སྨོན་ལམ་བཟང་པོ་ཐར་པའི་སྒོ་འབྱེད།

༄༅། །སྨོན་ལམ་བཟང་པོ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭ་སྟི། ཟང་པད་འབྱུང་ནམ་མཁའ་སྙིང་པོ་ཡིས། །སྨོན་ལམ་དབང་གིས་འགྲོ་འདུལ་བླ་མ་མཆོག །འཁོར་ལོའི་མགོན་པོ་ཚེ་དབང་ནོར་བུ་ལ། །སྙིང་ནས་ཕྱག་འཚལ་གུས་པས་གསོལ་བ་འདེབས། །བདག་གི་འཁོར་བ་ཐོག་མེད་ནས་བརྩམས་ཏེ། །བྱེ་བྲག་ཚེ་འདིར་སོ་ཐར་བྱང་སེམས་དང་། །ཁྱད་པར་གསང་སྔགས་དམ་ཚིག་གཉེན་པོ་ལ། །ཉམས་ཆག་རལ་དང་ཕམ་ལྟུང་གྱུར་པ་ཀུན། །སྙིང་ནས་འགྱོད་པས་བཤགས་སོ་དག་པར་ཤོག །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱེད་དང་ཚོམ་བུ་གཅིག་ཏུ་འགྲོགས། །སྒོ་གསུམ་རྟག་ཏུ་བག་ཡོད་དྲན་པ་ཡིས། །རྩ་བའི་བླ་མ་དགྱེས་དགུའི་བསྒྲུབ་པར་ཤོག །བྱང་སེམས་ནོར་བཟང་དག་གི་འཇམ་དཔལ་དང་། །རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་བཞིན། །ཐར་པའི་སྲོག་རྩ་བླ་མ་བསྟེན་པ་ལ། །གཡེལ་མེད་བདག་གི་རྟག་ཏུ་བསྙེན་པར་ཤོག །དེ་བཞིན་ན་རོ་ཏ་པས་ཏི་ལློ་དང་། །ཞི་བ་སྦས་པས་ཡེ་ཤེས་བཤེས་གཉེན་ཞབས། །བསྟེན་བཞིན་བླ་མ་དགྱེས་པའི་ལས་བཟང་པོ། །ཚེ་རབས་སྐུ་ངལ་མེད་པ་བསྒྲུབ་པར་ཤོག །མདོར་ན་ཀུན་བཟང་པད་འབྱུང་ནམ་མཁའི་སྙིང་། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ཡིས། །ཐེག་ཆེན་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐའ། །ཇི་ཙམ་དེ་ཀུན་བདག་གིསའང་འགྲུབ་པར་ཤོག །སྐྱེ་ཀུན་བླ་མའི་ཐུགས་ཀྱི་སྲས་སུ་གྱུར། །འགྲོ་ལ་ཕན་གདགས་བྱས་པ་དྲིན་དུ་གཟོ། །གཡོ་སྒྱུ་མེད་པར་དམ་ཚིག་ལ་འབད་པས། །རྒྱལ་བ་སྲས་དང་བཅས་དགེས་རྟག་སྤྱོད་ཤོག །དེ་ལྟར་བདག་གི་སྨོན་ལམ་བཟང་པོ་འདི། །བསླུ་བ་མེད་ཅིང་ངེས་པ་ཉིད་འགྲུབ་པར། །དཀོན་མཆོག་གསུམ་དང་རྩ་བ་གསུམ་རབ་འབྱམས། །དཔང་གྱུར་ཚད་མར་གྱུར་པས་མཛད་དུ་གསོལ། །ཞེས་སྙིགས་དུས་ཀྱི་འགྲོ་བ་ཉོན་མོངས་རགས་པར་གྱུར་པས་ན་སྨོན་ལམ་འདི་ལྟ་བུ་ཕན་ཆེ་བར་མཐོང་བ་དང་མཆེད་གྲོགས་རྣམ་པ་ཚོས་ཀྱང་ནན་ཏན་བསྐུལ་བར་བརྟེན་བླ་མའི་བཀའ་འབངས་པ་རྣལ་འབྱོར་ཞི་བ་རྡོ་རྗེས་ལྷག་པའི་བསམ་པས་བྲིས་པ་དོན་དང་ལྡན་པའོ། །འདི་ལ་རྟག་ཏུ་ཁ་འདོན་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་ཅིང་ལྷག་པར་འཆི་ཁ་མར་ལན་གསུམ་བཀླགས་པར་ནུས་ན་ཐར་པའི་ལམ་སྣ་ཟིན་ཞེས་རྩ་བའི་བླ་མ་ཀུན་བཟང་འཕྲིན་ལས་འགྲོ་འདུལ་རྩལ་གྱིས་དམ་བཅས་པའོ། །གང་ཞིག་ཉམས་ཆག་ཅན་བསོག་འཇོག་ཅན་ཡོད་ན་རྩ་བའི་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་བསྒོམ་སྟེ་ཉིན་རེ་བཞིན་ཡིག་བརྒྱ་ཚར་བརྒྱ་རེ་ཉུང་མཐར་བྱས་ཤིང་སྨོན་ལམ་འདི་ཉིད་ལན་གསུམ་བརྗོད་ན་ཉམས་ཆག་དག་པ་ལ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཡིན་ནོ། །སརྦ་མངྒ་ལཾ།

སྭཱ་སྟི། ཀུན་བཟང་པདྨ་ཐོད་ཕྲེང་ཞི་དང་ཁྲོ། །མཆོག་གསུམ་རྩ་གསུམ་རབ་འབྱམས་བདག་ལ་དགོངས། །དགེ་བ་འདི་སོགས་དུས་གསུམ་བསགས་ཀུན་གྱི། །བླ་མའི་དགོངས་རྫོགས་ཕ་མའི་དྲིན་ལན་འཁོར། །ཚེ་དབང་ནོར་བུའི་ཐེག་ཆེན་སྨོན་ལམ་ཀུན། །བསླུ་མེད་བགེགས་མེད་ཉིད་དུ་འགྲུབ་པར་ཤོག །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱཐཱ། པཱཉྩ་པྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭཱ་ཧཱ།