Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
   
   
སྤྱི་དོན་བདུན་པ། ཚེ་ལོའི་འཕེལ་འགྲིབ་དང། རང་སངས་རྒྱས་འབྱོན་ཚུལ།
   
   
   


 
previousསྤྱི་དོན་བདུན་པ། ཚེ་ལོའི་འཕེལ་འགྲིབ་དང། རང་སངས་རྒྱས་འབྱོན་ཚུལ།next

སྤྱི་དོན་བདུན་པ། ཚེ་ལོའི་འཕེལ་འགྲིབ་དང། རང་སངས་རྒྱས་འབྱོན་ཚུལ།


LR16_Page_479
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བདུན་པ་ཚེ་ལོའི་འཕེལ་འགྲིབ་དང། རང་སངས་རྒྱས་འབྱོན་ཚུལ་ནི། དེ་ཡང་སྔོན་དང་པོ་སྲིད་པ་ཆགས་པ་ཐག་གི་དུས་ན། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ལ། སེམས་ཅན་རྣམས་ཀྱི་ལས་མི་དགེ་བ་སྤྱད་པའི་སྟོབས་ཀྱིས། རིམ་གྱིས་མར་འགྲིབས་ནས་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་པར་སོང་བ་དང། མནར་མེད་ཀྱི་གནས་སུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པའོ། །དེ་ཡན་ཆད་ཀྱིས་ཆགས་པའི་གཞུག་རྫོགས་ཤིང་གནས་པའི་ཡ་ཐོག་མགོ་ཚུགས་ཏེ། དེ་ལྟར་ཚེ་ལོ་བརྒྱད་ཁྲི་པ་དེ་ནས་ལོ་ཉིས་བརྒྱ་ཉིས་བརྒྱ་ནས་ལོ་རེ་མར་བྲིས་བས་ནི། ཐ་མ་ཚེ་ལོ་བཅུ་པ་ལ་མར་ལྷན་གྱིས་སོང་བའི་བར་ཏེ། ཡ་ཐོག་རིང་པོ་ཡིན་ཞིང། ད་ལྟའི་དུས་འདི་་ནི་ཡ་ཐོག་གི་དུས་གཞུག་ཚེ་ལོ་དྲུག་ཅུ་པའོ། །ཚེ་ལོ་བཅུ་པའི་དུས་ཀྱི་ཚེ། དང་པོ་མཚོན་གྱི་བསྐལ་པ་འབྱུང་བ་ནི། །ཚེ་ལོ་བཅུ་པའི་དུས་ཀྱིས་ཚེ། དང་པོ་མཚོན་གྱི་བསྐལ་པ་འབྱུང་བ་ནི། མི་རྣམས་ཞེ་སྡང་ཁོང་ཁྲོ་རབ་ཏུ་བདོ་བས་ལུས་མཚོན་ཆས་བརྒྱན་ཅིང་གཅིག་ལ་གཅིག་རྡེག་ཅིང་འཁྲུག་རྩོད་འབར་ཞིག་བྱེད་པ་འབྱུང་ལ། མཐར་ལག་ཏུ་རྡོ་དང་གྱོ་མོ་ལ་སགོས་པ་ཅི་བླངས་པ་ཐམས་ཅད་མཚོན་ཆར་སོང་ནས་གཅིག་ལ་གཅིག་གིས་བརྒྱབ་ནས་ཐམས་ཅད་གསོད་དོ། །དེ་ལྟ་བུ་ནི་ལོ་བདུན་ཟླ་བ་བདུན་ཞག་བདུན་འབྱུང་བར་བཤད་དོ། །དེ་དག་ནི་ད་ལྟ་ཞེ་སྡང་


LR16_Page_480
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁྲུག་རྩོད་བྱས་པ་རྣམས་དེའི་དུས་སུ་སྐྱེའོ། །དེས་ཉིང་མཚམས་སྦྱར་ནས་ཐམས་ཅད་དམྱལ་བར་སྐྱེའོ། །དེར་མི་སྐྱེ་བ་ལ། ད་ལྟ་སེམས་ཅན་ལ་བྱམས་པ་བསྒོམ་པ་དང། ཉའི་སྡོམ་པ་སྲུང་པས་མི་སྐྱེ་བར་བཤད་དོ། །དེའི་ཚེ་མི་ལ་ལས་ནགས་གསེབ་ཏུ་བྲོས་པས་མ་ཤི་བ་ནང་འཕྲད་པས་དགའ་སེམས་སྐྱེའོ། །དེ་ནས་ཡང་མི་དགེ་བ་སྤྱད་པའི་སྟོབས་ཀྱིས་དཀར་པོའའི་ཕྱོགས་ཀྱི་མི་མ་ཡིན་རྣམས་འཁྲུགས་པས། ནད་ཀྱི་བསྐལ་པ་འབྱུང་པས་མི་རྣམས་ཐམས་ཅད་མེད་པར་བྱེད་དོ། །དེ་ལྟ་བུ་དེ་ནི། ད་ལྟ་སེམས་ཅན་ལ་དུག་གི་གནོད་པ་བྱས་པ་རྣམས་དེར་སྐྱེའོ། །དེས་ཉིང་མཚམས་སྦྱར་ནས་དུད་འགྲོ་ཉིང་ཤ་ཉིང་གིས་ཟ་བར་སྐྱེའོ། །དེའི་གཉེན་པོ་ནི་སེམས་ཅན་ལ་སྨན་བྱིན་པ་དང། ཚེས་བརྒྱད་ཀྱི་སྡོམ་པ་བསྲུང་བས་སྤོང་ངོ་། །དེའི་དུས་སུ་མ་མ་ཤི་བ་རེ་རེ་གཉིས་གཉིས་འཕྲད་པས་དགའ་སེམས་སྐྱེའོ། །དེ་ནས་ཀྱང་མི་དགེ་བ་སྤྱད་པའི་དབང་གིས། དཀར་ཕྱོགས་ཀྱི་མི་མ་ཡིན་འཁྲུག་སྟེ། ནམ་མཁའ་ལ་ཆར་ཉག་གཅིག་མེད་པས་རྩི་ཐོག་ཐམས་ཅད་བསྐམས་ཏེ་མུ་གེའི་བསྐལ་པ་འབྱུང་ངོ་། །དེ་ལ་གསུམ་སྟེ། དང་པོ་མུ་གེ་ཐུར་མ་བ་ནི། །འབྲུ་ཉུང་ཟད་ཡོད་པ་དེ་ཟ་མ་ཏོག་ཏུ་བླུཊ་ཤིང། དེ་ནས་ཐུར་མས་བྲུས་ཤིང་སྤོཡད་པའམ། འབྲུ་བཙོས་ཐུར་མའི་རྩེ་ལ་བཀལ་ཞིང་བསྣོམ་ཞིང་ལྡག་རེས་བྱེད་པའོ། །གབ་རྩེ་བ་ནི། འབྲུ་ཉུང་ཟད་ལ་སྙིག་རབ་ཏུ་བརྩེ་བས། བཟའ་མི་རྣམས་དེ་ལ་གབ་པའོ། །རུས་གོང་དཀར་པོ་བ་ནི། དུར་ཁྲོད་ཀྱི་རུས་གོང་བཙལ་ནས། སྔོན་གྱི་ཕ་མེས་འབྲུ་ཟོས་པ་རྣམས་ཀྱི་རུས་པ་ཡིན་ཟེར་ནས་ཆ་ལ་བསྡུས་ནས་


LR16_Page_481
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བས་སོ། །ཡང་དེའི་དུས་ཀྱི་མི་རྣམས་ཤི་མ་ཐག་ཐུ་རུས་པ་དཀར་པོར་སྐྱ་ཉིལ་གྱིས་འགྲོ་བས་སོ། །དེ་ལྟ་བུ་ནི་ཞག་བདུན་བྱུང་ངོ༌། །དེར་སྐྱེ་བའི་རྒྱུ་ནི་རང་གཞན་གྱི་ནོར་ལ་སེར་སྣ། འཇུར་གེགས། རྐུ་འཕྲོག་བྱས་པས་རྣམད་དེའི་དུས་སུ་སྐྱེའོ། །དེས་ཉིང་འཚམས་སྦྱར་ནས་ཐམས་ཅད་ཡི་དྭགས་སུ་སྐྱེའོ། །དེའི་གཉེན་པོར་ད་ལྟ་དགེ་འདུན་ལ་ཆོས་སྟོན་དྲངས་པ་དང། གནམ་སྟོང་གིས་སྡོམ་པ་བསྲུང་བས་མི་སྐྱེའོ། །ཡང་ཁ་ཅིག་བསྐལ་པ་ཆགས་ནས་གནས་པའི་བར་ལ་ཚེ་ལོ་བཅུ་པ་ཉིས་ཤུ་ཡོང་བས། དེའི་དུས་སུ་མཚོན་དང་ནད་དང། མུ་གེའི་བསྐལ་པ་རྣམས་རེས་མོས་འབྱུང་བར་བཤད་དོ། །ཡང་འདི་ལ། ཁ་ཅིག་ཚེ་ལོ་སུམ་ཅུ་པ་ལ་མཚོན། ཉིས་ཤུ་པ་ལ་ནད། བཅུ་པ་ལ་མུ་གེའི་བསྐལ་པ་ཡོང་ཞེས་ཀྱང་འཆད་པ་དང། ཐོག་མར་མུ་གེ་ལོ་བདུན། ཟླ་བ་བདུན། ཞག་བདུན་འབྱུང་ལ། དེ་ནས་ནད། ཐ་མར་མཚོན་གྱི་བསྐལ་པ་ཞག་བདུན་འབྱུང་ཞེས། བྱམས་པ་འབྱུང་བར་ལུང་བསྟན་པའི་མདོ་ལས། སངས་རྒྱས་ཀྱི་བསྟན་པ་ནུབ། ཚེ་ལོ་བཅུ་པའི་དུས་ན། བར་གྱི་བསྐལ་པ་གསུམ་འབྱུང་སྟེ། མུ་གེའི་བསྐལ་པ་དང། ནད་ཀྱི་བསྐལ་པ་དང། མཚོན་གྱི་གེའི་བསྐལ་པ་འབྱུང་བ་ཡིན་ནོ། །གང་གི་ཚེ་གཏི་མུག་ཤས་ཆེར་གྱུར་པས་ནད་ཀྱི་བསྐལ་པ་འབྱུང་པ་ཡིན་ནོ། །གང་གི་ཚེ། ཞེ་སྡང་ཤས་ཆེར་གྱུར་པས་ན་མཚོན་གྱི་བསྐལ་པ་འབྱུང་པ་ཡིན་ཏེ། དེ་ཡང་མུ་གེའི་བསྐལ་པ་ལ་ཤི་བའི་སེམས་ཅན་རྣམས་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ནད་ཀྱི་བསྐལ་པ་ལ་ཤི་བའི་སེམས་ཅན་རྣམས་ནི་ལྷར་སྐྱེ་བར་འགྱུར་རོ། །མཚོན་


LR16_Page_482
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསླ་པ་ལ་ཤི་བའི་སེམས་ཅན་རྣམས་ནི་དམྱལ་བར་སྐྱེ་བར་འགྱུར་ཏེ། དེའི་ཙེ་མི་རྣམས་ནི་གཅིག་ལ་གཅིག་རི་དྭགས་ཡིན་སྙམ་པའི་འདུ་ཞེས་བྱེད་དེ། མཚོན་རྩེ་གཅིག་པ་དང་རྩེ་གཉིས་པ་དང། རྩེ་གསུམ་པ། རྣོ་བ་སྤུ་གྲི་ལྟ་བུ་ཁྱེར་ཏེ། གཅིག་གིས་གཅིག་བསད་དེ་འཆི་བར་འགྱུར་རོ། །དེ་དག་གི་ནང་ནས་བསོད་ནམས་ཡོད་པའི་མཁས་པ་ལ་ལས། ད་ནི་ཞག་བདུན་ནས་མཚོན་གྱི་བསྐལ་པ་འབྱུང་ངོ་ཞེས་ནུབ་མོ་ལྷ་ལས་ཐོས་ཏེ། །རིའི་ཕུག་གམ། སའི་འོག་ཏུ་ཞག་བདུན་བདུན་གྱི་འཚོ་བ་ཁྱེར་ནས་སྡོད་པར་བྱེད་དོ། །དེ་དག་ལས་གཞན་པའི་སེམས་ཅན་ལྷག་མ་རྣམས་ནི། གཅིག་གིས་གཅིག་བསད་དེ་འཆི་བར་འགྱུར་རོ། །དེའི་ཚེ་ས་ཐམས་ཅད་ཤ་དང་ཁྲག་གིས་གང་བར་འགྱུར་རོ། །དེའི་རྗེས་འབྲུག་སྒྲ་ཆེན་པོ་འབྱུང་སྟེ་ཆར་འབབ་ཕོ། །ཆར་འབབ་པའི་ཆུས་རོ་དང་ཤ་ཐམས་ཅད་ཕྱིའི་རྒྱ་མཚོར་འཁྱེར་བར་འགྱུར་རོ། །ལྷས་ཆར་ཆེན་པོ་ཕབ་པའི་རྗེས་ལ་དྲི་བཟང་པོའི་ཆར་འབབ་བོ། །དེས་ས་ཐམས་ཅད་གཙང་བར་འགྱུར་ཏེ། དག་པར་གྱུར་ནས་འབྲུའི་ཆར་འབབ་བོ། །འབྲུའི་ཆར་གྱི་རྗེས་ལ་འབྲས་ཀྱི་ཆར་འབབ་བོ། །ཆར་དེའི་བར་བར་དུ། གོས་དང། རྒྱན་གྱི་ཆར་འབབ་བོ། །དེའི་བར་དུ་པུས་མོ་ནུབ་ཙམ་གྱི་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་ཅིང། འབྲུ་རྣམས་དང་ནི་འབྲས་རྣམས་དང། གོས་དང་རྒྱན་རྣམས་སྣ་ཙོགས་འབབ། །དགའ་བའི་ཚལ་ལྟར་ཡིད་འོང་འགྱུར། །དེ་ཚེ་རིན་ཆེན་སྣ་བདུན་ཡང། །མཁའ་ལས་ཆར་དུ་འབབ་གྱུར་ཏེ། ས་ཀུན་རབ་ཏུ་གང་བར་འགྱུར། །དགའ་ཚལ་ཡིད་དུ་འོང་


LR16_Page_483
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཞེས་སོ། །མཚིན་གྱི་བསྐལ་པ་ཞག་བདུན་འདས་པ་དང། དེའི་ཚེ་མི་རིའི་ཕུག་ལ་སོགས་པར་བྲོས་ཏེ་གབ་པ་རྣམས་སླར་འོངས་ནས་གཅིག་ལ་གཅིག་འཁྱུད་ནས་ངུ་ཞིང། ཕན་པར་སེམས་པས་ཆོས་ཡིད་ལ་བྱེད་དེ། སྡོམ་པ་ལྔ་ལེགས་པར་སྲུང་བར་བྱེད་དོ། །དེ་ནས་ལོ་བཅུ་པའི་མི་ལས། བུ་ལོ་ཉིས་ཤུ་པ་འབྱུང་བ་ཡིན་ནོ། །དེ་ནས་མི་རྣམས་ཆོས་ལ་ཤིན་ཏུ་ལེགས་པར་དད་དེ། རིམ་གྱི་རིམ་གྱིས་ཚེ་རིང་པོར་འཕེལ་ནས་ཚེ་ལོ་གྲངས་མེད་པར་འགྱུར་རོ། །ཞེས་པ་དང། ཡང་མདོ་ཁ་ཅིག་ལས། དེ་ལྟར་ཡ་ཐོག་རིང་པོའི་དུས་གཞུག་ཚེ་ལོ་བཅུ་པའི་དུས་སུ་སེམས་ཅན་རྣམས་ཀྱི་མགོན་དུ་རྒྱལ་བ་བྱམས་པའི་སྤྲུལ་པ་ཞིག་བྱོན་ནས་ཆོས་བསྟན་པས། དེ་ནས་ལོ་བརྒྱ་བརྒྱ་ཞིང་ལོ་རེ་ཡར་འཕེལ་ནས། བརྒྱད་ཁྲི་ལ་ཐུག་པའི་བར་ནི་བྱམས་པའི་བསྟན་པའོ། །ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཚེ་ལོ་བཅུ་པ་ནས་བྱམས་པ་མ་བྱོན་བར། བསྐལ་པ་ཡར་འཕེལ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་བར་གསུངས་སོ། །དགེ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས། ཚེ་ལོ་བདུན་བརྒྱ་པའི་རྗེས་ལ། །ཞེས་བཤད་དོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ཚེ་ལོ་གྲངས་མེད་པར་ཐུབ་པ་དེའི་དུས་སུ། སེམས་ཅན་རྣམས་རྒས་པ་དང་ཤི་བ་མི་མཐོང་སྟེ། དེའི་དབང་གིས་སེམས་ཅན་རྣམས་ཀྱང་ཆོས་ལ་དད་པ་མེད་པར་འགྱུར་ཞིང། དམྱལ་བའི་སྡུག་བསྔལ་གང་ཡིན་པ་མི་ཤེས་ཏེ། ཚེ་ལོ་གྲངས་མེད་པ་ཡང་ཐུང་ངུར་འགྱུར་ལ། རིམ་གྱི་འགྲིབས་ནས་ཚེ་ལོ་བརྒྱད་ཁྲི་པར་འགྱུར་རོ། །དེའི་


LR16_Page_484
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཛམ་བུའི་གླིང་ཐམས་ཅད་དུ་ལྷ་ལྷ་བུའི་སྐྱེས་པ་དང། བུད་མེད་ལྷ་མོ་ལྟ་བུས་གང་བར་འགྱུར་ལ། ལྷ་རྣམས་ཀྱིས་ཀྱང་ཟླ་བ་ཕྱེད་ཙམ་དང། ཞག་བཅུ་ཙམ་དང། ཞག་ལྔ་ལྔ་ཙམ་དུ་ཆར་འབེབས། ནམ་གྱི་གུང་ལ་ས་ཐམས་ཅད་དྲི་བཟང་པོ་དང། རོ་ཞིམ་པ་དང། བཅུད་ཆེར་བྱེད་པར་འགྱུར་རོ། །དེ་ནས་ས་ཐམས་ཅད་རྡོ་བ་དང། ཚེར་མ་དང། གཡང་ས་དང། ངམ་གྲོག་མེད་པར་རབ་ཏུ་མཉམ་ཞིང་ཉམས་དགའ་བར་འགྱུར་རོ། །གྲོང་ཁྱེར་གྱི་སྒོ་བཞི། ཟུར་བཞི་དང། གྲོང་ཁྱེར་གྱི་དབུས་ཀྱི་བཞི་མདོ་རྣམས་དུ་དཔག་བསམ་གྱི་ཤིང་ལྗོན་པ་ཡལ་ག་དང། ལོ་མ་དང། མེ་ཏོག་དང། འབྲས་བུ་ཡིད་དུ་འོང་བ་སྣ་ཚོགས་པས་བརྒྱན་པ་འབྱུང་བར་འགྱུར་རོ། །ཞེས་སོ། །


previousསྤྱི་དོན་བདུན་པ། ཚེ་ལོའི་འཕེལ་འགྲིབ་དང། རང་སངས་རྒྱས་འབྱོན་ཚུལ།next