གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་སྨིན་བྱེད་དབང་གི་རིམ་པ་གསང་བ་མཆོག་གི་གཏེར་སྒོ།

༈ གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་རིམ་པ་གསང་བ་མཆོག་གི་གཏེར་སྒོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་ཛྙཱ་ན་ཌཱཀི་ནཱི་ཡེ༔ མཁའ་འགྲོའི་འཁོར་བསྒྱུར་པདྨ་འབྱུང༔ སྤྲུལ་བ་རྗེ་འབངས་གྲུབ་རིག་གྱིས༔ གཏེར་ཁ་བྱེ་བ་བསམ་ཡས་སྦས༔ དུས་ལ་བབས་ཚེ་འབྱིན་ལུང་བསྟན༔ ཁྱད་པར་བཻ་རོ་མཚོ་རྒྱལ་དང༔ ནམ་སྙིང་ཐུགས་སྲས་རྣམ་གསུམ་གྱི༔ ཡེ་ཤེས་མཁའ་འགྲོའི་སྙིང་གི་ཁྲག༔ ཟབ་མོའི་བཅུད་དྲིལ་གདམས་པ་བསྟན༔ ས་གསུམ་མཁའ་འགྲོ་ཇི་སྙེད་པ༔ ཕག་མོ་གཅིག་གི་ཡེ་ཤེས་སྟེ༔ གཙོ་དང་འཁོར་གྱི་རྣམ་པ་རུ༔ སྒྲུབ་ཚུལ་ཀུན་ལས་གསང་ཡེ་མའི༔ གདམས་པ་འདི་ཉིད་ཟབ་པའི་བཅུད༔ དེ་ལ་སྨིན་བྱེད་དབང་སྐུར་དང༔ བསྙེན་ཅིང་སྒྲུབ་པའི་མན་ངག་དང༔ ཕན་གནོད་ལས་ཚོགས་དཔག་མེད་དང༔ གྲོལ་བྱེད་ཁྲིད་ཡང་མང་དུ་གསུང༔ སྐབས་འདིར་སྨིན་བྱེད་རིམ་པ་ལ༔ སྔོན་འགྲོ་སྟ་གོན་ཆོ་ག་དང༔ དངོས་གཞི་ཐུན་མོང་ཐུན་མིན་དབང༔ རྗེས་སུ་གདམས་གཏད་བཅས་པའོ༔ དང་པོ་ཉེར་སྤྱད་བསག་པ་ནི༔ དཀྱིལ་འཁོར་གཞུང་བཞིན་བཤམས་པ་ལ༔ མཁའ་འགྲོའི་གཏོར་མའི་མདུན་དུ་སྨན་རཀ་གཏོར་གསུམ༔ ཚོགས་རྫས༔ སྲུང་མའི་གཏོར་མ༔ སྐྱེམ་ཕུད༔ དཀྱིལ་འཁོར་ལ་དལ་གྱི་ཡོལ་བ༔ བསང་ཆུ༔ བུམ་པ་ལྔ་འམ་གཙོ་བུམ་དང་ལས་བུམ་གཉིས༔ ཡུང་དཀར་མཆོད་འབྲུ་སོགས་སྤྱི་ལ་དགོས་པ་དང༔ སྟ་གོན་ལ༔ རྣམ་ལྔ་སྣོད་གཅིག་མ༔ མེ་ཏོག་འབུལ་ཡུལ་རིགས་ལྔའི་དཀྱིལ་འཁོར༔ བགེགས་གཏོར༔ ཁྲུས་བུམ༔ དུང་ཆོས༔ སོ་ཤིང༔ སྲུང་སྐུད༔ ཀུ་ཤ༔ མེ་ཏོག༔ མིག་རས༔ གསེར་ཐུར༔ སྐུ་བུམ་པ་ལྔ༔ གསུང་དབྱངས་གསལ༔ ཐུགས་རིགས་ལྔའི་ཕྱག་མཚན༔ ཡོན་ཏན་འོད་ལྔའི་ཐིག་ལེ༔ འཕྲིན་ལས་འབྱུང་བ་ལྔ༔ ཡེ་ཤེས་དབབ་པའི་རྫས༔ དབང་དངོས་ལ༔ ཕན་པའི་དབང་ལ་རིགས་ལྔའི་ཆུ་དང༔ ཅོད་པཎ༔ རྡོ་རྗེ༔ དྲིལ་བུ༔ རྡོ་རྗེ་བསྣོལ་མའོ༔ ནུས་པའི་དབང་ལ་མཁའ་འགྲོ་གསུམ་མམ་ཡི་གེ་ཧྲཱི་བྂ་ཨོཾ་གསུམ་པོ་སོ་སོ༔ ནུས་པ་མཆོག་གི་དབང་ལ་རིགས་བདག༔ གཙོ་མོ༔ གཙོ་བོ༔ རིགས་བཞིའི་དཔའ་བོ༔ རིགས་བཞིའི་མཁའ་འགྲོ༔ ཐུགས་འཁོར་ཡབ་ཡུམ་བརྒྱད༔ གསུང་འཁོར༔ སྐུ་འཁོར༔ སྒོ་མ་བཞི་བཅས་ལྷ་ཙཀ་ཆ་ཚང་དགོས༔ གསང་དབང་ལ་བདུད་རྩི༔ ཤེས་དབང་ལ་རིག་མ༔ ཚིག་དབང་ལ་མར་མེའམ་ཤེལ་རྡོ༔ རྗེས་གནང་ལ༔ ༡སྐུ་དང་ཕྲེང་བ༔ ༢དུང་དང་གླེགས་བམ༔ ༣སྨན་རཀ་གཏོར་གསུམ༔ ༤དུར་ཁྲོད་ཆས་བརྒྱད༔ ༥ཡུམ་ལྔ༔ ༦ཕུར་བུ༔ ༧མེ་ལོང་རྡོ་རྗེ་བཅས་བདུན་ནོ༔ བཀྲ་ཤིས་ཚེ་དབང་ལ༔ ༡ཚེ་འབྲང་། ༢ཚེ་ཆང་། ༣ཚེ་རིལ༔ ༤ཚེ་མདའ་བཞིའོ༔ མངའ་གསོལ་ལ༔ ༡རྟགས་བརྒྱད༔ ༢རྫས་བརྒྱད༔ ༣སྣ་བདུན་སྟེ་གསུམ་ཀའང་སོ་སོ་དགོས་སོ༔ དང་པོ་སྟ་གོན་འཇུག་པ་ལ༔ བགེགས་བསྐྲད་འཇུག་པའི་གསོལ་འདེབས་དང༔ ཁྲུས་དང་སྒོ་དབྱེའི་ཞུ་ལེན་དང༔ སྒོ་ཕྱག་སོ་ཤིང་སྲུང་སྐུད་རྩྭ༔ སྤྱན་དབྱེ་དམ་བསྒྲག་སྒྲུབ་ལུང་སྦྱིན༔ སྟ་གོན་དབང་དང་བཅུ་གསུམ་མོ༔ དང་པོ་བགེགས་བསྐྲད་ཆོ་ག་ནི༔ གཏོར་མ་བྱིན་གྱིས་བརླབས་ནས་སུ༔ ཧཱུྂ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ ཐམས་ཅད་ཐུགས་དམ་བསྐང་ཟིན་གྱིས༔ རང་རང་གནས་སུ་བཀའ་བསྩལ་དེངས༔ སྔགས་ཀྱིས་གཟིར་ཞིང་ཐུན་གྱིས་བྲབ༔ སྟོང་ཉིད་རྡོ་རྗེའི་སྲུང་འཁོར་ནི༔ ཧཱུྂ༔ ཡེ་ནས་ཁྲོ་མོ་འབར་བའི་དཀྱིལ་འཁོར་དུ༔ སྣོད་བཅུད་སྣང་གྲགས་གསལ་སྟོང་ཡེ་ཤེས་ངང༔ རཱུ་དྲ་དགྲ་བགེགས་གཉིས་འཛིན་ཀ་ནས་དག༔ ལྷ་དང་འདྲེ་ཞེས་མ་གྲུབ་རང་གི་སེམས༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཧཱུྂ༔ འདི་ལྟར་མ་རིག་འཁྲུལ་བའི་རང་གཟུགས་ལས༔ སྡུག་བསྔལ་གྲོང་ཁྱེར་འཁོར་བའི་སེམས་ཅན་བྱུང༔ སུས་ཀྱང་མ་བཅོས་ལྷུག་པའི་སེམས་ཉིད་འདི༔ སྐད་ཅིག་དྲན་རྫོགས་སྒྱུ་ལུས་ཁྲོས་མ་ནག༔ ཐུགས་ཀའི་ཧཱུྂ༔ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་མེ་འོད་འཕྲོས༔ བར་ཆད་འབྱུང་བོ་བརླག་ཅིང་སྲུང་འཁོར་གྱུར༔ ཕྱི་དང་ནང་མེད་རོལ་བ་ཆེན་པོའི་ཀློང༔ བཛྲ་ཙཱཀྲ་རཀྵ་རཀྵ་ཧཱུྂ་བྷྲཱུྂ༔ གཉིས་པ་འཇུག་པའི་གསོལ་འདེབས་ནི༔ ཀྱེ་ཧོ༔ སྒོ་བ་ཡབ་ཡུམ་གསན་ཅིང་དགོངས༔ བདག་ཅག་རིང་མོའི་དུས་ཉིད་ནས༔ དཀྱིལ་འཁོར་འཇུག་པ་ཡིད་ལ་བཅག༔ དམ་ཚིག་དགོངས་ཏེ་གཞུག་ཏུ་གསོལ༔ གསོལ་བ་བཏབ་ཚེ་སྒོ་མ་ཡིས༔ གསང་བ་ཡེ་ཤེས་བཀའ་བཞིན་དུ༔ འཇུག་པར་རུང་ཞེས་གནང་བ་སྦྱིན༔ གསུམ་པ་སྒྲིབ་སྦྱོང་ཁྲུས་ཆུ་ནི༔ སློབ་མ་ཐ་མལ་སྤྱི་གཙུགས་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱིས་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀ་ཧཱུྂ༔ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབས༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཡིག་བརྒྱ་བསྒྲགས་ཤིང་ཁྲུས་ཆུ་སྦྱིན༔ བཞི་བ་ཞུས་ལེན་བྱ་བ་ལ༔ སློབ་མ་རྣམས་ཀྱི་སྲིན་ལག་སྦྲེལ༔ མིག་དར་བཅས་པས་ཕྱི་སྒོ་ནས༔ འདི་ལྟར་གསོལ་བ་གདབ་པར་བྱ༔ ཀྱེ་ཧོ༔ ཡེ་ཤེས་ཕོ་བྲང་སྐྱོང་མཛད་པའི༔ ཁྲོ་བོ་ཁྲོ་མོ་མི་བཟད་པ༔ འཇིགས་པའི་གཟུགས་ཅན་གཏུམ་ལ་རྔམས༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བདག་ཅག་མ་རིག་སེམས་ཅན་ཚོགས༔ རིགས་དྲུག་འཁོར་བའི་ལམ་བཀག་པ༔ བླ་མེད་བྱང་ཆུབ་སྒྲུབ་པའི་ཕྱིར༔ ཁྱོད་ཀྱིས་བདག་ཅག་ནང་དུ་གཞུག༔ སྒོ་བའི་ཚབ་ཏུ་ལས་ཀྱི་རྡོར་གྱིས༔ ཧོ༔ སྔོན་སྦྱང་བསྐལ་བ་མི་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་སྡུག་ཕྱི་མ་སྡུག༔ ལས་འཕྲོ་མེད་རྣམས་ཕྱིར་དེངས་ཤིག༔ ལན་ཏུ་ནན་གྱིས་གསོལ་འདེབས་ནི༔ ཧོ༔ བདག་ཅག་བསྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བཀའ་སྒྲུབ་དབང་ཞུ་དམ་ཚིག་སྲུང༔ གསང་སྔགས་རྡོ་རྗེར་འཇུག་པར་ཞུ༔ ལས་ཀྱི་སློབ་དཔོན་ཕྱག་རྒྱ་བཅས༔ ནང་དུ་སྒོ་ཕྱེས་ནང་དུ་ཁྲིད་པར་བསམ༔ བླ་མའི་མདུན་དུ་ཕྱག་འཚལ་ཚེ༔ དཀྱིལ་འཁོར་གཙོ་བོས་འདི་སྐད་གསུང༔ ཧོ༔ གསང་བ་ཡེ་ཤེས་དཀྱིལ་འཁོར་དུ༔ འཇུག་སྤྲོ་དངོས་གྲུབ་འཚལ་བ་ན༔ ལྷ་དང་སྙིང་པོ་བསྒྲུབ་པ་དང༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ དྲིས་པའི་ལན་དུ་འདི་ལྟར་གདབ༔ བླ་མའི་གང་གསུང་བཀའ་བཞིན་དུ༔ ཡི་དམ་གསང་བའི་དཀྱིལ་འཁོར་ལ༔ དངོས་གྲུབ་རྣམ་གཉིས་མནོས་འཚལ་ཕྱིར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ དམ་ཚིག་གཉན་པོ་ཤིན་ཏུ་བསྲུང༔ བླ་མས་ཐལ་མོ་དང་བཅས་ཏེ༔ ཧོ༔ དཀྱིལ་འཁོར་མ་ལུས་ཐམས་ཅད་དགོངས༔ སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་དཀྱིལ་འཁོར་ཡོངས་རྫོགས་འདིར༔ བདག་གི་སློབ་མ་འཇུག་པར་བགྱི༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ལྔ་བ་ནང་གི་སྒོ་དབྱེའི་ཆོ་ཀ་ལ༔ སྒོ་ཕྱག་ཞུ་བའི་མཎྜལ་ཕུལ༔ སྡོམ་པ་གསུམ་དང་ལྡན་པར་བྱ༔ བླ་མས་དབྱེ་བའི་ཕྱག་རྒྱ་བཅས༔ བྷྲཱུྂ་པྲ་བེ་ཤ་ཡ་ཕཊ༔ སྒོ་ཕྱེས་དཀྱིལ་འཁོར་མཐོང་བ་དང༔ སྒོ་གསུམ་ལྷ་ལ་ཕྱག་མཚལ་དམིགས༔ ཨོཾ་བཛྲ་ཝཱ་རཱ་ཧཱི་དྷུ་མ་གྷ་ཡེ་སརྦ་མཎྜལ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ན་ཡཱ་མི༔ བླ་མས་སློབ་མར་འདི་ལྟར་གདམས༔ ཀྱེ༔ རིགས་ཀྱི་ཁྱོད་བསྐལ་བ་ལྡན༔ དཀྱིལ་འཁོར་པ་ཡི་ཞལ་མཇལ་བས༔ ཕྱག་འཚལ་སྡིག་བཤགས་སྡོམ་པ་བླང༔ གསང་བའི་རིམ་པ་སྤྱད་པར་གྱིས༔ སྡོམ་གསུམ་ལེགས་པར་སྲུང་སྙམས་པས༔ ཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསག་པའི་སྡིག་སྒྲིབ་བཤགས༔ འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་གསལ་སྟོང་བསྒོམ༔ ལན་གསུམ་བརྗོད་དེ་སྡོམ་པ་བཟུང༔ རྒྱས་པ་རྒྱུད་སྡེ་དག་དང་བསྟུན༔ དྲུག་པ་སོ་ཤིང་འདོར་བ་ནི༔ དངོས་གྲུབ་བརྟགས་ཕྱིར་སོ་ཤིང་གཏད༔ ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ ཡི་དམ་ཞི་ཁྲོའི་ལྷ་བརྟགས་ཕྱིར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་བབས་པར་ཤོག༔ ཨོཾ་བཛྲ་ཧཱ་ས་ཧ༔ དེ་ལྟར་དོར་བའི་བརྟགས་འབྲས་ནི༔ རང་དང་སློབ་དཔོན་མཆོག་ཡིན་ཏེ༔ སྟེང་དུ་མཁའ་སྤྱོད་འོག་ས་སྤྱོད༔ ཕྱོགས་བཞི་ལས་བཞི་མཚམས་རྣམས་སུ༔ རྩེ་མོ་བསྟན་ན་ཐུན་མོང་ལས༔ འགྲུབ་པའི་མཚན་མར་ཤེས་པར་གྱིས༔ དཀྱིལ་འཁོར་ཕྱི་རོལ་ལྟུང་བ་ལ༔ སྡིག་སྒྲིབ་སྦྱོང་བའི་ཆོ་ག་བཅས༔ བསྐྱར་ཏེ་ལམ་གསུམ་བར་ཏུ་བརྟགས༔ དེ་ལས་འདས་ན་དབང་མི་སྐུར༔ བདུན་པ་སྲུང་སྐུད་གདགས་པ་ནི༔ ཧཱུྂ༔ ཡེ་ཤེས་ལྔ་ལྡན་སྲད་པུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡོན་གྱི་དཔུང་བར་བཅིང་བ་ཡིས༔ སྒོ་གསུམ་བར་ཆད་སྲུང་བར་ཤོག༔ ཨོཾ་བཛྲ་རཀྵ་ཧཱུྂ༔ རྩ་སྔགས་བཅས་པས་བྱིན་རླབས་སྦྱིན༔ བརྒྱད་པ་རྨི་ལམ་བརྟགས་པ་ནི༔ བྱིན་རླབས་བདུད་རྩི་ལྕེ་ལ་བཞག༔ ཧོ༔ ཤྂ་ལས་བྱུང་བའི་དུང་ཕོར་ནང༔ བྂ་ལས་བྱུང་བའི་བདུད་རྩི་ཁོལ༔ སློབ་མའི་སྒོ་གསུམ་དྲི་མ་དག༔ རྨི་ལམ་གསལ་བའི་ནུས་ཐོབ་ཤོག༔ བྂ༔ ཨོཾ་ཧྲཱི་བི་ཤུདྡྷ་སརྦ་པཱ་པཾ་ནི་ཙ#་སརྦ་སཾ་ཤོ་དྷ་ནི་སརྦ་བི་ཨ་ཀལྤ་ཨ་པཱ་ན་ཡེ་སྭཱཧཱ༔ ཞེས་བརྗོད་ལག་པ་གཡོན་དུ་སྦྱིན༔ ཀུ་ཤ་ལག་པ་བསྣོལ་མར་གཏད ཧཱུྂ༔ བསྐལ་ལྡན་ལས་ཅན་རིགས་ཀྱི་བུ༔ རྩྭ་མཆོག་ཀུ་ཤ་གཙང་མ་འདི༔ དངོས་གྲུབ་རྟགས་མཚན་གསལ་བའི་ཕྱིར༔ ཁྱོད་ཀྱི་ཉལ་བའི་སྔས་སྟན་གྱིས༔ ལེགས་ཉེས་མཚན་མ་ཅི་བྱུང་ཡང༔ ནང་པར་ང་ལ་མ་གསང་སྨོས༔ ཨོཾ་བཛྲ་ཏཱིཀྵཎ་བཾ༔ ཨོཾ་བཛྲ་ཏཱིཀྵཎ་སིདྡྷི་སིདྡྷི་ཧཱུྂ༔ ཧཱུྂ༔ལས་བྱུང་བའི་ཀུ་ཤ་དེ༔ རིང་པོ་གདན་དང་ཐུང་ངུ་སྔས༔ ཐེ་ཚོམ་མེད་པར་ཉལ་བ་ན༔ ལེགས་ཉེས་རྨི་ལམ་ནང་ལ་འཆར༔ ༈ ཕྱི་ཉིན་རྨི་ལམ་དགེ་བ་དང༔ ཁྲུས་བྱས་བགེགས་བསྐྲད་ཆོས་བཤད་བྱ༔ མཎྜལ་ཕུལ་ཞིང་གསོལ་འདེབས་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ གསང་བ་ཡེ་ཤེས་དཀྱིལ་འཁོར་དུ༔ བདག་ཉིད་སྨིན་ཅིང་གྲོལ་བའི་ཕྱིར༔ འཇུག་པའི་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྂ༔ཞེས་མེ་ཏོག་གཏད༔ ལས་ཀྱི་སློབ་དཔོན་ཕྱག་ནས་འཇུས༔ བསྐོར་བ་ལན་མ་གསུམ་ཏུ་བྱས༔ མེ་ཏོག་འབུལ་བའི་དམིགས་པ་བཅས༔ ཧཱུྂ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཏུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་པྲ་ཏཱི་ཙྪ་ཧོ༔ རིགས་དང་མཐུན་པའི་མིང་གཏགས་ལ༔ མེ་ཏོག་ཅོད་པཎ་ཚུལ་དུ་སྦྱིན༔ ཧཱུྂ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་བས་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ལ་རབ་ཏུ་ཐིམ་ནས་ཀྱང༔ དངོས་གྲུབ་རྣམ་གཉིས་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧོ༔ དགུ་བ་སྤྱན་དབྱེ་གསོལ་འདེབས་ནི༔ ཧཱུྂ༔ སེམས་ཅན་ལས་ཀྱི་བསྐལ་བ་ཡིས༔ མ་རིག་རྨོངས་པའི་འགྲོ་བ་རྣམས༔ ཤིན་ཏུ་གདུང་བར་གྱུར་ལགས་ན༔ ཉོན་མོངས་སྒྲིབ་པ་བསལ་དུ་གསོལ༔ ས་མ་ཡེ་ཧཱུྂ༔ མིག་ཐུར་ཐོགས་ལ་འདི་སྐད་དོ༔ ཧཱུྂ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ མ་རིག་རྨོངས་པའི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུ༔པྲ་བེ་ཤ་ཡ་ཕཊ༔ མིག་ཕྱེ་དཀྱིལ་འཁོར་ཡོལ་བ་བསལ༔ ཕྱག་ཤིང་བརྡ་བཅས་འདི་སྐད་དོ༔ ཧཱུྂ༔ བུ་ཁྱོད་སེམས་སྩོལ་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་འདོད་པ་རབ་ཏུ་བསྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ བཅུ་བ་མཐོང་བ་འདྲི་བ་ནི༔ ཀྱེ༔ བུ་ཁྱོད་ཁ་ཐོག་ཇི་འདྲ་མཐོང༔ ཞི་བ་དཀར་ལ་རྒྱས་བ་སེར༔ དབང་དམར་དྲག་པོ་སྔོ་ལྗང་ངོ༔ ཁྲ་བོས་ལས་རྣམས་འགྲུབ་པར་འགྱུར༔ དམ་ཚིག་མནའ་ཆུ་སྦྱིན་པ་ནི༔ ཧཱུྂ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་བཏང་ཞིག༔ ས་མ་ཡ་ཧཱུྂ༔ ཇི་སྐད་བཤད་བཞིན་སྒྲུབ་སྙམ་པས༔ ཧོ༔ རྡོ་རྗེ་སློབ་དཔོན་རིན་པོ་ཆེ༔ བཀའ་བཞིན་བསྒྲུབ་པོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བསྲུང་བ་དང༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ བཅུ་གཅིག་སྒྲུབ་ལུང་སྦྱིན་པ་ནི༔ ཧཱུྂ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ལས༔ བྱང་ཆུབ་སྐམ་སར་སྒྲོལ་བའི་ཕྱིར༔ གསང་བ་ཡེ་ཤེས་བསྒྲུབ་ལུང་ཞུ༔ ལྷ་ལ་གནང་བ་ཞུ་བ་ནི༔ ཐལ་མོ་སྦྱར་ལ་འདི་སྐད་དོ༔ ཧོ༔ མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལ༔ བསྐལ་ལྡན་སློབ་བུ་འདི་རྣམས་ཀུན༔ འཁོར་བའི་གནས་སྒྲོལ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ལུང་བཞིན་ཐོག་མར་འདི་ལྟར་རོ༔ ཧཱུྂ༔ མཁའ་འགྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དུས་གསུམ་འགྲོ་མགོན་འགྲོ་བའི་དཔལ༔ བསྙེན་ཅིང་བསྒྲུབ་མཆོག་དམ་པ་འདི༔ སྣོད་ལྡན་ཁྱོད་ལ་འབོགས་པར་བྱ༔ ཨོཾ་ཨཱཿཧཱུྂ༔ གསང་བ་ཡེ་ཤེས་རྩ་རྒྱུད་དམ༔ སྒྲུབ་གཞུང་རྒྱས་བསྡུས་ཅི་རིགས་བཀླག༔ བཅུ་གཉིས་ལྷ་ངོ་སྤྲོད་པ་ནི༔ ཧོ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་ཏེ༔ ཕུང་པོ་ལྔ་ནི་རིགས་ལྔ་སྟེ༔ འབྱུང་བ་ལྔ་ནི་ཡུམ་ལྔའོ༔ དེ་བཞིན་ཁ་དོག་ལྔ་རྣམས་དང༔ དཀྱིལ་འཁོར་གཞལ་ཡས་ཁང་ལ་སོགས༔ ཡེ་ནས་དག་པ་ཆོས་སྐུའི་དལ༔ ཡིན་པར་ལེགས་པར་ངོ་ཤེས་བྱ༔ ས་མ་ཡ་མཎྜལ་ཨ་ཏི༔ བཅུ་གསུམ་སྟ་གོན་དབང་སྐུར་ནི༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ བྱིན་གྱིས་བརླབས་པའི་རིམ་པ་སྟེ༔ བུམ་པ་ལྔ་བོ་སྤྱི་བོར་བཞག༔ ཧཱུྂ༔ ལྔ་ཡབ་ཡུམ་བུམ་པ་ན༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ བསྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུག་ལྔའི་དྲི་མ་བྲལ་བར་ཤོག༔ ཨོཾ་ཧཱུྂ་ཏྲཱྂ་ཧྲཱིཿཨཿ མཱུྂ་ལཱྂ་མཱྂ་པཱྂ་ཏཱྂ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྂ༔ གསུང་ནི་དབྱངས་གསལ་ལམ་ཨཱཿཡིག༔ མགྲིན་པར་བཞག་ཅིང་འདི་ལྟར་རོ༔ ཧཱུྂ༔ དུས་གསུམ་རྒྱལ་བའི་སྒྲ་དབྱངས་འདི༔ ཐབས་ཤེས་ཡིག་འབྲུའི་རྣམ་པ་ཅན༔ མ་ངེས་ཁ་ཏོག་སྣ་ཚོགས་པ༔ ཨཱ་ལི་ཀཱ་ལི་བཞི་བཅུ་བརྒྱད༔ ཡིག་བརྒྱ་གསུང་གི་དབང་ཐོབ་ཤོག༔ དབྱངས་གསལ་ཡི་བརྒྱ་རྟེན་སྙིང་བརྗོད༔ ཐུགས་དབང་ཕྱག་མཚན་སྙིང་གར་བཞག༔ ཧཱུྂ༔ དུས་གསུམ་རྒྱལ་བའི་འོད་ཟེར་ནི༔ རྡོ་རྗེ་རིན་ཆེན་པདྨ་དང༔ རལ་གྲི་འཁོར་ལོ་རྣམ་པ་ལྔ༔ གཞན་ཡང་ཕྱག་མཚན་བསམ་མི་ཁྱབ༔ ཐུག་མཆོག་དབང་བསྐུར་ཐོབ་པར་ཤོག༔ ཡོན་ཏན་ཐིག་ལེ་ལྟེ་བར་བཞག༔ ཧཱུྂ༔ སྲིད་པ་ཆགས་བྱེད་ལྟེ་བ་ལ༔ ཁ་དོག་ལྔ་ཡི་དབང་བསྐུར་བས༔ ཉོན་མོངས་བག་ཆགས་རྩད་ནས་འབྱིན༔ རྩ་མདུད་ཐམས་ཅད་རང་གྲོལ་ནས༔ ཡོན་ཏན་ཐམས་ཅད་རྒྱས་པར་ཤོག༔ འཕྲིན་ལས་དབང་སྐུར་གསང་བར་བཞག༔ ཧཱུྂ༔ ཕྱི་ནང་དབྱེར་མེད་ཟང་ཐལ་ལ༔ འབྱུང་བ་ལྔ་ནི་སོ་སོར་གསལ༔ གང་ལ་གང་འདུལ་དེ་བཞིན་སྟོན༔ འབྱུང་བའི་གར་ཁྱབ་དེ་བཞིན་དུ༔ དམ་པའི་ཆོས་ཀྱི་ཁྱབ་པར་ཤོག༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ༈ སྟ་གོན་དང་ནི་འཇུག་པ་གྲུབ༔ དངོས་གཞིའི་དབང་བསྐུར་ཞུ་བའི་ཕྱིར༔ མཎྜལ་ཕུལ་ཞིང་གསོལ་འདེབས་ནི༔ ཧོ༔ གནས་གསུམ་མཁའ་འགྲོའི་ཚོགས་རྣམས་དགོངས༔ རིམ་གཉིས་ལམ་ལ་འཇུག་པའི་ཕྱིར༔ བདག་ལ་གསང་བ་ཡེ་ཤེས་ཀྱི༔ དམ་ཚིག་མ་ལུས་བསྩལ་དུ་གསོལ༔ གསོལ་བཏབ་སྡོམ་པ་འབོག་ཀྱང་རུང༔ དབང་ནི་བུམ་པ་གསང་བ་དང༔ ཤེས་རབ་ཚིག་དབང་རྣམ་པ་བཞི༔ དང་པོ་བུམ་པའི་དབང་བསྐུར་ལ༔ ཕན་པའི་དབང་དང་ནུས་པ་དང༔ ནུས་པ་མཆོག་གི་དབང་བསྐུར་རོ༔ དང་པོ་དབང་གི་གཞི་འགོད་ཕྱིར༔ ཡེ་ཤེས་དབབ་པ་འདི་ལྟར་བྱ༔ སྤོས་དཀར་བདུག་ཅིག་གདོང་གཡོགས་གསོལ༔ ལུས་ནི་རྣམ་སྣང་ཆོས་བདུན་ལ༔ ངག་གི་བུམ་ཅན་འཛིན་པ་དང༔ སེམས་ནི་བཅོས་མེད་རང་ངོར་བཞག༔ བླ་མར་དད་པ་རྩེ་གཅིག་གིས༔ རྐྱེན་བྱས་བླ་མའི་འོད་ཟེར་གྱིས༔ སློབ་མའི་ཕུང་ཁམས་སྟོང་བར་སྦྱང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཆོས་དབྱིངས་རྣམ་པར་དག་པའི་དབྱིངས༔ རྡོ་རྗེ་བཙུན་མོའི་མཁའ༔ རྣམ་ཐར་གསུམ་ལྡན་ཨེ་ཡི་གཞལ་མེད་ཁང་ཁྱབ་བརྡལ་ཆེན་པོའི་ཀློང་ཡངས་པོར༔ ཁྱོད་རང་རྣམས་ཀྱི་རང་གསལ་རིག་པའི་ངོ་བོ་ཆོས་སྐུ་མཚན་མ་མེད་པའི་ངང་ནས་ཞལ་ཕྱག་མཚན་དཔེ་རྫོགས་པའི་སྐུར་གསལ་བ་ནི༔ པདྨ་ཉི་མ་བམ་རོའི་གདན་སྟེང་དུ༔ རང་རིག་ངོ་བོ་ཧྲཱིཿཡིག་དམར་གསལ་འཚེར༔ དེ་ལས་བདག་ཉིད་མཁའ་འགྲོ་གསང་ཡེ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ བཅུ་དྲུག་ལོན་པའི་ན་ཚོད་གཞོན་ཚུལ་མཛེས༔ སྤྱན་གསུམ་མཆེ་བཞི་ཅུང་གཙིག་ཁྲོ་མོའི་ཞལ༔ གཡས་གཉིས་ཕྱག་མཚན་གྲི་གུག་རལ་གྲི་དང༔ གཡོན་གཉིས་ཐོད་ཁྲག་ཁ་ཊཱཾ་རྩེ་གསུམ་བསྣམས༔ ཐོད་པ་སྐམ་རློན་རིན་ཆེན་དུ་མས་སྤྲས༔ ཞབས་གཉིས་རྐྱང་བསྐུམ་པདྨའི་གདན་ལ་བཞེངས༔ གཙོ་མོའི་ཉེ་འཁོར་པདྨ་འདབ་བཞི་ལ༔ རིགས་བཞིའི་དཔའ་བོ་དཔའ་མོ་ཡབ་ཡུམ་བརྒྱད༔ ཕྱི་རོལ་པད་ཕྲེང་འདབ་བརྒྱད་སུམ་རིམ་ལ༔ མཁའ་སྤྱོད་དཔའ་བོ་ཡབ་ཡུམ་བཅུ་དྲུག་ནི༔ ཐུགས་ཀྱི་རང་བཞིན་སྐུ་མདོག་མཐིང་འོད་ལྡན༔ པད་ཕྲེང་རིམ་པ་གསུམ་གྱི་བར་མ་ལ༔ ས་སྤྱོད་དཔའ་བོ་ཡབ་ཡུམ་བཅུ་དྲུག་ནི༔ གསུང་གི་རང་བཞིན་སྐུ་མདོག་དམར་ལ་གསལ༔ དེ་ཕྱི་པད་ཕྲེང་རིམ་གསུམ་ཐ་མ་ལ༔ ས་འོག་སྤྱོད་པ་ཡབ་ཡུམ་བཅུ་དྲུག་ནི༔ སྐུ་ཡི་རང་བཞིན་སྐུ་མདོག་དཀར་ལ་དྭངས༔ སྒོ་བཞིར་སྒོ་མ་བཞི་དང་ཕྱོགས་མཚམས་སུ༔ རབ་འབྱམས་མཁའ་འགྲོ་རྒྱ་མཚོ་སྤྲིན་ལྟར་གཏིབ༔ ཀུན་ཀྱང་རང་འདྲ་མཁའ་འགྲོས་སོ་སོར་བསྐོར༔ རང་རྟགས་གྲི་ཐོད་རུས་བརྒྱན་གཟི་འོད་འབར༔ ཐམས་ཅད་ཡབ་ཡུམ་སྦས་ཚུལ་ཁ་ཊཱྂ་ཀ༔ མཆན་ཁུང་གཡོན་བསླང་ཕྱེད་སྐྱིལ་གར་སྟབས་རོལ༔ ཡེ་ཤེས་གཅིག་ལ་རྣམ་པ་དུ་མའི་ཚུལ༔ ཀུན་ཀྱང་རང་བཞིན་མེད་པ་ཆུ་ཟླ་བཞིན༔ ཀུན་གྱི་སྤྱི་བོར་པད་འབྱུང་སྣང་མཐའ་ཡས༔ རིགས་ཀྱི་བདག་པོར་འབྲལ་མེད་ཚུལ་དུ་གསལ༔ དེ་དག་གནས་གསུམ་ཀྱི་ཡི་གེ་གསུམ་དང་མདུན་བསྐྱེད་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་ནམ་མཁའི་ཁྱོན་གང་བ༔ ཟེར་ཐག་སྦྲེངས་བའི་སྣ་ལ་སྤུངས་སྤུངས་བྱོན་ནས་ཁྱོད་རང་རྣམས་ལ་ཐིམ་པར་མོས་ཤིག༔ སྤོས་དང་རོལ་མོ་དབྱངས་བཅས་པས༔ མ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ སྣང་བ་མཐའ་ཡས་བདེ་བ་ཆེ༔ རྒྱལ་ཀུན་ཡབ་གཅིག་ཀུན་ཏུ་བཟང༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ བདེ་ཆེན་འབར་བའི་ཕོ་བྲང་ནས༔ བདེ་སྟོང་སྒྱུ་མའི་གར་བསྒྱུར་མཁན༔ བདེ་བའི་དེ་ཉིད་ཀུན་བཟང་མོ༔ བདེ་བ་བསྐྱེད་ཕྱིར་གཤེགས་སུ་གསོལ༔ ཆོས་ཉིད་དབྱིངས་ལས་མ་གཡོས་ཀྱང༔ ཆོས་ཅན་གདུལ་བྱའི་ཁམས་ཅི་བཞིན༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་རུ༔ ཆོས་སྟོན་མཁའ་འགྲོ་གཤེགས་སུ་གསོལ༔ སྤྲུལ་བའི་རང་བཞིན་ཉི་ཟེར་རྡུལ༔ ཕྱོགས་དང་ཚད་ལས་འདས་མོད་ཀྱང༔ བདེ་བ་ཅན་དུ་གོས་དཀར་མོ༔ མཁའ་སྤྱོད་ཞིང་ན་ཝ་ར་ཧི༔ གཡུ་ལོ་བཀོད་པར་སྒྲོལ་མ་ཡུམ༔ མ་ར་ཏི་ཀར་མནྡཱ་ར༔ གངས་ཅན་ལྗོངས་སུ་མཚོ་རྒྱལ་བཙུན༔ ཟངས་མདོག་དཔལ་རིར་མཐིང་འོད་འབར༔ ཉེར་བཞིའི་ཞིང་ན་གྲུབ་པའི་རྒྱལ༔ གངྒའི་འགྲམ་ན་ནེ་གུ་མ༔ མཁའ་འགྲོ་སྡེ་བཞི་ཡབ་དང་བཅས༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ཡི༔ དཔའ་བོ་མཁའ་འགྲོ་འབུམ་སྡེ་དང༔ བསྟན་སྲུང་ནོར་ལྷ་གཏེར་གྱི་བདག༔ ཐམས་ཅད་ཡེ་ཤེས་གཅིག་གིས་འཕྲུལ༔ བཟང་ངན་མ་ལུས་སྐུར་སྤྲུལ་ཞིང༔ གནས་ཡུལ་མ་ལུས་ཁྱབ་མཛད་མ༔ གང་དུ་གནས་ཀྱང་ཁྱོད་ཀྱི་ཡུལ༔ གང་ནས་བོས་ཀྱང་ཁྱོད་ཀྱི་མཚན༔ ཀླགས་པས་འགྲུབ་པའི་རིགས་སྔགས་མཆོག༔ བརྗོད་པས་བྱིན་རླབས་འཇུག་པ་ཡི༔ བདེན་པ་བརྗོད་ཀྱིས་དམ་བཅའ་དགོངས༔ སྐུ་དང་འཇའ་འོད་ཀོ་རོ་རོ༔ སྔགས་དང་ཡིག་འབྲུ་ཐ་ར་ར༔ འོད་གསལ་སྣང་བ་ལམ་མེ་བས༔ སྒོ་གསུམ་བྱིན་གྱིས་རླབས་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་རློབས༔ གདན་ཐོག་འདི་རུ་བྱིན་གྱིས་རློབས༔ སྒྱུ་ལུས་འབྱོང་བར་བྱིན་གྱིས་རློབས༔ འོད་གསལ་འཆར་བར་བྱིན་གྱིས་རློབས༔ མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿམ༔ཧ༔རི༔ནི༔ས༔ར༔ཙ༔ཧྲཱིཿཡ༔ཙིཏྟ་ཧྲཱིཾ༔ཧྲཱིཾ༔ཛ་ཛ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ ཛྙཱ་ན་ས་ཏྭ་ཏིཥྛ་བཛྲ༔ འབྲུ་གསུམ་བརྗོད་དེ་གདོང་གཡོགས་བསལ༔ ཕན་པའི་དབང་ལྔ་སྐུར་བ༔ མཎྜལ་ཕུལ་ཞིང་གསོལ་འདེབས་ནི༔ ཧོ༔ གནས་གསུམ་མཁའ་འགྲོའི་ཚོགས་རྣམས་དགོངས༔ བསྐྱེད་པའི་ལམ་ལ་འཇུག་པའི་ཕྱིར༔ བདག་ལ་གསང་བ་ཡེ་ཤེས་ཀྱི༔ བུམ་པའི་དབང་མཆོག་བསྩལ་དུ་གསོལ༔ གསོལ་བཏབ་ཚེ་གནང་བ་བསྩལ༔ མི་བསྐྱོད་རིགས་ཀྱི་ཆུ་ཡི་དབང༔ ཧཱུྂ༔ ཐོད་བུམ་འདི་ནི་གཞལ་མེད་ཁང༔ གསང་བ་ཡེ་ཤེས་དཀྱིལ་འཁོར་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་རང་དབང་འབྱོར་བར་ཤོག༔ བཛྲ་ཨ་བྷི་ཥིཉྩ་ཧཱུྂ༔ ལུས་ཉིད་བདུད་རྩིས་གཏམ་པ་དང༔ ཆུ་ལྷག་ཡར་འཁྱིལ་འོད་དཔག་མེད༔ རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར༔ རིན་ཆེན་རིགས་ཀྱི་ཅོད་པཎ་དབང༔ ཧཱུྂ༔ རྒྱལ་བ་རབ་འབྱམས་ཅོད་པཎ་དབང༔ སྐལ་ལྡན་ཁྱོད་ལ་སྐུར་བར་བྱ༔ བྱང་ཆུབ་ཆེན་པོ་བསྐུར་བར་གྱིས༔ ཅོད་པཎ་དབང་འདི་ཁྱོད་ཀྱིས་ལོངས༔ རཏྣ་ཨ་བྷི་ཥིཉྩ་ཧཱུྂ༔ པདྨའི་རིགས་ཀྱི་རྡོ་རྗེའི་དབང༔ ཧཱུྂ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་དབང་ནི་ཁྱོད་ཀྱིས་ལོངས༔ པདྨ་ཨ་བྷི་ཥིཉྩ་ཧཱུྂ༔ ལས་ཀྱི་རིགས་ཀྱི་དྲིལ་བའི་དབང༔ ཧཱུྂ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ འགྲོ་དོན་མཉམ་ཉིད་དྲིལ་བའི་དབང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དྲིལ་བའི་དབང་འདི་ཁྱོད་ཀྱིས་ལོངས༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྂ༔ སངས་རྒྱས་རིགས་ཀྱི་མིང་གི་དབང༔ ཧཱུྂ༔ རྡོ་རྗེ་མིང་གིས་དབང་བསྐུར་ནི༔སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཅིས་ཀྱང་མི་འགྱུར་མི་ཤིགས་པའི༔ མིང་གི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་ཏེ་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྂ༔ དེ་ཡིས་ཉོན་མོངས་ལྔ་དག་ཅིང༔ འབྱུང་ལྔ་ཡུམ་ལྔའི་སྐུར་སྨིན་ཏེ༔ ཕུང་ལྔ་སངས་རྒྱས་ལྔ་རུ་གྲོལ༔ རིགས་ལྔའི་གོ་འཕང་ཨེ་མ་ཧོ༔ ནུས་པ་སློབ་དཔོན་དབང་སྐུར་ནི༔ སྐུ་འམ་ཧྲཱིཿབྂ༔ཨོཾ་ཡིག་གསུམ༔ རིམ་པར་གནས་གསུམ་ལ་གཏུག་ཏེ༔ ཧྲཱིཿ སྤྲོས་པ་ཀུན་བྲལ་འོད་གསལ་བདེ་བ་ཆེ༔ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཧྲཱིཿ སྐྱེས་དྷཱ་ཀི་སྔོན་མོས་དབང་བསྐུར་རོ༔ དུས་གསུམ་རྒྱལ་བའི་ཐུགས་དང་དབྱེར་མེད་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅ཧཾ༔ བྂ༔ བརྗོད་པ་ཀུན་བྲལ་གཞོམ་མེད་ནཱ་དའི་དབྱངས༔ རྡོ་རྗེ་སློབ་དཔོན་གསུང་གི་དཀྱིལ་འཁོར་ནས༔ བྂ་སྐྱེས་དྷཱ་ཀི་དམར་མོས་དབང་བསྐུར་རོ༔ དུས་གསུམ་རྒྱལ་བའི་གསུང་དང་དབྱེར་མེད་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཝཱཀ་ཛྙཱ་ན་ཨཱཏྨ་ཀོ྅ཧཾ༔ ཨོཾ༔ འགྱུར་བ་མི་དམིགས་མི་ཤིག་རྡོ་རྗེའི་གཤིས༔ རྡོ་རྗེ་སློབ་དཔོན་སྐུ་ཡི་དཀྱིལ་འཁོར་ནས༔ ཨོཾ་སྐྱེས་དྷཱ་ཀི་དཀར་མོས་དབང་བསྐུར་རོ༔ དུས་གསུམ་རྒྱལ་བའི་སྐུ་དང་དབྱེར་མེད་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཛྙཱ་ན་ཨཱཏྨ་ཀོ྅ཧཾ༔ འདི་ཡིས་བླ་མ་ཕག་མོ་ཡིས༔ གསང་བ་གསུམ་དང་གཅིག་ཏུ་སྡོམ༔ ༈ ནུས་པ་མཆོག་གི་དབང་སྐུར་ནི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ལས་རང་འདྲ་གཉིས་པ་འཕྲོས༔ སློབ་མའི་དམིགས་པའི་གནས་ལ་ཐིམ༔ རིགས་བདག་ཡབ་ཡུམ་དབང་སྐུར་ནི༔ ཧྲཱིཿ སྣང་བ་མཐའ་ཡས་རྒྱལ་བ་ཀུན་གྱི་ཡབ༔ ཐུགས་རྗེ་ཆེན་པོས་ཁམས་གསུམ་དབང་དུ་བྱེད༔ པདྨ་འབྱུང་གནས་འཕྲིན་ལས་ཐོགས་པ་མེད༔ དབྱེར་མེད་རིགས་ཀྱི་བདག་པོས་དབང་བསྐུར་རོ༔ ཨོཾ་ཨ་མྲྀ་ཏ་ཨཱ་ཡུར་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ གཙོ་མོ་ཡབ་ཡུམ་དབང་བསྐུར་ནི༔ ཧྲཱིཿ མ་སྐྱེས་བཙུན་མོ་འགག་པ་མེད་པའི་དཔལ༔ ཡོངས་ཁྱབ་བཅོམ་ལྡན་འདས་མ་ཆེན་མོ་སྟེ༔ ཀུན་ཏུ་བཟང་མོ་གསང་བ་ཡེ་ཤེས་མ༔ གཙོ་མཆོག་རྡོ་རྗེ་ཕག་མོའི་དབང་བསྐུར་རོ༔ ཀུན་གཞི་ཆོས་ཁམས་མ་ལུས་གནས་དག་ཅིང༔ གདོད་མའི་མགོན་པོ་མཆོག་དང་དབྱེར་མེད་ཤོག༔ ཨོཾ་མ་ཧཱ་ཛྙཱ་ན་དྷཱ་ཀི་དྷུ་མ་གྷ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ རིགས་བཞིའི་མཁའ་འགྲོ་ནི༔ ཧ༔ ཤར་ཕྱོགས་བསིལ་ཚལ་རྩེ་མོ་བདེ་ཆེན་ནས༔ འགྱུར་མེད་སྙེམས་མ་བཛྲ་དྷཱ་ཀི་མ༔ སྐྱེ་མེད་ཆོས་སྐུ་ལྟ་བའི་མཁའ་འགྲོ་སྟེ༔ རྡོ་རྗེའི་རིགས་ཡུམ་གསང་མཚན་བསྐྱོད་བྱེད་མ༔ དབང་མོ་མེ་ལོང་མ་ཡིས་དབང་བསྐུར་རོ༔ ཆུ་ཁམས་རང་གྲོལ་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཧ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མི༔ རི༔ ལྷོ་ཕྱོགས་གད་རྒྱང་རོ་འདུས་ལོངས་སྤྱོད་ནས༔ འགག་མེད་ལོངས་སྐུ་བསྒོམ་པའི་མཁའ་འགྲོ་སྟེ༔ རིན་ཆེན་རིགས་ཡུམ་གསང་མཚན་བསྲེག་བྱེད་མ༔ དབང་མོ་མཉམ་ཉིད་མ་ཡིས་དབང་བསྐུར་རོ༔ ས་ཁམས་རང་གྲོལ་རྡོ་རྗེའི་སྐུ་འགྲུབ་ཤོག༔ རི་རཏྣ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མི༔ ནི༔ ནུབ་ཕྱོགས་པད་དཀྱིལ་བསྐྱེད་བྱེད་སྤྲུལ་དཀྱིལ་ནས༔ འགུག་བྱེད་གོས་དཀར་པདྨ་དྷཱཀི་ནི༔ ཟུང་འཇུག་སྤྲུལ་སྐུར་སྤྱོད་པའི་མཁའ་འགྲོ་སྟེ༔ པདྨའི་རིགས་ཡུམ་གསང་མཚན་རྨོངས་བྱེད་མ༔ དབང་མོ་སོར་རྟོག་མ་ཡིས་དབང་བསྐུར་རོ༔ མེ་ཁམས་རང་གྲོལ་རྡོ་རྗེའི་སྐུ་འགྲུབ་ཤོག༔ ནི་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མི༔ ས༔ བྱང་ཕྱོགས་ཀུ་ལ་གསང་བ་བདེ་སྐྱོང་ནས༔ སྒྲོལ་བྱེད་དམ་ཚིག་ཀརྨ་དྷཱཀི་ནི༔ མཐར་ཐུག་ངོ་བོ་འབྲས་བུའི་མཁའ་འགྲོ་སྟེ༔ ལས་ཀྱི་རིགས་ཡུམ་གསང་མཚན་ཙཎྜི་ཀ༔ དབང་མོ་བྱ་གྲུབ་མ་ཡིས་དབང་བསྐུར་རོ༔ རླུང་ཁམས་རང་གྲོལ་རྡོ་རྗེ་སྐུ་འགྲུབ་ཤོག༔ ས་ཀརྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མི༔ ར༔ ཤར་ཕྱོགས་དུར་ཁྲོད་ཞེ་སྡང་མེ་འབར་དཀྱིལ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་མེ་ལོང་སྐུ༔ རྡོ་རྗེ་རིགས་ཀྱི་དཔའ་བོའི་དབང་བསྐུར་རོ༔ ཞེ་སྡང་གནས་དག་རྡོ་རྗེའི་སྐུར་འགྲུབ་ཤོག༔ ར་བཛྲ་ཌཱ་ཀ་ཨ་བྷི་ཥིཉྩ་མི༔ ཙ༔ ལྷོ་ཕྱོགས་དུར་ཁྲོད་ང་རྒྱལ་བྲག་འཁྲིགས་དཀྱིལ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་མཉམ་ཉིད་སྐུ༔ རིན་ཆེན་རིགས་ཀྱི་དཔའ་བོས་དབང་བསྐུར་རོ༔ ང་རྒྱལ་གནས་དག་རྡོ་རྗེའི་སྐུར་འགྲུབ་ཤོག༔ ཙ་རཏྣ་ཌཱ་ཀ་ཨ་བྷི་ཥིཉྩ་མི༔ ཧྲཱིཿ ནུབ་ཕྱོགས་དུར་ཁྲོད་འདོད་ཆགས་ཆུ་ཁོལ་དཀྱིལ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་སོར་རྟོག་སྐུ༔ པདྨ་རིགས་ཀྱི་དཔའ་བོས་དབང་བསྐུར་རོ༔ འདོད་ཆགས་གནས་དག་རྡོ་རྗེའི་སྐུར་འགྲུབ་ཤོག༔ ཧྲཱི་པདྨ་ཌཱཀ་ཨ་བྷི་ཥིཉྩ་མི༔ ཡ༔ བྱང་ཕྱོགས་དུར་ཁྲོད་ཕྲག་དོག་རླུང་འཚུབ་དཀྱིལ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་བྱ་གྲུབ་སྐུར༔ ཀརྨ་རིགས་ཀྱི་དཔའ་བོས་དབང་བསྐུར་རོ༔ ཕྲག་དོག་གནས་དག་རྡོ་རྗེའི་སྐུར་འགྲུབ་ཤོག༔ ཧ་ཀརྨ་ཌཱཀ་ཨ་བྷི་ཥིཉྩ་མི༔ ༈ མཁའ་ལ་སྤྱོད་པ་ཐུགས་དཀྱིལ་དཔའ་བོ་ཡབ་ཡུམ་བཅུ་དྲུག་ནི༔ ཧཱུྂ༔ པུལླི་ར་མ་ཡ་ཡི་གནས་མཆོག་ནས༔ དཔའ་བོ་ཐོད་དབྱུགས་དཔའ་མོ་རབ་གཏུམ་མ༔ མགོ་ཡི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ སོ་སེན་ཆོས་ཁམས་སྒྲིབ་བྲལ་དག་པར་ཤོག༔ ཨོཾ་ཁཎྜ་ཀ་པཱ་ལ་པྲ་ཙཎྜ་ཀཱ་མ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཛ་ལནྡྷ་རའི་གནས་མཆོག་དམ་པ་ནས༔ དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ༔ སྤྱི་བོའི་གཙུག་ནས་ཡེ་ཤེས་དབང་ཆེན་སྐུར༔ སྐྲ་སྤུ་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་མ་ཧཱ་ཀངྐ་ཙཎྜ་ཨཀྵི་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཨོ་རྒྱན་རབ་བྱུང་དུར་ཁྲོད་དམ་པ་ནས༔ དཔའ་བོ་རུས་གཏུམ་དཔའ་མོ་འོད་ལྡན་མ༔ རྣ་བ་གཡས་ནས་ཡེ་ཤེས་དབང་ཆེན་སྐུར༔ པགས་དང་རྒྱུ་མ་རྡུལ་བྲལ་དག་པར་ཤོག༔ ཨོཾ་ཀངྐཱ་ལ་པྲ་བྷཱ་ཝ་ཏེ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཨརྦུ་ཏ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་མཆེ་གཙིག་དཔའ་མོ་སྣ་ཆེན་མ༔ ལྟག་པའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཤ་ཡི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་དཾཥྚཱ་མ་ཧཱ་ནཱ་སཱ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ གོ་དཱ་ཝ་རིའི་གནས་མཆོག་དམ་པ་ནས༔ ཆང་གི་བརྟུལ་ཕོད་དཔའ་མོ་བློ་ཅན་མ༔ རྣ་གཡོན་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ རྩ་རྒྱུས་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་སུ་རཱ་ཝཱི་ར་མ་ཏི་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ རཱ་མེ་ཤྭ་རའི་གནས་མཆོག་དམ་པ་ནས༔ དཔའ་བོ་འོད་དཔག་དཔའ་མོ་མིའུ་ཐུང་མ༔ སྨིན་མའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ རུས་པའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་ཨ་མི་ཏ་བྷཱ་ཁརྒ་རཱི་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ དེ་ཝཱི་ཀོ་ཊའི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་འོད་དཔའ་མོ་མཚན་མའི་དབང༔ མིག་གི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ མཆིན་པའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་པྲ་བྷ་ལངྐེ་ཤྭ་རཱི་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ མཱ་ལ་ཝ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་སྐུ་དཔའ་མོ་ཤིང་གྲིབ་མ༔ དཔུང་གཡས་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ མཁྲིས་པའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་ཀཱ་ཡ་དྲུ་མ་ཙྪ་ཨ་བྷི་ཥིཉྩ་མི༔ ༈ ས་སྟེང་སྤྱོད་པ་གསུང་དཀྱིལ་གྱི་དཔའ་བོ་མཁའ་འགྲོ་བཅུ་དྲུག་ནི༔ ཨཱཿ ཀཱ་མ་རཱུ་པའི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་ཤུགས་དཔའ་མོ་ས་སྲུང་མ༔ མཆན་ཁུང་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ མིག་འབྲས་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་ཨངྐུ་རི་ཨེ་རཱ་ཝ་ཏཱི་ཨ་བྷི་ཥིཉྩ་མི༔ ཨཱཿ ཨོ་ཊེ་ར་ཡི་གནས་མཆོག་དམ་པ་ནས༔ རྡོ་རྗེའི་རལ་བ་དཔའ་མོ་འཇིགས་ཆེན་མ༔ ནུ་མའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཁྲག་མཁྲིས་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་མ་ཧཱ་ཛཱ་ཊཱི་མ་ཧཱ་བྷཻ་ར་ཝཱི་ཨ་བྷི་ཥིཉྩ་མི༔ ཨཱཿ ཏྲི་ཤ་ཀུ་ནའི་གནས་མཆོག་དམ་པ་ནས༔ དཔའ་བོ་རབ་དཔའ་དཔའ་མོ་རླུང་ཤུགས་མ༔ ལྟེ་བའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ གློ་བའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་མ་ཧཱ་བཱི་ར་ཝཱ་ཡུ་བེ་གཱི་ཨ་བྷི་ཥིཉྩ་མི༔ ཨཱཿ ཀོ་ས་ལ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་ཧཱུྂ་མཛད་དཔའ་མོ་ཆང་འཐུང་མ༔ སྣ་རྩེའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ རྒྱུ་མའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་ཧཱུྂ་ཀཱ་ར་སུ་རཱ་བྷཀྵཱི་ཨ་བྷི་ཥཉྩ་མི༔ ཨཱཿ ཀ་ལིངྒ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རབ་བཟང་དཔའ་མོ་སྔོ་བསང་མ༔ ཁ་ཡི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ སྙིགས་མའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་སུ་བྷ་དྲ་ཤྱཱ་མ་དེ་ཝི་ཨ་བྷི་ཥིཉྩ་མི༔ ཨཱཿ ལམྤཱ་ཀ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་བཟང་དཔའ་མོ་རབ་བཟང་མ༔ མགྲིན་པའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ལྟེ་བའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་བྷ་དྲ་སུ་བྷ་དྲ་ཨ་བྷི་ཥིཉྩ་མི༔ ཨཱཿ ཀཉྩི་ཀ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་རྣ་མ༔ སྙིང་ཁའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ གཤང་བའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་མ་ཧཱ་བྷེ་ར་ཝ་ཧ་ཡ་ཀརྞཱི་ཨ་བྷི་ཥིཉྩ་མི༔ ཨཱཿ ཧི་མ་ལ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་སྤྱན་མི་བཟང་དང་ཁྭ་གདོང་མ༔ མངལ་གྱི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཁུ་རྡུལ་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བི་རུ་བཱཀྵ་ཁ་གཱ་ན་ཨ་བྷི་ཥིཉྩ་མི༔ ཨཱཿ ༈ ས་འོག་སྤྱོད་པ་སྐུ་དཀྱིལ་གྱི་དཔའ་བོ་མཁའ་འགྲོ་བཅུ་དྲུག་ནི༔ ཨོཾ༔ པྲེ་ཏ་པུ་རའི་གནས་མཆོག་དམ་པ་ནས༔ དཔའ་བོ་སྟོབས་ཆེན་དཔའ་མོ་འཁོར་ཤུགས་མ༔ གསང་མཚན་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ བད་ཀན་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་མ་ཧཱ་བ་ལ་ཙཀྲ་བེ་གཱི་ཨ་བྷི་ཥིཉྩ་མི༔ ཨོཾ༔ གྲི་ཧ་དེ་ཝའི་གནས་མཆོག་དམ་པ་ནས༔ རྡོ་རྗེ་རིན་ཆེན་དཔའ་མོ་དུམ་སྐྱེས་མ༔ གཤང་ལམ་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ རྣག་གི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་རཏྣ་བཛྲ་ཁཎྜ་རོ་ཧཱི་ཨ་བྷི་ཥིཉྩ་མི༔ ཨོཾ༔ སུ་ཝརྞ་དྭི་པ་ཡི་གནས་མཆོག་ནས༔ དཔའ་བོ་ནམ་སྙིང་འཁོར་ལོའི་གོ་ཆ་མ༔ འབྱིན་པའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ རྔུལ་གྱི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་ཁ་གརྦྷ་ཙཀྲ་ཝརྨི་ཎཱི་ཨ་བྷི་ཥིཉྩ་མི༔ ཨོཾ༔ སཽ་རཱཥྚ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྟ་མགྲིན་དཔའ་མོ་གླང་སྣ་མ༔ བརླ་གཉིས་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཁྲག་གི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་ཧ་ཡ་གྲཱི་ཝ་ཤཽཎྜི་ནཱི་ཨ་བྷི་ཥིཉྩ་མི༔ མྱོས་པ་མོ། ཨོཾ༔ ནཱ་ག་ར་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་ཧེ་རུ་ཀ་དང་རབ་དཔའ་མ༔ སོར་མོའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཚིལ་གྱི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་ཧེ་རུ་ཀ་སུ་བཱི་རཱི་ཨ་བྷི་ཥིཉྩ་མི༔ ཨོཾ༔ སིནྡྷུའི་ཡུལ་གྱི་གནས་མཆོག་དམ་པ་ནས༔ དཔའ་བོ་པདྨ་གར་དབང་སྟོབས་ཆེན་མ༔ བོལ་གོང་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ མཆིལ་མའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་པདྨ་ནིརྟཱི་ཤྭ་ར་མ་ཧཱ་བཱ་ལཱ་ཨ་བྷི་ཥིཉྩ་མི༔ ཨོཾ༔ མ་རུ་ར་ཡི་ནས་མཆོག་དམ་པ་ནས༔ དཔའ་བོ་རྣམ་སྣང་དཔའ་མོ་འཁོར་བསྒྱུར་མ༔ མཐེ་བོང་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ ཆུ་ཡི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཻ་རོ་ཙ་ན་ཙཀྲ་ཝརྟི་ནཱི་ཨ་བྷི་ཥིཉྩ་མི༔ ཨོཾ༔ ཀུ་ལུ་ཏཱ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་སེམས་དཔའ་མོ་བརྩོན་འགྲུས་མ༔ པུས་མོའི་གནས་ནས་ཡེ་ཤེས་དབང་ཆེན་སྐུར༔ སྣ་ཆུའི་ཆོས་ཁམས་རྡུལ་བྲལ་དག་པར་ཤོག༔ ཨོཾ་བཛྲ་ས་ཏྭ་མ་ཧཱ་བི#་ཨ་བྷི་ཥིཉྩ་མི༔ སྒོ་མ་བཞི་ནི༔ ཛ༔ ཤར་ཕྱོགས་འགུགས་བྱེད་རྡོ་རྗེ་ལྕགས་ཀྱུ་མ༔ ལྷ་མོ་དཀར་གསལ་དབུ་ནི་ཁྭ་ཡི་གདོང༔ ལྷ་བུའི་བདུད་འཇོམས་ཚད་མེད་སྙིང་རྗེའི་བདག༔ བཛྲ་ཀཱ་ཀ་མ་ཡིས་དབང་བསྐུར་རོ༔ སླུ་བྲིད་ལྷ་བུའི་དབང་དུ་མི་འགྲོ་བར༔ སྙིང་རྗེའི་གཞན་དོན་འབྱུང་བའི་མཐུ་ཐོབ་ཤོག༔ ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ལྷོ་སྒོར་འཆིང་བྱེད་རྡོ་རྗེ་ཞགས་པ་མ༔ ལྷ་མོ་སེར་མོ་དབུ་ནི་ཕག་གི་གདོང༔ འཆི་བདག་བདུད་འཇོམས་ཚད་མེད་བྱམས་པའི་བདག༔ བཛྲ་པཱུརྐ་མ་ཡིས་དབང་བསྐུར་རོ༔ དུས་མིན་འཆི་བའི་དབང་དུ་མི་འགྲོ་བར༔ བྱམས་པས་འགྲོ་ཀུན་སྐྱོངས་བའི་མཐུ་ཐོབ་ཤོག༔ ཨོཾ་བཛྲ་པཱུརྐ་མུ་ཁ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་མི༔ བྂ༔ ནུབ་སྒོར་སྡོམས་བྱེད་རྡོ་རྗེ་ལྕགས་སྒྲོག་མ༔ ལྷ་མོ་དམར་ནག་དབུ་ནི་ཁྱི་ཡི་གདོང༔ ཉོན་མོངས་བདུད་འཇོམས་ཚད་མེད་དགའ་བའི་བདག༔ བཛྲ་ཤྭ་ན་མ་ཡིས་དབང་བསྐུར་རོ༔ རྨོངས་མུན་ཉོན་མོངས་དབང་དུ་མི་འགྲོ་བར༔ མཁྱེན་པའི་གཞན་དོན་རེ་སྐོང་མཐུ་ཐོབ་ཤོག༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་མི༔ ཧོ༔ བྱང་སྒོར་དགྱེས་བྱེད་རྡོ་རྗེ་དྲིལ་བུ་མ༔ ལྷ་མོ་ལྗང་ཁུ་དབུ་ནི་འུག་པའི་གདོང༔ ཕུང་པོའི་བདུད་འཇོམས་ཚད་མེད་བཏང་སྙོམ་བདག༔ བཛྲ་ཨུ་ལུ་ཀ་ཡིས་དབང་བསྐུར་རོ༔ ཕུང་ལྔར་འཛིན་པའི་དུག་གིས་མི་གདུང་བར༔ བདག་མེད་གཞན་དོན་ཁུར་ཁྱེར་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁ་ཌཱཀྐི་ནཱི་ཨ་བྷི་ཥིཉྩ་མི༔ དེ་ཡིས་བུམ་པའི་དབང་སྐུར་གྲུབ༔ གསང་དབང་ཕྱིར་དུ་མཎྜལ་དང༔ གསོལ་བ་འདེབས་པ་འདི་ལྟར་བྱ༔ ཀྱེ༔ བླ་མ་ཤེས་རབ་ཕ་རོལ་ཕྱིན༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ གསང་བ་ཆེན་པོའི་དམ་ཚིག་དེ༔ དེ་རིང་བདག་ལ་བཀའ་དྲིན་སྩོལ༔ སྲོད་འཁོར་གཏི་མུག་ཕག་གི་དུས༔ འབྲུ་གསུམ་བརྗོད་ནས་མི་རས་གཡོགས༔ མཚན་ལྡན་ཕྱག་རྒྱ་བླ་མར་ཕུལ༔ སློབ་དཔོན་ཡབ་ཡུམ་སྙོམས་འཇུག་སྒྲས༔ རྒྱལ་ཀུན་བདེ་ཆེན་བྱང་སེམས་བཀུག༔ སྒོ་གསུམ་དག་ཕྱིར་ལན་གསུམ་བལྡོག༔ སླར་ཕབ་སློབ་བུའི་ལྕེ་བཞག་དམིགས༔ བདུད་རྩི་བླུད་ལ་འདི་སྐད་བརྗོད༔ ཧོ༔ ཨེ་ཝཾ་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ དྭངས་མའི་བཅུད་འདུས་མཚན་འཛིན་རྣམ་རྟོག་འཇོམས༔ རྩ་ཐིག་རླུང་ཁམས་དག་བྱེད་བདུད་རྩི་སྨན༔ གསུང་གི་དབང་ཐོབ་འོད་གསལ་འཆར་བར་ཤོག༔ རྩ་སྔགས་བཟླས་ཤིང་བདུད་རྩི་སྦྱིན༔ ༈ ཤེར་དབང་ཞུ་ཕྱིར་མཎྜལ་དང༔ གསོལ་བ་འདེབས་པ་འདི་ལྟར་བྱ༔ ཀྱེ༔ བླ་མ་བདེ་བའི་མཆོག་སྦྱིན་མ༔ ཕོ་ཉའི་ལམ་ལ་བདག་དགྱེས་ན༔ ཤིན་ཏུ་གསང་བའི་དམ་ཚིག་དེ༔ དེ་རིང་བདག་ལ་བཀའ་དྲིན་སྩོལ༔ ནམ་གུང་བདེ་བ་རྒྱས་པའི་དུས༔ ཡི་གེ་གསུམ་གྱིས་མིག་དར་གཡོག༔ སློབ་མ་དཔའ་བོ་དམར་པོར་གསལ༔ ལས་ཀྱི་ཕྱག་རྒྱ་སློབ་མར་གཏད༔ འདུ་ཤེས་གསུམ་གྱི་སྙོམས་འཇུག་གིས༔ དགའ་བཞིའི་དཔེ་དོན་སྟོན་པའི་ཆེད༔ རིག་མ་གཏད་ཅིང་འདི་སྐད་བརྗོད༔ ཧོ༔ ཡབ་ཡུམ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ འཁྲུལ་སྦྱོར་དཀར་དམར་བདུད་རྩི་ཞུ་བའི་བཅུད༔ འཁོར་ལོ་བཞི་བརྒྱུད་དགའ་བ་བཅུ་དྲུག་མྱོང༔ གསང་བའི་དབང་ཐོབ་བདེ་ཆེན་འབར་བར་ཤོག༔ མིག་དར་དཀྲོལ་ཏེ་སྦྱོར་ཐབས་བྱ༔ རིག་མ་གཏད་དེ་ཐིག་ལེ་གདབ༔ ༈ ཚིག་དབང་དོན་དུ་བླ་མ་ལ༔ མཎྜལ་ཕུལ་ཞིང་གསོལ་འདེབས་ནི༔ ཀྱེ་བླ་མ་དབྱིངས་རིག་དབྱེར་མེད་བདག༔ ཆོས་ཉིད་དོན་ལ་བདག་དགྱེས་ན༔ མཆོག་ཏུ་གསང་བའི་དམ་ཚིག་དེ༔ དེ་རིང་བདག་ལ་བཀའ་དྲིན་སྩོལ༔ ཐོ་རང་ཁམས་དབང་གསལ་བའི་དུས༔ ཤེལ་རྡོ་ཡང་ན་སྒྲོན་མེ་སྦར༔ སྒྲིབ་བྲལ་འོད་གསལ་གཉུག་མའི་དོན༔ རང་གནས་རང་ངོ་སྤྲོད་པའི་ཆེད༔ སྒྲོན་མེ་གཏད་ཅིང་འདི་སྐད་བརྗོད༔ ཧོ༔ རང་རིག་ཟང་ཐལ་རྗེན་པའི་ཡེ་ཤེས་ནི༔ ཉམས་ཞེན་སྤུ་བྲལ་མར་མེའི་ཚ་ཟེར་དང༔ འོད་གསལ་ལྷུན་གྲུབ་སྣང་བའི་འོད་དང་འདྲ༔ ཐུགས་ཀྱི་དབང་ཐོབ་འཇའ་ལུས་འགྲུབ་པར་ཤོག༔ རྩ་སྔགས་བཟླས་ཤིང་སྒྲོན་མེ་བསྟན༔ མཉམ་བཞག་ངང་ནས་ཕཊ༔ཅེས་བརྗོད༔ མཐའ་མ་མཇུག་གི་བྱ་བ་ནི༔ རྗེས་སུ་གནང་དང་ཚེ་ཡི་དབང༔ མངའ་གསོལ་དམ་ཚིག་འབོག་པ་དང༔ གཏང་རགས་བཀྲ་ཤིས་བརྗོད་པའོ༔ རྗེས་སུ་གནང་བར་མཐའ་མེད་ཀྱང༔ གཙོ་བོ་བཞིའམ་བདུན་དུ་གསུངས༔ དང་པོ་སྐུ་དང་སྔགས་ཕྲེང་གཏད༔ ཧོ༔ སྣང་སྟོང་དབྱེར་མེད་མཁའ་འགྲོའི་སྐུ༔ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྒོམ་སྒྲུབ་གཉིས་ལ་དབང་འབྱོར་ཤོག༔ ཨོཾ་ཀཱ་ཡ་མནྟྲ་ཛཔ྄་ས་མ་ཏི་ཨ་བྷཱི་ཥིཉྩ་མི༔ གཉིས་པ་དུང་དང་གླེག་བམ་གཏད༔ ཧོ༔ བུ་ཁྱོད་སྨིན་གྲོལ་གཉིས་ཀྱི་བདག༔ རྡོ་རྗེ་ཕག་མོའི་གསང་རྒྱུད་འདི༔ དམ་ཚིག་བཞིན་དུ་ཁྱོད་ལ་གཏད༔ གཞན་དོན་མཐའ་རུ་ཕྱིན་པར་ཤོག༔ གསུམ་པ་སྨན་རཀ་གཏོར་གསུམ་གཏད༔ ཧོ༔ སྨན་རཀ་གཏོར་མ་མཆོད་པའི་རྫས༔ དམ་རྫས་ཡོངས་རྫོགས་དབང་བསྐུར་བས༔ གཙང་རྨེ་མཉམ་པའི་བརྟུལ་ཞུགས་རྫོགས༔ བརྟུལ་ཞུགས་ཆེན་པོར་དབང་འབྱོར་ཞིང༔ ལྷ་དང་དམ་ཅན་རྟེན་མཆོད་དང༔ སྒོམ་སྒྲུབ་འཆད་ཉན་ཀུན་འགྲུབ་ཤོག༔ ཨོཾ་ཨ་མྲྀ་ཏ་རཀྟ་བ་ལིཾཏ་ས་མ་ཡ་ཨ་བྷི་ཅིཉྩ་མི༔ བཞི་བ་དུར་ཁྲོད་ཆས་བརྒྱད་གཏད༔ ཧོ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ ཀོ་རློན་ཤིང་པླགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པ༔ དཔལ་གྱི་ཆས་དབང་འདི་བསྐུར་བས༔ ཧེ་རུ་ཀ་ཡི་ལམ་འདི་ཡིས༔ སྐྱེ་འགྲོའི་སྲོག་ལ་དབང་བསྒྱུར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ༔ ཛ་ཧཱུྂ་བྂ་ཧོ༔ ལྔ་བ་རིག་མ་རྣམ་ལྔ་གཏད༔ ཧོ༔ ཡེ་ཤེས་དཀྱིལ་འཁོར་འདིར་ཞུགས་ནས༔ སྦྱོར་བ་རིག་མའི་བརྟུལ་ཞུགས་ཀྱིས༔ གནས་གསུམ་མཁའ་འགྲོའི་འདུ་བ་ཐོབ༔ རྒྱལ་བའི་གདུང་སྲས་འབྱུང་བར་ཤོག༔ ཨོཾ་ཀརྨ་བི་ཤོ་མུ་དྲཱ་ཧེ་ཨ་བྷི་ཅིཉྩ་མི༔ དྲུག་པ་བགེགས་འདུལ་ཕུར་བ་གཏད༔ ཧཱུྂ༔ དཔལ་གྱི་རྡོ་རྗེ་ཕུར་བ་འདི༔ སྐལ་ལྡ་ཁྱོད་ལ་གཏད་པ་ཡིས༔ བར་ཆད་རྐྱེན་དབང་མི་འགྲོ་བར༔ གདུགས་པ་སྒྲོལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལ་ཡ་མཱ་ར་བགྷྣིན་ཕཊ་ཨ་བྷི་ཥིཉྩ་མི༔ རྡོ་རྗེ་མེ་ལོང་གཏད༔ ཧོ༔ ཐབས་མཆོག་མི་འགྱུར་རྡོ་རྗེ་དང༔ སྟོང་ཉིད་ཕྱལ་བ་མེ་ལོང་སྟེ༔ མཉམ་པའི་བརྟུལ་ཞུགས་དབང་བསྐུར་བས༔ ཏིང་འཛིན་འདའ་བ་མེད་པར་ཤོག༔ ཨོཾ་བཛྲ་ས་མ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ འདི་ཉིད་སྤྱི་ཡི་རྗེས་གནང་སྟེ༔ འདི་ཡིས་སྤྱོད་པ་ཀུན་ལ་དབང༔ གཞན་ཡང་སྤྲོས་པ་བྱེད་འདོད་ན༔ སྤྱོད་པར་ཞུགས་པའི་སློབ་མ་ལ༔ རྡོ་རྗེ་དྲིལ་བུ་རྐང་གླིང་དང༔ ཁ་ཊྭཱྂ་ཐོད་པ་ཅིང་ཏེའུ༔ སྒོམ་ཐག་རྩྭ་གདན་ཅོག་པུ་དང༔ ཚངས་རྐུད་རྣ་རྒྱན་གདུ་བུ་དང༔ སོར་གདུབ་རལ་ཅོག་ལ་སོགས་པ༔ རྣལ་འབྱོར་ཉེར་སྤྱད་གཞུང་བཞིན་གཏད༔ གཉིས་པ་བཀྲ་ཤིས་ཚེ་ཡི་དབང༔ དང་པོ་ཚེ་གཡང་འགུགས་པ་ནི༔ བླ་མ་དང་མདུན་བསྐྱེད་ཀྱི་རིགས་བདག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོག་ཅིང་ཉི་ཟླ་ཕྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བའི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་དྲུང་དང་ཕྱག་གཉིས་མཉམ་བཞག་གི་མཐིལ་ན་འཆི་མེད་ཡེ་ཤེས་ཀྱི་གང་བའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་འཛིན་པ། རང་འོད་ཀྱི་ཡུམ་དང་བཅས་པའི་ཐུགས་གར་ཟླ་བ་སེན་གང་བའི་ལྟེ་བར་ཧྲཱིཿགསེར་ཞུན་ལྟ་བུ་ལས་འགུགས་བྱེད་ཀྱི་ལྷ་མོ་མདའ་དར་དང་བུམ་པ་ཐོགས་པ་ཉི་རྡུལ་ལྟ་བུ་དང་འོད་དང་འོད་ཟེར་ཕྱོགས་བཅུ་རབ་འབྱམས་སུ་འཕྲོས༔ སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང༔ ལྷ་ཀླུ་དྲང་སྲོང་རྒྱལ་པོ་རྒྱལ་བྲན་རྣམས་ཀྱི་ཚེ་བསོད་དང༔ ཉི་ཟླ་གཟའ་སྐར་སྨན་ཆེན་པོ་སོགས་ཀྱི་བཅུད་དང༔ འབྱུང་བ་བཞི་སོགས་བརྟན་གཡོའི་ཁམས་ཀྱི་དྭངས་མ་དང༔ སློབ་མའི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ལྔ་དང་འབྲུ་གསུམ༔ ནྲི༔བྷྲཱུྂ་སོགས་ཀྱི་རྣམ་པར་སློབ་མ་ཚེ་ཡུམ་གསང་བ་ཡེ་ཤེས་གསལ་བའི་ཐུགས་སྲོག་ལ་ཐིམ་པར་མོས༔ མདའ་དར་ཐོགས་ལ་འདི་སྐད་དོ༔ ཧཱུྂ་ཧྲཱིཿ རིགས་ཀྱི་བདག་པོ་ཚེ་བདག་འོད་དཔག་མེད༔ ཚེ་སྦྱིན་སྙིང་རྗེའི་བདག་ཉིད་སྤྱན་རས་གཟུགས༔ ཚེ་ཡི་བར་ཆད་སེལ་མཛད་རྟ་མཆོག་དཔལ༔ ཚེ་འཛིན་གྲུབ་པའི་རྒྱལ་མོ་གསང་ཡེ་མ༔ ཐུགས་དམ་བསྐུལ་ལོ་ཚེ་དབང་ཡེ་ཤེས་བྱིན་ཆེན་ཕོབས༔ ཚེ་སྲོག་ཉམས་པ་གསོས་ལ་ཡལ་བ་བསྡུས༔ ཆད་པ་མཐུད་ཅིང་ཚེ་བཅུད་ཁུག་ལ་བསྟིམ༔ གཞོམ་མེད་རྡོ་རྗེའི་སྲོག་ཏུ་སྒྲུབས་པར་མཛོད༔ ཧྲཱིཿ ཚེ་དབང་རིག་པ་འཛིན་པ་པདྨ་འབྱུང༔ ཚེ་ལམ་ཕྱག་རྒྱའི་གཙོ་མོ་མནྡཱ་ར༔ འཆི་མེད་རྡོ་རྗེའི་སྐུར་གྲུབ་མཚོ་རྒྱལ་ཡུམ༔ ལས་བཞིར་དབང་བསྒྱུར་རིགས་བཞིའི་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཚེ་དབང་བྱིན་ཆེན་ཕོབས༔ ཚེ་སྲོག་ཉམས་པ་གསོས་ལ་ཡལ་བ་བསྡུས༔ ཆད་པ་མཐུད་ཅིང་ཚེ་བཅུད་ཁུག་ལ་བསྟིམ༔ གཞོམ་མེད་རྡོ་རྗེའི་སྲོག་ཏུ་སྒྲུབས་པར་མཛོད༔ ཧྲཱིཿ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོ་འབུམ་སྡེ་དང༔ སྒོ་བཞི་སྲུང་བའི་གདོང་ཅན་མཁའ་འགྲོ་བཞི༔ ཚེ་འགུགས་ལས་མཛད་ཕྱེད་གཟུགས་ཌཱཀྐིའི་ཚོགས༔ རང་སྣང་རིགས་ཀྱི་ཡབ་བཅས་དབྱིངས་ནས་བཞེངས༔ ཐུགས་དམ་བསྐུལ་ལོ་ཚེ་དབང་ཡེ་ཤེས་བྱིན་ཆེན་ཕོབས༔ ཚེ་སྲོག་ཉམས་པ་གསོས་ལ་ཡལ་བ་བསྡུས༔ ཆད་པ་མཐུད་ཅིང་ཚེ་བཅུད་ཁུག་ལ་བསྟིམ༔ གཞོམ་མེད་རྡོ་རྗེའི་སྲོག་ཏུ་སྒྲུབས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ཨམཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྂ༔ཎི་ཛ༔སིདྡྷི་ཧཱུྂ༔ཛ་ཛ༔ ཚེ་བཅུད་བསྡུས་ཏེ་ཚེ་དབང་སྐུར༔ ཚེ་འབྲང་གཞལ་ཡས་ཁང་འདིའི་ནང་དུ་ཁྱོད་རྣམས་ཀྱི་རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་མེད་བདེ་གཤེགས་ཡུམ་ལྔ་བཅས་པ་བཞུགས་པའི་སྐུ་ལུས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་ཚེ་ཡི་བར་ཆད་བསལ་ཞིང་ཚེ་སྲོག་རྡོ་རྗེའི་བྲག་རི་ལྟར་གྱུར་བར་མོས་མཛོད། ཚེ་འབྲང་ཐོགས་ལ་འདི་སྐད་དོ༔ ཧཱུྂ༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་ལྷ་མོ་ལྔ༔ སྐུ་གསུང་ཐུགས་ཀྱི་སྐྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་བསྐུར་ཅིག༔ གསང་བ་ཐུགས་ཀྱི་གའུ་ནས༔ མི་འགྱུར་ཨཱ་ཡུ་ཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་གུ་རུ་ཧཱུྂ་ཨོཾ་སྭཱ་ཨཱཾ་ཧཱ༔ མཱུྂ་ལཱྂ་མཱྂ་པཱྂ་ཏཱྂ༔ ཨ་མཱ་ར་ཎི་ཛཱི་བནྟི་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྂ༔ ཚེ་རིལ་དང་ནི་ཚེ་ཆང་ཐོགས༔ འོ་བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱད་པས་རྩ་རླུང་ཐིག་ལེའི་དྭངས་མསྒྲིབ་བྲལ་དུ་སྨིན༔ ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་རྡོ་རྗེ་གསུམ་དུ་བརྟན་པར་མོས་ཤིག༔ ཧཱུྂ་ཧྲཱིཿ སྟོང་གསུམ་སྲེད་པ་ཀུན་གྱི་བཅུད༔ ཐབས་མཆོག་ཚེ་རིལ་ཤེས་རབ་ཆང༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་ཐིག་ལེའི་སྟོབས་འཕེལ་ནས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་ཨཱ་ཡུ་ཥེ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྂ༔ ཚེ་སྲོག་མི་ཤིག་རྒྱས་འདེབས་པ་ནི༔ ཚེ་མདའ་ནམ་མཁར་རྒྱ་གྲམ་བྱ༔ ཧཱུྂ་ཧྲཱིཿ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང༔ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་བསྐྱེད་ཅིག༔ མིའུ་རྣམས་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་ལྔའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་བཞི་ཡིས་དཔལ་བསྐྱེད་ཅིག༔ སྐལ་ལྡན་བུ་ཡི་སྒོ་གསུམ་ལ༔ ཚེ་དཔག་མེད་མགོན་རིག་ལྔ་ཡིས༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་བསྐྱེད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྂ༔ ནང་ཕུང་པོ་ཁམས་ལྔའི་ཚེ་ཉམས་པ༔ ཕྱི་རོལ་གྱི་འབྱུང་བ་ལྔའི་བཅུད་བསྡུས་ནས་རིགས་ལྔས་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད་ཅིག༔ གསུམ་པ་མངའ་གསོལ་བཀྲ་ཤིས་དབང༔ རྟགས་བརྒྱད་ཐོགས་ལ་འདི་སྐད་བརྗོད༔ ཧཱུྂ༔ སྐྱོབས་པ་གསེར་གདུག་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ ཨོཾ་མངྒ་ལཾ་ཚ་དྲཾ་ཀ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཨོཾ་མངྒ་ལཾ་མ0ཡཱ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོགས༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ ཨོཾ་མངྒ་ལཾ་ཤཾ་ཁ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ པདྨ་དྲི་མེད་མདངས་དང་ལྡན༔ དམ་ཆོས་ཀུན་གྱིས་ཆར་འབེབས་ཤོག༔ ཨོཾ་མངྒ་ལཾ་པདྨ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ བུམ་པ་དགོས་འདོད་རེ་བ་སྐོང༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་མངྒ་ལཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ རྒྱལ་མཚན་མི་ནུབ་བསྟན་པའི་དཔལ༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ ཨོཾ་མངྒ་ལཾ་ངྷྭ་ཛ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ དཔལ་གྱི་བེའུ་འོད་འབར་ཆེ༔ འཁྲུལ་མེད་ཐུགས་དང་ལྡན་པར་ཤོག༔ ཨོཾ་མངྒ་ལཾ་ཤྲཱི་བཏྶ་བ་ནཱ་ཡེ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ འཁོར་ལོ་རྩིབས་བརྒྱད་ཕྱག་ཞབས་མཚན༔ མི་ཤིག་རྡོ་རྗེ་བརྟན་པར་ཤོག༔ ཨོཾ་མངྒ་ལཾ་ཙཀྲ་ཨ་བྷི་ཥིཉྩ་མི༔ རྫས་བརྒྱད་ཐོགས་ལ་འདི་སྐད་བརྗོད༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨ་ད་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུ་བར་ཤོག༔ པདྨ་ཝ་ཤཾ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ གྷི་ཝཾ་དུག་གསུམ་སེལ་བའི་སྨན་གྱི་མཆོག༔ རྒྱུ་འབྲས་ནད་ཀུན་ཞི་བའི་དབང་ཐོབ་ཤོག༔ དུ༔ཁ་ཤཱིནྟཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཡུང་དཀར་དྲག་པོའི་རྫས་མཆོག་དམ་པ་ནི༔ ནད་གདོན་བར་ཆད་ཞི་བའི་དབང་ཐོབ་ཤོག༔ ཛ༔ཐུཾ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ རྩ་མཆོག་དཱུར་བ་ཚེ་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ འོ་མ་ཞོ་ནི་བཅུད་མཆོག་དམ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལོན་པར་ཤོག༔ ཧྲྀ་ད་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཆོས་དུང་དཀར་པོ་སྙན་པས་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ ངྷརྨཱ་སརྦ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ མཆོད་རྫས་བིལ་བ་བཀྲ་ཤིས་རྫས་འདུས་ཏེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བི་ཛ་པཱུ་ར་ཨ་བྷི་ཥིཉྩ་མི༔ རྒྱལ་སྲིད་བདུན་ཐོགས་འདི་སྐད་བརྗོད༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ ཆོས་ཀྱི་འཁོར་ལོ་སྐོར་བར་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ བཙུན་མོ་རིན་ཆེན་སྡོམ་བརྒྱད་གཏེར༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ནོར་བུ་རིན་ཆེན་མཆོག་ཀུན་གནས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ ཙིནྡ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་མ་ཎིརཏྣ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་དབང་ཐོབ་ཤོག༔ མ་ཧཱ་སྟ་རཏྣ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ རྟ་མཆོག་རིན་ཆེན་ས་ལམ་བསྒྲོད༔ རྫུ་འཕྲུལ་རྐང་ལྡན་དབང་ཐོབ་ཤོག༔ ཏུ་རམ་ག་ཨ་ཤྭ་ཨ་བྷི་ཥིཉྩ་མི༔ ཧཱུྂ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་མི༔ བཞི་བ་དམ་ཚིག་ལེན་པ་ནི༔ ཧོ༔ བུ་ཁྱོད་དཀྱིལ་འཁོར་འདིར་ཞུགས་ནས༔ གཏི་མུག་འོད་གསལ་སྒྱུར་བར་སྦྱོང༔ ང་རྒྱལ་རིག་སྟོང་ཆེན་པོར་ལྟོས༔ འདོད་ཆགས་བདེ་སྟོང་དབྱིངས་སུ་ཆོངས༔ ཕྲག་དོག་ཚོར་སྟོང་ཡངས་པར་ཞོག༔ ཆགས་ལམ་ལ་མོས་ཕྱག་རྒྱ་བརྟེན༔ གཞོན་ནུ་མ་ལ་བསྙེན་བཀུར་དང༔ འཛགས་མེད་ཚངས་སྤྱོད་ལ་གནས་བྱ༔ གཞན་ཡང་རྒྱུད་ནས་གསུང་བ་ཡི༔ རིགས་ལྔ་སྤྱི་དང་བྱེ་བྲག་ཏུ༔ མ་རྒྱུད་དགོས་ཀྱི་དམ་ཚིག་རྣམས༔ མ་ལུས་ཚུལ་བཞིན་འཛིན་འཚལ་ལོ༔ སློབ་མའི་ལག་གཉིས་ཐལ་མོ་བཅས༔ ཧོ༔ བླ་མ་རྡོ་རྗེ་འཆང་ཆེན་པོ༔ གསང་བ་ཡེ་ཤེས་བཀའ་ཅི་བཞིན༔ རྒྱུད་བཞིན་བདག་གིས་སྒྲུབ་ལགས་ན༔ ཡེ་ཤེས་གཟིགས་པས་བདག་སྐྱོང་འཚལ༔ ལན་གསུམ་བརྗོད་ལ་མཎྜལ་ཕུལ༔ སླར་ཡང་བྲན་དུ་འབུལ་བའི་བློས༔ ཧོ༔ བཀའ་དྲིན་མཚུངས་མེད་བླ་མ་རྗེ༔ དེང་ནས་བདག་ནི་ཁྱོད་ཀྱི་འབངས༔ སྒོ་གསུམ་དྭངས་བས་འབུལ་ལགས་ན༔ ཆ་ཤས་ཅིས་ཀྱང་སྤྱད་དུ་གསོལ༔ ལན་གསུམ་གྱིས་ནི་དབང་ཡོངས་རྫོགས༔ བཀྲ་ཤིས་བརྗོད་ཅིང་བསྔོ་བ་བྱ༔ དཀྱིལ་འཁོར་འདི་ཉིད་ཞལ་ཕྱེས་ན༔ མ་དང་མཁའ་འགྲོ་སྤྲིན་ལྟར་འདུ༔ ཆོས་སྐྱོངས་སྲུང་མས་བར་ཆད་སེལ༔ སྡོམ་གསུམ་དམ་ཚིག་ཆག་ཉམས་དང༔ མཚམས་མེད་ལས་ངན་བསག་ནའང༔ བྱང་ཞིང་དག་པར་ཐེ་ཚོམ་མེད༔ མ་འོངས་བསྙེན་སོང་གང་ཟག་གིས༔ དབང་འདི་བུ་ལ་སྦྱིན་པའི་ཚེ༔ རང་ལ་ལྟ་གདེངས་མེད་ནའང༔ དམ་ཚིག་དག་པའི་གཞི་བཟུང་སྟེ༔ སེམས་བསྐྱེད་ལྡན་པས་བརྩོན་ཅིག་དང༔ དབང་དང་བྱིན་རླབས་གནང་བ་ལ༔ ང་ཉིད་འོང་ཞེས་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་མཚོ་རྒྱལ་གྱིས༔ པདྨ་བདེ་ཆེན་གླིང་པར་གདམས༔ ངས་ཀྱང་དབང་འདི་གནང་བའི་ཚེ༔ མཁའ་འགྲོས་བྱིན་གྱིས་རློབ་པ་ཡི༔ རྟགས་མཚན་ཆད་པ་མེད་པར་འོངས༔ བཻ་རོ་ནམ་སྙིང་མཚོ་རྒྱལ་གསུམ༔ ཐུགས་བཅུད་འདུས་པ་གསང་ཡེའི་ཆོས༔ ཉམས་སུ་ལེན་ལ་དེ་གསུམ་གྱིས༔ བྱིན་གྱིས་རློབས་པ་རྡོ་རྗེའི་མནའ༔ ཁོ་བོར་སྦྱང་བརྩོན་མེད་ནའང༔ དབང་ཆོག་འདི་ཉིད་མཁའ་འགྲོ་ཡིས༔ བྱིན་རླབས་དགོངས་པའི་ཀློང་ནས་རྡོལ༔ རིན་ཐང་རང་གི་སེམས་ན་གསལ༔ ཆོ་ག་རྒྱས་བསྡུས་གང་ཅི་ཡང་རུང༔ དད་དང་དམ་ཚིག་རྩ་བར་ཟུངས༔ སྔགས་ཉིད་གསང་བ་ཡེ་ཤེས་ཏེ༔ དངོས་གྲུབ་མ་ལུས་འགྲུབ་པར་འགྱུར༔ ལྷ་དང་རང་སེམས་དབྱེར་མེད་ངང༔ བསྐྱེད་རྫོགས་རྫོགས་པ་ཆེན་པོར་འདྲིལ༔ ལོ་དང་ཟླ་བ་མི་འགྱང་བར༔ བྱིན་རླབས་མངོན་སུམ་ཐོབ་པར་ངེས༔ ས་མ་ཡ༔ པདྨའི་སྦུབས་སུ་བདེ་ཆེན་ལ་རོལ་བའི༔ མཁའ་འགྲོའི་དབང་ཕྱུག་རྔ་ཡབ་གླིང་གི་མགོན༔ འདྲེན་པ་ཁྱོད་ཞབས་དྲན་ཞིང་སྐྱབས་སུ་མཆི༔ ཐུགས་རྗེས་བཟུང་སྟེ་ཡེ་ཤེས་མཆོག་སྦྱིན་མཛོད༔ གསང་བ་ཀུན་གྱི་གསང་བ་ཆེ༔ གསང་ཆེན་བཙུན་མོའི་གདམས་པ་འདི༔ གསང་བའི་ཆོས་སྐྱོང་རིགས་ཀྱི་སྲས༔ མགོན་པོའི་རྒྱལ་ཚབ་བཀའ་ལུང་དང༔ ཡེ་ཤེས་མཁའ་འགྲོའི་བྱིན་མཐུ་ཡིས༔ བླ་མའི་ཤོག་སེར་གཏེར་གྱི་མཇུག༔ སྐྱོང་ཕྱིར་གསང་གཏེར་ཤོག་བུར་བཀོད༔ ཅེས་རྗེ་བླ་མའི་རིགས་ཆོས་ཀྱི་སྲས་སྤྲུལ་བའི་སྐུ་ཆེན་པོ་ཆོས་སྐྱོང་མགོན་དང་། ཀུན་བཟང་ཆོས་ཉིད་ཀློང་གྲོལ་མཆོག་གིས་འདྲེན་པ་རྡོ་རྗེ་འཆང་གི་དབུ་ཞྭ་དང་སྐུ་ཆིང་དབང་གི་མདོག་ཅན༔ རྟེན་འབྲེལ་གྱི་རྫས་མང་པོའི་གནང་སྦྱིན་གྱ་ནོམ་པ་བསྩལ་ཞིང་ཡི་གེས་ལམ་ནས་ཡང་ཡང་བསྐུལ་བ་དང་རྡོ་རྗེ་མཁའ་འགྲོ་མི་མོའི་ཚུལ་ཅན་དེས་གསུམ་པའི་ཡེ་ཤེས་ཀྱི་བྱིན་རླབས་ལས་ཡིད་ལ་གང་ཤར་བྱུང་རྒྱལ་དུ་ལྕགས་ཕོ་བྱི་བའི་ལོའི་སྤྲེལ་ཟླའི་མཁའ་འགྲོའི་ཚེས་བཅུ་ལ་སྔགས་ཀྱི་དགེ་སློང་ཚེ་དབང་ནོར་བུས་བསྭ་ལྕི་རོང་བདེ་ཆེན་བསྐྱེད་ཚལ་དུ་བྲིས་པ་ཨེ་མ་ཧོ༔