཤོག །ཟབ་ལམ་ནེ་གུའི་མན་ངག་གི །ཉམས་ལེན་ཆོས་སྤྱོད་ངག་འདོན་གང་། །འཇུག་པ་བདེ་ཕྱོར་འདིར་བཀོད་ན། །བླ་མ་ལྷ་ཡི་བྱིན་གྱིས་རློབས། །འདིར་ཟབ་ལམ་ནེ་གུ་གསེར་ཆོས་ཉམས་སུ་ལེན་པའི་འཇུག་ངོགས་རྣལ་འབྱོར་ཆོས་སྤྱོད་ངག་འདོན་དུ་བྱ་བའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་སྐྱབས་སེམས་མཎྜལ་ཐུན་མོང་ཆོས། །ཐུན་མིན་དག་བྱེད་སྟོང་རིའི་གསོལ་འདེབས་དང་། །བྱེ་བྲག་གསོལ་འདེབས་བླ་མའི་རྣལ་འབྱོར་ཡིན། །རྗེས་སུ་སྨོན་ལམ་བཀྲ་ཤིས་བསྔོ་བའོ། །དེ་ཡང་དང་པོ་ལ་གསུམ་གྱི་ཐོག་མར་སྐྱབས་སུ་འགྲོ་བ་ནི། རང་ཉིད་གང་དུ་གནས་པའི་ཁང་ཁྱིམ་དང་། །ཡུལ་ཕྱོགས་ཀུན་ཀྱང་དག་པའི་ཞིང་དུ་མོས། །མདུན་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དམ་པའི་སྐུ་དེ་ཀ །བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ་ཡིས། །དགྱེས་པའི་ཞལ་རས་མཛུམ་བཅས་བདག་ལ་གཟིགས། །དེ་ནི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཏེ། །སྤྱི་དཔལ་རྩ་བའི་བླ་མ་མཁྱེན་སྙམ་བྱ། །དེ་ལ་རང་གི་ཚེ་འདིའི་ཕ་མ་དང་། །གནོད་བྱེད་དགྲ་བགེགས་ཡུལ་གནས་གཞི་བདག་གི །གཙོ་བྱས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །རང་དང་ལྷན་ཅིག་སྐྱབས་འགྲོ་བྱེད་པར་བསམ། །ངག་ཏུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་ཆེན་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད་ཅིང་སྐྱབས་འགྲོའི་འདུན་པ་དྲག་པོས་དུང་དུང་བ་རྒྱུན་ཆགས་སུ་བྱ། ཐུན་མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ། དབྱེར་མེད་བསམ་ངང་ཅུང་ཟད་མཉམ་པར་བཞག །གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁམས་ཡོངས་ཁེངས་སེམས་ཅན་འདི་ཐམས་ཅད། །བདག་གི་དྲིན་ཅན་ཕ་མར་མ་གྱུར་མེད། །འདི་རྣམས་བདེ་འདོད་སྡུག་བསྔལ་སྙིང་རེ་རྗེ། །དེས་ན་བདེ་བ་དམ་པར་འགོད་བྱའི་ཕྱིར། །བདག་གི་སངས་རྒྱས་གོ་འཕང་ཐོབ་བྱ་སྟེ། །དེ་ཡང་དམ་ཆོས་དོན་བསྒོམས་ལས་བྱུང་བས། །ཟབ་ལམ་མཐར་ཐུག་མཁའ་འགྲོ་ནེ་གུ་ཡི། །ཞལ་ལུང་མན་ངག་ཉམས་སུ་བླངས་བར་བགྱིའོ། །ངག་ནས་འདི་སྐད་ཅེས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། ཞེས་དང་། དེ་ཡི་ཕྱིར་དུ་ཟབ་ལམ་ནེ་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །དེས་མཚོན་ནེ་གུའི་ཕྱག་རྒྱ་ཆེན་པོ། ནེ་གུའི་ལམ་ཁྱེར་རྣམ་གསུམ། ནེ་གུའི་འཆི་མེད་རང་གྲོལ། ཞེས་ཉམས་སུ་ལེན་པ་གང་ཡིན་པ་དེར་ཚིག་བསྒྱུར་ལ་དལ་བུས་བརྗོད་ནས་དོན་ལ་ནན་ཏན་བསམ་བཞིན་དུ་བྱའོ། །གསུམ་པ་མཎྜལ་ནི། ལུགས་འདིར་མཎྜལ་གྱི་དམིགས་ཁྲིད་གུད་དུ་མཛད་པ་གསུང་ཡང་། སྐྱབས་སེམས་བླ་མའི་རྣལ་འབྱོར་བར་སྐབས་རྣམས་སུ་ཅི་ནུས་འབུལ་བ་སྟེ། དེ་ཡང་ཤངས་པའི་མཎྜལ་བཀའ་རྒྱ་མ་ནི། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོ་བ། །རྒྱལ་སྲས་སྣ་བདུན་རིན་ཆེན་གཏེར་བརྒྱད་དང་། མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསལ་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དག་དང་སྤྲོ་བར་བྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱི་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ་བར་གྱིས། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་སྟེ། གཞན་ཡང་མཎྜལ་གྱི་ཚིག་ཁུངས་ལྡན་ཅི་རིགས་ཀྱང་འབུལ་བའོ། །སྤྱི་དོན་གཉིས་པ་ལའང་། དང་པོ་དག་བྱེད་ཨ་ཡི་སྟོང་རིའི་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་གདན་བཞིར་བླ་མའི་སྐུ། །གསལ་ལ་མོས་གུས་གདུང་ཤུགས་ཆེར་སྐྱེས་པས། །ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། ཅེས་གསོལ་བ་བདོས་དྲག་ལ་ཡུན་རིང་དུ་བཏབ་པའི་མཐར་བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ། མགོ་ཡི་སྟོང་པར་ཆོས་འབྱུང་དཀར་དྭངས་དབུས། །བླ་མ་རང་རིག་དབྱེར་མེད་སྤྲོས་བྲལ་བ། །སྐྱེ་མེད་ཨ་དཀར་འོད་འཚེར་བདུད་རྩི་ཡི། །སྡིག་སྒྲིབ་ནད་གདོན་སྦྱངས་དམིགས་ཨ་བཟླས་འབད། ཨ་ཨ་ཨ།

གཉིས་པ་གདམས་པའི་སྙིང་ཕུར་བླ་མའི་རྣལ་འབྱོར་བྱེ་བྲག་གི་གསོལ་འདེབས་ནི། བདག་ལུས་ཕུང་ཁམས་འཛིན་མེད་སྣང་བ་ཡིས། །སྤྱི་བོར་བཞི་རྫོགས་གདན་ལ་འཁོར་ལོའི་མགོན། །སངས་རྒྱས་ལས་ལྷག་རྩ་བའི་བླ་མ་གསལ། །སྙིང་ནས་ཕུར་ཚུགས་གུས་པས་གསོལ་བ་བཏབ། །ནེ་གུའི་གསེར་ཆོས་ལྔ་ཡི་རྩ་བ་ཆོས་དྲུག་ལས། །གཏུམ་མོ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། མཐར་བླ་མ་བདུད་རྩིའི་ངོ་བོ་ཞུ། རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་སྒོ་གསུམ་ཐ་མལ་དུ་སྣང་བ་དག ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར། ཡང་རང་ཉིད་ཡི་དམ་དུ་གསལ་བའི་སྤྱི་བོར་བཞུགས་པའི་བླ་མ་ལ་མཆོད་པ་བཞི་རྫོགས་སུ་ཕུལ་བ་དམིགས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་ཆེན་ལ། ཕྱི་མེ་ཏོག་གདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འཕུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལ་བདུད་རྩིའི་བདེ་རྒྱུན་འབབ། སྤྱི་བོ་ནས་ཞུགས་འཁོར་ལོ་བཞི་བརྒྱུད་དེ། ལུས་ཀུན་ཁེངས་པས་དབང་བཞི་ཡོངས་རྫོགས་ཐོབ། མཐར་ནི་བླ་མ་རང་ཉིད་དབྱེར་མེད་གྱུར། ཞེས་སྲིད་པའི་དབང་ཞུ་བའོ། །ཡང་འདི་ལྟར་བསྒོམ་སྟེ། རང་ཉིད་སྐད་ཅིག་ལྷག་པའི་ལྷ་སྐུར་གྱུར། །སྟེང་གི་ནམ་མཁར་རྩ་བའི་བླ་མ་གསལ། །དེ་ཡི་ཐུགས་ཀ་ནས་བྱུང་འོད་ཟེར་གྱི། །རྩ་རྒྱུད་བླ་མ་ཡི་དམ་རབ་འབྱམས་ཚོགས། །ཕྱོགས་དུས་སངས་རྒྱས་ལུང་རྟོགས་དམ་པའི་ཆོས། །འཕགས་པའི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཀུན། །བསྡུས་ཏེ་བླ་མའི་སྐུ་ལ་ཡོངས་སུ་ཐིམ། །སྐྱབས་གནས་ཀུན་འདུས་རྒྱལ་བའི་སྤྱི་གཟུགས་ཏེ། །དེ་ལ་བདག་གི་ཕ་མ་དགྲ་བགེགས་དང་། །གཞི་བདག་གིས་བཅོམ་འགྲོ་དྲུག་མ་ལུས་ཤིང་། །འབྱུང་བཞི་ལས་ཀྱང་གསོལ་བ་འདེབས་པའི་སྒྲ། །བདག་གི་རམ་འདེབས་འུར་སྡུག་སྒྲོགས་པར་བསམ། །གསོལ་འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་བློས་ཐོངས་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་པ་ནི་གསོལ་འདེབས་ཐམས་ཅད་ཀྱི་གཞིར་བཞག་ནས། ཚིགས་རྐང་གསུམ་པ་ནས་མཐའ་བསྒྱུར་བ་ཁོ་ན་སྟེ། དེ་ཡང་སྒྱུ་ལུས་ལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་པ་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླག་ཏུ་གསོལ། ཞེས་སྦྱར་རོ། །དེ་བཞིན་དུ་རྨི་ལམ་སྐབས་སུ། རྨི་ལམ་ཟིན་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། རྨི་ལམ་སྤེལ་ནུས་པར་བྱིན་གྱིས་རློབས། རྨི་ལམ་སྤྲུལ་ནུས་པར་བྱིན་གྱིས་རློབས། རྨི་ལམ་སྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡུལ་གནད་བརྟེན་ལ་ཕེབས་པར་མཛད་དུ་གསོལ། ཞེས་ཚིག་རེ་རེ་བཞིན་རྨི་ལམ་ཁྲིད་རྐང་སོ་སོར་རིམ་པས་སྦྱར་བ་དང་། འོད་གསལ་ལ་འོད་གསལ་ཟིན་པར་མཛད་དུ་གསོལ། འཕོ་བ་ལ། བར་དོར་སངས་རྒྱས་བར་མཛད་དུ་གསོལ། བར་དོ་ལ། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་པ་རྣམས་གོ་རིམ་བཞིན་དང་། ཆོས་དྲུག་གདན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ནི། གོང་གི་སྒྱུ་ལུས་ཀྱི་གསོལ་འདེབས་ལྟར་ལ། སྒྱུ་ལུས་རྨི་ལམ་སྦྱོངས་པར་མཛད་དུ་གསོལ། ཞེས་བསྡོམས་པ་ཙམ་སྟེ། སྒྱུ་ལུས་དབང་པོ་ཐ་མའི་གསོལ་འདེབས་ཀྱང་འདི་ཉིད་དོ། །སྡོང་པོ་ཕྱག་རྒྱ་ཆེན་པོ་ལ་ཡང་སྒྱུ་ལུས་ཀྱ་གསོལ་འདེབས་དེ་ཀའོ། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། །ཞེས་ཚིགས་རྐང་གསུམ་པར་འདོན། ཡལ་ག་ལམ་ཁྱེར་གསུམ་བགྱིས་དང་པོ། བླ་མ་ལམ་ཁྱེར་ལ། ཅིར་སྣང་བླ་མར་འཆར་བར་མཛད་དུ་གསོལ། གཉིས་པ་ཡི་དམ་ལམ་ཁྱེར་ལ། ཅིར་སྣང་ཡི་དམ་འཆར་བར་མཛད་དུ་གསོལ། གསུམ་པ་སྒྱུ་མ་ལམ་ཁྱེར་གྱི་སྣང་བ་སྒྱུ་མ་ལམ་ཁྱེར་ལ། སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ། རྨི་ལམ་སྒྱུ་མ་ལམ་ཁྱེར་ལ། ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཞེས་པའོ། །མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་གསོལ་འདེབས་གཞན་དུ་ཤེས་པར་བྱ་ལ། འབྲས་བུ་འཆི་མེད་འཆུག་མེད་ལ་ནི། སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། ཞེས་པ་སྟེ། དེ་ལྟར་ཆོས་དྲུག་རྨི་ལམ་མན་དང་། ཁྲིད་ཆེན་ལྷག་མ་གསུམ་གྱིས་གསོལ་འདེབས་སུ། གོང་གི་བཞི་དེ་ལ། ཚིག་རྐང་གསུམ་པ་བསྒྱུར་བ་ཁོ་ན་ལའོ། །འབྲི་བསྣན་གཞན་བྱ་རྒྱུ་མེད་ཅིང་། དེ་ཡང་གོང་གི་མཛད་དུ་གསོལ། ཞེས་པ་རྣམས་སུ་བྱིན་གྱིས་རློབས་སུ་གསོལ། ཞེས་འདོན་པ་གང་བདེ་བྱེད་པ་ཉིད་དོ། །དེ་ལྟར་གསོལ་འདེབས་འདི་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཆང་ནས་གྲུབ་ཐོབ་ཆེན་པོ་འབའ་ཞིག་གྱུར་པའི་རྒྱུད་ལྡན་བླ་མའི་གསུང་གི་རྒྱུན་ལ། སོ་སྐྱེས་ཀྱི་རྟོག་བཟོ་སྤྲོས་པའི་བསྲེ་བསླད་མ་བྱས་པའི་བྱིན་རླབས་མཚོན་ཁ་ཆེས་ཆེ་བ་ཁོ་ན་ཡིན་པས། བསམ་པ་དང་ཀློག་པའི་སྒོ་ནས་རྒྱུན་དུ་ཉམས་སུ་བླང་བ་ཤིན་ཏུ་གལ་ཆེ་ཞིང་གཅེས་པའི་ཆོས་སོ། །དེ་ཡང་གསོལ་བ་འདེབས་དུས་སུ་ཚིག་ཕྱིར་འབྲང་བའི་ཡུལ་ཙམ་པ་མ་ཡིན་པར་རིག་ཐོག་ཏུ་རྡོ་རུས་ཐུག་པར་བྱས་པ་ཡི། གསོལ་འདེབས་སྐད་ཆེ་བ། ཆུང་བ་དང་། སྐབས་སུ་ཡིད་ལ་བསམ་ནས་བགྲང་བ་སོགས་ནན་ཏན་ཆེན་པོའི་སྒོ་ནས་རྣལ་འབྱོར་དུ་བྱའོ། །སྐབས་སུ་རྩ་རྒྱུད་བླ་མའི་གསོལ་འདེབས་དུ་མ་གཞན་ན་འབྱུང་ལྟར་ཤེས་ཤིང་སྤྲོ་ན་བྱ། གསོལ་འདེབས་ཀྱི་ཐུན་མཚམས་རྣམས་སུ། ཕ་བླ་མ་ཕ་བླ་མ། ཕ་བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་མོས་གདུང་སྙིང་ལ་འབྲབ་པ་ཅིག་བྱས་ནས་དེ་ཡི་ངང་ལ་ཀློད་ཀྱི་བཞག དེ་ལྟར་མོས་གུས་གསོལ་འདེབས་ཁོ་ནས་ཐུན་གྱི་དངོས་གཞ་བསྐྱང་སྟེ། ཐུན་འཇོག་ཁར། ཚར་གསུམ་ཁུག་པ་དབང་གི་མན་ངག་བཅས། བླ་མ་འོད་དུ་ལྟེམ་སྟེ་ཞུ། རང་ལ་གཉིས་སུ་མེད་པར་ཐིམ། དེ་ཀའི་ངང་ལ་སེམས་དུག་གསུམ་གྱི་རྣམ་རྟོག་སྤངས་ནས་ལྷོད་དེ་བཞག གཞན་ཡང་སྐབས་འདིར་རང་གི་ཉམས་ལེན་གང་ལ་བྱེད་པ་དེ་ལ་འཇུག་པར་བྱ་ལ། དེ་ཡི་མཐར་རྗེས་ཀྱི་རིམ་པ་རྣམས་བྱའོ། །དེ་ནས་སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་ལས་དང་པོ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་གནད་མེད་པ། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གི་བསྒྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། གཉིས་པ་ནི། ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །འཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། གསུམ་པ་ནི། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་དོན་ཀུན་ཏུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །

ཅེས་དགེ་བ་བྱང་ཆུབ་ཏུ་བསྔོ་ནས་སྤྱོད་ལམ་ལ་འཇུག་གོ །འདི་དག་ཀྱང་ཤེས་ན་སྨོན་ལམ་དང་། བཀྲ་ཤིས། དེ་བཞིན་བསྔོ་བ་བཀའ་རྒྱ་མར་གྲགས་པ་རྣམས་སྐབས་སུ་ཅི་ནུས་བྱེད་པ་ཉིད་དོ། །དེ་ཡང་དུས་ཀུན་མི་རྟག་འཆི་བ་སྙིང་ལ་ཟུག་པ་ཡིད་འདི་སྣང་ཞེན་པ་བཅད་ཅིང་། ལམ་རྩ་བར་བླ་མའི་རྣལ་འབྱོར་མོས་གུས་ལྡེམ་རྐྱང་མེད་པར་གསོལ་བ་བཏབ་ཅིང་དམ་ཚིག་སྲོག་ལས་ལྷག་པར་བལྟ་བ་དང་། ཆོས་ཐམས་ཅད་སྒྱུ་མ། རྨི་ལམ་བར་དོ་ཡིན་སྙམ་གྱི་དྲན་པ་དང་མི་བྲལ་ཞིང་། གཞན་ཡང་བསྲེ་བ་ལམ་ཁྱེར་གྱི་ལྷ་དགུ། སྒྱུ་ལུས། འོད་གསལ། རང་ཤར་རང་གྲོལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་བསྐྱལ་བ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འབད་པར་བྱའོ། །དེ་ལྟར་བཀའ་ལ་གཟུ་ལུམ་མ་གྱུར་ཅིང་། །རྙིང་པའི་གཏམ་ལ་གསར་པའི་ལང་ཚོ་ཅན། །ཚུལ་བཞིན་སྦྱོར་བར་ནུས་པའི་བློ་མཐུ་འདི། །བླ་མའི་ཐུགས་རྗེས་བདག་འདྲའི་བསྐལ་ཤར་བས། །འདི་འདྲ་བགྱིས་པའི་དགེ་བས་འགྲོ་བ་ཀུན། །ངེས་གསང་སྙིང་པོའི་ལམ་བཟང་འདི་ཐོབ་ནས། །རིང་མིན་ཧེ་རུ་ཀ་དཔལ་འབྲས་བུ་ལ། །རབ་ཏུ་སྤྱོད་པས་དགའ་སྟོན་རྒྱས་པར་ཤོག །

ཞེས་ཡེ་ཤེས་མཁའ་འགྲོ་ནེ་གུའི་གསེར་ཆོས་ཁྲིད་ཆེན་བཞི་ཐུན་མོང་གི་འཇུག་ངོགས། ཆོས་སྤྱོད་ངག་འདོན་གྱི་རིམ་པ་སླད་མེད་ཁྱེད་བདེ་བཀོད་པ་ཞིག་མ་མཐོང་བས། ཆོས་ཚུལ་འདིར་ཞུགས་པ་རྣམས་ལ་ཕན་པའི་སླད་དུ་ནང་པའི་གྲུབ་མཐའ་ལ་གུས་པ་མཆོག་ཏུ་ཐོབ་པའི་རྣལ་འབྱོར་པ་དཔལ་ཚེ་དབང་ནོར་བུས་རང་ལོ་བཞི་བཅུའི་བགྲང་བྱ་ལ་འཁོད་ཉེ་བ་མེ་སྦྲུལ་དབྱུག་ཟླ་ལྷ་བབ་དུས་བཟང་པོར་ཀོང་ཡུལ་ས་ཡི་ཐིག་ལེ་གུ་རུའི་གཏེར་གནས་སུ་རི་རིན་ཆེན་འབར་བར་སྦྱར་བའོ། །དགེའོ། །

འཕགས་པ་ཐུགས་རྗེ་ཆེན་པོའི་སྤྱན་རས་གཟིགས་ཀྱི་ལམ་རིམ་དམར་ཁྲིད་སྤྱིའི་འཇུག་ངོགས་སྔོན་འགྲོའི་ངག་འདོན།

༄༅། །འཕགས་པ་ཐུགས་རྗེ་ཆེན་པོའི་སྤྱན་རས་གཟིགས་ཀྱི་ལམ་རིམ་དམར་ཁྲིད་སྤྱིའི་འཇུག་ངོགས་སྔོན་འགྲོའི་ངག་འདོན་བཞུགས། །

༈ ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུད་པ། །མཚན་ཙམ་འཛིན་པས་ཕྱིར་མི་ལྡོག་ལ་བཀོད། །བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དམར་ཁྲིད་ངག་འདོན་མདོ་ཙམ་འདིར་བཀོད་བྱ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་ལ། །བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེས་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་མཎྜལ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ། ཨོཾ་བཛྲ་ས་ཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་སྟེང་དུ། །བཀའ་དྲིན་ཆེན་པོའི་སྒོ་ནས་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱ་ཧཱུྃ། འོད་དཔག་མེད་པ་རྒྱལ་བ་ཀུན་གྱི་ཡབ། །སྤྱན་རས་གཟིགས་དབང་འགྲོ་འདུལ་སྙིང་རྗེའི་གཏེར། །སངས་རྒྱས་ཀུན་འདུས་པདྨ་སམྦྷ་ཝ། །གསོལ་བ་འདེབས་སོ་བདག་སོགས་ཐུགས་རྗེས་བཟུང་། །གངས་ཅན་མགོན་པོ་འཕགས་མཆོག་སྲོང་བཙན་སྒམ། །འཕགས་ཡུལ་གྲུབ་མཆོག་མི་ཏྲ་ཛོ་ཀའི་ཞབས། །སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་། །གསོལ་བ༴ བྱང་ཆུབ་སེམས་བརྙེས་ཟླ་བ་རྒྱལ་བའི་མཚན། །སྦས་ཚུལ་རྣལ་འབྱོར་ཆེན་པོ་ཚིམ་བུ་པ། །རྨི་ལམ་སྒྱུ་མའི་སྐུ་གྲུབ་སྐྱེར་སྒང་ཞབས། །གསོལ་བ༴ སྨིན་ཁྲིད་ཆུ་བོ་ཀུན་འདུས་གྲོལ་མཆོག་རྗེ། །ལུང་རིགས་རྒྱ་མཚོ་ཀུན་མཁྱེན་སྒྲོལ་བའི་མགོན། །རིན་ཆེན་རྒྱ་མཚོ་ཀུན་དགའ་འཕྲིན་ལས་དབང་། །གསོལ་བ༴ འཇིགས་མེད་གོ་ཆ་ཏྲེ་བོ་ཆོས་དབང་པོ། །འགྲོ་འདུལ་བླ་མ་ཚེ་དབང་ནོར་བུའི་སྟེ། །སྦས་པའི་སངས་རྒྱས་ཀརྨ་བདུད་འཇོམས་ཞབས། །གསོལ་བ༴ མན་ངག་ཀུན་གྱི་སྙིང་པོ་དམར་ཁྲིད་ཀྱི། །བདག་རྒྱུད་ཡོངས་སུ་སྨིན་མཛད་འཁོར་ལོའི་མགོན། །འདྲེན་མཆོག་དྭངས་མ་རྩ་བའི་བླ་མ་ལ། །གསོལ་བ༴ དེ་ལྟར་རྒྱུད་པའི་བླ་མར་གསོལ་བཏབ་མཐུའི། །མ་རྟོག་འཆི་དྲན་ཆོས་བརྒྱད་ཞེན་པ་ལོག །ངེས་འབྱུང་དག་སྣང་རབ་རྒྱས་དམ་ཚིག་དག །སྨིན་གྲོལ་གདེང་ཐོབ་རིམ་གཉིས་འབྲས་སྨིན་ཤོག །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བདག་རྒྱུད་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཅི་ནུས་བརྗོད། བླ་མའི་གནས་བཞིར་ཨོཾ་ཨཱ༔་ཧཱུྃ༔ཧྲཱི་ལས། ཡིག་དྲུག་དཀར་དམར་མཐིང་ལྗང་བདག་གནས་བཞིར། །ཐིམ་པར་དབང་ཐོབ་སྒྲིབ་གཉིས་ལམ་བཞི་འབྱོངས། །སྐུ་བཞིའི་འབྲས་བུ་མངོན་དུ་གྱུར་བར་བསམ། ཨོཾ་ཨཱ༔ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ། རྗེས་སུ་བླ་མ་རང་གི་སྙིང་ཀར་ཐིམ། །རང་ཉིད་སྤྱན་རས་གཟིགས་དང་དབྱེར་མེད་གྱུར། །མ་ཡེངས་མི་བསྒོམས་ལྷན་ནེར་ཅི་གནས་བཞག །དེ་ལས་ལྡང་ཚེ་ཁྱེར་སོ་གསུམ་ལྡན་བྱ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒས་ན་འཆིའི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱིས་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ཡི། །དམར་ཁྲིད་སྤྱི་ཡི་འཇུག་ངོགས་སུ། །རིག་པ་འཛིན་པས་སྦྱར་བ་སྟེ། །འགྲོ་ཀུན་འཇིག་རྟེན་མགོན་ཐོབ་ཤོག །

ཅེས་སྨྱོན་རིག་སྦྱོར་ཕུན་ཚོགས་རྣམ་རྒྱལ་གྱིས་གསོལ་བ་བཏབ་པའི་ངོར་རིག་འཛིན་ཚེ་དབང་ནོར་བུའི་དིང་རི་གླང་འཁོར་དུ་བརྗོད་པ་དགེའོ། །

རྡོ་རྗེ་ཕག་མོ་སྨེ་བ་བརྩེགས་མའི་སྒོམ་བཟླས་མི་གཙང་ཀུན་འཇོམས་རྡོ་རྗེ་ཕ་ལམ།

༄༅། །རྡོ་རྗེ་ཕག་མོ་སྨེ་བ་བརྩེགས་མའི་སྒོམ་བཟླས་མི་གཙང་ཀུན་འཇོམས་རྡོ་རྗེ་ཕ་ལམ་བཞུགས་སོ། །

བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་ཆེན་པོའི་གསང་མཛོད་མན་ངག་བཞིན། །རྒྱལ་བ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་ཁྲོས་ནག་སྨེ་བ་བརྩེགས་མ་ཡི། །སྒྲུབ་ཐབས་སྙིང་པོ་རབ་ཟབ་འདིར་བསྟན་བྱ། །སྐྱབས་སེམས་ཡན་ལག་བདུན་པ་སྔོན་འགྲོ་བས། །བདེ་བའི་གདན་ལ་འཁོད་དེ་འདི་ལྟར་བསྒོམ།

ཧཱུྃ་ཧཱུྃ་ཧཱུྃ། ཆོས་རྣམས་སྟོང་ཉིད་སྒྱུ་མ་ལྟ་བུའི་ངང་། །གཞལ་ཡས་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །དེ་སྟེང་ཨ་ལས་རྡོ་རྗེ་ཁྲོས་མ་ནག །དུད་སྤྲིན་མདོག་འདྲ་མི་བཟད་ཆེར་ཁྲོས་སྐུ །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་དུག་རླངས་འཁྲིགས། །ཤངས་གཉེར་བསྐལ་པ་འཐོར་བའི་དུས་རླུང་གཡོ། སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར། །དམར་ནག་འབར་འཕྱང་རལ་གསེབ་ཕག་ཞལ་ངུར། །ཐོད་སྐམ་མགོ་ཕྲེང་རུས་རྒྱན་མི་གཡང་གསོལ། གསེར་གྱི་རྣ་ཆ་སྟག་ཤམ་སྦྲུལ་ཆུན་སྤྲས། །ཞབས་གཉིས་བརྐྱང་བསྐུམ་གྲུ་མོར་ཁ་ཊྭཱཾ་བརྟེན། །ཕྱག་གཡས་འབར་བའི་ཨེ་སྒྲོམ་་་ཆོས་འབྱུང་མེ་འབར་བ།མཁའ་ལ་ཕྱར། །གཡོན་པས་དག་བྱེད་ཁྲུས་བུམ་ཐུགས་ཀར་འཛིན། །ཕག་ཞལ་སྟེང་དུ་པད་ཟླ་ཉི་མ་ཡི། །གདན་ལ་འདྲེན་མཆོག་རྩ་བའི་བླ་མ་དང་། །དབྱེར་མེད་པད་འབྱུང་རྡོར་སེམས་ཆ་ལུགས་ཅན། །སྙེམས་མ་མཚོ་རྒྱལ་ཡུམ་དང་གཉིས་མེད་འཁྱུད། །གཙོ་མོའི་ཕྱོགས་བཞིའི་འདབ་མར་འབྱུང་བཞི་ཡི། །མཁའ་འགྲོ་རང་མདོག་འབྱུང་འཛིན་སྔགས་སྒྲ་སྒྲོག །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དམ་ཡེ་འདྲེས། །ཏིང་འཛིན་གྱིས་སྤྲུལ་ལྷ་མོས་མཆོད་ཅིང་བསྟོད། །ཐུགས་ཀར་རང་འདྲའི་དྷཱ་ཀི་ཚོན་གང་བའི། །སྙིང་དབུས་རྡོ་རྗེ་ནག་པོ་ནས་འབྲས་ཙམ། །ལྟེ་བར་ཨ་ཡིག་སྤུ་བྲིས་ལྟ་བུའི་མཐར། །སྔགས་ཕྲེང་མགལ་མེ་ལྟ་བུར་འཁོར་བ་ཡིས། །འོད་ཟེར་དྲག་རྩུབ་རྣོ་མྱུར་མེ་འབར་བས། །ལུས་ཀྱི་ཕྱི་ནང་སྣོད་བཅུད་ཁོར་ཡུག་ཁེངས། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉམས་ཆག་དག །སེལ་ཡུགས་མཛེ་གདོན་རྨེ་ནལ་འཁོན་ཐབ་གྲིབ། །ཟས་གོས་རོ་བག་བྱི་བང་གྲིབ་ལ་སོགས། །གྲིབ་རིགས་ཐམས་ཅད་གཞོབ་ཐུལ་བསྲེགས་བྱས་ཤིང་། །རྡོར་སེམས་ཡབ་ཡུམ་སྐུ་ལས་ཡེ་ཤེས་རླུང་། །རབ་ཏུ་ཁྲོས་པས་སྔགས་ཀྱི་མེ་དཔུང་ཆེ། །འཁྲུགས་པས་གྲིབ་གདོན་ལྷག་མེད་བཅོམ་པར་གྱུར། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཨཱ༔ ཨོཾ་གྷརྑཾ་ཛིརྑཾ་བྷི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྃ་ཕཊ།

ཅེས་དམིགས་པ་མ་ཡེངས་པས་རྩེ་གཅིག་ཏུ་བསྙེན་པ་འབུམ་ཕྲག་གསུམ་བསྐྱལ་བས་ནད་གདོན་སྡིག་སྒྲིབ་ཉམས་ཆག་དག་པའི་ལྟས་སྤྱི་དང་མཐུན་པར་འབྱུང་ལ། བསྙེན་པ་ཐེམས་ནས་གནས་སྐབས་སུ་ཡང་རྩ་སྔགས་བརྒྱ་སྟོང་ཁྲི་སོགས་གང་འགྲུབ་བཟླས་པས་གྲིབ་རིགས་ཐམས་ཅད་སེལ་བ་དང་། རྟག་ཏུ་ཕག་མོ་འདིའི་སྒོམ་བཟླས་ལ་བརྩོན་ན་འགོ་བའི་ནད་གཟའ་ཀླུ་ས་བདག་རྒྱལ་བསེན་སོགས་གདོན་བགེགས་འབྱུང་པོའི་གནོད་པས་མི་ཚུགས་ཤིང་བསྐྱེད་རྫོགས་ཀྱི་ཉམས་ལེན་བརྟན་པ་དང་། ཡེ་ཤེས་མཁའ་འགྲོ་མས་རྗེས་སུ་བཟུང་བས་བར་དོར་མཆོག་སྟེར་བར་འགྱུར་རོ། །ཐུན་སྐབས་སུ་འབྱུང་ལྔའི་སྔགས་བྱང་འདི་ཡང་བཟླ་བར་བྱའོ། །

ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་ཚར་བདུན་སོགས་ཅི་ནུས་བཟླ། མཐར་ཐུན་བསྡུ་ཚེ། སྣོད་བཅུད་འོད་ཞུ་འཁོར་གྱི་ལྷ་བཞིར་འདུས། །དེ་ཡང་གཙོ་མོ་མེ་འོད་སྔགས་ལ་ཐིམ། །རྡོར་སེམས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །ལུས་ཁེངས་སྒྲིབ་ཚོགས་བག་ཆགས་བཅས་བཅོམ་ཞིང་། །རྡོར་སེམས་རང་ཐིམ་དབྱེར་མེད་གཅིག་ཏུ་གྱུར། །རང་ཡང་ཡེ་ཤེས་སེམས་དཔའི་སྐུ་ལ་ཐིམ། །དེ་ཡང་ཏིང་འཛིན་ཧཱུྃ་སྟེ་དེ་མས་རིམ། །ཐིག་ལེ་མཁའ་ལ་ཡལ་ལྟར་དམིགས་མེད་བཞག །སླར་ཡང་སྐད་ཅིག་ལྷར་གསལ་ནས་སྔགས་ཀྱིས་བསྲུང་བར་བྱའོ། །བསྙེན་པ་ཐེམས་ནས་ཁྲུས་ཀྱི་ལས་བྱ་བར་འདོད་ན། ཁྲུས་བུམ་གཙང་མར་ལྷ་ཚོགས་མངོན་རྟོགས་བཞིན་བསྐྱེད་ལ་ཡེ་ཤེས་པ་དགུག་བསྟིམ་བྱ་ཞིང་སྔགས་ཅི་རིགས་པ་བཟླ། མཐར་ལྷ་འོད་དུ་ཞུ་བའི་ཆུས་རང་གཞན་གྱི་དོན་དུ་བྱབ་ཁྲུས་སོགས་སྤྱི་དང་མཐུན་པར་བྱ། སྐུ་གསུང་ཐུགས་ཀྱི་རྗེས་གནང་སྤྱི་ལྟར་བྱས་ཀྱང་རུང་ངོ་། །གྲིབ་འཇོམས་སྨེ་བརྩེགས་སྒྲུབ་པའི་ཐབས། །མང་ཡང་རྡོ་རྗེ་ཁྲོས་ནག་མའི། །སྒྲུབ་ཐབས་འདི་འདྲ་ཆེས་རྙེད་དཀའ། །ཟོག་ཆོས་མ་ཡིན་གུ་རུའི་གསུང་། །བྱིན་རླབས་དྲོད་མ་ཡལ་བ་འདི། །ཉམས་སུ་ལེན་ན་གནས་སྐབས་དང་། །མཐར་ཐུག་དགེ་ལེགས་ཡོན་ཏན་ཐོབ། །དེས་ན་འདི་ཉིད་སྒྲུབ་ལ་འབུངས། །

ཞེས་གང་ཟག་འགའ་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་བསྐུལ་ནས་ཀཿཐོག་ལྷོ་ཕྱོགས་པ་ཚེ་དབང་ནོར་བུ་ཞི་བའི་བློ་གྲོས་ཀྱིས་མེ་ལུག་སྨིན་དྲུག་ཟླ་བའི་ཚེས་གཅིག་རྡོ་རྗེ་དྷཱ་ཀི་རྒྱུ་བའི་དུས་སུ་མང་ཡུལ་གུང་ཐང་ཟ་འོག་ཕུག་ཏུ་སུག་བྲིས་སུ་བྱས་ཤིང་སླར་ནུབ་རི་སྒང་པོ་ཆེར་གཏན་ལ་ཕབ་པ་མངྒ་ལཾ།། །།

མན་ངག་ཡིད་བཞིན་ནོར་བུའི་ཏོག་གི་བློ་གྲོས།

༄༅། །མན་ངག་ཡིད་བཞིན་ནོར་བུའི་ཏོག་གི་བློ་གྲོས་ཞེས་བྱ་བ་བཞུགས། །

༈ ན་མོ་གུ་རུ་བཛྲ་མ་ཧཱ་མུ་དྲཱ་ཡ། སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུྃཿ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་པར། །སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་ཏུ། །བླ་མ་སངས་རྒྱས་སྒྲུབ་ནས་ནི། །གང་ལ་གང་འདུལ་འཕྲིན་ལས་ཀྱིས། །འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ། །བཤགས་པ་ནི། རྒྱལ་བ་ཀུན་འདུས་གུ་རུའི་སྐུ་ལུས་ལས། །བདུད་རྩིའི་རྒྱུན་བབས་བདག་སོགས་སྡིག་སྒྲིབ་དག །ཡི་གེ་བརྒྱ་པ་ནི། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ལམ་གསུམ། བླ་མ་བདུད་རྩིའི་རང་བཞིན་བདག་ལ་ཐིམ། །བདག་གི་མ་དག་ཕུང་པོ་སྟོང་པར་གྱུར། །མཉམ་པར་བཞག ཧཱུྃཿ ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་འོད་སྣང་དབུས། །སེང་ཁྲི་པདྨ་སྟོང་ལྡན་ཉི་ཟླའི་གདན། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས། །པདྨ་འབྱུང་གནས་སངས་རྒྱས་འོད་དཔག་མེད། །སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས། །ཕྱག་གཉིས་རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས། །ཁ་ཊྭཱཾ་གྲུ་འཁྱུད་ཞབས་གཉིས་རྡོ་རྗེའི་སྐྱིལ། །གསང་ཕོད་ཆོས་གོས་ཟ་འོག་བེར་ཕྱམ་ཀླུབས། །དབུ་ལ་པད་ཞུ་ཌཱ་ཀིའི་སྤྲིན་ཕུང་གསོལ། །རྒྱན་ཚོགས་བསམ་འཕེལ་ནོར་བུ་དུ་མས་སྤྲས། །གནས་གསུམ་རྡོ་རྗེ་གསུམ་གྱུར་ཨོཾ་ཨཱཿཧཱུྃཿ ལྟེ་བར་ཡེ་ཤེས་རྡོ་རྗེ་ཧྲཱི་ཡིས་མཚན། །དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲངས་གྱུར། །རྡོ་རྗེའི་ཚིག་བདུན་ནི། ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱིས་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃཿཞེས་ཅི་ལྕོགས་དང་། མཆོད་པ་ནི། ཨོཾ་ཨཱཿཧཱུྃཿ མཁའ་ཁྱབ་ཀུན་བཟང་རོལ་བའི་སྤྲིན་ཕུང་ཉིད། །དགྱེས་མཆོད་སྤྱི་དང་ཁྱད་པར་དམ་ཚིག་རྫས། །བདེ་སྟོང་ཁ་སྦྱོར་རོལ་པའི་མཆོད་པར་བཅས། །ཟབ་གསལ་བདེ་ཆེན་དབྱིངས་སུ་མཆོད་པར་བགྱི། །ཞེས་དང་ཁྱད་པར་དུ། བདག་གི་འཁོར་གཉེན་གཅེས་པའི་ལུས་དོན་དབང་། །ཚེ་སྲོག་བསོད་ནམས་དུས་གསུམ་དགེ་ཚོགས་བཅས། །སྐྱབས་གནས་ཀུན་འདུས་གུ་རུ་མཆོག་ལ་འབུལ། །ཐུགས་རྗེ་བརྩེ་བས་ཀུན་ཏུ་བཞེས་སུ་གསོལ། །གང་ཞིག་མི་སྲུན་སྤྱི་དང་ཁྱད་པར་དུ། །ཐེག་མཆོག་བསྟན་དང་སྟོན་ལ་སྡང་བ་ཡི། །ལོག་སྲེད་ཅན་ཀུན་བདག་མཐུ་ནུས་པས་བཏུལ། །གུ་རུའི་བཀའ་བཞིན་འབངས་སུ་བཞེས་སུ་གསོལ། །བླ་མ་རྒྱང་འབོད་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མགོན་མེད་བདག་ལ་ཐུགས་རྗེས་ཟུངས། །བླ་མ་རྡོ་རྗེ་སེམས་དཔའ་ཆེ། །རེ་ཞིང་ལྟོས་པའི་གཉེན་གཅིག་པོ། །བདག་ལ་རེ་ས་གཞན་ན་མེད། །སྡུག་བསྔལ་འདམ་ལས་དྲངས་དུ་གསོལ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཁྱེད་ལ་བདག་ཉིད་བྲན་དུ་འབུལ། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །བླ་མ་སངས་རྒྱས་འཕྲིན་ལས་མཛད། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །འདྲེན་པའི་བླ་མར་བདག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧཱུྃཿཞེས་མང་དུ་བཟླ། དབང་ལེན་པ་ནི། གུ་རུའི་སྐུ་ཡི་འབྲུ་བཞིར་འོད་ཟེར་བཞི། །དཀར་དམག་མཐིང་ལྗང་བདག་གནས་བཞིར་ཐིམ་པས། །དབང་ཐོབ་སྒྲིབ་དག་ལམ་འབྱོངས་སྐུ་བཞིར་སྨིན། །གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃཿཧྲཱི་སརྦ་སིདྡྷི་ཕ ལ་ཧཱུྃ་ཨཱཿབསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །གུ་རུ་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་ཉིད་ཐོབ་ཤོག །

ཅེས་པ་འདིའང་རིག་པ་འཛིན་པ་ཚེ་དབང་ནོར་བུས་དགའ་དབང་ངམ་མིག་དམར་ཡང་བརྗོད་པ་ཤིང་བྱི་ལོ་ཉི་མ་ལུག་གི་བ་གམ་དུ་རྩེན་པ་ནག་ཟླའི་བཟང་པོ་གཉིས་པ་ཀོང་ཡུལ་གྱི་ཆ་ཉང་ཁ་གུ་རུའི་གནས་ཆེན་ལྗོན་པ་ལུང་གི་མདོ་ཐོད་མཁར་དགོན་བསམ་གཏན་སྤྱིལ་ཕུར་སྤེལ་བ་སྟེ་གཞན་ཕན་རྒྱ་ཆེའི་བཙས་སུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་ཡང་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ།

༄༅། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་ཡང་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྡོ་རྗེ་འདུས་མ་བྱས་དབྱིངས་གདོད་ནས་རང་བཞིན་མི་འགྱུར་བདག །རྡོ་རྗེ་ཟབ་གསལ་རང་འབྱུང་འདུ་བྲལ་ལས་འདས་མི་ཤིག་པ། །རྡོ་རྗེ་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་བདག་དེ་ལ་རྟག་སྐྱབས་མཆི། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་བདག །ཁྱེད་ཞབས་ཕྱག་འཚལ་དེ་སྒྲུབ་ཐབས། །ཕྱི་ནང་ཡང་གསང་ཁོ་ན་ཡི། །ཉམས་སུ་ལེན་ཚུལ་འདིར་བཤད་བྱ། །

དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྡོ་རྗེ་སེམས་དཔའ་ནི། དོན་དམ་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་འཛད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད་སྤྱི་དཔལ་ཆེན་པོ་གསང་ཆེན་རིགས་གཅིག་གི་ངོ་བོར་ཡོངས་སུ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཙམ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དུས་ན། གང་ཞིག་ང་ཡི་མིང་ཐོས་པ་ཙམ་གྱིས་མཚམས་མེད་དུཿཁའི་ལས་ལ་སྤྱོད་པ་དང་། སྔགས་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་ནས་རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ་བའི་སྡིག་ལྟུང་སྒྲིབ་པ་ཅན་རྣམས་དེ་མ་ཐག་པར་བྱང་ཞིང་དག་པར་གྱུར་ཅིག །ཉེས་པ་ཅན་དེ་རྣམས་ཀྱི་རྩར་བདག་གནས་ནས་དེ་ཡི་སྒྲིབ་པ་མཐའ་དག་བསལ་ཏེ་ཐར་པ་མཆོག་ལ་བཀོད་པར་གྱུར་ཅིག ཞེས་སྨོན་ལམ་བཏབ་ཅིང་དམ་བཅས་པ་ཡི་ཤིན་ཏུ་འདག་པར་དཀའ་བའི་སྡིག་ལྟུང་སེལ་བར་ཆེས་ཆེར་མཆོག་ཏུ་བསྔགས་པ་སྟེ། དེ་བཞིན་གཤེགས་པ་དེ་ཡི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་མཚན་ཅུང་ཟད་བསྒྱུར་བས་ཧེ་རུ་ཀ་སོགས་ལྷ་རབ་འབྱམས་ཀྱི་ཡིག་བརྒྱར་འགྱུར་བ་སྔགས་རྒྱུད་མང་པོ་ནས་བསྔགས་ཤིང་སྔགས་ཀྱི་མན་ངག་ལ་ཞུགས་པ་ཀུན་གྱི་སྤྱི་ནོར་སྙིང་གི་ཐིག་ལེ་དམ་པར་གྱུར་པ་དེ་ལྟར་ཡི་གེ་བརྒྱ་པའི་གཞུང་རབ་འབྱམས་ལས། འདིར་ནི་དམ་ཚིག་ཉམས་ཐགས་ཐམས་ཅད་སྐོང་བའི་ལུང་གཤེགས་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དྲི་མ་མེད་པ་ཞེས་བྱ་བ་ལས་འདི་སྐད་དུ།

དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་སྐུ་མཚན་གྱི་མེ་ཏོག་དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་མངའ་བ་གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱི་དབང་བསྐུར་བར་དར་དཀར་དང་བ་ཏི་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་སྟོབས་ཆེན་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱི་རིན་པོ་ཆེའི་ཁྲི་རྐང་བཏེགས་པའི་སྟེང་ནས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་དུ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཤིན་ཏུ་ལྷམ་མེ། ཤིན་ཏུ་ལྷང་ངེ་། ལྷན་ནེ། ནམ་མཁའི་འཇའ་འམ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་གསལ་ལ་དངོས་པོར་མ་གྲུབ་པ་ཞིག འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཏེ་བཅོན་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་ཞུས་སོ། །

ཀྱཻ་སྟོན་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་ཉམས་ཆགས་སོར་ཆུད་པར་བྱ་བའི་དོན་དུ་ན་རག་དོང་སྤྲུག་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་བཤད་པ་འདི་ནི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རྣལ་འབྱོར་པ་སྔ་རབས་འདས་པ་རྣམས་ཀྱི་ལམ་ཆེན་པོ། ད་ལྟར་གྱི་རྣལ་འབྱོར་མ་རིག་པ་རྣམས་ཀྱི་མིག་འབྱེད་པ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་འདྲེན་ཤུལ་སྟེ། རྣལ་འབྱོར་པ་སྤྱི་ལམ་འདི་ལྟ་བུ་བཀའ་སྩལ་པ་ཐུགས་རྗེ་ཆེ་ལ་ངོ་མཚར་ཆེ་ལགས་སོ། །དེ་བས་ན་བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆགས་དང་རྟོགས་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱི། རྣལ་འབྱོར་རྟོག་སྒྲིབ་དང་ཉམས་ཆགས་ཅན། བསོག་འཇོག་དང་བག་ཆགས་ཅན་རྣམས་ཉོན་ཅིག་བཀའ་སྩལ་པ། ཨོཾ་བཛྲ་སཏྭ་ས་མ་ཡཱ། མ་ནུ་པ་ལ་ཡཱ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ཝ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ འདི་དག་དུས་གཅིག་ཏུ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆགས་ཐམས་ཅད་བསྐོངས་ཏེ་ངན་སོང་ཐམས་ཅད་ལས་ཐར་པར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན་ཚེ་འདི་ལ། ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། ཕྱོགས་བཅུ་ནས་ལྷག་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་བརྐྱང་ཕྱག་ལན་སྟོང་དུ་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པའི་ཡི་གེ་བརྒྱ་པ་བཀའ་སྩལ་པ་ངོ་མཚར་ཆེ་ཨ་ལ་ལ་ཧོ། ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཁྱེད་ཀྱི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་ཉམས་ཆགས་དང་རྟོག་སྒྲིབ་སྦྱང་བའི་ཐབས་ཡི་གེ་བརྒྱ་པ་བཤད་པ་ལེགས་སོ། །དེ་བས་རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །རྣལ་འབྱོར་པ་ཐམས་ཅད་ལ་ཕན་གདགས་ཤིང་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོར་བརྗོད་པ་ལེགས་སོ་ལེགས་སོ། །ཞེས་ཏེ་དེ་ལྟར་རྒྱུད་སྤྱི་དང་བྱེ་བྲག་ཏུ་མར་བསྔགས་པ་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཉམས་སུ་ལེན་པའི་ཚུལ་ཅི་སྙེད་པ་ལས། འདིར་བཅུད་དུ་དྲིལ་བར་བྱས་པ་རྣལ་འབྱོར་སྙིང་པོ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་ལྔའོ། །

དེ་ལ་ཡང་དང་པོ་ཕྱི་བྱ་རྒྱུད་ལྟར་སྤྱིར་བསྒོམས་ཏེ་ཉམས་སུ་ལེན་པ་ནི། མཐའ་ཡས་པ་མཁའ་མཉམ་གྱི་སེམས་ཅན་ཀུན་སྙིང་ཁོངས་སུ་བཅུག་ནས་དེ་རྣམས་བདག་དང་ལྷན་ཅིག་དཀོན་མཆོག་གསུམ་ལ་སྐྱབས་སུ་ཞེ་ཐག་པ་ནས་སོང་བའོ་སྙམ་པ་དང་། སྤྱི་བོར་ཡང་རྡོ་རྗེ་སེམས་དཔའ་རེ་རེ་བཞུགས་ནས་བདག་གི་ཇི་བཞིན་སྡིག་སྒྲིབ་སྡུག་བསྔལ་སྦྱངས་ཡོད་སྙམ་པའི་མོས་འདུན་ཐུན་གྱི་ཐོག་མཐར་དུང་པ་རེ་བྱ། དངོས་གཞིར་རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་སྟེང་མཁའ་ན་རིན་པོ་ཆེ་སྣ་ཚོགས་རབ་ཏུ་མཛེས་པ་ལས་གྲུབ་པའི་ཁྲི་སྟེགས་བུ་དེ་སྟེང་ཐེམ་པ་གསུམ་བརྩེགས་ལ་ཁྲི་རྐང་བརྒྱད་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་དང་མཚམས་སྣ་ཚོགས་རྡོ་རྗེས་སྤྲས་པ། སྟེང་བད་གསུམ་རིམ་སྟེང་མ་མངོན་པར་འཕྱར་ཞིང་གདོང་རྔམས་རྒྱས་པ། ཁྲི་ཡི་སྟེང་ངོས་སུ་འཁོར་ལོ་རྩིབས་སྟོང་དང་། འོག་ཏུ་པདྨ་འདབ་སྟོང་གི་གཟུགས་བརྙན་བཀྲ་བ། ཁྲི་རྐང་གི་བར་མཚམས་སུ་ཁྲི་འདེགས་ཀྱི་ཚུལ་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་གླང་པོ་ཆེའི་གཟུགས་སྤྲུལ་པ་མཇུག་ནང་དུ་བྱས་ཤིང་གདོང་ཕྱིར་ཕྱོགས་པ་མཆེ་བ་དྲུག་པ་ཁ་དོག་ཐལ་དཀར་ལ་དཔྲལ་བ་ནས་སྣ་ཡི་རྩེ་མོའི་བར་སིནྡྷུ་རའམ་ཨིནྚ་གོ་བ་ལྟར་དམར་བ་རིན་པོ་ཆེ་མཆོག་ཏུ་གྱུར་པ་སྣ་ཚོགས་དང་གསེར་གྱི་དྲ་བས་ཀུན་ནས་ལུས་གཡོགས་པ་དེ་རྣམས་ཀྱི་སྤྱི་བོར་སྔོན་གྱི་སྨོན་ལམ་ཐུགས་རྗེ་ཆེན་པོ་ཚད་མེད་པའི་མཐུ་ལས་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོའི་གཟུགས་ཅན་ལ་ངོ་བོ་རང་རང་གི་རིགས་བདག་དེ་བཞིན་གཤེགས་པ་ཡང་སྟེ་མཐའ་ཡས་པའི་འོད་ཟེར་འཕྲོས་པས་བརྒྱན་པ་བརྒྱད་གནས་པའི་ཁྲི་སྟེང་དུ་པདྨ་དཀར་པོ་འདབ་མ་སྟོང་ལྡན་གྱིས་ཁེབས་པའི་དབུས་ཉི་མ་དང་ཟླ་བ་རབ་ཏུ་རྒྱས་པའི་གདན་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེའི་རྣམ་པར་གྱུར་པའི་ཧཱུྃ་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་དཔལ་མཆོག་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སྐུ་མཆོག་དཀར་བ་ལས་ཀྱང་ཆེས་ཆེས་དཀར་བ་སྟོན་ཀའི་ཟླ་བ་འབུམ་ཕྲག་གི་གཟི་བརྗིད་ཟིལ་གྱིས་གནོན་པ་ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཉིས་གཡས་རྡོ་རྗེའི་རྩེ་ལྔ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་བཀུར་བརྟེན་པ། ཞབས་གཉིས་སེམས་དཔའ་སྐྱིལ་ཀྲུང་ཅན་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་སྐུ་ཞི་བའི་ཚུལ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་ཀུན་ཏུ་མཛེས་པ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ཆས་སུ་ཞུགས་པ་ལྟར་གསལ་བའི་ཐུགས་ཀར་ཟླ་བར་རི་མེད་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཤིན་ཏུ་འཚེར་བ་དེ་ཡི་མཐར་ཟླ་བ་ལ་གནས་པའི་ཡི་གེ་བརྒྱ་པའི་སྔགས་འཕྲེང་གསལ་བཏབ་ཅིང་ངག་ཏུ་བཟླས་པས་ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་རྡོ་རྗེ་སེམས་དཔའི་སྐུའི་ཆ་བ་སྤུའི་བུ་ག་ཁྱད་པར་དུ་ཞལ་དང་མཛོད་སྤུ་གཙུག་ཏོར་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་མ་ལུས་པ་དགྱེས་པར་བྱས་དེ་དག་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྗེ་དང་བྱིན་རླབས་ཀྱི་རང་བཞིན་བདུད་རྩིའི་རྣམ་པར་སྤྱན་དྲངས།

རྡོ་རྗེ་སེམས་དཔའི་སྐུའི་ཆ་གང་གི་གནས་རྣམས་ནས་ཚུར་ཞུགས་ཐུགས་ཀའི་ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་རྣམས་ལ་ཐིམ་དེ་ལས་བདུད་རྩིའི་རྒྱུན་ཆུ་མིག་ནས་ཆུ་རྒྱུན་བབ་པ་ལྟར་བྱུང་། དེ་ཡང་ཧཱུྃ་ཡིག་ལས་བབ་པ་ཐུགས། ཡིག་བརྒྱ་ལས་གསུང་། ཟླ་བ་ལས་བབ་པ་སྐུ། དེ་གསུམ་གྱི་རྡོ་རྗེ་སེམས་དཔའ་སྐུ་ལུས་ཆེར་ཁེངས་ནས་མ་ཤོང་ལུད་པའི་ཚུལ་གྱིས་སྐུ་ཡི་ཆ་ཀུན་དང་ཞབས་གཡས་པའི་ཤ་སེན་གྱི་བར་ནས་བདུད་རྩིའི་རྒྱུན་བར་མ་ཆད་པར་བྱུང་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་གཟུགས་སུ་སྤྲུལ་པའི་སྟེང་དུ་བབ། དེ་རྣམས་ཀྱི་སྤྱི་བོར་རིགས་ཀྱི་བདག་པོ་ནོར་བུ་རིན་པོ་ཆེའི་ཚུལ་དུ་གནས་པ་ལས་ཀྱང་བདུད་རྩིའི་རྒྱུན་བྱུང་བ་དང་གཅིག་འདྲེས་བར་མ་ཆད་པར་བདག་སོགས་མཐའ་ཡས་སེམས་ཅན་རྣམས་ཀྱི་སྤྱི་བོར་བབས་ཏེ། དེ་ལུས་ཀྱི་ཕྱི་ནས་ཁྱབ་ཅིང་བཀྲུས་པས་འཛིན་ཆགས་ཀྱིས་ཀུན་ནས་དཀྲིས་པའི་དྲི་མའི་ཚོགས་དང་ལྷན་ཅིག་ལུས་ཀྱི་གོས་ཀྱང་ཉིལ་གྱི་ཞུ་བ་བཅས་ཤིང་ཁྱད་པར་སྤྱི་གཙུག་ནས་ལུས་ཀྱི་ནང་དུ་ཞུགས་པས་བདུད་རྩི་རེག་མ་ཐག་ཉོན་མོངས་དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པ་དང་ལྷན་ཅིག་འཁོར་བ་ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་སོལ་ཁུ་འཇའ་ཚོན་སྔོ་དམར་གྱི་རྣམ་པར་ཆེ་བ་རྣམས་ཁ་སྣ་བཤང་ལམ། འབྲིང་བ་རྣམས་མིག་རྣ་བ་སེན་བར། ཆུང་བ་རྣམས་སྐྲ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་ནས་ཡང་ལྡང་དུ་མེད་པ་ས་རིམ་པ་དགུའི་འོག་ཏུ་སོང་། དེར་ཡང་ཡེ་ཤེས་ཀྱི་རང་སྣང་བསྐལ་པའི་ཆུ་མེ་རླུང་རྣམས་ཀྱིས་སྦྱངས་ནས་རྡུལ་ཕྲ་རགས་ཙམ་ཡང་མེད་པར་ལྷག་མེད་དུ་སྟོང་ཞིང་རང་ལུས་དྭངས་ཤེལ་གྱི་བུམ་པ་རྙོགས་པ་མེད་པའི་ཆུ་རྒྱུན་གྱིས་བཀང་བ་ལྟར་ལུས་དང་བདུད་རྩི་གཉིས་ཀས་ཕྱི་ནང་མི་སྒྲིབ་པར་ས་ལེ་སིང་ངེར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པའི་སྐྱོན་ཧ་ཅང་གི་སྐད་ཆེ་ཆུང་དང་ཚིག་དལ་མྱུར་དང་། ཁྱད་པར་དུ་འབྲུ་ལྷག་ཆད་དུ་མ་སོང་བར་གཙང་ཞིང་དག་པར་བཟླ་བའོ། །གཞན་ཡང་ནད་སེལ་བ་ལ་བདུད་རྩི་ལུས་ནང་དུ་ཞུགས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར་གྱི་རྣམ་པར་བཤང་ལམ་གང་ན་བ་ནས་ཐོན་པར་བསམ་པ་དང་། གདོན་ལ་ཤོག་སྲོ་སྡོམ་སྡིག་སྦལ་སྤྲུལ་རྣམས་ཡེ་ཤེས་ཀྱིས་བརྡས་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་ནས་སྦྱངས་བ་སོགས་གོང་ལྟར་ཤེས་པར་བྱའོ། །

ཐུན་མཚམས་ངལ་བསོ་བའི་སྐབས་སུ་མཆོད་པ་དང་བསྟོད་བཤགས་ཀྱི་མཐར་གདན་གྱི་གླང་པོ་ཆེ་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་རིན་པོ་ཆེའི་ཁྲི་རྐང་ཡང་པདྨར་ཐིམ། རྡོ་རྗེ་སེམས་དཔའ་པད་ཉི་ཟླ་གདན་བཅས་རང་གི་སྤྱི་བོར་བསྟིམ་པ་ཙམ་མམ། འཆད་འགྱུར་ནང་སྒྲུབ་ཀྱི་དམིགས་པ་སྦྱར་བའམ། ཡང་ན་དམིགས་མེད་དུ་བཞག་པ་ཅི་བདེར་བྱ་ཞིང་གང་ལྟར་རྗེས་དགེ་བ་བྱང་ཆུབ་ཆེན་པོར་ངེས་པར་བསྔོའོ། །དེ་ནི་རྡོ་རྗེ་སེམས་དཔའི་ཕྱིའི་སྒྲུབ་པ་གསལ་བར་བསྟན་པ་སྟེ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ་གྱི་ཆོས་འདིའི་བསྲུང་མ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྀཐི།

ད་ནི་གཉིས་པ་ནང་སྤྱོད་རྒྱུད་ལྟར་རྡོ་རྗེ་སེམས་དཔའ་རང་གི་ལུས་ཀྱི་གནས་སུ་བསྒོམས་ཏེ་ཉམས་སུ་ལེན་པ་ནི། ཐོག་མར་གོང་དུ་བསྟན་པ་ལྟར་བྱ་རྒྱུད་ལྟར་སྒོམ་བཟླས་ཅི་ལྟར་རིགས་པའི་མཐར་མཆོད་བསྟོད་བཤགས་པའི་རྗེས་ཐོག་ཉིད་དུ་རྡོ་རྗེ་སེམས་དཔའ་རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་བྱོན་ཀླད་པ་དུང་ཁང་གི་གནས་སུ་དར་ཅིག་བཞུགས་ཏེ་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོའི་མཐར་ཡིག་བརྒྱ་དཀར་པོའི་འཕྲེང་བས་བསྐོར་བ་སྟེ། དེ་གསུམ་ལས་འོད་ཟེར་བྱུང་། རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་འབུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས་ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ཡི་གེ་བརྒྱ་པ་ཅི་རིགས་བཟླ་བའོ། །དེ་ནས་དུང་ཁང་གི་རྡོ་རྗེ་སེམས་དཔའ་མགྲིན་པའི་དབུས་སུ་བྱོན་ཅིང་། དེ་མ་ཐག་ཏུ་སྐུ་མདོག་དམར་པོར་གྱུར། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ་ཡིག་བརྒྱ་དམར་པོའི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་ཕུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས་ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་རིགས་བྱའོ། །

དེ་ནས་མགྲིན་པའི་རྡོ་རྗེ་སེམས་དཔའ་མར་སྙིང་ཁར་བྱོན་མ་ཐག་ཏུ་སྐུ་མཆོག་མཐིང་ཀར་གྱུར། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་ཡི་གེ་བརྒྱ་པ་མཐིང་ཀས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་འབུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས་ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་ནུས་སུ་བྱའོ། །དེ་ཡང་རང་གི་སྒོ་གསུམ་སྡིག་པ་གང་སྤྱད་པའི་གཉེན་པོར་དམིགས་བསལ་སྒོམ་ན་གནས་དེ་དང་དེ་གཙོ་བོར་བྱས་ན་ལེགས་པའོ། །དེ་ནས་སྙིང་ཁའི་རྡོར་སེམས་མར་ལྟེ་བར་བྱོན། གསེར་གྱི་པདྨ་དང་ཉི་དཀྱིལ་ལ་བཞུགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ཟླ་བའི་རྒྱལ་ཡོལ་ཅན་ཐུགས་ཀར་ཉི་ཟླ་ཁ་སྦྱོར་ལ་གནས་པའི་ཧཱུྃ་ཡིག་སེར་པོ་ཡི་གེ་བརྒྱ་པའི་ཕྲེང་བ་ཁ་དོག་སེར་པོ་སྟེ་དེ་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་འཕགས་ཚོགས་འཁོར་དང་བཅས་པ་མ་ལུས་མི་ལུས་ལུས་པ་མེད་པ་སྐུ་གསུང་ཐུགས་དགྱེས་པར་བྱས་འོད་ཟེར་དེས་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མའི་ཚོགས་མཐའ་དག་པ་སྦྱངས་ཚུར་འདུས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ། དེ་ལྟ་བུའི་འོད་ཟེར་སྤྲོ་བསྡུ་དང་བཅས་སྤྱི་ཁྱབ་གནས་འདི་གཙོ་བོར་བྱས་ཏེ་ཡི་གེ་བརྒྱ་པ་ནུས་ཚད་དུ་བཟླས་ལ་མཐར་སྔགས་ཀྱི་འོད་ཟེར་རབ་ཏུ་འཚེར་བས་བདག་གི་ལུས་འདི་ཡང་འོད་ཀྱི་གོང་བུ་བལྟ་བར་མི་བཟོད་པ་གཅིག་ཏུ་གྱུར་པར་བསམ་ལ་གསང་བསྒྲུབ་ལ་འཇུག་གམ་དམིགས་མེད་དུ་བཞག་ཅི་བདེར་བྱ་ལ་ཐུན་མཚམས་ལ་འཇུག་ན་དགེ་བ་རྫོགས་བྱང་ལ་ངེས་པར་བསྔོའོ། །དེ་ནི་ནང་སྤྱོད་རྒྱུད་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་བཤད་པ་སྟེ་ཆོས་འདིའི་བསྲུང་མ་གཟའི་དགེ་བསྙེན་སྨུག་ནག་འོད་འཕྲོས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྀཐི།

གསུམ་པ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་གསུམ་བརྩེགས་སུ་ཉམས་སུ་ལེན་པ་ནི། རང་གི་ལུས་སྣང་སེམས་ཀྱི་རྟོགས་ཚོགས་ཀུན་གདོད་མ་ཉིད་ནས་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར། དེ་ལྟ་བུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དཀར་ཞིང་དངས་པ་མཚན་དཔེས་རྫོགས་པའི་སྐུ་རྡོར་དྲིལ་སྙེམས་ཚུལ་གྱི་འཛིན་ཅིང་རིགས་ལྔའི་དབུ་རྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ནོར་བུ་བསམ་འཕེལ་ལས་གྲུབ་པའི་རིན་པོ་ཆེའི་རྒྱན་བརྒྱད་དང་དར་དཀར་པོ་གསེར་གྱི་བང་རིས་ཅན་གྱི་སྟོད་གཡོགས་ཚིག་གི་སྨད་དཀྲིས་སོགས་དར་གྱི་ཆས་ལྔས་མཛེས་པ། གདན་པད་ཉི་ཟླ་བ་དང་རྒྱབ་ཡོལ་ཡང་ཟླ་བ་དང་རྒྱབ་ཡོལ་ཡང་ཟླ་བས་བྱས་པ་སྟེ། དེ་ནི་དམ་ཚིག་སེམས་དཔའོ། །དེའི་ཐུགས་ཀར་རང་ཇི་འདྲ་བའི་སྐུ་འོད་ཟེར་ལྔ་འཕྲོ་བ་ནི་ཡེ་ཤེས་སེམས་དཔའོ། །དེའི་ཐུགས་ཀར་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ། རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ། ལྟེ་བར་གཞོམ་དུ་མེད་པའི་ཧཱུྃ་ཡིག་དཀར་པོས་སྤྲོས་པ་སྟེ་ཏིང་ངེ་འཛིན་སེམས་དཔའོ། །གོང་གི་ཧཱུྃ་ཡིག་ལས་ཡི་གེ་བརྒྱ་པ་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་བདག་གི་སྤྱི་བོའི་གཙུག་རྒྱུད་ནམ་མཁའ་ལ་ཐོན། དེ་ཡང་གཅིག་ལས་གཉིས་འཆད་ཀྱི་ཚུལ་དུ་ཡི་གེ་བརྒྱ་པའི་སྔགས་རྒྱུ་སྐར་བཀྲམ་པ་ལྟར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པ་འཕགས་པའི་ཚོགས་མ་ལུས་པ་ལ་སྔགས་ཕྲེང་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ཡོངས་སུ་མཆོད། སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐང་ནས་དེ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་ཡི་གེ་བརྒྱ་པའི་སྔགས་ཕྲེང་གི་རྣམ་པར་ཐུགས་ཞལ་གཙུག་ཏོར་མཛོད་སྤུ་ནས་ཐོན་ཏེ་སྤྲོས་པའི་སྔགས་ཕྲེང་རྣམས་ལ་དབྱེར་མེད་དུ་ཞུགས་ཚུར་བྱུང་སྔགས་ཀྱི་ཕྲེང་བ་རྣམས་གཅིག་ཏུ་འདྲེས་ཏེ་གཙུག་ཏོར་ནས་མར་ཞུགས། སླར་ཡང་དཔྲལ་བའི་མཛོད་སྤུ་ནས་ཐོན་ཏེ་སྔགས་ཀྱི་ཕྲེང་བ་གོང་བཞིན་གྲངས་མེད་པ་འཕེལ། ཁམས་གསུམ་རིགས་དྲུག་གི་མཁའ་མཉམ་སེམས་ཅན་གྱི་གནས་ཀུན་ཁྱབ་སྔགས་ཕྲེང་དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མཛད་དེ་སེམས་ཅན་སོ་སོ་ཡི་སྡུག་བསྔལ་མ་ལུས་པར་བསལ་མི་དགེ་བའི་ལས་ཉོན་ཐམས་ཅད་ཞི་བར་བྱས། དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་བཀོད་དེ་སྔགས་ཀྱི་ཕྲེང་བ་རྣམས་ཚུར་འདུས་གཅིག་ཏུ་འདྲེས་ཏེ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་རང་གི་སྙིང་ཁ་ནས་ཚུར་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པ་ལ་འབད་པ་བྱ་ཞིང་། ཐུན་མཐར་རྣལ་འབྱོར་བཞི་པ་ལ་འཇུག་གམ་ཡང་ན་དམིགས་མེད་ཀྱི་ངང་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་གོང་དང་མཐུན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་གསུམ་རྩེགས་ཀྱི་ཉམས་སུ་བླང་བའི་ཚུལ་ཞིབ་མོར་བཤད་པ་སྟེ་ཆོས་འདིའི་བསྲུང་མ་དཔལ་ལྡན་གཉན་གྱི་ལྷ་མོ་རེ་མ་ཏིས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྀཐི། ཟབ་རྒྱ།

དེ་ལྟར་སྒྲུབ་ཐབས་གསུམ་རྩ་བའི་མན་ངག་དཀྱུས་སུ་བསྟན་པ་དེ་ཁོ་ནའོ། །ཡང་ཅུང་ཟད་རྒྱས་པར་མོས་ན་མན་ངག་གི་ཟུར་འདེབས་ཁྱད་པར་ཅན་འདི་རྣམས་སྦྱར་བར་བྱ་སྟེ། དེ་ཡང་ཕྱི་བསྒྲུབ་སྐབས་སྡིག་པ་སྦྱངས་པའི་དམིགས་པ་ནི་གཞུང་བཞིན་པས་འགྲུབ། ནད་སེལ་སྐབས་སྤྱི་བོ་ནས་སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྒྱུན་རིགས་འདུས་རྡོ་རྗེ་སེམས་དཔའ་ལས་བབ་པའི་བདུད་རྩི་དེ་རེག་བྱ་ཚ་བའི་ནད་ལ་བསིལ་ངར་ཆེ་བ། གྲང་བར་ཚ་བ་རླུང་ལ་མར་ཁུ་ལྟ་བུའི་སྣུམ་བཅུད་ཅན། དྲི་བསིལ་དྲོ་བ་ཡང་། ག་བུར། སེའུ་འབྲུ། ཛ་ཏི། གུར་གུམ། ཅོང་ཞི་སོགས་ནད་སོགས་སོ་སོར་འགྲོ་བའི་མཚན་ཉིད་ཅན་དང་། ནད་རྣམས་ཀྱང་ཚད་པར་ཁ་དོག་དམར་སེར་རྣག་ཁྲག་ཆུ་སེར་གྱི་རྣམ་པ། གྲང་བར་སྔོ་སྐྱ་མཆིལ་སྣབས་ཀྱི་རྣམ་པ་འདྲ་བ། རླུང་ནད་སྔོ་ནག་དུད་རླུང་གི་ཚུལ་དུ་ནད་ཀྱི་གནས་དང་དབང་པོ་བ་སྤུའི་སྒོ་སོགས་ཇི་ལྟར་འོས་པ་ནས་ཐན་འོག་གཞི་རིམ་པ་དགུ་བརྒྱུད་རླུང་ནད་གསེར་གྱི་ས་གཞིའི་གཏིང་དུ་ཡལ་ཐིམ། ཚད་པ་ཆུ་དཀྱིལ་གྱི་གཏིང་དང་། གྲང་བ་མེ་དཀྱིལ་གཏིང་དུ་ཡལ་ཐིམ། ནད་རྣམས་ཀྱང་ལྡང་དུ་མེད་པར་བསམ་ངང་ཡིག་བརྒྱ་མང་ཙམ་བཟླས་ཤིང་། ཡང་གོང་ལྟར་བསྒོམ་པ་ལྡབ་ལ་བྱའོ། །གདོན་སེལ་གྱི་སྐབས་སྤྱི་བོའི་བདུད་རྩི་ངོ་བོ་དེ་ཉིད་ལ་རྣམ་པ་ཁྲོ་ཆུ་ཁོལ་མ་ལྟ་བུ་འབར་བའི་མེ་ལྕེ་དང་བཅས་ཤིང་ཁྲོ་ཆུའི་ཟེགས་མ་ཁྲོ་བོའི་གཟུགས་ཅན་གདོན་སོ་སོའི་གཉེན་པོ་ཕོ་གདོན་ལ་གཤིན་རྗེ་གཤེད། མོ་གདོན་ལ་བཛྲ་ཧེ་རུ་ཀ གཟའ་ལ་ཕྱག་རྡོར། རྒྱལ་པོར་རྟ་མགྲིན་ནམ་གུར་དྲག ཀླུ་ལ་མཁའ་ལྡིང་། རྦོད་གཏོང་ལ་གཙུག་གཏོར་འཁོར་ལོས་བསྒྱུར་བའམ་གདུགས་དཀར་མོ། འགོང་བསེན་ལ་སྒྲོལ་གིང་དམར་པོ་སོགས་སུ་སྣང་བ་མེ་སྟག་འཚུབ་པ་ལྟ་བུའི་གདོན་བགེགས་རྣམས་རང་གཟུགས་ཇི་བཞིན་པ་དེ་བརྡས། བདག་གི་བ་སྤུ་དབང་པོའི་སྒོ་སྤྱི་དང་ཁྱད་པར་འོག་སྒོ་གཉིས་རྐང་པའི་ཤ་སེན་བར་ནས་ཕྱིར་ཐོན་ཁྲོ་བོ་རྣམས་དང་ཡེ་ཤེས་རླུང་དྲག་པོས་སྟོང་གསུམ་འཇིག་རྟེན་གྱི་ཕ་རོལ་ཏུ་བསྐྲད། དེར་ཡང་ཕུང་བོ་ཡེ་ཤེས་ཀྱི་མེ་རླུང་ཆུས་སྦྱངས་སེམས་ཉིད་བདེ་བ་ཆེན་པོར་ཐིམ་ཏེ་གནས་པར་བསམ།

དེ་ཡང་ལུས་ཀྱི་ནང་དུ་གདོན་གཟུགས་སྲོ་མ་ཙམ་ལ་ཁྲོ་བོ་ཉུང་ཀར་ཙམ། ཤིག་ཙམ་ལ་ཁྲོ་བོ་ནས་འབྲས་ཙམ་གྱིས་རིགས་འདྲེ་ལུས་ཀྱི་ཕྱིར་ཐོན་ནས་ཡང་གདོན་གཟུགས་ལས་གཉེན་པོ་ཁྲོ་བོ་རྣམས་བདུན་འགྱུར་ཙམ་གྱིས་ཆེ་བ་བསྒོམ་དགོས་སོ། །དེ་ལྟར་གདོན་བསྐྲད་ཟིན་ནས་བུམ་པ་ཚད་ལྡན་ཆུས་ཁེངས་པ་ལྟར་བདུད་རྩིའི་རང་བཞིན་ཁྲོ་ཆུ་ཁོལ་མ་དེས་ལུས་ཁེངས། བ་སྤུ་ནས་དེའི་ཟེགས་མ་ཕྱིར་འཕྲོས་པས་བསྲུང་ཡུལ་ཇི་ཙམ་པར་ཁྲོ་ཆུང་རྡོ་རྗེའི་གུར་མེ་དཔུང་གི་བསྲུང་འཁོར་ནང་བདུད་རྩི་ཁྲོ་ཆུའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་གནས་པར་བསམ་ནས་ཡི་གེ་བརྒྱ་པ་བཟླ་བ་ལ་འབད། དེའི་སྟེང་གདོན་ཀླུ་ནད་བྱད་ཁ་རྦོད་གཏོང་སོགས་རབ་ཏུ་ཞི་བར་བྱེད་པའི་མན་ངག་དམ་པ་ཡིན་ལ། ནད་གདོན་ཞི་བ་ཁོ་ནའི་ཆེད་བཟླས་པ་ཡིན་ན་ཐུན་གང་ཡིན་གྱི་ཕྱེད་བཤད་མ་ཐག་པའི་དམིགས་པ་དལ་གྱིས་ལྡབ་ཅིང་། ཐུན་ཕྱེད་མན་སྤྱི་བོའི་རྡོར་སེམས་རང་ལ་བསྟིམ་ནས་རང་ལུས་སྐད་ཅིག་གི་རྡོ་རྗེ་སེམས་དཔར་གྱུར། རང་གི་སྙིང་ཀར་སྔགས་འཁོར་གསལ་བཏབ། དེ་ལས་འོད་ཟེར་མཆོད་སྤྲིན་འཕྲོས་སྲས་སློབ་རྩ་གསུམ་ཀུན་མཆོད། ཚུར་འདུས་ཚེ་འཕགས་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ནད་གདོན་སོ་སོར་ཕན་པའི་བདུད་རྩི་གོང་བཞིན་བྱུང་བ་བདག་གི་སྤྱི་བོ་ནས་ཞུགས་སྙིང་ཀའི་སྔགས་འཁོར་དང་ལུས་སྔར་ནས་བདུད་རྩིས་ཁེངས་པ་ལ་ཐིམ་པས་ཆང་ལ་ཕབ་ཐེབ་པ་ལྟར་བདུད་རྩི་དེ་རྣམས་ཀྱི་ཡོན་ཏན་ནུས་སྟོབས་གོང་ནས་གོང་དུ་འཕེལ་བར་བསམ་བཞིན་ཡིག་བརྒྱ་འབད་དེ་བཟླས། ཐུན་མཐར་ཐུན་མོང་གི་རྫོགས་རིམ་འོག་ནས་བཤད་པའི་འོད་གསལ་འཇུག་ལྡང་བྱས་ལ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟར་ཕྱི་བསྒྲུབ་སྐབས་སུ་ནད་གདོན་སེལ་བའི་དམིགས་རིམ་ཉེ་བར་འབོག་པའི་མན་ངག་ཁྱད་པར་ལྷན་ཐབས་ཚུལ་དུ་གསལ་བར་ཕྱེས་པ་སྟེ། ཆོས་འདི་མ་གཟའ་དམ་ཅན་ལ་གཉེར་དུ་གཏད་དོ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ་ཟབ་རྒྱ།

དེ་ནས་ནང་བསྒྲུབ་ཀྱི་སྐབས་གཙོ་འཁོར་དུ་བསྒྲུབ་པར་འདོད་ན། ཕྱི་བསྒྲུབ་ཀྱི་བསྒོམ་བཟླས་མཐར་རྡོ་རྗེ་སེམས་དཔའ་གདན་རིན་པོ་ཆེའི་ཁྲི་རྐང་གླང་པོ་ཆེ་བཅས་སྐུ་ཆུང་གསལ་རང་གི་སྤྱི་བོ་ནས་མར་དུང་ཁང་དུ་བྱོན་དེར་རིན་པོ་ཆེའི་ཁྲི་རྐང་པད་གདན་ལ་ཐིམ། པདྨ་འདབ་སྟོང་འདབ་བརྒྱད་དུ་གྱུར། དབུས་ཀྱི་གེ་སར་ཟེའུ་འབྲུར་ཉི་ཟླ་སྦྱོར་གྱི་གདན། འདབ་མ་ཤར་དང་ཤར་ལྷོར་རྡོ་རྗེ། ལྷོ་དང་ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་དང་ནུབ་བྱང་དུ་པདྨ། བྱང་དང་བྱང་ཤར་དུ་རལ་གྲི། ཕྱག་མཚན་དེ་རྣམས་ཕྲེད་ཉལ་གྱི་སྟེང་ཟླ་བའི་གདན་རེ་རེའི་དབུས་སུ་རིགས་འདུས་རྡོ་རྗེ་སེམས་དཔའ་ཉིད་དང་། ཕྱི་རིམ་འདབ་བརྒྱད་ཀྱི་ཟླ་གདན་ལ་གདན་གྱི་གླང་པོ་ཆེ་བརྒྱད་རང་རང་གི་ངོ་བོ་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ་དེ་ཡང་ཤར་ནས་གཡས་བསྐོར་གྱིས་བྱང་ཤར་བར་ས་སྙིང་། བྱམས་པ། ཀུན་བཟང་། ནམ་སྙིང་། སྤྱན་གཟིགས། འཇམ་དཔལ། སྒྲིབ་སེལ། ཕྱག་རྡོར་རྣམས་སྐུ་མདོག་ཕྱག་མཚན་ཆ་ལུགས་ཀུན་གཙོ་བོ་ཇི་བཞིན་པར་ཐུགས་ཀར་སྔགས་འཕྲེང་བཅས་གསལ་བཏབ་ཅིང་གནས་སོ་སོར་གཙོ་བོའི་ཁ་དོག་སྒྱུར་ཏེ་སྒོམ་པ་བཞིན་འཁོར་རྣམས་ཡང་དེ་དང་མཐུན་པར་གསལ་བའོ། །མཐར་ཐུན་བསྡུ་ཚེ་འཁོར་རྣམས་གཙོ་བོར་འདུས་ཤིང་གཙོ་བོའི་འོད་ཟེར་གྱིས་རང་ལུས་འོད་ཀྱི་གོང་བུར་བྱེད་པ་ཉིད་དོ། །གསང་སྒྲུབ་སྐབས་སུ་ལྷ་དགུར་སྤྲོ་ན་གདན་གོང་བཞིན་ལ་ཟླ་བར་གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔར་གྱུར་པ་དེ་རྡོ་རྗེ་སེམས་དཔའི་སྐུ་གྲུབ་པ་དང་ལྷན་ཅིག་ཉི་མ་དང་འོད་ཟེར་ལྟར་ཆུ་ལ་ཉ་ལྡང་བའི་ཚུལ་དུ་འཁོར་རྣམས་ཀྱང་སྐད་ཅིག་ཏུ་གསལ་བའོ། །

བཟླས་པའི་སྐབས་ནུས་ན་འཁོར་རྣམས་ལ་ཡང་གཙོ་བོ་བཞིན་སེམས་དཔའ་གསུམ་བརྩེགས་སུ་བསྒོམ་རང་གི་ཐུགས་ཀ་ནས་སྔགས་ཕྲེང་གྱེན་དུ་འཕྲོ་བ་དང་ལྷན་ཅིག་ཟླ་བ་ཞུན་མ་ལྟ་བུ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྙིང་ཁ་ནས་ཕྱིར་འཕྲོས། འཁོར་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཐུགས་ཀ་ནས་བདག་གི་ཇི་བཞིན་པའི་སྔགས་འཕྲེང་འཕྲོས། རྒྱལ་བ་མཆོད་པ་དང་སེམས་ཅན་གྱི་དོན་བྱས་ཚུར་འདུས་འཁོར་སོ་སོའི་ཐུགས་ཀའི་ཧཱུྃ་ལ་ཞུགས་ནས་སླར་འཕྲོས་རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ་པ་སྟེ། དེ་ཙམ་མི་ལྕོག་ཚེ་འཁོར་རེ་མོས་སུ་བྱ་ལ། དེ་ཡང་མི་ནུས་དུབ་ན་འཁོར་རྣམས་ཀྱི་བཟླས་པའི་གྲོགས་མཛད་ཅིང་སོ་སོའི་ཐུགས་ཀ་ནས་འོད་ཟེར་བྱུང་བདག་གི་སྙིང་ཀའི་སྔགས་འཁོར་ལ་ཕོག་པས་བསྐུལ་བའི་རྐྱེན་གྱིས་སྔགས་ཕྲེང་གྱེན་དུ་འཕྲོས་པར་བསམ་པ་ཙམ་ལས་གཞུང་དམིགས་ཁོ་ནས་ཆོག་པའོ། །འཁོར་གྱིས་སེམས་དཔའ་བརྒྱད་སྐུ་མདོག་ཕྱག་མཚན་ཐ་དད་པར་མོས་ནས་དྲི་མེད་བཤགས་རྒྱུད་ནས་གསུང་བ་ན་རག་དོང་སྤྲུག་ལྟར་ཡིན་ལ། འོན་ཀྱང་སྐབས་འདིར་ནི་གསང་ཆེན་རིགས་གཅིག་གི་རང་གཟུགས་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པ་ཉིད་མི་ལེགས་པ་མེད་དེ། ཐུན་མཐར་འཁོར་གྱི་གདན་ཕྱག་མཚན་ཟླ་བ་རྣམས་སོ་སོར་ཐིམ། སེམས་དཔའ་བརྒྱད་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ་ལ་རྗེས་སྤྱོད་དཀྱུས་བཞིན་གང་འདོད་ལ་འཇུག་པའོ། །དྲི་མེད་བཤགས་པའི་རྒྱུད་དུ་གདན་གླང་པོ་ཆེ་བརྒྱད་སྤྲུལ་གཞིར་བཅས་བསྟན་པས་ལྷ་དགུར་སྒྲུབ་པ་འདི་ཉིད་ཁུངས་མཆོག་ཏུ་ཆེ་བ་ཡང་ཡིན་ནོ། །དེ་ལྟར་ནང་སྒྲུབ་དང་གསང་སྒྲུབ་སྐབས་མན་ངག་ཁྱད་པར་བ་ཟུར་འདེབས་ཚུལ་དུ་གསལ་བར་བཤད་པ་སྟེ་ཆོས་འདི་མ་གཟའ་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། །ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ་ཟབ་རྒྱཿ

དེ་ནས་དོན་བཞི་པ་ཡང་གསང་བླ་ན་མེད་པའི་རྒྱུད་སྡེ་ལྟར་སྣང་གྲགས་རིགས་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལ་བཟླ་ཞིང་འོད་གསལ་དུ་ཞུགས་པའི་རིམ་པ་ནི། དེ་ཡང་རྡོར་སེམས་སེམས་དཔའ་གསུམ་བརྩེགས་གོང་ལྟར་གསལ་བའི་ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཁམས་ཐམས་ཅད་ཁྱབ་པར་བྱས། སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གདོན་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཞིང་། སྲིད་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་མཐའ་དག་རྡོ་རྗེ་སེམས་དཔའི་སྐུ་དང་། འབྱུང་བ་སྐྱེ་འགྲོའི་སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པ་སྔགས་ཀྱི་རང་སྒྲ། སེམས་ཅན་རྣམས་ཀྱི་རྟོགས་ཚོགས་ཀྱི་རོལ་པ་མཐའ་དག་གདོན་ནས་འགྱུར་བ་མེད་པ་ཆོས་ཉིད་ཀྱི་རོལ་རྩལ་དུ་ཡེ་ནས་ཡིད་བཞིན་ངོ་ཤེས་པ་དྲན་པ་མ་ཉམས་ཙམ་དུ་རང་འབབ་ལྷུག་པར་བཞག་ལ་ཡི་གེ་བརྒྱ་པ་འགོག་བཟླས་སོགས་བཟླ་ལུགས་ཡིད་ལ་ཅི་ལྟར་འདོད་བཞིན་པས་བསྒྲང་ངོ་། །དེ་ལྟར་བསྒོམ་བཟླས་ཅི་ལྟར་རིགས་པའི་མཐར་འོད་གསལ་དུ་བསྡུ་བ་ནི། ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་རྣམས་རིམ་པས་སྤྲོས་ཡེ་ཤེས་སེམས་དཔའི་སྐུ་ལུས་ཁེངས། དེ་ཡི་སྐུ་ཤིན་ཏུ་འཚེར་བའི་འོད་ཟེར་གྱིས་རང་གི་ལུས་ཁེངས་རང་ལུས་བལྟ་བས་མི་བཟོད་པའི་འོད་ཟེར་འབར་བས་སྣོད་བཅུད་ཐམས་ཅད་ཁྱབ། དེས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཁུ་བའི་ཚུལ་དུ་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་ལ་ཐིམ། དེ་ཐམས་ཅད་བདག་དམ་ཚིག་སེམས་དཔའ་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་ཚོགས་ཐམས་ཅད་ཀྱང་རང་ལ་ཐིམ། རང་གི་གདན་རྒྱན་ན་བཟའ་ཡང་སྐུལ་ལ་ཐིམ། སྐུ་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཡང་གོང་ལྟར། དེ་ཟླ་བ། དེ་རྡོ་རྗེ། དེ་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཁོག་པ་མགོ་དང་། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཤིན་ཏུ་ནས་ཀྱང་ཕྲ་བ་རྟ་རྔ་བརྒྱ་སྟོང་ཚལ་པའི་བར་དུ་སེམས་བཟུང་ལ་མཐར་སྟོང་པ་ཉིད་རྣམས་མི་རྟོག་པའི་ངང་དུ་ཡུན་ཅི་གནས་སུ་བཞག སླར་ཡང་ཡི་གེ་བརྒྱ་པའི་སྒྲས་སྐད་ཅིག་གིས་ལྷར་ལྡང་ཞིང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འཁོར་ལོར་གསལ་བཏབ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ནས་ཡང་དུ་བཟླས་ཏེ་བྱ་བ་ཡང་ཤིན་ཏུ་གཅེས་པའི་ལམ་རིམ་མོ། ཐུན་འཇོག་པ་ན་བསྒོམ་བཟླས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་བཟང་པོ་ཡང་རྣལ་འབྱོར་ཀུན་གྱི་མཐར་མ་ཆད་པར་བྱའོ། །དེ་ལྟར་ཡང་གསང་བླ་ན་མེད་པ་ལམ་ཁྱེར་གསུམ་པ་ཐུན་མོང་རྫོགས་པའི་རིམ་པ་དང་བཅས་ཇི་ལྟར་སྒོམ་པའི་ཚུལ་གསལ་བར་ཕྱེས་པ་སྟེ། ཆོས་འདི་ནི་དཔལ་ལྡན་སྔགས་ཀྱི་བསྲུང་མ་རྡོ་རྗེ་ར་གདོང་མས་བདག་ཏུ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྀཐི། ཟབ་རྒྱཿ

ད་ནི་ལྔ་པ་དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ཉམས་ལེན་ཀུན་གྱི་སྤྱི་དོན་ངོ་བོ་ཁོ་ན་ཉིད་རང་བྱུང་རྫོགས་པ་ཆེན་པོ་རྩོད་བྲལ་ཐིག་ལེ་ཉག་གཅིག་ཏུ་བླང་བ་ནི་དེ་ཡང་རང་རིག་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་ཅན་ལ་ངོ་བོ་ནི་མིང་གིས་མ་མཚོན་པ་དཔེ་དང་བྲལ། བློ་ལས་འདས་ཤིང་སྟོང་པ་མེད། མི་སྟོང་པ་མེད། ཡེ་ཤེས་མེད། འཁྲུལ་པ་མེད། རྣམ་རྟོག་མེད། ཉོན་མོངས་མེད། འཁོར་བ་མེད། མྱང་འདས་མེད། དོན་དམ་མེད། ཀུན་རྫོབ་མེད་སྟེ། མདོར་ན་བསམ་བརྗོད་དཔེ་མཚན་རྟག་ཆད་བདག་གཞན་གྱི་མཐའ་ཐམས་ཅད་དང་བྲལ་ལ། རང་བཞིན་དུ་འཁོར་བ་མྱང་འདས་ཡེ་ཤེས་འཁྲུལ་པ། གསལ་བ་སྟོང་པ་བདེ་བ་སྡུག་བསྔལ་གྱི་ཀུན་རྫོབ་དོན་དམ་རྣམ་པ་ཐམས་ཅད་དུ་ཤར་ཞིང་རྣམ་པ་དུ་མ་ལ་ལོངས་སྤྱོད་པ་སྟེ། ཐུགས་རྗེ་ཡི་དེ་ལྟར་ངོ་བོ་རང་བཞིན་ཡང་ཡ་མ་བྲལ། ཕྱོགས་སུ་མ་ཆད། རིས་སུ་མ་གྲུབ་པར་གདོད་མ་ནས་རང་བཞིན་གྱིས་ཟུང་འཇུག་ཉིད་དུ་རིག་པའི་ངོ་བོར་རྫོགས་པ་སྟེ། དེ་ལྟར་བོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་ཡང་མདོར་དྲིལ་ན་རང་སེམས་ཀྱི་ངོ་བོ་སྤྲོས་བྲལ་གྱི་གཤིས་འདི་ལ་གང་གིས་ཀྱང་མཚོན་བྲལ་སྟོང་སང་ངེ་བའི་རང་བཞིན་གདངས་གསལ་མ་འགགས་པར་རང་རྩལ་དུ་སྣང་བ་ལྷ་སྔགས་སུ་ཝལ་ལེར་ཤར་ཞིང་། དེ་ལྟར་བསྐྱེད་རིམ་ཞེས་ལྷ་སྐུ་བསྒོམ་པའི་གསལ་ཆ་དང་། དོན་དམ་ངོ་བོ་སྟོང་པ་གཉིས་ཀྱང་གསལ་སྟོང་རེས་འཇོག་མ་ཡིན་པར་སྟོང་གསལ་ཟུང་འཇུག་སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི་ངོ་བོ་གང་ཤར་སེམས་ཀྱི་རྒྱན་དང་རོལ་པར་ལྷུན་གྱིས་གྲུབ་པ་ཐུགས་རྗེ་ཆེན་པོ་སྟེ་ཡང་རང་རིག་གི་ངང་དུ་མཉམ་པར་བཞག་པ་ལ་དམིགས་འཛིན་ཆེར་གཏད་རེ་དོགས་བློ་བཅས་ཀྱིས་མ་རྙོགས་པར་བཟོ་བྲལ་རང་ངོ་ལ་གནས་ན་གནས་ཆུག འགྱུ་ན་འགྱུ་ཆུག གང་ལ་ཡང་དགག་སྒྲུབ་མེད་པ་རིག་པ་རང་བབ་ཆ་མེད་ཀུན་འགྲོ་རུ་མཉམ་པར་བཞག་པ་སྟེ། དེ་ལས་གཞན་པའི་ཆེད་གཉེར་གྱི་བསྒོམ་བྱ་མེད་ལ་འཁྲུལ་སྣང་ཡེངས་རྐྱེན་གྱི་དབང་དུ་མ་སོང་བར་རང་བཞིན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ཁོ་ན་ཉིད་བསྐྱེད་རྫོགས་དབྱེར་མེད་གནས་ལུགས་རྫོགས་པ་ཆེན་པོར་ཉམས་སུ་ལེན་པའི་ཚུལ་གསལ་བར་ཕྱེས་པ་སྟེ་ཆོས་འདིའི་བསྲུང་མ་གཅིག་ཤུར་དུར་ཁྲོད་བདག་པོ་མ་ནིང་མ་ཧཱ་ཀ་ལས་མཛད་ནས་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ་ཨྀཐི་ཟབ་རྒྱཿ

རིགས་རྣམས་ཀུན་བདག་གསང་བ་མཆོག །རིགས་གཅིག་དཔལ་ལྡན་རྡོ་རྗེ་སེམས། །སྒྲུབ་ཐབས་ཟབ་མོ་འདིར་བཤད་པས། །འགྲོ་ཀུན་བདེ་འབྲས་མྱུར་ཐོབ་ཤོག །བདེ་ཆེན་རྡོ་རྗེ་ཀུན་གྱི་བསྒྲོད་པ་གཅིག་པའི་ལམ་རྨད་བྱུང་། །བདེ་མྱུར་ཐབས་མང་བསྐལ་བཟང་འདྲེན་མཁས་དེ་ཡི་སྲོག་དམ་ཚིག །བདེ་བར་སྤྱོད་ཕྱིར་རྒྱལ་གྱིས་རབ་བསྔགས་ཟླ་མེད་འཛབ་སྔགས་མཆོག །བདེ་མཆོག་འདི་ལ་འགྲོ་ཀུན་སྙིང་ནས་གུས་པས་ཡོངས་སྤྱོད་ཤོག །དེ་ལྟར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ཕྱི་ནང་གསང་ཡང་དེ་ཁོ་ན་ཉིད་རྣལ་འབྱོར་ལྔ་དང་ཟུར་འདེབས་གཉིས་བཅས་དུམ་བུ་བདུན་ཟབ་གསལ་སྙིང་པོར་དྲིལ་བ་འདི་ནི་རང་ལོ་ཉི་ཤུའི་བགྲང་བྱའི་དཀྱིལ་ནས་འཕར་བ་ཤིང་སྦྲུལ་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔར་བོད་ཡུལ་དབུས་འགྱུར་དབུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་དུ་རྣལ་འབྱོར་མ་ཡེ་ཤེས་གསལ་སྒྲོན་གྱིས་གསོལ་བ་བཏབ་པའི་ངོར་བཀོད་པ་ལ་དེར་མི་གསལ་སྦས་པའི་ཚུལ་དུ་གནས་པ་རྣམས་སླར་ཡང་གསལ་བར་ཕྱེས་པའི་ཞིབ་མོར་རང་ལོ་ལྔ་བཅུའི་སྣེར་ཟིན་པ་རབ་མྱོས་ལྕགས་རྟའི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་གཙང་ཉང་རོ་གནས་གསར་རྩིགས་ཞེས་སྤྲུལ་པའི་གཙུག་ལག་ཁང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་རབ་ཏུ་དགྱེས་གྱུར་རྡོ་རྗེ་སེམས་དཔའ་རྩལ་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །དགེའོ། །

བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བའི་ཆོ་ག་སྙིང་པོར་དྲིལ་བ།

༄༅། །བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བའི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ། །

༈ སྭསྟི། རིན་ཆེན་བྱང་ཆུབ་སེམས་མཆོག་སྐྱེད་མཛད་པ། །བླ་མ་སངས་རྒྱས་སྲས་བཅས་ལ་ཕྱག་འཚལ། །སེམས་བསྐྱེད་རྟག་ཏུ་བླང་བའི་ཆོ་ག་ནི། །ཁྱེར་བདེ་ངག་འདོན་སྙིང་པོ་འདིར་སྤེལ་བྱ། །

དེ་ལ་སྦྱོར་དངོས་རྗེས་གསུམ་གྱི། །དང་པོ་ལ་གཉིས་ཀྱི་ཐོག་མར་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད། གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པ་ནི། སྤྱོད་འཇུག་ནས་གསུང་པའི་ཡན་ལག་བདུན་པའམ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་གང་འོས་བྱ་ལ། དེ་ཡང་བཟང་སྤྱོད་ནས་གསུང་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དངས་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུབ་པ་ཡི། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དང་། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོག་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོར་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གི་བྱང་ཆུབ་ཕྱིར་བསྔོའོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །དུས་གསུམ་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་ཡང་གཉིས་ཀྱི་དང་པོ་བྱང་ཆུབ་ལ་བློ་སྦྱོངས་བ་ནི། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ལྟོས་པ་མེད་པར་བཏང་བར་བྱེད། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །ནམ་ཡང་ཉེར་འཚོའི་རྒྱུར་ཡང་ཤོག །དེ་བཞིན་ནམ་མཁའི་མཐའ་གཏུགས་པའི། །སེམས་ཅན་ཁམས་ནི་རྣམས་ཀུན་ཏུ། །ཐམས་ཅད་མྱ་ངན་འདའ་བར་དུ། །བདག་ནི་ཉེར་འཚོའི་རྒྱུ་ཡང་ཤོག །ཞེས་བརྗོད་དོ། །

གཉིས་པ་ཆོ་ག་བརྗོད་པ་ནི། དགོངས་གསོལ་སྔར་དང་འདྲ་བ་ལས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབས་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པས་དམ་བཅའ་བ་སྟེ་ཆོ་ག་དངོས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལའང་གཉིས་ཀྱི། །དང་པོ་རང་གཞན་དགའ་བ་བསྐྱེད་པ་ནི། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་སྲས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པ་མི་འབྱུང་དེ་ལྟར་བྱ། །ཞེས་པ་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིས། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པས་གཞན་དགའ་བ་སྐྱེད་དོ། །གཉིས་པ་སྨོན་ལམ་གདབ་པ་ནི། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱིས། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཞེས་དོན་སེམས་ཞིང་བརྗོད་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་འཇུག་པ་རྣམས་བྱང་སྡོམ་གྱི་ཆོ་ག་འདི་ལྟར་ཉིན་རེ་བཞིན་བསླང་ཞིང་། དེ་བཞིན་ཐུན་གསུམ་དུ་ཡན་ལག་བདུན་པ་དང་། སྐྱབས་སེམས་རྒྱས་བསྡུས་གང་ནུས་པ་དང་། དེ་རྗེས་ཕུང་པོ་གསུམ་པའི་མདོ་བཀླགས་པ་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་འདི་ཡང་རྟག་ཏུ་འབད་པས་ཁ་ཏོན་དུ་བྱ་བ་སྟེ། ཨོཾ་ན་མ་སྟྲཻ་ཡ་དྷེ་ཀཱ་ནམ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཧ་ཏི་ཧ་ཏི་བཱ་སྟཾ། དྷརྨ། ཏཱ་བཱ་ལི་ནཱཾ། ཨཾ་ཨ་ས་མ། ས་མ་ས་མནྟ་ཏོ། ཨ་ནནྡྲ་བཱསྟི་ཤ་ས་ནཱཾ། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏཱ་རཱ་ག བུདྷ་དྷརྨ་ཏེ། སཱ་ར་སཱ་ར། ས་མ་བཱ་ལ་ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མ་ཧཱ་ཝ་ར་ནཱ། ལཀྵ་ཎེ། ཛྭ་ལ་ཛྭ་ལ། ན་སཱ་ག་རེ་སྭཱ་ཧཱ། དེ་ནི་སྡོམ་པའི་ཉེས་ལྟུང་དག་ཅིང་བྱང་ཆུབ་ཀྱི་སེམས་ཁམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། །དེ་སྐད་བྱང་ཆུབ་སྙིང་པོའི་འབྲས་བུ་ལ། །འགྲོ་རྣམས་གཞོལ་བསླད་སེམས་བསྐྱེད་པའི་ཆོ་ག །སྙིང་པོ་ཙམ་འདི་བྲིས་པའི་དགེ་བ་ཡིས། །རྒྱལ་བ་སྲས་བཅས་དགོངས་པ་སྐོང་བར་ཤོག །

ཅེས་པ་ཡང་ཞ་ལུ་བ་དགེ་སློང་བྱང་ཆུབ་སེམས་དཔའི་བསླབ་པ་འཛིན་པ་རིན་ཆེན་འཇམ་པའི་དར་གྱིས་བསྐུལ་བ་ལ་བརྟེན་ནས། དེང་སང་ཕལ་མོ་ཆེ་ལ་ཁྱེར་བདེ་འདི་ལྟ་ཡིས་ཤིན་ཏུ་ཕན་པར་མཐོང་བས་རིག་པ་འཛིན་པ་སངས་རྒྱས་འབངས་ཚེ་དབང་ནོར་བུས་ས་ཕོ་རྟ་ཡི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱལ་བ་ལྷུམས་ཞུགས་ཀྱི་དུས་བཟང་པོར་གུ་རུ་རྒྱ་མ་ཁྲི་གང་ཕོ་བྲང་ཡང་རྩེར་ཐུན་གཅིག་ལ་རང་གི་སུག་པས་སུ་བགྱིས་པ་སྟེ་མངྒ་ལཾ། ཛཡནྟུ།

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ།

༄༅། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །རིགས་རྣམས་གཅིག་བསྡུས་གསང་བ་ཆེ། །རིགས་གཅིག་རྡོ་རྗེ་སེམས་དཔའ་ལ། །དང་པོར་གུས་པས་ཕྱག་བྱས་ནས། །དེ་ཡི་བསྒྲུབ་ཐབས་སྙིང་པོའི་དོན། །མདོ་ཙམ་འདི་རུ་བཤད་པར་བྱ། །དེ་ཡང་གསང་སྔགས་ཀྱི་ཐེག་པ་ལ་མོས་གུས་རྣམ་པར་དག་པ་ཐོབ་ཅིང་རིམ་པ་ལ་ཞུགས་པའི་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ལ་ལྔ་སྟེ། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དོ། །ཕྱི་ཀྲི་ཡ་ལྟར་ནི། རང་ལུས་ཐ་མལ་དུ་གནས་པའི་སྤྱིར་བོར་པད་ཟླ་ལ་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། དྲིལ་བུ་རྐེད་པར་འཆང་བ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། ཞི་བའི་ཚུལ་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་གསུང་སྐུ་ཡི་ངོ་བོ་ཧཱུྃ་ཡིག་བརྒྱ་ཟླ་བ་རྣམས་གསལ་བཏབ་ལ། དེའི་འོད་ཟེར་གྱིས་སངས་རྒྱས་སྲས་སློབ་འཕགས་ཚོགས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ་པས་རྡོ་རྗེ་སེམས་དཔའི་སྐུ་ལུས་ཁེངས་ཏེ་སྐུའི་ཆ་ཐམས་ཅད་དང་ཞབས་གཡས་ཀྱི་མཐེ་བོང་ནས་བདུད་རྩིའི་རྒྱུན་བྱུང་། བདག་དང་སེམས་ཅན་རྣམས་ཀྱི་སྤྱི་བོ་ནས་བབས། ལུས་ནང་ཞུགས་འཁོར་བ་ཐོགས་མེད་ནས་བསགས་པའི་ནད་གདོན་དང་། གཙོ་བོར་སྡིག་སྒྲིབ་ཉེས་ལྟུང་དྲི་མ་རྟེན་ཤ་ཁྲག་རུས་པ་དང་བཅས་ཐམས་ཅད་ནག་ནུར་ཏེ་ཐོན། ས་འོག་ཏུ་སོང་། དེར་ཡང་དེ་རླུང་གི་སྦྱོར་བས་སྦྱང་བར་བསམ་ལ་ཡིག་བརྒྱ་ཡི་ནུས་སུ་བཟླས་བ་ནི་ཕྱིར་བསྒྲུབ་པའོ། །

ནང་ཨུ་པ་ལྟར་ཉམས་སུ་ལེན་པ་ལ། སྤྱི་བོའི་རྡོ་རྗེ་སེམས་དཔའ་དེ་མར་བྱོན། རང་གི་དུང་ཁང་དུ་བཞུགས་པའི་སྐུ་ཡི་འོད་ཟེར་དཀར་པོས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་སྦྱངས་བར་བསམ་ལ་ཡིག་བརྒྱ་ཡི་ནུས་བཟླས། དེ་ནས་མར་བྱོན་མགྲིན་པར་རྡོ་རྗེ་སེམས་དཔའ་སྔགས་འཕྲེང་ས་བོན་བཅས་དམར་པོར་གྱུར། འོད་ཟེར་དམར་པོས་གོང་བཞིན་ངག་གི་སྡིག་སྒྲིབ་སྦྱངས་བར་བསམ་ནས་ཡིག་བརྒྱ་བཟླས། དེ་བཞིན་སྙིང་ཀར་ལྷ་སྔགས་ས་བོན་འོད་ཟེར་སྔོན་པོས་ཡིད་ཀྱི་སྡིག་སྒྲིབ་གསལ་ཞིང་། ལྟེ་བར་རྡོར་སེམས་སེར་པོའི་འོད་ཟེར་གྱི་རིམ་པས་སྒོ་གསུམ་ཆར་གྱི་སྡིག་སྒྲིབ་སྦྱངས་ནས་རང་ལུས་འོད་ཀྱི་གོང་བུར་གྱུར་པར་བསམ་ལ་ཡིག་བརྒྱ་བཟླ་བ་ནི་ནང་གི་བསྒྲུབ་པའོ། །གསང་བ་ཡོ་ག་ལྟར་ཉམས་སུ་ལེན་པ་ནི། རང་ལུས་འོད་ཀྱི་གོང་བུ་དེ་ཡང་སྟོང་པར་གྱུར། དེ་ཡི་ངང་དུ་ཟླ་བ་ཧཱུྃ་ཡིག་རྡོ་རྗེ་རྣམས་གྲུབ་ཅིང་དེ་རྣམས་གཅིག་ཏུ་འདྲེས་པ་ལས་རང་ཉིད་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་རྡོ་རྗེ་དྲིལ་བུ་སྙེམས་ཚུལ་གྱིས་འཛིན་པ། ཞི་ཚུལ་ལོངས་སྐུའི་རྒྱན་ཡོངས་སུ་རྫོགས་པའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་མཚོན་གང་། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ། དེ་ལས་སྔགས་ཀྱི་འཕྲེང་བའི་འོད་ཟེར་འཕྲོས་པ་ཡི་རྒྱལ་བ་མཆོད་ཅིང་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་བར་བསམ་ལ་ཡིག་བརྒྱ་ཅི་ནུས་སུ་བཟླ་བ་ནི་གསང་བའི་སྒྲུབ་པའོ། །

ཡང་གསང་བླ་མེད་ཀྱི་རྒྱུད་སྡེ་ལྟར་ཉམས་དུ་ལེན་པ་ལ། འདི་ལྟར་སྣང་ཚད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། རྣ་བར་སྒྲ་རུ་གྲགས་ཚད་ཐམས་ཅད་ཡི་གེ་བརྒྱ་པའི་སྔགས། སེམས་ཀྱི་ཡུལ་གྱི་དྲན་རྟོག་ཐམས་ཅད་དེར་འཛིན་གྱི་ཤེས་པ་རྩིས་གདབ་དང་བྲལ་བའི་ཆོས་ཉིད་རོལ་པར་ལ་བཟླ་བ་སྟེ། དེ་ནི་གནས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་དག བར་དོར་འཇིགས་པའི་གཟུགས་དང་མི་སྙན་པའི་སྒྲ་འཁྲུལ་པའི་སྣང་བ་མི་འབྱུང་བར་ལྷ་སྔགས་མཐོང་ཐོས་དང་ཆོས་ཉིད་མངོན་དུ་གྱུར་པ་དང་། མཐར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འགྲུབ་པར་བྱེད་པ་སྔགས་བླ་མེད་ཐམས་ཅད་ཀྱི་སྤྱི་ཆིངས་སུ་ཉམས་སུ་ལེན་ཚུལ་ཏེ་ཡང་གསང་གི་སྒྲུབ་པའོ། །དེ་ཁོ་ན་ཉིད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་པ་ནི། སྣང་བ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་ལྷ་སྐུར་གྱུར་པ་ལ་ཐིམ་ཞིང་། དེ་དང་ནམ་མཁར་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཟླ་བ། དེ་རྡོ་རྗེ་ལ་ཐིམ། དེ་ཧཱུྃ་ཡིག་ནཱ་དའི་མཐར་སྟོང་པར་གཞིལ་ཅིང་མཐར་ཨོཾ་བཛྲ་ས་ཏྭ་ཧཱུྃ་གི་སྒྲས་ལྷ་སྐུར་ལྡང་། དེ་ལྟར་ལྷ་སྔགས་སུ་ཤར་བའི་སེམས་ཉིད་ཀྱི་ངོ་བོ་ངོས་བཟུང་ཐམས་ཅད་ལས་འདས་པའི་སྟོང་པ་ཉིད་ནི་རྫོགས་པའི་རིམ་པ་ཡིན་ལ། དེ་ལྟ་ན་ཡང་སྣང་ཆ་གོ་མ་འགགས་པ་སྒྱུ་མ་ལྟ་བུའི་ངང་ལུས་སྣང་སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་ཤར་བ་ནི་བསྐྱེད་རིམ་གྱི་ཆ་སྟེ། དེ་གཉིས་དབྱེར་མི་ཕྱེད་པ་གདོད་མ་ཉིད་ནས་འདུས་མ་བྱས་རང་བྱུང་གི་ཟུང་འཇུག་སྨྲ་བསམ་བརྗོད་བྲལ་རིག་པའི་ངོ་བོ་སྟེ། དེ་རང་ངོ་ཤེས་བཞིན་རྟག་ཏུ་སྐྱོང་བའི་ངང་ཡི་གེ་བརྒྱ་པ་བཟླ་བའམ། མི་བཟླ་ཡང་རུང་སྟེ། དེ་ནི་རྡོ་རྗེ་སེམས་དཔའི་དོན་གྱི་བསྒྲུབ་ཚུལ་ཏེ། དེ་ཁོ་ན་ཉིད་ཀྱི་བསྒྲུབ་པའོ། །འོན་ཀྱང་དམིགས་བསྐོར་འདི་རྣམས་ཅུང་ཟད་སྤྲོས་ཏེ་ཉམས་སུ་ལེན་ན་ཁོ་བོས་སྔར་བཀོད་ཟིན་པའི་ཡི་གེ་ལས་རྟོགས་པར་བྱའོ། །

གཞན་ཡང་ཐུན་གྱི་ཐ་མར་སྐྱབས་སེམས་དང་མཐར་བསྔོ་སྨོན་གྱིས་རྒྱས་གདབ་པ་ནི་ཐེག་པ་ཆེན་པོའི་སྤྱི་ཚུལ་དང་སྤྱོད་ལམ་ཚོགས་སུ་བསྒྱུར་བའི་རྣལ་འབྱོར་རྣམས་ལའང་བསླབ་པར་བྱ་སྟེ། ཉམས་སུ་ལེན་པར་ནུས་ན་ཆོས་ཚུལ་འདི་ནས་ཀྱང་ཚེ་གཅིག་སངས་རྒྱས་ཀྱི་ས་ལ་ངེས་པར་སྦྱོར་བར་ཐེ་ཚོམ་མེད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྨད་བྱུང་ཡི་དམ་ལྷ་ཡི་གཙོ། །རྡོར་སེམས་སྒྲུབ་ཐབས་ཆེས་ཟབ་པ། །འདི་རུ་བཤད་བྱས་དགེ་བ་དེས། །མཁའ་ཁྱབ་སེམས་ཅན་མ་ལུས་ཀུན། །ཀུན་བཟང་རྡོར་སེམས་མྱུར་འགྲུབ་ཤོག །ཞེས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་རིམ་པ་ཉུང་ངུར་བྱས་པ་འདི་ཡང་། གངས་ཅན་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བ་མི་ཡི་ལྷ་ཆེན་པོ་མཆོག་གི་སྲས་མོ་བྱང་ཆུབ་སེམས་མ་དགེ་བའི་དཔལ་དུ་མས་ཡོངས་སུ་བརྒྱན་པ་བདེ་ལྡན་སྒྲོན་མ་གང་གིས་གསུང་གི་སྣང་བ་དང་། ཉེ་བར་དམ་པའི་ཆོས་ལ་འདུན་ཅིང་རྣམ་པར་དཀར་བའི་ལང་ཚོ་རྒྱས་པ་དགའ་བཞི་མི་ཡི་བདག་པོའི་ཡུམ་བསོད་ནམས་ལྷ་སྒྲོན་གྱི་ཉམས་བཞེས་ཆེད་དུ་བསྐུལ་བའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུའི་སྐྱེས་བདག་གི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་འཕྲུལ་སྣང་གཙུག་ལག་གི་འདབས་མེ་ཏོག་རྣམ་པར་བཀྲ་བའི་སྐྱེད་མོས་ཚལ་དུ་ཐུན་མཚམས་གཅིག་ཏུ་གྲུབ་པར་སྦྱར་བའོ། །སརྦ་མངྒ་ལཾ།

ལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ།

༄༅། །ལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་བདག །ཁྱེད་ཞབས་ཕྱག་འཚལ་དེ་བསྒྲུབ་ཐབས། །ཕྱི་ནང་གསང་བ་ཁོ་ན་ཉིད། །ཅུང་ཟད་འདི་རུ་སྟོན་པར་བྱ། །དེ་ལ་ཕྱི་ལྟར་བྱ་རྒྱུད་ལྟར་ཉམས་སུ་བླང་བར་བྱ་སྟེ། རང་ལུས་ཐ་མལ་སྤྱི་བོར་པད་དཀར་ཟླ་བ་རྒྱ་ཆེ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞི་འཛུམ་སྡུག་དང་དར་དང་རིན་པོ་ཆེའི་རྒྱན་ཡོངས་སུ་རྫོགས་པ་ཞབས་བརྐྱང་བསྐུམ་རོལ་པའི་འདུག་སྟངས་ཅན་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཧཱུྃ་དཀར་པོ་རབ་ཏུ་འཚེར་བའི་མཐར་སྐོར་དུ་ཡི་གེ་བརྒྱ་པ་གཡས་སུ་ཧྲང་ཧྲང་འཁོར་བའི་འོད་ཟེར་ཧཱུྃ་ལ་འདུས་ནས་ཧཱུྃ་གི་ཐིག་ལེ་ལ་བརྒྱུད་དེ་འོད་ཟེར་ཡར་འཕྲོས་རྡོ་རྗེ་སེམས་དཔའི་གཙུག་ཏོར་ནས་ཐོན་ཏེ་ཕྱོགས་དུས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ་དགྱེས་མཆོད་ཕུལ་ཞིང་ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་ཐུགས་རྗེའི་འོད་ཟེར་རབ་ཏུ་བསྡུས་ནས་རྡོ་རྗེ་སེམས་དཔའི་གཙུག་ནས་ཞུགས་ཏེ། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཧཱུྃ་ལས་བདུད་རྩིའི་རྒྱན་རབ་ཏུ་བབས་ནས་རྡོ་རྗེ་སེམས་དཔའི་སྐུ་ལུས་བདུད་རྩིས་རབ་ཏུ་ཁེངས་ནས་ཞབས་གཡས་པའི་ཤ་སེན་བར་ནས་བདུད་རྩི་ངང་ནར་གྱིས་བབས་ཏེ་རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཁེངས་པས་ནད་ཐམསཅད་སྣག་ཁྲག་ཆུ་སེར། གདོན་ཐམས་ཅད་ཤིག་སྲོ་སྦལ་སྦྲུལ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་དང་འཇའ་ཚོན་སྔོ་དམར་གྱི་རྣམ་པར་རང་གི་ཆུ་ལམ་དང་རྩ་ལམ་བ་སྤུའི་བུ་ག་ནས་ཕྱིར་ཐོན་ནས་དབང་ཆེན་ས་གཞི་དགུ་རིམ་འོག་ཏུ་སོང་ནས་ནམ་ཡང་མི་ལྡོག་རང་ལུས་བདུད་རྩིས་ཐེམ་མེ་ནེམ་མེར་ཁེངས་ཏེ་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར་བསམ་ངང་ཡི་གེ་བརྒྱ་པ་སྐད་གསང་སྙན་པས་ངག་སྙན་དུ་བཟླ་བར་བྱའོ། །ཨྠཱྀིཿ

ནང་སྤྱོད་རྒྱུད་ལྟར་དུ་ཉམས་སུ་ལེན་པ་ནི་གོང་གི་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པ་དེ་ཉིད་རང་གི་ཚངས་བུག་ནས་མར་བྱོན་ཏེ་དབུ་མའི་ལམ་ནས་བརྒྱུད་དེ་བདེ་ཆེན་འཁོར་ལོར་དར་ཅིག་བཞུགས་ནས་བདག་གི་ལུས་སྒྲིབ་ཐམས་ཅད་སྦྱང་བ་བསམ་ངང་ཡིག་བརྒྱ་བཟླས་ཤིང་། དེ་ནས་སླར་མགྲིན་པར་བྱོན་ནས་བདག་གི་ངག་སྒྲིབ་སྦྱང་བ་དང་། མཐར་སྙིང་གར་བྱོན་ནས་ཡིད་སྒྲིབ་སྦྱངས་ཏེ་རྡོ་རྗེ་སེམས་དཔའི་སྐུ་ཐུགས་ཀའི་ཟླ་བ་དང་སྔགས་འཕྲེང་ལ་ཐིམ། གསང་སྔགས་ཕྲེང་ཡང་ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་ལ་ཐིམ། དེ་ཡང་འོད་དུ་ཡལ་ནས་རང་ལུས་འོད་ཕུང་དུ་ལམ་གྱི་གྱུར་ཏེ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་བླུག་སྐུ་བྱོན་པ་ལྟར་ཀྲང་གི་གྱུར་པའི་སྐུ་ཡི་བ་སྤུ་ཐུགས་ཀ་དང་མཛོད་སྤུ་ནས་འོད་ཟེར་རབ་ཏུ་འཕྲོས་ནས་རྒྱལ་བ་སྲས་བཅས་མ་ལུས་ལུས་པ་མེད་པ་མཉེས་མཆོད་འབུལ་ཞིང་ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་དང་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཤིང་དངོས་གྲུབ་ཐོབ་པར་བསམ་ངང་ཡིག་བརྒྱ་དག་གཙང་སི་སིལ་བཟླ་བར་བྱའོ། །ཨྠྀིཿ

གསང་བ་རྣལ་འབྱོར་རྒྱུད་ལྟར་ཉམས་སུ་ལེན་པ་ནི། དེ་ལྟར་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཐ་མི་དད་པར་ཤེས་ངང་། ཐུགས་ཡེ་ཤེས་ཀྱི་ཀློང་དུ་རང་གི་སྙིང་པདྨ་དཀར་པོ་ཁ་ཕྱེ་ཕྲལ་ལྟ་བུའི་གེ་སར་ཟེའུ་འབྲུའི་སྟེང་ཐབས་ཤེས་ཉི་ཟླའི་གདན་ལ་རང་རིག་རྡོ་རྗེ་སེམས་དཔའ་དཀར་གསལ་ཚོན་གང་བ་གཅེར་བུ་རྒྱན་མེད་ཀྱི་ཐུགས་ཀར་ཀུན་རྫོབ་ཀྱི་ཐིག་ལེ་ཟླ་བ་དངས་པ་སེན་གང་བའི་སྟེང་དུ། དོན་དམ་ཐིག་ལེ་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ས་བོན་དངས་མ་ཧཱུྃ་དུ་བསམ་མཐར་ཡིག་བརྒྱ་མུ་ཏིག་གི་ཕྲེང་བ་ལྟ་བུར་ངང་གྱི་ལི་ལི་འོད་ཟེར་གྱི་འཕྲེང་བ་འཁོར་བ་ལས་འོད་ཟེར་གྱི་གོང་ལྟར་རྒྱལ་བ་མཆོད་པའི་སྤྲོ་བསྡུ་བྱས་ནས། ཁྱད་པར་སྔགས་ཕྲེང་གི་འོད་ཟེར་རིགས་དྲུག་གནས་སུ་ཕོག་པས་དེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་ཐམས་ཅད་སང་སྦྱངས་དེ་ཐམས་ཅད་ཀྱང་སེམས་དཔའི་རང་བཞིན་དུ་གྱུར་ནས་ཕྱིར་མི་ལྡོག་པར་བསམ་ངང་ཡིག་བརྒྱ་བཟླས་པའི་སྐྱོན་བྲལ་དུ་བཟླ་བར་བྱའོ། །ཨྠཱྀིཿ

དེ་ནས་ཡང་གསང་བླ་མེད་ཀྱི་རྣལ་འབྱོར་ལྟར་ཉམས་སུ་ལེན་པ་ལ། དེ་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རང་ལས་ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་སྒྱུ་མའི་རོལ་རྩལ་ཉིད་དུ་ཤར་བཞིན། གཟུགས་སུ་སྣང་བའི་ལྷ་འདྲེ་མི་སོགས་རིགས་དྲུག་རྡོ་རྗེ་སེམས་དཔའི་སྐུ། རྟེན་དང་བརྟེན་པར་སྣང་བའི་སྒྲ་ཐམས་ཅད་ཡི་གེ་བརྒྱ་པའི་རང་སྒྲ་རྟོག་ཚོགས་མཐའ་དག་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བ་ཕྱམ་བརྡལ་ཆོས་སྐུའི་ངོ་བོ་མཉམ་ཉིད་བདེ་བ་ཆེན་པོར་ལ་ཟླ་ཞིང་། མདོར་ན་དག་མ་དག་ཞེས་པའི་ཐ་སྙད་དང་བྲལ་བ་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོའི་ཆོས་ཉིད་དུ་ལམ་ཁྱེར་བར་བྱ་སྟེ། དེ་ངང་དུ་ཡི་གེ་བརྒྱ་པ་ཤུབ་བུའམ་འགོག་བཟླས་དང་རྡོར་བཟླས་སོགས་གང་རུང་བྱ་སྟེ། ཟབ་པའི་མན་ངག་གོ །ཨྠཱྀིཿ

དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ངོ་བོ་ཁོ་ན་ཉིད་རང་བྱུང་རྫོགས་པ་ཆེན་པོ་རྩོད་བྲལ་ཐིག་ལེ་ཉག་གཅིག་ཏུ་ཉམས་སུ་བླང་བ་ནི། དེ་ཡང་རང་རིག་ངོ་བོ་ལ་མིང་གི་ཚོན་དཔེ་དང་བྲལ། བློ་ལས་འདས་ཤིང་སྟོང་པ་མེད། མི་སྟོང་པ་མེད། ཡེ་ཤེས་མེད། འཁྲུལ་པ་མེད། རྣམ་རྟོག་མེད། ཉོན་མོངས་མེད། འཁོར་བ་མེད། མྱང་འདས་མེད། དོན་དམ་མེད། ཀུན་རྫོབ་མེད་སྟེ། མདོར་ན་བསམ་བརྗོད་དཔེ་མཚན་རྟག་ཆད་བདག་གཞན་གྱི་མཐའ་ཐམས་ཅད་དང་བྲལ་ལ། རང་བཞིན་དུ་འཁོར་བ། མྱང་འདས་ཡེ་ཤེས། འཁྲུལ་པ། གསལ་བ། སྟོང་པ་ལ་སོགས་ཐམས་ཅད་བྱུང་ཞིང་། རྣམ་པ་དུ་མ་ལ་ལོངས་སྤྱོད་པ་སྟེ། ཐུགས་རྗེ་ཡི་དེ་ལྟར་ངོ་བོ་རང་བཞིན་ཀྱང་ཡ་བ་བྲལ། ཕྱོགས་སུ་མ་ཆད་རིས་སུ་མ་གྲུབ་པར་ཟུང་དུ་འཇུག་ཞེས་ཐ་སྙད་དུ་གདག་སྟེ། དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་ཡང་། མདོར་དྲིལ་ན་རང་སེམས་ཀྱི་ངོ་བོ་སྤྲོས་བྲལ་གྱི་གཤིས་འདི་ལ་གང་གི་ཡང་མཚོན་བྲལ་སྟོང་སང་ངེ་བ་ལ་གདངས་གསལ་མ་འགག་པར་རང་རྩལ་དུ་སྣང་བ་ལྷ་སྔགས་སུ་ཝ་ལེར་ཤར་ཞིང་། དེ་ལྟར་བསྐྱེད་རིམ་ཞེས་ལྷ་སྐུ་བསྒོམ་པའི་གསལ་ཆ་དང་། དོན་དམ་ངོ་བོ་སྟོང་པ་གཉིས་ཀྱང་ཡ་རེས་སྟོང་རེས་གསལ་ལྟ་བུ་མ་ཡིན་པར་གསལ་སྟོང་ཟུང་འཇུག་གདོད་ནས་དབྱེར་མེད་ཀྱི་རོལ་པར་ཤེས་པ་སྟེ། གང་ཤར་སེམས་ཀྱི་རྒྱན་དང་རོལ་པར་ལ་ཟླ་བ་ནི་གནད་དོ། །

དེ་ཡང་། རང་གི་ངང་དུ་མཉམ་པར་བཞག་པ་ལ། དམིགས་འཛིན་ཆེད་གཏད། རེ་དོག བློ་བཅོས་ཀྱིས་མ་སྙོགས་པར་བཟོ་བྲལ་རང་ངོ་ལ། གནས་ན་གནས་ཆུག འགྱུ་ན་འགྱུ་ཆུག གང་ལ་དགག་སྒྲུབ་མེད་ལྷོད་མེད་ཀློད་ལ་འཇོག་པ་ཉིད་སྟེ་ཆེད་གཉེར་གྱི་བསྒོམ་བྱ་མེད་ལ། འཁྲུལ་སྣང་ཡེངས་རྐྱེན་གྱི་དབང་དུ་མ་སོང་བར་བྱ་བ་གནད་དམ་པའོ། །གྷུ་ཧྱཿ ཨྠྀིཿ དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་ཁོ་ན་ཉིད་བཅས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ཟབ་གཅེས་སྙིང་པོར་བསྐུལ་བ་པོ་དོན་ཡོད་པར་བྱ་བ་དང་། རིས་ཅན་འགའ་ལ་ཕན་པར་སྲིད་སྙམ་ནས་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བཅུ་པའི་ཚེས་བཟང་བཅོ་ལྔར། གཡུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་དུ་སྦྱར་བའི་ཡིག་རིས་མ་ཏི་ཨིནྡྲས་བགྱིས་པ་སྟེ། དགེ་དེས་སྲིད་པར་འགྲོ་ཀུན་ཞི་བའི་གྲུར། །རབ་ཞུགས་མྱ་ངན་ལས་འདས་བདེ་ཆེན་གྱི། །གོ་འཕང་བླ་མེད་ཡང་དག་ཆེན་པོའི་སར། །མྱུར་བ་ཉིད་དུ་འཁོད་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ།

འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན།

༄༅། །འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ་མཉྫུ་བཛྲེ་བྷྱཿ འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་འཇིགས་མཛད་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་མི་ཤིག་རྡོ་རྗེའི་ཏིང་འཛིན་གྱི། །འཕོ་བཅས་དྲི་མ་དང་བཅས་འཇིག་ཚོགས་ལྟ། །འཁོར་བའི་འཁྲུལ་འཁོར་མཐའ་དག་འཇིག་མཛད་དཔལ། །འཇམ་པའི་རྡོ་རྗེས་རྟག་ཏུ་དགེ་ལེགས་མཛོད། །གང་གི་སྒྲུབ་ཐབས་སྙིང་པོ་ནི། །རྒྱུན་ཁྱེར་ཚིག་ཉུང་དོན་གསལ་བ། །ཡིད་བཞིན་མཆོག་སྦྱིན་རིན་ཆེན་གང་། །སྤེལ་བས་རྒྱལ་བ་དགྱེས་གྱུར་ཅིག །

དེ་ཡང་བཅོམ་ལྡན་འདས་དཔལ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཐོབ་བླ་མའི་ཞལ་ལུང་ལེགས་པར་ནོས་པའི་སྒྲུབ་པ་པོས་གང་གི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལ་གཅིག་ཏུ་བརྩོན་པར་བྱ་སྟེ། དངོས་གྲུབ་འབྱུང་བའི་གནས། དུར་ཁྲོད་དུ་དབུགས་བྲལ་གདན་ལ་འདུག་པར་མོས་ནས་འདི་སྐད་དོ། །

རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་སྙིང་དབུས་པད་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། བླ་མ་མི་བསྐྱོད་པས་དབུ་རྒྱན་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡི་དམ་སངས་རྒྱས་བྱང་སེམས་ཚོགས་མ་ལུས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷཻ་ར་ཝ་བྷྱེཿ རྣམ་རྟོག་དྲ་བ་རབ་གསལ་ཞིང་། །ཡེ་ཤེས་རྒྱ་མཚོའི་ཐུགས་མངའ་བ། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་ལ། །རྡོ་རྗེ་འཛིན་བཅས་ཕྱག་འཚལ་ལོ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མྰ་ལྱ་ཏྲཾ། ཨོཾ་བཛྲ་གི་ཏྟི་ཧྲིཿ ཨོཾ་བཛྲ་ནི་ཏྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུྃཿ ཨོཾ་བཛྲ་པུཥྤེ་ཏྲཾཿ ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེར་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་ཐོབ་པར་ཤོག །ཨོཾ་སྭ་བྷ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་བུདྡྷོ྅ཧཱུྃ། སྟོང་ངང་ཆོས་འབྱུང་དཀར་དམར་ཁ་གྱེན་བསྟན། །དབུས་ཧཱུྃ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ། །ཕྱོགས་མདོག་ལྟེ་མཐིང་ལ་གནས་ཧཱུྃ་འོད་ཟེར། །རྡོ་རྗེ་ས་གཞི་རྭ་གུར་བླ་བྲས་གཏམ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་དབུས་ཐོད་སྐམ་བཟླུམ་ར་སྒོ་གཅིག་པ། །ཕྱི་ནང་ས་གཞི་ཁྲག་ཞག་ཀེང་རུས་གདུང་། །གཡང་གཞི་བླ་བྲེ་རྒྱུ་རློན་ལྡ་ལྡི་བརྒྱན། །དབུས་ཕྱུར་རྩེ་མོ་རྡོ་རྗེ་རིན་ཆེན་ཏོག །ཕྱི་རོལ་གཏུམ་དྲག་ལ་སོགས་དུར་ཁྲོད་བརྒྱད། །ཤིང་མེ་ཆུ་སྲི་ན་རི་བོ་མཆོད་རྟེན་བརྒྱད། །ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་བརྒྱད་མ་སྲིན་དང་། །ཤ་ཟ་གཤིན་རྗེ་རོ་ལངས་འབྱུང་པོའི་ཚོགས། །ལང་ལོང་ཧ་ཧ་ཀུ་ཅོ་བྲག་ཆ་བཅས། །ལྷང་ལྷང་འབོད་རྒྱུ་ཡིད་བསྒྱུར་སྣ་ཚོགས་སྤྱོད། །བྱ་གཅན་རྣམ་མང་འཐབ་འཁྲུག་ང་རོ་འདོན། །གཡོ་མེད་གར་བྱེད་རོ་ལངས་དང་ཀེང་རུས། །མདུངས་སྐྱོན་ཤིང་དཔྱངས་མེས་ཚིག་ཤ་རུས་ཁྲག ཀླད་པ་ཐོར་དང་དུམ་བུས་ཁེབས་པ་དང་། །གྲུབ་པའི་རྫས་དང་ཡོ་བྱད་མཆོད་པའི་རྫས། །དུ་མས་ཡོངས་ཁེངས་སྒྲུབ་པོ་དང་གྲུབ་པ། །རིག་འཛིན་མཁའ་འགྲོ་དཔའ་རྣམས་རང་དམ་སྤྱོད། །འགའ་ནི་ཐོད་རྔ་སྒྲ་བཅས་དགའ་གར་རོལ། །དེ་དབུས་ཡཾ་ལས་རླུང་དཀྱིལ་དུ་བའི་མདོག །དེ་སྟེང་སྣ་ཚོགས་པདྨ་འདབ་སྟེང་ལྟེར། །རཾ་ལས་ཉི་སྟོང་ཨ་ཐུང་ཟླ་བ་ལ། །དྷཱིཿལས་རལ་གྲི་དྷཱིཿམཚན་ཡོངས་གྱུར་པ། །འཇམ་དབྱངས་གཞོན་ནུ་དམར་སེར་མཚན་དཔེ་རྫོགས། །རལ་གྲི་ཨུཏྤལ་ལ་གནས་པུསྟི་བསྣམས། །ཞི་སྒེག་རྒྱན་སྤྲས་ཐོར་གཙུག་ཟུར་ཕུད་ལྔ། །རྡོ་རྗེའི་གདན་དུ་བཞུགས་པའི་ཐུགས་ཀ་རུ། །ཨཱཿཡིག་གཉིས་པ་ལས་སྐྱེས་ཉེར་གནས་ཧཱུྃ། །འོད་ཀྱིས་དེ་བཞིན་གཤེགས་བྱང་ཁྲོ་ཡུམ་བཅས། །དྲངས་ཐིམ་འཇམ་དཔལ་ཟླ་བཅས་ཉི་མར་ཐིམ། །ཚ་ཟེར་འབར་པས་དཔག་ཚད་འབུམ་ཁྱབ་གྱུར། །དེ་ལས་འོད་འཕྲོས་རྒྱལ་གསུང་དབྱངས་གསལ་སྔགས། །རང་སྒྲ་བཅས་ཐིམ་ཧཱུྃ་མཐིང་འོད་ལྔ་འབར། །འོད་ཀྱི་སངས་རྒྱས་ཐུགས་ཡེ་ཕྱག་མཚན་ཚུལ། །དྲངས་ཐིམ་རྡོ་རྗེ་ནག་པོ་རྩེ་ལྔ་གདེང་། །གཤེགས་ཁྲོ་རྡོ་རྗེའི་སྤྲིན་འཕྲོས་སྡང་གདུག་བཅོམ། །འགྲོ་ཀུན་སངས་རྒྱས་སར་བཀོད་ཞིང་ཁམས་སྦྱངས། །སངས་རྒྱས་སྲས་བཅས་སྣང་སྲིད་ཁྲོ་བོའི་སྐུ། །མཐའ་དག་གཅིག་འདུས་བདག་ཉིད་བཅོམ་ལྡན་འདས། །འཇིག་རྟེན་གསུམ་རྒྱལ་རྡོ་རྗེ་འཇིགས་མཛད་ཆེ། །མུན་ལྟར་ཆེས་གནག་ངམ་ཟའི་སྐུ་རུ་གྱུར། །ཨོཾ་ཧྲཱིཿ་ཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཞལ་དགུ་རྩ་ཞལ་མཐིང་ནག་མ་ཧེའི་གདོང་། །སྔོ་རྣོ་རྡོ་རྗེ་མེ་འབར་རྭས་ཕྱོགས་མནོན། །རྭའི་གཡས་ཞལ་གསུམ་སྔོ་དམར་སེར་ཆེས་ཁྲོས། །གཡོན་གསུམ་དཀར་དུད་ནག་པོ་མཆེ་གཙིགས་དཔའ། །རྭ་དབུས་བར་ཞལ་དམར་འཇིགས་སྲིན་པོའི་གདོང་། །ཞལ་ནས་ཁྲག་འཛག་ཧ་ཧ་ཕཻཾ་ཞེས་བཞད། །སྟེང་ཞལ་འཇམ་དཔལ་སྤྱན་གསུམ་འཛུམ་ཁྲོ་སེར། །ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་སྤྲས། །ཁྲོ་ཞལ་ཐམས་ཅད་རྣམ་པར་འགྱུར་བའི་ཞལ། །དྲག་རྒོད་ཧཱུྃ་དང་ཕཊ་སྒྲ་གནམ་དུ་འབོད། །དགྲ་བགེགས་ཤ་དང་རྐང་ཚིལ་ཟས་སུ་ཟ། །ཁྲོ་གཉེར་རབ་བསྡུས་འབར་སྨིན་འཁྱོག་པོར་བཅུས། །དམར་ཟླུམ་སྤྱན་གསུམ་སྡང་མིག་བལྟ་ཞིང་བཟློག །སྐྲ་སེར་གྱེན་འབར་སྨིན་རྫི་སྨ་སྤུ་མེ། །འཇིགས་འདས་ལྷ་ཀུན་སྡིག་མཛུབ་ཀྱིས་སྡིག་བྱེད། །མི་བཤད་ཞལ་རྣམས་མཆེ་བཞི་ལྗགས་འདྲིལ་བ། །འཇིགས་རུང་འབྲུག་སྟོང་ལྟ་བུའི་འཚམས་རྔམ་སྒྲ། །གད་རྒྱངས་ཆེན་པོའི་བདུད་སྡེའི་སྙིང་འཕྲིག་འགས། །སྐུ་ལུས་ཆེ་རགས་ཡན་ལག་ཉིང་ལག་ཀུན། །སྦོམ་ཐུང་ཧྲག་འགྲང་ལང་ཚོ་ལ་བབ་པ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རབ་རྒྱས་ལིངྒ་གྱེན་དུ་བསྒྲེངས། །རྩ་ཕྱག་ཐུགས་ཀར་འཕྱར་ཚུལ་གྱི། །རྡོ་རྗེ་གྲི་གུག་ཐོད་ཁྲག་འཛིན། །ལྷག་མ་སུམ་ཅུ་རྩ་གཉིས་ཕྱག །གཡས་རྣམས་འཕང་མདུང་གཏུན་ཤིང་དང་། །ཆུ་གྲི་རྩེ་གཅིག་སྟྭ་རེ་མདུང་། །མདའ་དང་ལྕགས་ཀྱུ་དབྱུག་ཁ་ཊྭཾ། །འཁོར་ལོ་རྡོ་རྗེ་རྩེ་ལྔ་པ། །ཐོ་བ་རལ་གྲི་ཏེའུ་ཆུང་འཛིན། །གཡོན་རྣམས་ཚངས་མགོ་ཕུབ་རྐང་པ། །ཞག་གཞུ་རྒྱུ་མ་དྲིལ་བུ་ལག །རོ་རས་སྐྱེས་བུ་གསལ་ཤིང་གཟེར། །མེ་ཐབས་བདུད་རྩིའི་བཀང་ཐོད་ཚལ། །སྡིག་མཛུབ་ཕན་རྩེ་གསུམ་རླུང་རས། །མཐའ་གཉིས་གླང་ལྤགས་ཁྲག་འཛག་གོན། །གྱད་སྟོབས་བརྐྱང་བསྐུམ་བཅུ་དྲུག་ཞབས། །སྲིད་གསུམ་གཡོ་འདར་གཡས་བརྒྱད་ཀྱི། །མི་དང་མ་ཧེ་གླང་བོང་བུ། །རྔ་མོང་ཁྱི་ལུག་ཝ་སྐྱེས་རྣམས། །གཡོན་རྒོད་འུག་པ་ཁྭ་ནེ་ཚོ། །བོང་ཁྲ་བྱ་ཆེན་སྐྱེག་བཞད་གནོན། །དེ་འོག་ཚངས་དབང་ཁྱབ་འཇུག་དྲག །ཚོགས་བདག་གདོང་དྲུག་ཉི་ཟླ་བསྐྱིད། །གཅེར་བུ་རུས་རྒྱན་ཁྲག་ཞལ་ཐལ་ཆེན་བྱུག །གཏུམ་ཆེན་འཇིགས་རུང་ཐོད་སྐམ་ལྔས་དབུ་བརྒྱན། །ཁྲག་ཞག་བརྒྱ་ཕྱེད་རྒྱུ་མར་ལྡན་དོ་ཤལ། །གདུག་པའི་ཀླུ་ཆེན་སྦྲུལ་ནག་མཆོད་ཕྱིར་ཐོགས། །སྤྲུལ་པའི་ཕོ་ཉ་ཕོ་མོ་དཔག་མེད་འཕྲོ། །འཇིགས་དུས་མེ་ལྟར་དྲག་འཁྲུག་མེ་ཀློང་བཞུགས། །སྲིད་གསུམ་གཙོས་ཀྱང་ལྟ་བར་མི་བཟོད་པའི། །ཤིན་ཏུ་རྨད་བྱུང་ཁྲོ་བོའི་སྐུ་རུ་གྱུར། །དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ་ནག་པོ། །མིག་ཏུ་ཀྵིཾ་དཀར་པོ་ས་ཡི་སྙིང་པོ། །རྣ་བར་ཛྲཾ་སྔོན་པོ་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་བོ། ལྕེ་ལ་གམ་དམར་པོ་འཇིག་རྟེན་དབང་ཕྱུག །དཔྲལ་བར་ཀྃ་ལྗང་ཁུ་སྒྲིབ་པ་རྣམ་སེལ། །ལྟེ་བར་སྃ་དཀར་པོ་ཀུན་ཏུ་བཟང་པོ། །སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེ། །མགྲིན་པར་ཨཱཿ་དམར་པོ་གསུང་རྡོ་རྗེ། །ཐུགས་ཀར་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེ་རྣམས་སུ་གྱུར། །དེ་ལས་འཕྲོས་པའི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མ་ཛཿ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝེ་ཏྱེ། ཞེས་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་ཧཱུྃ། སུ་ར་ཧ་སྟྭཾ་ཞེས་གསུང་ཞིང་དབང་བསྐུར་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་དབང་བར་བྱས། ཆུའི་དང་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུྃ་བཾ་ཧོཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཧྲཱིཿཥྚི་ལན་གསུམ་བརྗོད། ཨོཾ་བཛྲ་བྷཻ་ར་ཝ་རཱུ་པ་བཛྲི་ཨཱ་ཧཱུྃཿ དེ་བཞིན་དུ། ཤཔྟ། གྷནྡྷེ། ར་ས། པཪྵ། ཨོཾ་བཛྲ་བྷཻ་ར་ཝ་དྷརྨ་དྷ་ཏུ་བཛྲི་ཨཱ་ཧཱུྃ། ཨོཾ་བཛྲ་ལཱ་སྱ་སོགས་གོང་བཞིན་དང་། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་མཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་མ། །དགེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་གག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་དུ་གསོལ། །ཧོ། ཆགས་པ་མེད་པའི་ཆགས་པ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ཛ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཱུྃ། ཧཱུྃ་དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་སྟི་བཛྲ་སྭ་བྷ་ཨཱཏྨ་ཀོ྅ཧཾ། འཁྱུད་རྒྱ་དང་བཅས་པས་བདེ་བ་སྒོམ་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ནང་མཆོད་འདུས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ མང་དུ་བརྗོད་པས་བྱིན་གྱིས་བརླབས། གཡོན་མཐེབ་སྲིན་གྱིས་ལྕེ་ལ་བཞག་ཨོཾ་ཨཱཿཧཱུྃ་བརྗོད། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་རྫས་དམིགས་བཅས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་ར་མཱ་ཡ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ། མཐར་བདག་གི་ཐུགས་ཀའི་འོད་ཀྱིས་ཁམས་གསུམ་ཀུན། །གཞལ་ཡས་ལྷར་གྱུར་འོད་ཞུ་བསྲུང་འཁོར་ལ། །དེ་ཡང་གཞལ་ཡས་དེ་ཡང་རང་ཉིད་ཐིམ། །རང་གི་ཞལ་ཕྱག་རྩ་བའི་ཞལ་ཕྱག་ལ། །དེ་ཡང་འོད་གསལ་སྟོང་པའི་དབྱིངས་སུ་ཞུགས། །སླར་ཡང་རང་ཉིད་ཕྱག་གཉིས་སྐུ་རུ་ལྡང་། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མིག་ཏུ་ཀྵེཾ། རྣ་བར་ཛྲེཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར་བརྗོད་ཅིང་བསམ་ལ་དགེ་བ་བསྔོ། གཏོར་མ་འབུལ་བར་འདོད་ན་ལག་ལེན་ལྟར་གཏོར་མ་བཤམས་ལ། བྱིན་རླབས་བསྡུ་ན། ནང་མཆོད་སྐབས་ལྟར་དང་། རྒྱས་པར་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོ་སྒྱིད་པུ་གསུམ་ལ་ཨ་ལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ་བི་ར་ཤུ་མུ་ལས་བདུད་རྩི་ལྔ་དང་། ཀྵེ་མ་ད་ཡ་ལས་ཡེ་ཤེས་ལྔ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་ཞུ་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་འཇུག་བཞིན་པ་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པས་རང་གི་ཞལ་དུ་ཞུགས། ཡུམ་གྱི་མཁར་བབ་པའི་རྐྱེན་གྱིས་བདེ་བ་ཆེན་པོའི་བདུད་རྩིར་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མང་དུ་བརྗོད། རང་གི་མདུན་དུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་འཇིགས་མཛད་འཁོར་ལོའི་ཚོགས་མ་ལུས་པ་བཞུགས་པར་གྱུར། དེ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཟེར་གྱི་སྦུ་གུའི་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའི་སྙིང་པོའི་མཐར། སརྦ་བྷིགྷྣན་ན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བྷ་ལིནྟ་ཁ་ཁ་ཁཱ་ཡི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུྃ་སོགས་ཀྱིས་མཆོད་པའི་སྙིང་པོའི་མཐའ་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། དུད་ཁ་མུན་ཆེན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱི་འདོད་དོན་གསོལ་བ་བཏབ། གཏོར་མ་གཉིས་པ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོངས་རྣམས་ལ་འབུལ། གསུམ་པ་ཕྱོགས་སྐྱོངས་རྣམས་ལ་ཕུལ་ཏེ་རང་གི་སྙིང་ཁ་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ཐོག་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱོགས་སྐྱོངས་ཐམས་ཅད་བཀུག་པར་གྱུར། ཡི་གེ་བཅུ་པའི་མཐར། སརྦ་བྷིགྷྣན་ན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། ཧཱུྃ་ད་ཤ་དི་ཀ་ཨི་དཾ་སརྦ་དུཥྚཾ་ཨཱ་ཀཪྵ་ཡ་ཛཿ ཕྱོགས་བཅུར་འཁོད་པ་ནི། བརྒྱ་བྱིན་སོགས་མཚམས་བརྒྱད་དང་། དབུས་ཀྱི་གཡས་སུ་ཚངས་པ། གཡོན་དུ་ས་ཡི་ལྷ་མོ་རྣམས་རང་རང་འཁོར་ཚོགས་དཔག་མེད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། སླར་ཡང་རང་གི་སྙིང་ཁ་ནས་ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཡི་གེ་བཅུ་པའི་མཐར། ཨོཾ་ད་ཤ་དི་ཀ་ཨ་དཱི་ནི་སརྦ་དུཥྚཾ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། གྲུབ་པའི་དངུལ་ཆུའི་བཅུད་ཀྱིས་རེག་པ་ནས། ཁམས་རྣམས་གསེར་དུ་གྱུར་པ་ཇི་ལྟ་བར། །རྡོ་རྗེ་ཕུར་བུའི་རེག་པ་ཙམ་གྱིས་ཀྱང་། །ཕྱོགས་སྐྱོངས་འཁོར་བཅས་གཤིན་རྗེ་གཤེད་དུ་གྱུར། ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། མ་ཧཱེའི་གདོང་པ་ཅན་གཅེར་བུ་ལིངྒ་གྱེན་དུ་སྒྲེངས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་རང་གི་བཞོན་པའི་སྟེང་དུ་གཡོན་བསྐྱངས་ཀྱིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་ཀྵེཾ་ནས་རྒྱས་བཏབ་པར་གྱུར་གྱི་བར་གོང་ལྟར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་ནས་ཆུའི་དངས་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུ་བརྒྱན་ཛ་ཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཨིནྡྲ་ཡ་ཧྲིཿ ཡ་མ་ཡ་ཥྚིཿ ཝ་རུ་ཎ་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨི་ཤྭ་ན་ཡ་ཏ། ཨགྣ་ཡེ་ཨ། ནི་ཏྱེ་ན། ཝ་ཡ་ཝེ་ན། བྲཧྣ་ཡེ་ཧཱུྃ། བ་སུན་དྷ་ར་ཎ་ཡེ་ཕཊ། སརྦ་བྷུ་ཏེ་བྷྱོཿཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བཞི་ལ་སོགས་པ་གང་རིགས་ཀྱིས་ཕུལ་ལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་བྷྱཿ ཞེས་སྦྱར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་འདུལ་དཀའ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང་། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་བཅོལ། བཞི་པ་གཤིན་རྗེ་ཆོས་རྒྱལ་ལ་འབུལ་ཏེ། མདུན་དུ་ཡ་ལས་ཆོས་ཀྱི་རྒྱལ་པོ་མཐིང་ནག་རབ་ཏུ་ཁྲོས་པའི་ཆ་བྱད་རྫོགས་པ་ཐོད་དབྱུག་དང་ཞགས་པ་ཐོགས་པ་གཅེར་བུ་ལིངྒ་བསྒྲེང་ཞིང་གཡས་བསྐུམ་གཡོན་བརྐྱངས་མ་ཧེ་ལ་གནས་པའི་གཡོན་དུ་ཙམ་ལས་མུཎྜི་ནག་མོ་ཁྲོས་པའི་ཆ་བྱད་ཅན་ཏྲི་ཤུལ་དང་ཐོད་པ་འཛིན་པ། ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཨོཾ་ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ལྷོ་ཕྱོགས་ས་འོག་ནས་ཆོས་རྒྱལ་ཡབ་ཡུམ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་གཤིན་རྗེ་གཤེད་རྒྱལ་བ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཿབྷི་ཥིཉྩ་ཏུ་མཾ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་བུམ་ཆུས་བསྐུར། སྐུ་གང་ཉེས་སྐྱོན་དག ཡབ་ཡུམ་གཉིས་ཀྱི་སྤྱི་བོར་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེས་དབུ་བརྒྱན། ཡི་གེ་བཅུ་པའི་མཐར་ཀཱ་ལ་རུ་པ་སཱ་མཱ་སྟཱཾ་ཞེས་དབྱུག་པའི་ཕྱག་རྒྱས་དམ་པ་བཞག ཨོཾ་ཀཱ་ལ་རུ་པ་སརྦ་བྷིགྷྣན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲཱིཿཙ་མུཎྜ་སརྦ་སོགས་སྦྱར་ཏེ་ལན་གསུམ་མམ་བདུན་གྱིས་ཕུལ། བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། །འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་བརྙན་དེ། །མ་གཤིན་འབྱུང་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་ཞེས་སོགས་འཕྲིན་ལས་བཅོལ། །སླར་ཡང་འཇིག་རྟེན་འདས་པ་དང་། །འཇིག་རྟེན་པ་ཐམས་ཅད་ལ་དམིགས་མཆོད་པ་བསྡུས་པ་ཞིག་བྱས་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་རྣམས་དང་འཇིག་རྟེན་དང་འཇིག་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། དེའི་སྡོང་གྲོགས་མཛད་ཅིང་བར་ཆད་ཐམས་ཅད་བསྲུང་བ་དང་ཡིད་ལ་བསམ་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་བླང་། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཞེས་སོགས་ཀྱི་བཟོད་པར་གསོལ། ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་བྷཻ་ར་ཝ་ས་པ་རི་ཝ་ར་བཛྲ་ཡུཿ ཨོཾ་ཀ་ལ་རུ་པ་ས་པ་རི་ཝ་ར་གཙྪ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །བགེགས་དང་ལོག་པར་འདྲེན་པ་རྣམས། །བདུག་པ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག། །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་དོ། །

ཞེས་པ་འདི་ནི་འཕགས་མཆོག་ཕྱག་ན་པདྨའི་སྒྱུ་འཕྲུལ་འགོག་པ་མེད་པའི་རང་གཟུགས་འགྲོ་བའི་མགོན་པོ་དཔལ་ལྡན་འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་མཁྱེན་རྒྱལ་བ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞལ་སྔ་ནས་ཀྱི་བཀའ་ཡིས་བསྐུལ་བ་ལ་བརྟེན། དཔལ་ཆེན་པོ་རྗེ་བཙུན་ར་ལོ་སྔ་ཕྱིས་མཛད་པའི་སྒྲུབ་ཐབས་ཇི་བཞིན་པར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཁྲོ་བོ་ཤིང་གླང་ནག་ཟླའི་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་སུ་རྐོང་ཡུལ་མཐིལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དང་ཉེ་བ་འབྲུག་ཆོས་ལྡིང་དུ་བཀོད་པ་དགེའོ། །སརྦ་མངྒ་ལཾ་བྷ་ཝནྟུ།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོ།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ། དཔལ་ལྡན་བླ་མའི་ངོ་བོ་ཉིད། །འཇམ་དཔལ་ཁྲོ་བོ་ལ་ཕྱག་འཚལ། །དེ་སྒྲུབ་རྒྱུན་གྱི་རྣལ་འབྱོར་མཆོག །སྙིང་པོ་ཙམ་ཞིག་བཤད་པར་བྱ། །དེ་ཡང་དངོས་གྲུབ་འབྱུང་བའི་གནས་དུར་ཁྲོད་དུ་དབུགས་བྲལ་གདན་ལ་གནས་པར་བསམ་ལ་འདི་སྐད་དོ། །

རང་ཉིད་རྡོ་རྗེ་འཇིགས་བྱེད་གསལ་བའི་སྙིང་དབུས་པད་ཉི་ལ་གནས་ལ་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། བླ་མ་མི་བསྐྱོད་པས་དབུ་བརྒྱན་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡི་དམ་སངས་རྒྱས་བྱང་སེམས་ཚོགས་མ་ལུས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿན་མོ་བཛྲ་བྷཻ་ར་ཝ་བྷྱཿ རྣམ་རྟོག་དྲ་བ་རབ་གསལ་ཞིང་། །ཡེ་ཤེས་རྒྱ་མཚོའི་ཐུགས་མངའ་བ། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་ལ། །རྡོ་རྗེ་འཛིན་བཅས་ཕྱག་འཚ་ལོ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མ་ལྱ་ཏྲཱཾ། ཨོཾ་བཛྲ་ཀིརྟི་ཧྲཱིཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་ཐོབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་སྭ་བྷ་ཝ་ཤུདྡྷཱ྅ཧཾ། སྟོང་ངང་ཆོས་འབྱུང་དཀར་དམར་ཁ་གྱེན་བསྟན། །དབུས་ཧཱུྃ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ། །ཕྱོགས་མདོག་ལྟེ་མཐིང་ལ་གནས་ཧཱུྃ་འོད་ཟེར། །རྡོ་རྗེའི་ས་གཞི་ར་གུར་བླ་བྲེས་གཏམས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །དེ་དབུས་ཐོད་སྐམ་ཟླུམ་ར་སྒོ་གཅིག་པ། །ཕྱི་ནང་ས་གཞི་ཁྲག་ཞག་ཀེང་རུས་གདུང་། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྡ་ལྡིབ་བརྒྱན། །དབུས་ཕྱུར་རྩེ་མོ་རྡོ་རྗེ་རིན་ཆེན་ཏོག །ཕྱི་རོལ་གཏུམ་དྲག་ལ་སོགས་དུར་ཁྲོད་བརྒྱད། །ཤིང་མེ་ཆུ་སྤྲིན་རི་བོ་མཆོད་རྟེན་བརྒྱད། །ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་བརྒྱད་མ་སྲིན་དང་། །ཤ་ཟ་གཤིན་རྗེ་རོ་ལངས་འབྱུང་པོའི་ཚོགས། །ལུས་ངག་རྣམ་འགྱུར་དུ་མས་ཡིད་བསྒྱུར་སྤྱོད། །བྱ་གཅན་འཐབ་འཁྲུག་རོ་ལངས་ཀེང་རུས་གར། །མི་རོ་འཕྱར་སྤྱང་སྲེག་གཏུབ་ཀླད་ཁྲག་ཤ །རུས་དུམ་འཐོར་ཁེབས་མཆོད་གྲུབ་རྫས་ཡོད་ཁེངས། །རྣལ་འབྱོར་གྲུབ་རིག་དཔལ་རྣམས་རང་དམ་སྤྱོད། །འགའ་ནི་ཐོད་རྔ་སྒྲ་བཅས་དགའ་གར་རོལ། །དེ་དབུས་ཡམ་ལས་རྩོམ་ཆེན་དཀྱིལ་འཁོར་སྟེང་། །པད་ཉིའི་གདན་ལ་ཨ་ཐུང་ལས་སྐྱེས་ཟླར། །དྷཱིཿལས་རལ་གྲི་དྷཱི་མཚན་ཡོངས་གྱུར་པ། །འཇམ་དབྱངས་གཞོན་ནུ་དམར་སེར་མཚན་དཔེ་རྫོགས། །རལ་གྲི་ཨུཏྤལ་ལ་གནས་པུ་སྟི་བསྣམས། །ཞི་སྒེག་རྒྱན་སྤྲས་ཐོར་ཚུགས་ཟུར་ཕུད་ལྔ། །རྡོ་རྗེ་གདན་དུ་བཞུགས་པའི་ཐུགས་ཀ་རུ། །ཨཱཿཡིག་གཉིས་པ་ལས་སྐྱེས་ཉེར་གནས་ཧཱུྃ། །འོད་ཀྱིས་དེ་བཞིན་གཤེགས་བྱང་ཁྲོ་ཡུམ་བཅས། །དྲངས་བསྟིམ་འཇམ་དཔལ་ཟླ་བཅས་ཉི་མར་ཐིམ། །ཚ་ཟེར་འབར་བས་དཔག་ཚད་འབུམ་ཁྱབ་གྱུར། །དེ་ལས་འོད་འཕྲོས་རྒྱལ་གསུང་དབྱངས་གསལ་སྔགས། །རང་སྒྲ་བཅས་ཐིམ་ཧཱུྃ་མཐིང་འོད་ལྔ་འབར། །འོད་ཀྱིས་སངས་རྒྱས་ཐུགས་ཡེ་ཕྱག་མཚན་ཚུལ། །དྲང་ཐིམ་རྡོ་རྗེ་ནག་པོ་རྩེ་ལྔ་གདེངས། །ཁྲོ་ཆུང་རྡོ་རྗེའི་སྤྲིན་འཕྲོས་སྡང་གདུག་བཅོམ། །འགྲོ་ཀུན་སངས་རྒྱས་སར་བཀོད་ཞིང་ཁམས་སྦྱངས། །སངས་རྒྱས་སྲས་བཅས་སྣང་སྲིད་ཁྲོ་བོའི་སྐུ། །མཐའ་དག་གཅིག་བསྡུས་བདག་ཉིད་བཅོམ་ལྡན་འདས། །ཁམས་གསུམ་རྣམ་རྒྱལ་ཀུན་ཏུ་ཁྲོ་བོའི་དབང་། །འཇིགས་པའང་འཇིགས་མཛད་གཅིག་པུ་དཔལ་ཆེན་པོ། །ཤིན་ཏུ་ནག་པོའི་གཟུགས་འཆང་ངམ་ཟ་བ། །དབུ་དགུ་རྩ་ཞལ་མ་ཧེ་ཆེ་ཆེས་ཁྲོས། །རྡོ་རྗེའི་ར་རྣོན་སྔོ་སངས་མེ་འབར་བས། །ཕྱོགས་ཀུན་རབ་གནོན་རྭ་ཡི་གཡས་གཡོན་དུ། །གསུམ་གསུམ་ཞལ་ལྡན་གཡས་སྔོ་དམར་སེར་ཁྲོས། །གཡོན་དཀར་དུད་ནག་ཆེ་གཙིགས་དཔའ་བོའི་ཞལ། །ར་དབུས་སྲིན་གདོང་རབ་བཞད་ཁྲག་འཛག་ཞལ། །ཧ་ཧ་ཕཻཾ་སྒྲོག་དེ་སྟེང་འཇམ་དཔལ་ཞལ། །སེར་འཛུམ་ཟུར་ཕུད་ལྔ་ལྡན་མེ་ཏོག་ཐོད། །ཀུན་ཀྱང་སྤྱན་གསུམ་ཁྲོས་པའི་ཞལ་ཐམས་ཅད། །ཁྲོ་གཉེར་རབ་བསྡུས་དམར་བཟླུམ་སྡང་སྤྱན་ལྡོག །རྣམ་པར་འགྱུར་ཞལ་དྲག་རྒོད་ཧཱུྃ་ཕཊ་སྒྲ། །གནམ་འགོ་མཆེ་བཞི་ལྗགས་འདྲིལ་མི་བཟད་ཞལ། །དགྲ་བགེགས་རྐང་གླང་ཤ་ཚིལ་ཟས་ཟ་ཞིང་། །འབྲུག་སྟོང་འཇིགས་རླུང་སྒྲ་བཞིན་བཟོད་དཀའ་ཡི། །གད་རྒྱངས་དྲག་པོས་བདུད་སྡེའི་སྙིང་འགེམ་བྱེད། །སྐྲ་སེར་གྱེན་བརྫེས་འབར་སྦྱིན་འཁྱོག་པོར་བཅུས། །སྨིན་རྫི་སྨ་སྤུ་མེ་སྟག་ཇི་བཞིན་འཚེར། །སྐུ་ལུས་ཆེ་རག་རྡོ་རྗེ་གསུས་པོ་ཆེ། །རབ་རྒྱས་ལིངྒ་གྱེན་བསྒྲེངས་ལང་ཚོར་བབ། །ཡན་ལག་ཉིང་ལག་སྦོམ་ཐུང་ཧྲག་ཤིང་མཁྲངས། །འཇིགས་འདས་ལྷ་ཀུན་སྡིག་མཛུབ་ཀྱིས་བསྡིགས་བྱེད། །སུམ་ཅུ་རྩ་བཞི་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །དང་པོ་གཉིས་ཀྱིས་གྲི་ཐོད་ཐུགས་ཀར་འཛིན། །མཐའ་གཉིས་གླང་ལྤགས་ཁྲག་འཛག་གོས་སུ་གྱོན། །ལག་གཡས་འཕང་མདུང་གཏུན་ཤིང་ཆུ་གྲི་དང་། །རྡོ་རྗེ་རྩེ་གཅིག་དགྲ་སྟྭ་མདུང་རིང་མདའ། །ལྕགས་ཀྱུ་དབྱུག་པ་ཁ་ཊྭཾ་འཁོར་ལོ་དང་། །རྡོ་རྗེ་རྩེ་ལྔ་ཐོད་རལ་རྡོ་ཆུང་འཛིན། །གཡོན་རྣམས་ཚང་མགོ་ཕུབ་རྐང་དང་ཞག་ཞུ། །རྒྱུ་མ་དྲིལ་བུ་ལག་པ་རོ་རས་དང་། །གསལ་ཤིང་གྱིས་ཕུག་སྐྱེས་བུ་མེ་འབར་འཐབ། །བཅུད་ཐོད་སྡིག་མཛུབ་འཕན་རྩེ་གསུམ་རླུང་རས། །གྱད་སྟོབས་རྐྱང་བསྐུམ་བཅུ་དྲུག་ཞབས་གཡས་བརྒྱད། །མི་དང་མ་ཧེ་གླང་པོ་རྔ་མོང་ཁྱི། །ལུག་ཝ་ཞབས་གཡོན་རྒོད་འུག་ཁྭ་ནེ་ཙོ། །བོང་ཁྲ་བྱ་ཆེན་རི་སྐེགས་བཞད་རྣམས་རྫིས། །དེ་འོག་བདུད་བཞི་གདོང་དྲུག་ལ་སོགས་པ། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་བསྒྱེལ་ཞིང་གནོན། །སྲིད་གསུམ་གཡོ་འབར་དབང་བྱེད་ཤིན་ཏུ་གཏུམ། །གཅེར་བུ་ཁྲག་ཞག་ཐལ་བྱུག་རུས་རྒྱན་སྤྲས། །འཇིགས་རུང་ཐོད་སྐམ་ལྔ་ལྔས་དབུ་བརྒྱན་ཞིང་། །མགོ་རློན་བརྒྱ་ཕྱེད་སྒྱུ་མར་ལྡན་དོ་ཤལ། །ཀླུ་རྒྱལ་གདུགས་པ་སྦྲུལ་ནག་མཆོད་ཕྱིར་ཐོག །སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ། །འཇིགས་དུས་མེ་ལྟར་དྲག་འབར་འཁྲུག་མོའི་ཀློང་། །ལྟ་བ་ཙམ་ཡང་མི་བཟོད་སྐུ་རུ་ཤར། །ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས། །ཏིང་འཛིན་ཧཱུྃ་མཐིང་རྟག་གསལ་འབར་བསྟན་གྱུར། །མིག་ཏུ་ཀྵིཾ་དཀར་པོ་ས་ཡི་སྙིང་པོ། །རྣ་བར་ཛྲིཾ་སྔོན་པོ་ཕྱག་ན་རྡོ་རྗེ། །སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་པོ། །ལྕེ་ལ་གཾ་དམར་པོ་འཇིག་རྟེན་དབང་ཕྱུག །དཔྲལ་བར་སྐཾ་ལྗང་གུ་སྒྲིབ་པ་རྣམས་སེལ། །ལྟེ་བར་སཾ་དཀར་པོ་ཀུན་ཏུ་བཟང་པོ། །སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེ། །མགྲིན་པར་ཨཱཿ་དམར་པོ་གསུང་རྡོ་རྗེ། །ཐུགས་ཀར་ཧཱུྃ་སྔོན་པོ་ཐུགས་རྣམས་སུ་གྱུར། །དེ་ལས་འཕྲོས་པའི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཧྲིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ། དེ་བཞིན་དྷུ་པེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝི་ཏྱེ་ཞེས་སྦྱར་བས་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟཾ། ཞེས་གསུང་ཞིང་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་དབང་བར་བྱས། ཆུའི་དང་མ་སྤྱི་བོར་འཁྱིལ་བ་ལས་མི་སྤྱོད་པས་དབུ་བརྒྱན། ཛཿཧཱུྃཿབཾ་ཧཱུྃ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཧྲི་ཥྚིཿལན་གསུམ་བརྗོད། ཨོཾ་བཛྲ་ལཱ་སྱ་སོགས་སྔར་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ནང་མཆོད་འདུས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབྱིན་གྱིས་བརླབས། གཡོན་པའི་མཐེབ་སྲིན་གྱི་ལྕེ་ལ་བཞག ཨོཾ་ཨཿཧཱུྃ་ཨོཾ་སརྦ་ཏ་ཐ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐུགས་ཀ་ནས་ཡིད་ཀྱི་རིགས་མ་མཱ་མ་ཀི་སྤྲོས། སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཧཱུཾ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་པཱུ་ཏི་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་བཟླས་པའི་མན་ངག་སྙིང་ཁའི་འཇམ་དཔལ་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ཉི་གདན་ལ་ཧཱུྃ་མཐར་སྔགས་འཕྲེང་མདུན་ནས་གཡས་སྐོར་འཁོད་པ་གསལ་བཏབ་ལ་འཕྲོ་འདུ་ཇི་ལྟར་རིགས་པ་བཅས་ཏེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་མ་རཱ་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མནྟ་ཀ་ཧཱུཾ་ཕཊ། ཞེས་སྔགས་གསུམ་ཅི་ནུས་དང་སྐབས་སུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཡང་ཅི་རིགས་ཟླ་བར་གསུང་མཐར། བདག་གི་ཐུགས་ཀའི་འོད་ཀྱིས་ཁམས་གསུམ་ཀུན། །གཞལ་ཡས་ལྷར་གྱུར་འོད་ཞུ་བསྲུང་འཁོར་ལ། །དེ་ཡང་གཞལ་ཡས་དེ་ཡང་རང་ཉིད་ཐིམ། །རང་གི་ཞལ་ཕྱག་རྩ་བའི་ཞལ་ཕྱག་ལ། །དེ་ཡང་འོད་གསལ་སྟོང་པའི་དབྱིངས་སུ་ཞུགས། །སླར་ཡང་རང་ཉིད་ཕྱག་གཉིས་སྐུ་རུ་ལྡང་། །དཔྲལ་བར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུྃ། མིག་ཏུ་ཀྵིཾ། རྣ་བར་ཛིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར་བརྗོད་ཅིང་བསམ་ལ་དགེ་བ་བསྔོ། གཏོར་མ་འབུལ་བ་ནི། བྱིན་རླབས་བསྡུས་པ་ནང་མཆོད་སྐབས་ལྟར་དང་། རྒྱས་པར་བསང་སྦྱངས་སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་ཨ་ལས་ཐོད་པ་དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ་བྷི་ར་བུ་མ་མུ་ལས་བདུད་རྩི་ལྔ་ཀྵེ་མེ་ད་ཡ་ལས་ཡེ་ཤེས་ལྔ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་འཇུག་བཞིན་པ་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པས་རང་གི་ཞལ་དུ་ཞུགས་ཡུམ་གྱི་མཁར་བབ་པའི་རྐྱེན་གྱིས་བདེ་བ་ཆེན་པོའི་བདུད་རྩིའི་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ་ཧཱུྃ་ཧ་ཧོ་ཧྲཱིཿམང་དུ་བརྗོད། རང་གི་མདུན་དུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་འཇིགས་མཛད་འཁོར་ལོའི་ཚོགས་མ་ལུས་པ་ཞུགས་པར་གྱུར། དེ་རྣམས་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའི་སྙིང་པོའི་མཐར། སརྦ་བིགྷྣན་ཤ་ཏྲུན་མ་ར་ཡ་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་འབུལ། ཨོཾ་བཛྲ་ལཱ་སྱེ་ཧཱུྃ་སོགས་ཀྱིས་མཆོད། སྙིང་པོའི་མཐར་འབྲུ་གསུམ་ལ་བཏགས་ལ་ནང་མཆོད་འབུལ། དུར་ཁྲོད་རྒྱན་གྱིས་བསྟོད། གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱིས་འདོད་དོན་གསོལ་བ་བཏབ། ལྷག་མ་ཕྱོགས་སྐྱོང་དང་གཤིན་རྗེ་ཆོས་རྒྱལ་ལ་འབུལ་ཚུལ་ནི་གཞན་དུ་བསྟན་པ་ལྟར་བྱའོ། །དེ་ལྟར་འཇམ་དཔལ་དཔའ་བོ་ཡི། །གོ་འཕང་སྒྲུབ་བྱེད་རྣལ་འབྱོར་ལམ། །ཤིན་ཏུ་ཁྱེར་བདེ་དོན་གསལ་འདིས། །བདག་གཞན་དཔལ་དེར་མྱུར་འགྲུབ་ཤོག །

ཅེས་པ་ཡང་འགྲོ་མགོན་དཔལ་ལྡན་འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་མཁྱེན་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཐུགས་ཀྱི་དགྱེས་པ་སྒྲུབ་པའི་སླད་དུ་རྣལ་འབྱོར་པ་ཨ་ཡུ་རྱི་ཤ་མ་ཎིའི་བྲིས་པ་དགེའོ། །སརྦ་མངྒ་ལཾ།

ཀུན་རིག་བདག་སྐྱེད་རྒྱུན་ཁྱེར་སྙིང་པོ་རབ་དཀར་ཕན་བདེ་རྒྱས་པའི་འཁོར་ལོ།

༄༅། །ཀུན་རིག་བདག་སྐྱེད་རྒྱུན་ཁྱེར་སྙིང་པོ་རབ་དཀར་ཕན་བདེ་རྒྱས་པའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི་སིདྡྷིཾ། བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །འདི་ལྟར་རྡོ་རྗེ་རྣལ་འབྱོར་པ་ཚེ་དབང་ནོར་བུའི་ལུས་ངག་ཡིད་གསུམ་ལ་དུས་གསུམ་དུ་འབྲེལ་གྱུར་གྱི་འགྲོ་བ་མི་དང་མི་མ་ཡིན་པ་སྤྱི་དང་། ཁྱད་པར་དུ་གསོན་བྱང་། གསོན་བསྔོ། གཤིན་བྱང་གཤིན་བསྔོ་སྐྱབས་འཇུག་རེ་གནས་ཞུས་པའི་སེམས་ཅན་མ་ལུས་པ་མེད་པས་ཐོག་དྲངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུངས་ཏེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་ལ་སྐྱབས་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་མཆིའོ། །དཔལ་མགོན༴ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེའ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱི། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷ་ཝ་ཤུད་དྷོ་སརྦ་དྷརྨཱ་སྭ་བྷཱལྭ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་ལྐོག་མར་ཧྲིཿལས་པདྨ་འདབ་མ་བརྒྱད་པའི་ལྕེ་ཡི་ཐད་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ལྕེ་ལ་ཐིམ་པས། ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཛི་ཧཱཿ ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རེ་རེ་དེ་ཞུ་བ་ལས་རྡོ་རྗེའི་ལག་པ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་གྱུར། དེ་ནས་རང་གི་ཤེས་པ་ཧཱུྃ་དུ་གྱུར། ཧཱུྃ་གི་སྒྲས་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བྱང་ཆུབ་བརྟན་པར་མཛད། རྡོ་རྗེའི་རིགས་ཐམས་ཅད་གཅིག་ཏུ་བསྡུས་པ་རང་ཉིད་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་། མི་སྡུག་པའི་རྒྱན་གྱིས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཀྱིས་གདུག་པ་རྣམས་ཀྱི་རྒྱུ་མ་དྲངས་ནས་ཞལ་དུ་གསོལ་བ། ཕྱག་ལྷམ་མ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་དང་། མགོ་ཐོད་ཤས་གང་བ་བསྣམས་པར་གྱུར། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལརྐ་མ་ཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ་བི་དྲ་བ་བི་དྲ་བ་སརྦ་ཨ་པཱ་ཡཱ། ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎཱཾ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཀུན་སྟོང་པ་ཉིད་དུ་གྱུར། །སྐད་ཅིག་པད་ཟླའི་དཀྱིལ་འཁོར་ལ། །རང་རིག་ཨོཾ་ཡིག་དཀར་པོར་ཤར། །དེ་ཡང་འཁོར་ལོ་ཨོཾ་དཀར་མཚན། །འོད་འཕྲོས་རྒྱལ་མཚན་སེམས་ཅན་སྦྱངས། །ཚུར་འདུས་འཁོར་ལོ་ཨོཾ་ཡོངས་གྱུར། །ཀུན་རིག་རྣམ་པ་སྣང་མཛད་ནི། །དཀར་པོ་མཚན་དཔེ་རྫོགས་པའི་སྐུ། །ཞལ་བཞི་ཕྱག་གཉིས་མཉམ་བཞག་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །འོད་ཟེར་མཐའ་ཡས་མུ་མེད་འཕྲོ། །ལག་མཐིལ་ཨ་ཨ་ལས་ཟླ་བ། །ཧཱུྃ་ཨ་མཚན་ལ་དབྱངས་འཕྲེང་བསྐོར། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨ་ཨཿ སོར་མོ་ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཿ རིགས་ལྔ་ཡབ་ལྔ་ཡུམ་ལྔར་གྱུར། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ། ས་ར་སྥ་ར་ཨ་ནུ་པྲ་བིཎྚ་སརྦ་དྷརྨ། ཨ་དྱ་ནཱ་ནུ་པྲ་བིཥྚ་སརྦ་དྷརྨ། བཛྲ་ཨཉྫལི། ཨོཾ་སརྦ་བིད་བཛྲ་བནྡྷ་ཏྲ་ཐ། ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨཿཨཿ ཏིཥྛ་བཛྲ་དྷི་ཌོ་མེ་བྷ་ཝ་ཤ་ཏོ་མེ་བྷ་ཝ། ཧྲི་དཱ་ཡ་མེ་ཨ་དྷེ་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བཛྲ་མུཥྛ་ཨོཾ་མུཥྛི་བཾ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ་དེ་ནས་ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་གྲོལ་བྱར་བྱེད་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་དང་། སྡུད་པ་མང་པོའི་འཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་བཅིངས་པས་ལས་རྣམ་པར་བཀྲོལ་ཏེ་བདེ་བ་སོ་སོར་ཐོབ་པར་འགྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཆེན་པོ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་ཕྱིར་བཞུགས་སུ་གསོལ། ཐམས་ཅད་དུ་ཆོས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏུ་གསོལ་སྭཱ་ཧཱ། མ་ནོ་རཏྣ་ཏྲ་ཡཱ་ཡཱ། ཨོཾ་ཨརྦྷུ་ཏེ་བི་ཛ་ཡ། སིདྷི་སིདྡྷ་སྭཱ་ཧཱ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྔྷ་ཡ་སྭཱ་ཧཱ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོའི་མཐར་རྩ་བའི་རིག་པ་འཁོད་པའི་འོད་ཟེར་གྱིས་བདག་གཞན་འགྲོ་བ་སྤྱི་དང་དམིགས་ཡུལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་སྦྱངས་བར་བསམ་ལ་མ་ཡེངས་པའི་ངང་དུ་སྔགས་བཟླའོ། །ཨོཾ་ན་མོ་བྷ་ག་ཝནྟེ། སརྦ་དུར་ག་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། རྩ་བའི་རིག་པའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤདྡྷེ་སྭཱ་ཧཱ། སྦྱོང་བའི་རྒྱལ་པོ་རིག་པའོ། །བཟླས་པའི་མཐར་རྩ་རིག་ཚར་གཅིག་དང་། ཨོཾ་སརྦ་བིད་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ནེ་ཧ་ན་ཧཱུྃ་ཕཊ། བཅོམ་ལྡན་འདས་རིག་པ་འཁོར་དང་བཅས་པ་ཡི་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་ལས་འདོན་པ་དང་། མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཕྲིན་ལས་མཛོད་ཅིག ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང་། གཟུངས་སྔགས་ཀྱི་རྒྱལ་པོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང་། བཅོན་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ། ཀུན་རིག་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། འདི་ལྟར་རྡོ་རྗེ་རྣལ་འབྱོར་པ་ཚེ་དབང་ནོར་བུའི་ལུས་ངག་ཡིད་གསུམ་ལ་དུས་གསུམ་དུ་འབྲེལ་གྱུར་གྱི་འགྲོ་བ་མི་དང་མི་མ་ཡིན་པ་དང་སྤྱི་དང་། ཁྱད་པར་དུ་གསོན་བྱང་གསོན་བསྔོ། གཤིན་བྱང་གཤིན་བསྔོ་སྐྱབས་འཇུག་རེ་གནས་ཞུས་པའི་སེམས་ཅན་མ་ལུས་ལུས་པ་མེད་པའི་ངན་སོང་གསུམ་གྱི་དུཿཁ་དང་ཁམས་གསུམ་གྱི་ལས་ཉོན་སྒྲིབ་ཐམས་ཅད་སྐད་ཅིག་མ་ད་ལྟ་དུས་འདི་ཉིད་དུ་དྲལ་བར་གྱུར་ཅིག ཨོཾ་སརྦ་བིད་སརྦ་ཨ་བ་ར་ན་བི་ཤོ་དྷ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བི་ཊ། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ། བན་དྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦ་ཏ་ཐཱ་ག་ཏཱ་བཛྲ་ས་མ་ཡ་ཏྲཊ། ཨོཾ་བཛྲ་བན་དྷ་ཏྲཊ། སྔགས་དང་ཕྱག་རྒྱ་དེ་ཡིས་མཐུས། །སེམས་ཅན་དེ་རྣམས་སྡིག་པ་ཟད། །རྣམ་ཤེས་དྲི་མེད་ཨ་དཀར་པོ། །དེ་ཡང་རྡོར་སེམས་གཟུགས་གྱུར་ནས། །ཨོཾ་སརྦ་བིད་ས་པཱ་རི་ཝཱ་ར་སརྦ་པུ་ཛ་མེ་གྷ་ས་མུ་དྲ་ས་ཕ་ར་ཎ་ས་མ་ཡེ་ཧཱུྃ། མཆོད་པས་བཅོམ་ལྡན་ཡོངས་མཆོད་ཅིང་། །ཀུན་གྱི་ཆེད་དུ་བསྔགས་པའི་ཚིག །ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་བདག་ཅག་ངན་སོང་སྦྱང་། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཞེས་བརྗོད་འོད་དཔག་མེད་ཞིང་དུ། །གཤེགས་ནས་འཕགས་མཆོག་ས་བརྙེས་གྱུར། །དེ་ལྟར་ཐམས་ཅད་རིག་པའི་ཕྱག་རྒྱ་དང་། །སྔགས་བཟླས་བྱིན་བརླབ་དཀོན་མཆོག་བདེན་པའི་མཐུས། །དགེ་བ་བསྔོ་བའི་དམིགས་ཡུལ་འགྲོ་དེ་རྣམས། །མྱུར་དུ་རྣམ་གྲོལ་བྱང་ཆུབ་ཆེ་ཐོབ་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པའི། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པའི། །སེམས་ཅན་ཀུན་གྱི་དོན་འགྲུབ་ཕྱིར། །བདག་གི་སྤྱོད་པའང་དེ་འདྲར་ཤོག །རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཚར་གསུམ་མཐར། །མ་འབྱོར་པ་དང་སོགས་ཀྱིས་བཤགས། །ཨོ་བཛྲ་མུཿཨོཾ་ཨཱཿཧཱུྃ། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བདག་ཅག་རྣམས་དང་། ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག འདི་ཡང་རྡོ་རྗེ་ཚེ་དབང་ནོར་བུ་ཞེས་པའི་བྱ་བྲལ་རྒྱལ་ཁམས་པ་དཀར་པོ་དེ་ཡི་རང་ལོ་བཅུ་ཕྲག་ལྔ་ལ་ཉེ་བའི་བར་དད་ལྡན་ཉི་ཚེ་བའི་གསོན་གཤིན་སྐྱབས་འཇུག་བསྔོ་རྟེན་ཇི་རིགས་བླང་བར་ལ་ལ་དག་བསྔོ་སྨོན་ཇི་བཞིན་གྱི་རྒྱས་མ་ཐེབས་པས་ཡིད་གནོང་དང་དངོས་པོ་བྱུང་བ་ཡང་དགེ་བའི་རྒྱུ་ཚོགས་ཁོ་ནོར་དམིགས་རུང་། སྐབས་འགར་དེ་ལྟར་མ་གྱུར་བ་སོགས་སྒྲིབ་པའི་རྒྱུར་གྱུར་པ་རྣམས་སྦྱངས་ཤིང་བློ་གཏད་འགྲོ་བ་མི་བསླུ་བའི་ལྷག་བསམ་དུང་དང་ཟླ་བ་མུ་མུད་པད་རྩ་ལྟར་ཀུན་ཏུ་དཀར་བས་ངན་སོང་ཐམས་ཅད་ཡོངས་སུ་སྦྱངས་བ། ཐམས་ཅད་རིག་པའི་རིག་པ་རྩ་བའི་སྔགས་དུང་ཕྱུར་བཅུ་ཡིན། བྱེ་བ་ཕྲག་བརྒྱ་རིམ་གྱིས་བསྒྲུབ་པར་ཡིད་དམ་བཅས་ཏེ་དེ་ཡི་ཐོག་མར་བོ་དོང་ཐམས་ཅད་མཁྱེན་པ་གསང་བ་སྦྱིན་པའི་རིང་ལུགས་ཆོས་གྲྭ་ཆེན་པོ་ཤེལ་དཀར་མངོན་དགའི་འདུས་སྡེར་དུང་ཕྱུར་གཅིག་གིས་དབུས་ས་ག་ཟླ་བ་ནས་འཛུགས་པར་རྩིས་པའི་སྐབས་ཀུན་རིགས་བདག་བསྐྱེད་རབ་དཀར་ཕན་བདེ་རྒྱས་པའི་ཆེད་ངག་འདོན་འཁྱེར་བདེའི་ཚུལ་དུ་མངའ་རིས་གུང་ཐུང་ཁྱུང་རྫོང་དཀར་པོའི་འདབས་ཟ་འོག་ཕུག་ཏུ་དཀར་པོའི་ལོ་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་སྦྱར་བ་སྟེ་འབྲེལ་གྱུར་འགྲོ་བས་ཐོག་དྲངས་སེམས་ཅན་ཐམས་ཅད་རྣམ་དཀར་བྱང་ཆུབ་མཆོག་གི་འབྲས་བུ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ངག་འདོན་འདི་ནི་རང་ཉིད་གཅིག་པུའི་རྒྱུན་ཁྱེར་ཁ་ཐོན་ནམ། རྩ་རིགས་དུང་ཕྱུར་བསགས་པའི་སྐབས་སྔགས་འགྲོ་ཆེ་ཕྱིར་ལས་གཞན་དུ་མི་བྱ་ལ། སྦྱོང་བའི་རྒྱལ་པོའི་རིག་པ་ཨོཾ་ཤོ་དྷ་ནེ་མན་བསགས་པ་ཡང་དུང་ཕྱུར་བསྒྲངས་ན་མ་གཏོགས་གཞན་དུ་སླ་ཆོས་དབང་གིས་དེ་ལྟར་བྱས་ན་བཀའ་ཡི་ཆད་པ་འབྱུང་བར་ངེས་པས་རྒྱུན་ཆགས་སྔར་སྲོལ་ལྟར་རྩ་རིག་ཁོ་ན་ལ་འབད་པར་བྱ་བ་ཤིན་ཏུ་གཅེས་སོ། །ཀུན་གྱི་སྙིང་དབུས་བྱང་ཆུབ་སེམས་མཆོག་བརྟན། །ཀུན་ལ་ཕན་པ་འབའ་ཞིག་ལྷུར་བླང་བ། །ཀུན་བཟང་རྒྱལ་སྲས་སྤྱོད་པའི་རྗེས་སློབ་ཅིང་། །ཀུན་རིགས་རྒྱལ་བའི་གོ་འཕང་མྱུར་བསྒྲོད་ཤོག །ཞེས་པའང་སྨྲས་སོ། །ཀུན་ཏུ་དགེ་ལེགས་འཕེལ། ཤིན་ཏུ་བཀྲ་ཤིས་སོ། །

སྭ་སྟི། ཐམས་ཅད་རིག་པའི་སྔགས་ཀྱི་ཕན་ཡོན་ཤེས་པའི་སླད་དུ་རྒྱུད་ཚིག་འདི་ཡང་སྐབས་སུ་བརྗོད་པར་བྱ་སྟེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་རྒྱལ་པོ་ཞེས་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་སྙིང་ཀ་ནས་ཕྱུང་ངོ་། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། རིག་པ་ཆེན་མོ་འདི་བཤད་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་ཀྱི་འཆིངས་པ་ཐམས་ཅད་རྣམ་པར་བཅད་དེ། ངན་འགྲོ་ཐམས་ཅད་རྣམ་པར་སྦྱངས་སོ། །སྡུག་བསྔལ་མི་ཟད་པ་རྣམས་རབ་ཏུ་ཞི་སྟེ། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ། །ཞེས་དང་། ལྷ་ཡི་དབང་པོ་གཞན་ཡང་མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་གྱུར་པ་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུར་ག་ཏི་པ་རི་ཤོ་དྷ་ན་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། རྩ་བའི་རིག་པའོ། །ཞེས་དང་། ལྷ་ཡི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོངས་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས། མིང་ཙམ་ཉན་ཏམ། བཅངས་སམ། ཀླགས་སམ། བྲིས་ནས་ཀྱང་མགོ་བོའམ་གཙུག་ཕུད་དམ། དཔུང་པའམ་མགུལ་དུ་བཏགས་ཏེ་འཆང་ན། ཚེ་འདི་ཉིད་ལ་དུས་མིན་གྱི་འཆི་བ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་དང་འབྲལ་བའི་རྨི་ལམ་གྱི་རྣམ་པའམ། ངན་སོང་དང་འབྲལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་དུ་ཡང་མི་འབྱུང་ན། དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ལ་ཞུགས་ནས་ཀྱང་དབང་བསྐུར་ནས་སྙིང་པོ་ཡང་བཟླས་བརྗོད་བྱེད་ཅིང་སྔགས་ཀྱི་དོན་ཡང་སྒོམ་པ་ལྟ་སྨོས་ཀྱང་ཅི་རིགས་ཏེ། དེ་དག་ལ་ནི་སྡིག་པ་གང་ཡང་ཉེ་བར་མི་འགྱུར། ངན་སོང་དུ་འགྲོ་བར་ཡང་མི་འགྱུར་རོ། །

སྐྱེས་པའམ་བུད་མེད་དམ་ལྷ་འམ་ཀླུའམ་གནོད་སྦྱིན་ནམ། སྲིན་པོའམ་བྱོལ་སོང་ངམ། ཡི་དྭགས་སམ་སེམས་ཅན་དམྱལ་བ་ལ་སོགས་ཏེ། གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་ལ། དབང་བསྐུར་ན་སེམས་ཅན་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བསྐུར་བ་ལ་སོགས་པ་ཡང་བྱེད། ཕྱིར་མི་ལྡོག་ཡང་འགྱུར། རྒྱུད་ངེས་པ་ཅན་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཡང་སྐྱེ། སྒྲིབ་པ་གསུམ་རབ་ཏུ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ། ལྷའི་རིགས་སམ་གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ། །ལྷའི་དབང་པོ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །ཞེས་པ་རྣམས་རྒྱུད་ཀྱི་ཚིག་སྟེ། དེ་ལྟར་སྔགས་ཀྱི་ཡོན་ཏན་ཕྱི་མ་ངན་སོང་གི་སྡུག་བསྔལ་དང་འཁོར་བའི་དུཿཁ་མཐའ་དག་གསལ་བ་ཡི། ཚེ་འདིར་ཡང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞི་ཞིང་རིང་དུ་འཚོ་བ་ཚེ་ཡི་དངོས་གྲུབ་ཐོབ་པར་བྱེད་ཅིང་། མཐར་ཐུག་འཆི་མེད་རྟག་བརྟན་བྱང་ཆུབ་མཆོག་གི་འབྲས་བུ་ཡང་དུས་རིང་པོ་མིན་པར་འགྲུབ་པ་སྟེ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱའོ། །ཕན་ཡོན་མ་ཤེས་པར་སྔགས་བཟླས་ན། ནུས་པ་བུལ་ལ་ཕན་ཡོན་ཤེས་ནས་བཟླས་ན་ནུས་པ་མཆོག་ཏུ་མྱུར་བ་ཡིན་པས་ཕན་ཡོན་ཤེས་ནས་སྔགས་བཟླ་བ་ཤིན་ཏུ་གལ་ཆེ་བ་ཡི་སྐབས་འདིར་རྩ་རིག་དང་སྔགས་ཀྱི་ཕན་ཡོན་རྒྱུད་ནས་ཕྱུང་སྟེ་བཀོད་པའོ། །རྒྱལ་གསུང་སྔགས་ཀྱི་མཐུ་ནི་ཚད་བཟུང་མེད། །ཚེ་རབས་གཏན་བདེ་བསྒྲུབ་པ་ཡིད་བཞིན་དབང་། །བསམ་འཕེལ་ནོར་བུ་མཆོག་གྱུར་རིག་པ་འདི། །རྟག་པར་བཟུང་ནས་འགྲོ་དོན་ཆེར་སྤྱོད་ཤོག །ཅེས་པ་ཡང་རིག་འཛིན་ཚེ་དབང་ནོར་བུས་སོ། །སརྦ་མངྒ་ལཾ།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བ་བཀླག་ཆོག་ཐར་གླིང་བགྲོད་པའི་གྲུ་རྫིང་།

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བ་བཀླག་ཆོག་ཐར་གླིང་བགྲོད་པའི་གྲུ་རྫིང་དམ་པ། །

༈ ཨོཾ་སྭསྟི། ན་མཿསརྦ་བུདྡྷ་བོ་དྷེ་ས་ཏྭ་བྷྱཿ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བ་བཀླག་ཆོག་ཐར་གླིང་བགྲོད་པའི་གྲུ་རྫིང་དམ་པ་ཞེས་བྱ་བ་བླ་མ་ཐུབ་དབང་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་དག་པ་བདེ་ཆེན་ནམ་མཁའ་ལ། །ཆོས་ཀྱི་སྤྲིན་བཟང་ཐུགས་རྗེའི་གྲུ་ཆར་ཅན། །སྲིད་པའི་ཚད་སེལ་ཐར་དབང་སྨན་འབྲུ་ཀུན། །རྒྱས་མཛད་མགོན་པོ་བླ་མར་དང་པོར་འདུད། །རབ་དཀར་ཟླ་བ་འབུམ་གྱི་མདངས་འཕྲོག་ཅིང་། །རབ་མཛེས་ལྟ་བས་བསྐལ་པར་ཆོག་མི་ཤེས། །རབ་ཡངས་བརྩེ་སྤྱན་གདུལ་བྱར་རྟག་ཏུ་གཟིགས། །རབ་མཆོག་འཇིག་རྟེན་མགོན་པོར་ཕྱག་འཚལ་ནས། །གང་གི་སྒྲུབ་ཐབས་འཕྲིན་ལས་བཟང་པོའི་རྒྱུན། །དམ་པ་མང་པོས་ལན་བརྒྱར་གསལ་མཛད་ན། །ཉིན་སྣང་གནས་བཞིན་སྣང་གསལ་བཏེགས་པ་ལྟར། །བདག་གིས་ཡི་གེའི་ངལ་བས་ཅི་ཞིག་བྱ། །འོན་ཀྱང་བསླབ་གསུམ་རྒྱལ་མཚན་འཛིན་རྣམས་དང་། །ཁྱིམ་པ་དད་ལྡན་བྱང་ཆུབ་སེམས་འཆང་འགས། །ཡང་ཡང་བསྐུལ་གང་རེ་བ་བསྐང་བའི་ཕྱིར། །སྔོན་གསུང་བསྐྱར་བཟློས་ཚུལ་འཆད་དགེ་གྱུར་ཅིག །

འདི་ལྟར་འཁོར་བ་སྒྲོལ་བའི་གྲུ་ཆེས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ནི་བརྒྱ་ལམ་རེས་འགའ་ཨུ་དུམ་ཝ་རའི་མེ་ཏོག་ཤིན་ཏུ་རྙེད་པར་དཀའ་བས་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པ་ཉིད་དོན་མེད་སྟོང་ལས་ཀྱི་ཆུད་ཟོས་སུ་མ་སོང་བར་སྙིང་པོ་ལེན་པ་ཅིས་ནས་ཀྱང་གལ་ཆེ་ལ། དེ་ཡང་ཚེག་ཆུང་ཞིང་འཇུག་བདེ་ལ་དོན་ཆེ་བ་མངོན་པར་མཐོ་བ་མཐོ་རིས་ཀྱི་ཡོན་ཏན་དང་། ངེས་པར་ལེགས་པར་ཐར་པ་གསུམ་གྱི་འབྲས་བུ་མཐའ་དག་ཐོབ་པར་བྱེད་པའི་ལམ་བཟང་སྡོམ་པ་གསུམ་ཀ་ལ་འཇུག་ཅིང་བསླབ་པ་གསུམ་གྱི་གཞི་འཛིན་པ་གསོ་སྦྱོང་གི་ཆོ་ག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ལ་རྟེན་པ་དམ་པ་མཆོག་གྱུར་མང་པོའི་གཤེགས་ཤུལ་བྱིན་རླབས་ཀྱི་རྒྱུན་མ་ཆད་པ་བསྙུང་གནས་ཀྱི་ཆོ་ག་དཔལ་མོ་ལུགས་སུ་གྲགས་པ་འདི་ལ་ཅི་ནུས་སུ་ངེས་པར་འབད་པར་བྱ་སྟེ།

དེ་ལ་ཐོག་མར་སངས་རྒྱས་ཀྱི་དུས་ཁྱད་པར་ཉ་སྟོང་བརྒྱད་ལྟ་བུ་ཚེས་བཟང་པོ་ལ་ཡིད་དང་མཐུན་པའི་གནས་ཁང་བྱི་དོར་གཙང་སྦྲ་ལེགས་པར་བྱས་ལ་དཀོན་མཆོག་གི་རྟེན་ཅི་འབྱོར་འོས་པ་བཤམས་པའི་དྲུང་དུ་དེ་ཉིད་ལྔ་པའི་སྐབས་སུ་བཤད་པའི་དཀྱིལ་འཁོར་བུམ་པ་མཆོད་གཏོར་ཡང་དུས་འདིར་བཅའོ། །དེ་ནས་ཉམས་སུ་ལེན་བྱ་ཆོ་གའི་ཚུལ་བདེ་གཞུང་གྲགས་ཆེ་བ་རྩ་བ་ལྟ་བུ་ནི་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པ་དེ་ཡིན་ལ། དེར་ས་བཅད་སྡོམ་མ་མཛད་པས་དམ་པ་མང་པོས་ཡང་དེ་མཐུན་དང་། ཁ་ཤས་ནས་སྤྱི་འདྲའི་ས་བཅད་ཙམ་དང་། དམ་པ་ཁ་ཅིག་ནས་རྒྱུད་སྡེ་རིགས་མཐུན་གྱི་ཆོ་གའི་བརྡའ་དང་སྦྱར་ནས། རྒྱལ་སྲས་པས་མཛད་པའི་གཞུང་དོན་ལ་སྡོམ་དེ་ཉིད་བཅུ་དྲུག་ཏུ་བྱས་པ་ནི་རྩ་བ་དང་མི་འགལ་བར་འཕྲལ་རྣམ་པ་གསལ་བ་ལྟར་སྣང་བས་འདིར་ཡང་སྐྱིད་གྲོང་ལོཙྪ་བ་ངག་དབང་གྲགས་པས་མཛད་པ་དེ་བློ་ལ་བབས་པ་དེ་དང་ཕྱོགས་མཐུན་དུ་བཀོད་པའི་སྡོམ་ཚིག་ནི།

སྔོན་དུ་གཙང་ཁྲུས་མཎྜལ་སྤྱི་བཤགས་དང་། །གསོ་སྦྱོང་བསླབ་པ་དངོས་གཞི་ཉིད་དང་བཞི། །བཅས་བཤམས་སྦྱོར་བ་བདག་བསྐྱེད་བཟླས་པ་དང་། །དེ་བཞིན་མདུན་བསྐྱེད་བཟླས་པ་བཅས་ཏེ་བཞི། །ཐུན་མཚམས་ཕྱག་མཆོད་བསྟོད་དང་འདོད་དོན་གསོལ། །གཏོར་འབུལ་སྨོན་ལམ་གདབ་པ་རྣམས་ཏེ་བཞི། །མནོང་བཤགས་གཟུངས་བསྒྲུབ་ཁྲུས་ཆུའི་བྱིན་རླབས་བླངས། །གཤེགས་བསྡུད་བསྔོ་བ་བཀྲ་ཤིས་རྗེས་བཞིའོ། །ཞེས་སོ། །དེ་ལྟར་གསོ་སྦྱོང་གི་སྡོམ་པ་ལེན་པར་འདོད་པ་རྣམས་ཐོག་མ་གཙང་མར་བྱ་བའི་ཕྱིར་ཁྲུས་བགྱིད་པའི་དེ་ཉིད་ནི།

དང་པོར་ཐལ་མོ་སྦུབ་སོར་སྦྱོར་བ་ལས་གུང་མོ་གཉིས་རྩེ་མོར་བྱས་ཤིང་སོར་མོ་གཞན་རྣམས་ཀྱང་རྩེ་མོ་ཅུང་ཟད་མ་རེག་པ་པདྨ་ཁ་འབུས་པའི་རྣམ་པ་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དེ་སྙིང་གར་བཞག་ནས། ཨོཾ་པདྨ་ཏ་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་པདྨ་སེམས་དཔའ་འམ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བཟླས་བཞིན་པས་གདོང་པ་ཁ་དང་ཡན་ལག་ལེགས་པར་བཀྲུའོ། །

གཉིས་པ་མཎྜལ་དེ་ཉིད་ནི། གསོ་སྦྱོང་ལ་འཇུག་པ་རྣམས་འདུས་ཏེ་ཐོག་མར་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི་རང་མདུན་ཏ་ལའི་སྲིད་ཙམ་གྱི་མཁའ་ལ་རྩ་བའི་བླ་མ་མཚན་དཔེ་ཡོངས་སུ་རྫོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུར་སྣང་མདོ་ཡི་སྟེང་སོགས་ཐོ་ཕྱི་ཀུན་ཏུ་ནམ་མཁའི་གནས་སུ་རྒྱུ་སྐར་རམ་འཇའ་སྤྲིན་འཁྲིགས་པ་བཞིན་རང་གི་རྩ་བ་ཡན་ལག་གི་བླ་མ་གཞན་དང་བརྒྱུད་པའི་བླ་མ་སྤྱི་དང་བྱེ་བྲག་པ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་མ་ལུས་པ་དང་མཁའ་འགྲོ་ཆོས་སྐྱོང་བཅས་མངོན་སུམ་བཞུགས་པ་ལ་མོས་པས་སྐད་ཅིག་གིས་གསལ་བཏབ་སྟེ་དེ་ལ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་གསོལ་བ་བཏ་པར་བསམ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་བ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་མ་ལུས་པར། །བཞུགས་པའི་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོངས་བསྲུང་མའི་ཚོགས་ཀུན་ཀྱང་། །གནས་མཆོག་འདི་རུ་བྱོན་ལ་བྱིན་གྱིས་རློབས་མཛོད་ཅིག །བླ་མ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །རྒྱལ་ཚབ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །བྱང་སེམས་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །ཀུན་མཁྱེན་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །རྗེ་བཙུན་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །དྲིན་ཅན་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །

ཞེས་གནས་མཆོག་སོགས་ཚིགས་རྐང་དགུ་པོ་འདི་འོག་གི་ཚིགས་མཚམས་རྣམས་སུ་ཡང་རིམ་པས་སྦྱར། བསྡུ་ན་བླ་མ་འགྲོ་བའི་མགོན་པོ་མན་གྱི་ཚིགས་རྐང་བརྒྱད་པོའི་ཐོག་མཐར་སྦྱར་བ་དཀྱུས་སུ་བྲིས་ལྟར་ཉིད་ཀྱིས་འགྲུབ། དྲིན་ཅན་རྩ་བའི་བླ་མ་དང་། རྒྱལ་བ་འོད་དཔག་མེད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་རྣམས་ཀྱང་། གནས་མཆོག་སོགས་འགྲེའོ། །གྲུབ་མཆོག་དགེ་སློང་མ་དཔལ་མོ་དང་། པཎ་ཆེན་ཟླ་བ་གཞོན་ནུ་དང་། པཎ་ཆེན་ཡེ་ཤེས་བཟང་པོ་རྣམས་ཀྱང་། གནས་མཆོག་སོགས་འགྲེ། པཎ་ཆེན་བལ་པོ་པེ་ཉ་དང་། བྱང་སེམས་ཟླ་བ་རྒྱལ་མཚན་དང་། གྲུབ་ཐོབ་ཉི་ཕུག་པ་ཆེན་པོ་རྣམས་ཀྱང་། གནས་མཆོག་སོགས་འགྲེ། སྲུལ་པ་རྡོ་རྗེ་རྒྱལ་པོ་དང་། ཞང་སྟོན་དགྲ་འཇིགས་པ་ཆེན་པོ་དང་། མཁན་ཆེན་རྩེ་འདུལ་བ་ཆེན་པོ་རྣམས་ཀྱང་། གནས་མཆོག་སོགས་མཁན་ཆེན་བདེ་བ་ཅན་པ་དང་། བྱང་སེམས་ཆུ་བཟང་པ་ཆེན་པོ་དང་། ཆོས་རྗེ་ཤེས་རབ་འབུམ་པ་རྣམས་ཀྱང་། གནས་མཆོག་སོགས། ཆོས་རྗེ་རྒྱལ་སྲས་ཐོགས་མེད་དང་། སེམས་དཔའ་ཆོས་ཀྱི་རིན་ཆེན་དང་། བྱང་སེམས་བསོད་ནམས་རིན་ཆེན་རྣམས་ཀྱང་། གནས་མཆོག་སོགས། སེམས་དཔའ་བསོད་ནམས་རྒྱལ་མཚན་དང་། རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང་། ཆོས་རྗེ་ཀུན་དགའ་རྒྱལ་མཚན་ཡང་། གནས་མཆོག་འདི་རུ་སོགས། རྗེ་བཙུན་ཀུན་དགའ་སྙིང་པོ་དང་། སྐྱེས་མཆོག་ཡེ་ཤེས་རྒྱ་མཚོ་དང་། རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ཡང་། གནས་མཆོག་སོགས། སྙིང་པོ་བློ་གྲོས་རྣམ་རྒྱལ་དང་། འཇམ་དབྱངས་ངག་དབང་ཕྲིན་ལས་དང་། རྗེ་བཙུན་ཀུན་བཟང་དབང་པོ་དང་། གནས་མཆོག་སོགས། རྩ་བ་རྒྱུད་པའི་བླ་མ་དང་། རྒྱལ་ཁམས་གྲུབ་ཐོབ་མ་ལུས་དང་། མཆེད་གྲོགས་ཆོས་མཛད་གོང་མ་རྣམས་ཀྱང་། གནས་མཆོག་སོགས། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། གནས་གསུམ་དཔའ་བོ་མཁའ་འགྲོ་དང་། མཐུ་ལྡན་ཆོས་སྐྱོངས་བསྲུང་མ་རྣམས་ཀྱང་། གནས་མཆོག་འདི་རུ་བྱོན་ལ་བྱིན་གྱིས་རློབས་མཛོད་ཅིག བླ་མ་འགྲོ་བའི་མགོན་པོ། སངས་རྒྱས། རྒྱལ་ཚབ། བྱང་སེམས། ཀུན་མཁྱེན། རྗེ་བཙུན། ཆོས་རྗེ། དྲིན་ཅན་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས་སོ། །

ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ་འདི་ནི་རྒྱལ་སྲས་ཐོགས་མེད་ཀྱི་དངོས་སློབ་བྲག་དཀར་སེམས་དཔའ་ཆེན་པོ་ཡབ་སྲས་ཀྱི་གསུང་རྒྱུན་རླབས་ཀྱི་མཆེད་དུ་བླ་མ་བརྒྱུད་པའི་ཁ་བསྐང་སྟེ་བཀོད་པའོ། །དེ་ནས་ཆོས་པས་གསལ་བཏབ་པའི་གོང་གི་ཚོགས་ཞིང་རྣམས་ཀྱི་སྤྱན་སྔར་མཎྜལ་ཕུལ་བ་དངོས་ནི། རིན་པོ་ཆེའམ་ཤིང་གི་མཎྜལ་གཙང་ཞིང་ཡིད་དུ་འོང་བ་ཉིད་རྡོ་རྗེ་སེམས་དཔའི་བརྒྱ་བཟླ་བཞིན་པས་རྡུལ་གཡས་བསྐོར་དུ་ཕྱིས་ཤིང་དྲི་བཟང་པོའི་ཆུའི་ཆག་ཆག་གདབ། འབྲུ་འམ་མེ་ཏོག་སིལ་མས་ཚོམ་བུ་བཀོད་ཅིང་། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་པོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། འཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་པ་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདོད་པའི་ཡོན་ཏན་མཐའ་དག་ཚང་ཤིང་ཡིད་དུ་འོང་བ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས་དང་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་རླབས་སུ་གསོལ། །ཞེས་མཎྜལ་ཚོམ་བུ་སོ་བདུན་མ་ལེགས་པར་ཕུལ་ཞིང་བསྡུ་ན་ཚོམ་བུ་བཅོ་ལྔ་པའམ་བདུན་པ་ཡང་རུང་གི །ས་གཞི་སྤོས་ཀྱི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པ་ཤོག །གཞན་ཡང་སློབ་དཔོན་སུ་ཙཱ་ཏི་ཏ་དང་། སྙོག་མེད་དཔལ་གྱི་མཎྜལ་གྱི་ཆོ་གར་འབྱུང་ཞིང་སྤྱིར་རྒྱུད་ཚིག་ཏུ་བཞེད་པའི་ཚིགས་བཅད་ནི།

བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་དང་། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླང་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་ཨ་མོ་གྷའི་དཀྱིལ་མཆོག་ནས། ཞིང་ཁམས་ཁྱད་པར་འཕགས་པའི་མཎྜལ་འདི། །དུས་གསུམ་བླ་མ་རྣམས་དང་ཡི་དམ་ལྷ། །བླ་མེད་དཀོན་མཆོག་ལ་གསུམ་དབུལ་བར་བགྱི། །བཞེས་ཤིང་བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཡང་མཎྜལ་སྔགས་ཀྱིས་འབུལ་བ་ནི། ཨོཾ་གུ་རུ་ལོ་ཀ་ནཱ་ཐ་དེ་ཝ་ཌཱ་ཀི་ནི་རཏྣ་ཏྲ་ཡཱ་ཡ་ཨི་དཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པའོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མེད་ནས་ད་ལྟ་ལ་ཐུག་གི་བར་སྡིག་པ་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་གསུམ་གྱི་ཉེས་ལྟུང་གི་ཚོགས་ཅི་ཡོད་པ་རྣམས་གནོང་ཞིང་འགྱོད་པའི་ཚིགས་འདི་རྣམས་ཀྱིས་མཐོལ་ཞིང་བཤགས་པར་བྱ་སྟེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བར་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་མ་གུས་པ་བགྱིས་པ་དང་། ཕ་མ་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། གསུང་རབ་ཀྱི་གླུད་ཟོས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་དང་ཉེས་པ་དང་། ལྟུང་བའི་ཚོགས་ཅི་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་དང་། སྐབས་འདིར་ཕུང་པོ་གསུམ་པའི་མདོ་ཡང་ལེགས་པར་བཀླགས་སོ། །དེ་ནས་སྐྱབས་ཡུལ་དཀོན་མཆོག་ཐམས་ཅད་རྩ་བའི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ལ་ཐིམ། དེ་རང་གི་སྤྱི་བོའི་གཙུག་ནས་མར་བྱོན་བདག་དང་གཉིས་སུ་མེད་པར་བསམ་ལ་ཅུང་ཟད་མཉམ་པར་བཞག བཞི་པ་བསླབ་གཞི་གསོ་སྦྱོང་ཡན་ལག་བརྒྱད་ཀྱི་སྡོམ་པ་ལེན་པ་དེ་ཉིད་ནི། དེའི་ཚིག་རྫོགས་པའི་སངས་རྒྱས་ཀྱི་གསུང་འཕགས་གཞུང་དངོས་ནི།

རྒྱ་གར་སྐད་དུ། པོ་ཥ་དྷ་སྭ་ཡཾ་གྲ་ཧ་ན་བི་དྷི། བོད་སྐད་དུ། གསོ་སྦྱོང་རང་གིས་བླང་བའི་ཆོ་ག་བཅོམ་ལྡན་འདས་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ་གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ་སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་རྣམས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བྱས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱིས་པས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་མཉམ་བརྟེན་པ། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་འཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བྱའོ། །གང་ཕྱིར་དགེ་བ་མ་ལུས་གསོ་བ་དང་། །རྙེད་པའི་སྡིག་པ་འདི་ཡང་ཟད་བྱེད་པ། །དེ་ནི་གསོ་དང་སྡིག་པ་དག་བྱེད་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་སུ་གསུངས། །གསོ་སྦྱོང་རང་གིས་བླངས་བའི་ཆོ་ག་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་བའོ། །ཞེས་པ་སྟེ། དེ་ཐོག་མར་གསོ་སྦྱོང་གི་བསླབ་རྒྱུན་མ་ཆད་པའི་དགེ་བའི་བཤེས་གཉེན་ལ་ལེགས་པར་ནོད་ནས་རྗེས་སུ་ཉ་སྟོང་བརྒྱད་དང་བཅུ་བཞི་སོགས་དུས་ཚེས་བཟང་པོར་དཀོན་མཆོག་གི་རྟེན་ཡོད་ན་དེ་སྟོན་པར་མོས་ཤིང་། མེད་ན་གོང་གི་ཚོགས་ཞིང་སྡོམ་པ་བླང་ཟིན་རྗེས་བར་མ་བསྡུས་ལ། དེའི་སྤྱན་སྔར་གསོ་སྦྱོང་གི་སྡོམཔ་རང་གིས་བླང་བ་སྟེ། དེ་ཡང་ཐལ་མོ་སྦྱར་ནས་ཚིག་གིས་དོན་ལ་ཡིད་གཞིགས་བཞིན་འདི་སྐད་དུ།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཞེས་པ་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པའི་མགོར་སྦྱར་ཏེ་གསོ་སྦྱོང་གི་ཚིག་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་གི་བར་ལན་གསུམ་དག་པར་བརྗོད་པས་སྡོམ་པ་སྐྱེ་བའོ། །གཞན་ཁ་ཅིག་གིས་བླང་བར་བགྱིའོ་ཡན་ཚར་གསུམ། དེང་ནས་སྲོག་གཅོད་མི་བྱ་སོགས་ཚིགས་བཅད་རྣམས་ཚར་གཅིག་གིས་ཆོག་ཀྱང་ཟེར། ཡི་གེ་ཁ་ཅིག་ཏུ་དེང་ནས་སྲོག་གཅོད་མི་བྱ་ཞེས་པར་དེ་ཚེ་སྲོག་གཅོད་མི་བྱ་བསྒྱུར་བ་རྟེན་ཁྱིམ་པ་ལྟ་བུའི་བསྙུང་གནས་བཟུང་ནས་ཚིག་རྣམས་ལ་འདོད་པ་ཙམ་སྣང་ཡང་གཞན་མང་པོས་མ་བསྒྱུར་ཞིང་གོང་དུ་དུས་མཚམས་བརྗོད་མ་ཐག་པས་དེང་ནས་ཞེས་པ་ཉིད་ལེགས་སོ། །སྡོམ་པ་སློབ་དཔོན་ལ་བླང་བའི་སྐབས་སུ་ལས་གཞན་དུ་སློབ་དཔོན་དགོངས་གསོལ་མི་དགོས། གསོ་སྦྱོང་གི་སྡོམ་པ་བླང་བ་དང་བཏང་བའི་དུས་མཚམས་ནི་ཉན་ཐོས་བྱེ་བྲག་པ་རྣམས་ཀྱིས་ཉི་མ་མ་ཤར་བའི་གོང་དུ་བླང་ནས་སང་ཉི་མ་མ་ཤར་གྱི་བར་ཞེས་སྐྱ་རེངས་གསལ་བས་མུན་པའི་དབལ་ཆ་ཉམས་པ་ན་འཛམ་གླིང་ཤར་ལྷོའི་རི་ཆེན་རྣམས་ཀྱི་རྩེ་མོར་ཉི་མ་འཆར་བས་དེའི་དུས་སུ་བཏང་སྟེ་ཉིན་ཞག་ཕྲུག་གཅིག་ལས་གཞན་པར་གསོ་སྦྱོང་གི་སྡོམ་པ་དངོས་མི་སྐྱེ་ཞིང་ཉིན་མཚན་སོ་སོར་བཟུང་བ་དག་ལེགས་སྤྱད་ཙམ་ལས་དངོས་མིན་པར་འདོད་པ་མངོན་པ་མཛོད་རྩ་འགྲེལ་དུ་ལྟར་དང་། མདོ་སྡེ་པ་རྣམས་ཀྱིས་ད་ནངས་ཉི་མ་མ་ཤར་ནས་མ་ནུབ་ཀྱི་བར་ཉིན་མོའི་ཆ་དང་། ཉི་མ་ནུབ་ནས་སང་ཉི་མ་མ་ཤར་བར་མཚན་མོའི་ཆ་སྟེ་ཉིན་མཚན་སོ་སོར་ཡང་སྡོམ་པ་དངོས་སྐྱེ་བར་དགོངས་སོ། །གསོ་སྦྱོང་བཟུང་བཏང་དེ་དག་ནི་གཙོ་བོར་དགེ་བསྙེན་ལ་དགོངས་ཤིང་རབ་ཏུ་བྱུང་བའི་ཕྱོགས་ལ་ཡན་ལག་བརྒྱད་ཀྱི་བསླབ་བྱ་རྟག་ཏུ་གཞིར་གནས་ཤིང་། གསོ་སྦྱོང་གི་ངེས་པ་ཁྱད་པར་བ་ཉིན་ཞག་གཅིག་ཏུ་བཟུང་བ་མང་ངོ་། །སྤྱིར་ནི་གསོ་སྦྱོང་ཞེས་རབ་ཏུ་བྱུང་བ་དང་། མ་བྱུང་བ་གཉིས་ཀ་ལ་ཡོད་པའི་རབ་ཏུ་མ་བྱུང་བའི་གསོ་སྦྱོང་ཡན་ལག་བརྒྱད་པ་ཉིན་ཞག་གི་མཐའ་ཅན་ནི་བསྙེན་གནས་དང་། ཇི་སྲིད་འཚོའི་བར་བཟུང་བ་ནི་གོ་མིའི་དགེ་བསྙེན་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཀུན་ཏུ་རྒྱུ་སེམས་ཅན་རིང་བསྟན་པ་ལ་ཐོག་མར་འཇུག་པའི་སྡོམ་པ་བླང་ཚུལ་ཉིད་དང་། འཕགས་ཡུལ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་བཞིན་ནོ། །

གོ་མི་མ་ཡིན་པའི་གསོ་སྦྱོང་ཡང་ཟླ་བ་གཅིག་གི་དང་ལོ་གཅིག་གི་སོགས་ཇི་སྙེད་པའི་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ཉ་སྟོང་དུས་སུ་བསྲུང་བའི་སྡོམ་པ་སློབ་དཔོན་ལ་དུས་ཅིག་ཅར་དུ་ལེན་རུང་བ་ཇོ་བོ་རྗེའི་བཞེད་ཞེས་མང་ཞིག་དེ་ལྟར་ཕྱག་ལེན་མཛད་པ་བྱུང་ཞིང་། དེ་ལ་མཁས་པ་ཁ་ཅིག་ལེགས་སྤྱད་ཙམ་རུང་ལ་སྡོམ་པ་དངོས་འབོག་པར་མི་འགྲོ་ཞེས་སུ་ངས་ཀྱང་གོང་གི་ཉན་ཐོས་བྱེ་བྲག་པ་མདོ་སྡེ་པ་ལྟར་སྡེ་པ་སོ་སོའི་འདོད་པས་མི་འགལ་ལོ། །འོན་ཀྱང་སློབ་དཔོན་ལ་ལན་གཅིག་བཟུང་བ་དེས་ཆོག་ཤེས་ནས་ཉ་སྟོང་བརྒྱད་སོགས་ནམ་བླང་འདོད་པའི་དུས་སུ་སོ་སོར་གསོ་སྦྱོང་རང་གིས་བླང་བར་མ་བྱས་ན་མི་རུང་སྟེ་ཁྲུམས་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་གསོ་སྦྱོང་ཡང་ནང་རེ་བཞིན་བླང་དགོས་པ་མཁས་མཆོག་བུ་སྟོན་ཞབས་ཀྱིས་གསུངས་བཞིན་ངེས་པར་བྱ་ལ། རབ་ཏུ་བྱུང་བའི་ཕྱོགས་ཀྱི་ཐེག་ཆེན་སྔགས་ནས་སྟོན་པ་གསོ་སྦྱོང་འདི་ཡང་ནང་རེ་བཞིན་བླང་དགོས་པ་དེ་དང་མཐུན། སྡེ་སྣོད་འོག་མར་དགེ་བསྙེན་གྱི་སྡོམ་པ་བསྙེན་གནས་ཡན་ལག་བརྒྱད་པ་གསོ་སྦྱོང་གི་བརྡར་བཞག་པ་དེ་ནི་སོ་ཐར་སྡོམ་པ་ཕྱི་མས་སྔ་མ་འཇིག་ཕྱིར་རབ་ཏུ་བྱུང་བའི་ཕྱོགས་ཀྱིས་བཟུང་བར་མི་ནུས་ཀྱང་། ཐེག་ཆེན་སྔགས་ནས་བཤད་པའི་གསོ་སྦྱོང་ཡན་ལག་བརྒྱད་བསྙུང་བར་གནས་པ་དང་བཅས་པ་ནི་བཟུང་ཏུ་རུང་བར་རྒྱུད་གཞུང་དེའི་དགོངས་པར་བསྟན་པ་རྒྱ་བོད་དམ་པ་ཆེན་པོ་རྣམས་ཀྱིས་བཞེད་པ་མཐུན་པ་གནས་པ་ལ། ཕྱིས་ཁ་ཅིག་ནས་རབ་ཏུ་བྱུང་བས་གསོ་སྦྱོང་རྒྱད་ཚིག་དེ་བརྗོད་འོས་མི་འོས་མཐིང་བསླད་བྱས་ཀྱང་དོན་ལ་མི་རིགས་སྟེ་རྣམ་པར་འཁྱམས་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོར། རིགས་བརྒྱ་སྔོན་དུ་སོང་བ་ཡིན། ཉིན་བཞིན་དུ་གསོ་སྦྱོངས་བླང་། ཞེས་པ་དང་། དོན་ཞགས་རྒྱུད་ནས་ཡང་དེ་དང་མཐུན་པར་གསུངས་པས་སོ། །དེས་ན་འདིར་བསྟན་པའི་གསོ་སྦྱོངས་ནི་དགེ་བསྙེན་གྱི་བླང་ན་སྡོམ་པ་གསར་ཐོབ་དབུལ་པོས་ནོར་བུ་གསར་རྙེད་ལྟ་བུ་ཡིན་ལ། རབ་ཏུ་བྱུང་བའི་ཕྱོགས་ཀྱི་ནི་སྔར་ནས་ཐོབ་པའི་ནོར་བུ་བསམ་འཕེལ་སླར་ཡང་བྱི་དོར་བྱས་ཤིང་རྒྱལ་མཚན་རྩེ་མོར་མཆོད་པས་འདོད་དོན་ལྷག་པར་འགྲུབ་པའི་དཔེས་མཚོན་ཏེ་ཕན་ཡོན་ཆེ་ཆུང་གི་ཁྱད་ཀྱང་ཡོད་དོ། །

དེ་ནས་གསོ་སྦྱོངས་འདི་ནི་སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་གསུམ་ཀ་ལ་འཇུག་པ་མདོ་སྔགས་ཐུན་མོང་པ་སྟེ་ཁྱབ་ཆེ་ཞིང་ཕན་ཡོན་མང་བ་ཡིན་ལ།དེ་ཡང་གསོ་སྦྱོངས་ཡན་ལག་བརྒྱད་ཚུལ་བཞིན་བླངས་ཤིང་མ་ཉམས་པ་བསྲུང་བ་ཡི་ཐུན་མོང་གི་ཕན་ཡོན་རྣམས་ཤེས་ན་བསླབ་བྱ་གཞི་མཐུན་པའི་དབང་གིས་ཁྱད་པར་གྱི་ཡོན་ཏན་ཡང་ངང་གིས་རྟོགས་པས་ན་ཁྱིམ་པ་རྣམས་ཀྱིས་སོ་ཐར་གྱི་གསོ་སྦྱོངས་བསྙེན་གནས་འབའ་ཞིག་ཉིན་ཞག་གཅིག་གི་མཐའ་ཅན་བསྲུང་བའི་ཕན་ཡོན་ཡང་གནས་འཇོག་གི་མདོ་ལས། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་དང་། རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཀྱིས་བཟུང་བར་ནུས་ཀྱི་བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་བཟུང་བར་མི་ནུས་ཤིང་། འཛམ་བུའི་གླིང་གང་བའི་དགྲ་བཅོམ་པ་ལ་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཐམས་ཅད་བྱིན་པའི་བསོད་ནམས་ཀྱིས། བསྙེན་གནས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་སྤྱིར་བསྟན་ཅིང་། བྱེ་བྲག་གནས་སྐབས་སུ་མཐོ་རིས་མངོན་མཐོ་ལྷ་མིའི་དཔལ་འབྱོར་ཕུན་ཚོགས་ཐོབ་པར་ཡང་གོང་གི་མདོར། བསྙེན་གནས་གཙང་མ་ལན་གཅིག་བསྲུང་བས་ཀྱང་། འདོད་ལྷ་དྲུག་གང་རིས་སུ་སྐྱེ་བར་གསུང་བ་དང་། གདགས་པའི་མདོར། བརྒྱ་བྱིན་གྱི་གོ་འཕང་ཚེགས་མེད་དུ་ཐོབ་པ་དང་། ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས་ཀྱང་། དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོངས་འདོད་སྤྱོད་ལྷ་ཀླུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །ཞེས་པ་རྣམས་སོ། །ཁྱད་པར་དུ་ངེས་ལེགས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཇལ་བའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པར་ཡང་། བྱམས་པ་ལུང་བསྟན་ཚིགས་སུ་བཅད་པ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་ཤི་ཚེས་བརྒྱད་དང་། །ཆོ་འཕྲུལ་ཝ་ཡི་ཟླ་བ་ལ། །ཡན་ལག་བརྒྱད་ལེགས་མཉམ་བཞག་ཅིང་། །བསྙེན་གནས་གསོ་སྦྱོངས་བྱས་ནས་ནི། །ང་ཡི་བསྟན་ལ་ལྷག་པ་ཡིན། །ཞེས་གསོ་སྦྱོང་གི་དགེ་བའི་རྩ་བས་བྱམས་པ་འཛམ་གླིང་དུ་སངས་རྒྱས་བའི་ཚེ། དེའི་འཁོར་དུ་འདུས་ཏེ་འབྲས་བུ་ཐོབ་པར་གསུང་བ་སྟེ། དེས་མ་འོངས་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་རང་གང་མོས་པའི་ཞིང་དུ་སྐྱེ་བར་སྨོན་པ་ཡང་འགྲུབ་པར་བསྟན་པ་ཡིན་ནོ། །

མཐར་ཐུག་གི་འབྲས་བུ་ཡང་ཉན་རང་ཙམ་མ་ཡིན་པར་སངས་རྒྱས་ཀྱི་གོ་འཕང་དངོས་ཐོབ་པར་འཇིག་རྟེན་གདགས་པར། ལྷའི་དབང་པོ་བརྒྱ་བྱིན་ལ་དེ་བཞིན་གཤེགས་པས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཤཱ་རིའི་བུ་དང་། རྫོགས་པའི་སངས་རྒྱས་ཀྱི་རྟོགས་བརྗོད་དུ། བཅུ་བཞི་དང་ནི་བཅོ་ལྔ་དང་། །ཚེས་བརྒྱད་དང་ནི་གནམ་སྟོང་ལ། །བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས། །ང་ཉིད་ཇི་འདྲ་དེ་འདྲར་འགྱུར། །ཞེས་ཤཱ་རིའི་བུས་གསོལ་བ། དེ་བཞིན་གཤེགས་པས་དེ་ལས་བཟློག་སྟེ། བཅུ་བཞི་དང་ནི་བཅོ་ལྔ་དང་ཞེས་པ་ནས། ང་ཉིད་ཅི་འདྲ་དེ་འདྲར་འགྱུར་ཞེས་པ་སྟེ། དེ་ལྟར་ལན་གཅིག་མ་ཡིན་པར་གསུང་བ་དང་། ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོར། སངས་རྒྱས་ཀྱི་མཚན་བཟང་པོ་གཉིས་ཀྱི་རྒྱུ་ཡང་གསོ་སྦྱོངས་ཡན་ལག་བརྒྱད་པས་འགྲུབ་པར་བཀའ་སྩལ་བ་སོགས་ཡང་ཡང་བསྔགས་པར་མཛད་པ་ཡིན་ལ། ལུང་ཁུངས་དེ་རྣམས་ཀྱི་དངོས་དོན་ནི་དུས་བཟང་སོ་སོར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་བསྙེན་གནས་བསླབ་པ་བརྒྱད་གཙང་མར་བསྲུང་བ་ཙམ་ལ་དགོངས་ཤིང་། དེ་ལ་ཕན་ཡོན་ཚད་མེད་པ་དེ་ལྟ་བུ་ཡོད་པར་ཤེས་ན། འདིར་བསྟན་པའི་གསོ་སྦྱོངས་བསྙུང་བར་གནས་པའི་སྡོམ་པ་གསུམ་ཀ་ལ་འཇུག་པ་གང་ཞིག་བསྐྱེད་རིམ་གཟུངས་བཟླས་སོགས་དང་འབྲལ་བ་དེ་ཡི་ཕན་ཡོན་ནི་ཐོར་མར་བསྟན་པ་རྣམས་ལས་མྱུར་བ་དང་། རབ་ཏུ་བདེ་བ་དང་ཁྱད་པར་དུ་བྱས་པ་སོགས་བརྒྱ་སྟོང་དུ་མས་ལྷག་པར་གྱུར་པ་ཉིད་དུ་རྟོགས་དགོས་སོ། །འདིར་སྤྱན་རས་གཟིགས་གདོང་བཅུ་གཅིག་པའི་གཟུངས་ཀྱི་ཕན་ཡོན་ཡང་། གཞུང་དེ་ལས་འདི་སྐད་དུ། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ། །ལན་གཅིག་སྟོན་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་ན། ཇི་སྐད་བཤད་པ་བཞིན་དུ་ནན་ཏན་དུ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་། ཇི་སྐད་བཤད་པ་བཞིན་དུ་བསྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། ཞེས་དང་། སུ་ཞིག་བདག་གི་སླད་དུ་ཚེས་བཅུའམ། བཅོ་ལྔ་ལ་སྨྱུང་བར་བགྱིས་ཏེ་སྡོམ་པ་ཡང་དག་པར་བླང་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་ཡོངས་སུ་དྲན་པར་བགྱིས་ནས། རིག་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་བརྙིལ་པར་འགྱུར་ལགས་སོ། །ཞེས་དང་། ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བགྱིད་ན། དེ་དག་གིས་སུག་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལགས་སོ། །ཞེས་གསུངས་ཤིང་ཡང་། དེ་ཉིད་ལས་གང་ལ་ལ་ཞིག་གདུགས་མཚན་དུ་རིགས་སྔགས་འདི་ཀློག་པ་དང་། འདོན་པ་དང་འཛིན་པར་བགྱིད་ན་བདག་གིས་དེ་དག་གིས་སྨོན་ལམ་ཅི་མཆིས་པ་ཡིད་བཞིན་དུ་འགྲུབ་པར་བགྱིད་ལགས་སོ། །ཞེས་གསོ་སྦྱོང་མཚན་མོ་གཅིག་ཏུ་བཟུང་ཡང་རུང་བ་ཤུགས་ཀྱིས་བསྟན་པའོ། །

གཞན་ཡང་ཐེག་པ་ཆེན་པོའི་མདོ་དང་སྔགས་རྒྱུད་སྤྱི་དང་བྱེ་བྲག་རྣམས་སུ་ཕན་ཡོན་དངོས་དང་རིགས་མཐུན་ཤུགས་བསྟན་རྣམས་ཀྱང་ཐོས་པས་སྤྲོ་བ་སྤེལ་བར་བྱ་ལ། གང་ལྟར་དང་པོའི་བློ་ཅན་རྣམས་ལ་སྡོམ་པ་འབོག་པའི་ཐོག་མར་བློ་བཅོས་ཏེ་ངེས་འབྱུང་གི་བསམ་པ་བཟང་པོ་བསྐྱེད་དུ་གཞུག་ཅིང་། བསླབ་གཞི་ཡན་ལག་བརྒྱད་འཛིན་ཚུལ་ཡང་ཅི་ནུས་བཤད་པ་ནི་གལ་ཆེའོ། །སྡོམ་པ་བླང་ཟིན་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་བཀླགས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར་ས་མནྟ། ཨ་བ་ལོ་ཀི་ཏེ། ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའོ། །དོན་ཡོད་ཞགས་པའི་སྙིང་པོ་ནི། ཨོཾ་ཧྲཱིཿཏྲཻ་ལཽ་ཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲི་ཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ་གཟུངས་དེ་གཉིས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པར་བྱའོ། །

དེ་ལྟར་བཀླགས་པའི་ཕན་ཡོན་ནི་དོན་ཞགས་ཀྱི་གཟུངས་མདོ་དེ་ཉིད་དུ་འདི་སྐད་ཅེས་འབྱུང་སྟེ་བཟླས་བརྗོད་བྱས་པ་ཙམ་གྱིས་མདོ་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་མང་པོ་ལུས་ལ་བྱུང་ཞིང་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་པར་འགྱུར་རོ། །གང་ཞིག་ཉི་མ་རེ་རེ་བཞིན་གཟུངས་འདི་དྲན་ན་ནི་དེ་ནི་རྟ་གཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །དགེ་སློང་གང་ཞིག་ཚུལ་ཁྲིམས་ཉམས་པས་བསྙུང་བར་བྱས་ཏེ་འདི་བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །ཚུལ་ཁྲིམས་མང་པོ་དང་ལྡན་པར་འགྱུར་ཞེས་གསུངས་པ་ཡང་དྲན་པར་བྱའོ། །སྨོན་ལམ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག འཕགས་པ་དགེ་བའི་ཚུལ་ཁྲིམས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག ཉོན་མོངས་པས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་གནས་པར་གྱུར་ཅིག ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཅིག །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཞེས་བརྗོད་དོ། །

ལྔ་པ་མཆོད་བཤོམས་ཀྱི་དེ་ཉིད་ནི། གོང་དུ་བཤད་པའི་གནས་ཁང་དུ་ཇི་ལྟར་འཛོམ་པའི་རྟེན་དང་། ཁྱད་པར་ཐུགས་ཆེན་པོ་གདོང་བཅུ་གཅིག་པའི་སྐུ་བྲིས་འབུར་གང་རིགས་ཤིག་འཛོམ་ན་ཤིན་ཏུ་ལེགས་ཤིང་། གང་ལྟར་སྒྲུབ་པའི་མཎྜལ་བ་བྱུང་ལྔ་དང་དྲི་བཟང་པོས་བྱུགས་པའི་སྟེང་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། མཚམས་བཞིར་མཛེས་ཚོན་སྟེ། དབུས་དང་ཕྱོགས་བཞིར་ཟླ་གདན་ལ་ཁ་དོག་གོང་མཐུན་གྱི་ཚོམ་བུ་དབུས་ཀྱི་རྒྱབ་ངོས་སུ་ཚོམ་བུ་དམར་པོ་ཆུང་དུ་གཅིག མཚམས་ཀྱི་འདབ་མར་ཚོམ་བུ་སེར་པོ་རེ་བཀོད།་གཏོར་མ་འདས་གཏོར་གཅིག་བྱ། ཆ་གསུམ་གཏོར་མ་དང་འདིའི་སྒོས་ཀྱི་ཆོས་སྐྱོངས་ཆུ་བདག་ཝ་རུ་ཎ་དང་། ཡུལ་བདག་ལ་ཡང་གཏོར་མ་བཤམས། བསྡུ་ན་སྤྱན་རས་གཟིགས་ཀྱི་མཆོད་གཏོར་དང་སངས་རྒྱས་བྱང་སེམས་སྤྱི་དང་ཆོས་སྐྱོངས་སྤྱི་སྟེ་མཆོད་གཏོར་གསུམ་མམ། ཡང་འདས་གཏོར་གཅིག་པུས་ཆོག་པར་གསུངས། གང་ལྟར་གཙང་སྦྲ་ཤིན་ཏུ་ཆེ་བ་བྱ་ཞིང་ཀླུ་གཏོར་བཤམས་ཚེ་བ་དམར་སེར་གྱི་འོ་མ་འབྱོར་ན་ཀླུ་སྨན་བཏབ། བུམ་པ་ཡང་མཚན་ལྡན་གཙང་མ་རྒྱན་གྱིས་མཛེས་པར་སྤྲས་པ་རྒྱུན་འབབ་ཆུ་བུམ་རྫས་ཉེར་ལྔ་སྦྱར་བས་སུམ་གཉིས་བཀང་། ཐོག་མར་འཕགས་པའི་གཟུངས་རིང་གིས་བགེགས་བསྐྲད་ལ་བཀོད། དྲུག་པ་སྦྱོར་བ་སྐྱབས་སེམས་ཚོགས་བསགས་པའི་དེ་ཉིད་ལ།

འོ་སྐོལ་རང་སྐུ་ཚེ་སྔོན་མ་ལ་བསོད་ནམས་ཀྱི་གཙོ་བོར་གྱུར་པའི་དགེ་བ་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས་ཚེ་འདིར་ཡང་དལ་འབྱོར་གྱི་མི་ལུས་རྣམ་པར་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དུས་འདིར་སྤྱིར་གྱི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤངས་ཤིང་། སྒོ་གསུམ་གྱི་དགེ་བ་ལ་འབད་པར་བྱ་དགོས། དེའང་ནམ་འཆི་ཆ་མེད་ད་ལྟ་ཉིད་དུ་འབད་པར་བྱའོ། །ཤི་ནས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་མྱོང་འགྱུར་ལ་བསམ་སྟེ། ཆོས་སྤྱོད་རྣམ་པར་དག་པ་འདི་ལྟ་བུ་ལ་ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇུག་པར་བྱ་སྙམ་དུ་སེམས་སྐྱེད་པར་ཞུ་ཞེས་འཚོགས་ཡོད་ན་བསྐུལ། མེད་ན་མི་དགོས། ཐོག་མར་སྐྱབས་སེམས་ནི། སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དྲག་ཏུ་སྒོམ་ལ། བདག་སོགས་ཁམས་གསུམ་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པ་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོར་མ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོངས་བསྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་དྲུག་སྐོར་ཡང་བྱ། བྱང་ཆུང་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ཡང་། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ལམ་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བླངས། གནས་ཡོ་བྱིན་གྱིས་བརླབས་པ་ནི། ན་མོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་སྟོབས་ལས། དམིགས་པའི་རྟེན་འདི་ཙམ་ལ་བརྟེན་གནས་པའི་ཕྱོགས་འདིར་འཕགས་པ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བྱོན་ཞིང་བཞུགས་པའི་གནས། ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྡོ་རྗེ་རིན་པོ་ཆེ་སེངྒེའི་ཁྲི་དང་རིན་པོ་ཆེ་པདྨ་ལ་སོགས་པ་གདན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཕྱི་ནང་ཐམས་ཅད་དུ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཡོངས་སུ་གང་བ། རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཆོས་སྐྱོང་བ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དང་། དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་བར་གྱུར་ཅིག

ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་འབྱུང་བར་གྱུར་ཅིག ནམ་མཁའི་མཐའ་གཏུགས་པའི་ཞིང་ཁམས་ཐམས་ཅད་གང་ཞིང་རྒྱས་པར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར་ཨ་ཝཏྟ་ཡ་ཨ་ཝཏྟ་ཡོ་ཧོཿཨོཾ་བཛྲ་སྥ་ར་ཎ་ཁཾ། རོལ་ཆེན་དང་བཅས། ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་པྲ་མདྷ་ན་ཡེ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་དེ་ཛ་བཛྲེ་མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲ་མ་ཧཱ་བོ་དྷཱི་མནྡྲོ་པ་སམ་ཀྲ་མ་ཎི་སརྦ་ཀརྨ་ཨ་ཝ་ར་ཎི་བི་ཤོ་དྷ་ནི་ཡེ་སྭཱ་ཧཱ། ཞེས་ཚར་གསུམ་བྱ། རང་ཉིད་གནས་པའི་ས་ཕྱོགས་འདི་ཡང་ལྷའི་ཞིང་ཁམས་གནས་ཁང་ལྷའི་གཞལ་ཡས་ཁང་རིན་པོ་ཆེའི་རང་བཞིན་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ་མཆོད་རྫས་རྣམས་ལྷ་ཡི་ཉེར་སྤྱོད་དང་བདུད་རྩི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ལོ་ཀ་ན་ཐར་གསལ་བའི་ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་པོས་མཚན་པ་རང་གི་མདུན་ཕྱོགས་སུ་བྱང་ཆུབ་ཀྱི་ཤིང་མཐོ་ཁྱད་པར་ལྡན་པ་ཡལ་ག་ལོ་འདབ་འབྲས་བུའི་ཚོགས་རབ་ཏུ་རྒྱས་ཤིང་རིན་པོ་ཆེའི་མེ་ཏོག་དུ་མས་བརྒྱན་པ་གདུགས་དཀར་འཁྱིལ་བའི་རྩེ་མོར་འདབ་མ་འབུམ་དང་ལྡན་པའི་པདྨ་གེ་སར་ཟེའ་འབྲུའི་དབུས་དང་ཕྱོགས་བཞིར་པད་ཟླའི་གདན་རེ་དང་། དེའི་ཕྱི་རོལ་ཏུ་པད་ཟླའི་གདན་ཕྲེང་བ་ལྟར་མུ་མཁྱུད་དུ་མས་བསྐོར་བར་བསམ་ལ། དེ་ནས་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་བཀའ་སྡོད་དང་བཅས་པས་བསྐོར་བ་སྤྱན་དྲངས་ནས་དབུས་ཀྱི་པད་ཟླའི་སྟེང་དུ་བརྒྱུད་པ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་དང་ཐ་མི་དད་པའི་སྤྱི་བོར་འོད་དཔག་མེད་པ་བཞུགས་པ་ཕྱོགས་བཞིའི་པད་ཟླའི་གདན་ལ་སངས་རྒྱས་རིགས་བཞི་དང་། དེའི་ཕྱི་རོལ་གྱི་གདན་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། དེའི་ཕྱི་རོལ་གྱི་གདན་ལ་སངས་རྒྱས་དཀོན་མཆོག་གི་ཚོགས། དེའི་ཕྱི་རོལ་གྱི་གདན་ལ་དམ་ཆོས་དཀོན་མཆོག་གི་ཚོགས། དེའི་ཕྱི་རོལ་ཏུ་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་དམ་ཆོས་བསྲུང་མའི་ཚོགས་རྣམས་བཞུགས་པར་མོས་ལ་དེ་རྣམས་ཀྱི་སྤྱན་སྔར་རང་གི་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ཞིང་བདག་དང་ལྷན་ཅིག་པར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཕྱག་འཚལ་བ་སོགས་དགེ་བའི་ལས་ལ་ཡང་དག་པར་འཇུག་པར་བསམ་ལ་པདྨ་ཁ་འབུས་ལྟ་བུའི་ཐལ་མོ་སྤྱི་བོའི་སྙིང་ཁར་སྦྱར་ལ་སྙིང་ནས་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད། ཨོཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་འཚལ། །

ཨོཾ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལ་ཡ་སྟྭཾ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་གྱུར་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་ལྟར། །བདེ་གསལ་མི་རྟོགས་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས། །འཁོར་བ་འཇིག་དང་གསེར་ཐུབ་འོད་བསྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚོགས་གཉིས་ཡོངས་རྫོགས་དགོངས་པ་མཐར་ཕྱིན་པའི། །དེ་བཞིན་གཤེགས་པ་དྲུག་ཁྲི་ལྔ་སྟོང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྐྱོན་གྱི་མ་གོས་སྐུ་མདོག་དཀར། །

རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །ལུས་འདི་ཞིང་རྡུལ་མཉམ་པར་སྤྲུལ་ནས་ནི། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་པས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྐབས་འདིར་སྤྲོ་ན་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་བ་ནི། དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །མཁའ་ཁྱབ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གང་གི་སྒྲུབ་ཐབས་གསོ་སྦྱོངས་བརྒྱུད་པ་ཡི། །བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །མཁའ་སྤྱོད་གྲུབ་གཙོ་དགེ་སློང་དཔལ་མོའི་ཞབས། །མཁས་པའི་ཁྱུ་མཆོག་པཎྜི་ཏ་ཟླ་གཞོན། །ཡེ་ཤེས་མཆོག་བརྙེས་དཔལ་ལྡན་ཡེ་ཤེས་བཟང་། །འཇམ་དཔལ་གྲུབ་པ་བལ་པོ་པེ་ཉ་བ། །སྤྱན་རས་གཟིགས་དངོས་ཟླ་བ་རྒྱལ་བའི་མཚན། །མངོན་ཤེས་མཆོག་བརྙེས་གྲུབ་ཆེན་ཉི་ཕུག་པ། །འཕགས་ནོར་གྱིས་ཕྱུག་དཔུག་སྟོན་རྡོ་རྗེ་རྒྱལ། །བསྡུ་དངོས་བཞིའི་བདག་ཞང་སྟོན་དགྲ་འཇིག་ཆེ། །དྲི་མེད་བསླབ་གསུམ་རྒྱལ་མཚན་རྩེ་འདུལ་བ། །ཚོགས་གཉིས་ཀྱིས་ཕྱུག་མཁན་ཆེན་བདེ་བ་ཅན། །དོན་གཉིས་ཕུན་ཚོགས་བྱང་སེམས་ཆུ་བཟང་བ། །ལུང་རྟོགས་ཀྱིས་ཕྱུག་ཆོས་རྗེ་ཤེས་རབ་འབུམ། །རྒྱལ་སྲས་མཆོག་གྱུར་ཐོགས་མེད་བཟང་པོའི་ཞབས། །བྱང་ཆུབ་སེམས་གཉིས་རྒྱས་པ་ཆོས་རིན་ཆེན། །གཞན་ཕན་སེམས་དཔའི་སྟོབས་ལྡན་བསོད་རིན་པ། །སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་བའི་མཚན། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་ཆོག་ཞབས། །ལུང་རྟོགས་རིག་པའི་རྒྱལ་མཚན་རྡོ་རིང་དབོན། །རྡོ་རྗེ་འཆང་དངོས་ཀུན་མཁྱེན་སྙིང་པོའི་ཞབས། །རྒྱལ་ཚབ་ཡེ་ཤེས་རིན་ཆེན་རྒྱ་མཚོ་ཟུང་། །བསྟན་འཛིན་བློ་གྲོས་ཆེ་དང་འཕྲིན་ལས་དཔལ། །ཐུགས་རྗེའི་གཏེར་ཆེན་ཟླ་མེད་ཀུན་བཟང་དབང་། །བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་སྟེ། །དེ་ལྟར་འཕགས་མཆོག་སྤྱན་རས་གཟིགས་དབང་གི །བསྒོམ་བསྒྲུབ་བསླབ་རིམ་བཀའ་བརྒྱུད་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །རྩ་བའི་བླ་མ་སངས་རྒྱས་ཀུན་ལས་ལྷག །སློབ་དཔོན་བཟང་པོ་མིག་གི་འབྲས་བུ་བཞིན། །མཐོ་རིས་ཐར་པའི་ལམ་སྟོན་དགེ་བའི་བཤེས། །དམ་པའི་ཚོགས་གྱུར་ཡོངས་ལ་ཕྱག་འཚལ་འདུད། །ཀུན་གྱི་ཐུགས་རྗེས་རྟག་ཏུ་བཟུང་བ་ཡི། །བརྩེ་བའི་ཕྱག་བསྐྱངས་བདག་གི་སྤྱི་བོར་བཞག །ཞེས་པ་ཅུང་ཟད་བསྡུས་པ་སྟེ་རྒྱས་པར་ནི་བླ་མ་གོང་མ་རྣམས་ཀྱི་མཛད་པ་ཉིད་ཤེས་པར་བྱའོ། །ཕྱག་འཚལ་རྒྱས་བསྡུས་ཇི་ལྟར་ཡང་ཕྱག་འཚལ་བའི་གཟུང་འདི་མ་ཆད་པར་བྱ་སྟེ། དེ་ཡང་། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ནམ་མཁའ་གང་བའི་ཚོགས་ཞིང་ལ་དམིགས་ཏེ་བརྐྱང་ཕྱག་གསུམ་བྱ་སྟེ་དེས་ནི་སྡེ་སྣོད་གསུམ་ཐོས་བསམ་བསྒོམ་གསུམ་བྱས་པའི་བསོད་ནམས་དང་མཉམ་ཞིང་དེས་ཉིན་རེ་བཞིན་ཕྱག་གསུམ་རེ་བྱས་ན་མཐོང་ལམ་ཡེ་ཤེས་ཚེ་འདིར་སྐྱེ་ཞིང་དེ་སྲིད་མི་དང་མི་མ་ཡིན་འབྱུང་པོ་ནད་རིམས་ཀྱི་གནོད་པས་མི་ཚུགས་པར་བསྲུངས་པར་གསུངས་སོ། །

དེ་ནས་ཡན་ལག་བདུན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཟང་པོ་སྤྱོད་པ་ནས་འབྱུང་བ་ནི་ངེས་པར་གལ་ཆེ་དེ་དེ་ནི་ཇི་སྙེད་སུ་དག་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སོ། །དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་པའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པ། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟར་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཡང་། དཔལ་མོས་མཛད་པའི་རྒྱུན་བཤགས་ནི། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་བཤགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱི་ཞིང་། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་པ་རྣམས་བརྗོད། བསྡུ་ན་ཕྱག་འཚལ་སྐབས་སྦྱར་གྱི་རྗེས་སུ་བདུན་གང་རུང་རེའི་ཆོག་ལ། རྒྱས་པར་ནི་མཆོད་འཕྲེང་མཎྜལ་སོགས་གོང་ནས་འབྱུང་ལྟར་སྐབས་འདིར་བྱ་བ་རྒྱལ་སྲས་པས་བཞེད་པ་དང་། སྤྱན་རས་གཟིགས་སྒྲུབ་ཐབས་འཕགས་གཞུང་རྒྱུད་ཀྱི་དགོངས་པར་ཡང་སྣང་བས་ལེགས་ལ། མ་བྱས་ཀྱང་དེ་རྣམས་བདུན་ཁོངས་སུ་འདུས་པ་དང་ལུགས་འདིར་སྐྱབས་འགྲོ་ནས་ཚད་མེད་བསྒོམས་ཏེ་བདག་བསྐྱེད་ལ་འཇུག་པར་ཡང་བསྟན་པས་ཆོ་ག་ཆད་པར་མི་འགྱུར་རོ། །ཡན་ལག་བདུན་ཡང་གོ་རིམ་བཞིན་ཆོ་ག་སྐབས་ཐོབ་ཚིག་སོ་སོར་སྡེབས་པ་མཁྱེན་རབ་དབང་ཕྱུག་སོགས་དམ་པ་མང་པོས་མཛད་པ་ཡང་ལེགས་མོད། ཡང་རང་གཞུང་མ་འདྲེས་སོ་སོར་བསྲང་སྟེ་རིམ་པར་ཀླགས་ཀྱང་མི་ལེགས་པ་ནི་མ་ཡིན་ནོ། །བདུན་པ་བདག་བསྐྱེད་བཟླས་པ་དང་བཅས་པའི་དེ་ཉིད་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང་། ཆགས་སྡང་མེད་པར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ། ཚད་མེད་པ་བཞི་དྲག་ཏུ་བསྒོམ། ཨོཾ་སྭ་བྷ་ཝ་ཤུདྷཿསརྦ་དྷརྨ་སྭ་བྷ་ཝ་ཤུད་དྷོ྅ཧཾ། ཞེས་པས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་། དེ་བཞིན་ཉིད་ལས་མི་འདའ་བར་བསམ་མོ། །ཡང་། ཨོཾ་ཤུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་པས་གཟུང་འཛིན་གཉིས་ཀ་ཡང་སྟོང་པར་བསམ་མོ། །

སྟོང་པའི་ངང་ལས་སམ་ལྗང་ཁུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ། ཇོ་བོའི་སྐུར་གྱུར་པ་རྣམས་འོད་དུ་ཞུ་སྟེ་སྔར་འཕྲོས་པའི་འོད་དང་འགྲོགས་ནས་ཚུར་འདུས་ཏེ་ཧྲཱིཿ་དེ་གསེར་གྱི་པདྨ་འདབ་མ་བརྒྱད་པ་ལྟེ་བར་ཧྲཱིཿཡིས་མཚན་པ་གཅིག་ཏུ་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུ་བྱུང་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན་ནས་ཧྲཱིཿལ་ཐིམ་པས་སྐད་ཅིག་གིས་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་ཆེས་དཀར་བ་ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ལྗང་། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་ཞི་འཛུམ་སྒེག་ཅིང་རལ་པ་དམར་སེར་མཛེས་ཤིང་འཁྱིལ་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་ཁམས་སེར་གྱེན་དུ་སྒྲེང་བ། དེའི་སྤྱི་བོར་རྫོགས་པའི་སངས་རྒྱས་འོད་དཔག་མེད་པ་ཞལ་དམར་པོ་མགྲིན་པ་དང་བཅས་དབུ་སྐྲ་བུང་བ་ལྟང་ནག་ཅིང་གཙུག་ཏོར་མངོན་པར་འཕགས་པའོ། །ཞལ་སོ་སོའི་ཁ་དོག་དཔལ་མོའི་གཞུང་ནས་དབུས་ལྗང་ཁུ་དང་དམར་བས་ཕྱེ་བ་བཞེད་པ་ཙམ་ལས་མི་གསལ་བ་བླ་མ་གོང་མ་རྣམས་ཀྱིས་ཙཎྜ་གོ་མའི་གཞུང་དང་མཐུན་པར་མཛད། གཞན་སྭ་དྷ་ན་མ་ལར་བཞུགས་པའི་སྒྲུབ་ཐབས་རྒྱུད་ཀྱི་དུམ་བུ་དང་འཕགས་པ་ཀླུ་སྒྲུབ་དང་གྲུབ་ཐོབ་ཀ་མ་ལ་གོ་མའི་གཞུང་དང་འཕགས་མཆོག་སྲོང་བཙན་སྒམ་པོས་མཛད་པ་དང་། ལྷ་བཙུན་ནཱ་ག་ར་ཛའི་ཐུགས་དམ་རྣམས་ཀྱི་ཞལ་གྱི་མདོག་དང་རྣམ་འགྱུར་མི་འདྲ་བ་ཡོད། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་བགྲང་ཕྲེང་། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ་གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པདྨའི་འདབ་ལྟར་འཇམ་ཞིང་མཆོག་སྦྱིན་རྣམ་པར་བཅང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ན་ཞི་བའི་སྤྱན་རེ་རེས་སྤྲས་པ། ཕྱག་རྣམ་ཡར་དབུའི་གཙུག་ཏོར་དང་། རྩ་ཕྱག་བརྒྱད་ཀྱི་ཕྱག་མཚན་འདི་དང་མཚུངས། གཞན་རྒྱུད་ཀྱི་དགོངས་པས་ལྷ་བཙུན་ནཱ་ག་ར་ཛའི་ཐུགས་དམ་ལ་རྩ་ཕྱག་དྲུག་དང་། འཕགས་མཆོག་སྲོང་བཙན་ཞབས་ཀྱི་རྩ་ཕྱག་བཅུ་དང་གྲུབ་ཐོབ་ཀ་མ་ལ་གོ་མའི་གཞུང་དུ་རྩ་ཕྱག་བཅུ་གཉིས་སོགས་བཅུ་གཅིག་ཞལ་ཕྱག་སྟོང་རྣམ་གྲངས་ལུགས་མི་འདྲ་བ་ཡིན་ནོ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་། རས་བཟང་པོའི་ཤམ་ཐབས་དང་། ནོར་བུས་སྤྲས་པའི་གསེར་གྱི་སྐེ་རགས་ཅན། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ་དཔུང་རྒྱན་ཅན། རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་པ།

དར་སྣ་ཚོགས་ཀྱི་ཅོད་པཎ་ལ་སོགས་པས་བརྒྱན་ཅིང་། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་རང་བཞིན་ཅན་དུ་གྱུར། དེའི་ཐུགས་ཀར་གསེར་གྱི་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཁྱད་པར་རི་པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་སངས་རྒྱས་དང་སྤྱན་ཟས་གཟིགས་ཀྱི་སྐུའི་རྣམ་འགྱུར་དུ་མ་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་རིན་པོ་ཆེའི་པདྨ་འདབ་མ་འབུམ་དང་ལྡན་པ་ལ་བཞུགས་པར་གྱུར། ཨོཾ་པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་མཆོད་རྫས་རྣམས་རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས་ནས། སྙིང་ཁའི་ཧྲཱིཿལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མེ་ཏོག་མ་དཀར་མོས་མེ་ཏོག་དཔག་ཏུ་མེད་པས་མཆོད་པར་བསམ། དེ་བཞིན་དུ་དྷུ་པེས་བདུག་སྤོས་མ་སྔོན་མོས་བདུག་སྤོས། ཨཱ་ལོ་ཀེས་མར་མེ་མ་དམར་མོས་མར་མེ། གནྡྷེ་དྲི་མཆོག་མ་ལྗང་ཁུས་དྲི་མཆོག ནེ་ཝེ་ཏྱས་ཞལ་ཟས་མ་སེར་མོས་ཞལ་ཟས། ཤཔྟས་རོལ་མོ་ཕུལ་ནས་མཆོད་པའི་ལྷ་མོ་རྣམས་ཧྲཱིཿལ་བསྡུས་ལ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམམཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཞེས་པས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་དང་། །ཕྱག་སྟོང་འཁོར་ལོས་བསྒྱུར་བ་སོགས་ཚིགས་བཅད་གཉིས་དང་། ཆོས་སྐུ་ནམ་མཁའ་ལྟ་བུ་སོགས། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། མཆོད་བསྟོད་རྒྱས་པར་སྤྲོ་ན་གཞན་ཡང་བྱ་ལ། རྒྱུན་དུ་ནི་དེ་ཙམ་བདེའོ། །དེ་ནས་ཛཿཞེས་བརྗོད་པས་སྤྱི་བོར་བྱོན་ཧཱུྃ་ཞེས་བརྗོད་པས་གཉིས་སུ་མེད་པར་ཐིམ་བཾ་གྱིས་ཡེ་ཤེས་པ་བརྟན་པར་གྱུར། ཧོཿཞེས་པས་ཡེ་ཤེས་པ་དམ་ཚིག་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ནས་རང་གི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་བསམ་ལ། ཨོཾ་ཨཱཿ་ཧཱུྃ་ལན་གསུམ་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་མོས་པ་བྱའོ། །

ཡང་སྙིང་ཁའི་ཧྲཱིཿ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འོད་དཔག་མེད་ཀྱི་གཙོ་བྱས་པའི་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། མཆོད་པ་ལྔ་ཕུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སངས་རྒྱས་སྤྱན་མ་མཱ་མ་ཀཱི་གོས་དཀར་མོ། སྒྲོལ་མ་རྣམས་བདུད་རྩིའི་བུམ་པ་བསྣམས་པ་བྱོན་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་འཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་སྤྱི་བོ་ནས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག་ནས་ཡེ་ཤེས་ཀྱི་ཆུས་ལུས་གང་ཞིང་ཆུ་ལྷག་མ་ཡར་ལུད་པས་རྩ་ཞལ་གྱི་གཙུག་ཏུ་བླ་མའི་ངོ་བོར་འོད་དཔག་མེད་དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་ཆེན་འབྱུང་ལྡན། གཡོན་པར་དོན་ཡོད་གྲུབ་པ། ལྟག་པར་རྣམ་པར་སྣང་མཛད་རྣམས་ཀྱིས་བརྒྱན་པར་བསྒོམ། དེ་ནས་རང་གི་སྙིང་ཀར་པདྨ་དང་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཇོ་བོའི་སྐུ་ཚོན་གང་བ་ཅིག་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧྲཱིཿདཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པ་བྱུང་ནས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཇོ་བོའི་གོ་འཕང་ལ་བཀོད་ནས་ཚུར་འདུས་ཤིང་ཐུགས་ཁའི་ཧྲཱིཿ་ལ་ཐིམ། དེ་བཞིན་དུ་སྤྲོ་བསྡུ་གཉིས་པོ་འཁོར་བར་བསམ་ཞིང་སྔགས་བཟླས་སོ། །ཡང་སྤྲོ་བསྡུའི་ངལ་ན་སྙིང་ཁའི་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བ་བཀོད་ལ་གཟུངས་ཟླ་བའམ། མ་མཆུ་གླེགས་ཤིང་གི་རྣམ་པ་ཤེལ་ལྟར་དྭངས་པ་ལ་གཟུངས་སྔགས་དབུ་གཡོན་བསྟན་གསེར་གྱི་ཁ་དོག་ལྟ་བུར་དམིགས་ལ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝེཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པཱ་ནཱ་ཡེ་སྭཱ་ཧཱ། ཞེས་བཅུ་གཅིག་ཞལ་གྱི་སྙིང་པོ་སྟེ་དཔལ་མོའི་གཞུང་དངོས་གཞིར་དེ་ལས་མ་བསྟན་ཞིང་། ཙཎྜ་གོ་མའི་གཞུང་དུ་བཟླ་བྱའི་སྔགས་གང་ཡིན་མི་གསལ། ཀླུ་སྒྲུབ་ཀྱི་གཞུང་དུ་མགྲིན་སྔོན་གྱི་གཟུངས་དང་པདྨ་ཥྞཱིཥ་བཟླ་བར་གསུངས། འདིར་བྱང་སེམས་ཡབ་སྲས་ཀྱིས་མཛད་པའི་ཕྱག་ལེན་དུ་མདུན་བསྐྱེད་སྐབས་སུ་བསྟན་པའི་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ཤིང་སྙིང་པོ་བརྒྱ་དང་བདུན་བཟླ་བར་བཞེད་ལ། ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པ་ཡང་ཇི་ལྟར་འོས་པ་བཟླ། འོན་ཀྱང་ཆོ་ག་འདིའི་བཟླ་བྱའི་གཙོ་བོ་བཅུ་གཅིག་ཞལ་གྱི་རྩ་སྔགས་གཟུངས་རིང་དང་། སྙིང་པོ་གཟུངས་ཐུང་དག་ཡིན་པས་དེ་ལ་ངེས་པར་འབད་དགོས་སོ། །

གཟུངས་རིང་འབུམ་ཕྲག་གཅིག་བཟླས་པས་མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱིས་ཀྱང་འགྲུབ་པར་འགྱུར་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་ཉིད་ཀྱིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དམ་བཅས་པས་ཐེ་ཚོམ་མི་བྱ་ཞེས་རྒྱུད་ཀྱི་ཚིག་སྟེ། དཔལ་ལྡན་ཇོ་བོ་རྗེས་ཀྱང་འཕགས་ཡུལ་དུ་གཟུངས་སྔགས་ཇི་སྙེད་པ་ལས་གཟུངས་འདི་ནི་བྱིན་རླབས་ལྷག་པར་མྱུར་བ་ཡིན་ཞེས་བསྔགས་པར་གྲགས་སོ། །དེ་ལྟར་གཟུངས་བཟླས་པའི་མཐར། བདག་གི་ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་མཆོད་བསྟོད་མདོར་བསྡུས་ཤིག་བྱ་དགེ་བ་བསྔོ་སླར་ཡེ་ཤེས་པ་རང་ལ་ཞུགས། བརྒྱད་པ་མདུན་བསྐྱེད་ཀྱི་ཆོ་ག་གཟུངས་བཟླས་བྱ་བའི་དེ་ཉིད་ནི་དཀྱིལ་འཁོར་བསང་སྦྱངས་སྟོང་པའི་ངང་ལས་སཾ་ལྗང་ཁུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་ཇོ་བོའི་སྐུར་གྱུར་པ་རྣམས་འོད་དུ་ཞུ་སྟེ་སྔར་སྤྲོས་པའི་འོད་དང་འགྲོགས་ནས་ཚུར་འདུས་ཏེ་ཧྲིཿལ་ཐིམ་པས་ཧྲིཿ་དེ་གསེར་གྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧྲིའི་མཚན་པ་གཅིག་ཏུ་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་བྱུང་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན་ནས་ཧྲཱིཿལ་ཐིམ་པས་སྐད་ཅིག་གིས་པདྨ་ཧྲིཿདང་བཅས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་ཆེས་དཀར་བ་ནས་འཕྲོ་བའི་རང་བཞིན་དུ་གྱུར་ཞེས་པའི་བར་གོང་གི་བདག་བསྐྱེད་བཞིན་བྱ། དེའི་དབུ་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཤར་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོར་ཏྲཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན།

ནུབ་ཏུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་གཤེགས་པ་གཞན་གསུམ་གཡོན་མཉམ་བཞག་མཛད་པ་ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །འཚམས་ཀྱི་འདབ་མ་བཞིར་བུམ་པ་བཞི་གྲུབ་པར་གྱུར། དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་སངས་རྒྱས་ཀྱི་ཞིང་རབ་འབྱམས་སྤྱི་དང་ཁྱད་པར་བདེ་བ་ཅན་དང་གྲུ་འཛིན་ནས་འོད་དཔག་མེད་དང་བཅུ་གཅིག་ཞལ་ལ་སྤྱན་རས་གཟིགས་སྐུའི་རྣམ་འགྱུར་དུ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་ལུས་པ་མེད་པས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས་བཛྲ་ས་མཱ་ཛཿས། མདུན་གྱི་ནམ་མཁར་རིན་པོ་ཆེའི་པདྨ་འདབ་མ་འབུམ་དང་ལྡན་པ་ལ་བཞུགས་པར་གྱུར། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། དེ་ནས་མཆོད་རྫས་རྣམས་རང་སྔགས་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནས་མཆོད་བསྟོད་དང་དབང་བསྐུར་གྱི་བར་བདག་བསྐྱེད་སྐབས་ལྟར་ལ་ཡེ་ཤེས་ཀྱི་ཆུས་ལུས་གང་བར་གྱུར་ཞེས་རིགས་བདག་གིས་རྒྱས་འདེབས་མ་བྱས་ཀྱང་ཆོག བྱེད་པར་སྤྲོ་ན་ཡེ་ཤེས་ཀྱི་ཆུའི་ལུས་གང་ཞིང་ཆུའི་ལྷག་མ་ཡར་ལུད་པས་གཙོབ་བོ་ལ་འོད་དཔག་མེད་དུ་གྱུར་པ་སྔར་གྱི་དེ་ལ་ཐིམ། དེ་བཞིན་གཤེགས་པ་བཞི་ལ་རང་རིགས་ཀྱིས་དབུ་བརྒྱན་པར་གྱུར་ཞེས་བརྗོད་པ་ཁྱད་པར་རོ། །གཟུངས་སྔགས་བཟླ་བའི་སྐབས་བདག་བསྐྱེད་ལྟར་སེམས་དཔའ་གསུམ་བརྩེགས་ལ་སྤྲོ་བསྡུ་གཙོ་བོ་དང་། མ་ལྕོགས་ཚེ་ཐུགས་ཀའི་ཧྲིཿལ་སེམས་བཟུང་ཞིང་སྐབས་སུ་བདག་མདུན་གཉིས་ཀའི་ཕྱག་སོར་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་ཞིང་ཡི་དྭགས་རྣམས་ཚིམ་པར་བསམ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྻ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན། བྷཱུ་ཧ་རཱ་ཛཿཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ ག་ཏེ་བྷྱཿཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མོ་ཨཱཪྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བི་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པཱ་ནཱ་ཡེ་སྭ་ཧཱ། ཞེས་གཟུངས་རིངས་དེ་ཉིད་བརྒྱ་དང་རྩ་བརྒྱད་དག་པར་བཟླས་སོ། །ཐུགས་རྗེ་ཆེན་པོ་ཞལ་ཕྱག་མང་པོ་བསྒོམ་པར་མི་ནུས་ཚེ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་དགེ་སློང་མ་དཔལ་མོའི་ཞབས་ནས་གསུང་པ་ཡིས་བདག་མདུན་གྱི་ཡེ་ཤེས་སེམས་དཔའ་ཞལ་ཕྱག་གཉིས་ལེགས་པར་སེམས་ཤིང་། ཐུན་མཚམས་རྒྱུན་གྱི་རྣལ་འབྱོར་ལ་ཡང་ཞལ་གཅིག་ཕྱག་གཉིས་འཇུག་ཆེ་བར་ཤེས་སོ། །

དགུ་པ་བདུན་དང་བསྟོད་ཕྱག་གི་མཆོད་པ་དེ་ཉིད་ནི། དང་པོ་ཡན་ལག་བདུན་ལ། བདག་མདུན་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་སྲས་དང་སློབ་མ་གཡོག་དང་བཅས་ཤིང་མགྲོན་ཐབས་ཀྱི་ལྷ་གསར་དུ་ཡང་འདུས་པར་བསམ་སྟེ། ཨོཾ། ཕྱོགས་དུས་ཀུན་ཁྱབ་ནས་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ་ཞེས་པའི་བར་གོང་དུ་བསྟན་ལྟར་དང་། དེ་ནས་སྤྱན་རས་གཟིགས་དབང་རྒྱལ་བའི་གཙུག་ཏོར་ཅན། །ཕྱག་གིས་མཐིལ་ནས་བདུད་རྩིའི་འོ་རྒྱུན་གྱིས། །ཡི་དྭགས་བཀྲེས་སྐོམ་ནད་ཀུན་སེལ་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བྲག་བཅུ་གཅིག་ཞལ། །རྩ་བའི་ཞལ་ནི་དཀར་ལ་མཛེས། །ལྗང་དང་དམར་པོ་གཡས་དང་གཡོན། །ཞི་བའི་ཞལ་ལ་ཕྱག་འཚལ་ལོ། །དབུས་ལྗང་གཡས་དམར་གཡོན་ཞལ་དཀར། །དབུས་དམར་གཡས་དཀར་གཡོན་ལྗང་ཞལ། །སྤྱན་དཀྱུས་རིང་ཞིང་ཞལ་བཀྲ་བ། །འཛུམ་བཅས་ཞལ་ལ་ཕྱག་འཚལལོ། །ཁྲོ་ཞལ་ནག་པོ་སྤྱན་གསུམ་པ། །མཆེ་གཙིགས་སྐྲ་བརྫེས་སྨ་ར་སེར། །སྟེང་ཞལ་དམར་པོ་གཙུག་ཏོར་ལྡན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་མི་ཆད་པའི་འཕྲེང་བ་འཛིན། །ཡི་དྭགས་བཀྲེས་སྐོམ་སེལ་མཛད་མཆོག་སྦྱིན་ཕྱག །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམས། །རིལ་བ་སྤྱི་བླུགས་ཉོན་མོངས་དྲི་མ་འཁྲུད། །ཐབས་དང་ཤེས་རབ་གཉིས་འབྲེལ་མདའ་གཞུ་བསྣམས། །རྣམ་ཐར་བརྒྱད་ལྡན་ཁྱེད་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་ཏུ་བསྡུས་པའི་སྤྱན་རས་གཟིགས། །ནམ་མཁའི་མཐའ་ཁྱབ་ཚད་མེད་ཕྲིན་ལས་ཀྱིས། །འགྲོ་བ་འདྲེན་པའི་གཙོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །མི་འཁྲུགས་པ་དང་སྣང་མཛད་སྤྱན་རས་གཟིགས། །རིན་ཆེན་འོད་འཕྲོ་རི་རབ་མུ་ཁྱུད་དང་། །འོད་དཔག་མེད་དང་རྡོ་རྗེ་འཛིན་པ་སྟེ། །མཐུ་སྟོབས་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །བཟང་སྐྱོང་ཟླ་འོད་གཞོན་ནུ་ཡུལ་འཁོར་སྐྱོངས། །དོན་ཟབ་དགོངས་འབྲེལ་ཀུན་འདྲི་ཆོས་འཕགས་དང་། །བློ་གྲོས་ངག་ཡངས་དོན་དམ་ཡང་དག་འཕགས། །ཡོན་ཏན་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྤྱན་མ་མཱ་མ་ཀཱི །གོས་དཀར་གདུགས་དཀར་རྣམ་རྒྱལ་མ་ཙུན་དེ། །དུག་སེལ་རིགས་བྱེད་དབྱངས་ཅན་མ་ནོར་རྒྱུན། །འོད་ཟེར་ཅན་མ་རྣམས་ལ་ཕྱག་འཚལ་ལོ། །ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་དང་། །ཡན་ལག་འབྱུང་སོགས་གནས་བརྟན་ཆེ་བཅུ་དྲུག །གཞན་ཡང་རང་སངས་རྒྱས་དང་ཉན་ཐོས་ཀྱི། །འཕགས་པ་དགྲ་བཅོམ་རྣམས་ཕྱག་འཚལ་ལོ། །དུས་གསུམ་གཤེགས་པའི་སངས་རྒྱས་དང་། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱིས། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །སངས་རྒྱས་སྲས་དང་སློབ་གྱུར་འཕགས་ཚོགས་ཀྱི། །ཞལ་མཐོང་བྱང་ཆུབ་སེམས་བསྐྱེད་བསླབ་གཞི་བླང་། །སངས་རྒྱས་བསྟན་བསྲུང་དཀར་པོའི་ཕྱོགས་གྱུར་པའི། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །

ཕྱག་བྱར་འོས་པ་སོགས་ཕྱག་འཚལ་ཅི་རིགས་དང་། །མཆོད་རྫས་རྣམས་སླར་ཡང་རྒྱ་ཆེར་བྱིན་གྱིས་བརླབས་པར་བྱ་སྟེ། དེ་ཡང་བསང་སྦྱངས་སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག གདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་དང་གཞན་ཡང་འཕན་གདུགས་བླ་རེ་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་ཡོ་བྱད་མ་ཚང་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ནམ་མཁའི་ཁྱོན་དང་མཉམ་ཞིང་དུས་ཞིང་ཁམས་ཇི་སྲིད་དུ་གནས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭ་ཧཱ། ནས། ཤཔྟ་སྭཱ་ཧཱའི་བར་ཕྱག་རྒྱ་དང་བཅས་ཤིང་། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཧོ་ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་ཕབས། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་གུ་རུ་ལོ་ཀ་ན་ཐ་དེ་ཝ་ཌ་ཀི་ནི་ཏྲི་རཏྣ་ས་པ་རི་ཝ་རེ་བྷྱཿ ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ས་ཕ་ན་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཞལ་བསིལ་ལ། པ་དྱཾ་པཱུ་ཛ་མེ་གྷ་ས་མུ་དྲ་སོགས། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། སིལ་སྙན་གྱི་བར། པཱུཥྤེ་པཱུ་ཛ་མེ་གྷ་ནས་ཤཔྟ་པཱུ་ཛའི་བར་གྱིས་འབུལ་ལོ། །དེ་ནས་མཎྜལ་རྒྱས་བསྡུས་གང་རུང་ཞིག་འབུལ། སྤྲོ་ན། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་བླ་རེ་ཡིད་འོང་རྒྱན་དང་བཅས། །ཆེན་པོ་ཉེར་སྤྱོད་བདེ་བ་སྒྲུབ་པ་ཡང་། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་བི་ཏ་ན་ཨཱཿཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །ལྷ་རྫས་ལས་བྱུང་སྣ་ཚོགས་མདོག་དང་ལྡན། །བ་དན་ཡིད་འོང་ཕྱོགས་བཅུར་གཡོ་བ་ཡང་། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་པ་ཏཱ་ཀ་ཨཱཿཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། ། ཨོཾ་བཛྲ་ཙྪ་ཏྲ་ཡ་ཨྰཿཧཱུྃ།

འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལ་རྒྱལ་བའི་རྒྱལ་མཚན་འཕྱར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཨོཾ་བཛྲ་དྷྭ་ཛ་ཨཱཿཧཱུྃ། ཞེས་སོགས་མཆོད་པའི་བྱེ་བྲག་ཇི་སྙེད་པས་མཆོད། སྡིག་པ་བཤགས་པ་ནི། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ནས་མ་ཐོའམ། །བཅས་པའི་སྡིག་པ་གང་ཡིན་པ། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པས་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །རྗེས་སུ་ཡི་རང་བ་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་གསོའི་བདེ་བ་དང་། །སྡུག་བསྔལ་ཅན་རྣམས་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །ཆོས་འཁོར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་མདོངས་པར་མ་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །བསྔོ་བ་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་ཡན་ལག་བདུན་གྱིས་མཆོད། དེ་ནས་སླར་ཡང་བསྟོད་པས་མཆོད་པ་ནི། བདག་གི་ཡེ་ཤེས་པ་མདུན་གྱི་གཙོ་བོ་ལ་བསྟིམ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་སངས་རྒྱས་ཀྱི་འཕགས་པ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་སྤྱན་དང་ལྡན་པ་རྣམས་མདུན་དུ་བཞུགས་པའི་སྤྱན་སྔར་རང་གི་ལུས་མར་མེ་གཅིག་ལ་གཉིས་མཆེད་ལྟ་བུར་འཕེལ་བའི་ལུས་གྲངས་མེད་པ་ལུས་རེ་རེར་མགོ་གྲངས་མེད་པས་འཕགས་པའི་ཞབས་ངོས་སུ་འདུད་ཅིང་ཁ་གྲངས་མེད་ནས་ལྕེའི་དབང་པོ་དེ་ཉིད་ཀྱིས་འཕགས་པ་ལ་སྙན་པར་བསྟོད་ཅིང་སེམས་ཅན་ཐམས་ཅད་ཀྱང་བདག་དང་སྤྱོད་ལམ་མཐུན་པར་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་བཏུད་པར་བསམ་ལ་ཕྱག་འཚལ་བའི་གཟུངས་ཕྱག་བཅས་གོང་དུ་བསྟན་ལྟར་བྱས་རྗེས་མཉམ་ཉིད་མི་གཡོ་ལྟ་བུ་རྒྱུད་ཚིག་རྣམ་པར་དག་པས་བདེ་བར་གཤེགས་པ་སྤྱི་ལ་བསྟོད་པ་ཞིག་སྔོན་དུ་གཏོང་ན་ལེགས་པར་ངེས་སོ། །

དེ་ནས་བྱེ་བྲག་འཇིག་རྟེན་མགོན་པོ་བསྟོད་པ། དེ་ཡང་མཁའ་ཁྱབ་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཀོན་མཆོག་ཀུན་སྐུའི་རྣམ་པ་ཐམས་ཅད་ཀྱང་ཐུགས་འཇིག་རྟེན་མགོན་པོའི་ངོ་བོར་འདུས་ཤིང་ཇི་སྙེད་པ་ནི་སྐུའི་རྣམ་འགྱུར་ཡང་མཚུངས་པར་སྟོན་པ་དང་མདུན་བསྐྱེད་འཕགས་པ་བཅུ་གཅིག་ཞལ་གྱི་ཐུགས་ཀ་ནས་འཇིག་རྟེན་མགོན་པོ་ཞལ་གཅིག་ཕྱག་གཉིས་བསྟོད་ཚིག་དང་མཐུན་པ་ཞིག་མདུན་གྱི་པད་ཟླར་བཞུགས་པར་ཡང་མོས་ཤིང་དེ་རྣམས་ལ་གུས་པ་ཆེན་པོས་བསྟོད་ཅིང་ཕྱག་འཚལ་བའི་ངོ་ཆེན་རང་གི་སྤྱི་བོའི་ཐད་དུ་དགེ་སློང་མ་དཔལ་མོས་མཛད་པར་བསམ་ལ་བསྟོད་ཚིག་ནི། རྒྱ་གར་སྐད་དུ། ཨཱརྱ་ཨ་ཝ་ལོ་ཀི་ཤྭ་རཱ་ཡ་བྷིཀྵུ་ཤྲཱི་ནེ་རེ་སྟོད་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་བསྟོད་པ་ཞེས་བྱ་བ། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་མཆོག་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དགས་བཀྲེས་སྐོམ་སེལ་བ་པོ། །གཡོན་པའི་ཕྱག་ནི་གསེར་གྱི་པདྨོས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨོ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡང་བ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨོའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ།

གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་ཐར་མཛད་ཅིང་མཁས་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་པ་པོ། ། གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། ཚངས་པའི་གནས་པ་བཞི་ ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་དང་གླང་ཆེན་དྲེགས་འདྲར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་་ཉེར་བ་བོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་བོ།གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང༌། །བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་འདོན་བྱེད་ན། །དེ་ནི་སྐྱེས་པའམ་ཡང་ན་བུད་མེད་ཡིན་ཡང་རུང༌། །སྐྱེ་བ་འདི་དང་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། དགེ་སློང་མ་དཔལ་མོས་ལི་ཁ་ར་ཤིང་འཕེལ་དུ་བསྟོད་པ་རྫོགས་སོ། །བསྟོད་པ་ཨོཾ་འཇིག་རྟེན་མགོན་པོ་ནས་ཀུན་འགྲུབ་འགྱུར་བར་ཚར་བདུན་ནམ་ཉེར་གཅིག་བརྗོད་བཞིན་ཕྱག་བྱའོ། །བཅུ་པ་གསོལ་བ་གདབ་པ་དེ་ཉིད་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ།

བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་སོགས་སེམས་ཅན་ཐམས་ཅད་བདེ་ཞིང་དམ་པའི་ཆོས་ལ་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ནི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བྱིན་རླབས་དངོས་གྲུབ་ཀྱི་ཚུལ་དུ་བཅུ་གཅིག་ཞལ་གྱི་མདུན་དུ་བཞུགས་པའི་འཇིག་རྟེན་མགོན་པོ་དེ་ཉིད་རང་གི་སྤྱི་བོའི་གཙུག་ནས་སྙིང་ཁར་ཐིམ་པས་བདག་ཀྱང་འཕགས་པའི་སྐུར་སྔར་བཞིན་པར་གྱུར།

དེ་ནས་བཅུ་གཅིག་པ་མཆོད་གཏོར་འབུལ་བའི་དེ་ཉིད་ནི། འདས་གཏོར་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། སྙིང་པོ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་སོགས་དང་། ཉེ་སྙིང་ཡི་གེ་དྲུག་པའི་མཐར། ཨོཾ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་འཕགས་པ་ལ་ཕུལ། སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྱི་ལ་དམིགས་ཏེ་ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ག་ཎ་ཀ་ལ་ས་པ་རི་ཝཱ་རེ་བྷྱཿཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨ་དྱ་ནུཏྦནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ཕུལ་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་དང་། ནམ་མཁའི་མཐར་གཏུགས་ཆོས་དབྱིངས་ཡོངས་ཁེངས་པ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི། །ཞེས་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ཤིང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་ཆོས་སྐྱོངས་དང་ཆ་གསུམ་ལ་ཕྱོགས་སྐྱོང་འབྱུང་པོ་བགེགས་རིགས་སྤྱི་སྟེ་དེ་རྣམས་ལ་གཏོར་མ་དང་ཆོ་ག་འདིའི་སྒོས་བསྲུང་དུ་གྲགས་པ་ཆུ་བདག་ཝ་རུ་ཎ་ཡི་ཀླུ་གཏོར་དང་། གནས་གཞི་ཡུལ་བདག་བཅས་ལ་རང་རང་གི་ཆོ་ག་ཤེས་ན་ཤིན་ཏུ་ལེགས་པས་དེས་བསྔོས། གལ་ཏེ་དང་པོའི་བློ་ཅན་ལྟ་བུ་ཆོ་ག་དེ་རྣམས་མི་ཤེས་པའམ་མི་ནུས་ཚེ་གཏོར་མ་སོ་སོར་བསངས་སྦྱངས་འབྲུ་གསུམ་གྱིས་རིམ་པར་བྱིན་གྱིས་བརླབས། ཨ་ཀཱ་རོའི་སྔགས་རྒྱས་མགྲོན་དེ་དང་དེར་དམིགས་ཏེ་བསྔོས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་བསྒྲུབ་པར་བྱེད་པའི་གང་ཟག་ལ། །བུ་བཞིན་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོངས་བསྲུང་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་བསྲུང་འཇིག་རྟེན་སྐྱོང་། །

འཕགས་པའི་བཀའ་སྡོད་མཐུ་བོ་ཆེ། །གཞན་ཡང་འབྱུང་པོ་བགེགས་རིགས་བཅས། །ཡུལ་བདག་གནས་བདག་གྲོང་བདག་ཡང་། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་ཐུན་མོང་དུ་བཅོལ། སརྦ་ལོ་ཀ་གཙྪཿས་གཏོར་མགྲོན་འཇིག་རྟེན་པ་རྣམས་གཤེགས། སྤྲོས་པ་ཆུང་ན་མདོར་བསྡུས་དེ་ཙམ་གྱི་རུང་བའོ། །གཏོར་མ་གསུམ་བཤམས་པ་ལ་རང་གིས་དཀྱུས་སུ་བཤད་པའི་གཏོར་འབུལ་དེ་ཀས་འགྲུབ་ལ། འདས་གཏོར་གཅིག་པུར་བྱས་ན་འཕགས་པ་དང་བྱང་སེམས་སྤྱི་ལ་ཕུལ་པ་དེ་ཁོ་ནས་ཆོག་པའོ། །བཅུ་གཉིས་པ་སྨོན་ལམ་གདབ་པའི་དེ་ཉིད་ནི། ཐོག་མར་བྱིན་རླབས་དང་བཅས་པའི་མཆོད་བསྟོད་བསྡུས་པ་ཞིག་བཏང་རག་གི་ཚུལ་དུ་ཕུལ་དེ་ནས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ཏེ། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་འགྱུར་ཞིང་། །སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་སུ་འཕེལ་བར་ཤོག །ཅེས་སྨོན་ལམ་བཏབ།

བཅུ་གསུམ་པ་ལྷག་ཆད་བསྐང་བའི་དེ་ཉིད་ནི། ཐོག་མར་མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་ལ་བུམ་ཆུ་བླུགས་ཤིང་། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་སྐུ་ཁྲུས་གསོལ། སྤྲོ་ན་ཇི་ལྟར་བལྟམས་པ་སོགས་ཁྲུས་ཆོག་རྒྱས་པ་དྲི་ཕྱིས་ན་བཟའ་འབུལ་བའི་བར་བྱ། དེ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ཅག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པར་གྱུར་ཅིང་། སེམས་བྱིང་བ་དང་རྒོད་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ལྷག་ཆད་གྱུར་པ་དང་། གཙང་སྦྲ་ཆུང་བ་ལ་སོགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བཟོད་པར་གསོལ་གྱིས། བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་པདྨ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ས་ཏྭ་ཏྭེ་ནོ་པ། ཏིཥྚ་དྲྀ་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ།ཨ་ནུ་རཀྟོ་མེ་བྷ་ཝ།སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ། ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན་སརྦ་ཐྭ་ག་ཏ། པདྨ་མཱ་མེ་མུཉྩ། པདྨ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱ། ཞེས་ཅི་ནུས་སམ་ལན་གསུམ་བརྗོད། ཀླུ་སྒྲུབ་དང་། ཙནྡྲ་གོ་མིའི་གཞུང་དུ་ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཞེས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཉིད་དུ་བསྟན་མོད། དེ་བླ་མ་གོང་མ་རྣམས་ཀྱིས་པདྨ་ས་ཏྭ་ཞེས་པདྨའི་རིགས་ཀྱི་ཡིག་བརྒྱར་མཛད་པ་ཡིན། དེས་ནི་གསང་སྔགས་གསར་འགྱུར་གྱི་རྒྱུད་གཞུང་དུ་གྲགས་ཆེ་བར་རྡོར་སེམས་དང་ཧེ་རུ་ཀའི་ཡིག་བརྒྱ་ལས་གཞན་མི་གསལ་ཡང་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཡི་དམ་རབ་འབྱམས་སུ་ཁ་བསྒྱུར་བའི་ཁུངས་བོད་སྔགས་རྙིང་མའི་རྒྱུད་དུ་གསལ་བཞིན་འདི་རིགས་དེའི་མན་ལ་བརྟེན་པར་ངེས་སོ། །

བཅུ་བཞི་པ་ཡི་གེ་དྲུག་པའི་སྒོ་ནས་གཟུངས་སྒྲུབ་ཁྲུས་ཆུའི་བྱིན་རླབས་ལན་པའི་དེ་ཉིད་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་རང་གཟུགས་འཕགས་པ་གཙོ་འཁོར་གསུམ་གྱི་རྣམ་པར་མདུན་གྱི་ནམ་མཁར་བྱོན་པ་གསུམ་ཀ་ཡང་ཞལ་གཅིག་ཕྱག་བཞི་པ་རིན་པོ་ཆེའི་རྒྱན་དུ་མས་བརྒྱད་པ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྲས་དང་བཙུན་མོའི་རྣམ་པ་ཅན། རྩ་ཕྱག་ཐལ་མོ་སྦྱར་བ། གཙོ་བོ་བཅོམ་ལྡན་འདས་ཡི་གེ་དྲུག་པ་སྐུ་མདོག་སྟོན་ཟླ་འབུམ་ལྟར་དཀར་བ། ནུ་མ་གཡོན་རི་དྭགས་ལྤགས་པས་བཀབ་པ། ཕྱག་འོག་མ་གཉིས་མུ་ཏིག་གི་འཕྲེང་བ་དང་། ཨུཏྤལ་དཀར་པོ་འཛིན་ཅིང་། པད་ཟླ་ལ་ཞབས་རྡོར་སྐྱིལ་གྱིས་བཞུགས་པ། གཡས་སུ་སྲས་ནོར་བུ་འཛིན་པ་སེར་པོ་ཕྱག་འོག་མ་གཡས་མཐེབ་སྲིན་བར་ཡིད་བཞིན་ནོར་བུ་དང་། གཡོན་རིན་ཆེན་ལྕུག་མ་བདུད་རྩིའི་འབྲས་བུ་འབབ་པ། གཡོན་དུ་ཡུམ་ཡི་གེ་དྲུག་མ་གཙོ་བོ་ཇི་བཞིན་ལ་ལྷ་མོའི་འཇོ་སྒེག་སྤྱན་གཉིས་ཀ་ཡང་གཙོ་བོར་འདུད་ཚུལ་པུས་མོ་ཕྱོགས་གཅིག་པད་ཟླའི་གདན་ལ་བཙུགས་ཏེ་གནས་པ། དེ་རྣམས་ཀྱི་ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བདག་སོགས་སེམས་ཅན་རྣམས་ཀྱི་སྤྱི་བོར་བབ་ལུས་ཕྱི་ནང་མེད་པ་ལན་གསུམ་དུ་བཀྲུས་པས་དང་པོས་ཉོན་མོངས་སྒྲིབ་དག གཉིས་པ་ཤེས་སྒྲིབ་དག གསུམ་པས་སྐྱེ་མེད་ཆོས་སྐུ་ཐོབ་པར་བསམ་ལ། དུང་ཞལ་གྱི་ཆུ་ལ་གཟུངས་བུམ་གྱི་ཆུ་ཐིག་བསྲེས་ཏེ་གདོང་དང་ཁ་ལན་གསུམ་དུ་བཀྲུས་ཤིང་ཡིག་དྲུག་བཟླས་ནས་བུམ་ཆུ་ལན་གསུམ་འཐུང་། དེ་ནས་གཙོ་བོ་ཡུམ་སྲས་རྣམས་རིམ་པར་རང་གི་སྤྱི་བོར་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་ཅིང་ཅུང་ཟད་མཉམ་པར་བཞག་པས་ཡེ་ཤེས་རྡོ་རྗེའི་ངོ་བོར་གྱུར། རྒྱལ་སྲས་ཐོགས་མེད་པའི་གཞུང་དུ་འདི་བཀོད་པར་མཛད་པ་རྩ་བའི་ཁུངས་ཇོ་བོ་རྗེའི་མན་ངག་དང་འབྲེལ་བར་སྣང་བས་དེ་དང་བསྟུན་ཏེ་ཅུང་ཟད་གསལ་བར་ཕྱེས་པ་ཡིན་ལ། བླ་མ་གཞན་ནས་གཙོ་རྐྱང་དང་ཕྱག་གཉིས་པར་མཛད་པ་སོགས་མི་འགལ་ཡང་། རྒྱལ་སྲས་པའི་རྗེས་སུ་འབྲང་ཕྱིན་དེའི་གཞུང་དང་མཐུན་པར་བྱས་ན་ལེགས་པར་སེམས་སོ། །

བཅོ་ལྔ་པ་བསྐྱེད་རིམ་གྱི་ཉེར་ལྡོག་འཇུག་ལྡང་གི་དེ་ཉིད་ནི། མདུན་བསྐྱེད་དཀྱིལ་འཁོར་ཚོམ་བུའི་ལྷ་ལ་དམིགས་ཏེ། ཐུགས་རྗེའི་ཕྱག་ན་པདྨོ་ཡིས། །ཡིད་ཀྱི་པདྨོ་ཁ་ཕྱེ་ནས། །རིན་པོ་ཆེ་ལྟར་གཤེགས་ནས་ཀྱང་། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུམ། །ཞེས་བརྗོད་པས་མདུན་བསྐྱེད་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་ལ་རྟེན་ཡོད་ན་དེ་ལ་བརྟེན་བཞུགས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ་ཉིན་ཕྱི་མའི་རྗེས་སུ་མཆོག་གི་སྐབས་ཡིན་ན་མེ་ཏོག་གམ། རྡུལ་མཚོན་གྱི་ཚོམ་བུ་བསྡུ་གཟུངས་སྒྲུབ་ཀྱི་བུམ་བུ་འཆད་འགྱུར་ལྟར་སྤྱོད་པར་བྱའོ། །དེ་ནས་བདག་བསྐྱེད་བསྡུ་བ་ནི། སྣང་སྲིད་དག་པའི་ཞིང་དང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་རིམ་པས་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡང་ཞལ་ཕྱག་གཞན་རྩ་བའི་ཞལ་ཕྱག་ལ་བསྡུས། དེ་ཡང་རང་གི་སྙིང་ཀའི་ཡེ་ཤེས་སེམས་དཔའ་དང་། དེ་ཏིང་ངེ་འཛིན་སེམས་དཔའ་ཧྲིཿཡིག་ལ་འདུས། ཧྲཱིཿཡང་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་དུ་གྱུར། ཐིག་ལེ་ཡང་ཇེ་ཕྲར་སྟོང་པའི་དབྱིངས་སུ་ཡལ་ཏེ་དམིགས་མེད་སྤྲོས་བྲལ་གྱི་ངང་ལ་ཅི་གནས་སུ་མཉམ་པར་བཞག དེ་ལས་ལྡང་ཚེ་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སྒྱུ་མ་ལྟར་སྣང་ཞིང་སྤྱོད་ལམ་ཀུན་ལྷ་སྔགས་སྙིང་རྗེའི་རྣལ་འབྱོར་དང་མི་འབྲལ་བར་བྱའོ། །

བཅུ་དྲུག་པ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང་བཀྲ་ཤིས་མཐའ་རྒྱས་ཀྱི་དེ་ཉིད་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། འདི་ལྟར་བདག་གིས་གསོ་སྦྱོངས་ཀྱི་ཚུལ་ཁྲིམས་བསླབ་ཅིང་བསྒོམ་བཟླས་བགྱིས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་གཟི་བརྗིད་འོད་དཔག་མེད་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དགེ་བ་འདིའི་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་དགེ་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེར་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤི་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས། །དགེ་བ་ཅུད་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡིས། །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཕྱིར། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་རྒྱུད་རྣམས་མ་ལུས་སྟོང་པར་ཤོག །ཅེས་དགེ་བ་བྱང་ཆུབ་ཏུ་བསྔོས།

བསྡུ་ན་ཚིགས་བཅད་ཐོག་མ་གསུམ་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དང་། བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡིས་སོགས་ཚིགས་བཅད་གཉིས་ཙམ་གྱིས་ཆོག་ལ། རྒྱས་པར་ནི་བསྔོ་སྨོན་གཞན་ཡང་བརྗོད་དོ། །དེ་ནས་བཀྲ་ཤིས་པའི་མེ་ཏོག་གི་སྣོད་མདུན་དུ་བཀྲམ་ཤིང་སྙིམ་པར་བཟུང་ལ། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བདག་ཅག་རྣམས་དང་ཡོན་གྱི་བདག་པོ་འཁོར་དང་བཅས་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག ཅེས་སྦྱོར་དངོས་ཀྱི་ཆོ་གའི་ཐུན་བར་རྣམས་སུ་བཀྲ་ཤིས་བརྗོད་པའི་ཚིག་དེ་ཙམ་བདེ་ལ། རྗེས་གཏང་རག་ཆོ་ག་དང་འབྲེལ་བའི་སྐབས་སུ་ནི་གྲགས་ཆེ་ཞིང་། ཁུངས་དང་ལྡན་པའི་བཀྲ་ཤིས་ཀྱི་ཚིགས་གཞན་ཡང་ཅི་ཙམ་མང་བཞིན་ལེགས་པས་རྒྱས་པར་བྱའོ། །དེ་ནས་མཆོད་གཏོར་རྣམས་ཕྱོགས་གཙང་མའི་གནས་སུ་བཏང་། ཡང་ལོངས་སྤྱོད་པར་འདོད་ཚེ་སྔགས་ཀྱི་བྱིན་གྱིས་རླབས་པར་བྱ་སྟེ། སྔགས་ནི་ཨོཾ་དེ་བྱ་ཨེནྣ་ས་མ་དྷི་དྷྱ་ན་པྲ་ཎ་ནེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་སྔགས་ནས་སྤྱད་པས་དངོས་གྲུབ་ཀྱི་རྫས་སུ་འགྱུར་བར་གསུང་པས་དེ་ལྟར་གཅེས་སོ། །

གོང་དུ་གཟུངས་ཀྱིས་བསྒྲུབ་པའི་བུམ་ཆུ་དེ་ནི་བྱིན་རླབས་ནུས་མཐུ་མཆོག་ཏུ་ཆེ་བ་ཡིན་པས་གཙང་སྦྲ་ཆེན་པོ་བྱས་ཏེ། སྐྱེ་བོའི་རྒྱུ་འགྲུལ་དབེན་པའི་རི་མཐོན་པོའི་རྩེ་མོ་དང་། ཡང་མང་དུ་རྒྱུ་བའི་ལ་ཆེན་རྩེ་འམ་འདུས་མདོར་གཙང་ཤིང་མཐོ་བའི་སྟེགས་བུའི་ཁར་རྡེའུ་དཀར་བཟང་པོ་སྤུངས་པའི་སྙིང་པོར་རྡུལ་ཚོན་ལྷ་མཚན་ཚོམ་བུ་མ་གོད་བླུགས་གཟུངས་སྔགས་བཟླས་ནས་བུམ་པའི་ཆུ་བྲན་ལ་ཆོ་ག་བཞིན་ཐུགས་རྗེ་ཆེན་པོར་བསྒོམ་ནས་བརྟན་བཞུགས་ཤིས་བརྗོད་བྱས་པས། རི་མཐོང་བ་དང་། ལམ་དེར་རྒྱུ་བ་དང་། རྫི་རླུང་ཕོག་པ་ཀུན་ངན་སོང་ལས་གྲོལ་བ་སོགས་དགོས་པ་ཕན་ཡོན་ཆེན་པོ་དང་ལྡན་པར་གསུངས་སོ། །ཡང་མི་མ་ཡིན་དཀར་པོའི་ཕྱོགས་ལ་དགའ་བའི་རྟེན་གནས་སུ་གོང་བཞིན་རྡེའུ་དཀར་པོའི་བཅས་སམ། མེད་ཀྱང་རུང་ལ་གཟུངས་བསྒྲུབ་ཀྱི་ཆུ་གཟུངས་སྔགས་བཟླས་ཤིང་སྨོན་ལམ་བཟང་པོ་བཀྲ་ཤིས་ཀྱིས་འཐོར་བའམ། ཡང་མི་མ་ཡིན་དེ་ལ་དམིགས་བཀྲུ་བྱབ་ཀྱི་ཆོ་ག་ཇི་བཞིན་བྱས་པས་དེར་གནས་ཀྱི་དུཿཁ་ཞི་ཞིང་མཐུ་སྟོབས་རྒྱས་ནས་ཡུལ་ཕྱོགས་དེ་དགེ་ཞིང་ཤིས་པར་འགྱུར་བ་དང་། མི་མ་ཡིན་དྲག་ཤུལ་རྩུབ་འགྱུར་ཅན་གྱི་གནས་སུ་ཡང་དེ་བཞིན་བྱས་པས་གདུག་རྩུབ་ཆུང་ཞིང་ཞི་བ་བྱང་ཆུབ་སེམས་སྐྱེ་བར་ཤེས་སོ། །ཡང་ཀླུ་གཏོར་བཏང་བ་དང་ཀླུ་གཏའ་བསྡམས་པ་དང་། ཆར་འབེབས་པ་དང་། ད་ལྟར་གཏེར་བུམ་འཇུག་པར་གྲགས་པ་རྣམས་ལ་ནི་འདི་ཡི་གཟུངས་བསྒྲུབ་ཀྱི་ཆུ་ལག་ལེན་མ་ནོར་བར་སྤྱད་ན་འབྲེལ་ཞིང་ཆེས་འཇུག་པས་མཆོག་ཏུ་ཤིས་པ་ཡིན་ནོ། །གཞན་ཡང་ནགས་ཚལ་འཐུག་པོའམ་ཤིང་རྐང་གཅིག་དང་རྫོང་བུའམ་ཡུར་ཀ་དང་། ཞིང་ས་དང་ཁང་ཁྱིམ་སོགས་སུ་བུམ་ཆུ་འཐོར་བས་དེར་གནས་འགྲོ་བ་ལ་ཕན་ཅིང་བཀྲ་ཤིས་པར་འགྱུར་རོ། །

ལྷག་ཏུ་ཆུ་ཀླུང་ཆེན་པོར་བླུགས་ན་སེམས་ཅན་མང་པོར་སྨན་ཅིང་དེ་ཡང་ཡི་དྭགས་ཆུ་སྦྱིན་གྱི་ཆུ་ལ་བསྲེས་ནས་བཏང་བས་ཆུ་སྦྱིན་ཕལ་ལས་ཕན་ཡོན་འབུམ་འགྱུར་དུ་ཆེ་བ་ཡི་གོང་མ་རྣམས་དམིགས་བསལ་སྐབས་སུ་བབ་ཚེ་གཙོ་བོར་སྤྱོད་ལ་འདི་ནི་རྟག་ཏུ་ལག་ལེན་དུ་བཏབ་པར་བྱ་སྟེ། དེས་ནི་ཆུ་དེ་མྱོངས་པའི་ཡི་དྭགས་རྣམས་ལས་ཟད་དེ་དག་པའི་གནས་སུ་སྐྱེ་བ་དང་སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར་བ་ཡི་བྱེད་པ་པོ་རྣམས་ནད་མེད་པ་འབྱོར་པ་རྒྱས་པ་འཆི་བ་བསླུས་ཏེ་ཚེ་རིང་པོར་གནས་ཤིང་ནམ་ཞིག་དུས་ཀྱི་འཆི་བའི་ཚེ་བཟང་པོའི་གནས་སུ་འཇུག་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ན་བདེ་བ་ཅན་དུ་ངེས་པར་སྐྱེ་བ་སོགས་ཕན་ཡོན་ཚད་མེད་པ་ཡོད་དོ། །ཁྱད་པར་མིའམ་བྱོལ་སོང་སོགས་གང་ཡང་རུང་བ་དུས་མཐར་གྱུར་པའི་ཕུང་པོ་གོང་བུར་གནས་པའམ། དུར་ཁྲོད་དུ་རུས་པའམ་སྐྲ་དང་དྲི་མ་སོགས་ལ་གཟུངས་སྔགས་བཟླས་ཤིང་བུམ་ཆུའི་འཐོར་བས་ངན་འགྲོའི་འཇིགས་པ་ལས་ངེས་པར་སྐྱབས་པ་དང་། ཚེ་དང་ལྡན་པ་ནད་གདོན་གྱིས་ཟིན་པ་ལ་ཡང་གཟུངས་ཆུས་བཀྲུ་བྱབ་བསྲུང་བ་དང་། བུམ་ཆུ་རིང་དུ་བརྟེན་པས་དུཿཁ་ལས་གྲོལ་བར་ངེས་སོ། །མདོར་ན་གཟུངས་བསྒྲུབ་ཀྱི་ཆུ་ལ་གཟུངས་སྔགས་ཀྱི་ཕན་ཡོན་ཇི་སྙེད་བཤད་པ་ཡི་ནུས་པ་ཆ་མཐུན་ཡོད་པས་དེས་ན་རང་གཞན་གྱི་འཇམས་དེས་གཙང་མའི་སྒོ་ནས་ཁྲུས་བྱ་བ་དང་ཁོང་དུ་བཏུང་བ་སོགས་ཉེ་བར་སྤྱོད་པས་སྡོམ་པ་གསུམ་གྱི་ཕམ་ལྟུང་དང་མཚམས་མེད་པའི་ལས་ལ་སྤྱད་པ་སོགས་ཚེ་རབས་བརྒྱ་སྟོང་དུ་མར་བསགས་པའི་སྡིག་པ་རྣམས་ངེས་པར་དག་པ་དང་ཡང་བ་དང་། ཆེས་སྲབ་པར་འགྱུར་བས་འགྲོ་བའི་དོན་ལ་ཅི་ནུས་སུ་སྤྱོད་པར་བྱའོ། །

དེ་ཡང་བསྙུང་གནས་ཀྱི་ཆོ་ག་དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་སྒྲུབས་ཐབས་བོད་དུ་མཛད་པ་རྒྱལ་སྲས་ཐོགས་མེད་ཀྱ་ཡི་གེ་གཙོ་བོར་སྣང་ལ། དེ་རྗེས་སྔ་ཕྱིར་གྲུབ་མཐའ་ཐ་དད་ཀྱི་དགེ་བའི་བཤེས་གཉེན་དུ་མས་བརྩམས་པ་ཤིན་ཏུ་མང་མོད། རྒྱལ་སྲས་ཐོགས་མེད་སོགས་དམ་པ་སྔ་མ་རྣམས་ཀྱི་བུམ་ཆུའི་ཁྲུས་བྱེད་པ་ཙམ་ལས། གཞན་མ་བསྟན་པ་ནི་དེ་སྐབས་རིགས་མཐུན་གྱི་རྒྱུད་ཤེས་པ་མང་ཞིང་ལག་ལེན་མཐོང་རྒྱུད་ཀྱི་རྟོགས་སླ་བ་ལ་དགོངས་ཏེ་ལྷོད་ཡོངས་སུ་བཞག་པར་སྣང་བས། འདིར་ཡང་བརྗོད་བྱ་ཚིག་ཚོགས་མང་པོས་ཡི་གེ་གཞན་བསླད་ཀྱི་དོགས་སྙིང་ནས་བྲི་དཀའ་བ་བྱུང་རུང་ཕྱི་མ་ད་ལྟའི་དུས་སུ་བསྙུང་གནས་མཁན་རྣམས་ཀྱི་གཟུངས་བསྒྲུབ་ཀྱི་ཆུའི་འགྲོ་དོན་བྱེད་ཚུལ་ཡིད་རྟོག་ཙམ་ཡང་མི་བྱེད་པ་མང་བས་དེས་ན་གཞན་ལ་ཕན་པའི་ལྷག་བསམ་ཁོ་ནས་རྒྱུད་དོན་བླ་མའི་མན་ངག་རིག་པས་ཁོ་བོས་ཕྱོགས་ཆ་ཙམ་ཞིང་སྣང་བར་བྱས་པ་སྟེ་ཕྱིན་ཆད་གསལ་བར་གྱུར་པ་ཀུན་ཡི་གེ་འདིའི་མཐུ་རུ་ལྟ་བར་བྱོས་ཤིག དེ་ལྟར་གསོ་སྦྱོངས་བསྙུང་བར་གནས་པའི་ཆོ་ག་འདི་ལ་ནི་སྦྱོར་དངོས་རྗེས་གསུམ་ཚང་བར་བྱ་དགོས་ཏེ། དེས་ནི་ས་ག་ཟླ་བའི་དུས་ཆེན་ལྟ་བུ་ལ་མཚོན་ན། ཚེས་བཅུ་གཅིག་ལ་སྦྱོར་བ་བཅོ་ལྔ་ལ་དངོས་གཞི། བཅུ་དྲུག་གི་སྔ་ཆར་རྗེས་ཆོག་སྟེ། དང་པོ་སྦྱོར་བའི་ཉིན་ཉི་མ་མ་ཤར་གོང་དུ་ཁྲུས་དང་སྡོམ་པ་བླང་ཟིན་པར་བྱས་ནས་ཆོ་ག་ལ་འཇུག ཉིན་ཕྱེད་མ་ཡོལ་ཡན་ལ་ཁ་ཟས་བླང་བྱ་འབྲས་གྲོ་ནས་གསུམ་གང་ཡང་རུང་བའི་བཤོས་དང་།

དཀར་མངར་ཡང་རུང་སྟེ་ཕུད་འཕགས་པ་ལ་མཆོད་ཅིང་འཕྲོག་མ་མ་བུ་ལ་ཡང་བྱིན་ནས་རན་པར་གདན་གཅིག་ཏུ་སྤྱོད། ཁ་ཟས་མི་འོས་པ་ནི་ཤ་ཁྲག་སྒོག་ཙོང་གི་རིགས་དང་ལ་ཕུག་སྲན་མ་ཏིལ་རྣམས་སྤངས། སྐོམ་ཡང་བག་མེད་མ་ཡིན་པར་རུང་མཐུན་དུ་སྤྱད། དངོས་གཞིའི་ཉིན་ཐོ་རངས་སམ་ནམ་ལངས་ནས་ཁྲུས་དང་གསོ་སྦྱོངས་བླངས་ནས་ལུས་བསྙུང་བར་གནས་པས་ཟས་སྐོམ་འབྲུ་གཅིག་གམ་ཆུ་ཐིགས་ཙམ་ཡང་ངེས་པར་སྤངས་དགོས་ལ། མཆིལ་མ་ཡང་མི་མིད་པར་བླ་མ་གོང་མ་འགའ་ཞིག་གིས་གསུང་བ་ནུས་ན་དེ་ཡང་ཤིན་ཏུ་བཟང་། ངག་སྨྲ་བ་བཅད་དེ་ཆོ་ག་ཡང་ཡིད་ཀྱི་དང་གཟུངས་བཟླས་ཡང་ཡིད་ཀྱིས་བྱེད་པར་བླ་མ་བྱང་ཆུབ་སེམས་དཔའ་ཡབ་སྲས་རྣམས་ཀྱིས་བཞེད། དེ་ཡང་དོན་ཞགས་ཕྱིན་དྲུག་གི་ཚུལ་ཁྲིམས་དག་པའི་གཟུངས་བསྟན་པའི་མཐར་གཟུངས་འདི་བསྙུང་བར་བྱས་ཏེ་གསོ་སྦྱོངས་ཡན་ལག་བརྒྱད་པ་བཟུང་ནས་མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱའོ་ཞེས་གསུངས་པའི་དོན་དང་། རྒྱུད་སྡེ་སྤྱིར་འཇུག་པས་ལེགས་ཀྱང་ཤེར་བརྩོན་དམན་པས་ཡིད་བཟླས་སྐབས་གཟུངས་ལྷག་ཆད་དུ་གྱུར་ན་མི་རུང་བས་ལྷག་ཆད་སྤངས་ཏེ་སྐད་ཤུབ་བུས་དག་པར་བཟླས་ན་ལེགས་པར་སེམས་སོ། །དེ་ཡང་རྒྱུད་ཆུང་འགྱུར་དག་པར། ཚིག་གཞན་མི་བརྗོད་པར་བཟླས་ཞེས་གསུངས་པ་དང་། ཚུལ་ཁྲིམས་ཀྱི་གཟུངས་གོང་གི་ཚིག་གི་འཕྲོས་སུ། དེ་ནས་དོན་ཡོད་ཞགས་པའི་སྙིང་པོ་བཟླས་བརྗོད་བྱའོ་ཞེས་འབྱུང་བས་ཀྱང་སྤྱི་དང་མཐུན་ཅིང་མི་འགལ་བ་ཡིན་ནོ། །གང་ལྟར་སྡོམ་པ་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་བླ་མ་དང་སངས་རྒྱས་ལ་མཆོག་ཏུ་གུས་ཤིང་སེམས་ཅན་ལ་བྱམས་སྙིང་རྗེ་དང་ལྡན་པར་བྱས་ཤིང་ལྷའི་སྣང་བ་དང་གཟུངས་སྔགས་ཀྱི་སྒྲ་ལ་སེམས་མ་ཡེངས་པར་བཞག་པ་རྣམས་ཤིན་ཏུ་གལ་ཆེ་བ་ཉིད་དོ། །ཉིན་ཕྱི་མ་གཏང་རག་གི་གསོ་སྦྱོངས་ཀྱི་སྡོམ་པ་བླངས་བ་བཞག་སྟེ་ཆོ་ག་གཞན་ཚར་གཅིག་བཏང་ནས་སྤྱོད་ལམ་ལ་འཇུག་པར་བྱ་སྟེ། ཁྱིམ་པ་ཡིན་ཡང་ཉི་མ་དེར་འཇམས་དེས་གཙང་མའི་སྤྱོད་པ་ལ་གནས་པར་བྱའོ། །

དེ་ལྟར་བསྙུང་བར་གནས་པའི་ཆོ་ག་དེ་ཉིད་བཅུ་དྲུག་གི་སྒོ་ནས་སྦྱོར་དངོས་རྗེས་ཚང་ལན་བདུན་བར་མ་ཆད་པར་བླང་བས་བསྒྲུབ་པའི་བསྙེན་པར་གྱུར་ཏེ་གཟུངས་ཀྱི་ལས་ཚོགས་རྣམས་བསྒྲུབ་པ་ལ་དབང་བ་དོན་ཞགས་མཆིམས་འགྲེལ་དུ་བཤད་ཅིང་གཞན་ལ་བསྙུང་གནས་ཀྱི་སྡོམ་པ་འབོག་པར་ཡང་སྔོན་དུ་བསྙེན་པ་དེ་ལྟར་ཐེམ་དགོས་ཞེས་བླ་མ་གོང་མ་རྣམས་ཀྱིས་གསུང་གི་རྒྱུན་ལས་སོ། །ཐུགས་རྗེ་ཆེན་པོའི་བསྒྲུབ་པ་གསོ་སྦྱོངས་དང་འབྲེལ་བ་འདིའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་སྔགས་ཕྱི་རྒྱུད་སྤྱི་དང་བྱེ་བྲག་པ་ལས་རྟོགས་པར་བྱའོ། །དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཞེས། །མཚན་ཙམ་ལན་ཅིག་ཐོས་པ་ཁོ་ནས་ཀྱང་། །ཕྱིར་མི་ལྡོག་པའི་ས་ལ་ཉེར་འགོད་པར། །རྒྱལ་བ་སྲས་བཅས་ཀུན་གྱི་མགྲིན་གཅིག་བསྔགས། །དེས་ན་འདི་ཡི་སྒྲུབ་ཐབས་གཟུངས་སྔགས་དང་། །འཕྲད་པའི་དལ་འབྱོར་རིན་ཆེན་རྙེད་དཀའ་འདི། །ཐོབ་དུས་དེ་ཡི་སྙིང་པོ་ལེན་པའི་ཕྱིར། །ཚུལ་འདིར་སྒོ་གསུམ་འབད་པས་ཅིས་མི་བསྙེན། །སྲིད་ཞི་ལས་འདས་བྱང་ཆུབ་སྙིང་པོ་དངོས། །འདིས་འགྲུབ་རྒྱལ་བས་ཡང་ནས་ཡང་བསྔགས་ན། །ཞི་འབྲས་ཙམ་དང་གནས་སྐབས་མཐོ་རིས་ཀྱི། །མངོན་མཐོའི་དབང་ཕྱུག་འགྲུབ་པར་སྨོས་ཅི་འཚལ། །དེས་ན་ཚེགས་ཆུང་དོན་ཆེ་དོན་བཟང་པོ། །འདུལ་མདོ་སྔགས་བཅས་ཐུན་མོང་ངོ་མཚར་ཆོས། །དེ་ལ་གུས་པས་བདག་གིས་འབད་སྨྲས་པའི། །དགེ་བས་འགྲོ་ཀུན་སྤྱན་རས་གཟིགས་ཐོབ་ཤོག །

ཅེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྒྲུབ་ཐུབས་གསོ་སྦྱོང་དང་འབྲེལ་བ་འདི་ནི་རིང་མོ་ཉིད་ནས་ངུར་སྨྲིག་འཛིན་པ་དགེ་བའི་བཤེས་གྱུར་དུ་མས་ཡང་ཡང་བསྐུལ་ཞིང་། ཁྱིམ་སྤྱོད་བྱང་ཆུབ་སེམས་དཔའི་རིགས་ཅན་མང་པོས་ཀྱང་སྔར་ཕྱིར་ཡང་ནས་ཡང་དུ་གསོལ་བ་བཏབ་པའི་ངོར་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ཕྱག་ལེན་གསལ་བར་བོད་ཡུལ་གྱི་ལྗོངས་ཝཾ་ལེ་བདེ་ཆེན་གྱི་གཙུག་ལག་ཁང་གི་རྟེན་གཙོ་ལྷ་བཙུན་ན་ག་ར་ཛའི་ཐུགས་དམ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྐུ་བརྙན་དཔལ་ཇོ་བོ་རྗེས་རབ་ཏུ་གནས་པའི་ལེགས་པར་མཛད་པའི་དྲུང་དུ་དཔལ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཆུ་རྒྱུན་ཆད་པ་མེད་པའི་དཔལ་གྱིས་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་དཔྱིད་ར་དབོ་ཟླའི་ཚེས་བཅོ་ལྔར་དབུ་བརྩམས་སྟེ་དམར་ཕྱོགས་ཀྱི་ཚེས་བཅུའི་སྔ་ཐུན་དང་པོར་གྲུབ་པར་སྦྱར་བའི་ཡི་གེ་པ་དགེ་སློང་ཤེས་རབ་བསྟན་འཛིན་ནོ། །དགེའོ། །དགེའོ། །

སྤྱན་རས་གཟིགས་དབང་སེང་གེ་སྒྲའི་སྒྲུབ་ཐབས་རྒྱུན་ཁྱེར།

༄༅། །སྤྱན་རས་གཟིགས་དབང་སེང་གེ་སྒྲའི་སྒྲུབ་ཐབས་རྒྱུན་ཁྱེར་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ནི། །སྤྱན་རས་གཟིགས་ཞེས་མཚན་ཙམ་ཐོས་པས་ཀྱང་། །དུཿཁ་ཀུན་སེལ་སེང་གེ་སྒྲར་བཏུད་ནས། །དེ་ཡི་སྒྲུབ་ཐུབས་རྒྱུན་ཁྱེར་འདིར་བཤད་བྱ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཨོཾ་སྭཱ་བྷཱ་ཝ་ཤུདྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པད་ཟླའི་དཀྱིལ་འཁོར་ལ། །གསེར་གྱི་དྲ་བས་གཡོགས་པའི་སེང་གེའི་སྟེང་། །རང་རིག་ཧྲཱིཿལས་འཕགས་པ་སེང་གེ་སྒྲ། །དཀར་པོ་ཞི་འཛུམ་སེམས་པའི་སྐྱིལ་ཀྲུང་ཅན། །ཚངས་སྐུད་རི་དྭགས་པགས་པས་ཕྲག་གཡོན་བཀབས། །འོད་དཔག་མེད་པ་གཙོ་བོར་གྱུར་པ་ཡིས། །རིགས་ལྔས་དབུ་བརྒྱན་རལ་པ་ཐོར་ཅོག་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་གདན་ལ་བསྟེན། །གཡོན་གྱི་སྙན་ཐད་པད་དཀར་རལ་གྲིའི་མཚན། །གཡས་སུ་ཏྲི་ཤུལ་རྒྱལ་རིགས་སྦྲུལ་དཀར་དཀྲིས། །གཡོན་དུ་པདྨར་ཐོད་པ་མེ་ཏོག་བཀང་། །བདག་ཉིད་འཕགས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་བཀུགས། །དམ་ཡེ་དབྱེར་མེད་རང་དང་གཅིག་ཏུ་གྱུར། །སྙིང་ཀར་ཟླ་སྟེང་ཧྲཱིཿཡིག་དཀར་པོའི་མཐར། །སྔགས་འཕྲེང་འཁོར་བས་འགྲོ་བའི་སྡིག་སྒྲིབ་སྦྱངས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས། །བདག་གཞན་འཕགས་པའི་ས་ལ་འཁོད་པར་བསམ། །ཨོཾ་ཨཱཿཧྲཱིཿསིངྷ་ནཱ་ད་ཧཱུྃ་ཕཊ།ཞེས་ཅི་ནུས་བཟླས། །ཐུན་མཚམས་སུ་ལྷ་སྐུ་མི་དམིགས་པར་བཞག་ཅིང་དགེ་བ་རྫོགས་བྱང་དུ་བསྔོ། སྤྱན་རས་གཟིགས་དབང་སེང་གེ་སྒྲའི་སྒྲུབ་ཐབས། །བྱིན་རླབས་རྒྱུན་ལྡན་ཚིག་ཉུང་དོན་གསལ་བ། །བརྗོད་འདི་དགེ་བས་འགྲོ་ཀུན་སྡུག་བསྔལ་ལས། །ཡོངས་གྲོལ་འཕགས་མཆོག་གོ་འཕང་མྱུར་ཐོབ་ཤོག །

ཞེས་པ་ཡང་དོན་དུ་གཉེར་བ་རྣམས་ཀྱི་ངོར། རིག་པ་འཛིན་པ་ཚེ་དབང་ནོར་བུས་བལ་ཡུལ་ཀཱ་ཎའི་ངོགས་མཆོད་རྟེན་ལྔ་བསྒྲིགས་སུ་ཆུ་སྤྲེལ་ནག་ཟླའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་བཀོད་པའོ། །སརྦ་མངྒ་ལཾ།

འཕགས་མཆོག་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་གཞན་ཕན་ཐུགས་རྗེའི་འཁོར་ལོ།

༄༅། །འཕགས་མཆོག་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་གཞན་ཕན་ཐུགས་རྗེའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ཀུན་ཁྱབ་འོད་ཟེར་རབ་འབར་རྒྱལ་བའི་གཙོ། །ཀུན་ཏུ་འཇིག་རྟེན་མགོན་དེར་ཕྱག་བྱས་ནས། །གང་གི་སྒྲུབ་ཐུབས་སྙིང་པོ་ཁྱེར་བདེ་བ། །གཞན་ལ་ཕན་པའི་སླད་དུ་འདིར་སྡེབ་བྱ། །ཀྱེ་ཧོ་དལ་འབྱོར་རིན་ཆེན་རྙེད་དཀའ་ཞིང་། །ནམ་འཆི་ཆ་མེད་མི་རྟག་ཚུལ་ལ་སེམས། །ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་དང་། །ཐར་བའི་ཕན་ཡོན་བསམ་བཞིན་ཆོས་བསྒྲུབ་འཚལ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དལ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དང་། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བདག་གཙུག་འཇིག་རྟེན་མགོན་པོ་རྡོ་རྗེ་སེམས། །སྔགས་འཁོར་བདུད་རྩིའི་བདག་གཞན་སྡིག་སྒྲིབ་སྦྱངས། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛཿདྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མཱུཉྩ་བཛྲཱི་བྷ་ཝ། མ་ཧཱ་ཡ་མ་ཡ་སཏྭ་ཨཱཿ མཐར་ནི་རྡོར་སེམས་རང་ལ་གཉིས་མེད་ཐིམ། །སྒོ་གསུམ་གཅིག་འདྲེས་རང་རིག་ངོ་བོར་ཨ། །མདུན་གྱི་མཁའ་ལ་བླ་མ་སྤྱན་རས་གཟིགས། །དཀོན་མཆོག་རྩ་གསུམ་ཀུན་འདུས་ངོ་བོ་ཉིད། །དེ་ལ་བདག་ལུས་ཚེ་བསོད་འབྱོར་ཀུན་ཕུལ། །སྙིང་ནས་མོས་གུས་དྲག་པོས་གསོལ་བ་འདེབས། །བླ་མའི་གནས་བཞིར་ཡིག་འབྲུ་རྡོ་རྗེ་བཞི། །ཨོཾ་ཨཱཿཧཱུྃ་ཧྲིཿདཀར་དམར་མཐིང་ལྗང་ལ། །ཡིག་དྲུག་གིས་བསྐོར་བདག་གི་གནས་བཞིར་ཐིམ། །དབང་བཞིའི་སྦྱངས་སྨིན་འབྲས་བུ་ཡོངས་སུ་རྫོགས། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ། །མཐར་ནི་བླ་མ་རང་གི་སྤྱི་བོ་ནས། །སྙིང་གི་དབུས་བྱོན་དབྱེར་མེད་གཅིག་ཏུ་གྱུར། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། འདི་ལྟར་གཉིས་བསྡུས་ཆོས་ཀུན་སྟོང་པ་ཡི། །སྟོང་ཉིད་སྤྲོས་བྲལ་ཆོས་དབྱིངས་ཆོས་ཀྱི་སྐུ། །དེ་དོན་མ་རྟོགས་འགྲོ་ལ་སྙིང་རྗེ་ཡི། །རང་གཟུགས་ཟླ་བ་རྒྱས་པའི་རྣམ་པར་ཤར། །དེ་སྟེང་གསུང་གི་རྡོ་རྗེ་ཡི་གེ་ཧྲིཿ །བདེ་ཆེན་པདྨ་དཀར་པོའི་སྙིང་པོར་མཚན། །འོད་འཕྲོས་ཁམས་གསུམ་སྒོ་གསུམ་སྒྲིབ་ཀུན་སྦྱངས། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་འདུས། །ཡོངས་གྱུར་དཔལ་ལྡན་འཇིག་རྟེན་མགོན་པོ་ནི། །རབ་དཀར་སྟོན་ཟླ་བྱེ་བའི་མདངས་འཕྲོག་ཅིང་། །འོད་ཟེར་བྱེ་བ་དགུ་ཁྲི་འཕྲོ་བའི་སྐུ། །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་རྡོ་རྗེའི་གདན། །པད་ཟླ་ལ་བཞུགས་ཟླ་བའི་རྒྱལ་ཡོལ་ཅན། །མཚན་དཔེ་ཡོངས་རྫོགས་དར་དང་རིན་ཆེན་བརྒྱན། །ཕྲག་གཡོན་ཀྲྀཥྞ་ས་རའི་ལྤགས་པས་བཀབ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བདུད་རྩིས་ཚིམས། །སྙན་ཐད་རབ་རྒྱས་པད་དཀར་འདབ་བརྒྱའི་རྩ། །ཐུགས་ཀར་གཡོན་པའི་མཐེབ་སྲིན་དབུས་སུ་འཛིན། །བ་སྤུའི་བུ་ག་རེ་རེར་རྒྱལ་བའི་ཞིང་། །ཚད་མེད་རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས། །ཨོཾ་མ་ཎི་པདྨེ་ཧཱུྃ།

འཕགས་པའི་རལ་པའི་ཐོར་ཚུགས་ངོས་རིགས་བདག །སངས་རྒྱས་ཚེ་དང་ཡེ་ཤེས་འོད་དཔག་མེད། །དམར་གསལ་རབ་མཛེས་མཆོག་གི་སྤྲུལ་སྐུའི་ཆས། །ཆོས་གོས་གསུམ་གསོལ་མཚན་དཔེ་མཆོག་ཏུ་འབར། །རྡོར་སྐྱིལ་མཉམ་བཞག་ཚེ་ཡི་བུམ་པ་འཛིན། །འོད་ཟེར་མཁའ་ཁྱབ་གཙུག་ཏོར་ལྟར་མི་མངོན། །ཨོཾ་ཨ་མྲྀ་ཏ་པྲ་བྷ་ཨ་མྲྀ་ཏ་ཧཱུྃ། འཕགས་གཡོན་རང་མདངས་ཁྲོ་རྒྱལ་རྟ་མགྲིན་དམར། །ཁྲོ་ཆས་སྤྱི་གཙུག་རྟ་མགོ་ལྗང་ཁུ་འཚེར། །ཕྱག་གཡས་གཙོར་འདུད་གཡོན་པས་བེ་ཅོན་དཀར། །གཙོ་དང་དབྱེར་མེད་ཉི་དང་འོད་ལྟར་གསལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧ་ཡ་གྲི་ཝཱ་ཡ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཏདྱཱ་ཐ། ཨོཾ་ཧྲིཿཀུ་ལུ་མུ་ལུ་ནཱི་ལ་ཀཎྛ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། མཱ་ར་ཡ། མཱ་ར་ཡ། ཧ་ཧ་ཧ་ཧ། བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲཱིཿཧཱུྃ་ཕཊ། འཕགས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་འཕྲོས་མཁའ་ཁྱབ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཡི་ཚོགས། །སྐད་ཅིག་མདུན་གྱི་མཁའ་ལ་སྤྱན་དྲངས་ཤིང་། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཡོངས་མཆོད་ནས། །ཛཿཧཱུྃ་བཾ་ཧོཿས་བདག་ལ་གཉིས་མེད་ཞུགས། །སླར་ཡང་འོད་འཕྲོས་རྩ་རྒྱུད་བླ་མའི་ཚོགས། །སྤྱན་དྲངས་མཆོད་བྱས་འོད་དཔག་མེད་པར་ཐིམ། །སྙིང་དབུས་ཟླ་སྟེང་ཧྲཱིཿམཐར་ཡི་གེ་དྲུག །ལུང་རྟོགས་ཆོས་ཀུན་འདུས་པའི་ངོ་བོར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། བདག་ཉིད་རང་མདངས་ཁྲོ་བཅས་རིགས་བདག་གི །ཡིག་དྲུག་བཟླས་པས་བླ་མ་ཡི་དམ་ལྷ། །དེ་བཞིན་ལུས་ཀྱི་སྲིན་བུ་བ་སྤུ་སྐྲ། །རྩ་རླུང་ཐིག་ལེ་ཀུན་ལས་ཡིག་དྲུག་ལྡིར། །ཕྱི་ཡི་འབྱུང་བ་ས་ཆུ་མེ་རླུང་རྡུལ། །སེམས་ཅན་རིགས་དྲུག་ཁམས་གསུམ་མ་ལུས་པ། །ནམ་མཁའི་ཁམས་གང་སངས་རྒྱས་བྱང་སེམས་ཀྱང་། །བདག་དང་ལྷན་ཅིག་ཡིག་དྲུག་བཟླས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐུན་མཐར་བདག་གི་སྙིང་ཁའི་འོད་ཟེར་གྱིས། །སྣོད་སྣང་ཞིང་ཁམས་བཅུད་ཀྱི་སེམས་ཅན་ཀུན། །འཕགས་པའི་སྐུར་གྱུར་དེ་ཡང་རང་ལ་ཐིམ། །ཁྲོ་བོ་ཆེ་ཡང་བདག་གི་ལུས་ལ་ཞུགས། །མཁའ་ཁྱབ་རྒྱལ་རྣམས་སྤྱི་བོའི་བླ་མར་འདུས། །དེ་ཡང་གཙུག་ནས་སྙིང་གའི་ཧྲཱིཿལ་ཐིམ། །རང་ལུས་ཟླ་བ་ཡིག་དྲུག་ཧྲཱིཿཐིག་ལེར། །ཐིམ་ཡལ་སྤྲོས་བྲལ་ཡེ་ཤེས་ངང་དུ་བཞག །ཨོཾ་མ་ཎི་པདྨེ་ཧཱུཾ། སླར་ཡང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲས། །སྟོང་ངང་ལྷ་སྐུ་སྒྱུ་མ་ལྟ་བུར་ཤར། །དེ་ལྟར་བསྐྱེད་བཟླས་རྫོགས་བསྒོམ་དགེ་བའི་མཐུ། །ཀུན་ཀྱང་འཇིག་རྟེན་མགོན་པོ་འགྲུབ་ཕྱིར་བསྔོ། །ཞེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བསྐྱེད་པའི་རིམ་པ་སྟེ་སྐབས་དང་པོའོ། །

རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །རྡོ་རྗེའི་བཟླས་པ་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་མྱུར་འགྲུབ་བྱེད། །རྡོ་རྗེ་ལྟ་བུའི་དོན་ལ་བལྟ། །ཀུན་ཏུ་གཡོ་བའི་སེམས་འདི་ཉིད། །གཡོ་མེད་ཅིག་ཏུ་བཅིང་བར་བྱ། །འཇུར་བུར་བཅིང་པའི་སེམས་གང་ཞིག །ལྷུག་པ་ཉིད་དུ་སློད་པར་བྱ། །འཛིན་མེད་ཡེངས་མེད་དྲན་པའི་ངང་། །རང་བབ་ཀློང་དུ་རྟག་སྐྱོང་བྱ། །སྔོན་བསུ་རྗེས་དཔོག་གཟོ་བཅོས་སྤང་། །རང་གྲོལ་དབྱིངས་སུ་བཞག་པར་བྱ། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །སྐྱེ་འགག་གནས་སུ་ཐ་དད་སྟོང་། །མཐའ་བྲལ་ངང་དུ་ལ་བཟླ་ཞིང་། །བསྒོམ་མེད་དོན་ལ་གོམས་པར་བྱ། །ཞེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་རིམ་གྱི་སྐབས་ཏེ་གཉིས་པའོ། །

འཇིག་རྟེན་མགོ་པོ་དུས་ཀུན་ཏུ། །ཡིད་དང་མི་བྲལ་སྤྱོད་ལམ་བསླབ། །ལྷང་ཚེ་འཕགས་མཆོག་མཁའ་འགྲོ་ཡི། །རོལ་མོས་མ་རིག་གཉིད་ལས་བསླང་། །འཕགས་པའི་ཕྱག་གི་བདུད་རྩི་ཡི། །ཁྲུས་བྱས་སྒོ་གསུམ་དྲི་མ་དག །བཟོད་དང་ཚུལ་ཁྲིམས་དག་པའི་གོས། །རང་ཉིད་འཕགས་པའི་སྐུ་ལ་འགོས། །ཞལ་ཟས་བདུད་རྩིའི་རང་བཞིན་ཉིད། །བདག་ཉིད་ལྷ་རུ་གསལ་ལ་མཆོད། །གཡས་མཁར་དཀོན་མཆོག་རྩ་བ་གསུམ། །བཞུགས་ལ་གུས་པས་བསྐོར་བ་བགྱིད། །གང་དུ་སྡོད་ཀྱང་བདེ་བ་ཅན། །རིན་ཆེན་གཞལ་མེད་ཁང་རང་བཞིན། །ཉལ་ཚེ་བླ་མ་སྙིང་ཁར་བྱོན། །རྨི་ལམ་འོད་གསལ་ངོས་ཟིན་བྱ། །དབུ་མའི་ལམ་ལས་ཚངས་པའི་སྒོར། །འཕར་འཇུག་ཧཱུྃ་ཕཊ་སྦྱོར་བས་འཕོ། །སྣང་ཀུན་སྒྱུ་མ་རྨི་ལམ་བཞིན། །བར་དོར་ངོས་བཟུང་དགེ་སྦྱོར་སྐྱོངས། །སྣང་གྲགས་རིག་པ་འཕགས་པ་ཡི། །སྐུ་གསུང་ཐུགས་སུ་ལམ་ཁྱེར་བྱ། །ཞེས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་རྣལ་འབྱོར་གྱི་ཡན་ལག་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པའི་རིམ་པ་སྟེ་སྐབས་གསུམ་པའོ། །

དེ་ལྟར་འཕགས་མཆོག་སྒྲུབ་ཐབས་ཀུན་གྱི་སྙིང་པོའི་བཅུད། །ཚིག་ཉུང་དོན་གསལ་མན་ངག་བརྒྱ་ཕྲག་སྒོ་འཕར་ཀུན། །ཅིག་ཆར་ཕྱེ་བའི་ལྡེ་མིག་སྙིང་གི་ནོར་བུ་རིན་པོ་ཆེ། །འདི་ཀོ་སྐལ་ལྡན་སྐྱེ་བོའི་ཚོགས་ལ་ཅི་དགར་སྤེལ། །དགེ་དེས་ནམ་མཁའི་མཐའ་ཀླས་པའི། །འགྲོ་ཀུན་འཇིག་རྟེན་མགོན་པོ་ཡི། །གོ་འཕང་མཆོག་ལ་མྱུར་བ་ཉིད། །ཐོབ་པའི་རྒྱུ་རུ་ཡོངས་སུ་བསྔོ། །

ཞེས་པ་འདི་ཡང་གཞན་ལ་ཕན་པའི་ལྷག་བསམ་གྱིས་འཇིག་རྟེན་མགོན་པོ་ལ་གསོལ་བ་བཏབ་པས་བྱིན་གྱིས་བརླབས་པའི་སྣང་བ་བཟང་པོ་དང་བཅས་རབ་བྱུང་སྐོར་བཅུ་གསུམ་གྱི་སྐྱེས་བདག་གི་ལོ་ཆུ་སྟོད་ཟླ་བ་ཕྱི་མའི་དཀར་ཕྱོགས་རྒྱལ་བ་གསུམ་པར་དཔལ་ལྡན་མཚུར་ཕུའི་ནུབ་ཕྱོགས་རྒྱལ་བ་ལོ་རས་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་གནས་བྱང་དབུ་རི་ལོ་རས་ཀྱི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་རིག་འཛིན་ཚེ་དབང་ནོར་བུས་སྦྱར་བའོ། །དགེའོ་དགེའོ། །༄༅། །བྷགཝཾཨཱཪྻཔརམལོཀནཱཐསྱསཱདྷཡགྷཪྦྷབོདྷྱོཏྟརཔོཊལནཱམབིཛཧར། །

བཅོམ་ལྡན་འདས་འཕགས་མཆོག་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་སྙིང་པོ་བྱང་ཆུབ་མཆོག་གི་གྲུ་འཛིན།

༄༅། །བཅོམ་ལྡན་འདས་འཕགས་མཆོག་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་སྙིང་པོ་བྱང་ཆུབ་མཆོག་གི་གྲུ་འཛིན་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་ལོ་ཀ་ནཱ་ཐཱ་ཡ། རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས། །མཚན་ཙམ་འཛིན་པས་ཕྱིར་མི་ལྡོག་འགོད། །སྤྱན་རས་གཟིགས་དབང་སངས་རྒྱས་ཀུན་གཙོ། །དེ་ལ་སྙིང་ནས་རྟག་པར་ཕྱག་བྱས། །དེ་བསྒྲུབ་སྔོན་རྗེས་སེམས་བསྐྱེད་དང་། །སྙིང་རྗེས་ཆུ་སྦྱིན་བཅས་ཁྱེར་བདེ། །རང་གཞན་ཐར་མཆོག་འགྲུབ་པའི་ཕྱིར། །བཀོད་ལ་ཡིད་འོང་ཀུན་འཇུག་ཤོག །དེ་ཡང་ཐུན་རྣམས་ཀྱི་དང་པོ་དང་འབྲེལ་བར་གདེང་དང་ཁ་ལག་བཀྲུས། དང་པོ་སེམས་བསྐྱེད་བླང་བ་ནི། ཕྱག་སོགས་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་སྔོན་དུ་འགྲོ་ཞིང་། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེས་ཁྱབ་པར་བྱས་ནས། སངས་རྒྱས་ལ་སྙིང་ཐག་པ་ནས་མོས་གུས་དང་ཐོབ་འདོད་ཀྱི་འདུན་པས་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་གྱིས་སྡོམ་པ་བླང་། དེ་ལྟར་སེམས་བསྐྱེད་པ་ལ་རང་གཞན་དགའ་བ་བསྐྱེད་ཅིང་སྨོན་ལམ་གདབ་པ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པས། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་བརྗོད་དོ། །

གཉིས་པ་དངོས་གཞི་འཇིག་རྟེན་མགོན་པོའི་བསྒོམ་བསྒྲུབ་ནི། ཨོཾ་སྭ་བྷཱ་ཨ་ཤུདྡྷ་སརྦ་དྷརྨཱ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཆོས་རྣམས་སྟོང་པའི་ངང་ལས་རང་རིག་པ། །འགྲོ་ལ་སྙིང་རྗེ་རོལ་པས་ཡི་གེ་ཧྲཱིཿ །དེ་ཉིད་ཡོངས་གྱུར་བདག་ཉིད་འཇིག་རྟེན་མགོན། །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་སྐྱིལ་མོ་ཀྲུང་། །པད་ཟླའི་གདན་དང་ཟླ་བའི་རྒྱབ་ཡོལ་ཅན། །ཟླ་བའི་དཀྱིལ་འཁོར་རྒྱས་འདྲའི་ཞལ་མངའ་ཞིང་། །པདྨ་དཀར་པོ་རྒྱས་འདྲའི་སྤྱན་རས་གཟིགས། །ཕྱག་ན་མཆོད་སྦྱིན་པད་དཀར་འདབ་བརྒྱ་མཛེས། །ཞི་ཚུལ་རྒྱན་རྫོགས་ཡིད་དུ་འོང་བའི་སྐུ། །སྤྱི་གཙུག་སངས་རྒྱས་འོད་དཔག་མེད་པ་བཞུགས། །གནས་གསུམ་རྡོ་རྗེ་གསུམ་གྱུར་ཨོཾ་ཨཱཿཧཱུྃ། །འོད་འཕྲོས་རྒྱལ་ཀུན་སྤྱན་དྲངས་བདག་ལ་ཐིམ། །བཛྲ་ས་མཱ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཐུགས་ཀར་པད་མ་འདབ་དྲུག་ལྟེར། །ཟླ་སྟེང་ཧྲི་མཐར་ཡིག་དྲུག་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ། འོད་ཀྱིས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས། །ཅིར་སྣང་འཕགས་པའི་སྐུ་གསུང་ཐུགས། །ཞེས་བརྗོད། དེའི་དོན་སེམས་བཞིན་ཡིག་དྲུག་ཅི་ནུས་སུ་བཟླས། ཐུན་མཐར་ཨརྒྷཾ་སོགས་ཀྱིས་མཆོད། ཧྲཱིཿ སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། ཆུ་སྦྱིན་སྐབས་འདིར་གཏོང་བ་འམ། མི་བཏང་ན་ལྷ་སྐུ་རྫོགས་རིམ་དུ་བསྡུ་བ་ནི། སྣང་སྲིད་ཞིང་ཁམས་འཕགས་ཀུན་རང་ལ་ཐིམ། །རང་ཡང་སྙིང་གའི་པད་ཟླ་ཡིག་དྲུག་ཧྲཱིཿ །རིམ་བསྡུས་ཐིག་ལེ་ཉག་གཅིག་སྟོང་པར་ཐིམ། །སླར་ཡང་ལྷ་སྐུ་སྒྱུ་མ་ལྟ་བུར་གྲུབ། །ཨོཾ་ཨཱཿཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། དེ་ནས་རྫོགས་རིམ་དངོས་ལ་མཉམ་པར་བཞག་པ་ནི། རང་རིགས་གསལ་སྟོང་ཆོས་ཉིད་འདུས་མ་བྱས། །རང་བབ་སྒོམ་མེད་ཡེངས་མེད་ངང་ལ་བཞག །དུས་གསུམ་རྣམ་རྟོག་སྤྲོ་བསྡུ་བླང་ར་བྲལ། །སྐྱེ་འགག་གནས་མིན་འདི་ནི་འཇིག་རྟེན་མགོན། །ཞེས་པའི་དོན་ཉམས་སུ་ལེན་པའོ། །གསུམ་པ་རྗེས་འབྲེལ་སྙིང་རྗེའི་རྣལ་འབྱོར་གྱིས་ཡི་དྭགས་དང་བར་དོའི་ཆུ་གཏེར་བཏགས་པ་ལ། ཡི་དྭགས་ཁ་ཟས་ཀྱི་དྲི་ཚོར་བར་མི་ནུས་པ་རྣམས་ལ། ཁ་ཟས་མ་བྱས་པའི་ནང་སྔ་བར་སེན་བར་གྱི་དྲི་མ་ཡང་དག་པར་བྱས་ཤིང་སྣོད་དྲི་མ་མེད་པར་ཆུ་ཤིན་ཏུ་གཙང་བ་བཤམས་ལ། བདག་ཉིད་འཕགས་པའི་སྐུར་གསལ་བའི་མདུན་གྱི་ནམ་མཁར་ཡང་འཕགས་པ་སྐད་ཅིག་གིས་གསལ་བའི་ཕྱག་གི་མཐིལ་ནས་བདུད་རྩིའི་རྒྱུན་གྱིས་ཡི་དྭགས་ཐམས་ཅད་ཀྱི་བཀྲེས་སྐོམ་སོགས་དུཿཁ་མཐའ་དག་སེལ་བར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧྲཱི་མ་ཎི་པདྨེ་ཧཱུྃ། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། ཞེས་སྔགས་ཚར་རེ་དང་ལག་གཡས་ཀྱི་ཆུ་དུམ་རེ་སྦྲེངས། གཡོན་པས་སྔགས་རེའི་མཐར་སེ་གོལ་གཅིག་ཀྱང་རེ་གདབ་ལ། ཚུལ་དེས་གྲངས་ཅི་ནུས་སུ་བསག གཞན་མ་གྲུབ་ཀྱང་ཡི་དྭགས་ཆུ་སྦྱིན་འདི་ཙམ་ཅིག་ཕན་ཡོན་ལ་བསམ་སྟེ་རབ་ཏུ་འབད་པར་བྱའོ། །

དེ་ནས་ཡི་དྭགས་གཞན་ལ་སྣོད་གཙང་མར་འབྲུ་འམ་མཆན་ནམ་ཕྱེའམ་ཁུར་བའམ་ཟན་རིལ་སོགས་གང་འབྱོར་བཤམས་ལ། ཐོག་མར་སུ་རུ་པའི་གཏོར་མ་ནི། མདུན་གྱི་ནམ་མཁར་རྫོགས་པའི་སངས་རྒྱས་གཟུགས་མཛེས་བཞུགས་པའི་བྱིན་རླབས་ཀྱིས་ཡི་དྭགས་རྣམས་བཀྲེས་སྐོམ་ཞི་ཞིང་སྡུག་བསྔལ་སེལ་བར་བསམ་ལ། ཨོཾ་ཨཱཿཧཱུྃ་གི་གཏོར་མ་འདོད་ཡོན་བདུད་རྩིའི་གཏེར་དུ་བྱིན་གྱིས་རླབས། ན་མཿསུ་རཱུ་པ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟ་ར་པ་ཡ་སནྟ་ར་པ་ཡ། སརྦ་པྲེ་ཏ་ནཾ་སྭཱ་ཧཱ། ཞེས་པ་བདུན་གྱི་མཐར་ལག་གཡོན་གྱིས་སེ་གོལ་གསུམ་བྱས་ཤིང་། ཕྱི་རུ་དེངས་ཤིང་ཀླག་ལྟ་འདོད་པ་རྣམས། །འཇིག་རྟེན་ཁམས་གནས་ཡི་དྭགས་ཐམས་ཅད་པ། །རྣམས་ལ་བདག་གི་བཟའ་བ་སྟེར་བར་བགྱི། །མཆོག་གསུམ་བདེན་པས་ཚིམ་མགུ་རྒྱས་ཐོབ་ཤོག །འདི་རྐང་པ་གསུམ་ཀླག་བདེ་ཕྱིར་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བ་དང་། རྐང་པ་གཅིག་ཚིགས་བཅད་ཁ་སྐོངས་སུ་སྦྱར་བ་སྟེ་གཞན་ཡང་སྨོན་ལམ་བཟང་པོ་བཏབ། འདི་ཟས་མ་ཟོས་གོང་ཁོ་ནར་བྱས་པས་ཡི་དྭགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེ་བྱིན་པར་འགྱུར་ཞིང་། ཕན་ཡོན་ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་སོགས་མང་དུ་གསུངས་སོ། །དེ་ནས་ཁ་འབར་མའི་གཏོར་མ་བཏང་བ་ནི། རྫས་དང་བྱིན་རླབས་གོང་ལྟར་ལ། ལག་གཡས་ཀྱི་གཏོར་མའི་སྣོད་ལ་རེག་ནས། གཟི་བརྗིད་ཚད་མེད་དབང་གྱུར་འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཀྱི་གཟུངས་འདི་བཀླགས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ལན་བདུན་གྱི་མཐར་སེ་གོལ་གདབ། དེ་རྗེས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་མཐར་གཏོར་མའི་རྫས་གཙང་སར་དོར་ཏེ་ཚར་མང་དུ་བཏང་ན་སྣོད་དུ་ཆུ་དང་རྫས་ཡང་ཡང་བཤམས་ཏེ་སྔགས་དང་དེ་བཞིན་གཤེགས་པའི་མཚན་གོང་བཞིན་བྱས་ཏེ་གྲངས་ཚད་ཅི་ནུས་སུ་བསགས་པའོ། །འདི་ནི་སྔ་དྲོ་འམ་དུས་ནམ་དུ་ཡང་རུང་སྟེ། ཕན་ཡོན་ནི། ཕྱོགས་ནས་ལྷག་པའི་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཕྲག་ཕྲུག་བརྒྱ་སྟོང་སྙེད་སོ་སོ་ནས་ཁ་ཟས་ཡུལ་མ་ག་དྷའི་བྲེ་བདུན་བདུན་ཐོབ་པས་ཚིམ་ཞིང་། ཡི་དྭགས་ནས་མཐོ་རིས་སུ་སྐྱེ་བར་འགྱུར་ལ། གཏོར་མ་བཏང་བ་པོ་ཡང་ཚེ་རིང་བསོད་ནམས་འཕེལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས། མི་དང་མི་མ་ཡིན་པས་འཚེ་མི་ནུས་ཤིང་སངས་རྒྱས་བྱེ་བ་ཕྲག་ཕྲུག་བརྒྱ་སྟོང་སྙེད་མཉེས་པར་བྱེད་པའི་མཆོག་འགྱུར་བ་སོགས་མང་དུ་གསུངས་སོ། །དེ་ལྟར་ཡི་དྭགས་ཆུ་སྦྱིན་མཚན་གསུམ་སྟེ་གྲུབ་ན་གསུམ་ཀ་དང་། མ་གྲུབ་ན་རེ་རེ་ཅིས་ནས་ཀྱང་མ་ཆད་པ་གལ་ཆེ་བར་བྱའོ། །དེ་ནས་བར་དོའི་གཏོར་མ་བཏང་ན། རྫས་ཁ་འབར་མའི་སྐབས་ལྟར་བཤམས་ལ། མདུན་གྱི་མཁའ་ལ་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་གསལ་ཞིང་། དེའི་བྱིན་རླབས་ཀྱི་བར་དོའི་སེམས་ཅན་རྣམས་ཟས་སྐོམ་གྱིས་ཚིམ་ཞིང་སྒྲིབ་པ་དག་པར་བསམ་ལ། སྔགས་ཁ་འབར་མ་ལྟར་གོང་བཞིན་ལམ་བདུན་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་རི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རམྤ་ར་ཎི་མེ་ས་ཏྭ་ནཉྩ་སྭ་ཧཱ། ཅི་ནས་བཟླས་མཐར། བདག་གིས་བཤམས་པའི་རྫས་འདི་སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། བར་དོའི་སེམས་ཅན་ཀུན་སྡུག་བསྔལ་ཡོངས་བྲལ་བདེ་དང་ལྡན། བར་དོ་ངོ་ཤེས་ལྷ་དང་བླ་མ་རྗེས་དྲན་དེ་ཡི་བྱིན་གྱིས་བརླབས། རང་བཞིན་འོད་གསལ་ངོས་ཟིན་བར་དོར་ཟུང་འཇུག་སྐུ་ཐོབ་ཤོག ཅེས་སྨོན་ལམ་བཏབ། བར་དོའི་འགྲོ་བ་ཆུ་སྦྱིན་ཡང་ཐད་རུང་གཙོ་བོ་དྲི་ཟ་བ་ཤས་ཆེ་བས་གོང་གི་ཆོ་གའི་རྫས་ཕྱེ་མར་གྱི་གསུར་བཏང་ན་ལེགས་པ་ཁོ་བོའི་རྣམ་རྟོག་གོ །དེ་ལྟར་ཆུ་སྦྱིན་ཚང་བར་བཏང་ན་སྤྱི་དང་། རེ་རེ་ལས་མི་བཏང་ན་དེ་ཡི་མཐར་ཆོས་སྦྱིན་བྱ་སྟེ། དེ་ཡང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོངས་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོངས་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་བྱུང་བ། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཞེས་སོ། །གཞན་ཡང་ཆད་དུ་གཏོར་མ་བཏང་ཕྱིར་རམ། རྒྱུན་ཆགས་སྤྱོད་ལམ་གྱི་སྐབས་སུ་ཡང་སྟེ། འབབ་ཆུའམ། གདེངས་ཀ རྫིངས་བུ། ལུ་མ་ལྟ་བུ་དང་ཕྲད་པ་ན་དེར་འདུག་ལ། བདག་མདུན་འཕགས་པ་ཕྱག་ནས་བདུད་རྩི་བབ་པ་གོང་བཞིན་གསལ་བཏབ་སྟེ། གཙང་སྦྲ་བྱས་པའི་ལག་གཡས་ཀྱི་འཁྱོར་བ་ཆུས་བཀང་ནས་ཡེ་ཤེས་སྐར་མདའི་སྔགས་བཀླགས་ཤིང་ཁྱོར་ཆུ་དེ་ཆུར་དོར་བ་ལན་བདུན་བྱའོ། །དེ་ཡི་ཕན་ཡོན་སངས་རྒྱས་ཀྱི་གཟིགས་པའི་ཡི་དྭགས་མ་ལུས་པ་རེ་རེ་ཡི་ལྷ་ཡི་བཟའ་བཏུང་མ་དྷ་ཡི་བྲེ་བདུན་བདུན་ཐོབ་པ་དང་། ཆུ་དེ་འཐུང་བའི་འགྲོ་བ་ཀུན་ཀྱང་བདེ་འགྲོ་ཐོབ་པ་སོགས་མང་དུ་གསུངས་པས་ཅི་ནུས་སུ་འབད་པར་བྱ་ལ། སྐབས་འདིར་གོང་གི་ཆུ་སྦྱིན་གྲུབ་མཚམས་གཏོར་ཆུ་བསགས་པའི་སྣོད་དུ་ཡེ་ཤེས་སྐར་མདའི་སྔགས་ཚར་རེ་དང་། ཆུ་སྙིམ་པ་རེ་བྱས་ལ་ལན་བདུན་བླུགས་ཏེ། དེ་ཕྱི་རོལ་འབབ་ཆུ་སོགས་སུ་དོར་ན་གོང་དུ་བཤད་པའི་ཕན་ཡོན་ཐོབ་ཕྱིར་ལག་ལེན་དུ་བཏབ་པར་བྱའོ། །ཡེ་ཤེས་སྐར་མདའི་སྔགས་ནི། ཨོཾ་ཉྫཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི། དུ་རུ་དུ་རུ། ཧྲི་ད་ཡ་ཛ་ལ་ནི་ཧཱུྃ། ཞེས་སོ། །དེ་ལྟར་སྦྱིན་པའི་བྱ་བ་གང་བྱས་ཀྱང་མཐར་སྦྱིན་པ་རྣམ་པར་དག་པའི་གཟུངས་བཀླགས་པར་བྱ་ལ། དེ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་པཱ་ཤ །མ་ཧཱ་དཱ ན་པཱ་ར་མི་ཏཾ། པ་རི་པཱུ་ར་ཡ་ཧཱུྃ། ད་ར་ད་ར། བི་བི་ད་ར་བི་ཙི་ཏྲེཿ སརྦ་ས་ཏྭ་ཨུ་པ་བྷོ་ག །སརྦ་ཏ་ཐཱ་ག་ཏ་མ་ཧཱ་དཱ་ན་པཱུ་ཛ་མེ་གྷ། པྲ་བར་ཏ་ཡ། ཏ་ར་ཏ་ར། ཏཱ་ར་ཡ། ཏཱ་ར་ཡ། མ་ཧཱ་པདྨ་ནི་ཧཱུྃ་ཕཊ། འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དོན་ཡོད་ཞགས་པ་ཆེན་པོའི་སྙིང་པོ་སྟེ། གང་གིས་ཡུངས་འབྲུ་ཙམ་ཡང་སྦྱིན་པ་བྱིན་ཏེ། དྲན་པ་ཙམ་གྱི་ལན་བདུན་བཟླས་བརྗོད་བྱས་ན་མཆོད་སྦྱིན་སྦྱིན་པ་རྣམ་པར་འཕྲུལ་པ་ཆེན་པོར་ནི་ཤིན་ཏུ་རྒྱས་པ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དོན་ཞགས་ཕྱིན་དྲུག་གིས་བཟུང་ནས་ཏེ། སྦྱིན་པའི་དགེ་བ་ཉམས་པ་མེད་པ་སྤེལ་ཕྱིར་བཀླགས་པ་ཤིན་ཏུ་ལེགས་པའོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་པས་བདུན་གྱིས་བཅོམ་ལྡན་འདས་རང་གི་དཔྲལ་བར་ཐིཾ་སརྦ་གཙྪཿཞེས་སེ་གོལ་གཏོགས་ནས་གཏོར་མགྲོན་གཤེགས། ཡི་གེ་བརྒྱ་པ་ལན་ཁ་ཡར་གྱི་ནོངས་པ་བཤགས། བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་སོགས་ཀྱིས་དགེ་བ་བསྔོ། སྨོན་ལམ་བཏབ། བཀྲ་ཤིས་བརྗོད། དེ་ནས་སྤྱོད་ལམ་ཀུན་འཕགས་པའི་ཁྱེར་སོ་དང་མི་བྲལ་བར་བྱའོ། །གྲགས་ཆེ་རྐང་ཚུགས་ཆོ་ག་གསུམ། །གཅིག་ཏུ་བསྡུ་ཚུལ་སྔོན་མེད་འདི། །འཇིག་རྟེན་མགོན་པོའི་བྱིན་རླབས་མཐུས། །གྲུབ་ལས་གཞན་གྱིས་ནམ་ཡང་མིན། །དེ་ལྟར་གཞན་ཕན་བསམ་པ་ཁོ་ནས། །བདག་གིས་ཡང་ནི་འབད་བགྱིས་དགེ་དེས། །མཁའ་མཉམ་སེམས་ཅན་མ་ལུས་པ་ཀུན། །འཇིག་རྟེན་མགོན་པོ་མྱུར་འགྲུབ་རྒྱུ་གྱུར་ཤོག །

ཞེས་པའང་མངའ་རི་མུ་ཁུན་ཀྵེ་ཏྲའི་རྗེ་འབངས་རྣམས་དང་། གཙང་དབུས་རུ་བཞིའི་ཆར་རང་སློབ་སྦྱིན་བདག་ནང་རྗེ་རྣམ་པར་དཀར་བའི་བློ་ལྡན་དུ་མས་ཀྱང་བསྐུལ་བ་དང་། ཉེ་བར་ཞ་ལུ་བ་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་དོན་འགྲུབ་ཀྱིས་ནན་ཏན་བཅས་ཤིང་། ལྷག་ཏུ་འཇིག་རྟེན་མགོན་པོའི་ཐུགས་རྗེའི་རོལ་གར་འགྲོ་བའི་དེད་དཔོན་རྒྱལ་བའི་དབང་པོ་དཔལ་ཆེན་པོ་ཀརྨ་པ་བཅུ་གསུམ་པའི་ཞལ་སྔ་ནས་དེ་ལྟར་འབྲི་བར་འོས་སོ་ཞེས་བཀའ་ཡིས་གནང་ལྟར་འགྲོ་བ་མང་པོ་ལ་ཕན་པའི་ལྷག་བསམ་ཁོ་ནས་ཚེགས་ཆུང་དོན་ཆེ་ཚིག་ཉུང་གནད་ཟབ་དགོས་པ་མཆོག་དང་ལྡན་པའི་གཞུང་རང་གི་འདོད་ལྟར་རིག་པ་འཛིན་པ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་པའི་སྐྱེས་བདག་གི་ལོ་གསར་དུ་འཆར་ཉེ་བ་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པ་ལ་གཉལ་རྨད་གྲ་འོར་དུ་ཟེ་རེགས་འཕྲལ་མར་བཏབ་ནས་འཇིག་རྟེན་མགོན་པོའི་ཕོ་བྲང་མཚུར་གྱི་གནྡྷོ་ལར་ཡི་གེ་གཉིས་པར་བཀོད་ཅིང་། སླར་ཡང་མངའ་རིས་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ། ཆུ་སྤྲེའུ་ས་གའི་དམར་ཕྱོགས་རྒྱལ་བ་གཉིས་པར་བསྣན་མ་འོས་ཁ་ཤས་སྦྱར་བ་སྟེ་འདིས་ཀྱང་འགྲོ་བ་ལ་ཕན་པ་དང་བདེ་བའི་རྒྱུ་རླབས་པོ་ཆེ་འགྲུབ་པར་གྱུར་ཅིག སརྦ་མངྒ་ལཾ། དགེའོ། །

ཐུགས་རྗེ་ཆེན་པོ་ལོ་ཀཻ་ཤཱ་རའི་སྒྲུབ་ཐབས།

༄༅། །ཐུགས་རྗེ་ཆེན་པོ་ལོ་ཀཻ་ཤཱ་རའི་སྒྲུབ་ཐབས། །

༈ ཨོཾ་སྭཱསྟི། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་གྲུབ་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀཽ྅ཧཾ། ཆོས་ཀུན་གདོད་ནས་བདག་བདེ་སྟོང་བ་ཉིད། །དེ་དོན་མ་རྟོགས་སྙིང་རྗེ་ཟླ་བའི་གཟུགས། །འཕོ་བཅས་རླུང་དག་འགག་མེད་ཡི་གེ་ཧྲཱིཿ བདེ་བ་ཆེན་པོ་པད་དཀར་སྡོང་བུ་བཅས། །རྡོ་རྗེ་གསུམ་དངོས་དེ་ལས་འོད་འཕྲོས་པས། །ཁམས་གསུམ་སྒྲིབ་སྦྱངས་སྐུ་གསུམ་བྱིན་བརླབས་བསྡུས། །ཡོངས་གྱུར་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རབ་དཀར་ཟླ་བ་བྱེ་བའི་འོད་འཕྲོག་ཅིང་། །མཛེས་སྡུག་ལྟ་བས་མི་ངོམ་རྡོ་རྗེའི་སྐུ། །ཞལ་གཅིག་སྤྱན་གསུམ་ཞི་བའི་ལྟ་སྟངས་ཅན། །ཕྱག་གཡས་མཆོག་སྦྱིན་བདུད་རྩིས་ཡི་དྭགས་ཚིམ། །གཡོན་པས་པད་དཀར་འདབ་སྟོང་ཡུ་བ་འཛིན། །རལ་པ་དམར་སེར་ཐོར་ཚུགས་ལྷག་མ་འཕྱང་། །རི་དྭགས་པགས་པས་ཕྲག་པ་གཡོན་བཀབ་ཅིང་། །དར་དང་རིན་ཆེན་ཞི་བའི་ཚུལ་རྒྱན་རྫོགས། །སེམས་དཀྱིལ་ཟླ་གདན་ཟླ་བའི་རྒྱལ་ཡོལ་མཛེས། །རལ་པའི་ངོས་སུ་སངས་རྒྱས་འོད་དཔག་མེད། །མཆོག་གི་སྤྲུལ་སྐུ་མཉམ་བཞག་སྐྱིལ་ཀྲུང་བཞུགས། །གནས་གསུམ་རྡོ་རྗེ་གསུམ་དང་ཐུགས་ཀྱི་དབུས། །པད་དཀར་ཟླ་སྟེང་ཧྲཱིཿདཀར་ཡིག་དྲུག་བསྐོར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཡི་དམ་ཀུན་འདུས་བདག་ཉིད་སྤྱན་རས་གཟིགས། །བླ་མ་ཀུན་འདུས་སྤྱི་བོར་འོད་དཔག་མེད། །ཐུགས་ཀའི་ས་བོན་ཡིག་དྲུག་ཆོས་ཀུན་འདུས། །བདག་གི་ངག་ནས་ཡིག་དྲུག་བཟླས་པའི་ཚེ། །ནང་གི་སྲིན་བུ་ཕྱི་ཡི་བ་སྤུ་དང་། །སྐྱེ་འགྲོ་སེམས་ཅན་འབྱུང་བའི་རྡུལ་ཕྲ་རག །དེ་བཞིན་མཁའ་མཉམ་སངས་རྒྱས་བྱང་སེམས་ཚོགས། །ཀུན་གྱིས་ཡིག་དྲུག་སྔགས་ཀྱི་སྒྲ་དབྱངས་ལྡིར། །ཐུན་མཐར་སྣོད་བཅུད་གཞལ་ཡས་ལྷའི་རང་བཞིན། །ཀུན་འདུས་བདག་ཐིམ་ནམ་མཁའི་རྒྱལ་བ་སྲས། །འོད་དཔག་ལ་ཐིམ་དེ་ཡང་རང་ལ་ཐིམ། །རང་ཡང་ས་བོན་ཐིག་ལེ་སྟོང་པར་ཡལ། །སླར་ཡང་སྔགས་སྒྲས་བདག་ཉིད་ལྷ་རུ་ལྡང་། །སྣང་གྲགས་རིག་པ་འཕགས་པའི་སྐུ་གསུང་ཐུགས། །ཁྱེར་སོ་གསུམ་ལྡན་སྒྱུ་མ་ལྟ་བུའི་ངང་། །ཡེངས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོར་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

ཅེས་པ་འདི་ཡང་དཔལ་ཆེན་ཆུ་བོ་རི་པ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་པ་དོན་གྲུབ་རྒྱལ་མཚན་དང་། དད་གུས་ཀྱི་ལང་ཚོ་བརྟས་པ་གྲྭ་ཕྱི་སྨིན་གྲུབ་སྡེ་པ་དག་གིས་གསོལ་བ་བཏབ་པའི་ངོར། རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་ས་འབྲུག་གནམ་ལོ་གསར་འཆར་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་གཙང་གི་སྟག་ཚལ་རིག་འཛིན་གྲུབ་པའི་བསྟི་གནས་མངྒ་ལ་ཀུ་ཊ་ར་སྨྲས་པ་སརྦ་མངྒ་ལཾ།

བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་འཕགས་མ་གདུགས་དཀར་མོའི་སྒྲུབ་ཐབས་བསྲུང་བཟློག་མན་ངག་གི་ཁྱད་པར་ཅན་ཚིག་ཉུང་དོན་གསལ།

༄༅། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་འཕགས་མ་གདུགས་དཀར་མོའི་སྒྲུབ་ཐབས་བསྲུང་བཟློག་མན་ངག་གི་ཁྱད་པར་ཅན་ཚིག་ཉུང་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་རྣམས་ལ་བདག་སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དད། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་ཐོབ་པར་ཤོག །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ནམ་མཁའི་དཀྱིལ་འཁོར་དབུས། །ཧཱུྃ་ལས་རྡོ་རྗེ་ས་གཞི་ར་བ་དང་། །དྲ་བ་བླ་བྲེ་གུར་ཁང་དཀྲིགས་པའི་དབུས། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བདུད་འདུལ་གྱི། །མཆོད་རྟེན་ལྟ་བུའི་གཞལ་ཡས་ཁང་གི་དབུས། །པད་ཉིའི་གདན་ལ་རང་སེམས་གདུགས་དཀར་པོ། །ཨོཾ་གྱིས་མཚན་ལས་འོད་འཕྲོས་སེམས་ཅན་བསྒྲལ། །འཕགས་མཆོད་སངས་རྒྱས་ཀུན་གྱི་གཙུག་ཏོར་ནས། །གདུགས་དཀར་རིགས་སྔགས་ཡིག་འབྲུ་དཔག་མེད་པ། །སྤྱན་དྲངས་ཚུར་འདུས་ཨོཾ་མཚན་གདུགས་ལ་ཐིམ། །དེ་ཉིད་ཡོངས་གྱུར་རྒྱལ་ཀུན་བྱིན་རླབས་མཐུ། །གཅིག་བསྡུས་གཞན་གྱིས་མི་ཐུབ་གདུགས་དཀར་མོ། །རྩ་བའི་ཞལ་གཅིག་སྤྱན་གསུམ་ཁྲོས་པའི་ཉམས། །ཕྱག་གཡས་སྡིག་མཛུབ་རྩེ་ལ་ཀ་ན་ཀའི། །འཁོར་ལོ་རྩིབས་སྟོང་ལྡན་པ་དྲག་ཏུ་བསྐོར། །ཕྱག་གཡོན་ཕ་ལམ་རྡོ་རྗེ་རྩེ་དགུ་འཛིན། །ཡན་ལག་དབུ་སྟོང་བཞིན་འགྱུར་སྣ་ཚོགས་ཅན། །ཕྱག་རྒྱ་སྣ་ཚོགས་ཕྱག་སྟོང་མཚོན་ཆ་འཕྲོ། །སྐུ་ལུས་ཀུན་ཏུ་རྣམ་འགྱུར་མ་ངེས་པའི། །བྱེ་བ་བརྒྱ་སྟོང་སྤྱན་གྱིས་ཕྱོགས་བཅུར་གཟིགས། །སྣ་ཚོགས་རྒྱན་སྤྲས་སྣ་ཚོགས་ན་བཟའ་ཅན། །རྡོ་རྗེ་སྐྱིལ་ཀྲུང་མེ་དཔུང་དབུས་ན་བཞུགས། །སྟེང་གི་མཁའ་ལ་རིན་ཆེན་མཆོག་དུ་མས། །ཡོངས་སྤྲས་གསེར་གྱི་ཡུ་ཅན་གདུགས་དཀར་འཕྱར། །རིག་སྔགས་ཕོ་ཉ་ཕོ་ཉ་མོ་འགྱེད་ཅིང་། །མཆོད་པའི་སྤྲིན་གྱིས་འོད་ཟེར་འཕྲོ་མཛད་མ། །སངས་རྒྱས་མ་ལུས་ཀུན་གྱི་དབང་སྐུར་བ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིམ་གྲོའི་ཡུལ། །འཇིག་རྟེན་སྐྱོང་བ་ཀུན་གྱི་ཅོད་པཎ་གྱིས། །ཞབས་ལ་བཏུད་དེ་མཆོད་བསྟོད་བཀའ་བཞིན་དུ། །ཉན་པར་བྱེད་པ་རིག་སྔགས་ཐམས་ཅད་ཀྱིས། །འཁོར་ལོས་བསྒྱུར་བ་ཆེན་པོའི་སྐུ་རུ་གྱུར། །དེ་ལྟའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་དང་། །དབང་གི་ལྷ་རྣམས་བཛྲ་ས་མཱ་ཛཿ ཀུན་བཟང་མཆོད་སྤྲིན་གྱིས་མཆོད་པུཙྪ་ཧོ། ཛཿཧཱུྃ་བཾ་ཧོ་དམ་ཡེ་དབྱེར་མེད་གྱུར། །སངས་རྒྱས་ཀུན་གྱིས་བདག་ལ་དབང་བསྐུར་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡཾ་ཤྲི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་སྤྱི་བོར་རིགས་ཀྱི་བདག །རྣམ་སྣང་དཀར་པོ་བྱང་ཆུབ་ཕྱག་རྒྱ་ཅན། །མཚན་དཔེ་ཡོངས་སུ་ཡོངས་པའི་དབུ་བརྒྱན་ཅིང་། །སངས་རྒྱས་ཐམས་ཅད་དབང་གི་ལྷ་དང་བཅས། །རང་ཉིད་ལ་ཞུགས་བྱིན་རླབས་རྒྱས་པར་གྱུར། །རང་གི་སྙིང་ཁར་ཟླ་སྟེང་ཨོཾ་དཀར་པོའི། །མཐའ་མར་སྔགས་འཕྲེང་འཁོར་ཞིང་འོད་ཟེར་ལས། །མཆོད་པའི་སྤྲིན་བྱུང་སངས་རྒྱས་འཕགས་ཚོགས་མཆོད། །རྡོ་རྗེ་ཕྱག་རྒྱའི་ཚོགས་ཀྱིས་གནོད་བྱེད་རྣམས། །དགུག་ཅིང་བཟིར་མནན་བསྐྲད་པའི་སྦྱོར་བ་སོགས། །སྣ་ཚོགས་ལས་ཀྱི་གདུགས་པ་ཚར་གཅོད་ཅིང་། །ཁྱད་པར་ཁྲོ་བོ་མི་གཡོ་མགོན་པོ་ཡིས། །ཕུར་བུས་གདབ་ནས་གནོད་བྱེད་རྨེག་མེད་བརླག །དེ་བཞིན་རྡོ་རྗེའི་གུར་ཁང་ཕྱི་རོལ་དུ། །ཕ་ལམ་འཁོར་ལོ་རྩིབས་སྟོང་དྲག་འཁོར་ཞིང་། །གནམ་ལྕགས་རལ་གྲི་རྡོ་རྗེ་ཕུར་བུས་གུར། །ཡེ་ཤེས་ཆུ་མེ་རླུང་གི་བསྲུང་འཁོར་གྱིས། །གནོད་བྱེད་བྱད་མ་བདུད་བགེགས་ལོག་འདྲེན་རྣམས། །ཕྱེ་མར་ཐག་ཅིང་རྡུལ་ཕྲན་ཆ་མེད་དུ། །ནམ་མཁའ་སྟོང་པའི་དབྱིངས་སུ་ཡལ་བར་བསམ། །ཏདྱ་ཐཱ། ཨོཾ་ཨཱ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་ར། བཻ་ར། སཽ་མེ། སཽ་མེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ། སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊཿཧཱུྃ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་སྙིང་པོ་ཉིད་ཅི་འགྲུབ་དུ་འབད་པས་བཟླ་ཞིང་། དེ་ནས་ཐུན་མཚམས་སུ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱིར་བཟློག་ཆེན་མོ་རིག་སྔགས་རྒྱལ། །གཞན་གྱི་མི་ཐུབ་སྟོབས་ཆེན་མ། །གདུགས་དཀར་ཆེན་མོ་སངས་རྒྱས་དང་། །བྱང་ཆུབ་སེམས་པའི་ཚོགས་བཅས་བསྟོད། །མཐར་ནི་སྣང་སྲིད་ཆོས་ཐམས་ཅད། །འཕགས་མ་གདུགས་དཀར་དཀྱིལ་འཁོར་གྱུར། །དེ་དག་རྟེན་དང་བརྟེན་པར་བཅས། །ལྷ་མོའི་ཐུགས་ཀའི་ཨོཾ་ལ་ཐིམ། །དེ་ཡང་ཁོག་པ་མགོ་བོ་དང་། །ཟླ་ཕྱེད་ཐིག་ལེ་ན་དར་ཐིམ། །ནཱ་ད་ཆོས་ཉིད་འོད་གསལ་བ། །སྤྲོས་མེད་ཡེ་ཤེས་ངང་དུ་ཞུགས། །སླར་ཡང་རང་ཉིད་སྐད་ཅིག་གི །བཅོམ་ལྡན་འདས་མའི་སྐུར་གྱུར་པའི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །སྣང་གྲགས་ཀྱིས་བསྡུས་ཆོས་ཐམས་ཅད། །དོན་དམ་རང་བཞིན་སྤྲོས་དང་བྲལ། །སྣང་ཆ་སྒྱུ་མ་ལྟ་བུ་རུ། །ཡེ་ཤེས་ལྷ་ཡི་ངོ་བོ་ཉིད། །གདོད་ནས་རྣམ་དག་ངང་ལ་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་གདུགས་དཀར་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཞེས་བཅོམ་ལྡན་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོའི་སྒྲུབ་ཐབས་བསྲུང་བཟློག་གི་མན་ངག་ཁྱད་པར་ཅན་ཚིག་ཉུང་དོན་གསལ་འདི་ནི་རིག་པ་འཛིན་པ་ཚེ་དབང་ནོར་བུས་རྔ་ཆེན་ཆུ་ཁྱི་ལོ་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་གང་བའི་དུས་བཟང་པོར་ཀོང་ཡུལ་ལྗོན་པ་ལུང་བསྒྲུབ་གྲྭའི་བསམ་གཏན་སྤྱི་བོར་བཀོད་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་ཤེས་རབ་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག ཛ་ཡ་ཛ་ཡ་སུ་ཛ་ཡ།

ཐུན་མཚམས་སུ་བཟུང་མེད་ཀྱང་ཅི་ནུས་བཀླག་པར་བྱ་ལ། སྤྱིར་སྒྲུབ་ཐབས་འདི་ཆོ་གའི་ཆིངས་བླ་མེད་དུ་བཀྲལ་བར་མ་ཟད་ལྷ་སྔགས་ཀྱི་ངོ་བོ་ཡང་བླ་མེད་རྒྱུད་ནས་ཕྱུང་བ་ཡིན་པས་རྒྱུད་སྡེ་འོག་མར་བཞུགས་པ་ལས་ཁྱད་པར་འཕགས་ཤིང་བྱིན་རླབས་ནན་ལྟར་ཆེས་པས་སྒྲུབ་ཐབས་འདི་འབད་པས་བཟུང་བར་བྱའོ། །ཀ་ལྱཱ་སདྡྷནྟུ་ནྟུ་སྭཱ་ཧཱ། དགེའོ། །

བཀའ་འདུས་སྙིང་པོའི་མཆོད་ཕྲེང་།

༄༅། །བཀའ་འདུས་སྙིང་པོའི་མཆོད་ཕྲེང་བཞུགས། །

༈ ཨོཾ་ཨཱཿཧཱུྃ། སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །འགག་མེད་རོལ་པ་རྒྱལ་བ་སྲས་བཅས་ལ། །གསོལ་བ་འདེབས་སོ་མཆོད་པ་དམ་པ་འབུལ། །དབང་བཞི་ཆུ་བོའི་དངོས་གྲུབ་སྩལ་དུ་གསོལ། ། ༡ འོག་མིན་རྣམ་དག་དུར་ཁྲོད་ཆེན་པོ་ནས། །ཆེ་མཆོག་ཧེ་རུ་ཀ་དཔལ་གཙོ་དགུ་ལ། །གསོལ་བ་འདེབས་སོ་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ། ༢ ཡེ་ཤེས་ལས་དང་མཁའ་སྤྱོད་གནས་ཡུལ་ནས། །རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་ཡོངས་བཅས་ལ། །གསོལ་བ་འདེབས་སོ་མཆོད་པ་དམ་པ་འབུལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། ། ༣ ཆོས་དབྱིངས་ཀློང་ལས་ལོངས་སྤྱོད་རྫོགས་པའི་ངང་། །གང་འདུལ་སྤྲུལ་སྐུ་དཔལ་མགོན་འཁོར་བཅས་ལ། །གསོལ་བ་འདེབས་སོ་མཆོད་པ་དམ་པ་འབུལ། །བསྟན་པ་བསྲུང་བའི་དངོས་གྲུབ་སྩལ་དུ་གསོལ། ། ༤ ཞེས་པ་འདི་ནི་ནོར་བུ་བརྩེགས་ཞོལ་ནས། །བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ཡི། །མཆོད་པ་ཡིད་བཞིན་ནོར་བུའི་འཕྲེང་བ་ཞེས། །ཚེ་དབང་ནོར་བུའི་ཞལ་ནས་གསུང་པ་བཞིན། །ཡི་གེའི་རིག་བྱེད་ནོར་བུ་བློ་གྲོས་སོ། །བཀའ་འདུས་སྒྲུབ་བརྒྱུད་ཕྱོགས་བཅུར་རྒྱས་པར་ཤོག །སརྦ་མངྒ་ལཾ།

རྒྱུད་རྒྱལ་གསང་བ་འདུས་པའི་མན་ངག་འཇམ་དཔལ་ཞལ་ལུང་གི་འཕོ་བ་ཉུང་གསལ་ཡེ་ཤེས་དགོངས་པའི་རྒྱན།

༄༅། །རྒྱུད་རྒྱལ་གསང་བ་འདུས་པའི་མན་ངག་འཇམ་དཔལ་ཞལ་ལུང་གི་འཕོ་བ་ཉུང་གསལ་ཡེ་ཤེས་དགོངས་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་བཛྲ་མཉྫུ་ཤྲཱི་ཡེ། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་། །འཇིག་རྟེན་སྐྱེ་བོ་དམ་པ་འཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡི། །ཡིད་ལ་བྱེད་པའི་མཆོག་འདི་བསྒྲུབ་པར་བྱེད། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་ནི་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །སངས་རྒྱས་ཀུན་འདུས་བླ་མ་འཇམ་དཔལ་དཔའ། །ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ་སྤྱི་དཔལ། །དེ་ལ་སྐྱབས་མཆི་མཆོད་འབུལ་སྡིག་པ་བཤགས། །གསོལ་བ་འདེབས་སོ་དབང་བཞིས་བདག་བྱིན་རློབས། །བདག་ལུས་མི་དམིགས་འཇམ་དཔལ་རྡོ་རྗེའི་སྐུ། །ལྟེ་སྨིན་ཁ་སྣ་རྣ་མིག་གཙུག་ཧཱུྃ་མཐིང་། །ཆུ་ལམ་སུམ་དཀར་བཤང་ལམ་ཀྵུ་ཡིག་དམར། །ཀུན་ཀྱང་འོད་ཟེར་དང་བཅས་སྒོ་དགུ་འགེགས། །རང་གི་ཕུང་ཁམས་རིགས་ལྔ་ཡུམ་བཞིའི་དངོས། །དབང་ཡུལ་སེམས་དཔའ་སེམས་མའི་རང་བཞིན་ཉིད། །སྤྱི་བོར་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །རྡོ་རྗེ་རྩེ་དགུ་འོད་ཟེར་ལྔ་འཕྲོའི་ལྟེར། །ཆོས་ཀྱི་དབྱིངས་ངོ་རྡོ་རྗེ་རྩེ་ལྔ་དཀར། །ལྟེ་བར་ཟླ་སྟེང་ཐིག་ལེ་དམར་སེར་ཟླུམ། །ཙ་ན་ཀ་ཚད་ཟབ་གསལ་དབྱེར་མེད་དངོས། །འོད་ཟེར་སྣ་ལྔ་རབ་ཏུ་འཕྲོ་ཞིང་འབར། །བདག་ཉིད་དཀྱིལ་འཁོར་འཁོར་ལོར་སྣང་བ་ཀུན། །རང་གི་སེམས་སྣང་ཐར་ནི་ཧྲིལ་རྗེས་ཀྱི། །སྙིང་གའི་ཐིག་ལེ་ལ་ཐིམ་དེ་དྷུ་ཏི། །རྡོ་རྗེ་གཉིས་ར་དབུས་མ་རྒྱུད་ནས་ལྟེར། །ཐིག་ལེ་ལ་ཐིམ་འཁོར་ལོ་གཙོ་བོའི་སྐུ། །རྡོ་རྗེ་རྩེ་དགུ་དེ་ཡང་རྩེ་ལྔ་པ། །དེ་ཐིག་ཏ་ལ་བདུན་སྲིད་མཁར་འཕང་ནས། །ཇེ་ཕྲ་མཐར་ནི་འོད་གསལ་སྟོང་ཉིད་ངང་། །འཛིན་མེད་མཉམ་བཞག་ཆོས་སྐུ་ཐོབ་མོས་ཤིང་། །དེ་ངང་ཟབ་གསལ་ལྷ་སྐུ་ལོངས་སྤྱོད་རྫོགས། །དཀྱིལ་འཁོར་དཔག་མེད་སྤྲུལ་ནས་སེམས་ཅན་ཀུན། །སངས་རྒྱས་སར་བཀོད་སྤྲུལ་སྐུའི་ང་རྒྱལ་བཟུང་། །དེ་ལྟར་འཇམ་དཔལ་རྡོ་རྗེའི་ཞལ་ལུང་མཆོག །གྲོལ་བའི་ཐིག་ལེ་འཕོ་བའི་མན་ངག་གང་། །བསྒོམ་པའི་ནུས་པས་ཚེ་འདི་སྐུ་གསུམ་གྱི། །འབྲས་བུ་མངོན་གྱུར་འཇམ་དཔལ་དབྱངས་ཐོབ་ཤོག །འདིས་ནི་དབང་རབ་ཚེ་འདིར་འབྲིང་བར་དོ། །ཐ་མ་རིག་འཛིན་གྲུབ་ནས་སྐྱེ་བ་བདུན། །ཚུན་ཆད་གྲོལ་ཞེས་འཇམ་དཔལ་གྱིས་གསུངས་པས། །སོམ་ཉི་མེད་པས་བསྒོམ་བསྒྲུབ་ལ་འབད་གཅེས། །ཚུལ་འདི་ཤེས་ནས་བླ་མའི་མན་ངག་ལྟར། །སྨྲ་བར་བྱེད་པོ་ཚེ་དབང་ནོར་བུ་སྟེ། །དགེ་དེས་སྲིད་འགྲོ་འཁོར་བའི་རྒྱ་མཚོ་སྐེམས། །བྱེད་པོ་འཇམ་དཔལ་བདག་གིས་མྱུར་ཐོབ་ཤོག །

ཅེས་པ་ཡང་གཙང་རུ་ལག་གདོད་དགའ་བཀྲ་ཤིས་རྩེ་ཡི་སྡེ་པ་པདྨ་ཚེ་བརྟན་གྱི་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཤིང་སྟག་ཆུ་སྟོད་ཟླ་བ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་གྲོམ་པ་རྒྱང་དུ་བྲིས་པའི་ཡི་གེ་པ་རང་གི་སློབ་མ་བློ་བཟང་དར་རྒྱས་སོ། །མངྒ་ལཾ།

ལྷ་རྩེ་བློ་བཟང་དཔལ་འབྱོར་གྱི་ངོར།

གྲོལ་ཐིག་འཕོ་བའི་གསོལ་འདེབས་རིང་རྒྱུད་ཁྲིད་བརྒྱའི་རྒྱུན་ལྟར་ལས་འདིར་ནི་ཉེ་བརྒྱུད་དུ། རྡོ་རྗེ་སེམས་དཔའ་འཇིགས་མེད་གསང་བ་སྦྱིན། །བསོད་ནམས་མཆོག་གྱུར་ཟླ་བ་རྒྱལ་མཚན་པ། །ནམ་མཁའ་རིན་ཆེན་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་མགོན་ཡེ་ཤེས་རིན་ཆེན་རྒྱ་མཚོའི་སྟེ། །སྙིང་པོ་མཐའ་ཡས་བློ་བཟང་ཚེ་བརྟན་དཔལ། །ཚེ་དབང་ནོར་བུ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཟབ་ལམ་འཕོ་བ་ཡི། །ཚེ་འདིར་སྐུ་གསུམ་འབྲས་བུ་ཐོབ་བྱིན་རློབས། །བརྒྱུད་པའི་རྣམ་གྲངས་གཞན་ཡོད་ཀྱང་འདིར་དེ་ལྟར་བདེའོ། །

ཞེས་པ་ཡང་ལྷ་རྩེ་ཡི་བློ་གསལ་རབ་འབྱམས་སྨྲ་བ་བློ་བཟང་དཔལ་འབྱོར་གྱིས་བསྐུལ་བའི་ངོར་གོང་གི་འཕྲོས་སུ།

དཔལ་ནག་པོ་ཆེན་པོ་ཕྱག་གཉིས་པའི་སྐུ་བརྙན་རང་བྱུང་བོད་ཐང་མགོན་པོར་བསྟོད་ཅིང་འཕྲིན་ལས་གསོལ་བའི་ཚིག་ཕྲེང་བཞེད་དོན་ལྷུན་གྱིས་གྲུབ་པའི་དབྱངས།

༄༅། །དཔལ་ནག་པོ་ཆེན་པོ་ཕྱག་གཉིས་པའི་སྐུ་བརྙན་རང་བྱུང་བོད་ཐང་མགོན་པོར་བསྟོད་ཅིང་འཕྲིན་ལས་གསོལ་བའི་ཚིག་ཕྲེང་བཞེད་དོན་ལྷུན་གྱིས་གྲུབ་པའི་དབྱངས་ཞེས་པ་བཞུགས་སོ། །

༈ ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡཱ། ཁམས་གསུམ་ལས་དས་སྒྲིབ་གསུམ་དྲི་མ་སྤངས། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་ཆེད། །ས་གསུམ་དབང་བསྒྱུར་དྲག་པོ་མིག་གསུམ་ཚུལ། །འཇིག་རྟེན་གསུམ་མགོན་ནག་པོའི་སྐུར་སྣང་བ། །མ་ཧཱ་དེ་ཝའི་སྲས་པོ་མ་མོའི་རྗེ། །ལྷ་ཡི་ལྷར་གྱུར་བདུད་རྣམས་ཀུན་གྱི་བདུད། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན་པ་པོ། །བཅོམ་ལྡན་ནག་པོ་ཆེ་ལ་ཕྱག་འཚལ་ལོ། །རྣམ་བཅུ་དབང་ལྡན་ལས་ལ་ཆེ་དབང་བས། །གདུག་པ་ཅན་ཀུན་དྲག་ཏུ་སྒྲོལ་བར་མཛད། །འཁོར་བ་རྒྱུན་གཅོད་ཐར་བའི་ལམ་སྤེལ་ཕྱིར། །ལེགས་ཉེས་སྟེང་འཛིན་བཀའ་ཡི་བྱ་ར་མཛད། །མི་ཐུང་གེལ་བའི་གཟུངས་འཆང་དཔའ་བརྗིད་སྐུ། །མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་ཅིང་། །ག་བུར་ཕྲེང་རྒྱུས་ཁྲག་འཛག་དོ་ཤལ་བྱས། །གདེང་ཅན་དབང་པོས་བརྒྱན་ལ་བདག་ཕྱག་འཚལ། །སྐུ་མདོག་མུན་པའི་གཡུང་དྲུང་མིག་སྨན་གྱི། །ཐིག་ལེས་ལན་བརྒྱར་བྱུགས་ཀྱང་མཚོན་མིན་པའི། །ཆེས་གནག་རབ་སྣུམ་འབར་བའི་འོད་ཟེར་འཁྲུགས། །སྦྲང་རྩིའི་ཁ་དོག་བཅུ་གཉིས་ཉི་མ་ཡི། །གཟི་འཕྲོག་སྤྱན་གསུམ་ནས་འབྲས་རྒྱས་འདྲའི་གཟུགས། །འབྲུ་ཚུགས་གཟིགས་ཤིང་ཉག་རྣོ་མཐོ་བ་ཡི། །ཤངས་ནས་རྡོ་རྗེའི་གླུ་དབྱངས་ཧཱུྃ་སྒྲ་འབྱིན། །དཔལ་ཆེན་དཔའ་བོ་ཆེ་ལ་བདག་ཕྱག་འཚལ། །ཞལ་རས་འགྲམ་དུ་འབར་བའི་ཕྲེང་བ་བཞིན། །དམར་སེར་མེ་སྐར་འཕྲོ་བའི་རྒྱན་མཛེས་ཤིང་། །སྨར་སྨིན་ལག་ཚོམ་གློག་སྟོང་འགྱུ་བས་མཚོན། །རྒོད་མའི་མེ་འདྲ་གྱེན་འདར་ཐོར་ཚུགས་སྐྲ། །རིགས་ཀྱི་ཅོད་པན་མི་འཁྲུགས་རྒྱན་རྫོགས་སྐུ། །བདུད་འདུལ་ཏིང་འཛིན་ཕྱག་རྒྱ་ཅན་གྱིས་བརྒྱན། །ཁྲོ་ཆགས་བཞད་ཉམས་ཚེམས་ཕྲེང་མཆེ་བ་གཙིགས། །མྱུ་གུ་མཛེས་པར་བྱས་ལ་བདག་ཕྱག་འཚལ། །བཾ་རོའི་སྟེང་ནས་འགྲོ་ཕྲོར་ཚོམ་བཞིན་ཞབས། །མཉམ་གནས་སྟག་གི་པགས་པས་ཤམ་ཐབ་དཀྲིས། །རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུ་གཡས། །བདུད་རྩིས་གང་བའི་ཐོད་པ་ཕྱག་གཡོན་གྱི། །ཐུགས་ཀར་སྟེང་འོག་ཚུལ་དུ་འཛིན་བྱས་ཤིང་། །ག་ད་ཟུར་བརྒྱན་རྡོ་རྗེའི་མཚན་པ་ཡི། །ཁ་ཊྭཱཾ་ཀ་ནི་གཡོན་གྱི་གྲུ་མོར་འཆང་། །དཔལ་ལྡན་མགོན་པོ་ཆེ་ལ་བདག་ཕྱག་འཚལ། །ནག་པོ་ཁྱོད་ནི་བཅོམ་ལྡན་སངས་རྒྱས་ཀྱི། །ཐུགས་རྗེས་རྣམ་པར་སྤྲུལ་པ་ཁོ་ན་ལས། །རང་རྒྱུད་དྲེགས་པར་ནམ་ཡང་མ་གྱུར་མོད། །ཐབས་ལ་མཁས་པས་ཚར་གཅོད་ཁྲོ་བོར་སྟོན། །མ་རུང་གདུག་པའི་ཚོགས་རྣམས་འཇོམས་མཛད་པ། །རྣམ་བཞི་འཕྲིན་ལས་རོལ་པ་འབྱམས་ཀླས་ཀྱིས། །དེ་བཞིན་གཤེགས་པའི་འཁོར་བཞི་སྐྱོང་བར་མཛད། །ལེགས་ལྡན་དྲག་པོ་ཆེ་ལ་བདག་ཕྱག་འཚལ། །སངས་རྒྱས་བསྟན་པ་ལྔ་བརྒྱ་མཐའ་མའི་དུས། །མི་སྲུན་གདུལ་དཀའ་འདུལ་ལ་སངས་རྒྱས་ཀྱི། །རྨད་བྱུང་ཕྲིན་ལས་ཐམས་ཅད་ཁྱེད་ཀྱིས་བསྒྲུབ། །དགའ་འཇོམས་ལྷ་མིན་ཀུན་གྱི་རིགས་ཀྱི་ནད། །རྣལ་འབྱོར་རིག་འཛིན་ཀུན་གྱི་སྲོག་ཤིང་ཆེ། །གྲུབ་པ་བརྒྱད་ཅུ་ཀུན་གྱི་མངའ་བདག་དཔལ། །ཐར་པ་མཆོག་ཀྱང་ཡོངས་སྟེར་བཅོམ་ལྡན་འདས། །ནག་པོ་ཆེ་ལ་སྙིང་ནས་བདག་ཕྱག་འཚལ། །དེ་ལྟར་ནག་པོ་ཆེ་ལ་རབ་གུས་པས། །ཕྱག་འཚལ་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །རིག་པ་འཛིན་བདག་བྱང་ཆུབ་སྙིང་པོའི་བར། །ནག་པོ་ཆེན་པོས་བུ་བཞིན་སྐྱོང་མཛད་ནས། །ངན་སོང་གསུམ་གྱི་གཡང་སར་མི་གཏོང་ཞིང་། །དེར་སྐྱེ་ལས་ཀྱི་རྒྱུ་ཡང་ཁྱོད་ཀྱི་མཐུས། །རྣམ་པ་ཀུན་ཏུ་ཉམས་ཤིང་གཅོད་བྱས་ནས། །དགེ་བའི་ལས་ལ་ཡོངས་སུ་གཞུག་དུ་གསོལ། །སྐྱེ་ཀུན་མཐོ་རིས་ཕུན་ཚོགས་ཡོན་ཏན་བདུན། །ལྷ་མིའི་ལམ་མཆོག་འཕགས་ནོར་ཡོན་ཏན་བདུན། །མ་ཉམས་ཚངས་པའི་གནས་སུ་སྐྱེ་འགྱུར་ཞིང་། །སྐྱེས་མ་ཐག་ཏུ་མཚན་ལྡན་བླ་མར་མཇལ། །སྡོམ་རྒྱུན་གསུམ་ཐོབ་བཅས་པ་མ་ཉམས་ཤིང་། །ཕ་མ་མཁན་སློབ་བླ་མ་ལ་གུས་མཆོད། །ཁྱད་པར་མཚན་ལྡན་རྩ་བའི་བླ་མ་ཉིད། །ཅི་དགྱེས་ལས་ལ་སྤྱོད་པའི་གྲོགས་མཛོད་ཅིག །བསྐྱེད་རིམ་ཕྲ་ཐིག་རྫོགས་རིམ་ཆོས་ཉིད་དོན། །བརྩོན་པ་ལྷོད་མེད་ཉིན་མཚན་ཁ་སྦྱོར་དུ། །བསྒོམ་པར་ནུས་ཤིང་ལུས་ངག་ཡིད་ཀྱི་གེགས། །མཐའ་དག་བླ་མ་ནག་པོ་ཆེ་མཐུས་ཞིང་། །ས་ལམ་ཡོན་ཏན་འབྲི་མེད་ཡར་ཟླ་ལྟར། །འཕེལ་བས་ལས་བཞི་ལྟ་སྟངས་བཅུ་གཉིས་དང་། །གྲུབ་པ་ཆེན་པོ་བརྒྱད་སོགས་ཐུན་མོང་གི །དངོས་གྲུབ་ཀུན་ཀྱང་འབད་མེད་ཉིད་འགྲུབ་མཛོད། །ཁྱད་པར་ཐུན་མོང་མ་ཡིན་ཕྱག་རྒྱ་ཆེ། །མི་འགྱུར་བདེ་ཆེན་གནས་ལུགས་རྡོ་རྗེའི་གནས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བླ་མ་མགོན་པོ་དབྱེར་མེད་ཐུགས་ཀློང་དུ། །བདག་སོགས་འབྲེལ་བཅས་འགྲོ་ཀུན་ཡོངས་གྲོལ་ནས། །ནམ་མཁའི་མཐའ་ཀླས་འགྲོ་བ་ཅི་ཙམ་པ། །མ་ལུས་འདྲེན་པའི་དཔའ་བོར་ཡོངས་གྲུབ་ནས། །རྒྱལ་བ་རྒྱ་མཚོའི་དགོངས་པ་བསྐངས་བར་ཤོག །སྙིང་ནས་འདོད་དོན་གསོལ་བ་བཏབ་པ་འདི། །སྲས་མཆོག་འཕགས་པས་བསྐོར་བའི་རྫོགས་སངས་རྒྱས། །ཀུན་དང་རྡོ་རྗེ་ནག་པོ་ཆེན་པོ་ཡི། །བདེན་པས་བསླུ་མེད་གེགས་མེད་ཉིད་འགྲུབ་ཤོག །

ཅེས་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་དང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི་བལ་ཡུལ་དུ་བོད་ཐང་མགོན་པོ་ཞེས་རྡོ་ལས་རང་བྱུང་དུ་གྲུབ་པར་ཡང་བཞེད་ཅིང་། ཁ་ཅིག་གིས་མགོན་པོ་ཀླུ་སྒྲུབ་ཀྱི་ཕྱག་གིས་བསྐྲུན་པར་ཡང་འདོད་ལ། གང་ལྟར་སྔོན་ཡེ་རང་དང་ཉེ་བའི་རི་བོར་ཕུལ་ལ་ཌོ་ཞེས་པའི་རྩེ་མོར་ཡོད་པ་ནམ་མཁའ་ལ་འཕུར་སྟེ་བོད་ཐང་དུ་བབ་པར་བལ་ཡུལ་ཀུན་ཏུ་གྲགས་གྱུར་ཏེ་ལ་མཆོད་གཏོར་དང་ལྷན་ཅིག་སྙན་དར་ཕུལ་བའི་ངོས་སུ་ཤིང་ཁྱི་སྣྲོན་ཟླའི་ཚེས་བཅུར་དཔལ་རིག་པ་འཛིན་པས་བརྗོད་པ་དགེའོ། །དགེའོ། །

རྩིས་མགོན་ལྷ་ཆེན་དཔལ་འབར་གྱི་སྒྲུབ་ཐབས་འདོད་དོན་ཀུན་འགྲུབ།

༄༅། །རྩིས་མགོན་ལྷ་ཆེན་དཔལ་འབར་གྱི་སྒྲུབ་ཐབས་འདོད་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་བའི་བསྟན་པ་ཉེར་བསྲུང་ཕྱིར། །སྨོན་ལམ་དབང་གིས་སྤྲུལ་པའི་སྐུ། །རྩིས་མགོན་ལྷ་ཆེན་དཔལ་འབར་ལ། །གུས་པ་ཆེན་པོས་ཕྱག་བྱས་ནས། །དེ་བའི་སྒྲུབ་ཐབས་འཕྲིན་ལས་གང་། །མདོ་ཙམ་བདག་གིས་འདིར་བཤད་བྱ། །མདུན་དུ་བྲིས་སྐུ་སོགས་རྟེན་དང་མཆོད་གཏོར་བཤམས། །ཕྱག་རྡོར་སོགས་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་གང་རུང་ཞིག་གི་བདག་སྐྱེད་སྔོན་དུ་འགྲོ་བས་ནང་མཆོད་དང་། གསང་མཆོད་བྱིན་གྱིས་རླབས། དེ་ནས་ཡོ་བྱད་ལ་ཐོར། ནཿམ་སནྟ་བུདྡྷ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གནས་ཁང་གཞལ་མེད་ཁང་དུ་གྱུར་པའི་དབུས་སུ་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་རྣམས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་རུ་པཱུ་རུ་སུ་རུ་སུ་རུ། ཨ་ཝཏྟ་ཡ། བཛྲ་སྥ་ར་ཎ་ཁཾ་སྭ་ཧཱ། རོལ་མོའི་བྱིན་དབབ་པ། ཨོཾ་བཛྲ་དྷརྨཱ་ར་ནི་ཏ། པྲ་རཱ་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུནྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏི། པྲཛྙཱ་པ་ར་མི་ཏ་ན་ད་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་རླབས། གཏོར་མ་ཨ་མྲྀ་ཏས་བསངས། ཨོཾ་སྟོང་པར་གྱུར། ཨ་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཧཱུྃ་ཤ་ལྔ་བདུད་རྩི་ལྔས་གང་བ། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོ། ཅི་མང་བརྗོད། དེ་ནས་བསྐྱེད་པའི་ལྷ་ནི་རྟེན་ཡོད་ན་དེ་ཉིད་དང་མེད་ན་གཏོར་མའི་སྟེང་གི་ནམ་མཁའ་སྒོམ་པ་སྟེ། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་། ཕྱི་རོལ་དུ་དུར་ཁྲོད་ཆེན་པོས་བསྐོར་བའི་དབུས་སུ་པད་ཉི་དགྲ་བགེགས་བསྣོལ་བའི་གདན་གསུམ་ལ་ཧཱུྃ་ཡིག་མཐིང་ནག་གསུམ་ཡོངས་སུ་གྱུར་པ་ལས། དབུས་སུ་ལེགས་ལྡན་ལྷ་ཆེན་དཔལ་འབར་མ་ཧཱ་ཀ་ལ་སྐུ་མདོག་སྨུག་ནག་དུས་མཐའི་སྤྲིན་དང་མཚུངས་པ། གཡས་ཙནྡ་གྱི་བེང་ཕྱར་ཞིང་། གཡོན་ན་སྲིན་མོའི་གང་གི་མདུང་རིང་འཛིན་པའོ། །དེའི་གཡས་ན་མགོན་པོ་བེང་མ་མཐིང་ནག་ཕྱག་ན་ཙན་དན་གྱི་བེང་རྩེ་ནོར་བུས་སྤྲས་པ། བེང་སྟོད་ནས་མེ་འབར་ཞིང་། བེང་སྨད་ནས་ཆུ་ཕྲུག་པ། ནང་ནས་ལྷ་དང་ལྷ་མིན་གྱི་དམག་ཚོགས་འགྱེད་པའོ། །གཡོན་ཕྱོགས་སུ་མགོན་པོ་གྲི་གུག་སྐུ་མདོག་མུན་པ་ལྟར་གནག་པ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་དགྲ་སྙིང་དྲོན་མོ་ཕར་བཞིན་པས་བཀང་བ་འཛིན་པ་གསུམ་ཀའང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་ཤིང་ལྗགས་སྐྱོད་པ། ཞལ་གྱི་གྲ་ནས་ཁྲག་འཛག སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་འཁྱིལ་ཆེ་བ་དར་ནག་གི་འཇོལ་བོར། གསེར་གྱི་སྐེ་རགས་ཅན། མི་ལྤགས་ཀྱི་སྟོད་གོས་དང་། སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་ལ་སག་ཏིའི་ལྷམ་ཡུ་རིང་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གི་མེ་ཚན་དྲག་པོ་འབར་བའི་ཀློང་ནས་བཞེངས་པའོ། །མདུན་དུ་རླུང་གི་དཀྱིལ་འཁོར་ལ་བྷྱོཿལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྔོན་མོ་རལ་གྲི་དང་ཐོད་ཁྲག་འཛིན་པ། མི་ལྤགས་ཀྱི་སྟོད་གཡོག་དང་རེ་ལྡེས་སྨད་དཀྲིས་པ་ཉི་ཟླ་དང་སེང་སྦྲུལ་གསེར་གྱི་དྲིལ་བུ། ལྕགས་སྒྲོག་སོགས་རྒྱན་དང་། ཁྲཾ་བཾ་ནད་རྐྱལ་མཚོན་གྲུག་སྟེ་སྤྲུལ་པའི་མཚོན་ཆ་དང་བཅས་པ་སྲིན་པོའི་བོང་བུ་དམར་གའི་སྟེང་དུ་བཙན་སྐྱིལ་གྱིས་བཞུགས་ཏེ་རཀྟའི་རྒྱ་མཚོར་རོལ་བ། རྒྱབ་ཏུ་གསང་བའི་མཁའ་འགྲོ་མ་དམར་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་། སྐུ་གྲོལ་བ། མགོ་འཕྲེང་དང་རུས་པས་བརྒྱན་ཅིང་མི་ལྤགས་དང་སྟག་ལྤགས་གསོལ་ལ། དེ་ལ་སོགས་པ་མཁའ་འགྲོ་ཉི་ཤུ་རྩ་གཅིག་དང་། སྲིད་པ་ཕོ་རྒྱུད་དང་མོ་རྒྱུད་ཐམས་ཅད་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཚོགས་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲོན་པར་ཨཱཿ སྙིང་ཁར་ཧཱུྃ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བརྒྱད་དང་རང་བཞིན་གྱི་གནས་ནས་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀ་ལ་གཤེགས། །འཇིགས་བྱེད་བསྟན་བསྲུང་ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀ་ལ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿཛཿ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། སླར་ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་རྒྱན། ཨོཾ་མ་ཧཱ་ཀ་ལ་ཡ་གྲིཧྣེ་དཾ། ཨརྒྷཾ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ས་མ་ཡ་སྨ་ར་ས་མ་ཡ་མ་ཏི་ཀྲ་མ་ཐ་ས་མ་ཡ་རཀྵནྟུ། ཞེས་པས་དམ་ལ་བཞག ཨོཾ་མ་ཧཱ་ཀ་ལ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་དང་། སྤྲོ་ན་ལྷ་སོ་སོའི་སྙིང་པོའི་མཐར་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་དང་། ཤ་ས་ནས་ཀྱང་འབུལ། སྤྱིར་ཨ་ཀ་རོ་ལན་གསུམ་གྱིས་སྟབས། འབྲུ་གསུམ་གྱིས་ནང་མཆོད་འབུལ། བསྟོད་པ་བསྡུས་པ་ནི། འཇིག་རྟེན་གསུམ་ལ་དབང་བསྒྱུར་ཅིང་། །དྲེག་པ་གསུམ་གྱིས་ལྷ་དང་བདུད། །འདུལ་ཕྱིར་ལེགས་ལྡན་ནག་པོ་ཆེ། །མཆེད་གསུམ་སྐུ་ལ་ཕྱག་འཚལ་བསྟོད། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཐུགས་ཀར་སྔགས་འཕྲེང་གསལ་བཏབ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ། ཞེས་པ་གཙོ་བའི་སྙིང་པོའོ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནི་ཛཿཛཿ བེང་མའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུྃ་ཕཊ། གྲི་གུག་གོ །ཨོཾ་ཏྲི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་སྭཱ་ཧཱ། ན་མཿཏྲི་མ་ཧཱ་ཀ་ལགྒ་ནི་ཤ་ཡ་ན་མོ་ཡོ་གི་ནཱི་ནཱཾ། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི་ཀེ་ཏེ་ཀེ་ཏེ་ཙི་ཏི་ནི་ཙེ་སྭཱ་ཧཱ། ཞེས་མགོན་པོ་རྣམས་ཀྱི་སྤྱི་སྔགས་སོ། །ཨོཾ་ཏྲཱི་སེ་ལི་ཀ་པྲད་ཛ་ལ། ཨ་མོ་གྷ་ཧྲིཿཧ་ཧཱུྃ་ཕཊ། མ་མོ་མཁའ་འགྲོའི་སྙིང་པོའོ། །སླར་ཡང་ཕྱི་མཆོད་ནང་མཆོད་འབུལ། །ཧཱུྃ་ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གི་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །རུས་པ་རྐང་ཀླད་བསྲེས་པའི་གསོལ། །ཞུན་ཆེན་གསལ་བའི་སྒྲོན་མེ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང་། །ཤ་ཆེན་སྣ་ལྔའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་ཁ་བཀང་ནས། །མགོན་པོ་འཁོར་དང་བཅས་ལ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། འབྲུ་བཅུད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམས། །དེ་བཞིན་ཚེ་འཛིན་ཁྲག་གི་རྒྱུན། །བྷནྡྷ་ལྕང་ལོ་ཁྲག་གིས་བཀང་། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །མཐུན་པའི་རྫས་སུ་བཞེས་པར་མཛོད། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་རེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡིར་སྙིང་འཕྲེང་དཔྱངས། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་བསུར་རྒྱུན་མི་ཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་བའི་འཕྲིན་ལས་གྲུབ་པ་མཛོད། །བསྟོད་པ་ནི། ཧཱུཾ། སྲིན་པོའི་གཟུགས་ཀྱི་གདུགས་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་འཕྲེང་ཅན་ལ་བདག་བསྟོད་དོ། །དྲག་པོ་མི་གདུག་གཏུམ་པའི་སྐུ། །ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྷ་མིན་གཡུལ་དུ་ཕམ་མཛད་པའི། །རྡོ་རྗེ་བེང་ཁྱོད་ཕྱག་འཚལ་བསྟོད། །གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དགའ་ཚལ་མཛེས་པའི་ལྷ་མོ་ནི། །གདུག་པ་འདུལ་ཕྱིར་སྲིན་པོའི་སྐུ། །དགྲ་བགེགས་ཤ་དང་ཁྲག་ལ་རྔམ། །རྫོང་མོ་ཁྱོད་ལ་བསྟོད་པ་འབུལ། །ཧཱུྃ་དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་པའི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པ་དང་། །དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང་། །བསྟན་འཛིན་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་འཕྲིན་ལས་རྒྱས་པར་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛོད། །ཅེས་འཕྲིན་ལས་བཅོལ། རྗེས་ཡིག་བརྒྱ་དང་། བཟོད་གསོལ། གཤེགས་གསོལ། བརྟན་བཞུགས། སྨོན་ལམ་སྤྱི་དང་མཐུན། བཀྲ་ཤིས་ཀྱི་ཆོ་ག་རྒྱས་པར་བྱའོ། །ལྷ་ཆེན་དཔལ་འབར་རྩིས་མགོན་མཆེད། །སྒྲུབ་ཐབས་བཀའ་ལུང་རྒྱུན་ཆད་མེད། །དམ་པའི་གསུང་ལས་བཏུས་འདི་རྨད། །ཚིག་ཚོགས་མེད་ཀྱང་བྱིན་རླབས་ཡོད། །དགེ་མཆིས་འཕགས་མཆོག་ནག་པོ་ཆེ། །མཆོད་པས་འགྲོ་ཀུན་དགའ་བར་ཤོག །

ཅེས་པ་ཡང་དོན་གཉེར་ཅན་མང་པོས་ནན་གྱིས་གསོལ་བ་བཏབ་པ་དང་། ཁྱད་པར་སློབ་མ་དད་པ་ཅན་རྒྱལ་ཁབ་ཀྱི་སྟེང་འཛིན་བྱེད་པོར་ཞུགས་པ་སྡེ་པ་ཚེ་དབང་འགྱུར་མེད་བསོད་ནམས་ལེགས་འཕེལ་ཞེས་པས་བསྐུལ་བའི་ངོར་རིག་འཛིན་ཚེ་དབང་ནོར་བུས་མེ་ཡོས་དབྱུག་ཟླའི་ཚེས་བཟང་པོར་གདན་ཐོག་གཅིག་ཏུ་སྤེལ་བ་དགེའོ། །དགེའོ། །

སྤྱིར་རྩིས་མགོན་གྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་སོགས་རྙིང་ལུགས་གླེགས་བམ་ཆེ་བ་ཡོད་འདུག་ཀྱང་བཀའ་ལུང་རྒྱུན་ད་ལྟ་མི་སྣང་ལ། འདི་ནི་རྒྱུད་པ་རྒྱུན་མ་ཆད་པ་ངེས་པར་ཇོ་བོ་རྗེའི་ལུགས་ལ་བསྲེ་བསླད་མེད་པ་ཉིད་བཤད་པ་ཡིན་ནོ། །འདིར་སྨྲས་པ། བརྒྱད་ལྡན་ཆུ་ཡིས་ངོམ་པ་ན། །བ་ཚྭའི་ཁྲོན་པ་སུ་ཡིས་བྲུ། །ཚད་འགྱུར་དགྱེས་པའི་རྒྱུན་ཡོད་ན། །ཡིག་ནག་ལ་སྲེད་མ་གྱུར་ཅིག །སརྦ་མངྒ་ལཾ།

ལྷ་མོ་ཙཎྜིའི་སྒྲུབ་ཐབས།

༈ ཨོཾ་སྭཱསྟི། རྒྱལ་བའི་འཕྲིན་ལས་སྣ་ཚོགས་པ། །གང་འདུལ་དེར་སྟོན་ལྷ་མོ་ལ། །ཕྱག་བྱ་གང་གི་སྒྲུབ་པའི་ཐབས། །མདོ་ཙམ་འདི་རུ་བཤད་པར་བྱ། །དེ་ཡང་སྔགས་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་གི་བཅས་པ་ལ་གནས་པས་ལྷ་མོ་འདི་ཡི་ལུང་ནོད་པའི་སྔགས་པས་རས་བྲིས་ཡོད་ན་བཀྲམ། ཚོམ་བུ་ལ་གཏོར་མ་སོགས་མཆོད་པའི་ཡོ་བྱད་བཤམས་ལ་བདག་ཉིད་ཡི་དམ་ལྷར་གསལ་ནས་མཆོད་རྫས་བྱིན་གྱིས་རླབས། མདུན་གྱི་རྟེན་ཡོད་ན་དེ་དང་མེད་ན་མཁར་ལྷ་བསྐྱེད། བསངས་སྦྱངས། སྟོང་པའི་ངང་ལས་མེ་རླུང་འཁྲུག་པའི་གུར་ཁང་འཇིགས་སུ་རུང་བའི་ཀློང་དུ་ཁྲག་མཚོ་ཁོལ་མའི་དཀྱིལ་དུ་ཀེང་རུས་ཀྱི་རི་རབ། དེ་སྟེང་ཐོད་མཁར་ཟུར་གསུམ་པའི་ནང་དུ་ཆོས་འབྱུང་དམར་ནག་འབར་བའི་ལྟེ་བར་པད་ཉིའི་སྟེང་བམ་ཆེན་བསྣོལ་བའི་གདན་ལ་ཡི་དམ་གྱི་ས་བོན་ལས་འཕྲོས་པའི་ཧྲིཿཡིག་འབར་བའི་རལ་གྲི་ཡིས་མཚན་པ་གཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཡེ་ཤེས་དང་འཇིག་རྟེན་ལས་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་ནུས་མཐུ་གཅིག་ཏུ་བསྡུས་ཧྲཱིཿཡིས་མཚན་པའི་རལ་གྲི་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ཙཥྚི་ཀ་འབར་བའི་གདོང་པ་ཅན་སྐུ་མདོག་དམར་མོ་བསྐལ་པ་མེ་ཡི་ཕུང་པོ་ལྟ་བུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཕྱག་གཡས་འབར་བའི་རལ་གྲི་སྡིག་པའི་ཡུ་བ་ཅན་མེ་ཡི་ཕུང་པོ་ལྟ་བུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཕྱག་གཡས་འབར་བའི་རལ་གྲི་སྡིག་པའི་ཡུ་བ་ཅན་མཁའ་ལ་འཕྱར་བ། གཡོན་ཐོད་པ་ཁྲག་གིས་བཀང་བ་ཞལ་དུ་འདགས་ཤིང་ཐུགས་ཁར་བཟུང་བ། དབུ་སྐྲ་རལ་པ་ཐོར་ཚུགས་ཀྱི་རྩེར་རྨ་བྱའི་གདོང་སྒྲོ་ཆུན་པོས་མཛེས་པ། ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་སྙིང་གི་ཕྲེང་བ་དང་བཅས་པ་རུས་པའི་རྒྱན་དྲུག་སྤྲས་ཤིང་མི་གླང་གི་ཀོ་རློན་གྱི་སྟོད་གཡོགས་ཤིང་། རེ་ལྡེ་དང་སྟག་སོགས་ཀྱི་སྨད་དཀྲིས་པ། སྦྲུལ་ནག་གི་སྐེ་རགས་ཅན་ཞབས་གཉིས་གཡས་བསྐུམ་གཡོན་རྐྱང་གི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེ་ཡི་གཡས་གཡོན་དུ་རོ་ལངས་ནག་མོ་གཉིས་ལས་ལ་འགྱེད་པའོ། །དེ་ཡི་མདུན་ཟུར་དུ་ཀཾ་ལས་ཁྭ་གདོང་མ་ནག་པོ་གཡས་གྲི་གུག་གི་གནོད་བྱེད་ཀྱི་སྙིང་དྲངས་ནས་གསོལ་བ། གཡས་སུ་ཛཾ་ལས་སྤྱང་གདོང་མ་དམར་མོ་གཡས་གྲི་གུག་གིས་གནོད་བྱེད་ཀྱི་མགྲིན་པ་ནས་ཁྲག་དྲངས་ཏེ་གསོལ་བ། གཡོན་དུ་ཤཾ་ལས་ཁྱི་གདོང་མ་སྔོན་མོ་གཡས་པ་གྲི་གུག་གི་སྤྱི་བོ་ནས་ཀླད་ཁྲག་དྲངས་ཏེ་གསོལ་བ། ལྷ་མོ་དེ་གསུམ་ཀ་ཡང་ཁྲོ་ཞིང་གཏུམ་པ་ཕྱག་གཡོན་གྱི་བསྒྲུབ་བྱའི་གཟུང་ནས་བཟུང་ཞིང་སྦྲུལ་དང་རུས་པ་ཐོད་པ་སྐམ་རློན་གྱི་རྒྱན་དང་གཡང་གཞིའི་སྟོད་གཡོག་སྟག་ལྤགས་ཀྱི་ཤམ་ཐབས་མེ་དཔུང་འབར་བའི་དབུས་སུ་རོ་གདན་ལ་ཞབས་གཉིས་བསྒྲད་ཅིང་སྐུ་ལས་སྤྲུལ་པའི་ཁྲོ་མོ་དཔག་ཏུ་མེད་པ་འཕྲོ་བཞིན་དུ་བཞུགས་པའོ། །

རྒྱབ་ཏུ་དུཾ་ལས་བཀའ་བསྡོད་ལས་མཁན་རཱ་ཧུ་ལ་སྐུ་མདོག་དུད་ཁ་གཡས་གྲི་གུག་གི་རྩེ་ནས་སྐྱི་མདངས་འཕྲོ་ཞིང་གཡོན་མཚོན་ཆའི་འཁོར་ལོ་བསྣམ་པ། སྤྱི་གཙུག་ཏུ་བྱ་རོག་ཞལ་དང་སྐུ་སྨད་སྦྲུལ་མཇུག་ཅན་ལུས་ཀུན་མིག་གིས་ཁེངས་ཤིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཙོ་འཁོར་ཀུན་གྱི་དཔྲལ་མགྲིན་སྙིང་ཁར་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་མཐིང་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང་རི་རབ་ཀྱི་བྱང་ཕྱོགས་བདུད་རྩིའི་ཆུ་མིག་རྫིང་བུའི་འགྲམ་དང་རི་བོ་པོ་ཊ་ལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་གནས་ཡུལ་དག་པ་ནས་ལྷ་མོ་ཙཎྜི་ཀ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ལྷ་མོ་ཙཎྜི་ཀ །བདག་གི་ཐུགས་དམ་གཉན་སྐོང་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་ཨོཾ་བཛྲ་ས་མ་ཡ་ཛཿ ཞེས་པས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ཛཿཧཱུྃ་བཾ་ཧོཿ དཾ་ཡེ་གཉིས་སུ་མེད་པར་བསྟིམ། ཡང་རང་གི་ཐུགས་ཁའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱི་ཨོཾ་བཛྲི་བྷ་ཝ་བྷི་ཥིཉྩ་ཧཱུྃ། ཅེས་གསུང་ཞིང་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག མཐུ་སྟོབས་དང་ནུས་མཐུ་ལ་དབང་བར་བྱས། ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་དང་། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱི་དབུ་བརྒྱན། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་པ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཉྩ་མ་ནཾ། པྲོཀྵ་ནཾ། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་པུཥྤེ་ཨཱཿཧཱུྃ། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་དྷུ་པཾ་ཨཱཿཧཱུྃ། ཨོཾ་ཤྲཱི་དཱི་ཝི་ཛྭ་ལ་མུ་ཁི་ནི་དི་པཾ་ཨཱ་ཧཱུྃ། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་གནྡྷཾ་ཨཱཿཧཱུྃ། ཨོཾ་ཤྲཱི་དེ་ཝི་ཛྭ་ལ་མུ་ཁི་ནི་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་ཤྲཱི་དི་ཝི་ཛྭ་ལ་མུ་ཁི་ནི་ཤབྡ་ཨཱཿཧཱུྃ། ཞེས་ཕྱི་མཆོད་དང་། ཨོཾ་མ་ཧཱ་ཀ་ལ་དེ་ཝི་ཝཾ་ཧྲི་ཧཱུྃ་ཕཊཿ ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད་དང་། ཧཱུྃ དཔལ་ལྡན་ལྷ་མོ་ཙཎྜི་ཀ །ལྷ་མིན་མུ་སྟེགས་ཚོགས་འཇོམས་ཤིང་། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། །སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །དཔལ་ལྡན་ཕྱི་ནང་གསང་བའི་ཙཎྜི་ཀ །བདེ་ཆེན་འདུ་འབྲལ་མེད་པའི་གསང་བའི་ཡུམ། །འཁོར་བཅས་རྣམས་ལ་བདག་གིས་མཆོད་ཅིང་བསྟོད། །ཡིད་ལ་བསམ་པའི་སྡོང་གྲོགས་མཛད་དུ་གསོལ། །ཅུང་ཟད་རྒྱས་པར་སྤྲོ་ན། ཧྲཱི་བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །དུས་གསུམ་རྒྱལ་བའི་ཡུམ་གྱུར་བཅོམ་ལྡན་མ། །གདུག་པ་འདུལ་ཕྱིར་དུས་ལས་མི་ཡོལ་བ། །སྤྲུལ་པའི་སྐུར་སྟོན་ལྷ་མོ་ཙཎྜི་ཀ །དམར་གསལ་བསྐལ་མེའི་འོད་འཕྲོག་ཁྲོས་པའི་གར། །བདུད་དང་མུ་སྟེགས་མཐའ་དག་པ། །ཚར་གཅོད་རལ་གྲི་ཐོད་པའི་ཕྱག་རྒྱ་ཅན། །བསྐྱང་བརྐུམ་ཞབས་ཀྱི་གདུག་པའི་ཚོགས་རྣམས་བརྫིས། །སྐམ་རློན་ཐོད་འཕྲེང་རུས་པའི་རྒྱན་དྲུག་སྤྲས། །མི་གླང་སྟག་ལྤགས་སྦྲུལ་ནག་སྐེ་རགས་བཅིངས། །རལ་པོ་ཐོར་གཙུག་རྨ་བྱའི་མདངས་ཀྱིས་བརྒྱན། །འདོད་ཁམས་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོཿ དུག་གསུམ་འཇོམས་མཛད་སྐུ་གསུང་ཐུགས་ལས་སྤྲུལ། །བྱ་སྤྱང་ཁྱི་གདོང་སྙིང་ཁྲག་རུས་ཟན་མ། །བཀའ་སྡོད་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཕྲ་མེན་ལས་བྱེད་འཁོར་དང་བཅས་ལ་བསྟོད། །སྔོན་གྱི་དམ་ཚིག་ཇི་བཞིན་སངས་རྒྱས་ཀྱི། །བསྟན་དང་བསྟན་འཛིན་དར་རྒྱས་ས་སྐྱོང་ཀུན། །ཆོས་བཞིན་ཁྲིམས་ལྡན་རྒྱལ་ཁམས་བདེ་ཞིང་སྐྱིད། །བདག་གི་འདོད་དོན་འཕྲིན་ལས་ཀུན་འགྲུབ་མཛོད། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ཤྲཱི་ཙཎྜི་ཀ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་དམ་ལ་བཞག གཏོར་ཆོག་ཙམ་ཡིན་ན་འདིར་གཏོར་འབུལ་ལ་འཇུག བཟླས་བརྗོད་བྱེད་པར་འདོད་ན། སྐབས་འདིར་བྱ་བ་སྟེ་ལྷ་མོའི་སྙིང་ཁར་ཉི་མ་ལ་གནས་པའི་ཧྲཱིཿདམར་སྔགས་འཕྲེང་གི་སྐོར་བ་གསལ་བཏབ་ལ། བདག་མདུན་སྤྲོ་བསྡུའི་དམིགས་པ་བཅས་ཛབ་ནི། ཨོཾ་ཧྲཱིཿཙཎྜི་ཀཱ། སྙིང་ཁ་ལ་རཀྵ། ཨ་ཡཀྵ་སེ་ན། ཛཿཛཿཛཿ ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊཿ ཞེས་གཙོ་མོའི་སྔགས་ཏེ་ཅི་ནུས་སུ་བཟླའོ། །འཁོར་སྤྱི་སྔགས་ནི། ཨོཾ་ཀ་ཀཱ་མུ་ཁི་ནཱི་ཀཾ་སྭཱ་ཧཱ། ཁྭ་གདོང་མའོ། །ཨོཾ་ཛམྦུ་ཀ་མུ་ཁི་ནཱི་ཛཾ་སྭཱ་ཧཱ། ལྕེ་སྤྱང་གདོང་ངོ་། །ཨོཾ་ཤྭ་ན་མུ་ཥི་ནི་ཤྭཾ་སྭཱ་ཧཱ། ཁྱི་གདོང་མའོ། །བཞི་སྙིང་གཅིག་ཏུ་དྲིལ་བ་ནི། ཧྲཱིཿ ཛཾཿ བི་མུ་ཏམ་བི་ཨན། ཨ་མུ་ཀཾ་མ་ར་ཡ་ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ན་མོ་བྷ་ག་ཝ་ཏེ་རོ་ཌ་ཡ། ཤ་ཏྲུཾ་མཱ་ར་ཡཱ། ཨ་གཙྪ་ཛཿཛཿསྭཱ་ཧཱཿ ཞེས་ལན་གསུམ་བཟླས། ༼འདི་ནས་མ་དཔེ་ཤོག་ངོས་གཅིག་ཆད༽

ཕྱག་རྡོར་དོན་གྱི་སྒྲུབ་ཐབས་གང་ཤར་ཐོལ་སྐྱེས་ཀྱི་གླུ་རྡོ་རྗེའི་གད་རྒྱང་།

༄༅། །ཕྱག་རྡོར་དོན་གྱི་སྒྲུབ་ཐབས་གང་ཤར་ཐོལ་སྐྱེས་ཀྱི་གླུ་རྡོ་རྗེའི་གད་རྒྱང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭསྟི། འཁོར་འདུས་ཀྱི་མིང་བཏགས་གློ་བུར་བ། །རང་ངོ་ནས་མ་གྲུབ་གཞི་རྩ་སྟོང་། །རང་རིག་ནི་གདོད་མའི་དག་པ་ཆེ། །ཀུན་གཞི་མཆོག་ཀུན་ཏུ་བཟང་པོར་གྲུབ། ། ༡ དེ་ཉིད་ནི་རྣམ་པ་ཐམས་ཅད་པས། །རང་རིག་གི་ངོ་བོ་གསང་བདག་ཡིན། །ཆོས་ཉིད་ལ་ཞལ་ཕྱག་མ་དམིགས་ཀྱང་། །མེད་པ་ཡང་མ་ཡིན་ཞལ་ཕྱག་སྣང་། ། ༢ སྣང་སེམས་ཞེས་ཐ་དད་ཡེ་ནས་མེད། །མེད་བཞིན་དུ་སྣང་ལུགས་ངོས་ཅིག་ནས། །བཅོམ་ལྡན་དཔའ་ཁྲག་འཐུང་ཧེ་རུ་ཀཿ སྐུ་མདོག་མཐིང་ཆོས་ཉིད་འགྱུར་བ་མེད། ། ༣ ཉག་གཅིག་གི་ཞལ་ལ་བདེན་གཉིས་ཕྱག །མཐའ་བྲལ་གྱི་ཞབས་ནི་བསྐྱངས་ཤིང་བསྐུམ། །གཟུང་འཛིན་གྱི་གཟའ་ཀླུ་གདན་དུ་བརྫིས། །སྟོང་ཉིད་ཀྱི་རྡོར་དྲིལ་མཁའ་ལ་ཕྱར། ། ༤ སྙིང་རྗེ་ཡི་མེ་ཞགས་གཡོན་ན་བསྣམས། །སྲིད་གྲོལ་གྱི་རལ་པ་གྱེན་དུ་བརྫེས། །ཆགས་སྡང་གི་སེང་གླང་ལྤགས་པ་གསོལ། །ཚོགས་བརྒྱད་དག་དུར་ཁྲོད་དཔལ་ཆས་རྫོགས། ། ༥ ཡེ་ཡིན་གྱི་སྐུ་རུ་དེ་ལྟར་ཤར། །ཐུགས་ཀློང་དུ་ཡེ་ཤེས་རྡོ་རྗེ་ནི། །སྐུ་གསུམ་གྱི་བདག་ཉིད་རྩེ་མོ་གསུམ། །ཉག་གཅིག་གི་ངོ་བོ་ལྟེ་བ་རུ། ། ༦ གཉིས་མེད་ཀྱི་ཡེ་ཤེས་ཧཱུྃ་གི་སྤྲས། །ཧཱུྃ་ཧཱུྃ་ཧཱུྃ། ཟུང་འཇུག་དངོས་བཛྲ་རྭ་མ་མཚོན། །རྟོག་འཇོམས་ཀྱི་ཡི་གེ་རྩེ་མོར་ཕཊ྄། ཧཱུྃ་བཛྲ་ཕཊ྄། ༧ རང་རིག་གི་མེ་དཔུང་འབར་བ་ཡི། །གཉིས་སྣང་གི་གདོན་བགེགས་མ་ལུས་བསྲེགས། །ཞེ་སྡང་མདངས་སྟེང་གདོན་ཐལ་བར་རློག །འདོད་ཆགས་མདངས་འོད་གདོན་ཕྱེ་མར་འཐག ། ༨ ཕཊ྄ཿ འཁོར་འདས་ཀུན་ང་ཡི་ཆོ་འཕྲུལ་སྟེ། །སྲེགས་བྱ་དང་བསྲེགས་བྱེད་རོ་མཉམ་འདྲེས། །ང་ཉིད་ལས་གཞན་པའི་འཁོར་འདས་སུ། །གཟའ་ཀླུ་ཡང་གསང་བདག་ང་ཉིད་དོ། ། ༩ ང་རང་གི་ངོ་བོ་ལ་ཚུར་ལྟོས་དང་། །ང་ཉིད་ཞེས་དངོས་པོའི་མཚན་འཛིན་སྟོངས། །བེམ་སྟོང་དུ་མ་ཡིན་ཤིན་ཏུ་བརྗིད་༼བརླིད་ཡིན་པས་བསྲད། །༽ཡོད་མེད་ཀྱི་ཁས་བླངས་གང་ཡང་མེད། །༡༠ འདི་དོན་གྱི་གནད་ལ་མ་རེག་པའི། །མཚན་ཉིད་ཀྱི་དགེ་བཤེས་སྐམ་པོ་འགའ། །སྔགས་ལམ་ལ་ཞུགས་པའི་རློམ་འཆང་ཡང་། །ཆོས་ཉིད་ལ་ཁས་ལེན་མེད་དོ་ཞེས། ། ༡༡ མེད་ལུགས་ཀྱི་བསྒྲུབ་གཞིར་མཛུབ་ཚུགས་མེད། །སྒོམ་ཡོན་གྱི་སངས་རྒྱས་བེམ་སྟོང་བསྒྲུབ། །འཕགས་ཀླུ་ཡི་ཁས་བླང་ཡིན་རྫུ་ནས། །ཡང་དག་གི་དོན་ལ་འཕགས་ཀླུ་འགོག ། ༡༢ མ་ནོར་བ་འཕགས་ཀླུའི་རྗེས་འབྲང་ན། །ལམ་དུས་ཀྱི་མཚན་ཉིད་གོང་སྨོས་བཞིན། །འབྲས་དུས་ཀྱང་དེ་དང་རྗེས་མཐུན་དུ། །ཟབ་བརླིང་གནད་རྒྱ་ཆེར་བཤད་ཡོད་ཀྱང་། ། ༡༣ འདི་སྐབས་མི་སྤྲོ་ཡི་གེས་འཇིགས། །དེ་དག་ནི་སྐབས་ཀྱི་འཕྲོས་དོན་སྟེ། །གསང་བདག་གི་བསྒོམ་བཟླས་ཐུན་མཐའ་རུ། །ཕྱི་སྣོད་ཀུན་གཟུང་བའི་རྟོག་པས་སྟོང་། ། ༡༤ ནང་བཅུད་ཀུན་འཛིན་པའི་གཞི་ཡིས་སྟོང་། །སྟོང་ཉིད་ངང་སྒྱུ་ལུས་འོད་གསལ་ཞུགས། །མི་འགྱུར་བདེ་ཐིག་ལེའི་དབྱིབས་སུ་འདུས། །འོད་གསལ་གྱི་ངང་དེ་གནས་ལུགས་ཡིན། ། ༡༥ སྨོན་ལམ་གྱི་འཕེན་པས་ཡེ་ཤེས་སྐུ། །གནས་ལུགས་ལས་མ་གཡོས་ངང་དུ་ལྡང་། །དགེ་ཚོགས་ཀུན་སྒྱུ་ལྟར་འགྲོ་ལ་བསྔོ། །དེ་སྐད་ཅེས་གསང་བདག་བསྒྲུབ་ཐབས་མཆོག ། ༡༦ རྒྱལ་བ་དང་རྒྱལ་སྲས་ཀུན་གྱི་ཤུལ། །མ་ནོར་ཞིང་འཁྲུལ་ཡུང་ཉུང་ངུའི་ངག །ཚུལ་བཞིན་ཡི་གེའི་བཀོད་པ་འདི། །ལང་འགྲོ་ཡི་རིག་འཛིན་མཆོག་གི་གདུངས། ། ༡༧ སྒྲོལ་མ་བ་ཞེས་སྔ་་འགྱུར་གསལ་བྱེད་གཙོ། །དེ་ཉིད་རིགས་ལ་དམ་པ་ཡིད། །སྐྱེ་སྲིད་མཆོག་པདྨ་ཀུན་གསལ་གྱི། །གསུང་ངོ་རུ་མདོ་ཁམས་ཀཿཐོག་པ། ། ༡༨ རེ་ཁེ་ལྗོངས་ཆོས་སྨྲ་རིག་པ་འཛིན། །ཚེ་དབང་དཔག་ནོར་བུ་ཞེས་གྲགས་པས། །དབུས་འགྱུར་གཙང་ཟབ་བུ་ལུང་དུ་སྨྲས། ། ༡༩ མངྒ་ལཾ། ཨོཾ་ཏུམ་བུ་ལི་ཏུམ་བུ་ལི་རཀྵ་ར་ཧུ་ལ་སུ་སུ་མེལ་མེལ་ཤིག་ཤིག་ཁྲོལ་ཁྲོལ་སྭཱ་ཧཱ།

རྫོགས་ཆེན་བཀའ་ཡི་བསྲུང་མ་གཟའ་བདུད་ཆེན་པོའི་མཆོད་ཆོག་ཡིད་བཞིན་ལྷུན་གྲུབ།

༄༅། །རྫོགས་ཆེན་བཀའ་ཡི་བསྲུང་མ་གཟའ་བདུད་ཆེན་པོའི་མཆོད་ཆོག་ཡིད་བཞིན་ལྷུན་གྲུབ་བཞུགས་སོ། །

༈ ཨོཾ་བཛྲ་པཱ་ཎི་ཧཱུཾ། གནོད་སྦྱིན་ཆེན་པོ་གསང་བའི་གཙོ། །བཅོམ་ལྡན་ཕྱག་རྡོར་ལ་བཏུད་ནས། །དེ་འཕྲུལ་རྡོ་རྗེ་ཐེག་བསྲུང་གཙོ། །དྲང་སྲོང་ཆེན་པོའི་གསོལ་མཆོད་བཤད། །དེ་ཡང་དབང་ཐོབ་དམ་ཚིག་ལྡན་པའི་རྣལ་འབྱོར་པས་དྲང་སྲོང་ཆེན་པོ་མཆོད་པར་འདོད་ན། གནས་དབེན་ཞིང་གཙང་མ་ཡིད་དང་མཐུན་པའི་དུས་ཁྱད་པར་ཅན་ལ་སྐུ་གཟུགས་ལ་སོགས་པའི་རྟེན་རྫས་མཆོད་རྫས་སྤྱན་གཟིགས་ཅི་འབྱོར་བ་དང་། ཁྱད་པར་དམར་གཏོར་དགུ་བསྐོར་ཙ་རའི་ཁྲག་མ་དཱ་ན་ཡཱཿབརླན་པ་བཤམས་ནས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་རྫས་བྱིན་གྱིས་བརླབས་ཤིང་། ཁྱད་པར་གཏོར་མ་ལ་དམིགས་ཏེ། ཨོཾ་ཨཱ་ཧཱུྃ་གིས་གཏོར་མ་ཤ་ཁྲག་གི་རི་དང་རྒྱ་མཚོར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མང་དུ་བརྗོད། མདུན་དུ་རྟེན་རྫས་སྟོང་པར་སྦྱངས། ཁྲག་མཚོ་ཐོད་མཁར་མེ་རླུང་འཚུབ་མའི་དབུས་སུ་ཏྲི་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ། ཕྱག་བཞིའི་དང་པོ་གཉིས་སུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན་གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲོན་པ་ཨཱཿ ཐུགས་ཀར་ཧཱུ། ཧཱུྃ་ལས་འོད་འཕྲོས་ལྷོ་ནུབ་ཀྱི་མཚམས་ལངྐ་པུ་རའི་གྲོང་ཁྱེར་དང་རྒྱུ་ཕྱོགས་ནས་གཟའ་བདུད་འཁོར་དང་བཅས་བཛྲ་ས་མཱ་ཛཿས། སྤྱན་དྲངས་པར་བསམ་ཞིང་། རྔ་དང་དྲིལ་བུ་ཐོད་གླིང་ལ་སོགས་པ་དཀྲོལ་ཞིང་གསུར་ཆེན་གྱི་དུད་པ་བཏང་ནས་འདི་སྐད་དོ། །ཧཱུྃ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། ཁས་བླངས་དམ་བཅས་ནས་ནག་པོ་མཐུ་བོ་ཆེ། །གཟའ་ཆེན་སྡེ་བརྒྱད་རྒྱུ་སྐར་བཙུན་མོར་བཅས། །ཚུར་བྱོན་ཚུར་བྱོན་གནས་འདིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྚ་ལྷན། པདྨ་ཀ་མ་ལ་ཡ་སྟྭཾ། ཧྲི་ཤག་ཏུ་རཾ་ན་གེ་ཙི་ཏ་ཏྲ་མ་མ་ཡོང་ཟ་གྷྲཿཧ་ཧེ་ཡོ་གེ་ཤ་ལ་ཛཿཛཿབྷ་ལིན་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀེ་ཏ་ཀེ་ཏ་ར་ཧུ་ལ། ཙ་ར་ཀ ཁྱབ་འཇུག་ཆེན་པོ། སྒྲ་གཅན་འཛིན། བྱི་ནུ་ར་ཙ། བདུད་པོ་རེག་ཏི་ལྗང་སྔོན་ཆེན་པོ། དུ་བ་མཇུག་རིང་། གདོང་མོ་བཞི་དང་བཅས་པའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ལྷ་མ་སྲིན་སྣང་སྲིད་སྡེ་བརྒྱད་དང་བཅས་པའི་ཞལ་དུ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པས་གཟའ་བདུད་འཁོར་དང་བཅས་པའི་ཞལ་ནས་འོད་ཟེར་བྱུང་གཏོར་མ་ལ་ཕོག་སྟེ་གསོལ་བས་ཤིན་ཏུ་མཉེས་པར་བསམ་ལ། ཧཱུྃ། ཆོས་སྐྱོངས་ཆེན་པོ་གཟའ་བདུད་འཁོར་བཅས་ལ༔ བྷ་ལིང་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ སིལ་སྙན་རོལ་མོས་ཐུགས་དམ་བསྐང་༔ གདུགས་དང་རྒྱལ་མཚན་ཐུགས་དམ་བསྐང་༔ བ་དན་བླ་རེས་ཐུགས་དམ་བསྐང་༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང་༔ ཐུགས་དམ་གཉེན་པོ་བསྐང་ནས་ཀྱང་༔ བདག་ཅིག་འཁོར་དང་བཅས་པ་ཡི༔ བསམ་པ་ཐམས་ཅད་འགྲུབ་པ་དང༔ རེ་བ་ཐམས་ཅད་བསྐང་བ་དང་༔ ནད་རྣམས་ཐམས་ཅད་ཞི་བ་དང་༔ གདོན་རྣམས་ཐམས་ཅད་མེད་པ་དང་༔ ཆགས་ཆེ་ཉམས་ང་བཟློག་པ་དང་༔ འཁོར་བསྲུང་རྐྱེན་བཟློག་བར་ཆད་བཟློག༔ ཧཱུཾ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་འཇིགས་པ་ལ༔ དབུ་དགུ་ཕྱག་བཞི་རྔམས་པའི་ཚུལ༔ དབུ་དགུ་ཕྱག་བཞི་རྔམས་པའི་ཚུལ༔ གཡས་དཀར་གཡོན་དམར་དུད་ཁ་དབུས༔ བར་མ་གཡས་ལྗང་གཡོན་དམར་ཞིང་༔ དབུས་ནི་མཐིང་ནག་འཇིགས་པ་སྟེ༔ སྟེང་ཞལ་དབུས་དམར་འཛུམ་པ་ལ༔ གཡས་མཐིང་གཡོན་དམར་ཧ་ཧ་རྒོད༔ སྟེང་ན་ནམ་མཁའ་བྱ་རོག་གདོང་༔ ཀུན་ཀྱང་ཞལ་གདོང་སྤྱན་གསུམ་བསྒྲད༔ ཕྱག་བཞི་གཡས་གཡོན་དང་པོ་གཉིས༔ ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་འཛིན༔ འོག་མ་གཉིས་ན་མདའ་གཞུ་བསྣམས༔ སྐུ་སྨད་དུག་སྦྲུལ་འཁྱིལ་བ་སྟེ༔ མགོ་ལུས་མེད་པར་མིག་གིས་གང་༔ ལས་སུ་སངས་རྒྱས་བསྟན་པ་བསྲུང་༔ གཉེར་དུ་དམ་ཅན་རྣལ་འབྱོར་སྐྱོངས༔ དམ་ཚིག་ཅན་ལ་བདག་བསྟོད་དོ༔ ཧཱུྃ། ཁྱེད་ཀྱི་བཀའ་ཉན་གདོང་མོ་བཞི༔ གཟའ་བརྒྱད་ལྷ་བརྒྱད་ཀླུ་བརྒྱད་དང་༔ སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ༔ ནམ་མཁའི་གཟའ་རྣམས་དམ་ལ་བཏགས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ༔ རིག་འཛིན་ཆེན་པོ་ཀུ་མ་ར་ཛ་དང་༔ རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས༔ ཡེ་ཤེས་ཐིག་ལེའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྔགས་བདག་གཟའ་རྣམས་ཐམས་ཅད་ཡོངས་འདུས་ནས༔ སོ་སོར་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་བྱས་སམ༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་བྱས་སམ༔ བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་བྱས་སམ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ སྐབས་འདིར་བཟླས་པར་སྤྲོ་ན་ཅུང་ཟད་བྱ། མཐར་ཨོཾ་བཛྲ་མུཿ བྲིས་སྐུ་ཡོད་ན་དེ་ལ་བསྟིམ་ཞིང་། མེད་ན་རང་གནས་སུ་གཤེགས་སུ་གསོལ། གཏོར་མ་གཙང་སར་གཤེགས་ནས། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ནད་གདོན་མི་མཐུན་གནོད་པའི་ཚོགས་ཞི་ཞིང་། །དམ་ཅན་རྒྱ་མཚོས་བུ་བཞིན་ལེགས་སྐྱོངས་ནས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་བརྗོད། ལྷ་སྔགས་ཀྱི་རང་ལུས་བསྲུང་ཞིང་མཐར་དམིགས་མེད་ཀྱི་ངང་དུ་བཞག དེ་ལྟར་རྒྱལ་བའི་བསྟན་བསྲུང་ཡོངས་ཀྱི་གཙོ། །དྲག་ཤུལ་མི་སྲུན་གནོད་སྦྱིན་ར་ཧུ་ལའི། །གཏོར་ཚོགས་ཁྱེར་བདེ་དྲི་མེད་འོད་ཟེར་གྱིས། །བཞེད་པ་ཅི་བཞིན་སྦྱར་བས་འགྲོ་ཕན་ཤོག །

ཅེས་དྲང་སྲོང་ཆེན་པོའི་གཏོར་ཆོག་འདི་ནི་གཙང་ལ་སྟོད་བྱང་ལྷ་རྩེ་ཆོས་སྡེའི་རབ་འབྱམས་དང་དད་གུས་མཆོག་དང་ལྡན་པ་བློ་བཟང་སྨོན་ལམ་རྒྱ་མཚོས་ནན་གྱིས་བསྐུལ་ཞིང་གཞན་ལ་ཡང་ཕན་པར་མཐོང་བས་རིག་འཛིན་ཚེ་དབང་ནོར་བུས་ཀུན་དགའ་སྣྲོན་ཉའི་ཚེས་ཉེར་གསུམ་གྱི་ཐུན་སྐབས་སུ་གྲུབ་པར་སྦྱར་བ་དགེའོ། །མངྒ་ལཾ།

དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་མཆོད་སྤྲིན་དཔག་བསམ་ལྗོན་པ།

༄༅། །དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་མཆོད་སྤྲིན་དཔག་བསམ་ལྗོན་པ་བཞུགས་སོ། །

༈ ཨོཾ་སྭསྟི། གསང་བའི་བདག་པོར་ཕྱག་བྱས་ནས། །མ་མོའི་སྒྲུབ་ཐབས་སྙིང་པོ་བྲི། །དབེན་པར་སྐུ་རྟེན་མདུན་མཆོད་རྫས། །ཅི་འབྱོར་བཤམས་ལ་བདག་ལྷར་གསལ། །མཆོད་རྫས་རཾ་ཡཾ་ཁཾ་གིས་སྦྱངས། །ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་གྱུར། །རང་མདུན་ཁྲག་མཚོ་མེ་རླུང་འཚུབ་གུར་དབུས། །ཀཾ་ལས་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་གྲི་ནེའུ་ལེ། །རྡོ་རྗེའི་གཤོག་ལྡེམ་མི་ལྤགས་རེ་ལྡེའི་གོས། །ཉི་ཟླ་སེང་སྦྲུལ་མ་མོའི་ཆས་ཀུན་རྫོགས། །དྲེལ་རྟ་རྐང་གསུམ་ལ་ཞོན་འཁོར་དང་བཅས། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་འོད་ཟེར་གྱིས། །གནས་ཡུལ་དུར་ཁྲོད་རང་གི་བཞུགས་གནས་ནས། །ཡེ་ཤེས་སྤྱན་དྲངས་མདུན་གྱི་མ་མོ་ལ། །ཐིམ་ནས་དབྱེར་མེད་བརྟན་པར་བཞུགས་པར་གྱུར། །རཀྨོ་དུ་ར་དུནྟིང་བྷྱོཿ ཁ་ཁ་དུ་ར་དུནྟིང་བྷྱོ༔ ཧེ་ར་དུ་ར་དུནྟིང་བྷྱོཿརྡོ་རྗེའི་ལྗགས་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མ་མོ་འཁོར་བཅས་དགྱེས་ཤིང་ཚིམས། ཨོཾ་མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི། ཡོ་གི་ནི་ཁ་རཾ་ཁཱ་ཧིཿ ཌཱ་ཀི་ནཱི་ཁ་རཾ་ཁ་ཧི། སྟཾ་པ་བྷ་ག་ཏ་ཨ་ཀ་ས་མ་ཧོ། ཏདྱ་ཐཱ། རུ་རུ་བི་ཏིཥྛ་བད་དྷོ་སི། མ་མོ་རཀྨོ་ཙིཏྟ་ཁ་རཀྨ་བྷྱོཿབྷྱོཿསྭཱ་ཧཱ། བྷྱོཿ སངས་རྒྱས་སྟོང་གི་བསྟན་བསྲུང་མ། །འཕགས་པའི་ས་ལ་བཞུགས་པ་མ། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྡོ་རྗེ་རབ་བརྟན་གཤོག་རྒོད་མ། །རྨད་བྱུང་ཡེ་ཤེས་མཁའ་འགྲོ་མ། །འཁོར་དང་བཅས་ལ་གུས་པས་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བསམ་པའི་དོན། །འཕྲིན་ལས་བཞི་དང་གྲུབ་པ་མཆོག །མ་ལུས་ཐོགས་མེད་གྲུབ་པར་མཛོད། །

ཞེས་ཞྭ་ལུ་བ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་སྡོམ་བརྩོན་འཇམ་དཔལ་ཆོས་མཆོག་དྲུང་དང་། དྲུང་རམས་པ་བྱམས་པ་རྒྱལ་པོས་ཀྱང་བསྐུལ་བའི་ངོར་གཙང་རུ་ལག་ཞལ་ལུ་རྒྱན་གོང་བྱང་ཆུབ་དགེ་གནས་སུ་སྲིན་པོ་སྣྲོན་ཟླའི་ཤར་ཕྱོགས་ཚེས་ལྔར་རིག་འཛིན་ཚེ་དབང་ནོར་བུས་སྦྱར་བ་དགེའོ། །མངྒ་ལཾ།

དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་གིང་ཆེན་སྲོག་གི་སྤུ་གྲིའི་མཆོད་བསྟོད་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ།

༄༅། །དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་གིང་ཆེན་སྲོག་གི་སྤུ་གྲིའི་མཆོད་བསྟོད་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ་ཞེས་བྱ་བ་བཞུགས་སོ། །

༈ ཨ་ཐ། བཅོམ་ལྡན་འདས་ཧེ་རུ་ཀ་གུ་རུ་པདྨ་བཛྲ་ཀུ་མ་ར་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ཆེན་པོའི་བཀའ་སྡོད་གིང་ཆེན་འཁོར་བཅས་ཉེ་བར་བསྙེན་པ་མཆོད་བསྟོད་ཀྱི་རིམ་པས་འཕྲིན་ལས་མཐའ་དག་ཐོགས་མེད་འགྲུབ་པའི་མན་ངག་ཏུ། སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས་དཔའ་ཐོད་འཕྲེང་རྩལ་གྱི་གོ་འཕང་བརྙེས་ཟུང་འཇུག་གྲུབ་དབང་གནུབས་ནམ་མཁའི་སྙིང་པོའི་ཐུགས་ཀྱི་ཟློས་གར་དམུང་པོ་གཏེར་སྟོན་བྱང་ཆུབ་གླིང་པས་དཔལ་ཐང་སྲིན་མཚོའི་ལྷོ་ནུབ་བྲག་བྱ་ཁྱུང་མཆུ་ཅན་ནས་བཏོན་པའི་ཀུན་བཟང་ཐུགས་གཏེར་ལས་དྲག་སྔགས་སྒྲོན་མེའི་གིང་སྒྲུབ་ཀྱི་བསྟོད་བསྐུལ་མངོན་རྟོགས་སུ་གསུང་པའི་དགོངས་དོན་གཙོ་བྱས་ཏེ་བསྟན་པ་འདི་ལ། གནས་གཙང་མ་ཡིད་དུ་འོང་བར་མཆོད་བསྐང་བསྟན་རྫས་ཅི་འབྱོར་དང་ཁྱད་པར་ཕུད་རྒོད་དུ་དྷེ་རཾ་བ་ལིང་མང་ས་བསངས་བསུར་མཆོད་པའི་བྱེ་བྲག་ཇི་སྙེད་བཤམས་ལ། བསམ་སྦྱངས་རྒྱས་པའམ་བསྡུ་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་ལན་གསུམ་དང་། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ལན་གསུམ་གྱིས་བསང་སྦྱངས་བྱས་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅི་མང་བརྗོད་ནས་བྱིན་གྱིས་རླབས་ལ། རང་ཉིད་དཔལ་ཆེན་པོར་བསྐྱེད་པའི་མདུན་དུ་གིང་ཆེན་འཁོར་བཅས་གསལ་བའི་ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུར་གྱུར་པས་གཏོར་མཆོད་ཀྱི་བཅུད་དྲངས་ཤིང་གསོལ་བར་དམིགས་ལ། ཨོཾ་བཛྲ་སཱ་ཏུ་དྷུ་ས་མ་ཡཱ་ཡ་ཧཱུྃ་རཾ་བཾ་གིང་ཛཿ དུན་བྷྱོཿ ཨོཾ་ཛ་བྷཱུྃ་བཾ་ཧོ་ཏྲི་ཏྲེ་ན་ཏྲི་མེ་ནེ་ས་མཱ་ཡ་སཱ་དྷུ་ཏྲི་ཛ་ཛཿ ས་པཱ་རི་ཝ་ར་བ་ལིནྟ་ཨེ་དཾ་གྷྲིཧྣ་གྷྲིཧྣ་བྷུཉྫ་ཧོཿ ཨ་དྷི་པྲ་མི་ཏི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་རཀྟ་བ་ལིནྟ་པཱཉྩ་ཀ་མ་གུ་ཎ་པྲ་ཏིཙྪ་སྭཱ་ཧཱ། ཞེས་ལན་བདུན་མཐར། བཛྲ་ས་དྷུ་ས་མ་ཡ་རཀྵ་ཙིཏྟ་བཾ་ནན། ཞེས་བཏགས་ལ་ཕུལ་བས་དགྱེས་ཤིང་ཚིམ་ཏེ་འདོད་དོན་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ་བསྟོད་འཕྲིན་ལས་སྙན་དབྱངས་རོལ་མོ་བཅས་ཏེ་འདི་སྐད་དོ། །ཧཱུྃ་བྷྱོཿ བསྐལ་བཟང་ཞིང་འདིར་ཕྱོགས་དུས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པའི་དཔལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །ཧེ་རུ་ཀ་དེས་དུས་འདིར་བྱིན་གྱིས་རློབས། །ཧཱུྃ་ཛ་བྷྱོཿཡ། དཔལ་གྱི་བཀའ་འབངས་དྲེགས་པ་བསམ་གྱིས་མི་ཁྱབ་ལས། །དགྲ་ལྷའི་སྡེ་དཔོན་གཉན་པོ་སྐུ་ལྷ་གསང་བ་ཞེས། །འཛམ་གླིང་སྐྱེས་གཅིག་ལྷ་ཡི་དགེ་བསྙེན་དམ་ཚིག་གི །དཔལ་ལྡན་གསང་མཚན་བཛྲ་ས་དྷུ་ཐིག་ལེ་རྩལ། །ངེས་དོན་འོག་མིན་སྟུག་བཀོད་བཅོམ་ལྡན་རྣམ་སྣང་དྲུང་། །ཡེ་ཤེས་རྡོར་ལེགས་དག་པ་ཆོས་སྤྲིན་ས་ལ་བཞུགས། །གདུལ་བྱའི་དོན་དུ་མི་མཇེད་འཛམ་གླིང་ལངྐའི་ཡུལ། །ཁ་ཡ་ཨུ་ཛཱ་ལ་ན་བཅོམ་ལྡན་གསང་བདག་མདུན། །དམ་ཚིག་རྡོར་ལེགས་ཚུལ་བཟུང་རབ་ཏུ་དགའ་བ་ཡི། །ས་ལ་རབ་བཞུགས་དཔལ་ཆེན་མཆོག་གི་དགོངས་པ་བསྒྲུབ། །རྒྱ་གར་རྒྱ་ནག་ལི་བལ་བོད་ཀྱི་ཡུལ་སོགས་པར། །གཙུག་ལག་དབེན་ཁྲོད་སྦས་ཡུལ་ཟབ་གཏེར་གནས་རྣམས་སུ། །བཅོམ་ལྡན་འདས་མཆོག་སངས་རྒྱས་པདྨ་འབྱུང་གནས་ཀྱི། །བཀའ་འབངས་ལས་ཀྱི་ཚུལ་སྣང་ཤེལ་གིང་རྡོ་རྗེ་ལེགས། །སྤྲུལ་པ་རྣམ་འགྱུར་མཚན་གྲངས་དཔག་གིས་མི་ལང་ཞིང་། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱོང་ལ་རབ་ཏུ་བརྩོན། །ཁྱད་པར་གཙང་ཤངས་འུ་ཡུག་དབུ་རུ་ཞྭ་ལྷ་ཁང་། །ཀོང་ཡུལ་བར་ལི་སྦས་རྫོང་པད་བཀོད་དགའ་བ་ཚུལ། །ཀཿཐོག་གྲོ་ལོད་བཙན་རྒོད་རི་སོགས་བོད་ཁམས་ཀྱི། །ཡུལ་བདག་གཏེར་བསྲུང་རྨུ་བདུད་ཀླུ་ཚོགས་སྲས། །དམ་ཚིག་རབ་བརྩན་ནང་དུ་བཀྲ་ཤིས་སྙིང་ཉེ་འཇམས། །ཕྱི་རུ་མི་སྲུན་དཔའ་གཏུམ་རྣོ་མྱུར་དྲག་ཤུལ་ཅན། །སྲོག་གི་སྤུ་གྲི་གིང་ཆེན་གནོད་སྦྱིན་རྡོ་རྗེ་ལེགས། །ཁྱུང་གཤོག་འབར་བ་སྐུ་མདོག་ལྗང་འཚེར་སུག་གི་མདངས། །ཁྲོ་ཆགས་བཞད་ཞལ་མཆེ་བཞི་དྲག་གཙིགས་ཚེམས་དཀར་སྙོམས། །སྤྱན་གསུམ་སྡང་མིག་མེ་འོད་སྐར་འཁྲུག་སྨིན་མ་འཁྱུག །སྨ་རྩོལ་གསེར་མདོག་གློག་གཡོ་སྐུ་ལ་འཇའ་འོད་འཁྱིལ། །ཁམས་ནག་སྐྲ་གསེབ་དུད་ཕྱུར་དར་དམར་འགྱིངས་ཐོད་བཅིངས། །ཟབ་བེར་མཐིང་གི་གོང་ལག་ལེ་བརྒན་ཆ་ག་འབར། །མན་ཀྲའི་རལ་ཁ་གྱེན་རྫེས་སྤྱང་དཀར་སློག་པ་གསོལ། །གསེར་ཀ་ཕྲ་མེན་རྐེད་འཆིང་དར་སྣ་རྒྱ་ལྷམ་བསྣམས། །མེ་རླུང་དབུས་བཞུགས་མེ་རླུང་དཔག་མེད་འབུམ་དུ་འཕྲོ། །ཕྱག་གཡས་གཟི་ཡི་རྡོ་རྗེ་རྩེ་དགུས་དགྲ་བགེགས་ཀླད་པ་འགེམ། །ཐེག་དགུའི་བསྟན་པ་བསྲང་མཚོན་རང་རྟགས་མཚོན་ཆར་ངོམས། །སྙིང་ཐིག་སྙིང་ལ་འཆང་ནས་དམ་ཉམས་བློ་བུར་དུ། །གསོད་ཕྱིར་སྙིང་ཞག་ཁྲག་འཛག་གཡོན་གྱི་ཆང་པར་འཛིན། །ཆིབས་སུ་གདོང་ལྔ་གཡུ་རལ་འཕྲུལ་གྱི་གཤོག་པ་འབར། །རིན་ཆེན་རྒྱན་སྤྲས་སྤུ་གསེབ་ནོར་བུའི་ཆར་པ་འཕྲོ། །བྱ་ཁྲ་ཀླད་ལྡིང་ལྕགས་སྤྱང་བདུན་གྱི་ཕྱི་ནས་འབྲངས། །མདུན་གཡས་གཡོན་འཕར་ཁྱི་དོམ་དྲེལ་གཅན་གཟན་འཚུབ། །འཇིགས་པའི་ང་རོས་ལྷ་སྲིན་དྲེགས་པ་དབང་དུ་བསྡུད། །གཏུམ་པའི་གད་རྒྱངས་ཆེར་སྒྲོགས་ས་གསུམ་གཡོ་ཞིང་འདར། །རང་སྔགས་དྲག་པོའི་ཞིང་བཅུ་མ་ལུས་ཕྱེ་མར་འཇོམས། །དམོད་པའི་མཚོན་ཆས་དམ་ཉམས་སྙིང་ཁྲག་ཡུད་སྐེམ་བྱེད། །དེ་ཡིས་བཀའ་སྡོད་བློན་པོ་དུས་བཞིར་རྒྱུ་བ་ཡི། །མི་བཟོད་ཕོ་ཉ་དྲག་ཤུལ་ཆེར་ལྡན་གིང་ཆེན་བཞི། །གཤོག་རྒོད་འབར་བ་སྟག་ཐི་དབུར་གསོལ་སྟག་བེར་མནབས། །སྟག་མོ་གྲུས་མ་ལ་བཞོན་གཡས་གཡོན་ཕྱག་གཉིས་ཀྱི། །བཙན་ཞགས་མདའ་དར་འཕེན་ཞིང་བདུད་ཞགས་སྦྲུལ་ལྟར་འཁྱུག །ཐོ་རངས་རྒྱུ་ནས་དགྲ་སྲོག་དམར་པོ་ཡུད་ཀྱིས་ལེན་ཕྱིར་རྒྱུ། །གཙང་བུ་ལྷ་རྗེ་ཆིབས་སུ་རྔ་མོང་ག་པ་ཆིབས། །སྤྱང་དཀར་ཐུལ་པ་ཟ་འོག་སྔོ་ཁྲའི་གོང་ལག་གསོལ། །ཕྱག་གཡས་ཁྲམ་ཤིང་གཡོན་པས་སྦ་ལྕགས་ཀླད་ལ་སྐོར། །ནམ་ཉི་གུང་ཡོལ་ཕོ་སྲོག་མོ་སྲིད་རྐུ་ཕྱིར་རྒྱུག །གནམ་ཐེ་དཀར་པོ་སྐུ་ལ་དར་དཀར་རལ་ཁ་གསོལ། །འཇིག་རྟེན་ཁྱབ་འགྲོ་འཕྲུལ་ལྡན་བྱི་ལ་ག་པ་གཞོན། །རལ་གྲི་ལྕགས་ཀྱུ་ཐོགས་ནས་གྲི་གུག་དུས་རྒྱུ་ནས། །ཕོ་ལོག་གླང་ཐབས་བཏང་ནས་དམ་ཉམས་བློ་བུར་གསོད། །དབུ་བཙན་རྡོ་རྗེ་བསེ་ཏོ་བསྭེ་ཡི་མདའ་གཞུ་འགེངས། །ཤོ་རྡེལ་མཐོར་ཞིང་རབ་འཁྱུག་གློག་དམར་ལ་བཞོན་ཅིང་། །སྐར་མདའ་རོལ་ཁྲིད་རྣལ་འབྱོར་གསར་བུའི་དྲོད་ཚད་མྱུལ། །སྔགས་པས་བསྐུལ་ཚེ་རང་ལ་རང་ཉིད་ཚིག་བཞིན་དུ། །རི་ཀླུང་མེད་རྒྱུག་དགྲ་བོའི་སྲོག་རྩ་གཅོད་ལ་བརྩོན། །ལྷག་པར་དར་བབ་ལ་འཁུ་དམ་ཉམས་གསོད་ལ་རྔམ། །ཡང་གཅིག་གནོད་སྦྱིན་གིང་བདུད་རྡོ་རྗེ་ལེགས་པ་ཡི། །སྤྲུལ་པ་དུག་གསུམ་རང་མདངས་རྣམ་འགྱུར་མི་བསྲུན་པ། །དགྲ་སྲོག་གཅོད་པའི་བཤན་པ་གདུག་པའི་རྩལ་འཆང་བ། །མདུན་དང་གཡས་གཡོན་དག་ན་རྒྱུ་བ་ཕོ་ཉའི་ཚུལ། །མོན་པ་སྙིང་འཕྲོག་དུད་ཁ་ཞེ་སྡང་ལས་སྐྱེས་གྱུར། །རལ་བརྫེས་ཐོད་པའི་འཕྲེང་རྒྱན་མི་ལྤགས་གཡང་གཞི་གསོལ། །རུ་མཚོན་གཡང་ཆེན་གཡབ་མོས་ལྷ་སྲིན་དམག་དཔུང་བསྡུད། །དགྲ་ལ་གག་ལྡོག་འབྲུམ་བཏང་ཁ་ནས་ཚད་རིམ་འཁྲོ། །སྒྲོལ་མོན་རཀྟ་ཁ་འབར་དམར་ནག་ང་རྒྱལ་སྐྱེས། །རལ་བརྫེས་ཐོད་པས་དབུ་བརྒྱན་དར་ནག་འགྱིང་ཐོད་བཅིངས། །ཞིང་སྟག་དྲེགས་པས་གོས་གྱོན་རལ་གྲི་ལྕགས་ཀྱུ་ཡི། །དམ་ལ་འཁུ་རྣམས་འགུག་གཏུབ་བློ་བུར་དྲི་ཐབས་བཏང་། །མྱེས་མོན་འཐོམ་པ་ཤ་ཟན་སྔོ་ནག་གཏི་མུག་སྐྱེས། །བདུད་རལ་སྤྲིན་འཐིབ་དམར་ནག་ཐོད་བཅིངས་སྤྲེལ་ལྤགས་གསོལ། །དུར་ཁྲོད་ཆས་རྒྱན་ལྕགས་ཀྱི་དབྱུགས་ཐོ་གློག་ཞགས་ཐོགས། །མྱོས་འཐིབས་ནད་ཀྱི་དམ་ཉམས་དགྲ་བོ་གཟིར་བར་བྱེད། །གིང་ཆེན་གཏིང་གི་ཤུལ་གནོན་གནམ་སྨན་གང་དཀར་མ། །ཕྲག་དོག་ལས་གྲུབ་སྐུ་མདོག་རྣམ་འགྱུར་ཅིར་ཡང་སྟོན། །རེས་འགའ་ཁམས་ནག་རལ་པ་སྤྲིན་དམར་ནམ་མཁའ་བཀང་། །ལྗང་ནག་བེར་ཆེན་རལ་ཁ་གྱེན་ཕུར་གློག་འོད་འཚུབ། །རླུང་གི་དྲེག་མོ་མྱུར་མགྱོགས་ཤུགས་ལྡན་ཆིབས་སུ་ཆིབས། །སྦྲུལ་ཞགས་ནད་རྐྱལ་བསྣམས་ནས་དགྲ་ལ་མཛེ་ཤུ་བཏང་། །དེ་ལྟར་གིང་ཆེན་གཙོ་བོ་འབྲལ་མེད་ལྷན་སྐྱེས་དགུ། །མཐུ་རྩལ་རྨད་བྱུང་དམ་ལ་ཆེས་དུང་རྒྱལ་བསྟན་སྐྱོང་། །གཞན་ཡང་གིང་ཆེན་འབར་བའི་མཆེད་དཔུང་གྲོགས་གྱུར་ཅིང་། །བཅོམ་ལྡན་དཔལ་ཆེན་པདྨ་བཛྲ་ཧེ་རུ་ཀའི། །སྤྱན་སྔར་རྫོགས་ཆེན་དོན་སྙིང་ཡང་ཕུར་སྒྲུབ་པ་པོའི། །གྲོགས་སུ་ཁས་བླངས་གཡར་དམ་གཉེན་པོའི་བ་ག །མཐུ་རྩལ་རྨད་བྱུང་དགེ་བསྙེན་དྲེགས་པ་ཅན་ཉེར་གཅིག །ལྷ་ཀླུ་བདུད་བཙན་དབང་ཆེན་བཅུ་དྲུག་དམག་དཔོན་བཞི། །བསྭེ་ལྕགས་དུང་སྐྱེས་ལས་མཁན་ཏ་ཀི་ར་ཙ་ཆེ། །ཕོ་བདུད་ཉི་ཁྲི་ཆིག་སྟོང་འདྲེ་མདག་བྱེ་བ་དུང་། །མོ་རྒྱུད་འཛམ་གླིང་སྲིད་པའི་བརྟན་མ་མོ་བཅུ་གཉིས། །སྐྱོང་མ་བཅུ་གཉིས་གཡའ་རི་གངས་རི་མ་བཅུ་གཉིས། །སྲིད་པའི་མ་མོ་བདུན་དང་ཕུགས་བདག་ཆེན་པོ་དགུ། །སྨན་ཕྲན་འབུམ་བཅས་རྒྱལ་བསྟན་སྔགས་བསྲུང་དམ་ཅན་ཚོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་དབང་རྟགས་ཅོད་པན་ཅན། །དམ་ཚིག་སྲོག་ལྟར་འཆང་ནས་རླུང་ལྟར་ཐོགས་མེད་རྒྱུ། །དཔལ་གྱི་བཀའ་བཞིན་ཉམས་པ་བདུན་སྒྲོལ་སྐུ་དགྲ་འདུལ། །ཞིང་བཅུ་སྒྲོལ་ཞིང་དམ་ཚིག་ཉམས་པ་ཕྱེ་མར་བརླག །བྱེ་བྲག་གིང་ཆེན་བཀའ་ལས་མི་འདའ་དྲག་ཤུལ་འཁོར། །རྟ་དམག་སུམ་བརྒྱ་དྲུག་ཅུ་སྲོག་བདག་ཐེའུ་རང་སྟོང་། །ཟ་བྱེད་མཆེ་གཤོག་འཆང་བ་སྣ་ཚོགས་ཆོ་འཕྲུལ་ཅན། །ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་བསམ་གྱིས་མི་ཁྱབ་དུ་མས་བསྐོར། །ཀྱཻ། དེ་ལྟར་དྲེགས་པའི་གཙོ་བོ་ཤེལ་གིང་གནོད་སྦྱིན་ཆེ། །རྡོ་རྗེ་ལེགས་པ་ཁྱུང་གཤོག་འབར་བ་ཐིག་ལེ་རྩལ། །ཁྱོད་ནི་བསྟན་པ་བསྲུང་ཕྱིར་ལས་ཀྱི་ཚུལ་སྣང་ཡང་། །དཔལ་ཆེན་རྟ་མགྲིན་དབང་གི་བྱིན་གྱིས་བརླབས་བྱས་ཤིང་།གནམ་ལྕགས་འབར་བ་ཨ་སུ་ར་ཡི་བྲག་ཕུག་ཏུ། །བཅོམ་ལྡན་རྡོ་རྗེ་འཛིན་པའི་ཞལ་མཇལ་དབང་བསྐུར་ཐོབ། །རང་སྲོག་མདངས་གསོལ་ཕུལ་ནས་དམ་ནོད་གསང་བའི་མཚན། །དབང་རྟགས་ཐོབ་ཅིང་སངས་རྒྱས་བསྟན་བསྲུང་དམ་ཡང་བཅས། །དེ་འོག་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་དཔལ། །གསུང་གི་རྡོ་རྗེ་པདྨ་འབྱུང་གནས་ཐོད་འཕྲེང་རྩལ། །རིག་འཛིན་བྱེ་མ་མུ་ཏྲ་ཤཱི་ལ་མཉྫུ་ཡི། །དཔལ་ཆེན་ཡང་དག་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །དཀྱིལ་འཁོར་བཀའ་ཡི་བསྲུང་མར་མངའ་གསོལ་གིང་དུ་བཀོལ། །དེ་འོག་པད་འབྱུང་བོད་ཡུལ་གདུལ་བྱར་གཤེགས་པའི་དུས། །དམ་ཅན་མཐུ་ལྡན་མངའ་གསོལ་སྤུ་གྲི་དབང་ཡང་བསྐུར། །སྦས་ཡུལ་དབེན་གནས་ཟབ་གཏེར་བརྒྱ་རྩ་གཉེར་དུ་གཏད། །ཆོས་མཛད་སྐྱོངས་ཤིང་གུ་རུའི་རྒྱུད་འཛིན་བསྲུང་མར་བསྐོས། །ཁྱད་པར་སློབ་དཔོན་ཟངས་གླིང་གདུལ་བྱར་གཤེགས་པའི་སྐབས། །ནམ་སྙིང་མཚོ་རྒྱལ་ལྷ་སྲས་རྣམས་ལ་ཡང་ཕུར་གྱི། །དཀྱིལ་འཁོར་ཞལ་ཕྱེས་མཐུ་ལྡན་ཀུན་ཀྱང་ཕུར་བསྲུང་བཀོལ། །དེ་ཚེ་གིང་ཆེན་ཁྱོད་ཀྱང་དཔལ་ཆེན་བསྒྲུབ་པའི་གྲོགས། །རྫོགས་ཆེན་སྙིང་ཐིག་འཆང་བའི་སྐུ་ཚེ་བསྲིང་སྐྱོབས་བྱེད། །དཔལ་འབྱོར་མངའ་ཐང་ཆབ་སྲིད་ཕུན་ཚོགས་སྤེལ་བ་དང་། །དགྲ་འདུལ་བགེགས་གཞོམ་རྣམ་བཞིའི་འཕྲིན་ལས་མ་ལུས་པ། །བསྒྲུབ་པར་ཁས་བླངས་བྲོ་བོར་དམ་ཚིག་གཉན་པོ་བཞིན། །མ་གཡེལ་དྲན་མཛོད་གནོད་སྦྱིན་རྡོ་རྗེ་ལེགས་པ་སྐྱོངས། །གསང་བའི་མཚན་ནས་འབོད་དོ་ཤེལ་གྱི་ཐིག་ལེ་རྩལ། །ཚུར་བྱོན་འབོད་པའི་གནས་འདིར་མ་གཡེལ་ད་ཚུར་བྱོན། །རྣལ་འབྱོར་གཡར་དམ་ཅན་གྱི་གྲོགས་སུ་ད་ཚུར་བྱོན། །སྔོན་ཚེ་རྒྱལ་བའི་བཀའ་ལུང་ཇི་བཞིན་སྙིགས་དུས་འདིར། །དཔལ་ཆེན་རྒྱལ་བའི་གདུང་འཚོབ་རིག་འཛིན་རྩལ་འཆང་ཆེ། །གཏེར་སྟོན་བླ་རབས་སྤྱན་སྔར་ཞལ་བཞེས་དམ་བཅས་བཞིན། །གནད་ནས་བསྐུལ་ཞིང་འབོད་དོ་ཚུར་བྱོན་ད་ཚུར་བྱོན། །གདུང་ཞིང་གུས་པས་བསྟེན་ན་ལངྐའི་སྲིན་པོ་ཡང་། །ཕ་མ་ལས་ཀྱང་ལྷག་པར་བྱམས་པས་སྐྱོང་བྱེད་ན། །ཀྱཻ། ཁྱོད་ནི་དམ་ཚིག་འཛིན་པའི་སྐྱེས་མཆོག་དགྲ་ལྷ་མཆོག །བསྔགས་ན་དམ་ལྡན་སྒྲུབ་མཆོག་སྲོག་ལྟར་ཅིས་མི་སྐྱོང་། །གདུང་བས་འབོད་དོ་སྲིད་གསུམ་གནས་རྟེན་གར་བཞུགས་ཀྱང་། །མངོན་ཤེས་སྟོབས་དང་དམ་ཚིག་གཉེན་པོའི་དབང་གིས་ནི། །སྐད་ཅིག་མྱུར་མགྱོགས་ཡིད་ལྟར་རྫུ་འཕྲུལ་མཐུ་ཆེན་པོའི། །ད་ལྟ་ཉིད་དུ་གནས་འདིར་བྱོན་ཅིག་ས་མཱ་ཛཿ བསྟན་པ་བསྲུང་ཕྱིར་འབར་བའི་གདན་ལ་བཞུགས་སོ་གསོལ། །སྔགས་ཀྱི་དམ་ཚིག་ཅན་ལ་གུས་པས་ཐལ་མོ་སྦྱར། །སྐྱེས་མཆོག་ཁྱེད་ལ་མཐུན་རྫས་མཆོད་པའི་བྱེ་བྲག་ནི། །དངོས་སུ་འབྱོར་བཤམས་ཡིད་ལ་སྐྱེས་གྱུར་ཀུན་བཟང་སྤྲིན། །དཔག་གིས་མི་ལོང་མཁའ་ཁམས་ཡོངས་ཁེངས་འདོད་དགུའི་ཆར། །སྔགས་རྒྱས་བྱིན་རླབས་ཕྱི་ནང་གསང་མཆོད་བླ་མེད་སྤྲིན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོགས་འདོད་ཡོན་ཚོགས། །འབུལ་གྱིས་དགྱེས་བཞེས་རྒྱལ་བའི་བདེན་མཐུས་ཐོབ་གྱུར་ཅིག །རྟེན་རྫས་མན་དལ་རཀྟ་དྲི་བཟང་གིས་བྱུགས་པ། །སྐུ་གཟུགས་སྲོག་ཡིག་རྒོད་མདའ་སྙུག་རྒོད་སྟག་གཟིག་རས། །དར་དཀར་རིན་ཆེན་བླ་རྡོ་དྲིལ་བཟང་ཕུར་མ་ཅན། །འབྱུང་པོའི་བྱ་ཐོད་སྔགས་ཀྱི་འཕྲེང་བས་ཡོངས་སྤུད་དང་། །སྐུ་མཁར་རྟེན་རྡོ་རྩ་རའི་ཙིཏྟ་དབང་པོ་ལྔ། །ཟ་འོག་ར་ཡི་རྒྱལ་མཚན་ར་སྐྱེས་ཁམས་པ་སོགས། །སྤྱི་དང་བྱེ་བྲག་གསང་བའི་རྟེན་རྫས་དངོས་འབྱོར་དང་། །མོས་པས་བསམ་ནས་འབུལ་གྱིས་དགྱེས་བཞེས་འཕྲིན་ལས་མཛོད། །མཆོད་རྫས་ཨ་མྲྀ་ཏ་དང་རཀྟ་བ་ལིང་རྟ། །ཤིང་ཐོག་གུར་གུམ་དཀར་གསུམ་མངར་གསུམ་གསེར་སྐྱེམས་དང་། །ཤ་སྣ་ཁྲག་སྣ་གཙོས་པའི་རླངས་དང་བསྲེག་པའི་གསུར། །རྩི་ཤིང་གསུར་སོགས་ཅི་འབྱོར་འབུལ་གྱིས་དགྱེས་བཞེས་མཛོད། །རྟེན་གཏོར་གཏའ་གཏོར་རྒྱུན་གཏོར་འགྲོགས་གཏོར་ནར་མ་དང་། །ཕུད་སྐྱེམས་འབུལ་ལོ་དགྱེས་བཞེས་ཕྲིན་ལས་ཐོགས་མེད་མཛོད། །དེ་ལྟར་བསྒྲུབ་རྟེན་མཆོད་བསྐང་དམ་རྫས་དངོས་འབྱོར་དང་། །ཁྱད་པར་ཡིད་ཀྱི་མོས་པར་ཀུན་བཟང་མཆོད་སྤྲིན་གྱིས། །གིང་ཆེན་འཁོར་བཅས་ཐུགས་ཀྱི་དགྱེས་པ་ཡོངས་བསྐང་ནས། །བདག་སོགས་སྒྲུབ་པ་པོ་ལ་ཡལ་གཻ་སོར་སྩོལ་ཅིག །ཧཱུྃ་བྷྱོ། སྐྱེས་མཆོག་ཁྱེད་ནི་ཡིད་ལུས་ཐོགས་མེད་མངོན་ཤེས་ལྡན། །ལེགས་ཉེས་སྟངས་འཛིན་དམ་ཚིག་གཉན་བསྲུང་མེལ་ཚེ་བྱེད། །བདག་ཅག་འཁྲུལ་པའི་རྒྱར་ཆུད་བག་མེད་མི་ཤེས་རྨོངས། །ལེ་ལོ་སྙོམས་ལས་བྱིངས་འཐིབས་བག་ཆགས་འཐུག །ཁྱད་པར་སྙིགས་མའི་དུས་སྐྱེས་ཉོན་མོངས་ཤུགས་ཆེ་ཧྲག །དགེ་བའི་འདུན་པར་འཆར་དཀའ་ཆ་ཤས་ཙམ་འཆར་ཡང་། །དམ་པའི་ཚུལ་བཞིན་མ་གྱུར་ལས་ངན་འདམ་དུ་བྱིངས། །ཐེག་ཆེན་སྒོར་བཞུགས་སྡོམ་གསུམ་ནོས་ཀྱང་ནོངས་པས་གོས། །དམ་ཚིག་རྩ་བ་ཡན་ལག་ཉམས་ཆགས་གྱུར་པ་ཀུན། །རྩ་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་མཐོལ་ཞིང་བཤགས། །རྫོགས་རིམ་ལྟ་བ་བསྐྱེད་རིམ་སྒོམ་པ་ཀློང་མ་གྱུར། །སྤྱོད་པའི་རྩལ་དམན་རྗེ་ཁོལ་སྔགས་གྲངས་རྟགས་མ་ཐེམ། །གདེང་མེད་ཨར་གཏད་ཁྲོ་དབང་སྙད་ཆུང་ལས་སྦད་བསྐུལ། །རྟགས་མེད་ངང་ཐུང་ཐེ་ཚོམ་ཡིད་ཆད་ཤི་པ་སྔས། །མཆོད་བསྐང་བསྒྲུབ་བརྟེན་ཡོ་བྱད་རྫས་མ་ཚང་བ་དང་། །མཆོད་གཏོར་དུས་འདས་གཙང་སྦྲས་མ་ཐོན་འབག་བཙོག་གོས། །ཕྲིན་ལས་བསྒྲུབ་པའི་གཏང་རག་འབུལ་བར་མ་བྱས་ཤིང་། །བདག་བློ་ངན་པས་བག་མེད་ཉེས་པར་སོང་ལ་སོགས། །བསྲུང་མ་དམ་ཅན་ཐུགས་དང་འགལ་བ་ཅི་མཆིས་པ། །སྙིང་ནས་གནོང་ཞིང་འགྱོད་པ་ཆེན་པོས་མཐོལ་བཤགས་ན། །ཉེས་ལྟུང་སྒྲིབ་པའི་ཚོགས་ཀུན་བྱང་ཞིང་དག་གྱུར་ནས། །བདག་ཅག་རྣམས་ལ་འདི་ཕྱི་བར་དོར་དགེ་བ་ཡི། །དངོས་གྲུབ་ཚང་དབང་ཡིད་བཞིན་མཆོག་གི་གཡར་དམ་ཉིད། །ད་ལྟ་ཉིད་རྩོལ་རྣམ་བཞིའི་ལས་ཀུན་ཐོགས་མེད་མཛད། །ཡང་དག་དོན་ལ་སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། །ཆོས་ཉིད་རིག་པའི་ངང་གདང་ཡིན་པར་མ་ཤེས་ནས། །གཉིས་སྣང་རྟོགས་པ་ཨ་འཐས་དབང་གྱུར་གཉིས་མེད་དབྱིངས། །མངོན་དུ་མ་གྱུར་འཁྲུལ་པས་སྦགས་པ་མཐོལ་ལོ་བཤགས། །རྒྱལ་བ་རང་གི་བསྟན་པ་བསྲུང་ཕྱིར་དྲེགས་པ་ཅན། །ཚུལ་བསྟན་བསྟན་དགྲ་ཞིང་བཅུ་འདུལ་མཛད་པར། །མ་ཤེས་འཇིག་རྟེན་དྲེགས་པ་རང་རྒྱུད་པར་བཟུང་བ། །ཡེ་ཤེས་གིང་ཆེན་དགོངས་པའི་དབྱིངས་སུ་བཟོད་པར་གསོལ། །ཡང་དག་དོན་ལ་ལྷ་མེད་འདྲེ་མེད་ཆོས་ཐམས་ཅད། །གཞི་མེད་རྩ་བྲལ་རང་བཞིན་འོད་གསལ་མི་འགྱུར་བ། །བདེ་གཤེགས་སྙིང་པོ་ཀ་དག་ཡེ་ཤེས་ཆེན་པོ་ལ། །མ་རྟོགས་སྤྲོས་པའི་ཚིག་རྗེས་འབྲང་ཀུན་དག་གྱུར་ཅིག །གིང་ཆེན་དམ་ཅན་གཙོ་འཁོར་དཔུང་དང་བཅས་པ་ལ། །དེ་ལྟར་མཆོད་བསྟོད་བསྐང་བཤགས་གཉན་པོ་ཕུལ་བྱས་ནས། །སྒྱུ་མ་ཙམ་དུ་རྣལ་འབྱོར་བདག་ཅག་འདོད་པའི་དོན། །མཐུ་ལྡན་དམ་ཅན་ཁྱོད་ལ་འཕྲིན་ལས་བཅོལ་བ་ནི། །ཨོ་རྒྱན་པདྨ་བཛྲ་རྩལ་དང་གཉིས་མེད་པ། །གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་སྙིང་པོ་ཡི། །ཐུགས་ཀྱི་སྒྱུ་འཕྲུལ་སྙིགས་དུས་འགྲོ་ཀུན་སྒྲོལ་མཛད་མགོན། །དྲི་མེད་རྡོ་རྗེ་གཟི་བརྗིད་སྐྱེ་བའི་ཕྲེང་བཅས་ཤིང་། །དེ་ཡི་བསྟན་པ་འཛིན་སྐྱོངས་སྤེལ་བའི་ཆོས་ཀྱི་རྒྱུན། །ཆ་ཤས་བཅས་ཏེ་དམ་ལྡན་ཆོས་མཐུན་སྤྱོད་གྱུར་པ། །གང་དུ་གནས་ཀྱང་གིང་ཆེན་ཚོགས་ཀྱིས་བུ་ལྟར་སྐྱོངས། །ལུས་དང་གྲིབ་མ་བཞིན་འགྲོགས་རྣམ་བཞིའི་འཕྲིན་ལས་སྒྲུབ། །འཇིགས་པ་བརྒྱད་དང་བཅུ་དྲུག་གཤིས་ངན་གློ་བུར་བ། །ཡེ་འབྲོག་དུས་མིན་འཆི་བ་མ་ལུས་བཟློག་ཏུ་གསོལ། །ཚེ་བསོད་དཔལ་འབྱོར་མངའ་ཐང་ཆབ་སྲིད་གཟི་བརྗིད་དང་། །སྙན་གྲགས་ཟས་ནོར་རྐང་བཞི་མཐའ་དག་རྒྱས་པར་མཛོད། །མཁས་བཙུན་ཆེ་དགུ་མཚན་བཟང་བུད་མེད་དང་། །མི་མིན་མི་སོགས་བརྟན་གཡོའི་དཔལ་ཀུན་དབང་བསྡུས་ཤིག །མཆོག་ཏུ་འཁྲུལ་རྟོགས་ཞི་ཞིང་ཉམས་རྟོགས་ཡོན་ཏན་རྒྱས། །སྣང་གྲགས་རྟོག་ཚོགས་རང་རིག་བདེ་ཆེན་དབྱིངས་དབང་བསྡུས། །གང་ཞིག་ཞི་བའི་གདུལ་བྱར་མ་གྱུར་བསྒྲལ་ཞིང་བཅུ། །སྐུ་དགྲ་ལྔ་དང་སྔགས་ཀྱི་ཉམས་པ་བདུན་གྱུར་པ། །སངས་རྒྱས་བསྟན་པ་སྤྱི་ལ་འཚེ་བྱེད་དྲག་པོའི་ཚོགས། །མ་ལུས་རྨོངས་མེད་ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཁྱད་པར་གིང་ཆེན་ཁྱོད་ལ་གཉེར་གཏད་ས་ཆ་འདིར། །ཆོས་ཁྲིམས་བཅས་ལ་འགལ་བྱེད་གདུག་པའི་སེམས་འཆང་བ། །སློབ་བུ་དམ་འདས་བྲན་འཁོར་ཁེངས་ལོག་ཁས་བླང་དོར། །མཛའ་བོ་མནའ་ཟན་ཉེ་གནས་སྙིང་རིང་མཐུན་གཉིས་དབྱེན། །སྙིང་གཅེས་གྲོགས་བསླུ་ཕྲ་མས་དཀྲུག་སྦྱོར་ངན་རྗེས་ཕྱོགས། །འགྲོ་མགོན་བུད་འཇུག་ངོས་བཤགས་ལྐོག་ལབ་གསང་ཚིག་འཆར། །ཁ་དཀར་ཞེ་གནག་བསྟན་པའི་བླ་འཚོང་གཏམ་ངན་སྤེལ། །དམ་ཚིག་གཡོ་སྒྱུས་ངོས་ལྐོག་ཕྱག་རྫས་འཕྲི་གཞོགས་སྐུ། །མཐོས་གནོན་ཕྲག་དོག་ཟུར་ཟ་བསྐུར་འདེབས་མི་ཁ་སྒྲོགས། །བསྟན་དང་བླ་མའི་སྐུ་དགྲར་རིམ་གྲོ་བསྲུང་བཟློག་མཁན། །སྔ་དགྲ་ལག་བྱས་ཕྱི་དགྲ་ཡིད་བསམ་ད་ལྟའི་དགྲ། །དོ་རྡོ་ཡ་བཟུང་འགྲས་བཅོལ་བྱེད་པ་འདི་རྣམས་དང་། །དམག་ཇག་ཆོམ་རྐུན་མཚོན་དུག་སྦྱོར་ངན་འཆང་གྱུར་ཞིང་། །ཆགས་ཆེ་ཉམ་མ་གེགས་སྲི་ལྟས་ངན་རྦོད་གཏོང་སོགས། །མདོར་ན་ས་ཆ་འདི་རུ་ཆོས་ཁྲིམས་འགལ་བྱེད་ཅིང་། །དམ་ཅན་ལ་སྡང་ཐར་པའི་བགེགས་བྱེད་དམ་སྲི་རྣམས། །རི་རྩེ་མཚོ་གཏིང་སྲིད་གསུམ་གང་ན་གནས་གྱུར་ཀྱང་། །ཕོ་ཉའི་ཚོགས་ཀྱིས་རང་དབང་མེད་ཁུག་ལྷ་དང་ཕྲོལ། །གཟུགས་ཕོབ་བྱད་གཞུགས་མྱོར་ཆུག་རྡུལ་རློག་ཤ་ཁྲག་རུས། །ལྷག་མེད་གིང་ཆེན་དྲེགས་པའི་ཚོགས་ཀྱིས་རོལ་པར་གྱིས། །དམ་ལ་འཁུ་ཞིང་སྡང་ན་ཕ་མ་མཆེད་ཀྱང་རུང་། །སྒྲལ་བའི་ཞིང་གྱུར་དམ་ལས་འགལ་རྣམས་སྒྲོལ་ལ་ཤོག །བཅོལ་ཀྱང་མི་གསན་རིང་ཡང་རྒྱུག་པར་མི་མཛད་ན། །གྱིང་ཆེན་མཐུ་རྩལ་ཆེ་ཞེས་མིང་གིས་ཇི་ཕྱིར་ཕན། །རང་གི་ཞལ་བཞེས་དམ་ཀྱང་འགལ་བར་མི་འགྱུར་རམ། །ཐ་ཚིག་དུས་ལས་མ་གཡེལ་རིང་རྒྱུགས་ད་སྲོག་གཅོད། །ཆོས་ཀྱི་ཁྲིམས་འགལ་སློབ་བུ་དམ་ཉམས་སྲན་ཁེངས་ལོག །ལོ་ཟླར་མ་བཞག་དོ་ནུབ་ལས་ཀྱི་ཕོ་ཉའི་ཚོགས། །རྔམ་པས་བླ་ཁུག་སྲོག་གཅོད་དབུགས་བསྡུས་ཧུར་ཐིམ་གསོད། །བསད་རྟགས་དོན་སྙིང་བླངས་མ་ཡལ་བར་ཁྱེར་ལ་ཤོག །སྐྱེངས་དྲེད་འཛེམ་དང་ལོག་རྡུག་འབྱམས་གསུམ་མ་བྱེད་པར། །ཕྲིན་ལས་མ་གཡེལ་མཛོད་ཅིག་བཛྲ་ས་མ་ཡ། །ཧཱུྃ་བྷྱོ། དམ་ཅན་ཁྱེད་རྣམས་དཔལ་གྱི་ཕོ་ཉ་ཆེན་པོ་སྟེ། །དཔལ་ཆེན་ཁྲག་འཐུང་མཚན་ཙམ་འཛིན་ཀྱང་སྤྱི་བོ་རུ། །ཁུར་ནས་བཞེད་དོན་སྒྲུབ་པར་དཔལ་གྱི་སྤྱན་སྔ་རུ། །དམ་བཅའ་ཇི་བཞིན་ཐར་པ་བསྒྲུབ་པའི་གྲོགས་མ་གཡེལ། །བདག་ཅག་པདྨའི་རྒྱུད་འཛིན་ཡང་ཕུར་སྒྲུབ་པོ་སྟེ། །བསྒྲུབ་པའི་སྡེ་འདིར་འདུས་པའི་དམ་ལྡན་རྣལ་འབྱོར་ལ། །དཔལ་གྱི་བཀའ་སྡོད་དམ་ཅན་གྱི་བདུད་ཚོགས་རྣམས་ཀྱིས། །རྟག་ཏུ་མིའབྲལ་བུ་བཞིན་བརྩེ་སྐྱོངས་ཕྲིན་ལས་མཛོད། །མདོར་ན་བདག་ཅག་བྱང་ཆུབ་མཆོག་གྱུར་འོད་དཔག་མེད། །ཇི་བཞིན་གོ་འཕང་མཆོག་ལ་མ་འཁོད་བར་དུ་ནི། །དམ་ཅན་རྣམས་ཀྱིས་གྲོགས་མཛོད་ཐར་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་མ་ལུས་འབད་མེད་ཉིད་དུ་འགྲུབ་གྱུར་ཅིང་། །བར་ཆད་བྱེད་པའི་གཟུགས་ཅན་གཟིགས་མེད་ཚོགས་མ་འདུས། །ཞི་ཞིང་དབང་བསྡུད་བསྐྲད་གཟིར་མནན་བསད་དྲག་པོ་ཡིས། །ཚར་བཅད་ནམ་ཡང་ལྡང་བའི་གོ་སྐབས་མེད་པ་རུ། །མཐུ་ལྡན་དམ་ཅན་རྣམས་ཀྱི་ཕྲིན་ལས་ཤུགས་ཕྱུང་ཞིག །ཁྱད་པར་སྔགས་ཀྱི་དམ་ཚིག་མ་ཉམས་རྣམ་དག་པ། །ཡར་ཟླ་ཇི་བཞིན་འཕེལ་རྒྱས་འཕྲིན་ལས་དམ་པ་མཛོད། །དམ་རྫས་བ་ལིང་ཛ་གད་འདོད་ཡོན་འདི་བཞེས་ལ། །གལ་འགལ་བཅོལ་བའི་འཕྲིན་ལས་འདི་རྣམས་མ་གཡེལ་གྱིས། །དེ་ལྟར་སྒྲོལ་ཅིང་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་རྒྱན་དང་གྲོགས་སུ་ཁྱོད་ངོམས་ན། །ཁྲེལ་མེད་གཞུང་ངན་ལེ་ལོ་སྙོམས་ལས་མ་མཛད་པར། །བསྒྲུབ་པའི་སྡེ་འདིར་རྡོ་རྗེ་སློབ་དཔོན་དམ་ལྡན་གྱི། །འདུ་བ་རྒྱས་ཤིང་རྫོགས་ཆེན་དོན་སྒོམ་དཔལ་ཆེན་པོའི། །བསྒྲུབ་གྲྭ་རྒྱལ་བསྟན་ཇི་སྲིད་བར་དུ་གནས་གྱུར་ཅིག །སྔ་བདག་དམ་ཅན་སྤྲིན་བཞིན་འདུ་ནས་རྣམ་བཞིའི་ལས། །བཅོལ་བའི་འཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པར་མཛོད། །བདག་ཅག་སྐྱེ་སྲིད་མ་རྫོགས་བར་དུ་རྡོ་རྗེ་ཡི། །བསྲུང་མ་རྣམས་ཀྱི་ལེགས་པ་མཐའ་དག་སྩལ་གྱུར་ཅིང་། །ཁྱད་པར་དམ་ཚིག་ཉམས་མེད་ཆེད་སྐྱོངས་མི་གཡེལ་བར། །རྒྱལ་ཀུན་གསང་གསུམ་ཐིག་ལེ་རྩལ་རྫོགས་དབྱིངས་གྲོལ་མཛོད། །དེ་ལྟར་ཡེ་ཤེས་ལས་ཀྱི་གྱིང་ཆེན་པོ། །དམ་ཅན་རྒྱ་མཚོར་མཆོད་བསྟོད་བགྱིས་པའི་མཐུས། །དམ་ཅན་དགྱེས་ནས་རྣམ་བཞིའི་ལུས་ཀུན་འགྲུབ། །བཀྲ་ཤིས་ཕུན་ཚོགས་དཔལ་ཀུན་རྒྱས་གྱུར་ཅིག །དེ་ལྟར་རྟག་ཏུ་མཆོད་བསྟོད་ལ་བརྩོན་ན་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་ཅིང་ཇི་འདོད་པའི་རེ་བ་ཡིད་བཞིན་དུ་བསྐང་བར་བྱེད་དོ། །

ཅེས་གནོད་སྦྱིན་ཆེན་པོ་རྡོ་རྗེ་ལེགས་པ་ཡི་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ་ཞེས་བྱ་བ་འདི་ནི་བོད་ཡུལ་སྟོད་མངའ་རིས་བལ་བོད་ས་ཡི་མཚམས་མང་ཡུལ་རི་བོ་དཔལ་འབར་གྱི་མདུན་དུ་ས་བོན་ཙམ་ཞིག་བཀོད་པ་ལ་དམ་ཅན་རང་ཉིད་དགྱེས་པའི་ཚུལ་གྱིས་བསྐུལ་བར་མཛད་པར་བརྟེན་རང་ལོ་སུམཅུ་རྩ་གཉིས་ལོན་པ་ཆུ་སྟོད་ཟླ་བའི་ཚེས་བཅུར་གུང་ཐང་ནུབ་རི་ཀུན་གསལ་སྒང་པོ་ཆེར་ཚེ་ལྡན་གྱི་ཤླཽ་ཀ་བརྒྱད་ཅུ་རྩ་བཞི་པ་ཞིག་བཀོད་པ་ལས་སླར་དེ་ཡང་ཚིག་སྣ་ཅུང་ཟད་བསྲིངས་ནས་དབང་པོ་རྡོ་རྗེའི་ཤོ་ལོ་ཀ་བདུན་ཅུ་རྩ་བདུན་དུ་བྱས་པ་སྟེ་རྡོ་རྗེ་ཁྲག་འཐུང་གི་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེས་བརྗོད་པའི་ཡི་གེ་པ་བོད་ཆོས་རྒྱལ་མེས་དབོན་གྱི་གདུང་རྒྱུད་མང་ཡུལ་བདག་པོའི་རིགས་ལས་མངའ་བདག་སྟག་ཤམ་ཅན་གྱི་སྲས་རྒྱུད་དད་པའི་ནོར་ཅན་པ་བསོད་ནམས་ཆོས་འཕེལ་གྱིས་བགྱིས་པ་དགེའོ། །དགེའོ། །

རྡོ་རྗེ་ཕུར་བའི་བསྲུང་མའི་མཆོད་བྱང་ཉུང་དྲིལ་འཕྲིན་ལས་ཀུན་འགྲུབ།

༄༅། །རྡོ་རྗེ་ཕུར་བའི་བསྲུང་མའི་མཆོད་བྱང་ཉུང་དྲིལ་འཕྲིན་ལས་ཀུན་འགྲུབ་བཞུགས་སོ། །

༈ ཨོཾ། མཆོད་རྫས་གང་འཛོམས་རཾ་ཡཾ་ཁཾ་གིས་བྲན་ཞིང་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་ནས་རོལ་མོ་འབྲུག་ལྟར་དབྱངས་བཅས་པ་འདི་སྐད་དོ། །ཧཱུྃ་ཛཿཆོས་དབྱིངས་ཕྱོགས་བྲལ་མེ་རི་འབར་བ་ནས། །ཡེ་ཤེས་རིག་པའི་རྒྱལ་པོ་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། །རིག་འཛིན་འབུམ་དང་བཅས་ཏེ་གཤེགས་སུ་གསོལ། །བྷྱོཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས། །རྡོ་རྗེ་ཕུར་པའི་བསྲུང་མར་དམ་བཅས་པ། །ཕོ་བདུད་མོ་བདུད་དགེ་བསྙེན་བསྟན་མའི་ཚོགས། །མ་ལུས་འཁོར་དང་བཅས་ཏེ་འདིར་བྱོན་ཛཿ དགྱེས་བཞུགས་དམ་ཚིག་དང་འབྲེལ་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་བླ་ན་མེད་པའི་རྫས། །དངོས་འབྱོར་ཡིད་སྤྲུལ་མོས་པས་མཆོད་འབུལ་བཞེས། །ཆོས་བཞིན་འདོད་དོན་རེ་བ་བསྐང་དུ་གསོལ། །ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཛཿཧཱུྃ་བཾ་ཧོཿཀ་ཏང་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མ་ར་ས་ན་པྲ་མར་ཏ་ན་ཡེཿ སརྦ་བིགྷ་ནམ་བཾ་ཧཱུཾ་ཕཊཿ བཛྲ་ཀི་ལི་ཀི་ལ་ཡ་ཤཱ་ས་ན་རཀྵ་ས་ག་ར་ས་པཱ་རི་ཝ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁ་ཧིཿ ཧཱུྃ་བྷྱོཿ ཕྱོགས་དུས་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་དཔལ། །ཆིག་བསྡུས་རབ་འཇིགས་དཔལ་ཆེན་རྡོ་རྗེ་འཆང་། །ཕུར་བུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་བཅས། །རྣལ་འབྱོར་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཧཱུྃ་བྷྱོཿ ཕུར་པའི་དཀྱིལ་འཁོར་བར་འཁྱམས་ལ་གནས་ཤིང་། །ཁྲག་འཐུང་དཔལ་ཆེན་མཚན་ཙམ་འཛིན་པ་ཡང་། །སྤྱི་བོར་བླངས་ཏེ་གུས་པས་བཀའ་བསྒྲུབ་པར། །ཞལ་བཞེས་ཕུར་བསྲུང་རྒྱ་མཚོར་ཕྱག་འཚལ་བསྟོད། །ཤྭོ་ན་སྤྱང་འཕར་ཝ་ཁྱིའི་གདོང་པ་ཅན། །བདག་ཉིད་ཆེན་པོ་རེ་ཏི་ཛི་ཛ་ཛུ། །ས་ཡི་བདག་མོ་ཡ་དེ་བསྭ་ཕག་ཕྱིན། །མ་བདུད་སྡེ་དཔུང་འཁོར་བཅས་ལ་གུས་བསྟོད། །བསྭེ་ལྕགས་དུང་གིང་ལས་མཁན་ཊཱཀི་ནག །ཐང་ལྷ་རྡོར་འབར་ཤེལ་གིང་རྡོ་རྗེ་ལེགས། །ལྷ་ཡི་དགེ་བསྙེན་དྲེགས་པ་ཉི་ཤུ་གཅིག །ཕོ་བདུད་ཉི་ཁྲི་ཆིག་སྟོང་བཅས་ལ་བསྟོད། །དཔལ་ཆེན་བཀའ་སྡོད་དབང་ཕྱུག་གིང་ལང་འབར། །མཁའ་འགྲོ་མ་སྲིང་གདབ་ཕུར་སྒོ་སྐྱོང་མ། །ཕོ་ཉ་ས་བདག་འབུམ་ཡང་མཁའ་འགྲོའི་ཚོགས། །རང་རང་སྤྲུལ་འཁོར་བཅས་ལ་བསྟོད་པར་བགྱི། །འབྱུང་པོ་སྣ་ཡོན་ནོར་བདག་མཐུ་བོ་ཆེ། །བསྟན་མ་བཅུ་གཉིས་སྲིད་པ་ཆགས་པའི་ལྷ། །རྗེ་ཡི་མགུར་ལྷ་རི་དབང་ཆེན་པོ་དགུ། །དཀར་ཕྱོགས་བསྟན་བསྲུང་གཞི་བདག་རྣམས་ལ་བསྟོད། །གཞན་ཡང་གནམ་བསྐོས་ཀླུ་བདུད་རྩེ་ཆེན་བཙན། །ལྡང་ལྷ་མཆེད་གསུམ་བེག་ཙེ་ལྕམ་བྲལ་སོགས། །ཕུར་པའི་ཟབ་གཏེར་གནས་ཀྱི་བསྲུང་མ་ཆེ། །མཐུ་ལྡན་དགེ་བསྙེན་རྣམས་ལ་གུས་པས་བཏུད། །རྣལ་འབྱོར་བདག་གི་ཕྲིན་ལས་བཅོལ་བའི་ལས། །ཆོས་དང་མི་མཐུན་ནད་གདོན་འགལ་རྐྱེན་ཞི། །ཆོས་མཐུན་ཚེ་བསོད་ཟས་ནོར་ཉམས་རྟོགས་རྒྱས། །ལྷ་འདྲེ་མི་གསུམ་གང་ཟག་ཆེ་བཙུན་བསྡུས། །མི་དང་མི་མིན་བར་ཆད་ངན་པ་བཟློག །ཆགས་ཆེ་ཉམས་ང་མི་དགེ་འཇིགས་ཚོགས་འཐུལ། །ལྟས་ངན་ཡེ་འབྲོག་བློ་བུར་དགྲ་ལ་བསྒྱུར། །སྡང་དགྲ་གདོན་བགེགས་ཐལ་བའི་རྡུལ་དུ་བརློག །

ཞེས་འདི་ཡང་སྔགས་སྨྱོན་ཚེ་དབང་ནོར་བུས་བོད་ཆེན་སྨར་ཁམས་རྒྱལ་བའི་བསྟི་གནས་བདུད་རྩི་མཐིལ་དུ་ཤིང་འབྲུག་ནག་ཟླའི་ཚེས་ཉེར་དགུ་ལ་གང་དྲན་སྐད་ཅིག་མར་བྲིས་པ་སརྦ་མངྒ་ལཾ། དགེའོ། །དགེའོ། །

ཞིང་སྐྱོང་ཆེན་པོའི་འཕྲིན་ལས་དཔའ་བོ་དགྱེས་པའི་རོལ་མཚོ།

༄༅། །ཞིང་སྐྱོང་ཆེན་པོའི་འཕྲིན་ལས་དཔའ་བོ་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

༈ བདེ་ཆེན་ཡེ་ཤེས་འཁོར་ལོར་ཡོངས་སྣང་བ། །རྒྱ་བོད་ས་མཚམས་ཙཱ་རི་ཀོ་ཏྲ་ཡ། །མཁའ་སྤྱོད་དུར་ཁྲོད་ཆེན་པོའི་ཞིང་སྐྱོངས་ནི། །མི་བཟད་ནག་པོ་ཆེན་པོ་སེང་གེའི་ཞལ། །དྲག་པོ་དྲག་ཤུལ་རྨད་བྱུང་གཟི་ལྡན་ནག །ག་ཡ་དྷཱ་ར་རྡོ་རྗེ་ལས་རབ་རྩལ། །གནས་གསུམ་དཔའ་བོ་ས་བཅུའི་ཉེ་བའི་མགོན། །དཔལ་ལྡན་སྲིན་གཙོ་བདུད་རྗེ་ཐོད་པའི་འཕྲེང་། །གསང་བའི་ཡུམ་ཆེན་སེང་གདོང་སི་ན་ར། །བཀའ་ཉན་དུག་མཚོན་མིང་སྲིང་དྲེགས་པ་བརྒྱད། །ཁྱེད་རྣམས་སྔོན་ཚེ་བཅོམ་ལྡན་ཧེ་རུ་ཀཿ རྟ་མཆོག་གསང་བདག་སྤྱན་སྔར་དམ་ནོད་ཅིང་། །དེ་བཞིན་པདྨ་ཐོད་འཕྲེང་རྩལ་འཆང་དྲུང་། །མ་ར་རི་ཀ་སྟག་ཚང་འཆིམས་ཕུ་དང་། །གཟིལ་ཆེན་གསང་བའི་ཕུག་པར་དམ་བཞག་ནས། །ཁས་བླང་ཐ་ཚིག་གཉན་པོ་དྲན་གྱིས་ལ། །དམ་ཅན་རྣལ་འབྱོར་བདག་གི་སྤྱན་འདྲེན་ན། །མ་ཐོགས་མྱུར་བ་ཉིད་དུ་འདིར་བྱོན་ཛཿ ཏིང་འཛིན་གྱིས་སྤྲུལ་དགྱེས་པའི་གདན་ལ་བཞུགས། །དམ་ཚིག་གཅིག་ཏུ་བསྲེ་ཕྱིར་ལྷ་ཕྱག་འཚལ། །ཕྱི་ལྟར་ཉེ་སྤྱོད་ནང་ལྟར་འདོད་ཡོན་ལྔ། །གསང་བ་སྨན་གཏོར་རཀྟའི་མཆོད་པ་དང་། །ཁྱད་པར་ཏ་ན་ག་ཎའི་ལོངས་སྤྱོད་རྫས། །དཔག་མེད་ནམ་མཁའ་གང་བ་འབུལ་གྱིས་བཞེས། །མཐུན་རྫས་བསྒྲལ་བའི་ཤ་ཁྲག་རུས་པ་རྐང་། །ཀླད་པ་བ་སུ་ཙིཏྟ་དབང་པོ་ལྔ། །འབུལ་གྱི་དགེས་བཞེས་བར་ཆད་སེལ་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཧཱུྃ་བྷྱོཿ གདོད་ནས་གཡོ་མེད་རྒྱལ་བ་ཀུན་ཏུ་བཟང་། །ནང་མདངས་ཧེ་རུ་ཀཿདཔལ་ཆེན་པོའི་གར། །སྤྲུལ་པ་ཞིང་སྐྱོང་ཆེན་པོའི་སྐུར་སྣང་བ། །ནག་པོ་དྲག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ངེས་པའི་དོན་དུ་ཧེ་རུ་ཀཿཉིད་དེ། །རྒྱལ་བའི་བསྟན་པ་བསྲུངས་ཕྱིར་ལས་ཀྱི་ཚུལ། །མི་བསྲུན་སེང་གདོང་གཏུམ་པའི་རྩལ་འཆང་བ། །རྒྱལ་འགོང་རྒྱ་འདྲེའི་གཤེད་མ་ཁྱོད་ལ་བསྟོད། །གཉིས་མེད་ཡུམ་ཆེན་དཔལ་འབར་མེ་ལྕེའི་འཕྲེང་། །སེང་གདོང་དམར་མོ་ཁམས་གསུམ་དབང་གི་བདག །བཀའ་ཉན་མིང་སྲིང་ལྷ་སྲིན་སྡེ་བརྒྱད་སོགས། །མཐུ་ལྡན་འཁོར་དང་བཅས་པ་ཕྱག་འཚལ་བསྟོད། །དམ་རྫས་ཛ་གཱར་མཆོད་གཏོར་འདི་བཞེས་ལ། །བདག་ལ་འཚེ་བྱེད་མི་དང་མི་མིན་ཐུལ། །བྱད་ཁ་རྦོད་གཏོང་ཐམས་ཅད་ཕྱིར་ལ་ཟློག །ཁམས་གསུམ་དབང་བསྡུས་འདོད་དགུ་ཆར་དུ་ཕོབ། །ལས་བཞི་ལྷུན་གྲུབ་གྲུབ་ཆེན་བརྒྱད་སོགས་བསྩོལ། །ས་ལམ་འགལ་རྐྱེན་བར་ཆད་མཐའ་དག་སོལ། །ཚེ་རབས་རྟག་ཏུ་ཉེ་བའི་མགོན་ཁྱོད་ཀྱིས། །བྱང་ཆུབ་བསྒྲུབ་པའི་འཕྲིན་ལས་གཡེལ་མེད་མཛོད། །

ཅེས་སྔ་འགྱུར་བསྟན་པའི་གསལ་བྱེད་སྒྲོལ་ཕུག་པ་པདྨ་ཀུན་གསལ་ཞལ་སྔ་ནས་བསྐུལ་བའི་རྐྱེན་བྱས་འཕྲལ་ཤུགས་འབྱུང་ཉིད་དུ་ཙཱ་རི་ཕྲ་དོམ་ཚང་རོང་དུ་དཔལ་ཚེ་དབང་ནོར་བུས་སྦྱར་བ་སྟེ་མེ་སྦྲུལ་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལའོ། །མངྒ་ལཾ། ༸ཤིན་ཏུ་འགྱོགས་བྲིས་བགྱིས་པའི་ཡི་གེ །གཟུགས་ཙམ་དོད་པས་གཞན་དུ་ཅི་ཞིག །འདི་ནི་བྱ་བྲལ་ཡན་པ་བློ་དེས། །དོམ་ཚངས་ཏེ་འདབས་ཁང་བུར་༼ཀྲུན་ནོ། །༽ཞེས་གསུངས་པ་ལྟར་རྗེ་བཙུན་སྒྲོལ་མ་པའི་ཕྱག་བྲིས་ཀྱི་ཤོག་༼གྲི་༽དུ་རྒྱས་འདིར་ཕབ་པའོ། །

ངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ།

༄༅། །ངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ་བཞུགས་སོ། །

༈ ཧཱུྃ་བྷྱོཿ མི་མཇེད་འཛམ་གླིང་བྱང་ཕྱོགས་གངས་ཅན་བོད། །མདོ་ཁམས་སྒང་ཆེན་གསུམ་གྱིས་བསྐོར་བའི་ཁྱུད། །གསེར་གྱི་འདྲེན་པའི་ཆུ་ཀླུང་དལ་འབེབས་ངོགས། །རང་བྱུང་པདྨའི་སྦས་གནས་བཀྲ་ཤིས་ལྗོངས། །རེ་ཁེ་དམ་པ་ཆོས་ཀྱིས་ཕྱུག་པའི་ས། །རྩུབ་འགྱུར་དྲག་རྩལ་ལྡན་པ་ཡུལ་གྱི་ལྷ། །དུ་མ་གནས་པའི་དབུས་ན་རི་ཡི་དབང་། །བདེ་ཆེན་རྟག་ཆད་སྤེན་ནེ་རི་བཀྲ་ཞེས། །སྭ་མ་སྟེའུ་སོ་ལྷུན་པོ་ཟུར་བཞི་བརྗིད། །རྩེ་མོའི་དབལ་པོ་ཚངས་པའི་གཡུལ་སར་སྙེགས། །དབལ་ཁྲ་ནུབ་བསྟན་ཕ་རོལ་དམག་ཚོགས་གཞོམ། །ངོས་སུ་ལྷ་ལས་བབས་པའི་རྒྱན་གྱིས་བཀྲ། །ཆུ་འཛིན་དབང་པོའི་གཞུ་ཡི་རབ་ཏུ་གཏིབས། །སྤྲིན་གྱི་མྱུ་གུ་དུང་གི་ཁུ་འཕང་འགྲིལ། །བྱ་གཅན་གསུང་སྒྲོགས་དབྱར་གྱི་རྔ་སྒྲ་འདིར། །རྐང་དྲུག་རི་དྭགས་སྨན་གྱི་གླུ་སྙན་ལེན། །ངོགས་སུ་གཡའ་སྤང་བྲག་མཚོན་ནག་ཁྲིག་ཚལ། །བྱ་གཅན་རི་གཡུ་འབུ་སྲིན་རྩེ་བྲོ་ཁྲབ། །འདབ་ལྡན་ཡིད་དགའ་སྟོན་སྐྱེས་རབ་ཏུ་གཡུར། །མཁའ་དབྱིངས་ལྡིང་ཁྱིམ་ཉི་ཟླའི་ཐིག་ལེ་མཚར། །སྐོལ་ཆེན་སྤྱི་པ་ལྷ་ཡི་སྐྱེད་མོས་ཚལ། །གདུག་པའི་གནོད་སྦྱིན་མང་པོ་འདུ་བའི་ཡུལ། །འབྲི་གཉན་སྡོ་དུ་དྲག་ཤུལ་ཆེ་བའི་རི། །བག་གྲོ་བྱིན་ཆགས་སྐྱི་ཟ་རྔམས་པ་ཆེ། །རི་ཕྲན་རྩེ་མོ་ཆུ་ཡི་འབེབས་པའི་ཕུ། །གྷུ་རུའི་བྱིན་རླབས་རྨད་དུ་བྱུང་བའི་གནས། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕོ་བྲང་སྟེ། །ལྷ་སྲིན་སྡེ་བརྒྱད་སྤྲིན་ལྟར་འཁྲིགས་པའི་ལྗོངས། །ཞིང་སྐྱོང་མཁའ་འགྲོ་མང་པོ་བཏགས་ཆགས་གྲོགས། །མཁའ་སྤྱོད་གྲུབ་ཐོབ་འགའ་ཡང་རབ་བཞུགས་པ། །ཟབ་མོའི་གཏེར་མཆོག་མང་དུ་མཆིས་པའི་སྒྲོམ། །ངོ་མཚར་དུ་མས་སྤྲས་པའི་རི་བོ་དེ། །ལྷ་ཆེན་དཔལ་འབར་བཞུགས་པའི་གནས་མཆོག་སྟེ། །སྐུ་མཁར་རིན་ཆེན་ཕ་ལམ་ལས་གྲུབ་ནང་། །སྤྲིན་དཀར་འཇའ་ཚོན་སྣ་ལྔའི་གུར་དཀྲིགས་དཀྱིལ། །ཚངས་སྲས་གཞོན་ནུའི་གཞལ་ཡས་དེ་དབུས་སུ། །མཐུ་ལྡན་ཞིང་སྐྱོང་དགྲ་ལྷ་དཀར་པོ་ཆེ། །གསང་མཚན་དཔའ་བརྟན་རྡོ་རྗེ་འགྱུར་མེད་རྩལ། །རྡུལ་དཀར་དམར་རིངས་མདངས་ཀྱིས་བརྒྱན་འདྲའི་སྐུ། །ཚངས་སྲས་གཞོན་ནུ་སྒེག་པའི་ཚུལ་འཆང་བ། །ལྷ་ཡི་རྒྱལ་པོ་རྒྱ་འདྲེ་འབྱུང་པོའི་དགྲ། །བགེགས་ཆེན་ཚུལ་སྣང་ཡུལ་པའི་དབང་པོ་ཆེ། །བརྗིད་པའི་སྐུ་ལ་མཛེས་པའི་ཉམས་ཁྱུགས་པ། །དཔལ་འབར་དཔའ་བོ་དེ་ཡི་ཆ་ལུགས་ནི། །སུནྡའི་ཞལ་ལ་བ་སངས་མདངས་འཚེར་སྤྱན། །པདྨའི་ཞལ་སྒོ་མུ་ཏིག་འཕྲེང་འདྲའི་ཚེམས། །ལྷུན་སྡུག་ཟླ་རང་ལ་འདྲེན་དར་དཀར་གྱི། །ཐོད་དང་འཇོལ་བེར་གསེར་ཧ་གཡུ་གཡུང་བཀྲགས། །གཙུག་ན་ནོར་བུ་མེ་འབར་དགོས་འདོད་སྤེལ། །སྤུ་གྲིའི་རྒོད་འཕྲུ་རྩེ་ལྡེམ་ཟླ་བྲལ་ཆེ། །དར་སྣའི་ཅོད་པད་གངས་རིའི་སྤྲིན་ལྟར་འཁྲིགས། །སྙན་འགུལ་ཕྱག་ཞབས་རིན་ཆེན་རྒྱན་འཐུག་འཁྲོལ། །དབང་དྲག་རྡོ་རྗེ་རྩེ་ལྔ་མགུལ་དུ་འཆང་། །སྲ་བརྟན་མཆོང་གི་རྒྱ་བྱིའུ་སྐུ་ལ་བསྟར། །ཤེལ་གྱི་མགུལ་གབ་དཔའ་རྔམས་སྟག་ཤམས་དཀྲིས། །དར་ལྗང་ནོར་བུའི་མཆིལ་ལྷམ་ཞབས་སུ་བཞེས། །ཕྱག་གཡས་ཕུར་པ་དར་སྣའི་ཅོད་པཎ་ཅན། །ཀླད་ལ་བསྐོར་ཅིང་རྒྱ་འདྲེ་འབྱུང་པོ་འདུལ། །གཡོན་ན་མཆོང་མདུང་བཻཌཱུར་དཔལ་འབར་ལ། །རུ་མཚོན་དཀར་རྒྱན་ལྷ་གཉན་དམག་དཔོན་མཛད། །ཆིབས་རྟ་ངང་སེར་རླུང་གི་གཤོག་ལྡིང་ཅན། །སྤྱི་གཙུག་ནོར་བུ་ཡན་ལག་འབྲུག་པ་འབར། །རྔོག་རྔར་ལྷོ་སྤྲིན་བུ་གར་ནད་རླངས་འཐུལ། །ཁ་སྣ་མཚོན་ཆས་གང་ཞིང་ཐོག་སེར་འབེབས། །སྤུ་ལ་མེ་སྐར་བུ་ཡུག་གྲོགས་སུ་འགྲོགས། །ཟེ་རྔའི་གསེབ་ནས་སྦལ་སྦྲུལ་མང་པོ་སྤྲུལ། །རྨིག་བཞི་ལྕགས་བྱས་རླུང་གི་འཁོར་ལོས་བརྒྱན། །མགྱོགས་རྩལ་ཉམས་ལྡན་དགྲ་ལ་སྨྱོ་འབོག་གཏོང་། །དར་སྟན་འཇའ་ཚོན་སྣ་ལྔའི་ལྕུག་ཕྲན་ལ། །གསེར་སྒ་མུ་ཏིག་སྔོ་དམར་ཕྲ་གཟེར་ཅན། །ཤེལ་ཡོབ་རིན་ཆེན་གོང་རྨེད་གློ་ནན་སྦྲུལ། །བྱས་ཞོན་སྟོང་ཁམས་ཡུད་བསྐོར་འབྱུང་ཁྲོ་བརྫི། །སྟག་གདོང་གཡས་བྱས་དགྲ་ལྷ་སེར་ལྟར་འགྲིམ། །གཟིག་ཤུབ་གཡོན་བཀྲ་ཝེར་མ་གློག་ལྟར་འཚུབ། །སྤྲུལ་པའི་ཕོ་ཉ་མང་པོ་སྤྲིན་ལྟར་གཏིབས། །རང་གཟུགས་སེང་དཀར་ང་རོ་འབྲུག་ལྟར་ལྡིར། །མཛའ་གྲོགས་མཚོ་སྨན་ཕྱུག་མོ་འོད་ལྡན་མ། །སྲས་མཆོག་དཔའ་བོ་ཆེན་པོ་སངས་རྒྱས་སྐྱབས། །ཞང་བློན་ལྷ་བཙན་དཀར་པོ་བུ་མོ་ལྗང་། །མདུན་འདོད་ཝ་ཏི་རྒྱལ་བ་དགེ་བསྙེན་དཀར། །ཕྱག་གཉན་ལྭ་ཡི་དབང་ཞུ་ཀླུ་བཙན་དམར། །དཔུང་ཟླ་ཅི་རང་སེང་ཁྲོམ་དྲག་ཤུལ་གཉན། །བཀའ་འཁོར་ལྷ་གཉན་ཀླུ་སྨན་བཙན་བདུད་གཏོང་། །བསམ་གྱིས་མི་ཁྱབ་བྲན་གཡོག་དུ་མས་བསྐོར། །ཁྱེད་སྔོན་བཅོམ་ལྡན་ཤཀ་ཐུབ་ཕྱག་རྡོར་ཆེ། །འཕགས་མཆོག་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། །ཁྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་སྲོག་སྙིང་མདངས་གསོལ་ཕུལ་ནས་ཀྱང་། །དམ་བཞག་ཕུར་པའི་དལ་དུ་དབང་བསྐུར་ནས། །མིང་བཏགས་བྲོ་བོར་ཟབ་གཏེར་བསྲུང་མར་བཀོད། །སངས་རྒྱས་བསྟན་པ་སྐྱོང་བར་ཁས་བླངས་བཞིན། །དམ་བཅའ་གཉན་པོའི་ཚུལ་ལས་མ་འདའ་བར། །རྣལ་འབྱོར་བདག་གི་གྲོགས་དང་མཆོད་སྦྱིན་སླད། །སྟོང་ཁམས་འཇིག་རྟེན་གང་དུ་བཞུགས་ཀྱང་རུང་། །མངོན་ཤེས་མཐུ་སྟོབས་རྫུ་འཕྲུལ་ཤུགས་ཀྱིས་ནི། །སྤྱན་འདྲེན་གནས་འདིར་སྐད་ཅིག་ཡུད་ཙམ་གྱིས། །འབྲི་གཉེན་སྤེན་ནེ་རྒྱལ་བཙུན་སྲས་བློན་འབངས། །མ་ཐོགས་མྱུར་བ་ཉིད་དུ་བྱོན་ནས་ཀྱང་། །སྣ་ཚོགས་པདྨ་རིན་ཆེན་སྤུངས་པའི་ཁྲིར། །དགྱེས་ཤིང་བརྩེ་བའི་ཚུལ་གྱིས་བཞུགས་སུ་གསོལ། །དངོས་དང་ཡིད་ལས་སྐྱེས་གྱུར་མཆོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་ཀུན་བཟང་བཀོད་པའི་བརྒྱན། །སྣ་ཚོགས་འཐུག་པོར་སྤེལ་པའི་རྫས་ཆེན་པོ། །རྣམ་པར་སྤྲུལ་པའི་མཆོད་སྦྱིན་འབུལ་གྱིས་བཞེས། །རྩི་ཤིང་དྲི་བསུང་ཕྱེ་མར་བ་ལིནྟ། །བྱ་གཅན་རི་གཡུང་གཟུགས་འགྲོས་དར་ཟབ་རས། །དཀར་མངར་ཀླུ་སྨན་རིན་ཆེན་སྤྱན་གཟིགས་སོགས། །ཕྱི་མཆོད་འབུལ་གྱི་དགྱེས་པའི་ཚུལ་གྱིས་བཞེས། །ཟན་གཡུ་གསེར་སྐྱེམས་ཆང་རྒོད་བདུད་རྩིའི་སྨན། །སྟག་རས་གཟིག་རས་མདུང་དར་གོ་མཚོན་བཟང་། །སྦ་སྨྱུག་ཐང་དཀར་ཤུགས་རྒོད་འཕྱར་དར་སོགས། །ནང་མཆོད་འབུལ་གྱིས་ཕྲིན་ལས་སྒྲུབ་ཕྱིར་བཞེས། །ཤ་ཚིལ་རུས་པའི་ཚོགས་ཆེན་རཀྟ་ཆེ། །ཉམས་པའི་གཟུགས་ལིང་བསྒྲལ་བའི་བདུད་རྩི་ལྔ། །བསྟན་འཚེའི་སྲོག་དབུགས་བླ་སྲོག་མདངས་ལ་སོགས། །གསང་མཆོད་འབུལ་གྱིས་བསྟན་པ་བསྲུང་ཕྱིར་བཞེས། །ཁྱད་པར་སྣང་སྲིད་ཀྱིས་བསྡུས་ཆོས་རྣམས་ཀུན། །གཞན་དུ་མ་ཡེངས་རང་རིག་གཤིས་ཀྱི་མདངས། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེན་པོའི་དབྱིངས། །དབྱེར་མེད་རོལ་པའི་མཆོད་པ་འབུལ་དགྱེས་མཛོད། །དེ་ལྟར་སྤེན་ནེ་རི་བཀྲའི་གནས་ཀྱི་བདག །མཐུ་ཆེན་སྟྭ་མ་སྟེས་པོ་གཉན་གྱི་རྗེ། །ཕག་གདོང་གནས་རིའི་རྔོག་མར་རྟག་ཆགས་ཤིང་། །ཞིང་སྐྱོངས་དཔའ་བོ་དྲེགས་པའི་ཚུལ་འཆང་བ། །དྲག་ཤུལ་དགེ་བསྙེན་རྡོ་རྗེ་འགྱུར་མེད་རྩལ། །བཙུན་སྲས་བློན་འབངས་འཁོར་དང་བཅས་པ་ལ། །འཇེབས་ཤིང་སྙན་པའི་ཚིག་གིས་རབ་བསྟོད་ཅིང་། །དགྱེས་མཛེས་རྣམ་པར་དགྱེས་པའི་མཆོད་འབུལ་ནས། །པདྨའི་ཟབ་གཏེར་ཕྱི་ཡི་གཉེར་འཛིན་པ། །ཁྱོད་ལ་བདག་གི་འཕྲིན་ལས་བཅོལ་བའི་ལས། །གསང་སྔགས་བསྟན་འཛིན་དམ་ལྡན་རྣལ་འབྱོར་པ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །མི་མཐུན་གློ་བུར་ཡེ་འགྲོགས་དགྲ་གདོན་བགེགས། །མི་ནད་ནོར་ནད་ཉེར་འཚེ་མི་འབྱུང་ཞིང་། །མཐའ་དམག་ས་གཡོས་མེ་ཆུ་མཚོན་བསྐལ་ཉམས། །འགལ་རྐྱེན་འཇིགས་ཚོགས་མཐའ་དག་མེད་པ་དང་། །ཚེ་བསོད་ཟས་ནོར་མངའ་ཐང་གཟི་བརྗིད་བཀྲག །དཔལ་འབྱོར་རིགས་ཆོས་རྒྱུད་འཛིན་རབ་རྒྱས་བརྟན། །ཆར་ཆུ་དུས་འབེབས་ལོ་ལེགས་རྩི་འབྲུ་སྨན། །བཀྲ་ཤིས་ལེགས་ཚོགས་ཡོན་ཏན་ཀུན་འཕེལ་ཞིང་། །སྙན་གྲགས་རབ་སྐྱེད་ལྷ་འདྲེ་མི་ཆེ་བཙུན། །འདོད་དོན་ལོངས་སྤྱོད་མ་ལུས་སྙིང་སྒུལ་བསྡུས། །མཐའ་མི་ཧོར་སོགས་དམག་ཚོགས་གྱུར་པ་ཀུན། །དཔའ་ཀོང་ཟིལ་གྱིས་ནོན་ལ་བདག་དབང་གིས། །གསང་སྔགས་དོན་གྱི་བསྟན་པ་ལ་སྨོད་ཅིང་། །མཐའ་དམག་རྒྱ་འདྲེ་འབྱུང་པོ་དམ་སྲིའི་རིགས། །འགོང་པོ་མ་རུང་ལོག་པའི་ཚེ་སྲོག་སྟོབས། །ཧུར་ཐུམ་ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཧཱུྃ་བྷྱོཿ ཁྱད་པར་རིག་འཛིན་པདྨ་ཐོད་འཕྲེང་གིས། །བསྟན་པའི་ངོ་བོ་གསང་ཆེན་རྙིང་མ་ཡི། །བསྟན་པ་འགྲིབ་མེད་དར་རྒྱས་ཡུན་རིང་གནས། །སྦས་ཡུལ་ཀུན་དུ་ནུབ་མེད་རབ་འཕེལ་ཞིང་། །ཡུལ་ཁམས་བདེ་ལེགས་བཀྲ་ཤིས་ཕུན་སུམ་ཚོགས། །དམ་ལྡན་སྐྱེས་བུའི་ཆབ་སྲིད་དཔལ་དུ་འབར། །གདུལ་བྱ་འབྲི་མེད་འཛམ་གླིང་ཡོངས་ཁྱབ་ཅིང་། །འདོད་དོན་ལྷུན་གྲུབ་དཔྱིད་དུ་རྒྱས་པར་ཤོག །

ཅེས་བོད་ཆེན་པོར་རྟག་ཆགས་ཤིང་སྦས་ཡུལ་ལྗང་གི་གཉེར་འཛིན་ཅིང་ཨོ་རྒྱན་པདྨས་ཟབ་གཏེར་ཉེར་ལྔ་ཡི་བསྲུང་མར་བཀོད་པའི་དགེ་བསྙེན་སྤེན་ནེ་རི་བཀྲའི་གསོལ་མཆོད་དུ་རིག་འཛིན་པདྨ་དབང་རྒྱལ་གྱིས་ཁོ་བོས་འཆར་སྣང་དང་བསྟུན་ནས་མཛད་པ་ལས་བསྡུས་ཏེ་གནས་སོ་ཆེན་པོ་ཉིད་རང་ལ་གུས་འཕྲིན་སྒྲུབ་པའི་ལྟས་འགའ་ཤར་བས་བསྐུལ་ནས་ཤོ་ལོ་ཀ་སོ་དགུ་པོ་འདི་ཚེ་དབང་ནོར་བུ་ཀརྨ་བསྟན་པ་མཐར་རྒྱས་ཀྱིས་ཆུ་སྟག་ཕག་ཟླའི་ཚེས་བཅུར་ཡུལ་གླེ་ནང་དུ་སྦྱར་བའི་ཡིག་རིས་རང་གི་བགྱིས་པའི་བཀྲ་ཤིས་པར་གྱུར་ཅིག ཧེ་ཧེ་མངྒ་ལཾ།

དཔལ་སྟག་ལུང་ཐང་པའི་བསྟན་སྲུང་ཇོ་བོ་སྦྲག་བཙན་གྱི་གསོལ་མཆོད་འདོད་དོན་ཡིད་བཞིན་ལྗོན་པ།

༄༅། །དཔལ་སྟག་ལུང་ཐང་པའི་བསྟན་སྲུང་ཇོ་བོ་སྦྲག་བཙན་གྱི་གསོལ་མཆོད་འདོད་དོན་ཡིད་བཞིན་ལྗོན་པ་བཞུགས་སོ། །

༈ ན་མོ་གུ་རུ་ཧེ་རུ་ཀཿ དཔལ་སྟག་ལུང་ཐང་པའི་བསྲུང་མ་ཇོ་བོ་སྦྲག་བཙན་གྱི་ཕྲིན་ལས་མདོ་དྲིལ་ཞིག་བསྟན་པར་བྱ་སྟེ། དུས་དགུང་མོར་བསང་གཏོར་མཆོད་རྫས་གང་འཛོམ་བཤམས་ལ་རོལ་མོ་དབྱངས་དང་བཅས་ཏེ་ཐོག་མར་དྲེགས་པ་ཟིལ་གནོན་ཨོ་རྒྱན་པདྨར་གསོལ་བ་གདབ་པ་ནི། ཧཱུྃ་ཧྲཱིཿ སྣང་སྲིད་ཟིལ་གནོན་དབང་དྲག་རྟ་མཆོག་དཔལ། །སངས་རྒྱས་པདྨ་འབྱུང་གནས་ཐོད་འཕྲེང་རྩལ། །ནམ་མཁའི་རང་བཞིན་རྡོ་རྗེའི་སྐུ་གསུང་ཐུགས། །ཁྱེད་ཀྱི་ཐུགས་རྗེས་དེང་འདིར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བཟླས་བྱིན་དབབ། །དེ་ནས་དྲེགས་པ་རང་རྒྱུད་པ་ཡིན་པས་མངོན་རྟོགས་མི་དགོས་ལ་སྤྱན་འདྲེན་པ་ནི། ཀྱཻ། ཡུལ་ལ་མཚན་གསོལ་དབུ་རུ་བྱང་ཕྱོགས་སྤྲག །གནས་ལ་མཚན་གསོལ་ལྷ་རིགས་གཡའ་གངས་ཅན། །བདག་པོར་མཚན་གསོལ་དགེ་བསྙེན་རྡོ་རྗེ་འབར། །གསང་བའི་མཚན་ནས་འབོད་དོ་གདུང་བས་བྱོན། །ཁྱོད་སྔོན་མི་རྗེ་ལྷ་རྗེ་ཁྲི་སྲོང་གདུང་། །འབྲོང་རྗེ་བཙན་པོ་ཉང་ཟ་ཁྲི་བཙུན་བུ། །མཚན་སྡུག་མི་ཕོ་ཇོ་བོ་ཐང་ལྷ་འབར། །ཚེ་འཕོས་སྨོན་ལམ་སྟོབས་ཀྱིས་ལྷ་བཙན་ཆེ། །སྐྱེས་པའི་རྡོ་རྗེ་ཀུན་སྐྱོབ་དཔལ་བོ་ཆེར། །ཇོ་བོ་སྤྲག་གི་བཙན་དུ་མཚན་གསོལ་ཏེ། །རྣམ་དཀར་ལས་དང་ཡབ་ཀྱི་སྨོན་ལམ་མཐུས། །བསྒྲུབ་རྒྱུད་བཀའ་འབངས་གྱུར་ཁྱོད་འབོད་དོ་ཛཿ དབྱར་གསུམ་གནས་པ་སྤྲག་གི་ན་མོ་ཆེ། །སྟོན་གསུམ་གནས་པའི་ས་ནི་རྒྱལ་སྒོ་བྲག །དགུན་གསུམ་གནས་པ་འདོད་འཇོ་སེང་གླིང་གྲགས། །དཔྱིད་གསུམ་གླང་རྔུལ་གྲིབ་ལུང་སྲིན་གདོང་སྣ། །རྟག་པར་གནས་པ་ཕོད་ཀྱི་གཡའ་གངས་ཅན། །ལམ་རྩེའི་གནས་ནི་སེང་ལྕམ་དཀར་མོའི་རྩེ། །དབེན་པའི་ས་ནི་མྱང་ཁྲོམ་བྲག་དམར་ཆེ། །གང་དུ་མཆིས་ཀྱང་འབོད་པའི་གནས་འདིར་བྱོན། །ཀྱཻ། ཕོད་ཀྱི་སྐྱེས་བུ་ཇོ་བོ་ཆེན་པོ་ཁྱོད། །འཇིག་རྟེན་སྒྲོན་མ་ཤཱཀྱ་ཐུབ་པ་ཆེས། །ཟླ་འོད་གཞོན་ནུའི་ལུང་བསྟན་མཛད་པའི་ཚེ། །མི་མ་ཡིན་གྱུར་རྒྱལ་བའི་ཞལ་ཡང་མཇལ། །ཕྱིས་དུས་གདོང་དམར་འདི་རུ་ཟླ་འོད་ཞལ། །དྭགས་པོ་ལྷ་རྗེར་གྱུར་པའི་བསྟན་པ་ལ། །གྲིའུ་ལུང་དཔལ་གྱི་ཡང་དགོན་ལྷུན་ཤེས་ཀྱིས། །བྱམས་པས་བཏུལ་བྱས་གསང་བའི་མཚན་ཡང་གསོལ། །ཁྱད་པར་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ། །པད་འབྱུང་དངོས་གཟུགས་ཕག་གྲུའི་མཚན་འཆང་དེས། །སྒྱུ་འཕྲུལ་རོལ་པས་ཁྱོད་ཉིད་རྗེས་སུ་བཟུང་། །མི་ཐུབ་སྟོབས་ཆེན་འདུལ་ཞེས་མིང་ཡང་བཏགས། །དེ་རྗེས་སེང་གླང་སྟག་ལུང་ཡང་དགོན་དུ། །གྲུབ་ཆེན་ཐང་པ་བཀྲ་ཤིས་དཔལ་སྤྱན་སྔར། །ཁྱོད་གཟུགས་དངོས་བསྟན་སྲོག་ཕུལ་དགེ་བསྙེན་བསྒྲུབ། །སྨིན་གྲོལ་བླ་མེད་གསང་བའི་དཀྱིལ་འཁོར་བཅུག །ཐང་པའི་རིགས་དང་ཟབ་ཆོས་འཛིན་གྱུར་རྣམས། །བསྲུང་སྐྱོབ་ལུས་གྲིབ་ལྟར་དུ་འགྲོགས་པར་ཆད། །དེ་རྗེས་རྗེ་བཙུན་གྲགས་པ་དཔལ་ཆེན་པོར། །བསྙེན་བསྐུར་ཞུས་ཤིང་བསྟན་བསྲུང་ཁས་སུ་བླངས། །གཞན་ཡང་རིམ་བྱོན་བཀའ་བརྒྱུད་བླ་མ་ཡི། །དམ་པ་གནས་ནས་ཁྱོད་ཉིད་ཐར་པའི་སར། །འགོད་བྱས་ཆོས་སྐྱོངས་རྣམས་ཀྱི་རྣོ་མདིལ་དུ། །ཆད་དོན་གཡེལ་བ་མེད་པར་དགོངས་མཛོད་ལ། །སྤྱན་འདྲེན་གནས་འདིར་མ་ཐོགས་མྱུར་བ་ཉིད། །སྤྲག་བཙན་རྐྱ་དགུ་བན་བཅུ་ཕྱི་ནང་བློན། །འཁོར་བཅས་འབོད་པའི་གནས་འདིར་གཤེགས་སུ་གསོལ། །སྣ་ཚོགས་པདྨ་དར་ཟབ་བརྩེགས་པའི་ཁྲིར། །བདེ་བར་བཞུགས་ནས་དགྱེས་པའི་ཞལ་བཟང་སྟོན། །མཆོད་པའི་ཟས་ཟོ་བསྒྲུབ་པའི་རྟགས་བཟང་སྟོན། །འཕྲིན་ལས་གང་བཅོལ་ཐོགས་མེད་མྱུར་འགྲུབ་མཛོད། །ཨོཾ་ཙཎྜ་པྲ་མ་ནི་དྷཱ་ར་དྷཱ་ར་ས་མ་ཡ་ཛཿཛཿ ས་པཱ་རི་ཝ་ར་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ ཀྱེ། དགེ་བསྙེན་ཁྱོད་འཁོར་བཅས་པ་དགྱེས་མཆོད་རྫས། །དངོས་སུ་འབྱོར་བཤམས་ཁྱད་པར་རང་རིག་པ། །དྲི་བྲལ་སངས་རྒྱས་དོན་དམ་བདེན་མཐུ་ཡི། །བྱིན་གྱིས་བརླབས་པའི་འབྲུ་གསུམ་སྣོད་ཡངས་པོར། །དཔག་མེད་ཀུན་བཟང་སྤྲིན་ཕུང་འཛད་བྲལ་རྫས། །རྒྱ་ཆེར་བཀོད་དེ་ཁྱོད་ལ་འབུལ་བ་ནི། །དགྱེས་པའི་དམ་རྫས་ཟུར་གསུམ་རྩེ་རྒྱལ་འབུལ། །མཐུན་རྫས་དཀར་མངར་ཁུ་བ་ཐུག་པ་འབུལ། །འདོད་ཡོན་ལྔ་དང་གསང་སྤྲིན་ཕྱི་མཆོད་འབུལ། །གསེར་སྐྱེམས་གཟུགས་འགྲོས་འབྲུ་བཤོས་ནང་མཆོད་འབུལ། །ཤ་ཁྲག་རུས་གསུར་བྷ་ལིན་གསང་མཆོད་འབུལ། །རྟེན་རྫས་སྐུ་འབག་སྲོག་ཡིག་བླ་རྡོ་འབུལ། །སྤྱན་གཟིགས་གསོབ་ཤུན་དར་རས་གོ་མཚོན་འབུལ། །མངོན་སྤྱོད་ལས་གྱུར་དགྲ་བོའི་བླ་སྲོག་འབུལ། །མདོར་ན་ལྷ་བཙན་འཁོར་བཅས་སེམས་དབང་ཡུལ། །རབ་བདེ་ཚིམ་བྱེད་མཆོད་སྤྲིན་རྒྱ་མཚོ་འབུལ། །ཁྱད་པར་ཆོས་ཉིད་མ་སྐྱེས་བརྗོད་བྲལ་གཤིས། །སྣ་ཚོགས་མ་འགག་རྣམ་རྟོག་ཆོས་སྐུའི་མདངས། །མ་འདྲེས་ཀུན་ཁྱབ་ཉག་གཅིག་ཐིག་ལེའི་རྩལ། །སྟོང་ཉིད་གསལ་དྭངས་རོ་མཉམ་འབུལ་དགྱེས་མཛོད། །ཁྱེད་ཅག་སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཁས་བླངས་ཇི་བཞིན་རྣལ་འབྱོར་བདག་ཉིད་ཀྱིས། །ཆོས་མཐུན་བསམ་དགུ་ཡིད་བཞིན་འབད་མེད་དང་། །མྱུར་དུ་འགྲུབ་པའི་འཕྲིན་ལས་གྲོགས་མཛོད་ཅིག །ཨོཾ་ཙཎྜ་པྲ་མ་ནི་དྷཱ་ར་དྷཱ་ར་ས་མ་ཡཱ་ཛཿཛཿ སརྦ་པུཙྪ་ཨཱཿཧཱུྃ། རྡོ་རྗེ་འབར་བ་ཨ་ཛཿལི་ས་མ་ཡཱ་ཛཿཛཿམ་མཱཿརུ་རུ་བྷྱོ་བྷྱོཿ ཁ་ཁཱཿ ཁི་ཁིཿ ཁུ་ཁུཿ དྲིལ་དྲིལཿ ཙཎྜ་པྲ་མ་ནི་དྷཱ་ར་དྷཱ་ར་ས་མ་ཡཱ་ཛཿཛཿ ཨི་དམ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱེ། དགེ་བསྙེན་རྡོ་རྗེ་ཀུན་སྐྱོབས་དཔའ་བོ་ཆེ། །གཞན་གྱིས་མི་ཐུབ་སྟོབས་ཅན་འདུལ་བ་ཁྱེད། །རབ་དཀར་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཛེས། །གནག་སྣུམ་ལྕང་ལོ་སིལ་བཀྲམ་ཟར་བུ་འཕྱང་། །དབུ་ལ་ཞྭ་དམར་ཕོད་འཕྲུ་དར་བན་བརྒྱན། །ཞྭ་འདབ་ཕུད་ཅན་འབྲུག་སྒྲས་དགའ་གཟུགས་བསྣོལ། །དར་ཟབ་ན་བཟའ་འཁོར་གསུམ་དཔའ་ཆས་རྫོགས། །རིན་ཆེན་རྒྱན་སྤུད་རཏྣའི་མགུལ་གབ་བཀྲག །ཆིབས་རྟ་རག་པ་སྔོ་ནག་རླུང་ཤུགས་ཅན། །གསེར་སྒ་དར་སྟན་ཕྲ་མེན་ཡོབ་བྱས་ཞོན། །ཕྱག་གཡས་སྦ་ལྕགས་ཕྱག་གཡོན་མདུང་དར་དཀར། །ཕྲག་བཀལ་གཡུ་མཐུར་གསེར་སྲབ་སྐྱོགས་ཁ་བསྒྱུར། །སྤྲུལ་པ་གཡས་སྟག་གཡོན་གཟིག་མདུན་སྤྱང་རྒྱུག །ཀླད་དུ་བྱ་ཁྲ་རོལ་རྟ་སྟག་ལག་འབྲང་། །རྒྱབ་ན་དུང་ཕོ་དུང་མོ་རྒྱན་སྤྲས་མདུར། །མཐུ་ཡོན་དཔའ་རྩལ་སྟོབས་ནུས་ལྡན་ལ་བསྟོད། །ཀྱཻ། དགེ་བསྙེན་དྲག་པོའི་ཚུལ་ནི་ཁྲག་རུལ་མདོག །མདུང་དམར་གཡས་འཕྱར་དགྲ་སྙིང་གཡོན་པས་རོལ། །གོ་མཚོན་དཔའ་ཆས་བཙན་རྟ་དམར་ཞུར་ཞོན། །བསྟོད་དོ་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཁྱོད་ཀྱི་གསང་ཡུམ་ཀླུ་བདུད་འདུས་པའི་སྨན། །གུར་དཀར་བཅུ་དྲུག་ན་ཚོད་གསེར་གཡུས་བརྒྱན། །མདའ་དར་མེ་ལོང་ཐོགས་ནས་སྨན་ཤ་ཆིབས། །སྒྲུབ་མཆོག་མིང་གཅིག་ལྟར་དུ་སྐྱོངས་ལ་བསྟོད། །ཁྱོད་ཀྱི་དཔུང་གྲོགས་རྒྱབ་རྟེན་ཨ་ཇོ་ཆེ། །དགྲ་ལྷ་རྡོར་ལེགས་ཟངས་རྨོག་ཁྲབ་གསོལ་དམར། །རྡོ་རྗེ་མདུང་དམར་བསྣམས་ནས་བྲ་ནག་ཞོན། །གུས་པས་བསྟོད་དོ་ཕྲིན་ལས་མ་གཡེལ་མཛོད། །ཀྱཻ། ཁྱོད་བྲན་ལས་བྱེད་རུ་འདྲེན་ཀླུ་བདུད་བཙུན། །མཐིང་ནག་བདུད་ཀྱི་ཞགས་པ་ནག་པོ་འདེབས། །གཡས་རུ་གཉན་བཙན་གཉན་སྟག་བཙན་ཞགས་དམར། །གཡོན་ན་ཡུལ་བཙན་ཆར་རྗེ་ཤྭ་རྡེལ་དཀར། །ལྷ་བཙན་ནི་ར་སེར་པོ་སྦ་ལྕགས་བསྣམས། །ཀླུ་བཙན་རྡོ་རྗེ་འབར་སྔོ་སྦྲུལ་ཞགས་འཛིན། །བློན་པོ་བ་ཡན་ཆར་རྗེ་གཞུ་སྦྲང་དམར། །ཀུན་ཀྱང་རང་མདོག་གོས་རྒྱན་ཆིབས་རྟར་ཞོན། །དཔའ་ཆས་གོ་མཚོན་སྣ་དགུ་ལུས་ལ་བརྗིད། །ཕྱག་གཡོན་མདུང་དར་ཕྲག་བཀལ་སྲབ་སྐྱོགས་བསྒྱུར། །གཞན་ཡང་ཕྱི་བློན་བདུན་བརྒྱ་ཉི་ཤུ་དང་། །ནང་བློན་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི། །ལྷ་ཀླུ་གཉན་བདུད་བཙན་སྨན་ཡུལ་ལྷའི་ཚོགས། །སྤྲུལ་པ་ཡང་སྤྲུལ་སྡེ་འཁོར་གྲངས་མེད་བཅས། །ལས་བྱེད་དྲེགས་པའི་ཚོགས་ལ་བདག་གིས་བསྟོད། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཧོཿ དེ་ལྟར་བྲག་བཙན་ཡབ་ཡུམ་སྲས་འཁོར་ལ། །མཆོད་ཅིང་བསྟོད་ནས་ཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་ཆོས་མཛད་བྱང་ཆུབ་སྒྲུབ་པ་པོ། །བདག་ཅན་རྣམས་ཀྱི་མི་མཐུན་འགལ་བའི་རྐྱེན། །བློ་བུར་ཡེ་འབྲོག་ནད་གདོན་བྱུར་ལྟས་ངན། །དགྲ་གདོན་བགེགས་ཀྱི་བར་ཆོད་ཞི་བར་མཛོད། །ཚེ་བསོད་གཟི་ནུས་སྟོབས་སྙན་གྲགས་དཔལ་འབྱོར། །སྤེལ་ཞིང་ཉམས་མེད་གོང་འཕེལ་རྒྱས་པར་མཛོད། །ལྷ་འདྲེ་མི་ཆེན་རྒྱལ་བློན་བཙུན་མོ་འབངས། །མངའ་ཐང་ཟས་ནོར་བདག་གིས་དབང་དུ་བསྡུས། །བདག་ལ་ལོག་ལྟ་དགྲ་ཇག་ཆོམ་རྐུན་ཞི། །བྲུང་རྐུན་མནའ་ཟན་བྲན་སློབ་ངོ་དམ་ལོག །བཀའ་འགལ་ཐུགས་དཀྲུག་ཚོད་ཡོད་མགོ་བསྐོར་བརྙས། །ཆོས་ཀྱི་ཁྲིམས་འགལ་དམ་ཚིག་ངོས་ལྐོག་མཁན། །མྱུར་སྒྲོལ་སྙིང་ཁྲག་རླངས་མ་ཡལ་བར། །ཚེ་བསྟུང་སྲོག་ཆོད་དྲོད་དབུགས་བསོད་ནམས་བསྡུས། །ལོ་ཟླར་མ་འགྱངས་ཞག་དང་ཟ་མའི་ནང་། །བྲག་བཙན་འཁོར་བཅས་ནུས་པ་ཅི་འདུག་ལྟ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་དུས་ལ་བབས་སོ་ས་མ་ཡཱ། །ཙཎྜ་པྲ་མ་ནི་དྷཱ་ར་དྷཱ་རཿ དགྲ་བོ་མ་ར་རྦད་རྦདཿ ཞེས་མཆོད་བསྟོད་ཕྲིན་ལས་ཀྱི་གཞུང་ལེགས་པར་བསྲང་ཞིང་། གཞན་ཡང་འདི་ཡི་གསོལ་ཁ་རྦད་བསྐུ་སོགས་ཤེས་ན་གང་དགོས་འབྱོར་ཞིང་། རྒྱུན་གྱི་ཆོས་སྐྱོང་ཡིན་ན་བསྙེན་བསྒྲུབ་ལས་སྦྱོར་མན་ངག་གསང་བའི་ཡིག་ཆུང་ལྟར་བྱ་ཞིང་། རྗེས་ཀྱང་གཤེགས་སུ་མི་གསོལ་བར་རྟེན་ལ་བསྟིམ་ནས་གཉེར་གཏད་བྱ་རང་བཞིན་མགྲོན་ཐབས་ལྟར་ནི་གཤེགས་སུ་གསོལ་ནས་བཀྲ་ཤིས་བསྔོ་བ་སྨོན་ལམ་སྤྱི་དང་མཐུན་པར་བསངས་གཏོར་མཆོད་རྫས་གཙང་སར་འབུལ་ལོ། །དེ་ལྟར་བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག །སྒྱུ་རོལ་ཕག་གྲུ་ཐང་པ་ཡབ་སྲས་ཀྱི། །དམ་ལ་གཉེར་བཞག་བསྟན་བསྲུང་སྤྲག་བཙན་ཞེས། །སྙིང་ཉེ་བཀྲ་ཤིས་ནུས་མཐུ་ནུས་ལྡན་གྱུར་དེ་ཡི། །དགྱེས་བསྐོང་མཆོད་པའི་ཕྲིན་ལས་བྱང་བུ་རུ། །མི་ཤེས་མཁས་འདོད་ཐོ་ཅོ་རྟོག་གེ་ཡི། །མ་སྦག་བཀའ་བརྒྱུད་གོང་མའི་གསུང་ཅི་ལྟར། །མ་འཁྲུལ་ཟབ་འདུས་ཚེ་དབང་ནོར་བུས་སྦྱར། །གསར་རྙིང་ཆོས་ཚུལ་བདུད་རྩིའི་རྒྱ་མཚོ་བཞིན། །ཀུན་ཀྱང་རོ་གཅིག་ཤེས་ལྡན་ལྕེས་མྱོང་ལ། །ཕྱོགས་དེར་ཞེན་ནས་ཉི་ཤར་དབྱུགས་བརྡུངས་དཔེས། །ཆོས་སྤངས་རང་ངལ་འགྲོའི་རྒྱུ་མ་བསགས། །རྟ་རྒན་རྩ་ལྟར་འཆོལ་པའང་བཅོས་མིན་ཏེ། །བུང་བའི་བཅུད་ལྡན་ཆོས་ཀུན་དོན་བླངས་འཚལ། །འདི་ཡང་གྲགས་འདོད་མཚར་གཡེམ་ཆེད་བགྱིད་མིན། །རྟེན་འབྲེལ་ཕྲན་དང་བསྐུལ་བ་དོན་ཡོད་ཕྱིར། །འདི་བྲིས་དགེ་བས་རྒྱལ་བསྟན་རབ་གཉན་ཞིང་། །ཁྱད་པར་དཔལ་ལྡན་སྟག་ལུང་ཐང་པ་ཡི། །བསྟན་པ་འགྲིབ་མེད་འཕེལ་རྒྱས་ཡུན་གནས་བརྟན། །བསྟན་བསྲུང་མཐུ་རྒྱལ་གདུལ་བྱ་གཏན་བདེ་ཤོག །

ཞེས་ཁྲོ་བོ་ཤིང་འབྲུག་ཧོར་ཟླ་ལྔ་པའི་ཚེས་ཉེར་གཅིག་གི་ནུབ་མོར་རྨི་ལམ་སྣང་བར་སྤྲག་བཙན་ཆེན་པོ་བདག་གི་མདུན་དུ་ལྷག་ནས་བཞོན་པ་ལས་བབ་བཞིན་ང་ཡི་རྐང་པར་ཕྱག་བྱས་ཏེ་དགའ་གུས་ཚུལ་བསྟན་པས་གསོལ་མཆོད་ཞིག་བྲི་བར་སྙམ་ཚེ། དཔལ་རི་བོ་ཆེན་པོའི་མཁན་ཆེན་ངག་དབང་གྲགས་པ་བསྟན་འཕེལ་གྱི་བཀའ་ཡིས་བསྐུལ་བར་མཛད་པས་མཆོག་ཏུ་སྤྲོས་ནང་སྤྲང་བན་ཚེ་དབང་ནོར་བུས་མདོ་ཁམས་ལྷུན་པོའི་ཆོས་གྲྭར་སྦྱར་བ་སརྦ་མངྒ་ལཾ།

ཨོཾ་བཛྲ་ཀི་རི་མ་མ་ས་མ་ཡ་ཛཿཛཿ རྦད་སྔགས། ཧཱུྃ་མ་ནི་ཤཱུ་དྷཱ་ར་དྷཱ་ར་ཛཿ འགུགས་སྔགས། ཁ་དུར་རཀྴ་རྦདཿ ཚེའི་སྲོག་ལ་རྦད་རྦདཿཤ་ལ་རྦད་རྦདཿ ཁྲག་ལ་རྦད་རྦདཿ རུས་པ་ལ་རྦད་རྦདཿ དབུགས་ལ་རྦད་རྦདཿ རྩ་ལ་རྦད། རྦད་སྔགས་སོ། །

ལྷོ་བཙན་ནག་པོའི་བསངས་མཆོད།

ཧཱུྃ་བྷྱོཿ སྦས་པའི་ཡུལ་ལྗོངས་ལྷོ་བོད་ས་ཡི་མཚམས། །པདྨ་དཀར་པོའི་ཆུ་ཀླུང་འདུས་པའི་མདོ། །རྡོ་རྗེ་བྲག་བཙན་སྐུ་མཁར་མཐོ་བརྗིད་ནང་། །ཤན་པ་སྲོག་ཟན་དམར་པོ་ཆེན་པོ་ནི། །མི་སྡུག་སྲིན་གཟུགས་བྱུ་རུ་ལྷུན་པོའི་མདངས། །ཁ་ནས་མེ་འབར་སྣ་ནས་དུད་པ་འཐུལ། །མིག་ནས་ཁྲག་འཛག་རལ་པ་སྨུག་ནག་གཡོ། །སྦྲུལ་མགོ་བདུན་གྱི་གདེངས་ཁ་དུག་རླངས་འཁྱུག །བསེ་ཁྲབ་བེར་དམར་མི་གཡང་གསེར་སྐེད་བཅིངས། །བཙན་གྱི་ཤོ་རྡེལ་ཐོག་སེར་བུ་ཡུག་འཚུབ། །བྱ་རུ་རུ་མཚོན་དར་དམར་སྤྲིན་ལྟར་གཏིབས། །ཕྱག་གཡས་རལ་གྲི་མེ་འབར་གློག་གྱུ་འཕྱར། །གཡོན་ན་ལྕགས་ཀྱི་མདའ་གཞུ་དྲག་པོ་བཟུང་། །གྲུབ་ལ་བཙན་ཞགས་ཨ་ལོང་ལྕགས་ཀྱུས་བརྒྱན། །རྟ་དམར་རླུང་གཤོག་ལ་ཞོན་སྟོང་ཁམས་ཉུལ། །འཁོར་དུ་ཀླུ་བདུད་བཙན་རྒོད་འབུམ་འབུམ་བསྐོར། །ཁྱོད་ནི་དབང་ཆེན་རྟ་མགྲིན་སྤྲུལ་པ་ཡིན། །རིག་འཛིན་པདྨ་ཐོད་འཕྲེང་བཀའ་འབངས་ལགས། །སྔགས་འཆང་རྣལ་འབྱོར་བདག་གི་སྐུ་ལྷ་སྟེ། །དེ་རིང་སྤྱན་འདྲེན་གནས་འདིར་མྱུར་དུ་བྱོན། །ཁྱོད་དགྱེས་མཆོད་སྤྲིན་བསངས་གསུར་རྔ་རོལ་སྒྲ། །ཤ་ཁྲག་དམར་གཏོར་ཕྱི་ནང་གསང་མཆོད་ཚོགས། །འབུལ་གྱིས་དགྱེས་བཞེས་བདག་དང་མི་འབྲལ་འགྲོགས། །དཀར་པོ་དགེ་བའི་བསམ་དོན་མྱུར་དུ་འགྲུབ། །བར་ཆད་དགྲ་བགེགས་རྡུལ་བརླགས་ཕྲིན་ལས་མཛོད། །

ཞེས་པ་འདི་ནི་རང་ཉིད་སྤུ་བོང་སེ་གོང་དུ་ཕྱིན་སྐབས་ལྷོ་བཙན་ནག་པོ་དེས་གུས་པའི་ཞབས་ཏོག་ཕུལ་ཞིང་། རྨི་ལམ་གྱི་སྣང་བར་རང་གཟུགས་བསྟན་ལྟར་ཚེ་དབང་ནོར་བུས་ཤིང་སྦྲུལ་ཟླ་བ་དང་པོའི་ཚེས་དྲུག་ལ་བྲིས་པ་དགེའོ། །

བྲག་སྐད་ཤིང་ལོའི་ཚལ་གྱི་སྒོ་བསྲུང་མགོན་ཐང་བདུད་ཀྱི་གསོལ་མཆོད།

ཧཱུྃ་བྷྱོཿ མི་མཇེད་འཛམ་གླིང་ཐིག་ལེ་རྡོ་རྗེ་གདན། །བྱང་ཕྱོགས་རི་བོ་ནག་པོ་བཅུ་གསུམ་མཚམས། །ལྷ་ལྡན་ཤར་ལྷོ་སྦས་ཡུལ་པདྨ་དཀར། །ཉེ་བའི་གནས་ཆེན་མ་ཡི་ཀུ་ལུང་ཞེས། །ཡ་མཚན་རཱ་མ་ཤྭ་རའི་གནས་ཀྱི་ཆ། །ལྷོ་ནུབ་སྦས་ལུང་བྲག་སྐས་ལྗོན་པའི་ཚལ། །གཉེར་འཛིན་ཞིང་སྐྱོངས་དཔའ་བོ་དྲེགས་པ་ཆེ། །མགྲོན་ཐང་བདུད་པོ་ཆེན་པོ་ཞེས་བྱ་བ། །དྲག་ཤུལ་ཅན་ཁྱོད་གནས་ལ་མ་ངེས་ཀྱང་། །ཁྱད་པར་རླུང་ཆུ་དྲག་འབེབས་ཚང་ཚིང་ནགས། །གདུག་པའི་གཅན་གཟན་མ་རུངས་འདྲེ་སྲིན་ཚལ། །སྤྲ་སྤྲེ་རི་དྭགས་རྩེ་བྲོ་ཁྱབ་པའི་གནས། །གཟུགས་ཅན་མི་རྣམས་རྒྱུ་བར་དཀའ་བ་དེར། །ཁྱོད་ཀྱི་སྐུ་མཁར་རི་བོ་ཙིཏྟའི་དབྱིབས། །རྩེ་ནས་མར་བལྟས་མཚོ་དཀྱིལ་ནོར་བུ་འདྲ། །རྩ་ནས་ཡར་བལྟས་རྒྱལ་མཚན་སྒོང་འཕྱར་འདྲ། །ལན་ནས་བལྟས་ཚེ་དཔལ་གཏོར་བཤམས་ལེགས་འདྲ། །འདྲ་གསུམ་དོན་གཅིག་རི་བོ་དེ་འདྲའི་ནང་། །བདུད་མཁར་ཟླུམ་པོ་ལྕགས་བྱས་ཁ་བད་གཡུ། །མཆོང་གིས་སྒོ་བྱས་གསེར་གྱི་གཟེར་གྱིས་གདམས། །ནང་ན་རོལ་པ་བདུད་ཀྱི་སྐྱེས་གཅིག་པོ། །ཕྱི་ལྟར་དགེ་བསྙེན་བཙུན་པའི་ཆ་ལུགས་ཅན། །མདོག་སྨུག་བསྭེ་ཐེབས་མཁར་སིལ་ལྷུང་བཟེད་འཆང་། །ནང་ལྟར་ལྕགས་ཀྱི་མི་ཕོ་རལ་པ་ཅན། །དར་ནག་བོད་ཟུ་རལ་གྲི་ཞགས་པ་བསྣམས། །རྟ་ནག་ལ་ཞོན་འཇིག་རྟེན་ཁྱབ་པར་ཉུལ། །གསང་བ་ཀླུ་བདུད་གཅེར་བུ་ཟངས་ཀྱི་མདོག །སྡིག་པའི་མགོ་ཅན་ཕྱག་གཡས་སྤུ་གྲི་དང་། །གཡོན་པས་ཙིཏྟའི་སྐུ་སྨད་སྦྲུལ་དུ་འཁྱིལ། །གདུག་པ་འབྲུག་དང་དུག་སྦྲུལ་ནག་པོ་ཆིབས། །ལུས་ལ་མིག་བརྒྱ་དུག་གི་རླངས་པ་འཐུལ། །འཁོར་དུ་སྲོག་བདག་ཀླུ་བདུད་སྟོང་གིས་བསྐོར། །ཉིན་མོ་རྩེ་ཤར་དམར་ཐག་ཟེར་ལ་རྒྱུ། །མཚན་མོ་ཟླ་བའི་འོད་དང་ཟེར་ལ་རྒྱུ། །མུན་འཚུབ་སྲོད་གུང་ནག་པོའི་མདངས་ལ་རྒྱུ། །སྤྲིན་ནག་དཀྱིལ་དང་རླུང་ནག་འཚུབ་མའི་སྣ། །གློག་འོད་ཐོག་སེར་དྲག་པོའི་གདོང་ལ་རྒྱུ། །ཁྱོད་ནི་མི་བསྲུན་དྲག་ཤུལ་ཆེན་པོ་སྟེ། །སྔོན་ཚེ་སངས་རྒྱས་པདྨ་ཐོད་འཕྲེང་རྩལ། །བར་དུ་འཁྲུལ་ཞིག་ཚུལ་ཁྲིམས་འབུམ་པ་དང་། །གཏེར་སྟོན་ནུས་ལྡན་བདུད་འདུལ་རྡོ་རྗེ་ཡི། །སྤྱན་སྔར་ཁས་བླངས་སྲོག་གི་སྙིང་པོ་ཕུལ། །ད་དུས་སྒྲོལ་མ་བསང་ཆབ་ཁྲུས་ཆུ་རི། །མགུལ་དུ་སྔགས་འཆང་ཚེ་དབང་ནོར་བུ་ཡི། །མདུན་དུ་རང་གཟུགས་ཅི་བཞིན་བསྟན་ནས་ཀྱང་། །སྲོག་སྙིང་མདངས་གསོལ་མངོན་སུམ་ཕུལ་ནས་ནི། །ཁས་བླངས་དམ་བཅའ་གཉན་པོ་ཇི་བཞིན་དུ། །སྤྱན་འདྲེན་གནས་འདིར་སྐད་ཅིག་མྱུར་དུ་བྱོན། །དགྱེས་བཞུགས་འདོད་ཡོན་མཆོད་སྤྲིན་ནམ་མཁའ་མཛོད། །བྱིན་གྱིས་བརླབས་པ་འཛད་མེད་ཕྱི་ནང་གསང་། །དཀར་མངར་ཤ་ཁྲག་བསང་གསུར་སྨན་རཀ་གཏོར། །གཡག་བྱ་ར་ལུག་གཟུགས་འགྲོས་ལ་སོགས་པ། །འབུལ་བཞེས་བདག་གི་བསམ་དོན་ཡིད་བཞིན་དུ། །འགྲུབ་ཅིང་སྦས་ཡུལ་འདི་རུ་གསན་པ་ཡི། །སྐྱེ་འགྲོར་བདེ་སྐྱིད་ཆར་ཆུ་དུས་སུ་འབེབས། །ལོ་ལེགས་ནོང་འཕེལ་འཁྲུག་རྩོད་མི་བདེ་མེད། །ཁྱད་པར་གསང་སྔགས་བསྟན་པ་ནུབ་མེད་རྒྱས། །སེམས་ཅན་ཀུན་ཀྱང་བདེ་དགའ་ལ་སྤྱོད་ཅིང་། །ཕྱི་རོལ་མཐའ་དམག་སོགས་དང་བདུད་ཀྱིས་བྱིན། །བརླབས་པའི་གང་ཟག་གནས་འདིར་མི་བཏང་ཞིང་། །སངས་རྒྱས་བསྟན་པ་དར་གནས་ཕྲིན་ལས་མཛོད། །

ཞེས་བྲག་སྐད་ཤིང་ལོའི་ཚལ་གྱི་སྒོ་བསྲུང་མགོན་ཐང་བདུད་ཀྱི་གསོལ་མཆོད་འདི་ནི་བསྐུལ་བའི་ངོར་ལ་ཕྱོགས་ཀུན་དུ་རྒྱུ་ཞིང་མིང་ཡོངས་སུ་གྲགས་པ་ཚེ་དབང་ནོར་བུ་གྲགས་པ་རྡོ་རྗེས་སྣ་ཚོགས་དབྱིག་ཞེས་ཤིང་སྦྲུལ་ཟླ་བ་དང་པོ་རྒྱལ་ཉའི་ཚེས་བཅུ་གཉིས་ལ་སྦྱར། མ་ནུས་ཀོག་པོ་ཁ་རྒྱབ་ཕྱིར་ཐབས། མ་མཐོང་མཐོང་བརྫུ་མི་ཤེས་མཁས་འདོད་ནི་མ་ལགས་ཤིང་། ཨོ་རྒྱན་ཐུགས་རྗེར་བརྟེན་ནས་མཐོང་ཚུལ་བཞིན་དུ་བགྱིས་པ་ལགས། དགེའོ། །

ར་ཛ་གིང་ཀ་རའི་གསོལ་མཆོད།

ཧཱུྃ་བྷྱོཿ སྤང་ལྗོངས་ལྗོན་ཤིང་རབ་མཛེས་བྲག་རིས་དཀྲིགས། །རིན་ཆེན་ཁང་བཟང་གནྡྷོ་ལྷ་ཁང་མཛེས་པའི་དབུས། །ཤེལ་གིང་ཆེན་པོ་ར་ཛ་གིང་ཀ་ར། །དཀར་དམར་གཞོན་ནུ་གསེར་གྱི་ཧ་རི་ཡི། །ཆོས་གོས་གསོལ་ཞིང་དབུ་ལ་བསེ་ཞྭ་བགོས། །ཕྱག་ན་སྦ་ལྕགས་དར་བརྒྱན་ཤེལ་འཕྲེང་འདྲེན། །སྔོན་ན་ཕོ་ཉ་མང་པོ་འདུར་ཞིང་རྒྱུག །གཡས་གཡོན་སྤྲུལ་པའི་ལས་མཁན་མང་པོ་འགྱེད། །རྒྱབ་ན་འཁོར་གྱི་དམག་དཔུང་ཉི་ལི་ལི། །རྟ་དང་དྲེལ་གྱི་རྒྱུག་འདུར་བྲང་སེ་བྲང་། །རྒྱ་དར་ཇ་ཡི་ཁལ་འགལ་ཉི་ལི་ལི། །ཀུན་ཀྱང་སྔོན་གྱི་དམ་ཚིག་གཉན་དགོངས་ལ། །འདིར་གཤེགས་རིན་ཆེན་མཛེས་པའི་སྟན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་དཀར་དམར་གསུར། །སྨྱུག་རྒོད་མདའ་དར་མེ་ལོང་ཤུག་རྒྱལ་སོགས། །འབུལ་བཞེས་ཁྱོད་སྔོན་པདྨ་ཐོད་ཕྲེང་དང་། །རིག་གྲུབ་གཏེར་སྟོན་རྣམས་ཀྱི་སྤྱན་སྔ་རུ། །ཁས་བླངས་དམ་དང་མ་འགལ་བདག་གྲོགས་མཛོད། །དེ་དུས་རི་བོ་བྱ་ཁྱུང་ལྡེམ་མགུལ་དུ། །སྔགས་འཆང་ཚེ་དབང་དཔལ་གྱི་ནོར་བུ་ཉིད། །འོད་གསལ་ངང་དུ་མཉམ་པར་བཞག་པའི་དྲུང་། །དྲོད་ཉུལ་སློང་ཚད་ཆོ་འཕྲུལ་ཆེར་བསྟན་ཚེ། །པདྨ་ཁྲག་འཐུང་ཁྲོས་པའི་ཏིང་འཛིན་གྱིས། །གཟེར་ནས་དམ་བཞག་སྲོག་གི་སྙིང་པོ་ཕུལ། །ཆོས་རྒྱུད་འཛིན་བསྟན་བསྲུང་བར་ཁས་བླངས་ཏེ། །དམ་ལ་མ་འདའ་རིག་འཛིན་བདག་ཅག་གི །འཁོར་བསྲུང་རྐྱེན་བཟློག་བར་ཆད་མཐའ་དག་སོལ། །ཆོས་སྐྱོང་སྣ་འདྲེན་མཛོད་ལ་སྡང་དགྲ་ཐུལ། །བཅོལ་བའི་འཕྲིན་ལས་ཐོགས་མེད་གྲུབ་པར་མཛོད། །ཏྲི་ར་ཛཿཨི་དཾ་བྷ་ལིནྟ་ཁཱ་ཧི།

ཞེས་པ་དཔལ་བེའུ་ལུང་དུ་གྲ་འཁོར་རྣམས་ནད་ཀྱིས་གཟིར་ཞིང་རང་ཡང་སེམས་རྒྱུད་འཁྲུག་ཚེ་གཟར་གཅུན་གྱི་གདོན་གང་ཡིན་ངོས་བཟུང་བས་ཚེས་ལྔའི་ཐོ་རངས་ལ་གིང་པ་རྣམས་རང་གཟུགས་བསྟན་ཏེ་སྲོག་གི་སྙིང་པོ་ཕུལ་ནས་ན་ར་ཀན་གྱི་བྲོ་བོར་ནས་ཅུང་ཟད་མཆོད་སྦྱིན་བྱས་པས་དགེ་བར་མཐོང་ནས་ཚེ་དབང་ནོར་བུས་སྦྱར་བ་ལགས། དགེའོ། །

བྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ།

༄༅། །བྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ་ཞེས་བྱ་བ་བཞུགས་སོ། །

༈ བཛྲ་མ་ཧཱ་གུ་རུ་རུ་ཏྲོ་པ་ཀྲ་མ་ན་མོ། པདྨ་ཐོད་འཕྲེང་རྩལ་གྱི་བཀའ་ཡི་དབང་། །མཐུ་ཆེན་དྲེགས་པ་བསམ་གྱིས་མི་ཁྱབ་པས། །རྨད་བྱུང་ཚང་གི་སྲོག་བདག་སྡེར་ཅན་གྱི། །མཆོད་གསོལ་ཕྲིན་ལས་ཁྱེར་བདེར་འདིར་སྤེལ་ལ། །ལྷ་དང་བླ་མ་མཁའ་འགྲོས་རྗེས་གནང་ཞིང་། །དམ་ཅན་བསྲུང་མའི་ཐུགས་དམ་དགྱེས་གྱུར་ཅིག །དེ་ལ་ཐོག་མར་གནས་གཙང་ཞིང་ཡིད་དུ་འོང་བར་བླ་མ་ཡི་དམ་ཆོས་སྐྱོང་ཆེན་པོའི་མཆོད་གཏོར་སྤྱན་གཟིགས་ཕྱག་ལེན་ལྟར་བཤམས་ལ། ཐོག་མར་དྲེགས་པ་ཟིལ་གནོན་ཕྱིར་རང་ཉིད་དྲག་པོའི་སྤྱི་བོར་གུ་རུ་ཞི་བ་བསྒོམས་ལ་ལས་བྱང་འཛབ་བཅས་གྲུབ་པར་བྱས་ནས་ཏིང་ངེ་འཛིན་དེ་ངང་གནས་བཞིན་མདུན་བསྐྱེད་ཀྱི་དང་པོ་བྱིན་དབབ་པ་ནི། ཧཱུྃ། དུས་གསུམ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །ཐུགས་རྗེའི་བྱིན་རླབས་རྨད་བྱུང་ཨོ་རྒྱན་རྗེ། །ནམ་མཁའ་རང་བཞིན་པདྨ་ཐོད་འཕྲེང་རྩལ། །འདིར་གཤེགས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃཿ དེ་ནས་མཆོད་རྫས་རྣམས། སྭཱ་བྷཱ་ཝ་ཞེས་བརྗོད་པས་དངོས་པོར་འཛིན་པ་སྦྱངས་ཤིང་། རང་གི་ཐུགས་ཀའི་ས་བོན་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པ་ཐམས་ཅད་བསྲེགས་གཏོར་བཀྲུས། བྷྲུཾ་ལས་གཏོར་སྣོད་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་གཏོར་མ་འདོད་དགུ་ཕུན་ཚོགས་འཛད་མེད་ནམ་མཁའི་མཛོད་ཆེན་པོ་བསྲུང་མའི་ཐུགས་དམ་བསྐང་ཚིམ་ནུས་པ་ལྡན་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབས་སོ། །དེ་ནས་ཆོས་སྐྱོངས་འཁོར་བཅས་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་དང་རང་མདུན་དབུས་དང་ཕྱོགས་བཞི་རུ། །བྷྲུཾ་ལས་རིན་ཆེན་མཆོང་དུང་གསེར་བྱུར་གཡུ། །གཞལ་ཡས་ལྷུན་མཛེས་བརྗིད་ལྡན་ཡངས་རྒྱ་ཆེ། །འཇིགས་རུང་དུར་ཁྲོད་བཀོད་པས་ཡོངས་བརྒྱན་པའི། །ཕོ་བྲང་ཕྱོགས་དབུས་པད་ཉི་དགྲ་བགེགས་སྟེང་། །ཛཿཡིག་ལྔ་ལས་འོད་འཕྲོས་ཞིང་བཅུ་བསྒྲལ། །ཚུར་འདུས་དབུས་སུ་ཐུགས་ཀྱི་བརྒྱ་བྱིན་ཆེ། །མཐིང་ནག་མི་སྡུག་གར་དགུའི་ཉམས་བསྒྱུར་ཞིང་། །དར་ནག་འཇོལ་བེར་དོམ་སློག་སྐུ་ལ་གསོལ། །དབུ་ལ་དོམ་ལྤགས་པྲོག་ཞུ་རིན་ཆེན་བརྒྱན། །ཞགས་པ་སྤུ་གྲི་ཐོགས་ནས་གླང་ཆེན་ལ། །ཞོན་ཅིང་མོན་བུ་པུ་ཏྲས་ཆིབས་སྣ་ཁྲིད། །མེ་གློག་རོལ་ཁྲིད་ཐོག་སེར་ཕོ་ཉར་བཏང་། །བསྐལ་རླུང་དུད་སྤྲིན་ནག་པོ་འཁྲིག་དབུས་བཞུགས། །མདུན་དུ་གནོད་སྦྱིན་སྲོག་བདག་ཡང་ལེ་བེར། །དམར་ཁྲོས་མདུང་དམར་བཙན་ཞགས་དགྲ་ལ་འཕེན། །བསེ་ཁྲབ་རྨོག་གོན་རྟ་དམར་རླུང་ཤུགས་ཆིབས། །དམ་ཉམས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན། །གཙོ་གཡོན་ཡུམ་ཆེན་ཤནྟི་རོ་ཟན་དམར། །ཁྲག་ཞག་གིས་བྱུག་དར་གྱི་ཨང་རགས་གསོལ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་བྷནྡྷ་རུ། །ཙིཏྟ་འཛིན་ནས་གཡོ་བྱེད་འཚུབ་དབུགས་བཞུགས། །སྤྲུལ་པ་དགེ་བསྙེན་གཞོན་ནུ་དར་བེར་དམར། །ཤེལ་འཕྲེང་མགུལ་བརྒྱན་སྡིག་མཛུབ་ཟངས་གྲི་གདེངས། །བློན་པོ་སྲོག་བདག་བྱ་ར་བེར་སྨུག་གསོལ། །དར་ནག་རུ་མཚོན་འཕྱར་ནས་སེང་དཀར་ཞོན། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་པུ་ཏྲ་ནག །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་པུ་ཏྲ་ནག །མེན་ཏྲིའི་གོས་ནག་རྡོ་རྗེའི་ཐེབས་ཞྭ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པ་གསེག་ཤིང་ཐོགས། །སེངྒེ་ལ་ཆིབས་དོམ་ནག་རོལ་དུ་ཁྲིད། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་ཤིང་བྱ་མཐིང་། །སྟག་སྦྲུལ་གོས་དང་ཁྱུང་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་དགྲ་སྟྭ་གཡོན་ན་བདུད་ཞགས་ཐོགས། །རྟ་ནག་རྟིང་དཀར་ལ་ཆིབས་གཡུ་འབྲུག་ཁྲིད། །ནུབ་ཏུ་གསུང་རྒྱལ་དགྲ་ལྷ་སྐྱེས་གཅིག་དམར། །དར་ནག་བེར་དང་ཁྲ་ཏོག་སྨྱུག་ཞྭ་གསོལ། །གཡས་གཡོན་སྦ་མཁར་ཙནྡན་བེང་ཆེན་ཐོགས། །དྲེལ་ནག་རྐང་དཀར་ལ་ཆིབས་སྤྱང་མོ་ཁྲིད། །བྱང་དུ་འཕྲིན་ལས་རྒྱལ་པོ་པེ་ཧར་དཀར། །དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །དར་དཀར་རལ་ཀའི་སྟོད་གཡོག་སྟག་ཤམ་དང་། །རྡོ་རྗེ་ཐོད་པའི་ཏོག་ཅན་ཚག་ཞྭ་གསོལ། །གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི་བསྣམས། །གཡོན་གསུམ་སྤུ་གྲི་གཞུ་དང་བེར་ཀ་ཐོགས། །ཞབས་གཉིས་རོལ་སྟབས་སེང་གེ་དཀར་མོར་ཆིབས། །སྤྱན་དགུ་བསྒྲད་ཅིང་མེ་རླུང་རོལ་དུ་ཁྲིད། །གཙོ་གཡས་ཕྱི་བློན་ཧ་ཤང་ལངྒ་ནི། །དོམ་གྱི་སློག་པ་རྒོད་ཏོག་ཐེབས་ཞྭ་གྱོན། །ཕྱག་གཡས་ཐོ་བ་གཡོན་ན་ཞགས་ནག་འཛིན། །ར་སྐྱེས་ལ་ཞོན་གང་བགོས་ཐོགས་མེད་སྒྲུབ། །གཙོ་གཡོན་ནང་བློན་པུ་ཀར་རྡོ་རྗེ་དབང་། །དམར་ནག་བེར་མཐིང་འུག་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་མི་སྙིང་གཡོན་ན་ཐོད་པ་བསྣམས། །དྲེའུ་ལ་ཞོན་སྟོང་ཁམས་ཡུད་ཀྱིས་ཉུལ། །མདུན་དུ་སྣ་ཁྲིད་མོན་བུ་པུ་ཏྲ་ནག །དར་དམར་བེར་དང་གླག་ཏོག་སྨྱུག་ཞྭ་གསོལ། །ཕྱག་གཡས་སྤུ་གྲི་གཡོན་པ་གཙོ་བོ་ཡི། །གླང་ཆེན་སྣ་ཁྲིད་ར་སྐྱེས་སྟེང་ན་བརྗིད། །རྒྱབ་ཏུ་ཕྱི་སྐྱོང་ཚངས་པ་སྟག་ལག་དམར། །དམར་ནག་བེར་དང་འུག་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་སྤུ་གྲི་གཡོན་ན་དབང་ཞགས་འཛིན། །སྟག་མོ་གྲུས་མའི་སྟེང་ན་འདོར་སྟབས་བཞུགས། །མདུན་གྱི་གཡས་སུ་ཡབ་ཆེན་ཚངས་པ་དཀར། །དར་སྔོན་གོ་ཟུ་དུང་གི་ལ་ཐོད་ཅན། །ཕྱག་གཡས་ཤིང་རིས་གཡོན་ན་ནོར་བུ་འཛིན། །མྱུར་མགྱོགས་ཤུགས་ལྡན་རྒྱ་སྟག་དམར་པོར་ཆིབས། །མདུན་གཡོན་ཡུམ་ཆེན་ཀླུ་མོ་དམར་མོ་ནི། །མི་ལུས་སྦྲུལ་འཇུག་དར་གོས་རིན་ཆེན་བརྒྱན། །ཕྱག་གཡས་ཤིང་རིལ་གཡོན་ན་ནོར་གཞོང་འཛིན། །མཛེས་འཛུམ་ལྟ་ན་སྡུག་པའི་སྐུ་རུ་གསལ། །དེ་མདུན་འབྲོ་བཟའ་དཔལ་བོ་དཀར་མོ་དང་། །ཕོ་ཡོང་བཟའ་ཡི་བུ་མོ་ཐང་རྒྱལ་མ། །དཀར་དམར་གཡུ་ཡི་རྒྱན་ལྡན་ན་ཆུང་ཆས། །ཕྱག་གཉིས་དུང་ཕོར་འཛིན་ཅིང་གཙོ་ལ་མཆོད། །ལས་བྱེད་སྤྲུལ་བ་འཕྲིན་ལས་ཐོགས་མེད་ནི། །རླུང་ནག་ལ་ཞོན་བེར་དམར་སག་ཞྭ་གསོལ། །ཕྱག་གཡས་འགུགས་བྱེད་རྡོ་རྗེའི་ལྕགས་ཀྱུ་དང་། །གཡོན་ན་སྟག་དང་སྤྱང་ཀའི་རྒྱལ་མཚན་འཛིན། །སྡོང་ཟླ་པུ་ཏྲ་དར་ནག་རལ་ཀ་གསོལ། །གྲི་གུག་འཛིན་ནས་དྲེལ་ནག་རྟ་རུ་ཞོན། །གཡོན་དུ་སྟག་དང་སྤྱང་ཀས་རྒྱལ་མཚན་འཕྱར། །བློན་པོ་རུ་ཏྲ་དར་ནག་རལ་ཀ་གསོལ། །གྲི་གུག་འཛིན་ནས་དྲེལ་ནག་རྟ་རུ་ཞོན། །དེ་དག་ཕྱི་རོལ་ཕྱོགས་མཚམས་བཀའ་ཡི་བློན། །ཤ་ཁྲོལ་ཁྱི་ཁྲོལ་ཁོལ་པོ་འཛིན་སྡེམ་སོ། །སྐྱོ་སངས་འབག་སེང་མོན་བུ་ཨ་ཙར་སྤྲེལ། །དགེ་སློང་མཁར་གསིལ་སྔགས་པ་ཕུར་ཐོགས་དང་། །བུད་མེད་རལ་སྤྲུག་སྐྱེས་པ་གྲི་ཐོགས་པ། །བརྒྱ་བརྒྱ་ལ་སོགས་འཁོར་ཚོགས་དཔག་མེད་བསྐོར། །གནས་གསུམ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་སྤྲས། །འོད་ཟེར་འཕྲོ་འདུས་ཆོས་སྐྱོང་འཁོར་བཅས་བཀུག །བསམ་ལ་ཐོག་མར་བཞེངས་སུ་གསོལ་བ་ནི། ཧཱུྃ། ནམ་མཁའ་མཐའ་ལས་ཆོས་ཀྱི་དབྱིངས་ཉིད་ཀློང་། །རྒྱལ་བའི་སྒྱ་འཕྲུལ་རབ་འབྱམས་དཔག་མེད་གར། །ཡོངས་བསྒྱུར་སངས་རྒཡས་བསྟན་དང་གཙུག་ལག་གནས། །སྐྱོང་མཛད་ཚང་གིང་འཁོར་བཅས་སྐུ་བཞེངས་ཤིག །དེ་ནས་སྤྱན་འདྲེན་བཞུགས་ཕྱག་དམ་བསྲེའི་རིམ་པ་ནི། །ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཏིང་ངེ་འཛིན་གྱི་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་བསྲུང་བའི་སྐྱེས་མཆོག་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ བཀའ་ཡི་བསྟན་པ་བསྲུང་བའི་དོན་ཆེད་དུ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུ་བཞེངས་ཤིག༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ སྐུ་ལྔ་རྒྱལ་བོ་ཡབ་ཡུམ་སྤྲུལ་བློན་འཁོར། །འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཛ༔ཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝན་ཨང་ཀུ་ཤ་ས་མ་ཡ་ཛཿཛཿ ཧཱུྃ། མ་ཏྲམ་བསྒྲལ་བའི་གནས་མཆོག་དམ་པ་འདིར༔ ཁ་བུབ་གན་རྐྱལ་བྱི་ཆིངས་གདན་དུ་བསྣོལ༔ རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་བརྩེགས༔ ཉི་ཟླ་པདྨའི་གདན་གྱིས་མཛེས་པར་སྤྲས༔ མ་ཆགས་ལྷུུན་གྱིས་གྲུབ་པའི་གནས་མཆོག་འདིར༔ བསྟན་བསྲུང་རྒྱལ་པོ་འཁོར་བཅས་བརྟན་བཞུགས་གསོལ༔ པདྨ་ཨ་བེ་ཤ་ཡ་ཨ༔ བཛྲ་ཏྲི་དུ་རུ་ཧཱུྃཿ བཛྲ་ཨ་ཏི་ཏིཥྛ་ཀ་ར་ཤ་ས་མ་ཡ་ཁ་བསྒྱུར་དཀར་པོ་ཨ་བེ་ཤ་ཡ་སྟྭཾ༔ ཨ་བེ་ཤ་ཡ་ཏིཥྛ་ལྷན། ཧཱུྃ། འཇིག་རྟེན་ལས་ལ་གྲུབ་པའི་དྲེགས་པ་ཅན༔ རྒྱལ་པོ་ཆེན་པོ་སྐུ་ལྔའི་སྐུར་བསྟན་པ༔ སངས་སྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཀཪྵ་ཡ། ཨ་བེ་ཤ་ཡ༔ ཧ་ཧེ་ཧ་ར་ཏི་ཧོ༔ དམ་ཚིག་བདུད་རྩི་ཨོཾ་ཨཱ༔ཧཱུྃ་ས་མ་ཡ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿཞེས་པས་བྱིན་གྱིས་བརླབས་ནས་གཏོར་མར་བྲན་ལ། ཧཱུྃ། སྐྱེས་མཆོག་དགྲ་ལྷ་པེ་ཧར་འཁོར་བཅས་དགོངས། །སྔོན་ཚེ་གསང་བདག་པད་འབྱུང་ཁྲོས་པའི་སྐུས། །དམ་བཞག་ཐ་ཚིག་གཉན་པོ་དྲན་མཛོད་ལ། །དམ་ལྡན་བདག་གྲོགས་ཅི་བཅོལ་ཕྲིན་ལས་མཛོད། །བཛྲ་དྲི་དུར་རཀྵ་ཡཀྵ་ཧཱུྃ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ཞེས་བདུད་རྩི་ཕུལ་བས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ལས་རྟག་ཏུ་འདའ་བ་མེད་པར་བསམ། དེ་ནས་མཆོད་བསྐང་བསྟོད་པའི་བྱ་བ་ནི། ཧོཿ དྲེགས་པའི་སྡེ་དཔོན་སྡེར་ཆེན་འཁོར་བཅས་ལ། །མཆོད་ཡོན་མེ་ཏོག་སྤོས་མེ་དྲི་ཞལ་རོལ། །གཟུགས་སྒྲ་དྲི་རོ་རེག་ཆོས་འདོད་ཡོན་ཆེ། །ཕྱི་མཆོད་འབུལ་བཞེས་དགྱེས་བསྐང་ཕྲིན་ལས་མཛོད། །རཀྟའི་ཨརྒྷཾ་དབང་པོའི་མེ་ཏོག་བཀྲ། །ཚིལ་དུད་སྤྲིན་འཁྲིག་ཞུན་མེའི་ཉི་འོད་བརྡལ། །མཁྲིས་ཆབ་མཚོ་འཁྲུག་དམར་ཟས་རི་བོ་བརྗིད། །དུང་ཆེན་འབྲུག་ལྡིར་ནང་མཆོད་འབུལ་དགྱེས་བཞེས། །ཉོན་མོངས་རྩད་ནས་གཅོད་པ་བདུད་རྩིའི་སྨན། །ཞིང་བཅུ་ལྷག་མེད་བསྒྲལ་བའི་རཀྟ་དམར། །འདོད་དགུ་ཕུན་ཚོགས་འབྱུང་གནས་བ་ལིནྟ། །དབུས་བཞེས་དགྱེས་བསྐང་ཅི་བཅོལ་ཕྲིན་ལས་མཛོད། །ཕྱི་ནང་གསང་བ་མཆོད་བསྐང་རྟེན་སྒྲུབ་རྫས། །བསམ་གྱིས་མི་ཁྱབ་དངོས་འབྱོར་ཡིད་སྤྲུལ་དང་། །ཁྱད་པར་རྨད་བྱུང་བླ་མེད་སྦྱོར་སྒྲོལ་གྱི། །མཆོད་པས་བསྐང་ངོ་རྣམ་བཞིའི་ཕྲིན་ལས་མཛོད། །དེ་ནས་རྡོ་རྗེ་ཐལ་མོ་གཏོར་མར་གཏད་དེ། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུའི་བཅུད་དྲངས་པས་ཚིམས་ཤིང་དགྱེས་པར་བསམ་ལ། སརྦ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ བཛྲ་ཡཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུན་ཏིང་དུན་ཏིང་ཁཱ་ཧི། ཡཀྵ་ནག་པོ་ཁཱ་ཧི། ཤ་ཁྲོལ་ཧུ་རུ་ཁཱ་ཧི། ཁྱི་ཁྲོལ་ཧུ་རུ་ཁཱ་ཧི། ཙི་ཏ་བ་ཏ་ཁཱ་ཧི།འཛིན་པོ་རུ་ཏྲ་ཁཱ་ཧི།སྡོམ་པོ་ཆང་རྒྱུད་ཁཱ་ཧི།རུ་ཏྲ་རུ་ཏྲ་ཁཱ་ཧི།གོ་རོ་ཙ་ན་ཁཱ་ཧི། རཀྟ་ཚུལ་པ་ཁཱ་ཧི། ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི། དབང་པོ་སྣ་ལྔ་ཁཱ་ཧི། ཤ་མ་རུ་ཏྲ་ཁཱ་ཧི། ཨརྒྷཾ་པྲ་ཏིཙྪ་ཧོཿ པུ་ཛཿབཛྲ་དུ་རུ་ཧོཿ ཞེས་བདུན་ནམ་ཉེར་གཅིག་གིས་ཕུལ་ནས་བསྐང་ཞིང་བཤགས་པ་ནི། ཧཱུྃ། ཨོ་རྒྱན་པདྨ་ཐོད་འཕྲེང་རྩལ་གྱི་བཀའ་ཡི་འབངས། །མཐུ་སྟོབས་དྲེགས་པའི་རྩལ་ཤུགས་ཟླ་མེད་པ། །ཚངས་པའི་གིང་ཆེན་ཆོས་རྒྱལ་པེ་ཧ་ར། །སྐུ་ལྔ་ཡབ་ཡུམ་སྤྲུལ་པ་བློན་འབངས་འཁོར། །རུ་འདྲེན་བཅས་པའི་ཐུགས་དམ་བསྐང་བའི་རྫས། །དངོས་ཡིད་ལས་སྐྱེས་མཆོད་སྤྲིན་ནམ་མཁའ་མཛོད། །བསམ་གྱིས་མི་ཁྱབ་རང་རང་མཁོ་དགུ་རྫས། །སྔགས་རྒྱས་བྱིན་གྱིས་རླབས་པས་ཐུགས་དམ་བསྐང་། །སུམ་རྩེན་རྣམ་རྒྱལ་ཁང་པར་ཅོ་འདྲི་བའི། །རིན་ཆེན་བ་གམ་སུམ་བརྩེགས་དབང་པོའི་གཞུས། །ལན་བརྒྱར་ཁྱུད་པས་མིག་སྟོང་ཡིད་སྲུབ་བླངས། །སྐུ་རྟེན་རྨད་བྱུང་མཁར་གྱི་ཐུགས་དམ་བསྐང་། །མིག་སྨན་ཞུན་མས་བྱུག་པའི་བཞིན་རས་ལ། །ཀུ་མུད་གཉེན་གྱི་སྤྱན་གསུམ་རབ་ཏུ་འཚེར། །ས་འཛིན་དུམ་བུར་ཆད་པའི་མཆེ་བ་གཙིགས། །ཟིལ་གནོན་སྐུ་འབག་གསོབ་ཀྱིས་ཐུགས་དམ་བསྐངས། །དབྱར་སྐྱེས་རྔ་གསང་འབུམ་གྱི་ཁེངས་འཕྲོག་པའི། །འཛིན་མ་གཡོ་འབར་ནུས་པའི་རོལ་མོའི་སྒྲ། །བསམ་གྱིས་མི་ཁྱབ་ཡིད་དུ་རབ་འོང་ཞིང་། །བསྟོད་ཚིག་སྙན་པའི་དབྱངས་ཀྱིས༴ ཀ་དག་གཉུག་མའི་གནས་ལུགས་ལྷ་ལམ་ལ། །འགག་མེད་རིམ་གཉིས་ཉིན་བྱེད་རབ་ཏུ་འབར། །ཆོས་ཀུན་བྱར་མེད་རང་མདངས་ཟེར་བརྒྱ་འཕྲོ། །མཉམ་བཞག་རོ་གཅིག་ལྟ་བས་ཐུགས་དམ༴ རྡུལ་དཀར་ཕུང་པོ་བྱེ་བའི་མདངས་འཛིན་ཞིང་། །མིག་མི་འཛུམ་པའི་ལག་འགྲོ་ལ་འཕྱ་བའི། །སྣ་ཚོགས་སྲོག་ཆགས་རྒྱན་ལྡན་ཡིད་འཕྲོག་རྩེན། །མཐུན་པའི་དཀོར་ནོར་རྫས་ཀྱི་ཐུགས༴ ཡོངས་འདུས་ལྗོན་པ་ལ་ཁུ་རྐང་ཐུང་ཆེ། །རྨ་བྱའི་མགྲིན་པར་འཁྲུལ་པའི་ཡལ་འདབ་འཐིབ། །ལྷ་རྫིངས་འབིགས་འདྲ་རྩེ་རྒྱལ་ཤུགས་ཤིང་ནི། །ལྟ་ན་རབ་ཏུ་སྡུག་པས་ཐུགས༴ ལྟོ་འགྲོའི་དབང་པོ་ལ་འགྲན་མཉེན་ལྕུག་ཤིང་། །ལྡེམ་ལྡེམ་སྒེག་མོའི་འགྲོས་ཀྱི་དཔེར་གྱུར་ཅིང་། །ཁྱུག་ཁྱུག་སྤྲིན་གྱི་ལྕུག་མ་ལྟར་ཁྱུག་པའི། །སྦ་སྨྱུག་བཀྲ་ཤིས་རྫས་ཀྱིས་ཐུགས༴ བརྒྱན་ལོན་ཉམས་མེད་མཆོག་ཆེན་ཨདཪྴ། །ཡིད་སྣང་གཟུགས་བརྙན་འཕོས་ནས་མ་འདྲེས་དང་། །རྙོག་བྲལ་ལྐོག་གྱུར་སྤང་བླང་ལེགས་སྟོན་པའི། །སྲ་བརྟན་ཁུ་ཁོག་ཁྱེའུས་ཐུགས༴ བླ་ཡིག་སྲོག་རྟེན་དངུལ་ཁབ་ལྷང་འཚེར་རྡོ། །སྐུ་གཟུགས་སྔགས་བྱང་ཙཀྲ་མཐུན་པའི་རྫས། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་འཁོར་སྐྱོང་མཛད་འཁོར་བཅས༴ དར་ཟབ་གཅན་གཟན་སྣ་ཚོགས་རྒྱལ་མཚན་འཕྱར། །རིན་ཆེན་དཀོར་ཆ་སྣ་ཚོགས་འདོད་དགུའི་ཆས། །གོ་སྲ་མཚོན་རྣོ་རྔམ་བརྗིད་ཕྱག་ཆ་ཡིས། །པེ་ཧར་རྒྱལ་པོ་འཁོར་བཅས༴ གཞན་ཡང་འདོད་ཡོན་ལྷ་མོ་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་རི་གླིང་ཉི་ཟླ་སོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཐའ་ཡས་པས། །རྒྱལ་པོ་འཁོར་དང་བཅས་པའི་ཐུགས༴ གསོལ་ཁ་སྐུ་མཁར་སྲོག་འཁོར་མདུང་ཞགས་དང་། །བསེ་ཡི་ཁྲབ་རྨོག་དར་དམར་འཇོལ་བེར་ཐོད། །བྱ་ཁྱི་རྟ་དམར་ཙ་ར་མཐུན་རྫས་ཀྱིས། །སྲོག་བདག་གནོད་སྦྱིན་འཁོར་བཅས་ཐུགས༴ དེ་ལྟར་རྟེན་མཆོད་བསྐང་བའི་རྫས་གྱུར་རྣམས། །ཁྱོད་བསྔོས་མཆོད་གཏོར་ལ་སོགས་འདིར་འབྱོར་དང་། །མ་འབྱོར་འཇིག་རྟེན་ཁམས་ནས་མོས་བློ་ཡིས། །བླངས་ནས་འབུལ་བ་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་བསྐངས་བས་དམ་ཅན་དགྱེས་པའི་མཐུས། །དམ་ལྡན་རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །འགལ་རྐྱེན་བར་ཆད་མི་མཐུན་ཀུན་ཞི་ཞིང་། །རྟག་ཏུ་མཐུན་དགུ་འགྲུབ་པའི་ཕྲིན་ལས་མཛོད། །ཧོཿ ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་དགོངས་སུ་གསོལ། །བདག་ནི་མི་མཁས་མ་རིག་ལས་ཉོན་དབང་། །རྡོ་རྗེ་ཐེག་ལམ་སྤྱི་ཡི་དམ་ཚིག་དང་། །བསྲུང་མའི་ཐུགས་དང་འགལ་ཀུན་མཐོལ་ཞིང་བཤགས། །མཐུན་རྫས་མ་ཚངས་མཆོད་ཚོགས་ཞན་པ་དང་། །འབག་བཙོག་གོས་ཤིང་དུས་ཀྱི་མཆོད་གཏོར་གཡེལ། །ཕྲིན་ལས་སྒྲུབ་པའི་གཏང་རག་མ་གྲུབ་སོགས། །འགལ་བའི་ལས་གྱུར་མ་ལུས་མཐོལ་ཞིང་བཤགས། །བསྙེན་སྒྲུབ་མ་རྫོགས་ལས་སྦྱོར་ཕྲིན་ལས་རིངས། །དམ་ཉམས་ཞིང་བཅུ་སྙིང་རྗེས་སྒྲོལ་མ་ནུས། །གཉིས་འཛིན་འཁྲུལ་རྟོགས་རང་ཁར་སྤྱད་པའི་ལས། །བསྲུང་མའི་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཧོཿ ཁྱད་པར་འཁོར་འདས་ཆོས་ཀུན་མཉམ་ཉིད་ལ། །རྒྱལ་བ་ཐབས་མཁས་འགྲོ་དོན་སྒྱུ་འཕྲུལ་སྐུ། །དཔག་མེད་ཡོངས་ཤར་བསྲུང་མའི་ཚུལ་སྣང་བར། །རང་རྒྱུད་དྲེགས་པར་བཟུང་བ་མཐོལ་ལོ་བཤགས། །ཡང་དག་དོན་ལ་རྒྱལ་བ་ཀུན་ཏུ་བཟང་། །མ་རྟོགས་འགྲོ་ངོར་རྒྱལ་པོ་པེ་ཧ་ར། །གཞན་དུ་མ་གྲུབ་རང་སེམས་རིག་པའི་འཕྲུལ། །རང་ངོ་མ་ཤེས་འཁྲུལ་གྱུར་མཐོལ་ལོ་བཤགས། །རང་སེམས་ཆགས་སྡང་རྨོངས་པའི་རང་ཤུགས་ཀྱི། །རང་གྲིབ་དོན་དུ་རྒྱལ་བསེན་ཤར་བ་ལ། །མ་རྟོགས་ཕྱི་ནས་འདྲེ་བགེགས་བྱུང་རློམ་ནས། །བསྲུང་བཟློག་ཀྱི་བཀར་བ་མཐོལ་ལོ་བཤགས། །རྣམ་དག་སྤྲོས་བྲལ་གནས་ལུགས་མ་རྟོགས་པར། །ཀུན་རྟོགས་བློ་ཡིས་ལྷ་མཆོད་འདྲེ་བརྡུངས་ཤིང་། །ཕན་གནོད་རེ་དོགས་བདག་འཛིན་ཞགས་པས་བཅིངས། །དེ་ཀུན་བྱར་མེད་ཀློང་དུ་མཐོལ་ལོ་བཤགས། །ཡང་དག་དོན་ལ་རིགས་ཀྱི་སངས་རྒྱས་ལྔ། །གཙུག་ལག་ཆོས་འཁོར་སྐྱོང་ཕྱིར་རྒྱལ་པོ་ལྔར། །སྐུ་སྤྲུལ་དུག་གསུམ་ཤ་རུས་ཁྲག་རོལ་བར། །ལོག་མཐོང་སྲིན་པོར་བཟུང་བ་མཐོལ་ལོ་བཤགས། །གཙུག་ལག་ཆོས་སྐྱོང་རྒྱལ་པོ་པེ་ཧར་ཁྱེད། །པདྨ་ཐོད་འཕྲེང་བཀའ་འབངས་འཕྲིན་ལས་བདག །དམ་ཚིག་གཡེལ་མེད་འཆང་བའི་དམ་ཅན་ཆེ། །རྨད་བྱུང་རྡོ་རྗེ་ཐེག་བསྲུང་མཆོག་གྱུར་ཏེ། །བདག་ཅག་མི་མཁས་ཉོན་མོངས་དབང་འདྲེར་བཟུང་ནས། །ལོག་རྟོག་ཤར་བ་ཐམས་ཅད་མཐོལ་བཤགས་ཤིང་། །མདོར་ན་བདག་སོགས་ཡང་དག་དོན་མ་རྟོགས། །འཁྲུལ་དབང་གྱུར་པས་ཁྱོད་ཐུགས་དང་འགལ་ལས། །མ་ལུས་ཞི་ཐུགས་ཀློང་དུ་རྟག་བཟོད་གསོལ། །བདག་ལ་འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །མཐོལ་ཞིང་བཤགས་པས་ལས་ཀུན་བྱང་དག་ནས། །དྲི་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་ནི་པདྨའི་བཀའ་ལས་འདའ་མེད་ཡང་། །བདག་ཅག་མ་རིག་དབང་གིས་འགའ་གྱུར་ལས། །ལྷ་མིའི་དམ་ཚིག་མ་སྙོམས་ཕོག་ཐུག་དང་། །རལ་ཆོད་རྩིང་སྤྱོད་གྱུར་རྣམས་མཐོལ་ཞིང་བཤགས། །དོན་དམ་ངོ་བོར་ལྷ་དང་འདྲེས་མ་གྲུབ། །བཤགས་བྱ་བཤགས་བྱེད་མཚན་མ་ཀུན་བྲལ་ཡང་། །ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་པ་ན། །མཉམ་ཉིད་ཀློང་དུ་དག་ཅིང་ཚངས་པར་སྩོལ། །དེ་ནས་དབྱངས་བཅས་བསྟོད་པའི་རིམ་པ་ནི། ཧཱུྃ། མཚོ་པད་ལས་འཁྲུངས་སྣང་སྲིད་ཟིལ་གནོན་མཛད། །མཚུངས་མེད་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཨོ་རྒྱན་པདྨ་དྲག་པོ་ཐོད་འཕྲེང་རྩལ། །རིགས་ཀུན་ཁྱབ་བདག་བླ་མར་ཕྱག་འཚལ་བསྟོད། །ཧཱུྃ། རིག་པའི་རྒྱལ་པོ་དྲེགས་འདུལ་ཧེ་རུ་ཀཿ རྟོག་ཚོགས་ཁམས་ལས་སྡེ་དཔོན་སྔགས་ཀྱི་བདག །དྲེགས་པའི་ཚུལ་གྱིས་ཞིང་བཅུ་སྒྲོལ་མཛད་པ། །འཇིག་རྟེན་མཆོད་བསྟོད་ཚོགས་ལ་ཕྱག་འཚལ་བསྟོད། །དྲེགས་པ་དབང་ཆེན་རྒྱལ་པོ་ཡོངས་ཀྱི་གཙོ། །དཔལ་ཆེན་རྟ་ཡི་རྣམ་འཕྲུལ་ཚངས་པའི་གིང་། །ཧེ་རུ་ཀ་ཡི་བཀའ་འབངས་མཐུ་སྟོབས་ཅན། །ཆོས་རྒྱལ་པེ་ཧར་འཁོར་དང་བཅས་ལ་བསྟོད། །ངོ་བོ་གཅིག་ལས་སྤྲུལ་པ་བསམ་ཡས་ཤིང། །ཁྱད་པར་ཡེ་ཤེས་རང་མདངས་སྐུ་ལྔ་སྣང་། །དཔག་མེད་འཕྲིན་ལས་སྐུ་མདོག་ཕྱག་འཚལ་འཆང་། །ཆོས་འཁོར་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །གཙོ་མཆོག་བརྒྱ་བྱིན་རྡོ་རྗེ་ཀླུ་འབྲུག་འདུལ། །མཐིང་ནག་དོམ་གྱི་རློག་པ་སྲོག་ཞུ་གསོལ། །སྡོམ་བསྣུན་ཕྱག་རྒྱ་བསྒྱུར་ནས་གཉིས་འཐུང་གཞོན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་གུས་པས་བསྟོད། །རྣམ་འཕྲུལ་སྐུ་གསུང་ཡོན་ཏན་ཕྲིན་ལས་རྩལ། །པུ་ཏྲ་དགྲ་ལྷ་སྐྱེས་ཅིག་ཤིང་བྱ་ཅན། །པེ་ཧར་མི་བོ་ཆེ་སྟེ་སྐུ་ཡི་གར། །ཅིར་ཡང་སྟོན་པར་མཛད་ལ་ཕྱག་འཚལ་བསྟོད། །བདེ་ཆེན་དགའ་བཞིའི་གནས་དེར་གསང་བའི་ཡུམ། །ལྷན་སྐྱེས་དྷཱཀྐིའི་རིགས་ཀྱི་ཡུམ་ཆེན་ལྔ། །ཤནྟི་རོ་ཟན་རོ་ལངས་གསེར་སྤུ་གྲི། །མཛེས་བྱེད་པདྨ་སྨིན་དཀར་མ་ལ་བསྟོད། །དགེ་བསྙེན་དགྲ་བཅོམ་གཞོན་ནུ་མོན་བུ་དང་། །མི་རིང་སྲིན་བུ་ལ་སོགས་སྤྲུལ་པ་ལྔ། །ཡང་སྤྲུལ་བསམ་གྱིས་ཁྱབ་རྟོགས་ཚོགས་ཁམས། །ཡོངས་འཆར་རྒྱལ་བའི་བསྟན་པ་བསྲུང་ལ་བསྟོད། །དབང་གི་རིགས་ལས་མི་བསྲུན་མ་རུང་སྐུ། །ཤན་པ་སྲོག་ལེན་གནོད་སྦྱིན་ཡང་ལེ་བེར། །སྣ་ཚོགས་མཚོན་ཐོགས་དམ་ཉམས་དགྲ་བོ་སྒྲོལ། །པདྨའི་བསྟན་པ་ཉེ་བར་བསྲུང་དེར་བསྟོད། །གཞན་ཡང་ཆོས་སྐྱོང་རྒྱལ་པོའི་བཀའ་ཡི་བློན། །རྣམ་བཞིའི་འཕྲིན་ལས་ཐོགས་མེད་སྒྲུབ་མཛད་པ། །སྲོག་བདག་བྱ་ར་མིག་གཅིག་ཐང་ནག་དང་། །གྲགས་ལྡན་པུ་ཏྲ་ནག་པོར་གུས་པས་བསྟོད། །ཟ་འོག་སྟག་སེང་རྒྱ་བྱ་སྤྱང་ཀི་ཡི། །རྒྱལ་མཚན་རྔམ་པའི་ཚུལ་འཛིན་ཕོ་ཉ་དང་། །དགྲ་བཅོམ་སྔགས་ནག་སྟག་ཤར་བུད་མེད་ནག །རུ་འདྲེན་བཞི་བཅས་དམ་ཚིག་དབང་གིས་བསྟོད། །གཙོ་བོའི་ཐུགས་ལས་སྤྲུལ་པའི་ལས་བྱེད་པ། །དོམ་གྱི་མགོ་ཅན་མི་རིང་སྔོ་སྐྱ་འབུམ། །མཚོན་ཆ་འབར་བས་དགྲ་བོའི་ལུས་སྲོག་འཕྲལ། །འཇིགས་བྱེད་དྲག་པོའི་ཚོགས་ལ་རབ་བསྟོད་དོ། །ཀུན་ཀྱང་འཇིགས་པའི་སྐུ་ལ་རྔམ་པའི་གསུངས། །གཤིས་ཉིད་གཡོ་མེད་ཆོས་སྐུའི་ངང་ཉིད་ལས། །ཞེན་མེད་སྒྱུ་མའི་ངང་ཚུལ་སྙིང་རྗེའི་ཐུགས། །གཏུམ་ཆེན་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད། །ཡང་འཁོར་འབག་སེང་རྒྱ་མོན་ཨ་ཙར་སྤྲེལ། །ཤ་ཁྲོལ་ཁྱི་ཁྲོལ་འཛིན་སྡོམ་ཁོལ་པོ་དང་། །རྒྱལ་ཕྲན་སྟོང་སྡེ་དྲེགས་པ་བྱེ་བ་འབུམ། །ཀུན་ཀྱང་དམ་ཚིག་དབང་གིས་བསྟོད་པར་བགྱིས། །འཁོར་བཅས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་ས་ལམ་བར་ཆད་སོལ། །རྒྱུ་སྦྱོར་དད་ལྡན་སྦྱིན་བདག་འགལ་རྐྱེན་བཟློག །རྣམ་བཞིའི་འཕྲིན་ལས་ཐོགས་མེད་གྲུབ་པར་མཛོད། །དེ་ནས་གསོལ་ཁ་གསེར་སྐྱེམས་འབུལ་ཞིང་བཅོལ་བ་ནི། །ཧཱུྃ། དབྱིངས་ཉིད་དཔག་པར་དཀའ་བའི་ཀློང་ཆེན་པོར། །རབ་འཇིགས་མཐིང་ནག་འབར་བའི་ཕོ་བྲང་ནས། །བརྒྱ་བྱིན་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ་གསེར་སྐྱེམས་ཛ་གད་བཅུད་མཆོག་འབུལ། །གསོལ་ལོ་མཆོད་དོ་དགྱེས་པ་རུ་མཛོད་ཅིག །པུ་ཏྲ་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ་གསེར་སྐྱེམས་ཞེས་དང་། གསོལ་ལོ་སོགས་འོག་ཏུ་འདྲེའོ། །ཤིང་བྱ་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ༴ གསོལ་ལོ༴ པེ་ཧར་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ གནོད་སྦྱིན་དམར་པོ་ཡབ་ཡུམ་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ བློན་འབངས་སྐྱོ་སངས་རུ་འདྲེན་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ རྒྱལ་ཕྲན་སྟོང་སྡེ་དྲེགས་བྱེད་གྲངས་མེད་པའི། །ཞལ་དུ༴ གསོལ་ལོ༴ ཧོཿ ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་མཆོད་པ་ཡིས། །དགྱེས་མཛོད་དགྱེས་ནས་བདག་གི་འདོད་པའི་དོན། །ཐོགས་མེད་ཡིད་བཞིན་རེ་བ་ཡོངས་བསྐང་བའི། །བསམ་འཕེལ་ནོར་བུར་ཁྱེད་ཀྱིས་མཛད་དུ་གསོལ། །ཞེས་ཕུད་ཕྱོགས་བཅུར་གཏོར། ཧཱུྃ། ཨོ་རྒྱན་པདྨའི་བཀའ་འབངས་དགེ་བསྙེན་ཆེ། །གཙུག་ལག་ཆོས་འཁོར་སྐྱོང་བའི་མངའ་བདག་པོ། །ཆེ་བཙན་ཟླ་མེད་གིང་ཆེན་པེ་ཧ་ར། །ཡབ་ཡུམ་སྤྲུལ་འཁོར་བཅས་པར་མཆོད་བསྟོད་ནས། །རྣལ་འབྱོར་བདག་གི་འཕྲིན་ལས་བཅོལ་བ་ནི། །དམ་ལྡན་བདག་ཅག་སློབ་དཔོན་སྦྱིན་བདག་བཅས། །མི་མཐུན་འགལ་རྐྱེན་འཇིགས་པ་བརྒྱད་བཅུ་དྲུག །ནད་གདོན་བློ་བུར་ཡེ་འབྲོག་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་ནུས་གཟི། །བརྗིད་རྣམས་རྟག་ཏུ་ཉམས་མེད་གོང་འཕེལ་རྒྱས། །ལྷ་འདྲེ་མི་རྗེ་བློན་འབངས་ཆེ་བཙུན་མཁས། །དྲེགས་ལྡན་མ་ལུས་བདག་གི་དབང་དུ་བསྡུས། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་སེམས་ཤིང་། །ད་དགྲ་ཐད་ལང་མཚོན་དུག་སྦྱོར་ངན་བཤམས། །ལྷག་པས་ཁྱད་གསོད་དམན་པས་བརྙས་བཅོས་ཤིང་། །མཉམ་པས་འགྲན་སེམས་གདུག་པ་ཤར་བ་དང་། །མཐུན་གཉིས་དབྱེན་བྱེད་ངོས་ཤགས་ལྐོག་ལབ་སྒྲོགས། །བྲན་འཁོར་སྙིང་རིང་ཁ་དཀར་ཞེ་ནག་ཅིང་། །ཁ་ནང་སྙིང་ཕྱི་དམ་ཚིག་ངོས་ལྐོག་བྱེད། །ཟ་ཚེ་ཐོད་དཀར་ཟ་ཐོན་རྗེས་ནག་མཁན། །བསྒྲལ་བའི་ཞིང་གྱུར་དེ་དག་ལོ་ཟླ་བར། །མ་བཞག་ཞག་དང་ཟ་མའི་ནང་དུ་སྒྲོལ། །བྲང་ཤོགས་སྙིང་ལོང་སྙིང་ཁྲག་ཧུབ་ཀྱིས་ཐོབ། །སྨྱོ་འབོག་བརྒྱལ་བའི་ནད་ཀྱི་ཐལ་བར་རློག །དམ་ཅན་དམ་ལ་མ་འདའ་སཱ་མཱ་ཡཱ། །བཅོལ་བའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཁྱད་པར་བདག་གི་འཁྲུལ་རྟོག་ཀུན་ཞི་ཞིང་། །འཁྲུལ་མེད་ཉམས་དང་རྟོགས་པའི་ཡོན་ཏན་རྒྱས། །རང་སེམས་རིག་པའི་ཀློང་དུ་ཀུན་དབང་འདུས། །བཟུང་འཛིན་རྟོག་པ་ལྷག་མེད་རྩད་ནས་གཅོད། །མདོར་ན་བདག་ནི་རྫོགས་སངས་མ་རྒྱས་བར། །ཆོས་མིན་འགལ་རྐྱེན་བར་ཆད་ཀུན་བཟློག་ཅིང་། །ཆོས་གནས་ཆོས་བཞིན་སྤྱོད་པའི་གྲོགས་མཛད་ཅིང་། །རྡོ་རྗེ་འཆང་དབང་མྱུར་ཐོབ་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། ཁྱོད་ལ་གཡར་དམ་ཟུར་ཙམ་སྨོས་པ་ན། །སྔོན་ཚེ་པདྨ་ཧེ་རུ་གསང་བའི་བདག །ལྷ་མིའི་དགེ་སྦྱོང་ལེགས་ལྡན་ནག་པོ་ཡི། །སྤྱན་སྔར་སྲོག་སྙིང་ཕུལ་བས་དམ་ཚིག་ནོས། །ཁྱད་པར་འཆིམ་ཕུ་གནས་དང་ཧས་པོ་རིར། །རྒྱལ་ཀུན་ངོ་བོ་གཅིག་འདུས་པདྨ་འབྱུང་། །དྲག་པོ་མེ་ཕྲེང་རྩལ་གྱི་སྤྱན་སྔ་རུ། །རང་གནད་སྲོག་སྙིང་མདངས་གསོལ་ཕུལ་ནས་ནི། །རྒྱལ་བའི་བསྟན་དང་པད་མའི་བརྒྱུད་འཛིན་རྣམས། །བུ་ལྟར་སྐྱོང་བའི་ཁས་བླངས་བྲོ་ཡང་བོར། །གཞན་ཡང་བྲག་དམར་དགེ་གོང་ཟན་གཡང་གནས། །རྣམས་སུ་རྡོ་རྗེ་དབྱིངས་དང་བདེར་འདུས་ཀྱི། །དཀྱིལ་འཁོར་མཆོག་ཏུ་བཅུག་ནས་དབང་ཡང་བསྐུར། །དམ་ཚིག་རྡོ་རྗེ་བདུད་རྩིས་རྒྱས་བཏབ་ནས། །མ་འོངས་སངས་རྒྱས་ཐོབ་པར་ལུང་ཡང་བསྟན། །ཕྱི་མའི་དུས་གྱུར་ཐ་མར་བབས་པའི་ཚེ། །ཡང་བསྐྱར་ཚུལ་དུ་པདྨའི་རྒྱལ་སྲས་མཆོག །གར་གྱི་དབང་ཕྱུག་ཧཱུྃ་ནག་མེ་འབར་རྩལ། །གཏེར་བཞད་སྙིང་པོ་པདྨ་ཀློང་གསལ་སྙིང་། །བདུད་འཇོམས་རྡོ་རྗེ་ལ་ལི་ཏ་བཛྲ། །རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བསྙེལ་བ་མེད་པར་རྡོ་རྗེ་ཐེག་པའི་བསྟན། །ཉམས་མེད་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས། །རྟག་བརྟན་སྙན་པས་སྲིད་གསུམ་གཡོ་ནུས་ཤིང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲ་བརྟན་པར། །ཉམས་མེད་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །ངོ་འཇོའི་ཚིག་དང་ཟས་ངོར་མ་འབྲང་བར། །རབ་གཉན་སྲོག་གི་ཀ་བ་རྡོ་རྗེའི་ལམ། །གཡེལ་བ་མེད་པར་ཁྱོད་ཀྱི་དྲན་མཛོད་ལ། །ཟབ་གསང་བླ་མེད་ཨ་ཏི་རྡོ་རྗེའི་སྙིང་། །མ་ཧཱ་སིནྟིའི་རིང་ལུགས་གང་ཡིན་པ། །འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་ཡི། །འཕྲིན་ལས་ཐོགས་མེད་ཁྱོད་ཀྱིས་གྲུབ་པར་གྱིས། །གལ་ཏེ་འདས་ན་སྔོན་ཚེ་རྒྱལ་བ་ཡི། །བཀའ་ཡི་དམོད་པས་སྡིག་པར་མི་འགྱུར་རམ། །སྔགས་འཆང་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་བསྲིངས་དཔལ་བསྐྱེད་འདོད་དགུའི་བསམ་དོན་བསྒྲུབ། །ཀེག་སྲི་བྱུར་དང་ལྟས་ངན་སྐལ་ངན་སེལ། །མཐུན་ཚོགས་ཐམས་ཅད་འབད་མེད་འགྲུབ་པར་མཛོད། །རླུང་རྟ་དར་ཞིང་བསོད་ནམས་རྒྱས་པའི་དུས། །ལྷས་མ་སྐྱོན་ཀྱང་འདོད་དོན་ཡིད་བཞིན་འགྱུར། །ཁྱོད་མཆོད་བསྟོད་པའི་རེ་བ་གང་ཡིན་པ། །བསོད་ནམས་རླུང་རྟ་ཉམས་རྒུད་གྱུར་ཀྱང་རུང་། །གཡེལ་བར་དོར་མེད་རྟག་ཏུ་བསྲུང་སྐྱོབ་ཅིང་། །འདོད་དོན་ཡིད་བཞིན་བསྐང་བར་མཛད་དུ་གསོལ། །བཛྲ་སཱ་མཱ་ཡཱ་ ཛཿསརྦ་སིདྷིམྨེ་པྲ་ཡཙྪ་ཏུ་ཧོཿ ཞེས་འཕྲིན་ལས་བཅོལ་ལོ། །དེ་ནས་ལྷག་ཆད་ཁ་བསྐང་བ་ནི། ཧོཿ རྩ་གསུམ་བསྲུང་མ་སྤྱི་དང་ཁྱད་པར་དུ། །ཆོས་རྒྱལ་འཁོར་བཅས་མཆོད་བསྟོད་བསྟོད་བགྱིད་པ། །དམ་རྫས་མ་གཙང་ཕུད་ཉམས་འཕྲི་གཞོག་དང་། །བྱིན་གྱིས་མ་རློབས་ཚིག་གི་བརྗོད་ཟུར་ལོག །ཏིང་འཛིན་མ་གསལ་སྔགས་ལ་སྐྱོན་གྱིས་ཞུགས། །ཕྱག་རྒྱ་ཆད་དང་ནོར་འཁྲུལ་བྱུང་བ་སོགས། །བསྲུང་མ་ཆེན་པོའི་ཐུགས་དང་ཅི་འགལ་བ། །མཐོལ་བཤགས་གསོལ་བས་བཟོད་མཛོད་སྒྲིབ་དག་ཤོག །ཨོཾ་བཛྲ་ཤྲི་ཧེ་རུ་ཀ་ས་ཏྭ་ས་མ་ཡ། ཞེས་སོགས་ཧེ་རུ་ཀའི་ཡིག་བརྒྱ་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོས་ལྷག་ཆད་བསྐང་ངོ་། །དེ་ནས་གཤེགས་སུ་གསོལ་བ་ནི། ཧོཿ ཆོས་རྒྱལ་ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས། །དེ་ལྟར་མཆོད་བསྟོད་གསོལ་བཏབ་དོན་གྲུབ་ནས། །ད་ནི་ཆོས་དབྱིངས་གནས་དང་གཙུག་ལག་ཁང་། །ཟན་གཡང་མི་འགྱུར་བྲག་དམར་བསམ་ཡས་སུ། །པེ་ཧར་འཁོར་བཅས་ད་གཤེགས་ཤ་ར་ར། །རྒྱལ་པོ་ད་ནི་རང་གི་གནས་སུ་གཤེགས། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །བཀྲ་ཤིས་བདེ་ལེགས་བསམ་དོན་སྒྲུབ་ནས་གཤེགས། །པདྨ་དྲག་པོ་མེ་ཕྲེང་སྤྱན་སྔ་རུ། །ཞལ་བཞེས་ཅི་བཞིན་དམ་ལས་འདའ་མེད་པར། །མཆོད་སྦྱིན་འདོད་དོན་རེ་བ་ཡོངས་བསྐང་ནས། །ད་ནི་རང་རང་གནས་སུ་གཤེགས་པར་མཛོད། །བཛྲ་མུཿསརྦ་ལོ་ཀ་གཙྪཿ རྟག་ཏུ་ཆོས་སྐྱོང་རྟེན་ཞིང་རྟེན་ཡོད་ན་འཁོར་གྱི་དྲེགས་པ་བཛྲ་མུ། སརྦ་གཙྪས་གཤེགས་ཤིང་། གཙོ་བོ་འདིར་ནི་གཟུགས་དང་ལྷན་ཅིག་སོགས་པས་བརྟེན་པར་བྱ་ཞིང་། དེ་ནས་ལྷ་རྫས་མེ་ཏོག་བཟང་པོའི་ཆར་བཅས་བཀྲ་ཤིས་བརྗོད་པ་ནི། ཨོཾ། རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་མཁའ་ཀློང་ནས། །ཕྲིན་ལས་འདུས་པའི་སྤྲིན་ཕུང་པདྨ་འབྱུང་། །བྱིན་རླབས་ཆར་གྱིས་གདུལ་བྱ་སྨིན་པར་བྱེད། །འདྲེན་མཆོག་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཞི་ཁྲོའི་གར་བསྒྱུར་མ་དྲོས་རྫིང་བུ་ལས། །མཆོག་ཐུན་ལམ་གསུམ་ཤིང་རྟའི་རྒྱུན་བཟང་པོས། །སྐལ་ལྡན་ཚད་གདུང་སྡུག་བསྔལ་སེལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དགའ་བཞི་ལྷུན་གྱིས་གྲུབ་པའི་དཔག་བསམ་ཤིང་། །ཕྲིན་ལས་རྣམ་པ་བཞི་ཡི་ཡལ་འདབ་རྒྱས། །ཕུན་ཚོགས་འདོད་དགུའི་འབྲས་བུ་མཆོག་ཏུ་གཡུར། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་བཀྲ་ཤིས་ཤོག །དམ་ཉམས་ཞིང་བཅུའི་ཀླད་པ་རབ་འགེམས་པའི། །མི་ཟད་མངོན་སྤྱོད་ལྕེ་འབབ་དྲག་པོའི་ཐུན། །ཐོགས་མེད་འབེབས་པར་བྱེད་པའི་མཐུ་རྩལ་ཅན། །རྡོ་རྗེ་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །གསང་ཆེན་སྙིང་པོ་རིང་ལུགས་ཙནྡ་ལ། །དྲི་ལྟར་ཆགས་ནས་བསྟན་པ་ཉེར་བསྲུང་ཞིང་། །བཀྲ་ཤིས་མཐུ་རྩལ་རྨད་དུ་བྱུང་གྱུར་པ། །པེ་ཧར་འཁོར་བཅས་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་དང་། གཞན་ཡང་བཀྲ་ཤིས་ཅི་རིགས་པར་བརྗོད་ཅིང་ལས་ཀྱི་རྗེས་སྤྱི་དང་མཐུན་པར་བྱའོ། །འདི་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་དུ། །ཆེ་བཙན་རིགས་སྔགས་གྲུབ་པའི་འཁོར་ལོ་བསྒྱུར། །མཚན་ཙམ་གྱིས་ཀྱང་མ་རུང་སྙིང་འགས་པའི། །སངས་རྒྱས་དྲག་པོ་པདྨ་ཐོད་འཕྲེང་གི །གངས་ལྗོངས་གཙུག་ལག་བསྲུང་མར་མངའ་གསོལ་བའི། །ཆོས་སྐྱོང་ཆེན་པོ་པེ་ཧར་གསོལ་མཆོད་པའི། །ཆོ་ག་ཡིད་ལ་གང་འདོད་རེ་བའི་དོན། །ཡོངས་འཇོ་བྱེད་འདི་ཁོ་བོས་ལེགས་པར་སྨྲས། །གོང་མའི་ཚིག་ཟུར་བཅོས་དང་མཛད་བྱང་བསྒྱུར། །དུམ་དུམ་བཏུས་ནས་བསྒྲིགས་པའི་ཚུལ་མ་འདྲེས། །རྒྱལ་བ་པདྨར་མི་ཕྱེད་གུས་པའི་བློས། །དེ་ཡི་བསྟན་པར་ཅུང་ཟད་འདྲེས་པའི་མཐུས། །ཡིད་ལ་གང་ཤར་ཐོལ་བྱུང་ཉིད་དུ་སྨྲས། །ནོར་དང་འཁྲུལ་པའི་སྐྱོན་གྱིས་གོས་སྲིད་ན། །མཁྱེན་ལྡན་རྒྱལ་བའི་སྤྱན་སྔར་ཡོངས་བཤགས་པའི། །ལེགས་གྱུར་དགེ་བས་བསྟན་དགྲ་ཚར་ཆོད་ཅིང་། །བསྟན་པ་ཉམས་མེད་དར་རྒྱས་རྟག་བརྟན་ཤོག །

ཅེས་ཆོས་སྐྱོང་རྒྱལ་པོ་པེ་ཧ་ར་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་མང་པོས་བསྐུལ་བ་དང་། ཉེ་ལམ་དུ་གའུ་ལྷ་ལྡིང་བླ་མ་རིན་པོ་ཆེའི་སྐུ་ཚ། ཤཱཀྱའི་དགེ་ཚུལ་བློ་བཟང་རིན་ཆེན་བསྟན་འཛིན་གྱིས་ནན་བསྐུལ་ངོར། རིག་སྔགས་འཆང་བ་ཀཿཐོག་སྟག་རས་གྲུབ་དབང་པདྨ་མ་ཎིའི་སྐྱེ་བར་རློམ་པ་ལྷ་བཙུན་ཚེ་དབང་ནོར་བུ་གྲུབ་མཆོག་དབང་པོ་སྡེ་ཞེས་མིང་གཞན་དུ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་གྱིས་མངའ་རིས་མང་ཡུལ་གུང་ཐང་རྒྱལ་པོའི་ཕོ་བྲང་ཁྱུང་རྫོང་དཀར་པོའི་ལྷོ་ནུབ་གཏེར་གནས་བྲག་རིན་ཆེན་སྤུངས་པ་འདྲ་བའི་ངོགས་རི་འདབས་དགོན་དུ་མེ་ལུག་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་ཚེས་གཉིས་གསུམ་གྱི་ཐུན་སྐབས་སུ་ཅུང་ཟད་རེ་བྲིས་ཤིང་ཚེས་བཞི་འབྱུང་པོ་འདུ་བའི་ཉི་མ་ལ་ཆོས་སྐྱོང་དགྱེས་པའི་མཚན་མ་དང་བཅས་ཏེ་གྲུབ་པར་སྦྱར་བའི་ཡི་གེ་པ་ཡང་རང་ཉིད་ཀྱི་བགྱིས་པ་སརྦ་མངྒ་ལཾ།

རིགས་མཚུན་ལྷ་བསྲུངས་གཉན་པོ་རྡོ་རྗེ་བྲག་བཙན་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ།

༄༅། །རིགས་མཚུན་ལྷ་བསྲུངས་གཉན་པོ་རྡོ་རྗེ་བྲག་བཙན་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་ན་མཿཤྲཱི་ཧེ་རུ་ཀ་ཡ་མནྟ་ཀ་ཙ་ར་ཎ་ཡ། གང་ཞིག་མུན་པའི་གླིང་གི་སྐྱེས་གཅིག་པུ་རྡོ་རྗེ་བྲག་བཙན་ཡབ་ཡུམ་སྲས་བཅས་མཆོད་པར་འདོད་པས་གཙང་ཞིང་ཡིད་དང་མཐུན་པའི་གནས་སུ་མཆོད་པའི་ཡོ་བྱད་ཤ་ཁྲག་གི་གཏོར་མ་ཛ་གད་བསང་གསུར་རོལ་མོ་ཚང་བར་བྱས་ཤིང་རང་ཉིད་འཇིགས་བྱེད་གཤིན་རྗེ་གཤེད་ལྟ་བུ་ལྷག་པའི་ལྷ་ཡི་ང་རྒྱལ་བསྐྱེད་ལ། ཧཱུྃ། རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །བསྐལ་བཟང་སངས་རྒྱས་སྟོང་གི་འབྱུང་གནས་ཆེ། །རྡོ་རྗེ་ཁྲག་འཐུང་པདྨ་ཐོད་འཕྲེང་གིས། །བྱིན་རླབས་ནུས་པའི་མཐུ་བྱིན་དུས་འདིར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཧེ་རུ་ཀ་དཔལ་ཡོངས་ཀྱི་འཁོར་ལོས་བསྒྱུར། །འཇིགས་བྱེད་ཁྲོ་བོ་ཀུན་གྱི་སྤྱི་དཔལ་མཆོག །བཅོམ་ལྡན་དཔལ་ཆེན་ཡ་མནྟ་ཀ་ཡི། །དྲེགས་པའི་གཉེན་པོ་སྟོབས་ཀྱི་དངོས་གྲུབ་སྩོལ། །ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། དེ་ནས་འདིར་ཡབ་ཡུམ་སྲས་གསུམ་འཇིག་རྟེན་གྱི་དྲེགས་པ་རང་རྒྱུད་ཀྱི་ཚུལ་དུ་མཆོད་པ་ན་མདུན་དུ་སྐད་ཅིག་ཙམ་གྱིས་བྱོན་པར་བསམ་སྟེ་རྔ་དང་རྐང་གླིང་བཤུགས་པའི་སྒྲས་གཟི་བྱིན་བསྐྱེད་ལ་སྤྱན་འདྲེན་ནི། ཧཱུྃ་ཛཿབྷྱོ་ཡ༔དཔལ་ཆེན་འཁོར་ལོ་བདེ་མཆོག་དཀྱིལ་འཁོར་དུ། རྡོ་རྗེ་དཔའ་བོ་དཔའ་མོ་ཧེ་རུ་ཀ །གདུལ་བྱའི་དོན་དུ་རྒྱལ་བསྟན་བསྲུང་བའི་ཕྱིར། །དུར་ཁྲོད་བསིལ་བའི་ཚལ་དང་སོ་ཤའི་གླིང་། །ཁྱད་པར་གཤིན་དོང་ས་འོག་མུན་གླིང་ན། །བཅོམ་ལྡན་ཡ་མནྟ་ཀའི་བཀའ་སྟོད་ཚུལ། །ལས་དང་ཚེ་ལ་དབང་བསྒྱུར་དྲག་ཤུལ་ཅན། །འཆི་བདག་མུན་པའི་སྐྱེས་གཅིག་ཡབ་ཡུམ་སྲས། །དམ་ལྡན་བདག་གི་གདུང་བས་སྤྱན་འདྲེན་ན། །སྔོན་ཚེ་དཔལ་གྱི་སྤྱན་སྔར་ཁས་བླངས་བཞིན། །རྣལ་འབྱོར་དམ་ལྡན་ཕྲིན་ལས་མཛད་པའི་ཕྱིར། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཛཿབྷྱོ༔ བོད་ཡུལ་དབུ་རུ་སྲིན་རིར་སྲིན་མགོན་ནག །ཡབ་ཡུམ་འཁོར་བཅས་དམ་ལ་ད་ཚུར་བྱོན། །དྲ་བ་བློ་ཡུལ་སྤྲིན་འཛིན་ཀློ་བཙན་ནག །ཡབ་ཡུམ་འཁོར་བཅས་དམ་ལ་ད་ཚུར་བྱོན། །ཀོང་ཡུལ་རྒྱ་ལར་དོང་བདག་བཤན་པ་ཆེ། །ཡབ་ཡུམ་འཁོར་བཅས་དམ་ལ་ད་ཚུར་བྱོན། །ཀུ་ལུང་དགའ་ཚལ་རྔ་སྒྲར་བདུད་ཀྱི་མགོན། །ཡབ་ཡུམ་འཁོར་བཅས་དམ་ལ་ད་ཚུར་བྱོན། །ལྗོན་ཀླུང་བྲག་སྐེར་རྡོ་རྗེ་བྲག་བཙན་ཞེས། །ཡབ་ཡུམ༴ སྟག་ཚང་ཞིང་སྐྱོང་དབང་ཕྱུག་དགྲ་འདུལ་ཆེ། །ཡབ་ཡུམ་འཁོར་བཅས༴ ཚ་བ་བན་རི་སྒྲོ་བྲག་ལྷ་བཙན་དཀར། །ཡབ་ཡུམ་འཁོར་བཅས་དམ་ལ༴ བཙོན་རྒོད་རི་བཀྲ་རྡོ་རྗེ་དབང་དྲག་རྩལ། །ཡབ་ཡུམ་འཁོར་བཅས་༴ གཞན་ཡང་འཕྲུལ་ལྡན་སྐྱེས་བུ་ཆེན་པོ་ཁྱོད། །རྒྱ་གར་དུར་ཁྲོད་གནས་ཡུལ་ཆེན་པོ་དང་། །བོད་ཡུལ་དབུས་གཙང་གཙུག་ལག་སྒྲུབ་གནས་ཆེ། །གངས་ར་རྫོང་ཆེན་སྦས་ཡུལ་ལྗོངས་ལ་སོགས། །གང་དུ་བཞུགས་ཀྱང་འཇམ་དཔལ་གཤིན་རྗེ་དང་། །པདྨ་དབང་ཆེན་གསང་བདག་རྡོ་རྗེ་འཛིན། །པདྨ་ཐོད་འཕྲེང་སྤྱན་སྔར་དམ་བཅས་བཞིན། །དམ་ཚིག་ཅན་གྱི་གྲོགས་དཔལ་མགོན་བྱེད་སླད། །རྣལ་འབྱོར་གདུང་བའི་སེམས་ཀྱིས་འབོད་ལགས་ན། །མ་ཐོགས་མྱུར་བར་སྐད་ཅིག་ཡིད་མགྱོགས་ལྟར། །ཚུར་བྱོན་ཚུར་བྱོན་མུན་པའི་སྐྱེས་གཅིག་པུ། །ཡབ་ཡུམ་འཁོར་བཅས་གནས་འདིར་ད་ཚུར་བྱོན། །དགྱེས་པས་པད་ཉི་བམ་རོའི་གདན་ལ་བཞུགས། །དམ་ཚིག་གཉེན་པོ་བསྲུང་ཕྱིར་ཕྱག་ཀྱང་འཚལ། །ཁྱོད་མཆོད་ཕྱི་ནང་གསང་བ་ཀུན་བཟང་སྤྲིན། །བླ་མེད་རོལ་པ་སྦྱོར་སྒྲོལ་རྨད་བྱུང་རྫས། །དངོས་འབྱོར་ཡིད་སྤྲུལ་འཛད་མེད་ནམ་མཁའི་མཛོད། །འབུལ་ལོ་དགྱེས་བཞེས་འདོད་དོན་འཕྲིན་ལས་མཛོད། །མེ་ཏོག་བདུག་སྤོས་ལ་སོགས་ཉེར་སྤྱོད་རྫས། །གཟུགས་སྒྲ་དྲི་རོ་རེག་ཆོས་འདོད་ཡོན་ཚོགས། །སྨན་གཏོར་རཀྟ་ཤ་ཆང་བསངས་གསུར་དང་། །ཤུག་གླུ་རྐང་གླིང་རྔ་རོལ་རྔམ་སྙན་སྒྲ། །འབུལ་འདི་བཞེས་ལ་སངས་རྒྱས་བསྟན་པ་བསྲུང་། །བདག་ཅག་དམ་ལྡན་འཕྲིན་ལས་ཐོགས་མེད་མཛོད། །ཁྱད་པར་དམར་གཏོར་དགྲ་བོའི་རུ་པ་ནི། །གཟས་པོའི་དབང་པོ་དོན་སྙིང་སྲོག་དབུགས་མདངས། །བླ་ཚེ་སྲོག་ཏུ་དམིགས་ནས་འབུལ་བཞེས་རོལ། །བརྣག་པའི་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །ཡ་མ་རཱ་ཛ་མུན་ཏི་ཁྲག་རྒལ་མུན་རྩེ་ས་མ་ཡ་ཛ་ཛཿ ཨེ་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟ་པི་པ་ཧོ། སརྦ་ཤ་ཏྲུཾ་མ་རཱ་ཡ་ཙིཏྟ་ཁཱ་ཧི། ཧཱུྃ་བྷྱོ་ཡ། མུན་པའི་གླིང་གི་སྐྱེས་ཤིག་ཡ་མཚན་ཆེ། །ལྷ་ཅིག་མཚན་མང་རྣམ་འགྱུར་དུ་མའི་སྐུ། །ཁྱོད་ཀྱི་ཡབ་ནི་རལ་པ་ཚར་དགུ་སྟེ། །མཐིང་ནག་ཕྱག་གཉིས་ཁྲི་ཤིང་སྦྲུལ་ཞགས་བསྣམས། །ལྕགས་རལ་ཚར་དགུ་ཞལ་ནས་དུག་རླངས་ཐུལ། །དུག་སྦྲུལ་ལ་ཞོན་གཤིན་རྗེ་འབུམ་གྱིས་བསྐོར། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །སྐྱེས་མཆོག་ཡུམ་ནི་སྲིན་མི་སྭ་བདར་མ། །མཐིང་ནག་ཕྱག་གཉིས་རལ་གྲི་སྦྲུལ་ཞགས་གདེངས། །སྤྱི་གཙུག་གཡུ་རལ་ཞལ་ནས་ནད་རིམ་འཕྲོ། །སྟག་མོ་ལ་ཞོན་མ་མོ་འབུམ་གྱིས་བསྐོར། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །དྲེགས་པ་གཤིན་རྗེ་མ་མོ་འདུས་པའི་སྲས། །དོང་བདག་བཤན་པ་ལག་དམར་མུན་པ་སྐྱེས། །རྡོ་རྗེ་བྲག་བཙན་རྡོ་རྗེ་དབང་དྲག་རྩལ། །སྐུ་ནི་མུན་པ་དཔྲལ་སྤྱན་གཅིག་ཟླ་བ། །ཞལ་ན་ཚེམས་གཅིག་ཉི་མ་མེ་འོད་འབར། །ཕྱག་ན་སྤུ་གྲི་སྦྲུལ་གྱི་ཞགས་པ་བསྣམས། །ཆུ་གླང་དམར་ཞོན་འཁོར་དུ་སྲོག་བདག་འབུམ། །ལྷ་སྲིན་དྲེགས་པ་སྟོང་སྡེ་བརྒྱད་ཀྱིས་བསྐོར། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་དང་། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །ཁྱོད་ཡུམ་སྲིན་མོ་ནག་མོ་གྲི་ཐོད་ཅན། །སྲིན་མོ་འབུམ་བསྐོར་རླུང་ནག་འཚུབ་མར་རྒྱུ། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱང་སྒྲོལ། །དེ་ལྟར་འཆི་བདག་ཡབ་ཡུམ་སྲས་འཁོར་བཅས། །མཐུ་རྩལ་རྨད་བྱུང་སྤྲུལ་པ་བསམ་མི་ཁྱབ། །སྐྱེས་མཆོག་རྡོ་རྗེ་བྲག་བཙན་རྣམ་འགྱུར་ཡང་། །མ་ངེས་ཕྱི་ལྟར་ཡུལ་ལྷ་ཟོ་དོར་ཚུལ། །དུང་རྟ་ཤེལ་མི་མདུང་དར་ནོར་རྒྱལ་བསྣམས། །རིན་ཆེན་གོ་ལྡན་དྲེགས་བྱེད་སྟོང་སྡེས་བསྐོར། །ནང་ལྟར་བཙན་རྒོད་སྲིན་གཟུགས་དམག་ཆས་ཅན། །མཚོན་ཐོགས་རྟ་དམར་ལ་ཞོན་འདྲེ་དམག་བསྐོར། །གསང་བར་ལྷ་ཆེན་གནོད་སྦྱིན་དམར་ཚེར་སྐུ། །དར་དམར་ཐོད་བེར་ནོར་བུ་ལྕགས་ཀྱུ་བསྣམས། །ཞབས་ལ་བསེ་ལྷམ་སྟག་མོ་གྲུབ་མ་ཆིབས། །རང་འདྲའི་སྤྲུལ་དང་བཙུན་མོ་སྲས་བློན་བསྐོར། །རེ་འགའ་ཁྲོས་ཚེ་དྲེའུ་རྟ་རྐང་གསུམ་ཆིམས། །མི་རྒོད་ལྤགས་གསོལ་སྦྲུལ་གྱི་ཐོད་གདེངས་ཅན། །ཀླུ་བདུད་འབུམ་སྐོར་སྡང་དགྲ་རྩད་ནས་གཅོད། །དེ་ལྟར་ཕྱི་ནང་གསང་བའི་སྤྲུལ་ཚོགས་རྣམས། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །ཧཱུྃ་བྷྱོཿ མུན་པའི་སྐྱེས་བུ་ཕྱག་བརྙན་རྡོ་རྗེ་ལེགས། །སྙིང་སྡུག་བརྟེན་མ་བཀའ་འཁོར་དགེ་བསྙེན་དང་། །ལས་བྱེད་རོལ་པ་སྐྱ་བདུན་གདོང་དམར་མ། །སྡེ་དཔུང་བཀའ་ཉན་བྲན་གཡོག་ཡང་འཁོར་བཅས། །འདིར་གཤེགས་དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་ལོ་ཟླར་མ་འགྱངས་སྒྲོལ། །ཧཱུྃ་བྷྱོཿ དེ་ལྟར་དམ་ཅན་ཡབ་ཡུམ་སྲས་འཁོར་ལ། །མཆོད་ཅིང་བསྟོད་ནས་འཕྲིན་ལས་བཅོལ་བ་ནི། །པདྨ་ཐོད་འཕྲེང་རྗེས་འབྲང་རིག་འཛིན་གྱིས། །རིགས་རྒྱུད་རྒྱལ་བསྟན་འཛིན་སྐྱོངས་སྤེལ་ནུས་པ། །ཆེ་བཙན་གྲགས་ལྡན་རྒྱུན་མི་ཆད་པ་དང། །སློབ་རྒྱུད་མཁས་བཙུན་བཟང་པོ་འབའ་ཞིག་པས། །ཡུལ་དབུས་མཐའ་ཁོབ་ཀུན་ཏུ་འཕེལ་ཞིང་རྒྱས། །བདག་ཅག་དཔོན་སློབ་མོས་མཐུན་འཁོར་བཅས་ཀྱིས། །ཡིད་ལ་བསམ་པའི་འདོད་དོན་ལྷུན་འགྲུབ་པར། །མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་མངའ་ཐང་སོགས། །ཡར་སྐྱེད་སྙན་པའི་དུང་བསུས་གྲགས་པ་ཡིས། །བ་དན་སྲིད་རྩེར་འཕྱོར་ལ་ལྷ་འདྲེ་མི། །ཆེ་བཙན་དྲེགས་ཚོགས་མོས་བཞི་དབང་དུ་བསྡུས། །བདག་ཅག་སྡེ་རིགས་དམ་ལྡན་འཁོར་བཅས་ལ། །མངོན་གྱུར་སྦྱོར་རྩུབ་ལྐོག་གྱུར་བསམ་ངན་མཁན། །སྡང་ཞིང་གདུག་པར་བྱེད་པའི་དགྲ་བོ་རྣམས། །ལོ་དང་ཟླ་བར་མ་འགྱངས་ཞག་ཟ་མར། །ཚེ་སྟུང་སྲོག་ཆོད་སྙིང་ཕྱུང་ཐོད་པ་འབྲོགས། །ཀླད་པ་སྙིང་ཁྲག་བསྲེལ་ལ་ལྗིབ་ལྗིབ་གསོལ། །བསད་རྟགས་དོན་སྙིང་ད་ལྟ་ཁྱེར་ལ་ཤོག །གསོལ་ཡང་མི་གསན་བཅོལ་ཀྱང་མི་མཛད་ན། །དམ་ཅན་དྲེགས་པ་བརྟེན་པས་ཅི་ཞིག་བྱ། །བློ་བུར་ཧུར་ཐུམ་དགྲ་སྲོག་མི་གཅོད་ན། །མཐུ་རྩལ་ནུས་པ་ཆེ་ཞེས་སུ་ལ་ངོམ། །ལངྐའི་སྲིན་ཀྱང་གུས་པས་མཆོད་བསྟོད་པས། །ཕ་མ་ལྟར་བྱམས་བཅོལ་བའི་ལས་ཀྱང་མཛད། །ལྷ་ཁྱོད་རྗེ་བཙུན་བླ་མའི་འཇིག་རྟེན་གྱི། །རིགས་རུས་བསྐྱེད་བྱེད་ཆོ་བཙུན་ཡིན་ཞེས་དང་། །ཡུལ་གྱི་ལྷ་དང་རིག་འཛིན་རྒྱུད་བསྲུང་ཞེས། །མཆོད་བསྟོད་རྟག་ཏུ་དུང་བས་མངའ་གསོལ་ན། །རྣལ་འབྱོར་བདག་གི་འཕྲིན་ལས་ཅིས་མི་མཛད། །མ་ཡེལ་མ་ཡེལ་འཆི་བདག་ཡབ་ཡུམ་སྲས། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །ཁས་བླངས་དམ་ལྡན་ཇི་བཞིན་སྒྲུབ་པ་པོ། །བཅོལ་བའི་འཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །

ཅེས་པ་འདི་ཡང་དབེན་གནས་གཉན་གྱི་བསྲུང་མར་ཞེན་པའི་དོན་གཉེར་འགའ་ཡིས་བསྐུལ་བ་དང་། རང་རེའི་རིགས་རུས་བསྐྱེད་བྱེད་ཆོ་མཚུན་གྱི་ངོ་བོ་ཡིན་ཞེས་ཀྱང་ཐོས་པ་ལ་བརྟེན་ནས་གསོལ་མཆོད་རྒྱུན་ཁྱེར་གྱི་ཚུལ་དུ་རྐོང་ཡུལ་གྱི་མཐིལ་དུར་ཁྲོད་པདྨ་རྩེགས་པ་དང་མཚུངས་པ་ཆུ་བོ་གཡས་འཁྱིལ་གྱི་སྒྲུབ་སྡེ་གཙང་པོ་མགོ་དགུར་ཆུ་ཕག་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཐུན་བར་གཅིག་ཏུ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བརྗོད་པ་བཀྲ་ཤིས་དགེ་ལེགས་ཀྱི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།

མང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས།

༄༅། །མང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །

༈ མ་ཧཱ་གུ་རུ་བཛྲ་རུ་ཏྲོ་པ་ཀྲ་མ་ན་མོ། རྒྱལ་ཀུན་བསྐྱེད་བྱེད་ཡེ་སངས་རྒྱས་པའི་དངོས། །རིག་ཀུན་ཁྱབ་བདག་བླ་མེད་བླ་མ་ཆེ། །མཆོག་ཀུན་འདུས་པའི་ངོ་བོ་རིག་པ་འཛིན། །འགྲོ་ཀུན་འདྲེན་བྱེད་མཚོ་སྐྱེས་རྡོ་རྗེར་འདུད། །གང་དེའི་བསྒྲུབ་པའི་གནས་དང་ཟབ་མོའི་གཏེར། །རྒྱུད་འཛིན་སྐྱོངས་ལ་གཡེལ་མེད་ཉུལ་ལེ་མ། །བལ་བོད་མཚམས་ཀྱི་ཞིང་སྐྱོང་དྷཱཀྐིའི་གཙོ། །གངས་སྨན་རྒྱལ་མོའི་མཆོད་སྤྲིན་འདིར་བཀོད་དོ། །གནས་དབེན་གཙང་མར་རིན་ཆེན་བརྡར་བའི་ཕྱེ། །དཀར་དམར་ཛ་གད་སྦྱར་བའི་བཱ་ལིནྟ། །གྲུ་འདབ་བཞི་པ་ཉི་ཟླ་ནོར་བུས་བརྒྱན། །མཆོད་པའི་བྱེ་བྲག་ཅི་རིགས་ཀྱིས་བསྐོར་བཤམས། །དེ་ནས་རྣལ་འབྱོར་བདེ་བའི་གདན་ལ་འདུག །སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་གྲུབ་ནས། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྐད་ཅིག་དྲན་རྫོགས་པད་ཉིའི་གདན་སྟེགས་སུ། །རང་ཉིད་གསང་བདག་པད་འབྱུང་གསལ་བ་ཡི། །ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །མཆོད་རྫས་སྐྱོན་གསལ་ཡོན་ཏན་རྒྱས་བྱིན་བརླབས། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྟོང་ངང་མདུན་མཐར་རིན་ཆེན་གཞལ་ཡས་དབུས། །པདྨ་འདབ་བཞི་ལྟེ་བར་ཟླ་སྟེང་ལ། །མ་ལས་བརྩེ་ལྡན་རྒྱ་གར་རལ་གཅིག་མ། །ཞལ་གཅིག་ཕྱག་གཉིས་ལྷུན་སྡུག་གངས་རིའི་མདོག །ཞི་འཛུམ་མདངས་ལྡན་སྤྱན་གཉིས་ཟུར་མིག་གཡོ། །དཔྲལ་བར་ཡེ་ཤེས་ཐིག་ལེ་སྤྱན་གཅིག་བརྒྱན། །ཆེར་སྒེག་ཞལ་རས་དུང་སོ་གཡུ་སྨིན་འཁྱུགས། །བཅུ་དྲུག་ན་ཚོད་མཐོང་དྲན་བདེ་བ་བསྐྱེད། །ཡིད་འཕྲོག་མཐོན་དཀའི་རལ་པ་གཙུག་བཅིངས་པའི། །རྩེ་མོར་བསམ་འཕེལ་དབང་གི་ནོར་བུ་སྤྲས། །ལྷག་མ་མཐར་འཕྱང་ཟུར་ཕུད་ལྔ་རུ་མཛེས། །གསེར་གཡུ་མུ་ཏིག་སྤེལ་བའི་དབུ་རྒྱན་བཅིངས། །རབ་མཚར་སྦྲུལ་གྱི་གདེངས་ཀ་གསུམ་གྱིས་བརྒྱན། །སྙན་གོང་གཡས་གཡོན་ཆུ་སྐྱེས་དཀར་འཚེར་བཞད། །ཕྱག་གཡས་ལྕགས་ཀྱུའི་འགྲོ་བའི་ཡིད་དབང་འགུགས། །གཡོན་ཐོད་བུམ་རིལ་སྒྲུབ་ལ་དངོས་གྲུབ་སྩོལ། །སྐུ་སྟོད་རིན་ཆེན་རྒྱན་འཕྲེང་དར་པཎ་གཡོ། །སྨད་གཡོགས་མཐིང་ཁྲ་རཏྣ་དར་ཆིངས་ཀླུབས། །རྨ་བྱའི་སྒྲོ་མདངས་ཐུལ་པ་འཇའ་ལྟར་བཀྲགས། །གསེར་དངུལ་ཕྱག་གདུབ་ལྕགས་སྒྲོག་ཞབས་གདུབ་འཁྲོལ། །ནོར་བུ་སྤུང་ཁྲིར་ཞབས་གཉིས་འགྱིངས་གར་བཞུགས། །ཕྱོགས་འདབས་བཞི་ལ་མདུན་ནས་གཡས་བསྐོར་དུ། །ཕྲིན་ལས་བཞི་བསྒྲུབ་ལྷ་སྨན་ཆེན་མོ་བཞི། །ཞི་མཛད་དཀར་འཛུམ་མདའ་དར་མེ་ལོང་ཐོགས། །དཔལ་བསྐྱེད་སེར་བཞད་ནོར་བུ་བུམ་པ་བསྣམས། །དབང་མཛད་དམར་ཆགས་ལྕགས་ཀྱུ་ཞགས་པ་འཛིན། །སྒྲོལ་བྱེད་ནག་ཁྲོས་ཁྲི་ཤིང་ནད་རྐྱལ་གདེངས། །འཁོར་དུ་རང་རང་རིགས་མཐུན་འབུམ་སྡེ་དང་། །བརྟན་མ་གཞི་བདག་ལྷ་ཀླུ་བཙན་བདུད་བསྐོར། །གཞན་ཡང་ལྷ་སྨན་ཆེན་མོའི་ཡབ་དང་ཡུམ། །ཀླུ་རྒྱལ་ནོར་སྐྱོངས་ཀླུ་སྨན་འོད་ལྡན་མ། །མིང་པོ་ལྷ་བཙན་བཀའ་ཉན་དགེ་བསྙེན་སོགས། །རང་རང་བུ་སྨད་ཁྱོ་གྲོགས་མཛའ་བཤེས་བཅས། །དཔག་མེད་སྤྲིན་ཕུང་འཐིབ་པ་ལྟར་གསལ་ཞིང་། །བདག་མདུན་ཐུགས་ཁའི་འོད་ཟེར་ལྕགས་ཀྱུ་ཡིས། །རང་བཞིན་གནས་དང་བྱང་ཤར་རྒྱ་མཚོའི་གླིང་། །རི་རབ་ཟོམ་དང་རྡོ་རྗེ་གདན་གྱི་སྤོ། །བལ་བོད་ས་མཚམས་མང་ཡུལ་དཔལ་འབར་རི། །གཞན་ཡང་གྲུབ་པའི་གནས་ཡུལ་ས་གསུམ་ཁམས། །གང་དུ་བཞུགས་ཀྱང་ཇོ་མོ་འཁོར་དང་བཅས། །སྐད་ཅིག་མྱུར་བ་ཉིད་དུ་སྤྱན་དྲངས་གྱུར། །མ་མ་དེ་ཝི་རེ་མ་ཏི་བྷྱོཿས་མ་ཡཱ་ཛ་ཛཿ བྷྱོཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཇོ་མོ་རྒྱ་དཀར་མ། །འདོད་དགུ་བསྒྱུར་བའི་འཕྲུལ་མོ་ཆེ། །ཆོས་ཀྱི་དབྱིངས་སུ་རལ་གཅིག་མ། །བྱང་ཤར་མཚམས་ན་དཔལ་འབར་མ། །རྡོ་རྗེ་གདན་ན་རེ་མ་ཏི། །བལ་བོད་མཚམས་གྱུར་མང་ཡུལ་རི། །དཔལ་འབར་གནས་ན་ཞིང་སྐྱོང་མ། །ཡབ་ཡུམ་མཆེད་འཁོར་མང་པོ་དང་། །བཀའ་ཉན་ལས་མཁན་བཅས་པ་ཀུན། །སྔོན་ཚེ་ཐུབ་ཆེན་གསང་བའི་བདག །བར་དུ་དབང་ཆེན་པདྨ་འབྱུང་། །ཐ་མར་གཏེར་གྲུབ་མཆོག་རྣམས་ཀྱི། །སྤྱན་སྔར་ཁྱོད་ཀྱིས་གཟུགས་བསྟན་ཅིང་། །སྲོག་ཕུལ་གཡར་དམ་བླང་བ་བཞིན། །སྤྱན་འདྲེན་གནས་འདིར་བྱོན་ནས་ཀྱང་། །དགྱེས་པའི་ཞལ་སྟོན་གྲུབ་རྟགས་ཕྱུང་། །བཅོལ་བའི་ལས་མཛོད་དངོས་གྲུབ་སྩོལ། །བྷྱོཿམ་མ་དེ་ཝི་ཨེ་ཀ་ཛ་ཊི་རི་མ་ཏི་ས་པཱ་རི་ཝཱ་ར་ཨ་གད་ཚ་ས་མ་ཡཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿཧོ། འདིར་བཤམས་པད་ཟླ་ནོར་བུའི་ཁྲིར། །ཇོ་མོ་འཁོར་བཅས་དགྱེས་བཞུགས་གསོལ། །བསྟན་པ་བསྲུང་ཕྱིར་ཐལ་མོ་སྦྱར། །གུས་པའི་ཡིད་ཀྱིས་མཆོད་པར་བགྱི། །ཕྱི་ནང་གསང་བ་དེ་བཞིན་གྱི། །མཆོད་པ་ཀུན་བཟང་རྒྱན་གྱི་སྤྲིན། །དངོས་ཡིད་ལས་སྐྱེས་ནམ་མཁའི་མཛོད། །དཔག་གིས་མི་ལོང་ཆོས་དབྱིངས་ཁྱོན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྙན་པའི་སྒྲ་དབྱངས་དང་། །གཟུགས་སྒྲ་དྲི་རོ་རེག་བདེ་ཆོས། །མཱ་དཱ་ན་དང་དྷུ་དྷེ་རཾ། མ་ཧཱ་བཱ་ལིན་ཨ་མྲྀ་ཏ། །ཐབས་ཤེས་བདེ་སྟོང་དགའ་བཞིའི་གྲོས། །ཉོན་མོངས་རང་གྲོལ་ཆོས་དབྱིངས་ཀློང་། །རྣམ་པར་དག་པའི་མཆོད་ཚོགས་ཀུན། །དཔལ་འབར་ཞིང་སྐྱོངས་དྷཱ་ཀི་མ། །འཁོར་དང་བཅས་ལ་འབུལ་ལགས་ཀྱིས། །དགྱེས་བཞེས་རྣལ་འབྱོར་ཕྲིན་ལས་བཞི། །ཐོགས་མེད་ལྷུན་གྱིས་གྲུབ་པར་མཛོད། །མ་མ་ཥེ་ཊ་པཱ་ལ་དི་ཝི་ནི་ས་པཱ་རི་ཝཱ་རི་ཨརྒྷཾ་པ་དྱཾ་པུཥྤེ་ཨ་ལོ་ཀེ་གནྡེ་ནཻ་ཝི་དྱ་ཤབྡ་པཱུཙྪ་ཨཱཿཧཱུྃ། རུ་པ་ཤབྡ་གནྡེ་རཱ་སྱ་སྤཪྴེ་དྷརྨཱ་པཱུཙྪ་ཨཱཿཧཱུྃ། སརྦ་པཱཉྩ་ཨ་མྲྀ་ཏ་རཀྟ་ཁ་ཁ་ཁཱ་ཧི། ཨ་ཧེཾ་ཏི་ཏ་བྷོ་དྷི་ཙིཏྟ་གུ་ཧྱ་པཱུཙྪ་ཧོཿ ཁྱད་པར་གཏོར་མཆོད་སྔགས་རྒྱས་བྱིན་བརླབས་ཏེ། མ་མ་རུ་ལུ། ལ་ལ། ལི་ལི། ཏ་ཏ། ཏེ་ཏེ། རུ་ལུ་རུ་ལུ་བྷྱོཿ ཤྲཱི་ཛྭ་ལ་ཥེ་ཊ་པཱ་ལ་དེ་ཝི་ས་མ་ཡཱ་ཛ་ཛཿ ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ཏེ་མཉེས་པར་བསམ། བྷྱོཿ གདོད་ནས་རྣམ་དག་སྐྱེ་མེད་ཆོས་སྐུའི་ངང་། །འགག་མེད་འོད་གསལ་ལྷུན་གྲུབ་སྒྱུ་འཕྲུལ་གར། །ཀུན་ཁྱབ་ཐུགས་རྗེ་རྟེན་འབྲེལ་རོལ་པའི་ཀློང་། །སྣང་སྲིད་འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དབུས། །བདེ་ཆེན་དཔའ་མོ་ཞིང་སྐྱོངས་མཁའ་འགྲོའི་ཚུལ། །ལས་མཛད་སྨན་ཅིག་ཇོ་མོ་རྒྱ་དཀར་མ། །སྣ་ཚོགས་ཅིར་ཡང་སྟོན་པའི་རྫུ་འཕྲུལ་ཅན། །དམ་ལྡན་སྐྱོང་མཛད་མ་ལ་ཕྱག་འཚལ་བསྟོད། །ཚངས་སྲས་དབང་མོ་གསར་དུ་དགྱེས་པའི་སྐུ། །བདེ་ཆེན་བཅུ་དྲུག་ལང་ཚོ་རབ་ཏུ་སྒེག །མཐོང་དང་དྲན་པ་ཉིད་ནས་བདེ་བ་འབར། །ལྷན་སྐྱེས་པདྨའི་རྒྱལ་མོ་ཁྱོད་ལ་བསྟོད། །རབ་དགའི་རྒྱུད་མངས་སྙེམས་པ་ཕྲོག་པའི་གསུང་། །སྦྱོར་བ་དྲུག་ཅུ་མགྲིན་པའི་ཏམྦུ་ར། །ཐོས་པ་ཉིད་ནས་དབང་མེད་ཚངས་དབྱངས་འགུགས། །ཡིད་འཕྲོག་དབྱངས་ལྡན་རྒྱལ་མོ་ཁྱོད་ལ་བསྟོད། །མིག་སྟོང་ལྡན་ཡང་སྐྱེངས་བྱེད་མཁྱེན་པའི་དབང་། །རྨད་བྱུང་རྒྱལ་བའི་བཀའ་དང་དེ་འཛིན་ལ། །གཡེལ་མེད་བུ་ལྟར་བརྩེ་བའི་ཐུགས་རྗེ་ཅན། །བདེན་དོན་མངོན་གྱུར་རྒྱལ་མོ་ཁྱོད་བསྟོད་དོ། །མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པ་ན། །ཅི་ལྟར་རེ་བའི་འདོད་དོན་གང་ཡིན་པ། །ཐོགས་མེད་སྩོལ་མཛད་ཡིད་བཞིན་ལྷ་མོ་ཆེ། །འགྲོ་བའི་རེ་བསྐང་རྒྱལ་མོ་ཁྱོད་བསྟོད་དོ། །ཁྱོད་སྔོན་རིག་འཛིན་པདྨ་ཐོད་འཕྲེང་གིས། །གསང་བའི་ལྡེམ་མཛད་བཀའ་ཡི་གཉེར་འཛིན་བསྐོས། །རྒྱུད་འཛིན་སྐྱོངས་བར་ཞལ་བཞེས་དམ་ཚིག་ཅན། །སྨན་ཅིག་རྒྱ་གར་ལྷ་མོར་གུས་པས་བསྟོད། །བཀའ་ཉན་ལས་བྱེད་རིགས་ཀྱི་ལྷ་མོ་བཞི། །འཁོར་དུ་སྨན་མོ་བརྟན་མ་ཡུལ་ས་དང་། །ལྷ་ཀླུ་གཉན་བདུད་འབྲོག་མོ་གཟའ་དང་བཙན། །མ་ལུས་འཁོར་དང་བཅས་ལ་བདག་གིས་བསྟོད། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །དམ་ལྡན་ཆོས་མཐུན་དཔུང་གྲོགས་གཡེལ་མེད་ཅིང་། །རྣམ་བཞིའི་འཕྲིན་ལས་ཐོགས་མེད་འགྲུབ་པ་དང་། །ས་འདིར་གསང་སྔགས་བསྟན་པ་དར་རྒྱས་ཤིང་། །འཆད་ཉན་བསྒོམ་བསྒྲུབ་ཉམས་མེད་གོང་དུ་འཕེལ། །ཉམས་དང་རྟོགས་པའི་འབྲས་བུ་མྱུར་དུ་སྨིན། །བཀའ་བཙན་བྱིན་ཆེ་ཡུན་གནས་ཕྲིན་ལས་མཛོད། །སརྦ་སིདྡྷཾ་མེ་པྲ་ཡཙྪནྟུ་ཡེ་སྭཱ་ཧཱ། དེ་ནས་མཆོད་བསྒང་བཤགས་པའི་ལས། །བསྐང་བའི་གཏོར་མ་བརྒྱན་ལྡན་དང་། །མཆོད་པའི་བྱེ་བྲག་ཅི་འབྱོར་བ། །བཤམས་ཤིང་དབྱངས་སྙན་རོལ་མོ་བཅས། །ཧཱུྃ་བྷྱོཿ འཛམ་གླིང་དབུས་འགྱུར་བྱང་གི་ཕྱོགས། །བོད་ཡུལ་ལྷ་ལྡན་ལྷོ་ནུབ་མཚམས། །མང་ཡུལ་སྐྱིད་རོང་བཀྲ་ཤིས་ལྗོངས། །རྒྱལ་བས་ལུང་བསྟན་དཔལ་འབར་རི། །མཐོ་བ་གུང་སྔོན་དབྱིངས་སུ་སྙེགས། །སྲིད་པའི་གངས་རི་ཤེལ་ལྟར་འཚེར། །འཇའ་སྤྲིན་ན་བུན་མགུར་ཆུར་འཁྲིལ། །ཁུ་འཕང་སྦྲང་ཆར་རྒྱུན་མི་ཆད། །སྤུ་སྡུག་བྱ་རིགས་གསུང་སྙན་སྒྲོགས། །རི་དྭགས་མང་པོ་ཁྱུ་རུ་རྩེ། །གཅན་གཟན་ཉམས་རྩལ་སྟོབས་ལྡན་རྒྱུ། །དྲི་བཟང་སྤོས་ཀྱི་ནགས་ཚལ་བསྐོར། །གྲུབ་པའི་རྣལ་འབྱོར་སྤྱོད་པར་རྒྱུ། །དཔའ་བོ་མཁའ་འགྲོས་བརྡའ་སྐད་སྒྲོགས། །དེ་འདྲའི་གནས་མཆོག་ཡ་མཚན་ན། །ཞིང་སྐྱོང་བརྟན་མ་ཆེན་མོ་བཞུགས། །ཇོ་མོ་རྒྱ་དཀའ་ཞེས་བྱའོ། །སྐུ་ལ་དེ་ནི་ཅི་གསོལ་ན། །མཛེས་སྡུག་རྨ་བྱའི་ཐུལ་པ་གསོལ། །དབུ་ལ་སྦྲུལ་གྱི་གདེངས་ཀས་བརྒྱན། །ཕྱག་ན་རིན་ཆེན་མཆོག་ཕུར་དྲིལ། །ཆིབས་ལ་དེ་ནི་མ་ངེས་ཀྱང་། །ཕལ་ཆེར་དྲེའུ་ཁ་དཀར་ཞོན། །འཁོར་དུ་སྨན་ཕྲན་འབུམ་དང་བཅས། །སྐད་ཅིག་རེ་ལ་སྲིད་གསུམ་ཉུལ། །དམ་ཚིག་ཅན་ལ་སྟོང་གྲོགས་མཛད། །དམ་ཉམས་སྙིང་སྲོག་འབྲལ་བར་བྱེད། །རིན་ཆེན་རྒྱལ་བའི་བསྟན་པ་བསྲུང་། །ཟབ་མོ་གཏེར་གྱི་གཉེར་མཛད་མ། །ཡ་མཚན་ལྷ་མོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཁྱེད་ཀྱི་ཐུགས་དམ་བསྐང་བར་བགྱི། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་སུ་འབྱོར་དང་ཡིད་སྤྲུལ་རྫས། །མཛེས་པའི་མེ་ཏོག་དྲི་ཞིམ་སྤོས། །སྣང་གསལ་མར་མེ་བསུང་ལྡན་ཆབ། །ཁམས་གསོ་བརྟག་ཞིབ་ཞལ་ཟས་ཆེ། །སྙན་པའི་གླུ་དབྱངས་རོལ་མོའི་སྒྲ། །ཡིད་དུ་འོང་བའི་མཆོད་པ་འདི། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གཞན་ཡང་གཟུགས་སྒྲ་དྲི་རོ་རེག །འདོད་ཡོན་ལྔ་ལྡན་ཆོས་ཡིད་ཚིམ། །ལྷ་མོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །མཐུན་པའི་དམ་རྫས་འབུལ་བ་ནི། །རིན་ཆེན་ལྔ་དང་དར་ཟབ་ལྔ། །དཀར་གསུམ་མངར་གསུམ་རྩི་སྨན་བཅུད། །ཀླུ་སྨན་ཤིང་ཏོག་སྣ་ཚོགས་པས། །གནས་བདག་ཇོ་མོ་འཁོར་བཅས་ཀྱི། །ཐུགས་རྗེ་ཆེན་པོ་ཕྲིན་ལས་མཛོད། །རྨ་བྱའི་སྒྲོ་མདངས་དར་ཟབ་གདུགས། །བྱང་ཆུབ་ཤིང་ལོ་རླུང་གཡེང་པ། །ས་ལ་མ་ལྷུང་བླང་བ་དང་། །འབོད་པའི་གཡབ་དར་བརྟེན་པའི་རྫས། །རིན་ཆེན་ཤེལ་རྡོ་སྲོག་ཤིང་སོགས། །ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ། །གཞན་ཡང་སྐུ་གཟུགས་སྔགས་བྱང་དང་། །དམར་དར་མེ་ལོང་ཤེལ་འཕྲེང་རྣམས། །ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ། །གཡར་དམ་གཉན་པོ་དེས་བསྐང་ཅིག །ནང་གི་དབང་པོ་སྣ་ལྔ་དང་། །བདུད་རྩིའི་སྨན་དང་རཀྟ་དམར། །མཐུན་པའི་དམ་རྫས་བཱ་ལིནྟ། །སྦྱོར་སྒྲོལ་གཱ་ཎ་ཙཀྲ་སོགས། །བླ་མེད་གསང་བའི་རྫས་མཆོག་གིས། །རེ་ཏི་འཁོར་བཅས་ཐུགས་དམ་བསྐང་། །གཞན་ཡང་བསྒོམ་བསྒྲུབ་ཏིང་ངེ་འཛིན། །དཀར་པོ་དགེ་བའི་ལས་གྱུར་པས། །དཔལ་ལྡན་གཉན་གྱི་རེ་མ་ཏི། །ཇོ་མོ་འཁོར་བཅས་ཐུགས་དམ་བསྐང་། །རང་རང་མཐུན་རྫས་དཔག་མེད་པས། །མཚན་བཟང་དྷཱ་ཀིའི་ཐུགས་དམ་བསྐང་། །རྡོ་རྗེ་རལ་གཅིག་ཐུགས་དམ་བསྐང་། །ལྷ་སྨན་ཆེན་མོའི་ཐུགས་དམ་བསྐང་། །བསྟན་མ་ཆེན་མོའི་ཐུགས་དམ་བསྐང་། །སྨན་ཕྲན་འབུམ་ཡོངས་ཐུགས་དམ་བསྐང་། །མཆེད་འཁོར་བྲན་བཅས་ཐུགས་དམ་བསྐང་། །ཡབ་གཅིག་ཀླུ་རྒྱལ་ཐུགས་དམ་བསྐང་། །ཡུམ་གཅིག་ཀླུ་སྨན་ཐུགས་དམ་བསྐང་། །གཞན་ཡང་ཇོ་མོ་ཆེན་མོ་ཡི། །མིང་པོ་བཀའ་སྡོད་མཛའ་གྲོགས་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བསྐང་རྫས་བསམ་གྱིས་མི་ཁྱབ་པ། །ཀུན་བཟང་རྒྱན་སྤྲིང་ལས་བྱུང་བ། །གང་ལ་གང་འདོད་མཐུན་པའི་རྫས། །ཐོགས་མེད་འཕྲོ་བས་ཐུགས་དམ་བསྐང་། །གཡག་ལུག་ར་དང་མཁའ་ལྡིང་ཚོགས། །ཟལ་ལེ་འབྲི་ཡི་ཚོགས་ཀྱིས་བསྐང་། །ཐུགས་དམ་གཉན་པོ་དེས་བསྐང་ནས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་བཟློག་པ་དང་། །ཆགས་ཆེ་ཉམས་ང་དགྲ་ལ་བསྒྱུར། །ཚེ་བསོད་དཔལ་འབྱོར་སྙན་པ་སྤེལ། །ཟས་ནོར་ལྷ་འདྲེ་མི་གསུམ་བསྡུས། །གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །བཅོལ་བའི་ལས་ཀུན་མྱུར་འགྲུབ་མཛོད། །ཧོ། ཞིང་སྐྱོང་མཁའ་འགྲོ་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་མ་རིག་མ་རྟོགས་པས། །རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་གི །དམ་ཚིག་ཉམས་པ་གནོང་འགྱོད་མཐོལ་ཞིང་བཤགས། །ཆེ་ཞེས་དཔལ་ལྡན་རེ་མ་ཏི། །གནས་གཏེར་སྐྱོངས་ཕྱིར་ཀླུ་དབང་སྲས་མོའི་ཚུལ། །སྨན་གཅིག་ཇོ་མོ་རྒྱ་གར་སྐུར་སྟོན་པ། །དོན་དམ་རྫོགས་སངས་རྒྱས་ཉིད་ཡིན་པ་ལ། །གདུལ་བྱ་འདུལ་ཕྱིར་ཐབས་མཁས་མཛད་གྱུར་པ། །མ་རྟོགས་དྲེགས་པར་བཟུང་བ་མཐོལ་ལོ་བཤགས། །མྱ་ངན་འདས་ཀྱང་བསྟན་པ་བསྲུང་བའི་ཆེད། །འཇིག་རྟེན་ཚུལ་སྣང་ལེགས་ཉེས་གཏང་འཛིན་ཞིང་། །བཀའ་འཁོར་བྲན་གཡོག་མི་སྲུན་གདུག་པས་བསྐོར། །ཁྱེད་རྣམས་ཐུགས་དང་འགལ་ཀུན་མཐོལ་ཞིང་བཤགས། །དམ་རྫས་མ་གཙང་ཕུད་གཏོར་དུས་ལས་གཡེལ། །མཆོད་རྫས་རྒྱ་ཆུང་བྱིན་བརླབས་མ་ནུས་ཤིང་། །ཆོ་ག་མ་དག་སྔགས་དང་ཕྱག་རྒྱ་ནོར། །ཏིང་འཛིན་མ་གསལ་བཟླས་པའི་གྲྭ་ཟུར་ཉམས། །ལེ་ལོ་རྐྱེན་དབང་བྱིང་རྨུགས་འཐིབ་པས་མྱོས། །རྣམ་གཡེང་དབང་གྱུར་ཁས་བླངས་དམ་དང་འགལ། །དེ་སོགས་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་ཀུན། །སྔགས་ནག་ཇོ་མོ་འཁོར་བཅས་སྤྱན་སྔར་བཤགས། །གཙང་རིག་ལྷ་རྣམས་མི་དགྱེས་ལས་གྱུར་པ། །མི་གཙང་ཐབ་གཞོབ་འཐབ་འཁོན་ཀུ་ཅོ་དང་། །དམ་ཉམས་ཡུགས་ས་མཛེ་གྲིབ་གོས་པ་དང་། །རྨེ་རྣལ་ཟས་གོས་སྤྱོད་པ་བྱོལ་ཉོག་པས། །བསྲུང་མ་མི་དགྱེས་ལས་སུ་གྱུར་པ་ཀུན། །མཐོལ་ཞིང་བཤགས་སོ་བྲང་ཞིང་དག་གྱུར་ཅིག །བསྒྲུབ་པའི་ཡུལ་ལྗོངས་དབེན་པའི་གནས་རྣམས་སུ། །ས་ཆུ་རྡོ་ཤིང་གཉན་པོར་གྱུར་པ་ལ། །མ་ཤེས་རྐོ་དཀྲུགས་བསློག་བཅད་བྱས་པ་དང་། །ཡི་མཐུན་ཐུགས་དང་འགལ་བའི་ལས་གྱུར་ཀུན། །བརྟན་མ་འཁོར་བཅས་སྤྱན་སྔར་མཐོལ་བཤགས་བགྱི། །བཟོད་བཞེས་གདུག་སེམས་ཞི་བར་མཛད་དུ་གསོལ། །བདག་ནི་ཇི་སྙེད་མཁྱེན་པའི་མཐུ་མེད་པས། །ལྷ་སྨན་ཡབ་ཡུམ་ལྕམ་དྲལ་བཀའ་འཁོར་བཅས། །བརྟེན་ཅིང་མཆོད་ལ་རང་རང་མཐུན་པའི་རྫས། །མ་འཛོམ་ཕྱི་ནང་མཆོད་པ་འདྲེས་པ་དང་། །གཙང་རྨེ་འདྲེས་སོགས་རིགས་དང་མི་མཐུན་པ། །མཆོད་རྟེན་རྫས་སུ་བགྱིད་པར་གྱུར་པ་དང་། །འབག་བཙོག་དྲིས་འབག་ཉམས་དང་ཚོགས་འདྲེས་སོགས། །འགལ་བའི་ལས་ཀུན་ལྷ་སྨན་འཁོར་བཅས་ཀྱི། །སྤྱན་སྔར་གནོང་ཞིང་འགྱོད་པས་མཐོལ་བཤགས་བགྱི། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །གཞན་ཡང་ལྟ་བ་མ་རྟོགས་ཀློང་མ་གྱུར། །བསྒོམ་པ་འཕེལ་འགྲིབ་ཉམས་རྟོགས་རྩལ་མ་རྫོགས། །སྤྱོད་པ་ལ་བཟླ་ཤན་འབྱེད་ཚུལ་མ་མཁས། །འབྲས་བུ་སྤང་ལེན་རེ་དོགས་སོང་བ་དང་། །མདོར་ན་འབྲས་བུའི་ཐེག་པ་སྔགས་ཕྱི་ནང་། །ཐུན་མོང་སྡེ་སྣོད་རྣམ་པ་གསུམ་པོ་ཡི། །གནས་ལུགས་ཉམས་ལེན་བསླབ་སྤྱོད་འགལ་གྱུར་ཀུན། །གཏང་འཛིན་མཁའ་འགྲོ་འཁོར་དང་བཅས་པ་ལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞིང་སྐྱོངས་མཁའ་འགྲོ་འཁོར་དང་བཅས་པ་ཡི། །སྤྱན་སྔར་སྨྲེངས་ཤིང་བཤགས་པ་འདི་གསོལ་བས། །འགལ་འཁྲུལ་ཉེས་པར་གྱུར་པ་ཡོངས་བྱང་སྟེ། །མ་དང་མཁའ་འགྲོས་བུ་ལྟར་སྐྱོངས་ནས་ཀྱང་། །ལས་བཞིའི་འཕྲིན་ལས་གང་བསམ་ཐོགས་མེད་ཅིང་། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །ཡེ་ཤེས་རླུང་གཡོས་དབུ་མའི་མདུད་པ་བཀྲལ། །བདེ་ཆེན་ཁམས་ཏི་ཡོངས་ཁེངས་ནས། །ཁ་སྦྱོར་ཡན་ལག་བདུན་གྱི་ཡོན་ཏན་ཀུན། །ལྷན་སྐྱེས་མཁའ་འགྲོའི་ནུས་པས་གདེངས་ཐོབ་སྩོལ། །མདོར་ན་རྣམ་མཁྱེན་བྱང་ཆུབ་ཆེན་པོའི་སར། །བར་དུ་སྐྱེ་བ་གར་ལེན་ཡང་། །སྔགས་བདག་མ་མོས་རྟག་ཏུ་བསྲུང་བ་དང་། །མི་མཐུན་ཀུན་ཞི་མཐུན་དགུ་འབད་མེད་འགྲུབ། །ཚེ་རིང་ནད་མེད་དཔལ་འབྱོར་ལོངས་སྤྱོད་རྒྱས། །དབང་དྲག་ནུས་པའི་བརྟུལ་ཞུགས་མཐའ་རུ་ཕྱིན། །ནོར་འཁྲུལ་མི་མངའ་རྒྱལ་བའི་མཁྱེན་ཡེ་རྫོགས། །བུ་སློབ་དར་རྒྱས་སྨིན་གྲོལ་གྲོགས་མཛོད་ཅིག །དོན་དམ་ངོ་བོར་ཆོས་ཀུན་རང་རིག་གདངས། །གཉིས་འཛིན་འཁྲུལ་པའི་གཟེབ་ལས་ཡོངས་འདས་པས། །བཤགས་དང་བཤགས་བྱེད་སོ་སོར་མི་དམིགས་ཤིང་། །མཉམ་པའི་རང་བཞིན་ཡེ་ནས་གཅིག་པར་གནས། །ཀུན་རྫོབ་སྒྱུ་མ་ཙམ་དུ་རྒྱུ་འབྲས་ཆོས། །འགག་མེད་བྱེད་སྤྱོད་ཉེས་པར་གྱུར་པ་ཀུན། །གནོང་འགྱོད་དྲག་པོས་གཏང་འཛིན་སྤྱན་སྔར་བཤགས། །དག་ཚངས་ཡེ་ཤེས་མཁའ་འགྲོས་དངོས་གྲུབ་སྩོལ། །ཞེས་བརྗོད་ཡིག་བརྒྱ་ཨཀྵ་ད་ཁ་བསྐང་། །རྗེས་སུ་མངོན་བརྗོད་ཆེད་དུ་བསྐུལ་བ་དང་། །མགྲོན་ཐབས་རྐྱེན་སེལ་ཆེད་དུ་མཆོད་པ་ན། །བསྲུང་སྐྱོབས་འཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ། །རྒྱུན་དུ་བསྲུང་མར་བརྟེན་ན་འཁོར་གཤེགས་ཤིང་། །གཙོ་མོ་མི་གཤེགས་རྟེན་ལ་གཉིས་མེད་བསྟིམ། །དཀོར་ནོར་ལོངས་སྤྱོད་གཉེར་གཏད་བཅོལ་གཏམ་བྱ། །མཆོད་པས་གང་བསམ་ཕྲིན་ལས་འགྲུབ་པར་འགྱུར། །རྒྱུན་དུ་དམ་ཚིག་རྨི་ཡུག་མཛེ་བཤན་དང་། །ཉམས་པ་ཅན་དང་རོ་གྲིབ་བོང་གྲིབ་འཛེམ། །གཙང་སྦྲ་ལ་འབད་འཐབ་འཁོན་འཐབ་གཞོང་སྤང་། །བསང་གཏོར་དུས་སུ་མི་ཆག་རྟག་ཏུ་འབུལ། །མདོར་ན་གསང་སྔགས་དམ་ཚིག་གཞུང་བཞིན་བསྲུང་། །རྡོ་རྗེ་སློབ་དཔོན་སྙིང་སྲོག་ལྟར་དུ་བལྟ། །མཁའ་འགྲོ་ཆོས་སྐྱོང་ཚོགས་གཏོར་གྱིས་བསྐང་བྱ། །དེས་ནི་འདི་ཕྱི་ཀུན་ཏུ་བདེ་འབྲས་ཐོབ། །

དེ་ལྟར་བལ་བོད་ས་མཚམས་པདྨའི་གནས། །མང་ཡུལ་དབུས་སུ་རི་བོ་དཔལ་འབར་ཞེས། །བཅོམ་ལྡན་འདས་ཀྱི་མདོ་སྡེ་ཕལ་པོ་ཆེ། །ལུང་དུ་བསྟན་པའི་གངས་ལྡན་དེ་ཉིད་ཀྱི། །བསྲུང་མ་རི་ཏི་ཞིང་སྐྱོང་ལྷ་སྨན་དུ། །སྣང་བའི་མཚན་དུ་ཇོ་མོ་རྒྱ་དཀར་ཞེས། །རྒྱལ་བའི་བསྟན་བསྲུང་རྨད་བྱུང་དེ་ཉིད་ཀྱི། །གསོལ་མཆོད་བསྐངས་བཤགས་ཕྲིན་ལས་ནར་མའི་རྒྱུན། །བླ་མ་མཁའ་འགྲོའི་ཐུགས་རྗེས་སྣང་བ་ཡིས། །གང་ཤར་ཤུགས་འབྱུང་མ་བཅོས་གཉུག་མའི་ཚིག །འབོལ་རྩོམ་མགྲིན་པའི་ཏམྦུ་ར་ཡི་དབྱངས། །དམ་ཅན་དགྱེས་པ་བསྐང་ཕྱིར་འདིར་སྤེལ་དགོས། །བསྲུང་མའི་མཐུ་ནུས་དཔལ་དུ་འབར་བ་ཡི། །རྒྱལ་བསྟན་ནུབ་མེད་ཡར་ངོའི་ཟླ་ལྟར་འཕེལ། །དེར་འཛིན་སྐྱེས་བུའི་ཚེ་བསོད་རབ་གནས་བརྟན། །ལུང་རྟོགས་སྤྲིན་བྲལ་ཉི་ལྟར་གསལ་གྱུར་ཅིག །

ཅེས་མང་ཡུལ་རི་བོ་དཔལ་འབར་གྱི་གཏེར་བདག་མཁའ་འགྲོའི་ཕྲིན་ལས་རབ་གསལ་རྒྱུད་ཡང་བྱ་བ་འདི་ཉིད་གནས་དེ་ཡི་གཙུག་ལག་ཁང་གི་རིམ་གྲོ་པ་བཀྲ་ཤིས་དོན་གྲུབ་ཀྱིས་བསྐུལ་བ་དང་། དྷཱ་ཀྐི་ཉིད་ཀྱང་དགྱེས་པའི་རྣམ་འགྱུར་སྟོན་པ་ལ་བརྟེན་ནས། མདོ་ཁམས་ཀཿཐོག་རྡོར་གདན་གྱི་ལྷོ་ཕྱོགས་སུ་སྐྱེས་པའི་འོད་གསལ་ལྷ་རིགས་ཀྱི་བཙུན་པ་ཚེ་དབང་ནོར་བུ་ཡིད་འོང་ལེགས་སྨྲ་རྒྱ་མཚོའམ། མིང་གཞན་དུ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་ཞེས་པས་པྲ་ས་གཿར་གྲགས་པ་མེ་ལུག་ཟླ་བཅོ་ལྔ་ཚེས་བཟང་པོར་རྩ་གསུམ་སྒྲུབ་པའི་མཚམས་མལ་དུ་གང་ཤར་མ་བཅོས་ཆུ་བབ་སུ་ཐུན་སྐབས་གཅིག་ལ་རྫོགས་པར་བྲིས་པ་དགེའོ། །དགེའོ། །སརྦམངྒ་ལཾ་ཛ་ཡནྟུ།

འབྲས་ལྗོངས་སྟག་རྩེའི་གསོལ་མཆོད།

༈ ཧཱུྃ། རང་བྱུང་རྒྱལ་བ་པདྨ་འབྱུང་གནས་ཀྱི། །ཐུགས་རྗེ་ཆེན་པོས་བྱིན་རླབས་སྦས་པའི་ཡུལ། །དཔལ་གྱི་འབྲས་མོ་ལྗོངས་དང་སྐྱིད་མོ་ལུང་། །ཡོན་ཏན་ཕུག་དང་རྒྱལ་ཆེན་ཁྱུང་ལྡིང་གི །མཛོད་ལྔ་སྟག་རྩེ་སྐུ་ལྷ་དཔལ་རྫོང་དང་། །སེ་རིན་གངས་ཆེན་མུ་ལེ་གངས་བཙན་སོགས། །ཕྱི་ནང་གསང་བའི་གནས་བདག་གཞི་བདག་དང་། །སྒོ་བསྲུང་འཕྲང་བསྲུང་དམ་ཅན་ཕོ་ཉར་བཅས། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན། །འདིར་གཤེགས་ཕྱི་ནང་གསང་མཆོད་གཏོར་མ་བཞེས། །དམ་ཅན་རྣམས་ཀྱིས་ཅི་བསམ་འདོད་པའི་དོན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །

ཧཱུྃ། པདྨ་དབང་གི་བཀའ་ཉན་ནི། །བཙན་གྱི་ཇག་པ་དམར་པོ་ཞེས། །གསང་མཚན་རྡོ་རྗེ་དགྲ་འདུལ་རྩལ། །ཡབ་ཡུམ་སྲས་བློན་མཆེད་འཁོར་བཅས། །སྔོན་ཚེ་རྟ་མཆོག་པདྨ་དབང་། །བར་དུ་གནུབས་ཆེན་ཡབ་སྲས་དང་། །ཕྱི་ནང་སྒྲུབ་བརྙེས་སྐྱེས་མཆོག་གི །སྤྱན་སྔར་ཁས་བླངས་དམ་བཅའ་བཞིན། །སྐད་ཅིག་ཡུད་ཀྱིས་འདིར་གཤེགས་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས། །དམ་རྫས་གཙང་མ་འདི་བཞེས་ལ། །དམ་ལྡན་རྣལ་འབྱོར་བདག་ཅག་གི །ཅི་ལྟར་བཅོལ་བའི་ཕྲིན་ལས་ནི། །ཞི་རྒྱས་དབང་དང་དྲག་པོའི་ལས། །མཐའ་དག་ཐོགས་པ་མེད་པ་རུ། །སྐད་ཅིག་ཉིད་ལ་འགྲུབ་པར་མཛོད། །ཨོཾ་ཏྲི་སུཾ་ཏྲི། ཀྱཻ། རྒྱལ་བའི་བཀའ་ཉན་ངེས་དོན་བསྟན་པས། །རྣམ་པར་དད་པ་ཉང་སྟོང་རུ་མཚམས་ལྷ། །དགེ་བསྙེན་བཟང་ར་དཀར་པོ་གོ་མཚོན་ཅན། །རྩེ་གསུམ་ནེའུ་འཛིན་ནས་རྟ་དཀར་ཞོན། །མཆེད་སྲས་བཙུན་མོ་བློན་པོ་འཁོར་དང་བཅས། །རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བཀའ་བགོས་ལྟར། །འདིར་གཤེགས་ཕྱི་ནང་གསང་མཆོད་གཏོར་མ་བཞེས། །དམ་ལྡན་རྣལ་འབྱོར་ཅི་བསམ་འདོད་པའི་དོན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །

བྷྱོ། དཔལ་རི་བསམ་ལྡིང་རི་དགུ་འདུས་པའི་རྩེ། །ཇོ་མོ་ཕུར་ཐང་རིན་ཆེན་རྩེ་དགུའི་དབྱིངས། །ཤེལ་གྱི་གུར་ཕུབ་སྤྲིན་དཀར་འཇའ་ཚོན་བཀྲ། །གནས་བདག་མ་མོ་རྡོ་རྗེ་གཡར་མོ་བསིལ། །ཕྱི་ལྟར་སྨན་མོ་མདའ་དར་མེ་ལོང་བསྣམས། །ནང་ལྟར་རྣལ་འབྱོར་ཏིང་ཤག་ནོར་བུ་བསྣམས། །གསང་བ་མཁའ་འགྲོ་གྲི་གུག་ཐོད་པ་འཛིན། །ཆིབས་སུ་ཤ་རྐྱང་རུས་སྦལ་མགོ་དགུ་ཆིབས། །འཁོར་བཅས་དམ་ལྡན་རྣལ་འབྱོར་སྒྲུབ་པོའི་གྲོགས། །མ་ཐོགས་མྱུར་བ་ཉིད་དུ་ད་ཚུར་བྱོན། །སྔོན་ཚེ་མཁའ་འགྲོ་སེང་གེ་གདོང་ཅན་དང་། །པདྨ་ཐོད་འཕྲེང་རྩལ་གྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅའ་མ་ཉམས་པར། །འདིར་གཤེགས་རིན་ཆེན་སྤུངས་ཀྱི་གདན་ལ་བཞུགས། །རྣལ་འབྱོར་དམ་ཚིག་གཅིག་པས་ཕྱག་བྱ་ཞིང་། །༼འདི་ནས་མ་དཔེ་ལྡེབ་མ་གཅིག་ཆད།༽

མངའ་རིས་མར་ཡུལ་སྐུ་ལྷ་མཆེད་གསུམ་གྱི་གསོལ་མཆོད་འདོད་དོན་ཀུན་འགྲུབ་ལྷ་ཡི་རོལ་མོ།

༄༅། །མངའ་རིས་མར་ཡུལ་སྐུ་ལྷ་མཆེད་གསུམ་གྱི་གསོལ་མཆོད་འདོད་དོན་ཀུན་འགྲུབ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། །

༈ ཧཱུྃ། རབ་འབྱམས་རྒྱལ་བའི་ཐུགས་རྗེ་ཕྲིན་ལས་ཀུན། །གཅིག་བསྡུས་མཚོ་སྐྱེས་པདྨ་བཛྲ་རྩལ། །འགྲན་པའི་ཟླ་མེད་ཆེ་བའི་ཆེ་མཆོག་དེའི། །བདག་ཅག་རྣམས་ལ་བྱིན་རླབས་དབང་བསྐུར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ་བྷྱོཿ མི་མཇེད་འཛམ་གླིང་བྱང་ཕྱོགས་པུར་རྒྱལ་བོད། །རྣམ་གསུམ་སྟོད་གྱུར་མངའ་རི་ཏི་སེའི་ནུབ། །མར་ཡུལ་ལྗོངས་སུ་གནས་བཅས་ལྷ་ཆེན་པོ། །མཐུ་ལྡན་སྐུ་ལྷ་ཞེས་གྲགས་མཆེད་གསུམ་ནི། །གཅིག་ནི་སྐྱིད་ལྗོངས་གཅིག་ནི་ཁུ་ནུ་དང་། །གཅིག་ནི་མར་ཡུལ་རོང་གི་རི་ལ་སྟེ། །རིགས་ནི་ཆེ་བཙུན་ལྷ་དང་དྲང་སྲོང་བདུད། །མ་སངས་གཉན་ལས་ཆད་པ་ཀླུ་གཉན་ཚུལ། །གཅིག་ནི་དར་དཀར་ཐོད་བཅིངས་མདུང་རིང་དང་། །མིག་འཕྲེང་རྣམས་ནས་རྟ་དཀར་གཟི་མིག་ཆིབས། །གཅིག་ནི་དར་ནག་ཐོད་བཅིངས་རུ་མཚོན་དག །གསེར་ཕུར་འདྲིལ་ཞིང་བྲ་ནག་རྒུར་འགྲོས་ཆིབས། །གཅིག་ནི་དར་ཁྲའི་ཐོད་ཅན་མདུང་དར་དང་། །བསྭེ་ཡི་གའི་བསྣམས་ནས་རྟ་སྔོན་ཞོན། །གསུམ་ཀ་གཅིག་དང་འདྲ་བའི་རྫུ་འཕྲུལ་ཅན། །མངའ་རིར་བཞུགས་ཚེ་སྐུ་ལ་མཆེད་གསུམ་དང་། །བར་ཁམས་ཕྱོགས་སུ་འབངས་རྗེ་མཆེད་གསུམ་གྲགས། །རྒྱ་ནག་ཁྲི་སྒོར་སྐྱེས་བུ་མཆེད་གསུམ་སྟེ། །ཡིད་ལྟར་མགྱོགས་པས་སྐད་ཅིག་འཛམ་གླིང་ཉུལ། །མི་བརྫུ་དགུ་བརྫུ་ཆོ་འཕྲུལ་སྣ་ཚོགས་བདག །རང་རང་བཙུན་མོ་སྲས་བློན་རུ་འདྲེན་དང་། །འཁོར་གཡོག་བྲན་དང་བཅས་ཏེ་མ་ལུས་ཀུན། །སྔོན་ཚེ་གསང་བདག་པདྨ་ཧེ་རུ་ཀ །ཁྱད་པར་དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི། །དབང་བསྐུར་དམ་བཞག་སངས་རྒྱས་བསྟན་བསྲུང་བསྐོས། །དེ་ཚེ་རང་རྟགས་སྲོག་ཕུལ་དམ་བཅའ་བླངས། །དེ་རྗེས་རིག་འཛིན་གྲུབ་ཐོབ་དུ་མ་ཡི། །སྤྱན་སྔར་སངས་རྒྱས་བསྟན་བསྲུང་དམ་ཡང་བཅས། །སྔོན་གྱི་དམ་བཅའ་ཇི་བཞིན་མ་གཡེལ་བར། །ཁྱེད་མཆོད་བདག་གི་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྐད་ཅིག་ཡུད་ཙམ་འདིར་གཤེགས་དགྱེས་བཞུགས་ལ། །དཀར་གསུམ་མངར་གསུམ་ཀླུ་སྨན་གཡའ་གངས་ཆུ། །ཤིང་སྣའི་དུད་པ་ཕྱེ་མར་འབྲང་རྒྱས་དང་། །གཡག་ལུག་ར་གཟུགས་འབྲས་ཆང་གཡང་དཀར་ཤ །ཇ་ཆང་གསེར་སྐྱེམས་རིན་ཆེན་ཕྱེ་མ་སོགས། །དངོས་འབྱོར་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །ནམ་མཁའ་མཛོད་དུ་བྱིན་གྱི་བརླབས་པ་འདི། །འབུལ་གྱིས་དགྱེས་བཞེས་བདག་ཅག་སྦྱིན་བདག་བཅས། །གང་ཞིག་མི་ཤེས་དབང་གིས་ཁྱེད་རྣམས་ཀྱི། །ཐུགས་དང་འགལ་ཀུན་མཐོལ་བཤགས་བཟོད་བཞེས་ལ། །འདིར་འདུས་བསྲུང་སྐྱོབས་ཚེ་བསྲིངས་དཔལ་ཡང་བསྐྱེད། །མཆོད་ཡོན་དཔོན་གཡོག་རྟག་འགྲོགས་བདེ་ཞིང་སྐྱིད། །བསམ་དོན་ཡིད་བཞིན་འདོད་དགུ་ཕུན་སུམ་ཚོགས། །རྒྱལ་ཁམས་སྤྱི་ཡང་ནད་མུག་མཚོན་འཁྲུག་ཞི། །གངས་ཅན་རྒྱལ་པོའི་ཚེ་བསོད་དབང་ཐང་འཕེལ། །ཆོས་བཞིན་ཁྲིམས་སྤྱོད་རྒྱལ་ཁམས་བདེ་སྐྱིད་རྒྱས། །རྒྱལ་བློན་བླ་སློབ་ཀུན་ཀྱང་མཛའ་ཞིང་གཤིས། །ཐམས་ཅད་དགའ་བདེ་དཔལ་གྱིས་ཡོངས་འཚོ་ཞིང་། །རྟག་ཏུ་བཀྲ་ཤིས་དོན་གྲུབ་འཕྲིན་ལས་མཛོད། །

ཞེས་མངའ་རིས་མར་ཡུལ་སྐུ་ལྷ་མཆེད་གསུམ་གྱི་གསོལ་མཆོད་འདོད་དོན་ཀུན་འགྲུབ་ལྷ་ཡི་རོལ་མོ་ཞེས་བྱ་བ་འདི་ཡང་གནམ་སའི་དབང་ཕྱུག་དགའ་ལྡན་ཕོ་བྲང་གི་སྟོད་མངའ་རི་སྐོར་གསུམ་གྱི་ཕྲིན་ལས་ཀྱི་བྱེད་པོར་དབང་བསྐུར་བ་སྒར་དཔོན་དད་པ་ཅན་མཆོང་རྒྱས་ཞོལ་ཁང་བ་བཛྲ་བི་ཛ་ཡ་དང་། རོལ་དཀྱིལ་སྟོད་པ་པུ་ཥྱཻ་ལཀྵྨ་དག་གི་གསུང་གིས་བསྐུལ་བ་ལ་བརྟེན་དཔལ་གདོངས་ཆུ་བྱ་རྒྱུད་རྩིས་ཀྱི་དབྱུག་ཟླའི་དཔར་ཚེས་དགའ་བ་གསུམ་པར་མ་ཕམ་ཁྲུས་སྒོ་ཤར་དུ་བྷོ་ཊ་ཛོ་ཀི་ཧ་རི་ནཱ་ཐས་སྐད་ཅིག་མར་སྨྲས་པ་དགེའོ། །དགེའོ། །

བཞེས་འབོད་ཉམས་པའི་སྲོག་གཅོད་སྤུ་གྲི་འབར་བ།

༄༅། །བཞེས་འབོད་ཉམས་པའི་སྲོག་གཅོད་སྤུ་གྲི་འབར་བ་བཞུགས།

༈ ཧོ་དགོངས་སུ་གསོལ་ལོ། ཧོ་དགོངས་སུ་གསོལ་ལོ། ཧོ་དགོངས་སུ་གསོལ་ལོ། དགུ་ལྡན་རྒྱལ་བ་རྩ་བརྒྱུད་བླ་མ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོ། །ལྡན་ཞིང་སྔགས་ཀྱི་དཔའ་བོ་མཁའ་འགྲོ། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །བླ་མ་དགོངས་འདུས་ཚོམ་བུ་དགུ་རྫོགས། །ཡི་དམ་བཀའ་བརྒྱད་དཀྱིལ་འཁོར་དགུ་ལྡན། །མཁའ་འགྲོ་ཕག་ཁྲོས་གསང་ཡེའི་ལྷ་ཚོགས། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །བླ་མ་ཞི་དྲག་ཕྱི་ནང་གསང་བ། །ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ། །མཁའ་འགྲོ་སེང་གདོང་བདུད་འདུལ་དྲག་མོ། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ།ཧོ་དགོངས་སུ་གསོལ་ལོ། དཔལ་མགོན་མ་ནིང་ཡབ་ཡུམ་སྲས་འཁོར། །ཞིང་སྐྱོང་ལེགས་གྲུབ་ཡབ་ཡུམ་སྲས་འཁོར། །ཨེ་ཀ་ཙ་ཊི་མ་མོ་འཁོར་བཅས། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །བདེ་མཆོག་རྣམ་སྤྲུལ་དུར་བདག་ཡབ་ཡུམ། །ལས་བྱེད་དྲེགས་པ་འབར་བ་སྤུན་བདུན། །ཁྲོ་གཏུམ་གིང་ཆེན་རྡོ་རྗེ་ལེགས་པ། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད། །ལྷ་སྲིན་སྡེ་བརྒྱད་རྒྱུད་བསྲུང་གཉན་བསྲུང་། །གནས་བསྲུང་གཏེར་བདག་ཕྱོགས་སྐྱོང་ཞིང་སྐྱོང་། །འདིར་བྱོན་དགོངས་པ་གནད་ནས་བསྐུལ་ལོ། །ཁྱེད་རྣམས་ཐུགས་རྗེ་ཐུགས་དམ་གནད་ནས་བསྐུལ་ཏེ། །གལ་འགག་གཡེལ་མེད་ཕྲིན་ལས་མྱུར་འགྱོགས་བསྒྲུབ་རྒྱུར། །སངས་རྒྱས་བསྟན་དང་བླ་མའི་སྐུ་ལ་སྡང་བྱེད། །ཆོས་མིན་ཁ་ཕྱོགས་ཆོས་མཛད་བསྒྲུབ་ལ་འཚེ་མི། །གཙུག་ལག་དགེ་འདུན་བླ་མའི་ནོར་ལ་རྔམས་མི། །ཆོས་མཛད་ལོངས་སྤྱོད་རི་ཁྲོད་ཡོ་བྱད་རློམ་མི། །བླ་མའི་ཕྱག་རྫས་འཕྲི་གཞོགས་ཟུར་དུ་བཀོད་མི། །དཀོར་ཆ་འཕྲོག་བཅོམ་འཇབ་དང་བླང་ཀུན་བྱེད་མི། །བཀའ་འདས་བཀའ་བརྐུ་དབང་ཆོད་ཚོད་བྱེད་མི། །ངོས་ཤག་ཀློག་ལབ་ཐོ་ཆོ་རྫུན་ཧམ་བྱེད་མི། །འགྲོ་མགོ་བུད་འཇུག་ཁ་ནང་སྙིང་ཕྱིར་རྒྱུ་མི། །ངོ་ལོག་རྒྱབ་སྟན་མནའ་ཟན་ཁས་བླང་དོར་མི། །སྙིང་ཉེའི་གྲོགས་བསླུ་གསང་འཆལ་ངན་སྒྲོགས་བྱེད་མི། །གྲྭ་འཁོར་བློ་ལོག་དམ་ཚིག་ངོས་ཀློག་བྱེད་མི། །ཆང་བཅད་ལྐོག་འཐུང་ངན་མཚང་འགེབ་རེས་བྱེད་མི། །ཁྲིམས་ལ་མི་གནས་སྤྱོད་ངན་རྗེས་སུ་ཕྱོགས་མི། །སྒྲུབ་པའི་གེགས་བྱེད་ཁ་དཀར་ཞེ་ནག་བྱེད་མི། །ལོག་ལྟ་སྡུག་འཆང་ཆོས་ཀྱི་ཁྲིམས་འགལ་བྱེད་མི། །བསྟན་དང་བླ་མའི་སྐུ་དགྲར་བསྲུང་བཟློག་བྱེད་མི། །དཔོན་སློབ་མཐུན་གཉིས་ཕྲ་མས་མི་མཐུན་དཀྲུགས་མི། །དགེ་བའི་བློ་བཤོལ་མི་དགེའི་ལོག་ལམ་བསྐུལ་མི། །ལེགས་ན་མི་དགའ་ཉེས་ན་དགའ་བར་བྱེད་མི། །དགྲ་ཇག་ཆོམ་རྐུན་དམག་གྲོས་སྦྱོར་ངན་འཆང་མི། །བསམ་ངན་དུག་སྦྱོར་གཤོམ་ཤིང་མཚོན་རྩེ་བརྟད་མི། །རི་ཁྲོད་དབེན་པ་གཙུག་ལག་དགོན་སྡེ་བཅོམ་མི། །བདག་དང་ཡོན་བདག་བར་སེལ་འགལ་རྐྱེན་གཞུག་མི། །ཆོས་མཐུན་ལ་སྡང་སྒོམ་དགྲ་ལོག་པར་བསྒྱུར་མི། །བླ་མར་མཚང་བྲུ་ལོག་ལྟ་ངན་དཔྱད་བྱེད་མི། །མཛད་སྤྱོད་འཕྱ་ཁྲེད་ལོག་མཐོང་སྒྲོ་སྐུར་འདེབས་མི། །སྐུར་བརྡོ་ལས་རྒྱ་ལོག་གཡེམ་རིགས་ལ་སྙེགས་མི། །ལེའུ་ལྷ་ལོག་ཆུང་མ་སྙིང་རིང་བྱེད་མི། །བདེ་ཚིག་ཁྱད་དུ་བསད་ནས་གཡེལ་བར་བོར་མི། །བདག་ལ་རྦད་འདྲེ་རྦོད་གཏོང་བྱེད་མི་རྣམས་དང་། །ཉམས་པ་བདུན་བཏོགས་ཞིང་བཅུ་ཚང་བའི་དགྲ་བོ། །ཁྱད་པར་སློབ་བུ་དམ་ལ་ལོག་པ་རྣམས་ཀྱི། །ཚེ་སྲོག་བླ་དབུགས་སྙིང་དང་སྙིང་ཁྲག་བཅས་པ། །ཐམས་ཅད་སྐྱེ་བརྒྱུད་དང་བཅས་ལྷག་ལུས་མེད་པར། །ལོ་ཟླར་མ་འགྱངས་དོ་ནུབ་དུང་སྐད་འདི་དང་། །མཉམ་དུ་བཞེས་ཤིག་རོལ་ཅིག་ཁ་ཁ་ཁཱ་ཧི་ཁཱ་ཧི་བཞེས། བཞེས། བཞེས།

ཞེས་གྲོང་རྒྱུའི་སྔགས་ནག་ཚེ་དབང་ནོར་བུ་ཞེ་སྡང་རྡོ་རྗེས། དཔལ་བེའུ་ལུང་དུ་ཆུ་སྟག་སྦྲུལ་རྟའི་ཉེར་དགུར་བྲིས་པའི་དགེ་ལེགས་འཕེལ་བར་ཤོག །བཀྲ་ཤིས། བདག་ཅག་དཔོན་སློབ་ཡོན་མཆོད་དགོན་སྡེ་གྲྭ་ཚང་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚེ་དབང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སརྦ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ།

ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་གི་བསྒྲུབ་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་ཁྲིགས་ཆགས་སུ་བཀོད་པ།

༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་གི་བསྒྲུབ་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་ཁྲིགས་ཆགས་སུ་བཀོད་པ་བཞུགས་སོ། །

༈ མི་ཤིག་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་ཆ་ལག་ལས། །ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི། །བདག་བསྐྱེད་བསྙེན་ཞིང་མདུན་བསྐྱེད་བུམ་པ་བསྒྲུབ། །བདག་འཇུག་བླངས་པའི་ཆོག་འགྲིག་ཆུ་འབབས་སུ། །གསལ་བར་བཀོད་དེ་དང་པོ་བདག་བསྐྱེད་ནི། །དེ་ཡང་ཐོག་མར་རང་ཉིད་དབེན་པའི་གནས༔ ཡར་ཚེས་གཟའ་སྐར་བཟང་ལ་མཚམས་བསྡམ་སྟེ༔ སྨྲ་བཅད་བདེ་བའི་སྟན་ལ་འདུག་ནས་ཀྱང་༔ དང་པོ་སྐྱབས་སེམས་ཡན་ལག་འབུལ་བ་ནི༔ ན་མོ་འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་འཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་བསྒྲུབ་བྱ༔ འཆི་མེད་ལྷ་ཚོགས་འདིར་གཤེགས་སྤྱི་གཙུག་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ མི་དགེའི་ཚོགས་བཤགས་དགེ་ལ་རྗེས་ཡི་རང་༔ བླ་མེད་ཆོས་འཁོར་མྱ་ངན་མི་འདའ་བཞུགས༔ དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་དངོས་གཞི་བསྒོམ་བཟླས་རིམ་པ་ནི༔ ཆོས་རྣམས་དམིགས་མེད་སྟོང་ཉིད་ནམ་མཁའི་ངང་༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ དེ་ཡི་ངང་ལས་པདྨ་ཉི་ཟླའི་སྟེང་༔ བདག་ཉིད་རྟ་མགྲིན་གསལ་བའི་སྤྱི་གཙུག་ཏུ༔ པདྨ་དམར་པོ་ཉི་ཟླའི་དཀྱིལ་འཁོར་སྟེང་༔ ཚེ་དཔག་མེད་མཆོག་བྱུ་རུའི་མདོག་འཆང་ཞིང་༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ འོད་ཟེར་བྱེ་བ་དགུ་ཁྲི་མཉམ་བཞག་སྟེང་༔ རིན་ཆེན་སྣ་བདུན་བུམ་པ་བདུད་རྩིས་བཀང་༔ དགོས་འབྱུང་དཔག་བསམ་ཤིང་གི་ཁ་རྒྱན་ཅན༔ པང་དུ་ཡུམ་མཆོག་གོས་དཀར་དམར་མདངས་ཅན༔ ཕྱག་གཡས་པད་འཕྲེང་ཡབ་ཀྱི་མགུལ་ན་འཁྱུད༔ གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་འཛིན༔ ཐབས་དང་ཤེས་རབ་གཉིས་མེད་འོད་དཔུང་འབར༔ མ་ཡེངས་ཀ་དག་རང་མདངས་ལྷམ་མེར་གསལ༔ དེ་ཡི་ཕྱོགས་བཞིར་ཚེ་ཡི་ལྷ་མོ་བཞི༔ གཡས་སུ་དཀར་མོ་གཡོན་དུ་སེར་མོ་དང་༔ མདུན་དུ་སྔོན་མོ་རྒྱབ་ཏུ་ལྗང་མོ་རྣམས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམ་པར་བསྒོམས༔ གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧྲཱིཿ དམར་མཐའ་མར་སྔགས་འཕྲེང་བསྐོར་བར་བསྐྱེད༔ཧྲཱིཿ ལས་འོད་འཕྲོས་བདེ་ཆེན་ཕོ་བྲང་ནས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་བསྟིམ༔ ཧྲཱིཿ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིག་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟེང་སྦྱར་བདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང་༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང་༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀཿ ཛ་སིདྡྷི་ཕ་ལ་ཧཱུྃཿ ཨ་མ་ར་ནི་ཛྱེ་ཝན་ཏ་ཡེ་སྭཱ་ཧཱ༔ བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུཥྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱི་ཛ་ཨཿ ཧྲཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱི་ཐཱ་ཡ༔ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱོད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང་༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་དང་༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཚེ་འཛབ་བཟླ་བའི་དམིགས་པ་ནི༔ སྤྱི་གཙུག་ཚེ་དཔག་ཐུགས་ཀའི་ཧྲཱིཿཡིག་དང་༔ བུམ་པ་དང་ནི་ཡབ་ཡུམ་སྦྱོར་མཚམས་ནས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ཡིས༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ ལྷ་དང་དྲང་སྲོང་རིག་འཛིན་འབྱུང་ལྔ་ཡི༔ དྭངས་མའི་བཅུད་དང་ལྷ་ཀླུ་མི་ཡི་སྲོག༔ ནྲྀཿ ཨཿ མདོར་ན་འཁོར་འདས་ཚེ་བསོད་དཔལ་དང་གྲགས༔ ཐམས་ཅད་ཡང་ཡང་ཚེ་དཔག་བུམ་པར་བསྡུ༔ ཡང་ནི་ལྷ་མོ་རྣམས་ཀྱི་བུམ་པ་ལས༔ འོད་འཕྲོས་ཕྱི་ནང་སྣོད་བཅུད་འབྱུང་བའི་བཅུད༔ ཐམས་ཅད་བསྡུས་ཏེ་རང་རང་བུམ་པ་བཀང་༔ བུམ་པ་རྣམས་ནས་གཙོ་བོའི་བུམ་པར་བྱོས༔ ཚེ་ཡི་བདུད་རྩི་ཆིལ་ཆིལ་ཁོལ་བ་དང་༔ ཐལ་མོ་སྙིང་ཁར་སྦྱར་ལ་རྩེ་གཅིག་གསོལ་བ་བཏབ༔ ཧྲཱིཿ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ འཆི་མེད་སྙིང་པོ་བདུད་རྩིའི་བཅུད་བསྡུས་ནས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་པ་གསོལ་བ་བཏབ་པས་སྐད་ཅིག་གིས༔ འདོད་པ་ལྟར་དུ་གནང་བར་འགྱུར་བ་སྟེ༔ ཚེ་ཡི་བུམ་ནས་འཆི་མེད་ཡེ་ཤེས་ཀྱི༔ བདུད་རྩི་འོ་མ་ལྟར་དུ་ངང་ནར་བབས༔ ཡབ་ཡུམ་སྦྱོར་མཚམས་དྭངས་མ་དཀར་དམར་དུ༔ བབ་པར་ཤེས་པ་གཏད་དེ་རང་ཉིད་ཀྱི༔ ཁ་ཡི་ནང་དང་ཚངས་བུག་མར་བྱུང་བསམ༔ དམིགས་པ་གསལ་བས་མཆིལ་མ་མིད་པར་བྱ༔ སྤྱི་བོ་གསང་གནས་བར་དུ་ཁེངས་པར་བསམ༔ དེ་ལྟར་ཐེབ་གསུམ་རྗེས་སུ་བདུད་རྩིའི་ཟེར༔ བ་སྤུའི་བུ་ག་དག་ནས་ཕྱོགས་བཅུར་འཕྲོས༔ སྐྱེ་འགྲོ་སྣོད་བཅུད་དང་བཅས་འོད་ཞུ་ནས༔ ཨ་དཀར་ནྲྀཿལྗང་བཀྲག་མེར་མེར་གང་ནས༔ འོད་ཟེར་འུབ་འུབ་བ་སྤུའི་བུ་གར་འདུས༔ སྙིང་གའི་ནྲྀཿལ་ཐིམ་པས་རང་ཉིད་ནི༔ བཀྲག་མདངས་འཆི་མེད་རྡོ་རྗེའི་སྐུར་གྱུར་བསམ༔ གསང་བ་ཚེ་ཡི་ཡང་སྙིང་ཟབ་པའི་གནད༔ བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་སྔགས་འདི་བཟླས༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀཿ ཛཿ སིད་དྷི་ཕ་ལ་ཧཱུྃཿ ཨ་མ་ར་ནི་ཛྱེ་ཝན་ཏི་ཡེ་སྭཱ་ཧཱཿ འབུམ་ཚོ་གསུམ་གྱི་ཚེ་དཔག་མེད་མགོན་འགྲུབ༔ རྗེས་ལ་ཞག་རེར་བརྒྱ་རྩ་ཆག་མེད་བཟླ༔ ཚེ་ཡི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ དམིགས་པ་འཕྲོ་འདུ་གསལ་བ་གལ་ཆེ་ཞིང་༔ སྐབས་སུ་གསོལ་བཏབ་རིག་པ་གསལ་ངར་བསྐྱེད༔ དེ་ལྟར་འབད་པའི་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་ཕྱག་མཚན་རྡོ་རྗེ་བརྙེད༔ མཁར་བརྩིགས་མཆོད་རྟེན་ཚྭ་ཚྭ་བཞེངས་པ་མཐོང་༔ རོལ་མོ་སྒྲག་དང་བདུད་རྩི་འཐུང་བ་དང་༔ ལོ་ཏོག་སྟོན་བསྡུད་འབྲུ་ལ་ལོངས་སྤྱོད་བྱེད༔ གོ་ཆ་གྱོན་སོགས་རྟགས་མཚན་དཔག་མེད་འབྱུང་༔ དངོས་ཉམས་རྨི་ལམ་དག་ཏུ་ཞལ་ཡང་མཇལ༔ གདམས་པ་གསུང་བ་ལ་སོགས་འབྱུང་བར་འགྱུར༔ དེ་ལྟར་སྔགས་བཟླས་ཐུན་མཚམས་ཐམས་ཅད་དུ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་བཅས་རྗེས༔ མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱས་ནས་ཀྱང་༔ རྗེས་ཀྱི་དོན་ནི་ཚེ་ཡི་ལྷ་མོ་བཞི༔ ཚེ་དཔག་ལ་ཐིམ་དེ་ཡང་རང་ཉིད་ཀྱི༔ སྤྱི་བོའི་གཙུག་ནས་མར་ཐིམ་སྙིང་ཁར་བྱོན༔ ངོ་བོ་ཚེ་དཔག་མེད་ལ་རྣམ་པ་ནི༔ འཆི་མེད་བདུད་རྩིས་བདག་ལུས་ལྟེམ་གྱིས་གང་༔ ཡང་ན་རང་ལུས་གསེར་གྱི་རྡོ་རྗེར་བསམ༔ སྤྲོས་མེད་བདེ་ཆེན་ངང་དུ་ཕྱམས་ཀྱིས་ཀློད༔ གཉིས་པ་མདུན་བསྐྱེད་དང་བུམ་པ་དབྱེར་མེད་གཅིག་དྲིལ་དུ་བསྒྲུབ་པ་ནི། གནས་དུས་གོང་དང་མཐུན་པ་ལ། མཎྜལ་དམར་པོ་མདའ་གང་ལེགས་པར་བཞེངས་པའི་སྟེང་དུ་ཚོམ་བུ་ལྔ་བཀོད་ལ། དེའི་དབུས་སུ་རྐང་གསུམ་མཁར་རིན་པོ་ཆེའི་བུམ་པ་གཡའ་མེད་མཚན་ལྡན་གཅིག་གུ་གུལ་དུད་པས་བདུག ཡུངས་དཀར་གྱི་ཐུན་བྲབ་ཅིང་བགེགས་བསྐྲད་ལ། དེ་ནས་ནང་དུ་ཆུ་གཙང་བུམ་རྫས་ཉེར་ལྔར་བཅས་ཀྱིས་སུམ་གཉིས་བཀང་། ཁ་རྒྱན་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམས། དེའི་ཤར་དུ་རྡོ་རྗེ་དང་མེ་ལོང་། ལྷོ་རུ་ཚེ་རིལ། ནུབ་ཏུ་ཚེ་གཏོར་ཚེ་ཤ་ཚེ་ཆང་། བྱང་དུ་ཚེ་མདའ་དམར་པོ། གཞན་ཡང་ཙ་ཀ་ལི་མིག་དར་སོགས་གང་མཁོ་བཤམས། བདག་འཇུག་རྒྱས་པའི་གཞན་ལ་དབང་བསྐུར་དང་མི་འབྲེལ་ཞིང་དཀྱུས་ཀྱི་བདག་འཇུག་ཁོ་ན་ཙམ་དང་། སྤྲོས་པ་ཆུང་ན། བསྒྲུབ་བུམ་མདུན་དུ་གཏོར་མའི་ངོ་བོ་ཚེ་རིལ་དང་། དེ་ཡི་གཡས་སུ་བདུད་རྩི་ཚེ་ཆང་། གཡོན་རཀྟའི་ངོ་བོ་ཆུ་གཙང་མ་རྣམས་དང་། མདའ་དར་ཙམ་གྱིས་ཆོག་ལ། དེ་ལྟར་རྒྱས་བསྡུས་གང་ལྟར་ཀྱང་། མཐའ་བསྐོར་དུ་མཆོད་པའི་བྱེ་བྲག་གང་འབྱོར་བཤམས་པར་བྱའོ། །དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་བདག་བསྐྱེད་འཛབ་བསྙེན་སྔོན་དུ་སོང་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་ཝ་ཤུནྡྷོཿ སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷཽ྅ཧཾཿ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་སྲོག་གི་ས་བོན་ཧྲཱིཿ ཡིག་དམར་པོ་ལས་ཡི་གེ་བྷྲུཾ་གཅིག་སྤྲོས་པས་མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་བབས། དེ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་པཉྩ་ལི་ཀས་མགུལ་བ་བཅིངས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་དུ་ལྷ་རྫས་ཀྱི་ཆུ་དང་། བཅུད་ཉི་ཤུ་རྩ་ལྔས་ཡོངས་སུ་གང་བ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་པ་གྲུ་བཞི་རྒྱན་རྟ་བབ་ལ་སོགས་པ་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ་པདྨ་དམར་པོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ལས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་བྱུ་རུའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བུམ་པ་དཔག་བསམ་ཤིང་གི་ཁ་བརྒྱན་པའི་ནང་དུ་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བ་འཛིན་པ། སྐུ་སྟོད་ལ་དར་དཀར་པོའི་སྟོད་གཡོགས་དང། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ན་བཟའ་ཀླུབས་ཤིང་། འཛམ་བུ་ཆུ་བོའི་གསེར་གྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེན་མོ་དོ། དོ་ཤལ། སྐུ་རེག ཚངས་སྐུ་སོགས་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། འོད་དང་འོད་ཟེར་འཕྲོ་བ་སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ཚོན་ལྟར་གསལ་བའི་པང་དུ་ཡུམ་གོས་དཀར་མོ་སྐུ་མདོག་དམར་གསལ་ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ན་མཁྱུད་ཅིང་གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་དུ་འཛིན་པ། ཡབ་ཡུམ་གཉིས་མེད་འོད་ཕུང་འབར་བའི། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོ་རུ་རཏྣ་ཚེ་དཔག་མེད། ནུབ་ཏུ་བུདྡྷ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད། ཀུན་ཀྱང་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་མཉམ་བཞག་གི་སྟེང་ན་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བའི་བུམ་པ་འཛིན་ཅིང་རང་རང་གི་ཡུམ་དང་འཁྲིལ་བ། ཚེ་བདག་རྒྱལ་བ་རིགས་ལྔ་དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་དམར་པོའི་མཐར་སྔགས་འཕྲེང་གིས་གཡས་སུ་བསྐོར་བར་བསམ། དེ་དག་གི་ཕྱི་རིམ་དུ་ཚེ་ཡི་ལྷ་མོ་མགྱོགས་མ་བཞི་སྒོ་མ་བཞི་སོགས་མདོར་ན་རིག་འཛིན་དྲང་སྲོང་ཚེ་ལ་དབང་བ་རྣམས་དང་། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་རྒྱལ་ཆེན་སྡེ་བཞི་ལོ་ཟླ་ཞག་དུས་ཀྱི་ལྷ་ཀླུ་གཟའ་སྐར་དང་བཅས་པས་སྒྲུབ་པ་པོ་ལ་ཚེའི་དངོས་གྲུབ་སྩོལ་བའི་ཚུལ་དུ་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ཧྲཱིཿ ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ་ཧྲིཿ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིག་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར༔ སླར་ཡང་ཐུགས་ཀའི་ཧྲིཿ ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང་༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང་༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀཿ ཛཿ སིད་དྷི་ཕ་ལ་ཧཱུྃཿ ཨ་མ་ར་ནི་ཛྱེ་ཝན་ཏེ་ཡེ་སྭཱ་ཧཱཿ ཨརྒྷཾ་པཱ་དྱཾ་པཥྤེ་དྷུཥྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱི་ཛ་ཨཿ ཧཱུྃཿ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིནྟ་ཧཱུྃ་ཧྲཱིཿ ཐཿ ཡཱཿ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱོད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང་༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་ངང་༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། བདག་ཉིད་རྟ་མགྲིན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་བས་མདུན་བསྐྱེད་བུམ་པའི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ལྷའི་ཐུགས་ཀའིསྔགས་འཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་བརླབས་དང་ཐུགས་རྗེ་དང་ནུས་མཐུ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་སྤྱན་དྲངས་བུམ་ནང་གི་ལྷ་ཚོགས་རྣམས་ལ་ཐིམ་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར་པར་བསམ་ཞིང་བཟླ་བ་ནི། ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀ། ཛ་སིད་དྷི་ཕ་ལ་ཧཱུྃཿ ཨ་མ་ར་ནི་ཛི་ཝན་ཏེ་ཡེ་སྭཱ་ཧཱཿ ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླས་རྗེས་ཡིག་བརྒྱ་ཨཀྵ་ལྔ་བཅུ། རྟེན་འབྲེལ་སྙིང་པོ་རྣམས་བརྗོད་ནས། མཆོད་བསྟོད་ཅི་རིགས་པ་བྱའོ། །དེ་ནས་མདའ་གཡབ་ཅིང་ཚེ་བསྐུལ་ནི། ཧཱུཾ་ཧྲིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་གའུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔ བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཕྱོགས་བཞི་མཚམས་བཞིའི་གཞལ་ཡས་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་བཞི༔ དཀར་སེར་དམར་མཐིང་ལྗང་བའི་མདོག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཁུག་གཅིག་རྡོ་རྗེའི་ཚེ་ཁུག་ཅིག༔ སྒོ་སྲུང་ལྷ་མོ་ཕྱག་རྒྱ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མགྱོགས་མ་ཚེ་བདག་ཚེ་ཁུག་ཅིག༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ རིགས་ཀྱི་བདག་པོའི་ཚེ་ཡང་ཐོབ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པ་ཐུགས་སྲོག་ནྲྀཿ ལ་ཐིམ༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འབར༔ བདག་ཅག་རྣམས་ལ་ཚེ་དབང་བསྐུར༔ ཅེས་པས་སྐབས་སུ་བསྐུལ་ཞིང་། བསྐུལ་ཚར་ནས་ཚེ་བསྟིམ་ཞིང་སྦ་བ་ནི། ཧཱུྃ་ཧྲཱིཿ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང་༔ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་སྤྱོད་ཅིག༔ མིའུ་རྣམས་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་བཞིའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡི་དཔལ་སྤྱོད་ཅིག༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་ལ༔ ཚེ་དཔག་མེད་མགོན་རིགས་ལྔ་ཡི༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང་༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་སྤྱོད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿ ཧཱུྃ་ཨ་མ་ར་ནི་ཛྱེ་ཝནྟེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཞེས་བསྟིམ་ཞིང་འཛབ་སྔགས་འདི་ཡང་ཅི་ནུས་སུ་བཟླས་པས། འཇིག་རྟེན་གྱི་ཁམས་ཀྱི་ཚེ་བཅུད་ཚེ་ལྷ་ཞི་ཁྲོ་ཐམས་ཅད་དང་ལྷ་དང་དྲང་སྲོང་ཀླུ་དབང་འགྲོ་བ་མི་ཡི་སྲོག་ནྲྀཿ ནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་བདག་དང་བུམ་པ་སིབ་ཐིམ། ཡང་འོད་དུ་མེ་རེ་རེ་འདུས། བ་སྤུའི་བུ་ག་ལ་སིབ་ཐིམ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པའི་གདེངས་བསྐྱེད། དེ་ལྟར་འབད་པས་ངེས་པར་ཐོབ་པས་ཀྱང་འགྱུར་རོ། །མཐར་ཐུག་བཞག་པའི་སྐབས་སུ། །བདུད་རྩིའི་ཆུ་རྒྱུན་གྱིས་བུམ་པ་གང་བའི་དབུས་སུ་ལྷ་ཚོགས་རྣམས་འོད་ཀྱི་སྐུར་བཞུགས་པར་བསམ་མོ། །གསུམ་པ་བདག་འཇུག་བླངས་པའི་ཆོ་ག་རྒྱས་པ་ནི་དབང་མཆོག་དཀྱུས་སུ་འབྱུང་བཞིན་དང་། རྒྱུན་ཁྱེར་ཉམས་ལེན་སྙིང་པོའི་གནད་བཅུད་དྲིལ་བསྟན་པ་ནི་འདི་ལྟ་སྟེ། རང་ཉིད་སྐད་ཅིག་གིས་མདུན་དུ་པདྨ་ཉི་ཟླའི་གདན་ལ་ཚེ་བདག་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་ཡབ་བཅུ་དྲུག༔ ཁྲོ་བོ་སྒོ་བ་ཡབ་ཡུམ་བརྒྱད། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ལ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་མཎྜལ་དུ་འབུལ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་མཎྜལ་འབུལ་བ་ཡིན། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །གུ་རུ་རཏྣ་མཎྜལ་པུ་པཱེ་ཙ་མེ་གྷ་ས་མུནྟྲ་སྥ་ར་ན་ས་མ་ཡེ་ཨཱཿ ཧཱུྃ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་ལ་གསན་ཅིང་དགོངས་དུ་གསོལ། །ཁྱེད་ཀྱི་མཁྱེན་བརྩེ་ཡེ་ཤེས་ཀྱིས། །བདག་སོགས་མོས་པའི་བུ་རྣམས་ལ། །དགོངས་པ་མྱུར་དུ་གཏད་ནས་ཀྱང་། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་དང་པདྨའི་གསུང་། །ཐམས་ཅད་མཁྱེན་པའི་ཡང་དག་ཐུགས། །རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། །སྒོ་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། རིགས་ལྔ་ཡབ་ཡུམ་གྱི་ཕྱག་གི་བུམ་པས་དབང་བསྐུར། དབང་བསྐུར་མཆོག་རང་བཞིན་རྡོ་རྗེ་ཆེ། །ཁམས་གསུམ་མ་ལུས་ཀུན་ཏུ་ཕྱག་བྱས་པ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བའི་བདག་ལ་སྩལ་དུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་དབང་བསྐུར་རོ། །ཨོཾ་ན་མཿ སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀཿ ཛ་སིད་དྷི་ཕཱ་ལ་ཧཱུྃ་ཨ་མ་ར་ནི་ཛི་ཝན་ཏེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ་ཨཱ། ཞེས་བརྗོད་ལ་བསྒྲུབ་པའི་བུམ་པ་རང་གི་སྤྱི་བོར་བླངས། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏི་ཛ་ཨཱཿ ཧཱུྃ། སྒོ་མ་བཞིས་རྡོ་རྗེའི་གླུ་བླངས། ཨོཾ་བཛྲ་ས་ཏྭ་སུ་སཾ་ཏྲ་ནོཿ ཨོཾ་བཛྲ་རཏྣ་མ་ནུ་ཏ་ར་དྷརྨཱ་ཀ་ཡེ་མ་ཎི་བཛྲ་ཀརྨཱ་ཀ་རོ་བྷྱཿ ཝ་ཤིནྟཾ་ཀྲོ་ཏ་ར་ཛ༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། སརྦ་བིགྷ་ནཾ་ཏ་ཀྲི་ཏ་ཧཱུྃ་ཕཊ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། བཀྲ་ཤིས་གང་ཞིག་སེམས་ཅན་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་མཆོག་གྱུར་པ། །སྤྱོད་བྱེད་ཀྱིས་བསྐྱེད་བདེ་འབྱུང་ཇི་ལྟ་བུ། །དེང་འདིར་དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བུམ་པའི་བདུད་རྩི་སྤྱི་བོ་ནས་ཞུགས་པར་བསམ་ལ་ལྕེ་ཐོག་ཏུ་མྱང་། དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་བའི་བུམ་པ་བདུད་རྩིའི་ཆུ་རྒྱུན་དེས། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། རྒྱན་དང་ཆ་ལུགས་ཀྱི་དག་པ་དྲན་པར་བྱ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག གསང་བའི་དབང་ཐོབ། འཁོར་ལོ་ལྔ་ཡི་དག་པ་དྲན་པར་བྱ། སྙིང་ཁ་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྐྱེ་མཆེད་དྲུག་གི་དག་པ་དྲན་པར་བྱ། རྐང་མཐིལ་ཡན་ཆད་གང་། སྒོ་གསུམ་གྱི་དྲི་མ་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་འོད་དཔག་མེད་པས་དབུ་རྒྱན་པར་བསམ། དེ་ནས་མདུན་གྱི་ནམ་མཁར་བཞུགས་པའི་ཚེ་བདག་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་པར་གཞོམ་པ་མེད་པ་དོན་དམ་པའི་ཚེ་རང་རིག་ཟབ་གསལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག བདག་འཇུག་སྐྱར་ལྡབ་ལེན་ན་འདི་ཡན་ཅི་ནུས་བསགས། གང་ལྟར་གྲུབ་མཐའ་དམ་ཚིག་བཟུང་ཞིང་། མཎྜལ་དང་ལུས་འབུལ་བ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་ལེགས་པར་བརྒྱན་ནོ། །ཚུལ་དེ་ལ་ནར་མར་འབད་ན་སྡིག་སྒྲིབ་ཞི་སྔགས་སྡོམ་དག་བསོད་ནམས་རྒྱས་ཚེ་རིང་རྒ་བས་མི་གཟིར་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ཞིང་། མདོར་ན་འགལ་རྐྱེན་མཐའ་དག་ཞི། མཐུན་རྐྱེན་མཐའ་དག་འཕེལ། ཚེ་དབང་རྒྱ་ཆེན་མཆོག་གི་རིག་འཛིན་མྱུར་དུ་ཐོབ་པ་སོགས་གནས་སྐབས་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ནན་ཏན་དུ་བྱའོ། །གཞན་ལ་ཚེ་དབང་རིམ་པ་བགྱིད་དགོས་ཀྱང་སྐབས་འདིར་བཞུགས་ཏེ་ཆོ་ག་དཀྱུས་བཞིན་ཉིད་དོ། །གང་ལྟར་མཐར་བུམ་པར་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་དང་གཞན་ཡང་མགྲོན་ཐབས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་སྤྲིན་གྱི་ཕུང་པོ་གཏིབ་པ་ལྟ་བུ་མདུན་གྱི་ནམ་མཁར་མོས་པས་གསལ་བཏབ་སྟེ། མཆོད་པ་རྣམས་ཁ་གསོ།ཨོཾ་ཨཱཿ ཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་བཏང་རག་ཚུལ་དུ་མཆོད་ཅིང་བསྟོད་པར་བྱ། དེ་ཡང་། ཧཱུྃ་མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན༔ འདོད་ཡོན་ལྔ་ལྡན་ཕྱི་ཡི་མཆོད་པ་འབུལ༔ ལྷ་མོ་ལྔ་དང་གླུ་གར་སྨན་རག་གཏོར༔ སྦྱོར་སྒྲོལ་དུག་ལྔ་ནང་གི་མཆོད་པ་འབུལ༔ རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ༔ ཡེ་ཤེས་ལྔ་ལྡན་གསང་བའི་མཆོད་པ་འབུལ༔ ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀ༔ ཛཿ སིད་དྷི་ཕ་ལ་ཧཱུྃ་ཨ་མ་ར་ཎི་ཛི་ཝནྟེ་ཡེ་སྭཱ་ཧཱ། ཨོཾ་ཨཱཿ ཧཱུྃ་སརྦ་པུ་ཙ་རནྟ་གུ་ཎ་ཀརྨ་ས་མ་ཡེ་ཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིནྟ་ཧཱུྃ་ཧྲཱིཿཐ་ཡ། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ། །ཡེ་ཤེས་ལྔ་ལྡན་བདེ་བ་ཆེ། །འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ། །རྩ་བ་གསུམ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །དེ་ནས་ཉེས་པའི་ཚོགས་བཟོད་པར་གསོལ་བ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཡིག་བརྒྱ་ཚར་གསུམ་བརྗོད། དེ་ནས་གཤེགས་སུ་གསོལ་བ་ནི། བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པ། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་སོ། །དེ་ཡང་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་བསྡུ་བར་དམ་པ་འགའ་ཡིས་བཞེད་ཀྱང་སྔགས་བླ་མེད་སྤྱི་དང་བྱེ་བྲག་སྐབས་འདིར་མགྲོན་ཐབས་ལས། རྩ་བའི་དཀྱིལ་འཁོར་དམ་ཡེ་དབྱེར་མེད་རང་གི་སྙིང་གར་བསྡུ་བ་དྲན་མཆོག་མགོན་པོའི་ཞལ་ལུང་བདུད་རྩིའི་ཐིག་པ་ལྟ་བུ་ཤིན་ཏུ་གཅེས་པའི་གདམས་པའོ། །དེ་མཐར་རྡོ་རྗེ་དང་བཅས་མདའ་དར་གཡབ་ཅིང་། ཨོཾ་སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ། །ཕུང་པོ་ལྔ་ལ་རབ་ཏུ་ཐིམ། །ཨཱཿ གསུང་གི་གསུང་དེ་གསུང་ལ་ཐིམ། །ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ། ཧཱུྃཿ ཐུགས་ཀྱི་ཐུགས་ཀྱི་སྟེ་ཐུགས་ལ་བསྟིམ། །རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །སྐལ་ལྡན་རྣམ་ལ་བཀྲ་ཤིས་ཤོག །སྙིང་པོ་ཉི་ཟླ་གསལ་གྱུར་ཅིག །ཨོཾ་ཨཱཿ ཧཱུྃ་ཛྙ་ན་ཧཱུྃ་ཧེ། ཞེས་བདུད་རྩི་མྱང་། དངོས་གྲུབ་ཚེ་ཡི་རྫས་གཞན་རྣམས་ཀྱང་རིམ་པས་ལོངས་སྤྱོད། དེ་ནས་ཐལ་སྦྱར་མེ་ཏོག་བཟུང་ཞིང་། ཨོཾ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ། །ཚངས་པའི་གསུང་ནི་འགག་མེད་རྟག་པ་རྡོ་རྗེའི་གསུང་། །སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་བ་མེད་པའི་ཐུགས། །འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི། །རྔ་སྒྲའི་རྒྱལ་བོ་རྒྱལ་བ་འདྲེན་པ་འོད་དཔག་མེད། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་འགྲུབ་གྱུར་ཏེ། །བདག་ཅག་ཚེ་དང་བསྒྲུབ་པ་མཐར་ཕྱིན་ནས། །རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག །ཅེས་སྨོན་ལམ་རྡོ་རྗེའི་ཚིག་ལན་གསུམ་བརྗོད། གཞན་རྟག་ཏུ་ཁ་ཐོན་བྱས་ཀྱང་བྱིན་བརླབས་ཤིན་ཏུ་ཆེ་བའོ། །གཞན་ཡང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ་ཞིང་། དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱི་ཡི་ཆོ་ག་དང་མཐུན་པར་བྱའོ། །དེ་ལྟར་འཆི་མེད་རྒྱལ་བའི་དཀྱིལ་འཁོར་མཆོག །མངོན་དུ་བརྗོད་པ་རྡོ་རྗེ་གསུམ་རང་བཞིན། །བསྙེན་པ་བདག་བསྐྱེད་བསྒྲུབ་པ་མདུན་བསྐྱེད་དང་། །ལས་སྦྱོར་བྱིན་རླབས་བདག་འཇུག་རིམ་པ་མཆོག །འཁྲུལ་མེད་ཨོ་རྒྱན་རྒྱལ་པའི་དགོངས་གསང་བཅུད། །སངས་རྒྱས་ཀུན་འདུས་རྗེ་བཙུན་བླ་མ་ཡི། །ཐུགས་ཀྱི་བུམ་བཟང་ལས་འོང་བདུད་རྩིའི་རྒྱུན། །སྐལ་ལྡན་སྐྱེས་བུའི་འདོད་འཇོ་འདི་ན་རྨད། །ཚུལ་འདིར་བདག་མོས་ཞུགས་སྤྱོད་དགེ་ཚོགས་ཡང་། །འོད་དཔག་མེད་ཞལ་དཔལ་མགོན་བླ་མ་ཡི། །ཐུགས་ཀྱི་དགོངས་པ་བཀང་བ་ཆེད་ཁོ་ནར། །ཡོངས་སུ་བསྔོ་བའི་ནུས་པ་ཅི་སྙེད་དེས། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་ཀུན་བཅོམ་ནས། །དགའ་ཆེན་མི་འགྱུར་བདེ་བའི་ཟིལ་མངར་གང་། །ལེགས་མྱོང་ཕུན་ཚོགས་འོད་དཔག་མེད་ཇི་བཞིན། །རིང་མིན་ཉིད་ཐོབ་དེས་ཀྱང་མགོན་དགྱེས་ཤོག །

ཅེས་ཚེ་དཔག་མེད་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་དང་བཅས་པའི་ཆོ་ག་ཁྲིགས་སུ་དྲན་མཆོག་མགོན་པོ་རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་དཔལ་པདྨ་བདེ་ཆེན་གླིང་པ་གང་གི་ཞལ་སྔ་ནས་བདག་འཇུག་གི་བཀྲ་ཤིས་བརྗོད་པ་ཡན་མཛད་པའི་འཕྲོ་ཅུང་ཟད་ལྷག་མར་གྱུར་པའི་ཁ་སྐོངས་ནི། མགོན་དེའི་ཆོས་ལས་སྐྱེས་པའི་སྲས་ཀྱི་ཐུ་བོར་དབང་བསྐུར་ཞིང་ཕྱི་ནང་གི་རིགས་པའི་གནས་ལ་བློ་གྲོས་ཀྱི་སྣང་བ་ཡང་པོར་སྤྱོད་པ་རི་ཁ་བ་ཅན་གྱི་ཕྱོགས་ཀུན་ཏུ་ཀཿཐོག་སྤྲུལ་སྐུར་བརྗོད་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཆུ་ཕག་གི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགའ་བ་དང་པོ་ལ་ཚངས་པ་རྒྱས་པའི་བུ་རོ་ཧི་ཏ་ཡི་ཀླུང་གཡས་སུ་འཁྱིལ་བའི་འགྲམ་ཀོང་ཡུལ་ས་ཡི་ཐིག་ལེ་འོད་ཀྱི་དུར་ཁྲོད་པདྨ་བརྩེགས་པར་བཀོད་པའོ། །དགེའོ། །དགེའོ། །དགེའོ། །བཛྲ་ཨཱ་ཡུ་ཥེ་སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ།

ཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་།

༄༅། །ཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་བཞུགས་སོ། །

༈ ན་མོ་ཧཱུྃ། འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་སྒྲུབ་བྱ། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་འབུལ་ཞིང་། །སྡིག་བཤགས་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་བ་བཞུགས་གསོལ་དགེ་ཚོགས་བྱང་ཆུབ་བསྔོ། །ཨོཾ་མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་རོལ་པའི་ཧྲཱིཿ འོད་ཟེར་འབར་གཡོ་རྒྱུན་གྱིས་དངོས་སྣང་སྦྱངས། །སྣང་སྲིད་འོད་ཞུ་འཇའ་ཐིག་བཀྲ་བ་ཡི། །ཞིང་ཁམས་རྡུལ་ཀུན་བྲལ་དང་དྭངས་མའི་ཀློང་། །ཧཱུྃ་ལས་ཕ་ལམ་རྡོ་རྗེ་རྩེ་དགུ་པ། །ཆོས་བདུན་ལྡན་ལྟེར་ཉི་ཟླའི་གའུ་དབུས། །སྟོང་ལྡན་གེ་སར་ཟེའུ་འབྲུར་གསལ་བྱེད་སྟེང་། །ཧྲཱིཿལས་གསུང་གི་རྡོ་རྗེ་འཆང་ཆེན་པོ། །གཟི་བརྗིད་འོད་དཔག་མེད་མགོན་ཚེ་ཡི་བདག །དམར་འཚེར་ཞི་བའི་ཞལ་གཅིག་སྤྱན་དཀྱུས་རིང་། །ཤངས་མཐོ་ཞལ་འཛུམ་ལྟ་བས་ཆོག་མི་ཤེས། །ཕྱག་གཉིས་མཉམ་བཞག་མཐིལ་ན་རིན་ཆེན་བདུན། །ལས་གྲུབ་བུམ་པ་འཆི་མེད་བདུད་རྩིའི་བཅུད། །ཡོངས་ཁེངས་ཁ་བརྒྱན་བསྐལ་པ་ཤིང་གིས་བརྒྱན། །ཞབས་གཉིས་རྡོ་རྗེ་ལྟ་བུའི་སྐྱིལ་ཀྲུང་བཞུགས། །མཚན་བཟང་དཔེ་བྱད་མ་ལུས་ཡོངས་སུ་རྫོགས། །པང་དུ་བདེ་བྱིན་དམར་སེར་གུར་གུམ་མདོག །མདའ་དར་ཚེ་བུམ་ཡབ་སྟོབས་གཉིས་མེད་འཁྱུད། །གཉིས་ཀའང་རིན་ཐང་བྲལ་བའི་ནོར་བུ་དང་། །རུས་པའི་རྒྱན་སྤྲས་དར་གྱི་ཆས་ལྔ་རྫོགས། །ཡབ་ཡུམ་སྤྱི་གཙུག་རྟ་ཕག་ཞལ་ལྗང་ནག །ཨི་ཧ་ཧཱུྃ་ཕཊ་ཕེཾ་སྒྲས་སྣོད་བཅུད་གཡོ། །རྔོག་ཟེ་མེ་འབར་བར་ཆད་གདོན་བགེགས་བསྲེག །ཡབ་ཡུམ་འཇའ་འོད་ཟེར་ཐིག་ལེ་ཀློང་གསལ། །དེ་ཡི་སྤྱི་བོར་ཡས་རིམ་མཐོ་བརྩེགས་ཚུལ། །རྩ་བའི་བླ་མ་པདྨ་བདེ་ཆེན་ཉིད། །པདྨ་ནོར་བུ་གར་དབང་གཏེར་བཞད་སྙིང་། །མཚོ་རྒྱལ་པད་འབྱུང་ཚེ་དཔག་མེད་ཡབ་ཡུམ། །ཀུན་བཟང་ཡབ་ཡུམ་གཟི་བརྗིད་འོད་འབར་བསྒོམ། །བརྒྱུད་པའི་བླ་མར་རྩེ་གཅིག་གསོལ་བཏབ་པས། །ཐུགས་ལས་འོད་འཕྲོས་འཁོར་འདས་སྣོད་བཅུད་ཀྱི། །ཚེ་བསོད་སྲོག་རླུང་ལུས་རླུང་རྟ་དབང་ཐང་བཅུད། །མ་ལུས་ལྕགས་ཀྱུས་བཀུག་ནས་བླ་མར་ཐིམ། །སྐུ་ལས་བདུད་རྩིའི་རྒྱུན་བབས་བདག་ལུས་ཀྱི། །འཁོར་ལོ་དྲུག་པོ་འཆི་མེད་དྭངས་མས་ཁེངས། །འཕོ་བྲལ་ཚེ་དབང་རིག་འཛིན་མཆོག་གྲུབ་བསམ། །ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཧྲཱིཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་པུཎྱཻ་ཛྙཱ་ན་ཨ་ཡུ་སིདྡྷི་ཧཱུྃ་ཛཿ དེ་ཉིད་ངག་བཅད་དམིགས་པ་གསལ་བར་བཟླས། །ཡང་ན་བསྙེན་བསྒྲུབ་ལས་གསུམ་ཆིག་དྲིལ་དུ། ཨོཾ་གུ་རུ་ཨ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀ་ཛཿ སིདྡྷི་ཕ་ལ་ཧཱུྃ། ཨ་མ་ར་ཎི་ཛི་ཝེནྟ་ཡེ་སྭཱ་ཧཱ། མཐར་ནི་བརྒྱུད་པའི་བླ་མ་འོད་ཞུ་ནས། །ཚངས་བུག་ནས་བྱོན་ཐུགས་ཀའི་ཧྲཱིཿལ་ཐིམ། །འཆི་མེད་དྭངས་མའི་འོད་མདངས་རབ་ཏུ་འཚེར། །གཞོམ་བྲལ་རྡོ་རྗེའི་སྐུ་རུ་གྱུར་པར་བསམ། །ཐུན་བསྡུས་ཚེ་དཔག་ཡབ་ཡུམ་ཡང་། །ཐུགས་ཀའི་ཧྲཱིཿར་ཐིམ་ཧྲཱིཿཡང་འཇའ་ལྟར་ཡལ། །སྐྱེ་འགགས་གནས་བྲལ་རང་བྱུང་རིག་པའི་གཤིས། །ཀ་དག་ཁྱབ་བརྡལ་ལྷུན་གྲུབ་ངང་དུ་བཞག །ཨེ་མ་ཚེ་སྒྲུབ་སྙན་བརྒྱུད་ཡང་ཟབ་བཅུད། །པད་འབྱུང་མཁའ་ལ་གཏེར་བཞད་ཉི་འོད་ཀྱི། །བདག་སྙིང་པདྨོ་འཛུམ་བྱས་བག་ཆགས་དེ། །རྗེས་དྲན་བདུད་རྩིའི་ཟིལ་མངར་འདི་ན་འགྱེད། །བཀའ་དཀྲུག་ལུང་རྐུས་ཚོ་དང་འདི་མི་འདྲ། །མི་ཤེས་གྲགས་འདོད་ཆེ་བརྩམ་དོ་ཟླ་མིན། །བླ་མ་ལྷ་ཡི་བྱིན་རླབས་ཅུང་ཞུགས་མཐུས། །གཞུང་མཐུན་མན་ངག་ལེགས་པར་བཤད་པ་ཡིན། །འོན་ཀྱང་ཉེས་ཚོགས་མཆིས་ན་བླ་མ་ལྷར། །ལེགས་བཤད་འདི་ཕྱིའི་སྒྲིབ་ཚོགས་སྦྱང་དུ་གསོལ། །ལེགས་པའི་དགེ་བས་ཁམས་གསུམ་འགྲོ་བ་ཀུན། །བདེ་ཆེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །

ཅེས་ཚེ་སྒྲུབ་ས་བྱ་ཟླ་བ་གཉིས་པའི་ཚེས་བཟང་བཅོ་བརྒྱད་ལ་བྲིས་པའོ། །སརྦ་མངྒ་ལཾ།

བླ་མ་དགོངས་འདུས་རྩ་གསུམ་གཅིག་དྲིལ་སྒྲུབ་ཐབས་ནོར་བུ་ལུགས་རྒྱུན་ཁྱེར་བདུད་རྩིའི་ཐིགས་པ།

༄༅། །གུརྦབྷིབཾིཡབྲྀནྡཏྲིམཱུལཻཀསཾགྲཧསཱདྷནཱམཎིཀྲམསརཱཀྲིཡཱམྲྀཏབིནྡུནཱམབིདྱཏེ།

༄༅། །བླ་མ་དགོངས་འདུས་རྩ་གསུམ་གཅིག་དྲིལ་སྒྲུབ་ཐབས་ནོར་བུ་ལུགས་རྒྱུན་ཁྱེར་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་བྷྱ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ལ། །གཅིག་དང་དུ་མའི་སྤྲོས་བསྡུ་བྱེད་པ་པོ། །དཀྱིལ་འཁོར་གཙོ་མཆོག་དཔལ་ལྡན་བླ་མ་ལ། །སྒོ་གསུམ་དངས་པས་རྣམ་ཀུན་ཕྱག་བྱས་ནས། །གང་གི་དཀྱིལ་འཁོར་དགོངས་འདུས་རྩ་གསུམ་གྱི། །རྣལ་འབྱོར་རྒྱན་ཁྱེར་བསྡུས་ལས་ཆེར་བསྡུས་པ། །ནམ་ཡང་ཆད་མེད་ནར་མ་ཁོས། །ཉམས་ལེན་སླད་དུ་ཅུང་ཟད་འདིར་བཀོད་བྱ། །དེ་ཡང་དད་པ་ཅན་རྩ་བ་གསུམ་གྱི་དབང་བསྐུར་ཐོབ་ཅིང་དམ་ཚིག་ལ་གནས་པ་མན་ངག་བླ་མའི་ཞལ་ལུང་ལེགས་པར་ནོས་པའི་བསྒྲུབ་པ་པོའི་དུས་ཉིན་ཞག་རེར་ཐུན་དྲུག་གམ་ཐུན་གསུམ་དུ་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་ལ་ཅིས་ཀྱང་ཐུན་དང་པོ་ལས་གཞན་རྣམ་པ་གསལ་འདེབས་ཚིག་གི་སྤྲོས་པ་མི་ལྕོག་ཚེ་མདོར་བསྡུས་ཙམ་གྱིས་ཉམས་སུ་ལེན་པ་ལ། སྔོན་འགྲོ་ཚོགས་བསགས་པ་ནི། ཀྱཻ། ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས། །འགྲོ་རྣམས་སྐྱོབས་པའི་མགོན་དང་དཔུང་མཛོད་ཅིག །དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར། །མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ། །བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ། །ཉམས་ཆགས་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས། །དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང་། །བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ། །རྒྱལ་བ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི། །སྔོན་ཆད་རྒྱལ་བས་མཛད་པ་་རྨད་བྱུང་ལྟར། །དེ་བཞིན་བདག་གིས་དུས་འདི་ནས་བརྩམས་བྱ། །འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག །གཉིས་པ་དངོས་གཞི་བསྐྱེད། སྔགས་རྫོགས་པའི་རིམ་པ་གསུམ་གྱི་དང་པོ་ནི། ཨོཾ་མཁའ་ཁྱབ་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན། །སྐྱེ་འགག་གནས་བྲལ་གདོད་ནས་སྟོང་ཉིད་དབྱིངས། །ཨོཾ་མ་ཧཱ་ཤུ་ཛྙ་ཏེ་ཛྙ་ན་བཾ་བྷ་ཝ་ཧཱུྃ། དེ་ལྟར་མ་རྟོགས་སྒྱུ་འདྲར་འཁྲུལ་པའི་བློ། །འགྲོ་ལ་སྙིང་རྗེ་ཚད་མེད་ཀུན་ཏུ་སྣང་། །དྷརྨ་དྷ་རུ་སཾ་བྷ་ཝ་ཧཱུྃ། སྟོང་ལས་རང་མདངས་སྙིང་རྗེ་རོལ་པ་ཡི། །འགྲོ་དོན་བསྐུར་བཞེངས་རྒྱུ་ཡི་ཧེ་རུ་ཀ །རྡོ་རྗེ་སེམས་དཔའ་པདྨ་རཱ་གའི་མདོག །ནམ་མཁའི་མཐའ་དང་མཉམ་པའི་ཡེ་ཤེས་སྐུ། །དམར་འཚེར་སྒྲིབ་བྲལ་མེ་འོད་ཀུན་ཏུ་འཕྲོ། །དྲིལ་བུ་སྐུར་བརྟེན་རྡོ་རྗེ་ཐུགས་ཁར་འཛིན། །རྡོར་དཀྱིལ་ལོངས་སྐུའི་ཆས་རྫོགས་ཐུགས་རྗེ་ཡི། །སྤྲུལ་པའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ། །རྩིརྟ་པདྨ་བཛྲ་ཧཱུྃ། བདག་ཉིད་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས། །སྣང་བའི་ངོ་བོ་དཔལ་ཆེན་རྟ་མཆོག་ཡབ། །སྟོང་པའི་བདག་ཉིད་ཤེས་རབ་ཕག་མོ་ཡུམ། །སྣང་སྟོང་ཟུང་འཇུག་ཡུམ་ལྔ་འབྱུང་ལྔའི་དལ། །གཞོམ་མེད་བསྲུང་འཁོར་མེ་རླུང་འཁྲུག་པའི་དབུས། །རང་བྱུང་གདོད་ནས་ལྷུན་གྲུབ་གཞལ་ཡས་ཁང་། །རྣམ་ཤེས་ཚོགས་བརྒྱད་འདབ་བརྒྱད་གེ་སར་སྟེང་། །ཨ་ཧཾ་ཐབས་ཤེས་དཔྱིད་ཐིག་ཉི་ཟླའི་དབུས། །གདོད་ནས་རང་བྱུང་རིག་པ་ཡེ་ཤེས་ཁམས། །རིག་འདུས་གཙོ་མཆོག་གཟི་བརྗིད་འོད་དཔག་མེད། །པདྨ་བཛྲ་དམར་དཀར་མཐིང་བའི་ཞལ། །སྐུ་གསུམ་འཁྲུལ་སྒྲོལ་ཁྲོ་གཉེར་བྱམས་འཛུམ་ཞལ། །ཐེག་དགུའི་སྤྱན་བཟླུམ་སྡང་མིག་མེ་ལོང་འཕྲོ། །བསྒྲིབ་བསྲེག་སྨ་སྨིན་དམར་སེར་མེ་དཔུང་འབར། །འགྱུར་མེད་དབུ་སྐྲ་ནག་སྣུམ་གཙུག་ཏུ་འཁྱིལ། །འགྲོ་འདུལ་དབང་མཛད་དབང་རྒྱལ་ནོར་བུའི་སྤྲས། །ཞབས་བཞི་འདོར་ཐབས་གདུང་བྱེད་བདུད་བཞི་གནོན། །རིགས་དྲུག་ཐུགས་རྗེས་མི་བཏང་ཕྱག་དྲུག་ལྡན། །མི་འགྱུར་རྡོ་རྗེ་རྩེ་ལ་ཤེས་རབ་ཀྱི། །ཡེ་ཤེས་བདུད་རྩིའི་བུམ་བཟང་གཡས་གསུམ་ཕྱག །གཞོམ་མེད་དྲིལ་བུ་བདེ་ཅན་བདུད་རྩིའི་བདུད། །ཁམས་གསུམ་ཡོངས་སྒྲོལ་ཁ་ཊྭཱཾ་གཡོན་ན་བསྣམས། །ཞལ་རྩིབས་ཁྲག་ཐལ་ཞལ་དབྱུགས་དབང་དྲག་ཐབས། །ཕྱིན་དྲུག་རུས་རྒྱན་ཀླུ་འདུལ་སྦྲུལ་རྒྱན་དང་། །སྟོབས་བཅུ་ལས་བཞི་གླང་སྟག་སྟོད་སྨད་གོས། །ཉོན་མོངས་རྩད་གཅོད་ཞིང་ལྤགས་སྐེད་དུ་དཀྲིས། །ཡོན་ཏན་མཐར་ཕྱིན་ཐོད་སྐམ་ལྔས་དབུ་རྒྱན། །ཆེ་ཕྲན་ལྷུན་གྲུབ་རིན་ཆེན་རྩེ་བྲན་འབར། །ཁྲག་འཛག་མགོ་འཕྲེང་དོ་ཤལ་འདུ་བྱེད་དག །ཡེ་ཤེས་རྒྱས་གྱུར་རིན་ཆེན་དར་སྣ་བརྒྱན། །འགྲོ་དོན་ཆགས་ཐོགས་མི་མངའ་འགྱིང་འབག་སྐུ། །གར་དགུའི་ཉམས་ལྡན་ཞི་ཁྲོ་སྤྱི་དཔལ་མཆོག །དེ་གཙུག་རིགས་བདག་འོད་མི་འགྱུར་བ་དམར། །ཕྱག་གཉིས་མཉམ་བཞག་ཞབས་གཉིས་རྡོ་རྗེའི་དཀྱིལ། །མཚན་དཔེས་ཡོངས་རྫོགས་གཙུག་ཏོར་བལྟར་མི་བཟོད། །རྒྱན་མེད་གཅེར་བུ་དྭངས་གསལ་རྙོག་བྲལ་བཞུགས། །གཙོ་མཆོག་མདུན་དུ་ལྷན་སྐྱེས་གསང་ཡེ་མ། །ཤེས་རབ་ཕར་ཕྱིན་ངོ་བོ་མནྡྷཾ་ར། །དམར་འཚེར་ཐོད་རྔ་དུང་དམར་འཛིན་ཡབ་འཁྱུད། །ཞབས་གཉིས་བརྐྱང་བསྐུམ་བདེ་བས་མྱོས་ཚུལ་འཁྲིལ། །ནུ་འབུར་གསང་རྒྱས་སྤྱན་བཟླུམ་འཛུམ་ཞལ་སྦྱོར། །ཕྱག་རྒྱ་ལྔ་དང་རིན་ཆེན་དར་སྣས་བརྒྱན། །ཡབ་ཡུམ་སྙོམས་འཇུག་ཡེ་ཤེས་འོད་ཟེར་ཀློང་། །རྒྱ་མཚོ་གསེར་གྱི་ཉི་མའི་དབུས་སུ་གསལ། །དེ་ལྟར་ཡབ་ཡུམ་གནས་གསུམ་རྡོ་རྗེ་གསུམ། །ངོ་བོ་འཁོར་ལོ་པདྨ་རྡོ་རྗེའི་ལྟེར། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན། །ཐུགས་ཀར་ཉི་དཀྱིལ་ཧྲིཿདང་མ་ཡིས་སྤྲས། །དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་པ། །པདྨ་བཛྲ་ཡབ་ཡུམ་རྣམ་པ་རུ། །སྤྱན་དྲངས་བསྐྱེད་པའི་ལྷ་དང་དབྱེར་མེད་འདྲེས། །ཡབ་ཡུམ་མཁའ་གསང་རྡོར་པད་ཧཱུྃ་ཨཱཿས་བརྒྱན། །སྦུབས་སུ་ཟླ་ཉི་ཧྲཱིཿམས་སྤྲས་གནས་ཤིང་། །གཉིས་ཀའི་བུ་ག་ཡི་གེ་ཕཊཿཀྱིས་དགག །དེ་ནས་ཡབ་ཡུམ་སྙོམས་འཇུག་བརྡས་བསྐུལ་འགྱུར། །ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ར་ཧོ་ཧཾ་ར་ག་ཡ་མེ། དེ་ལྟར་བསྐུལ་སྦྱིན་སྙོམས་འཇུག་བདེ་བའི་སྒྲས། །སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ་ཐམས་ཅད། །སླར་བསྡུས་ཡབ་ཀྱི་ཞལ་ཞུགས་སྙིང་གར་ཞུ། །ཡུམ་མཁར་དཀྱིལ་འཁོར་གྱུར་ནས་ཕྱིར་སྤྲོས་པ། །བུདྡྷ་ཐོད་ཕྲེང་ཡབ་ཡུམ་དྲན་བཀོད་ཤར། །མི་བསྐྱོད་རྡོ་རྗེ་ཡབ་ཡུམ་རྩེ་མོ་ལྷོ། །པདྨ་དབང་ཆེན་ཡབ་ཡུམ་རོ་མྱང་ནུབ། །རིག་འཛིན་ཐོད་རྩལ་ཡབ་ཡུམ་བསྐྱེད་བྱེད་བྱང་། །གུ་དྲག་ཡབ་ཡུམ་མེ་མཚམས་བདེ་སྤྱོད་ནས། །ཐོད་དུམ་ཡབ་ཡུམ་བདེན་བྲལ་གསེར་སྒོའི་རྩ། །རྟ་མགྲིན་ཡབ་ཡུམ་རྐང་གཡས་རྩ་ཆེན་རླུང་། །གསང་བདག་ཡབ་ཡུམ་དབང་ལྡན་རྐང་རྩ་གཡོན། །ཀུན་ཀྱང་རང་རང་སྲས་འཁོར་སྤྲུལ་པར་བཅས། །བུ་ག་སྒོ་མཚམས་སྒོ་བསྲུང་མཚམས་མ་དང་། །རྩ་ཕྲན་བར་ཁྱམས་དཔའ་བོ་རྣལ་འབྱོར་སོགས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འབྱམས་ཀླས་བསམ། །ཀུན་གྱི་གནས་གསུམ་གཙོ་བཞིན་རྡོ་རྗེ་གསུམ། །ཐུགས་ཀར་ཡེ་ཤེས་རྡོ་རྗེ་རང་སྲོག་མཚན། །དེ་ལས་འོད་ཟེར་འཕྲོས་ཕྱོགས་དུས་རྒྱལ་བ་ཀུན། །སྤྱན་དྲངས་དམ་ཚིག་ཡེ་ཤེས་རོ་མཉམ་འགྱུར། །ཧྲཱིཿ རང་བཞིན་ལྷུན་གྲུབ་ཕོ་བྲང་ནས། །ཨོ་རྒྱན་པདྨ་ཡབ་ཡུམ་ལ། །འཁོར་དུ་དཔའ་བོ་མཁའ་འགྲོ་དང་། །ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར། །བདག་ཉིད་དད་པས་སྤྱན་འདྲེན་གྱི། །ཐུགས་རྗེའི་དམ་ཚིག་དབང་གིས་ནི། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །བདག་དང་གཉིས་མེད་བརྟན་པར་བཞུགས། །སྐུ་གསུང་ཐུགས་མཆོག་འགྲུབ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་དང་། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོཾ་ཨཱཿ ཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པ་རི་ཝ་རཱ་སཱ་མཱ་ཡཱ་ཛཱ༔ ཛཿ ཧཱུྃ་བཾ་ཧོ༔ ཨེ་ཨ་ར་ལི་ཧྲིང་ཧྲིང་ཕེམ་ཕེམ། པདྨ་ཀ་མ་ལ་ཡེ་སྟྭཾ༔ སླར་ཡང་ཐུགས་སྲོག་ཧྲཱིཿ ལས་འོད་འཕྲོས་པས། རང་བཞིན་གནས་ནས་གདན་གསུམ་དཀྱིལ་འཁོར་ལྷ། །མདུན་མཁར་སྤྱན་དྲངས་ཏིང་འཛིན་གྱིས་མཆོད་བསྟོད། །དེང་འདིར་མངོན་པར་དབང་བསྐུར་གསོལ་བ་འདེབས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡིས། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པའི། །དབང་བསྐུར་མཆོག་སྦྱིན་དམ་པ་སྦྱིན། །ཨོཾ་སརྦ་དྷརྨ་སམ་བྷ་ཝ་ཨ་བྷི་ཥཉྩ་ཧཱུྃ། དབང་བསྐུར་སྒྲིབ་དག་ཆུ་ལྷག་ཡར་ལུད་པས། །འོད་དཔག་མེད་སོགས་རིགས་བདག་ཀྱིས་དབུ་བརྒྱན། །དབང་ལྷ་ལ་སོགས་ནམ་མཁའ་གང་བ་ཡི། །རྒྱལ་བ་ཀུན་ཀྱང་རང་ལ་དབྱེར་མེད་ཐིམ། །ཧཱུྃ་ཧྲཱིཿ ཕྱི་ནང་གསང་བ་བླ་མེད་མཆོད་པའི་རྫས། །གཟུགས་སྒྲ་ལ་སོགས་དངོས་པོར་སྣང་དང་གཞན། །ཁུ་བ་བདེ་ཆེན་ཚོམ་བྱེད་རྣམ་རོལ་པ། །དམ་ཚིག་ཡེ་ཤེས་དགྱེས་པའི་མཆོད་པ་འབུལ། །གུ་རུ་དྷེ་ཝ་ཌ་ཀི་ནིཿ སརྦ་བྷུདྡྷ་བྷོ་དྷེ་སྭ་ཏྭ་མ་ཧཱ་པཱུ་ཙ་ཧོ། བྱིན་རླབས་ཀུན་འབྱུང་གུ་རུ་རྗེ། །དངོས་གྲུབ་མ་ལུས་འབྱུང་བའི་ལྷ། །ཕྲིན་ལས་ཉེར་བསྒྲུབ་ཌཱ་ཀྐིའི་ཚོགས། །ཡོན་ཏན་རྨད་བྱུང་ཨེ་མ་ཧོ། །ཞེས་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པ་ལ་མཆོད་ཅིང་བསྟོད་དེ་དགྱེས་ཤིང་ཚིམ་པར་བསམ་མོ། །གཉིས་པ་དཀྱིལ་འཁོར་ལྷའི་ཐུགས་བརྒྱུད་བསྐུལ་བ་བཟླས་པ། སྔགས་ཀྱི་རིམ་པ་ནི་བྱེ་བྲག་དམིགས་པའི་འཁྲུལ་འཁོར་གཞུང་ནས་བཤད་བཞིན་སོ་སོ་ཅི་ལྟར་འདོད་པ་དང་། སྤྱིར་བཏང་ནི་ལྷ་རྣམས་ཀྱི་ཐུགས་ཀར་པད་ཟླ་ཉི་མའི་གདན་གྱི་ལྟེ་བར་ཧྲཱིཿ དམར་པོའི་མཐའ་བསྐོར་བཟླས་པའི་སྔགས་ཕྲེང་འཁོད་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ས་བོན་ལ་ཐིམ། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་རྩ་གསུམ་རབ་འབྱམས་ཀྱི་སྐུ་འབའ་ཞིག་ཏུ་གྱུར་པ་དང་། ནམ་མཁའི་ཁམས་ཀྱང་གདོད་མའི་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཁེངས་པས་ཀུན་གྱི་འཛབ་སྔགས་ཀྱི་སྒྲ་ལྡི་རི་རི་བུང་བ་ཚང་ཞིག་པ་ལྟར་བཟླས་ནས་བདག་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པ་ཅིག་ཆར་དུ་ཐོབ་པར་བསམ་ལ། ཡིད་གཞན་དུ་མ་ཡེངས་པར་སྔགས་བཟླས་པ་ལ། རྩེ་གཅིག་འབད་པར་བྱ་སྟེ། དེ་ཡང་། ཨོཾ་ཨཱཿ ཧཱུྃཿ བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནི། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཞེས་སྤྱི་དྲིལ་རྒྱུན་ཁྱེར་སྙིང་པོ་དང་། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནི་ཨེ་ཝཾ་ཧྲཱིཿམ་སྭཱ་ཧཱ། དེ་བཞིན་གཙོ་འཁོར་གཞན་རྣམས་ཀྱང་སྤྲོ་ན་བཟླ་བར་བྱའོ། །གཞན་ཡང་གཙོ་མཆོག་པདྨ་བཛྲ་རྩལ་གྱི་ཐུགས་ཀར་བདེ་གཤེགས་ཞི་བའི་དཀྱིལ་འཁོར་དང་། ཞི་བའི་གཙོ་བོ་ཡི་ཐུགས་ཀར་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་སེམས་དཔའ་གསུམ་བརྩེགས་བཀོད་པ་ཅན་ལྷ་ཚོགས་དེ་རྣམས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟི་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཅེས་ཅི་ནུས་སུ་བཟླ་བ་ཡང་ན་རག་དོང་ནས་སྤྲུགས་པའི་ཆོ་ག་རྨད་དུ་བྱུང་བའོ། །འོན་ཀྱང་བཟླས་པའི་གཙོ་བོ་ནི་ཐོག་མར་རང་གི་གང་མོས་སྔགས་གཅིག་ཁོ་ནར་བྱ་སྟེ། དེ་ལ་ནུས་པ་ཐོབ་ན་ལྷག་མ་གཞན་རྣམས་ཀྱི་ནུས་པ་ཡང་ཤུགས་ཀྱིས་ཐོན་པར་འགྱུར་བས་དེས་ན་བློ་སྣ་སྤྲོས་པ་མང་པོ་བོར་ལ་གང་རིགས་གཅིག་དྲིལ་ལ་འབད་པས་དོན་འགྲུབ་པར་འགྱུར་བས་སྔགས་གཞན་ཞར་བྱུང་ཅུང་ཟད་རེ་བཟླས་པས་ཆོག་གོ །དེ་ལྟར་སྔགས་བཟླས་ཐུན་གྱི་ཐོག་མཐར་ཁ་བསྐང་དུ་ཨཱ་ལི་ཀཱ་ལིའི་ཡིག་བརྒྱ་ཚར་བདུན་རེ་ལས་མི་ཉུང་བ་བཟླས་པ་ནི་གལ་ཆེའོ། །གསུམ་པ་རྫོགས་པའི་རིམ་པ་ནི། གཙོ་མཆོག་ཐུགས་སྲོག་འོད་ཟེར་གྱི་ཁམས་གསུམ། སྣོད་བཅུད་གཞལ་ཡས་ལྷ་རྣམས་གཙོ་བོ་བརྒྱད། དེ་ཡང་གཙོ་མཆོག་ཡུམ་ཡབ་ཡབ་ཡང་ཧྲཱིཿ རིམ་ཐིམ་ཧྲཱིཿ ཡང་མཁའ་ལ་འཇའ་ལྟར་ཡལ། །རྟོགས་བྲལ་སྟོང་ཉིད་འོད་གསལ་བདེ་བ་ཆེ། །ཡེ་གྲོལ་མཉམ་ཉིད་ངང་དུ་ཅི་གནས་བཞག །སླར་ཡང་ཧྲཱིཿ བརྗོད་གཙོ་མཆོག་ཡབ་ཡུམ་གསལ། ཐུགས་ཀའི་ཧྲཱི་ལས་སྣོད་བཅུད་སྔར་ལྟར་གསལ། ཞེས་རྟག་ཆད་ཀྱི་མཐའ་བསལ་ཞིང་སྐུ་གཉིས་སྨིན་བྱེད་ཟུང་འཇུག་རྫོགས་པའི་རིམ་པ་དེ་ལྟར་ལ་འབད་པར་བྱའོ། །

སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཇི་ལྟར་འབྱོར་བའི་མཆོད་གཏོར་སྣོད་བཟང་པོར་བཤམས་ལ་ཆུ་ཆུང་བདུད་རྩིས་བྲན་ཅིང་། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་བྷི་ཤུད་དྷེ་སརྦ་དྷརྨ་སྭ་བྷ་ཝ་བྷི་ཤུདྡྷོ྅ཧཾ༔ འཁོར་འཁོར་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བརྡུང་པ་ལྟ་བུའི་མཆོག་མ་ལ་བ་དན་ལྗང་ཁུ་གཡོ་བ་དང་། ཆང་བཟུང་ལ་ཡཾ་གྱིས་མཚན་པ། དེ་ཡི་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར་བ་ལྟེ་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་ལས་ཐོད་པའི་སྒྱེད་སོ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་ནང་དུ་ཨ་ལས་ཐོད་པ་ཕྱི་དཀར་བ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ་དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྱ་ལྟ་བུ། ཤར་དུ་མི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོ་རུ་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་དུང་ལ་ཕོ་ཚོས་བྱུག་པ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དུང་ལྟ་བུ། དབུས་སུ་ན་ལས་མི་ཡི་ཤ །ཤར་ལྷོར་གྷོ་ལས་རྟ་ཡི་ཤ །ལྷོ་ནུབ་ཏུ་སྐུ་ལས་ཁྱི་ཡི་ཤ །ནུབ་བྱང་དུ་དྷ་ལས་བ་གླང་གི་ཤ །བྱང་ཤར་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དེ་ལྟར་ཤ་ལྔ་བདུད་རྩི་ལྔ། དཔུང་པའི་འོག་ཏུ་ཉི་མའི་གདན་སྟེང་དུ་ཟླ་བའི་ཁ་ཆོད་བྱས་པའི་སྟེང་དུ་དབུས་སུ་འཁོར་ལོ་ཨོཾ་གྱིས་མཚན་པ་ཤར་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ། ལྷོར་རིན་ཆེན་ཏྲཾ་གྱིས་མཚན་པ། ནུབ་ཏུ་པདྨ་ཧྲིཿ ས་མཚན་པ། བྱང་དུ་སྣ་ཚོགས་རྡོ་རྗེས་ཨཿ ས་མཚན་པར་གྱུར། བདག་གི་སྣ་བུག་གཡས་པ་ནས་ཡཾ་ཧཱུྃ་ཡཾ་ཅེས་པའི་ཡིག་འབྲུ་འཕྲོས་པ་ལས་རླུང་བྱུང་གཞུ་ཡི་ཆང་གཟུང་གི་ཡམ་ལ་ཕོག་པས་མཆོག་མའི་བ་དན་སྐྱོད། རླུང་གཡོས་མེའི་དཀྱིལ་འཁོར་ལ་ཕོག མེ་སྦར་ཐོད་པ་དྲོས། རྫས་རྣམས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་ཞུ་ཞིང་འཁོལ་བས་ཉེས་སྐྱོན་ཐམས་ཅད་སྦུ་བའི་ཚུལ་དུ་ཕྱིར་ལུད་རླང་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པས་མདུན་གྱི་ནམ་མཁར་ལྷ་ཚོགས་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་། ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱུན་ཆར་ལྟར་དུ་བབ་པས། ཀ་པཱ་ལ་ཡི་དམ་ཚིག་གིས་བདུད་རྩི་ལ་ཐིམ་སྟེ། ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿ ཧ་ཧ་ཧོ་ཧྲཱིཿ ཞེས་པས་ཕྱག་མཚན་ལྔས་དཀྲུག་པས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར། སླར་ཡི་གེ་ཕྱག་མཚན་དང་བཅས་པ་འོད་དུ་ཞུ་སྟེ་བདུད་རྩི་དེ་ཉིད་ཁ་དོག་ཤེལ་དྭངས་མ་ལྟ་བུ་ལ་རོ་སྦྲང་གི་རྩི་ལྷད་མེད་ལྟར་གྱུར་ཅིང་། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཨེ་ཨ་ར་ལིཿ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་བུདྡྷ་བྷོ་དྷི་ས་ཏྭཿ བཛྲ་མ་ཧཱ་ཀྲོ་ཏ། ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་མ་ཧྲིང་ཧྲིང་ཕེཾ་ཕེཾ་ཕེཾ། ཅེས་པས་གཏོར་མགྲོན་གྱི་ལྷ་ཚོགས་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་རྣམས་འོད་སྤུང་གི་གཏོར་མའི་སྟེང་དུ་བྱོན་ནས། བླ་མ་རྣམས་ཀྱི་ལྗགས་རྡོ་རྗེའི་བུ་ག་ཅན་དང་། ཡི་དམ་རྣམས་ཀྱི་ལྗགས་ཕྱག་མཚན་གྱི་སྦུ་གུ་ཅན་དང་ཌཱ་ཀི་དམ་ཅན་ཆོས་སྐྱོངས་རྣམས་ཀྱི་ལྗགས་མཚོན་ཆའི་སྦུ་གུ་ཅན་ལ་སོགས་པ་རྣམས་མཆོད་རྫས་བདུད་རྩིའི་རྒྱ་ལ་ཟུག་པས་གསོལ་ཞིང་། སོ་སོར་འདོད་ཡོན་གྱི་ལོངས་སྤྱོད་གང་ལ་གང་དགྱེས་སུ་རོལ་ནས་དགྱེས་པ་ཆེན་པོར་གྱུར་ཏེ་རྣལ་འབྱོར་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་བར་གྱུར། ཧྲཱིཿ ཤ་ལྔ་བདུད་རྩི་ལྔ་སོགས་རྫས་ཆེན་པོ༔ དུག་ལྔ་བསྒྲལ་བའི་རང་བཞིན་ལས་བྱུང་བའི། སྨན་རཀ་བདུད་རྩི་ངོ་བོ་བ་ལིངྟ། །ཕྱི་ནང་གསང་བའི་བླ་མེད་གཏོར་མ་འདི། །བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀི་དང་། །བཀའ་བསྲུངས་དམ་ཅན་ཆོས་སྐྱོངས་བཅས་ལ་འབུལ། །ཐུགས་དམ་དབྱིངས་ནས་བསྐང་ཕྱིར་བཞེས་སུ་གསོལ། །ཨཾ་ཨཱཿ ཧཱུྃ་བཛྲ་གུ་རུ་དྷེ་བ་ཌ་ཀི་ནི་སརྦ་བུདྡྷ་བྷོ་དྷི་ས་ཏྭ། བཛྲ་མ་ཧཱ་ཀྲོ་དྷ་ཤན་དྷི་ཀ་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨི་དམ་བྷ་ལིང་གུ་ཎ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྒྱ་རྩའམ་ཉེར་གཅིག་བདུན་སོགས་ཀྱིས་རྩ་བ་གསུམ་ལ་གཏོར་མ་འབུལ་ཞིང་། དེ་ནས་བཀའ་བསྲུང་རྟ་མགྲིན་ནག་པོ་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཀྲོ་ཏི་ཤྭ་ཨེ་ཀ་ཛ་ཏི་བྷྱོ༔ ཕཀྵ་བྷི་ས་ལ་ཧཱུྃ་ཕཊ། ཏྲི་དྷ་རྩ་ཕུ་ཏྲཀ་ཡ་ཏྲིཀྵ་ས་མ་ཡ་ཙིརྟ་ཧྲིང་ཧྲིང་ཛ་ཛཿ ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་འབུལ། གཏེར་བསྲུང་བཙན་རྒོད་འབར་བ་སྤུན་བདུན་ལ། ན་ག་ཙནྡྲ་ཨ་ཡ་མ་པྲ་དུནྟེ་ཤ་ན་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། ཆོས་ཀྱི་རྗེས་འབྲང་དུར་ཁྲོད་ཤ་ཟ་ཁ་མོ་ཆེ་ལ། བྷྱོ་ཤ་ཟ་ཌཱ་ཀི་ནི་ཙིརྟ་ཧྲིང་ཧྲིང་ཛ་ཛཿ ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ་ལོ། །དེ་ནས་རྩ་གསུམ་སྤྱི་ལ། རྩ་བརྒྱུད་བླ་མའི་ཚོགས་ལ་མཆོད་པ་འབུལ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཌཱ་ཀི་དམ་ཅན་ཕོ་མོ་དགྱེས་གྱུར་ཅིག །བཀའ་བསྲུང་མཁའ་འགྲོ་ཆོས་སྐྱོངས་ཚིམ་ནས་ཀྱང་། །བྱིན་རླབས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་མཛད་གསོལ། །དེ་ཡི་མཐར་གོང་བཞིན་མཆོད་བསྟོད་ཇི་ལྟར་འདོད་པའི་དོན་གསོལ་བ་གདབས། དེ་ནས། བཛྲ་མུ་སརྦ་ལོ་ཀ་གཙྪ། ཞེས་པས་གཏོར་མགྲོན་ལྷ་ཡེ་ཤེས་པ་རྣམས་རང་གི་སྙིང་ཁར་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ་ལ་སེ་གོལ་གཏོག དེ་ནས་བཀྲ་ཤིས་བསྔོ་སྨོན་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་པར་བྱའོ། དེ་ལྟར་ཨོ་རྒྱན་གུ་རུའི་ཟབ་གསང་མཛོད། །ཐུན་མོང་མ་ཡིན་བླ་མ་དགོངས་འདུས་ཀྱི། །ཐུན་དྲུག་ཉམས་ལེན་རྒྱུན་ཁྱེར་སྙིང་པོ་ཙམ། །དོན་གཉེར་སློབ་མའི་ཕྱིར་དུ་བདག་གིས་བཀོད། །ཉེས་མཆིས་སྟངས་འཛིན་རྩ་གསུམ་ཡེ་ཤེས་ཀྱི། །སྤྱན་སྔར་མཐོལ་བཤགས་དགེ་བའི་དབུགས་དབྱུང་སྩོལ། །ལེགས་ཚོགས་དགེ་བ་མཁའ་མཉམ་འགྲོར་བསྔོ་བ། །པདྨ་བཛྲ་ཅི་འདྲར་མྱུར་ཐོབ་ཤོག །

ཅེས་པ་ཡང་ཤར་ཕྱོགས་ཤིང་ལོའི་ཚལ་འཆིམ་ཡུལ་གད་པ་སྐྱ་བོའི་ལྗོངས་སུ་མི་ཡི་རྗེ་བོ་བསོད་ནམས་ཀྱིས་མངོན་པར་མཐོ་ཞིང་བླ་མ་དགོངས་པ་འདུས་པ་ལ་མི་ཕྱེད་སྙིང་ནས་དད་པའི་བག་ཆགས་སད་པ་ཁྱིམ་སྤྱོད་སྔགས་ཀྱི་རྣལ་འབྱོར་པ་ཚེ་དབང་དགེ་ལེགས་ཕུན་ཚོགས་བསོད་ནམས་རབ་བརྟན་བཟང་པོའི་སྡེ་གང་གིས་གསོལ་བ་བཏབ་པའི་ངོར་ཀོང་ཡུལ་ས་ཡི་ཐིག་ལེ་བུ་ཆུའི་གཙུག་ལག་ཁང་རང་བྱུང་འཕགས་པའི་སྤྱན་སྔར་རིག་འཛིན་པ་ཚེ་དབང་ནོར་བུས་ཆུ་ཕག་ས་ག་ཟླ་བའི་ཚེས་བཅུའི་ཐུན་མོང་ཁོངས་གཅིག་ཏུ་གྲུབ་པ་བཀོད་པར་སརྦ་མངྒ་ལཾ།

གུ་རུ་དྲག་པོ་མེ་འཕྲེང་ཅན་གྱི་ཉམས་ལེན་རྒྱུན་ཁྱེར་ཡང་ཟབ་རྡོ་རྗེ་ཕ་ལམ།

༈ རྒྱལ་བ་ཀུན་ལས་ལྷག་པའི་ཐོད་ཕྲེང་ཅན། །གདུག་པ་ཀུན་འདུལ་པདྨ་དྲག་པོ་རྩལ། །མདོག་དམར་མེ་ཕྲེང་གཟའ་ཀླུ་རྒྱལ་པོའི་གཤེད། །ཧེ་རུ་ཀ་དཔལ་དེ་ལ་གུས་ཕྱག་འཚལ། །དེ་ཡི་འཁོར་ལོ་གསུམ་གྱི་ཉམས་ལེན་བཅུད། །བླང་བ་སྙིང་པོའི་མན་ངག་རྒྱན་ཁྱེར་དུ། །འདིར་སྟོན་རྩ་གསུམ་ཆོས་སྐྱོང་སྟངས་འཛིན་ལྷས། །གནང་ཞིང་བར་ཆད་མེད་པར་དངོས་གྲུབ་སྩོལ། །བདག་མདུན་དཀྱིལ་འཁོར་སྤྲོས་མེད་སྤྲོས་བཅས་ཆོས། །གང་ལ་འཇུག་ཀྱང་གསལ་བ་གསུམ་ལྡན་གྱི། །ཏིང་འཛིན་ངང་བཏབ་མ་ཡེངས་གཏོད་ཕུར་བཟུངས། །དུས་ཀུན་ཉམས་ལེན་སྙིང་པོ་གདན་དུ་དྲིལ། །ཨོཾ་ཨཱཿཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི། །ཡང་གསང་བླ་མེད་ལམ་བཟང་འདི་བསྒྲུབ་ནས། །འགྲོ་ཀུན་འཁོར་བ་དངོས་སྤྲུགས་སེམས་བསྐྱེད་དོ། །ཧཱུྃ་གུ་རུ་ཡི་དམ་དྷཱ་ཀི་གཤེགས། །པད་ཉིའི་གདན་ལ་བཞུགས་སུ་གསོལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །ལུས་ངག་མི་དགེ་ལས་གྱུར་བཤགས། །གསང་སྔགས་དོན་ལ་རྗེས་ཡི་རང་། །སྨིན་གྲོལ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གཞན་དོན་བཞུགས། །སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ། །བདག་གཞན་རྡོ་རྗེའི་དོན་རྟོགས་ཤོག །ཨོཾ་མི་གནས་མི་དམིགས་ཆོས་སྐུའི་དེ་བཞིན་ཉིད། །ཨཱཿ ཀུན་སྣང་ཀུན་ཁྱབ་འགྲོ་ལ་སྙིང་རྗེ་སྒོམ། །ཧཱུྃ་སྟོང་ཉིད་སྙིང་རྗེ་དབྱེར་མེད་འཕྲིན་ལས་ཀྱི། །ཧྲཱིཿ རང་སེམས་རྒྱུ་ཡི་ཧཱུྃ་དམར་འཕྲོ་འདུ་ལས། རཾཿ ཡཾ་ཁཾ་གི་སྣོད་བཅུད་སྲེག་གཏོར་དཀྲུས། །གཟུང་འཛིན་བྱ་བྱེད་བསམ་བརྗོད་ཀུན་བྲལ་ངང་། །ཨེཾཿ ཡཾཿ རཾཿ སུཾཿ ཀེཾཿ རཾཿ བྷྲུཾཿ ཡིག་གིས། །འབྱུང་ལྔ་འདུས་པའི་དཀྱིལ་འཁོར་ཆེན་པོའི་ཀློང་། །བྷནྫའི་གཞལ་ཡས་མཚན་ཉིད་ཡོངས་རྫོགས་ཤིང་། །མ་བཅོས་ལྷུན་གྲུབ་འོད་ཀྱི་ད་ལར་གསལ། །ཕྱོགས་མཚམས་རིས་མེད་སྟོང་གསལ་མཐའ་དབུས་བྲལ། །སྣ་ཚོགས་རྣམ་དག་སྒྱུ་འཕྲུལ་ཕོ་བྲང་ཤར། །འཁོར་ཡུག་དུར་ཁྲོད་ཆེན་པོ་བརྒྱད་ལྡན་ཞིང་། །པད་རྡོར་མེ་རི་རྡོ་རྗེའི་བྲག་གིས་བསྐོར། །དེ་དབུས་འཁོར་ལོ་རྩིབས་བཅུ་ཨེ་ཡི་ཀློང་། །བྱོལ་སོང་གཙོ་བོས་བཏེགས་པ་པད་ཉིའི་དཀྱིལ། །བདུད་བཞི་གཟའ་ཀླུ་རྒྱལ་བསེན་གཅལ་བཀྲམ་སྟེང་། །རང་རིག་ཧཱུྃ་དམར་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་བདེ་གཤེགས་ཀུན་འདུས་ཁྲོ་བོའི་རྒྱལ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །མདོག་དམར་མེ་འཕྲེང་ཡེ་ཤེས་རབ་འབར་སྐུ། །དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཁྲོ། །ཞལ་གདངས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་སྡེབས། །ཟངས་ཡག་མཆེ་གཙིགས་སྤྱན་དགུ་གློག་ལྟར་འཁྱུག །སྨ་སྨིན་ཨག་ཚོམ་བསྐལ་པའི་མེ་དཔུང་འབར། །ཤངས་ནས་འཐོར་རླུང་སྙན་ནས་དུད་སྤྲིན་འཐིབ། །རལ་པ་དམར་སེར་ཐོར་ཚུགས་སྤྱི་བོར་བཅིངས། །ལྷག་མ་འཐུར་འཕྱང་ཟར་བུས་སྐུ་རྒྱབ་ཁེངས། །ཐོད་སྐམ་ཁྲག་འཐུང་རིགས་ལྔ་དབུ་ལ་བརྒྱན། །དབུ་གཙུག་རྟ་མགོ་ལྗང་ཁུར་རྟ་སྐད་སྒྲོགས། །ཕྱག་དྲུག་རྡོ་རྗེ་ཐོ་བ་བསྐལ་མེ་གཡས། །གཡོན་གསུམ་བན་ཁྲག་ལྕགས་སྡིག་ལྕགས་ཕུར་གདེང་། །རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་བཀྲམ། །ཐལ་ཞག་ཁྲག་ཐིག་ཐོད་སྦྲུལ་མེ་དཔུང་བརྒྱན། །གླང་སྟག་མི་ལྤགས་རྡོ་རྗེའི་གོ་ཁྲབ་གསོལ། །དྲ་མིག་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས། །ཞབས་བཞི་དོར་སྟབ་དྲེགས་པ་ཕོ་མོ་རྫིས། །མདུན་དུ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་མཐིང་། །གུ་གུག་ཐོད་ཁྲག་འཛིན་ནས་ཡབ་དང་སྦྱོར། །ཡབ་ཀྱི་རྟ་གཙུག་ཉི་ཟླ་པདྨའི་སྟེང་། །ཨོ་རྒྱན་པདྨ་དཀར་དམར་བཅུ་དྲུག་ཚད། །པད་ཞུ་ཟ་འོག་བེར་ཕོད་ཆོས་གོས་གསོལ། །རྡོ་རྗེ་ཐོད་བུམ་ཁ་ཊྭཱཾ་གྲུ་མོར་འཁྱུད། །མཚོ་རྒྱལ་དཀར་དམར་གྲི་ཐོད་འཛིན་པས་འཁྱུད། །དེ་ཡི་སྤྱི་བོར་མེ་ཡི་བྱ་ཁྱུང་ལྡིང་། །དེ་ཡི་རྭ་བར་རྭ་མེ་འབར། །ཁྲོ་རྒྱལ་དཔྲལ་བར་གསེར་འཁོར་རྩིབས་བཞིའི་དབུས། །ཨོཾ་ལས་འཇམ་དཔལ་རལ་གྲི་པུ་སྟི་སེར། །མགྲིན་པར་པདྨ་དམར་པོ་འདབ་བཞིའི་དབུས། །ཨཱཿ ལས་རྟ་མགྲིན་དབྱུག་ཐོ་ཐོད་ཁྲག་དམར། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པ་རུ། །ཧཱུྃ་ལས་ཕྱག་རྡོར་རྡོ་རྗེ་དྲིལ་འཛིན་མཐིང་། །ལྟེ་བར་བདེ་དྲོད་པདྨ་འདབ་བཞིའི་དབུས། །མཾ་ལས་ཕག་མོ་རིགས་ལྔ་གྲི་ཐོད་འཛིན། །གསང་གནས་གྲུ་གསུམ་མེ་དཔུང་འབར་བའི་ཀློང་། །ཧཱུྃ་ལས་མེ་དབལ་རྡོ་རྗེ་ཐོ་བ་ནག །ཀུན་ཀྱང་ཡེ་ཤེས་རང་འོད་འཁྲིགས་དབུས་བཞུགས། །ཕྱི་རིམ་གནམ་ལྕགས་འཁོར་ལོ་རྩིབས་བཅུའི་སྟེང་། །བདུད་འདུལ་ཁྲོ་ཆུ་ཞལ་གཅིག་ཕྱག་གཉིས་པ། །དམར་སྨུག་རབ་ཁྲོས་རྡོ་རྗེ་ཕུར་པ་སྒྲིལ། །སྐུ་སྨད་དབལ་ཕུར་བགེགས་ཀྱི་སྙིང་ཁུར་གཟིར། །སྒོ་བཞིར་རྟ་ཕག་སྤྲེལ་སྤྱང་ཕྲ་མེན་བཞི། །དཀར་སེར་དམར་ལྗང་ལྕགས་ཀྱུ་ལྕགས་སྒྲོག་དྲིལ། །འཛིན་ཞིང་བདུད་བཞིའི་སྙིང་ཁར་གར་སྟབས་འཁྱུགས། །ཁོར་ཡུག་ཀེ་སེང་དབང་ཕྱུག་མ་སྲིང་མོ། །འབར་མ་གིང་གླང་མཁའ་འགྲོ་ཤུགས་འགྲོ་མ། །གཞན་ཡང་མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །རྣམ་འཕྲུལ་བཀའ་ཉན་གུས་སྡོད་ཚུལ་བཞུགས་བསམ། །ལྷ་ཚོགས་དེ་དག་གནས་གསུམ་འབྲུ་གསུམ་མཚན། །འོད་འཕྲོས་རྒྱལ་ཀུན་གནས་གསུམ་ཐིམ་བྱིན་བརླབ། །སླར་ཡང་འོད་ཀྱིས་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་ཕྱི་ནང་སྒྲིབ་དག་དབུ་རྒྱན་གྱུར། །ཧཱུྃ་ཇི་སྙེད་རྒྱལ་བ་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་ཆེན་པོ་ནི། །སྒྲུབ་ལ་དངོས་གྲུབ་སྩོལ་བ་དང་། །བདུད་དང་བགེགས་རྣམས་འཇོམས་པ་དང་། །འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །དྲག་པོ་ཆེན་པོ་དྲག་ཤུལ་ཅན། །འཇིགས་བྱེད་འཇིགས་པར་བྱེད་པ་པོ། །དམར་ནག་མེ་ཡི་འཕྲེང་བ་ཅན། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་བདག་ལ་དགོངས། །དབང་དྲག་རོལ་པའི་དཀྱིལ་འཁོར་ནས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ། །ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས། །མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཡཀྵ་མེ་དབལ་སྐར་ལྟར་འཁྲུགས། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གནས་མཆོག་འདི་ར་བྱིན་ཕོབ་ལ། །བསྒྲུབ་མཆོག་བདག་ལ་དབང་བསྐུར་ཅིག །བགེགས་དང་ལོག་འདྲེན་བར་ཆད་སེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་བཛྲ་ཀྲོ་དྷ་བྷ་ག་ཝན་སརྦ་མ་ཧཱ་གུ་རུ་ས་མ་ཧཱ་ཡཱ་ཛཿ ཛཿ ཛ་ཧཱུྃ་བཾ་ཧོཿ ཧཱུྃ་ཁྲོ་རྒྱལ་དྲེགས་འཇོམས་དྲག་པོའི་ལྷ་ཚོགས་རྣམས། །དམ་ཡེ་དབྱེར་མེད་བརྟན་བཞུགས་གུས་ཕྱག་འཚལ། །ཕྱི་ནང་གསང་བ་བླ་མེད་དེ་བཞིན་ཉིད། །སྨན་གཏོར་རཀྟ་སྦྱོར་གྲོལ་མཆོད་པ་འབུལ། །མ་ཧཱ་སརྦ་པུ་ཛ་ཧོ། ཧཱུྃ་ཆོས་དབྱིངས་རྣམ་དག་རྒྱལ་བའི་ཕོ་བྲང་ནས། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །སྣང་སྲིད་དབང་བསྡུད་སྲིད་གསུམ་ཟིལ་གྱིས་མནོན། །བདུད་སྡེ་འབྱུང་པོའི་ཚོགས་རྣམས་སྲེགས་ཤིང་འཇོམས། །དམར་ནག་མེ་དཔུང་སྲིད་པའི་རྩེ་མོར་འབར། །ཧཱུྃ་གི་སྒྲ་སྒྲོགས་གནམ་ལྕགས་ཐོག་ཚེག་འབེབས། །དྲག་པོ་ཁྲོ་འདུས་དཀྱིལ་འཁོར་ཡོངས་ཀྱི་གཙོ། །པདྨ་ཐོད་ཕྲེང་འཁོར་དང་བཅས་ལ་བསྟོད། །བདག་སོགས་ཐོགས་མེད་དུས་ནས་ད་བར་དུ། །མ་རིག་གཉིས་འཛིན་འཁྲུལ་རྟོག་ལས་དབང་གིས། །ཡང་དག་དོན་དང་འགལ་བའི་ལས་གྱུར་ཀུན། །མཐོལ་བཤགས་བྱང་དག་སྒྲིབ་མེད་དག་ཚངས་ཤིང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ། ཀུན་བཟང་སྣང་མཐའ་གུ་རུ་པདྨ་འབྱུང་། །མཚོ་རྒྱལ་བཻ་རོ་ནམ་སྙིང་རིན་ཆེན་མཆོག །ནུས་ལྡན་ཀློང་གསལ་པདྨ་བདེ་ཆེན་གླིང་། །རོལ་པ་རྡོ་རྗེ་ཚེ་དབང་ནོར་བུའི་སྡེ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་ཀློང་། །རྒྱལ་བ་ཀུན་གྱི་ཐུགས་ཕྲིན་འདུས་པའི་དཔལ། །རབ་འཇིགས་བཅོམ་ལྡན་པདྨ་གར་གྱི་དབང་། །མདོག་དམར་མེ་ཕྲེང་དྲག་པོ་ཡབ་ཡུམ་སྲས། །བཀའ་ཉན་བསྲུང་མ་འཁོར་དང་བཅས་པ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ལྷ་མཆོག་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །དགྲ་བགེགས་གཟའ་ཀླུ་རྒྱལ་བསེན་བར་ཆད་ཀུན། །ཡེ་ཤེས་རབ་འབར་མཚོན་གྱིས་ཡོངས་སུ་བསྒྲལ། །མ་རིག་འཁྲུལ་རྟོག་འཛིན་པ་རྩད་ནས་བཅད། །རེ་དོགས་ལྷ་འདྲེ་དམིགས་མེད་ངང་དུ་བཅོམ། །འཁོར་འདས་ཡེ་གྲོལ་ཆེན་པོའི་བྱིན་དབང་བསྐུར། །ཧཱུྃ་ཧཱུྃ་ཧཱུྃ། ཨཿ རང་ཉིད་དྲག་པོར་གསལ་བའི་ཐུགས་ཀ་རུ། །གསེར་གྱི་མཆོད་རྟེན་བུམ་པ་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཉི་སྟེང་ཧཱུྃ་དམར་པུ་ཤད་ཙམ། །མཐའ་ཡར་གསང་སྔགས་རྒྱལ་པོ་གཡས་སུ་འཁོར། །འོད་འཕྲོས་རྒྱལ་མཆོད་ཐུགས་རྗེ་ནུས་བྱིན་བསྡུས། །དགྲ་བགེགས་ཚར་བཅད་འོད་ཟེར་ཚུར་འདུས་ནས། །ཧཱུྃ་ལ་ཐིམ་པས་གཟི་བརྗིད་ཆེར་འབར་བསམ། །ཐོག་མར་གུ་རུ་ཞི་བའི་རྩ་བསྙེན་ནི། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙ་ན་སིདྡྷི་ཧཱུྃ་ཧྲཱིཿ དྲག་པོ་མེ་ཕྲེང་རྩ་བའི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿ ཨ་ཧཱུྃ་ཧཱུྃ་ཕཊཿལས་སྔགས་མེ་དབལ་སྡེ་བརྒྱད་སྲོག་འདྲེན་ནི། བཛྲ་ཧཱུྃཿ ཡཀྵ་ཧཱུྃཿ རཀྴ་ཧཱུྃཿ ཨ་ཡ་མ་དུ་རུ་ཙ་ཤ་ན། གནོད་བྱེད་འབྱུང་པོ་མ་ར་ཡ་ཧཱུྃ་ཕཊཿ བདེ་གཤེགས་ཁྲོ་འདུས་དྲག་སྔགས་མེ་དཔུང་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་སད་མན་ཀྲོ་ཏི་ཤྭ་རི་བཛྲ་ཀི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ སྔགས་ཤམ་སྡེ་བརྒྱད་ཀུན་འདུལ་སྤུ་གྲི་ནི། ཨོཾ་བཛྲ་སརྦ་དུཥྚན་ཏྲིག་ནན་ཨེ་ཧཱུར་ཐིམ་ཛ་མ་ར་ཡ་རྦད། དགྲ་བགེགས་དམ་སྲི་བྲིཿ ཏྲི་རྦད་ཐུམཿ ད་ར་ཡཿ ད་ར་ཡཿ མ་ར་ཡ་མ་ར་ཡཿ ཞེས་དྲག་སྔགས་ཡེངས་མེད་ཐོག་ལྟར་བཟླཿ ལས་སྔགས་སྐབས་སུ་དམིགས་པའི་འཕྲོ་འདུ་ནི། །བདག་ཉིད་དྲག་པོའི་ཐུགས་ལས་འོད་ཟེར་གྱིས། །རྒྱལ་ཀུན་ནུས་བྱིན་བསྡུས་ནས་རང་ཐིམ་སླར། །ཧཱུྃ་ལས་འོད་ཟེར་བ་སྤུའི་བུ་ག་ནས། །ཕྱིར་འཕྲོས་རྩེ་མོ་སྟེང་འོག་གུར་ཁང་ཚུལ། །སྟེང་མ་གསེར་འཁོར་རྩིབས་སྟོང་སྡིག་པས་མཚན། །འོག་མ་མེ་ཡི་རང་བཞིན་རྩིབས་སྟོང་འབར། །གཡས་གཡོན་དྲག་ཏུ་འཁོར་བའི་རྩེ་བསྣོལ་བར། །གནོད་བྱེད་རྒྱལ་བསེན་འབྱུང་པོའི་མགོ་ལུས་ཕྲལ། །ཕུང་པོ་མེ་ཡི་ངར་གྱིས་ལྷག་མེད་སྲེགས། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དམར་པོ། །གྲངས་མེད་འཇིག་རྟེན་ཁེངས་འཕྲོས་འོད་ཞུ་ནས། །ཡཀྵ་མེ་དབལ་སྐུར་གྱུར་རྡོ་རྗེ་དང་། །ཐོ་བས་དགྲ་བགེགས་བྱད་མ་མ་ལུས་པ། །གཟིར་བརྡུང་སྲོག་སྲིད་བླངས་ནས་འདའ་མེད་བསམ། །དེ་བར་དམིགས་པ་ཡེངས་མེད་གཟིར་བ་ཡི། །གནོད་བྱེད་དམ་སྲི་ཐལ་བར་བརླག་གྱུར་ཞིང་། །དྲེགས་པས་བདག་མཐོང་གྱུར་ཚེ་བརྒྱལ་བར་གྱུར། །སཱ་མཱ་ཡཱཿ དེ་ཡང་དུས་གྲངས་རྟགས་ཀྱི་བསྙེན་པ་སྟེ། །དུས་ནི་ཞག་གྲངས་ཉི་ཤུ་རྩ་གཅིག་དང་། །ཟླ་བ་གཅིག་གམ་གསུམ་དང་བདུན་ནས་འགྲུབ། །གྲངས་ནི་ཞི་བསྙེན་ཐོག་མར་བདུན་འབུམ་དང་། །རྒྱུན་དུ་ཐུན་འགོར་བརྒྱ་རྩ་བརྒྱད་རེ་བཟླའོ། །དྲག་པོའི་རྩ་སྔགས་ཁྲི་ཕྲག་གསུམ་བཟླས་པས། །གནོད་པའི་གདོན་བགེགས་ཐམས་ཅད་ཐུལ་བར་འགྱུར། །འབུམ་ཕྲག་གསུམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བྱེ་བ་གསུམ་གྱིས་དཔལ་ཆེན་དངོས་སུ་འགྲུབ། །ས་ཡ་གཅིག་གིས་རིག་འཛིན་གནས་སུ་འདྲེན། །མཐུ་དང་ནུས་པ་ཡོན་ཏན་བསམ་མི་ཁྱབ། །མཆོག་གི་དངོས་གྲུབ་ཚེ་གཅིག་ཉིད་ལ་ཐོབ། །ལས་སྔགས་འབུམ་ཁྲི་ལྔ་སྟོང་རྟགས་དང་སྦྱར། །སྤྱི་དྲིལ་འབྲུ་ཁྲི་བཟླས་པའི་ནུས་པ་ནི། །རྒྱལ་བ་ཀུན་གྱི་ཡོན་ཏན་ཡོངས་རྫོགས་ཐོབ། །དེ་ལྟར་ཡེངས་མེད་གྲངས་ཚད་སུས་ཐེབ་ན། །རྣལ་འབྱོར་དབང་པོའི་ཁྱེད་ཀྱི་ཚེ་འདིའམ། །ཕྱི་མ་བར་དོ་གང་རུང་བུདྡྷ་ཐོབ། །རྟགས་ཀྱི་ཚད་ནི་བསམ་གྱིས་མི་ཁྱབ་སྟེ། །ཐོག་མར་རང་ལ་གནོད་པའི་གདོན་བསླང་རྟགས། །ལྷ་ཁང་འབག་སེང་ཁྱི་སྤྲེལ་བྱི་ལ་དང་། །བཙུན་སྔགས་ཨ་ཙར་སྐྱེས་པ་བུད་མེད་ནག །སྦལ་སྦྲུལ་ཉ་ལྕོང་གླང་དམར་ཁ་འཆར་འཚུབ། །མཚོ་ཁོལ་ཐོག་སེར་མུན་པ་འཁྲིགས་པ་དང་། །འཛིངས་འཐབ་བྲང་བརྡུང་ངུ་བཤག་འདེབས་པ་སོགས། །ཐོག་མར་ལྷོང་ཚད་ཆོ་འཕྲུལ་དཔག་མེད་འཆར། །ཁྱད་པར་བསྒོམ་བཟླས་མི་འདོད་ཉལ་སྙིང་འདོད། །ལྷ་དང་བླ་མར་ཐེ་ཚོམ་ལོག་ལྟ་སྐྱེ། །དབང་མེད་སེམས་རྒྱུད་འཁྲུལ་སོགས་སྣ་ཚོགས་བྱུང་། །དེ་ལ་ཡ་ང་འཁུ་ཁྲིག་ཀུན་སྤང་ལ། །ཏིང་འཛིན་རང་སྐྱེད་ཅི་མི་སྙམ་ངང་དུ། །བཞག་པས་ནམ་ཞིག་ཚེ་ན་གདོན་ཐུལ་རྟགས། །བཀའ་ཉན་ཕྱག་འཚལ་སྲོག་སྙིང་ཕུལ་སོགས་བྱ། །གཞན་ཡང་འབག་སེང་ལྷ་ཁང་སྡེར་སོ་བཅོམ། །སྦལ་སྦྲུལ་སྡོམ་སྡིག་ཁྱི་སྤྱང་གླང་དམར་དང་། །གདོན་གཟུགས་བསད་སོགས་ཚར་ཚད་རྟགས་བཟང་འབྱུང་། །ཁྱད་པར་བཙན་པོའི་མཁར་ཞུགས་གོ་མཚོན་ཐོགས། །གོས་དང་ལུས་ལ་མེ་འབར་མཆིལ་སྣབས་འཁོལ། །ཕྱག་མཚན་རྡོ་རྗེ་རྙེད་དང་ཉི་ཟླ་ཤར། །ཆུ་བོ་བརྒལ་དང་རི་ལ་གྱེན་དུ་འཛེགས། །གོས་དཀར་གྱོན་དང་བརྒྱན་རྟགས་མཁའ་ལ་འཕུར། །དར་འཕྱང་དུང་འབུད་རྔ་བརྡུང་མཁར་བརྩིགས་དང་། །བདུད་རྩི་འཐུང་སོགས་ལྟས་བཟང་དཔག་མེད་འབྱུང་། །མཐར་ནི་བླ་མ་དྲག་པོ་ཞལ་མཇལ་ཞིང་། །དབང་བསྐུར་ལུང་བསྟན་བྱིན་གྱིས་བརླབས་པ་འབྱུང་། །མཆོག་ཏུ་སེམས་ལ་ཉམས་རྟོགས་ཁྱད་འཕགས་སྐྱེ། །ལུས་ལ་བདེ་བ་ངག་ལ་ནུས་པ་འབར། །རང་གི་ཚེ་ཚད་གཞན་གྱི་ལེགས་ཉེས་ཤེས། །ཁྱད་པར་བླ་མེད་རྒྱུད་ལ་མཁས་པར་འགྱུར། །ཡང་དག་མཆོག་གི་འབྲས་བུས་ངེས་བརྙེས་སོ། །དེ་ཕྱིར་བདེ་གཤེགས་ཀུན་གྱི་ཐུགས་སྲོག་བཅུད། །གུ་རུའི་སྒྲུབ་པ་སྙིང་གི་ཐིག་ལེར་འཆང་། །ལྷ་སྔགས་ཏིང་འཛིན་གཡེལ་མེད་བཅུད་ཕུར་ལོངས། །སཱ་མ་ཡཱཿ ཨྠྀི། དེ་ལྟར་བསྙེན་དང་བསྒྲུབ་པའི་ཛསྟི་ལ། །ཡིག་བརྒྱ་ཨཀྵ་རྟེན་འབྲེལ་སྙིང་པོ་ཡིས། །ལྷག་ཆད་ཁ་བསྐང་བསྟོད་ཚིག་མཆོད་བསྟོད་བྱ། །དུས་ཀུན་བསྐྱེད་སྔགས་ལྟ་བའི་གཟེར་གྱིས་བཏབ། །སྣང་བའི་ལྷ་དང་སྟོང་པ་སེམས་ཉིད་གཉིས། །ཟུང་འཇུག་མེ་ལོང་གཟུགས་བརྙན་ལྟ་བུའི་ངང་། །རྟག་ཆད་མཐའ་བྲལ་སྐྱེ་འགག་དམིགས་སུ་མེད། །རང་བྱུང་རང་རིག་རོལ་པ་ཆེན་པོའི་ཀློང་། །གུ་ཡངས་སྤྲོས་བྲལ་གཉུག་མའི་དབྱིངས་སུ་ཀློད། །སྒྱུ་མའི་སྐྱེས་བུས་སྒྱུ་མའི་འཁྲུལ་འཁོར་བཞིན། །བཟང་ངན་སྤང་བླངས་བྲལ་བར་མཉམ་པར་བཞག །ཆོས་རྣམས་ཐམས་ཅད་རང་སེམས་གཅིག་པུའི་འཁྲུལ། །རང་ངོ་ཤེས་པས་ངོ་བོ་ཉིད་དུ་གྲོལ། །ཡང་དག་དོན་ལ་ལྷ་མེད་འདྲེ་ཡང་མེད། །རེ་དགོས་བྱར་མེད་ཀུན་ཀྱང་ཆོས་སྐུར་འཆར། །ཐོབ་བྱ་ཐོབ་བྱེད་ལྟོས་གཞིའི་བློ་ཡང་ཟད། །མ་བཅོས་གདོད་མའི་གནས་ལུགས་ངང་དུ་གཟིར། །ཨྠྀིཿ ཐུན་མཐར་སྣང་སྲིད་འོད་ཞུ་གཞལ་ཡས་ཁང་། །དེ་ཡང་འོད་ཞུ་དོན་གྱི་ལྷ་ལ་ཐིམ། །ལྷ་ཚོགས་འཁོར་རྣམས་གཙོ་བོ་ཡབ་ཡུམ་དང་། །ཡུམ་ཡང་ཡབ་ཐིམ་ཡབ་ཀྱང་ཡེ་ཤེས་སེམས། །དེ་ཉིད་རྡོ་རྗེ་སྔགས་ཕྲེང་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་ཞབས་ཀྱུ་འ་ཧ་ཟླ་ཚེས་རྣམས། །རིམ་གྱིས་ཐིག་ལེར་ཐིམ་སྟེ་ཐིག་ལེ་ཡང་། །རིམ་བཞིན་དམིགས་མེད་སྟོང་པའི་ངང་དུ་ཡལ། །མ་བཅོས་མཐའ་བྲལ་ངང་དུ་ཅི་གནས་བཞག །སླར་ཡང་སྐད་ཅིག་ཆུ་ལས་ཉ་འཕར་བཞིན། །དྲག་པོའི་སྐུར་གསལ་རླུང་སྔགས་དབྱེར་མེད་པར། །རྡོ་རྗེའི་རང་སྒྲ་ཆོས་ཉིད་ངང་དུ་འཇུག །ཨོཾ་ཨཱཿཧཱུྃ། དེ་ལྟར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་གྱི། །སྤྱོད་ལམ་ཀུན་ཏུ་ཡེངས་མེད་ཉམས་ལེན་བྱ། །བསྒྲུབས་པའི་སྐབས་སུ་དུས་གྲངས་རྟགས་རྫོགས་ཚེ། །དངོས་གྲུབ་བླངས་ཆོག་སྤྱི་དང་མཐུན་བྱ་ཞིང་། །གཞན་ཡང་དཀར་དམར་ཉེ་འདུའི་དུས་གཉིས་གཙོ། །འབྱུང་པོའི་ཉི་མ་བཅུ་དྲུག་ཕྱེད་ལྡན་བཟུང་། །འཆར་ཚེ་དུས་ཀྱི་མཆོད་པ་ཉེར་བཟུང་ནས། །དངོས་གྲུབ་བླངས་པས་སིདྡྷི་ཆེན་པོ་ཐོབ། །བར་དོར་བླ་མ་མཁའ་འགྲོས་རྗེས་བཟུང་ནས། །མཁའ་སྤྱོད་འོག་མིན་ཞིང་དུ་ངེས་ཁྲིད་འགྱུར། །སཱ་མཱ་ཡཱ། དུས་ཀུན་ཐུན་མཚམས་གཏོར་མས་མཆོད་པ་འདི། །བྷནྫ་ལ་སོགས་རིན་ཆེན་སྣོད་ནང་དུ། །ཅི་འབྱོར་རྫས་ཀྱི་གཏོར་མ་བཤམས་བྱས་ནས། །ཆང་ངམ་ཆུས་བརླན་གཙང་ཆབ་བྲན་བྱས་ཏེ། །རཾ་ཡཾ་ཁཾ་གི་དངོས་འཛིན་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་སྣོད་བཅུད་སྦྱངས་སྤེལ་སྒྱུར། །སྣོད་བཅུད་ནམ་མཁའི་ཁྱོན་ཁེངས་འདོད་དགུར་འཁྱིལ། །གཏོར་མ་དཔག་ཡས་མཆོད་པའི་སྤྲིན་ཕུང་འཁྲིགས། །ཨོཾ་ཨཱཿཧཱུྃ་ཞེས་ཉི་ཤུ་རྩ་གཅིག་བཟླ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛ། ཞེས་པས་ཞི་བའི་ལྷ་ཚོགས་དཔག་མེད་པ། །མདུན་གྱི་ནམ་མཁའི་གཡོན་དུ་སྤྱན་དྲངས་གྱུར། །ཀྲོ་ཏ་ས་མན་ཛ། ཞེས་པས་ཁྲོ་བོའི་ལྷ་ཚོགས་དཔག་མེད་པ། །མདུན་གྱི་ནམ་མཁའི་གཡས་སུ་སྤྱན་དྲངས་གྱུར། །ཡོ་ག་ས་མན་ཛ། ཞེས་དཀྱིལ་འཁོར་ཡོངས་གཙོ་རིག་པ་འཛིན། །རྡོ་རྗེ་སློབ་དཔོན་གུ་རུ་ཞི་ཁྲོ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཕོ་མོ་ཀུན། །མདུན་གྱི་ནམ་མཁའི་དབུས་སུ་སྤྱན་དྲངས་གྱུར། །དེ་དག་རྡོ་རྗེའི་ལྗགས་ཀྱིས་གཏོར་མའི་བཅུད། །དྲངས་ནས་གསོལ་བས་དགྱེས་ཤིང་ཚིམ་བསམ་ལ། །རྡོ་རྗེའི་ཐལ་མོ་གཏོར་མར་གཏད་བྱས་ཏེ། །གུ་རུ་ཞི་དྲག་བདེ་གཤེགས་ཡོངས་རྫོགས་ཀྱི། །རྩ་སྙིང་གཞན་ཡང་རྩ་གསུམ་སྤྱི་དྲིལ་སྔགས། །སོ་སོའི་ཤམ་དུ་གཏོར་སྔགས་བཏགས་ཏེ་ཕུལ། །གཞན་ཡང་བསྲུང་མ་རྣམས་ཀྱང་སྔགས་ཀྱིས་བསྔོ། ཧཱུྃ་བྷྱོ༔ དུ་ལཿ ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ནཿ ས་པཱ་རི་ཝ་ར་ཨི་དཾ་བྷ་ལིནྟ་ཁ་ཁ་ཁྱྀ་ཧི་ཁྱྀ་ཧིཿ དྷརྨ་པཱ་ལ་ཥཱེ་ཏྲ་པ་ལ་ནི་དྷི་པཱ ཏི་སྠ་ན་པ་ཏི་བྷུ་མི་པཱ་ཏི་ཤ་སཱ་ན་རཀྵིཏ་ས་པཱ་རི་ཝ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁྱྀ་ཧི་ཁྱྀ་ཧི། ཨོཾ་ཨཱཿཧཱུྃ་ཨེ་དཾ་བྷ་ལིཾ་ཏ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིཾཏ་ཁ་ཁ་ཁྱྀ་ཧི་ཁྱྀ་ཧི། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་སྭཱ་ཧཱཿ ཞེས་བརྗོད་གཏོར་མ་བཏང་ཅིང་འཕྲིན་ལས་བཅོལ། །ཧཱུྃ་དམ་རྫས་གཏོར་ཆེན་འབར་བ་ནི། །བརྗིད་ལྡན་རོ་མཆོག་བརྒྱ་དང་ལྡན། །འདོད་ཡོན་ལྷ་མོའི་ཚོགས་ཀྱིས་སྤྲས། །ཡེ་ཤེས་རྒྱ་མཚོའི་མཆོད་སྤྲིན་གྱིས། །རྩ་བ་གསུམ་གྱི་ཐུགས་དམ་བསྐང་། །གུ་རུ་ཞི་ཁྲོ་ཞི་མ་ཁྲོ། །རྣམ་འཕྲུལ་དཀྱིལ་འཁོར་བསམ་མི་ཁྱབ། །འཁོར་དང་བཅས་པའི་ཐུགས་དམ་བསྐངས། །རྒྱུད་སྡེ་བཞི་དྲུག་སྒྲུབ་བཀའ་བརྒྱད། །ཡི་དམ་ཡོངས་རྫོགས་ཐུགས་དམ་བསྐང་། །ཡེ་ཤེས་འཇིག་རྟེན་ལས་ཀྱི་རིགས། །མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་། །མ་ནིང་སྔགས་བསྲུང་ལས་མགོན་ནག །གཟའ་དམ་དྲེགས་པའི་གཙོ་བོ་བརྒྱད། །སྡེ་དཔོན་སྔགས་བདག་བསྟན་མའི་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །གཞན་ཡང་སློབ་དཔོན་པདྨ་ཡིས། །བཀའ་དང་དམ་ལ་བཞག་པ་ཡི། །སྣང་སྲིད་ལྷ་འདྲེ་མ་ལུས་པ། །འདོད་ཡོན་གཏོར་མས་ཐུགས་དམ་བསྐང་། །རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །ཀུན་ཀྱང་དགེས་ཤིང་ཚིམ་གྱུར་ནས། །བདག་གི་འདོད་དོན་རེ་བ་ཀུན། །ཐོགས་པ་མེད་པར་མྱུར་འགྲུབ་ཅིང་། །མི་མཐུན་འགལ་རྐྱེན་བར་ཆད་ཞི། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས། །ཁམས་གསུམ་སྣང་སྲིད་བདག་དབང་བསྡུས། །དགྲ་བགེགས་བྱད་མ་དམ་སྲི་སྒྲོལ། །ཉོན་མོངས་འཁྲུལ་རྟོག་སྡུག་བསྔལ་སྒྲོལ། །རྣམ་དཀར་ས་ལམ་གོང་དུ་འཕེལ། །ལྷུན་གྲུབ་རིག་འཛིན་ཧེ་རུ་ཀའི། །གོ་འཕང་མྱུར་ཐོབ་འཕྲིན་ལས་མཛོད། །གཞན་ཡང་འདོད་པའི་ཕྲིན་ལས་བཅོལ། །མགྲོན་རྣམས་ཨོཾ་ཨཱཿཧཱུྃ་གིས་གཤེགས། །གཏོར་མའི་ལས་ལ་རྟག་བརྩོན་ན། །དགྲ་ཐུལ་བགེགས་ཞི་བར་ཆད་སེལ། །ཚེ་རིང་ནད་མེད་ཅི་བསམ་འགྲུབ། །ཚོགས་བསགས་སྒྲིབ་སྦྱང་ཡེ་ཤེས་འཕེལ། །དེས་ན་རྟག་ཏུ་བརྩོན་པར་བྱ། །སཱ་མཱ་ཡཱ། ཨེ་མ་ཧོ། བདེ་གཤེགས་ཀུན་འདུས་པདྨ་དྲག་པོ་ཡིས། །ཉམས་ལེན་སྙིང་པོ་རྒྱུན་ཁྱེར་ཟབ་མོའི་དོན། །རིག་འཛིན་བླ་མའི་ཞལ་ལུང་ལས་བྱུང་བ། །ཡེ་ཤེས་མཁའ་འགྲོས་གནང་བ་སྩལ་བའི་མཐུས། །འཁྲུལ་ནོར་ཆུག་པའི་སྐྱོན་བྲལ་མན་ངག་བཅུད། །རྣལ་འབྱོར་རིམ་པ་འདི་ཉིད་སྐལ་བཟང་རྣམས། །བླ་མེད་ལམ་བཟང་འཇུག་ངོགས་རྨད་དུ་བྱུང་། །དགེ་དེས་འགྲོ་ཀུན་འཁྲུལ་རྟོག་ཀུན་ཞི་ནས། །ཚེ་གཅིག་ཉིད་ལ་དབང་བཞིས་རྒྱུད་སྨིན་ཏེ། །རྡོ་རྗེ་འཆང་དབང་གོ་འཕང་ཉིད་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །

ཞེས་རིགས་སྔགས་འཆང་བའི་རྒྱལ་པོ་བཛྲ་མ་ར་ཌ་བ་ཡི་བྱིན་གྱིས་བརླབས་པ། གསེར་བཟང་མཆོག་སྤྲུལ་པདྨ་སྟོབས་ལྡན་དཔའ་བོ་རྡོ་རྗེ་ཤུགས་འཆང་སྙིང་པོ་རྩལ་གྱིས་བསྐུལ་བ་དང་ཉེ་ལམ་དུ་དད་པ་ཤེས་རབ་ཀྱི་ནོར་དང་ལྡན་ཞིང་རྡོ་རྗེ་ཐེག་པའི་ལམ་ལ་མོས་པའི་མཐུ་ཅན་མི་མཆོག་དམ་པ་ཀུན་གསལ་སྡེ་པ་ལྷས་སྦྱིན་བསམ་འགྲུབ་ཀྱིས་ཡང་ཡང་བསྐུལ་ངོར། མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་སྟག་བུའི་ནགས་རྫོང་དུ་སྐྱེས་ཤིང་། རྒྱལ་བ་ཀུན་འདུས་གུ་རུ་པདྨའི་རྗེས་འཇུག་ཏུ་རློམ་པ། འོད་གསལ་ལྷ་རིགས་ཀྱི་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་མཆོག་གྲུབ་དབང་པོའི་སྡེ་ཡིས་མང་ཡུལ་གུང་ཐང་རྒྱལ་པོའི་ཕོ་བྲང་གི་ཤར་ཕྱོགས་ཟ་འོག་ཏུ་མེ་ལུག་མགོ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་གུང་ཐུན་སྐབས་སུ་བྲིས་པའི་ཡི་གེ་པ་ཡང་རང་ཉིད་ཀྱིས་བགྱིས་པའོ། །འདིས་ཀྱང་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་གནས་པར་གྱུར་ཅིག མངྒ་ལཾ།

དྲག་པོ་ཡེ་ཤེས་རབ་འབར་གཞུང་ནས་ཕྱུངས་པ་ཡིན།

ཧཱུྃ་ཧཱུྃ་ཧཱུྃ། ང་ནི་ལས་ཀྱི་ཆེ་མཆོག་དྲག་པོའི་སྐུ། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་ལྕགས་སྡིག་ནག་པོ་སྙིང་ནས་གཙེར། །དཔལ་དང་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ལོག་འདྲེན་གདོན་བགེགས་འདུལ་བའི་དཔལ་དུ་ཤར། །ཧཱུྃ་ཧཱུྃ་ཧཱུྃ། རང་ཉིད་གུ་རུ་དྲག་པོའི་ཐུགས་ཀར་ཉི་མའི་སྟེང་དུ་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོའི་མཐར། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨཱ་ཧཱུྃ་ཧཱུྃ་ཕཊ་ཕཊཿ ཞེས་འཁོད་པ་ལས་འོད་ཟེར་འཕར་འཕྲོས་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ཀྱི་གདུག་སེམས་ཞི་ཞིང་སངས་རྒྱས་རྣམས་ཀྱི་བྱིན་རླབས་འདུས་ཏེ་ཧཱུྃ་ལ་ཐིམ་པར་བསམ་ལ་ཅི་ནུས་བཟླས། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་འཛབ་བསྙེན་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་བསྟོད། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་འཛབ་བསྟོད་དང་། དགེ་བ་འདི་ཡིས་མྱུར་དུ་བདག །གུ་རུ་དྲག་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་བརྗོད་དམིགས་མེད་ངང་དུ་བཞག །ཤིན་ཏུ་ཁྱེར་བདེ་བླ་མའི་མན་ངག་བཞིན། །དྲག་པོ་ཡེ་ཤེས་རབ་འབར་གཞུང་ནས་ཕྱུངས་པ་ཡིན། །སརྦ་མངྒ་ལཾ།

རྟ་ཕྱག་ཁྱུང་གསུམ་གྱི་འཛབ་དགོངས།

༄༅། །རྟ་ཕྱག་ཁྱུང་གསུམ་གྱི་འཛབ་དགོངས་བཞུགས། །

༈ དྲག་པོ་དམར་ནག་འཇིག་གསུམ་གྱི་བསྙེན་སྒྲུབ་ཐུན་མཚམས་ཀྱི་བྱ་བ་འཛབ་གསོ་མཆོད་བསྟོད་དངོས་གྲུབ་ཞུ་བ་ནི། བདག་གིས་བཟླས་པའི་སྙིང་པོ་མི་ཉམས་ཤིང་གོང་ནས་གོང་དུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་གྲངས་མེད་དཔག་ཏུ་མེད་པ་ཡར་འཕེལ་བར་གྱུར་ཅིག ཨ་ལི་ཀ་ལི་ཡིག་བརྒྱ་ཡེ་དྷར་དེ་རྣམས་ལན་གསུམ་ཀླག་ལ། ཧོ། དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབས་པའི་ནུས་མཐུ། སྟེར་བའི་དངོས་གྲུབ། འཕགས་པའི་བདེན་ཚིག་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས། བདག་རྣལ་འབྱོར་པ་ཆེ་གེ་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་ལུས་པ་མེད་པར་དུས་ད་ལྟ་ཉིད་དུ་སྩོལ་བར་མཛོད་ཅིག ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲི་ཝ། བཛྲ་པཱ་ཎི། ཁྲོམ་ག་རུ་ཊ་ཧཱུྃ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ་ཨཱོཾ། ཝཀྐ་ཨ་བྷི་ཥིཉྩ་ཨཱ་ཨཱ་ཨཱ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། གྷུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི་ཧྲཱི་ཧྲཱི༔ ཞེས་དབང་བླང་ལ། ཧཱུྃ། སྤྲོས་བྲལ་བློ་འདས་མཉམ་ཉིད་ཀློང་ཡངས་ནས། །རིག་པ་ལྷ་མཆོག་ཆོས་ཉིད་ཞི་བའི་སྐུ། །མ་གཡོས་ངང་ནས་ལོག་འདྲེན་གཉིས་སྣང་བགེགས། །འདུལ་མཛད་སྟོང་གསལ་འཛན་བྲལ་དྲག་པོའི་སྐུ། །བཞེངས་པས་གསུང་གི་རྡོ་རྗེ་རྟ་སྐད་ཅན། །ཡེ་ཤེས་ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་། །ཆོས་དབྱིངས་མཁར་གནས་རབ་འཇིགས་རྡོ་རྗེའི་ཆུ། །དཔལ་ཆེན་སྤྲུལ་གར་རྡོ་རྗེ་ཁྲོ་བོའི་ཚོགས། །མཚོན་བྲལ་ཀློང་ཉིད་མཉམ་གནས་བསྒྲུབ་མེད་སྟེ། །རང་རིག་གཤིས་ཀྱི་དབྱིངས་སུ་འབྲལ་མེད་གནས། །རང་ངོ་ཤེས་པས་མཉམ་ཉིད་རོ་གཅིག་ཏུ། །ལྷ་ཁྱོད་འགྲུབ་ཀྱང་གདུལ་བྱ་མོས་སྣང་ངོར། །མ་དག་དངོས་ཞེན་དྲི་མ་སྦྱང་བའི་ཕྱིར། །དག་པ་རབ་འབྱམས་སྐུ་གསུམ་ཡེ་ཤེས་ཀྱི། །དཀྱིལ་འཁོར་གཉན་པོ་ལྷ་མཆོག་རྟ་ཕྱག་ཁྱུང་། །མི་འབྲལ་རྡོ་རྗེ་གསུམ་དུ་ཁྱེད་སྒྲུབ་པས། །ཡེ་ཤེས་ལྷ་ཚོགས་དབྱིངས་ནས་གནས་འདིར་བྱོན། །དམ་ཚིག་ལྷ་དང་དབྱེར་མེད་བརྟན་པར་བཞུགས། །མོས་པའི་བློས་སྤྲུལ་ཕྱི་ནང་གསང་བ་དང་། །གྲག་སྟོང་འཛབ་སྔགས་སྙིང་པོ་མཆོད་འབུལ་བཞེས། །བློ་ལྡན་སྐུ་ལ་བརྗོད་བྲལ་གསུང་དང་ལྡན། །མ་སྐྱེས་མི་འགག་ཁྱབ་བརྡལ་ཡེ་ཤེས་ཐུགས། །མཐའ་བྲལ་ཡོན་ཏན་ལྷུན་རྫོགས་རྒྱན་གྱིས་བརྒྱན། །ཕྲིན་ལས་མཐར་ཕྱིན་ཕྱག་མཚན་གདེང་མཛད་པ། །དམ་ཚིག་རང་སྣང་ཧ་ཡ་གྷྲི་ཝའི་སྐུ། །ཡེ་ཤེས་རིག་པ་དཔལ་ཆེན་གསང་བའི་བདག །རང་རྩལ་འདུ་འཕྲོ་བཛྲ་གྷ་རུ་ཊ༔ ཆོས་ཉིད་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད། །དེ་ལྟར་རང་ངོ་དཀྱིལ་འཁོར་ལྷ་ཚོགས་ལ། །བསྙེན་བསྒྲུབ་མཆོད་བསྟོད་དངོས་གྲུབ་ཞུ་བ་ནི། །འགྱུར་མེད་སྐུ་དང་ཚངས་དབྱངས་འགག་མེད་གསུང་། །འཁྲུལ་མེད་ཐུགས་མཆོག་རེ་བསྐང་ཡོན་ཏན་དཔུང་། །འཆི་མེད་ཚེ་དང་འཛད་མེད་རིན་ཆེན་ནོར། །དཔག་མེད་བསོད་ནམས་འཕོང་མེད་ཟས་སྐོམ་གོས། །འབྲལ་མེད་ཕྱག་རྒྱ་རིག་ཆོས་རྒྱུད་འཛིན་དང་། །བདུད་འདུལ་དྲག་སྔགས་ནུས་པའི་དངོས་གྲུབ་སྩོལ། །མི་མཐུན་འཇིགས་ཚོགས་ཞི་བའི་དངོས་གྲུབ་སྩོལ། །མཐུན་གྱུར་དཔལ་ཀུན་རྒྱས་པའི་དངོས་གྲུབ༴ མོས་བཞི་སྲིད་ཀུན་དབང་བསྒྱུར་དངོས༴ ལོག་འདྲེན་དགྲ་བགེགས་མྱུར་སྒྲོལ་དངོས༴ ཁྱད་པར་བདག་སེམས་འཁྲུལ་བའི་དྲི་སངས་ནས། །ཕུང་ཁམས་འོད་སྐུ་ལྷ་ཡི་ཕྱག་རྒྱ་ཐེབས། །དཔལ་ཆེན་གསུང་གི་བདེན་ནུས་ངག་ལ་འགྲུབ། །རང་རིག་ལྷ་ཁྱོད་གཉིས་མེད་དངོས་གྲུབ་སྩོལ། །ཀཱ་ལ་ ཝཱཀ་ ཙིཏྟ་ གུ་ཎ་ ཀརྨ་ཙ་དུ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཨ་ཡུ་ཛྙཱ་ན་པུཥྱེ་སིདྡྷི་ཛཿ ས་ར་མ་གརྦེ་ས་མ་ཏི་བཛྲ་སིདྡྷི་ཕ་ལ་ཛཿ ཛཿ དགེ་བ་འདི་ཡིས་མྱུར་དུ་སྒྲུབ་མཆོག་བདག །དཔལ་ཆེན་དམར་ནག་འཇིགས་གསུམ་འགྲུབ་གྱུར་ཏེ། །འགྲོ་བ་གཅིག་ཀྱང་མ་ལུས་ཐམས་ཅད་ཀུན། །དེ་ཡི་གོ་འཕང་མཆོག་ལ་འཁོད་པར་ཤོག །

ཅེས་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་བསྒྲུབ་ཐུན་མཚམས་ཀྱི་བྱ་བ་འཛབ་གསོ་མཆོད་བསྟོད་དངོས་གྲུབ་ཞུ་བའི་རིམ་པ་དོན་གྱི་སྙིང་པོ་ཞེས་བྱ་བ་འདི་ནི། རང་གི་སློབ་མ་བསོ་བན་པདྨ་ཆོས་འཕེལ་གྱིས་བསྐུལ་ངོར། སྔགས་སྨྱོན་ཚེ་དབང་ནོར་བུ་རྡོ་རྗེ་སེམས་དཔའ་རྩལ་གྱིས་རང་ལོ་ཉེར་གསུམ་ལྕགས་གླང་ཁྱི་ཟླའི་ཚེས་བཞིར་ཅོང་རོང་རྡོ་རྗེའི་བྲག་གོང་དུ་སྦྱར་བ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །སུ་བྷ་ཨ་ཏི་ཧེ།

རྟ་ཕྱག་སྨོན་ལམ།

༄༅། །རྟ་ཕྱག་སྨོན་ལམ་བཞུགས། །

༈ ཨོཾ་སྭ་སྟི། བཅོམ་ལྡན་འདས་རྟ་མཆོག་དཔལ། །ཁྱེད་དང་འདྲ་འགྱུར་ཤོག །དཔལ་ཆེན་གསང་བའི་བདག །ཁྱེད་དང་འདྲ་འགྱུར་ཤོག །འཇིགས་བྱེད་མཁའ་ལྡིང་དབང་། །ཁྱེད་དང་འདྲ་འགྱུར་ཤོག །ཡི་དམ་ལྷ་མཆོག་གསུམ། །ཁྱེད་དང་འདྲ་འགྱུར་ཤོག །བདུད་བཞིའི་དཔུང་བཅོམ་སྐལ་པ་དྲུག་ལྡན་རྒྱལ། །རྟ་ཞལ་ང་རོས་འཁོར་བ་ཡོངས་སྒྲོལ་མཛད། །ཆེ་བའི་ཆེ་མཆོག་དབང་དྲག་ཧེ་རུ་ཀ །ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་དཔལ། །འོད་དཔག་མེད་མགོན་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་གྱུར་པར་ཤོག །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་དཔལ། །མཐའ་དག་ཡོངས་འཛིན་ཡི་ལྷ་ཆེན་པོ། །གསང་བ་ས་ཡི་དབང་ཕྱུག་རྒྱུད་ཀུན་བདག །མ་རུང་གདུག་པ་འཇོམས་མཛད་རྡོ་རྗེ་འཛིན། །རྡོ་རྗེ་མི་འཁྲུགས་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་གྱུར་པར་ཤོག །དཔལ་གྱི་རྣམ་འཕྲུལ་རབ་ཏུ་འཇིགས་པའི་སྐུ། །མ་རུང་དྲེགས་པ་མཐའ་དག་འཇོམས་བྱེད་པ། །མཁའ་ལྡིང་དབང་ཕྱུག་ཐོགས་མེད་རྫུ་འཕྲུལ་ཅན། །གང་འདུལ་ཕྲིན་ལས་སྣ་ཚོགས་སྟོན་མཛད་པ། །རྡོ་རྗེ་ཅན་གྱུར་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་གྱུར་པར་ཤོག །ཡི་དམ་ལྷ་མཆོག་རབ་འབྱམས་རྒྱ་མཚོ་ཡི། །ངོ་བོ་གཅིག་འདུས་དྲག་པོ་ལྷ་གསུམ་སྐུ། །རྟ་མཆོག་པདྨ་དབང་དང་གསང་བའི་བདག །རྡོ་རྗེ་ཁྱུང་ཆེན་དྲག་ཤུལ་མཐུ་སྟོབས་ཅན། །ལྷག་པའི་ལྷར་གྱུར་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་གྱུར་པར་ཤོག །

ཞེས་པ་འདི་ཡང་གློ་བོ་རྒྱལ་མོ་དད་པ་ཅན་ཁྲི་ལྕམ་ནོར་འཛིན་དབང་པོ་དང་། རྒྱལ་པོ་ཨ་མགོན་བསྟན་འཛིན་གྱི་ཐུགས་དམ་ཐང་སྐུའི་རྒྱབ་བྱང་ང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པའོ། །སརྦ་མངྒ་ལཾ།

ཡོངས་རྫོགས་ཐུགས་ཀྱི་བསྒྲུབ་པ་གུ་རུ་རྡོ་རྗེ་དྲག་རྩལ་རྒྱུན་ཁྱེར་རྣལ་འབྱོར་ཉམས་ལེན་ཡིད་བཞིན་ནོར་བུ།

༄༅། །ཡོངས་རྫོགས་ཐུགས་ཀྱི་བསྒྲུབ་པ་གུ་རུ་རྡོ་རྗེ་དྲག་རྩལ་རྒྱུན་ཁྱེར་རྣལ་འབྱོར་ཉམས་ལེན་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ཡོངས་རྫོགས་ཐུགས་ཀྱི་བསྒྲུབ་པ་གུ་རུ་རྡོ་རྗེ་དྲག་པོ་རྩལ་རྒྱུན་ཁྱེར་རྣལ་འབྱོར་ཉམས་ལེན་ཡིད་བཞིན་ནོར་བུ་ཞེས་བྱ་བ། བདེ་གཤེགས་དཀྱིལ་འཁོར་ཡོངས་རྫོགས་འདུས་པའི་དཔལ། །བླ་མས་བླ་མ་སངས་རྒྱས་ཀུན་གྱི་གཟུགས། །དྲན་ཙམ་འཁོར་བའི་འཁྲུལ་འཁོར་བཅོམ་ནུས་པ། །རྡོ་རྗེ་དྲག་པོ་རྩལ་འཆང་ཞབས་མཐིལ་དུ། །སྲིད་གསུམ་བདག་པོ་རྣམས་ཀྱི་གཙུག་ནོར་གྱིས། །དོག་པོར་གྱུར་པས་བདག་གི་སྤྱི་བོ་ཡིས། །བཏུད་མ་ནུས་ཀྱང་དཔལ་མགོན་མཆོག་ཉིད་ཀྱི། །ཐུགས་རྗེའི་ཞབས་ཀྱིས་བདག་གཙུག་དོག་འདི་རྨད། །བདག་གི་ཚེ་རབས་ཡུན་གྱི་ལྷ། །ཁྱེད་ལས་གཞན་མེད་དེང་ནས་ཀྱང་། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །དེས་ན་དེ་ཡི་སྒྲུབ་ཐབས་གང་། །གཏེར་གཞུང་རྡོ་རྗེའི་ཚིག་ཉིད་ལས། །སྙིང་པོ་ཁྱེར་བདེ་རྣལ་འབྱོར་རྒྱུན། །གསུང་གི་རྒྱུན་བཞིན་འདིར་སྤེལ་བྱ། །དེ་ཡང་སྒྲུབ་པ་པོ་བླ་མའི་དཀྱིལ་འཁོར་དུ་སྨིན་ཞིང་དེའི་བཅས་པ་ཡང་ཉམས་པས་ཡིད་མཐུན་སོགས་རྒྱུན་གྱི་རྣལ་འབྱོར་གནས་གང་རུང་དུ་ཉམས་ལེན་ལ་ཡིད་རྩེ་གཅིག་པས། དང་པོ་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་ནི། །ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས། །བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ སངས་རྒྱས་གསུང་རྣམས་སྤྲུལ་པའི་ཡི་གེར་བྱོན༔ ཉོན་མོངས་འཇོམས་མཛད་ཆོས་ལ་སྐྱབས་སུ་མཆི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆི༔ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པ༔ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། བདག་གི་དུས་གསུམ་བསགས་པའི་དགེ་བ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ བླ་མའི་རྣལ་འབྱོར་ནི། བདག་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླ་དང་༔ དར་ཆེན་ལྟབ་ཁྲི་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཞལ་གཅིག་ཕྱག་གཉིས་བརྗིད་པའི་སྐུ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གདེང་༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་དོར་སྟབས་རུ་ཏྲ་བརྫིས༔ ཞལ་བསྒྲད་མཆེ་གཙིགས་ཨག་ཚོམ་འབར༔ སྤྱན་གསུམ་ཉི་ཟླ་ལྟ་བུར་གཟིགས༔ དབུ་སྐྲའི་ཐོར་ཚུགས་དར་གྱིས་བཅིང་༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན༔ རིན་ཆེན་རུས་རྒྱན་དུར་ཁྲོད་ཆས༔ ཐམས་ཅད་སྐུ་ལ་ལེགས་པར་བརྒྱན༔ ཟབ་ཆེན་བརྗིད་པའི་ན་བཟའ་གསོལ༔ གར་དགུའི་ཉམས་དང་ལྡན་པ་ལ༔ འགྱིང་བག་རོལ་པའི་སྟབས་སུ་བཞུགས༔ ཞལ་ནས་ཧཱུྃ་གི་སྒྲ་ཆེན་སྒྲོགས༔ ཐུགས་ནི་དྲག་པོའི་ངར་དང་ལྡན༔ དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེ་རེ་རེ༔ མ༔གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པས་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བླ་མ་འོད་དུ་མེར་གྱིས་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་གཅིག་མ་ཡེངས་སློད་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང་༔ ཐམས་ཅད་སྐུ་གསུང་བླ་མར་བལྟ༔ ཞེས་པ་རྣམས་སྔོན་འགྲོ་སྟེ་ལམ་གྱི་དུས་རྒྱུན་གྱི་ཉམས་ལེན་དེས་ཀྱང་ཚང་བ་ཞིག་གོ༔ དེ་ནས་གཉིས་པ་དངོས་གཞི་རྡོ་རྗེ་གསུམ་གྱི། དཀྱིལ་འཁོར་ཉམས་སུ་ལེན་པ་ལ་དང་པོ་ནི་གཏེར་གཞུང་རྩ་བ་རྡོ་རྗེའི་ཚིག་ཡང་ཏིག་གཅེས་སྒྲོན་ལས། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ང་ཡི་སྐུ་ཚབ་ཡིན་པས་གསལ་བར་བསྒོམ༔ ཞེས་གསུང་བཞིན་ལུས་ལྷའི་དཀྱིལ་འཁོར་དུ་གསལ་བཏབ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀཽ྅ཧཾ། ཧཾ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧཱུྃ༔ དེ་ལས་ཧཱུྃ་འཕྲོས་འབྱུང་ལྔ་རིམ་བརྩེགས་སྟེང་༔ ཧཱུྃ་ལས་རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་གདན༔ སྲིན་པོ་རུ་ཏྲ་བརྫིས་པའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་བྱུང་རང་ཤར་གསལ་བར་སྒོམ༔སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས༔ མཁའ་འགྲོ་དམ་ཅན་དབང་བསྡུད་རྒྱན་གྱིས་བརྒྱན༔ དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུ་ལྡན༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི༔ ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞབས་གཉིསགྱད་ཀྱི་འགྱིང་བག་སྟབས་སུ་བཞུགས༔ ཞེས་བརྗོད་ཅིང་གསལ་མ་ཐེབ་པར་དུ་བསྒོམ༔ སླར་ཡང་སྒྱུ་མ་ལྟར་བྱིན་རླབས་ནུས་མཐུ་བསྐྱེད་པའི་ཕྱིར་སྤྱན་འདྲེན་གསོལ་བ་བཏབ་པ་ནི༔ ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ ཧཱུྃ། དྷ་ན་ཀོ་ཤའི་མཚོ་གླིང་དུ༔ དྲག་པོ་བརྟུལ་ཞུགས་མཛད་པའི་ཚེ༔ སངས་རྒྱས་ཀུན་གྱི་དབང་བསྐུར་མཛད༔ མཁའ་འགྲོ་དམ་ཅན་དབང་དུ་བསྡུས༔ རྡོ་རྗེ་ཕག་མོ་ཡུམ་དང་རོལ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཡེ་དབྱེར་མེད་ལྷ་ལ་ཕྱག་འཚལ་མཆོད་བསྟོད་བྱ་བ་ནི། ཧཱུྃ། སྐྱེ་འགག་འགྱུར་མེད་འཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད༔ ཡིད་བཞིན་ནོར་བུས་དངོས་གྲུབ་ཆར་ལྟར་འབེབས༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་༔ དུག་ལྔ་རྣམ་དག་རང་བྱུང་དག་པའི་རྫས༔ བདེ་ཆེན་རང་གྲོལ་གསང་བའི་མཆོད་པ་རྣམས༔ རྡོ་རྗེ་དྲག་རྩལ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱ༔་ཧ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྡ་པུ་ཛ་ཧོ༔ པཉྩ་ཀ་མ་གུ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིནྟ་ཁཱ་ཧི༔ མ་ཧཱ༔་བཛྲ་པདྨ་ཡོ་གི་ནི་ཨ་ཧོ་སུ་ཁ་ཧོ༔ ཧཱུྃ། དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པའི་ཚལ༔ ཉོན་མོངས་འཇོམས་མཛད་མེ་དཔུང་འབར་བའི་ཀློང་༔ ཆགས་མེད་པདྨ་ཐབས་ཤེས་ཉི་ཟླའི་གདན༔ དྲེགས་པ་སྲིན་པོ་རྫིས་པའི་གདན་སྟེང་དུ༔ འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་མཐིང་ནག་འབར་བའི་གར་དགུ་ལྡན༔ སྤྱན་བསྒྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར༔ གྱད་ཀྱི་དོར་སྟབས་འགྱིང་བག་སྟབས་སུ་བཞུགས༔ དབུ་སྐྲའི་ཐོར་ཚུགས་ནམ་མཁའི་སྤྲིན་ལྟར་གཏིབ༔ རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབུ་ལ་བརྒྱན༔ རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་ལེགས་པར་བརྒྱན༔ ཟབ་ཆེན་སེར་སྨུག་དབང་གི་ན་བཟའ་གསོལ༔ རུས་པའི་རྒྱན་དྲུག་རྟགས་ཀྱིས་མཛེས་པར་རྒྱན༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ་གསུང་ཐུགས༔ མཁའ་འགྲོ་འབུམ་ཕྲག་མང་པོའི་དེད་དཔོན་མཛད༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ གཉིས་པ་ནི། རྩ་བ་ཡང་ཏིག་གཅེས་སྒྲོན་ལས༔ ཡང་ཏིག་དཔའ་བོ་འབྲུ་གཅིག་སྔགས་ཀྱི་འབྲུ༔ གསུང་གི་ཚབ་ཡིན་རྒྱུན་ཆད་མེད་པར་བཟློས༔ ཞེས་པ་ལྟར། གསུང་རླུང་སྔགས་ཀྱི་དཀྱིལ་འཁོར་རྡོ་རྗེའི་བཟླས་པས་རྒྱུད་བསྐུལ་བ་ནི། ཧཱུྃ། སྐྱེ་མེད་ངང་ལས་འགག་མེད་སྐུར་བཞེངས་ལ༔ ཐུགས་སྲོག་ཧཱུྃ་ལས་གྲགས་སྟོང་གསུང་གི་སྒྲ༔ རང་བྱུང་ཐུགས་ལས་ལྷུན་གྲུབ་དབྱིངས་ཀྱི་ངང་༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་འཛབ་ཀྱིས་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དོན་དམ་སྨྲ་བརྗོད་ལས་འདས་སྐྱེ་མེད༔ཧཱུྃ་གི་སྒྲ་དབྱངས་རྡོ་རྗེའི་བརྡའ་སྐད་དུ་ལ་ཟླ་བ་ཉིད་དང་གནས་སྐབས་དམིགས་པའི་བྱེ་བྲག་ལ་ངེས་པར་འཇུག་སྟེ་དེ་ལྟར་ཚིག་གིས་གསལ་གདབ་པ་ནི། ཧཱུྃ། བརྗོད་བྱེད་ཧཱུྃ་མཚན་ཧཱུྃ་དེ་ལས༔ ཧཱུྃ་གི་འཕྲེང་བས་བདག་ལུས་ཁེངས། ཧཱུྃ། བདག་གི་བ་སྤུའི་བུ་ག་ནས། ཧཱུྃ་འཕྲོས་སྣང་སྲིད་ཧཱུྃ་གིས་ཁེངས། ཧཱུྃ་ཧཱུྃ། སྣང་སྲིད་ཧཱུྃ་རྣམས་ཧྲཱི༔ས་བསྐུལ་བས༔ མཁའ་འགྲོར་གྱུར་ནས་ཧཱུྃ་གླུ་ལྡིར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མགྲིན་ཧཱུྃ་འོད་དམར་གྱིས་མཁའ་འགྲོ། བྲོ་གར་སྣང་སྲིད་ཀུན་དབང་བསྡུས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་མན་ངག་བཞིན་ཞག་དང་ཐུན་དང་གདན་ཐོག་གཅིག་ཏུ་ཡང་བསྒོམ་བཟླས་བྱ་བར། བཟླས་པ་སུམ་བརྒྱ་ཉེར་གཅིག་གིས༔ དབང་གི་ནུས་པ་བསྐྱེད་པར་བྱ། ཞེས་པས་གསལ་བར་བསྟན་པར་བཞེད་དོ། །བཟླས་པའི་བར་མཚམས་རྣམས་སུ་ཛབ་མཆོད་འབུལ་བ་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛབ་བསྙེན་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་བསྟོད། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཞེས་དང་། ཐུན་སྐབས་སུ། ངལ་གསོའི་དུས་སུ་རྩ་བྲལ་ངང་ལ་བཞག༔ ཞེས་པ་ལྟར་གནས་ལུགས་རང་ངོ་སྐྱོང་བ་དང་། ཡང་བསྡུ་རིམ་ལ་འཇུག་པ་ན། ཧཱུྃ། ད་ནི་དཀྱིལ་འཁོར་གསལ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧཱུྃ་ལ་ཧྲིལ་གྱིས་བསྡུ༔ ཧཱུྃ་ཡང་མི་དམིགས་འཇའ་ལྟར་ཡལ༔ དེ་ནས་བདག་ཉིད་ལྷ་རུ་གསལ༔ རྟག་ཆད་གཉིས་ཀྱི་མཐའ་གསལ་ལོ༔ དེས་རྗེས་ཀྱི་རྣལ་འབྱོར་ལམ་དུ་བྱེད་པའོ། །གསུམ་པ་ཡིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལ་ཟླ་བ་ནི། ཡང་ཏིག་གཅེས་སྒྲོན་ལས། པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་བཅུད་ལེན་ལ༔ ལུས་ཀྱི་གནད་ནི་མཉམ་བཞག་དྲང་པོར་བསྲང་༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་བལྟ༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཅེས་གསུང་པ་ལྟར་ཉམས་ལེན་གྱི་རྐང་ཉིད་དེ་ལུས་རྣམ་སྣང་ཆོས་བདུན། མིག་ཐད་ཀར་ཕྱེད་བཀབ་ཕྱེད་བལྟ་རླུང་ཁ་སྣའི་རྒྱུ་བ་རང་བབ་ངང་། བར་རླུང་འཆིང་བ། སེམས་རྣམ་རྟོག་གསུམ་བྲལ་བཅིངས་གྲོལ་ལས་འདས་རང་རིག་གསལ་སྟོང་དབྱེར་མེད་ངོ་བོ་ཉིད་ལ་མཉམ་པར་བཞག་པ་སྟེ། དེ་ཡང་གུ་རུ་པདྨས་ནམ་མཁའི་སྙིང་པོའི་གདམས་པ། འདི་ལྟར་ཡིད་ཀྱི་ཡུལ་དུ་གྱུར་པ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་བཞུགས༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཞེས་པ་ལྟར་དང་། ཉམས་ལེན་མཐར་ཐུག་གི་གནད་ནི། ཕྱི་ལྟར་བཟུང་བའི་ཡུལ་སྣང་དག་པ་དང་། །ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔ བར་དུ་འོགས་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཞེས་པའི་དོན། བླ་མའི་ཞལ་ལུང་བཞིན་རྟག་ཏུ་འབད་པས་བསྒོམ་པ་དང་༔ ཉམས་ལེན་གྱི་གེགས་སེལ་བོགས་འདོན་ལ་མཁས་པར་བྱ་སྟེ། དེའི་རྩ་བ་བླ་མའི་མོས་གུས་ཉིད་སྟོབས་བསྐྱེད་པ་ཁོ་ནར་ངེས་ཤེས་སྤྱོད་ལམ་ཀུན་ཏུ་ལམ་ཁྱེར་ཡང་དག་དྲན་པ་དང་། སྒྱུ་མ་ལྟར་སྣང་བའི་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེས་ཟིན་པ་ཡང་གལ་ཆེ་བ་ཉིད་དོ། །དེ་ལྟར་བསྐྱེད་རྫོགས་ཉམས་སུ་ལེན་པའི་ཐུན་མཐའ་ཀུན་ཏུ་ལམ་བསྒོམ་པའི་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་བཟང་པོས་རྒྱས་བཏབ་པ་དག་ཀྱང་རྒྱས་བསྡུས་ཅི་ལྟར་རུང་མ་ཆད་པ་དང་། གཞན་ཡང་འགྲོ་སྡོད་ཁ་ཟས་ཉལ་ལྡང་གི་རྣལ་འབྱོར་ཆོས་སྤྱོད་སྤྱི་ལྟར་དང་། འགྲུབ་ན་ཚོགས་ཀྱི་འཁོར་ལོས་མཆོད་པ་ཡང་ཅི་ནུས་སུ་བྱའོ། །

འདིར་སྨྲས་པ། ཕྱག་རྒྱ་གཅིག་དང་ཡིག་འབྲུ་གཅིག །རིག་པ་ཉག་གཅིག་ངོ་བོ་ལ། །བདེ་གཤེགས་ཡོངས་རྫོགས་སྐུ་གསུང་ཐུགས། །གཅིག་ཏུ་དྲིལ་བ་རྫོགས་པ་ཆེ། །རང་བྱུང་རང་ཤར་དགོངས་པའི་བཅུད། །ཐུགས་ཀྱི་བསྒྲུབ་པ་འདི་རྨད་བྱུང་། །དེ་ཡི་རྒྱུན་ཁྱེར་རྒྱས་འབྲིང་བསྡུས། །དམ་པ་རྣམས་ནས་མང་མཛད་མོད། །འོན་ཀྱང་ལམ་འདིར་རང་ཉིད་གུས་ཐོབ་དང་། །སྐལ་མཉམ་གཞན་གྱིས་ལེགས་པར་བསྐུལ་བ་བཅས། །རྒྱུན་གྱི་རྣལ་འབྱོར་ཉམས་ལེན་སྙིང་པོའི་དོན། །གཏེར་གཞུང་རྡོ་རྗེའི་ཚིག་ལས་ལེགས་པར་བཏུས། །འདི་བགྱིས་དགེ་བ་མཆིས་རྣམས་མཁའ་ཁྱབ་ཀྱི། །སེམས་ཅན་ཕ་མའི་རང་བཞིན་ལ་བསྔོས་མཐུས། །ཀུན་ཀྱང་ལམ་མཆོག་འདི་ལྟ་ལ་ཞུགས་ནས། །བླ་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བྱང་གཏེར་ཐུགས་བསྒྲུབ་དྲག་པོ་རྩལ་ཞེས་གུ་རུ་བདེ་གཤེགས་འདུས་པའི་ངོ་བོ་རང་བྱུང་རང་ཤར་དོན་གྱི་འཕྲིན་ལས་ནས་ཉམས་ལེན་རྒྱུན་ཁྱེར་བཏུས་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི་རིག་པ་འཛིན་པ་ཚེ་དབང་ནོར་བུས་མེ་སྟག་གི་ལོ་ནག་པ་ཟླ་བའི་ཡར་ངོ་དགའ་བ་གཉིས་པའི་སྔ་ཐུན་ལ་སྟོད་ལུང་མདོ་གུ་རུའི་གནས་ཆེན་གཞོང་པ་ལྷ་ཆུར་གྲུབ་པར་བཀོད་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ། བྷ་ཝནྟུ། དགེའོ། །

དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོ་དོན་ཡོངས་སུ་གྲུབ་པ།

༄༅། །དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོ་དོན་ཡོངས་སུ་གྲུབ་པ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ཀྱེ་མ། དལ་འབྱོར་རིན་ཆེན་འདི་ནི་རྙེད་པར་དཀའ། །ནམ་འཆི་ཆ་མེད་སྙིང་ནས་དྲན་བྱས་ཤིང་། །ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་བའི་གྲུ་ལ་འབད་པས་འཇུག་རེ་རན། ། ༡ ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དད། ། ༢ བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། ༣ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་བའི། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ། ༤ ཨོ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཆོས་ཀུན་གདོད་ནས་མ་དམིགས་སྟོང་པའི་ངང་། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །མ་རྟོགས་འགྲོ་ལ་ཚད་མེད་སྙིང་རྗེ་ཡིས། །རང་གཟུགས་ཀུན་གཞི་གནས་འགྱུར་ཟླ་བའི་དལ། ། ༥ ཉོན་ཡིད་དག་པ་གཞོམ་མེད་ཡི་གེ་ཧཱུྃ། །ཡིད་ཤེས་དག་པ་བདེ་ཆེན་རྡོ་རྗེའི་གཟུགས། །གསུམ་ལས་འོད་ཀྱི་དོན་གཉིས་ལྷུན་གྲུབ་འདུས། །ཡོངས་གྱུར་ལྔ་བདག་ཡེ་ཤེས་རྫོགས་པའི་སྐུ། ། ༦ རྡོ་རྗེ་སེམས་དཔའི་ཆེས་ཆེར་དཀར་བའི་མདངས། །ཟླ་བ་འབུམ་གྱིས་མཚོན་མིན་མཚན་དཔེ་རྫོགས། །རྡོ་རྗེའི་སྲོག་ཞུ་རྒྱན་བརྒྱད་ཆས་ལྔས་ཀླུབས། །རྡོ་རྗེ་དྲིལ་བསྙེན་ཚུལ་དགུ་དཔལ་དུ་འབར། ། ༧ པད་ཟླར་རྡོར་སྐྱིལ་རང་འོད་ཡུམ་ལ་འཁྱུད། །ཟླ་བའི་རྒྱབ་ཡོལ་འོད་ཟེར་མུ་མེད་འཕྲོ། །གནས་གསུམ་འབྲུ་གསུམ་རྡོ་རྗེ་གསུམ་དུ་མཚོན། །མགོ་བོར་དང་པོའི་སངས་རྒྱས་ཡབ་ཡུམ་བཞུགས། ། ༨ གནས་གསུམ་འོད་ཀྱི་ཡི་དམ་དཀྱིལ་འཁོར་ལྷ། །ལུས་མེད་མ་ལུས་མི་ལུས་བདག་ལ་བསྟིམ། །དེ་བཞིན་རྩ་བ་ཡན་ལག་བླ་མ་ལ། །སྤྱན་དྲངས་གདོད་མའི་མགོན་དང་གཉིས་སུ་མེད། ། ༩ སྙིང་ཀར་པདྨ་ལ་གནས་ཟླ་བའི་དལ། །རྡོ་རྗེའི་མཚན་པ་བྱང་ཆུབ་སེམས་ཉིད་མཚོན། །རྡོ་རྗེའི་ལྟེ་བར་ཆོས་དབྱིངས་ཡེ་ཤེས་ཧཱུྃ། །ཕྱི་རིམ་ཨོཾ་དང་བཛྲ་ས་ཏྭས་བསྐོར། ། ༡༠ ཨོཾ་བཛྲ་སཏྭ་ཧཱུྃ། བདག་དང་བླ་མས་ཡིག་དྲུག་རྡོ་རྗེའི་སྒྲ། །བཟླས་པས་བླ་མ་ཡི་དམ་ཀུན་གྱིས་བཟླས། །ལྷན་ཅིག་ལུས་ནང་སྲིན་བུ་སྐྲ་བ་སྤུ། །ཀུན་ལས་ཡི་གེ་དྲུག་པའི་སྔགས་སྒྲ་བྱུང་། ། ༡༡ རྒྱུད་ལྔ་འབྱུང་གཞི་མཁའ་ཁྱབ་རྒྱལ་བ་ཡང་། །བདག་དང་ལྷན་ཅིག་གསང་སྔགས་རྒྱལ་པོ་སྒྲོགས། །ཐུན་ཐར་སྣང་ཀུན་སྐུའི་རྡོ་རྗེར་གྱུར། །དེ་ཡང་གཞོམ་མེད་གསུང་གི་རྡོ་རྗེ་ཆོས། ། ༡༢ དེ་ཡང་འགྱུར་མེད་ཐུགས་ཀྱི་རྡོ་རྗེ་སེམས། །དེ་ཡང་ཆོས་དབྱིངས་ཡེ་ཤེས་ངོ་བོར་འདུས། །སྤྱི་བོའི་བླ་མ་ཀུན་བཟང་རང་ལ་ཐིམ། །རང་ཉིད་ཟླ་དལ་དེ་ཡང་རྡོ་རྗེ་དང་། ། ༡༣ དེ་ཨོཾ་ལུགས་འབྱུང་མཐའ་རུ་ཧཱུྃ་ལ་འདུས། །ཧཱུྃ་ཉིད་ཐིག་ལེ་ནཱ་དའི་བར་དུ་གཞིལ། །རྣམ་རྟོག་གསུམ་བྲལ་ཆོས་ཉིད་གཉུག་མའི་ངང་། །ཅི་གནས་བཞག་ཐར་ཧཱུྃ་གི་རང་སྒྲ་ཡིས། ། ༡༤ སླར་ཡང་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་འཁོར་ལོའི་རང་བཞིན་ལྷུན་གྱིས་གྲུབ། །སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་དངོས། །གདོད་ནས་ཡིན་བཞིན་རྟག་པར་ལམ་དུ་ཁྱེར། ། ༡༥ དེ་ལྟར་བླ་མ་རྡོ་རྗེ་སེམས། །བསྐྱེད་བཟླས་རྫོགས་པར་ཞུགས་པའི་དགེ་བ་ཀུན། །མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ་བའི་མཐུས། །ཀུན་གྱི་རྡོ་རྗེ་སེམས་འབྲས་འགྲུབ་པར་ཤོག ། ༡༦ དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

ཞེས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཉམས་ལེན་ཁྱེར་བདེ་སྙིང་པོར་བྱས་པ་འདི་ཡང་དོན་ཡོངས་སུ་གྲུབ་པ་དཔལ་ཀཾ་ཚང་གི་རིང་ལུགས་པ་ཆེན་པོ་རྒྱལ་ཚབ་བདུན་པའི་ཁྲི་ལ་བཞུགས་པ་གོ་ཤྲི་དཀོན་མཆོག་འོད་ཟེར་གྱི་གསུང་གིས་བསྐུལ་བའི་ངོར། རབ་མྱོས་ལྕགས་རྟ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་གཉལ་སྨད་དགེ་རིར་བརྗོད་པ་དགེའོ། །དགེའོ། །སརྦ་མངྒ་ལཾ།

བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག

༄༅། །བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཁྱེར་བདེ་བཀོད། །ན་མོ་ཧཱུྃ་དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་མཆི། བྱང་ཆེན་ཐོབ་ཕྱིར་རྡོར་སེམས་བསྒྲུབ་པར་བགྱི། །ཚོགས་ཞིང་ནམ་མཁའ་གང་བའི་རྒྱལ་བ་ལ། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དགེར་ཡི་རང་། །ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདའ་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཆོས་དབྱིངས་སྟོང་ཉིད་འགྲོ་ལ་བརྩེ་བའི་སེམས། །དབྱེར་མེད་རང་རིག་ངོ་བོ་ཧཱུྃ་ཏུ་གསལ། །འཕྲོ་འདུས་དག་པའི་ཞིང་ཁམས་གཞལ་ཡས་ཁང་། །དབུས་སུ་པད་དཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧཱུྃ་ལས་བདག་ཉིད་གུ་རུ་པདྨ་འབྱུང་། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །དཀར་ཚེར་རྡོར་དྲིལ་རྒྱལ་པོ་རོལ་པའི་སྟབས། །རིན་ཆེན་རྒྱན་དང་དར་གྱི་ཆས་རྣམས་རྫོགས། །རང་འོད་ལྷན་སྐྱེས་ཡུམ་དང་འཁྲིལ་སྦྱོར་བཞུགས། །སྤྱི་དཔྲལ་མགྲིན་སྟེང་ལྟེ་བ་གསང་གནས་སུ། །རྣམ་སྣང་མི་འཁྲུག་འོད་དཔག་མེད་ལྷུན་གྲུབ། །རིན་འབྱུང་དོན་འགྲུབ་རང་འོད་ཡུམ་བཅས་བཞུགས། །གཙུག་ཏོར་རྩེ་མོར་ཀུན་བཟང་ཡབ་ཡུམ་གསལ། །རྩ་གནས་ཀུན་ཏུ་རྡོར་སེམས་གྲངས་མེད་བཅས། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ནས། །ཡེ་ཤེས་སྤྱན་དྲངས་བདག་དང་དབྱེར་མེད་བཞུགས། །རང་གདངས་མཆོད་པའི་ལྷ་མོས་པུཙྪ་འབུལ། །རྡོ་རྗེ་གླུ་མས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཆེ་བའི་ཡོན་ཏན་རབ་བསྔགས་བསྟོད། །ཚེ་རབས་ཐོག་མེད་ནས་བསགས་སྒྲིབ་པ་ཀུན། །དཀྱིལ་འཁོར་ལྷར་བཤགས་སྒྲིབ་པ་མེད་པར་དག །རང་ཉིད་ཐུགས་ཀར་ལྷུན་གྲུབ་ཡེ་ཤེས་སེམས། །ཚོན་གང་ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར། །ཧཱུྃ་དཀར་ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོས་པས་འགྲོ་བའི་སྒྲིབ་པ་སྦྱངས། །རྒྱལ་བ་རྣམས་ཀྱི་དགྱེས་བསྐང་ཐུགས་རྒྱུད་བསྐུལ། །ཚུར་འདུས་འོད་ཟེར་ཚུལ་དུ་ཐུགས་ཀ་ཡིས། །ཧཱུྃ་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་སྩོལ། །བསམ་གཏན་ཡེངས་མེད་རྩེ་གཅིག་སྔགས་འདི་བཟླ། །ཨོཾ་བཛྲ་ས་ཏྭ་ཧཱུྃ། སྐབས་སུ་ཡི་གེ་བརྒྱ་པ་ཅི་ནས་བཟླས། ཐུན་མཐར་སྣང་སྲིད་འོད་ཞུ་གཞལ་ཡས་ཁང་། །གཞལ་ཡས་ཁང་ཡང་ཡབ་ཡུམ་སྐུ་ལ་ཐིམ། །ཡུམ་ཡབ་གནས་ལྔ་ཡེ་ཤེས་སེམས་དཔར་འདུས། །དེ་ཡང་ཏིང་འཛིན་སྔགས་ཕྲེང་ཡི་གེ་ཧཱུྃ། །དེ་ཡང་དམིགས་མེད་མཁའ་ལ་འཇའ་ལྟར་ཡལ། །འཁོར་གསུམ་ཁྱབ་བརྡལ་ཆེན་པོའི་ངང་ལ་བཞག །དེ་ལས་ལྡང་ཚེ་སླར་ཡང་ལྷ་སྐུར་གསལ། །སྤྱོད་ལམ་ཀུན་ཏུ་ཡིད་དང་མི་འབྲལ་ཞིང་། །དགེ་བ་འགྲོར་བསྔོ་བྱང་ཆེན་སྨོན་ལམ་གདབ། །དེ་ལྟར་རྡོར་སེམས་བསྒྲུབ་པའི་མན་ངག་ནི། །རྒྱུན་དུ་ཁྱེར་བདེ་བྲིས་པའི་དགེ་བ་ཡིས། །ནམ་མཁའི་མཐའ་མཉམ་རྡོར་སེམས་དེ་ཇི་འདྲའི། །དེ་འདྲ་ཁོ་ནར་མྱུར་དུ་འགྲུབ་པར་ཤོག །

ཞེས་མང་ཡུལ་དཔལ་འབར་གྱི་སྒྲུབ་པ་བ་ཡེ་ཤེས་རིན་ཆེན་གྱི་གསོལ་བ་གདབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཐུན་སྐབས་སྐད་ཅིག་མར་སྦྱར་བའི་ཡིག་རིས་པ་ནི་སྤྲུལ་པའི་སྐུ་མཆོག་འཕྲིན་ལས་བསྟན་འཛིན་གྱིས་བགྱིའོ། །

བདེ་མཆོག་དཀར་པོའི་ཚེ་སྒྲུབ་རྒྱུན་ཁྱེར་སྙིང་པོ།

༄༅། །བདེ་མཆོག་དཀར་པོའི་ཚེ་སྒྲུབ་རྒྱུན་ཁྱེར་སྙིང་པོ་བཞུགས་སོ། །

༈ ཨོཾ་སྭཱསྟི། བཀླགས་པས་གྲུབ་པ་རྒྱུད་རྣམས་ཀྱི། །རྒྱལ་པོ་འབུམ་པ་ཉུང་ངུ་ཡི། །མན་ངག་འཆི་མེད་བསྒྲུབ་པའི་ལམ། །དེ་ལ་གུས་པས་འདིར་བཤད་བྱ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཤྲཱི་ཧེ་རུ་ཀ་ཧཾ། ཤྲཱི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུ་མི་གནས་པའོ། །བདག་ཉིད་ལྷན་ཅིག་སྐྱེས་པའི་དཔལ། །ཧེ་རུ་ཀ་དམར་སྟོན་ཟླའི་མདོག །ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད། །གཡོན་སྐུམ་ཞབས་ཀྱི་འཇིགས་བྱེད་ནག །གཡས་བརྐྱངས་དུས་མཚན་དམར་མོ་མནན། །རལ་པའི་ཅོད་པཎ་རབ་ཏུ་མཛེས། །རྩེ་མོར་ཡིད་བཞིན་ནོར་བུ་དང་། །ངོས་སུ་སྣ་ཚོགས་རྡོ་རྗེ་བརྒྱན། །རུས་པའི་རྒྱན་དྲུག་སྟག་ཤམས་དཀྲིས། །པང་དུ་རྡོ་རྗེ་ཕག་མོ་ཡུམ། །དམར་མོ་ཞལ་གཅིག་སྤྱན་གསུམ་མ། །སྐྲ་གྲོལ་ཐོད་སྐམ་ལྔས་དབུ་བརྒྱན། །དོ་ཤལ་ཕྱག་རྒྱ་ལྔ་དང་ལྡན། །ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །གཡས་བསྐུམ་ཞབས་ཀྱིས་ཡབ་ལ་འཁྱུད། །གཉིས་པ་སྒེག་ཁྲོ་མཛེས་པའི་སྐུ། །ཡེ་ཤེས་མེ་དཔུང་དབུས་སུ་བཞུགས། །བདེ་ཆེན་སྣང་སྟོང་སྒྱུ་མའི་སྐུ། །འཁོར་འདས་སྣོད་བཅུད་རང་འདྲར་གནས། །བཟླས་པ་ནི། ཨོཾ་ཧྲཱིཿ ཧ་ཧ་ཧཱུྃ་ཧཱུྃ་ཕཊ། མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ། ཞེས་ཅི་ནུས་བཟླས་པའོ། །དེ་ནས་རླུང་བུམ་ཅན་བཟུང་། རང་ཡབ་རྐྱང་ངུ་གསལ་བའི་ཐུགས་ཀ་ནས་ལྷ་མོ་ལྔ་ཐོད་པ་ཐོགས་པ་འཕྲོས། ཁམས་གསུམ་གྱི་བཅུད་རྣམས་ཐོད་པར་བསྡུས་ཏེ་རང་གི་སྣ་བུག་གཡོན་ནས་བླུག་སྟེ་ལུས་གང་། ལྷ་མོ་རྣམས་གཅིག་ཏུ་འདྲེས་རང་ལ་འཁྱུད་སྦྱོར་གྱི་བཞུགས་པར་བསམ། ཡང་སྤྱི་བོར་ཁ་ཊྭཱཾ་ཀ་དཀར་པོ་ཧཱུྃ་གིས་མཚན་པ་མགོ་བོ་ཐུར་བསྟན། དེའི་འོད་ཟེར་གྱི་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས། ཁ་ཊྭཱཾ་ཀ་ནས་བརྒྱུད་སྤྱི་བོ་ནས་ཞུགས། འཁོར་ལོ་བཞིར་དགའ་བཞི་ཉམས་སུ་མྱོང་། ལུས་ཐམས་ཅད་བདུད་རྩི་རླན་དྲོད་ཅན་གྱི་གང་བར་བསམ། ཐུན་མཐར་ལྷ་འོད་གསལ་དུ་འཇུག་ཞིང་ལྡང་། དགེ་བ་བསྔོ་སྨོན་ལམ་བཀྲ་ཤིས་བྱའོ། །གཏོར་མ་སུམྦྷ་ནིའི་བསང་། སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ས་བྱིན་གྱིས་བརླབས། ཕཻཾ། ཞེས་པས་གཏོར་མགྲོན་ཐམས་ཅད་སྤྱན་དྲངས། བཛྲ་ཨ་ར་ལླི་ཧོཿ ས་མ་ཡ་སྟྭཾ་ཌྲྀ་ཤྱ་ཧོཿ ཞེས་ལན་བདུན་འཇིག་རྟེན་འདས་པའི་ལྷ་ལ་འབུལ། ཨརྒྷཾ་ཤབྡའི་བར་གྱིས་མཆོད། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཅེས་བསྟོད། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ་ཨུན་མཱ་ད་ཨ་པསྨཱ་ར་ཌ་ཀ་ཌ་ཀི་ནྱ་ད་ཡ་ཨི་དཾ་བ་ལིང་གྲྀཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐེ་པམ་ཡ་ཐེཥྚཾ་བྷུཉྫ་ཐ་ཛི་གྲ་ཐ་པི་པ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱ་ར་ཏ་ཡ་སརྦུ་ཁཾ་བི་ཤདྡྷ་ཡ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་མཁའ་འགྲོ་སྤྱི་ལ་འབུལ། འདོད་དོན་གསོལ་བ་བཏབ། འཕྲིན་ལས་བཅོལ། གཏོར་མགྲོན་གཤེགས་སུ་གསོལ། བསྔོ་སྨོན་བཀྲ་ཤིས་ཡང་བྱའོ། །དེ་ལྟར་བདེ་མཆོག་དཀར་པོ་ཡིད། །སྒྲུབ་ཐབས་རྒྱུན་ཁྱེར་སྙིང་་པོ་གང་། །སྨྲས་པའི་དགེ་བ་འདི་ཡིས་ཀྱང་། །འགྲོ་ཀུན་འཆི་མེད་མཆོག་ཐོབ་ཤོག །

ཞེས་པ་ཡང་རབ་བྱུང་བཅུ་གསུམ་མེ་ཡོས་གྲོ་ཞུན་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པ་ལ་རིག་འཛིན་ཚེ་དབང་ནོར་བུས། ལྷ་ལྡན་རྒྱལ་པོའི་ཁབ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་དགའ་ལྡན་ཁང་གསར་དུ་བཀོད་པའོ། །དགེའོ། །

དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་དྲྭ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་རིན་པོ་ཆེ་འོད་འཕྲོ།

༄༅། །ཤྲཱིཀཱལཙཀྲབཛྲསཏྭཧེརུཀབྷེརཝཌཱཀིནཱིཛཱལསཾངརམཧཱམཎྜལསྱསདྷཡཔཱརེབཛྲརསྨིསམནྟཛྭལནམིབིཛཧརཾ།

༄༅། །དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་དྲྭ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་རིན་པོ་ཆེ་འོད་འཕྲོ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་ན་མོ་གུ་རུ་བུདྡྷ་བྷོ་དྷི་ས་ཏྭེ་བྷྱོ་ན་མོ་ན་མཿ དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་མ་དྲ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་འོད་ཟེར་ཀུན་ཏུ་འབར་བ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་བདེ་བ་ཆེ། །རྒྱ་ཆད་ཕྱོགས་ལྷུང་ཡོངས་བྲལ་ཞིང་། །རྟོག་མེད་མིང་བྲལ་མཚན་མ་མེད། །ཆོས་དབྱིངས་ཡེ་ཤེས་དེ་ལ་འདུད། །རང་བཞིན་འོད་གསལ་ཆགས་ཐོགས་བྲལ། །སྤྲོས་མེད་དོན་དམ་བརྡ་ཡི་ཚུལ། །ཡེ་ཤེས་སྣང་བ་དཀྱིལ་འཁོར་མཆོག །ཤར་བ་དེར་ཡང་ཕྱག་འཚལ་འདུད། །སྒྲིབ་མེད་མཆོག་གི་ཕུང་ཁམས་སྐྱེ་མེད་ལས་དབང་པོ། །མཐའ་དག་འཁོར་ལོས་བསྒྱར་མཛད་བཅོམ་ལྡན་སྣ་ཚོགས་དབང་། །ཁམས་གསུམ་རྩ་རླུང་ཐིག་ལེའི་དྲྭ་བ་མཁའ་འགྲོའི་ཚོགས། །ཡོངས་སུ་སྡོམ་མཛད་དུས་འཁོར་སྡོམ་པ་ཆེན་པོར་འདུད། །བརྟག་པའི་ཡུལ་ལས་རབ་འདས་རྒྱལ་བའི་ཡེ་ཤེས་སྐུ། །རྟོག་མེད་བདེ་ཆེན་མཆོག་གི་བསྒྲུབ་ལས་གནས་གཞན་མིན། །འོན་ཀྱང་འོག་མིན་བར་བགྲོད་དངོས་གྲུབ་ཆེ་ཐོབ་བྱེད། །ཡེ་ཤེས་ལ་འཇུག་བརྟགས་པའི་དཀྱིལ་འཁོར་འདི་ཡང་རྨད། །དེས་ན་བདེན་གཉིས་ཟུང་འཇུག་དབྱིབས་རྣལ་འབྱོར། །མ་དག་སྣང་བ་འགོག་ཕྱིར་ཡང་ནས་ཡང་། །རྒྱལ་བས་བསྔགས་བཞིན་དཔལ་ལྡན་ཤེས་རབ་རྒྱུད། །དཀྱིལ་འཁོར་སྡོམ་ཆེན་སྒྲུབ་ཐབས་འདིར་སྤེལ་བྱ། །དེ་ཡང་སྐལ་ལྡན་གྱི་སྐྱེས་བུ་ཐེག་ཆེན་ཐུན་མོང་བས་རྒྱུད་སྦྱངས་བ་བླ་མ་མི་ཕྱེད་པའི་དད་པ་ཡང་དག་པར་གནས་ཤིང་། དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ལ་ཁས་ལེན་བརྟན་པ་ལམ་བསྐྱེད་པའི་རིམ་པ་ཡི་ཞལ་ལུང་རྡོ་རྗེ་སློབ་དཔོན་གྱིས་གནང་བ་ལེགས་པར་ཐོབ་པས། ལས་དང་དངོས་གྲུབ་བླ་ན་མེད་པའི་གོ་འཕང་མཆོག་ལ་ཡོངས་སུ་དམིགས་པ་ཡི་གནས་ཀྱང་འཚེ་བ་མེད་ཅིང་ལས་དང་རྗེས་སུ་མཐུན་ལ་ཡིད་ཚིམ་པ་ཐོབ་པའི་ས་རུ་དཀྱིལ་འཁོར་ལྷ་ཡི་དམིགས་རྟེན་དང་མཆོད་རྫས་གཏོར་མ་མཎྜལ་མ་ད་ན་དང་བཅས་པའི་ཀཱ་པཱ་ལ་རྡོ་རྗེ་དྲིལ་བུ་ཅང་ཏེའུ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ཏེ་བདེ་བའི་གདན་ལ་འདུག་ནས་ཆོ་ག་ལ་འཇུག་པར་བྱའོ། །དེ་ནས་ཆོ་གའི་རིམ་པ་ཡང་ཐུན་མོང་སྔོན་འགྲོ་སྦྱོར་བའི་ཆོས་དང་། ཆོ་གའི་བྱ་བ་དངོས་གཞི་དང་གཉིས་སོ། །

དང་པོ་ནི། བདུད་རྩི་སྦྱངས་རྟོག་སྦར་དང་ཁ་དག་པ། །རྡོ་རྗེ་དྲིལ་འཛིན་བཟུང་པཱུ་ཛས་བྱིན་གྱིས་བརླབ། །སྐྱབས་སེམས་ཡི་གེ་བརྒྱ་པ་བསྒོམ་བཟླས་དང་། །ཕྱག་བཅས་མཎྜལ་ཐུན་མོང་སྔོན་འགྲོའོ། །ཞེས་པ་ལྟར། བདུད་རྩི་ལྔ་ཡི་རིལ་བུ་དང་བཅས་པའམ་མ་ད་ན་ཁོ་ན་ཡང་སྟེ་སྦྱངས་རྟོག་སྦར་བ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ། འབྲུ་དྲུག་གིས་ཁ་དག་པར་བྱེད་པ། རྡོ་རྗེ་དང་དྲིལ་བུ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཟུང་བ། མཆོད་རྫས་བསངས་སྦྱངས་བྱིན་གྱིས་བརླབས་པ། ཕྱག་དང་བཅས་ཏེ་མཎྜལ་ཡི་བྱ་བ་བཤམས། བཀྲམ། གསོལ། བསྡུ། བཀོད། དབུལ་འཁོད་པའི་རིམ་པ་ཅན་དང་བསྐུལ་ཏེ་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་རྗེས་དང་བཅས་པ་སྟེ། དེ་ལྟར་དོན་ཚན་བདུན་པོ་རྣམས་རྒྱས་བསྡུས་སྐབས་སུ་ཇི་ལྟར་བབས་པ་གསུང་རྒྱུན་མ་ཉམས་པ་ཕྱག་ལེན་མཐོང་བ་བརྒྱུད་པ་ལས་བྱུང་བ་བཞིན་བྱའོ། །གཉིས་པ་ཆོ་གའི་རིམ་པ་དངོས་ལ། ཐུན་མོང་མ་ཡིན་པའི་སྦྱོར་བ་དག་པ་བསྲུང་བའི་འཁོར་ལོ་བྱ་བ་དང་། སྦྱོར་གཞི་དངོས་དཀྱིལ་འཁོར་འཁོར་ལོ་ཡིས་བསྒྲུབ་པའི་ཐབས་ཏེ་གཉིས་སོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་ཚོགས་བསགས་དངོས་གཞི་བསྲུང་འཁོར་བསྒོམ། །རྗེས་སུ་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ། །ཞེས་པ་ཡི། དང་པོ་ནི། རང་ཉིད་སྐད་ཅིག་གི་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོར་གསལ་བ་ནས། དེ་ནས་མཆོད་པ་དང་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་དང་། སྟོང་པ་ཉིད་ལ་དམིགས་པ་རྣམས་འཆད་འགྱུར་བསྒྲུབ་ཐབས་དངོས་གཞི་ཡི་སྔོན་དུ་བྱ་བ་བཞིན་སྐབས་འདིར་ཡང་བྱ་བ་བཞེད་པའོ། །གཉིས་པ་ནི། དག་པས་བདག་བསྲུང་བ་དང་། བདུད་བགེགས་ལོག་འདྲེན་གཞོམ་པ་དང་། གནས་བསྲུང་བའི་དོན་དུ་བསྲུང་འཁོར་བསྒོམ་པ་སྟེ་གསུམ་གྱི། དང་པོ་ལ། ལྷ་རྫོགས་པར་བྱ་བའི་དོན་དུ་སྐུ་གསུང་ཐུགས་ཡེ་ཤེས་སྦྱོང་བ། རིགས་དྲུག་དགོད་པ། སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་དག་པར་བྱེད་པ་དང་། ཡན་ལག་དྲུག་དགོད་པའོ། །དང་པོ་ནི། ཨོཾ་ཨཱཿ ཧཱུྃ་ཧོ་ཧཾ་ཀྵཿ པྲཛྙཱོ་པཱ་ཡ་ཨཱཏྨ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་མཱ་མ་ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཨ་མྲྀ་ཏ་སྭ་བྷ་ཝཾ་ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨ་ཡ་ཏ་ནོཾ་ནིཿ སྭ་བྷཱ་ཝཾ་སྭཱ་ཧཱ། རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་ཡོངས་སུ་རྫོགས་པ། དེའི་གཙུག་ཏོར་ནས་རྐང་སེན་གྱི་བར་རང་གི་ལུས་སྦྲུལ་ཤུན་པ་རྗེས་པ་བཞིན་དུ་ལན་གསུམ་དོར་ཏེ། རང་གི་ལུས་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་སྟེ་ཞི་རྒྱས་ལའོ། །ལས་གཞན་ལ་དེ་མཐུན་དཀྱིལ་འཁོར་རང་ལུས་དེ་ཡི་ཁ་དོག་ཅན་དུ་བསམ། གཉིས་པ་ནི། དེ་ནས་དཔྲལ་བར་ཨོཾ་དཀར་པོ་ལས་འོད་དཔག་མེད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན་ཕྱག་གཡས་པ་གསུམ་ན་ཐོ་བ། མདུང་། རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་མ་བརྒྱ་པ། མེ་ལོང་དང་། བགྲང་འཕྲེང་འཛིན་པ། མགྲིན་པར་ཨཱཿ དམར་པོ་ལས་རིན་འབྱུང་དམར་པོ། དམར་དཀར་ནག་པའི་ཞལ་ཅན། ཕྱག་གཡས་ན་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་དང་། རྡོ་རྗེའི་ཞགས་པ་དང་། རིན་པོ་ཆེ་ཆ་དགུ་པ་འཛིན་པ། སྙིང་ཁར་ཧཱུྃ་ནག་པོ་ལས་དོན་གྲུབ་ནག་པོ། ནག་དམར་དཀར་བའི་ཞལ་ཅན། ཕྱག་གཡས་ན་རལ་གྲི་དང་། གྲི་ཁུག་དང་། རྩེ་གསུམ། གཡོན་ན་ཕུབ་དང་། ཐོད་པ་དང་། ཁ་ཊྭཱཾ་ཀ་དཀར་པོ་འཛིན་པ། ལྟེ་བར་ཧོ་སེར་པོ་ལས་རྣམ་སྣང་སེར་པོ། སེར་དཀར་ནག་པའི་ཞལ་ཅན། ཕྱག་གཡས་ན་འཁོར་ལོ་དང་། དབྱུག་པ་དང་། འཇིགས་བྱེད་རྡོ་རྗེ། གཡོན་ན། དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་ལྗང་ཁུ། ལྗང་དམར་དཀར་བའི་ཞལ་ཅན། ཕྱག་གཡས་ན་རྡོ་རྗེ་དང་། གྲི་གུག་དང་། དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་། ཚངས་མགོ་འཛིན་པ། གསང་བར་ཀྵཿ སྔོན་པོ་ལས་རྡོར་སེམས་སྔོན་པོ། སྔོ་དམར་དཀར་བའི་ཞལ་ཅན། ཕྱག་མཚན་མི་བསྐྱོད་པ་དང་འདྲ་བར་བསྒོམ། གསུམ་པ་ལ། ཨོཾ་ཧྲཿསརྦཱ་ཨསྟྲ་རཱ་ཛཿ མ་ར་ཀླེ་ཤ་ཨནྟ་ཀ་ར་བཛྲ་ཏཱི་ཀྵྞ་དུ་ཁ་ཙྪེ་ད་མཱ་མ་ཀ་རཾ་བི་ཤྭ་དྷ་ཡ་སྭཱ་ཧ། ཞེས་བརྗོད་ཅིང་ཕན་ཚུན་ལག་པས་ལག་པ་མཉེ་ཞིང་ལག་པ་དག་པར་བསམ་མོ། །ལག་པ་གཡོན་པའི་མཐེའུ་ཆུང་ནས་མཐེ་བོའི་བར་གྱི་རྩ་བའི་ཚིགས་ལྔ་ལ་ཨ་ཨི་རྀ་ཨུ་ལྀ། བར་བའི་ཚིགས་ལ་ཨ་ཨེར་ཨར་ཨོ་ཨལ། རྩེ་མོའི་ཚིགས་ལ་ཧ་ཡ་ར་ཝ་ལ་སྟེ་དབྱངས་བཅོ་ལྔའི་བདག་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་གང་བ་ཆ་བཅོ་ལྔ་ཡོངས་སུ་རྫོགས་པར་བསམ། ལག་པ་གཡས་ཀྱི་མཐེ་བོ་ནས་མཐེ་ཆུང་གི་བར་གྱི་རྩེ་མོའི་ཚིགས་ལ། ལཱ་ཝཱ་རཱ་ཡཱ་ཧཱ། བར་བའི་ཚིགས་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་ལ། ལཱྀ་ཨཱུ་རཱྀ་ཨཻ་ཨཱ་སྟེ་དབྱངས་བཅོ་ལྔའི་བདག་ཉིད་ལས་གྲུབ་པའི་ཡང་དག་པར་གང་བའི་ཉི་མ་བསམ། ལག་པ་གཉིས་ཁ་སྦྱར་བ་ཟླ་བ་དང་ཉི་མའི་དབུས་སུ་ཧཱུྃ་སྔོན་པོ་བསམ་སྟེ། ཟླ་ཉི་སྒྲ་གཅན་གྱི་ས་བོན། དེ་དག་གིས་རྡོ་རྗེ་རྩེ་ལྔ་པར་བསམ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཁ་སྦྱར་བའི་མཐེ་བོང་མཐེའུ་ཆུང་གཉིས་བརྐྱང་པ་པདྨའི་འདབ་མ་ལྟར་བྱ། གུང་མོ་གཉིས་མཉམ་དུ་བརྐྱང་བའི་རྒྱབ་ཏུ་མཛུབ་མོ་གཉིས་ཕྱེད་འཁྱེག་པའི་ཚུལ་དུ་བཞག མིང་མེད་འོག་ཏུ་བསྐུམ་པ་རང་གི་ལག་མཐིལ་དུ་ས་བོན་ས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིང་ངོ་། །ཕྱག་རྒྱ་དེས་གཙུག་ཏོར་ནས་རྐང་སེན་གྱི་བར་ཡན་ལག་ཐམས་ཅད་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀཥཿ ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ཨ་དྷི་པ་ཏེ་བཛྲ་ཀཱ་ཡ་མཱ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭཱ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ང་རྒྱལ་བཟུང་ངོ་། །བཞི་པ་ནི། ལག་པ་གཉིས་ཐལ་མོ་སྦྱར་བའི་མཐེ་བོང་གཉིས་ཀྱི་སྙིང་ཁར་རག་སྟེ། ཨོཾ་ཧྲཱིཾ་ཧྲཱི་ད་ཡཱ་ཡ་ན་ལ། མགོ་བོར་ཨོཾ་ཧཱུྃ་སི་ར་སེ་སྭཱ་ཧཱ། གཙུག་ཏོར་ལ། ཨོཾ་ཧྲཱིཾ་ཤ་ཥཱ་ཡཻ་མཽ་ཥཊ། ཡན་ལག་ཐམས་ཅད་ལ་ཨོཾ་ཧྲཱིཾ་ཀ་བ་ཙཱ་ཡ་ཧཱུྃ། ལག་པ་གཉིས་ཀས་ཡན་ལག་ཐམས་ཅད་ལ་རེག་པར་བྱའོ། །མིག་ལ་ཨོཾ་ཧྲཱྃཿཧྲཱྃནེ་ཏྲ་ཝ་ཥཊ། དགེ་བ་ལ་གཡོན་པ་དང་མི་དགེ་བ་ལ་གཡས་པའི་མཐེབ་མཛུབ་ཀྱི་སེ་གོལ་གྱི་ཕྱོགས་ཐམས་ཅད་དུ་མཚོན་ཆ་དགོད་ཅིང་། ཨོཾ་ཧྲཱཿ ཨསྟྲ་ཡ་ཕཊ་ཅེས་བརྗོད་དོ། །དེ་ནས་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿ ཤི་ཁཱ་ཀ་བ་ཙཻ་ན་ཏྲ་ཨསྟྲབཛྲ་ཁ་ཊཾ་ག་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ང་རྒྱལ་བཟུང་ངོ་། །ཡན་ལག་དྲུག་པོ་ལས་ལ་སོགས་པའི་ཚུལ་དང་། དགོངས་པའི་སྐད་གཞན་གྱིས་ཀྱང་སྙིང་ཁ་ནི་ལྟེ་བའོ། །དེ་བཞིན་དུ་སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་ལ་སོགས་པ་སྟེ་མགོ་བོ་ལ་སོགས་བཟུང་བར་བྱའོ། །ཞེས་བཤད་པའི་དོན་སྔར་གྱི་ཕྱག་རྒྱས་རེག་ཅིང་། ལྟེ་བར་ཨོཾ་ཧྲཱིཾ་ནཱ་བྷྱཻ་ན་མཿ སྙིང་ཁར་ཨོཾ་ཧཱུྃ་ཧྲི་ད་ཡཱ་ཡ་སྭཱ་ཧཱ། མགྲིན་པར་ཨོཾ་ཧྲཱིཾ་གྲཱི་ནཱ་ཡ་བཽ་ཥཊ། དཔྲལ་བར་ཨོཾ་ཧྲཱིཾ་ལཱ་ལ་ཌ་ཡ་ཧཱུྃ། གཙུག་ཏོར་དུ་ཨོཾཿཧྲཱྃ་ཤི་ཁཱ་ཡཻ་ཥཊ། གསང་གནས་སུ་ཨོཾ་ཧྲཱཿགུ་ཧྱཱ་ཡ་ཕཊ། ཅེས་བརྗོད་ཅིང་དགོད་དོ། །གཉིས་པ་ལ་ལུས་ལ་རྡོ་རྗེ་བཀོད་ནས་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་ཏེ་དེ་ཡི་མེ་འོད་ཀྱིས་བདུད་སྲེགས་པ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཁྲོ་བོ་ཆེན་པོའི་ཕུར་པ་བདུད་བགེགས་ལོག་འདྲེན་ལ་གདབ་པ་སྟེ་གཉིས་ཀྱི་དང་པོ། དང་པོ་ཡི་སྔོན་དུ་འགྲོ་བ་ཞིང་སྐྱོང་གནས་ཀྱི་བདག་པོ་རྣམས་ལ་གཏོར་མ་བཏང་བ་ནི། ཇི་ལྟར་འབྱོར་བའི་གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུྃ་ཧྲཿཕཊ་ཀྱིས་བསངས། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦྦ་དྷརྨྨྰ་སུ་བི་ཤུདྡྷ་སྭཱ་བྷཱ་ཝ་སརྦྦ་དྷརྨྨཱབྦ་ཤོ་དྷ་ཡ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སཱུརྱ་སརྦྦ་དྷརྨྨཱ་པྲ་བོ་དྷ་ཀ་སརྦྦ་དྷརྨྨན་པྲ་བོ་དྷི་ཡ་སྭཱ་ཧ། ཨོཾ་ཧཱུྃ་བཛྲ་ཨ་ན་ལ་སརྦྦ་དྷརྨྨཱ་པྲ་དི་པ་ཀ་སརྦྦ་དྷརྨྨཱ་ན་པྲ་དཱི་པ་ཡ་སྭཱ་ཧཱ། ཞེས་སྔགས་ཚན་བཞི་ཡིས་བྱིན་གྱིས་བརླབ་ལ། ཨོཾ་ཕེཾ་བཛྲ་ཨ་ར་ལི་ཧོ་ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། ཌྲྀ་ཤྱ་ཧོ། ཨོཾ་ཁ་ཁ་ཁྱྀ་ཧི་ཁྱྀ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མན་ད་ཨ་པསྨ་ཏ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྷྲིཧྞན་ཏུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷམྨེ་པྲ་ཡཙྪནྟུ་ཡ་ཐེ་པམ་ཡ་ཐེཥྚཾ་བྷུ་ཛ་ཐ་ཛི་གྷྲ་ཐ་པི་པཱ་ཐ་མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀ་ཏཱ་ཡ་སད་སུ་ཁ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་རྡོར་ཐལ་ཁ་ཕྱེ་བས་ཕུལ། བསྟོད་ཅིང་འཕྲིན་ལས་བཅོལ་བ་ཡང་བྱ། ཡུལ་བདག་གྲོང་བདག་གི་གཏོར་མར་སྤྲོ་ན་སྤྱི་གཏོར་གྱི་རྗེས་དེར་སྔགས་རྒྱ་འོག་ཏུ་འབྱུང་བཞིན་པས་བསྔོ། གཏོར་མ་ཟིན་ནས་གཏོར་མགྲོན་རྣམས་གཤེགས་སུ་གསོལ་བའོ། །

སྤྱིར་ནི་སྒྲུབ་མཆོད་དང་འབྲེལ་བའི་བདག་བསྐྱེད་སོགས་མ་ཡིན་པའི་རྒྱུན་གྱི་རྣལ་འབྱོར་ལ་ནི་སྐབས་འདིར་གཏོར་ཆོག་མེད་ཀྱང་ཆད་པར་མི་འགྱུར་ལ། གལ་ཏེ་བྱེད་ཀྱང་གང་རུང་རེ་རེས་ཆོག་ཅིང་། དེ་ཡང་མཁའ་འགྲོ་སྤྱི་གཏོར་གྱི་ཁོངས་སུ་གཞན་གཉིས་འདུ་བར་སྣང་བས་སྡོམ་པ་ཆེ་ཆུང་ལ་ནི་དེས་ཆོག་པར་མངོན། འོན་ཀྱང་དུས་འཁོར་གྱི་སྒོས་ཆོས་ཡིན་པས་སྒྲུབ་མཆོད་ཀྱི་བསྲུང་འཁོར་སྔོན་འགྲོ་དང་སྒྲུབ་ཐབས་དག་གིས་རྗེས་ཀྱི་གཏོར་འབུལ་སྐབས་སུ་ནི་ཡུལ་བདག་གྲོང་བདག་གི་གཏོར་མ་མ་ཆད་པ་བྱ་དགོས་ལ། མཁའ་འགྲོ་སྤྱི་གཏོར་ཀྱང་བསྣན་ན་ཕན་ཡོན་ལྷག་པ་ཐོབ་པ་ལས་ཆོ་ག་ལྷག་པའི་སྐྱོན་ནི་ནམ་ཡང་མེད་དོ། །གཉིས་པ་དངོས་ལ་ལུས་རྡོ་རྗེར་བྱིན་གྱིས་བརླབ་པ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་བདུན་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་དམར་པོ་ལ་ཨཱཿ དམར་པོ་ལས་རྡོ་རྗེ་དམར་མོ་རྩེ་སུམ་ཅུ་རྩ་གསུམ་པ་དགོད། ཕྱི་རོལ་དུ་གཡོན་པའི་ཕྲག་པ་དང་དཔུང་བའི་ཚིགས་ལ། ང་ངྀ་རྔི་ངུ་ངླྀ་ངོཾ་། གྷ་གྷི་གྷྲྀ་གྷུ་གྷླྀ་གྷོཾ། ག་གི་གྲྀ་གུ་གླྀ་གཾ ཁ་ཁི་ཁྔི་ཁུ་ཁླྀ། ཀ་ཀི་ཀྼི་ཀུ་ཀླྀ་ཀྃ་སྟེ་ཀ་སྡེ་ཐུང་ངུ་དང་། གཡས་པ་ལ། ཀྐཱཿ ཀྐླཱྀཀྐཱུ་ཀྐྼྰ་ཀྐཱི་ཀྐཱ། ཁྑཱཿ ཁྑླྀཁྑཱུ་ཁྑཱ་ཁྑཱི་ཁྑཱ། གྒཱཿགྒླ་གྒུ་གྒྼྰ་གྒཱི་གྒཱ། གྷྒྷཱཿ གྷྒྷླི་གྷྷྷཱུ་གྷྒྷླི་གྷྒྷཱི་གྷྒྷཱ། ངྔཱཿངྔླཱི་ངྔཱུ་ངྔྼྰ་ངྔཱི་ངྔཱེ་སྡེ་ཀ་སྟེ་རིང་པོ་ལས་རྡོ་རྗེ་ལྗང་ཁུ། དེ་བཞིན་དུ་ཉེ་བའི་དཔུང་པའི་ཚིག་གཡོན་གཡས་ལ་ཙ་སྡེ་ཐུང་རིང་ལས་རྡོ་རྗེ་ནག་པོ་མཁྲིག་མའི་ཚིགས་གཡོན་གཡས་ལ་ཊ་སྡེ་ཐུང་རིང་ལས་རྡོ་རྗེ་དམར་པོ། དཔྱི་དང་བརླའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་ལས་རྡོ་རྗེ་དཀར་པོ། པུས་མོའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་ལས་རྡོ་རྗེ་སེར་པོ། ལོང་བུའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་ལས་རྡོ་རྗེ་སྔོན་པོ་སྟེ། དེ་རྣམས་རྩེ་མོ་སུམ་ཅུ་རྩ་གཅིག་པ་བཅུ་གཉིས་དང་། ལག་པ་གཡོན་པའི་མཐེའུ་ཆུང་གི་རྩ་བའི་ཚིགས་ལ་ངྀ་ངི་ངྔ་རུ་ངླ་ངྃ་། དེ་བཞིན་དུ་མིང་མེད་ནས་མཐེ་བོའི་བར་ལ་གྷ་ག་ཁ་ཀ་རྣམས་སྔར་བཞིན་དང་། ལག་པ་གཡས་པའི་མཐེ་བོང་གི་རྩ་བའི་ཚིགས་ལ། ཀྐཱཿ ཀྐླཱྀ་ཀྐཱུ་ཀྐྲ་ཀྐཱི་ཀྐཱ། དེ་བཞིན་དུ་མཛུབ་མོ་ལ་སོགས་པ་ལ་ཁྑཱཿལ་སོགས་པའི་ཀ་སྡེ་རིང་པོ་དང་། སོར་ཚིགས་བར་པའི་གཡོན་གཡས་ལ་ཙ་སྡེ་ཐུང་རིང་། རྩེ་མོའི་ཚིགས་གཡོན་གཡས་ལ་ཊ་སྡེ་ཐུང་རིང་། རྐང་པའི་སོར་མོའི་རྩ་བའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་། བར་པའི་ཚིགས་གཡོན་གཡས་ལ་ཏ་སྡེ་ཐུང་རིང་། རྩེ་མོའི་ཚིགས་གཡོན་གཡས་ལ་ས་སྡེ་ཐུང་རིང་རྣམས་ལས་རྡོ་རྗེ་རྩེ་མོ་བདུན་པ་དྲུག་ཅུ་ཐམ་པ་དགོད། རྣ་བ་གཡོན་གཡས་ལ་ཨ་ཨཱ་ལས་རྡོ་རྗེ་ལྗང་ཁུ་རྩེ་གསུམ་པ། སྣ་བུག་གཡོན་གཡས་ལ་ཨེ་ཨཻ་ལས་རྡོ་རྗེ་ནག་པོ་རྩེ་གསུམ་པ་མིག་གཡོན་གཡས་ལ་ཨར་ཨཱར་ལས་རྡོ་རྗེ་དམར་པོ་རྩེ་གསུམ་པ། ལྕེ་དང་ལྕེ་ཆུང་ལ་ཨོ་ཨཽ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ་པ། རྡོ་རྗེ་གསང་བ་དག་ལ་ཨཱལ་ཨཱལ་ལས་རྡོ་རྗེ་སེར་པོ་རྩེ་གསུམ་པ། ཡིད་དང་ཁུ་བའི་རྩ་བ་ཨ་ཝ་དྷུ་ཏཱིའི་ཡ་སྣ་མ་སྣ་ལ་ཨོཾ་ཨཱཿལ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ། གཙུག་ཏོར་དང་མགོ་བོ་ལ་ཧ་ཧཱ་ལས་རྡོ་རྗེ་ལྗང་ཁུ། ལྕེ་དང་རྐན་ལ་ཡ་ཡཱ་ལས་རྡོ་རྗེ་ནག་པོ། ལག་མཐིལ་གཡོན་གཡས་ལ་ར་རཱ་ལས་རྡོ་རྗེ་དམར་པོ། རྐང་མཐིལ་གཡོན་གཡས་ལ་ཝ་ཝཱ་ལས་རྡོ་རྗེ་དཀར་པོ། བཤང་ལམ་གྱི་གཡོན་གཡས་སུ་ལ་ལཱ་ལས་རྡོ་རྗེ་སེར་པོ། དེ་རྣམས་རྩེ་མོ་ལྔ་པ་བཀོད་ནས་རྡོ་རྗེའི་སྐུར་བདག་ཉིད་བསྒོམ་མོ། །དེ་ནས་དེ་ཡི་མེ་འོད་ཀྱིས་བདུད་བསྲེགས་པ་ནི། རྡོ་རྗེ་དེ་རྣམས་ལས་རང་རང་དང་འདྲ་བའི་རྡོ་རྗེ་རང་རང་གི་ཁ་དོག་དང་། མཐུན་པའི་མེ་རབ་ཏུ་འབར་བ་འཕྲོས་ཏེ། སྟེང་དུ་ལྗང་ཁུ། འོག་ཏུ་སྔོན་པོ། ཤར་དང་ཤར་ལྷོར་ནག ལྷོ་དང་ལྷོ་ནུབ་དམར། བྱང་དང་བྱང་ཤར་དཀར། ནུབ་དང་ནུབ་བྱང་སེར་བའི་རྡོ་རྗེ་འབར་བ་རྣམས་ཀྱི་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པ་རྣམས་ངེས་པར་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཧོཿ ཧཾ་ཀྵཿ ཧྲཱཿ ཧྲཱཿ ཧྲཱཿ ཧྲཱཿ ར་ར་ར་ར་བཛྲ་ཨ་ན་ལ་སརྦ་ཨཱ་བ་ར་ཎ། དྷརྨཱ་པྲ་ལ་ཡ། སྭཱ་བྷཱ་ཨ་སརྦྦ་མཱ་ར་ཀཱ་ལི་ཀ བིགྷྣཾ་བི་ནཱ་ཡ་ཀཱ་དཱི་ནཾ་ད་ཤ་དིཀ་ག་ཏཱ་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་བགེགས་ཀྱི་ལུང་ངག་ཡིད་གསུམ་བསྲེགས་ནས་ཐལ་བར་གྱུར་པར་བསམ་མོ། །གཉིས་པ་ནི། བགེགས་དང་ལོག་འདྲེན་ལ་སོགས་པ་གནས་གཞན་དུ་བྲོས་པ་དང་། མ་ཚིགས་པ་རྣམས་རྡོ་རྗེ་ཤུགས་ཀྱི་ལྕགས་ཀྱུས་བཀུག་ཅིང་མི་གཡོ་བས་ཞགས་པས་བཅིངས་ནས་མཐའ་ཡས་བརྩོན་འགྲུས་ཀྱིས་རྡོ་རྗེ་ཕུར་བུ། ཧ་ཡ་ར་ཝ་ལའི་ཡི་གེ་ལྔ་ཐུང་རིང་ལས་སྐྱེས་པའི་ཁྲོ་བོ་སྟེ་སྟོད་ཞལ་དྲུག་ཕྱག་དྲུག་པ། ལྟེ་བའི་འོག་མན་ཆད་ཞབས་དྲུག་དང་བཅས་པ་མདུང་གི་རྣམ་པ་ལྟར་བར་གྱུར་པར་བསམ་ལ། ཕྱོགས་བཅུར་བགེགས་ཀྱི་སྤྱི་བོ་ནས་ཕུར་བུས་བཏབ་པར་བསམ་ཞིང་། ཨོཾ་ཨཱཿ ཧཱུྃ་ཧོཿ ཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་བཛྲ་ཀཱི་ལ། ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན། ཨ་དྷི་པ་དྷེ་ཥཊྨུ་ཁ། ཥཊྦྷུ་ཛ་ཥ་ཊྩ་ར་ཎ། སརྦ་བིགྷྣཾ། བི་ནཱ་ཡ་ཀཱ་དི་དུཥྚཱ་ནམ། ཀཱ་ཡ་ཝཀ་ཙིཏྟ་ཛྙཱ་ན་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་ཅིང་། ཨོཾ་ལླྀཿབཛྲ་མུངྒ་ར། མཱ་ར་དི་ནཾ པི་ར་སི། ཀཎ་ཋེ། ཧྲི་ད་ཡེ། ནཱ་བྷྱཽ། གུ་ཧྱ། བཛྲ་ཀི་ལ་ཀན། ཨཱ་ཀོ་ཏྲ་ཡ་ཨཱ་ཀོ་ཏྲ་ཡ། ཀྵཾ་ཀྵྃ་ཀྵིཾ་ཀྵིཾ་ཀྵྲིཾ་ཀྵྼིཾ་ཀྵཱྀུཾ་ཀྵླྀཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་བརྗོད་དོ། །དབྱུག་སྔོན་ཅན་གྱིས་རྡོ་རྗེ་ཐོ་བས་བརྡུང་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ། གསེར་གྱི་ས་གཞི་ལ་སྦྲག་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར་པར་བསམ་མོ། །རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལ་ནི་དེ་ཡན་གྲུབ་ནས་དངོས་གཞི་ལ་འཇུག་ཏུ་རུང་བར་ཐུགས་དཀྱིལ་དཔག་བསམ་སྙེ་མར་གསུང་སྟེ་སྲུང་འཁོར་གྱི་གནད་ཀྱང་གོང་མ་འདི་མ་ཚང་བར་དགོངས་པས་སོ། །གསུམ་པ་ནི། བགེགས་གསར་སྐྱེ་མི་འཇུག་ཅིང་ཡུལ་འཁོར་བསྲུང་བའི་ཆེད་དུ་སྲུང་འཁོར་སྒོམ་པ་ནི། དེ་ཡང་དམིགས་པ་ཏིང་ངེ་འཛིན་གྱི་སྲུང་བ་དང་། བཟླས་པ་སྔགས་ཀྱི་སྲུང་བ་གཉིས་ཀྱི་དང་པོ་ལ། དམ་ཚིག་ཁྲོ་བོའི་རྟེན་འབྱུང་རིམ་གཞལ་ཡས་གདན་བཅས་བསྐྱེད་པ། བརྟེན་པ་ལྷ་ཚོགས་བསྐྱེད་པ། ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་བཀུག་ཅིང་གཞུག་པ། དམ་ཡེ་དབྱེར་མེད་དབང་བསྐུར་ཞིང་རྒྱས་བཏབ་པ་སྟེ་གསུམ་གྱི། དང་པོ་བརྟེན་བསྐྱེད་པ་ནི། ཨོཾ་ཧཱྃ་ཡཱཾ་རཱཾ་ཝཱཾ་ལཱྃ་བཛྲ་ཨཱ་ཀཱ་ཤ བཱ་ཡུ། ཏེ་ཛ། ཨུ་ད་ག པྲི་ཐི་བཱི། བཛྲ་སྭཱ་བྷཱ་ཝ། པཉྩ་དྷཱ་ཏོ་བོ། བཛྲ་མཎྜལ་ལཱ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས། ཧྃ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། སྟེང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་གྱིས་བརྒྱན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བཀྲ་ཤིས་ཀྱིས་མཚན་པ་སྟེང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་པདྨས་མཚན་པ། སྟེང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། སྟེང་འོག་ཏུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་གྱིས་བརྒྱན་པ་བཀོད་དེ། དེ་ནས་གཞི་གཅིག་ཏུ་འདྲེས་པར་གྱུར་པ་ལས། ར་བ་དང་ཁང་རྩེགས་བསྒོམ་སྟེ། ཨོཾ་ཨཱཿཧཱུྃ་རཿ བཛྲ་ཙནྡྲ། སཱུརྱ་རཱ་ཧུ་ཀཱ་ལ་ཨགྣ་ཡཿ ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན། བཛྲ་པྲཱ་པ་རཾ། ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ནམ་མཁའ་དང་ས་སྦྱར་བ་ཟླུམ་པོར་སྣང་བའི་མཚམས་ནས་ར་བ་གསུམ་དང་། ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་འཁོར་གྱི་མཚམས་སུ་ར་བ་ལྔ་དང་། ཐམས་ཅད་དུ་འོག་ཏུ་མདུང་དང་། སྟེང་དུ་མདའི་དྲ་བ་རྣོན་པོ། དབུས་སུ་རྡོ་རྗེའི་ས་ཡུལ་སྤྱི་མཐར་ཐུག་པའི་མཚམས་སུ་བསྒོམ་མོ། །ཨོཾ་ཧཱུྃ་བི་ཤྭ་ཀཱ་ཡ་བཛྲ་ཀཱུ་ཊཱ་གཱ་རྃ། ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་རྡོ་རྗེ་ས་གཞིའི་དབུས་སུ་ཁང་རྩེགས་སྟེང་འོག་ཁྲུ་ཉིས་བརྒྱ་པའོ། །དེའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ་ལྟེ་བ་མུ་ཁྱུད་དང་བཅས་པའི་ལྟེ་བ་སྟོང་པའི་ནང་དུ། ཨོཾ་སཾ་བི་ཤྭ་བཛྲ་པད་མཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་པདྨ་འདབ་མ་བརྒྱད་པ་ཁྲུ་བཅུ་གཅིག་པ་ལྟེ་བ་ལ་ཁྲུ་བཞི་ཡོད་པའི་ལྟེ་བར། ཨོཾ་རཿ བཛྲ་སཱུརྱ་བཛྲ་སཱུརྱ་ཨཱ་ས་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་ཉི་མའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པའི་རྩིབས་བཅུར་ཉི་མའི་གདན་བསྐྱེད་དོ། །

གཉིས་པ་ལ་གཙོ་བོ་བསྐྱེད་པ་དང་འཁོར་བསྐྱེད་པའོ། །དང་པོ་ནི། དེ་ནས་དབུས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་ཁྲོ་བོ་དབང་པོ་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ། དབུས་ནག གཡས་དམར། གཡོན་དཀར་བའི་མགྲིན་པ་གསུམ་དང་ལྡན་པ། སྔོ་དམར་སེར་དཀར་བའི་ཞལ་བཞི་རེ་རེའང་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་སེར་དུ་འདུག་པ། དབུ་སྐྲ་དམར་སར་གྱེན་དུ་རྫེས་པ། མི་བསྐྱོད་པའི་ཅོད་པཎ་ཅན། གཡས་གཡོན་གྱི་ཕྲག་པ་གསུམ་ནག་དམར་དཀར་བ། ཁ་དོག་དེ་དང་མཚུངས་པའི་དཔུང་བ་དྲུག་དྲུག ཕྱག་ཉི་ཤུ་རྩ་བཞི། ཕྱག་ལྷག་མ་གཉིས། གཡས་ནག གཡོན་སེར་བ། ཕྱག་རྣམས་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་ཁུ། སེར་མོ་རྣམས་ཀྱི་ཚིགས་ཕྲེང་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། སོར་གདུབ་རྣམས་ཀྱིས་མཛེས་ཤིང་ཡིད་འཕྲོ་བ། ཞབས་གཡས་དམར་པོ། གཡོན་དམར་པོས་སྒྲུབ་ལེ་ལྟར་ན་ཡི་དྭགས་སམ། སྔགས་ལྟར་བདུད་འདོད་ལྷ་དང་། ཉོན་མོངས་པ་དབང་ཕྱུག་གི་སྙིང་ཁར་གཡས་བརྐྱང་གི་སྟབས་ཀྱིས་མནན་པ། སྦྲུལ་དང་རུས་པའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་བོ་དང་ཐོད་པའི་ཕྲེང་བ་འཕྱང་བ་བསམ་ལ། རྒྱན་དང་ཕྱག་མཚན་དགོད་དོ། །ཨོཾ་ཧྃ་ཧཿ བཱ་མ་དཀྵི་ཎ།ཀརྞྞ་ཡོར། བཛྲ་ཀུཎྜ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་ཅིང་། ཧྃ་ཧཿ ལས་གྲུབ་པའི་མི་རུས་ལས་བྱུང་བའི་རྡོ་རྗེ་རྣ་རྒྱན་གྱི་རྣ་བ་གཡོན་གཡས་ལ་བརྒྱན་པར་བསམ་མོ། །དེ་བཞིན་དུ་སྔགས་མགོ་བོའི་ས་བོན་སོ་སོ་ལས་ཕྱག་རྒྱ་སོ་སོར་བསྐྱེད་ལ་དགོད་པར་བྱའོ། །ཨོཾ་ཨོཾ་ཨཿཀཿཊྱ་ཀཎྛེ་བཛྲ་མེ་ཁ་ལ། བཛྲ་ཀཎྛེ་ཀི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྐེད་པ་དང་མགུལ་བ་ལ་རྡོ་རྗེའི་སྐ་རགས་དང་མགུལ་རྒྱན། ཨོཾ་ཨཱ་ཨཱ་བཱ་མ་དཀྵི་ཎ། ཀ་ར་ཡོར། བཛྲ་རུ་ཙ་ཀཽཊ་ཧཱུྃ་ཧཱུྃ་ཕཊ་ཕཊ་གཡོན་པ་དང་གཡས་པའི་ཞབས་དག་ལ་རྡོ་རྗེའི་ཞབས་གདུབ། ཨོཾ་ཧྃ་བྃ་པཉྩ་ཨ་ཀཱ་ར། མ་ཧཱ་ཤུ་ནྱ་སྭ་བྷཱ་ཝ་བཛྲ་ཤི་རོ། མ་ཎི་ཤི་ར་སི། སརྦྦཱཾ་གེ་བྷསྨླ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྤྱི་བོར་རྡོ་རྗེ་ནོར་བུ་དང་ལུས་ཐམས་ཅད་ལ་ཐལ་བ། ཨོཾ་ཨཾ་ཨརྡྷ་ནཱ་རཱི་ཤྭ་ར། བཛྲ་ཨརྡྷ་ཙནྡྲ། བཛྲ་པཊྚ། ཨཱུརྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཚོགས་མའི་གཡོན་དུ་རྡོ་རྗེ་ཟླ་ཕྱེད་དང་དཔྲལ་བར་རྡོ་རྗེ་དར་དཔྱངས། ཨོཾ་ཨཱ་ཨཱཿ ཨོཾ་སརྦྦ་སྭ་རི་ཀ་ཏྲི་སྭ་ར་སྭཱ་བྷཱ་ཝ། བཛྲ་ཡ་ཛྙཱོ་པ་ནཱི་ཏ་སྐནྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕྲག་པར་རྡོ་རྗེ་མཆོད་ཕྱིར་ཐོགས་ཏེ་ཕར་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག་གོ །ཨོཾ་ཀྵཿ དུར་དཱནྟ་བྷི་མཱ་ན་ཀྵ་ཡཾ་ཀ་ར་བྱཱགྷྲ་ཙཪྨ་ཀ་ཊཽ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྐེད་པར་སྟག་གི་པགས་པ། ཨོཾ་ཧྃ་ཀྵཿ ཏྲིཾ་ཤར་སྭ་ར་སསྟ་ཏི་ཧྲ་སྭ་དཱིརྒྷ་བྱཉྫ་ན་སྭ་བྷཱ་བ། དྱཻ་དྱ་ཀུ་ལ་ཤ་ཏ་སོ་རོ་བྷི་ཪྨུཎྜ་མཱ་ལེ། སྐནྡྷ་ཨཱ་བ་ལྃ་བི་ནི་སྐནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་འཕྱང་བ། ཨོཾ་ཧ་ཧི་ཧྲྀ་ཧུ་ཧླྀ་པཉྩ་སྐནྡྷ། བི་ཤུདྡྷ་སྭཱ་བྷཱ་བ། ཤི་ར་སི་ཀཱ་པཱ་ལ། མཱ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ད་དུ་རེ་རེ་ལ་ཐོད་པ་རྫོགས་པ་ཁ་དོག་ལྔའི་ཕྲེང་བ་སྟེ། འོག་ནས་འཆད་པའི་གླང་ལྤགས་དང་བཅས་པས་ཕར་ཕྱིན་བཞི་དག་པའི་ཕྱག་རྒྱ་བཞི་སྟེ། གནས་ཀྱི་དབྱེ་བས་སྟོང་ཉིད་བཅུ་དྲུག་དག་པའི་ཕྱག་རྒྱ་བཅུ་དྲུག་གོ །གཡས་ཀྱི་ཕྱག་ན་ནག་པོ་བཞིའི་དང་པོར། ཨོཾ་ཀྵྼཿ བཛྲ་ཥཊྒ་ཧཱུྃ་ཕཊ་རྡོ་རྗེ་རལ་གྲི། གསུམ་པར་ཨོཾ་ཀྵྼཿ བཛྲ་ཏྲི་ཤུ་ལམ་ཧཱུྃ་ཕཊ་རྩེ་གསུམ། བཞི་པར། ཨོཾ་ཀྵྼཿ བཛྲ་ཀརྟྟ་རི་ཧཱུྃ་ཕཊ་རྡོ་རྗེ་གྲི་གུག དམར་མོ་བཞིའི་དང་པོ། ཨོཾ་ཀྵྼཿ བཛྲ་པཱ་ཎ་ཕཊ་རྡོ་རྗེ་མདའ། གཉིས་པར། ཨོཾ་ཀྵྼཿ བཛྲ་ཨཾ་ཀུ་ཤ་ཧཱུྃ་ཕཊ་རྡོ་རྗེ་ལྕགས་ཀྱུ། གསུམ་པར། ཨོཾ་ཀྵྼཿ བཛྲཌ་མ་རུ་ཀ་ཧཱུྃ་ཕཊ་ཅང་ཏེའུ། བཞི་པར། ཨོཾ་ཀྵྼཿ བཛྲ་མུངྒ་ར་ཧཱུྃ་ཕཊ་རྡོ་རྗེ་ཐོ་བ། དཀར་པོ་བཞིའི་དང་པོར། ཨོཾ་ཀྵྼཿ བཛྲ་ཙཀྲ་ཧཱུྃ་ཕཊ་རྡོ་རྗེ་འཁོར་ལོ། གཉིས་པར། ཨོཾ་ཀྵྼཿ བཛྲ་ཀུནྡ་ཧཱུྃ་ཕཊ་རྡོ་རྗེ་མདུང་། གསུམ་པར། ཨོཾ་ཀྵྼཿ བཛྲ་དཎྜ་ཧཱུྃ་ཕཊ་རྡོ་རྗེ་དབྱུག་པ། བཞི་པར། ཨོཾ་ཀྵྼཿ བཛྲ་པཪྴུ་ཧཱུྃ་ཕཊ་རྡོ་རྗེ་དགྲ་སྟའོ། །གཡོན་གྱི་ནག་པོ་བཞིའི་དང་པོར། ཨོཾ་ཧྭཱཾཿ བཛྲ་གྷནྡྷེ་ཧོཿ ཕྲེཾ་ཕཊ་རྡོ་རྗེ་དྲིལ་བུ། གཉིས་པར། ཨོཾ་ཧྭཱཾ་བཛྲ་ཁེ་ཊ་ཀ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་ཕུབ། གསུམ་པར། ཨོཾ་ཧྭཱཾ་བཛྲ་ཁ་ཊྭཱཾ་ག་ཧོཿ ཕྲེཾ་ཕཊས་རྡོ་རྗེ་ཁ་ཊྭཱཾ་ག བཞི་པར། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་ཐོད་པ། དམར་པོ་བཞིའི་དང་པོར། ཨོཾ་ཧྭཱཾ་བཛྲ་ཙཱ་པ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་གཞུ། གཉིས་པར། ཨོཾ་ཧྭཱཾ་བཛྲ་པཱ་ཤ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་ཞགས་པ། གསུམ་པར། ཨོཾ་ཧྭཱཾ་བཛྲ་རཏྣ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་རིན་པོ་ཆེ། བཞི་པར། ཨོཾ་ཧྭཱཾ་བཛྲ་པདྨ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་པདྨ། དཀརབཞིའི་དང་པོར། ཨོཾ་ཧྭཱཾ་བཛྲ་ཤྃ་ཁ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་དུང་། གཉིས་པར་ཨོཾ་ཧྭཱཾ་བཛྲ་ཨཱདཪྴ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་མེ་ལོང་། གསུམ་པར་ཨོཾ་ཧྭཱཾ་བཛྲ་ཤྲྀ་ཁ་ལེ་ཧོཿ ཕྲེཾ་ཕཊས་རྡོ་རྗེ་ལྕགས་སྒྲོག བཞི་པར། ཨོཾ་ཧྭཱཾ་བཛྲ་ཙཏུརྦ་ད་སྭཱ་བྷཱ་ཝ་བྲཧྨ་ཤི་རྃ་ཧོཿ ཕྲེཾ་ཕཊས་ཚངས་པ་གདོང་བཞི་པའི་མགོ་བོའོ། །ཨོཾ་ཀྵ་ཀྵཱ་ཀྵཱི་ཀྵཱི་ཀྵྼི་ཀྵྼྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླྀ་ཀྵྃ་ཀྵཿ ཧ་ཧཱ་ཧི་ཧི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་བིགྷྣ་བི་ད་རི་ཏ་ག་ཛ་ཙཪྨ་པ་ཊ་ཨཏྟྲ་རཀྟ་ཀྟ་ཤྲ་ཝ་ཏ་ཧཱུྃ་ཕྲེཾ་ཞེས་པས་གླང་པོ་ཆེའི་པགས་པ་གློན་པ་ཁྲག་འཛག་པ་མགོ་བོ་གཡས་སུ་བསྟན་ཏེ་གྱེན་པའི་རྐང་ལག་གཡོན་པ་གཉིས་ནས་ཕྱག་ཐ་མ་གཉིས་ཀྱིས་བཟུང་སྟེ་འཕྱར་ཞིང་སྡིག་མཛུབ་དང་བཅས་པར་བསམ་མོ། །དེ་ནས་ཀླུའི་ཕྱག་རྒྱ་ནི། ཨོཾ་ཧཱུྃ་བཛྲ་ཛ་ཡ། ནཱ་གེནྟྲ་བཛྲ་ཛ་ཊཱ་མ་ཀུ་ཊ། བནྡྷེ་ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀླུ་རྒྱལ་བ་ལྗང་ཁུས་རལ་པའི་ཅོད་པན་དུ་བཅིང་བ། ཨོཾ་ཀྵུཾ་བཛྲ་བི་ཛ་ཡ། ནཱ་གེནྟྲ། བཛྲ་པཊྚ། བནྡྷེ་ཏིཥྚ་ཏིཥྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་རྣམ་རྒྱལ་སྔོན་པོས་དར་དཔྱངས་སུ་བཅིང་པ། ཨོཾ་ཧྱྃ་ཧྱྃ་བཛྲ་ཀོརྐ་ཊ་བཛྲ་པདྨོ་བཱ་མ་དཀྵི་ཎ། ཀུཎྜལ་ཡཽཿ ཏིཥྚ་ཏིཥྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྟོབས་རྒྱུ་དང་པདྨ་ནག་པོས་གཡོན་དང་གཡས་ཀྱི་རྣ་བ་དག་ལ་བརྒྱན་པ། ཨོཾཿཧྲྃ་ཧྲཾ་བཛྲ་བཱ་སུ་ཀི་ཤྃ་ཁ་སཱ་ལཽ། བཱ་མ་དཀྵི་ཎ། རུ་ཙ་ཀ་ཡོཿ ཏིཥྚ་ཏིཥྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་ནོར་རྒྱས་དང་དུང་སྐྱོང་དམར་པོ་དག་གིས་གཡོན་དང་གཡས་པའི་ལག་གདུབ་བྱས་པ། ཨོཾཿཧྭཱ་ཧྭཱ་བཛྲ་ཨ་ནནྟ་ཀུ་ལི་ཀཽ མེ་ཁ་ལཱ། ཀཥྛི་ཀ་ཡོཿ ཏིཥྚ་ཏིཥྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་མཐའ་ཡས་དང་རིགས་ལྡན་དཀར་པོ་དག་གིས་སྐ་རགས་དང་མགུལ་པ་བརྒྱན་པ། ཨོཾ་ཧླ་ཧླ་བཛྲ་རཀྵ་ཀོ །མ་ཧཱ་པདྨོ། བཱ་མ་དཀྵིཎ། པཱ་ད་ནཱུ་པུ་ར་ཡཽཿ ཏིཥྚ་ཏིཥྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་འཇོག་པོ་དང་པདྨ་ཆེན་པོ་སེར་པོ་དག་གིས་གཡོན་དང་གཡས་པའི་རྐང་གདུབ་བྱས་པར་བསམ་མོ། །རྒྱན་དང་ཕྱག་མཚན་སྔགས་ཀྱི་བཀོད་པ་འདི་རྣམས་དབང་བསྐུར་བའི་མཇུག་ཐོག་ཏུ་དགོད་པ་རྒྱུད་འགྲེལ་གྱི་དགོངས་པ་དང་རྒྱ་བོད་ཀྱི་མཁས་པ་འགའ་ཡི་མངོན་རྟོགས་དང་ལྷན་ཅིག་ཏུ་དགོད་དེ། ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་དེ་གཉིས་འདམ་ང་ཅན་དུ་མཛད་པར་སྣང་ལ། སྔ་ཕྱི་གང་དུ་བཀོད་ཀྱང་སྔར་ཐུན་དང་ཕྱག་མཚན་མེད་པ་གཅིག་ལ་སྔགས་ཀྱི་གསར་དུ་བཀོད་དགོས་པ་ལྟ་བུ་ནི་མ་ཡིན་ལ། སྔར་ནས་བརྒྱན་དང་ཕྱག་མཚན་ཡོད་པ་སྔར་སྔགས་ཀྱི་བྱིན་གྱིས་བརླབ་ནས་ནུས་པ་ཁྱད་པར་ཅན་སྒྲུབ་ཅིང་ང་རྒྱལ་ལྷག་པར་བྱེད་པའི་དོན་ཡིན་པ་ནི་དབང་བསྐུར་གྱི་རྗེས་སུ་དགོད་གསུང་བས་ཀྱང་ཤེས་ནུས་སོ། །བདུད་བགེགས་ཚར་གཅོད་པ་ཆེས་ཆེར་སྔགས་པས་ཁྲོ་བོ་རྡོར་ཤུགས་ལ་ཡང་བཀོད་པར་མཛད་པ་ནི་དེ་ཡིས་ཡིན་པར་ངེས་པར་འཐད་དོ། །སྐབས་འདིར་རྒྱན་དང་ཕྱག་མཚན་དགོད་པ་ལ་ཕྱག་རྒྱ་འཆིང་ཞིང་དགོད་པ་ཡང་ཕྱག་ལེན་དང་། རྒྱུད་འགྲེལ་ལས། སྔར་གསུང་པའི་ས་བོན་རྣམས་ལུས་ལ་བཀོད་དེ། ཅེས་གསུང་བ་ལུས་ལ་རྡོ་རྗེ་དགོད་པ་སྔར་བཞིན་བྱ་དགོས་པར་མངོན་ཞེས་བོད་ཡུལ་རྒྱལ་བསྟན་ཡོངས་རྫོགས་ཀྱི་མཁན་དབང་ཆེན་པོ་དེས་དགོངས་པ་སྟེ། གོང་དུ་བཤད་པ་བཞིན། དཔྲལ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ་ཨོཾ་དཀར་པོ་རྩེ་མོ་བཅུ་བདུན་པ་སོགས་ནས། རྡོ་རྗེའི་སྐུར་བདག་ཉིད་བསྒོམ་མོ། །ཞེས་པའི་བར་འདོན་ཅིང་གསལ་བཏབ། དེ་ནས། ཨོཾ་ཧཱུྃ་ཀྲོ་དྷེནྡྲ་ཧྃ་ཀྲ་དྷཱ་ནྃ་ཨཱཛྙཱ་ད་ཡ་ཀ་སྭཱ་ཧཱ། ཞེས་བརྗོད་དེ། ཁྲོ་བོ་ཐམས་ཅད་ལ་བཀའ་བསྒོ་བ་པོའི་ཁྲོ་བོའི་དབང་པོའི་ང་རྒྱལ་བཟུང་ངོ་། །གཉིས་པ་ནི། སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་ཧ་ཡ་ར་ཝ་ལ་བརྩེགས་པ་བསམ་སྟེ། སྙིང་ཁ་ནས་རྩེགས་པའི་ཡི་གེ་ལས་ཧ་ཧཱ་དང་རྡོ་རྗེ་ལས་སྐྱེས་པའི་གཙུག་ཏོར་ཅན་ལྗང་དམར་དཀར་བའི་ཞལ་ཅན་དང་། གནོད་མཛེས་སྔོན་མོ་དམར་དཀར་བའི་ཞལ་ཅན་གཉིས་ཀའང་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་མགོ་འཛིན་པ། ཨོཾ་ཧྃ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་ཨུཥྞི་ཥ་ཨུདྡྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱཿ བཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་སྔགས་ཀྱི་བཀའ་བསྒོས་པས་རྩ་ཞལ་གྱི་རྣ་བ་གཡོན་གཡས་ནས་ཕྱུང་སྟེ་འོག་གི་རྩིབས་ལ་དགོད་པར་གྱུར། དེ་བཞིན་དུ་ཡི་ཡཱི་དང་རལ་གྲི་དང་དབྱུག་པ་ལས་བགེགས་མཐར་བྱེད་དོན་གྲུབ་ལྟ་བུ་དང་། དབྱུག་སྔོན་ཅན་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་རལ་གྲི་དང་རྡོ་རྗེ། གཡོན་ཕུབ་དང་སྦྲུལ་འཛིན་པ། ཨོཾ་ཡྃ་བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ལ་སརྦ་བིགྷྣཾནྲ་ཀ་སུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཿ བཛྲ་ཀྲོ་དྷ་རཱ་ཛ་ནི་ལ་དཎྜ་ཨགྣེ་ཡྻཱྃ་དེ་ཤི་རཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྣ་གཡོན་གཡས་ནས་ཕྱུང་ནས་ཤར་དང་མེའི་རྩིབས་ལ་དགོད་དོ། །ཪྼྀ་ཪྼཱྀ་དང་རིན་པོ་ཆེ་དང་མདའ་ལས་ཤེས་རབ་མཐར་བྱེད་རིན་འབྱུང་ལྟ་བུ་དང་། འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ། ཨོཾ་རྃ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྚ་པྲཛྙཱ་པྲཛྙཱནྲ་ཀ་དཀྵི་ཎ་དེ་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཱཿ བཛྲ་ཀྲོ་དྷ་རཱ་ཛ་ཌཀྐི་ནཻ་ཏྲྀཏྱཾ་དེ་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། མིག་གཡོན་གཡས་ནས་ཕྱུང་སྟེ་ལྷོ་དང་བདེན་བྲལ་གྱི་རྩིབ་ལ་འགོད། ཝུ་ཝཱུ་དང་པདྨདང་གཏུན་ཤིང་ལས་པདྨ་མཐར་བྱེད་སྣང་མཐའ་ལྟ་བུ་དང་། མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཐོ་བ་དང་མདུང་། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བཱི་ར་ག་པདྨནྟ་ཀ་ཨུཏྟཱ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཝཱཿ བཛྲ་ཀྲོ་དྷ་རཱ་ཛ་ཙ་ལ་ཨཱི་ཤ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལྕེ་དང་ཆུ་ལམ་ནས་ཕྱུང་སྟེ་བྱང་དང་དབང་ལྡན་གྱི་རྩིབས་ལ་དགོད། ལླྀ་ལླཱི་དང་འཁོར་ལོ་དང་བེ་ཅོན་ལས་གཤིན་རྗེ་མཐར་བྱེད་རྣམ་སྣང་ལྟ་བུ་དང་། སྟོབས་པོ་ཆེ་སེར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་འཁོར་ལོ་དང་དབྱུག་པ་གཡོན་གཉིས་ན་དུང་དང་རིན་པོ་ཆེ་འཛིན་པ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མནྟ་ཀ་པཉྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བཱ་ལ་བཱ་བྱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། བཤང་ལམ་དང་རྡོ་རྗེ་གཙུག་ཏོར་ནས་ཕྱུང་སྟེ་ནུབ་དང་རླུང་གི་རྩིབས་གདན་ལ་དགོད། ཐམས་ཅད་ཀྱང་སྐྲ་དམར་སེར་གྱེན་དུ་རྫེས་པ། སྦྲུལ་རྒྱན་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། གཡས་བརྐྱང་གི་སྟབས་ཀྱི་གནས་པ། དེ་ལྟར་ཁྲོ་བོ་རྣམས་སྔགས་ཀྱིས་བསྐུལ་རེ་ཕྱོགས་སུ་དགོད་པ་བུ་སྟོན་རིན་པོ་ཆེའི་དགོངས་པ་ཁྱད་པར་ལྟར་སྣང་ལ། དེས་མཛད་པའི་སྒྲུབ་གཞུང་ནས་དབང་པོའི་སྒོ་ནས་ཁྲོ་བོ་ཐོན་ཕྲལ་སྔགས་ཀྱི་བསྐུལ་བ་དང་། ཆོས་རྗེ་མཁྱེན་རབ་པའི་ལྷན་ཐབས་ནས་སྙིང་གའི་ས་བོན་ལས་ཁྲོ་བོ་གྱུར་མ་ཐག་པར་སྔགས་ཀྱི་བསྒོ་བར་སྣང་སྟེ་དོན་ལ་ཁྱད་མི་ཞུགས་པས་འདམ་ང་ཅན་ནོ། །གཉིས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས། བཛྲ་བྷཻ་ར་ཝ་བྷི་སྐཱ་རཱ་ཡ་ཨཱ་ཀཪྵ་ཡ་ཛཿ ཞེས་བརྗོད་པས། རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད། རྡོ་རྗེའི་ཕྱག་རྒྱ་དང་། པྲཛྙཱནྟ་ཀ་ཧཱུྃ་ཞེས་པས་ཤེས་རབ་མཐར་བྱེད་ཀྱི་གཞུག ཞགས་པའི་ཕྱག་རྒྱ་དང་ཡ་ཡནྟ་ཀ་བྃ་ཞེས་པས་གཤིན་རྗེ་མཐར་བྱེད་ཀྱི་དབྱེར་མེད་དུ་བཅིང་། དྲིལ་བུའི་ཕྱག་རྒྱ་དང་། པདྨནྲ་ཀ་ཧོཿ ཞེས་པས་པདྨ་མཐར་བྱེད་ཀྱི་མཉེས་པར་བྱས། དབྱུག་པའི་ཕྱག་རྒྱ་དང་། བིགྷྣནྲ་ཀ་ཧི་ཞེས་པས་བགེགས་མཐར་བྱེད་ཀྱི་དེ་གཉིས་རོ་མཉམ་པར་བྱའོ། །གསུམ་པ་ནི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧོ་སེར་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་གཤེགས། གཤེགས་མ། སེམས་དཔའ། སེམས་མ་ཁྲོ་བོ་ཁྲོ་མོའི་ལྷ་ཚོགས་རྣམས་བཛྲ་ས་མཱ་ཛཿ གྷནྡྷ་སོགས་ཀྱི་མཆོད། ཨོཾ་ཧྃ་ཨཱ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀ་ཧཱུྃ་ཧཱུྃ་ཧླྀཾ་ཧླྀཾ་ཨཱ་ཨཱི་རཱྀ་ཨཱུ་ལཱི་བཛྲ་ཌཱཀྐི་ཎྱཽ། བཛྲ་ཨ་མྲྀ་ཏ། གྷ་ཊཻ་རཱ་བྷི་ཥིཉྩ་ནྟུ་མཱཾ་སྭཱ་ཧཱ། ཞེས་པས་ཆུའི་དབང་དང་། ཨོཾ་ཨྃ་ཨིཾ་རྀཾ་ཨུྃ་ལྀཾ། སརྦྦ་བུདྡྷ། བཛྲ་མུ་ཀུ་ཊཾ། མཱ་མ་པཉྩ་བུདྡྷ་ཨཏྨ་ཀྃ་བནྡྷ་ཡནྟུ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་ཅོད་པཎ་གྱི་དང་། ཨོཾ་ཨྃ་ཨིཾ་རྀཾ་ཨུྃ་ལྀཾ། སརྦྦ་བུདྡྷ། བཛྲ་མུ་ཀུ་ཊཾ། མཱ་མ་པཉྩ་བུདྡྷ་ཨཏྨ་ཀྃ་བནྡྷ་ཡནྟུ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་ཅོད་པན་གྱི་དང་། ཨོཾ་ཨ་ཨཱ་ཨྃ་ཨཿ ཧ་ཧཱ་ཧོཾ་ཧཱཿ ཕྲེཾ་ཧོཿ སརྦྦ་པ་ར་མི་ཏཱ། མཱ་མ་བཛྲ་པཊ་བནྡྷ་ཡནྟུ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དར་དཔྱང་གྱི་དང་། ཨོཾ་ཧཱུྃ་ཧོཿ བི་ཛྙཱ་ན་ཛྙཱ ན་སྭཱ་བྷཱ་བེ། ཀ་རུ་ཎཱ། པཛྙཱ་ཨཱཏྨ་ཀེ། བཛྲ་བཛྲ་གྷནྜེ། ས་བྱེ་ཏ་ར་ཀ་ཡོར། མཱ་མ་བཛྲ་སཏྭ། ས་པྲཛྙཱོ་ད་དཱ་རུ། ཞེས་པས་རྡོ་རྗེ་དྲིལ་བུའི་དང་། ཨོཾ་ཨ་ཨཱ་ཨཽ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨོཾ་ཨཿ སརྦ་བོ་དྷི་ས་ཏྭཿ སྭཱ་བྷཱ་བྃ་བཛྲ་སུརྦྃ་ག་མྃ་ནཱ་མ་མེ་ད་དནྟུ་ཧཱུྃ་ཧཱུྃ་ཕཊ། ཞེས་པས་བརྟུལ་ཤུགས་ཀྱི་དང་། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦྷ་ཀྲོ་དྷ་རཱ་ཛཿ ས་བྷཱརྱཱ་མཻ་ཏྲཱི། ཀ་རུ་ཎཱ། མུ་ཏི་ཏ། ཨུ་པཀྵཱེ། སརྦྷ་ས་མ་ཏཱ། སྭཱ་བྷཱ་བྃ་བཛྲ་སུརྦྃ་ག་མྃ་ནཱ་མ་མེ་ད་དནྟུ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་མིང་གི་དང་། ཨོཾ་ཨེ་ཝཾ་པདྨ་བཛྲ་ཙིཧྣཽ་པྲཛྙཱོ་པཱ་ཡོ། མཎྜལ་ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙཱ་ནྃ་ག མཱ་མ་ད་ད་ཏཱྃ་ཧཱྃ་ཧཿ ཧཱུྃ་ཕཊ། ཅེས་པས་རྗེས་གནང་གི་དོན་དུ་གསོལ་བ་བཏབ་པས་དབང་བདུན་གྱི་བདག་ཉིད་ལ་དབང་བསྐུར་བར་བསྒོམ་ཞིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སསྟ་ཨ་བྷི་ཥེ་ཀ སསྟ་བྷཱུ་མི་པྲསྟོ་ཧཾ། ཞེས་པས་དབང་བདུན་ཐོབ་པས་ས་བདུན་ཐོབ་པའི་ང་རྒྱལ་བཟུང་ངོ་། །དེ་ནས་དབང་གོང་མའི་དོན་དུ། ཨོཾ་ཨོཾ་པྲཛྙཱོ་པཱ་ཡཽ། ཀ་ལ་ཤ་ཨ་བྷི་ཥི་ཀྃ་མེ་ད་ད་ཏཱྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་གསོལ་བ་བཏབ་པས་བུམ་དབང་བསྐུར་བར་བསམ་ཞིང་། ཨོཾ་ཨོཾ་བཛྲ་སཏྭེ་ན། བཛྲ་ཀ་ལ་ཤ ཨ་བྷི་ཥེ་ཀེ་ན། ཨ་བྷི་ཥིཀྟོ། བཛྲ་སྭ་ཏྭ་སུ་ཏྲོ། ཨཱ་ཙ་ལཱ་བྷུ་མི་ལབྡྷོ་ཧྃ། ཞེས་པས་བུམ་དབང་ཐོབ་པའི་ང་རྒྱལ་བཟུང་ངོ་། །དེ་ནས། ཨོཾ་ཨཱཿ པྲཛྙཱོ་པཱ་ཡཽ། གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱི་ཧཱུྃ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པ་གསང་དབང་བསྐུར་བར་བསམ་ཞིང་། ཨོཾ་ཨཱཿ བཛྲ་སྭ་ཏྭ་ན། གུ་ཧེ་ཨ་བྷི་ཥེ་ཀེ་ཎ། ཨ་བྷི་ཥེཀྟོ་བཛྲ་སཏྭ་ཡུ་བ་རཱ་ཛོ་ན་བ་བྷཱུ་མི་ལོབྡྷ་ཧྃ། ཞེས་པས་གསང་དབང་ཐོབ་པའི་ང་རྒྱལ་བཟུང་པོ། དེ་ནས། ཨོཾ་ཧཱུྃ་པྲཛྙཱོ་པ་ཡཽ། བཛྲ་ས་ཏྭ། བི་ཤྭ་མཱ་ཏཱ་རཽ། པྲཛྙ་ཛྙ་ན་ཨ་བྷི་ཥི་ཀཾ མེ་ད་ད་ཏྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་གསོལ་བ་བཏབ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསམ་ཞིང་། ཨོཾ་ཧཱུྃ་བཛྲ་སྭ་ཏྭེ་ན། པྲཛྙཱ་ཛྙཱ་ནེ་ན། ཨ་བྷི་ཥེ་ཀ་ན། ཨ་བྷི་ཥིཀྟོ། དྭི་ཏཱི་ཡ། བཛྲ་དྷ་རོ་ཧྃ། དྷཪྨ་མེ་གྷཱ་བྷུ་མི་ལབྡྷོ་ཧྃ། ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་ང་རྒྱལ་བཟུང་ངོ་། །དེ་ནས་དབང་གོང་མའི་དོན་དུ། ཨོཾ་ཧོ་པཛྙོ་པཱ་ཡ་ཨཱཪྨ་ཀྃ བཛྲ་ས་ཏྭ་མ་ཧཱ་མུ་དྲ་ཛྙ་ན། ཨ་བྷི་ཥེ་ཀྃ་མེ་པྲ་ཡཙྪ་ཨོཾ་ཨཱཿ ཧཱུྃ་ཧོཿཕཊ། ཅེས་གསོལ་བ་བཏབ་པས་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་བསྐུར་བར་བསམ་ཞིང་། ཨོཾ་ཧོཿ དྷརྨྨཱ་དྷཱ་ཏྭཱ་ཀྵ་ར་ཙ་ཏུཏྠཱ། ཨ་བྷི་ཥེ་ཀེ་ན། ཨ་བྷི་ཥིཀྟོ། བཛྲ་སཏྭེ་ན་ཨཱཏྨ་ནཱ་ཧྃ། དྭི་ཏཱི་ཡོ་དྭ་ད་ཤ་བྷཱུ་མི་ལབྡྷོ། བཛྲ་སཏྭོ་མ་ཧཱ་ཨཪྠཿ ས་ར་མ་ཨ་ཀྵ་རཿ ཏྲཻ་ལོཀྱ་བི་ཛ་ཡཿ ཀཱ་ལ་ཙཀྲོ་བྷ་ཀ་ཝཱན་ཨེ་ཝྃ་ཀཱ་རཿ ཞེས་པས་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ཐོབ་པའི་ང་རྒྱལ་བཟུང་ངོ་། །དེ་ལྟར་དབང་བཅུ་གཅིག་གི་དབང་བསྐུར། དྲི་མ་བག་ཆགས་དང་བཅས་པ་དག་པར་བྱས་ནས། སྤྱི་བོར་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་སྟེ། གཙོ་བོ་དང་སྟེང་གི་རྣམས་ལ་མི་སྐྱོད་པ། ཤར་དང་ཤར་ལྷོའི་རྣམས་ལ་དོན་གྲུབ། ལྷོ་དང་ལྷོ་ནུབ་ཀྱི་རྣམས་ལ་རིན་འབྱུང་། བྱང་དང་བྱང་ཤར་གྱི་རྣམས་སྣང་མཐའ། ནུབ་དང་ནུབ་བྱང་གི་རྣམས་ལ་རྣམ་སྣང་། འོག་གི་རྣམས་ལ་རྡོ་རྗེ་སེམས་དཔའ་རྣམས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་རྒྱས་བཏབ་བོ། །གཉིས་པ་བཟླས་པ་སྔགས་ཀྱི་བསྲུང་བ་ནི། ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་གི་སྐོར་བར་དམིགས་ལ། ཨོཾ་ཨཱཿ ཧཱུྃ་ཧོ་ཧྃ་ཀྵཿ༥༧༩ཀཱ་ལ་ཙཀྲ། ༡ དུར་དཱནྟ་ད་མ་ཀ ཛཱ་ཏི་ཛ་རཱ་མཱ་རཱ་ཎཱནྟ་ཀ ༢ ཏྲཻ་ལོཀྱ་བི་ཛ་ཡ། ༣ མ་ཧཱ་བཱི་རཱི་ཤྭ་ར། ༤ བཛྲ་བྷཻ་རོ་ཝ། ༥ བཛྲ་ཀཱ་ཡ། ༦ བཛྲ་གཱ་ཏཱ། ༧ བཛྲ་ནེ་ཏྲ། ༨ བཛྲ་ཤོ་ཏྲ། ༩ བཛྲ་གྷྲཱ་ཎ། ༡༠ བཛྲ་ཛི་ཧྭ། ༡༡ བཛྲ་དནྟ། ༡༢ བཛྲ་ན་ཁ། ༡༣ བཛྲ་ཀེ་ཤ ༡༤ བཛྲ་ལེ་མ། ༡༥ བཛྲ་ཨ་བྷ་ར་ཎ། ༡༦ བཛྲ་ཧ་ས། ༡༧ བཛྲ་གཱི་ཏ། ༡༨ བཛྲ་ནྲིདྱ། ༡༩ བཛྲ་ཨ་ཡུ་དྷ་ཀ་ར། ༢༠ བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི། ༢༡ བཛྲ་ཌཱ་ཀ ༢༢ བཛྲ་ཌཱ་ཀི་ནཱི་ཛྭ་ལ་པ་རི་བྲྀ་ཏ། ༢༣ ཤཱི་གྷྲྃ་ཨ་གཙྪ། ༢༤ བཛྲ་སཏྭ་ཛྙཱ་ཡཱ། སརྦྦ་མཱ་ར། བིགྷྣ། བི་ནཱ་ཡ་ཀ ཀིཾ་ན་ར། ཀིཾ་ན་ར། ཀིཾ་སུ་རུ་ཥ། ག་རུ་ཌ། གྷནྡྷརྦ། ཡཀྵ། རཀྵ་ས། བྷུ་ཏ། མ་ཧཱ་པྲེ་ཏ་ཀུམྦྷཱཎྜ། ཨ་པསྨཱ་ར། ཀྵེ་ཏྲ་པཱ་ལ། བེ་ཏཱ་ཌ། པཱུ་ཏ་ན། དུཥྚ་ནཱ་ག གྲཱ་ཧ་ད་ཡོ་ཡེ། སརྦྦ་ཛྭ་ར། སརྦྦ་བྱཱ་དྷི། ཀྵུ་དྲ་ཨུ་པ་དྲ་བ་ཀཱ་རི་ཎཿ སརྦྦ་སཏྭ་ནྃ། སརྦྦ་ཨ་པི་ཀ་ར་ར་ཏཱ་སྟཱན། སརྦྦན་ཛཿ ཤྲཱི་གྷྲྃ་བཛྲ་ཨཾ་གུ་ཤེ་ནཱ་ཀྼྀ་ཤྜྱ་ཀྼྀ་ཤྡྱ། ༢༥ ཨཱུདྡྷ་དེ་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༢༦ སཱུརྦ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱ་ཀྼྀ་ཥྡྱ། ༢༧ དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྼྀ་ཤྜྱ་ཀྼྀ་ཤྡྱ། ༢༨ ཨུཏྟ་ར་དི་ཤི་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༢༩ པཉྩི་མ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༠ བཱ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༡ ཨཱི་ཤ་ན་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༢ ནཻ་རི་ཏྱ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༣ ཨཱགྣེ་ཡ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༤ ཨ་དྷོ་ཎ་དི་ཤི་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༥ ཨཱ་ཀཱ་ཤ་མཎྜལ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༦ བ་ཡུ་མཎྜལ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༧ ཏེ་ཛེ་མཎྜལ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༨ ཏོ་ཡ་མཎྜལ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༣༩ པྲྀ་ཐཱི་མཎྜལ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༠ ཀཱ་མ་དྷཱ་རུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༡ རུ་པ་དྷ་རུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༢ ཨཱ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༣ ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༤ ཝཱུགྡྷ་ཏུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༥ ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༦ པཉྩ་སྐནྡྷ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༧ པཉྩ་དྷཱ་ཏུ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༨ པཉྩནྡྲི་ཡ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༤༩ པཉྩ་བི་ཤ་ཡ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༥༠ པཉྩ་ཀརྨནྡྲི་ཡ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༥༡ པཉྩ་ཀརྨནྡྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༥༢ སརྦྦ་ཏྃ་ཡཏྟ་ཀུ་ཏྲ་ཙིངྒ་ཏཱ་ནཱ་ཀྼྀ་ཥྜྱཱ་ཀྼྀ་ཥྡྱ། ༥༣ མ་ཧཱསྨ་ཤཱ་ནེ། བཛྲ་ཨགྣེ་ཛྭ་ལི་ཏ་བྷཱུ་མྱཱྃ། ནི་པཱ་ཏ་ཡ་ནི་རོ་དྷ་ཡ། ༥༤ བཛྲ་པཱ་ཤེ་ན། སརྦྦ་བྷཱུ་ཛེ་ཁུ་བྷནྡྷ་ཡ་བྷནྡྷ་ཡ། ༥༥ བཛྲ་ཤྲྀཾ་ཁ་ལ་ཡཱ། སརྦྦ་པཱ་དེ་ཁུ། ནི་རོ་དྷ་ཡ་ནི་རོ་དྷ་ཡ། ༥༦ སརྦྦ་ས་ཏྭེ་ཁུ་ཀ་ཡ་ཝཀ་ཙིཏྟ་ཨུ་པ་དྲ་བ་ཀཱ་ར་ར་ཏཱནནྡྲཱ། མ་ཧཱ་ཀྲོ་དྷ་བཛྲེ་ཎ་ཙྩརྞྞ་ཡ་ཙུརྞྞ་ཡ། ༥༧ བཛྲ་ཁངྒེ་ན། ནི་ཀྲིནྟ་ཡ་ནི་ཀྲིནྟ་ཡ། ༥༨ བཛྲ་ཏྲི་ཤུ་ལ་ན། བྷེ་ད་ཡ་བྷེ་ད་ཡ། ༥༩ བཛྲ་ཀརྟི་ཀཱ་ཡཱ། ཧ་ན་ཧ་ན། ༦༠ བཛྲ་བཱ་ཎེ་ན། བྷིནྡྷ་བྷིནྡྷ། ༦༡ བཛྲ་ཀཱི་ལ་ཀཻཿ ཀི་ལ་ཡ་ཀཱི་ལ་ཡ། ༦༢ བཛྲ་མུཏྐ་རེ་ཎེ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ༦༣ བཛྲ་ཙཱཀྲི་ན། ཙྪེ་ད་ཡ་ཙྪེ་ད་ཡ། ༦༣ བཛྲ་ཀུནྟེ་ན་བྷིནྡྷ་བྷིནྡྷ། ༦༥ བཛྲ་དཎྜེ་ན་ཏཱ་ཌ་ཡ་ཏཱ་ཌ་ཡ། ༦༦ བཛྲ་པཪྴུ་ན། ཙྪིནྡྷ་ཙྪིནྡྷ། ༦༧ སཱཪྦྷ་ཏྲི་ཀྲོ་ཊི་ཁཎྜ་ཀྲི་ཏྭཱ་ཤྨ་ཤཱ་ན་བྷཱུ་མྱཱྃ། སརྦྦ་བྷུ་ཏེ་བྷྱོ་བ་ལིཾ་ཀུ་རུ་ཀུ་རུ། ༦༨ བཛྲ་ཌཱ་མ་རུ་ཀེ་ན། བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡཱ་བཱ་ཧཱ་ཡ། ༦༩ བཛྲ་ཌཱ་ཀི་ནི་བྷྱོ་མཱ་ར་ཀཱ་ཡི་ཀཱ་ཀུ་དྷི་རཾ་ནི་བེ་ད་ཡ་ནི་བེ་ད་ཡ། ༧༠ པཉྩ་མྲྀ་ཏ་ཨ་ཧཱ་རི་ཎཱི་བྷྱཿ པཉྩ་མྲྀ་ཏཾ་ནི་བ་ད་ཡ་ནི་བེ་ད་ཡ། ༧༡ སརྦྦ་བཛྲ་ཌཱ་ཀི་ས་ཧ་ཏཿ སརྦྦ་སཏྭཱ་ནཱཾ་ཤཱནྟི་ཀཾ་རཀྵ་ཨཱ་བ་ར་ཎ་གུ་གྲི་སྟཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ༧༢ ཅེས་པ་འཕྲེང་བའི་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པ་སྟེ། བསྙེན་པ་བྱེ་བ་དང་། སྦྱིན་སྲེག་འབུམ་ཕྲག་བཅུ་བྱ་ཞིང་། ལས་སོ་སོ་ལ་བཟླས་པ་འབུམ་ཕྲག་བཅུ་དང་། སྦྱིན་སྲེག་ཁྲི་ཕྲག་བཅུ་བྱས་པས་དངོས་གྲུབ་ཐམས་ཅད་འགྲུབ་ལ། རིམ་པ་བཞིན་བཀླགས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་ཅིང་། ལན་བདུན་བཟླས་པས་བདུད་བགེགས་ལ་སོགས་པ་ཚར་གཅོད་པར་གསུངས་སོ། །དེ་བཞིན་སྐང་པ་བཅུ་དྲུག་པ་ཡང་བཟླ་བྱ་སྟེ། འོག་ནས་བཤད་པར་འགྱུར་བས་རྟོགས་སོ། །དེ་ནས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བའི་སྔགས་ནི་གོང་དུ་བཤད་ཟིན་པ་ལྟར་ཡང་ཅི་རིགས་པ་བཟླས་པའི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཀྵཱཾ་ཙཀྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ང་རྒྱལ་བཟུང་ལ་ཆུ་བཞི་དང་ལྷ་མོ་བཅུ་གཉིས་ཀྱི་མཆོད་ནས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བ་གདུལ་ཀ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ཞིང་། །སྲུང་མ་དྲུག་ཅུའི་ཚོགས་ལ་འདུད། །གྲུབ་པར་བྱིན་གྱིས་རླབས་པའི་བདུད་རྩིས་ཀྱང་མཆོད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཇི་ལྟར་འབྱོར་པའི་གཏོར་མ་རྣམས་ལེགས་པར་བཤམས་ལ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནི་བཛྲ་དྷཱ་ཏཱི་ཤྭ་རི་ག་ག་ན་སྭཱ་བྷ་ཝ་སརྦྦ་དྲ་བྱ་བི་ཤྭ་དྷ་ནི་སརྦྦ་དྲ་བྱ་བི་ཤྭ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ཀྱིས་བསངས། སྭཱ་བྷཱ་ཝས་སྟོང་པར་བསམ་སྟོང་པའི་ངང་ལས་ཡམ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བའི་སྟེང་དུ་ཨཿ ལས་བུམ་པ་བདུད་རྩིའི་ཆུས་གང་བའི་སྒྱེད་བུ་གསུམ་མམ། ཡང་ན་གཞུང་གཞན་ནས་འབྱུང་བ་བཞིན་དུ་མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨོཾ་མྃ་ཀ་ལས་བྱུང་བའི་ཐོད་པ་དུམ་བུ་གཅིག་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཨ་ཨི་རྀ་ཨུ་ལྀ་ལས་བྱུང་བའི་རིམ་པ་བཞིན་དུ་དབུས་སུ་ཁུ་བ། ཤར་དུ་རྐང་། ལྷོ་རུ་ཁྲག བྱང་དུ་དྲི་ཆུ། ནུབ་ཏུ་དྲི་ཆེན་རྣམས་ལ་ཨ་ཨི་རྀ་ཨུ་ལྀས་མཚན་པ། ལཱྀ་ཨཱུ་ཪཱྀ་ཨཱི་ཨཱ་ལས་བྱུང་ཞིང་དེས་མཚན་པའི་རླུང་དུ་གླང་པོ་ཆེའི་ཤ དབང་ལྡན་དུ་བ་གླང་གི་ཤ སྲིན་པོར་རྟའི་ཤ མེར་ཁྱིའི་ཤ དུས་སུ་མིའི་ཤ་རྣམས་བསམ་ལ། ཐུགས་ཀའི་ས་བོན་གྱིས་བསྐུལ་བའི་རླུང་གིས་སྡར་བའི་མེས་བཞུས་ཏེ། དེ་ཉིད་ཧཱུྃ་ལས་བྱུང་བའི་རྡོ་རྗེས་དཀྲུགས་པས་དེ་དང་བཅས་པ་རོ་གཅིག་ཏུ་གྱུར་པ་ཟླ་བ་ཞུ་བའི་གཟུགས་སུ་བལྟའོ། །དེ་ནས་ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་བསྐྱེད་པ་གཏོར་མ་ལ་བསྟན་ཏེ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦྦ་དྷརྨྨཱ། སུ་བི་ཤུདྡྷ། སྭཱ་བྷཱ་ཝ། སརྦྦ་དྷརྨྨཱམྦི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་པས་སྐུ་རྡོ་རྗེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སྐུ་རྡོ་རྗེ་སྤྱན་དྲངས། དེས་འཇིག་རྟེན་གྱི་ཁམས་ཀྱི་སྐུ་རྡོ་རྗེའི་བདུད་རྩི་ཐམས་ཅད་བཀུག་ནས་གཅིག་ཏུ་གྱུར་པ་དང་། དམ་ཚིག་གི་བདུད་རྩི་འདྲེས་པས་མ་དག་པའི་དྲི་མ་སྦྱང་ནས་སྐྱོན་མེད་པར་བསམ། ལག་པ་གཡས་པ་ཨཱཿ ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿ དང་པདྨ་ལས་སྐྱེས་པའི་གསུང་རྡོ་རྗེ་བསྐྱེད་དེ་གཏོར་མ་ལ་བསྟན་ལ། ཨོཾ་ཨཱཿ བཛྲ་སཱུརྱ་སརྦྦ་དྷརྨྨ། པྲ་བོ་དྷ་ཀ་སརྦྦ་དྷརྨསྤྲ་བ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་པས་གསུང་རྡོ་རྗེ་ལས་འོད་ཟེར་འཕྲོས། གསུང་རྡོ་རྗེ་སྤྱན་དྲངས། གསུང་རྡོ་རྗེའི་བདུད་རྩི་བསྡུས་ཤིང་དེ་ཉིད་དུ་ཐིམ་པས་རྫས་རྣམས་མང་པོར་རྒྱས་པར་བྱ་ཞིང་བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་བསམ། ཐལ་མོ་གཉིས་ཀ་སྤུན་པའི་སྙིམ་པ་ཧཱུྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་ཐུགས་རྡོ་རྗེ་བསམ་པ་རེག་སྟེ། ཨོཾ་ཧཱུྃ་བཛྲ་ཨ་ན་ལ་སརྦྦརྨྨ་པྲ་ཊི་ས་ཀ་སརྦྦ་དྷརྨྨཔྲ་དཱི་པ་ཡ་སྭ་ཧཱ། ཞེས་བརྗོད་པས་ཐུགས་རྡོ་རྗེ་ལས་འོད་ཟེར་འཕྲོས། ཐུགས་རྡོ་རྗེ་སྤྱན་དྲངས། ཐུགས་རྡོ་རྗེའི་བདུད་རྩི་བསྡུས་ཤིང་དེ་ཉིད་དུ་ཐིམ་པས་རྫས་རྣམས་རབ་ཏུ་སྦར་ཞིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་དང་ལྡན་པར་བསམ། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅས་ལ། ཧོ་ལས་དུབ་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་ལས་ཡེ་ཤེས་རྡོ་རྗེ་བསམ་སྟེ་གཏོར་མ་ལ་བསྟན་ལ། ཨོཾ་ཧོ་སརྦྦ་དྷརྨྨ། བཛྲ་ཨ་མྲྀ་ཏ་ཀ་ར། སརྦྦ་དྷརྨཱན། བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་རྡོ་རྗེ་ལས་འོད་ཟེར་འཕྲོས། ཡེ་ཤེས་རྡོ་རྗེ་སྤྱན་དྲངས། ཡེ་ཤེས་རྡོ་རྗེའི་བདུད་རྩི་བསྡུས་ཤིང་དེ་ཉིད་དུ་ཐིམ་པས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ཏེ་གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་སྤྱན་འདྲེན་པའི་ཕྱག་རྒྱ་ལ་ཧྃ་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས། པད་ཉིའི་སྟེང་དུ་ཧིའམ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལ་སོགས་པའི་ཕྱག་མཚན་གྱི་གཟུགས་སུ་བསམ་ཞིང་། དེ་ལས་འོད་ཟེར་འཕྲོས་པས་མགྲོན་གང་ཡིན་སྤྱན་དྲངས་པར་བསམ་ཞིང་། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོ་རྣམས་དང་། གཏེར་མའི་མགྲོན་མ་ལུས་པ་སྤྱན་དྲངས་ཤིང་དེ་རྣམས་ལ་ལྷ་མོའི་ཞལ་ནས་མས་བདུད་རྩི་སྟེན་པར་བསམ་པའོ། །ཡང་ན་ཧཱུྃ་ལས་ལྗགས་རྡོ་རྗེ་སྦུ་གུ་ཅན་གྱི་བདུད་རྩི་དྲངས་ནས་གསོལ་བར་བསམ་ཞིང་། གཙོ་བོ་ལ་རྐང་པ་བཅུ་དྲུག་པའི་མཐར་གཏོར་སྔགས་ཀྱི་ཤམ་བུ་བཏགས་ནས་དབུལ་ཞིང་། རྐང་པ་བདུན་ཅུ་རྩ་གཉིས་པས་འཕྲིན་ལས་བཅོལ་བའི་ཕྱག་ལེན་ལྟར་རམ། ཡང་ན་ཨོཾ་ཨཱཿ ཧཱུྃ་ཧོ་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ་ས་པ་རི་ཝཱ་རེ་བྷྱ་ཞེས་པ་ལ་ཨི་དཾ་བ་ལིཾ། མན་ཆད་བཏགས་པ་དབུལ་ཁྲོ་བོ་རྣམས་ལ། ཨོཾ་ཨཱཿ ཧཱུྃ་ཨུཥྞཱི་ཥ། སུམྦྷ་ནི་སུམྦྷ། བིགྷྣནྟ་ཀ ནི་ལ་དཎྜ། པྲཛྙཱནྟ་ཀ ཊཀྐི་རཱ་ཛ། པདྨཱནྟ་ཀ་ཨ་ཙ་ལེ། ཡམནྟ་ཀ མ་ཧཱ་བ་ལ་བྷྱེཿ ཞེས་པ་ལ། ཨེ་དཾ། བ་ལིཾ། གྷནྡྷྃ། པུཔྤྃ། དྷཱུ་པྃ། ཨཀྵ་ཏྃ། ད་དཱ་མ་ཧེ། ཏེ་ཙཱ་ཨཱ་གརྱ། ས་པ་རི་ཝཱ་ར། ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣནྟུ། བཱ་དནྟུ། པི་ཝནྟུ། ཛཿ ཧཱུྃ་བཾ་ཧོཿ པྃ་ཏྲིསྟཿ སརྦྦ་སཏྭཱ་ནཱ་ཤིནྟིཾ་པུཥྚིཾ་རཀྵ་བ་ར་ཎ་གུ་སྟི་ཀུ་རྦནྟུ་ཧཱུྃ་ཧཱུྃ་ཕཊ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བཏགས་པས་གཏོར་མ་ཕུལ་ཏེ། བསྟོད་པས་བསྟོད་ལ། ཡི་གེ་ཀྵ་དང་ལག་པའི་རྒྱབ་བསྟན་པའི་སེ་གོལ་སྤྱིལ་གསང་གནས་ཀྱི་འཁོར་ལོ་ཧྃ་ལས་ཁྲོ་བོ་རྣམས་ལ་གཤེགས་སུ་གསོལ་བའོ། །དཀྱིལ་ཆོག་གི་དུས་སུ་ཐུན་མཚམས་བཞིར་གཏོར་མ་བྱིན་ཞིང་གཤེགས་སུ་གསོལ་བའི་ཆོ་ག་རྫོགས་ནས་བཟུང་བ་ལ་སོགས་པ་བྱ་བ་གཞན་ལ་འཇུག་པར་བྱ་སྟེ་སྲུང་འཁོར་ལོ། དེ་ལྟར་ལུགས་འདིའི་སྲུང་བའི་འཁོར་ལོ་ཞིང་། རྩ་བའི་དཀྱིལ་འཁོར་དང་སྟོབས་མཚུངས་པ་ཙམ་དུ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དེས་དགོངས་ནས་སྦྱོར་དངོས་རྗེས་གསུམ་ཚང་བར་མཛད་བཞིན་བཀོད་པ་སྟེ། དེ་ཡང་ཁྲོ་བོའི་སྲུང་འཁོར་འདི་མཁས་པའི་དབང་པོ་ཉང་དེའི་དུས་འཁོར་ཐུགས་དཀྱིལ་དཔག་བསམ་སྙེ་མའི་ཡི་གེ་སོར་བཞག་དྲངས་ན་ལེགས་པར་སྣང་ཡང་། དེ་ནི་ཡི་གེ་ཉུང་རུང་ཚིག་ཉུང་ངུར་གནས་པ་མ་ཡིན་པས་འདིར་ནི་ངག་འདོན་རྣམས་བསྒྲུབ་ཐབས་གཞུང་ཆེན་དངོས་གྲུབ་འདོད་འཇོ་ལྟར་བཀོད་པའོ། །གཉིས་པ་བསྒྲུབ་ཐབས་མངོན་པར་རྟོགས་པ་དངོས་ལ། སྔོན་འགྲོ་ཚོགས་བསགས་དངོས་གཞི་རྣལ་འབྱོར་བཞི། རྗེས་སུ་མཆོད་བསྟོད་གཤེགས་སུ་གསོལ་བའོ། །ཞེས་པའི་དང་པོ་ལ། བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ཀྱི་དང་པོ་ནི། སྐད་ཅིག་གིས་རང་དུས་འཁོར་རྡོ་རྗེ་འཇིགས་བྱེད་སྡོམ་པ་ཆེན་པོར་གསལ་བའི་ཐུགས་ཀར་པཾ་ལས་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་ཏེ། རྒྱལ་བ་སྲས་བཅས་དཀྱིལ་འཁོར་གྱི་རྣམ་པར་ནམ་མཁའི་མཐིལ་དུ་སྤྱན་དྲངས་ནས། འོད་ཟེར་ནམ་མཁའི་སྙིང་ཁའི་ཟླ་བ་རྡོ་རྗེ་ལ་བསྟུས་ཏེ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་དང་འཇིགས་པ་མེད། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་སོགས་ཀྱིས་ཕྱག་འཚལ་ལོ། །དེ་ནས་སྙིང་ཁའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཀྑྒྒྷྔ་དང་། ཀྑྒྒྷྔྔཱ་ལས་རོལ་མོ་མ་དང་གར་མ་ལྗང་ཁུ་རྔ་པ་ཏ་ཧ་དང་། གོས་བསྣམས་པ། ཙྪྫྫྷཱ་དང་། ཙྪྫྫྷཱ་ལས་དྲི་མ་དང་འཕྲེང་བ་མ་ནག་མོ་དྲིའལ་བུའི་དུང་ཆོས་དང་མེ་ཏོག་སྔོན་པོའི་འཕྲེང་བ་བསྣམས་པ། ཊྜྜྜྷྞ་དང་། ཊྜྜྜྷྞཱ་ལས་བདུག་སྤོས་མ་དང་མར་མེ་མ་དམར་པོ་སྤོས་སྣོད་དང་མར་རེ་བསྣམས་པ། པྥྦྦྷྨ་དང་། པྥྦྦྷྨཱ་ལས་ལྷ་བཤོས་མ་དང་འབྲས་བུས་མ་དཀར་མོ་བདུད་རྩིས་གང་བའི་སྣོད་དང་འབྲས་བུ་འཛིན་པ། ཏ་དང་ཏ་ལས་སྒེག་མ་བཞད་མ་སེར་མོ་དབུ་རྒྱན་དང་དོ་ཤལ་འཛིན་པའམ་ཡང་ན་སྔགས་ནས་འབྱུང་། བྔྔྵྞབ་བྔྔྵྴཱ་ལྟར་རིམ་པ་བཞིན་གོས་དང་། རྒྱན་དང་དྲིལ་བུ་དང་མེ་ལོང་འཛིན་པ་དང་། སྐྤྵྴྠྐ་དང་སྐྤྵྴྠྐཱ་ལས་གླུ་མ་དང་། འདོད་མ་སྔོན་མོ་རྡོ་རྗེ་དང་པདྨ་འཛིན་པ་སྤྲོས་ཏེ། རང་རང་གི་མཆོད་རྫས་དང་འདོད་མས་སྙོམས་པར་འཇུག་པའི་བདེ་བས་མཆོད་པར་བསམ་སྟེ། སོ་སོའི་ཕྱག་རྒྱ་ནང་བཅས་པས། ཨོཾ་ཙྪྫྫྙྙ་བཛྲ་གྷནྡྷེ་གྷནྡྷཾ་ཨརྩ་ནྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪྫྫྷྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩ་ནྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩ་ནྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊྛྜྜྷྞཱ་བཛྲ་པྲ་ཀདཱི་པེ་པྲ་དཱི་པ་ཨརྩ་ནྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་བེདྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨ་ཀྵ་ཏེ་ཨ་ཀྵ་ཏ་ཕ་ལ་ཨརྩ་ནྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྔྔྷྣཱ་བཛྲ་ལཱ་སྱ་ཝ་སྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྠྔྔྷྣ་བཛྲ་ཧ་སྱ་གྷཎྜ་ཨཱ་དཪྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྔ་བཛྲ་བཱེདྱ་བཱདྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ཎྼྀ་ཏྱེ་ཎྼྀ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྐྤྵྴྠྐ་བཛྲ་གཱི་ཏི་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྐྤྵྴྠྐཱ་བཛྲ་ཀ་མེ་སརྦྦ་བུདྡྷ་བོ་དྷི་སཏྭ་ནཱཾ་ཀྲོ་དྷཱ་དཱི་ནཱཾ་བཛྲ་པུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་མཆོད་ནས། ཐོགས་མེད་དུས་ནས་ད་ལྟའི་བར། །ཆགས་དང་ཞེ་སྡང་གཏི་མུག་གིས། །བགྱིས་དང་བགྱིད་སྩལ་ཡི་རང་བའི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །འཕགས་པ་རྣམས་ཀྱི་དགེ་ཚོགས་དང་། །གཞན་ཡང་དགེ་བ་ཐམས་ཅད་ལ། །མངོན་པར་དགའ་བས་ཡི་རང་ངོ་། །ཉོན་མོངས་ནད་ཀྱིས་གདུང་པ་ཡི། །སྐྱེ་བོ་བདེ་བར་གསོ་བྱའི་ཕྱིར། །རྡོ་རྗེ་ཐེག་པའི་བདུད་རྩི་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མ་རྟོགས་འཁོར་བའི་སྡུག་བསྔལ་ལས། །མྱ་ངན་འདའ་བཞེད་སྤང་ནས་ནི། །རྨོངས་མེད་འཁོར་བ་དག་ཚུལ་གྱིས། །བསྐལ་པ་མཐའ་ཡས་བཞུགས་སུ་གསོལ། །སངས་རྒྱས་སློབ་དཔོན་དབང་མཆོག་ཐོབ། །དེས་བསྟན་ཐབས་ཤེས་དབྱེར་མེད་ཆེས། །དེར་གནས་དགེ་འདུན་རྣམ་གཉིས་ལ། །རབ་ཏུ་དད་པས་སྐྱབས་སུ་མཆི། །བླ་མ་སངས་རྒྱས་སྲས་བཅས་ལ། །བདག་ཉིད་རྣམ་པ་ཀུན་ཏུ་འབུལ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བྲན་དང་འབངས་སུ་བཟུང་དུ་གསོལ། །བདག་གི་དུས་གསུམ་དགེ་བ་རྣམས། །རང་དོན་དྲི་མས་མ་གོས་བར། །སྲིད་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །དུས་འདི་ནས་བཟུང་བྱང་ཆུབ་བར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བསམ་པ་རྣམ་པར་དག་པ་བསྐྱེད། །བདག་དང་བདག་གིས་འཛིན་པ་སྤང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་སྨོན་ལམ། །སྟོབས་དང་ཡེ་ཤེས་ཕ་རོལ་ཕྱིན། །ཚོགས་གསུམ་དོན་དུ་བསྒྲུབ་པར་བགྱི། །སེམས་ཅན་བདེ་དང་ལྡན་པ་དང་། །སྡུག་བསྔལ་དང་ནི་བྲལ་བ་དང་། །བདེ་ལ་རྟག་ཏུ་གནས་པར་དགའ། །མཉམ་ཞིང་བཏང་སྙོམས་བསྒོམ་པར་བགྱི། །སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་གཏམ་བྱས་ནས། །དོན་སྤྱོད་པ་ཡི་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བགྱི། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་སྟེ། །མི་དགེ་བཅུ་པོ་སྤངས་པར་བགྱི། །བསླབ་པ་གསུམ་ལ་སྒྲིབ་པ་ཡི། །འགྱོད་དང་རྨུགས་པ་གཉིད་དང་ནི། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་སྤངས་བར་བགྱི། །འདོད་ཆགས་དང་ནི་ཞེ་སྡང་དང་། །གཏི་མུག་དང་ནི་ང་རྒྱལ་སྟེ། །སྲིད་པའི་རྩ་བར་གྱུར་པ་ཡི། །ཉོན་མོངས་བཞི་པོ་སྤང་བར་བགྱི། །འདོད་པའི་ཟག་དང་སྲིད་པའི་ཟག །མ་རིག་པ་ཡི་ཟག་པ་དང་། །ལྟ་བའི་ཟག་སྟེ་འཁོར་བའི་རྒྱུ། །ཟག་པ་བཞི་པོ་སྤང་བར་བགྱི། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་མེད་མངོན་པར་འདུས་མ་བྱས། །རྣམ་པར་ཐར་པའི་སྒོ་བཞི་ཡི། །རྫོགས་པའི་སངས་རྒྱས་བསྒྲུབ་པར་བགྱི། །ཞེས་དོན་དྲན་བཞིན་པས་བརྗོད་དོ། །གཉིས་པ་ནི། བརྟན་གཡོ་ཁམས་གསུམ་པོ་ཚིགས་བཅད་འདིས་རྣམ་པར་དཔྱད་དེ། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མི་འགྱུར། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོ་གསུམ་གྱི་སྟོང་པའི་མཚན་ཉིད་དུ་ལྟ་བ། འཁོར་བའི་ཕུང་པོ་སྤང་ཞིང་འཇིག་རྟེན་ལས་འདས་པའི་ཕུང་པོ་བཟུང་བའི་ཕྱིར། ཆུས་མེ་རྣམས་ཉམས་པར་བྱས། མེ་དང་བྲལ་བའི་ས་ཆུ་ལ་ཐིམ། ཆུ་རླུང་གིས་སྐམ། རླུང་ནམ་མཁའ་ལ་ཐིམ་སྟེ། སེམས་ཅན་ཀུན་གཞིའི་རྣམ་ཤེས་ནམ་མཁའི་ཁམས་རྣམས་ཐམས་ཅད་པའི་གཟུགས་ཀྱི་རང་བཞིན་དུ་བསྒོམ་ལ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མིརྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ར་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནཱ་བྷི་སམ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་ཀྱི་གཟུགས་སུ་བསྒོམ་མོ། །

གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་རྒྱས་མཆོག་དང་། ལས་རྒྱས་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་བཞིའི་དང་པོ་ལ། རྟེན་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། རྟེན་པ་ལྷ་བསྐྱེད་པ་གཉིས་ཀྱི་དང་པོ་ནི། སྔོན་གྱི་སྨོན་ལམ་རྫོགས་པར་བྱ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་མངལ་སྐྱེས་ཀྱི་ཚུལ་གྱིས་བསྐྱེད་པའི་རིམ་པ་གསུང་པ་ནི། ནམ་མཁའི་ཁམས་མཐའ་ཡས་པའི་རང་བཞིན་གྱི་ཆོས་འབྱུང་གི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དཔག་ཚད་འབུམ་ཕྲག་གཉིས་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་པདྨས་མཚན་པ། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྡོ་རྗེས་མཚན་པ། དེའི་སྟེང་དུ་མྃ་ལས་ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་དྲུག་ཅུ་དང་། སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ་དེའི་དབུས་སུ་ཀྵྃ་ལས་སྣ་ཚོགས་པདྨ་རི་རབ་ཀྱི་ཕྱེད་དང་མཉམ་པའི་སུམ་ཆ་ལྟེ་བ་ལ་ཡོད་ཅིང་། ལྟེ་བའི་སྟེང་དུ་ཧྃ་ལས་ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་ཚེག་དྲག་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པས་ཧྐྵྨླྭྲྱ་གི་ཡི་གེར་བསྒོམ་ཞིང་། དེ་ལས་གྲུལ་པའི་འཇིག་རྟེན་གྱི་ཁམས་རླུང་ནས་སྒྲ་གཅན་གྱི་བར་བསམ་ལ། དེའི་སྟེང་དུ་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེའི་གུར་གྱི་ནང་དུ་རྡོ་རྗེ་ས་གཞི་ལ་བྷྲུཾ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ནོར་བུའི་འོད་ཟེར་རྣམ་པར་འཕྲོ་བ་ཅན་ཏེ། ཕྱི་ནས་རིམ་བཞིན། སེར་དཀར་དམར་ནག་ལྗང་བའི་རྩིག་པ་ལྔ་དང་ལྡན་པ་ཟླུམ་པ་སྒོ་བརྒྱད་པ་ནོར་བུ་གསེར་གྱི་རང་བཞིན་གྱི་རྟ་བབས་བརྒྱད་ཀྱིས་བརྒྱན་པ་། རྟ་བབ་སོ་སོ་ལ་ཀ་བ་བཞིའི་བར་དུ་ལྷ་མོའི་གནས་གསུམ་གསུམ་དང་ལྡན་པའི་རྩིག་པ་གསུམ་པ། རྩིག་པ་འོག་མ་ལ་གླང་པོ་ཆེའི་མགོར་སེང་གེས་མནན་པ་དང་བར་མ་དང་། སྟེང་མ་ཤཱ་ལ་བྷཉྫི་ཀས་སྣམ་བུ་བཏེགས་པ། སྣམ་བུ་སོ་སོའི་རྩེ་མོར་རྒྱལ་མཚན་བསྒྲེང་བ་དང་། རྔ་ཡབ་དང་། མེ་ལོང་དང་། དྲིལ་བུ་དང་། བ་དན་དཀར་སེ་རྣམས་འཕྱང་པ། སྟེང་དུ་ཧརྨི་དང་། དེའི་སྟེང་དུ་དབུས་སུ་བུམ་པ་དང་། གཡས་གཡོན་དུ་རྒྱལ་མཚན་དང་། ཀ་བའི་གཤམ་ནས་མྱོས་པ་བསྲུང་པས་བསྐོར་བའོ། །རྩིག་པའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་རིན་པོ་ཆེའི་འཆིང་པ་རྣམ་པར་བཀྲ་བ། དེའི་སྟེང་དུ་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། མེ་ལོང་དང་། རྔ་ཡབ་དང་། དྲིལ་བུ་དང་། ཟླ་བ་ཕྱེད་པ་དང་། མེ་ཏོག་གི་འཕྲེང་བ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་འཕྱངས་པའི་བ་གུ་ལི་དཀར་པོ། དེའི་སྟེང་དུ་ཀྲ་མ་ཤིཪྵ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བའི་བར་བར་དུ་རྒྱལ་མཚན་དང་བ་དན་ལ་སོགས་པས་མཛེས་པར་བྱས་པ། འདོད་ཡོན་གྱི་སྣམ་བུ་དཀར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་ཞིང་། སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པ། སྒོའི་བར་མཚམས་ཀྱི་བརྩེགས་པའི་ངོས་རྣམས་སུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། རྩིགས་པའི་ནང་དུ་རྩིགས་པ་ལ་མ་རེག་པའི་སྟེགས་བུ་ཟླུམ་པོ་སྟེང་དུ་འཕར་བ་ཐོག་དང་བཅས་པ། ཟླུམ་སྐོར་ཕྱི་ནས། དང་པོ་འོག་གཞི་སྔོན་པོའི་སྟེང་དུ་ནམ་མཁའི་འཁོར་ལོ་ལྗང་ཁུ་རྩིབས་བརྒྱད་ལ་ལྟེ་བའི་མུ་ཁྱུད་ནང་མཐའ་རྡོ་རྗེའི་ཕྲེང་བས་མཚན་པ། དེའི་ནང་དུ་འོག་གཞི་སེར་པོའི་སྟེང་དུ་འཁོར་ལོ་ནག་པོ་རལ་གྲིའི་ཕྲེང་བས་མཚན་པ། དེའི་ནང་དུ་འོག་གཞི་དཀར་པོའི་སྟེང་དུ་མེའི་འཁོར་ལོ་དམར་པོ་རིན་པོ་ཆེའི་ཕྲེང་བས་མཚན་པ། དེའི་སྟེང་དུ་འོག་གཞི་དམར་པོའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་པདྨའི་ཕྲེང་བས་མཚན་པ། དེའི་ནང་དུ་འོག་གཞི་ནག་པོའི་སྟེང་དུ་སའི་འཁོར་ལོ་སེར་པོ་འཁོར་ལོའི་ཕྲེང་བས་མཚན་པ། དེའི་ནང་འོག་གཞི་ལྗང་ཁུའི་སྟེང་དུ་ཡེ་ཤེས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་ལྟེ་བའི་མུ་ཁྱུད་ཀྱི་ནང་མཐའ་ལ་གྲི་གུག་གི་ཕྲེང་བས་མཚན་པ། འཁོར་ལོ་ཀུན་ཀྱང་ལྟེ་བ་མུ་ཁྱུད་གཉིས་སྦྲེལ་ནང་མར་ཕྱག་མཚན་གྱི་ཕྲེང་བ་དང་། ཕྱི་མ་རྣམས་རྩིབས་ཀྱི་སྐྱེ་གནས་སུ་གྱུར་ཅིང་། རྩིབས་རྣམས་མུ་ཁྱུད་དང་བྲལ་བ་རྩེ་མོ་རབ་ཏུ་རྣོ་བ་བགེགས་ཚོགས་འཇོམས་པའི་མཚོན་ཆར་གནས་པའོ། །དེ་ལྟར་མཁས་གྲུབ་འཁོར་ལོའི་དབུས་སུ་ཨོཾ་ལས་སྣ་ཚོགས་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ། ཨོཾ་ཨཱཿ ཨ་ལས་ཟླ་བ་དང་ཉི་མ་དང་དུས་མེའི་གདན། དེའི་སྟེང་དུ་བདུད་དང་ཉོན་མོངས་པའི་ལྷ་གཉིས་སྒྱེལ་བ་དང་། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྣ་ཚོགས་གཙོ་བོའི་གདན་ནི་ཟླ་ཉིའི་སྟེང་དུ་སྒྲ་གཅན་ཁ་དོག་རིན་པོ་ཆེ་མཐོན་ཁ་ཆེན་པོ་ལྟ་བུ་གནས་པ་ཡིན་ཡང་། སྡོམ་ཆེན་གྱི་གདན་ནི་ཉི་ཟླའི་སྟེང་དུ་དུས་མེ་བྱས་ན་ལེགས་པར་རྟོགས་ཏེ། དེ་ཡང་ཤིན་ཏུ་སྦྱངས་པའི་གསེར་རམ་ལྕགས་སྲེག་དང་ས་བའི་ཁ་དོག་ལྟ་བུ་སྟེ། རྒྱུད་རྒྱ་མཚོ་སྐོར་དྲུག་གི་ཤྲཱི་ཧེ་རུ་ཀ་བདེ་ཆེན་མཁའ་འགྲོ་རྒྱ་མཚོའི་གདན་ཡང་དེ་ལྟར། དེ་ཉིད་གཟིགས་པའི་དམ་པས་བཀོད་པ་དང་། ཡེ་མེའི་ཚིགས་བཅད་སོ་གཉིས་པར་སྡོམ་ཆེན་གྱི་མངོན་རྟོགས་གསུང་བ་ན། ཟླ་ཉི་སྲེག་པའི་དཀྱིལ་འཁོར་ལ་ནི་ཞབས་ཀྱིས་འོག་ཏུ་བདུད་དང་དབང་ལྡན་ཞེས་པས་ཀྱང་མཚོན། ས་གཞི་སྒྲ་གཅན་ལ་ཡང་ཨ་ན་ལ་མེ་ཡི་སྒྲས་བརྟན་པ་སྒྲུབ་ལེའི་ཚིགས་བཅད་བརྒྱད་པའི་རྐང་པ་དང་པོར་འབྱུང་ཡང་རྒྱུད་དོན་རྒྱུད་པའི་ཤེས་པའི་སྐབས་ཐོབ་དཀྱིལ་འཁོར་འདི་ཆོས་བྱིང་པ་གསུང་དབང་གི་རྒྱབ་ཞལ་དང་སྦྲུན་ན་ཡེ་ཤེས་རྡོ་རྗེའི་དག་པ་བཅས་པ་དེ་ལྟར་འཐད་པར་གོའོ། །དེའི་ཕྱི་སྐོར་སྙིང་པོ་པདྨའི་ཕྱོགས་མཚམས་བརྒྱད་ཀྱི་འདབ་མ་དང་འཁོར་ལོ་དྲུག་པའི་རྩིབས་བཞི་བཅུ་རྩ་བརྒྱད་དང་། སྒོ་བརྒྱད་མཚམས་བརྒྱད་དེ་ལྷ་གནས་བདུན་ཅུ་རྩ་གཉིས་པོ་རྣམས་སུ་དབུགས་བྲལ་གྱི་གདན་རིན་པོ་ཆེའོ། །ཕྱི་རོལ་ན་མཆོད་པའི་ས་ལ་པདྨ་བུམ་སོགས་མཆོད་རྫས་དུ་མས་གང་བ། གཞལ་ཡས་ཁང་གི་ས་གཞི་དང་ཐོག་གི་དབུས་སྔོན་པོ། ཤར་དང་མེ་ནག་པོ། ལྷོ་དང་བདེན་བྲལ་དམར་པོ། བྱང་དང་དབང་ལྡན་དཀར་པོ། ནུབ་དང་རླུང་སེར་པོ། ཕྱི་ནས་ས་ཆུ་མེ་རླུང་གི་ཁོར་ཡུག་བཞིས་བསྐོར་བའི་སའི་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སུ་ཨཱཿ་ལས་ཟླ་བའི་དཀྱིལ་འཁོར་དང་། བདེན་བྲལ་གྱི་མཚམས་སུ་ཨཱཿ ལས་ཉི་མའི་དཀྱིལ་འཁོར་རམ། མེ་དང་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ་ནི། ཤར་དུ་མདུང་གི་འབིགས་པ། མེར་ལྷག་མ་ཅན། ལྷོར་རོ་སྲེགས་པ། བདེན་བྲལ་དུ་དྲག་པོའི་གཡུལ། བྱང་དུ་རུལ་བར་གྱུར་པ། དབང་ལྡན་དུ་བྱིས་པ་ཤི་བ། ནུབ་ཏུ་རྣག་གི་དྲི་ཅན། ནུབ་བྱང་དུ་སྦྲུལ་གྱི་ཟོས་པ་རེ་བརྒྱད་མཚན་དང་པོ་དང་དེ་དག་གི་བར་བར་དུ་དུར་ཁྲོད་གཞན་བརྒྱད་དེ་རླུང་གཡས་སུ་ཀང་ཀ་ལེ་དང་། གཡོན་དུ་ཀོལ་དྷ་ལ། དབང་ལྡན་གྱི་གཡོན་དུ་ཧ་ཧ་སྒྲོག་པ་དང་། གཡས་སུ་དྲག་ཏུ་རྒོད་པ། བདེན་བྲལ་གྱི་གཡོན་དུ་དྲག་པོའི་སྒྲ་གཅན་དང་། གཡོན་དུ་ཕོ་ཊ་ཀ་ར་དང་། མེའི་གཡས་སུ་འཇིགས་རུང་དང་། གཡོན་དུ་འཇིགས་པར་བྱེད་པ་ནི་བརྒྱད་མཚན་གཉིས་པ་སྟེ། དུར་ཁྲོད་ཆེན་པོ་བཅུ་དྲུག་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་བསྐོར་བ་ནམ་མཁའི་ཁོར་ཡུག་ལ་རྡོ་རྗེའི་ར་བ་དང་། དེའི་ཕྱི་རོལ་དུ་འོད་ཟེར་འབར་བས་བསྐོར་བར་བསམ་མོ། །ས་འཁོར་གསེང་བའི་ཕྱེད་དག་པ། །རྒ་ཤི་གཞུ་ཁྱིམ་འགག་པ་ལས། དྲི་མ་མེད་པ་ལ་བསྟུད་པའི། །སྐྱེ་རིམ་རབ་ཏུ་དགའ་བའི་ས། །འདོད་གཟུགས་ཛ་ལེནྡྷཾ་ར་དང་། །གང་བའི་རི་དང་ཨོ་རྒྱན་རྣམས། །ཤར་ལ་སོགས་པའི་རྩིབས་བཞིའོ། །ས་དཔྱིལ་གསང་གནས་ཕྱེད་གཞན་ལ། །སྐྱེ་བ་སྡིག་ཁྱིམ་འགག་པ་ལས། །དྲི་མེད་པ་ལ་བསྟུད་པའི་རིམ། །གོ་དཱ་ཝ་རཱི་དགའ་དབང་ཕྱུག །ལྷ་མེའི་མཁར་དང་མཱ་ལ་བ། །རླུང་སོགས་རྩིབས་ལ་རིམ་པས་ཏེ། །དེ་ལྟར་ཡེ་ཤེས་འཁོར་ལོའོ། །ཆུ་དཀྱིལ་ལྟེ་བའི་ཕྱེད་དང་པོ། །སྲིད་པ་སྲང་གི་དུས་སྦྱོར་དག །སྐྱེ་བའི་རིམ་པ་འོད་བྱེད་པ། ཨརྦུ་ཏ་དང་མུམྨུ་ནི། །ཨོ་ཏྲེ་བྱེད་པའི་པ་ཊ་ཀཾ །ཤར་ལ་སོགས་པའི་རྩིབས་བཞི་སྟེ། །ཆུ་འཁོར་ལྟེ་བའི་ཕྱེད་ཕྱི་མ། །ལེན་པ་བུ་མོ་རྣམ་དག་པ། །འོད་འཕྲོས་ས་ལ་སྡུད་རིམ་སྟེ། །ཕུར་གསུམ་ལས་ཀྱི་པཱ་ཊ་ཀྃ །ཀོ་ས་ལ་དང་ལཱ་ཌ་ནི། །རླུང་ཕྱོགས་ལ་སོགས་རྩིབས་བཞི་སྟེ། །དེ་ལྟར་ས་ཡི་འཁོར་ལོའོ། །ཆུ་འཁོར་སྙིང་གི་ཕྱེད་ཕྱི་མ། །སྲེད་པ་སེང་གེའི་ཁྱིམ་འགག་པ། །སྐྱེ་བའི་རིམ་པ་སྦྱངས་དཀའི་ས། །ཀ་ལི་ཧ་རི་ཀེ་ལ་དང་། །ཟླ་བའི་གླིང་དང་ལམྦ་ཀ །ཤར་ལ་སོགས་པའི་རྩིབས་བཞིའོ། །ཆུ་དཀྱིལ་སྙིང་གི་ཕྱེད་དག་པ། །ཚོར་བ་ཀཪྐ་ཁྱིམ་གཞན་ནི། །མངོན་གྱུར་པ་ལ་བསྡུད་པའི་རིམ། །པཉྩའི་ཡུལ་དང་ཀོང་ཀ་ན། །ཧི་མ་ལ་ཡ་བལ་པོའི་ཡུལ། །རླུང་ལ་སོགས་པའི་རྩིབས་བཞི་སྟེ། །ཆུའི་འཁོར་ལོ་ཞེས་བྱའོ། །མེ་དཀྱིལ་མགྲིན་པའི་འཁོར་ལོ་ཕྱེད། །རེག་པ་འཁྲིག་ཁྱིམ་འགག་པ་ལས། །སྐྱེ་རིམ་རིང་དུ་སོང་བའི་ས། །མཱ་ཏྲཾ་གྲི་ཧ་པྲ་མཱ་ག །ཀོ་ལ་གི་རི་ཁྱིམ་གྱི་ལྷ། །དབང་པོ་ལ་སོགས་རྩིབས་བཞི་སྟེ། །མེ་དཀྱིལ་མགྲིན་པའི་ཕྱེད་གཞན་ལ། །སྐྱེ་མཆེད་དྲུག་དང་གླང་ཁྱིམ་འགག །མི་གཡོའི་ས་ལ་བདུད་རིམ་སྟེ། །སཽ་རཥྚ་དང་ཁ་ཆེའི་ཡུལ། །གསེར་གླིང་སིངྷ་ལ་རྣམས་ནི། །གཡོ་བ་ལ་སོགས་རྩིབས་བཞི་སྟེ། །མེ་ཡི་འཁོར་ལོ་ཞེས་བྱའོ། །མེ་དཀྱིལ་དཔྲལ་བའི་ཕྱེད་དག་པ། །མིང་གཟུགས་ལུག་ཁྱིམ་འགགས་པ་སྟེ། །སྐྱེ་རིམ་ལེགས་པའི་བློ་གྲོས་ས། །ན་ག་ར་དང་དབང་ཆེན་དྲག །སིནྡྷུ་ཀི་རཱན་ཏ་ཡི་ཡུལ། །ཤར་ཕྱོགས་ལ་སོགས་རྩིབས་བཞི་སྟེ། །རླུང་དཀྱིལ་དཔྲལ་བའི་ཕྱེད་ཕྱི་མ། །རྟེན་འབྲེལ་ཉ་ཁྱིམ་འགག་པ་སྟེ། །ཆོས་ཀྱི་སྤྲིན་ཆེན་སྡུད་པའི་རིམ། །མ་རུའི་ཡུལ་དང་ཀ་ཧ་ར། །ཀུ་ལུ་ཏ་དང་མཱ་ཧཱ་མ་ལ། །རླུང་སོགས་རྩིབས་ལ་རིམ་པ་བཞིན། །རླུང་གི་འཁོར་ལོ་ཞེས་བྱའོ། །རླུང་དཀྱིལ་གཙུག་ཏོར་འཁོར་ལོའི་ཕྱེད། །འདུ་བྱེད་བུམ་པའི་ཁྱིམ་འགགས་པ། །སྐྱེ་བའི་རིམ་པ་ཀུན་ཏུ་འོད། །ཙ་རི་ཏྲ་དང་ཀེ་ལ་ར། །བྷིནྡྷ་གཞོན་ནུ་མ་གྲོང་རྣམས། །ཤར་ལ་སོགས་པའི་རྩིབས་བཞིའོ། །རླུང་དཀྱིལ་གཙུག་ཏོར་ཕྱེད་ཕྱེ་མ། །མ་རིག་ཆུ་སྲིན་འགགས་པ་ནི། །བཅུ་གཉིས་པ་སྟེ་བསྡུད་པའི་རིམ། །རྡུལ་བྲལ་དང་ནི་ཀོང་ཀ་ན། །གྲོང་གསུམ་ཤྲཱི་ཧཊྚ་ཀ །ནུབ་བྱང་ལ་སོགས་རྩིབས་བཞི་སྟེ། །ནམ་མཁའ་འཁོར་ལོ་ཞེས་བྱའོ། །འདི་རྣམས་དག་སྦྱོར་གྱི་དོན་གལ་ཆེན་ཡིན་པས་གོ་ཞིང་ཤེས་ནས་བསྒོམ་པ་གལ་ཆེའོ། །གཉིས་པ་ལ། གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་སྐྱེད་པ་དང་། དེའི་མངལ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲོ་བ་དང་། སྤྲོས་པའི་དཀྱིལ་འཁོར་དུ་སེམས་ཅན་ལ་སྙིང་རྗེའི་དབང་བསྐུར་སྦྱིན་པ་དང་། ཤིན་ཏུ་རྣམ་པར་དག་པའི་ང་རྒྱལ་བཟུང་བ་དང་བཞིའི་དང་པོ་ནི། དབུས་སུ་ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཡར་ངོའི་ཚེས་གཅིག་གི་ཆ་ལ་སོགས་པ་རྣམས། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། ཨཾ་རྣམས་གཡོན་བསྐོར། མང་ངོའི་ཚེས་གཅིག་ལ་སོགས་པ་རྣམས། ལཱ་ཝཱ་རཱ་ཡཱ་ནཱ། ཨལ་ཨཽ་ཨཱར་ཨྀ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཨཱཿ རྣམས་གཡས་བསྐོར། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་རྣམས་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དེས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་གཡས་བསྐོར་གྱིས། ལླ་ཝྺ་ཡྻ་ཌྜ་ཌྷྜྷ་ལླ་ཝྺ་ཪྼ་ཡྻ་ཧྷ། སྶ་ཀྤྐྤ་ཤྴཐྐྠྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྡྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ་། གཡོན་བསྐོར་གྱིས་ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ་རྣམས་དཔེ་བྱད་བརྒྱད་ཅུའི་ངོ་བོ་རྣམས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་ཧཱུྃ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེ་གསུམ་གཅིག་ཏུ་འདྲེས་པ་སྲོག་གི་རླུང་ཧི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དབྱངས་རྣམས་ཀྱིས་ཐིག་ལེ་གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ། རྣམ་ཤེས་གཞོམ་མེད་ཀྱི་ཧ་ཡིག་སྲོག་གི་ཨ་ཡིག་རྣམས་གཅིག་ཏུ་འདྲེས་པས་ཧཾ་འགྲུབ་པ་བཞིན་ཡེ་ཤེས་སྔ་མ་བཞི་གཅིག་ཏུ་འདྲེས་པ་ལས་སྐུའི་ཆ་ཤས་ཡོངས་སུ་རྫོགས་པ་རྣམ་ཤེས་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བཅོན་ལྡན་འདས་དུས་ཀྱི་འཁོར་ལོ་དཔལ་མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་མཛད་འཇིག་པར་བྱེད་པ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ། དབུས་ཀྱི་མགྲིན་པ་སྔོན་པོ། གཡས་པ་དམར་པོ། གཡོན་པ་དཀར་པོ་སྟེ་མགྲིན་པ་གསུམ་དང་ལྡན་པ། རྩ་ཞལ་ནག་པོ། གཡས་ཞལ་དམར་པོ། རྒྱབ་ཞལ་སེར་པོ། གཡོན་ཞལ་དཀར་པོ། ཞལ་རེ་རེ་ཡང་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། སྤྱན་གསུམ་གསུམ་དམར་སེར་དུ་འདུག་པ། སྨ་ར། སྨིན་མ་དམར་སེར་འབར་ཞིང་། དབུ་སྐྲ་དམར་སེར་རལ་པའི་ཅོད་པཎ་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེ་ནོར་བུ་དང་། རྡོ་རྗེ་སྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུབ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་དར་དཔྱང་དང་། རྡོ་རྗེའི་ཕྲེང་བ་སྟེ། རྡོ་རྗེའི་རྒྱན་ཆ་ཅན། གཡས་གཡོན་གྱི་ཕྲག་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། ཕྲག་པ་དྲུག དཔུང་པ་བཅུ་གཉིས། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། ཕྱག་ལྷག་མ་གཉིས་གཡས་ནག་གཡོན་སེར་བ། ཕྱག་རྣམས་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེ་ཆུང་ལྗང་ཁུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་འཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ། གཉིས་པར་རལ་གྲི། གསུམ་པ་རྩེ་གསུམ། བཞི་པ་གྲི་གུག དམར་པོ་བཞིའི་དང་པོར་མེའི་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌཱ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང་། གསུམ་པར་དབྱུག་པ། བཞི་པར་དགྲ་སྟྭའོ། །གཡོན་གྱི་ནག་པོ་བཞིའི་དང་པོར་རྡོ་རྗེ་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁ་ཊྭཱཾ་ག་རྣམ་པར་རྒྱས་པ། བཞི་པ་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེ་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ། དཀར་པོ་བཞིའི་དང་པོར་དུང་། གཉིས་པ་མེ་ལོང་། གསུམ་པར་རྡོ་རྗེ་ལྕགས་སྒྲོག བཞི་པར་ཚངས་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ལྷག་པའི་ཕྱག་གཉིས་ཀྱི་གླང་པོ་ཆེའི་པགས་པ་རློན་པ་ཁྲག་འཛག་པ་མགོ་བོ་གཡས་སུ་བསྟན་ཏེ་གྱོན་པའི་རྐང་ལག་གཡོན་པ་གཉིས་ནས་ཕྱག་ཐ་མ་གཉིས་ཀྱིས་བཟུང་སྟེ། འཆི་བདག་བདུད་ཀྱི་མགོ་བོ་དང་ལྷག་མ་ཡིན་གྱི་ཐོད་པ་ཁྲག་གིས་གང་བ་དང་ལྷན་ཅིག་པར་སྡིག་མཛུབ་དང་བཅས་ཏེ་འཛིན་པ་ཡན་ལག་ཐམས་ཅད་ལ་ཐལ་བ་དང་། སྐུ་སྐེད་སྟག་གི་པགས་པས་དཀྲིས་པ། ཕྲག་པར་བདུད་རིགས་བརྒྱ་ཡི་མགོ་བོའི་འཕྲེང་བ་འཕྱང་བ། དབུ་རེ་རེ་ལ་ཐོད་པ་རྫོགས་པ་ཁ་དོག་ལྔ་ཡི་ཕྲེང་བ་ཅན། ཀླུ་རྒྱལ་ལྗང་ཁུ་རལ་པའི་གཡོན་དང་གཡས་ཀྱི་རྣ་བ་དག་ལ་བརྒྱན་པ། ནོར་རྒྱལ་དང་དུང་སྐྱོང་དམར་པོ་དག་གི་གཡོན་དང་གཡས་པའི་ལག་གདུབ་བྱས་པ། མཐའ་ཡས་དང་རིགས་ལྡན་དཀར་པོ་དག་གིས་སྐ་རགས་དང་མགུལ་པ་བརྒྱན་པ། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་དག་གིས་གཡོན་དང་གཡས་པའི་རྐང་གདུབ་བྱས་པ། ཟླ་ཉི་དང་སྒྲ་གཅན་གྱི་སྟེང་དུ་ཤིན་ཏུ་རྣམ་པར་རོལ་པའི་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོའི་འོག་ཏུ་འདོད་ལྷ་དམར་པོ་གདོང་གཅིག་ལག་པ་བཞི་པ། ལག་ན་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་དཀར་པོའི་འོག་ཏུ་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞི་པ། རྩ་གསུམ་དང་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་ཨུ་མས་ཞབས་ཀྱི་མཐིལ་ལ་འཛིན་ཞིང་གདོང་དམན་པར་བྱས་བཞིན་པར་བསམ་མོ། །ཨོཾ་ཧྃ་ཧ། བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པ་ད་ཡོར་བཛྲ་ནཱུ་པ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་བཾ་པཉྩ་ཨཱ་ཀཱ་ར་མ་ཧཱ་ཤུ་ནྱ་སྭ་བྷཱ་ཝ་བཛྲ་ཤི་རོ་མ་ཎི་ཤི་ར་སི་སརྦྦ་ཨཾ་གེ་བྷསྨ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨོཾ་ཨདྷ་བཱ་རཱི་ཤྭ་ར་བཛྲ་ཨདྡྷ་ཙནྡྷ་བཛྲ་པཊྚ་ཨུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་ཨཱཿ ཨཾ་སརྦྦ་སྭ་ར་ཨེ་ཀ་ཏྲི་སྭ་ར་སྭ་བྷ་ཝ་བཛྲ་ཡ་ཛྙོ་ས་བཱི་ཏ་སྐནྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧཾ་ཀྵཿ ཏྲིཾ་ཤད་སྭ་ར་སསྟ་ཏི་ཧྲ་སྭ་དཱིརྒྷ་བྷཉྩ་ན་སྭ་བྷཱ་བཻད་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷོར་མུཎྜ་མཱ་ལ་སྐནྡྷ་ཨཱ་བ་ལཾ་བྷི་ནི་སྐནྡྷེཝ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧི་ཧྲི་ཧུ་ཧླྀ་པཉྩ་སྐནྡྷ་བི་ཤུདྡྷ་སྭཱ་བྷ་ཝ་ཤི་ར་སི་ཀ་པཱ་ལ་མཱ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀྵཿ ཀྲོ་དྷ་བཛྲ་ཧཱུྃ་ཕཊ་ཨོཾ་ཀྵྼཿ བཛྲ་ཨཾ་གུ་ཤུ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་ཀརྟ་རི་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་བཱ་ཎ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་ཨཾ་གུ་ཤ་ཧཱུ་ཕཊ། ཨོཾ་ཀྵྼཿ བཛྲ་ཌ་མ་རུ་ཀ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་མུངྒ་ར་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་ཙཀྲ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་ཀུན་ཏ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་དཎྜ་ཧཱུྃ་ཕཊ། ཨོཾ་ཀྵྼཿ བཛྲ་པཪྴུ་ཧཱུྃ་ཕཊ། ཨོཾ་ཧྭཱྃ་བཛྲ་གནྜེ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་ཙཱ་པ་ཧོ། ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་པཱ་ཤ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་རཏྣ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་པདྨ་ཧོཿ ཕྲེྃ་ཕཊ། ཨོཾ་ཧྭཱྃ་བཛྲ་ཤྃ་ཁ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་ཨཱདཪྴ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་ཤྲི་ཁ་ལེ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱྃ་བཛྲ་ཙ་དུར་བེ་ད་སྭཱ་བྷཱ་ཝ་བྷྲཧྨ་ཤི་རཾ་ཧོཿ ཕྲེཾ་ཕཊ། ཨོཾ་ཀྵ་ཀྵཱ་ཀྵཱི་ཀྵཱི་ཀྵྼྀ་ཀྵྼྀཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾཿཀྵཿ ཧ་ཧཱ་ཧི་ཧཱིཿཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་བིགྷྣ་བི་དཱ་རི་ཏ་ག་ཛ་ཙརྨ་པ་ཊ་ཨཏྟྲ་རཀྟ་ཤྲ་བ་ཏ་ཧཱུྃ་ཕྲེཾ། ཨོཾ་ཧཱུྃ་བཛྲ་ཛ་ཡ་ནཱ་ག་ཨིནྡྲ་བཛྲ་ཛ་ཊཱ་མུ་ཀུ་ཊ་བྷནྡྷེ་ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀྵཱུཾ་བཛྲ་བི་ཛ་ཡ་ཨིནྡྲ་བཛྲ་པཊྚ་བྷ་ནྡྷེ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྻྃ་ཧྻྃ་བཛྲ་ཀརྐོ་ཊ་ཀ་བཛྲ་པདྨོ་བཱ་མ་དཱཀྵི་ཎ་ཀུཎྜལ་ཡོཿ ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྲཾ་ཧྲཾ་བཛྲ་བཱ་སུ་ཀི་ཤཾ་ཁ་པཱ་ལཽ་བ་མ་དཀྵི་ཎ་རུ་ཙ་ཀ་ཡོཿ ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྭཾ་ཧྭཱཾ་བཛྲ་ཨ་ནན་ཏ་ཀུ་ལི་ཀཽ་མོ་ཁ་ལཱ་ཀཎྛི་ཀ་ཡོཿ ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧྻྃ་ཧྻྃ་བཛྲ་རཀྵ་ཀ་ད་མ་ཧཱ་པདྨོ་བཱ་མ་དཀྵི་ཎ་པ་དཱ་ན་སུ་ར་ཡོཿ ཏིཥྛ་ཏིཥྛ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ཡང་སྡོམ་ཆེན་གྱི་གཙོ་བོ་འདི་ནི་ཁ་ཅིག་གི་ཁྲོ་བོ་རྡོ་རྗེ་ཤུགས་ཡིན་པར་འདོད་ཅིང་། དེ་ལ་ཕྱག་རྒྱ་རྒྱན་བཀོད་ཀྱི་སྔགས་མི་བཞེད་ན་སོགས་ནི་མི་ལེགས་ཏེ། དེ་ཡི་འཁྲུལ་གཞི་འབྱུང་བའི་རྒྱུ་ནི་སེ་མོའི་ཚིགས་བཅད་སོ་ལྔ་པའི་འགྲེལ་པར། གཉིས་བརྟག་རྒྱལ་བའི་ཕྱག་སྟེ་སྔར་གསུང་པའི་རྡོ་རྗེ་ཤུགས་སོ། །ཞེས་ཕྱག་དང་ཕྱག་མཚན་དེར་ཁ་འཕང་བར་རྟེན་ལྷ་ཡི་ངོ་བོ་དེར་འཁྲུལ་པ་སྟེ། ལྷ་ཡི་ངོ་བོ་ནི། ལེའུ་དེའི་ཚིགས་བཅད་ནི་དགུ་པའི་འགྲེལ་པར། དབུས་སུ་རྡོ་རྗེ་མཁའ་འགྲོ་མ་དང་བཅོམ་ལྡན་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་གཙོ་བོ་སྟེ་ཞེས་བསྟན་ན་རྡོ་རྗེ་ཤུགས་སུ་འདོད་པ་དེས་མཉམ་བཞག དེས་ན་དུས་འཁོར་ཕྱག་སྙེད་དྲུག་པ་དང་སྡོམ་ཆེན་གཙོ་བོ་གཉིས་ཐ་དད་པ་མ་ཡིན་ལ། འོན་ཀྱང་སྡོམ་ཆེན་གཙོ་བོ་ཧེ་རུ་ཀའོ། །ཧེ་རུ་ཀ་རིགས་དྲུག་མ་འདུས་འཁོར་རྡོ་རྗེ་འཇིགས་བྱེད་དུ་གྲགས་པ་དེ་ཡིན་པས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡིན་གྱིས། རྡོ་རྗེ་ཤུགས་ནི་མི་བསྐྱོད་ཧེ་རུ་ཀའོ། །དེ་ཡང་ཧེ་རུ་ཀ་ཁོ་ནའི་དབང་དུ་མི་སྤྱོད་པ་རིགས་གཙོ་བོར་བཞག་ཀྱང་། དུས་འཁོར་དཀྱིལ་འཁོར་བདག་པོའི་རིགས་ཀྱི་གཙོ་བོ་ནི་རྒྱལ་བ་ཐམས་ཅད་བསྐྱེད་མཛད་དེ་རྡོ་རྗེ་སེམས་དཔའ་ཡིན་པས་ཧེ་རུ་ཀ་ཡང་དེ་གཙོ་བོར་བཟུང་ངོ་། །ངེས་པའི་དོན་དུ་ནི་དུས་འཁོར་སྣ་ཚོགས་གཙོ་བོ་དང་རྡོ་རྗེ་འཇིགས་བྱེད་རྡོ་རྗེ་ཤུགས་རྣམས་ངོ་བོ་ཐ་དད་གཏན་ནས་ག་ལ་ཡོད། སྤྱིར་ཡང་ཡེ་ཤེས་ལྷ་ལ་གཉིས་སྣང་གི་དབྱེ་བ་མེད་ཀྱང་། གདུལ་བྱ་ལ་དགོངས་ཏེ་རྣམ་གྲངས་ལྟར་བསྟན་པ་ནི་དེ་ལྟར་གོ་དགོས་ལ། དེ་ཡང་མ་ཟད་དཀྱིལ་འཁོར་གྱི་ལྷ་གཤེགས་ཁྲོ་སེམས་གསུམ་དུ་དབྱེ་བ་ལས་འདུས་འཁོར་རྡོ་རྗེ་འཇིགས་མཛད་ནི་དེ་བཞིན་གཤེགས་པ་ཡིན་ཅིང་། རྡོ་རྗེ་ཤུགས་ཀྱི་དངོས་བསྟན་ནི་ཁྲོ་བོའི་དབང་པོ་སྟེ། དེ་ཚེ་སྡོམ་ཆེན་སྐུ་ཡི་རྣམ་འགྱུར་ཡང་། རྣལ་འབྱོར་ཤུགས་ལྟར་སྦོམ་སྦོམ་ཐུང་རལ་པ་གྱེན་རྫེས་སོགས་མ་ཡིན་པར། དེ་བཞིན་གཤེགས་པ་ཉིད་གྲོམ་པའི་ཉམས་ཅན་ཏེ། དུས་འཁོར་ཕྱག་ཉེར་དྲུག་དང་མཐུན་པ་ལས། དུས་འཁོར་རྡོ་རྗེ་འཇིགས་བྱེད་ནི་དེ་དང་མི་འདྲ་བའི་ཆོས། ཞལ་གྱི་ཉམས་ཐ་དད་མ་ཡིན་པར་བཞི་ཆར་གཅིག་ཏུ་ཁྲོས་ཤིང་། སྨ་སྨིན་ཐོར་ལྕོག་རྣམས་ཁ་དོག་དམར་སེར་བྱེད་པའོ། །ཡང་དམ་པ་ཁ་ཅིག་གི་ཚུལ་དེ་ལ་དགོངས་ནས་དུས་འཁོར་ཆོས་དབྱིངས་གསུང་དབང་གི་བསྒྲུབ་ཐབས་སུ་རྣལ་འབྱོར་ཤུགས་ཀྱི་སྲུང་འཁོར་ཆོ་ག་གྲུབ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཡང་བྱས་ཏེ་བསྒྲུབ་ཐབས་དངོས་ལ་འཇུག་པར་གསུང་མོད། དེ་ནི་དབང་ལེའི་ཚིགས་བཅད་སོ་ལྔ་པའི་འགྲེལ་པར། དེ་ནས་བདུད་དང་བགེགས་ཀྱིས་ཉེ་བར་འཚེ་བ་ཞི་བར་བྱ་བའི་སླད་དུ་བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་ལ་དམིགས་པར་བྱ་སྟེ། ཞེས་པ་སོགས་གསུང་བ་ལ་དགོངས་ཡང་། འགྲེལ་ཚིག་ཚིག་འབྲུ་གནོན་ལགས་དབང་གིས་དེ་ལྟར་མཛད་པ་དང་། མ་མཛད་པ་ལ་ལྷག་པ་དང་ཆད་པའི་སྐྱོན་གཉིས་ཀ་མེད་པ་ནི་ཁོ་བོའི་རྣམ་རྟོག་གོ །དེ་བཞིན་རྒྱན་དང་ཕྱག་མཚན་སྔགས་ཀྱི་བཀོད་པ་ནི། དུས་འཁོར་ཕྱག་ཉེར་དྲུག་པ་དང་རྡོ་རྗེ་འཇིགས་བྱེད་ལ་ལྷག་པར་བསྔགས་པའི་ཁྱད་ཆོས་ཡིན་ན། སྡོམ་པ་ཆེན་པོའི་ཆོ་ག་རྒྱས་པར་དཀྱིལ་འཁོར་རྒྱས་མཆོག་དང་ལས་རྒྱས་མཆོག་གཉིས་ཀར་དགོས་ལ། བསྡུས་ན་གང་རིགས་རེ་རེ་ལ་མ་ཆད་པས་རུང་ཞིང་། གཏན་ནས་མ་བྱས་ན་ཁྱད་ཆོས་ཀྱི་ཆོ་ག་ཉམས་པས་མི་རུང་ངོ་། །དེར་ཡང་མ་ཟད་སྣ་ཚོགས་གཙོ་བོ་ལ་ཡང་གླང་ལྤགས་དང་སྦྲུལ་རྒྱན་བོར་བའི་ཕྱག་རྒྱ་བརྒྱན་བཀོད་གཞན་བྱས་ན་ལེགས་ཞེས་དམ་པ་མཆོག་གི་བཞེད་བཞིན་དེ་ནི་ཕན་ཡོན་ལྷག་པོ་ཐོབ་པ་ལས་ཆོ་ག་ལྷག་པའི་སྐྱོན་ནི་ནམ་ཡང་མ་མཐོང་ངོ་། །དེ་ལ་མདུན་ནས་འཁྱུད་པའི་བཅོམ་ལྡན་མ་སྣ་ཚོགས་ཡུམ་རྡོ་རྗེ་མཁའ་འགྲོ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་བཅས་པའི་སྡིག་མཛུབ་དང་གཡོན་ཐོད་པ་ཁྲག་གི་གང་བ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཕྱག་རྒྱ་ལྔས་བརྒྱན་པ། དཔྲལ་བ་དང་། མགྲིན་པ་དང་། སྙན་དང་། སྐེ་རྒྱན་དང་། ཞབས་གདུབ་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་། ཐོད་པའི་དུམ་བུ་མགོ་ལྤགས་དང་། ཐོད་པ་སྐམ་པོའི་དབུ་བརྒྱན་དང་། དོ་ཤལ་གྱི་མཛེས་པ་གཡོན་བརྐྱང་གི་སྟབས་ཀྱིས་བཅོམ་ལྡན་དང་སྙོམས་པར་འཇུག་པས་གནས་པ། གཙང་བོ་གདན་གྱི་པདྨ་འདབ་མ་བཅུ་དྲུག་པའི་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་པ་ལ་ཤར་དུ་ནག་མོ་འབར་མ། །ལྷོར་དམར་མོ་འབར་མ། བྱང་དུ་དཀར་མོ་འབར་མ། ནུབ་ཏུ་སེར་མོ་འབར་མ། མེར་དུ་བ་མ། བདེན་བྲལ་དུ་སྨིག་སྒྱུ་མ། དབང་ལྡན་དུ་མེ་ཁྱེར་མ། རླུང་དུ་མར་མེ་མ་སྟེ་རྡོ་རྗེ་མཁའ་འགྲོ་མ་བརྒྱད་དོ། ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐྲ་གྲོལ་བ། ཕྱག་གཡས་ཅུང་ཟད་སྟེང་ཕྱོགས་སུ་བསྐྱོད་པའི་ཌཱ་མ་རུ་འཁྲོལ་ཞིང་། གཡོན་ཁ་ཊྭཱཾ་ག་ཐུགས་ཀར་འཛིན་པ། ཕྱག་བརྒྱ་ལྔ་དང་། དུམ་བུའི་སྐེ་རགས་དང་དྲིལ་བུ་གཡེར་ཁའི་ཚོགས་དང་། མགོ་བོའི་ཕྲེང་བས་བརྒྱན་པ་བཅོམ་ལྡན་མ་དང་མཚུངས་ཞིང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེ་དག་གི་བར་བར་གྱི་འདབ་མ་རྣམས་སུ་ཐོད་པ་བདུད་རྩིས་གང་བ་བརྒྱད་དེ། ཤར་དུ་རྐང་འགགས་པའི་ཐོད་པ་གཉིས་དང་། ལྷོར་ཁྲག་གི་འགགས་པའི་ཐོད་པ་གཉིས་དང་། བྱང་དུ་ལྕི་བས་འགགས་པའི་ཐོད་པ་གཉིས་དང་། ནུབ་ཏུ་བཤང་བ་འགགས་པའི་ཐོད་པ་གཉིས་ཏེ། བདུད་རྩིས་གང་བའི་ཐོད་པ་བརྒྱད་ཡང་དག་པར་གནས་པར་གྱུར་པས་ཏེ། དེ་དག་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་གྱི་འཇིག་རྟེན་དང་པོའི་སངས་རྒྱས་བསྟན་པར་བྱ་བའི་སྣོད་དུ་མངོན་པར་གཟིགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤིན་ཏུ་དགའ་བའི་དགྲ་ཡིས་རང་གི་ལུས་ལ་མི་བསྐྱོད་པ་ལ་སོགས་པའི་རྒྱལ་བའི་ཚོགས་རྣམས་དང་། ནམ་མཁའ་ལ་སོགས་པ་ཁམས་ཀྱི་ཚོགས་རྣམས་དང་། སྐྱེས་བུ་དང་རིག་མ་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་གྱི་ལྷ་ཡི་རང་གི་ངོ་བོར་སྣང་བར་གྱུར་པ་རྣམས་བཞུགས་པར་བྱ་སྟེ་སླར་ཡང་དེ་དག་གིས་རང་གི་ལུས་ལ་སྤྲོས་ནས་སྣ་ཚོགས་ཡུམ་གྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་སྤྲོས་ནས་སླར་ཡང་ཁམས་རྣམས་དང་བཅས་པའི་དེ་བཞིན་གཤེགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་རྣམས་རང་གི་ལུས་ལ་བཞུགས་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཟླ་བའི་རང་བཞིན་དུ་ཞུ་བར་གྱུར་པ་རྣམས་རང་གི་རིགས་མའི་པདྨའི་ནང་དུ་རང་གི་རྡོ་རྗེ་ནས་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་མཚན་ཉིད་མི་བསྐྱོད་པས་གཙོ་བྱས་པ་བསྒོམ་མོ། །དཀྱིལ་འཁོར་ལྷག་པའི་བདག་པོ་མི་སྐྱོད་པ་ལྗང་དམར་དཀར་བའི་ཞལ་ཅན་ཕྱག་གཡས་ན་རྡོ་རྗེ་དང་། གྲི་གུག དགྲ་སྟྭ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་། ཚངས་མགོ་འཛིན་པ་ལ་ཤེར་ཕྱིན་མ་སྔོན་མོ་རྡོ་རྗེ་སེམས་དཔའ་འདྲ་བས་འཁྱུད་པ་དང་། རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་སྔོ་དམར་དཀར་བའི་ཞལ་ཅན་ཕྱག་གཡས་ན་རྡོ་རྗེ་དང་། གྲི་གུག་དང་། དགྲ་སྟྭ་དང་། གཡོན་ན་རྡོ་རྗེ་དྲིལ་བ་དང་ཐོད་པ་དང་། ཚངས་མགོ་འཛིན་པ་ལ་རྡོ་རྗེ་སེམས་དཔའ་ལྗང་ཁུ་མི་བསྐྱོད་པ་འདྲ་བས་འཁྱུད་པ་དག་བྱུང་། ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས། སླར་ཡང་རང་ཉིད་ལ་བདག་པོའི་ཚུལ་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོ་ཡབ་ལ་ཞུགས། རྡོ་རྗེ་དབྱིངས་ཕྱུག་མ་ཡབ་ཡམ་རྡོ་རྗེ་མཁའ་འགྲོ་མ་ལ་ཞུགས་པར་གྱུར། དེ་ནས་འཁོར་གྱི་རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་གསང་བའི་པདྨ་ལས་ཕྱིར་སྤྲོས་ཏེ་འཁོད་པར་གྱུར་པ་ནི། ཞེས་པ་ནས། རྟེན་གཞལ་ཡས་ཁང་ཕྱུང་ཕྱི་ཡི་གཞལ་ཡས་ཁང་ལ་ཐིམ་དབྱེར་མེད་དུ་གྱུར་པར་བསམ་གྱི་བར་འོག་ནས་འབྱུང་བ་བཞིན་གསལ་བཏབ་བོ། །འདིར་མཁས་མཆོག་ཆོས་རྗེ་བུ་སྟོན་རིན་པོ་ཆེ་གང་གི་གསུང་རྒྱུན་དུས་འཁོར་ལྷན་ཐབས་ཟིན་བྲིས་ལས། དུས་འཁོར་རྒྱལ་མཆོག་གི་སྐབས་ཀྱི་ལྷ་ཚོགས་བསྐྱེད་ཚུལ་མང་དུ་བྱུང་ཡང་། སྔགས་བླ་མེད་ཀྱི་སྤྱི་ལུགས་ཐིག་ལེ་བསྐྱེད་པ་འཐད་པ་དང་། གཞལ་ཡས་ཁང་མཁའ་སྤྲོ་བྱེད་པ་བུ་སྟོན་ཆེན་པོའི་གསུང་ལས་ཤིན་ཏུ་གསལ་ཡང་ཟིན་བྲིས་མཁན་གཞན་གྱིས་མ་ཤེས་སོ་ཞེས་སྨྲ་བར་མཛད་ཀྱང་། གཞན་ཡང་མཁའ་སྤྲོ་དུས་འཁོར་མཁན་མཁས་པ་མང་པོས་མ་བྱས་ཤིང་བུ་སྟོན་ཆེན་པོའི་བཞེད་པ་ཡིན་མིན་ཡང་བརྟག་དགོས་ལ། དུས་འཁོར་སྒྲུབ་གཞུང་སྐབས་འདིའི་ཚིག་རྣམས་ཀྱི་སྒྲུབ་མེ་ཚིགས་བཅད་བཅུ་དགུ་པའི་འགྲེལ་པ་སོར་བཞག་དུ་སྣང་བ་རྒྱུད་འགྲེལ་ཚིག་འོངས་པ་བླགས་ལུགས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལྷ་ཐིག་ལེ་ཁོ་ནས་བསྐྱེད་པ་དང་གཞལ་ཡས་ཁང་མཁའ་སྤྲོ་འབའ་ཞིག་ཡིན་ཡང་དེ་བཞན་གྱི་མ་ཤེས་སོ་ཞེས་ཕྱོགས་གཅིག་ཏུ་འགོག་པ་ནི་ཤིན་ཏུ་མི་རུང་སྟེ། ཚིག་འདི་དག་ནི་དོན་མཁས་པ་གཞན་གྱིས་གཞན་དག་ཏུ་རྒྱ་ཆེར་བཀྲལ་བ་དག་ཡོད་པས་སོ། །འོན་ཀྱང་བྱང་ཆུབ་སེམས་ཟླ་བའི་རང་བཞིན་དུ་གྱུར་པ་ཞེས་དང་། དེ་དག་ཡོངས་སུ་གྱུར་པ་ལས་ཞེས་པའི་ཚིག་གི་ཐིག་ལེ་བསྐྱེད་པར་འབྱོར་བར་ནི་སེམས་ལ། ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་མཚན་ཉིད་ཅན་ནོ། །ཞེས་བྱུང་བར་རྟེན་གྱི་དོན་སྙོག་པ་གཞལ་ཡས་ཁང་ཡིན་པར་ལྷན་ཐབས་བྱེད་པའི་དགོངས་པར་མངོན་ལ། གཞན་ཡང་བུ་སྟོན་མཆོག་གི་སློབ་རྒྱུད་རྩེ་ཐང་གྲགས་འབྱུང་སོགས་ཁ་ཅིག་གིས་ཀྱང་དེ་ལྟར་བྱས་པས་ན། འདིར་ཡང་གཞལ་ཡས་ཁང་དང་ལྷ་ཚོགས་བསྐྱེད་ཚུལ་འདི་ལྟ་ལྷན་ཐབས་གྲགས་ཆེ་བའི་དབང་ལྟར་བཀོད་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་འཁོར་རྡོར་སེམས་ཀྱི་དབུ་རྒྱན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་བསྒོམ་སྟེ། དེ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་བཀུག་ནས་དཀྱིལ་འཁོར་དེ་ཉིད་དུ་བཅུག་པར་བསམ་པར་བྱ། དེ་ནས་རིགས་ལྔ་ཡབ་ཡུམ་རྣམས་རང་གི་སྙིང་གར་བཅུག་ནས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་རྣམས་རང་གི་གསང་བའི་རྡོ་རྗེ་ནས་སྤྲོས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་སེམས་དེས་སེམས་ཅན་དེ་དག་རྣམས་ལ་དབང་བསྒྱུར་བར་བསམ་མོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་ཞལ་གསུམ་པ་དང་ཞལ་སྣ་ཚོགས་པ་དང་ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་མཆོག་གི་དགའ་བའི་བདེ་བས་གང་བར་བསྒོམ་མོ། །དེ་ནས་དེ་རྣམས་ཀྱི་རང་གི་ལུས་ཀྱི་ཕུང་པོ་ལྔ་ཀྵ་ཀྵི་ཀྵླྀ་ཀྵུ་ཀྵླྀ་ལས་དེ་བཞིན་གཤེགས་པ་ལྔ། ཁམས་ལྔ་ཀྵ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵྼཱྀ་ལས་གཤེགས་མ་ལྔ། དབང་པོ་དྲུག་ཀྵ་ཀྵེ་ཀྵར་ཀྵོ་ཀྵར་ཀྵ་ལས་སེམས་དཔའ་དྲུག ཡུལ་དྲུག་ཀྵཱ་ཀྵྰཻ་ཀྵྰར་ཀྵྰཽ་ཀྵཱལ་ཀྵཱཿ ལས་སེམས་མ་དྲུག ལས་དབང་ལྔ་ཀྵྷ་ཀྵྻ་ཀྵྼ་ཀྵླ་ལས་ཁྲོ་བོ་ལྔ། བྱ་བ་ལྔ་ཀྵྷཱ་ཀྵྻཱ་ཀྵྼཱ་ཀྵྺ་ཀྵླ་ལས་ཁྲོ་མོ་ལྔ་སྟེ་ལྷ་སོ་གཉིས་པོ་རྣམས་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་སུ་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསྒོམ་སྟེ་རང་རང་གི་ཞིང་དུ་གཤེགས་པར་བསམ་མོ། །དེ་ནི་མདོར་བསྡུས་པས་ཏེ་རྒྱས་པར་བྱེད་ན་སེམས་ཅན་ཐམས་ཅད་རང་གི་སྙིང་ཁར་བཅུག་སྟེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ལྷ་མོའི་པདྨར་ས་བོན་རེ་རེས་ལྷ་དེ་རྣམས་སོ་སོར་རྫོགས་པར་བྱས་ནས་སྤྲོའོ། །བཞི་པ་ནི། ཨོཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣ་པར་དག་པའི་བདག་ཉིད་ཀྱིས་ང་རྒྱལ་བཟུང་ངོ་། །གཉིས་པ་ལ། ཞུ་བ་གླུས་བསྐུལ་ཏེ་བཞེངས་པ་དང་། དེའི་མངལ་ནས་དཀྱིལ་འཁོར་སྤྲོ་བ་དང་། ཡེ་ཤེས་དགུག་གཞུགས་དང་། རྒྱས་གདབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དང་། རྣམ་དག་བསྒོམ་པ་དང་དྲུག་གི་དང་པོ་ནི། དེ་ནས། དཔྲལ་བར་སྐུ་རྡོ་རྗེ་ཨོཾ། མགྲིན་པར་གསུང་རྡོ་རྗེ་ཨཱཿ སྙིང་ཁར་ཐུགས་རྡོ་རྗེ་ཧཱུྃ། གཙུག་ཏོར་དང་ལྟེ་བའི་ཨ་ཝ་དྷཱུ་ཏིའི་ནང་དུ་ཧོ་ཡིག་བཀོད་སྟེ། དེ་ནས་ཧོ་ཡིག་ཤེས་རབ་གཏུམ་མོའི་མེ་ཆགས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་རྡོ་རྗེ་ཅན་ཤེས་རབ་དང་བཅས་པ་རི་བོང་འཛིན་པ་བཞིན་དུ་ཞུ་བར་བལྟའོ། །ཤེས་རབ་དང་ལྷན་ཅིག་ཅེས་གསུང་བའི་ཕྱིར། ནུས་ལ་རྣམས་ཀྱང་གཙོ་བོའི་ཡུམ་ཡིན་པས་ཞུ་བར་བལྟའོ། །སྡོམ་ཆེན་ཆོ་ག་འདིར་རྒྱས་པར་ཞུ་བ་གླུའི་བསྐུལ་རྩ་བརྒྱུད་ནས་གསུངས་པའི་སྤྱན་མ་སོགས་བྱེད་པ་ཉིད་བཟང་ལ། ཆོ་ག་འབྲིང་མན་ཆད་བསྡུས་བརྒྱུད་ཀྱི། ལྷ་མོ་རྣམས་ཀྱིས་སོགས་ཚིག་རྐང་གཉིས་ཁོ་ནས་ཀྱང་ལེགས་མོད། དེ་ཡང་ཞུ་བ་གླུས་བསྐུལ་བར་བྱེད་པ་པོ་ལྷ་མོ་དང་ལྷ་ཡང་རུང་སྟེ། དེ་རྣམས་ནམ་མཁའ་ན་བཞུགས་པ་དང་། དཀྱིལ་འཁོར་དུ་བཀོད་པ་དང་། ཐིག་ལེ་ལས་སྤྲུལ་པ་དང་། གློ་བུར་སྐད་ཅིག་མར་སྤྲུལ་པ་དང་། ཡིད་སྣང་གི་སྒྲ་ཙམ་ལ་བརྟེན་པ་སོགས་རྒྱུད་དང་གྲུབ་པའི་མན་ངག་ཐ་དད་པས་ཅི་རིགས་འབྱུང་ཡང་། འདིར་ནི་ཕྱི་མ་གསུམ་གང་རིག་ཏུ་ངེས་པར་བྱ་དགོས་ན། སྤྱན་ལ་སོགས་སྡོམ་ཆེན་དཀྱིལ་འཁོར་དུ་དངོས་སུ་མེད་སྙམ་པའི་ལོག་རྟོག་གིས་བསླད་པར་མི་བྱ་ལ། འདིར་མ་ཟད་དུས་འཁོར་ཆོས་དབྱིངས་གསུང་དབང་རང་ལ་ཞུ་བར་གླུས་བསྐུལ་བ་པོ་ནི་བདེ་བར་གཤེགས་པའི་གདན་ལ་གནས་པའི་སྤྱན་མ་སོགས་ཀྱི་མ་ཡིན་ཅིང་སྐད་ཅིག་ཏུ་སྤྲུལ་ཚུལ་འདི་དང་འདྲ་བ་ཉིད་དོ། །དེ་ནས་ཚད་མེད་པ་བཞིན་དུ་ལྷ་མོ་འགྲོ་བའི་དོན་དུ་བསྐུལ་བ། ལྷ་མོ་རྣམས་ཀྱི་གླུ་དག་མཛད་དེ་བཅོན་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པའོ། །བདག་ཅག་བསྲུང་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱི། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མཱ་ཀི་བདུན་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་པ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་མ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་དག་ནི་ཚ་མོ་སྟེ། །རྣལ་འབྱོར་མ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱི། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་བསྐུལ་བས་སྟོང་པ་ཉིད་ལ་བཞུགས་པའི་བཅོམ་ལྡན་འདས་སད་དེ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས། ཟླ་བ་ཞུ་བ་དེ་ལས་ཧཱུྃ་ཡིག་སྔོན་པོ་དྲི་མ་མེད་པའི་འོད་ཟེར་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔལ་མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་པ་ཆེན་པོ་རྡོ་རྗེ་འཇིགས་མཛད་འཇིགས་པར་བྱེད་པ་གཞན་སྔར་དང་འདྲ་བ་མི་བསྐྱོད་པའི་ཅོད་པན་ཅན། དེ་དང་དུས་མཉམ་དུ་ཕྲེྃ་དང་། གྲི་གུག་ལས་སྣ་ཚོགས་ཡུམ་རྡོ་རྗེ་མཁའ་འགྲོ་མ་དང་། གཙོ་བོའི་གདན་གྱི་པདྨ་འདབ་མ་བཅུ་དྲུག་པའི་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་པ་དང་། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོ་རུ་ཨཾ་ཨཱཿ མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཿ རྣམས་ལས་བྱུང་བའི་ཅང་ཏིའུ་རྣམས་ཡོངས་སུ་གྱུར་པ་ལས། ནུས་མ་བརྒྱད་དང་། དེ་དག་གི་བར་བར་གྱི་འདབ་མ་རྣམས་ལ། ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ཡོངས་སུ་གྱུར་པ་ལས་ཐོད་པ་བདུད་རྩིས་གང་བ་བརྒྱད་རྣམས་དུས་གཅིག་ཏུ་བསྐྱེད་པར་བྱ་སྟེ། དུས་འཁོར་བསྒྲུབ་ལེར། ནུས་མ་དང་རྡོ་རྗེ་བཞི་ཡི་མཚན་མ་རྣམས་སྐད་ཅིག་གིས་བསྐྱེད་པར་གསུང་བ་ཉིད་དོ། །གཉིས་པ་ནི། གཙོ་བོ་ཡབ་ཡུམ་སྙོམ་པར་ཞུགས་པས་དཀྱིལ་འཁོར་ལྔའི་རང་བཞིན་གྱི་སངས་རྒྱས་ནམ་མཁར་བཞུགས་པ་རྣམས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་རང་བཞིན་གྱི་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་བཅུག་སྟེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་ཤེས་རབ་ཀྱི་པདྨར་ལྷ་སོ་སོའི་ས་བོན་གྱི་ཡི་གེའི་རྣམ་པར་གྱུར། དེ་ནས་སོ་སོའི་ཕྱག་མཚན་དུ་གྱུར། དེ་ལས་སོ་སོའི་སྐུ་ཡོངས་སུ་རྫོགས་པར་གྱུར་ཏེ་པདྨ་ནས་སྤྲོས་ལ་རང་གནས་སུ་དགོད། དེ་ལྟར་དཀྱིལ་འཁོར་སྤྲོ་བའི་གཞུང་ཚིག་འདི་རྣམས་བསྒྲུབ་ལེའུ་ཚིགས་བཅད་ལྔ་བཅུ་རྩ་གཅིག་པའི་འགྲེལ་པ་ཇི་བཞིན་དྲངས་པ་ཡིན་འདུག་ཅིང་། དེ་ལ་དམ་པ་ཁ་ཅིག་ནས་ནམ་མཁར་གནས་པའི་དཀྱིལ་འཁོར་ལྔ་བདག་རྣམས་བཞི་རང་གི་ལུས་ལ་བཅུག་སྟེ་ཞུ་ནས་སྔོན་བཞིན་ལྷ་སྐུར་བྱས་པ་རྣམས་སྔར་སྤྲོས་པའི་དཀྱིལ་འཁོར་ལྷ་བསྡུས་གནས་འགྱུར་དམ་ཚིག་པ་དེ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མཛད་དེ། ཚུལ་དེ་རྒྱུད་འགྲེལ་གྱི་དོན་ཇི་བཞིན་པར་དམིགས་སོ། །གཞན་ནི་ཕྱོགས་འདིར་དུས་འཁོར་གྱི་ཤིང་རྟ་ཆེན་པོ་བུ་དོམ་གཉིས་ཀ་དགོངས་པ་མཐུན་པར་ནམ་མཁར་བཞུགས་པའི་དཀྱིལ་འཁོར་རྣམས་གཙོ་བོའི་ཞལ་དུ་ཞུགས་པ་དང་མཚུངས་པར་དཀྱིལ་འཁོར་རྒྱས་མཆོག་གི་སྐབས་སུ་སྤྲོས་པའི་ལྷ་རྣམས་རང་གི་ལུས་ལ་བཅུག་སྟེ་སླར་སྔར་བཞིན་སྤྲོ་བར་དགོངས་ཏེ། དུས་འཁོར་བསྒྲུབ་ཐབས་དངོས་གྲུབ་འདོད་འཇོར་ཡང་ཡི་གེ་སྔོན་བཞིན་ནོ་ཞེས་ལུང་དྲངས་པའི་དོན་ཡང་དེ་ལ་དགོངས་པའོ། །ཚུལ་བཞིན་དུ་བསྒོམ་པ་ལ་གནད་འདི་ཡང་གལ་ཆེ་བར་མཐོང་བས་གཞུང་ཚིག་རྟོགས་དཀའ་བའི་དོན་སྐབས་འདིར་གསལ་བར་ཕྱེས་པའོ། །གཞན་ཡང་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཕྱུག་མ་ལྷག་པའི་བདག་པོར་གཙོ་བོ་ཡབ་ཁོ་ནར་བཞུགས་པ་དང་། ཡབ་ཡུམ་ཐ་དད་དུ་བཞུགས་པ་གཉིས་གདམ་སོ་ཅན་ལས་གཅིག་ཏུ་དམ་བཅའ་བ་མེད་ལ། རྒྱལ་མཆོག་གཉིས་ཀར་ལྷག་པའི་བདག་པོ་ནི་མི་བསྐྱོད་ཁོ་ནས་མཛད་པ་བུ་སྟོན་ཆེན་པོའི་བཞེད་པར་སྣང་ངོ་། །དེ་ཡང་ཨ་ཨཱཿ དང་རྡོ་རྗེ་རྩེ་ལྔ་པ་ལྗང་ཁུ་དང་སྔོན་པོ་ལས་ལྷག་པའི་བདག་པོ་མི་བསྐྱོད་པ་ནས། འཁྱུད་པ་དང་ཨཾ་ཨཱ་དང་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་ལྗང་ཁུ་ལས་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་ནས། འཁྱུད་པ་དག་ཕྱུང་ཞེས་པ་ནས་ཞུགས་པར་གྱུར་གྱི་བར་སྔར་ལྟར་བརྗོད། འཁོར་ལོ་དྲུག་དང་སྒོ་མཚམས་བཅུ་དྲུག་ལྷའི་ས་བོན། ཤི་སླཱྀ་ཥྼྀ་ྉྤུ་ྉྤུ་ཥྼྀ་པླྀ་ཤཱི། སླྀ་ཤི་ྉྤུ་ྉྤ་ཥྼཱྀ་ཥྼྀ་ྉྤ་ཤི་སྨླི། ༡ བྷི་རླྷྀ་དྲི་ཐུ་ཐུ་དྲི་རྟླྃ་དྷཱི། ཏླྀ་དྷཱི་ཐུ་དྲཱྀ་དྲྀ་ཐཱུ་དྷི་རླཱྀ། ༢ བྷི་སྨཱི་བྲྀ་ཕུ་ཕུ་བྲི་སླྀ་བྷཱི། སླྀ་བྷི་ཕུ་བྲྰྀ་བྲྀ་ཕུ་བྷི་སླཱྀ། ༣ ཌྷིཊླཱ་ཊྲྀ། ཐཱུ་ཐུ་ཊྲྀ་ཊླྀ་ཌྷི། ཊླྀ་ཌྜྷི་ཐུ་ཌྜྷྲི་ཌྜྷྲི་ཐུ་ཌྜྷི་ཊླཱི། ༤ ཛྷི་ཙླཱི་ཛྲྀ་ཚུ་ཚཱུ་ཛཱི་ཙླྀ་ཛྷི་ཙླཱྀ་ཛྷི་ཚུ་ཛྲཱྀ་ཛྲྀ་ཆུ་ཛྙི་ཙླྀ། ༥ གྷི་ཀླཱྀ་གྼྀ་ཁཱུ་ཁུ་གྲཱི་ཀླི་གྷཱི། ཀླྀ་གྷི་ཁཱུ་གྼཱྀ་གྼྀ་ཁཱུ་གྷི་ཀླྀ། ༦ ཉ་ཉཱ་ཎ་ཎཱ་མ་མཱ་ན་ནཱ། ྈྐ་ྈྐཱ་ང་ངཱ་ན་ཧཱ་ཀྵ་ཀྵཱ། ཡི་གེ་དེ་རྣམས་ཡོངས་སུ་གྱུར་པ་ལས་ཕྱག་མཚན་མཁའ་འགྲོ་མ་རྣམས་ལ་གྲི་གུག་དང་མཁའ་འགྲོ་ལ་རྡོ་རྗེ་རྩེ་ལྔ་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེའི་མཁའ་འགྲོའི་ཚོགས་རྣམས་སུ་གྱུར། གསང་བའི་པདྨ་ལས་ཕྱིར་སྤྲོས་ཏེ་སོ་སོའི་གནས་སུ་འཁོད་པར་གྱུར་པ་ནི། ཡེ་ཤེས་འཁོར་ལོའི་ཤར་དུ་ཤི་རྡོ་རྗེ་མ་ལ་སླཱྀ་རྡོ་རྗེས་འཁྱུད་པ་དང་། ལྷོར་ཥྼྀ་རྡོ་རྗེ་མ་ྉྤུ་རྡོ་རྗེས་འཁྱུད་པ་དང་། བྱང་དུ་ྉྤུ་རྡོ་རྗེ་མ་ལ་ཥྼཱྀ་རྡོ་རྗེས་འཁྱུད་པ་དང་། ནུབ་ཏུ་སླྀ་རྡོ་རྗེ་མས་ཤཱི་རྡོ་རྗེས་འཁྱུད་པ་དང་། རླུང་དུ་སླཱྀ་རྡོ་རྗེ་མ་ལ་ཤི་རྡོ་རྗེས་འཁྱུད་པ་དང་། དབང་ལྡན་དུ་ྉྤུ་རྡོ་རྗེ་མ་ལ་ཥྼྀ་རྡོ་རྗེས་འཁྱུད་པ་དང་། བདེན་བྲལ་དུ་ཥྼཱྀ་རྡོ་རྗེ་མ་ལ་ྉྤ་རྡོ་རྗེས་འཁྱུད་པ་དང་། མེར་ཤཱི་རྡོ་རྗེ་མ་ལ་སླྀ་རྡོ་རྗེས་འཁྱུད་པའོ། །ས་ཁམས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ། དྷི་རྡོ་རྗེ་མ་ལ་རླཱྀ་རྡོ་རྗེས་འཁྱུད་པ་དང་། ལྷོར་ཌྼྀ་རྡོ་རྗེ་མ་ཐཱུ་རྡོ་རྗེས་འཁྱུད་པ་དང་། བྱང་དུ་ཐུ་རྡོ་རྗེ་མ་ལ་དྲཱྀ་རྡོ་རྗེས་འཁྱུད་པ་དང་། ནུབ་ཏུ་རླྀ་རྡོ་རྗེ་མ་ལ་དྷཱི་རྡོ་རྗེས་འཁྱུད་པ་དང་། རླུང་དུ་རླཱྀ་རྡོ་རྗེ་མ་ལ་དྷི་རྡོ་རྗེས་འཁྱུད་པ་དང་། དབང་ལྡན་དུ་ཐཱུ་རྡོ་རྗེ་མ་ལ་དྲཱི་རྡོ་རྗེས་འཁྱུད་པ་དང་། བདེན་བྲལ་དུ་དྲི་རྡོ་རྗེ་མ་ལ་ཐུ་རྡོ་རྗེས་འཁྱུད་པ་དང་། མེར་དྷཱི་རྡོ་རྗེ་མ་ལ་རླྀ་རྡོ་རྗེས་འཁྱུད་པའོ། །ཆུ་ཁམས་ཀྱི་འཁོར་ལོའི་ཤར་རྩིབས་སུ། བྷི་རྡོ་རྗེ་མ་ལ་སླཱྀ་རྡོ་རྗེས་འཁྱུད་པ་དང་། ལྷོར་བྲྀ་རྡོ་རྗེ་མ་ལ་ཕཱུ་རྡོ་རྗེས་འཁྱུད་པ་དང་། བྱང་དུ་ཕུ་རྡོ་རྗེ་མ་ལ་བྼྀ་རྡོ་རྗེས་འཁྱུད་པ་དང་། ནུབ་ཏུ་པླྀ་རྡོ་རྗེ་མ་ལ་བྷཱི་རྡོ་རྗེས་འཁྱུད་པ་དང་། རླུང་དུ་སླྀ་རྡོ་རྗེ་མ་ལ་བྼྀ་རྡོ་རྗེས་འཁྱུད་པ་དང་། མེ་མཚམས་སུ་བྷཱི་རྡོ་རྗེ་མ་ལ་སླི་རྡོ་རྗེས་འཁྱུད་པའོ། །མེ་ཁམས་ཀྱི་འཁོར་ལོའི་ཤར་དུ། དྡྷི་རྡོ་རྗེ་མ་ལ་ཊཱི་རྡོ་རྗེས་འཁྱུད་པ་དང་། ལྷོར་ཊྼྀ་རྡོ་རྗེ་མ་ལ་ཐཱུ་རྡོ་རྗེས་འཁྱུད་པ་དང་། བྱང་དུ་ཐུ་རྡོ་རྗེ་མ་ལ་ཊྼྀ་རྡོ་རྗེས་འཁྱུད་པ་དང་། ནུབ་ཏུ་ཊླྀ་རྡོ་རྗེ་མ་ལ་དྡྷི་རྡོ་རྗེས་འཁྱུད་པ་དང་། རླུང་དུ་ཊླྀ་རྡོ་རྗེ་མ་ལ་དྡྷི་རྡོ་རྗེས་འཁྱུད་པ་དང་། དབང་ལྡན་དུ་ཐུ་རྡོ་རྗེ་མ་ལ་ཊྼྀ་རྡོ་རྗེས་འཁྱུད་པ་དང་། བདེན་བྲལ་དུ་ཊྼྀ་རྡོ་རྗེ་མ་ལ་ཐུ་རྡོ་རྗེས་འཁྱུད་པ་དང་། མེར་དྡྷི་རྡོ་རྗེ་མ་ལ་ཊླྀ་རྡོ་རྗེས་འཁྱུད་པའོ། །རླུང་ཁམས་ཀྱི་འཁོར་ལོའི་ཤར་དུ། ཛྷི་རྡོ་རྗེ་མ་ལ་ཙླཱྀ་རྡོ་རྗེས་འཁྱུད་པ་དང་།བྱང་དུ་ཚུ་རྡོ་རྗེ་མ་ལ་ཛི་རྡོ་རྗེས་འཁྱུད་པ། ནུབ་ཏུ་ཙླཱྀ་རྡོ་རྗེ་མ་ལ་ཛྷཱྀ་རྡོ་རྗེས་འཁྱུད་པ་དང་། རླུང་དུ་ཙླཱྀ་རྡོ་རྗེ་མ་ལ་ཛྷྀ་རྡོ་རྗེས་འཁྱུད་པ་དང་། དབང་ལྡན་དུ་ཚཱུ་རྡོ་རྗེ་མ་ལ་ཛཱི་རྡོ་རྗེས་འཁྱུད་པ་དང་། བདེན་བྲལ་དུ་ཛཱི་རྡོ་རྗེ་མ་ལ་ཚུ་རྡོ་རྗེ་འཁྱུད་པ་དང་། མེ་མཚམས་སུ་ཛྷཱྀ་རྡོ་རྗེ་མ་ལ་ཙླཱྀ་རྡོ་རྗེས་འཁྱུད་པའོ། །ནམ་མཁའི་ཁམས་ཀྱི་འཁོར་ལོའི་རྩིབས་རྣམས་ལ། །ཤར་དུ་གྷི་རྡོ་རྗེ་མ་ལ་ཀླྀ་རྡོ་རྗེས་འཁྱུད་པ་དང་། །ལྷོར་གྲྀ་རྡོ་རྗེ་མ་ལ་ཁཱུ་རྡོ་རྗེས་འཁྱུད་པ་དང་། བྱང་དུ་ཁུ་རྡོ་རྗེ་མ་ལ་གྲཱྀ་རྡོ་རྗེས་འཁྱུད་པ་དང། ནུབ་ཏུ་ཀླྀ་རྡོ་རྗེ་མ་ལ་གྷཱི་རྡོ་རྗེས་འཁྱུད་པ་དང་། རླུང་དུ་ཀླཱྀ་རྡོ་རྗེ་མ་ལ་གྷི་རྡོ་རྗེས་འཁྱུད་པ་དང་། དབང་ལྡན་དུ་ཁཱུ་རྡོ་རྗེ་མ་ལ་གྲྀ་རྡོ་རྗེས་འཁྱུད་པ་དང་། བདེན་བྲལ་དུ་གྲཱྀ་རྡོ་རྗེ་མ་ལ་ཁུ་རྡོ་རྗེས་འཁྱུད་པ་དང་། མེ་མཚམས་སུ་གྷཱི་རྡོ་རྗེ་མ་ལ་ཀླྀ་རྡོ་རྗེས་འཁྱུད་པ་སྟེ། དེ་ལྟར་ན་དཔའ་བོ་དང་མཁའ་འགྲོ་མ་བདུན་ཅུ་རྩི་གཉིས་ལས། ཤར་དང་ཤར་ལྷོའི་མཁའ་འགྲོ་མ་རྣམས་སྐུ་མདོག་ནག་མོ། ཐབས་དཔའ་བོ་རྣམས་སེར་པོ། ལྷོ་དང་ལྷོ་ནུབ་ཀྱི་མཁའ་འགྲོ་མ་རྣམས་སྐུ་མདོག་དམར་མོ། ཐབས་དཔའ་བོ་རྣམས་སྐུ་མདོག་དཀར་པོ། བྱང་དུ་བྱང་ཤར་གྱི་མཁའ་འགྲོ་མ་རྣམས་སྐུ་མདོག་དཀར་པོ། ཐབས་དཔའ་བོ་རྣམས་དམར་པོ། ནུབ་དང་ནུབ་བྱང་གི་མཁའ་འགྲོ་མ་རྣམས་སྐུ་མདོག་སེར་མོ། ཐབས་དཔའ་བོ་རྣམས་ནག་པོའོ། །རྣལ་འབྱོར་མ་བཞི་བཅུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་གཙོ་བོ་ལ་མངོན་དུ་ཕྱོགས་པ་ཞལ་གཅིག་ཕྱག་གཉིས་ཅུང་ཟད་ཐུང་བའི་ལུས་ཅན་གཡས་གྲི་གུག་འཕྱར་བ་དང་གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ་དང་། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྒྱན་དང་ཆ་ལུགས་བཅོམ་ལྡན་མ་དང་མཚུངས་པ། དཔའ་བོ་བཞི་བཅུ་རྩ་བརྒྱད་པོ་ཐམས་ཅད་ཉལ་གཉིས་ཕྱག་བཞི་པ། དང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་རང་གི་ཤེས་རབ་མའི་མགུལ་ནས་འཁྱུད་པ། འོག་མ་གཉིས་ཀྱི་ཌ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཐབས་ཤེས་མཉམ་པར་སྦྱོར་བ། གླང་ལྤགས་སྤངས་ཤིང་མི་མགོ་ལྔ་བཅུའི་དོ་ཤལ་ཅན། ལྷག་མ་རྒྱན་དང་ཆ་བྱད་བཅོམ་ལྡན་འདས་དང་མཚུངས་པ་སྟེ། འཁོར་ལོ་དྲུག་གི་ལྷ་ཚོགས་རྣམས་ཤེས་རབ་ལ་གཙོ་བོར་གྱུར་པའོ། །སྐབས་འདིར་སྡོམ་ཆེན་གྱི་སྒྲུབ་ཐབས་ལ་ལར་དཔའ་བོ་བཞི་བཅུ་རྩ་བརྒྱད་ཡིན་རྒྱུད་དོན་དང་དངོས་སུ་འགལ་བས་ཤིན་ཏུ་མི་ལེགས་ཤིང་ཁ་གཅིག་དཔའ་མོ་ཡབ་གཙོ་བོར་རྒྱས་པ་ཡང་རྒྱུད་དོན་ལ་མི་འབྱོར་བས། མཁའ་འགྲོ་མ་རྣམས་གཙོ་བོར་བྱེད་པ་དང་། མཁའ་འགྲོ་རྣམས་ཞལ་གཉིས་བྱེད་པ་ནི་རྒྱུད་དོན་རྨ་མེད་ཡིན་པ་ཤིན་ཏུ་འཐད་ཅིང་། སྡོམ་ཆེན་ཟིན་བྲིས་ཁ་ཅིག་ཏུ་དཔའ་བོ་རྣམས་རལ་པའི་ཐོར་ཚུགས་ལ་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པའི་ཞལ་རས་འོད་འཕྲོ་བ་ཞེས་ཞལ་གཉིས་པའི་སྒྲུབ་བྱེད་དུ་བྱུང་རུང་གཞན་དུ་དེ་ལྟར་རིགས་པ་ཡོད་ཀྱང་། སྐབས་འདིར་ཚིག་ཁོ་ན་དང་མི་འགལ་ཙམ་ལས་དོན་ཇི་བཞིན་པ་བཤད་མ་ནུས་པར་མཐོང་ངོ་། །དེ་ཡང་འདིར་ཡུམ་རྣམས་སྦྃ་ཐུང་རྣམ་པ་ཅན་དུ་བསྟན་པ་ནི་ཤེས་རབ་གཙོ་བོར་བྱེད་པའི་དོན་དུ་ཡུམ་རགས་པའི་སྐུ་དང་། གཞན་དུ་ཡུམ་བཞིན་ཡབ་སྐུ་བོང་ཅུང་ཟད་ཆུང་བར་ཤུགས་ཀྱིས་བསྟན་ཅིང་། དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི་མདུན་ཞལ་ནི་མཁའ་འགྲོ་མ་ལ་འོ་དག་བྱེད། ཅེས་པ་རྒྱུད་ཀྱི་ཚིགས་ཤུགས་ཀྱིས་ཀྱང་ཡབ་རྣམས་ཀྱི་རྩ་བའི་མདུན་ཞལ་ཡུམ་དང་ཁ་སྦྱོར་མཛད་ཅིང་མཁའ་འགྲོ་མ་རྣམས་ཀྱིས་ཞལ་ནི་རང་གི་ཡབ་དང་གཙོ་བོ་ལ་གཅིག་ཆར་དུ་ཕྱོགས་ཤིང་ཡབ་ཀྱི་རྒྱབ་ཞལ་རྣམས་ཀྱང་གཙོ་བོའི་ཞལ་གྱི་དཀྱིལ་འཁོར་ལ་ལྷན་ཅིག་ཏུ་བལྟ་བའི་དོན་དུ་ལེགས་པར་གོ་དགོས་ལ། ལར་བྲིན་འཐུར་དང་བསྒོམ་ཚུལ་ཕལ་ཆེར་ཐ་དད་དུ་འབྱུང་བ་ཡང་ཤེས་པར་བྱའོ། །གཞལ་ཡས་ཁང་ཆེན་པོའི་ཤར་སྒོར་ཉ་རྡོ་རྗེ་མ། ཤར་ལྷོའི་སྒོར་ཉཱ་རྡོ་རྗེ་མའོ། །ལྷོ་སྒོར་ཎ་རྡོ་རྗེ་མ། བདེན་བྲལ་གྱི་སྒོར་ཎཱ་རྡོ་རྗེ་མ། བྱང་སྒོར་མ་རྡོ་རྗེ་མ། དབང་ལྡན་གྱི་སྒོར་མཱ་རྡོ་རྗེ་མའོ། །ནུབ་སྒོར་ན་རྡོ་རྗེ་མ། རླུང་མཚམས་ཀྱི་སྒོར་ནཱ་རྡོ་རྗེ་མའོ། །དེ་ལྟར་ཕྱོགས་ཀྱི་ལྷ་མོ་བཞི་ལྗང་ཁུ། མཚམས་ཀྱི་ལྷ་མོ་བཞི་སྔོན་མོ། ཐམས་ཅད་ཀྱང་སྒོ་མཁྱུད་ཀྱི་ནང་མཚམས་ན་གནས་པའོ། །རླུང་དང་བྱང་གི་མཚམས་སུ་ྈྐ་རྡོ་རྗེ་མ་སྔོན་མོ། རླུང་དང་ནུབ་ཀྱི་མཚམས་སུ་ྈྐཱ་རྡོ་རྗེ་མ་ལྗང་ཁུ། མེ་དང་ཤར་གྱི་བར་དུ་ང་རྡོ་རྗེ་མ་ལྗང་ཁུ། མེ་དང་ལྷོའི་བར་དུ་ངཱ་རྡོ་རྗེ་མ་སྔོན་མོ། བྱང་དང་དབང་ལྡན་གྱི་བར་དུ་ཧ་རྡོ་རྗེ་མ་ལྗང་ཁུ། དབང་ལྡན་དང་ཤར་གྱི་བར་དུ་ཧཱ་རྡོ་རྗེ་མ་སྔོན་མོ། བདེན་བྲལ་དང་ལྷོའི་བར་དུ་ཀྵ་རྡོ་རྗེ་མ་ལྗང་ཁུ། བདེན་བྲལ་དང་ནུབ་ཀྱི་བར་དུ་ཀྵཱ་རྡོ་རྗེ་མ་སྔོན་མོ་སྟེ། དེ་ལྟར་བརྒྱད་པོ་རྣམས་ནི་རྩིགས་པའི་ཕྱི་རོལ་སྒོ་མཁྱུད་རྣམས་ཀྱི་བར་གྱི་སྟེགས་བུ་ལ་ཡང་དག་པར་གནས་པའོ། །དེ་ལྟར་སྒོ་མཚམས་མ་བཅུ་དྲུག་གི་དུར་ཁྲོད་ཆེན་པོ་བཅུ་དྲུག་ལ་ཡང་དག་པར་སྤྱོད་པ་སྟེ། ཐམས་ཅད་ཀྱང་ཆེར་ཁྲོས་ཤིང་དྲག་མོའི་ཚུལ་ཅན་འཁོར་ལོ་དང་མི་རོའི་གདན་ལ་གནས་པ། སྐྲ་གྱེན་ལ་བརྫེས་པ་སྟེ། རྒྱན་དང་ཕྱག་མཚན་རྣམ་འགྱུར་ལྷག་མ་རྣམས་ནི་ནུས་མ་རྣམས་དང་མཚུངས་པའོ། །སྒོ་མཚམས་བཅུ་དྲུག་གི་མཁའ་འགྲོ་མ་འདི་རྣམས་དུར་ཁྲོད་གྱི་བདག་མོ་ཡིན་ལ། དེ་ཡང་དུར་ཁྲོད་ཀྱི་བདག་མོའི་སྒྲ་ལ་ཆགས་ནས་སྒོ་མཚམས་དུར་ཁྲོད་དངོས་སུ་འདོད་པ་ནི་མི་འཐད་པ་ངེས་བྱ་སྟེ། དཔེར་ན་རྒྱལ་པོ་ཆེན་པོའི་སྒོ་བསྲུང་སྐྱེས་བུའི་གནས་རྒྱལ་པོའི་སྒོ་ཁང་ཡིན་ཡང་། དེ་ཡི་རྫས་དང་གནས་གཞི་ཚང་མ་སྒོ་ཁང་དུ་ཡིན་མི་དགོས་པ་བཞིན། འདིར་ཡང་དུར་ཁྲོད་ནི་ཆོས་དབྱིངས་གསུང་དབང་ལྟར་མེ་ལྟར་དབུས་སུ་ཡོད་རུང་། དེ་ཡི་བདག་པོ་གཙོ་བོའི་བཞུགས་གནས་དང་ཉེ་བའི་སྒོ་མཚམས་ཡིན་ལ། སྤྱིར་དཀྱིལ་འཁོར་རྩ་ཐིག་ཕན་ཆད་དུར་ཁྲོད་བདག་པོ་རྣམས་ཀྱིས་སྤྱོད་ཡུལ་དུ་གྱུར་པ་ལ་དགོངས་ནས་སྡོམ་པ་ཆེ་ཆུང་། ཕྱག་རྡོར་བསྟོད་འགྲེལ་སོགས་སུ་དེ་ལྟར་བཞག་པ་ཡིན་ཞེས་མཆོག་ཏུ་མཁས་པ་རྗེ་བཙུན་དབང་པོའི་གསུང་ལས་འབྱུང་བ་ལྟར་རོ། །ད་ནི་རྗེ་འབྲང་གི་ལྷ་རྣམས་བསྐྱེད་པར་བྱ་སྟེ། ཕྱོགས་བཞིའི་སྒོ་རྣམས་ཀྱི་གཡས་དང་གཡོན་གྱི་སྟེགས་བུ་ལ་ཀླུ་རྣམས་གནས་པ་སྟེ། ཕྱི་རོལ་ཕྱོགས་བཞིའི་སྒོ་ཡི་རྟ་བབ་བཞིའི་ཀ་བ་བརྒྱད་ཀྱི་ནང་ངོས་སུ་ཀླུ་རྣམས་ཏེ། སྟོབས་ཀྱིས་རྒྱུ་དང་ནུབ་པདྨ་ནག་པོ་ལ་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མས་འཁྱུད་པ་ཤར་གྱི་གཡོན་དང་གཡས་སུ་རླུང་གི་དཀྱིལ་འཁོར་ལ་གནས་པ་དང་། ནོར་རྒྱས་དང་དུང་སྐྱོང་དམར་པོ་ལ་སྟག་གདོང་མ་དང་འུག་གདང་མས་འཁྱུད་པ་ལྷོའི་གཡོན་དང་གཡས་སུ་མེའི་དཀྱིལ་འཁོར་ལ་གནས་པ་དང་། རིགས་ལྡན་དང་མཐའ་ཡས་དཀར་པོ་ལ་ཕག་གདོང་མ་དང་བྱ་རྒོད་གདོང་མས་འཁྱུད་པ་བྱང་གི་གཡོན་དང་གཡས་སུ་ཆུའི་དཀྱིལ་འཁོར་ལ་གནས་པ་དང་། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་ལ་ཁྱི་གདོང་མ་དང་བྱ་རོག་གདོང་མས་འཁྱུད་པ་ནུབ་ཀྱི་གཡོན་དང་གཡས་སུ་སའི་དཀྱིལ་འཁོར་ལ་གནས་པའི་ཀླུ་རྣམས་རྡོ་རྗེའི་གདན་གྱིས་བཞུགས་པ་ལ་ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པའོ། །ཕྱི་སྐོར་དཀྱིལ་འཁོར་འདོད་ཡོན་གྱི་སྟེགས་བུ་ལ། ཤར་སྒོའི་གཡོན་དང་གཡས་སུ་དྲི་མ་དང་ཕྲེང་བ་མ། ལྷོ་སྒོའི་གཡོན་དང་གཡས་སུ་སྤོས་མ་དང་མར་མེ་མ། བྱང་སྒོའི་གཡོན་དང་གཡས་སུ་ལྷ་བཤོས་མ་དང་འབྲས་བུ་མ། ནུབ་སྒོའི་གཡོན་དང་གཡས་སུ་སྒེག་མོ་དང་བཞད་མ། སྟེང་དུ་རོལ་མོ་དང་གར་མ། འོག་ཏུ་གླུ་མ་དང་འདོད་མ། ཐམས་ཅད་ཀྱང་རང་གི་མིང་དང་མཐུན་པ་མཆོད་རྫས་ཐོགས་ཤིང་། གཞན་ཡང་མཆོད་པའི་ལྷ་མོ་བཟུང་མ་དུ་མ་དང་བཅས་པའོ། །གླུ་དང་གཟུང་མ་འདི་རྣམས་སྡོམ་ཆེན་གྱི་སྐབས་འདིར་དུས་འཁོར་ཆོས་དབྱིངས་གསུང་དབང་དང་མི་འདྲ་སྟེ། འཁོར་ལོ་སྡོམ་པ་ཉིས་འགྱུར་བརྒྱ་ཉི་ཤུའི་ལྷ་ལ་མི་ཐེ་བར་རྩ་བའི་ལྷ་མ་ཡིན་རྗེས་འབྲང་གི་ལྷ་ཙམ་ཡིན་པས། སྐབས་འདིར་ས་བོན་ནམ་སྐད་ཅིག་ཙམ་ལས་བསྐྱེད་ན་ལེགས་ཏེ་ཐོབ་ཚོད་ཡིན་འོན་ཀྱང་སྤྲོས་པ་ལ་དགྱེས་པ་རྣམས་ཀྱིས་མཁའ་སྤྲོས་མཛད་པ་ཡང་མི་འགལ་ལོ། །དུས་འཁོར་སྒྲུབ་ཐབས་དངོས་གྲུབ་འདོད་འཇོར་འགྲེལ་ཆེན་ཚིགས་ཀྱི་བཞུགས་ཚུལ་དང་མཐུན་སླད་ཕྱི་རོལ་དུར་ཁྲོད་ལ་གནས་པའི་འབྱུང་པོའི་ཚོགས་རྣམས་ཀྱི་རྗེས་སུ་བཟུང་མ་རྣམས་བསྐྱེད་པར་གསུང་ཡང་། འདིར་འདོད་མ་དང་ཕྱིར་འདོད་མ་མེད་པས་གཟུང་མ་ཡང་སྐབས་འདིར་བཀོད་པ་འབྲེལ་བར་མཐོང་ངོ་། །གཞན་ཡང་ཕྱི་རོལ་དུར་ཁྲོད་ཆེན་པོའི་གཞི་ལ་ཟླ་བ་ལ་སོགས་པའི་གཟའ་བཅུ་དང་བརྟན་པ་དང་། རི་བྱི་དང་། རྒྱུ་སྐར་ཐམས་ཅད་དང་། ཁྱིམ་བཅུ་གཉིས་དང་། ཆ་བཅུ་དྲུག་དང་། ཕྱོགས་བཅུ་སྐྱོང་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། དྲིལ་བུའི་རྣ་བ་ཅན་དང་། བྷྲྀ་གི་ཎ་དང་། ཞིང་སྐྱོང་ཐམས་ཅད་དང་། ཕོ་ཉ་ཐམས་ཅད་དང་། འཕྲོག་མ་དང་། གྲུབ་པ་ཐམས་ཅད་དང་། སྐྲ་དང་བ་སྤུ་རྣམ་པར་དག་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང་བཅས་པ་རྣམས་དུར་ཁྲོད་ཀྱི་མཐར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་འཁོད་པའོ། །སྡོམ་ཆེན་ནི་སྒྲུབ་ཐབས་ཁ་ཅིག་ཏུ་ཕྱི་རོལ་ཏུ་འབྱུང་པོའི་ཚོགས་བཀོད་པ་འདི་མི་མཛད་པ་བྱུང་རུང་། སྡོམ་ཆེན་དཀྱིལ་འཁོར་ལྷ་ཚོགས་དངོས་མིན་ཡང་ཀླུ་དང་གཟུང་མ་བཞིན་ཕྱི་རོལ་དུར་ཁྲོད་གྱི་གཞི་ལ་བཀོད་པ་ངེས་པར་འཐད་དོ། །བྷྲུྃ་ལས་བྱུང་བའི་གཞལ་ཡས་ཁང་ནོར་བུའི་འོད་ཟེར་རྣམ་པར་འཕྲོ་བ་ཅན་པདྨའི་དབུས་སུ་གནས་པ་ཕྱུང་ཕྱིར་སྤྲོས་ཕྱི་ཡི་གཞལ་ཡས་ཁང་དབྱེར་མེད་པར་གྱུར། གསུམ་པ་ནི། དེ་ནས་རང་གི་སྙིང་ཁར་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་འོད་ཟེར་སྔོན་པོ་འཇིགས་པའི་སྐུ་རབ་ཏུ་བཞད་པའི་ཞལ་མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ། སྤྱན་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ། ཞལ་བཞི་པ། ཞབས་གཉིས་པ། ཤེས་རབ་དང་ཐབས་ལས་རབ་ཏུ་བྱུང་བ། གཙོ་བོའི་བཞིན་དུ་མཚོན་ཆ་དང་བཅས་པ་གླང་པོ་ཆེའི་ལྤགས་པའི་གོས་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་མི་བསྐྱོད་པའི་དབུ་རྒྱན་ཅན། ཐོད་པ་དང་མགོ་བོའི་འཕྲེང་བ་འཛིན་པ། སྦྲུལ་གྱིས་བརྒྱན་པ། རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་སྤྲོས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཨོཾ་ཤྲཱི་ཀཱ་ལ་ཙཀྲཱ་བཛྲ་བྷཻ་ར་ཝ་བྷི་སྐ་ར་ཡ་ས་པ་རི་ཝ་ར་ཛཿ ཞེས་བརྗོད་པས་དེའི་ཡེ་ཤེས་པའི་གཙོ་བོའི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བསྟུན། ཕྱག་ཉི་ཤུ་རྩ་བཞི་པ་རྣམས་སྦྲུལ་ཞགས་ཀྱིས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱི་འཇིགས་པར་བྱས་ཏེ། མདུན་གྱི་ནམ་མཁར་སྤྱན་དྲངས་ནས་རྡོ་རྗེ་ཤུགས་རང་གི་སྙིང་ཁར་བསྡུ། ཨོཾ་ཤྲཱི་ཀཱ་ལ་ཙཀྲཱ་བཛྲ་བྷཻ་ར་ཝ་བྷི་སྐ་ར་ས་པ་རི་ཝ་རེ། བྷྱཿ བཛྲ་གྷནྡྷཾ་པྲ་ཏི་ཙྪ་ན་ལ། བཛྲ་པུཥྤཾ། བཛྲ་དྷུ་པཾ། བཛྲ་ནཻ་ཝེ་དྱཾ། བཛྲ་ཨཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧ་སྱཾ། བཛྲ་ཝ་ཏྱཾ། བཛྲ་ཎྲྀ་ཏྱཾ། བཛྲ་གཱི་ཏྱཾ། བཛྲ་ཀཱ་མཾ་པྲ་ཏིཙྪ་ན་ལ། ཧཱུྃ་ཡིག་དང་རྡོ་རྗེ་ཕྱག་རྒྱས་ཁྲོ་བོ་རྨུགས་བྱེད་ཀྱི་དམ་ཚིག་ལ་གཞུག བྃ་དང་ཞགས་པའི་ཕྱག་རྒྱས་ཁྲོ་བོ་རེངས་བྱེད་ཀྱི་དབྱེར་མེད་དུ་བཅིངས། ཧོ་དང་དྲིལ་བུའི་ཕྱག་རྒྱས་ཁྲོ་བོ་ཁེངས་བྱེད་ཀྱིས་མཉེས་པར་བྱས། ཧཱི་དང་དབྱུག་པའི་ཕྱག་རྒྱས་ཁྲོ་བོ་ཤིན་ཏུ་སྟོབས་ཀྱིས་ཡེ་ཤེས་པ་དམ་ཚིག་པ་ལ་རོ་མཉམ་པར་བྱས། དམ་ཚིག་གི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པར་རོ་མཉམ། དེ་བཞིན་དུ་ནུས་མ་དམ་ཚིག་ལ་ཡེ་ཤེས་རོ་མཉམ་ཐོད་པ་དམ་ཚིག་ལ་ཡེ་ཤེས་པ་རོ་མཉམ། ཡེ་ཤེས་འཁོར་ལོའི་ལྷ་ཡབ་ཡུམ་དམ་ཚིག་པ་ལ་ཡེ། སའི་འཁོར་ལོའི། ཆུ་ཡི། མེ་ཡི། རླུང་གི །ནམ་མཁའི། སྒོ་མཚམས་བཅུ་དྲུག་གི་དྲག་མོ་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས། ཀླུ་དང་གཟུངས་མ་སོགས་ཁོར་ཡུག་གི་དམ་ཚིག་པ་ལ་ཡེ། གཞལ་ཡས་ཁང་དང་འབྱུང་དཀྱིལ་ཟླ་ཉིའི་དཀྱིལ་འཁོར་དམ་ཚིག་པ་ལ་ཡེ་ཤེས་རོ་མཉམ་པར་བསམ་མོ། །བཞི་པ་ལ། རིགས་ཀྱི་ཅོད་པཎ་གྱིས་རྒྱས་བཏབ་པ་དང་། སྐུ་གསུང་ཐུགས། ཡེ་ཤེས་ཀྱི་རྒྱས་བཏབ་པ་སྟེ་གཉིས་སོ། །དང་པོ་ནི། རིགས་ཀྱི་ཅོད་པཎ་དུ་རྒྱས་བཏབ་པར་གྱུར་པ་ནི། རྣམ་པར་ཤེས་པའི་རིགས་ལས་འབྱུང་བའི་ལྷ་ལྗང་ཁུ་རྣམས་ལ་མི་བསྐྱོད་པ་ལྗང་ཁུ་བདུད་འདུལ་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ། འདུ་བྱེད་ཀྱི་རིགས་ལས་བྱུང་བའི་ལྷ་ནག་པོ་རྣམས་ལ་དོན་གྲུབ་ནག་པོ་སྐྱབས་སྦྱིན་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱི། ཚོར་བའི་རིགས་ལས་བྱུང་བ་དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དམར་པོ་མཆོག་སྦྱིན་དང་ཏིང་ངེ་འཛིན་ཕྱག་རྒྱ་ཅན་གྱི། འདི་ཤེས་ཀྱིས་རིགས་ལས་བྱུང་བའི་དཀར་པོ་རྣམས་ལ་འོད་དཔག་མེད་དཀར་པོ་ཕྱག་གཉིས་ཀ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱི། གཟུགས་ཀྱི་རིགས་ལས་བྱུང་བའི་སེར་པོ་རྣམས་ལ་རྣམ་པར་སྣང་མཛད་སེར་པོ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱི། ཡེ་ཤེས་ཀྱི་རིགས་ལས་བྱུང་བའི་སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔའ་སྔོན་པོ་བདུད་འདུལ་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱི་རྒྱས་བཏབ། དེ་ལྟར་རྒྱས་གདབ་བྱ་དྲུག་གི་རལ་བའི་ཅོད་པཎ་འཛིན་པ་ལ་རྒྱས་འདེབས་བྱེད་དྲུག་གཙུག་ཏོར་དང་ཆོས་གོས་འཛིན་པ་མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཀྱིས་རྒྱས་གདབ་བོ། །མཁས་མཆོག་བུ་སྟོན་སྐབས་ནས་རྒྱུད་འགྲེལ་དང་མཐུན་པར་སྐབས་འདིར་རྒྱས་བཏབ་པ་གཙོ་ཆེ་བར་དགོངས་པ་ཡིན། ལྷན་ཐབས་སོགས་ཕྱག་ལེན་དུ་དབང་བསྐུར་རྗེས་སུ་མཛད་པ་གཉིས་ཀ་མི་ལེགས་པ་མེད་པས་ཇི་བདེར་བྱའོ། །གཉིས་བཞི། དེ་ནས་གཙུག་ཏོར་དུ་ཐིག་ལེ་ལ་ཨ་ལས་མི་བསྐྱོད་པ། སྙིང་ཁར་སྒྲ་གཅན་ལ་ཨི་ལས་དོན་གྲུབ། དཔྲལ་བར་ཟླ་བ་ལ་ཨུ་ལས་སྣང་མཐའ། ལྟེ་བར་དུས་མེ་ལས་ལྀ་ལས་རྣམ་སྣང་མགྲིན་པར་ཉི་མ་ལ་རྀ་ལས་རིན་འབྱུང་། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཨྃ་ལས་རྡོར་སེམས་ཏེ་སྐུའི་རྒྱས་བཏབ། ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ། སྙིང་ཁར་ཆུ་ལ་ཨུ། མགྲིན་པར་མེ་ལ་རྀ། དཔྲལ་བར་རླུང་ལ་ཨི། གཙུག་ཏོར་དུ་ནམ་མཁའ་ལ་ཨ་སྟེ་གསུང་གི དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མ་ལ་ཨཱཿ སྙིང་ཁར་སྒྲ་གཅན་ལ་ཧཱུྃ། ལྟེ་བར་དུས་མེ་ལ་ཧོ་ཏེ་ཐུགས་ཀྱིས་རྡོ་རྗེ་ནོར་བུའི་རྩེ་མོར་ཨ་ཡེ་ཤེས་ཀྱི་རྒྱས་གདབ་སྟེ་བཞིས་རྒྱས་གདབ་བོ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐུ་བཞི་རྣམ་པར་དག་པ་བསྒོམ་མོ། །ལྔ་པ་ནི། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ། དཀར་ནག་དམར་བའི་ཞལ་ཅན་ཕྱག་དྲུག་གི་གཡས་ན་འཁོར་ལོ་རྡོ་རྗེ་པདྨ། གཡོན་ན་རལ་གྲི། དྲིལ་བུ། ནོར་བུ་འཛིན་པ། ཤེས་རབ་དང་བཅས་པ་ནམ་མཁའི་ཁམས་གང་བར་སྤྲོས། སྐུ་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས། སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་འཁོད་པ་ལ། སྐུ་རྡོ་རྗེ་འཛིན་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་ཞིང་བཀྲུས་ནས། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་རྣམས་བཅུག་ནས་འདི་སྐད་བརྗོད་དོ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་བརྗོད་པས་རོ་མཉམ་པར་གྱུར་ཏེ་ལུས་སྐུ་རྡོ་རྗེར་གྱུར་པར་བསམ། དེ་ནས་མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿ ལས་པདྨ་དམར་པོ་འདབ་བརྒྱད་ལ་སྐྱེས་པའི་གསུང་རྡོ་རྗེ་དམར་པོ། དམར་དཀར་ནག་པའི་ཞལ་ཅན། གཡས་ན་པདྨ་རྡོ་རྗེ་འཁོར་ལོ། གཡོན་ན་ནོར་བུ་དྲིལ་བུ་རལ་གྲི་འཛིན་པ། ཤེས་རབ་དང་བཅས་པ་སྤྲོ་བ་སོགས་སྐུ་དང་གསུང་རྗེ་བ་མ་གཏོགས་པ་སྔར་དང་འདྲ་བ་བྱས་ཏེ་དབང་བསྐུརུ་ལ།་གསུང་རྡོ་རྗེ་རྣམས་ཉི་མའི་དཀྱིལ་འཁོར་ལ་བཀོད་ནས་སྐུའི་གནས་སུ་གསུང་གི་ཞེས་བཅུག་ནས་ཚིག་བརྗོད་ལ། ངག་གསུང་རྡོ་རྗེར་གྱུར་པར་བསམ། སྙིང་ཁར་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་པོའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་ནག་པོ། ནག་དམར་དཀར་བའི་ཞལ་ཅན། གཡས་ན་རྡོ་རྗེ་འཁོར་ལོ། པདྨ། གཡོན་དྲིལ་བུ། རལ་གྲི། ནོར་བུ་འཛིན་པ། ཤེས་རབ་དང་བཅས་པ་སྤྲོ་བ་སོགས་སྐུ་དང་ཐུགས་རྗེ་བ་མ་གཏོགས་པ་སྔར་བཞིན་བྱས་ནས་ཐུགས་རྡོ་རྗེ་རྣམས་སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཀོད་དེ་སྐུ་གནས་སུ་ཐུགས་ཀའི་ཞེས་བཅུག་པའི་ཚིགས་བཅད་བརྗོད་ལ། ཡིད་ཐུགས་རྡོ་རྗེར་གྱུར་པར་བསམ། དེ་ནས་རྡོ་རྗེ་གསུམ་དབྱེ་མེད་གཅིག་ཏུ་གྱུར་པའི་ང་རྒྱལ་བཟུང་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། ཞེས་བརྗོད་དོ། །ཞུ་བའི་ཆོས་ལས་ཐབས་རིགས་གསུམ་གྱི་བྱིན་གྱིས་བརླབ་པའོ། །རྡུལ་དང་ཁུ་བའི་ཆོས་ལས་ཤེས་རབ་རིགས་དྲུག་གིས་བྱིན་གྱིས་བརླབ་པ་ནི། གསུམ་སྔར་དང་འདྲ་ལ། ཤེས་རབ་ཀྱི་ལྟེ་བར་ཧོ། གསང་བར་སྭཱ། གཙུག་ཏོར་ལ་ཧཱ་དགོད་ཅིང་། རྒྱས་པར་བྱས་ན་སྔར་བཞིན་བྱིན་གྱིས་བརླབས་པའོ། །དེ་ནས་དབང་ལྷ་སྤྱན་འདྲེན་བཞིན་དབང་བསྐུར་བཅུ་གཅིག་རྣམས་བསྲུང་འཁོར་གྱི་དུས་བཞིན་སྐབས་འདི་བླང་བ་ཡིན། རིགས་བདག་གི་རྒྱས་འདེབས་གོང་དུ་མི་བྱེད་འདིར་བྱ་ལ། རྒྱས་ཆོག་གཉིས་ཀར་སྔགས་ཀྱི་ཕྱག་རྒྱ་རྒྱན་བཀོད་བྱེད་ཚེ་ལ་རྒྱས་ལ་དབང་བསྐུར་དང་རྒྱས་འདེབས་བཅས་གྲུབ་པ་ན་བྱེད་པ་ཉིད་གཟིགས་པ་མཆོག་གི་བཞེད་དོ། །དྲུག་པ་དག་པ་དྲན་པ་ནི། ལོ་དང་ཟླ་བ་ལ་སོགས་དབྱེ་བའི་དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་གྱུར་མི་ཡི་བདག ལོ་གཅིག་གི་ནི་སྣ་ཚོགས་ཡུམ་སྟེ་ཞལ་ལ་སོགས་པ་རྣམ་པར་བཞི་ནི་རྣམ་པར་དག་པས་སོ། །སྦྱིན་པ་སོགས་དང་ཕུང་པོ་འབྱུང་བ་ཡུལ་དང་ཡུལ་ཅན་གཞན་ཡང་དབང་པོ་ལྔ་ལ་སོགས་པ་དང་། ཕྱོགས་དང་ཕྱོགས་ཀྱི་སྟོབས་དང་དཔལ་ལྡན་རྒྱལ་སྲས་དབང་རྣམས་ཀྱིས་ཀྱང་མིག་རི་ལྷ་མོ་རྣམ་པར་དག དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་དཀྱིལ་འཁོར་སྐུའི་རྡོ་རྗེའོ། །ལྷ་རྣམས་འཁོར་ལོ་ཨ་ལི་ཀ་ལིའི་རིགས་སྐྱེས་གསུང་གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་འཇིགས་འཇོམས་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བསྒྲོད་བྱ་མིན་པ་རྣམ་པ་ཐ་དད་པ། གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་བདག་གི་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་པ་ལ་གནས། དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་པའི་དོན་དྲན་པར་བྱའོ། །དག་སྦྱོར་རྣམ་གྲངས་ཁ་ཤས་ཡོད་ཀྱང་འདིར་རྒྱས་བསྡུས་དེ་ཙམ་ལེགས་པར་མཐོང་ངོ་། །

དོན་་གསུམ་པ་ནི། དེ་ནས་རང་དང་ཤེས་རབ་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ལྟེ་བར་ཧོ། གསང་བར་སྭ། སྤྱི་བོར་ཧཱ་བཀོད་དེ་ཤེས་རབ་ཀྱིས་གསང་བ་མི་དམིགས་པའི་ངང་ལས་ཨཱཿ ལས་པདྨ་འདབ་བརྒྱད། ཧཱུྃ་ལས་སྐྱེས་པའི་རྡོ་རྗེས་མཚན་པ། རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ཨཱ་ལས་སྐྱེས་པའི་པདྨས་མཚན་པར་བསྒོམ་ནས། ཡན་ལག་དྲུག་དང་རྡོ་རྗེ་དྲུག་ཀྱང་མཛོད་དེ། རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་སྙོམས་པར་ཞུགས་ཏེ། ཧཱུྃ་ཕཊ་ཀྱི་དོན་མངོན་དུ་བྱས་པས། ལྟེ་བའིརྩ་འདབ་བདུན་ཅུ་རྩ་གཉིས་ཀྱི་ལྟེ་བའི་རྩེ་མོ་ཧོ་ཡིག་ཡེ་ཤེས་རྡོ་རྗེའི་རང་བཞིན་གཏུམ་མོ་ཡེ་ཤེས་ཀྱི་མེ་གསང་གནས་ཀྱི་གཡས་ཀྱི་རྩེ་མོ་ནས་འབབ་པས་ཕུང་པོ་ཁམས་སོགས་བསྐུལ་བར་བྱེད་པ་དེ་རབ་ཏུ་འབར་བས་གཡོན་གྱི་དཀྱིལ་འཁོར་སངས་རྒྱས་ལྔ་དང་། གཡས་ཀྱི་དཀྱིལ་འཁོར་ཡུམ་ལྔ་དང་། མིག་སོགས་དབང་པོ་དྲུག་དང་། གཟུགས་སོགས་ཡུལ་དྲུག་པོ་ཐམས་ཅད་བསྲེགས་པ་སྟེ། རླུང་རྒྱུ་བ་མེད་ཅིང་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་ནས། མེ་དེ་ཨ་བ་དྷུ་ཏཱི་ནས་སོང་སྟེ། སྤྱི་བར་ཧཾ་ཡིག་ཐིག་ལེའི་གཟུགས་ཅན་ལ་རེག་པས་ཧཾ་ཞུ་ནས་ཐིག་ལེའི་གཟུགས་ཀྱི་དཔྲལ་བ་ནས་མགྲིན་པར་འཛག་པ་དགའ་བ་དང་། མགྲིན་པ་ནས་སྙིང་གར་མཆོག་དགའ་དང་། སྙིང་ཁ་ནས་ལྟེ་བར་ཁྱད་དགའ་དང་། ལྟེ་བ་ནས་གསང་བའི་པདྨར་ལྷན་ཅིག་སྐྱེས་དགའ་སྟེ། ཟླ་བའི་ཆ་བཅོ་ལྔ་ཡོངས་སུ་གང་བའི་ཚུལ་དུ་བྱོན་པར་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དོན་བཞི་པ་ནི། དེ་ནས་ཤེས་རབ་ཀྱི་ཆོས་འབྱུང་སྣའི་རྩེ་མོར་ཡུངས་ཀར་ལ་སོགས་པའོ་ཞེས་པའི་དོན་རྩ་འཁོར་ལོ་དྲུག་ནི་ཤེས་རབ་ཀྱི་ཆོས་འབྱུང་། དེའི་ལྟེ་བ་ལ་ཨ་བ་དྷཱུ་ཏིའི་སྣའི་རྩེ་མོ། ཡུངས་ཀར་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེའོ། །སོགས་ཁོངས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་བ་བསྟན་ཏེ། སྐབས་དོན་བྱང་ཆུབ་སེམས་ཀྱི་ཐིག་ལེ་དགའ་བ་བཞི་དང་། སྐད་ཅིག་བཞི་ཡི་དབྱེ་བས་ཇི་ལྟར་བྱོན་པ་དེ་བཞིན་དུ་རྒྱུ་མཐུན་པ་རྣམ་པར་སྨིན་པ། སྐྱེས་བུ་བྱེད་པ། དྲི་མ་དང་བྲལ་བའི་དབྱེ་བས་སྟེང་དུ་གཤེགས་ཏེ། གསང་བར་སྐུ་ཡི་ཐིག་ལེ་དང་། ལྟེ་བར་གསུང་གི་ཐིག་ལེ་དང་། སྙིང་ཁར་ཐུགས་ཀྱི་ཐིག་ལེ་དང་། མགྲིན་པར་ཡེ་ཤེས་ཀྱི་ཐིག་ལེའི་རིམ་པས་གཤེགས་ཏེ། དཔྲལ་བར་དྲི་མ་མེད་པའི་ཐིག་ལེ་དེ་ཡིས་སྣ་ཚོགས་པའི་བརྒྱན་དང་ལྡན་ཞིང་པྲ་ཕབས་པ་དང་མཚུངས་པ་དུས་གསུམ་དུ་གནས་པའི་ཡེ་ཤེས་ཀྱི་འཁོར་ལ་རང་བྱུང་བ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་བསྒོམ་ཞིང་སྤྲོ་ལ། དེ་དང་དུས་མཉམ་དུ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཡེ་ཤེས་ཀྱི་ཐིག་ལེའི་དབུས་སུ་མ་འཕོ་བའི་བདེ་བའི་འོད་ཟེར་གྱིས་རེག་པས་ཁམས་གསུམ་པོ་མཐའ་དག་དུས་གཅིག་ཅར་དུས་གསུམ་ཤེས་པའི་ཡེ་ཤེས་ཀྱི་རང་བཞིན་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོ་བར་བྱ་སྟེ་དྲང་བའི་དོན་ཏོ། །དེ་ལྟར་ཕྲ་ཐིག་བསྒོམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཨ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་ང་རྒྱལ་བཟུང་ངོ་། །ངེས་དོན་ཡིད་བཟང་ལའི་བཅའི་ནང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་འཕོ་བ་མེད་པའི་བདེ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ལྟར་ངེས་པའི་དོན་གྱིས་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་ནི་རྫོགས་རིམ་བསྙེན་སྒྲུབ་བཞི་དང་སྦྱོར་བ་ཡན་ལག་དྲུག་གིས་བསྒྲུབ་པར་བྱའོ། །དེ་ནས་འདོད་པའི་ལྷ་ཡི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭཱ་ནཾ། དུདྟནྟ་མ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ནས་བསྐྱེད་པའི་རིམ་པ་ཇི་ནུས་སུ་མཉམ་པར་བཞག་པ་ཡིན་ནོ། །དེ་རྗེས་མཆོད་བསྟོད་བདུད་རྩི་གཏོར་མྱང་རྗེས་ཆགས་ང་རྒྱལ་འཛིན་པའི་བར་བྱེད་ཞེས་ལྷན་ཐབས་བཀྲ་ཤིས་རབ་རྒྱས་སུ་གསུང་ཞིང་དོན་དུ་ཡང་སྔགས་ཀྱི་ལུགས་ཀྱི་ཐོབ་པ་དང་། བུ་སྟོན་མཆོག་གི་བཞེད་པ་ཡིན་པར་ངེས་ཀྱང་། བསྒྲུབ་གཞུང་དངོས་གྲུབ་འདོད་འཇོར་འདིའི་ས་བཅད་གསལ་བར་མ་མཛད་པས། ལྷན་ཐབས་ཁ་ཅིག་ཏུ་ཆད་པར་སྣང་ཡང་སྐབས་འདིར་རྒྱས་བསྡུས་ཇི་ལྟར་ཡང་མ་ཆད་པར་བྱས་པ་ཁོ་ན་ལེགས་སོ། །དེས་ན་ཐོག་མར་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་ནི། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻ་ར་ཝ་བྷིསྐ་ར་ཡ་ས་པ་རི་ཝཱ་རེ་བྷྱཿ ཞེས་ཀུན་གྱི་ཐོག་མར་སྦྱར་ཏེ། ཨོཾ་བཛྲ་གྷནྔྒཾ་པྲ་ཏཱིཙྪ་ན་མཿ བཛྲ་པུ་ཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ བཛྲ་ནཻ་ཝི་ཏྱེ་པྲ་ཏཱིཙྪ་ན་མཿ བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ཧ་སྱཾ་པྲ་ཏཱིཙྪ་ན་མཿ བཛྲ་བཱ་དྱཾ་པྲ་ཏཱིཙྪ་ན་མཿ བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་སྔགས་དང་ཕྱག་རྒྱས་མཆོད། རྒྱས་པར་ནི་ཚིགས་བཅད་བསམ་སྟེ་བྱ། དེ་ནས་ཅང་ཏིའུ་བརྡུང་ཞིང་རྐང་པ་བཅུ་དྲུག་པའི་སྔགས་ཀྱི་བསྟོད་པར་བྱ་བ་ནི། ཨོཾ་ན་མོ་བཛྲ་སཏྭ་ཡ། ན་མོ་བུདྡྷ་བྷོ་དྷི་ས་ཏྭེ་བྷྱཿ ན་མོ་བཛྲ་ཀྲོ་དྷ་ཨིནྡྲ་ཨིནྡྲ་རཱ་ཛེ་བྷྱཿ ན་མོ་བཱི་ཤྭ་མ་ཏྲེ། ན་མོ་བྷུ་དྡྷ་བྷོ་དྷི་ས་ཏྭཱ་དེ་ཝཱི་བྷྱཿ མ་ནོ་བཛྲ་ཌཱ་ཀི་ནཱི་བྷྱཿ ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙཀྲ་ཡ། ༡ བཛྲ་བྷེ་ར་བ་བྷཱི་ཀ་རཱ་ཡ། ༢ མ་ཧཱ་ཨིནྡྲ་ལ་བརྞྞ་ཤ་རི་རཱ་ཡ། ༣ མཱ་རོ་ཀླ་ཤ་ཧྲི་ད་ཡཱ། ཀྲཱན་ཏ་སི་ཏ་རཀྟ་ཙ་ར་ཎཱ་ཡ། ༤ ཀྲྀཥྞ་རཀྟ་སི་ཏ་ཀཎ་ཋཱ་ཡ། ༥ ནཱི་ལ་སི་ཏ་པཱི་ཏ་རཀ་ཏ་དཾཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁྱྀ་ཡ། ༦ ཀྲྀཥྞ་རཀྟ་སི་ཏ་ས་བྱེད་ཏ་ར་སྐན་དྷཱ་ཡ། ༧ དྭཱ་ད་ཤ་བྷུ་ཛཱ་ཡ། ༨ ཥཊ་བིཾ་ཤ་ཏི་ཀ་རཱ་ཡ། ༩ བཛྲ་ཁཌ་ག་ཏྲི་ཤུ་ལ། ཀརྟི་ཀཱ་བཱ་ཎ། ཨཾ་ཀུ་ཤ ཌ་མ་རུ་ཀ མུད་ག་ར། ཙཀྲ། ཀུན་ཏ། དཎྜ། པར་བཱུ། བཛྲ་གྷཎ་ཌཱ། ཁེ་ཊ། ཁ་ཊྭཱཾ་ག ཀ་པཱ་ལ། ཙཱ་པ། པཱ་ཤ རད་ན། ཀ་མ་ལ། ཤཾ་ཁ། ཨཱ་དར་ཤ ཤྲིཾ་ཁ་ལཱ། བྲཧྨ་ཤི་རོ། ག་ཛ་ཙར་མ་དྷྲྀ་ཏ་ཀ་རཱ་ཡ། ༡༠ བྱཱ་གྷྲ་ཙར་མ་ནི་ཝ་ས་ནཱ་ཡ། ༡༡ སྐན་དྷེ་མུཎ་ཌ་མཱ་ལཱ་བ་ལཾ་བི་ནེ། ༡༢ ཤི་ར་སི་བཛྲ་པཊ་ཊ་མུ་ཀུ་ཊེ་བཛྲ་ཀ་པཱ་ལ་མཱ་ལ། ཨར་དྷ་ཙན་དྲ་དྷ་རཱ་ཡ། ༡༣ ཀུན་ཌ་ལ་རུ་ཙ་ཀ ཀཎ་ཋི་ཀཱ མེ་ཁ་ལཱ། ནཱུ་པུ་ར། བྷསྨ་ཡ་ཛྙོ་པ་བཱི་ཏ། ཤི་རོ་མ་ཎི། མ་ཧཱ་མུ་དྲ། ནཱ་ག་ཨིན་དྲ་བི་བྷུ་ཥ་ཎཱ་ཡ། ༡༤ བཛྲ་ཌཱ་ཀི་ནཱི། སཾ་ཏོ་ཥི་ཏི་ཧྲི་ད་ཡཱ་ཡ། ༡༥ ཨིན་དྲ། ཨག་ནི། ཡ་མ། ནཻ་རི་ཏྱ། བ་རུ་ཎ། བཱ་ཡུ། ཀུ་བེ་ར། ཨཱི་ཤ་ན། བྲཧྨ། བིཥྞུ། བི་ནཱ་ཡ་ཀ ཀཱ་ར་ཏི་ཀེ ཡ་ནན་དི། མ་ཧཱ་ཀཱ་ལ་གྲ་ཧ། ནཀྵ་ཏྲ། ཀྵེ་ཏྲ་པཱ་ལ། སུ་ར་ཨིན་དྲ། ཨ་སུ་ར་ཨིནྡྲ། ཕ་ཎི་ཨིན་དྲ། བྷུ་ཏ་ཨིན་དྲ། ན་ར་ཨིན་དྲ། སཾ་སྟུ་ར་ཙ་ཪ་ཎཱ་ཡ། ༡༦ ཞེས་པས་བསྟོད་པར་བྱའོ། །གཞན་ནི་སྟོང་པ་ཉིད་དང་སོགས་ཚིགས་བཅད་གཉིས་སོ། །ཡང་ན་བདུད་རྩི་ཉི་ཤུ་སོགས་ཀྱིས་བསྟོད་ཀྱང་ལེགས་མོད། འོན་ཀྱང་འཁོར་ལོ་སྡོམ་པ་རྐང་བརྒྱད་སྔགས་ཀྱི་བསྟོད་པ་ཁོ་ན་གཙོ་བོར་གྱུར་བཞིན་འདིར་ཡང་རྐང་པ་བཅུ་དྲུག་ཉིད་ཁྱད་པར་ཅན་གྱི་བསྟོད་པ་ཡིན་ནོ། །དེ་ནས་བདུད་རྩི་གཏོར་མྱང་བྱ་བ་ནི། ཐོག་མར་ཁ་ཆོད་གསལ་རེ་རྒྱས་པར་མཆོད་གཏོར་བྱིན་རླབས་སྐབས་ལྟར་རམ། བསྡུ་ན་སྔགས་མཚན་བཞི་དང་ཧ་ཧོཿ ཧྲཱིཿ ཡིས་བྱིན་གྱིས་བརླབ་ཅིང་། ཀ་པཱ་ལ་ལག་གཡས་མཐིལ་དུ་དཔྲལ་བ་རང་ལ་ཕྱོགས་ནས་གཡོན་པའི་ཐེབ་སྲིན་གྱི་ལན་གསུམ་གྲུབ་ཚུལ་བཅས་དབུས་ནས་བླངས་ཏེ་བླ་མ་ལ་སྤྱི་བོའི་ཐད་དང་དཀྱིལ་འཁོར་ལྷ་ལ་ཁ་ཡི་ཐད་ཆོས་སྐྱོང་ལ་ལྟེ་བ་ནས་མཆོག་སྦྱིན་ཕྱག་རྒྱས་ཟིལ་གཏོར་བྱས་ལ། ཨོཾ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དཔལ་ལྡན་བླ་མ་དམ་པ་བཞི་དབྱེར་མེད་པ་ལ་ན་མཿ དེ་བཞིན་དུ་མགོ་བོར་ཨོཾ་དང་། མཇུག་ཏུ་ན་མ་སྦྱར་ལ། དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལ། ཟླ་བ་བཟང་པོ་ལ། ལྷ་དབང་ལ། གཟི་བརྗིད་ཅན་ལ། ཟླ་བས་བྱིན་ལ། ལྷའི་དབང་ཕྱུག་ལ། སྣ་ཚོགས་གཟུགས་ལ། ལྷའི་དབང་ལྡན་ལ། འཇམ་དབྱངས་གྲགས་པ་ལ། པདྨ་དཀར་པོ་ལ། བཟང་པོ་ལ་རྣམ་རྒྱལ་ལ། བཤེས་གཉེན་བཟང་པོ་ལ། ཕྱག་དམར་ལ། ཁྱབ་མཇུག་སྦས་པ་ལ། ཉི་མ་གྲགས་ལ། ཤིན་ཏུ་བཟང་ལ། རྒྱ་མཚོ་རྣམ་རྒྱལ་ལ། རྒྱལ་དཀའ་ལ། ཉི་མ་ལ། སྣ་ཚོགས་གཟུགས་ལ། ཟླ་བའི་འོད་ལ། མཐའ་ཡས་ལ། ས་སྐྱོང་ལ། དཔལ་སྐྱོང་ལ། དུས་ཞབས་མཆེ་བ་ལ། དུས་ཞབས་པ་ཆུང་བ་ལ། ཁ་ཆེ་ཟླ་བ་མགོན་པོ་ལ། སྒོམ་པ་དཀོན་མཆོག་བསྲུང་ལ། འབྲོ་སྟོན་རྣམ་ལ་བརྩེགས་ལ། ཡུ་མོ་མི་བསྐྱོད་རྡོ་རྗེ་ལ། སྲས་དྷརྨྨ་ཤྭ་ར་ལ། གྲུབ་ཐོབ་ནམ་མཁའ་འོད་ཟེར་ལ། གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན་ལ། འཇམ་གསར་ཤེས་རབ་འོད་ཟེར་ལ། བླ་མ་ཆོས་སྐུ་འོད་ཟེར་ལ། ཆོས་རྗེ་ཀུན་སྤངས་ལ། བླ་མ་བྱང་སེམས་རྒྱལ་བ་ཡེ་ཤེས་ལ། བླ་མ་ཀུན་མཁྱེན་འཕགས་པ་ལ།་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་པ་ལ་ན་མཿ ཡང་ན་བླ་མ་ཆོས་སྐུ་འོད་ཟེར་གྱི་རྗེས་སུ་བླ་མ་ཀུན་མཁྱེན་འཕགས་པ་བཅུག་པའམ། ཆོས་རྗེ་ཀུན་སྤངས་ནས་ཀུན་མཁྱེན་འཕགས་པ་བཅུག་ཀྱང་ཆོག་གོ །བུ་སྟོན་རིན་ཆེན་མན་ཆད་ནི། ལོཙྪ་དྷརྨྨ་ཤྲཱི་ལ་ན་མཿ ཆོས་རྗེ་ཡོན་ཏན་འབྱུང་གནས་ ལ་ན་མཿ རིགས་ལྡན་རྣམ་རྒྱལ་གྲགས་པ་ལ་ན་མཿ ཤང་སྟོན་ཀུན་དགའ་དཔལ་ལ་ན་མཿ པཎ་ཆེན་ནམ་མཁའ་དཔལ་བཟང་ལ་ན་མཿ འཇམ་དབྱངས་ཤེས་རབ་བཀྲ་ཤིས་ལ་ན་མཿ རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་ན་མཿ མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་ན་མཿ མཁས་པ་བྱམས་པ་ལྷུན་གྲུབ་ལ་ན་མཿ རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་ལ་ན་མཿ རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ལ་ན་མཿ དམ་པ་སྙིང་པོ་བློ་གྲོས་ལ་ན་མཿ སྐྱེས་མཆོག་ངག་དབང་འཕྲིན་ལས་ལ་ན་མཿ གྲུབ་པའི་དབང་ཕྱུག་ཀུན་བཟང་དབང་པོ་ལ་ན་མཿ རྒྱལ་མཆོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ལ་ན་མཿ འཁོར་ལོའི་མགོན་པོ་ངག་དབང་ཡེ་ཤེས་ལ་ན་མཿ དྲིན་ཅན་རྩ་བའི་བླ་མ་ལ་ན་མཿ ཡང་ན་བུ་སྟོན་ཆེན་པོ་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཙཱ་གྲགས་པ་རྒྱལ་མཚན། འཇིགས་བྲལ་དབྱངས་ཅན་དགའ་བ། རིགས་ལྡན་རྣམ་གྲགས་མན་འདྲ། དེ་ནས། ཨོཾ་བྷུདྡྷ་ཡ་ན་མཿ ནས་སེམས་ཅན་ཐམས་ཅད་དཔལ་དུས་ཀྱི་འཁོར་ལོར་གྱུར་པའི་ཞལ་དུ་ན་མཿ ཞེས་པའི་བར་འོག་ནས་འབྱུང་བཞིན་པའི་སྔགས་ཀྱིས་མཆོད། དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་དང་སངས་རྒྱས་བྱང་སེམས་ཐམས་ཅད་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར་ནས་རང་གི་ལུས་ལ་བཅུག་སྟེ་བདུད་རྩི་མྱོང་བས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བདུད་རྩིས་ཁེངས། ནང་ལུས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགྱེས་ཤིང་བདེ་བ་ཆེན་པོར་རབ་ཏུ་བརྟན་པར་བསམ་ལ་བདུད་རྩི་མྱང་ངོ་། །དེ་ནས་རྡོ་རྗེའི་མཆོད་པ་བྱེད་པ་ནི། མཆོག་གི་ཕྱག་རྒྱ་སྐྱེས་པ་དང་། གསང་བའི་ཕྱག་རྒྱ་བུད་མེད། ལས་ཀྱི་ཕྱག་རྒྱ་ཙུམྦྷ་ན་ལ་སོགས་པ་དང་། ཆོས་ཀྱི་ཕྱག་རྒྱ་དེ་ཉིད་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བས་མཆོད་པ་ནི་རྡོ་རྗེའི་མཆོད་པ་སྟེ། ཐིག་ལེའི་རྣལ་འབྱོར་གྱི་སྐབས་བཞིན་སྙོམས་འཇུག་གི་བདེ་བས་མཆོད་ལ་ང་རྒྱལ་བཟུང་། དེ་ལས་བྱུང་བའི་བྱང་སེམས་དཀར་དམར་ཐོད་པར་བླུགས་ལ་ལྷ་མཆོད་ཅིང་རང་གིས་ཀྱང་མྱང་བར་བྱའོ། །ཞེས་བུ་སྟོན་རིན་པོ་ཆེའི་མཆོད་འཕྲེང་མཆོད་སྤྲིན་རྒྱ་མཚོ་ལས་གསུང་བཞིན་མོས་པས་སྒྲུབ་སྟེ་ང་རྒྱལ་བཟུང་བའི་སྔགས་བཅས་རྣམ་རོལ་ཕྱག་རྒྱ་བྱའོ། །དེ་ཡང་འདི་ནི་ཐིག་ལེའི་རྣལ་འབྱོར་གྱི་སྐབས་སུ་བཤད་པ་དང་མཚུངས་ཀྱི་སྔ་མ་ཉིད་ཟློས་སམ་སྙམ་ན། དོན་རིགས་གཅིག་ཀྱང་གོང་དུ་བཤད་པ་ནི་ལམ་གྱི་རྐང་གལ་པོ་ཆེ་རྩ་བ་ཡིན་ལ། ཕྱི་མ་ནི་སྔགས་ཆོག་གཞན་རྣམས་ནས་རྗེས་ཆགས་ཀྱིས་རྣལ་འབྱོར་དུ་གྲགས་རྒྱུར་ཐུན་མཚམས་ཀྱི་ལམ་རིམ་དུ་ཡང་བཞག་པ་དེ། འདིར་མཆོད་པའི་སྐབས་སུ་གསང་མཆོད་སྤྱི་ལས་གསང་བའི་གཏོར་གཏུང་ཁྱད་པར་ཅན་སྒྲུབ་པའི་དོན་དུ་བཞེད་པར་སྣང་ལ། དེ་ཡང་ཐིག་ལེའི་རྣལ་འབྱོར་དུ་མི་འདུ་བ་ནི་མ་ཡིན་ཀྱང་རྩ་བ་དང་ཡན་ལག་གི་ཚུལ་དུ་དེ་ལྟར་དབྱེར་ན་མི་འགལ་བ་ཉིད་དུ་གོ་བར་གཅེས་སོ། །ཚུལ་འདི་ཡང་ལྷན་ཐབས་རྣམས་སུ་དོགས་བཅད་མ་མཛད་པས་སྐབས་འདིར་ཆ་ཙམ་སྤྲོས་པའོ། །དེ་ནས་སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། སྔོན་དུ་དཀྱིལ་འཁོར་ལྷ་ཡི་ཐུགས་རྒྱུད་བསྐུལ་བ་བཟླས་པའི་བྱ་བ་དང་། མཆོད་ཅིང་བསྟོད་དེ་གཤེགས་སུ་གསོལ་བ་དངོས་དང་། ཐུན་མཚམས་དགེ་སྦྱོར་གྱི་རིམ་པའོ། །དེ་ཡི་དང་པོ་བཟླས་པ་ལ། ཡེ་ཤེས་ཀྱི་བཟླས་པ། དམ་ཚིག་གི་བཟླས་པ་གཉིས་ལས། ཡེ་ཤེས་ཀྱི་བཟླས་པ་ནི་སྲོག་དང་རྩོལ་བའི་རིམ་པས་དབང་པོ་འགག་པར་གྱུར་ནས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་ཡེ་ཤེས་ཀྱི་བཟླས་པ་བྱའོ། །ཞེས་གསུངས་སོ། །དེ་ནས་དམ་ཚིག་གི་བཟླས་པར་ཐོག་མར་བགྲང་འཕྲེང་བྱིན་གྱི་བརླབས་པ་ལ། བགྲང་འཕྲེང་གི་རྒྱུ་ཕྲེང་སྐུད་རྡོག་གྲངས་རྣམས་ལས་སོ་སོ་དང་ཐུན་པར་བྱས་ལ་ལག་གཡས་ཀྱི་སྙིམ་པར་བཟུང་ནས་གཡོན་གྱི་བདུད་རྩི། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཞེས་པས་གཏོར་ནས་བསངས། སྭ་བྷཱ་ཝས་སྦྱང་པ། ཕྲེང་བ་སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན། ཨཱཿ དང་རྡོ་རྗེ་ལྗང་ཁུ་རྩེ་ལྔ་པ་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ། ལྗང་དམར་དཀར་བའི་ཞལ་ཅན་གཉིས་ཀའང་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་གྲི་གུག་དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་མགོ་འཛིན་པ་ཡབ་རྡོ་རྗེའི་གདན་གྱི་བཞུགས་པ་ལས་ཡུམ་པདྨའི་གདན་གྱིས་འཁྱུད་པར་གྱུར། དེ་ཡི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོ། ཐུགས་ཁ་ནས་འོད་ཟེར་འཕྲོས་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་གྱུར་པའི་དབྱངས་སུམ་ཅུ་རྩ་གཉིས་དང་དཔེ་བྱ་བརྒྱད་ཅུའི་ངོ་བོར་གྱུར་པའི་གསལ་བྱེད་བརྒྱད་ཅུ་ཡེ་ཤེས་པའི་རྣམ་པར་ཛཿཧཱུྃ་བཾ་ཧོཿཧི། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་པའི་གཡོན་པའི་ཐེབས་སྲིན་གྱིས་ནང་མཆོད་གཏོར་བས་དབང་བསྐུར་མཆོད་པ་བཅུ་གཉིས་ཀྱི་མཆོད་མཐར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་གྱུར། མཆོག་གི་ཕྱག་རྒྱ་ལྕེ་དང་ཕྲེང་བར་རེག་སྟེ་ལས་གང་ཡིན་གྱིས་རོལ་མོ་ལ་བཞག་ནས་མདོ་འཛིན་ཕྱོགས་སུ་བགྲང་བར་བྱའོ། །དེ་ནས་ངག་བཟླས་པ་ནི། སྙིང་ཁའི་ལྟེ་བའི་དབུས་སུ་གནས་པའི་ཐིག་ལེ་ཕྲ་མོ་ལས་བྱུང་བའི་སྔགས་ཀྱི་ཡི་གེ་རྣམས་འོད་ཟེར་ལྔ་ཡི་བདག་ཉིད་དབུ་མའི་རྩ་འབབ་པ་ཡིས། ཇི་སྲིད་རྡོ་རྗེའི་ལམ་ནས་ལྷ་མོ་པདྨའི་ནང་དུ་ཞུགས་ཏེ། དེའི་ཁ་ནས་རང་གི་ཁར་ཞུགས་པར་བྱས་ནས་དེ་ཉིད་དུ་ཐིམ་པར་བསྒོམ་པའི་ཏིང་ངེ་འཛིན་དང་ལྡན་པར་བཟླས་བར་བྱའོ། །དེ་ཡང་འདིར་སྔགས་ཀྱི་དགྲ་གྲོགས་བླང་དོར་ཤེས་པའི་སྒོ་ནས་སྔགས་ཀྱི་ལས་དྲུག་སྔོན་དུ་འགྲོ་བའི་ཐུགས་ཀྱི་བཟླས་པས་འབུམ་ཕྲག་དྲུག་དང་། གསུང་གི་འབུམ་ཕྲག་བཅུ་དང་། སྐུ་རྡོ་རྗེའི་བཟླས་པ་འབུམ་ཕྲག་བརྒྱ་བྱ་སྟེ། དང་པོ་སྐུ་རྡོ་རྗེ་ཨོཾ་དང་། བར་དུ་ལྷ་སོ་སོའི་མིང་གི་ཡི་གེ་ལས་ལྷག་པའི་ཐུགས་དང་གསུང་གི་ཡི་གེ་དང་བཅས་པ་སྐུ་རྡོ་རྗེའོ། །མགོར་སྐུ་རྡོ་རྗེ་ཨོཾ་དང་། བར་དུ་ཡན་ལག་སོ་སོའི་སྔགས་དང་བཅས་པ་ལ་མཐར་ཐུག་རྡོ་རྗེ་ཧཱུྃ་ཕཊ་སྦྱར་ནས་བཟླས་པར་གསུང་ངོ་། །འོན་ཏེ་དེང་སང་བྱིན་རླབས་མཉམ་པ་མེད་པའི་ཕྱག་ཆེན་དུ་སྙིང་པོ་གཙོ་བོར་བཟླ་བར་སྣང་ན་དེ་ལྟར་བཟླས་པ་ནི། ཨོཾ་ཧཱུྃ་ཀྵྨླྭྲྱ་ཧཱུྃ་ཕྲེཾ་ཧཱུྃ་ཧཱུྃ་ཕཊ། ཞེས་པ་ནས། ཨོཾ་ཨཱཿཧཱུྃ་ཧོ་ཧྐྵྨླྭྲྻྃ་ཕྲེཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའོ། །ཨཾ་ཧྲཱཾ་ཧྲཱིཾ་ཧྼྼིཾ་ཧྲཱུཾ་ཧྲླཱིཾ་ཧྲཱཿ ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །དེ་རྣམས་དུས་ཀྱི་འཁོར་ལོ་མཁའ་འགྲོ་སྡོམ་པ་ཆེན་པོའི་ཤེས་རབ་ཆ་དང་བཅས་པའི་སྔགས་ཏེ་གང་ཡང་རུང་བ་ཞིག་བྱེ་བར་བཟླས་པས་ཀྱང་བསྙེན་པའོ། །ཁྱད་པར་འཕྲེང་བའི་སྔགས་ཀྱི་བསྟོད་པ་བདེ་མཆོག་བསྡུས་པའི་རྒྱུད་བྱང་དུ་རྐང་པ་བརྒྱད་ལ་འདིར་ཐབས་སམ་ཉི་ཟླའི་དབྱེ་བས་རྐང་པ་བཅུ་དྲུག་ཏུ་གྱུར་པ་དང་། དེ་བཞིན་ཉུང་ངུ་རྐང་པ་ཉེར་བཞི་པ་ལ་འདིར་སྐུ་གསུང་ཐུགས་སམ་ཁུ་རྡུལ་རླུང་དག་པས་གསུམ་འགྱུར་གྱི་བདུན་ཅུ་རྩ་གཉིས་པ་སྟེ་དེ་ལྟར་རྐང་པ་བཅུ་དྲུག་པ་དང་། བདུན་ཅུ་རྩ་གཉིས་པ་ཡང་ཅི་ནུས་སུ་བཀླགས་པ་ངེས་པར་བྱ་དགོས་ཏེ། དེ་ཡང་རྐང་པ་བདུན་ཅུ་རྩ་གཉིས་པ་ངོ་བོ་ནི་བསྲུང་འཁོར་གྱི་སྐབས་སུ་བསྟན་པ་དང་། དེ་བཞིན་རྐང་པ་བཅུ་དྲུག་ནི་བསྟོད་པའི་སྐབས་སུ་བཤད་ཟིན་པ་བཞིན་བཟླས་པ་བྱའོ། །ཕྲེང་སྔགས་དེ་གཉིས་གང་ཡང་རུང་གཅིག་ལ་བྱེ་བ་སྟེ་འབུམ་བརྒྱ་སེམས་རྣམས་གཡེངས་ཕལ་ཆེར་སྤངས་ཏེ་བཟླས་ཤིང་ཁ་བསྐང་སྦྱིན་སྲེག་འབུམ་བཅུ་བགྱིས་ན་གྲུབ་པ་ཆེན་པོ་བརྒྱད་དང་། ལས་ཐམས་ཅད་གྲུབ་པར་འགྱུར་ཏེ་བཀླགས་པས་ལས་ཐམས་ཅད་བྱེད་པར་གསུངས་སོ། །ད་ལྟའི་གང་ཟག་སེམས་རྣམས་གཡེང་ཅན་གྱི་ཡང་ངག་བཟླས་དེ་ཙམ་གྲུབ་ན་བཀླགས་པས་གྲུབ་པར་བཀའ་ཡང་འཁོར་ལོ་ལ་སོགས་པའི་ལས་རབ་འབྱམས་རྗེས་མཐུན་གྱི་བསྒྲུབ་པར་ནི་ནུས་སོ། །དེ་ལྟར་དུས་འཁོར་འཕགས་འགྲེལ་ལས་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་གཉིས་ཀ་གྲངས་ཚད་བྱེ་བར་བཤད་པ་ལ་མཁས་པ་ཁ་ཅིག་གི་བསྙེན་མེད་ལྟ་ཚེ་ལོ་བརྒྱ་པས་ཀྱང་མི་ཁྱོལ་ཞེས་འཇིགས་སྔངས་སྐྱེ་བ་ནི་ཡང་དག་པའི་གོ་བ་དང་རྣམ་པར་དཔྱོད་པ་མི་ལྡན་ཞིང་འཕྲལ་རྟོག་གེ་ལ་ཅུང་ཟད་ཅིག་སྦྱངས་པའི་ཡུས་ཏེ། དེ་ལྟར་རྟོག་གེ་ལས་དང་པོ་པས་རྒྱས་བཏབ་དེ་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་མི་རིགས་པ་ཉིད་དོ། །ཅི་ཕྱིར་ལས་དང་པོའི་ངག་བཟླས་ཀྱི་ལོ་ཟླ་དུ་མར་བསྒྲུབ་དཀའ་བ་ཡང་། རྣལ་འབྱོར་གསལ་སྣང་ངེས་པར་ཐོབ་པས་ཉིན་ཞག་ཁ་ཤས་སུ་བསྒྲུབ་ནུས་པ་དེ་མ་རྟོགས་པ་དང་། གཞན་ཡང་བླ་མའི་ངག་མེད་པར་དཔེ་ཀློགས་ཀྱི་རང་ཁར་ཞུགས་པས་གནད་མ་ཤེས་པ་ཡིན་ཏེ། ལས་དང་པོའི་ངག་བཟླས་ཀྱི་ཡེ་མི་འགྲུབ་པ་ཡང་མ་ཡིན་གྱི་བདག་ཅག་གི་བླ་མ་མན་ངག་རིགས་པ་རྣམས་ཀྱི་འདི་ལྟར་བཞེད་པ་ཡིན་གྱི། དཔལ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེལ་ལས་འབྱུང་པོ་བའི་སྔགས་ཀྱི་བཟླ་ལུགས་དེ་ལན་གཉིས་དང་གསུམ་དུ་འདབ་ནས་རྐང་པ་བདུན་ཅུ་རྩ་གཉིས་དང་། རྐང་པ་བཅུ་དྲུག་གཉིས་ཀའི་རྐང་པའི་གྲངས་ཇི་སྙེད་པར་ཐོག་མཐར་ཨོཾ་དང་ཧཱུྃ་ཧཱུྃ་ཕཊ་སྦྱར་ཏེ་འབུམ་རེ་རེ་བཟླ་བ་ལས་བྱེ་བ་བགྲང་བ་སྟེ་ཡང་དག་པའི་གདམས་པར་ངེས་པའོ། །སྤྱིར་འགྲེལ་ཆེན་ལས་ཕྲེང་བའི་སྔགས་འདི་ལན་བདུན་བཟླས་ན་བདུད་དང་བགེགས་དང་། གཞན་གྱི་མི་ཐུབ་པ་དང་། ཡི་དྭགས་ལ་སོགས་པའི་བདག་པོ་རྣམས་དང་གདུག་པ་ཐམས་ཅད་ཚར་གཅོད་པར་བྱེད་དོ། །ཞེས་གསུངས་པས་སྔགས་འདི་དག་ཀྱང་གལ་པོ་ཆེ་ཡིན་པར་ངེས་པར་བློ་ལ་བཟུང་ཞིང་ཅི་རིགས་པ་འདོན་པར་བྱ་ཞེས་ངེས་པར་བྱ་བའི་གནས་སུ་བར་སྐབ་སུ་ཅུང་ཟད་འཕྲོས་སོ། །གཞན་ཡང་བསྙེན་པའི་སྐབས་འཁོར་གྱི་བཟླས་པ་བྱེད་པར་སྤྲོ་ན། འདི་ལྟ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨཱཿ ཧ་ཧ་ཧཾ་ཧཿ ཕྲེཾ་ཧོ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་སླྀ་སླཱྀ་ྉྤུ་ྉྤཱ་ཥྲྀ་ཥྲཱྀ་ཤི་ཤཱི་ཧ་ཧཱཿ ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཏླྀ་ཏླཱྀ་ཐུ་ཐཱུ་དྲྀ་དྲཱྀ་དྷི་དྷཱི་ལ་ལཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་པླྀ་པླཱྀ་ཕུ་ཕཱུ་བྲྀ་བྲཱྀ་བྷི་བྷཱི་ཝ་ཝཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཊླྀ་ཊླཱྀ་ཐུ་ཐཱུ་ཌྲྀ་ཌྲཱྀ་ཌྷཱ་ར་རཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཙླྀ་ཙླཱྀ་ཚུ་ཚཱུ་ཛྲི་ཛྲཱི་ཛྙི་ཛྙཱི་ཡ་ཡཱུ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀླྀ་ཀླྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ལྟར་སྔགས་མཚན་དགུ་པོ་ཅི་ལྟར་འོས་པར་བཟླའོ། །གཞན་ནི་སྡེ་ཚན་དགུ་པོ་དེ་རྣམས་རྐང་པ་བཅུ་དྲུག་པའི་མཐར་བཏགས་ཏེ་བཟླས་ན་དྲག་པོའི་ལས་དང་བགེགས་ཚར་གཅོད་པ་ལ་མཆོག་ཏུ་བསྔགས་པར་དེ་བའི་འགྲེལ་པ་ལས་གསུངས་སོ། །ཚུལ་དེ་ཡང་ཅི་ལྟར་ཞེས་ན་རྐང་པ་བཅུ་དྲུག་པ། ཨོཾ་ན་མོ་བཛྲ་ས་ཏྭཱ་ཡ་སོགས་ནས། ཙ་ར་ན་ཡའི་བར་གཞུང་བཞིན་ལ་དེ་མཐར་སྡེ་ཚན་དགུ་ཡི་གོ་རིམ་འདི་ལྟར་གདགས་ཏེ། ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ་ཕཊ། ཀླྀ་ཀླྀ་ཁུ་ཁཱུ་གྼྀ་གྼཱྀ་གྷི་གྷཱི་ཧ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཙླྀ་ཙླཱྀ་ཚུ་ཚཱུ་ཛྲི་ཛྲཱི་ཛྙི་ཛྙཱི་ཡ་ཡཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཊླྀ་ཊླྀ་ཐུ་ཐུ་ཌྼྀ་ཌྼྀ་ཌྷི་དྷཱི་ར་རཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། པླྀ་པླཱྀ་ཕུ་ཕཱུ་བྲྀ་བྲཱི་བྷི་བྷཱི་ཝ་ཝཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་དྲྀ་དྲཱྀ་དྷི་དྷཱི་ལ་ལཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། སླྀ་སླཱྀ་པུ་པཱུ་ཥྲྀ་ཥྲཱྀ་ཤི་ཤཱི་ཧ་ཧཱཿ ཧཱུྃ་ཧཱུྃ་ཕཊ་ཕཊ། ཧཱ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཨ་ཨཱ་ཨཾ་ཨཱ་ཧ་ཧཱ་ཧཾ་ཧ། ཕྲེཾ་ཧོཿ ཞེས་པ་ནི་བདུད་རིགས་བརྒྱ་ཡི་ཕྲེང་བའི་ས་བོན་ཏེ་མཁའ་འགྲོ་མ་ཡི་ཚོགས་མཁའ་འགྲོ་མ་ཡི་དྲྭ་བའི་སྔགས་ཀྱི་ཚིག་གོ །དེ་ལྟར་མཁའ་འགྲོ་མ་ཡི་དྲྭ་བའི་སྔགས་དེ་རྣམས་དང་རྐང་པ་བདུན་ཅུ་རྩ་གཉིས་པ་སྤེལ་ནས་བཀླགས་ན་ཡེ་ལེའི་འགྲེལ་ཆེན་ལས་ཇི་ལྟར་གསུང་བཞིན་པ་སྟེ། དེ་ནི་རྐང་པ་རེ་རེ་བཞིན་དཀྱིལ་འཁོར་གཙོ་བོའི་སྔགས་ཡིན་ལ། དེ་ནུས་མ་དང་དུར་ཁྲོད་ཀྱི་ལྷ་མོའི་ས་བོན་དང་སྦྲེལ་བ་ནི་ཡབ་ཡུམ་གཉིས་མེད་ཀྱི་བཟླས་པར་འགྱུར་ཞིང་གཞན་མཁའ་འགྲོ་མ་ཡི་སྔགས་སྦྱོར་བ་ནི་ལས་བྱེད་ཕོ་མོའི་ཚུལ་དུ་སྦྲེལ་པ་སྟེ་གཙོ་འཁོར་གཉིས་མེད་ཀྱི་བཀླག་པར་འགྱུར་བ་ཡིན་ནོ། །ཚུལ་དེ་ཡི་སྔགས་ཀྱང་འདི་ལྟ་སྟེ། ཨོཾ་ཨཱཿ ཧཱུྃ་ཧོ་ཧཾ་ཀྵཿ ཧྃ་ཧོ་ཧཾ་ཀྵཿ ཧྃ་ཀ་ལ་ཙཀྲ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡ ཨོཾ་དུ་རུ་དཱནྟ་ད་མ་ཀ་ཛ་ཏི་ཛ་རཱ་མ་ར་ནན་ཏ་ཀ་ཧ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༢ ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༣ ཨོཾ་མ་ཧཱ་བི་རི་ཤྭ་ར་ཨ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བྷེ་ར་བ་ཧཿ བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཡཱ་ཨཱཿ བཛྲེ་ཧཱུྃ་ཧཱུྃ་ཕཊ། ༦ ཨོཾ་བཛྲ་གཱ་ཏ་ཧཾ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༧ ཨོཾ་བཛྲ་ནེ་ཏྲ་ཨཾ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༨ ཨོཾ་བཛྲ་ཤྭ་ཏྲ་ཤཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༩ ཨོཾ་བཛྲ་གྷྲ་ཎ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༠ ཨོཾ་བཛྲ་ཛི་ཧྭ་ཀྵ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༡ ཨོཾ་བཛྲ་དན་ཏ་ཀྵ་བཛྲེ་ ཧཱུྃ་ཧཱུྃ་ཕཊ། ༡༢ ཨོཾ་བཛྲ་ན་ཁ་ཀླྀ་བཛྲེ་གྷི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༡༣ ཨོཾ་བཛྲ་ཀེ་ཤ་ཁུ་བཛྲེ་གྲི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༡༤ ཨོཾ་བཛྲ་ལོ་མ་གྲྀ་བཛྲེ་ཁཱུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༡༥ ཨོཾ་བཛྲ་ཨ་བྷ་ར་ཎ་གྷི་བཛྲ་ཀླྀ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༦ ཨོཾ་བཛྲ་ཧ་ས་ངཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༧ ཨོཾ་བཛྲ་གཱི་ད་ང་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༨ ཨོཾ་བཛྲ་ནྲྀ་ཏྱ་གྷ་བཛྲ་ཀླྀ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༡༩ ཨོཾ་བཛྲ་ཨཱ་ཡུ་དྷ་ཀ་ར་གྲྀ་བཛྲེ་ཁུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༠ ཨོཾ་བཛྲ་ཀྲོ་དྷྱ་རཱ་ཛ་ཨ་དྷི་པ་ཏི་ཁུ་བཛྲེ་གྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༡ ཨོཾ་བཛྲ་ཌ་ཀ་ཀླྀ་བཛྲེ་གྷཱི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༢ ཨོཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲྀ་ཏ་ཙླཱྀ་བཛྲ་ཛྷི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༣ ཨོཾ་བཛྲ་ཤཱི་གྷྲཾ་ཨ་གཙྪ་ཚཱུ་བཛྲེ་ཛྲི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༤ ཨོཾ་བཛྲ་སཏྭ་ཨཛྙཱ་ཡཱ་སརྦྦ་མ་ར་བིགྷྣཾ། བི་ནཱ་ཡ་ཀ ཀིཾ་ན་ར། ཀིཾ་སུ་རུ་ཥ། ག་དུ་ཌ། གན་དྷརྦ། ཡཀྵ། རཀྵ་ས། བྷཱུ་ཏ། མ་ཧཱ་པྲེ་ཏ། ཀུམ་བྷཎ་ཌ། ཨ་སྨ་ར། ཀྵུ་ཊ་པཱ་ལ། བེ་ཏཱ་ཌ། པུ་ཏ་ན། དུཥྚ་ན་ག་གྲ་ཧ། ད་ཡོད་ཡེ། སརྦྦ་ཛྭ་ར། སརྦྦ་བྱཱ་དྷི། ཀྵུ་དྲ་ཨུ་པ་དྲ་བ་ཀཱ་རི་ཥཿ སརྦྦ་སཏྭཱ་ནཱ། སརྦྦ་ཨ་པ་ཀཱ་ར། ར་ཏཱཾ་སྟཱན་སརྦྦན་ཛཿ ཤཱི་གྷྲཾ་བཛྲ་ཨཾ་ཀུ་ཤེ་ན་ཨཱ་ཀྲྀ་ཥྱཱ་ཨ་ཀྲྀ་ཥྱ་ཛྲ་བཛྲེ་ཆུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༥ ཨོཾ་ཨཱུར་དྷྭ་དྭེ་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཀྲྀ་བཛྲ་ཙླྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༦ ཨོཾ་པཱུར་བ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉཱ་བཛྲེ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༧ ཨོཾ་དཀྵི་ཎ་དི་ནི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༨ ཨོཾ་ཨུད་ཏ་ར་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཛྙི་བཛྲེ་ཙླཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༢༩ ཨོཾ་པཉྩི་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཛྲྀ་བཛྲ་ཚཱུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༠ ཨོཾ་བ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཚཱུ་བཛྲེ་ཛྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༡ ཨོཾ་ཨཱི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཙླཱྀ་བཛྲ་ཛྙཱི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༢ ཨོཾ་ནཻ་རི་ཏྱ་དི་ཤ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཊླཱྀ་བཛྲེ་ཌྷི་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༣༣ ཨོཾ་ཨཱགྣེ་ཡེ་དྷོ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཐཱུ་བཛྲེ་ཌྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༤ ཨོཾ་ཨ་དི་ཤི་ག་ཏཱ་ན་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྲཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༥ ཨོཾ་ཨཱ་ཀཱ་ཤ་མཎྜལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཀྲི་བཛྲེ་ཊླྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༦ ཨོཾ་བ་ཡུ་མཎྜལ་ག་ཏཱ་ནཱ ཀྲྀ་ཥྱཱ་ཀྲྀ་ཥྱ་ཎཱ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༧ ཨོཾ་ཏེ་ཛོ་མཎྜལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཎ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༨ ཨོཾ་ཏྭ་ཡ་མཎྜ་ལ་ག་ཏཱ་ན་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྜི་བཛྲ་ཊླཱི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༣༩ ཨོཾ་པྲི་ཐཱི་མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཀྲྀ་བཛྲེ་ཐཱུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༠ ཨོཾ་ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཋུ་བཛྲེ་ཌྲཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༡ ཨོཾ་རུ་པ་དྷཱ་དྷུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཊླྀ་བཛྲེ་ཌྷི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༢ ཨོཾ་ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པླཱྀ་བཛྲེ་བྷི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༣ ཨོཾ་ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པཱུ་བཛྲ་བྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༤ ཨོཾ་ཝཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ནྲྀ་བཛྲེ་ཕུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༥ ཨོཾ་ཙིཏ་ཏ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷཱི་བཛྲེ་སླཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༦ ཨོཾ་སཉྩ་སྐན་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མཱ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༧ ཨོཾ་པཉྩ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༨ ཨོཾ་པཉྩ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷི་བཛྲེ་པླྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༤༩ ཨོཾ་པཉྩ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྲྀ་བཛྲེ་ཕུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༠ ཨོཾ་པཉྩ་ཀརྨ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕུ་བཛྲེ་བྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༡ ཨོཾ་པཉྩ་ཀརྨ་ཨིན་དྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་སླཱྀ་བཛྲེ་བྷཱི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༢ ཨོཾ་སརྦྦ་ཏེ་ཡ་ཏྲ་ཀུ་ཏྲ་ཙིཏ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཏླྀ་བཛྲེ་དྷི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༣ ཨོཾ་མ་ཧཱ་སྨ་ཤཱ་ནེ་ཐཱུ་བཛྲ་ཨགྷི་ཛོ་ལི་ཏཱ་བྷཱུ་མྱཱཾ། ནི་པཱ་ཏ་ཡ། ནི་པཱ་ཏ་ཡ། བཛྲེ་ཌྲི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༤ ཨོཾ་བཛྲ་པཱ་ཤོ་ན། སརྦྦ་བྷཱུ་ཛེ་ཁུ། བྷནྡྷ་ཡ་བནྡྷ་ཡ་དྲྀ་བཛྲེ་ཐུ་བ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༥ ཨོཾ་བཛྲ་ཤྲིཾ་ཁ་ལ་ཡཱ། སརྦྦ་པཱ་དེ་ཥུ་ནི་རོ་དྷ་ར་དྷི་བཛྲེ་ཏྨི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༦ ཨོཾ་སརྦྦ་སཏྭེ་ཥུ་ཀཱ་ཡ་ཝཱཀ་ཙིཏྟ་ཨུ་པ་དྲ་བ་ཀཱ་ར་ར་ཏཱན་ཏཱན། མ་ཧཱ་ཀྲོ་དྷ་བཛྲེ་ཎ་ཙུརྞྞ་ཡ་ཙུརྞྞ་ཡ་ནཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༥༧ ཨོཾ་བཛྲ་ཁ་ཌ་གེན་ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ་ནི་ན་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༨ ཨོཾ་བཛྲ་ཏྲི་ཤུ་ལེ་ན་བྷེ་ད་ཡ་དྷི་བཛྲེ་ཪླཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༥༩ ཨོཾ་བཛྲ་གརྟྟི་ཀ་ཡཱ་ཧ་ན་ཧ་ན་ཌྲྀ་བཛྲེ་ཐཱུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༠ ཨོཾ་བཛྲ་བ་ཎེ་ན་བིནྡྷ་བིནྡྷ་ཐུ་བཛྲེ་དྲི་བཛྲ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལ་ཀཻཿ ཀཱི་ལ་ཏླྀ་བཛྲེ་དྷཱི་ བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༢ ཨོཾ་བཛྲ་མུད་ག་རེ་ཎ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་སྨཱི་བཛྲེ་ཤི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༣ ཨོཾ་བཛྲ་ཙོཀྲ་ན་ཙྪ་ད་ཡ་ཙྪེ་ད་ཡ་ྉྤུ་བཛྲ་ཥྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༤ ཨོཾ་བཛྲ་ཀུན་ཏེ་ན་བྷིན་ད་བྷིན་ད་ཥྲཱྀ་བཛྲ་ྉྤ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༥ ཨོཾ་བཛྲ་དཎ་ཌེ་ན་ཌ་ཡ་ཏཱ་ཌ་ཡ་ཏཱ་ཌ་ཡ་ཤཱི་བཛྲེ་སླཱྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༦ ཨོཾ་བཛྲ་པར་པཱུ་ནཱ་ཙྪིན་ད་ཙྪིན་ད་ྈྐཱ་བཛྲེ་ཥྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༧ ཨོཾ་ས་ཨར་དྷ་ཏྲི་ཀྲོ་ཊི་ཁན་ཌཾ་ཀྲི་ཤྨ་ཤཱ་ན་བྷཱུ་མྱཾ་སརྦྦ་བྷཱུ་ཏེ་བྷྱོ་བ་ལཱི་ཀུ་རུ་ཀུ་རུ་ྈྐ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ༦༨ ཨོཾ་བཛྲ་ཌ་མ་རུ་ཀེ་ན་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡཱ་ཤི་བཛྲེ་སླྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༦༩ ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱོ་མཱ་ར་ཀཱ་ཡི་ཀཱ་ནཱཾ་རུ་དྷི་རཾ་ནི་བེ་ད་ཡ་ནི་བེ་ད་ཡ་ཤྲཱི་བཛྲེ་ྉྤུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༧༠ ཨོཾ་པཉྩ་ཨ་མྲྀ་ཏ་ཨ་ནཱ་རི་ཎྰི་བྷྱཿ པཉྩ་ཨ་མྲྀ་ཏཾ་ནི་བེ་ད་ཡ་ནི་བེ་ད་ཡ་ྉྤུ་བཛྲེ་ཥྲྀ་བཛྲ་ཧཱུྃ་ཧཱུྃ་ཕཊ། ༧༡ ཨོཾ་སརྦྦ་བཛྲ་ཌཱ་ཀི་ནཱི་ཧ་སི་ཏཿ སརྦྦ་སཏྭ་ནཾ་ཤཱན་ཏེ་ཀཾ་སཽཥྚི་ཀཾ་རཀྵ་ཨ་བ་ར་ཎ་གུས྄་ཏིཾ་ཀུ་རུ་ཀུ་རུ་སླྀ་བཛྲེ་ཤཱི་བཛྲ་ཧཱུྃ་ཧཱུྃ་ཕཊ། ༧༢ སྔགས་ཀྱི་རིམ་པ་དེ་རྣམས་འབད་པའི་ཡིད་ཀྱིས་རྩེ་གཅིག་ཏུ་ཅི་ནུས་མཉམ་པར་བཞག་སྟེ་བཟླས་སོ། །གཉིས་པ་མཆོད་བསྟོད་གཤེགས་སུ་གསོལ་བ་ལ། དང་པོ་ལྷ་མོ་བཅུ་གཅིག་གི་མཆོད་པས་སྔར་བཞིན་མཆོད། དུས་ཞབས་པ་ལྟར་ན་མཆོད་ཡོན་ལ་སོགས་པའི་མཆོད་པ་བཅུ་དང་བདུད་རྩིས་ཀྱང་མཆོད་ལ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་སོགས་འདུད་ཉི་ཤུ་དང་། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་རེག་དང་། རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དུ་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། ས་བོན་དང་ནི་གསལ་བའི་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་ཅིང་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། རིག་པ་ལ་སོགས་རྣལ་འབྱོར་དག་གི་བསྒྲོད་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། སྤྲོ་བྱེད་ནུས་པའི་ངོ་བོ་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བསྒྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། བདུད་རྩིས་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གི་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། གང་གི་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང་། ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། གང་ཞིག་ཀུན་གྱི་རྟེན་ཞིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། ཅེས་པས་བསྟོད་དོ། །ཡང་ན་གོང་དུ་བཤད་པ་ལྟར་རྐང་པ་བཅུ་དྲུག་པའི་སྔགས་ཁོ་ནས་བསྟོད་ལེགས་པ་འདི་ཉིད་དོ། །དེ་ནས་གཤེསག་སུ་གསོལ་བ་དངོས་ནི། རང་གི་སྙིང་གིའི་འཁོར་ལོ་ལ་ནུས་མ་ཐོད་པ་དང་བཅས་པ་རྣམས་ཐིམ། གསང་བའི་རྩ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་དང་། ལྟེ་བའི་རྩ་འཁོར་ལ་སའི་འཁོར་ལོའི་ལྷ་ཚོགས་རྣམས་དང་། སྙིང་གའི་རྩ་འཁོར་ལ་ཆུའི་འཁོར་ལོའི་ལྷ་ཚོགས་རྣམས་དང་མགྲིན་པའི་རྩ་འཁོར་ལ་མེའི་འཁོར་ལོའི་ལྷ་ཚོགས་རྣམས་དང་། དཔྲལ་བའི་རྩ་འཁོར་ལ་རླུང་གི་འཁོར་ལོའི་ལྷ་ཚོགས་རྣམས་དང་། གཙུག་ཏོར་གྱི་རྩ་འཁོར་རྣམས་ལ་ནམ་མཁའི་འཁོར་ལོའི་ལྷ་ཚོགས་རྣམས་དང་། གསང་གནས་དང་གཙུག་ཏོར་དུ་དུར་ཁྲོད་ཀྱི་དབང་ཕྱུག་མ་བཅུ་དགུ་གཟུངས་མ་དང་བཅས་པ་རྣམས་དང་། ཕྱག་ཞབས་ཀྱི་སོར་མོའི་ཚིག་རྣམས་སུ་ཀླུ་དང་། རབ་གཏུམ་མོ་རྣམས་ཐིམ། འཁོར་ལོའི་དབང་ཕྱུག་ཉིད་ཀྱང་ཅིག་ཆར་རམ་རིམ་པས་འོད་གསལ་གྱི་ངང་དུ་ཞུགས་པར་བསམ་ལ་རྣམ་པར་མི་རྟོག་པའི་ངང་དུ་ཅི་གནས་སུ་མཉམ་པར་བཞག གསུམ་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྟོང་པའི་ངང་ལས་རང་ཉིད་སྡོམ་པ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཨོཾ་ཨཱཿ ཧཱུྃ་ཧོ་ཧཾ་ཀྵཿ བདག་དང་སྣང་བའི་འཁོར་ལོ་ཐམས་ཅད་དུས་ཀྱི་འཁོར་ལོ་མཁའ་འགྲོ་མའི་དྲྭ་བ་སྡོམ་པ་ཆེན་པོའི་སྐུ་ཡི་རང་བཞིན། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི །དྲན་རིག་དང་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣ་པར་དག་པའོ། །རྗེས་བསྡུད་ནས་ཐུན་མཚམས་ལ་འཇུག་པར་སྐད་ཅིག་གི་ལྷ་སྐུ་སྒྱུ་མར་ལྟ་བུར་ལྡང་ནས་གྱེས་སོ་གསུམ་ལ་ཞུགས་པ་འདི་ནི་གལ་ཆེ་བ་ཡིན་རུང་། དུས་འཁོར་སྒྲུབ་ཐབས་དངོས་གྲུབ་འདོད་འཇོར་གསལ་བར་མ་སྨོས་པ་ནི་སྔགས་བླ་མེད་ཀྱི་བསྐྱེད་རིམ་གྱི་སྤྱི་ཆོས་སུ་གྱུར་པས་སྔགས་མཁན་ཀུན་གྱི་ཤེས་པ་གཞིར་བཅས་ཏེ་མ་སྨོས་པར་མངོན་ལ། གཞན་དམ་པ་རྣམས་ཀྱི་དུས་འཁོར་མན་ངག་ལས་མི་འབྱུང་བ་ཡང་མ་ཡིན་ནོ། །དེས་ན་ཐུན་མཚམས་དགེ་སྦྱོར་དམིགས་གསལ་ཅན་མེད་ཕྱིན་ལྷར་ལྡང་ནས་ཁྱེར་སོ་ལ་གནས་པ། འདི་ཐུན་མཚམས་རྣལ་འབྱོར་གྱི་རྩ་བ་ཉིད་དུ་ངེས་པས་མ་ཆད་པར་བྱ་དགོས་སོ། །དེ་ནས་ཐུན་མཚམས་སུ་མཎྜལ་གྱི་བྱ་བ་བྱེད་ན། མདུན་དུ་བ་བྱང་གི་མཎྜལ་གྲུ་བཞི་པ་བྱ་སྟེ། ཙན་དན་ལ་སོགས་པའི་དྲི་བཟང་པོས་བྱུགས་པ་ལ། ཆང་གཏོར་མ་བྱིན་གྱིས་རློབས་པ་ལྟར་བྱིན་གྱིས་བརླབ་པ་ལས། ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་བླང་སྟེ། ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ནས་དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་བའི་དབུས་སུ་ཡེ་ཤེས་ཀྱི་འཁོར་ལོ་དྭངས་ཤིང་གཟུགས་བརྙན་དང་མཚུངས་པ་གསལ་བར་བསྒོམ་ལ། རྒྱས་པར་བྱས་ན་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྣམས་ཀྱིས་མཆོད། བླ་མ་རྣམས་ཀྱི་མཚན་ལ་བཞི་པའི་རྣམ་དབྱེ་བྱིན་པ་ལ་མགོར་ཨོཾ་དང་མཐར་ན་མ་སྦྱར་ནས། ཐོག་མར་རྩ་བའི་བླ་མ་དང་། དེ་ནས་རྒྱུད་པའི་བླ་མ་རྣམས་མཆོད་ཚུལ་གོང་དུ་བཤད་པ་ལྟར་གྱིས་མཆོད། དེ་ནས་ཨོཾབྷུ་དྡྷཱ་ཡ་ན་མཿ ཨོཾ་དྷརྨཱ་ཡ་ན་མཿ ཨོཾ་སཾ་གྷཱ་ཡ་ན་མཿ ཨོཾ་བཛྲ་སཏྭཱ་ཡ་ན་མཿ ཨོཾ་པྲཛྙཱ་པ་ར་མི་ཏཱ་ཡཻ་ན་མཿ ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ ཨོཾ་དྷརྨཱ་ཀཱ་ཡཱ་ཡ་ན་མཿ ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ ཨོཾ་ནིརྨཱ་ཎ་ཀཱ་ཡཱ་ཡ་ན་མཿ ཨོཾ་ཛྙཱ་ན་བཛྲཱ་ཡ་ན་མཿ ཨོཾ་ཙིཏྟ་བཛྲཱ་ཡ་ན་མཿ ཨོཾ་ཝཱཀ་བཛྲཱ་ཡ་ན་མཿ ཨོཾ་ཀཱ་ཡ་བཛྲཱ་ཡ་ན་མཿ ཨོཾ་ཙ་ཏུར་བི་མོཀྵེ་བྷྱོ་ན་མཿ ཨོཾ་ཙ་ཏུར་བྲནྨ་བི་ཧཱ་རེ་བྷྱོ་ན་མཿ ཨོཾ་སསྟ་ཏྲིཾ་ཤད་བྷོ་དྷི་སཱཀྵི་ཀ་དྷརྨེ་བྷྱོ་ན་མཿ ཨོཾ་ཙ་ཏུར་ཤཱི་ཏི་ས་ཧ་པྲ་དྷརྨྨ་སྐནྡྷེ་བྷྱོ་ན་མཿ ཨོཾ་སརྦྦ་དྷརྨྨ་དེ་ཤ་ཀེ་བྷྱོ་ན་མཿ ཨོཾ་རཏྣ་ཏྲ་ཡཱ་ཡ་ན་མཿ ཨོཾ་ཤཱཀྱ་མུ་ན་ཡེ་ན་མཿ ཨོཾ་ཀཱ་ལ་ཙཀྲ་ཡ་ན་མཿ ཨོཾ་ང་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཤྲཱི་ལ་པ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཀྵཱནྟི་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་བཱིདྱ་པཱ་ར་མི་ཏཱ་ཡེ་ན་མཿ ཨོཾ་དྷྱཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་པྲ་ནི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཙླྀ་ཙླཱྀ་ཚུ་ཚཱུ་ཛྲྀ་ཛྲཱྀ་ཛྷི་ཛྷཱི་ཡ་ཡཱ་ན་མཿ ཨོཾ་ཊླྀ་ཊླཱྀ་ཐུ་ཐཱུ་ཌྲྀ་ཌྲཱྀ་ཌྷི་ཌྷཱ་ར་རཱ་ན་མཿ ཨོཾ་སླྀ་སླཱྀ་ཕུ་ཕཱུ་བྲྀ་བྲཱྀ་བྷི་བྷཱི་ཝ་ཝཱ་ན་མཿ ཊླྀ་ཊླཱྀ་ཐུ་ཐཱུ་ཌྲྀ་ཌྲཱྀ་དྷི་དྷཱི་ལ་ལཱ་ན་མཿ ཨོཾ་ཀླྀ་ཀླཱྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ན་མཿ ཨོཾ་པླྀ་པླཱྀ་ྉྤུ་ྉྤཱ་ཥྲྀ་ཥྲཱྀ་ཤི་ཤཱི་ཧ་ཧཱ་ན་མཿ ཨོཾ་ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་མཱ་མ་མཱཎ་ཎཱ་ཉ་ཉཱ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ་ཕཊ་ན་མཿ ཨོཾ་ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ན་མཿ ཧྻ་ཧྱཱ་ཏྲ་ཧྲཱ་ཧྺ་ཧླ་ཧླཱ་ན་མཿ ཙ་ཚ་ཛ་ཛྷ་ཉ། ཙ་ཚ་ཛ་ཛྷ་ཉཱ། ཊ་ཋ་ཌ་ཌྷ་ཎ། ཊ་ཋ་ཌ་ཌྷ་ནཱ། པ་ཕ་བ་བྷ་མ། པ་ཕ་བ་བྷ་མཱ། ཏ་ཐ་ད་དྷ་ན། ཏ་ཐ་ད་དྷ་ནཱ། ཀ་ཁ་ག་གྷ་ང་། ཀ་ཁ་ག་གྷ་ངཱ་། པ་ྉྤ་ཥ་ཤ་ྈྐ། པ་ྉྤ་ཥ་ཤ་ྈྐཱ་ན་མཿ ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཀ་ཥ་ཡ་ར་ཝ་ལ། ཎཱ་ཌྷ་ཌ་ཋ་ཊ། ཧ་ཡ་ར་ཝ་ལ། མ་བྷ་བ་ཕ་པ། ྈྐ་ཤ་ཥ་ྉྤ་པ་ན་མཿ ཨོཾ་གུ་རུ་བྷུདྡྷ་བྷོ་དྷི་སཏྭ་བྷྱོ་ན་མོཿ ན་མཿ ཞེས་མཆོད་སྔགས་ཆེན་ཆོས་མཆོད་པར་བྱའོ། །དེ་ལྟར་མཆོད་པས་དཀྱིལ་འཀོར་གྱི་ལྷ་རྣམས་ཚིམ་པར་བསམ་ཞིང་། རང་གིས་མྱང་བས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམ་ལ་བསྟོད་པས་བསྟོད་དོ། །དེ་ནས་སྔར་བཤད་པ་ལྟར་ཞིང་སྐྱོང་དང་ཁྲོ་བོ་ལ་གཏོར་མ་ཐུན་མཚམས་གསུམ་དུ་སྦྱིན་ནོ། །ཞེས་གསུངས་པ་ལྟར་དུས་འཁོར་གྱི་བསྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ཡི་བསྲུང་འཁོར་སྐབས་སུ་འབྱུང་བ་ལྟར་བྱ་དགོས་ཏེ་འཕགས་འགྲེལ་དངོས་བསྟན་གྱི་དོན་ཡིན་པ་དང་། རྒྱ་བོད་མཁས་གྲུབ་ཀུན་གྱི་ཕྱག་ལེན་མཐུན་པར་གདབ་པ་བཞིན་ཤིན་ཏུ་གཅེས་པའི་སྒོ་ནས་མ་ཆད་པ་གལ་ཆེ་བ་ཡིན་ནོ། །གཞན་དུ་བླ་མེད་སྔགས་ཆོས་སྤྱི་ཡི་ངེས་པ་དང་། རྒྱུད་རྒྱལ་དང་པོའི་སངས་རྒྱས་རྩ་འགྲེལ་གྱི་མཆོད་ཆོག་གི་རིག་པས་སྡོམ་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་གཏོར་འབུལ་ཚུལ་འདི་ལྟར་ཡང་བྱ་སྟེ། སྣོད་བཟང་པོར་ཟས་བཟང་དགུ་ཤ་དང་མྱོས་བྱེད། བདུད་རྩི་ལྔ་ཡི་སྦགས་པ་དཀྱིལ་འཁོར་ལྷ་ཡི་གཏོར་མ་དང་། གཞན་ཡང་མཁའ་འགྲོ་སྤྱི་གཏོར་དང་། ཡུལ་བདག་གྲོང་བདག་གི་གཏོར་མ་བཅས་ལེགས་པར་བཤམས་པ་རྣམས་ཆུ་ཆང་ཟིལ་འཐོར་དང་བྱིན་གྱིས་བརླབས། བདུད་རྩི་གཡོན་པའི་མཐེབ་སྲིན་གྱིས་གཏོར་ལ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏཱི་ཤྭ་རི་ག་ག་ན་སྭཱ་བྷཱ་ཝ་སརྦྦ་དྲ་བྱ་བི་ཤྭ་དྷ་ནི་སརྦྦ་དྲ་བྱཱ་ཎི་བི་ཤྭ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་ཡམ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བའི་སྟེང་དུ་ཨཱཿ་ལས་བུམ་པ་བདུད་རྩིའི་ཆུས་གང་བའི་སྒྱེད་བུ་གསུམ་མམ། ཡང་ན་གཞན་ནས་འབྱུང་བ་བཞིན་དུ། མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨོཾ་མམ་ཀ་ལས་བྱུང་བའི་ཐོད་པ་དུམ་བུ་གཅིག་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཨ་ཨི་རྀ་ཨུ་ལྀ་ལས་བྱུང་བའི་རིམ་པ་བཞིན་དབུས་སུ་ཁུ་བ། ཤར་དུ་རྐང་། ལྷོ་རུ་ཁྲག བྱང་དུ་དྲི་ཆུ། ནུབ་ཏུ་དྲི་ཆེན་རྣམས་ལ་ཨ་ཨི་རྀ་ཨུ་ལིས་མཚན་པ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ལས་བྱུང་ཞིང་དེས་མཚན་པའི་རླུང་དུ་གླང་པོ་ཆེའི་ཤ །དབང་ལྡན་དུ་བ་གླང་གི་ཤ །སྲིན་པོར་རྟའི་ཤ །མེར་ཁྱིའི་ཤ །དབུས་སུ་མིའི་ཤ་རྣམས་བསམ་ལ། ཐུགས་ཀའི་ས་བོན་གྱི་བསྐུལ་བའི་རླུང་གིས་སྦར་བའི་མེས་བཞུས་ཏེ། དེ་ཉིད་ཧཱུྃ་ལས་བྱུང་བའི་རྡོ་རྗེས་བཀྲུག་པས་དེ་དང་བཅས་པ་རོ་གཅིག་ཏུ་གྱུར་པ་ཟླ་བ་ཞུ་བའི་གཟུགས་སུ་བལྟའོ། །དེ་ནས་ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་བསྐྱེད་ལ་གཏོར་མ་ལ་བསྟན་ཏེ། ཨོཾ་ཨོཾ་བཛྲ་ཙནྡྲ། སརྦྦ་དྷརྨྨ། སུ་བི་ཤུདྡྷ། སྭ་བྷ་ཝ། སརྦྦ་དྷརྨཱམྦི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་པས་སྐུ་རྡོ་རྗེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སྐུ་རྡོ་རྗེ་སྤྱན་དྲངས། དེས་འཇིག་རྟེན་གྱི་ཁམས་ཀྱི་སྐུ་རྡོ་རྗེའི་བདུད་རྩི་ཐམས་ཅད་བཀུག་ནས་གཅིག་ཏུ་གྱུར་པ་དང་། དམ་ཚིག་གི་བདུད་རྩི་འདྲེས་པས་མ་དག་པའི་དྲི་མ་སྦྱངས་ནས་སྐྱོན་མེད་པར་བསམ། ལག་པ་གཡས་པ་ཨཱ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨཱ་དང་པདྨ་ལས་སྐྱེས་པའི་གསུང་རྡོ་རྗེ་བསྐྱེད་དེ་གཏོར་མ་ལ་བསྟན་ལ། ཨོཾ་ཨཱཿ བཛྲ་སཱུརྱ། སརྦྦ་དྷརྨྨཱ། པྲ་པོ་དྷ་ཀ་སརྦྦ་དྷརྨཱནྡྲ་བྷོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་པས་གསུང་རྡོ་རྗེ་ལས་འོད་ཟེར་འཕྲོས། གསུང་རྡོ་རྗེ་སྤྱན་དྲངས། གསུང་རྡོ་རྗེའི་བདུད་རྩི་བསྡུས་ཤིང་དེ་ཉིད་དུ་ཐིམ་པས་རྫས་རྣམས་མང་པོར་རྒྱས་པར་བྱ་ཞིང་བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་བསམ། ཐལ་མོ་གཉིས་ཀ་ཁ་སྦུབ་པའི་སྙིམ་པ་ཧཱུྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་ཐུགས་རྡོ་རྗེ་བསམ་ལ་རེག་སྟེ། ཨོཾ་ཧཱུྃ་བཛྲ་ཨ་ན་ལ། ཨོཾ་ཧཱུྃ་བཛྲ་ཨ་ན་ལ། སརྦྦ་དྷརྨྨ་པྲ་དཱི་པ་ཀ སརྦྦ་དྷརྨཱན་པྲ་དཱི་པ་ཡ་སྭཱ་ཧཱ། ཞེས་བརྗོད་པས་ཐུགས་རྡོ་རྗེ་ལས་འོད་ཟེར་འཕྲོས། ཐུགས་རྡོ་རྗེ་སྤྱན་དྲངས། ཐུགས་རྡོ་རྗེའི་བདུད་རྩི་བསྟུས་ཤིང་དེ་ཉིད་དུ་ཐིམ་པས་རྫས་རྣམས་རབ་ཏུ་འབར་ཞིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་དང་ལྡན་པར་བསམ། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅས་ལ། ཧོ་ལས་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་ལས་ཡེ་ཤེས་རྡོ་རྗེ་བསམ་སྟེ་གཏོར་མ་ལ་བསྟན་ལ། ཨོཾ་ཧོ་སརྦྦ་དྷརྨྨ། བཛྲ་ཨ་མྲྀ་ཏ་ཀ་ལ་སརྦྦ་དྷརྨྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་རྡོ་རྗེ་ལས་འོད་ཟེར་འཕྲོས། ཡེ་ཤེས་རྡོ་རྗེ་སྤྱན་དྲངས། ཡེ་ཤེས་རྡོ་རྗེའི་བདུད་རྩི་བསྡུས་ཤིང་དེ་ཉིད་དུ་ཐིམ་པས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་གྱུར་པར་བསམ་སྟེ་གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་མགྲིན་སྤྱན་དྲངས་པ་ནི། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱས་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ་ཨཱ་ཀཪྵ་ཡ་ཨ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲི་ད་ཡཾ་ཧཱུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ། ཞེས་པས་མཁའ་འགྲོ་མ་རྣམས་སྤྱན་དྲངས། སྔགས་ཙམ་གྱི་སྒོ་ནས་མཆོད་པ་བཅུ་གཉིས་ཕུལ་ཏེ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ནས་ཀ་ལཾ་གྱི་བར་བརྗོད། དེ་ནས་གཏོར་མ་འབུལ་བར་བྱེ་བྲག་ཏུ་སྤྱན་འདྲེན་པའི་ཕྱག་རྒྱ་བཅས་ལ། ཕྱག་རྒྱ་ནཾ་ལས་སྐྱེས་པའི་ཧི་ཡིག་ཏུ་གནས་འགྱུར་པད་ཉིར་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་བརྩེགས་པ་ལ་སོགས་པ་ཕྱག་མཚན་གྱི་གཟུགས་སུ་གྱུར་པའི་འོད་ཟེར་གྱི་གཏོར་མགྲོན་སྤྱན་དྲངས་བ་དེ་རྣསམ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་ཀྱི་མཆོད་པར་གྱུར་པ་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་བདུད་རྩི་དྲངས་ནས་གསོལ་བར་བསམ་ཞིང་། གཙོ་བོ་ལ་རྡོ་རྗེའི་ཕྱག་རྒྱ་བཅས་ཏེ་རྐང་པ་བཅུ་དྲུག་པ་ལ་གཏོར་སྔགས་བཏགས་ཏེ་ཕུལ་བའམ། ཡང་ན། ཨོཾ་ཨཱཿཧཱུྃ་ཧོ་ཧྐྵྨླྭྲྻྃ་ཧཱུྃ་ཕྲེཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་མཐར། ས་པཱ་རི་ཝཱ་ར་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ་ པུཥྤཾ་ བྷུ་པཾ་ དཱི་པཾ་ ཨཀྵ་ཏི་ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ། ས་པཱ་རི་ཝཱ་རཿ ཤྲཱི་གྷྲཾ། ཨེ་དཾ། བ་ལིཾ། གྲྀཧྞ་ཏུ། ཁཱ་དནྟུ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿ སཾསྟྲྀསྟཱཿ སརྦྦ་ས་ཏྭ་ནཱི། ཤིནྟཾ། པུཥྚིཾ་རཀྵ། ཨཱ་བ་ར་ཎ། གུནྟིཾ། ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་ཏཱི་ཡ་ཏཱི་སྭཱ་ཧཱ། ཞེས་པས་ཕུལ། རྡོར་ཐལ་ཁ་ཕྱེ་བས། ཨོཾ་ཨ་ཨཱ་ཨཾ་ཨཱཿ ཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿ ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་པས་བདེ་ཆེན་འཁོར་ལོ་དང་ དེ་ནས་རིམ་པར། ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་ལ་གྲི་གུག་གི་ཕྱག་རྒྱ་བཅས་ཏེ། ཨོཾ་པླྀ་པླཱྀ་ྉྤུ་ྉྤཱ་ཥྲྀ་ཥྲཱྀ་ཤི་ཤཱི་ཧ་ཧཱཿཧཱུྃ་ཧཱུྃ་ཕཊ། སའི་འཁོར་ལོའི་ལྷ་ཚོགས་ལ་འཁོར་ལོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཏླྀ་ཏླཱྀ་ཐུ་ཐཱུ་ཌྲྀ་ཌྲཱྀ་དྷི་དྷཱི་ལ་ལཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆུའི་འཁོར་ལོར་པདྨའི་ཕྱག་རྒྱ་བཅས་ཏེ། ཨོཾ་པླྀ་པླཱྀ་ཕུ་ཕཱུ་བྲྀ་བྲཱྀ་བྷི་བྷཱི་ཝ་ཝཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། མེ་མ་རིན་པོ་ཆེའི་ཕྱག་རྒྱ་དང་། ཨོཾ་ཊླྀ་ཊླཱྀ་ཐུ་ཐཱུ་ཌྲྀ་ཌྲཱྀ་ཌྷི་ཌྷཱ་ར་རཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། རླུང་ལ་རལ་གྲིའི་ཕྱག་རྒྱ་དང་། ཨོཾ་ཙླྀ་ཙླཱྀ་ཚུ་ཚཱུ་ཛྲྀ་ཛྲཱྀ་ཛྙི་ཛྙཱི་ཡ་ཡཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། ནམ་མཁའ་ལ་རྡོ་རྗེས་ཕྱག་རྒྱས། ཨོཾ་ཀླྀ་ཀླྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། སླར་ཡང་རྡོར་ཐལ་ཁ་ཕྱེ་བས་དམ་ཚིག་འཁོར་ལོའི་ལྷ་ཚོགས་ལ་འབུལ་བ་ནི། ཨོཾ་ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ལྟར་སྔགས་ཚན་དེ་རྣམས་རེ་རེ་བཞིན་གཙོ་བོའི་སྐབས་སུ་བཤད་པ་ལྟར་གཏོར་སྔགས་སྦྲེལ་བར་བྱའོ། །གཏོར་སྔགས་ཀྱང་རྡོ་རྗེ་མཁའ་འགྲོའི་སྔགས་ཀྱིས་ཕུལ་ཀྱང་རུང་། ཕྱག་རྒྱ་ཡང་ཐ་དད་མེད་པར་རྣལ་འབྱོར་པ་ལ་ཕྱེས་པས་ཕུལ་ཀྱང་ལེགས་པ་ཡིན་ལ། འདིར་ནི་རྡོ་རྗེར་ཤུགས་བསྲུང་མ་དྲུག་ཅུའི་གཏོར་འབུལ་ཚུལ་དང་ཆ་མཐུན་པར་བྱས་པའོ། །དེ་ལྟར་དཀྱིལ་འཁོར་ལྷ་ལ་གཏོར་ལ་འབུལ་བའི་རིམ་པར་བདེ་ཆེན་འཁོར་ལོའི་ཐམས་ཅད་པ་བརྒྱད་ངོ་བོ་ལྷ་ཡིན་རུང་རྣམ་པ་ཞལ་ཕྱག་གི་ཚུལ་མི་སྟོན་པར་མཆོད་པའི་སྔགས་བཀོད་ནས་ཅི་ཞིག་བྱ་སྙམ་པར་བློ་ཆུང་དག་ལ་སྐྱེ་སྲིད་ན། དེ་ལ་བཤད་ན་ཡང་ཡོད་ཀྱང་། དུས་འཁོར་འཕགས་འགྲེལ་མཆོད་ཆོག་སྐབས་རྡོ་རྗེ་བཞི་ཡི་བརྡའ་ཐབས་ཆོས་དུང་གཎྜེ་སོགས་ལ་མཆོད་སྔགས་གསུང་པ་དེ་ཚུལ་སོམས་དང་། དེ་ཁོ་ནས་དོགས་པ་དེ་སྤང་བར་འགྱུར་རོ། །འདིར་ནི་བདེ་ཆེན་འཁོར་ལོའི་སྔགས་མཚར་ཕྱེད་བོར་ན་མི་རུང་བས་ས་བོན་ཚང་བ་ཉིད་དང་། ཐོད་པའི་ངོ་བོ་ཐབས་བདེ་བ་ཆེན་པོར་གནས་ཤིང་རྣམ་པ་བདེ་ཆེན་མཆོད་པའི་རྫས་མཆོག་ཏུ་གྱུར་པ་ལ་བདག་གི་མཆོད་རྫས་སྤྲོས་ཏེ་ཞུགས་པས་རྫས་ཀྱི་ནུས་པ་ཆེར་འཕེལ་བའི་མཆོད་སྤྲིན་གྱི་ལྷ་ཚོགས་ཤིན་ཏུ་དགྱེས་པའི་ཡོ་བྱད་དུ་གྱུར་པར་བསྒོམ་པ་བདུད་རྩི་འབར་བའི་གནད་དང་ཆ་མཐུན་པ་ཡང་ཡིན་ཞེས་སྐབས་འདིར་ཅུང་ཟད་འཕྲོས་པའོ། །ནང་མཆོད་ནི། རྒྱས་པར་གོང་དུ་བཤད་པའི་སྔགས་ཆེན་སོ་སོར་འབྲུ་གསུམ་བཏགས་པའོ། །བསྡུ་ན། ཨོཾ་ཨཱཿཧཱུྃ་ཧོ་ཧྃ་ཧཱུྃ་ཕྲེཾ་ཧཱུཾ་ཕཊ། ཀཱ་ལ་ཙཀཱ་སམྦྷ་ར་ས་པཱ་རི་ཝཱ་ར་ས་པཱ་ཨོཾ་ཨཱཿཧཱུྃ། ཞེས་པས་ལན་མང་དུ་མཆོད། བསྟོད་པ་ནི་རྐང་པ་བཅུ་དྲུག་པའམ་འདུད་ཉི་ཤུས་བསྟོད། འདུད་ཉི་ཤུ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་གཉིས་ཁྱོད་ལ་འདུད། །འདོད་དོན་གསོལ་བ་ནི། རྡོ་རྗེ་འཇིགས་མཛད་སྡོམ་ཆེན་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུད་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཅིང་གསོལ་བ་དང་། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡི། །འགྲོ་ལ་ཞི་རྒྱས་བསྲུང་སྐྱོབས་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །ཞེས་སོ། །དེ་ལྟར་དུས་འཁོར་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཡི་ཚོགས་ལ་མཆོད་གཏོར་འབུལ་བའི་ཁོ་བོའི་རྣམ་རྟོག་བཞིན་སྐབས་འདིར་བཀོད་པ་ཡིན་ལ། དེ་ཡང་རྒྱུད་དོན་ལས། གཞན་དུ་འདའ་བའི་སྐྱོན་ནི་མེད་པར་སེམས་སོ། །འོན་ཀྱང་དུས་འཁོར་ཆོས་དབྱིངས་གསུང་དབང་སོགས་ཀྱི་གཏོར་ཆོག་སྔར་གྱི་ལག་ལེན་ལ་ཚུལ་འདི་ཡི་རིགས་པའི་རྒྱས་བཏབ་ནི་རིམ་ཡང་མི་བྱ་སྟེ། ཅིའི་ཕྱིར་སྔ་རབས་ཤིང་རྟ་ཆེན་པོའི་བཞེད་སྲོལ་ཐུགས་རྗེའི་བྱིན་རླབས་མ་ཉམས་པ་དེ་ལ་མཁས་སུ་རེ་བའི་རིག་པས་གསར་བསྒྲུབ་བསྲེ་སླད་ཀྱི་མོས་པ་དབང་ཟ་བ་དེ་དུས་ནམ་ཡང་མི་རུང་བས་སྔ་རབས་དམ་པའི་གསུང་ཉིད་འཕྲི་བསྣན་མེད་པར་བྱ་བ་གལ་ཆེའོ་ཞེས་སྙིང་ཐག་པ་ནས་ཡང་ཡང་སྨྲ་བྱའོ། །བར་འདིར་ཆོས་སྐྱོང་ཡེ་ཤེས་པ་རྣམས་ལའང་སོ་སོའི་གཏོར་ཆོག་བཞིན་དུ་ཕུལ་ནས། ཨོཾ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ནཱི་བྷྱཿ ས་པཱ་རི་ཝ་ར་བྷྱཿ ཨེ་དཾ་བ་ལིཾ། གྷནྡྷཾ། པུཥྤཾ། དྷཱུ་པཾ། དཱཾ་པཾ། ཨཀྵ་ཏཾ། ད་ད་མ་ཧེ། ས་པཱ་རི་ཝ་ར། ཤཱི་གྷྲཾ། ཨཱ་གཙྪ་ཏུ། ཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིང་གྲྀཧྞནྟུ། ཁཱ་ད་རུ། སི་ཝ་རུ། ས་པཱ་རི་ཝཱ་ར་ཀཿ སརྦྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུསྟིཾ། ཀ་རོ་རུ། ཨི་དཾ་པ་ཐཱ་ནཾ། ཏྱཀྟ་བཱ་ཧྱ་མཎྜལ་བྷུ་མྱཱཾ་ཏིཥྛ་ཏུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་མ་གཏོར་མ་འབུལ། ཡུལ་བདག་གྲོང་བདག་ལ་ཡང་། ཨོཾ་ཨཱཿཧཱུྃ། ཡུལ་གྱི་བདག་པོ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཞེས་གོང་བཞིན་དང་། ཨོཾ་ཨཱཿཧཱུྃ། གྲོང་གི་བདག་པོ་ཨཱ་གཙྪ་ཨཱ་གཙྪ། ཤྲཱི་གྷྲཾ། ཨི་དཾ་བཱ་ལིང་གྲྀཧྣ་གྲྀཧྞ། བྷུ་ཀྟ་པི་ཏྭཱ་ཏྲི་སྟྲཾ། ཀྲི་ཏྭ་སརྦྦ་སཏྭཱ་ནཱཾ། ཤཱནྟིཾ། ཙིཏྟཾ། ཀྲི་ཏྭཱ་ཨ་པ་རསྠཱ་ནཾ་གཙྪ་གཙྪ་སྭཱ་ཧཱ། ཞེས་གཏོར་མ་འབུལ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཕུལ། མི་སྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོད་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཞེས་པ་དེ་ཉིད་ལྔས་བསྟོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོ༴ འབྱུང༴ ཡི་དྭགས༴ ཤ་ཟ༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོ༴ མ་མོ༴ དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣོམ་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་བསྟོད་ཅིང་འཕྲིན་ལས་བཅོལ། དེ་ནས་ཁ་ཟས་དང་འབྲེལ་ན་ཁ་ཟས་ཀྱི་རྣལ་འབྱོར་ལ་འཇུག་ལ། མ་འབྲེལ་ན་མདུན་གྱི་ལྷ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས་ཡི་གེ་བརྒྱ་པ་བཟླས་ནས་ནོངས་པ་བཟོད་པར་གསོལ་ཞིང་མངོན་པར་འདོད་པའི་དངོས་གྲུབ་བླངས། རྡོ་རྗེ་དྲིལ་བུ་བཟུང་ནས་རྡོ་རྗེ་བཅིངས་པས། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་དང་། དབུགས་ནང་དུ་འཇུག་པ་དང་བསྟུན་ནས་ཡེ་ཤེས་ཀྱི་འཁོར་ལོ་རང་གི་སྙིང་ཁར་བསྡུ། ལག་པའི་རྒྱབ་བསྟན་ཏེ་སེ་གོལ་བརྡབ་པ་ལན་གསུམ་གྱིས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ་ལ། མདུན་གྱི་མཎྜལ་བསྡུ་ཞིང་དགེ་བའི་རྩ་བ་བསྔོ་བར་བྱ་སྟེ། ཇི་ལྟར་ཉི་མ་དང་བཅས་ཐུབ་པའི་རིགས་ནི་ཤེས་རབ་ཡེ་ཤེས་ཐོབ་པ་འདི་ལས་བྱུང་གྱུར་པ། །རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་དེ་བཞིན་འགྱུར་བར་ཤོག །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་བདག་གི་ཐུགས་ཀྱི་རྡོ་རྗེ་མཐའ་དག་པ་ལ་གནས་པ་བཞིན། །དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ཅན་ཐམས་ཅད་ཉིད་རྣམ་དག་གི་རྣམ་གསུམ་སྲིད་པ་དག་ལ་གནས་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པ་སོང་ཞིང་ལམ་ཉམས་པ་དང་། །དེ་དག་རྣམས་ཀྱི་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མིན་འོང་གྱུར་ཅིག །ཇི་ལྟར་སངས་རྒྱས་མཐུ་ཡིས་བདག་གི་བལྟ་བ་ནི། །ཞི་འགྱུར་དེ་བཞིན་མི་རྣམས་ལ་ནི་འགྱུར་བར་ཤོག །ཐམས་ཅད་དུ་ནི་ངུ་བའི་ལམ་ལ་བསྟེན་པ་ཡི། །སེམས་ཀྱི་རྒྱལ་བའི་ཐུགས་རྗེ་ཆེན་པོ་འགྱུར་བར་མཛོད། །དུས་འཁོར་གསང་བ་ལེགས་རྟོགས་དམ་ཚིག་ཡོངས་ལྡན་ཞིང་། །འདི་སྟོན་བླ་མའི་རྗེས་འབྲངས་རྡོ་རྗེ་སྤུན་ལ་སོགས། །ཕན་ཚུན་ལེགས་པར་སྨྲ་ཞིང་འཁོན་དུ་མི་འཛིན་དང་། །དམ་ཚིག་རྡོ་རྗེས་གླེང་སློང་ངམ་གྱིས་གནས་པར་ཤོག །མ་རུང་དམ་དྲལ་ངན་པའི་ལས་བྱེད་ཅིང་། །རྣལ་འབྱོར་ཆེད་དུ་མི་གཉེར་སྐྱེ་བོ་གང་། །དེ་དག་མི་འགྲོགས་དེ་ཡི་མི་མཐོང་དང་། །རང་སྡུག་བླ་མ་རྡོ་རྗེ་མཆོད་པར་ཤོག །རྩོད་ལྡན་དུས་སུ་གསང་ཆེན་སྟོན་བྱེད་དང་། །མུ་སྟེགས་སྐྱེ་བོ་ངན་པའི་ལྟ་འཇོམས་ཤིང་། །གང་དེའི་ལྟ་བ་དབྱིངས་ནས་འདོན་བྱེད་པའི། །དེ་དག་འདུལ་བའི་དེད་དཔོན་དེ་བྱེད་ཤོག །ཅེས་རྒྱུད་འགྲེལ་དང་། དོན་དམ་བསྙེན་པ་དང་། རྡོ་རྗེ་སྙིང་འགྲེལ་ནས་བྱུང་བའི་ཚིག་གི་དགེ་བའི་རྩ་བ་བསྔོ་ལ། གང་དག་སྟེང་ན་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་བྱང་ཆུབ་སེམས་དཔའ་རྣམས། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་པ་རྣམས། །གང་དག་ས་འོག་དག་ན་གདེངས་ཅན་དབང་པོའི་གདོན་ཚོགས་མི་དགེ་ཐམས་ཅད་དུས་སུ་འཆིངས་བྱེད་པ། །དེ་དག་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོངས་བར་བྱེ་གྱུར་ཅིག །ཅེས་ཤིས་པ་བརྗོད་དེ། དུས་ཞབས་པས་བཤད་པ་ལྟར། ཨོཾ་ཧྲླཱྀ་ཧྲི་ད་ཡཱ་ཡ་ན་མཿ ཞེས་སོགས་ཡན་ལག་དྲུག་གི་གོ་བཀོན་ཏེ་ལྷའི་རྣམ་པས་ལངས་ལ། སྤྱོད་ལམ་བཞི་པོ་ཐམས་ཅད་དུ་ལྷ་ཡི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་ནི། ཁ་ཟས་རྣམས་ལ་བདུད་རྩི་རིལ་བུའམ། ཆང་བདུད་རྩི་བྱིན་གྱིས་བརླབས་པས་བསངས་གཏོར་བྱས་ལ། གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། ཕུད་འདོད་པའི་ལྷ་དང་གཏོར་མ་ལ་ཕུལ། དེ་ནས། ཨོཾ་ཧ་རཱི་ཏཱི་པིཎྜ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་འཕྲོག་མལ་ཆང་བུ་གཉིས་དང་། ཨོཾ་དཱུ་ཏཱི་ཀཱི་ཨ་གྲཱ་གྲཱ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་པའི་སྔགས་ཀྱི་ཕོ་ཉ་མོ་ལ་ཟས་ཕུད་ཀྱི་ཆང་བུ་རྣམས་བཟའ་བའི་མཐའ་ཇི་སྲིད་བར་ས་ལ་བཞག་པར་བྱའོ། །དེ་ནས་རང་ལྷའི་རྣལ་འབྱོར་དང་ལྡན་པས་བཟའ་བར་བྱ་ཞིང་། ཚིམ་པའི་རྗེས་སུ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ། ཞེས་པས་ཟོས་པའི་ལྷག་མ་འབྱུང་པོ་རྣམས་ལ་བྱིན་ཏེ། བསོད་ནམས་འདི་ཡིས་རྣམས་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་དགེ་བའི་རྩ་བ་བསྔོ་བ་སོགས་བྱའོ། །གསུམ་པ་ནི། འཁོར་ལོ་དྲུག་ལ་ཧྲཾ་ལ་སོགས་པའི་ཡན་ལག་དྲུག་དང་། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཨཿ སྟེ་རིགས་དྲུག་རྣམས་དགོད་དོ། །སངས་རྒྱས་རྣམས་མྱ་ངན་ལས་འདའ་བ་བཞིན་འདོད་པའི་ཕྱོགས་སུ་ཉལ་ཏེ་གཉིད་ལོག་པར་བྱའོ། །ལྡང་བའི་རྣལ་འབྱོར་ནི། པདྨ་ཅན་ལས། ནམ་མཁར་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཅང་ཏེའུ་ཡི་སྒྲས་པ་ཉིད་ལས་བླང་བར་བསམ་སྟེ། ནམ་མཁར་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣསམ་ལ་ཕྱག་བྱས་ནས་མལ་ནས་ལངས་ཏེ་གྲུབ་སོགས་པ་བྱ་བར་བཤད་དོ། །ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བཞིན་དུ་བྱ་བར་ཕྱག་རྡོར་གྱིས་བཤད། དེ་ལྟ་བུའི་ཚུལ་ལ་གནས་པས་རྣལ་འབྱོར་གྱི་སྤྱོད་པ་གཉིས་སྤྱད་པ་སྔོན་དུ་འགྲོ་བས་ཞི་སོགས་ཀྱི་དངོས་གྲུབ་སྣ་ཚོགས་སྒྲུབ་པར་བྱའོ། །དེ་ལྟར་བསྒྲུབ་པས་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་གྱི་དངོས་གྲུབ་མཐའ་དག་དངོས་སུ་འགྲུབ་ཅིང་བརྒྱུད་ནས་མཆོག་གི་དངོས་གྲུབ་ཀྱང་འབྱུང་ངོ་། །རྒྱལ་བ་ཐབས་མཁས་ཐུགས་རྗེ་ཆེ་ལྡན་དེས། །སྟོང་པ་ཙམ་གྱིས་ཡེ་ཤེས་མཐར་ཐུག་མཆོག །བདེ་མྱུར་བསྒྲོད་པ་མིན་གཟིགས་གསལ་བ་ལམ། །དང་པོར་བརྟག་དང་མཐར་ཐུག་བརྟག་མིན་གྱི། །འགྲོ་ཁམས་སྒྲིབ་བཞིའི་དྲི་མ་ཉེར་གསལ་ཏེ། །གདོད་ནས་ཡོངས་གྲུབ་མི་འགྱུར་བདེ་ཆེན་དབྱིངས། །རབ་འབྱམས་དཀྱིལ་འཁོར་ཉེར་སྣང་བ། །ཚུལ་འདི་སྔགས་ཤེས་ཀུན་གྱི་འཇུག་ངོགས་ངེས། །དོན་དེས་དཔལ་ལྡན་རྒྱུད་ཀུན་རྒྱལ་པོ་མཆོག །དམ་པ་དང་པོའི་སངས་རྒྱས་དུས་འཁོར་ལོ། །ཤེས་རབ་རྒྱུད་ཀྱི་དབང་པོ་སྡོམ་པ་ཆེ། །གང་གི་སྒྲུབ་ཐབས་བསྡུས་མིན་གསལ་བ་འདི། །རྣམ་འདྲེན་གསུང་གི་འོད་དཀར་གྱིས་བསྐུལ་ཚེ། །བདག་བློ་ཆུ་ཤེལ་དབང་པོའི་ཆུ་རྒྱུན་གྱིས། །རབ་གསལ་ཤིང་རྟ་ཆེས་བཞེད་གངས་ཅན་ལུས། །དྲི་བྲལ་ཆོ་གའི་གཟུགས་གང་གསལ་བྱས་སེམས། །ཚུལ་འདིར་བདག་གི་དག་པའི་བསམ་པ་ཡིས། །འབད་པས་བགྱིས་མོད་འོན་ཏེ་གནོང་བའི་ཆ། །ཅི་ཙམ་མཆིས་པ་བདག་བློ་ཁོ་ནའི་སྐྱོན། །དཔང་གྱུར་ལ་བཤགས་ཉེས་མེད་དབུགས་དབྱུང་སྩོལ། །ལེགས་པར་བཤད་ཀུན་བླ་མའི་མཐུ་སྟེ་འདི་བགྱིས་དགེ་བའི་ཚོགས། །འབྱམས་ཀླས་སེམས་ཅན་མཐའ་དག་པ་ལ་བསྔོ་མཐུས་དེ་ཀུན་ཀྱང་། །གེགས་མེད་ཉེ་ལམ་མཆོག་འདིར་ཞུགས་ཏེ་ཟུང་འཇུག་བདེ་བ་ཆེ། །ཀུན་ཁྱབ་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་བ་ཉིད་ཐོབ་ཤོག །དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་མ་ཡི་དྲ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་འོད་ཟེར་ཀུན་ཏུ་འབར་བ་ཞེས་བྱ་བ་འདི་ནི་གཅང་ཞྭ་ལུ་རི་སྦུག་གི་བསྟན་འཛིན་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པ་དུ་མས་ཡུན་རིང་པོ་ནས་བསྐུལ་བར་འཛུགས་མཛད་ཅིང་། ཉེ་ལམ་དེ་ཉིད་བཅུ་ལ་མངའ་བ་བརྙེས་པའི་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་དོན་གྲུབ་ཀྱི་གསུང་གིས་སྔ་ཕྱི་ཀུན་ཏུ་ནན་ཏན་ཆེན་པོས་གསོལ་བ་བཏབ་བཞིན་པ་དང་། ཁྱད་པར་འཕགས་མཆོག་ལོ་ཀེ་ཤྭ་ར་ཡི་ཐུགས་རྗེའི་མཐུ་ལས་བྱུང་བ་བསྒྲུབ་རྒྱུད་བསྟན་པའི་མངའ་བདག་དཔལ་ལྡན་སྤྲིན་སྒྲ་ཅན་གྱི་རིང་ལུགས་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ་ཡོངས་ཀྱི་འདྲེན་མཆོག་འགྲོ་བའི་མགོན་པོ་ཀུན་མཁྱེན་འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གྱུར་ཆེན་པོ་གང་གི་ཞལ་སྔ་ནས་ཀྱང་ཚུལ་དེ་ལྟ་མྱུར་དུ་བཀོད་པར་རིགས་སོ་ཞེས་བཀའ་ཡི་འཁོར་ལོ་རིན་པོ་ཆེ་ཡི་ཅོད་པཎ་ལྟ་བུ་ཕེབས་པ་ལ་བརྟེན་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པ་ངག་གི་དབང་ཕྱུག་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་དུས་འཁོར་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ཡི་འདོན་བྱ་རྩ་བའི་གཞིར་བཞག་སྟེ་སྡོམ་ཆེན་གྱི་ཆོ་གའི་ཚིག་རིས་གྲུབ་པའི་སློབ་དཔོན་རྣམ་ཀྱི་གསུང་དང་མན་ངག་ཚད་མར་གྱུར་པས་ཁ་བཀང་སྟེ་མ་ཚང་བ་མེད་པ་བཀླགས་ཆོག་གི་ཚུལ་དུ་སྦྱར་བ་འདི་ནི་ཡུལ་བོད་ཆེན་གྱི་དབུས་འགྱུར་ཀཿཐོག་རྡོ་རྗེ་གདན་གྱི་མངའ་རིས་སུ་སྐྱེས་ཤིང་ཆོས་སྨྲ་བའི་གཟུགས་འཛིན་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་རྡོ་རྗེ་རིག་པ་འཛིན་པའི་མིང་ཅན་ཚེ་དབང་ནོར་བུའམ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཆུ་རྒྱུན་ཆད་པ་མེད་པའི་དཔལ་གྱིས་ཤར་ཕྱོགས་ཀོང་པོའི་ཡུལ་ཉང་ཁ་གུ་རུ་པདྨའི་གནས་ཆེན་ལྗོན་པ་ལུང་དུ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཕོ་ཁྱིའི་ལོ་གྲོ་ཞུན་ཟླ་བའི་ཡར་ངོ་མཁའ་འགྲོ་འདུ་བའི་དུས་ཆེན་གཟའ་སྐར་བཟང་ལ་དབུ་བརྩམས་ནས་ཐུན་སྐབས་རྣམས་སུ་ཅུང་ཟད་རེ་བྲིས་ཏེ་མཐར་ཁྲུམས་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་ཐོག་མ་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ་གྲུབ་པར་བྱས་པ་སརྦ་མངྒ་ལཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ། །དགེའོ། །

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ནར་མའི་རྣལ་འབྱོར་འཁྱེར་བདེ།

༄༅། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ནར་མའི་རྣལ་འབྱོར་འཁྱེར་བདེ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་ར་ཝེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་ཤུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་སྐད་ཅིག་གི་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞིའི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་།གཡས་དམར་པོ་བསྐྱང་པས་འདོད་ལྷ་དམར་པོའི་སྙིང་ཁར་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔའ་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་སྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་པར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། གསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། ལྷ་སྐུ་ལ་སེམས་བཞག་ཅིང་། ཡང་སྔགས་བཟླ་བ་ན། ཨོཾ་ཧཾ་སྭ་ཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་པའི་ཚེ། ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དགེ་བ་འདི་ཡི་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྱུར་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །

ཞེས་དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྒྱ་གར་གྱི་པཎྜི་ཏ་རོལ་པའི་རྡོ་རྗེའི་གཞུང་ཆུང་ཉིད་རྩ་རྒྱུད་བླ་མ་གོང་མ་རྣམས་ཀྱི་ཉམས་བཞེས་མཛད་པ་ཇི་བཞིན་པ་འདི། ན་ཚོད་ལྡན་ཞིང་ཕག་གི་ལོར་དཔལ་མོ་ཆོས་སྡིངས་ཀྱི་འདུས་སྡེར་དུས་ཀྱི་འཁོར་ལོའི་སྙིང་པོ་རྣམ་བཅུད་དབང་ལྡན་དུང་ཕྱུར་འཛུགས་པའི་སྐབས་ནར་མའི་རྣལ་འབྱོར་ཁྱེར་བདེར་སེམས་ཏེ། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཕྱུངས་ཏེ་མང་ཡུལ་བྱམས་སྤྲིན་དུ་བཀོད་པ་དགེའོ། །དགེའོ། །

འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་བསྒྲུབ་དཀྱིལ་མི་ཤིགས་བདེ་བ་ཆེན་པོའི་ཐིག་ལེ་ཀུན་ཏུ་འཕྲོ་བ།

༄༅། །འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་བསྒྲུབ་དཀྱིལ་མི་ཤིགས་བདེ་བ་ཆེན་པོའི་ཐིག་ལེ་ཀུན་ཏུ་འཕྲོ་བ་ཞེས་བྱ་བ་བཞུགས་སོ། །

༈ ན་མཿ ཤྲཱི་ཧེ་རུ་ཀ་མཉྫུ་བཛྲ་ནཱ་ཐཱ་ཡ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་མམ་བདུན་སོགས་བརྗོད་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། ཀྱེ་མ་སེམས་ཅན་སྡུག་བསྔལ་ཞིང་། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །དཔལ་ལྡན་ཧེ་རུ་ཀར་བསྒོམ་བྱ། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བསྒོམ་པར་བགྱིའོ། །ལན་གསུམ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲི་ཧེ་རུ་ཀ ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ། ཏིཥྛ་དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲིཿ ཡཾ། ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་བ་ཝྭན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ྅བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ལྟར་རིག་པ་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་འཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱི་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །ཤྲཱི་ཧེ་རུ་ཀོ྅ཧཾ། རང་གི་སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་དང་མཆོད་པ་དཔག་ཏུ་མེད་པ་སྤྲོས། བླ་མ་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་མཆོད་པར་གྱུར། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །རྟོག་པའི་འཆིང་བ་གཅོད་མཛད་ཅིང་། །འཇིག་རྟེན་བྱ་བ་རབ་བསྒྲུབ་པ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་པ་རེ་རེའི་འགོར་སྦྱར་བའི། ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭ་ཧཱ། ཨོཾ་བཛྲ་པ་དྱཾ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་བཛྲ་པཥྤེ་ཨཱཿ ཧཱུྃ། ཧཱུྃ། ཨོཾ་བཛྲ་དྷུ་ཥྤེ་ཨཱཿ ཧཱུྃ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿ ཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿ ཧཱུྃ། ཨོཾ་བཛྲ་ནེ་བེ་དྱ་ཨཱཿ ཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿ ཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ། མདའི་དྲྭ་བ་མེ་རི་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར།ཨོཾ་མེ་དྷི་ནི་བཛྲི་བྷ་བ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲ་ཀ་ར་ཧཱུྃ་སཾ་ཧཱུྃ། ཨོཾ་བཛྲ་པཉྫ་ཛ་ར་ཧཱུྃ་ཡཾ་ཧཱུྃ། ཨོཾ་བཛྲ་བི་ཏ་ན་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པ་སྟེ་སྔགས་རྣམས་ལན་གསུམ་གསུམ་བརྗོད་དོ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་དེའི་ལྟེ་བར་རང་ཉིད་རྡོ་རྗེ་ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ག་ནག་སེར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཉིས་ཀྱི་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཀྱི་ཐོད་པ་དང་ཁ་ཊྭཱཾ་ཀ་འཛིན་ཅིང་ཞབས་གཡས་བརྐྱང་པས་འཇིགས་བྱེད་དང་དུས་མཚན་མནན་པ་རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུའི་ཚོགས་དཔག་ཏུ་མེད་པ་སྤྲོས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིརྱཱ་ར་ཛ་ཧཱུྃ་ཧཱུྃ་ཕཊ། ཞེས་བཀའ་བསྒོ་བས་ཁྲོ་བོ་རྣམས་ཀྱི་བགེགས་རྣམས་བཀུག་སྤྱི་བོར་ཕུར་བུས་བཏབ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚན་ཕཊ། ཀི་ལ་ཀ་ཀི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཛྙ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ལ་ཝན་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་རྣམས་ཐོ་བས་བརྡུང་། ཨོཾ་བཛྲ་མངྒ་ར་བཛྲ་ཀི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། བགེགས་རྣམས་སྟོང་པ་ཉིད་དུ་སྦྱངས། དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར། ཨུཥྞི་འམ། ཞལ་བཞི་པའི་སྔགས་ཅི་ནུས་རེ་བཟླས། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཨ་པ་ནི་ཧི་ཏ་ཛྙཱ་ན་བཛྲ་སྭ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་བར་དོའི་རྣམ་ཤེས་མམ་དམར་མེར་ཧོ་དམར་པོ་གཉིས་ཀྱིས་མཐའ་རྟེན་པ། དེའི་སྣང་བ་ལས་ཆད་པའི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་དེའི་སྟེང་དུ་རམ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པ། ལྷག་མ་རྒྱུ་རྡོ་རྗེ་འཛིན་པ་དང་མཚུངས་པའོ། །

དེ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། སྐུའི་དཀྱིལ་འཁོར་ཏེ། རྩིགས་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང་དྲྭ་ཕྱེད་ཤར་བུ་དང་མདའ་ཡབ་དང་། བཟུང་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་ན་ཀ་བས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་བཅས་པ། ནང་གི་ལྷ་རྣམས་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སེར་དབུས་སྔོ་བ། ཕྱི་རོལ་མཆོད་པའི་ས་གཞི་ལ། མཆོད་པའི་ལྷ་མོ་སྣ་ཚོགས་པ་མཆོད་པའི་བཀོད་པ་དུ་མ་དང་བཅས་ཤིང་པད་འདབ་ཀྱི་འཁོར་ཡུག་གི་ཕྱི་རོལ་དུ་སྣམ་བུ་དམར་པོའི་ཁོར་ཡུག་ལ། རྡོ་རྗེ་གཤིན་རྗེ་རོ་ལངས་ཀྱི་ཚོགས་རྣམས་ཁ་དོག་སྣ་ཚོགས་པ་འཇིགས་སུ་རུང་བས་གར་བྱེད་པ། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཤིང་དང་། མེ་དང་། ཆུ་དང་། སྤྲིན་དང་། རི་དང་། མཆོད་རྟེན་དང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡོངས་སུ་གང་བ། ཕྱི་རོལ་དུ་བསྲུང་བའི་འཁོར་ལོ་དང་བཅས་པའོ། །རྩིགས་པའི་ཕྱི་འོག་མཐའ་དང་། སྟེགས་བུ་དང་། སྒོའི་ཡ་ཕུགས་ཀྱི་ཀ་གདུང་ལ་འཁོར་ལོ་དཀར་པོས་མཚན་པ། ནང་གི་ལྷ་རྣམས་ཀྱི་དབུས་སུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། པདྨ་དམར་པོས་མཚོན་པའི་མུ་ཁྱུད་རྭ་བ་ཀ་བ་གདུང་ཐོགས་ཕུགས་པ་ལ་སོགས་པས་མཛེས་པ་དེའི་ནང་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་རྡོ་རྗེ་སྔོན་པོས་མཚན་པའི་མུ་ཁྱུད་ར་བ་ཀ་བ་གདུང་ཐོགས་ཕུགས་ལ་སོགས་པས་མཛེས་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། ཐུགས་ཁར་གྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། པད་འདབ་ཀྱིས་ཁེབ་པའི་འཁོར་ལོའི་འོག་ནས་མུ་ཁྱུད་ཅུང་ཟད་མངོན་པའོ། །པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དམར་སྐྱ། དེའི་དབུས་སུ་ཧཱུྃ་དང་བཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་བཾ་གྱིས་མཚན་པ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སྤྱན་དྲངས། གདོད་ནས་གྲུབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་དང་། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས་རྒྱུ་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་དབུ་རྒྱན་དང་། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཅང་ཏེའུ་དང་ཚངས་མགོ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་རང་དང་མཚུངས་པའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ལྷའི་གནས་རྣམས་སུ་དཔའ་བོ་དང་དཔའ་མོ་བཞི་བཅུ་ཞེ་བརྒྱད། སངས་རྒྱས་བྱང་སེམས་རིག་པའི་ལྷ་མོ་གྲངས་མེད་པ་དང་བཅས་པ་འཁོར་པར་གྱུར། བྷྲུཾ་ཨཾ་ཧྲིཿ ཧོ་ཧཱུྃ་ཧ། ཕུང་པོ་རྣམས་དེ་བཞིན་གཤེགས་པ་དྲུག་གི་ངོ་བོར་གྱུར། ཨོཾ་ཧཱུྃ་ཏྲཾ་ཨ་ཁཾ་ཧཾ། སྐྱེ་མཆེད་དྲུག་དཔའ་མོ་དྲུག་གི་ངོ་བོར་གྱུར། ལཾ་མཾ་པཾ་ཏཾ་ཁཾ། ཁམས་ལྔ་ཡུམ་ལྔའི་ངོ་བོར་གྱུར། ཅེས་ཡབ་ཡུམ་གཉིས་ཀ་ལ་བསམ། འདི་ཤིན་ཏུ་བསྡུས་པ་སྟེ་འབྲུ་དེ་རྣམས་བརྗོད་པས་དེར་གྱུར་པར་མོས་པ་ཡིན་ལ། འབྲིང་པོ་ནི་ས་བོན་ལུས་ལ་བཀོད་པ། རྒྱས་པ་ནི་ལྷ་བཀོད་པའོ། །ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་བར་དོའི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་གསུམ་བབས། ཡབ་ཡུམ་གཉིས་ཀྱི་སྤྱི་བོ་དང་། གསང་བར་ཡང་། ཧོཿ དམར་པོས་མཚན་པར་གྱུར། ཡབ་ཡུམ་སྙོམས་པར་བཞུགས། ཡི་གེ་རྣམས་ཡུམ་གྱི་པདྨར་བབས་པས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་གོང་བུར་གྱུར། འཁོར་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལངས་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་བཅས་ཐལ་མོ་སྦྱར་ཞིང་། རྡོ་རྗེའི་གླུ་དབྱངས་དང་ཅང་ཏེའུའི་སྒྲས་བསྐུལ་བ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ལུགས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསང་། ཨེ་མ་ཧོ་བདེ་བ་ལས་བྱུང་བ། ཨེ་མ་ཧོ་ཀུན་ཏུ་བཟང་པོའི་དོན། ཨེ་མ་ཧོ་བདེ་བས་ཡང་དག་འདུས། ཨེ་མ་ཧོ་བདེ་ཆེན་དག་པ་སྟེ། ཨེ་མ་ཧོ་བདེ་བ་བདེ་བའི་མཆོག ཨེ་མ་ཧོ་གསང་སྔགས་མཉམ་སྦྱོར་བ། ཨེ་མ་ཧོ་ཐུགས་ཀྱི་སྤྱོད་པ་སྟེ། ཨེ་མ་ཧོ་མཉམ་ཉིད་ཕྱག་རྒྱར་ལྡན། ཨེ་མ་ཧོ་སྒྲུབ་པ་རྨད་དུ་འབྱུང་། ཨེ་མ་ཧོ་ཕ་རོལ་ཕྱིན་པའི་ས། ཨེ་མ་ཧོ་རིག་པ་རྗེས་འཇུག་པ། ཨེ་མ་ཧོ་སྣ་ཚོགས་ལས་ཆེན་པོ། ཨེ་མ་ཧོ་ཁ་སྦྱོར་གསུམ་དག་པ། ཨེ་མ་ཧོ་རྡོ་རྗེ་མཉམ་སྦྱོར་བ། ཨེ་མ་ཧོ་པདྨ་རྣམ་འབྱེད་པ། ཨེ་མ་ཧོ་དབང་གཉིས་སྙོམས་འཇུག་པ། ཨེ་མ་ཧོ་རྨད་བྱུང་མཉམ་པ་ཉིད། ཨེ་མ་ཧོ་དག་པའི་གར་ཆེན་ཏེ། ཨེ་མ་ཧོ་ཤིན་ཏུ་དྲི་མེད་གླུ། ཨེ་མ་ཧོ་གླུ་ཡི་ལས་སྦྱོར་བ། ཨེ་མ་ཧོ་ཕེག་རྡེབ་མུན་སེལ་བ། ཨེ་མ་ཧོ་མེ་ཏོག་ཚོགས་དགའ་བ། ཨེ་མ་ཧོ་འདུག་པ་བུམ་པ་བཟང་། ཨེ་མ་ཧོ་སྒྲོན་མ་གཏི་མུག་སེལ། ཨེ་མ་ཧོ་དྲི་མཆོག་བསིལ་བ་སྟེ། ཨེ་མ་ཧོ་རྣལ་འབྱོ་ར་མཉམ་སྦྱོར་བ། ཨེ་མ་ཧོ་སྒྱུ་འཕྲུལ་མཁའ་ལྟ་བུ། ཨེ་མ་ཧོ་གདོད་ནས་སངས་རྒྱས་གདོད་ནས་རྡོ་རྗེ་སྟེ། ཨེ་མ་ཧོ་གདོད་ནས་རིན་ཆེན་བདེ་བ་རབ་སྩོལ་བ། ཨེ་མ་ཧོ་པདྨ་གདོད་ནས་བྲིས་པ་སྟེ། ཨེ་མ་ཧོ་སྒྱུ་འཕྲུལ་སྣ་ཚོགས་རྣམ་པར་འཕྲུལ་པ་ཡིན། ཨེ་མ་ངོ་མཚར་རྨད་སངས་རྒྱས། ཨེ་མ་ངོ་མཚར་རྒྱལ་བའི་སྲས། ཨེ་མ་ངོ་མཚར་སེམས་ཅན་རྣམས། ཨེ་མ་ངོ་མཚར་ལྷ་མོའོ། །དེ་ལྟར་རབ་ཏུ་བསྐུལ་ནས། བསྐུལ་བ་པོ་རྣམས་ཛཿ ཛཿ ཅེས་ཐིག་ལེ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས། མཾ་ལས་རྡོ་རྗེ་དམར་སེར་མཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་གྱུར། དེ་རྣམས་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་སླར་འདུས་ཏེ་མཾ་ཡིག་ལ་ཐིམ། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་གཙོ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི། དབུས་སུ་འཇམ་པའི་རྡོ་རྗེ་དཔལ་ཧེ་རུ་ཀ ཞལ་དྲུག་ཕྱག་བཅུ་གཉིས་པ། སྐུ་མདོག་དང་རྩ་ཞལ་གུར་གུམ་གཞོན་ནུ་ལྟར་དམར་སེར། གཡས་ཞལ་སྔོ་བ་དང་སེར་བ་གཡོན་ཞལ་ལྗང་ཁུ་དང་དམར་པོ། དེ་རྣམས་ཁྲོས་ཤིང་འཇིགས་པའི་ཉམས་ཅན། སྟེང་ཞལ་དཀར་པོ་ཞི་བའོ། །བནྡྷུ་ལྟར་དམར་བའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། སངས་རྒྱས་ལྔའི་གཟུགས་བརྙན་དང་བཅས་པའི་ཐོད་སྐམ་གྱི་དབུ་ལ་བརྒྱན་པ། ཕྱག་དང་པོ་གཉིས་ཀྱི་ལྕགས་ཀྱུ་དང་ཞགས་པས་ཡུམ་ལ་འཁྱུད་ཅིང་། གཉིས་པ་གཉིས་ཀྱི་ཐོད་པ་དང་ཁ་ཊྭཱཾ་ག་དཀར་པོ་འཛིན་པ་དང་བཅས་ཏེ་ཚངས་པའི་པགས་པ་སྟོད་གཡོག་ཏུ་འཕྱར་བ། གསུམ་པ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ལྔ་པ་གཉིས་ཀྱིས་ཅང་ཏེའུ་དང་ཚངས་པའི་མགོ་བོ། དྲུག་པ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་རྒྱབ་མ་གཉིས་གར་གྱི་ཚུལ་དུ་དྲག་པོ་ནག་པོ་དང་དུས་མཚན་དམར་མོ་མནན་པ། འཇིགས་བྱེད་ཆེན་པོ་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་རྒྱ་དྲུག་དང་ལྡན་ཞིང་། རལ་པའི་ཅོད་པཎ་ལ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ། ཐལ་བ་དང་མི་མགོའི་དོ་ཤལ་གྱི་སྐུ་ལ་སྤྲས་པ། མེ་དཔུང་འབར་བའི་དབུས་ན་གར་དགུའི་རོལ་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དང་རྩ་ཞལ་དམར་སེར། གཡས་སྔོ་གཡོན་དཀར་བའི་ཞལ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། ལྷག་མ་གཉིས་ཅང་ཏེའུ་དང་བདུད་ཀྱི་མགོ་བོ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བསྐུམ་གཡོན་བརྐྱང་བའི་ཞབས་ཀྱིས་ཡབ་ལ་འཁྱུད་པ། དབུ་སྐྲ་གྲོལ་ཞིང་ཐོད་སྐམ་གྱི་དོ་ཤལ་ཅན། ལྷག་མ་བཅོམ་ལྡན་འདས་དང་མཚུངས་པའོ། །ཐུགས་འཁོར་གྱི་ཤར་ཕྱོགས་སུ་ལི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། དཀར་སྔོ་ལྗང་པའི་ཞལ་གསུམ། བྱང་ཕྱོགས་ཛཱ་ལནྡྷཾ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་མིག་མ། སེར་སྔོ་ལྗང་བའི་ཞལ་གསུམ། ནུབ་ཕྱོགས་ཨོ་ཌི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། དམར་སྔོ་ལྗང་བའི་ཞལ་གསུམ། ཤར་ལྷོར་གཽ་ཏ་ཝ་རིར། པཱུ་ར་ཝི་རི་དང་བརྟན་མའི་བློ་ཅན་མ། དམར་སེར་ལྗང་བའི་ཞལ་གསུམ། ལྷོ་ནུབ་རསྨི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། དཀར་སེར་ལྗང་ཞལ་གསུམ། ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། སྔོ་སྐྱ་སེར་ལྗང་བའི་ཞལ་གསུམ། བྱང་ཤར་མ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ། ལྗང་སེར་སྔོ་བའི་ཞལ་གསུམ། དེ་ལྟར་ཐུགས་འཁོར་པ་རྣམས་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་རྩིབས་ཀ་མ་རུ་པར་ཨང་ཀུ་རི་དང་ཨེ་ར་ཝཱ་ཏི། དཀར་སྔོ་ལྗང་བའི་ཞལ་གསུམ་བྱང་ཕྱོགས་ཨོ་ཊིར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྗང་སེར་སྔོ་བའི་ཞལ་གསུམ། ནུབ་ཕྱོགས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྔོ་སེར་ལྗང་བའི་ཞལ་གསུམ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་འཆང་འཐུང་མ། དམར་སེར་ལྗང་བའི་ཞལ་གསུམ། ཤར་ལྷོ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་ཤ་མ་དེ་ཝཱི། ལྗང་སེར་སྔོ་བའི་ཞལ་གསུམ། ལྷོ་ནུབ་ལམ་མཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། སེར་སྔོ་ལྗང་བའི་ཞལ་གསུམ། ནུབ་བྱང་ཀིཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། དུད་སེར་ལྗང་བའི་ཞལ་གསུམ། བྱང་ཤར་ཧི་མ་ཡར་མིག་མི་བཟང་དང་བྱ་གདེང་མ། སྔོ་སྐྱ་སེར་ལྗང་བའི་ཞལ་གསུམ། དེ་ལྟར་གསུང་གི་འཁོར་ལོ་པ་རྣམས་པདྨ་དང་། དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དེའི་ཕྱི་རོལ་སྐུའི་འཁོར་ལོའི་ཤར་སྒོ་པྲེ་ཏ་པུ་རིར། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། སྔོ་སེར་ལྗང་བའི་ཞལ་གསུམ། བྱང་སྒོར་གྲི་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི་སྔོ་སེར་ལྗང་བའི་ཞལ་གསུམ། ནུབ་སྒོར་སཽ་ཏཥྚར་ཏ་མགྲིན་དང་ཤིཥྚ་ཎི་དམར་སེར་ལྗང་བའི་ཞལ་གསུམ། ལྷོ་སྒོ་སུ་ཝརྞ་དི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། དགེར་སྔོ་ལྗང་བའི་ཞལ་གསུམ། ཤར་ལྷོའི་གྲྭ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། སྔོ་སྐྱ་སེར་ལྗང་བའི་ཞལ་གསུམ་ལྷོ་ནུབ་ཀྱི་གྲྭ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། སེར་སྔོ་ལྗང་བའི་ཞལ་གསུམ། ནུབ་བྱང་གི་གྲྭ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། དཀར་སྔོ་ལྗང་བའི་ཞལ་གསུམ། བྱང་ཤར་གྱི་གྲྭ་ཀུ་ལུ་ཏར། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཀར་ནག་ལྗང་བའི་ཞལ་གསུམ། དེ་ལྟར་སྐུའི་འཁོར་ལོ་པ་རྣམས། ཕྱག་དང་པོ་གཉིས་འཁོར་ལོ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའོ། །ཐམས་ཅད་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་ཅིང་། ལྷག་མ་གཡས་ཀྱི་ཕྱག་གཉིས་ཀྱིས་གྲི་གུག་དང་ཅང་ཏེའུ། གཡོན་གཉིས་ཀྱིས་ཐོད་ཁྲག་དང་ཁ་ཊྭཱཾ་ག་བསྣམས་པའོ། །ཡབ་རྣམས་སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡང་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཡུམ་རྣམས་གཅེར་བུ་གཡོན་བརྐྱང་གི་སྟབས་ཅན། ཐམས་ཅད་ཀྱང་གཙོ་བོ་ཡབ་ཡུམ་གྱི་རིག་ལས་བྱུང་བའོ། །ཨོཾ་ཨཱཿ ཧཱུྃ་ཝི་ར་ཡོ་གི་ནི་ཀཱ་ཡ་ཝཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་དཀྱིལ་འཁོར། ཕཻཾ། ཛཿ ཧཱུྃ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཨོཾ་སརྦ་ཏ་ཐ་ག་ཏ་ཤྲཱི་མཉྫུ་བཛྲ་ཙཀྲ་སཾ་བ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭ་ཧཱ། པ་དྱཾ་པྲ་ཏཱིཙྪ་སྭ་ཧཱ། བཛྲ་པུཥྤེ་ཨཱཿ ཧཱུྃ། བཛྲ་དྷུཥྤེ་ཨཱཿ ཧཱུྃ། བཛྲ་ཨ་ལོ་ཀེ་ཨཱཿ ཧཱུྃ། བཛྲ་གནྡྷེ་ཨཱཿ ཧཱུྃ། བཛྲ་ནེ་ཝེ་དྱ་ཨཱཿ ཧཱུྃ། བཛྲ་ཤབྡ་ཨཱཿ ཧཱུྃ། དེ་ནས་བསྟོད་པ་ནི། ཅང་ཏེའུ་བརྡུང་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རི་ཤ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་གལྤཱགྣི་སན་ནི་བྷ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊ་མུ་ཀུ་ཊོདྐ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚ་ཀ་རཱ་ལོ་གྲ་བྷི་ཥ་ན་མུ་ཁ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྲ་ཧ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་མཱ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མྲནྡྷ་ཀ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་བཱ་རཱ་ཧི་ཝཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་ས་ར་ཛི་ཏེ་ཏཻ་ལོཀྱ་མྲ་དེ་མ་ཧཱ་བི་དྱ་ཤྭ་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿ སརྦྦ་བྷུ་ཏ་བྷ་ཡཱ་ཝ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་པ་ནེ་ཨ་ཛི་ཏ་བཱ་ཤམ་ཀཱ་རི་ནཻ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿ ཤོ་ཥ་ཎི་ཀྲོ་དྷཱ་ནི་ཀ་རཱ་ལེ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མ་སྟྲ་པ་ནེ་མཱ་ར་ཎི་པྲ་བྷེ་ད་ནི་ཨ་པ་ཏཱ་ཛཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤཱ་རཱི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་བརྒྱད་དོ། །བར་འདིར་ལུས་དཀྱིལ་བསྒོམ་པར་འདོད་ན། ལྟེ་བར་གཙོ་བོ་ལ་སོགས་པར་འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་ལྔ་བཅུ་བསྒོམས་པར་བྱའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོ། རང་གི་སྙིང་ཁར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ་དམར་སེར་གྱི་ལྟེ་བར་ཟླ་བ་གནས་པའི་མམ་གྱིས་མཚན་པའོ། །ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་ཕཻཾ། ཨོཾ་ཨ་བྷི་ཥཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་གང་བའི་ཀ་པ་ལས་དབང་བསྐུར། སྐུ་ལུས་གང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་། སྔོན་པོ་རྣམས་ལ་མི་བསྐྱོད་པ། དཀར་པོ་རྣམས་ལ་རྣམ་སྣང་། ལྗང་ཁུ་རྣམས་དང་དུད་ཁ་ལ་དོན་གྲུབ། དམར་པོ་རྣམས་ལ་སྣང་མཐའ། སེར་པོ་རྣམས་ལ་རིན་འབྱུང་གི་དབུ་བརྒྱན། དེ་ནས་གོ་ཆ་བགོ་བར་བྱ་སྟེ། དཔའ་བོ་ཉི་ཤུ་རྩ་ལྔའི་སྙིང་གར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ཨོཾ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧཱུྃ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་ཨོཾ། བཽ་ཥཊ་ཧེ་ནག་པོ་ཧེ་རུ་ཀ མིག་གཉིས་སུ་ཨོཾ་ཧཱུྃ་ཧཱུྃ་ཧོ་དམར་སེར་རྡོ་རྗེ་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ་དཔའ་བོ་ཉི་ཤུ་རྩ་ལྔའི་ལྟེ་བར་ཨཾ་བཾ་དམར་པོ་ཕག་མོ། སྙིང་ཁར་ཨོཾ་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཨོཾ་ཧྲིཾ་མཾ་དཀར་མོ་རྨོངས་བྱེད་མ་དཔྲལ་བར་ཨོཾ་ཧྲིང་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཨོཾ་ཧཱུྃ་ཧཱུྃ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཨོཾ་ཕཊ་ཕཊ་དུད་ཁ་ཙཎྜི་ཀ་ཡི་ངོ་བོ་རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བའི་གདན་དང་། གཞན་རྣམས་ཉི་མའི་གདན་ལ་གནས་པའོ། །དེ་ནས་འདིར་ཡང་སྤྲོ་ན་མཆོད་བསྟོད་བྱ་ཞིང་། ཁྱད་པར་དུ་བདུད་རྩི་མྱང་བ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པཱ་ཡ། གྲྀ་ཧྞ་པཱ་ཡ་ཧཱུྃ། ཨ་ན་ཡ་ཧོ་བྷ་ག་ཝན་བིཏྱཱ་རཱ་ཛ་ཡ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཤུདྡྷཽ྅ཧཾ། ཡཾ་ལས་རླུང་། རཾ་ལས་མེ། ཨ་ལས་ཐོད་པ་ཨོཾ་ཧྲཾ་ཨཾ་ཁཾ་ཧཱུྃ་ལས་བདུད་རྩི་ལྔ། ལཾ་མཾ་པཾ་ཏཾ་བཾ་ལས་ཤ་ལྔ། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་ཁ་དོག་དམར་སེར་དུ་གྱུར་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་དེ་ཞུ་ཞིང་ཚིམ་པས། དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བར་གྱུར། སྟེང་གི་ནམ་མཁའ་ལ་དབྱངས་དང་གསལ་བྱེད་རྣམས་ཡོངས་སུ་གྱུར་པ་ལས། ཧཱུྃ་ཨཱཿ ཨོཾ་བརྩེགས་པ་དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱན་དྲངས། འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ཞིང་འོག་གི་བདུད་རྩི་དང་འདྲེས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མ་ཡ་ཤུདྡྷོ་ཧཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ཋ་ཋ་སྟམ་ཨ་ཁཾ་ཧཱུྃ། ཞེས་བདུད་རྩི་མྱོང་བ་བླ་མ་འབུལ་བར་འདོད་ན། འཇམ་དཔལ་ངག་དབང་གྲགས་པ་བློ་གྲོས་བཟང་། །བདེ་ཆེན་རྡོ་རྗེ་ལྷ་ཡི་འབྱུང་གནས་དང་། །མི་འཇིགས་འབྱུང་གནས་བདེ་བ་མགོན་པོའི་ཞབས། །ལྷན་སྐྱེས་རྒྱལ་མོ་སྙིང་པོ་མཐའ་ཡས་དཔལ། །མི་བསྐྱོད་རྡོ་རྗེ་བདེ་བའི་དབང་ཕྱུག་རྩལ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་སྟེ། །བཀའ་གནང་བླ་མ་རྣམས་ལ་མཆོད་པ་འབུལ། །ཞེས་སོ། །བར་འདིར་རྫོགས་པའི་རིམ་པ་སོགས་བསྒོམ་པར་བྱ་ཞིང་། དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མར་ཤེས་པར་བྱ་སྟེ། དེ་ལ་མཉམ་པར་བཞག་གོ །བྱང་ཆུབ་མཆོག་གི་དག་པ་དྲན་པ་ནི། འདུན་པ་དང་བརྩོན་འགྲུས་དང་སྤྱོད་པ་དང་སེམས་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ་རྣམས་སོ། །དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་ལྔ་ནི་བརྟན་བློ་མ། མིའུ་ཐུང་མ་ལངྐའི་དབང་ཕྱུག་མ། ཤིང་གྲིབ་མ། ས་སྲུང་མ་རྣམས་སོ། །དད་སོགས་ཀྱི་སྟོབས་ལྔ་ནི། འཇིགས་བྱེད་མ། རླུང་ཤུགས་མ། ཆང་འཐུང་མ། ལྗང་ལྷ་མོ། རབ་བཟང་མ་རྣམས་སོ། །ཏིང་ངེ་འཛིན་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་བ་དང་། རྣམ་འབྱེད་དང་། དྲན་པ་དང་། བཏང་སྙོམས། ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྟ་རྣ་མ། བྱ་གདོང་མ། འཁོར་ཤུགས་མ། དུམ་སྐྱེས་མ། གླང་སྣ་མ། གོ་ཆ་མ། ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་ནི། སྟོབས་ཆེན་མ། འཁོར་བསྒྱུར་མ། བརྩོན་ཆེན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི། དཔལ་ཧེ་རུ་ཀའོ། །གཞན་ཡང་དབང་པོ་ལྔ་ནི་ཡུལ་ལྔ་དང་། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཡེ་ཤེས་ལྔ་ནི་རྣམ་དག་པ། །ཉི་ཤུ་རྩ་ལྔའི་བདག་ཉིད་ལྷ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར། །དེ་ཉིད་ཉི་ཤུ་ལྔ་བདག་ཉིད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡེ་ཤེས་གཞལ་མེད་ཁང་བཟང་སྟེ། །རྣམ་པར་ཤེས་པ་བརྒྱད་དག་པ། །ཕྱི་རོལ་དུར་ཁྲོད་བརྒྱད་དུ་སྤྲུལ། །སྡང་དང་བསྲེད་པ་རབ་འཇོམས་པས། །ལྷ་མོ་རྣམས་དང་ཡི་དྭགས་འཕྲེང་། །སྣ་ཚོགས་རྡོ་རྗེ་བདུད་གཞོམ་སྟེ། །ཡེ་ཤེས་མེ་འོད་རྣམ་པར་སྤྲོས། །སྐུ་དང་གསུང་དང་ཐུགས་དག་པ། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །དམ་པའི་དོན་དུ་དཔའ་བོའི་གཟུགས། །ཡེ་ཤེས་ཀྱི་ནི་འཇམ་དཔལ་ཉིད། །སྐྱོན་དྲུག་དག་པས་རིགས་དྲུག་ཉིད། །ཡན་ལག་བཅུ་གཉིས་འཕགས་པ་ཡིས། །ཞལ་དང་ཕྱག་ནི་རྣམ་དག་པ། །མ་རིག་འདུ་བྱེད་ཞབས་ཀྱིས་མནན། །ཞེས་བརྗོད་ཅིང་དོན་བསམ་མོ། །དེ་ནས་འགོག་པའི་བཟླས་པ་དང་། །ངག་བཟླས་ཡིད་བཟླས་རྣམས་རིམ་གྱིས་བྱ་སྟེ། །ཨོཾ་ཨཱཿམཾ་ཧཱུྃ། ཉེ་བའི་སྙིང་པོའོ། །ཨོཾ་ཤྲཱི་མཉྫུ་བཛྲ་དྷྲིཀ་ཨོཾ་ཧཱུྃ་ཌཱ་ནཱི་ཛཱ་ལ་སམྦ་རཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཛྲ་ཝཱ ར་ཧི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོའོ། །ཕྲེང་བའི་སྔགས་ནི། བདེ་མཆོག་སྤྱི་དང་། ཇོ་ནང་རྗེ་བཙུན་གྱི་ཡིག་ཆར་ཨོཾ་རུཾ་ཡོད་ཀྱང་ཡིག་ནོར་རམ་འགྱུར་མ་དག་པར་མངོན་ལ་འགྱུར་དག་པར་ཨཱཿ ཡིག་ཡོད་པ་ཤིན་ཏུ་འཐད་གསང་འདུས་ལྟར་འབྲུ་གསུམ་སྒྲོམ་དུ་བཞུགས་པར་རྟོགས། དེས་ན། ཨོཾ་ཤྲཱི་མཉྫུ་བཛྲ་ཏྟ་ག་ཨཱཿ ཧཱུྃ་ཌཱ་ཀི་ནི་ཛཱ་ལ་སམྺ་རཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཞན་ཡང་། ཨོཾ་ཤྲཱི་མན་ཛུ་དྷྲིག་ཨ་བྷཻ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛ་ལ་ཤཾ་བ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལོ་ཙཱ་བྱང་ཤེས་འགྱུར་ལ་རབ་ཞིབ་འགྱུར་བཅོས་བྱས་པ་ལས་འབྱུང་། སླད་ཆར་དཔེ་དངོས་ལ་རྒྱ་སྐྱེགས་ཀྱིས་བྲིས་པ་དེ་དཀྱུས་སུ་བཞུགས་པ་ལས་ཡིག་ཆུང་འདི་རྣམས་མི་བྲི། མཐུན་པ་ཡིན་ན། དེ་གཙོ་བོར་བཟླ་བར་མ་གསུངས་སོ། །འཁོར་གྱི་སྔགས་ནི། ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་ཙིཎྜ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀ་ཀ་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཎྜི་ཨཀྵི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྷན་དྷ་བྷན་དྷ་ཀ་ཀ་ལ་ཧཱུྃ་ཕཊ། ཨོཾ་པྲ་བྷ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཏྲ་ས་ཏྲ་ས་ཡ་བི་ཀ་ཏ་དཾཥྚ་ན་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བྷེ་ར་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཽཾ་ཧཽཾ་ཨ་མྲྀ་ཏ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁརྦ་རི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿབཛྲ་པྲ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལོངྐ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕེཾ་ཕེཾ་བཛྲ་དི་ཧི་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྷུ་མཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ་ཨཾ་ཀུ་རི་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨེ་ར་ཝ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཏི་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ར་ཝཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་མ་ཧཱ་བི་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བཛྲ་ཧཱུྃ་ཀ་ར་བ་ས་དྷུ་ཏི་རནྟྲ་མཱ་ལ་ཝ་ལམྦི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྞ་གྲིཧྞ་སུ་བྷ་ཏྲ་སཔྟ་པ་པ་ཏ་ལ་ག་ཏ་བྷུ་ཛཾ་གཾ་སརྦ་ཏརྫ་ཡ་ཏརྫ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྱཱ་མ་དེ་བི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ཀཌྷྱ་བཛྲ་བྷ་ཏྲ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བྷ་ཏྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧིཾ་ཧིཾ་མ་ཧཱ་བྷེ་ར་བ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱ་ཡ་ཀེརྞ་ཀེརྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་བི་རུ་བྷཀྵ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁ་ག་ན་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་མ་ཧཱ་བྷ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྲ་བ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཾ་ཧཾ་རད་ན་བཛྲ་ན་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧིཾ་ཧིཾ་ཧ་ཡ་གྲི་བ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤོཎྜི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཨ་ཀ་ཤ་གརྦྷ་ཀརྞེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝིརྨྨ་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བི་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་པདྨ་ནེར་ཏེ་ཤྭ་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་རོ་ཙ་ན་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝརྟི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྷི་ལི་དྷི་ལི་བཛྲ་ས་ཏྭ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཱི་ཏྱཻ་ཧཱུྃ་ཧཱུྃ་ཕཊ། ཐུན་འཇོག་པའི་ཚེ། བདག་བསྐྱེད་ཀྱི་གཏོར་བསྔོ་བྱས་ཏེ་ཐུན་བསྡུ་བའོ། །མིན་ཡང་རུང་སྟེ་སྙིང་ཁའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་བསྒོམས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རྣམས་ཀྱང་བདག་ཉིད་ལ་ཐིམ། དེ་ཡང་ཏིང་ངེ་འཛིན་སེམས་དཔའི་བར་བསྡུས། དེ་ཡང་འོད་གསལ་བར་བསྡུས་ཏེ་སྟོང་པ་ཉིད་ལ་མཉམ་པར་བཞག་གོ །སླར་ཡང་རང་སྐད་ཅིག་གིས་འཇམ་པའི་རྡོ་རྗེ་ཕྱག་གཉིས་པར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ སྙིང་ཁར་ཨོཾ་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་ནས་རྟ་མཆོག་གི་ངོ་བོ། ལྟེ་བར་ཨོཾ་ཨོཾ་བཾ་དམར་པོ་རྡོ་རྗེ་ཕག་མོ་ནས་ཙཎྜི་ཀའི་ངོ་བོ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ཟླ་བའི་གདན། གཞན་རྣམས་ཉི་མའི་གདན་ལ་གནས་པ་སྟེ་ཡབ་ཀྱི་གནས་སུ་ཡང་ཡུམ་དང་། ཡུམ་གྱི་གནས་སུ་ཡང་ཡབ་གཉིས་སུ་མེད་པར་གྱུར། པུ་ཛ་ཨོ་ཨ་གོ་ར་དེ་མཱ། ཀ་ཨེ་ཀྲི་ཀོ་ལ་ཧི་པྲེ་གྷྲི་སཽ་སུ་ན་སི་མ་ཀུ། སུམྦྷ་ལན་གཉིས་ཀྱི་ཕྱོགས་བཅིང་། ཡབ་ཀྱི་རྐང་བརྒྱད་ཚར་གཅིག་བརྗོད། བདག་དང་སྣང་བའི་དངོས་པོ་ཐམས་ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན་བརྗོད་པ་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གི་དུས་གསུམ་དགེ་བ་སོགས་དང་། ལྷ་མོ་ཚད་མ་སོགས་དང་། སྲིད་པ་གསུམ་འབར་སོགས་སྨོན་ལམ་ཅི་རིགས་བཏབ་ནས་སྤྱོད་ལམ་ལ་འཇུག་སྟེ་དག་པ་རྣམ་པ་གསུམ་དང་མ་བྲལ་བས་སོ། །གཏོར་ཆོག་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང་རཾ་ལས་མེ། ཨ་ལས་ཐོད་པ། ཧཱུྃ་བྷྲུཾ་ཨཾ་ཧྲཱིཿཁཾ་བྷྲུཾ་ཧཱུྃ་ཧྲཱིཿཏཾ་རྣམས་ལས་བདུད་རྩི་ལྔ་དང་ཤ་ལྔར་གྱུར། ཧ་ཧོ་ཧྲཱིཿཡི་གེ་ཁ་དོག་དང་དྲི་དང་རོ་ནུས་ངན་པ་སྦྱངས། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བས་ཁ་དོག་དམར་སེར་དུ་གྱུར། དེའི་རླངས་པ་ལས་བྱུང་བས་སྟེང་གི་ནམ་མཁའ་ལ་ཧཱུྃ་ལས་ཁ་ཊྭཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་དུ་ཞུ་ཞིང་ཐིམ་པས་དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བར་གྱུར། སྟེང་གི་ནམ་མཁའ་ལ་དབྱངས་དང་གསལ་བྱེད་རྣམས་ཡོངས་སུ་གྱུར་པ་ལས་ཧཱུྃ་ཨཱཿཨོཾ་བརྩེགས་པ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པ་དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་སེམས་དང་རྒྱ་མཚོའི་བཅུད་སོགས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་སྤྱན་དྲངས། འབྲུ་གསུམ་ཟླ་བ་དང་བཅས་པ་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་འོག་གི་བདུད་རྩི་དང་འདྲེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿ ལན་མང་དུ་བརྗོད། ཕཻཾ་ཞེས་ཡེ་ཤེས་ཀྱི་འཁོར་ལོ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་སྤྱན་དྲངས། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨ་རལླི་ཧོ་ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ། སྟཾ་དྲི་ཤྱ་ཧོ། ཞེས་ལན་གསུམ་གྱི་སྤྱིར་ཕུལ། ཡབ་ཡུམ་གྱི་སྙིང་པོའི་ཧཱུྃ་ཧཱུྃ་ཕཊ་ཀྱིས་སྔོན་དུ་ཨི་མཾ་བ་ལིཾ་གྷྲིཧྞ་མཱ་མ་སརྦ་ཀརྨ་ཀུ་རུ་ཀུ་རུ་ཞེས་བཅུག་པ་ལན་གསུམ་གྱིས་ཕུལ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲ་ས་ཡ་ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲོཾ་ཧྲོཾ། ཧྲཿ ཧྲཿ ཕཻཾ། པཻཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་ཏུ་དྷི་རཱནྟྲ་མཱ་ལཱ་བ་མཾ་བི་ནེ། གྲིཧྞ་གྲིཧྞ། པསྟ་པཱ་ཏ་ལ་ག་ཏེ་བྷུ་ཛ་ག སརྦཾ་བ་ཏརྫ་ཡ་ཏརྫ་ཡ། ཨ་དྷྱ་ཨཱ་ཀ་ཌྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཾ་ཀྵྨཾ། ཧཾ་ཧཾ། ཧིཾ་ཧིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ལན་གཅིག་གི་འཁོར་ལོ་གསུམ་ལ་ཕུལ། ཧཱུྃ་བཅུ་གཅིག་གི་མཐར། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཨདྱ་ནུཏྤན་ན་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བཏགས་པས་བསྲུང་པའི་འཁོར་ལོ་རྣམས་ལ་ཕུལ། ཡང་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་ཕུལ། རྐང་བརྒྱད་གཉིས་སམ་གང་གི་ཁུ་བ་གླུས་བསྐུལ་གྱིས་བསྟོད། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ། རཀྵ་ས། བྷུ་ཏ། པྲེ་ཏ། པི་ཤ་ཚ། ཨུནྨ་ད། ཨ་བ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲིཧྞནྟུ། མ་མ་སརྦ་སིདྡྷིཾ་མེ་པྲ་ཡཙྪནྟུ། ཡ་ཐཻ་པཾ་ཡ་ཐཻཥྚཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རཱ་ཏ་ཡ་སདླུ་ཁཾ་བི་ཤུདྡྷ་ཡེ། ས་ཧུ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ། ཞེས་ལན་གསུམ་མོ། །རྡོ་དྲིལ་ཐབས་དང་བཅས་པས། ཨོཾ་ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པར་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱི་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་ཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །བསྲུང་བས་རྟག་ཏུ་གྲོགས་མཛོད་ཅིང་། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་དང་། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཉེས་པ་ཐམས་ཅད་མེད་པར་མཛོད། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཧཱུྃ་ཁྲོ་བོ་བདེ་བ་གྱེས་པ་ཡིས། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པ་སྟེན་པར་བྱེད། །ཨ་ལ་ལ་ཧོ། ཨ་ཨི་ཨ། ཨ་ར་ལླི་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨཱ། ཨ་ར་ལླི་ཧོ། རབ་དགྱེས་མགོན་པོ་ཁྱེད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ཧོ། ཨ་ཨི་ཨཱ་ར་ལླི་ཧོ། བདེ་བ་སྤང་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱེད་མ་གྱུར། །བདེ་བ་ཆེ་ཡི་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡི་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་མོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །སེམས་ཅན་ཐམས་ཅད་ནད་མེད་ཅིང་། །ཞེས་སོགས་སྨོན་ལམ་བཏབ། ཨོཾ་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། ཡིག་བརྒྱས་བཟོད་གསོལ། གཏོར་མགྲོན་གཤེགས་གསོལ་རྣམས་བྱས། ཡོ་ག་ཤུདྡྷོའི་སྔགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་བསྡུ། སླར་ཡང་བདག་བསྲུང་དང་སྨོན་ལམ་བཀྲ་ཤིས་གང་འོས་རེ་བྱའོ། །འདིར་སྨྲས་པ། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཆེས་མང་ཡང་། །རྒྱུད་སྡེ་ཀུན་གྱི་རྩེ་མོར་གྱུར་པ་དང་། །ལས་ཚོགས་ཙམ་མིན་མཆོག་སྒྲུབ་གཙོར་སྟོན་དང་། །དག་བྱ་དག་བྱེད་རབ་རྒྱས་དཀྱིལ་འཁོར་དང་། །རྒྱུད་ལས་ཤིན་ཏུ་གསལ་བར་གསུང་པའི་ཕྱིར། །སྒྲུབ་ཐབས་འདི་ཉིད་ཁོ་ན་ཆེས་མཆོག་སྟེ། །གསང་ལྡན་ལ་སོགས་རྒྱུད་སྡེ་འོག་མར་བཞུགས། །གུར་ལས་གསུང་སོགས་ལས་ཚོགས་ལྷ་ཙམ་ཡིན། །མཚན་བརྗོད་སྒྲུབ་ཐབས་བླ་མེད་ལུགས་བྱས་པ། །ཕལ་ཆེར་དག་བྱ་དག་བྱེད་ཤིན་ཏུ་བསྡུས། །འདུས་པའི་འཇམ་རྡོར་མན་ངག་གཙོ་ཆེ་སྟེ། །རྒྱུད་ལས་ཧ་ཅང་གསལ་བར་གསུངས་པའང་མེད། །

ཅེས་ཆེད་དུ་བརྗོད་པའོ། །དགེའོ། །དགེའོ། །དགེའོ། །རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་ཀྱུ་རུ་ལུགས་བཀླགས་ཆོག་ཏུ་རིག་འཛིན་ཚེ་དབང་ནོར་བུས་ཕྱུང་སྟེ་བཀོད་པ་ཡིན། མངྒ་ལཾ་སུ་ཛ་ཡནྟུ། །

བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་།

༄༅། །བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས། །

༈ ཨོཾ་སྭསྟི། ན་མཿ ཤྲཱི་ཧེ་རུ་ཀ་མཎྜ་ལེ་བྷྱ༔ འགྱུར་མེད་བདེ་ཆེན་འོད་གསལ་མཚན་དཔེའི་ལུས། །ཀུན་ཁྱབ་སྲིད་གསུམ་མགོན་པོ་ཀུན་གྱི་བཅུད། །ཀུན་སྣང་དྲ་བ་སྡོམ་མཛད་ཀུན་ཏུ་བཟང་། །བཅོམ་ལྡན་བཙུན་མོ་བཅས་པས་བདག་བློ་སྲུངས། །དཔལ་ལྡན་མཁའ་འགྲོ་བདེ་མཆོག་གི །རྒྱུད་ཆེན་རྣམས་ནས་ལེགས་གསུངས་པའི། །ཞིང་སྐྱོང་ཚོགས་དང་འབྱུང་པོའི་སྤྱིའི། །གཏོར་ཆེན་ཆོ་ག་འདིར་བཤད་བྱ། །དེ་ཡང་བཅོམ་ལྡན་འདས་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དེ་ཡི་བཅས་པ་ལ་གནས་པའི་རྣལ་འབྱོར་པས་གཏོར་མའི་ཆོ་ག་འདི་ཉིད་བསྒྲུབ་པར་བྱའོ། །དེས་ནི་ལས་དང་དངོས་གྲུབ་ལ་སོགས་པ་འདོད་པའི་ཁྱད་པར་ཤིན་ཏུ་མང་པོ་དག་འགྲུབ་པར་འགྱུར་ཞིང་སྐྱེ་བོ་མང་པོ་དག་ལ་ཡང་མཆོག་ཏུ་ཕན་པ་ཡིན་ནོ། །དེ་ལ་དུས་ནི་རྒྱུན་གྱི་རྣལ་འབྱོར་དང་འབྲེལ་ན་ཐུན་སོ་སོའི་མཇུག་གི་ཆ་དང་། ལྷག་པར་མཆོག་ཏུ་བསྔགས་པ་ནམ་ཕྱེད་ཀྱི་ཐུན་མཚམས་ལ་ཡིན་ཅིང་། ཁྱད་པར་གྱི་དུས་ནི། དཔལ་མཁའ་འགྲོ་བདེ་མཆོག་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་བྱིན་པར་བྱ། །ཞེས་གསུངས་ཤིང་། དེ་དག་ལ་ཡར་ངོ་དང་མར་ངོའི་དབྱེ་བས་དྲུག་དང་། སྤྱི་གཏོར་ཆོག་འདི་ཚེས་བཅུ་མཆོད་པའི་ཡན་ལག་ཡིན་ལ་ཚེས་བཅུ་རྣམ་པ་གཉིས་ཏེ། ཟླ་བ་གཅིག་གི་ནང་དུ་ཉི་མ་བརྒྱད་པོ་དེ་དག་བསྔགས་ལ། ལོ་དུས་ཀྱི་དབང་ལྟར་ན་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་ལྷག་པར་བསྔགས་སོ།དེ་ལྟར་གཏོར་ཆོག་ཆེན་མོ་བཏང་བའི་དཀྱིལ་འཁོར་ནི། རྩ་བའི་སྔགས་བཟླ་བཞིན་དུ་རྡོ་རྗེ་དང་བཅས་པའི་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ནང་མཆོད་བླངས་ཏེ་ས་གཞི་ལ་བྱུགས་པའི་སྟེང་དུ་ཐིག་བཏབ་ནས་ཆོས་འབྱུང་བསྲུང་འཁོར་དང་བཅས་པ་བསྒོམ་དོན་བཞིན་རྡུལ་ཚོན་གྱིས་བྲིའམ། རས་བྲིས་ཀྱི་དཀྱིལ་འཁོར་སོགས་ཡོད་ནའང་ལེགས་ལ། ཡང་ན་ཆོས་འབྱུང་གི་དབུས་སུ་ཟླུམ་སྐོར་གསུམ་ལྟེ་བ་ལེ་ཚེ་དགུ་དང་བཅས་པ་བྲི་བའམ། དེ་ཡང་མ་གྲུབ་ན་ཆོས་འབྱུང་པདྨ་འདབ་བརྒྱད་དང་བཅས་པ་བརྩམ་མོ། །ཡང་ན་ཐིག་བཏབ་ནས་ཚོམ་བུ་བཀོད་ཀྱང་རུང་ལ། ཡང་རས་བྲིས་མེད་ཅིང་རྡུལ་ཚོན་བྲི་བར་མི་ལྕོག་ན། མཎྜལ་ལ་ནང་མཆོད་ཀྱིས་ཆོས་འབྱུང་བྲིས་པའི་དབུས་སུ་ལྷ་གྲངས་དང་མཉམ་པའི་མེ་ཏོག་གི་འབྲུའི་ཚོམ་བུ་བཀོད་པས་ཀྱང་རུང་ངོ་། །དེ་ནས་མཆོད་པའི་གཏོར་མ་བསྡུ་ན་གཅིག་གམ་གཉིས་དང་། འབྲིང་པོར་འཁོར་ལོའི་གྲངས་དང་མཉམ་པའི་དགུའམ་རྒྱས་པར་ལྷ་གྲངས་དང་མཉམ་པ་སྟེ། གང་ལྟར་ཤ་ཁྲག་ཆང་དང་སྒོག་ཙོང་གིས་བརྒྱན་ཅིང་ཟས་བཟང་དགུས་སྦགས་པའོ། །དེ་ལས་རྒྱུན་གྱི་ལག་ལེན་དུ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་གི་གསུང་ཇོ་ནང་རྗེ་བཙུན་དམ་པས་གནང་བ་ལྟར་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་བུམ་པ་ཆང་གིས་བཀང་བའི་སྟེང་གཏོར་སྣོད་ཁ་ཟས་དང་དམར་གྱིས་བཀང་བ་རེ་རེ་འདས་གཏོར་དེ་ཀ་འདྲ་བ་གཅིག་བརྒྱད་པོའི་ཕྱི་རོལ་ལྷོ་ཕྱོགས་སྟེགས་བུ་མཐོ་བ་ལ་འཇོག་ཅིང་། ཐམས་ཅད་བ་དན་གྱིས་བརྒྱན་པ་སོ་སོར་སྒོས་མཆོད་རེ་དང་བཅས་པའོ། །གལ་ཏེ་སྒོས་མཆོད་སོ་སོར་མ་ལྕོག་ན་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་སྤྱི་མཐུན་ཐུན་མོང་དུ་བཤམས་ཀྱང་ཆོག་པར་རྟོགས་སོ། །མདུན་དུ་བདུད་རྩི་ཀ་པཱ་ལ། རྡོར་དྲིལ་ཌཱ་མ་རུ་སོགས་ཀྱང་འདུ་བྱས་ལ། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་བརྗོད་སྐད་ཅིག་གིས་རང་དཔལ་ཧེ་རུ་ཀའི་སྐུར་གྱུར་པར་བསམ། དེ་ནས་ནང་མཆོད་བདུད་བརྩི་ནི། འགི་གཏོར་མ་བྱིན་བརླབས་ཇི་བཞིན་པས་བྱིན་གྱིས་བརླབ། གནས་ཡོ་བྱིན་བརླབ། དེ་རྣམས་ལ་ནང་མཆོད་འཐར་ལ། སུམྦྷས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། བྷྲཱུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུྃ། དེ་བཞིན་དུ་དྷུ་པེ་ ཨ་ལོ་ཀེ་ གནྡྷེ་ ནཻ་ཝཻ་ཏེ་ ཤབྡ་ཨཱཿ ཧཱུྃ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨ་ཝརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷཎྜེ་ར་ཎྀ་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པ་ནཱ་ལི་ཏེ། བཛྲ་པྲ་ས་ར་མེ་ཏ། ན་ད་སམྦྷ་ཝེ་ཏ། བཛྲ་དྷཪྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁྃ་སྭཱ་ཧཱ། ཞེས་རོལ་མོ་བྱིན་འབེབས་ཀྱི་སྔགས་དང་། མཆོད་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མར྄་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་དེ་ཛ་བཛྲེ། མ་ཧཱ་བྷོ་དྷི་ཙིཏྟ་བཛྲེ། མ་ཧཱ་བྷོ་དྷི་མནྟོ་པ། སཾ་ཀྲ་མ་ཎཾ་སརྦ་ཀརྨ་ཨ་པ་ར་ཎེ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་སོགས་ཅི་རིགས་པ་བཟླས་ཤིང་བྱིན་བབས་སོ། །དེ་ནས་བདག་བསྐྱེད་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་ཡོངས་རྫོགས་ནས་ཕག་མོ་གཙོ་རྐྱང་ངམ་དཔའ་བོ་གཅིག་པའི་བར་རྒྱས་བསྡུས་ཇི་ལྟར་བསྒོམ་ཀྱང་རུང་ལ། བདེ་མཆོག་ཞལ་ཕྱག་མང་བ་བསྒོམ་ཚེ་ཞིང་སྐྱོང་གི་གཏོར་རྒྱུད་དང་འབྲེལ་ཆེ་བ་ཡི། སློབ་དཔོན་ནག་པོ་ཞབས་ཀྱི་ལུགས་ཉིད་ལེགས་ཤིང་། གང་ལྟར་བཟླས་པ་དང་འོད་གསལ་འཇུག་ལྡང་གི་བར་དུ་བྱའོ། །དེ་ལྟར་མངོན་རྟོགས་གཞན་བསྒོམ་ཚེ་སྒྲུབ་ཐབས་རྣམས་སུ་ཤེས་ལ། འདིར་ལྷན་སྐྱེས་ཀྱི་མངོན་རྟོགས་ཙམ་བཤད་ན། སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གི་ནང་དུ། ཡམ་ལས་རླུང་། རམ་ལས་མེ། བཾ་ལས་ཆུ། ལཾ་ལས་ས། སུཾ་ལས་རི་རབ་བརྩེགས་པའི་གདན་ལ། ཧཱུྃ་ལས་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་རང་སེམས་ཧཱུྃ་བཾ་ལས། དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཨིནྡྲ་ནི་ལ་ལྟར་འབར་བ་ལང་ཚོ་ལ་བབ་ཅིང་འཁྲང་བག་ཆགས་པའི་སྐུ་ཅན། བཞད་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན་པ། འཇིགས་པའང་འཇིགས་པར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་ཞིང་། མཆེ་བའི་མྱུ་གུ་གཙིགས་པ། རལ་པའི་ཅོད་པཎ་གྱི་རྩེ་མོར་ནོར་བུ། གཡོན་ངོས་སུ་ཟུ་ཕྱེད། མདུན་ངོས་སུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། དཔའ་བོའི་དར་དཔྱང་དང་། རུས་པའི་རྒྱན་དྲུག་དང་། མི་མགོའི་དོ་ཤལ་དང་། ཐལ་བ་དང་། རིན་པོ་ཆེའི་རྩེ་ཕྲན་དང་། མི་བསྐྱོད་པའི་རིགས་བདག་ཅན། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉིའི་སྟེང་དུ་ཞབས་བརྐྱང་བས་དུས་མཚན་མ་དང་། གཡོན་བསྐུམ་པས་འཇིགས་བྱེད་ཆེན་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་རྡོ་རྗེ་ཕག་མོ་དམར་མོ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། སྐུ་མདོག་དམར་མོ་དབུ་སྐྲ་གྲོལ་བ། བ་སྤུ་ལ་ས་ཤིང་མེ་ཏོག་འཛག་པ། ཕྱག་གཡས་གྲི་གུག་དང་བཅས་པའི་སྡིག་མཛུབ་གདེངས་པ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་དོ་ཤལ་ཅན། ཞབས་གཡས་ཡབ་ལ་འཁྲིལ་ཞིང་། གཡོན་བསྐྱངས་པས་འདོད་ཆགས་ཆེན་པོའི་བདེ་བ་ལ་རོལ་པ། རྣམ་སྣང་གི་དབུ་རྒྱན་དང་། ལྷག་མ་བཅོམ་ལྡན་འདས་དང་མཚུངས་པ། ཡབ་ཡུམ་གཉིས་ཀ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་ཨཱཿ ཧཱུྃ། ཕཻཾ། ཛཿཧཱུྃ་བཾ་ཧོ། ཡབ་ཀྱི་སྙིང་ཁར་ཨོཾ་ཧ། མགོ་བོར་ན་མཿ ཧི། སྤྱི་གཙུག་ཏུ་སྭཱ་ཧཱ་ཧཱུྃ། ཕྲག་པར་བཽ་ཥཌ་ཧེ། མིག་ཏུ་ཧཱུྃ་ཧཱུྃ་ཧོ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ། ཡུམ་གྱི་ལྟེ་བར་ཨོཾ་བཾ། སྙིང་ཁར་ཧཾ་ཡོཾ། ཁར་ཧྲིཾ་མོཾ། དཔྲལ་བར་ཧྲིཾ་ཧྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ཡན་ལག་རྣམས་སུ་ཕཊ་ཕཊ། ཨརྒྷཾ་ལ་སོགས་པས་མཆོད། རྐང་བརྒྱད་དམ་བསྡུ་ན། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། ཆེ་བའི་མཆོག་ལྷ་ཡི་ལྷར་གྱུར་པའི། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་སེམས་དཔའ་སོགས་བྱས་ཀྱང་ཆོག །ཨོཾ་ཧྲཱིཿ ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བཟླའོ། །མཐར་རྗེས་གཞིགས་ཀྱི་རིམ་པས་འོད་གསལ་བསྡུས་ལ་སླར་ཡང་སྐུར་ལྡང་། དེ་ནས་གཏོར་མ་བྱིན་གྱིས་རླབས་པནི། ཆུ་ཆང་ནང་མཆོད་ཀྱིས་བྲན། སུམྦྷས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ། ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ། ཁ་དོག་དམར་པོ་འབར་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཤིན་ཏུ་རྒྱ་ཆེ་བ་ལས་མཚན་པ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་དབུས་སུ་ན་ལས་མིའི་ཤ ཤར་དུ་གོ་ལས་གླང་གི་ཤ བྱང་དུ་ད་ལས་གླང་པོ་ཆེའི་ཤ ནུབ་ཏུ་ཧ་ལས་རྟའི་ཤ ལྷོ་རུ་ཀུ་ལས་ཁྱིའི་ཤ ཤ་རེ་རེའི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ། ཤར་དུ་ནི་ལས་དྲི་ཆེན། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་ཤུ་ལས་བྱང་སེམས། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུྃ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷྲུཾ་ལས་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁམ་ལས་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲིཾ་ལས་སོ་སོར་རྟོགས་པའི་ཡེ་ཤེས། ལྷོར་ཨཾ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་ཨཱཿ ལས་ཟླ་བའི་དཀྱིལ་འཁོར་ཨཱཿ ཡིག་བརྒྱན་པ། དེའི་སྟེང་དུ་ཧཱུྃ་ལས་བདུད་རྩིའི་རང་བཞིན་ཁ་ཊྭཱཾ་དཀར་པོ་མགོ་ཐུར་དུ་བསྟན་པའམ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། ཧཱུྃ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་འོད་དུ་བཞུ་ཞིང་བསྐོལ་ཏེ་ཐ་མལ་བ་སྦྱངས། དེའི་རླངས་ཀྱི་འོད་ཟེར་སྟེང་དུ་འཕྲོས་པས་ཨོཾ་མགོ་ཐུར་དུ་བལྟ་བ་དང་། ཟླ་བ་དང་། ཁ་ཊྭཱཾ་གའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་བདུད་རྩིའི་རྒྱུན་འཛག་པ་དང་འདྲེས་པས་བདུད་རྩིར་རྟོགས་པར་བྱ། ཁ་ཊྭཱཾ་གའམ་རྡོ་རྗེའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་བཀང་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། མདུན་གྱི་བདུད་རྩི་ལ་ཐིམ་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས་མཐའ་མེད་དུ་སྦར། ཁ་ཊྭཱཾ་གའང་རྡོ་རྗེ་དང་ཟླ་བ་དང་ཨོཾ་ཡང་ལྷུང་སྟེ། ཞུ་ནས་ཁ་དོག་དང་དྲི་དང་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཡང་ཡང་བརྗོད། དེ་ནས་གཏོར་མའི་དཀྱིལ་འཁོར་སུམྦྷས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ། དུར་ཁྲོད་ཆེན་པོའི་ས་གཞི་ལ། བཾ་ལས་ཆུ་ཁམས་ཀྱི་དཀྱིལ་འཁོར་དཀར་པོ། དེའི་ནང་དུ་ཡཾ་ལས་རླུང་ཁམས་ཀྱི་དཀྱིལ་འཁོར་ནག་པོ། དེའི་ནང་དུ་རཾ་ལས་མེ་ཁམས་ཀྱི་དཀྱིལ་འཁོར་དམར་པོ། དེའི་ནང་དུ་ལཾ་ལས་ས་ཁམས་ཀྱི་དཀྱིལ་འཁོར་སེར་པོའོ། །དེ་རྣམས་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་དང་བྲལ་བ། དེའི་དཀྱིལ་འཁོར་ནང་ཡའི་ལྷ་རྣམས་ཁོར་ཡུག་རིམ་པ་གསུམ་གྱིས་བསྐོར་བའི་དབུས་སུ་སཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད་པ། མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །པདྨའི་ལྟེ་བར་ཉི་མ་དང་རོའི་གདན་ལ་ཧཱུྃ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་བཞིའི་དང་པོ་གཉིས་ཌ་མ་རུ་དང་ཁ་ཊྭཱཾ་ག འོག་མ་གཉིས་གྲི་གུག་དང་ཐོད་པ་འཛིན་པ། ཡང་རྡོ་རྗེ་མཁའ་འགྲོ་ལྟར་ན་ཕྱག་དང་པོ་གཉིས་གཡས་བ་དན་རྩེ་གསུམ་པའི་ཕྱག་རྒྱས་འཛིན་ཅིང་། བསོར་བའི་རྡོ་རྗེ་དང་གཡོན་བཤོར་གྱི་རྣམ་པའི་ཐོད་ཁྲག འོག་མ་གཉིས་མདའ་གཞུ་འགེང་པ། དྲག་པོ་ཆེན་པོ། སུམ་ཅུ་རྩ་གསུམ་པ་ཐམས་ཅད་ཀྱང་འཇིགས་པར་མཛད་པ། ཧེ་རུ་ཀའི་རྒྱན་དང་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པའོ། །འདབ་མ་རྣམས་ལ་ཤར་དུ་ཕྱུམ་ལས་མཁའ་འགྲོ་རྒྱལ་དབང་མ་དཀར་མོ་ཐལ་མོའི་རྩེ་མོ་ཁར་བཅུག་པ། བྱང་དུ་ཕཻཾ་ལས་འབར་བྱེད་མ་སེར་མོ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ། ནུབ་ཏུ་ཕཻཾ་ལས་འཇིགས་བྱེད་མ་དམར་མོ། སྙིམ་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོར་ཕྲིཾ་ལས་གཡོ་ལྡན་མའམ་ངག་འཕྲོག་མ་སྔོན་མོ། ཕྱག་གཉིས་གཏུན་ཤིང་དང་སྡིག་མཛུབ་ཅན། བཞི་དཀར་ཡང་སྐྲ་དམར་པོ་གྲོལ་ཞིང་། མི་རོའི་གདན་ལ་བཞེངས་པ། གཅེར་བུ་སྦྲུལ་དང་རུས་པ་ལ་སོགས་པ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་ཐོད་པ་བདུད་རྩིས་གང་བ་བཞིའོ། །

དེ་ཡི་ཕྱི་རོལ་ཡུལ་ཉི་ཤུ་རྩ་བཞིའི་ངོ་བོ་འཁོར་ཡུག་གསུམ་སོ་སོར་རེ་མིག་བརྒྱད་དང་ལྡན་པའི་ཕྱོགས་གཡོན་སྐོར་མཚམས་གཡས་བསྐོར་གྱི་གནས་པའི་ཀྵེ་རྣམས་ལས་བྱུང་བའི་གནས་བསྲུང་ཞིང་སྐྱོང་ཉི་ཤུ་རྩ་བཞི་རྣམས་གྲུབ་པར་གྱུར་པ་ནི། འཁོར་ཡུག་དང་པོར། རབ་ཏུ་རྒོད་པ་ཤིང་མཆོག་ཀ་དམ་པ། །ཞིང་སྐྱོང་ཞི་གདོང་དྲིལ་བུ་ཆེན་མོར་བཅས། །རྡོ་རྗེ་འཛིན་ཅིང་འཁོར་ལོའི་གདན་ལ་གནས། །ཀོལླ་གི་རིར་རི་རྩེ་ལ་བརྟེན་པའི། །ཞིང་སྐྱོང་མེ་ཞལ་དཔལ་ཆེན་མོ་དང་བཅས། །འགོས་བཞུར་དུ་ཡུམ་ཞི་གདོང་། ཡབ་དྲིལ་ཆེན་དུ་བཤད། མི་མགོ་འཛིན་ཅིང་མི་རོའི་གདན་ལ་གནས། དྷ་ར་ཎ་ཡུལ་ཏ་ལའི་ཤིང་ལ་བརྟེན། །གཙིགས་བདེ་བྱེད་མ་དང་སྐྲ་གྱེན་ཟེར། གཡས་པའི་མཚོན་ཆ་ཟེར། པ་ཆེན་པོ་སྐྲ་གྱེན་འབར་མ་བཅས། །རྩེ་གསུམ་འཛིན་ཅིང་སིནྡྷི་དངུལ་ཆུའི་གང་བའི་སྒོད། སིམྦ་ཌི། །དེ་ཝི་ཀོ་ཌིར་ཤིང་མཆོག་བཱ་ཊ་ལ། །ལུས་ཆེན་པོ་རྒྱུ་ཆེན་ཡང་ཟེར། ནི་རྣ་བ་ཆེན་མོར་བཅས། །མདུང་ཐུང་འཛིན་ཅིང་ཡི་དྭགས་གདན་ལ་བཞུགས། །བི་ར་ཛར་ནི་ཨ་མྲ་ལ་བརྟེན་པའི། །ཧ་ཧར་སྐད་དོད་ཨ་བྷི་ཡོད་ཟེར། བཞད་པ་ཡུམ་ནི་མེར་འབར་མ། །བ་དན་འཛིན་ཅིང་ཤིང་ལེབ་ལ་གནས་པའོ། །ཨོཾ་རུཾ་ཌ་རུ་ཀརྞིའི་ཤིང་གི་དྲུང་། །དྲིལ་བུ་སྒྲ་གཅན་མེ་ཡི་གདོང་མ་གཉིས། །རྡོ་རྗེ་འཕང་མདུང་ཟེར་ཤག་ཏེ་འཛིན་ཅིང་ཕག་ལ་ཞོན། །སེར་ཏཏ་པུར་སྐྱའི་གནས་སུ་ཤིང་མཆོག་ཧེ་ཟེར་ཛ་ཊི་རེ། །བྱིན་པ་ཆེན་པོ་དམར་སེར་མ་དང་བཅས། །གཏུན་ཤིང་འཛིན་ཅིང་ཡི་དྭགས་གདན་ལ་བཞུགས། །ཨེ་ལེའི་གྲོང་དུ་ཨ་པར་ཛི་ཏིའི་ཤིང་། །གླང་པོའི་རྣ་བ་སྟོབས་ཆེན་མ་དང་བཅས། །ཞགས་པ་ཐོགས་པས་བོང་བུའི་སྟེང་དུ་བཞུགས། །དེ་ནས་ཁོར་ཡུག་གཉིས་པར། །ཁ་ཆེའི་ཡུལ་དུ་རི་བོ་ལ་བརྟེན་པའི། །འཇིགས་བྱེད་སྦུ་གུའི་བྱིན་ཅན་ཟེར། རྩ་བའི་བྱིན་ཅན་ཡང་ཟེར། ཆེན་པོ་བ་གླང་རྣ་བ་མ། །ལག་ན་ལྕགས་སྒྲོག་ནོར་བྱིན་གདན་ལ་བཞུགས། །མ་རུང་མྱ་ངན་ཐད་ལ་བརྟེན་པ་ཡི། །གཙིགས་རིམ་པ་མ་ཡོང་ཟེར། སྐད་དོད་གར་ལ་ཟེར་བ་ཡོད་ཅིང་། པའི་ཞལ་ཅན་འཇིགས་ཞལ་ལ་ལྷན་ཅིག །ལྕུགས་ཀྱུ་ཞགས་པ་ཐོགས་ཤིང་མ་ཧེ་ཞོན། །སྤ་ཤིང་ལྟ་བུ་རཱ་ལ་བརྟེན་ནཱ་ག་རར། །མཆེ་སྤུའི་བྱིན་པས། གཙིགས་ཆེན་པོ་རོ་ལངས་ཅན་མར་བཅས། །ཐོང་གཤོལ་འཛིན་ཅིང་མི་མགོའི་གདན་ལ་བཞུགས། །པུཎྜ་ཝདྡྷར་ཨ་ཤྭད་ཐ་ཡ་དྲུང་། །བུམ་པའི་འབྲས་བུ་ཅན་དང་ཙ་མུཎྜི་ཀུམྦྷཎྜི་ཟེར། །ཁ་ཊྭཱཾ་ཁ་འཛིན་མི་རོའི་གདན་ལ་འགྱིང་། །ཛ་ཡིན་ཏ་རུ་ཁང་པ་བརྩེགས་པ་ལ། །རལ་ཆུག་གདོང་མ། པ་གསུམ་པ་བཞིན་མཛེས་བཞིན་དྭངས་མ་ཟེར་བ་དང་བཅས། །ལུག་རྒྱུད་འཛིན་ཅིང་ཀེང་རུས་ལ་གནས་པ། །པྲེ་ཏྲིཎྜ་པུ་ར་ཟེར་བའང་ཡོད། ཏ་པུ་རིར་ཨུ་དུཾ་བ་ར་ལ། །དྲིལ་བུ་མ་ཟེར་ཕག་གདོང་ཡང་ཟེར་འཇིགས་པར་བྱེད་པ་གློག་གི་གདོང་མར་བཅས། །གཞལ་ཡས་ཁང་ནས་དབྱུག་པ་མདུང་ཐུང་འཛིན། །སུ་པ་རང་ནི་ཤལ་མི་ལི་ནགས། །ཀུན་མཛེས་དང་ནི་མེ་ལྕེའི་གདོང་མ་གཉིས། །ཤ་ཆེན་ཕུང་པོར་གྲི་གུག་མདུང་ཐུང་འཛིན། །ཙཱ་རི་ཏྲ་རུ་ཀ་རཉྫ་ཤིང་ལ། །དྲིལ་བུ་ཆེན་པོ་ཀ་རཉྫ་གནས་མ། །མདུང་ཐུང་འཛིན་ཅིང་འཇམ་འབྲལ་སྡོང་པོར་གནས། །དེ་ནས་ཁོར་ཡུག་གསུམ་པར། ཨོ་རྒྱན་ཨུ་ཌེ་ཡང་ཟེར་ཡུལ་དུ་མྱ་ངན་མེད་པའི་ཤིང་། །ཞིང་དྲག་པོ་སྟོབས་ཆེན་སྐྱོང་སྒྲ་ཅན་ཡུམ་ནི་ལྷ་ཆེན་མོ། །རྡོ་རྗེ་ལྕགས་སྒྲོག་འཛིན་ཅིང་འདྲེ་བདུད་མནན། །ཛ་ལནྡྷཾ་རར་གསེར་ཤིང་ལ་བརྟེན་པའི། །ཞིང་སྐྱོང་བསྐྱེད་མིག་སྐྱེས་ཡང་ཟེར། པ་ཞེས་བྱ་གཏུམ་མོ་བཅས། །གྲི་གུག་འཛིན་ཅིང་མི་རོ་བདུད་མནན་པར་བྱས་ཀྱང་ཆོག་ཞབས་ཀྱིས་མནན། །ཀྵི་ར་ཀ་རུ་སཱ་ལའི་ཤིང་སྡོང་ལ། །རི་རབ་ཆེན་པོ་འཇིག་རྟེན་མ་མོར་བཅས། །རལ་གྲི་འཕྱར་ཤིང་མེ་དཔུང་ལ་གནས་པ། མཱ་འབྱུང་པོའི་ཤིང་ཟེར་ཡ་སུ་རིར་ཤཱ་ཥོ་ཊ་དྲུང་། །ཞིང་སྐྱོང་འཇིགས་པ་འདོད་པ་མོ་དང་བཅས། །མི་རོའི་ཕུང་པོར་རྡོ་རྗེ་ཤག་ཏི་འཛིན། །ཨམྦྲཻ་ཀ་ཡུལ་དེ་བ་ད་དྷཱ་ཏྲི་ཟེར་རུ་ལ། །བརྟུལ་ཞུགས་ཆེན་པོ་སྲུལ་མོ་དང་ལྷན་ཅིག །ཐོང་བཤོལ་ལ་དེའི་དབྱུག་པ་ཟེར། ཐོད་པ་དང་དབྱུག་པ་ཡང་ཟེར། ག་ཡ་འཛིན་ཅིང་སེང་གེ་ཞོན། །རྒྱལ་པོའི་ཁབ་ཏུ་ནི་ད་མི་ཀ་ཟེར་ལྷ་གཉེན་གྱི་ཤིང་གཅིག་ཟེར་མེ་ཀེ་ཤིང་ལ། །རྒ་བ་ཆེན་མོ་མི་སྡུག་མ་དང་བཅས། །རྡོ་རྗེ་ལྕགས་ཀྱུ་འཛིན་ཅིང་འཁོར་ལོར་གནས། །བོད་ཡུལ་དྲག་གི་ཕུག་ལ་བརྟེན་པ་ཡི། །ཞིང་སྐྱོང་ལོངས་སྤྱོད་ལྷན་ཅིག་སྐྱེས་མར་བཅས། །ཆུ་སྲིན་རྒྱལ་མཚན་འཛིན་ཅིང་ཡི་དྭགས་མནན། །མཱ་ལ་བར་ནི་སྦྲང་རྩིའི་ཤིང་གི་དྲུང་། །སྣ་ཚོགས་སྐྱེས་པའི་ཟེར། དབང་ཕྱུག་དབང་བསྐུར་མ་དང་བཅས། །རོ་གདན་ལ་བཞུགས་རྡོ་རྗེ་ཐོ་བ་འཛིན། །ཀུན་ཀྱང་ལས་དང་མཐུན་པའི་ཉམས་འགྱུར་དང་། །རྒྱན་དང་ན་བཟའ་ཁ་དོག་འོད་ཟེར་འབར། །ཡང་ན་ཕྱོགས་དང་མཐུན་པའི་ཁ་དོག་བཅས། །འབྱུང་པོའི་ཚོགས་རྣམས་ཀུན་གྱིས་བསྐོར་བར་གྱུར། །ཡུལ་ཉི་ཤུ་རྩ་བཞིའི་བདག་ཉིད་འཁོར་ལོའི་རྩིབས་སམ་རེ་མིག་སོགས་སོ་སོ་ལ་བཞུགས་པའོ། །དེ་ལྟར་ས་ཁམས་འཁོར་ལོའི་སྒོ་བཞིར་ཧྲིཿ ཕཻཾ་ཧི་ཧོཿ མཚམས་བཞིར། ཨོཾ་གཾ་བིཾ་ཨིཾ་རྣམས་སུ་གྱུར་པ་ལས། །ཤར་སྒོར་ཕག་མོ་སྔོན་མོ་ཕག་གདོང་ཅན། །རབ་ཁྲོས་མདའ་གཞུ་རྒྱལ་མཚན་ཐོད་པ་འཛིན། །ལྷོ་སྒོར་ཞི་བ་མོ་ནི་དམར་མོ་སྟེ། །ཐོད་པ་ལྕགས་ཀྱུ་ཁ་ཊྭཱཾ་ཅང་ཏེ་འཛིན། །ནུབ་སྒོར་གཞོན་ནུ་མ་ནི་སེར་མོ་སྟེ། །ཏྲི་ཤུལ་བ་དན་གསུམ་པ་གཞུ་དང་མདའ། །བྱང་སྒོར་ཙ་མུཎྜི་ནི་སྐུ་མདོག་ནག །ཁ་ཊྭཱཾ་ཐོད་པ་རྔེ་ཆུང་ཆང་སྣོད་འཛིན། །བྱང་ཤར་ཟུར་དུ་ཚངས་མ་ཁ་དོག་དཀར། །འཁོར་ལོ་དང་ནི་ཐོད་པ་མདའ་གཞུ་བསྣམས། །ཤར་ལྷོར་ཚོགས་ཀྱི་དབང་མོ་ལྗང་གུ་སྟེ། །རྩེ་གསུམ་ཐོད་པ་བགྲང་ཕྲེང་ལ་དུ་འཛིན། །ལྷོ་ནུབ་ཁྱབ་འཇུག་མ་ནི་ནམ་མཁའི་མདོག །འཁོར་ལོ་ཐོད་པ་ཞགས་པ་རལ་གྲི་འཛིན། །ནུབ་བྱང་མཚམས་སུ་དབང་མོ་མདངས་འོད་ཟེར། །ཤག་ཏི་ཐོད་པ་སྡིགས་མཛུབ་ཞགས་པ་འཛིན། །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། དབུ་སྐྲ་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་རོའི་གདན་ལ་བཞུགས་པོའོ། །དཀྱིལ་འཁོར་གཉིས་པའི་བྱང་ཤར་ནས་བརྩམས་ཏེ། གཡས་བསྐོར་གྱི་མཚམས་བརྒྱད་ལ། ཨཱིཾ་ཨིཾ་ཨཱཾ་ཡཾ་ནེཾ་བཱཾ་བཾ་ཀུཾ་རྣམས་ཡོངས་སུ་གྱུར་པ་ལས། འབྱུང་པོར་དབང་ལྡན་དཀར་པོ་ཁྱུ་མཆོག་ཆིབས། །ཕྱག་ན་མདུང་རྩེ་གསུམ་དང་ཐོདཔ་བསྣམས། །ཤར་དུ་ས་སྲུང་བུ་ལ་དབང་པོ་སེར། །རྡོ་རྗེ་དང་ནི་ཐོད་པ་ཕྱག་གིས་འཛིན། །ཤར་ལྷོར་མེ་ལྷ་ལུག་ལ་ཞོན། །དམར་པོ་ཕྱག་ན་མེ་ཐབ་འཛིན། །ལྷོ་ཕྱོགས་གཤིན་རྗེ་ནག་པོ་སྟེ། །མ་ཧེའི་གདན་སྟེང་དབྱུག་ཏོ་འཛིན། །ལྷོ་ནུབ་སྲིན་པོ་སོགས་སྐྱ་སྟེ། །རལ་གྲི་འཕྱར་ཞིང་ཁྱི་ལ་ཆིབས། །ཆུ་སྲིན་ལ་གནས་ཆུ་ལྷ་དཀར། །ཞགས་པ་ཐོགས་པ་ནུབ་ཕྱོགས་སུའོ། །རླུང་ལྷ་དུང་མདོག་བ་དན་འཛིན། །ནུབ་བྱང་རི་དྭགས་སྟེང་ན་གནས། །གཏེར་བུམ་སྟེང་ན་ལུས་ངན་སེར། །རིན་པོ་ཆེ་འཛིན་བྱང་དུ་གནས། །དེ་ཐམས་ཅད་ཕྱག་བཞིའི་གཡོན་གྱི་དང་པོ་ཐོད་པ་བཅུད་ཀྱིས་གང་བ་དང་། འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པའོ། །དཀྱིལ་འཁོར་གསུམ་པའི་ཤར་ནས་གཡས་བསྐོར་གྱིས། སུཾ་ཙཾ་མཾ་བུཾ་བྲྀཾ་ཤུཾ་ཤཾ་རཾ་ཀེཾ་རྣམས་མངོན་དུ་གྱུར་པ་ལས། ཤར་དུ་ཉི་མ་དམར་སེར་རྟ་མཆོག་དཀར་པོ་ཆིབས། །ཉི་མའི་དཀྱིལ་འཁོར་གྱིས་མཚན་པདྨ་ཕྱག་ན་བསྣམས། །ཟླ་བ་དཀྲ་ཟླ་དཀྱིལ་ཕྱེད་པས་མཚན་པ་ཡིས། །ཀུ་མུད་འཛིན་པ་ངང་པ་ལ་གནས་ཤོར་ལྷོར་བཞུགས། །ལྷོ་སྒོར་མིག་དམག་དམར་པོ་རྭ་སྐྱེས་ལ་གནས་ཤིང་། །གཡས་པས་གྲི་ཐུང་གཡོན་པས་མི་མགོ་བཟུང་སྟེ་ཟ། །པད་གདན་ལ་གནས་གཟའ་ལྷག་སེར་པོ་བདེན་བྲལ་ན། །མདའ་གཞུ་འགེངས་ཤིང་ཞི་བའི་འདྲ་བས་གནས་པའོ། །ནུབ་སྒོར་ཕུར་བུ་སེར་སྐྱ་རླུང་དུ་པ་སངས་དཀར། །གཉིས་ཀའང་པདྨ་ལ་གནས་བགྲང་འཕྲེང་སྤྱི་བླུགས་འཛིན། །སྤེན་པ་སྔོ་ནག་རུས་སྦལ་ལ་ཆིབས་རབ་ཏུ་ཁྲོས། །དབྱུག་པ་འཕྱར་ཤིང་ཁུ་ཚུར་དཀུར་བསྟན་བྱང་སྒོར་བཞུགས། །དབང་ལྡན་ཟུར་དུ་སྒྲ་གཅན་དམར་ནག་སྲིན་པོའི་ལུས། །སྤྲིན་གྱི་གསེབ་ནས་ལུས་སྟོད་ཕྱུངས་ཏེ་ཉི་ཟླ་འཛིན། །དེ་དང་ལྷན་ཅིག་འཇུག་རིང་སྔོན་པོ་སྦྲུལ་མཇུག་ཅན། །ཀླུ་གཟུགས་རབ་ཏུ་ཁྲོས་པ་རལ་གྲི་ཞགས་པ་འཛིན། །དེ་དག་ཀུན་ཀྱང་རང་གི་ཁང་པའི་སྟེང་ན་བཞུགས། །རྒྱུ་སྐར་ལ་སོགས་གདོན་གྱི་ཚོགས་ཀྱིས་རབ་ཏུ་བསྐོར། །རྫུ་འཕྲུལ་ཆེན་པོ་སྟོབས་ལྡན་རང་གི་དམ་ཚིག་སྤྱོད། །དཀྱིལ་འཁོར་ཕྱི་མའི་ཕྱོགས་བཞིར་གཡོན་བསྐོར་གྱིས། །བྲཾ་བིཾ་ཏུཾ་ཀཾ་མཚམས་བཞིར་མཾ་རཾ་བཱཾ་ཡོངས་སུ་གྱུར་པ་ལས། དབང་པོར་ཚངས་པ་དཀར་པོ་ནི། །ཞལ་བཞི་ཐོད་པ་བཟླས་འཕྲེང་དང་། །སྤྱི་བླུགས་པདྨ་འཛིན་པའོ། །ནོར་བྱིན་ཕྱོགས་སུ་ཁྱབ་འཇུག་ནག །ཕྱག་བཞི་རལ་གྲི་འཁོར་ལོ་དང་། །ཐོད་པ་གང་དེའི་དབྱུག་པ་འཛིན། །གཤིན་རྗེར་དྲག་པོ་དུ་བའི་མདོག །མདུང་རྩེ་གསུམ་པ་ཐོད་ཁྲག་དང་། །ཞགས་པ་བཟླས་འཕྲེང་ཕྱག་ན་བསྣམས། །ཆུ་བདག་ཕྱོགས་སུ་གཞོན་ནུ་སེར། །གདོང་པ་དྲུག་ལྡན་མདུང་ཐུང་དང་། །དབྱིག་ཏོ་ཐོད་པ་བགྲང་འཕྲེང་འཛིན། །དབང་ལྡན་ས་ཡི་དཀྱིལ་འཁོར་ལ། །པདྨ་ལ་གནས་ནོར་འཛིན་མ། །སེར་མོ་གོས་དཀར་བུམ་པ་དང་། །མི་འཇིགས་སྦྱིན་པའི་ཕྱག་རྒྱ་ཅན། །བྱིན་ཟེར་མི་ཡི་དཀྱིལ་འཁོར་ལ། །མེ་ལྕེ་འབར་བའི་སྟེང་དུ་ནི། །མེ་ཡི་ལྷ་མོ་མེ་ལྷ་མཚུངས། །སྲིན་པོར་ཆུ་ལྷའི་དཀྱིལ་འཁོར་སྟེང་། །ཆར་སྤྲིན་ལ་གནས་ཆུ་ལྷ་མོ། །མདོག་དབྱིབས་ཕྱག་མཚན་ཆུ་ལྷ་བཞིན། །གཡོ་བའི་ཕྱོགས་སུ་རླུང་དཀྱིལ་ལ། །འཚུབ་མ་རླུང་རས་གཡོ་བས་མཚན། །དེར་གནས་རླུང་གི་ལྷ་མོ་ནི། །ཕྱོགས་སྐྱོང་རླུང་ལྷ་ཉིད་དང་མཚུངས། །དེའི་ཕྱི་རོལ་གཞལ་ཡས་ཁང་གི་སྒོའི་གཡས་གཡོན་ལ། ཡི་གེ་ཕུཿ ཡིག་བརྒྱད་ལས་ཀླུ་ཆེན་པོ་བརྒྱད། སྒོའི་ཕྱི་རོལ་གྱི་འཁྱམས་ལ་ལྷ་མ་ཡིན་དང་། ལུས་སྲུལ་པོ་ལ་སོགས་པའི་ཚོགས་དང་། ཕྱི་རོལ་དུར་ཁྲོད་ཀྱི་གནས་ལ་ཧཱུཾ་རྣམས་ལས་བྱུང་བའི་འཇིག་རྟེན་སྐྱོང་བ་ཀྵེ་ཏྲ་པ་ལ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པ་གྲུབ་པར་གྱུར་པ་ནི། དབང་ལྡན་གནས་སུ་ནག་པོ་དཀར། ཁྱུ་མཆོག་ལ་ཞོན་རྩ་གསུམ་ཐོད་ཁྲག་འཛིན། །རྒན་བྱེད་མ་སོགས་མཁའ་འགྲོ་བཞི་ཡིས་སྐོར། །ཤར་དུ་དྲག་པོ་ཆེན་པོ་གླང་ཆེན་ཞོན། །སེར་བོ་རྡོ་རྗེ་འཚིན་ཞིང་གདན་གནོན་ཕྱག། །རྒྱལ་བ་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །མེ་རུ་ལྷས་བྱིན་དབྱུག་གུ་རྩེ་གསུམ་དང་། །རིལ་བ་སྤྱི་བླུགས་འཛིན་མར་ར་སྐྱེས་ཞོན། །ནག་པོ་བཟང་མོ་ལ་སོགས་བཞི་ཡིས་བསྐོར། །ལྷོ་རུ་ནག་པོ་སྔོན་པོ་མ་ཧེ་ཞོན། །ལག་ན་དབྱུག་པ་དང་ནི་མདུང་འཛིན་ཅིང་། །ཟླ་བ་ལ་སོགས་མཁའ་འགྲོ་བཞི་ཡིས་སྐོར། །སྲིན་པོར་གཙིགས་བྱེད་སྔོ་ནག་མི་རོ་ཞོན། །ལག་གཉིས་རལ་གྲི་དང་ནི་ཕུབ་ཆུང་བསྣམས། །མར་མེ་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །མི་སྡུག་ཁ་དོག་དཀར་པོ་ཞགས་པ་ཐོགས། །ཆུ་སྲིན་ལ་ཞོན་ནུབ་ཀྱི་ཕྱོགས་སུ་གནས། །དྲག་མོའི་གཟུགས་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །རླུང་དུ་དགའ་བ་ལས་འདས་ཁ་དོག་ནག །རི་དྭགས་ལ་ཞོན་ལག་ན་བ་དན་ཐོགས། །ཐོད་འཕྲེང་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །བྱང་དུ་ལོག་འདྲེན་ལྕགས་ཀྱུ་ནོར་དབྱུག་འཛིན། །སེར་པོ་གནོད་སྦྱིན་མི་ཡི་གཟུགས་ཅན་ཞོན། །རལ་གྲི་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །ཞིང་སྐྱོང་གཙོ་བོ་བརྒྱད་ལ་རང་མཚུངས་ཡུམ་གྱིས་འཁྱུད་ཅིང་། ཕྱག་བཞིའི་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ལ་འདུད་པ། འཁོར་རྣམས་ཐམས་ཅད་རང་རང་གི་གཙོ་བོ་དང་འདྲ་བ་ལས་རལ་གྲི་མ་སོགས་བཞི་དང་། ཁ་ཊྭཱཾ་མ་ནི་མིང་དང་མཐུན་པའི་ཕྱག་མཚན་དང་། །གཞུ་ཅན་མ་སྙིང་གར་འཁྱུད་རྒྱ་མཛད་པའོ། །དེ་ལྟར་གཞལ་ཡས་ཁང་གི་ཕྱི་ནང་དུར་ཁྲོད་ཀྱི་གནས་སུ། དཀྱིལ་འཁོར་ལྷ་ཡི་རང་བཞིན་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿ་ཐུགས་ཀར་ཧཱུྃ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དཔའ་བོ་དང་རྣལ་འབྱོར་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་མ་ལུས་པ་རྣམས་དང་། སྲིད་པ་གསུམ་ན་གནས་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བྱོན་པར་གྱུར། ཕྲཻ། ཧཱུྃ་བཅོམ་ལྡན་དཔལ་ཆེན་ཧེ་རུ་དང་། །རྡོ་རྗེ་མཁའ་འགྲོ་ལ་སོགས་པ། །དུར་ཁྲོད་བརྒྱད་ན་གནསཔ་ཡི། །དམ་ཚིག་ལྡན་པའི་ཚོགས་རྣམས་ནི། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །བདེན་བྲལ་ཚོགས་རྣམས་མ་ལུས་དང་། །བསྙོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །གང་དག་ཇི་སྙེད་ཡོད་པ་རྣམས། །མ་ལུས་པ་ནི་ཐམས་ཅད་དག །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལམ་དང་ཞིང་། །ཁྱད་པར་དུ་ནི་ཁང་སྟོང་དང་། །སྣོད་དང་ཐང་དང་ས་སྟོང་དང་། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་གཙིགས་དང་འཇིགས་བྱེད་དང་། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་པོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིག་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཅན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབྱུག་གཙོ་བོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་བསྐྱོད་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་ཌྷ་ན་བབྦནྡྷཾ་ནོ། ཁཁྑ་ད་ན། སརྦ་དུཥྚན་ཧ་ན་ཧ་ན། གྷ་གྷ་གྷ་ཏ་ན། ཆེ་གེ་མོ་ཤནྟི་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿ སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་སྤྱན་དྲངས། ཨོཾ་སུམྦྷ་སོགས་ཀྱིས་བསངས། ཨོཾ་བཛྲ་གུ་ཧྱ་ཏྲི་ཤྱ་ཧོ། ས་མ་ཡ་སྟྭཾན། ཨོཾ་བཛྲ་གུ་ཧྱ་ས་མ་ཡ་ཧོ། བཛྲ་ཏྲི་ཤྱ་ས་མ་ཡ་ཕཊ། ཞེས་དམ་ཚིག་གིས་ཕྱག་རྒྱ་བསྟན། ཨརྒྷཾ་ནས་ཤབྡཔའི་བར་གྱིས་མཆོད། ཛཿ ཧཱུྃ་བཾ་ཧོཿ ལན་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། གཏོར་མགྲོན་ཐམས་ཅད་པ་སྟེ་སྲིད་གསུམ་འགྲོ་བ་འཇིག་རྟེན་ལས་མ་འདས་པ་ཀུན་ཀྱང་དཔལ་ཧེ་རུ་ཀའི་རྣམ་སྤྲུལ་ཁོ་ནར་ངེས་པ་བརྟན་པོར་བཟུང་། སླར་ཡང་། ཨོཾ་བཱི་ནི། བཛྲ་ཎི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་ཐོག་མཐར་ཨོཾ་དང་བཛྲི་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་སྦྱར་ཏེ། ཝཾ་སེ། མྲྀ་ཏཾ་གེ །མུ་ར་ཛེ། ཧ་སྱ་ལ་སྱ་གིརྟི། ནིརྟི། པུཥྤེ། དྷུ་པེ། དཱི་པེ། རཱུ་པ། སྤཪྵེ། དྷརྨ་དྷཱ་ཏུ། བར་གྱི་རིག་མ་བཅུ་དྲུག་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝ་རི་བྷྱེཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་པཱ་དྱཾ། པཥྤེ་ཨཱཿ ཧཱུྃ་དང་ཤབྡའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཞེས་དེ་ཉིད་ལྔ་པས་བསྟོད། སྤྲོས་པ་ལ་དགའ་ན་ལྷ་སོ་སོའི་བསྟོད་པ་སྦྱར་ན་ཡང་ལེགས། བསྡུ་ན་མི་དགོས་རང་གི་ལག་པ་གཡོན་པར་ཨ་ལི་ལས་ཟླ་བ། གཡས་པར་ཀ་ལི་ལས་ཉི་མ། སྙིམ་པ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་སྔོན་པོ། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨ་ཧཱུྃ། ཨོཾ་ས་རསྶ་ར་ཨ་ནུ་པྲ་བྷིཥྚ་སརྦ་དྷརྨ་ཧཱུྃ། ཨོཾ་ཨདྱཱ་ན་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཧཱུྃ། ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། པད་སྐོར་བྱ་ཞིང་། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེ་པ་དེ་ཡི་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མགྲོན་རྣམས་ཀྱི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེར་གྱུར། ཨོཾ་ཨ་རལླི་ཧོཿ ཛཿ ཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ། དྲ་ཤྱེ་ཧོཿ ཞེས་པ་ལན་ལྔའམ་བདུན་ལ་སོགས་པས་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ལ་འབུལ། བར་འདི་སྤྲོ་ན། ཨོཾ་ཌཱ་ཀི་ནི་ཕྲུཾ་ཕུཿསྭཱ་ཧཱ། ཨོཾ་དི་བི་ནཱི་ཕྲེཾ་སུ་སྭཱ་ཧཱ། ཨོཾ་ཙུ་ཥི་ནི་ཕྲེཾ་ཕུཿ སྭཱ་ཧཱ། ཨོཾ་ཀཾ་བོ་ཛ་ཕྲེཾ་ཕུཿ སྭཱ་ཧཱ། སྔགས་དེ་བཞི་པོའི་མཐར། ཨོཾ་བྷཀྵ་བྷཀྵ་སོགས་སྦྱོར། འཇིག་རྟེན་པའི་ལྷ་ཞིང་སྐྱོང་འབྱུང་པོ་རྣམས་ལ་སོ་སོའི་མཚན་སྔགས་སམ། ཡང་ན་ལྷ་སོ་སོའི་ས་བོན་འབྲུ་དྲུག་གི་བར་དུ་བཞུགས་པ་ལ་གཏོར་སྔགས་བཏགས་ནས་འབུལ་བ་སྟེ། དེ་ཡང་ཐོག་མར་ཞིང་སྐྱོང་ཐམས་ཅད་ལ་ལྷན་ཅིག་ཏུ་དམིགས། ལག་པ་གཡོན་གཏོར་སྣོད་སྙིང་གར་འཛིན་ཚུལ་དང་། གཡས་སྡིགས་མཛུབ་གཏོར་མར་བསྟན་ནས་སེ་གོལ་གཏོག་ཅིང་། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་གི་ཤྭ་རི་ཧཱུྃ་ཧཱུྃ་ཛཿ སྭཱ་ཧཱ། ཞེས་པ་ལམ་བདུན་ལ་སོགས་པས་སྤྱིར་འབུལ། དེ་ནས་བྱེ་བྲག་ཏུ། ཨོཾ་ཨཱཿ ཀྵེཾ་ཧཱུྃ་ཕཊ་སྭ་ཧཱ། ལ། ཨོཾ་བཛྲ་ཏིཥྛ་བྷཀྵ་བྷཀྵ་ཛཿསྭཱ་ཧཱ། ཞེས་བཏགས་པས་གནས་སྲུང་ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་རེ་རེ་ཚར་གསུམ་མམ་བསྡུ་ན་ལན་རེས་འབུལ། དེ་བཞིན། ཨོཾ་ཨཱཿ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལ། ཨོཾ་བཛྲ་ཏིཥྛ་བཏགས་པས་གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་ན་གནས་པའི་འཇིག་རྟེན་སྐྱོང་བ་ཆེན་པོ་སྟེ་ཞིང་སྐྱོང་དྲག་པོ་བརྒྱད་ཡུམ་བཅས་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ལ་དམིགས་ཏེ་གོང་ལྟར་རྐང་ཐོན་དུ་འབུལ། དེ་ལྟར་གནས་བསྲུང་བ་དང་འཇིག་རྟེན་སྐྱོང་བ་སྟེ། ཞིང་སྐྱོང་རྣམས་ལ་གཏོར་མ་འབུལ་བའི་སྔགས་ཀྱི་རྣམ་གྲངས་གཞན། ཨོཾ་ཀཀྐ་ཌྷ་ན་ནས་སྭཱ་ཧཱའི་བར་གོང་དུ་བཤད་པ་དེ་བཀའ་ཡང་ཡིན་གསུང་བས་ན་སྔགས་དེ་ཁོ་ནས་ལྷ་ཚོགས་རེ་རེར་གྲངས་གོང་ལྟར་སྐབས་སྦྱར་གྱི་ཞིང་སྐྱོང་རྣམས་ལ་འབུལ་ན་ཡང་ལེགས་པའོ། །དེ་ནས་དཀྱིལ་འཁོར་ནང་མའི་སྒོ་མཚམས་སུ་གནས་པའི་མ་མོ་བརྒྱད་ལ་འབུལ་སྟེ། དེ་ཡང་ཨོཾ་ཨཱཿ ཧྲི་ཧཱུྃ་ཕཊ་སྭཱ་ཧཱ། ལ་ཨ་ཀཱ་རོ་བཏགས་པའམ། ཨོཾ་བྷཀྵ་སརྦ་མོ་གཱི་ཤྭ་རཱི་ཧཱུྃ་ཧཱུྃ་ཛཿ སྭཱ་ཧཱ། བཏགས་པས་ཕག་མོ་ལ་འབུལ། དེས་གཞན་རྣམས་ལའང་རིགས་འགྲེའོ། །ཨོཾ་ཨཱཿཕྲཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཧི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཧོ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ གཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། མ་མོ་གཞན་བདུན་གྱི་སྔགས་སོ། །དེ་བཞིན་དཀྱིལ་འཁོར་གཉིས་པར་གནས་པའི་ཕྱོགས་སྐྱོང་རྣམས་ལ་འབུལ་བ་ནི། ཨོཾ་ཨཱཿ ཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཡཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ནྱཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བཱཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཀུཾ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གསུམ་པར་གནས་པའི་གཟའ་དགུ་ལ་འབུལ་བ་ནི། ཨོཾ་ཨཱཿ སུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཙཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ མཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བྲྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཤུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཤཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཀེཾ་ཧཱུྃ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་བཞི་པར་གནས་པའི་ལྷ་ཆེནཔོ་ལ་འབུལ་བ་ནི། ཨོཾ་ཨཱཿ བྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ རུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཀཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ལཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ བཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ཡཾ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པ་རྣསམ་ལ་གཏོར་སྔགས་སྔར་བཞིན་སྦྱོར་ལ། ལྷ་རེ་རེ་བཞིན་ཚར་གསུམ་མམ་བསྡུ་ན་ལན་གཅིག་གིས་ཕུལ་བ་སྔར་བཞིན་བྱ། དཀྱིལ་འཁོར་ཕྱི་སྒོ་གཡས་གཡོན་གྱི་ཀླུ་ཆེན་པོ་བརྒྱད་ལ་སོགས་པར་དམིགས་ཏེ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཨ་དྷི་པ་དྷི་ཛུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་འབུལ་ཞིང་ཐམས་ཅད་ལ་ཐུན་མོང་དུ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ཡ། བྷུ་ཏ། པྲེ་ཏ། པི་ཤ་ཙ། ཨུནྨཱ་ད། ཨ་སྨཱ་ར། ཌ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲིཧྞ་ཏུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བུཉྫ་ཐ། པི་པ་ཐ། ཛི་གྲ་ཐ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྠ་ཡཾ། སད་སུ་ཁཾ་བི་ཤུདྡྷ། མ་མ་ས་ཧ་ཡི་ཀ བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ལན་གསུམ་ལ་སོགས་པས་ཕུལ། གཡས་ཐོད་པའི་ཕྱག་རྒྱ་དང་། གཡོན་བ་དན་གསུམ་གདེངས་པའི་ཕྱག་རྒྱས་བཏབ་ཅིང་། ཨོཾ་ཧ་ཧོ་ཧྲིཿ སྭཱ་ཧཱ། ཅེས་ལན་གསུམ་བཟླས་པས་ནང་མཆོད་བྱིན་རླབས་ཁོ་ན་གསོས། ཨོཾ་ཨཱཿ ཧཱུྃ་ལན་མང་པོས་གཡོན་པའི་མཐེབ་སྲིན་གྱིས་ཐིགས་ཐོར་འབུལ། བླ་མ་དང་དཀྱིལ་འཁོར་གྱི་ལྷོ་ཕྱོགས་མགྲོན་ཐམས་ཅད་མཉེས་པར་བསམ། སྤྲོ་ན། ཞབས་བསིལ། ཕྱག་ཕྱིས། སོར་རྩི་སོགས་ཀྱང་འབུལ་སྟེ། དེའི་སྔགས་ཀྱང་རིམ་པ་བཞིན། ཨོཾ་ཨཱཿ ཧྲི་པྲ་ཝ་ར་སརྐ་ར་ཧཱུྃ་ཨཉྩ་མ་ནཾ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ཧསྟ་པུ་ཙི་ཡེ་སྭཱ་ཧཱ། ཨོཾ་ཏམྦུ་ཡེ་སྭཱ་ཧཱ། ཞེས་པས་སོ། །དེ་བཞིན་སྐབས་འདིར་ཆོ་ག་རྣམ་གྲངས་རྒྱས་པར་མོས་ན། མཆོད་པ་གཞན་ཡང་མང་དུ་སྟབས། གང་ལྟར་མཐར་རོལ་མོ་སྒྲ་དང་བཅས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རི་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤགྣི་སནྟི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཏོཏྐ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚ་ཀཱ་ར་ལོ་གྲ་བྷི་ཥ་ཎ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་པྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སཪྴུ་པཱ་ཤོ་དྱ། ཏ་ཁ་ཊཾ་ག་དྷ་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་བྷྲ་ཛི་ནཾ་བ་ར་དྷ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུ་མྲནྡྷ་ཀཱ་ར་ཝ་སུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཡབ་ཀྱི་རྐང་བརྒྱད་དང་། ཨོཾ་ན་མོ་བྷ་ག་ཝ་ཏཱི་བཛྲ་ཝཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨརྱ་པ་ར་ཛི་ཏེ། ཏྲཻ་ལོ་ཀྱ་ཧཱ་ཏེ་མ་ཧཱ་བིདྱ་ཤྭ་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོཿ སརྦ་བྷུ་ཏ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨ་ས་ནི་ལ་ཛི་ཏེ་པ་ཤམ་ཀཱ་རི་ནཻ་ཏྲ་བྷྲ་མ་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོཿ ཤོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོཿ ཏྲ་ས་ནི་མ་ར་ནི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོཿ བི་ཛ་ཡེ་སམྦྷ་ནི་སམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་ར་ཧི་མ་ཧཱ་ཡོ་གི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཡུམ་གྱི་རྐང་པ་བརྒྱད་པ་སྟེ། དེ་ལྟར་དཔལ་ཧེ་རུ་ཀའི་རྐང་བརྒྱད་གཉིས་དང་། གོང་ལྟར། དེ་ཉིད་ལྔ་པ་ལ་སོགས་པས་བསྟོད། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་མཁའ་འགྲོ་ལ་སོགས་ཏེ། །དུར་ཁྲོད་བརྒྱད་ན་གནས་པ་ཡི། །དམ་ཚིག་ལྡན་པའི་ཚོགས་རྣམས་ནི། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལཾ་དང་ཞིང་། །ཁྱད་པར་དུ་ནི་ཁང་སྟོང་དང་། །སྣོད་དང་ཐང་དང་ས་སྟོང་དང་། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་གཙིགས་དང་འཇིགས་བྱེད་དང་། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡོང་དང་འཕྱང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་དབྱུག་གཙོ་བོ། །དེ་བཞིན་གཤེགས་པའི་སྐ་ཆེན་སྟེ། །རྡུལ་མེད་རྣལ་འབྱོར་བསྐྱེད་བྱེད་མ། །རྡོ་རྗེ་དབང་མོ་འཁོར་དང་བཅས། །ཉི་ཤུ་རྩ་བཞིའི་ཞིང་རྣམས་ལ། །རབ་དགེས་ཞིང་སྐྱོང་རིག་མར་བཅས། །བཞི་བཅུ་རྩ་བརྒྱད་འབྱུང་པོ་ཡི། །ཚོགས་དང་བཅས་པ་ཐམས་ཅད་དང་། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །བདེན་བྲལ་ཚོགས་རྣམས་མ་ལུས་དང་། །བསྙོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་བོའི་ཚོགས། །གང་དག་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་འཁོར་དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཅན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པར་ཐམས་ཅད་འགྲུབ་གྱུར་ཅིག །ཉེས་པ་ཐམས་ཅད་མེད་པར་མཛོད། །ཞེས་འཕྲིན་ལས་བཅོལ། ལས་སོ་སོ་དང་འབྲེལ་ན་དེ་དང་དེའི་ལས་ལ་བསྐུལ་བ་དྲག་ཏུ་བྱ། དེ་ནས་རྡོ་རྗེའི་གླུ་འདི་བླངས་པར་བྱ་སྟེ། འགྲོ་བ་ཀུན་གྱི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མའི་འཁོར་ལོའི་རང་བཞིན་དུ་གནས་ཀྱིས། །ཨ་རེ་རེ་རེ་གཏི་མུག་ཕྱུག་ཀྱི་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། ཤམ་དུ། ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ་བར་བྱོས། །ཨ་རེ། གང་གི་དོན་དམ་ལ་ནི་མ་བསྒོམ་པས། །དེ་ཡི་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ཏེ། །ཨ་རེ། ནང་དང་ཕྱིའི་དབྱེ་བ་མེད་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ། ཞེས་བྱ་བ་དང་། ཧཱུྃ། ཁྲོ་བོ་བདེ་བ་དགྱེས་པ་ཡིན། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ལ། །རབ་ཏུ་རྨོངས་པ་བསྟེན་པར་བྱེད། །ཨ་ལ་ལ་ལ་ལ་ཧོ། །ཨ་ཨི་ཨཱ་ར་ལླི་ཧོ། བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨ་ཨ་ར་ལླི་ཧོ། རབ་རྒྱས་མགོན་པོ་ཁྱེད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ཧོ། ཨ་ཨི་ཨ་ཨ་ཨ་རལླི་ཧོ། བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཨོཾ་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གིས་ལམ་གྱིས་གྲོལ་གྱུར་པ། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །ལྷ་མོ་ཚད་མ་སོགས། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོགས་ཆགས་པ་བཅོམ། ཁྱོད་ཀྱི་དངོས་པོ་མཐའ་དག་ནམ་མཁའ་དང་ནི་འདྲ་བར་གཟིགས། མགོན་པོ་ཤིན་ཏུ་ལྕི་བའི་ཆུས་བརླན་སེམས་ལ་ནི། །མཛོད་ཅིག་མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་དགྱེས་པར་མཛོད། །ཅེས་སོགས་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་མཉམ་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛོད་རིགས། །ཞེས་པས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མཐར་མཐེབ་མཛུབ་གཉིས་བཀུག་སྟེ་ཟླུམ་པོར་བྱས་ལ། སོར་མོ་གཞན་བརྐྱང་པ་མིག་གི་ཕྱག་རྒྱ་བསྟན་རྗེས། པད་བསྐོར་དང་ལྟེ་བར་འཁྱུད་རྒྱ་བྱས་ལ། མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོགས་ཏེ། ཨོཾ་བཛྲ་མཎྜལ་མུ། ཡེ་ཤེས་པའི་དཀྱིལ་འཁོར་རྣམས་བདག་གི་དཔྲལ་བར་ཐིམ། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག གཡས་ས་ལ་རེག་སྟེ། ཨོཾ་ཨརྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཡེ་ཤེས་ཀྱི་འཁོར་ལོ་རང་དང་གཉིས་སུ་མེད་པར་བསམ་པ་ལ་ཡིད་ཀྱིས་མཆོད། ཨོཾ་ཡོ་ག་ཤུདྡྷཿ ས་སརྦ་དྷརྨཿ ཡོ་ག་ཤུདྡྷོ྅ཧོ། རྣམ་ལྔ་འདོད་སྐོར་བྱ། ཨོཾ་སརྦ་དུཥྚ་གྲྀཧྞ་གྲྀཧྞ་གཙྪ་ཧཱུྃ་ཕཊ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་མོས། རོལ་མོའི་སྒྲ་དང་བཅས་ཏེ་འཇིག་རྟེན་པའི་གཏོར་མ་ལམ་གྱི་གཞི་མདོ་སོགས་སུ་བསྐུལ། ཐམས་ཅད་ཀྱི་སུམྦྷ་དྲག་ཏུ་བཟླས། ནང་དུ་འོངས་ནས་གཏོར་སྐྱེལ་བ་ལ་བསངས་ཆུའམ་ནང་མཆོད་ཀྱིས་གཏོར། ཡོན་བདག་ལ་སོགས་པ་གཞན་གྱི་དོན་དུ་གཏོར་མ་བཏང་བ་ཡིན་ན་མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་། དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲངས། ཁྱེད་ལ་རྟག་ཏུ་བསྲུང་བ་མཆོག་གི་སྦྱོར་བ་དང་། ཡང་ན་འདི་ལ་འདོད་པ་དང་ནི་ཕུན་སུམ་ཚོགས་པར་ཤོག །ཅེས་པ་སོགས་བརྗོད། རང་གཞན་གྱི་དོན་གང་ཡིན་ཀྱང་ཐུན་མོང་དུ། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་ཅིང་། དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡི། །བུ་བཞིན་སྐྱོང་བས་བདག་སྒྲིབ་དག་གྱུར་ཏེ། །བདེ་བ་མཆོག་གི་ས་ལ་འགོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཅིང་། །རྡོ་རྗེ་དབང་མོའི་ཞབས་བརྟན་གྱུར་ནས་ཀྱང་། །བཙུན་མོའི་ཤུ་ཏྲིའི་ཚོགས་ལ་ལོངས་སྤྱོད་ཅིང་། །གསང་བའི་པདྨར་རོལ་ཞིང་མཆོད་བྱེད་ཤོག །དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེའི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་འཕོངས་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་འདི་དག་ཀྱང་། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡིས། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་མར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང་། །ཡུན་རིང་འགྲོ་བའི་དོན་སྒྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང་། །གཙོ་བོ་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བ་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་པར་ལྷན་ཅིག་དེ་ཡིས་གོ་འཕང་ཐོབ་པར་ཤོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་མཐའ་དག་གསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོ་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང་། །སྦྱིན་པ་ལ་སོགས་རྣམས་ཀྱི་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདི་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་རྟག་པར་མྱོང་བར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྣམས་ངེས་པར་གལ་ཆེའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་ནས་གསུང་བའི་ཞིང་སྐྱོང་གི་གཏོར་ཆོག་རྒྱས་པ་དང་། མཁའ་འགྲོ་རྒྱ་མཚོ་ནས་བཤད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་པོ་༸རྗེ་བཙུན་དམ་པ་སྒྲོལ་མགོན་ཞབས་ནས་ཐ་དད་དུ་མཛད་ཅིང་། དེ་གཉིས་དཀྱིལ་འཁོར་གཅིག་ཏུ་སྡུད་པའི་ཚུལ་ཡང་སྩལ་བ་ལས་འདིར་དཀྱིལ་འཁོར་གཉིས་གཅིག་ཏུ་དྲིལ་བའི་འདོན་ཆ་རྗེ་བཙུན་དམ་པའི་གསུང་ཉིད་གཞིར་བཞག་ཁ་འཕང་ཕྱུང་ཟུར་རྣམས་ནས་ཀླག་ཆོག་མར་རང་བཟོ་འབད་པས་སྤངས་ཏེ་བགྱིས་པའོ། །འདི་ལ་གཏོར་དཀྱིལ་དུ་ནག་པོ་སོགས་ཁོ་ན་བཀོད་པ་ལ་འཇིག་རྟེན་སྐྱོང་བའི་གཏོར་མ་ཞེས་བྱ་ཞིང་། ཞིང་སྐྱོང་ཡབ་ཡུམ་ཞེ་བརྒྱད་བཀོད་པ་ལ་གནས་སྲུང་གི་གཏོར་མ་ཞེས་བྱ་ལ། དེ་གཉིས་སྡོམ་པས་མཁའ་འགྲོ་སྤྱི་གཏོར་རྒྱས་པའི་ཞིང་སྐྱོང་གི་གཏོར་ཆོག་རྒྱས་པ་ཡིན་གསུང་སྟེ། དེ་ཚེ་འདིར་ཡང་དཀྱིལ་འཁོར་གསུམ་དོན་གྱིས་འདུས་པའམ། གལ་ཆེ་དཀྱིལ་འཁོར་ཐ་དད་ལ་མོས་ནས་རྗེ་བཙུན་དམ་པའི་གསུང་ཉིད་དུ་བལྟ་བའམ། ཆོ་ག་འདི་ཉིད་སྟེང་ནས་འབྱིན་འདོར་བྱས་པས་ཀྱང་འགྲུབ་པ་ཉིད་དོ། །འདི་ནི་སྔགས་གསར་འགྱུར་རྣལ་འབྱོར་གསང་མཐའི་དགོངས་འགྲེལ་ཇི་བཞིན་སྟེ། འདི་དང་སྒྲོས་མཐུན་བོད་སྔགས་རྙིང་པའི་གཞུང་མཁའ་འགྲོའི་གཏོར་ཆོག་ཞེས་རྒྱ་དཀར་གྱི་སློབ་དཔོན་རྒྱལ་བ་ཛྙཱ་ན་སུ་ཏྲ་དང་། བྱེ་མ་ལ་མུ་དྲས་མཛད་པའི་ཁྱད་འཕགས་ཞིག་ཀྱང་སྣང་ངོ་། །དེ་ལྟར་གཏོར་མའི་ཕན་ཡོན་ཚད་མེད་པར་རྒྱུད་དང་། མན་ངག་རྣམས་སུ་རྒྱ་ཆེར་གསུངས་པས་འདི་ལ་ནན་ཏན་དུ་བྱས་ན་འདོད་པའི་དངོས་གྲུབ་ཐུན་མོང་དང་ཁྱད་པར་བ་མཐའ་དག་མྱུར་དུ་འགྲུ་བ་པར་ངེས་སོ། །འདིར་སྨྲས་པ། སྔགས་རྒྱུད་ཀུན་ནས་རབ་བསྔགས་ཤིང་། །འདོད་པའི་དངོས་གྲུབ་རབ་སྟེར་བ། །གཏོར་མའི་ཆོ་ག་བླ་མེད་པས། །གྲུབ་འདོད་རྣམས་ཀྱི་ཅིས་མི་བརྩོན། །གཏོར་ཆོག་དངོས་གྲུབ་འཛད་མེད་བུམ་པ་བཟང་། །རྒྱུད་རྒྱལ་བླ་མའི་བླ་མ་གསང་མཐའི་ལུགས། །འདི་བཀོད་དགེ་མཆིས་མཁའ་ཁྱབ་འགྲོ་བ་ཀུན། །དོན་གཉིས་ཕུན་ཚོགས་བདེ་མཆོག་མྱུར་འགྲུབ་ཤོག །

ཅེས་བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་བྱ་བ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་བར་ཁམས་ལྷོ་ཚམ་དཀར་ནག་གི་དབུས་རྟག་བརྟན་རིན་ཆེན་དེའུར་དྲག་པོ་ལྕགས་སྤྲེའུ་ལོ་ལ་བཀོད་པ། སླར་ཡང་དབུ་རུ་དྲང་སྲོང་སྲིན་པོ་རིའི་རང་བྱུང་ཧེ་རུ་ཀའི་གཙུག་ལག་ཁང་དུ་མེ་ཡོས་རབ་བྱུང་བཅུ་གསུམ་དབྱུག་ཟླའི་ཚེས་བཅུར་རང་བློས་ཞུས་དག་གྲུབ་པའོ། །

འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་རྣམ་པར་རྒྱལ་བའི་རྔ་སྒྲ།

༄༅། །འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭསྟི། ན་མོ་མ་ཧཱ་གུ་རུ་ཀྲོ་དྷ་རཱ་ཛ་ཡ་མཱ་རི་ཙ་ར་ཎཱ་ཡ། རྒྱལ་ཀུན་མཐུ་སྟོབས་ནུས་བྱིན་འདུས་པའི་དཔལ། །འཇམ་དབྱངས་གཟི་འོད་འབར་བའི་ཞུགས་ཆེན་གྱིས། །བདུད་ཚོགས་ཚང་ཚིང་ཅིག་ཅར་བསྲེགས་ནས་སླར། །ཕན་བདེ་ཡོངས་འདུ་བསྐྱེད་དེས་བཀྲ་ཤིས་སྩོལ། །ལོག་འདྲེན་འདུལ་ཕྱིར་མི་བཟད་ཁྲོ་ཆེན་པོ། །ཡང་དག་བདེ་ཆེན་དབྱིངས་སུ་རྟག་པར་ཞི། །ཞི་དང་ཁྲོ་འདུས་འཇམ་དཔལ་གདོད་མའི་མགོན། །ཁྱེད་ལ་ཕྱག་འཚལ་རྟག་པར་བྱིན་གྱིས་རློབས། །གང་གི་སྒྲུབ་ཐབས་མདོར་བྱས་པ། །རྣལ་འབྱོར་གསལ་བ་མན་ངག་བཞིན། །འདི་རུ་བཀོད་ལ་འཇམ་དཔལ་གྱིས། །དགེ་ལེགས་ཉིད་དུ་དབུགས་དབྱུང་མཛོད། །དེ་ལ། ལྷག་པའི་ལྷ་འདི་ཉིད་ཀྱི་དབང་བསྐུར་བྱིན་རླབས་ཐོབ་ཅིང་། དམ་ཚིག་ལ་བརྩོན་པའི་སྒྲུབ་པ་པོས་ཉམས་སུ་ལེན་པར་བྱ་སྟེ། དེ་ཡང་བསྙེན་སྒྲུབ་ཀྱི་ཐོག་མར། སྔོན་འགྲོ་གཏོར་མ་བཏང་བ་ནི། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ལམ་གསུམ་གྱིས། བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བཏབ། གཏོར་མ་ཡ་མཱནྟ་ཀས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་བྱིན་གྱིས་བརླབས་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མཱ་ཡཥྚིཿ ཝ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲི། ཨཱི་ཤྭ་ནཱ་ཡེ་ཏ། ཨགྣ་ཡེ་ཨ། ནིརྼ་ཏྱེ་ན། ཝ་ཡ་ཝེ་ན། བྲཧྨཱ་ཡེ་ཧཱུྃ། བ་སུ་ན་དྷཱ་ར་ཎཱ་ཡེ་ཕཊ། སརྦ་བྷཱུ་ཏེ་བྷྱོཿ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་སྭཱ་ཧཱ། ལན་བཞིས་ཕྱོགས་སྐྱོང་བ་བསྔོས། ཨ་ཀཱ་རོ་གསུམ་མམ། བདུན་གྱིས་ས་ལྷ་གཞི་བདག་ལ་ཕུལ་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་སློང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་དོང་ངོ་། །བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་སྲུལ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདས། །འཇིགས་པར་འགྱུར་གྱིས་གཞན་དུ་མིན། །ཞེས་ཨ་ཀྲོ་དྷེ་ཀ་དང་། སུམ་བྷ་ནི་སོགས་དྲག་སྔགས་དྲག་ཏུ་བཟླ། རོལ་མོ་དང་བཅས། གུ་གུལ་བདུག ཡུངས་ཀར་འཐོར་ལ་བགེགས་ལ་བསྐྲད་དོ། །ཕུར་བུ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཁྲོ་བོ་བགེགས་མཐར་བྱེད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ཨོཾ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾམཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏེ་སརྦ་བིགྷྣན་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བགེགས་ཀྱི་སྤྱི་བོར་ཕུར་བུ་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཐོ་བས་བརྡུང་། ཕུར་བུ་ཁྲོ་བོ་ལས་འོད་ཟེར་འཕྲོས་ཏེ་བགེགས་ཀྱི་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲ་མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བསྲུང་སྟེ། ཕུར་བ་དངོས་སུ་གདབ་ན་སྙུབ་པ་མ་གྲོལ་བར་དེ་ཚུན་ཆད་མཚམས་བཟུང་། ཡི་དམ་ལ་གཏོར་མ་འབུལ་སྐབས་ཡིད་ཀྱིས་ཕུལ་བའི་ལྷ་ལ་ཡང་མཆོད་པའོ། །དེ་ནས་བསྙེན་པ་ལ། ནར་མ་རྒྱུན་གྱི་བསྙེན་པ་དང་། སྒྲུབ་པ་དུས་ཀྱི་བསྙེན་པ་གཉིས་སོ། །དང་པོ་ནར་མ་རྒྱུན་གྱིས་བསྙེན་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། སྒོ་གསུམ་ལྷ་སྔགས་ཡེ་ཤེས་ནང་གི་རྣལ་འབྱོར་ཁོ་ནས་ཉམས་སུ་ལེན་པའོ། །ཐོག་མར་སྐྱབས་སུ་འགྲོ་བ་ནི། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ནི་མི་ཕྱེད་དད། །སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཚོགས་བསག་པ་ནི། ཡ་མཱནྟ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་སྙིང་གར་ཉི་སྟེང་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། མཁའ་ཁྱབ་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་པ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཚོགས་ཞིང་རྣམས་ཛཿཧཱུྃ་བྃ་ཧོཿས། རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཟུང་འཛིན་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དེ་བཞིན་ཉིད་ཀྱི་རང་དུ་མཉམ་པར་བཞག །དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་སྒྱུ་མ་ལྟ་བུ་ལ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བར་བྱའོ། །དེ་ནས་སྲུང་འཁོར་ནི། སྟོང་པ་འི་ངང་ལས་སྐད་ཅིག་གིས། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་གཡས་སུ་འཁོར་བའི་ནང་། དབུས་སུ་ཉི་མར། བྷྲཱུྃ་ལས་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། དབུ་སྟེང་གདུགས་དཀར་པོ་ཅན་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཕྱི་རིམ་རྩིབས་བཅུར་ཉི་སྟེང་ཧཱུྃ་ལས་ཁྲོ་བོ་བཅུ་ཐམས་ཅད་མཐིང་ནག་བེ་ཅོན་དང་ཞགས་པ་འཛིན་པ། འཁོར་ལོའི་ཕྱི་རོལ་དུ་རྡོ་རྗེའི་ས་གཞིར་གུར་དྲྭ་བ་བླ་བྲེ་དང་། དེའི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཕྱག་མཚན་སྣ་ཚོགས་ཀྱི་གུར་ཁང་དང་། མེ་དཔུང་རབ་ཏུ་འབར་བ། ནང་གི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཁྲོ་བོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་ཡི་དམ་དཔའ་བོ་མཁའ་འགྲོས་བསྐོར་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། དེ་ལ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟད། དམ་ཚིག་པ་ལ་ཐིམ། ཡེ་ཤེས་དང་དབྱེར་མེད་འདྲེས། ཛཿཧཱུྃ་བྃ་ཧོཿ སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་སོ་སོ་ལ་སོ་སོས་དབུ་བརྒྱན། གཙོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད་འཕྲོས། ཁྲོ་བོ་རྣམས་ལ་ཕོག་པས་དེ་རྣམས་ཀྱིས་སྔགས་བཟླས། འཁོར་ལོ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་ཕྱེ་མ་དུམ་བུར་གྱུར་པར་བསམས་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀཱི་ཀ །ལོ་ཀོཏྟཱ་ར་ཡནྟྲ་མནྟྲ་པྲ་ཡོ་ག་དི་ནི་སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ། མ་མ་ཀྲི་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲི་ཏནྟྲ་ནི་ཀ་ནི་ཏ་ནི་སརྦ་བིགྷཱན། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཀཾ་པ་ཡ། ཀཾ་པ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷཱནྶ་ཡ་བི་དྷཱནྶ་ཡ། ཤ་ཏ་ས་ཧ་སྲ། སརྦ་བི་ཥྲ་བི་ཙུརྞཱ་ཡ། བི་ཙུརྞཱ་ཡ། ཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ་རཀྵ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཅི་ནུས་སུ་བཟླས། རྗེས་གོང་བཞིན་མཆོད་བསྟོད་བྱ་སྟེ། དེ་སྲུང་བ་དམ་པའོ། །དེ་ནས་དངོས་གཞི་ཉམས་སུ་ལེན་པ་ལ། སྐུ་བསྐྱེད་པའི་རིམ་པ་ནི། སྲུང་བའི་འཁོར་ལོའི་དབུས་ཀྱི་གཙུག་ཏོར་འཁོར་ལོས་བསྒྱུར་བ་འོད་གསལ་དུ་བསྡུས། དེ་ནས་སྐད་ཅིག་གིས་སྲུང་འཁོར་དབུས་དེར། རྟེན་གཞལ་ཡས་ཁང་མེ་རི་རྡོར་བཅས་པར། བརྟེན་པ་གཤིན་རྗེ་གཤེད་ལྷ་ལྔ་ཚིག་འདིས་གསལ་བཏབ་པ་སྟེ། ཨོཾ་བྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་ངང་བྷྲཱུྃ་ལས་གཞལ་ཡས་ཁང་། །ཕོ་བྲང་རྟ་བབ་སྒོ་ཁྱུད་བཅས། །ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར། །ཕྱི་བལྟས་རིན་ཆེན་གཞལ་ཡས་ཁང་། །མཛེས་ཤིང་ཡིད་འོང་འོད་ཟེར་འཕྲོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །འཇིགས་ཤིང་ཁྲོ་ཡང་གཟི་བརྗིད་འབར། །རྒྱ་ཁྱོན་དབྱིངས་དང་མཉམ་པར་དམིགས། །དེ་དབུས་རྡོ་རྗེ་ཕ་ལམ་ལས། །གྲུབ་པའི་འཁོར་ལོ་རྩིབས་བཞི་ནི། །རྣོ་ངར་ལྡན་པ་གསལ་བའི་དབུས། །པདྨ་ཉི་མ་རོ་སྟེང་དུ། །ཐོད་དབྱུག་ཡ་ཡིས་མཚན་པ་ལས། །འོད་འཕྲོས་བདེ་གཤེགས་འཕགས་པ་མཆོད། །འགྲོ་དྲུག་སྐྱེ་འགྲོའི་སྒྲིབ་གཉིས་སྦྱངས། །བགེགས་དང་ལོག་འདྲེན་བར་ཆད་བཏུལ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་རིག་ཁྲོ་རྒྱལ་གཤིན་རྗེའི་སྐུ། །དབྱར་ཁའི་ཆར་སྤྲིན་འཁྲིགས་འདྲའི་མདོག །ཞལ་གཅིག་ཕྱག་གཉིས་གཟི་བརྗིད་ཅན། །ཞལ་གདངས་མཆེ་གཙིགས་རྐན་སྒྲ་སྒྲོགས། །སྨིན་མ་ཨག་ཚོམ་མེ་ལྟར་འབར། །སེ་ཡན་རལ་བ་ཁམ་ནག་ཚོགས། །གྱེན་དུ་འཕྱོ་ཞིང་ཐུར་དུ་འཕྱང་། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག །ཕྱག་གཡས་ཐོད་དབྱུག་ནམ་མཁར་གདེངས། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །ཞབས་གཉིས་དོར་སྟབས་བརྐྱང་བསྐུམ་བསྒྲད། །དབུ་ལ་ཐོད་སྐམ་རིན་ཆེན་སྤྲས། །སྙན་ཆ་མགུལ་ཆུ་ཕྱག་ཞབས་རྣམས། །རིན་ཆེན་གདུག་པ་སྦྲུལ་གྱིས་བརྒྱན། །ཐོད་རློན་སྐྲ་འཕྱང་དོ་ཤལ་ཅན། །གླང་ལྤགས་སྟོད་གཡོགས་སྟག་ཤམ་དཀྲིས། །ཞིང་གཡང་སྐེད་དཀྲིས་ཁྲག་ཞག་གི །ཐིག་ལེ་ཟོ་རིས་ཐལ་ཆེན་ཚོམ། །རབ་བརྒྱན་བསྐལ་པའི་མེ་དཔུང་ཀློང་། །སྲིན་པོ་ཁྲོས་ཚུལ་འགྱིང་བ་ཡི། །ཕྱོགས་ཀྱི་རྩིབས་བཞི་ལ་གནས་པའི། །རིགས་བཞི་གཤིན་རྗེ་འབར་བ་ནི། །ཤར་དུ་ཞེ་སྡང་གཤིན་རྗེ་མཐིང་། །ཕྱག་གཉིས་རྡོ་རྗེ་ཐོད་དབྱུག་གཡས། །ལྷོ་ཕྱོགས་ང་རྒྱལ་གཤིན་རྗེ་སེར། །ཕྱག་གཡས་རིན་ཆེན་བེ་ཅོན་འཕྱར། །ནུབ་ཏུ་འདོད་ཆགས་གཤིན་རྗེ་ནི། །དམར་ནག་ཕྱག་གཡས་པདྨ་ཡི། །བེ་ཅོན་བསྒྲད་ཐབས་ཚུལ་གྱིས་འཕྱར། །བྱང་དུ་ཕྲག་དོག་གཤིན་རྗེ་ལྗང་། །ཕྱག་གཡས་རྒྱ་གྲམ་བེ་ཅོན་འཕྱར། །ཀུན་ཀྱང་གཡོན་པ་ཐོད་ཁྲག་འཛིན། །ཆ་ལུགས་ཐམས་ཅད་གཙོ་དང་མཐུན། །དེ་ལྟར་གསལ་བའི་ལྷ་རྣམས་ཀྱི། །གནས་གསུམ་ཡིག་འབྲུ་ཨོཾ་ཨཱཿཧཱུྃ། །གཙོ་བོའི་ཐུགས་ཀར་ཡ་མཐིང་ནག །ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་དངོས་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷ་བྷྱཿ ཀྲོ་དྷ་བ་ཡི་རི་ས། ས་མ་ཡེ་ན། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཨོཾ་ཨཱཿཧཱུྃ། སི་ཏ་པྲེ་ཏ་ཨ་ས་མ་ནཾ པྲེ་ཏོར་ཀ་ཊ་ན། ར་ཤ་ཡཱ་ཧཱུྃ་ཕཊ། ཅེས་པས་ཡེ་ཤེས་པ་སྤྱན་འདྲེན། ཡང་གསུར་ཆེན་དུད་པ་རོལ་མོ་བཅས། གདུང་བའི་དབྱངས་བཅས་འདི་སྐད་དོ། །ཧཱུྃ། འཇིགས་པའི་སྐུར་སྟོན་འཇམ་དཔལ་ནག་པོའི་སྐུ། །ཁྲོ་རྒྱལ་འབར་བ་ཆོས་ཉིད་འགྱུར་བ་མེད། །ཞི་བའི་ངང་ལས་དྲག་པོའི་ཚུལ་སྣང་ཞིང་། །ཅིར་ཡང་བསྒྱུར་བའི་རྣམ་འཕྲུལ་དུ་མ་ཡིས། །དགྲ་བགེགས་བར་ཆད་ལོག་འདྲེན་འདུལ་བར་མཛད། །འདོད་པའི་དོན་རྣམས་མ་ལུས་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་པ་བདག་གིས་སྤྱན་འདྲེན་ན། །ཕྲིན་ལས་སྟོབས་འགྱེད་གང་ཡང་ཐོགས་པ་མེད། །བདག་གི་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། དེ་ལྟར་ཡེ་ཤེས་པ་དངོས་སུ་བྱོན་པ་བདག་གིས་བསྒོམས་པའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བཞུགས་པར་བསམས་ལ། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ། །འབྱུང་བ་རྣམ་ལྔ་འཁྲུག་པའི་ཕོ་བྲང་དབུས། །དགྲ་བགེགས་བསྒྲལ་བ་ཁྲག་གི་ཀློང་རུམ་ན། །དྲེགས་པ་ཁྲོ་ཆེན་དུར་ཁྲོད་གཞལ་ཡས་ཁང་། །དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ། །བམ་རོ་གསར་རྙིང་ཉི་མའི་གདན་ཁྲི་ལ། །དཔལ་ཆེན་ཁྲོ་རྒྱལ་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ཡི་དབང་ཕྱུག་འཕགས་པ་འཇམ་དཔལ་ཏེ། །ངང་ཉིད་ཆོས་དབྱིངས་ཞི་བདེ་ཀློང་ཡངས་ནས། །གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིང་། །ཁྲོ་བོའི་ཆ་ལུགས་དགྲ་བགེགས་ལོག་འདྲེན་འདུལ། །ཐུགས་རྗེ་ཡེ་ཤེས་འབར་བའི་མེ་དཔུང་གིས། །ཉོན་མོངས་ལོག་རྟོག་གཞོབ་ཏུ་སྲེག་མཛད་པ། །ཁྲོ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཨེ་ཧྱེ་ཧི། ཞེས་གདུང་ཤུགས་ལྡན་པས་ཕྱག་འཚལ་ནས། མཆོད་ཅིང་བསྟོད་པ་ནི། ཧཱུྃཿ སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་། །དུག་ལྔ་རྣམ་དག་རང་བྱུང་ནང་གི་རྫས། །བདེ་ཆེན་རང་གྲོལ་གསང་བའི་མཆོད་པ་རྣམས། །གཤིན་རྗེ་གཤེད་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨཱ་ཧ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པཱུ་ཛ་ཧོཿ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིནྟ་ཁཱ་ཧི། མ་ཧཱ་བཛྲ་པདྨ་ཡོ་གི་ནཱི་ཨ་ཧོ་སུ་ཁ་ཧོཿ གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ཆེན་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། །རོལ་དུ་གསོལ། བསྣོམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོར་བཞིན་དུ་རོལ་དུ་གསོལ། །ཧོ། ཆགས་པ་མེད་ཅིང་ཆགས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུྃ། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི། །ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད། །སྤྲོས་མེད་ནམ་མཁའ་ལྟ་བུ་ལས། །སྙིང་རྗེ་ཐབས་ཀྱིས་སྐུར་སྤྲུལ་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཅན་སྐུ་ལ་འདུད། །གར་དགུའི་ཉམས་དང་ལྡན་པ་ཡི། །གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད། །སྐྱེ་མེད་དོན་དམ་ངང་ཉིད་ལས། །ཐབས་ཀྱིས་སྤྲུལ་པའི་སྐུར་བསྟན་པ། །འཇིགས་བྱེད་དྲག་པོའི་ཆ་ལུགས་ཅན། །ཟླ་བ་ཉ་འདྲ་ཁྱོད་ལ་འདུད། །བསྐལ་པའི་མེ་ལྟར་འབར་བ་ཡི། །སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད། །འཛིན་པ་པོ་ལས་གྲོལ་བ་ཡིས། །གདུག་པ་འདུལ་ཕྱིར་ཁྲོ་བོར་སྤྲུལ། །གཏེར་འཆང་སེར་སྣ་ཁྲོལ་མཛད་པ། །བཙོ་མ་གསེར་འདྲ་ཁྱོད་ལ་འདུད། །ཆགས་པས་མ་ལུས་དབང་མཛད་པའི། །འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད། །སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས། །ཁམས་གསུམ་པ་དག་ཁྲོ་བོར་སྤྲུལ། །མ་ཆགས་སྤྱན་ལྡན་ཐུགས་རྗེ་ཅན། །བནྡྷུ་ལྟ་བུའི་སྐུ་ལ་འདུད། །ཤེས་རབ་ཐབས་ལྡན་ཧེ་རུ་ཀ །ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད། །རྣམ་གྲོལ་དཔེ་དང་བྲལ་བ་ལས། །ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་ནི། །འགྲོ་དོན་བརྩོན་པའི་རལ་གྲི་ཅན། །སྣ་ཚོགས་མདོག་ཅན་ཁྱོད་ལ་འདུད། །ཅེས་པས་མཆོད་ཅིང་བསྟོད་དོ། །གསུང་བཟླས་པ་སྔགས་ཀྱི་རིམ་པ་ཛབ་བསྐུལ་བ། ཧཱུྃ། སྐྱེ་མེད་ངང་ལས་འགག་མེད་སྐུར་བཞེངས་ཏེ། །ཐུགས་སྲོག་ཧཱུྃ་ལས་གྲགས་སྟོང་གསུང་གི་སྒྲ། །རང་བྱུང་ཐུགས་ལས་ལྷུན་གྲུབ་དབྱིངས་ཀྱི་དང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཛབ་ཀྱིས་བསྐུལ། །ཛབ་ཀྱི་དགོངས་པ། དེ་ནས་གཙོ་བོའི་ཐུགས་ཀ་རུ༔ ཉི་སྟེང་ཡ་མཐར་སྔགས་ཕྲེང་འཁོད༔ དེ་ལ་མ་ཡེངས་རིག་པ་གཏད༔ ངག་ནས་གསང་སྔགས་བཟླས་པའི་ཚེ༔ ཡིག་འབྲུ་རྣམས་ལས་སྔགས་རང་སྒྲ༔ འུར་འུར་གཡས་བསྐོར་འོད་ཟེར་འཕྲོས༔ ཕྱོགས་བཞིར་འཁོར་གྱི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་གཙོ་འཁོར་ཐམས་ཅད་ཀྱིས༔ སྔགས་སྒྲ་ལྡིར་སྒྲོགས་རྒྱལ་ཀུན་གྱི༔ རྒྱུད་བསྐུལ་སེམས་ཅན་སྡིག་སྒྲིབ་བསལ༔ བདག་གི་ཚེ་བསོད་ཡེ་ཤེས་རྒྱས༔ དགྲ་བགེགས་བྱད་མ་ཐམས་ཅད་ཞི༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བཟླ། ཐུན་དངོས་གཞི་མི་ཚིག་གིས་བར་མ་ཆོད་པ་སྔགས་ཀྱི་སྐྱོན་ལྔ་སྤངས་ལ་བཟླའོ། །ཐུགས་ཡེ་ཤེས་ཀྱི་རོལ་པར་བཟླ་བ་རང་རིག་ལྷའི་སྐུར་སྣང་བ་དེ་ལ་སེམས་མ་ཡེངས་རྩེ་གཅིག་ཏུ་གཏད། ཕྱི་ནང་རྟེན་ཚོགས་ཀྱི་རྗེས་སུ་མི་འབྲང་། དྲན་རིག་ལྷ་དང་དབྱེར་མེད་ཧྲིག་གེ་ངོ་བོ་ངོས་བཟུང་དང་བྲལ་བ་དེ་ག་ཟབ་གསལ་དབྱེར་མེད་ཡིན། དེའི་ངང་ལ་སྔགས་བཟླ། ཐུན་མཚམས་སུ་ཡང་། སྤྱིར་ཡེངས་མེད་དགོས་ཀྱང་། རེ་ཞིག་ནམ་དྲན་དུ་དེ་གའི་ངང་དུ་ཅི་གནས་སུ་བསྐྱང་། ལྷ་སྐུ་ལ་སེམས་འཛིན་པ་རང་བབ་བཞག་པ་ཉིད་དང་། སྐབས་སུ་རེས་བསྒྲིམ་རེས་ལྷོད་ནས་འཇོག །དེ་རྣམས་སེམས་ལ་གང་བདེ་གཙོ་བོར་བྱ། དོན་དམ་པར་སེམས་ཉིད་སྐྱེ་མེད་ཀྱི་ངང་ལས། རང་གདངས་འགག་མེད་ལྷའི་སྐུ་ཟུང་འཇུག་བདེ་བ་ཆེན་པོར་གྲུབ་པ་ཉིད་དུ་ཤེས་བཞིན་སྐྱོང་བའོ། །དེ་ལྟར་ལྷ་སངས་ཡེ་ཤེས་ཏིང་ངེ་འཛིན་དང་ལྡན་པས་གྲངས་དང་རྟགས་ཀྱི་བསྙེན་པའི་ཚད་ནི། གཞུང་ལས། གྲགས་སྟོང་ངང་ལས་ངར་བསྐྱེད་ཅིང་༔ འབུམ་ཕྲག་བཅུ་གཅིག་ཐེམ་པར་བཟླ༔ དེ་བར་གཞན་ཚིག་མ་འདྲེས་གཅེས༔ ཞེས་དང་། ཡང་ན་རྟགས་རྫོགས་པར་དུ་སྟེ༔ དེ་ལ་ངེས་མེད་རབ་འབྲིང་ཀློས༔ ཁྱད་པར་ཅི་བཞིན་ཤེས་པར་བྱ༔ རྟགས་ནི་ཐོད་མཁར་མེ་འབར་དང་༔ གླང་སྨྱོན་མི་ནག་ཐོག་སེར་འབབ༔ དར་ནག་ཕྱར་དང་རལ་ནག་བསིལ༔ ཆར་མུག་འཁྲིགས་སོགས་འཇིགས་པའི་ལྟས༔ ཕལ་ཆེར་བློ་ཡིས་དཔྱད་པར་བྱ༔ འཇིག་ཤིང་སྐྱི་གཡའ་བག་དྲོ་དང་༔ འོད་དང་གཟི་བརྗིད་འབར་བ་ན༔ གྲུབ་རྟགས་ཡིན་པས་ཤེས་པར་བྱ༔ ཞེས་པའོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། ནར་མ་རྒྱུན་གྱི་བསྙེན་པའི་སྐབས་འདིར། རྩ་གཞུང་དུ་ལྷའི་ང་རྒྱལ་ལས་མཆོད་གཏོར་རྫོགས་རིམ་སོགས་མ་དགོས་པ་ནི། རྣལ་འབྱོར་ལ་ཤིན་ཏུ་བརྩོན་པ་དང་དྲག་སྔགས་ཚིག་ཤུར་གྱི་སྒྲུབ་ཚུལ་དུ་ཡང་སྣང་རུང་དེ་ལྟར་མི་ལྕོགས་པས་ནི། ཐུན་མཚམས་སུ་གཏོར་མ་སོགས་བྱ་བ་ཡང་ཡིན་ནོ། །གཏོར་མ་ནི། ཐོད་ཚལ་སོགས་སམ་སྣོད་བཟང་པོ་གཞན་ཡང་རུང་སྟེ། དེར་ཤ་ཁྲག་ཟན་ཆང་སོགས་བལྡག་གཞིབ་སྤུངས་པ་ལང་ཚར་ལ། རཀྟ་བདུད་རྩིས་བྲན། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་ལ་སྡིག་མཛུབ་གཏད་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ༔ དེ་དག་ངག་ཏུ་བརྗོད་པས། ཉེས་སྐྱོན་རྣམས་བསངས་ཤིང་སྦྱངས་ཏེ་སྟོང་པའི་ངང་ཉིད་ལས། འོག་ཏུ་ཡཾ་ལས་རླུང་གི་དལ་གཞུའི་དབྱིབས་ཅན་ཆངས་ཟུང་ཡཾ་གིས་མཚན་པ། དེའི་སྟེང་རཾ་ལས་མེའི་དལ་གྲུ་གསུམ། དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ། དེའི་སྟེང་དུ་སྣོད་ཀ་པཱ་ལ་ཨ་ལས་སྐྱེ་མེད་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ནང་དམར་ཆོས་ཀྱི་དབྱིངས་དང་མཉམ་པར་གསལ། དེའི་ནང་དུ་སྔགས་ཀྱི་ངོ་བོ་རྣམས། དབུས་སུ་ཤུ་ལས་བྱང་ཆུབ་སེམས། ན་ལས་མི་ཡི་ཤ །ཤར་དུ་མ་ལས་ཤ་ཆེན་གྱི་དྭངས་མ་ཀླད་པ། ད་ལས་རྟའི་ཤ །ལྷོར་ར་ལས་རཀྟ་ཧ་ལས་གླང་པོ་ཆེའི་ཤ །ནུབ་ཏུ་བི་ལས་དྲི་ཆེན། གོ་ལས་བ་གླང་གི་ཤ །བྱང་དུ་མུ་ལས་དྲི་ཆུ། ཀུ་ལས་ཁྱིའི་ཤ །དེ་ལྟར་རྫས་རྣམས་དཔག་ཏུ་མེད་པར་བསམ་ལ།དེ་ལ་ལག་མཐིལ་གཡོན་བསྟན་ལ། ལག་གཡོན་མཐིལ་དུ་ཨོཾ་ལས་ཟླ་བ་ཨོཾ་དཀར་གྱིས་མཚན་པ་དེ་ལས་འོད་ཟེར་དམར་པོ་འཕྲོས། ཉེས་སྐྱོན་དྲི་མ་སྦྱངས། ཨོཾ་ཨོཾ་ཨོཾ། ལག་མཐིལ་གཡས་བསྟན། ལག་གཡས་མཐིལ་དུ་ཨཱཿ་ལས་ཉི་མ་ཨཱཿདམར་པོ་མཚན་པ་དེ་ལས་འོད་ཟེར་དམར་པོ་འཕྲོས་སྣོད་གང་ཞིང་རྒྱ་ཆེར་འཕེལ། ཨཱཿཨཱཿཨཱཿ ལག་གཉིས་ཀའི་ལག་མཐིལ་དུ་ཧཱུྃ་འོད་ཟེར་སྔོན་པོ་བྱུང་། ཧཱུྃ་ཧཱུྃ་ཧཱུྃ། རླུང་གཡོས་མེ་སྦར་ཐོད་པ་དྲས་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ། ཉེས་སྐྱོན་ལྦུ་བ་ལུད། རླངས་པ་འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་བཀུག །དབྱེར་མེད་འདྲེས་ཟག་མེད་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། མང་དུ་བརྗོད། ཕེཾ་ཕེཾ། ཞེས་འབར་བའི་ཕྱག་རྒྱ་དང་བཅས། གཏོར་མགྲོན་མ་ལུས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་རྣམས་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་དགྱེས་པར་གསོལ་བར་བསམས་ལ། གཏོར་མ་དབུས་ཀྱི་གཡས་མར་དམིགས་ཏེ། གུ་རུ་ཞི་དྲག་ཕུར་པ་རྟ་མགྲིན་ཕྱག་རྡོར་སོགས་བླ་མ་ཡི་དམ་གྱི་སྙིང་པོ་ལ་གཏོར་སྔགས། ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་ལ་འབུལ། གཏོར་མ་དབུས་མར་དམིགས་ཏེ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་ལ་གོང་གི་གཏོར་སྔགས་བཏགས་པའམ། ཡང་ན། ཨོཾ་ཡ་མཱནྟ་ཀ་ཏེ་ཛོ་བ་ལིནྟ་སྭཱ་ཧཱ། ཞེས་བཏགས་པ་ལན་བདུན་ལས་མི་ཉུང་བས་ཕུལ། དབུས་ཀྱི་གཡོན་མར་དམིགས་ལ། ལེགས་ལྡན་ལྕམ་དྲལ་ལྟ་བུ་རང་གིས་བརྟེན་པའི་སྲུང་མ་འཇིག་རྟེན་འདས་པ་བྱེ་བྲག་དང་། སྤྱི་ལ་ཡང་དམིགས་ཏེ་ཕུལ། གཡས་ཀྱི་གཡས་དེ། གོང་གི །ཨོཾ་ཨིནྡྲ་ཡ་ཧྲཱིཿསོགས་ལན་བཞིས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་ཚོགས་དང་། རང་གིས་བརྟེན་པའི་སྲུང་མ་འཇིག་རྟེན་པ་ལའང་དབུལ། གཡོན་གྱི་གཡོན་ཏེ། འགྲོ་བ་ཁམས་གསུམ་རིགས་དྲུག་ཐམས་ཅད་པར་དམིགས་ཏེ། ཨ་ཀཱ་རོ་ལན་བརྒྱད་ཀྱིས་བསྔོས་བས་ཚིམ་པར་བསམ། མགྲོན་དེ་ཐམས་ཅད་ཀྱང་ཁྲོ་ཆེན་གཤིན་རྗེ་གཤེད་ཀྱི་རོལ་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཨརྒྷཾ་སོགས་པས་ཀྱང་མཆོད། ཧཱུྃ། ཐུགས་རྗེ་ཆེ་པོའི་དབྱིངས་ནས་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཁྲོ་བོ་ཀུན་གྱི་རྗེ། །ཐབས་དང་ཤེས་རབ་གཉིས་མེད་ཆོས་ཀྱི་སྐུ། །ཁྲོ་རྒྱལ་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་གཤིན་རྗེ་གཤེད་ལ་སོགས། །བླ་མ་བདེ་གཤེགས་མ་ལུས་པ་དང་། །ཡ་མ་རཱ་ཙ་ལ་སོགས་ཏེ། ལས་ཀྱི་གཤིན་རྗེུ་གདུག་པ་ཅན། །གཏུམ་པོ་འཇིག་བྱེད་ཕོ་མོའི་ཚོགས། །བྱེ་བ་ཐེར་འབུམ་འཁོར་དང་བཅས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཀའ་ཡི་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གིས་ཕྲིན་ལས་མཛོད། །གཞན་ཡང་འདོད་དོན་གང་ཡིན་གྱི་གསོལ་བ་དྲག་ཏུ་གདབ། སླར་ཡང་མགྲོན་ཐམས་ཅད་ལ་དམིགས་མཆོད་པ་བསྡུས་པ་གཅིག་བྱས་ལ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་ཁྲོ་ཆེན་པོ༔ ཁམས་གསུམ་སྐྱེ་འགྲོ་འཇམ་དཔལ་དཀྱིལ་འཁོར་ཆེར༔ གུས་པས་མཆོད་བསྟོད་གསོལ་བཏབ་བྱིན་གྱིས་རླབས་ཀྱིས༔ བླུན་རྨོངས་བློ་ཡི་རབ་རིབ་བསལ་བ་དང་༔ བདུད་དང་ལོག་འདྲེན་བར་ཆད་ཐུལ་བ་དང་༔ གྲིབ་དང་མི་གཙང་གཅོང་ནད་ཞི་ལ་སོགས། །འདོད་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ༔ ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་༔ མཐུ་དང་རྫུ་འཕྲུལ་ནུས་སྟོབས་ཆེ་བ་དང་༔ འཇིག་རྟེན་སྣང་སྲིད་ཟིལ་གྱིས་ནོན་པ་དང་༔ ངན་སོང་ཐམས་ཅད་སྟོང་པར་གྱུར་ལ་སོགས༔ དཔལ་ཆེན་ཁྱེད་དང་མཐུ་རྩལ་མཉམ་པར་ཤོག༔ ཅེས་དངོས་གྲུབ་ཞུ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་མུཿ སརྦ་ལོ་ཀ་གཙྪཿ གཏོར་མགྲོན་གཤེགས་སུ་གསོལ། ཐུན་མཚམས་སྤྱོད་ལམ་ཀུན་ལྷ་སྐུ་སྒྱུ་མ་ལྟ་བུ་དང་མི་བྲལ་བའི་ལམ་ཁྱེར་གསུམ་ལ་བསླབ་པ་དང་། ཐུན་ཀུན་གྱི་ཐོག་མཐར། སྲུང་འཁོར་གྱི་དམིགས་པ་དྲན་ཅིང་སྔགས་ཅི་རིགས་བགྲངས་ལ། ལྟས་འཚུབས་པའི་སྐབས་སུ་བགེགས་དྲག་ཏུ་བསྐྲད་སྲུང་འཁོར་དང་གཏོར་མ་ལ་འབད་པ་ཡང་ཞལ་གྱི་གདམས་པའོ། །ཚོགས་ཀྱི་འཁོར་ལོ་བྱ་བ་ནི། སྒྲུབ་པའི་སྐབས་སུ་འཇུག་ཆེ་ཡང་། འདིར་བཤད་ན་སྟབས་བདེ་བས། དེ་ཡང་ཚོགས་རྫས་ཡོ་བྱད་འདུ་བྱས་ལ། ཨོཾ་ཡ་ནཱནྟ་ཀ་ཧཱུྃ་ཕཊ། ཅེས་དང་། ཨོཾ་སརྦ་བིགྷྣན་ཏ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བདུད་རྩི་རྡོ་རྗེའི་ཆུ་འཐོར་ལ། ཧཱུྃ། བདག་ཉིད་འཇམ་དཔལ་ཁྲོ་བོའི་ཐུགས་ཀ་ནས། །ཧཱུྃ་ལས་ཡི་གེ་རྃ་ཡྃ་ཁཾ་གསུམ་འཕྲོས། །མེ་རླུང་ཆུ་ཡིས་ཚོགས་ཀྱི་དངོས་འཛིན་དྲི། །བསྲེག་གཏོར་བཀྲུས་ནས་གཙང་མ་རྙོགས་མེད་གྱུར། །རྃ་ཡྃ་ཁཾ། ཞེས་ལན་གསུམ་བརྗོད་པས་ཚོགས་ཀྱི་སྐྱོན་ཐམས་ཅད་དག་པར་བསམ། དེ་ནས་བྱིན་རླབས་ནི། ཧཱུྃ། སླར་ཡང་དཔའ་བོ་འབྲུ་ལྷ་ཚོགས་ལ་འཕྲོས། །སྒྲ་དང་བཅས་པས་ཚོགས་རྣམས་འོད་དུ་ཞུ། །ཡེ་ཤེས་བདུད་རྩི་འོད་ཕུང་ལྡེམས་སེ་ལྡེམ། །འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་བརྗོད་པས་ཚོགས་རྫས་བདུད་རྩིའི་རང་བཞིན་བསམ། ཚོགས་ཀྱི་ཡུལ་སྤྱན་དྲངས་པ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུ་ཀུན་བཟང་ཀློང་ཡངས་ནས། །མ་འགག་གཟུགས་ཀྱི་སྐུར་བཞེངས་འཇམ་དཔལ་ལྷ། །ཞི་ཁྲོའི་དཀྱིལ་འཁོར་གཞན་ཡང་བསྐང་འོས་མགྲོན། །མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ཡོན་ཏན་ལྷུན་གྲུབ་ཚོགས་ཁང་འདིར། །ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བྃ་ཧོཿཏིཥྛ་ལྷན། དེ་ནས་ཚོགས་ཕུད་རིམ་བཅད་ལ། དང་པོ་ཕུལ་ལ། ཧཱུྃ། བཅོམ་ལྡན་གཏུམ་ཆེན་གཤིན་རྗེ་གཤེད་ཀྱི་འཁོར། །གཞན་ཡང་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ལ། །ཕྱི་ནང་གསང་མཆོད་བདུད་རྩི་སྨན་རཀ་གཏོར། །རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་ཚོགས་མཆོད་འབུལ། །ཐུགས་དམ་གཉན་པོ་བསྐོང་ཕྱིར་བཞེས་ནས་ཀྱང་། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་ཚོགས་བཤགས་ནི། ཧཱུྃ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འཇམ་དཔལ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ། །ལོངས་སྤྱོད་འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་སརྦ་ས་མ་ཡ་སོགས་བརྗོད། ཐ་མ་བསྒྲལ་བསྟབ་ནི། བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། ཚོགས་སྣོད་དེ་ཉིད་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ། ཚོགས་རྫས་དགྲ་བགེགས་དངོས་སུ་གསལ། བདག་ཅག་གི་སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་སྟེ། ལུས་ངག་ཡིད་ལ་གནོད་འཚེ་བར་ཆད་དགྲ་བགེགས་ཐམས་ཅད་གཅིག་ཏུ་དྲིལ་ནས་གཟུགས་ལིངྒ་ལ་ཐིམ་པར་གྱུར། བདེན་སྟོབས་ཀྱིས་བཀུག་ལ། ཧཱུྃ། བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན། །བླ་མ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས། །སྐད་ཅིག་ཙམ་གྱིས་གཟུགས་ལིང་འདི་ལ་ཁུག །ཛཿཧཱུྃ་བྃ་ཧོཿ བསྒྲལ་བ་ནི། ཧཱུྃ། དུག་ལྔའི་ལས་ཀྱིས་བསགས་པའི་བག་ཆགས་རྣམས། །སྐུ་གསུམ་སྐུ་ལྔའི་ཀློང་དུ་ད་ལྟ་སྒྲོལ། །མ་རིག་བདག་འཛིན་ཨ་འཐས་རུ་དྲ་འདི། །རང་ཤེས་རིག་པའི་དབྱིངས་སུ་མཱ་ར་ཡ་ཕཊ། །ཞལ་དུ་བསྟབ་པ་ནི། ཧཱུྃ། ཉོན་མོངས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས། །ཞལ་དུ་སྟོབས་ཤིག་གཤིན་རྗེའི་ལྷ་ཚོགས་ཀྱི། །ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་བསྟིམ། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་བྷྱོཿཨ་མུ་ཀ་ནྲྀ་ཏྲིཿཤ་ཏྲཱུྃ་མཱ་ར་ཡ། མཧཱ་མཱཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་ཚོགས་ལ་རོལ་པས། བརྡ་དང་བརྡ་ཡིས་ལེན་པ་སྔོན་དུ་འགྲོ་བས་རྫས་ལ་ལོངས་སྤྱོད། གསང་བའི་མཆོད་པས་ཀྱང་དགྱེས་པའི་དམ་ཚིག་བཟུང་ཚོགས་ལྷག་འབུལ་བ། ཞལ་ཆབ་བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བརྗོད་ནས་བྱིན་བརླབས་ལ། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོའི་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་ལ་དགྱེས་པས་མཆོད། །ཐ་མ་ཆོས་རྣམས་རྒྱུ་འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་འཁོར་ནི། །དྲེགས་པ་ཕོ་མོ་མ་སྲིང་གིང་ལ་སོགས། །དུར་ཁྲོད་བདག་བྱེད་བརྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླངས་དམ་བཅའ་མ་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་སྒྲུབས། །ཨུཙྪཱིཥྚ་བ་ལིནྟ་ཁཱ་ཧི། ཞེས་བྱང་ཤར་གཙང་མའི་གནས་སུ་བསྟབ། གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་སྨོན་ལམ་བཏབ་བོ། །ད་ནི་སྤྱི་དོན་གཉིས་པ། སྒྲུབ་པ་དུས་ཀྱི་བསྙེན་པ་ནི། གོང་གི་ནར་མའི་བསྙེན་པ་ལ་གོ་བ་ཆགས་ན། སྒྲུབ་གཞུང་ཉིད་ཤིན་ཏུ་ཁ་གསལ་བས། དེ་ཁོ་ན་ལྟར་ཉམས་ས་བླངས་པས་འགྲུབ་པའོ། །འདིར་ས་བཅད་ཙམ་སྨོས་ན། བྲིས་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ། དཀྱིལ་འཁོར་བྲིས་པའི་དབུས། རྐང་གསུམ་ཁར་ཐོད་པ་གྱ་རིལ་ཐུན་རྫས་ཀྱིས་བཀང་བའི་སྟེང་། ཨག་རྩེ་ར་པུར་བུ་ལྷ་སྔགས་ཅན་འཛུགས། དར་ནག་གི་གུར་ཕུབ། མཐར་བསྐོར་དྲག་པོའི་མཆོད་རྫས་སྤྱན་གཟིགས་བག་དྲོ་བཤམ། བཅས་འདི་རྣམས་གོང་གི་བསྙེན་པའི་སྐབས་ཉིད་ནས་བཅའ་ན་ལེགས། ཞེས་མན་ངག་ལས་འབྱུང་། དེ་ནས་སྔོན་འགྲོ་གཏོར་མ་བགེགས་བསྐྲད་མཚམས་བཅད་དང་། སྐྱབས་སེམས་ཚོགས་བསགས་སྲུང་འཁོར་རྣམས་གོང་ནས་བཤད་བཞིན་མཐར། གཙུག་ཏོར་འཁོར་ལོས་བསྒྱུར་བ་འོད་གསལ་རུ་བསྡུས་པའི་བར་བསྟར་ཆགས་སུ་བྱས་ལ། དེ་ནས་སྐད་ཅིག་དྲན་པའི་རིག་པར་ངར་བསྐྱེད་ལ། ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནས་མཆོད་འབུལ་བར་གཞུང་བཞིན་བྱ། འོན་ཀྱང་འདིར། བདག་དང་མདུན་གྱི་ཕུར་པ་དེ་ལྷ་རུ་ལྷན་ཅིག་བསྐྱེད་དགོས། དེ་ནས་བསྟོད་པས་གཞུང་ནས་འབྱུང་བ། ཧཱུྃ། ཡ་ལས་བྱུང་བའི་གཤིན་རྗེ་ནག་པོ་ནི། །སོགས་ཀྱིས་བསྟོད་པའམ། ཡང་བསྡུ་ན་སྤྱན་འདྲེན་མན་ཆད་གོང་དུ་བཤད་བཞིན་པས་རུང་། དེ་ནས་བཟླས་པའི་རིམ་པ། རྩ་བ་བདག་བསྐྱེད་ཀྱི་ཛབ་དགོངས་ཤས་ཆེ་ཞིང་། དེ་ཡང་མདུན་བསྐྱེད་དང་སྔགས་ལྷན་ཅིག་བཟླས་པར་བསམས་ལ་ཐུན་གསུམ་གྱི་ཆ་གཉིས་བྱ། ཐུན་གཅིག་མདུན་བསྐྱེད་དང་འོད་ཟེར་མགལ་མེད་ཀླད་འཁོར་ལྟར་བྱ། དེའི་མདུན་བསྐྱེད་ཀྱི་ནུས་པ་ཕར་པ་དང་རྫས་ལ་བསྟིམ། གང་ལྟར་དམིགས་པའི་ངོ་བོ་གཏེར་གཞུང་ནས་གསུངས་པ་འདི་ལྟ་སྟེ། བདག་ཉིད་གཙོ་མཆོག་ཐུགས་ཀར་ཉི་མའི་སྟེང་། །གནམ་ལྕགས་མཆོད་རྟེན་ཁྲི་འཕང་དགུ་པའི་དབུས། །བྲ་ཡི་ནང་དུ་རྡོ་རྗེ་ཧཱུྃ་གིས་མཚན། །བུམ་པའི་ནང་དུ་བེ་ཅོན་ཡ་ཡིས་མཚན། །རི་རབ་ནང་དུ་ཐོད་དབྱུག་བྷྱོཿཡིས་མཚན། །མཆོད་རྟེན་ཕྱི་སྐོར་སྔགས་བྲུ་འདི་དག་རྣམས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་བྷྱོཿ གསལ་འཚེར་གཟི་བརྗིད་ལྡན་པར་དམིགས་ནས་ཀྱང་། །ངག་ཏུ་བརྗོད་པས་སྔགས་རྣམས་སྐད་དང་བཅས། །གཡས་སུ་འཁོར་ཞིང་སྔགས་ལས་འོད་འཕྲོས་པས། །ཕྱི་ནང་སྣང་སྲིད་ཡོངས་ལ་ཕོག་པ་ཡིས། །ནུས་མཐུ་བཅུད་བསྡུས་སྔགས་ལ་ཐིམ་པས་ཀྱང་། །བཀྲག་དང་ནུས་མཐུ་འོད་ཟེར་འབར་དམིགས་ཤིང་། ཡིག་འབྲུ་བསྐོར་ལ་བཟླས་ལ་དྲག་ཏུ་བྱ། །དེ་ལྟར་ཕྱོགས་ཀྱི་གཤེད་ཆེན་བཞི་ལ་ཡང་། །བཟླས་པའི་འཁྲུལ་འཁོར་གཙོ་དང་མཐུན་པར་བྱ། །དེ་ནི་བདག་བསྐྱེད་བཟླས་པའི་རིམ་པ་སྟེ། །མདུན་བསྐྱེད་དག་ཀྱང་ཚུལ་ལུགས་དེ་ལྟར་ལས། །ཐོད་པ་དུར་ཁྲོད་གཞལ་ཡས་ཁང་དུ་བསྐྱེད། །སྔགས་ཀྱི་རྣལ་འབྱོར་འགལ་མེའི་འཁྲུལ་འཁོར་བྱ། །ཐུན་གསུམ་ལ་ནི་ལྷ་ཚོགས་ཕུར་པ་དང་། །ཐོད་པའི་ཐུན་རྫས་རྣམས་ལ་བསྟིམ་པར་བྱ། །དེ་ལྟར་རྣམས་ཀྱིས་བསྙེན་ཅིང་བསྒྲུབ་ལ་འབད། །ཅེས་པ་ཇི་བཞིན་པའོ། །དེ་ལྟར་བསྒྲུབས་པའི་རྟགས་ཀྱི་རིམ་པ། སྤྱིར་བསྙེན་པའི་སྐབས་དང་འདྲ་ལ། བྱེ་བྲག་ཏུ་ཡང་འདི་ལྟར་གསུངས་ཏེ། དེ་ལྟར་རིམ་པས་བསྙེན་ཅིང་བསྒྲུབ་པ་ཡིས༔ རྟགས་དང་མཚན་མའི་རིམ་པ་འདི་ལྟར་འབྱུང་༔ དངོས་དང་ཉམས་སྣང་རྨི་ལམ་ལ་སོགས་པར༔ རབ་འབྲིང་ཐ་མའི་བློ་དང་མཐུན་རྣམས་ལ༔ ཞལ་སྟོན་ཉམས་འབར་སྔགས་ཀྱི་སྒྲ་སྒྲོགས་དང་༔ ལུང་སྟོན་ཆོས་སྨྲ་ཕུར་པ་འཕུར་བ་དང་༔ ཐོད་པ་འཚེགས་དང་ཐུན་འཁོར་འོད་ཆེན་འབར༔ ཐོག་དང་སེར་བ་བབ་སྙམ་འཇིགས་སྐྲག་སྔགས༔ བག་དྲོ་བྱིན་ཆགས་རང་སྣང་འགྱུར་བ་དང་༔ ཁྲོམ་ཚོགས་དམག་འདུས་དར་ཕྱར་དུང་འབུད་དང་༔ ཉི་ཟླ་འཆར་དང་ཁྲུས་བྱས་གོས་གསར་གྱོན༔ གཅན་གཟན་བཏུལ་ནས་བྲན་བཀོལ་བྱ་གཅན་བཟུང་༔ དེ་སོགས་གཞན་ཡང་བསམ་གྱིས་མི་ཁྱབ་འབྱུང་༔ དེ་དག་རྣལ་འབྱོར་རང་རང་རིག་པས་དཔྱད༔ ཅེས་པ་ཉིད་དོ། །སྒྲུབ་པའི་སྐབས་འདིར། ཐུན་མཚམས་རྣམས་སུ་ཚོགས་གཏོར་ངེས་པར་གལ་ཆེ་བས། དེ་ཡང་གྲུབ་ན་ཉིན་མཚན་གུང་གཉིས་ཟེར་གཉིས་སུ་བྱ། མ་ལྕོགས་ཚེ་གུང་གཉིས་གང་རུང་གཅིག་ལ་བཏང་། སྲོད་ཐུན་ལ་ཚོགས་བྱ་བ་ཡིན་ནོ། །བསྙེན་སྒྲུབ་ཐེམས་ནས། བྱད་ཟློག་གཏོར་མ་ལ་བརྟེན་པའི་བཅས་གཞུང་བཞིན་བྱས་ལ། གཏོར་མའི་རྗེས་སམ་ཁྱད་པར་དགོངས་མོ་དམར་ཐག་སྐབས་གཏོར་ཟོར་རེ་ངེས་པར་བྱ་སྟེ། ཟློག་སྔགས་དམིགས་པ་ངར་བསྐྱེད་དེ་འཕང་། གལ་ཏེ་གཏོར་ཟོར་འཕང་བ་མི་བྱེད་ན་ཡང་། ཉི་མ་དམར་ཐག་གིས་སྐབས་སུ་ཟློག་སྔགས་བརྒྱ་རྩ་བརྒྱད། བདེན་སྟོབས་ལན་གསུམ་བཅས་ཐལ་མོ་བརྡེབ་པ་ནི་མ་ཆག་པར་བྱ་སྟེ། དེ་ནི་གཞན་གྱིས་མི་ཐུབ་པའི་ནུས་པ་ཟླ་མེད་པའོ། །དེ་རྗེས་རང་ཉིད་འཁོར་བཅས་ལ་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་ཅི་ལྟར་རིགས་པ་བཟླ་བའང་མན་ངག་གོ །རྗེས་ཀྱི་རིམ་པ་ནི། མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླས་ལ། མ་འབྱོར་པ་དང་ཉམས་པ་སོགས་ནས། བཟོད་པར་གསོལ། ཞེས་ལན་གསུམ་གྱིས་ནོངས་པ་བཤགས་ལ། གོང་བཞིན་གཤེགས་སུ་གསོལ་དཀྱིལ་འཁོར་བསྡུ་བའི་རྫོགས་རིམ་ནི། སྣང་སྲིད་གཞལ་ཡས་ཚོགས་དང་བཅས་པ་རྣམས། །རང་ལ་བསྡུ་ཞིང་རང་ཡང་ཐུགས་ཀ་ཡི། །ཡིག་འབྲུ་བཅས་པ་མཆོད་རྟེན་དག་ལ་སྟེ། །དེ་ཉིད་ཧཱུྃ་ཡ་བྷྱོཿགསུམ་དག་ལ་བསྡུ། །དེ་གསུམ་དག་ཀྱང་རིམ་གྱིས་མས་རིམ་བཞིན། །གཅིག་ལ་གཅིག་ཐིམ་ཧཱུྃ་ལ་ཐིམ་ནས་ནི། །ཧཱུྃ་ཉིད་དམིགས་མེད་མཁའ་ལ་འཇའ་ཡལ་ལྟར། །ཞེན་མེད་རྟོག་བྲལ་ཁྱབ་བདག་རོལ་པར་བལྟ། །ཞེས་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་ལ་ཅི་ནུས་སུ་མཉམ་པར་གཞག །སླར་ཡང་སྔགས་ཀྱི་རང་སྒྲས་འཇམ་དཔལ་དཔའ་བོའི་སྒྲར་ལྡང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་སོགས་བསྔོ་སྨོན་བཟང་པོས་རྒྱས་བཏབ། བཟང་པོས་རྒྱས་བཏབ། བཀྲ་ཤིས་ཚིག་ངག་གི་སྦྱོར་བ་རྒྱ་ཆེར་སྤེལ་ལོ། །ལྷ་མཆོག་གཤིན་རྗེ་གཤེད་ནག་པོའི། །བསྙེན་པའི་རིམ་པ་གསལ་ཕྱེས་ཤིང་། །སྒྲུབ་པའི་གནད་ཀྱང་ཇེ་སྙེད་བཅས། །དབང་ཕྱུག་དམ་པས་བཞེད་བཞིན་བཀོད། །བཅོས་ལྡན་འཇམ་དཔལ་ནག་པོ་སྒྲུབ་པའི་ཐབས། །གཤོར་དང་ཁ་ཐུན་ཚེ་བདག་ཀུན་གྱི་བཅུད། །ཟླ་མེད་གཅིག་ཆོག་རྡོ་རྗེ་ཕ་ལམ་ཆེ། །ཐུགས་ཀྱི་ཡང་ཞུན་ཡིན་ཞེས་ཀུན་ཏུ་བསྔགས། །གང་གི་ཚུལ་འདི་ཅུང་ཟད་བཤད་པ་ཡི། །དགེ་བས་ཀྱང་ནི་རྒྱལ་བསྟན་སྙིང་པོ་དར། །ས་དབང་ཐུགས་བཞེད་དམ་པའི་ཆོས་བཞིན་འགྲུབ། །སྐྱེ་དགུས་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་། གངས་ཅན་དབྱིག་འཛིན་ལ་དབང་བསྒྱུར་བ་མའི་ལྷ་གཅིག་པུ་བླ་མེད་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཆོས་ཀྱི་རྒྱལ་པོ་འགྱུར་མེད་ཕྱོགས་ལས་རྣམ་རྒྱལ་མི་འཇིགས་དབང་པོའི་སྡེའི་ཞལ་སྔ་ནས་བཀའ་ལུང་ཡང་ཡང་སྩལ་བ་ལ་བརྟེན་མེ་ཡོས་སྨིན་དྲུག་ཟླ་བའི་ཤར་ཕྱོགས་དགའ་བ་དང་བཟང་པོ་གཉིས་པར་བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རིར་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་གྲུབ་པར་སྦྱར་བ། སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ། དགེའོ། །