འཕགས་མ་དོན་གྲུབ་མའི་རྒྱུན་ཁྱེར་ཐུགས་རྗེའི་ཞགས་པ།

༈ འཕགས་མ་དོན་གྲུབ་མའི་རྒྱུན་ཁྱེར་ཐུགས་རྗེའི་ཞགས་པ་བཞུགས་སོཿ

ན་མོ་གུ་རུ་ཨརྻཱ་ཏཱ་རེ་ཡེཿ པད་འབྱུང་བདེ་ཆེན་གླིང་བའི་བྱིན་རླབས་ལསཿ དག་པའི་སྣང་ངོར་ཤར་བ་འདི་ལྟར་རོཿ ན་མོཿ མ་ལུས་རྒྱལ་བའི་ཡུམ་གྱུར་སྒྲོལ་མ་ལཿ སྐྱབས་སུ་མཆིའོ་འགྲོ་ཀུན་བྱང་ཆུབ་ཤོགཿ ཏཱྂཿ སྤྲོས་བྲལ་དབྱིངས་ལས་ཐུགས་རྗེ་རོལ་བའི་རྩལཿ རང་སེམས་ཏཱྂཿལས་འོད་འཕྲོས་དོན་གཉིས་བྱསཿ ཡི་གེའི་སྤྲིན་གྱི་འཕྲུལ་ལས་སྐད་ཅིག་གིཿ རང་ཉིད་རྗེ་བཙུན་དོན་གྲུབ་སྒྲོལ་མ་ལྗང་ཿ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་མཉམ་སྟབས་བཞེངསཿ སྤྱན་བདུན་བརྩེ་བའི་འཛུམ་མདང་ལྷག་གེར་གསལཿ ཕྱག་གཡས་མཆོག་སྦྱིན་ནོར་བུའི་ཆར་བ་འབེབསཿ གཡོན་པའི་མཆོག་གསུམ་ཕྱག་རྒྱས་ཨུཏྤལ་འཛིནཿ བཅུ་དྲུག་ལང་ཚོ་རབ་རྒྱས་ཡིད་དབང་འཕྲོགཿ མ་རུའི་སྟོད་གོས་དར་དང་རིན་ཆེན་བརྒྱནཿ སྤྱི་བོར་སྣང་མཐའ་རིག་བྱེད་ལྷ་མོ་བཞུགསཿ རང་གི་སྙིང་དབུས་རྡོ་རྗེར་སྤྱན་རས་གཟིགསཿ པད་ཕྲེང་བུམ་འཛིན་ཐུགས་དབུས་ཉི་ཟླའི་ཀློངཿ རྟ་མགྲིན་མཐིང་ནག་རལ་གྲི་ཞགས་ཐོགསཿ རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུདཿ མཁའ་དབྱིངས་སྐྱབས་ཡུལ་རྒྱ་མཚོ་སྤྲིན་ལྟར་འཁྲིགསཿ གནས་གསུམ་ཡི་གེས་ཡེ་ཤེས་སྤྱན་དྲངས་བསྟིམསཿ སྙིང་དབུས་ཏཱྂ་ལ་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་འཕྲོས་ལྷ་སྔགས་ཡེ་ཤེས་འཁོར་ལོར་སདཿ རྩ་བའི་སྙིང་པོ་འདི་ལྟར་བཟླཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱཿ སྒོས་ཀྱི་གཟུངས་སྔགས་འདི་བཞིན་བསྙེནཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛཾ་བྷེ་མོ་ཧེ་སྭཱཧཱཿ ལས་སྦྱོར་ཐོག་མ་ཞི་བ་ནིཿ སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་བསྐུལཿ ཨོཾ་མ་ཎི་པདྨེ་ཧཱུཾཿཧྲཱིཿ གདུགས་སེམས་ཤནྟཾ་ཀུ་རུ་ཡེ་སྭཱཧཱཿརྒྱས་པར་ཚེ་དཔག་མེད་མགོན་བསྙེནཿ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱཧཱཿ གཞན་ཕན་གྱི་སེམས་པུཥྚཾ་ཀུ་རུ་ཡེ་སྭཱཧཱཿ དབང་ལ་རིགས་བྱེད་ལྷ་མོ་བསྐུལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ དམིགས་བྱ་ཐམས་ཅད་ཝ་ཤང་ཀུ་རུ་ཧོཿ དྲག་པོར་རྟ་མགྲིན་ཁྲོ་ཚོགས་སྤྲོཿ ཨོཾ་ཧྱ་གྷྲི་ཝ་ཧཱུཾ་ཕཊཿ གནོད་བྱེད་འབྱུང་བོ་མཱ་ར་ཡ་ཕཊཿ ཕུར་བུ་བྱིན་རླབས་ཧོཾ་དུ་གདབསཿ ལངྒ་གསེར་སྐྱེམ་ཕུལ་ཡང་རུང་ཿ ཕྱི་ཡི་དམག་དང་རྩོད་པ་ཀུནཿ ནང་གི་ཞེ་སྡང་ཉིད་ལས་བྱུང་ཿ གཉེན་པོ་བྱམས་དང་སྙིང་རྗེ་བསྒོམཿ སྒོ་གསུམ་དམ་ཚིག་ལེགས་པར་སྲུངསཿ དེ་ཡིས་འཕགས་མས་དགྱེས་ཞལ་ངོམཿ དོན་ཀུན་འགྲུབ་པོ་ས་མ་ཡཿ མཐའ་མར་དགེ་བ་བསྔོ་བ་ནིཿ རྣམ་དག་དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོཿ ཐམས་ཅད་རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེསཿ བྱང་ཆུབ་ལམ་གྱི་བར་ཆད་མ་ལུས་ཞིཿ དོན་གྲུབ་སྒྲོལ་མའི་གོ་འཕགས་མྱུར་ཐོབ་ཤོགཿ རང་ལོ་ང་བདུན་ཤིང་ཁྱི་ལོའི་ལྔ་བའི་དུས་བཟང་སྟེ་སྣྲོན་ཟླའི་ཚེས་བཅུ་གཉིས་སྤྱོད་འཆང་དབང་པོས་ཆོ་འཕྲུལ་སྟོན་པའི་དུས་སུ་ཉི་མའི་ཟེར་ལས་འཇའ་ཚོན་གྱི་གུར་ཕུབ་པའི་ནང་རྗེ་བཙུན་སྒྲོལ་མའི་སྐུའི་རྣམ་པ་ཀུན་གྱི་མཐོང་བར་སྣང་བ་དང་ཿ རང་སྣང་དུ་སཾ་སྐྲྀ་ཏའི་ཡི་གེར་སྒྲོལ་མའི་རྒྱུད་དང་སྒྲུབ་ཐབས་མང་པོ་ཤར་བ་ལྟར་དེ་མ་ཐག་ཏུ་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་འགྲམ་རང་བྱུང་གི་དུར་ཁྲོད་ཆེན་པོ་རུ་ཀཿཐོག་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་རྩལ་གྱིས་དག་པར་ཕབ་པའོཿ