cover

ཀློང་ཆེན་པའི་གསུང་འབུམ། ཐ༽

གླེགས་བམ་བཅུ་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ།

དང་པོ། རྨི་ལམ་ལྟ་བུའི་ལེའུ།

༄༅། །མ ཧཱ ས ནྡྷི མཱ ཡཱ བི ཤྲཱ ནྟ ནཱ མ བི ཧཱ ར ཏི སྨ།

༄༅། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། མཧཱ་སནྡྷི་མཱ་ཡཱ་བི་ཤྲཱནྟ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མ་གཉིས་མེད་རོལ་པ་ཆེ། །སེམས་ཉིད་རྒྱལ་པོ་རང་བྱུང་གདོད་མ་ལ། །མ་སྐྱེས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །རྒྱལ་བས་ཆོས་ཀུན་སྒྱུ་མའི་ཚུལ་གཉིས་སུ། །ཡང་དག་གསུང་དེ་རང་བཞིན་རྟོགས་བྱའི་ཕྱིར། །མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །གཞི་(༢)དབྱིངས་མི་འགྱུར་སེམས་ཉིད་ནམ་མཁའ་ཆེ། །སྟོང་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས། །རྒྱལ་ཆོས་དྲི་མེད་ཉི་ཟླ་གཟའ་སྐར་བཞིན། །ལྷུན་གྲུབ་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །ངང་གིས་འོད་གསལ་ཡོན་ཏན་རྫོགས་པར་ལྡན། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཏེ། །ཡང་དག་གཞི་ཡི་སྒྱུ་མ་ལགས་པར་གསུངས། །དེ་ཉིད་ངང་ལས་གློ་བུར་འཁྲུལ་པའི་སྤྲིན། །རྨི་ལམ་བྱེད་པོ་གཉིད་ཀྱི་ངང་ཚུལ་ཅན། །ལྷན་ཅིག་སྐྱེས་པའི་མ་རིག་ཉིད་དང་ནི། །གཉིས་མེད་གཉིས་སུ་འཛིན་པས་བསླད་པའི་སེམས། །ཀུན་ཏུ་བཏགས་པའི་མ་རིག་ལས་བྱུང་བས། །འགྲོ་དྲུག་འཁྲུལ་སྣང་སྣ་ཚོགས་རྨི་ལམ་བཞིན། །མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་མྱོང་། །ཡུན་རིང་དུས་ནས་གོམས་པ་འདི་དག་ཀུན། །གནས་དང་ལུས་དང་ལོངས་སྤྱོད་ལ་སོགས་པ། །རང་སྣང་དགེ་སྡིག་ལས་གྱུར་བདེ་སྡུག་བསྔལ། །རྣམ་པ་སྣ་ཚོགས་རི་མོར་བྲིས་འདྲ་བ། །གཅིག་ཉིད་འཁྲུལ་ལས་མང་པོར་སྣང་གྱུར་ཏེ། །དུ་མར་བཟུང་ལས་འཁྲུལ་སྣང་རྒྱུན་མི་འཆད། །ཨེ་མ་སྲིད་པའི་རང་བཞིན་རྨི་ལམ་བཞིན། །རང་བྱུང་སེམས་ཉིད་གཅིག་གི་ངོ་བོ་ལ། །མ་རིག་གཉིད་ཀྱི་འཁྲུལ་སྣང་གཟུང་འཛིན་བློ། །སྣ་ཚོགས་མང་ལྡན་རྨི་ལམ་སྣང་བ་འདི། །རང་སེམས་ཉིད་ལས་གཞན་དུ་ཅི་ཡང་མེད། །ལོག་རྟོག་སྒྱུ་མ་ཉིད་ཅེས་རྒྱལ་བས་གསུངས། །ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལས། །སྣང་བ་སྣ་ཚོགས་སྣང་ཡང་(༣)འཁྲུལ་པར་གཅིག །དེ་བཞིན་མ་རིག་གཉིད་མྱོས་ལས་བྱུང་བའི། །འགྲོ་དྲུག་སེམས་འཁྲུལ་པ་ལ་སྣང་བ་འདི། །བདེན་པ་མེད་ཅེས་དེ་རིང་རྟོགས་པར་བྱ། །འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་རྟོག་ལས་བྱུང་བས། །བདེན་མེད་རྫུན་མེད་གཉིས་མེད་བློ་འདས་ཅེས། །ངེས་པར་རང་རིག་རང་བྱུང་ཤེས་བྱ་སྟེ། །ཡིན་མིན་ཡོད་མིན་མཐའ་གྲོལ་ཀློང་ཡངས་སུ། །རྒྱལ་བའི་དགོངས་པ་མཁའ་ལྟར་ཤེས་པར་བྱ། །ཆོས་ཀུན་རང་བཞིན་རྨི་ལམ་ལྟ་བུ་སྟེ། །སྣང་དུས་ཉིད་ནས་ངོ་བོ་འགའ་མེད་ལ། །རྣམ་པ་མ་དོར་སྣང་བ་མ་འགགས་ཤིང་། །རེ་ཞིག་རྫུན་ལ་རྣམ་ཀུན་སྟོང་པའི་གཟུགས། །ཤིན་ཏུ་དཔྱད་ན་བདེན་མིན་རྫུན་པ་མིན། །ཡོད་མིན་མེད་མིན་རང་བཞིན་མཐའ་ལས་འདས། །མཁའ་མཉམ་བརྗོད་འདས་བསམ་ཡུལ་རྣམས་དང་བྲལ། །རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། །དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་དང་འདྲར་ལྟ་བས་ཐག་བཅད་ནས། །སྒོམ་པས་ཉམས་སུ་བླང་ཕྱིར་བསྟན་པ་ནི། །བདེ་བའི་གདན་ལ་སྐྱིལ་ཀྲུང་རབ་བཅས་ནས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ། །ཆོས་ཀུན་མཉམ་རྫོགས་སྟོང་པའི་ངང་ཉིད་ལས། །སྟོང་པའི་སྒྱུ་མ་རབ་ཏུ་བསྒོམ་པར་བྱ། །སྤྱི་བོར་པད་ཟླ་ཉི་མའི་དབུས་ཉིད་དུ། །རྩ་བའི་བླ་མ་ཡི་དམ་མཁའ་འགྲོར་བཅས། །བརྒྱུད་པའི་བླ་མ་དབྱེར་མེད་གསལ་བཏབ་ལ། །མཆོད་བསྟོད་རྨི་ལམ་འབྱོང་བར་གསོལ་བ་གདབ། །བདག་དང་སྣང་སྲིད་འོད་ཞུ་བླ་མར་ཐིམ། །མཁའ་མཉམ་ངང་དེར་དར་ཅིག་གློད་ལ་བསྒོམ། །དེ་ཡིས་བྱིན་རློབས་རྟོགས་པ་ཤུགས་ལས་འཆར། །དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །ཕྱི་རོལ་རི་དང་ལུང་པ་ཡུལ་གྲུ་དང་། །ས་ཆུ་མེ་རླུང་ནམ་མཁའ་སེམས་ཅན་སོགས། །གཟུགས་སྒྲ་དྲི་རོ་རེག་སྟེ་ཡུལ་ལྔ་དང་། །ནང་གི་ལུས་དང་དབང་ཤེས་ཆོས་རྣམས་ཀུན། །རྨི་ལམ་ཉིད་ཅེས་ཡང་དང་ཡང་བསྒོམ་ཞིང་། །ཁ་རྩང་ཕན་ཆད་འདས་པའི་ཆོས་རྣམས་ཀུན། །མདང་སུམ་རྨི་ལམ་དང་འདྲར་ཡིད་ཀྱི་ཡུལ། །དེ་རིང་སྣང་བའང་མེད་སྣང་འཁྲུལ་པའི་བློ། །མདང་དང་དོ་ནུབ་རྨི་ལམ་དང་འདྲ་ཞིང་། །སང་དང་སང་ནུབ་མ་འོངས་རྨི་ལམ་སྟེ། །དགག་སྒྲུབ་བདེ་སྡུག་ཅིར་སྣང་ཐམས་ཅད་ལ། །རྨི་ལམ་ཡིན་པའི་འདུ་ཤེས་ཉེར་བཞག་ནས། །བདེན་པའི་བློ་ནི་སྐད་ཅིག་བསྒོམ་མི་བྱ། །འགྲོ་འདུག་ཟ་འཆག་གཏམ་སྨྲར་གྱུར་པ་ནའང་། །རྨི་ལམ་ནང་ཞེས་མ་ཡེངས་དྲན་པས་གཟུང་། ཅི་སྣང་ཅི་བྱེད་ཅི་བསམ་ཐམས་ཅད་ཀུན། །རྨི་ལམ་ཡིན་པའི་འདུ་ཤེས་མ་བྲལ་བས། །བདེན་མེད་འལ་འོལ་བན་བུན་ཕྱད་ཕྱོད་དང་། །སང་སེང་ཁྲལ་ཁྲོལ་འཛིན་མེད་ཆེན་པོར་སྦྱང་། །གཟུང་ཡུལ་འཁྲུལ་སྣང་རྨི་ལམ་ཉིད་བརྟགས་པས། །གཟུང་བའི་བློ་བྲལ་འཛིན་པ་ཤུགས་ལ་ཕྲལ། །ཡུལ་བཀག་པས་ནི་ཡུལ་ཅན་འགོག་པ་ཡིན། །རེས་འགའ་སྣང་བ་རྨི་ལམ་ཉིད་འཇལ་བའི། །སེམས་དེ་ཕྱི་ནང་བར་(༤)གསུམ་རབ་བཙལ་བས། །ངོ་བོ་ངོས་གཟུང་གཟའ་གཏད་མེད་པའི་བློ། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་ངང་ཉིད་དུ། །དྲན་བསམ་ཚོལ་ཁྲོ་བྲལ་བའི་རིག་པ་དེ། །སྟོང་གསལ་སྤྲོས་དང་བྲལ་བ་ངང་གིས་འཆར། །འཛིན་པ་འགགས་པས་གཟུང་བ་རང་འགགས་པ། །ཡུལ་ཅན་ལོག་པས་ཡུལ་འཛིན་གྲོལ་བའི་ཚེ། །སྣང་ཡུལ་འབྲེལ་མེད་དཔྱད་ར་ཞིག་པར་སྣང་། །དེ་ཚེ་གཉིས་མེད་རང་བྱུང་ཡེ་ཤེས་ཡིན། །དེ་ལྟར་རྟོགས་ཤིང་གོམས་པའི་རང་དུས་ན། །གཟུང་འཛིན་ལོག་པས་ཡུལ་སེམས་ཞེན་པ་གྲོལ། །སྣང་ལ་དེར་འཛིན་མེད་པའི་ཉམས་ཤར་བས། །གང་སྣང་ཡེ་སྟོང་རྩ་བ་བྲལ་བར་འཆར། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཡིན། །རིམ་གྱིས་སྣང་ཡུལ་མ་དག་གཞན་དབང་ཡང་། །དེར་འཛིན་ལོག་པས་དག་པ་གཞན་དབང་དུ། །ཇི་ཞིག་ཚེ་ན་མངོན་དུ་གྱུར་པ་ཡིན། །རྨི་ལམ་འཕྲུལ་སྣང་གཉིད་སད་མེད་པ་བཞིན། །གདོད་མའི་གཞི་ལམ་མངོན་པར་བྱང་ཆུབ་འགྱུར། །འཁྲུལ་པའང་སྔོན་མེད་ཕྱིས་མེད་བར་འདིར་སྣང་། །སྣང་ཡང་སྣང་བའི་དུས་ན་ཡོད་མ་མྱོང་། །མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་བློ། །རང་བཞིན་གདོད་ནས་དག་པས་རྨི་ལམ་འདྲ། །ཇི་ལྟར་རྨི་ལམ་ནང་གི་སྣང་བ་དེ། །གཉིད་མ་སོང་དང་སད་དུས་མེད་ན་ཡང་། །གཉིད་དུས་སྣང་ལ་སྣང་དུས་རང་བཞིན་མེད། །མེད་སྣང་གཞི་རྩ་བྲལ་བར་ཤེས་པར་བྱ། །དེ་ལྟར་ཉིན་མོ་རབ་ཏུ་གོམས་བྱ་ཞིང་། །མཚན་མོ་གཉིད་ཀྱིས་རབ་ཏུ་སྙོམས་པའི་ཚེ། །བདེ་བའི་མལ་དུ་གཡས་ཕབ་ཉལ་བ་ནི། །མགོན་པོ་མྱ་ངན་འདས་གཟིམས་ལྟ་བུ་ལ། །རླུང་རྒྱུ་རབ་ཏུ་དལ་དང་མིག་མི་འགུལ། །སྙིང་ནང་ཨ་དཀར་ཤེལ་གོང་འོད་འབར་བ། །ཚོན་གང་ཆེས་ཕྲའི་ངང་ལ་སེམས་བཟུང་ལ། །རྨི་ལམ་ལྟ་བུའི་དྲན་པས་མ་ཡེངས་བྱ། །དེ་ཡིས་རྨི་ལམ་ལྟ་བུའི་འོད་གསལ་འཆར། །ཐོག་མར་རྨི་ལམ་འཇིགས་དངངས་རྨིས་པ་ན། །རྨི་ལམ་དྲན་པས་འཇིགས་པ་རང་སར་གྲོལ། །རྨི་ལམ་ངང་དེར་ཏིང་འཛིན་གྲུབ་པ་ནི། །རྨི་ལམ་ཟིན་ཞེས་རྣལ་འབྱོར་པས་ཤེས་བྱ། །དེ་ནས་རྨི་ལམ་བདེན་མེད་གཅིག་ཏུ་སྦྱོང་། །དེ་ཡང་མེད་བཞིན་སྣང་འདི་འཁྲུལ་པའི་བློ། །རྨི་ལམ་དང་འདྲ་ངོ་བོ་ངོས་གཟུང་མེད། །བདེན་རྫུན་བློ་ལས་འདས་པ་ཤེས་པར་བྱའོ། །དེ་ནས་སྤྲུལ་ཞིང་བསྒྱུར་བའི་རིམ་པ་ཡང་། །རྨི་ལམ་དུས་དེར་རང་ལུས་ཚངས་པ་ལྷར། །བདེ་གཤེགས་བྱང་ཆུབ་སེམས་སོགས་གང་འདོད་དུ། །སྤྲུལ་ཞིང་བསྒོམས་ལ་བདེན་མེད་ངང་དུ་གཞག །དེ་ནས་སྐད་ཅིག་སྐད་ཅིག་ཙམ་ཉིད་དུ། །ཚངས་ལས་བརྒྱ་བྱིན་དེ་བཞིན་ལྷ་ལས་མི། །གང་འདོད་བསྒྱུར་ལ་བདེན་མེད་ངང་དུ་བསྒོམ། །དེ་ནས་བརྒྱ་སྟོང་བྱེ་བར་སྤེལ་བྱ་ཞིང་། །གང་འདུལ་ཐབས་ཀྱིས་གཉེན་པོར་རྩལ་སྦྱང་ངོ་། །དེ་ནས་དག་པའི་ཞིང་དང་ཡུལ་ཁམས་དང་། །འོག་མིན་ལ་སོགས་གང་འདོད་དེར་སོང་སྟེ། །བདེ་གཤེགས་བལྟ་དང་གཙང་མའི་ཆོས་ཉན་(༥)དང་། །ཡེ་ཤེས་ཏིང་འཛིན་གཟུངས་སྤྲིན་བསྒྲུབ་པ་ཡང་། །ཉིན་མཚན་ཀུན་ཏུ་དྲན་པས་རབ་སྦྱངས་པས། །དེ་ལྟར་འགྱུར་བ་རིག་པའི་ཡོན་ཏན་ཏེ། །གནད་ལས་མི་བསླུ་མངོན་དུ་བྱེད་པ་ཡིན། །འདི་ནི་ཡང་ཟབ་སྙིང་པོའི་ཐེག་པའོ། །དེ་ལྟར་ཉིན་མཚན་རྨི་ལམ་དོན་བསྒོམས་པས། །དངོས་པོ་མཚན་མར་འཛིན་པའི་གཟེབ་ལས་གྲོལ། །ར་བ་རི་དང་རྩིག་པར་ཐོགས་མེད་ཅིང་། །རྫུ་འཕྲུལ་མངོན་ཤེས་ཏིང་འཛིན་གྲངས་མེད་འགྲུབ། །ཉམས་རྟོགས་ཚད་མེད་འཕགས་པའི་ཡེ་ཤེས་སྐྱེ། །མཐར་ཐུག་སེམས་ཉིད་གདོད་མའི་དབྱིངས་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །རྨི་ལམ་ལྟ་བུར་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་རྨི་ལམ་ལྟ་བུའི་ཚུལ་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། རྨི་ལམ་ལྟ་བུའི་ལེའུ་སྟེ་དང་པོའོ།། །།

གཉིས་པ། སྒྱུ་མ་ལྟ་བུའི་ལེའུ།

ཡང་འདིར་རྒྱལ་བས་སྒྱུ་མ་ལྟ་བུ་ཞེས། །ཆོས་རྣམས་རང་བཞིན་མེད་པའི་ཚུལ་གསུངས་པ། །དེ་ཡང་མདོ་རྒྱུད་མན་ངག་སྙིང་པོའི་དོན། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །སེམས་ཉིད་གདོད་མ་ནམ་མཁའ་ལྟ་བུའི་ངང་། །ལྷུན་གྲུབ་ཡེ་ཤེས་ཉི་ཟླ་གཟའ་སྐར་བཞིན། །ཡེ་འབྱམས་རྨད་དུ་བྱུང་བའི་དབྱིངས་རུམ་ལས། །མ་རིག་གཟུང་འཛིན་ཀུན་བཏགས་རང་ཤར་བས། །ཁམས་གསུམ་འགྲོ་དྲུག་འཁྲུལ་སྣང་སྒྱུ་མ་བཞིན། །རྒྱུ་རྐྱེན་རྟེན་འབྲེལ་སྟོབས་ཀྱིས་རང་སྣང་བ། །ཤིང་བུ་རྡེའུ་རིག་སྔགས་ཚོགས་པ་ལས། །མིག་འཕྲུལ་རྟ་གླང་སྐྱེས་པ་བུད་མེད་དང་། །རི་དང་ཁང་བཟངས་ལ་སོགས་སྣང་བ་བཞིན། །མ་རིག་དབང་གིས་བག་ཆགས་འཁྲུལ་པའི་བློ། །སྣང་སྲིད་ཡུལ་དང་དེར་འཛིན་དུག་གསུམ་ཤར། །རང་བཞིན་མེད་ལ་སྣང་བ་མ་འགགས་པ། །སྒྱུ་མའི་སྐྱེ་བོ་འདྲ་བ་འདི་དག་ཀུན། །བདེན་མེད་སྟོང་པའི་གཟུགས་བརྙན་ཆེན་པོ་རུ། །དེ་རིང་ཉིད་དུ་ངེས་པར་རྟོགས་པར་བྱ། །ཡོང་ཡེ་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བཞིན་གཤེས་ལ་མཁའ་འདྲ་མཉམ་པ་ཉིད། །མ་སྐྱེས་གདོད་ནས་དག་པ་ཤེས་པར་བྱ། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ངང་ཉིད་དུ། །རང་བཞིན་སྒྱུ་མ་སྦྱང་བྱའི་གཞི་དང་ནི། །མ་དག་སྒྱུ་མ་སྦྱང་བྱའི་དྲི་མ་དང་། །ཐབས་ཀྱི་སྒྱུ་མ་སྦྱོང་བྱེད་གཉེན་པོ་དང་། །ཡེ་ཤེས་སྒྱུ་མ་མཐར་ཕྱིན་འབྲས་བུ་སྟེ། །རྣམ་བཞི་དཔེ་ཡི་སྒྱུ་མས་གཏན་ལ་ཕབ། །ཇི་ལྟར་རིག་སྔགས་ལས་བྱུང་མིག་འཕྲུལ་ཏེ། །ཤིང་བུ་རྡེའུ་རྟ་གླང་སྣང་དུས་ནས། །རྟ་གླང་མ་ཡིན་ཤིང་བུ་རྡེའུ་ཉིད། །དེ་བཞིན་ཆོས་ཀུན་བདེན་མེད་མཚོན་པ་ཉིད། །རང་བཞིན་དཔེ་ཡི་སྒྱུ་མར་ཤེས་བྱ་སྟེ། །འཁྲུལ་པའི་གཞི་དང་འཁྲུལ་རྐྱེན་འཁྲུལ་པའི་ཚུལ། །འཁྲུལ་སྣང་འཁྲུལ་གྲོལ་གདོད་མར་གྲོལ་ཚུལ་རྣམས། །དཔེ་ཡི་སྔོན་རོལ་དཔེ་དང་དཔེ་འགྲུབ་དང་། །དཔེར་གྲུབ་དཔེ་ཞིག་སྔོན་བཞིན་རང་མཚན་དུས། །རྣམ་བཞི་གོ་རིམས་དཔེ་ཡི་སྒྱུ་(༦)མས་བསྟན། །རང་བཞིན་སྒྱུ་མ་སེམས་ཉིད་འོད་གསལ་ཏེ། །སྦྱང་གཞིའི་དབྱིངས་ཡིན་བདེ་གཤེགས་སྙིང་པོ་ཡིན། །དག་དང་མ་དག་གང་དུའང་མ་ཆད་པས། །འཁོར་དང་མྱ་ངན་འདས་པ་གཉིས་ལས་འདས། །འཁོར་འདས་འབྱུང་བའི་དབྱིངས་ཡིན་འཆར་གཞི་ཡིན། །རིག་དང་མ་རིག་རྐྱེན་ལས་དེ་ལྟར་ཡིན། །འདི་ནི་གདོད་མའི་གཤིས་ཡིན་གནས་ལུགས་ཡིན། །མེ་ལོང་དྭངས་བཞིན་གཟུགས་བརྙན་འཆར་གཞི་བྱེད། །ཤར་དུས་ཉིད་ནས་གང་དུའང་མ་ཆད་པས། །མེ་ལོང་དངོས་དེ་དཀར་ནག་གཉིས་མེད་ལ། །དཀར་ནག་གཉིས་ཀའི་འཆར་གཞི་བྱེད་དང་མཚུངས། །འདི་ཉིད་ཤེས་པས་ཀུན་ལ་མཁས་པར་འགྱུར། །མ་དག་སྒྱུ་མ་འཁོར་བའི་འཁྲུལ་སྣང་དེ། །གཉིས་མེད་གཉིས་སུ་བཟུང་ལས་དེར་སྣང་ངོ་། །ཐབས་ཀྱི་སྒྱུ་མ་གཉེན་པོའི་ལམ་ཡིན་ཏེ། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་རུ། །ཚོགས་གཉིས་རིམ་གཉིས་སྦྱོང་བྱེད་བསྒོམས་པ་ཡིས། །སྦྱང་བྱའི་དྲི་མ་སྤྲིན་འདྲ་སེལ་བྱེད་ཡིན། །ཡེ་ཤེས་སྒྱུ་མ་མཐར་ཕྱིན་མི་སློབ་ལམ། །རྒྱལ་བའི་སྐུ་གསུམ་འཕྲིན་ལས་ལྷུན་གྲུབ་སྟེ། །དག་པ་གཉིས་ལྡན་མངོན་དུ་གྱུར་པ་ཡིན། །དཔེ་ཡི་སྒྱུ་མ་རྟེན་འབྲེལ་སྒྱུ་མ་སྟེ། །རྫས་སྔགས་དག་ལས་སྣང་བའི་གཟུགས་བརྙན་བཞིན། །བདེན་མེད་ཉིད་དུ་ཆོས་ཀུན་གཏན་ལ་ཕེབས། །འདི་དག་སྒྱུ་འཕྲུལ་དྲ་བའི་ཚུལ་ལས་ཡིན། །ཇི་ལྟར་རྫས་དང་རིག་སྔགས་འདུས་པ་ལས། །གཞན་དུ་སྣང་ན་འཁྲུལ་པར་ཤེས་པར་བྱ། །འགྲོ་བའི་འཁྲུལ་སྣང་དོན་ལ་མེད་པ་སྟེ། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་སྣང་བ་ཙམ། །སྣང་དུས་ཉིད་ནས་སྟོང་ལ་ངོས་གཟུང་མེད། །ཡོད་མེད་མཐའ་ལས་འདས་པ་ཤེས་པར་བྱ། །སྒྱུ་མའི་ཡུལ་དང་སྒྱུ་མའི་གྲོང་ཁྱེར་དང་། །སྒྱུ་མའི་སྐྱེ་བོ་སྒྱུ་མའི་ལོངས་སྤྱོད་དང་། །སྒྱུ་མའི་བདེ་སྡུག་སྒྱུ་མའི་སྐྱེ་འཇིག་དང་། །སྒྱུ་མའི་བདེན་རྫུན་ཇི་ལྟར་སྣང་བ་ལྟར། །འགྲོ་དྲུག་སྣང་བ་དེ་ལྟར་ཤེས་པར་བྱ། །གདོད་ནས་དག་པས་སྒྱུ་མ་ལྟ་བུ་ལ། །མེད་བཞིན་སྣང་བས་སྒྱུ་མ་ཉིད་དང་མཚུངས། །རྐྱེན་ལས་སྐྱེས་ཕྱིར་སྒྱུ་མ་དང་འདྲ་ཞིང་། །བསླུ་ཞིང་འཇིགས་པ་སྒྱུ་མ་ལྟ་བུ་ཞེས། །འཁོར་བའི་འཁྲུལ་སྣང་སྒྱུ་མར་གཏན་ལ་ཕབ། །འདི་ལྟར་འགྲོ་དྲུག་སྒྱུ་མའི་རང་བཞིན་དུ། །དོན་ལ་གནས་ཀྱང་དེ་ལྟར་མ་རྟོགས་པས། །མཐའ་མེད་འཁོར་བའི་གྲོང་འདིར་རྒྱུན་དུ་འཁྱམས། །བདེ་སྡུག་ལས་ཀྱིས་མནར་བས་སྙིང་རེ་རྗེ། །འཁྲུལ་སྣང་སྒྱུ་མར་སོམས་ཤིག་སྐྱེ་བོ་དག །གང་ནས་མ་བྱུང་གང་དུ་མ་སོང་ཞིང་། །གར་ཡང་མི་གནས་ཆོས་ཀུན་ཆོས་ཉིད་ངང་། །རང་བཞིན་གདོད་ནས་དག་པའི་སྒྱུ་མ་རུ། །སྐལ་ལྡན་རྣམས་ཀྱི་ལྟ་བས་ཐག་ཆོད་ཅིག །སེམས་ཅན་རང་བཞིན་སྒྱུ་མ་ལྟ་བུ་ལ། །བྱང་ཆུབ་རང་བཞིན་སྒྱུ་མའི་ངང་ཉིད་དོ། །འཁོར་འདས་གཉིས་མེད་སྒྱུ་མའི་རོལ་པ་རུ། །སྐལ་བཟང་རྣམས་ཀྱིས་དེ་ལྟར་ཤེས་(༧)པར་བྱ། །རྒྱལ་བས་ཆོས་ཚུལ་སྒྱུ་མ་ཉིད་ལས་གཞན། །རྡུལ་ཙམ་དམིགས་སུ་མེད་ཅེས་གསུངས་པ་བཞིན། །གང་སྣང་བདེན་མེད་སྒྱུ་མའི་ཆོས་ཉིད་དུ། །ཐར་པ་འདོད་པ་དག་གིས་ཤེས་པར་བྱ། །སྒྱུ་མའི་ཚུལ་ཡང་འདི་ལྟར་རིག་པར་བྱ། །བྱང་ཆུབ་སྒྱུ་མ་ལྷུན་གྲུབ་འཕོ་འགྱུར་མེད། །མི་བསླུ་ཁྱབ་བདག་རྟག་ཏུ་ནམ་མཁའ་དང་། །ཉི་བཞིན་ནོར་བུ་ལྟ་བུར་རེ་བ་སྐོང་། །མཐའ་ཡས་ཡོན་ཏན་ཕྲིན་ལས་རྫོགས་པར་རོལ། །དག་གསལ་སྤྲོས་དང་བྲལ་བའི་རང་བཞིན་ནོ། །འཁོར་བའི་སྒྱུ་མ་མི་བདེན་བསླུ་བ་སྟེ། །མཚན་ཉིད་ཆད་ལ་མེད་སྣང་སྒྱུ་མ་བཞིན། །འཁྲུལ་རྟོག་ནུབ་ཚེ་འཁྲུལ་སྣང་དབྱིངས་སུ་ནུབ། །རིག་སྔགས་གཤིས་ལས་རྟ་གླང་མི་སྣང་བཞིན། །མ་དག་སྣང་ཡུལ་གཟུང་འཛིན་གདོད་མར་གྲོལ། །དག་པས་སྟོང་ལ་ངོ་བོ་མེད་པ་བཞིན། །གཤིས་ཀྱི་སྒྱུ་མ་ཆོས་ཉིད་འཕོ་འགྱུར་མེད། །དག་དང་མ་དག་ཀུན་གྱི་ཆོས་ཉིས་དེ། །རྫ་སྣོད་གསེར་སྣོད་ནང་གི་མཁའ་དབྱིངས་བཞིན། །སྣོད་དང་སྣོད་ཆག་རྐྱེན་གྱིས་འཕེལ་འགྲིབ་མེད། །དེ་བཞིན་འཁྲུལ་དང་གྲོལ་བའི་རང་དུས་ཀྱི། །ཆོས་ཉིད་འཕེལ་འགྲིབ་བཟང་ངན་མེད་པར་གནས། །འདི་ནི་གནས་ལུགས་དོན་གྱི་དགོངས་པ་ཡིན། །དེ་ལྟར་ཤེས་ན་སྐྱེ་བོ་མཁས་པ་ཡིན། །གང་ཚེ་སྒྱུ་མའི་ལྟ་བ་རྟོགས་རྗེས་སུ། །སྒྱུ་མའི་བསྒོམ་པ་བདེན་མེད་ཆེན་པོ་ནི། །སྔོན་འགྲོ་སྔར་བཞིན་སྒྱུ་མར་གསོལ་བ་བཏབ། །དངོས་གཞི་ཕྱི་ནང་སྣ་ཚོགས་ཆོས་འདི་རྣམས། །རྒྱུ་རྐྱེན་དབང་གིས་སྒྱུ་མར་སྣང་བ་སྟེ། །དོན་ལ་མི་བདེན་འལ་འོལ་ཟང་ཐལ་དུ། །སྐད་ཅིག་སྐད་ཅིག་ཉིན་མཚན་རྟག་པར་བསྒོམ། །ཆགས་སྡང་དགག་སྒྲུབ་ཉོན་མོངས་ཅི་ཤར་ཡང་། །སྒྱུ་མ་ཉིད་ཅེས་བདེན་པ་མེད་པར་སྦྱོང་། །ཕྱི་རོལ་དངོས་ཀུན་སྒྱུ་མ་ཉིད་དང་ནི། །ནང་གི་ཀུན་རྟོག་སྒྱུ་མ་ལྟ་བུ་སྟེ། །རྐྱེན་ལས་སྐྱེས་ཕྱིར་མི་བདེན་བསླུ་བའི་ཕྱིར། །སྣང་ཙམ་ཉིད་ཕྱིར་སྒྱུ་མའི་དཔེ་བསྒོམ་མོ། །ཉལ་ཚེའང་སྔར་བཞིན་ཁྱད་པར་སྒྱུ་མའི་ངང་། །བདེན་མེད་སྤྲོས་དང་བྲལ་བར་ལྷོད་ཀྱིས་གློད། །དེ་ནས་འཁྲུལ་པའི་རྨི་ལམ་ཅི་ཤར་ཡང་། །སྒྱུ་མར་ཤེས་པས་བདེན་ཞེན་འཇིགས་དངངས་གྲོལ། །སྒྱུ་མར་སྦྱོང་དང་སྤེལ་བསྒྱུར་དག་པའི་ཞིང་། །སྒྱུ་མ་ལྟ་བུར་བགྲོད་ཚུལ་སྔར་བཞིན་ནོ། །དེས་ནི་འཁོར་བའི་ཞེན་འཛིན་རང་གྲོལ་ཏེ། །སྒྱུ་མར་གྲོལ་ནས་མི་གནས་མྱ་ངན་འདས། །སྒྱུ་མ་ལྟ་བུའི་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་སྒྱུ་མ་ལྟ་བུའི་དོན་བསྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྒྱུ་མ་ལྟ་བུའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། མིག་ཡོར་ལྟ་བུའི་ལེའུ།

ཡང་འདིར་རྒྱལ་བས་མིག་ཡོར་ལྟ་བུ་ཞེས། །གསུངས་པ་གང་དེ་ལེགས་པར་བཤད་ཀྱིས་ཉོན། །ཇི་ལྟར་གཟུགས་ལས་མིག་ཡོར་སྣང་བ་བཞིན། །སེམས་ཉིད་ངང་ལས་བག་ཆགས་འཁྲུལ་པའི་མཐུས། །འཁོར་བའི་མིག་ཡོར་མེད་སྣང་འཁྲུལ་པ་གྲུབ། །གང་ལྟར་སྣང་བ་དེ་ལྟར་མིག་ཡོར་བཞིན། །མི་མཁས་བདེན་པར་(༨)ཞེན་པའི་བྱིས་པ་བསླུས། །ཡུལ་ལྔའི་མིག་ཡོར་གཟེབ་ཏུ་བཅིངས་པ་ན། །དོན་མེད་བདག་ཏུ་བཟུང་བས་འཁྲུལ་ལ་ལྟོས། །སྣང་སྲིད་སྣོད་བཅུད་བདེ་སྡུག་མཐོ་དམན་རྣམས། །མེད་བཞིན་སྣང་བ་མར་མེའི་གྲིབ་མ་དང་། །མིག་བཙིར་བ་ལས་གཟུགས་བརྙན་གཉིས་པ་དང་། །ཉོན་མོངས་ཚོགས་མང་མཚན་མོའི་མུན་པ་བཞིན། །མ་བརྟགས་སྣང་ལ་བརྟགས་ན་ངོས་གཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །མཁའ་འདྲ་མ་སྐྱེས་གདོད་མའི་ཆོས་ཉིད་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་གྱིས། །འཁྲུལ་སྣང་གཞི་མེད་མིག་ཡོར་ལྟ་བུ་སྟེ། །རྩ་བ་བྲལ་ཞིང་མཚན་ཉིད་ཀུན་ཏུ་ཆད། །བརྟགས་པས་སྟོང་ལ་མེད་བཞིན་སྣང་བ་སྟེ། །རང་བཞིན་མ་སྐྱེས་གདོད་མར་རྟོགས་པར་བྱ། །ཇི་ལྟར་ཐག་རིང་མྱ་ངམ་ཐང་དཀྱིལ་ན། །ཆུང་ངུའང་ཆེན་པོར་སྣང་བ་ཉིད་བཞིན་དུ། །བདག་མེད་བདག་ཏུ་འཛིན་པ་ཆུང་ངུ་ལས། །འཁོར་བའི་འཁྲུལ་སྣང་ཆེན་པོར་འདི་དག་སྣང་། །འཁྲུལ་པར་སྣང་འདི་བརྟགས་ན་དངོས་མེད་དོ། །མཁའ་བཞིན་བྱེད་པོ་མེད་པར་མངོན་པས་ན། །མེད་སྣང་མིག་ཡོར་ལྟ་བུའི་སྲིད་པ་ལ། །དོན་མེད་བདག་ཏུ་མ་འཛིན་ཇི་བཞིན་ཞོག །ངང་ཡིན་ཡེ་ཡིན་གདོད་ནས་དག་པ་ཡིན། །གང་ཡང་མ་འཛིན་ཅིར་ཡང་མ་རྟོགས་ཤིག །ངོ་བོ་ངོས་གཟུང་མེད་པའི་སྣང་བ་ལ། །ཕྱོགས་འཛིན་ཞེན་པའི་གཟེབ་ཀྱིས་ཅི་བྱར་ཡོད། །དེ་བས་ཆེད་དུ་དམིགས་པ་ཀུན་བཏང་སྟེ། །གང་སྣང་བདེན་པས་སྟོང་པར་ཤེས་པར་བྱ། །དེ་ལྟར་ཆོས་རྣམས་མིག་ཡོར་ལྟར་རྟོགས་ནས། །དེ་ཉིད་དོན་ལ་ཇི་བཞིན་བློ་གཞག་བྱ། །སྔོན་འགྲོ་སྔར་བཞིན་མིག་ཡོར་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་མིག་ཡོར་ལྟར་བསྒོམས་ཏེ། །གཟུགས་ནི་བདེན་པས་སྟོང་སྟེ་མིག་ཡོར་འདྲ། །སྒྲ་ནི་གྲགས་པས་སྟོང་སྟེ་མིག་ཡོར་བཞིན། །དྲི་རོ་རེག་ཀྱང་མིག་ཡོར་དང་འདྲ་ཞིང་། །ཡིད་དང་ཆོས་ཀྱང་མིག་ཡོར་ལྟ་བུ་སྟེ། །གང་ཡང་བདེན་པ་མེད་པའི་ངང་ཉིད་དུ། །བློ་ཡང་ཞེན་འཛིན་མེད་པར་གློད་ལ་གཞག །ཉིན་བཞིན་མནལ་ཚེའང་སྙིང་གར་སེམས་བཟུང་ལ། །ཆོས་ཀུན་མིག་ཡོར་འདྲ་བའི་ངང་དེར་ཉལ། །རྨི་ལམ་ཟིན་སོགས་སྔར་བཞིན་ངེས་པ་འཆར། །ཉམས་རྟགས་སྣང་བའང་རྨི་ལམ་ལྟ་བུ་སྟེ། །གང་ལའང་བདེན་མེད་རྟོགས་པ་ཤུགས་ལས་འབྱུང་། །འཛིན་མེད་ཟང་ཀ་དགག་སྒྲུབ་འཁྲུལ་པ་འཇིག །སྤྱན་དང་མངོན་ཤེས་ཏིང་འཛིན་ཡོན་ཏན་འགྲུབ། །རྒྱལ་བའི་ཆོས་མཛོད་འགྲོ་ཀུན་འདྲེན་པ་ཡིན། །དེ་ཕྱིར་མིག་ཡོར་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། མིག་ཡོར་ལྟ་བུའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། སྨིག་རྒྱུ་ལྟ་བུའི་ལེའུ།

ཡང་འདིར་རྒྱལ་བས་སྨིག་རྒྱུ་ལྟ་བུ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །ཐང་རྣམས་སྨིག་རྒྱུ་ཆུ་ཡི་ཕུང་པོ་བཞིན། །སེམས་ལ་བདག་འཛིན་ཤིན་ཏུ་གོམས་པའི་མཐུས། །སྤྲུལ་པའི་འཁྲུལ་སྣང་སྨིག་རྒྱུ་ལྟ་བུར་སྣང་། །འདི་ལ་ངོ་བོ་ངོས་གཟུང་འགའ་མེད་དེ། །རང་(༩)བཞིན་གཉིས་མེད་སྟོང་པ་ཞི་བའི་ཆོས། །མ་སྐྱེས་ནམ་མཁའ་འདྲ་ཞིང་བདག་མེད་ལ། །སྐྱེ་མེད་བསམ་ཡུལ་འདས་པ་ཤེས་པར་བྱ། །ཇི་ལྟར་སྣང་འདི་སྣང་བའི་དུས་ཉིད་ནས། །སྐྱེ་བར་སྣང་ཡང་མ་སྐྱེས་སྨིག་རྒྱུ་ལྟར། །གནས་པར་སྣང་ཡང་མི་གནས་སྨིག་རྒྱུ་འདྲ། །འགགས་པར་སྣང་ཡང་མ་འགགས་སྨིག་རྒྱུ་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ། །དགའ་དང་མི་དགའ་བདེ་སྡུག་བཟང་ངན་ཀུན། །སྨིག་རྒྱུ་འདྲ་ཞིང་སྟོང་ལ་བདག་མེད་དེ། །ཕྱི་ནང་སྣང་སྲིད་ཆོས་ཀུན་སྨིག་རྒྱུ་འདྲ། །མེད་བཞིན་སྣང་ལ་རང་བཞིན་གདོད་ནས་དག །ཡེ་སྟོང་མཐའ་དབུས་མེད་ཅེས་རྟོགས་པར་བྱ། །གཉིས་མེད་གཉིས་སུ་འཛིན་པ་སྨིག་རྒྱུ་བཞིན། །དོན་མེད་དགག་སྒྲུབ་ཞེན་པས་མ་བཅིངས་པར། །རང་སེམས་གཉིས་མེད་སྨིག་རྒྱུ་ལྟ་བུར་ལྟོས། །འདི་ནི་དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །དེ་ནས་ཇི་ལྟར་བསྒོམ་པའི་རིམ་པ་ཡང་། །སྔོན་འགྲོ་སྔར་བཞིན་སྨིག་རྒྱུའི་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་སྨིག་རྒྱུ་ལྟ་བུའི་ངང་། །སེམས་ཀྱི་འབྱུང་འཇུག་རེ་དོགས་བྲལ་བར་གཞག །མཚན་མོའང་སྔར་བཞིན་རྟགས་རྣམས་སྨིག་རྒྱུར་འཆར། །གང་ལའང་མི་ཞེན་བདག་འཛིན་ངང་གིས་གྲོལ། །གཟུངས་སྤྲིན་མངོན་ཤེས་ཏིང་འཛིན་ཁོང་ནས་འཆར། །རྒྱལ་བའི་གོ་འཕང་མྱུར་དུ་འགྲུབ་པས་ན། །རང་བཞིན་སྨིག་རྒྱུ་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྨིག་རྒྱུ་ལྟ་བུའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། ཆུ་ཟླ་ལྟ་བུའི་ལེའུ།

ཡང་འདིར་རྒྱལ་བས་ཆུ་ཟླ་ལྟ་བུ་ཞེས། །ཇི་སྐད་གསུངས་དེ་ཉམས་སུ་བླང་ཕྱིར་བཤད། །སེམས་ཉིད་ཟབ་ཅིང་དྭངས་པའི་མཚོ་དབུས་སུ། །ལྷུན་གྲུབ་གཟུགས་བརྙན་ཡེ་ཤར་གནས་མོད་ཀྱང། །གཟུང་འཛིན་རྦ་རླབས་རྙོག་པའི་དྲི་མ་ཡིས། །གསལ་བར་མ་གྱུར་རྟོག་པའི་རླུང་གིས་དཀྲུགས། །འཇིག་རྟེན་རྨོངས་པ་བདག་འཛིན་ལས་བྱུང་བས། །ཡེ་ཤེས་མི་གསལ་མི་ཤེས་ཉོན་མོངས་ཅན། །ཐོག་མཐར་དུས་མེད་འཁོར་བར་བྱིང་གྱུར་ཏེ། །ཇི་ལྟར་ཆུ་གཙང་ནང་གི་གཟའ་སྐར་གཟུགས། །དྭངས་ལ་མི་གཡོ་མེད་བཞིན་སྣང་བ་ལྟར། །འཁྲུལ་སྣང་གཟུགས་བརྙན་སེམས་ཆུར་ཤར་བའི་གཟུགས། །མེད་བཞིན་སྣང་བས་འགྲོ་ཀུན་ཉམ་རེ་ཐག །འདི་ཅི་དངོས་པོར་མ་ཡིན་ངོས་གཟུང་མེད། །མཚན་མར་མ་ཡིན་མཚན་མ་མེད་མ་ཡིན། །ཡོད་མེད་མ་ཡིན་བདེན་རྫུན་མཐའ་ལས་འདས། །གཟུགས་བརྙན་ཉིད་ཅེས་གསུངས་དེ་ཐོག་ཏུ་བབས། །གཟུགས་སོགས་ཡུལ་དྲུག་ཆུ་ཟླ་དང་འདྲ་སྟེ། །མེད་ལ་སྣང་ཕྱིར་ངོ་བོ་མ་གྲུབ་ཕྱིར། །རྣམ་པ་མ་འགགས་འཁྲུལ་ངོར་སྣང་བའི་ཕྱིར། །མིག་དང་མིག་དབང་མིག་ཤེས་ལ་སོགས་དྲུག །ཆུ་ཟླ་འདྲ་ཞིང་སྟོང་ལ་གསོག་དང་གསོབ། །ཡ་མ་བརླ་འདྲ་ཆུ་ཤིང་དངོས་པོ་མེད། །རྣམ་ཀུན་བདེན་པས་སྟོང་ཞེས་རྟོགས་པར་བྱ། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སེམས། །ཆུ་ཟླའི་ཚུལ་ཏེ་སྣང་སྟོང་སྤྲོས་དང་བྲལ། །ཟབ་ཞི་མི་རྟོག་ཡེ་ཤེས་བརྗོད་ལས་འདས། །རང་གསལ་ངང་ལས་མི་གཡོ་ཤེས་པར་བྱ། །ཆུ་(༡༠)ཟླར་སྣང་དུས་ཟླ་བ་མ་གྲུབ་ལྟར། །སྣ་ཚོགས་སྣང་དུས་སྣ་ཚོགས་གྲུབ་བསལ་མེད། །དུས་གསུམ་ཐ་སྙད་བཏགས་པའི་བློ་དང་བྲལ། །མི་རྟོག་ཇི་བཞིན་ཉིད་དུ་གནས་དེ་ཞོག །མ་ལུས་འགྲོ་འོང་མེད་པའི་བྱང་ཆུབ་སེམས། །ཕྱི་དང་ནང་མེད་བསམ་འདས་རིས་མ་འཛིན། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་ཉིད་ལ། །ཡངས་དོག་མཐོ་དམན་མེད་ཀྱིས་ཚོལ་ཁྲོ་ཞོག །མ་བསམས་གཅིག་ཏུ་མི་གནས་གདོད་མའི་ངང་། །གང་ཡིན་ཀུན་ཡིན་ཆུ་ཟླ་ལྟ་བུ་ཡིན། །བདེན་མིན་རྫུན་མིན་འཁོར་འདས་མཉམ་པ་ཉིད། །ཇི་བཞིན་ཆོས་ཉིད་ངང་དུ་སེམས་པ་ཞོག །སྣང་སྲིད་འཁོར་འདས་ཆུ་ཟླ་སྟོང་པའི་གཟུགས། །ཡེ་སྟོང་བབས་སྟོང་རང་བཞིན་གཟོད་ནས་སྟོང་། །དེ་ལ་ཡོད་མེད་བློས་བཏགས་འཁྲུལ་པས་ན། །ཐ་དད་ཕྱོགས་རིས་གྲུབ་མཐའ་མ་ཞེན་ཀྱེ། །ཇི་སྲིད་ངར་འཛིན་ཞེན་པའི་བློ་ཡོད་པ། །ཇི་སྲིད་འཁོར་བ་ཉིད་དེ་ཐར་དུས་མེད། །འཛིན་མེད་རང་བབས་སོ་གཉུག་རྣལ་མའི་སེམས། །ཟང་ཀ་ཡེ་བབས་རང་གྲོལ་ཕྱོགས་ཡིན་ནི། །རང་བཞིན་ཉིད་དེ་དེ་ལ་བཅོས་ཅི་དགོས། །ཡུལ་རྣམས་ངོས་སྟོང་ཆུ་ཟླ་ལྟ་བུ་ལ། །བློ་ཡང་ཞེན་སྟོང་འཛིན་མེད་ཤར་བ་ན། །གཟུང་འཛིན་གཉིས་མེད་ཡུལ་སེམས་འབྲེལ་མེད་པས། །ཇི་བཞིན་རྩོལ་བྲལ་རྫོགས་པ་ཆེན་པོའི་ངང་། །གང་བྱུང་གྲོགས་སུ་འཆར་བའི་རང་བཞིན་ལ། །ཕྱོགས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་དེ་བགྲོད་པའི་ས་མེད་པར། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །དེ་ལྟར་རྟོགས་ནས་ངང་དེར་གནས་པ་ནི། །མི་གཡོ་ཆུ་ཟླ་ལྟ་བུའི་སྒོམ་པ་དེ། །ཅིར་སྣང་བདེན་མེད་འལ་འོལ་ཕྱམ་ཕྱམ་དུ། །སྐལ་བཟང་སྐྱེ་བོས་རབ་ཏུ་གོམས་པར་བྱ། །སྔོན་འགྲོ་སྔར་བཞིན་ཆུ་ཟླར་གསོལ་བཏབ་ལ། །དངོས་གཞི་གང་སྣང་དངོས་དེ་ཆུ་ཟླ་དང་། །འདྲ་བ་ཉིད་དུ་བསམས་ལ་མཉམ་པར་གཞག །མཚན་དུས་སྔར་བཞིན་ཁྱད་པར་ཆུ་ཟླའི་ཉམས། །གང་ལའང་འཛིན་མེད་ཕྱམ་གཅིག་ངང་དུ་གནས། །མྱུར་དུ་སེམས་ཉིད་རྒྱལ་པོའི་གཏན་སྲིད་ཟིན། །གང་སྣང་བལྟས་པས་དེར་སྣང་འཛིན་པ་བྲལ། །དྭངས་གསལ་ཆུ་ཟླ་ལྟ་བུའི་འོད་གསལ་འཆར། །འདི་ནི་སྐལ་མཆོག་ལྡན་པས་རབ་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། ཆུ་ཟླ་ལྟ་བུའི་ལེའུ་སྟེ་ལྔ་པའོ།། །།

དྲུག་པ། བྲག་ཅ་ལྟ་བུའི་ལེའུ།

ཡང་འདི་རྒྱལ་བས་བྲག་ཅ་ལྟ་བུ་ཞེས། །གསུངས་པ་དེ་ཡང་གསལ་བར་བཤད་ཀྱིས་ཉོན། །ཇི་ལྟར་བྲག་རིའི་དྲུང་འདུག་མི་དག་གིས། །ཇི་སྙེད་བརྗོད་བཞིན་བྲག་ཅའི་དབྱངས་འབྱུང་བ། །དེ་བཞིན་ཆོས་ཀུན་རྐྱེན་འབྱུང་ངོ་བོ་མེད། །བདེན་པས་སྟོང་ཞེས་ངེས་པར་རྟོགས་པར་བྱ། །བྲག་ཅ་གྲགས་དུས་ཕྱི་ནང་བར་རྣམས་སུ། །བྲག་ཅའི་དབྱངས་དེ་བཙལ་ཡང་མི་རྙེད་ལྟར། །ཕྱི་ནང་ཆོས་ཀུན་བློ་ཡིས་དཔྱད་བྱས་ན། །སེམས་དང་སེམས་ལ་སྣང་བའི་ཆོས་རྣམས་ཀུན། །རགས་ཕྲའི་རྣམ་པ་ཙམ་ཡང་མི་རྙེད་དེ། །མཁའ་བཞིན་སྟོང་ལ་དངོས་མེད་རྣམ་པར་དག །དེ་ལྟར་རྟོགས་ན་གང་ལའང་(༡༡)ཞེན་འཛིན་མེད། །ཀུན་རྫོབ་སྣང་ལ་དོན་དམ་མི་དམིགས་ཞེས། །ཆ་གཉིས་འཛིན་པའང་བློ་ཡི་རྣམ་དབྱེ་སྟེ། །ཇི་ལྟར་སྣང་དུས་ཉིད་ནས་བློ་ལས་འདས། །བློས་བཀོད་སྤྲོས་པའི་དྲྭ་བ་རང་སེམས་ཏེ། །ཡུལ་དེར་འཕེལ་འགྲིབ་གང་དུའང་མི་བྱེད་པས། །རྟོག་པའི་དྲྭ་བས་མ་འཛིན་ངོས་གཟུང་མེད། །དེ་ལྟར་ཤེས་ཏེ་སྤྲོས་པའི་ཕ་རོལ་འགྲོ། །གདོད་མའི་སེམས་ཉིད་ནམ་མཁའ་ཡིད་བཞིན་དང་། །ཡོན་ཏན་ལྷུན་གྲུབ་རྒྱ་མཚོ་དྲི་མེད་ལས། །ཀུན་རྟོག་མ་རིག་རྐྱེན་བྱུང་སྲིད་པའི་ཆོས། །མེད་སྣང་བྲག་ཅ་ལྟ་བུར་འདིར་འཁྱམས་ཏེ། །འགྲོ་དྲུག་རང་སྣང་བག་ཆགས་དབང་གིས་སྣང། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །དེ་ལྟ་ན་ཡང་འགྲོ་སེམས་འཁྲུལ་སྣང་འདི། །གཞི་མེད་རྩ་བ་བྲལ་བའི་རང་བཞིན་ནོ། །ཨེ་མ་མེད་བཞིན་སྣང་འདི་དགོད་རེ་བྲོ། །དོན་མེད་ངང་ལ་དོན་དུ་གཟུང་བ་ཡིས། །དོན་འདི་སྣང་བ་བྲག་ཆའི་དབྱངས་འདྲ་བ། །འདི་ལ་བདེན་ཞེན་འཛིན་པ་ཅི་ཞིག་བྱ། །གང་ཡིན་གཏད་མེད་ཕྱམ་གཅིག་ངང་དེར་ཞོག །འཕྲལ་བྱུང་སྣང་བ་བདེན་མེད་ཆེན་པོར་གྲོལ། །ཡངས་དོག་མཐོ་དམན་མེད་པས་ཉམས་རེ་དགའ། །གང་བྱུང་ཆེད་འཛིན་ཞིག་པའི་སྣང་བ་ལ། །དགག་སྒྲུབ་བྲག་ཅ་འདྲ་བའི་སྣང་བ་ཤར། །ཅི་ཡིན་གཟའ་གཏད་མེད་པར་གྲོལ་བས་ན། །དེ་ཡིན་ཕྱོགས་ཆ་བྲལ་བར་ཕྱམ་གཅིག་ཞོག །ཧ་ཧ་ལྟོས་དང་འཁྲུལ་སྣང་དགོད་རེ་བྲོ། །ངོ་བོ་ངོས་གཟུང་མེད་ལ་ཁྲལ་མ་ཁྲོལ། །ཟབ་ཟོབ་འལ་འོལ་ཡལ་ཡོལ་བན་མ་བུན། །ཕྱད་ཕྱོད་བདེན་ཞེན་མེད་ལ་སྣ་ཚོགས་སྣང་། །མི་མཁས་བདེན་པར་ཞེན་ལ་བདེན་བདེན་འདྲ། །བདེན་མེད་རྣལ་འབྱོར་པ་ལ་ཕྱམ་ཕྱམ་གཅིག །མི་རྟག་རྟག་པར་འཛིན་ལ་རྟག་རྟག་འདྲ། །རྟག་འཛིན་ངང་གིས་གྲོལ་ལ་སྟོང་གཟུགས་གཅིག །ཡངས་དོག་རྒྱ་ཆད་མེད་ལ་ཉམས་དགའོ། །རྟོག་པའི་དོན་ལ་གོམས་འདྲིས་བྱ་བ་ནི། །སྔོན་འགྲོ་སྔར་བཞིན་བྲག་ཅར་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་སྒྲ་བརྙན་བྲག་ཅ་འདྲ། །གྲགས་དུས་ཉིད་ནས་ངོས་གཟུང་མེད་པ་ལྟར། །ཅིར་སྣང་ཐམས་ཅད་དེ་བཞིན་བསྒོམ་པར་བྱ། །ཁྱད་པར་བསྟོད་སྨད་སྙན་དང་མི་སྙན་ཀུན། །གྲགས་པས་སྟོང་ལ་ངོ་བོ་ངོས་གཟུང་མེད། །དེ་ལ་སེམས་ཀྱི་དགག་སྒྲུབ་དོན་མེད་ཀྱི། །སྒྲ་རྣམས་བྲག་ཅ་འདྲ་བར་རྟོགས་པར་བགྱིའོ། །ཁྲོ་སོགས་སེམས་དེ་ཡུལ་དང་ཕྱོགས་ན་མེད། །མེད་ལ་སྣང་དུས་བཙལ་ཡང་རྙེད་པ་མེད། །རྐྱེན་བྱུང་སྟོང་པ་བྲག་ཅའི་དབྱངས་འདྲ་ཞིང་། །ཕ་རོལ་ཚིག་ཀྱང་རྐྱེན་བྱུང་གྲག་པ་འདྲ། །དཔྱད་ལ་མེད་ན་སྣང་བའི་གཟུགས་བརྙན་ཙམ། །ཤིན་ཏུ་བརྟགས་ན་མཁའ་བཞིན་དངོས་མེད་ཅིང་། །ལེགས་ཉེས་ཤོར་གོད་ཅི་ཡང་མི་དམིགས་པས། །སྒྲ་ལ་དོན་དུ་མ་འཛིན་བདེན་པས་སྟོང་། །རྣམ་ཀུན་བྲག་ཅ་འདྲ་བ་རྟོགས་པར་གྱིས། །དེ་ཡིས་ཐོག་མེད་འཁོར་བའི་བག་ཆགས་དང་། །ཁྱད་པར་ཁོང་ཁྲོ་ཞེ་སྡང་མེ་འཇིལ་ཞིང་། །འཕགས་པའི་བཟོད་ཐོབ་ངན་སོང་ཡང་མི་ལྟུང་། །(༡༢)རིམ་གྱིས་རྒྱལ་བའི་འབྱོར་པ་ཉེ་བར་སྐྱེ། །མཚན་མོའང་སྔར་བཞིན་ཁྱད་པར་བྲག་ཅའི་ཉམས། །གྲག་པ་སྒྲས་སྟོང་ཆོས་ལ་བཟོད་པ་ཐོབ། །དེ་ཕྱིར་བྲག་ཅ་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། བྲག་ཅ་ལྟ་བུའི་ལེའུ་སྟེ་དྲུག་པའོ།། །།

བདུན་པ། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ལེའུ།

ཡང་འདིར་རྒྱལ་བས་དྲི་ཟའི་གྲོང་ཁྱེར་ཞེས། །གསུངས་པ་དེ་ཡང་བསྒོམ་ཕྱིར་བཤད་ཀྱིས་ཉོན། །གདོད་མའི་འོད་གསལ་མཁའ་ལ་སྣང་བའི་ཆོས། །ལྷུན་གྲུབ་ཡོན་ཏན་གྲོང་ཁྱེར་བརྒྱན་པ་ཞིག །ཐོག་མ་ཐ་མ་དབུས་མཐའ་མེད་འདིར་གནས། །དེ་ཉིད་ངང་ལས་མ་རིག་སེམས་ཀྱི་མཁར། །གཟུང་འཛིན་ལས་བྱུང་འགྲོ་དྲུག་དྲི་ཟའི་གྲོང་། །རྟེན་གཞི་མེད་ལ་སྣང་བ་སྣ་ཚོགས་གཟུགས། །བག་ཆགས་འཁྲུལ་པའི་ཡིད་ལས་སྐྱེས་ཅན་ནོ། །གང་འདི་རྟོགས་ན་སེམས་ཉིད་གདོད་མའི་ངང་། །མ་རྟོགས་དུས་ན་ད་ལྟ་འཁྲུལ་པའི་སེམས། །ཅི་འདྲ་ངོས་གཟུང་མེད་པ་དྲི་ཟའི་གྲོང་། །ཉིད་ལས་གཞན་པའི་དཔེ་ཞིག་གང་ཡིན་ཀྱེ། །འོན་ཀྱང་འདི་ཀུན་རང་བཞིན་མེད་པ་སྟེ། །ནུབ་ཁའི་ཐང་ལ་དྲི་ཟའི་གྲོང་ཁྱེར་བཞིན། །རྟེན་དང་བརྟེན་པ་གཉིས་ཀ་འཁྲུལ་པའི་སེམས། །བག་ཆགས་ཉིད་དེ་བརྟགས་ན་ངོ་བོ་མེད། །རངབཞིན་བཞག་ན་ཇི་བཞིན་ངང་གིས་གྲོལ། །དེ་བས་སྙིང་ཡང་འཇིགས་སྤོང་དཀའ་བ་མེད། །སྲིད་འགྲོ་ཡེ་སྟོང་དག་པའི་ཚུལ་ཤེས་བྱ། །ཡུལ་རྣམས་ཐམས་ཅད་བདེན་སྟོང་དྲི་ཟའི་གྲོང་། །བློ་རྣམས་ཐམས་ཅད་བབས་སྟོང་དྲི་ཟའི་གྲོང་། །ཡུལ་སེམས་གཉིས་སྟོང་དྲི་ཟའི་གྲོང་འདྲ་བས། །ཅུང་ཟད་ཙམ་དུའང་ཞེན་འཛིན་རང་སར་ཞོག །དེ་ཅི་མེད་ལ་སྣང་བའི་ཆོས་རྣམས་ལ། །བློ་ཡིས་མ་བཟོ་ཆེད་དཀར་གཟུང་བར་ཤོལ། །ཐོག་མེད་འཁྲུལ་པའང་འཛིན་ཞེན་ལས་བྱུང་བས། །ད་ནི་འཛིན་མེད་རང་བཞིན་ཤེས་པར་བྱ། །འཕགས་པ་ཟག་པ་མེད་དང་ཆོས་རྣམས་དང་། །མྱ་ངན་འདས་པ་རབ་ཞི་དངོས་མེད་པས། །ཁྱོད་ཀྱི་དངོས་དང་དངོས་པོ་མེད་རྣམས་དང་། །བདེན་སྟོང་དྲི་ཟའི་གྲོང་དང་མཁའ་དབྱིངས་བཞིན། །གདོད་ནས་རབ་ཞི་སྐྱེ་མེད་མཁྱེན་པར་མཛོད། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་མི་དམིགས་ཏེ། །ཀུན་ཏུ་རྟོག་ཅན་དྲི་ཟའི་གྲོང་འདྲ་བར། །མཁྱེན་ནས་ཉོན་མོངས་ངོ་བོ་མེད་ཅན་དང་། །སེམས་ཉིད་བྱང་ཆུབ་གཉིས་སུ་མེད་པའི་ཆོས། །མཁའ་མཉམ་དྲི་མ་མེད་པར་རྟོགས་འཚལ་ལོ། །འཁོར་བའི་རང་བཞིན་གཟོད་ནས་མྱ་ངན་འདས། །འཁྲུལ་རྟོག་རབ་ཞི་མཁའ་ལ་སྤྲིན་དེངས་བཞིན། །དང་པོའི་བྱུང་སར་ཞི་བའི་ཚུལ་མཁྱེན་ནས། །ཡེ་ཤེས་རབ་ཞི་སྟོང་གསལ་ངང་དེར་སྐྱོངས། །སྐྱེ་མེད་ངང་ལ་བསམ་ཡུལ་མི་དམིགས་ཀྱང་། །སྐྱེ་བའི་ཆོ་འཕྲུལ་དབྱིངས་སུ་མ་ཞི་བར། །ཀུན་རྟོག་འཁྲུལ་པའི་རྩ་བ་བཅད་པར་མཛོད། །བྱ་དང་མི་བྱ་བླང་དོར་གཉིས་མེད་ཀྱང། །དངོས་པོ་བདག་ཏུ་འཛིན་པའི་སེམས་ཡོད་པར། །ཉོན་མོངས་གཉེན་པོར་ཟབ་མོའི་ཆོས་བསྟེན་འཚལ། །ཕྱི་ནང་(༡༣)གཉིས་མེད་སེམས་ཉིད་ངང་དུ་གྲོལ། །དེ་ལྟར་རྟོགས་ན་མཁས་པའི་སྐྱེ་བོ་ཡིན། །ད་ནི་དེ་ཉིད་དོན་ལ་བསྒོམ་པ་ཡང་། །སྔོན་འགྲོ་སྔར་བཞིན་དངོས་གཞི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དུ་ངེས་པར་འཚལ་བར་བྱ། །གཟུགས་ནི་སྣང་བའི་སྟོང་སྟེ་དྲི་ཟའི་གྲོང་། །སྒྲ་དྲི་རོ་རེག་ཆོས་དྲུག་དྲི་ཟའི་གྲོང་། །སེམས་དང་དགག་སྒྲུབ་ཀུན་རྟོགས་ཤར་རོ་ཅོག །དྲི་ཟའི་གྲོང་ཡིན་ངང་དེར་གསལ་བར་བསྒོམ། །ཅིར་སྣང་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དུ། །ཉིན་མཚན་དུས་ཀུན་སྔར་བཞིན་གོམས་པར་བྱ། །དྲི་ཟའི་གྲོང་དང་འདུས་བྱས་འདྲར་མཐོང་ནས། །བདེན་མེད་ངང་དེར་བཞག་པས་སྤྲོས་ཀུན་ཞི། །སྟོང་གསལ་རང་བྱུང་འོད་གསལ་ཁོང་ནས་འཆར། །རྨི་ལམ་ན་ཡང་དྲི་ཟའི་གྲོང་དུ་མཐོང་། །སྤྲུལ་བསྒྱུར་ལ་སོགས་སྔར་བཞིན་གོམས་པ་སྟེ། །བདེན་ཞེན་གྲོལ་བས་གཟུང་འཛིན་འཆིང་བ་ཆད། །ཀུན་སྦྱོར་བག་ཆགས་རབ་ཞི་གྲོལ་བ་ཐོབ། །དེ་ཕྱིར་དྲི་ཟའི་གྲོང་ཁྱེར་ཉིད་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ལེའུ་སྟེ་བདུན་པའོ།། །།

བརྒྱད་པ། སྤྲུལ་པ་ལྟ་བུའི་ལེའུ།

གང་འདིར་རྒྱལ་བས་ཆོས་ཀུན་སྤྲུལ་པ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །རང་བཞིན་གདོད་ནས་འོད་གསལ་ངང་ཉིད་ལས། །མ་རིག་བདག་ཏུ་འཛིན་པ་ལས་སྤྲུལ་པའི། །འཁོར་བའི་འཁྲུལ་སྣང་སྣ་ཚོགས་སྤྲུལ་པ་བཞིན། །མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་སྤྱོད། །འདི་ནི་འགྲོ་སེམས་རང་སྣང་བག་ཆགས་ཏེ། །དེ་ཉིད་དག་ཚེ་རྒྱལ་བ་སྐུ་གསུམ་ཞིང། །འོད་གསལ་ཡེ་ཤེས་རང་སྣང་རང་ཤར་བས། །སེམས་དང་ཡེ་ཤེས་རང་སྣང་རྣམ་གཉིས་སུ། །སྒྱུ་འཕྲུལ་དྲ་བའི་ལུང་ལས་གསུང་དེ་བཞིན། །གདོད་མའི་དབྱིངས་ནི་ཀུན་གྱི་འབྱུང་གནས་ཏེ། །རིག་པས་དྲི་མ་དག་ཚེ་ཡེ་ཤེས་དང་། །མ་རིག་བདག་འཛིན་འཁྲུལ་པས་སེམས་སྣང་དུ། །འགྲོ་དྲུག་བདེ་སྡུག་སྤྲུལ་པ་ལྟ་བུར་སྣང་། །ཇི་ལྟར་སྤྲུལ་པ་གཞི་མེད་ལས་བྱུང་བ། །དེ་ལྟར་འཁྲུལ་སྣང་གཞི་མེད་དག་པར་ཤེས། །ཇི་ལྟར་སྤྲུལ་པ་སེམས་ལ་དབང་བསྒྱུར་ལྟར། །དེ་བཞིན་སྣ་ཚོགས་འགྲོ་སེམས་གོམས་པར་ཤེས། །ཇི་ལྟར་སྤྲུལ་པ་དེར་སྣང་གང་འདོད་པ། །དེ་ལྟར་ཆོས་ཀུན་རྒྱུ་རྐྱེན་དག་ལས་ཤེས། །ཇི་ལྟར་སྤྲུལ་པ་མེད་སྣང་འཁྲུལ་པ་ལྟར། །དེ་བཞིན་ཆོས་ཀུན་མེད་སྣང་འཁྲུལ་པའི་བློ། །རང་སྣང་རང་ཤར་རང་སེམས་རབ་འཇུག་དབང་། །དེ་ལྟར་གོམས་པ་དེ་ལྟར་སྣང་བ་ཡིན། །གང་ཡང་མ་གོམས་ཇི་བཞིན་ཉིད་བཞག་ན། །གང་དུའང་མི་འཁྲུལ་རང་བཞིན་གཞི་ལ་གནས། །སྔོན་བཞིན་སེམས་ཉིད་དབྱིངས་སུ་འུབ་ཆུབ་བོ། །དུག་གསུམ་དུག་ལྔ་ཀུན་རྟོག་ལས་བྱུང་བ། །ཀུན་ཏུ་དཔྱད་ན་ཀུན་ཏུའང་མི་གནས་པས། །ཉོན་མོངས་སྤྲུལ་འདྲ་ངོ་བོ་མེད་པས་ན། །མ་སྐྱེས་སྟོང་པའི་ངང་དེར་ཇི་བཞིན་ཞོག །སྣང་སྲིད་སྣོད་བཅུད་སྐྱེ་འགྲོ་ཇི་སྙེད་ཀྱི། །ལུས་དང་ལོངས་སྤྱོད་འགྲོ་འདུག་བདེ་སྡུག་ཀུན། །མེད་སྣང་སྤྲུལ་པ་(༡༤)དང་འདྲ་རང་བཞིན་མེད། །སྐྱེ་མེད་འགག་མེད་འོང་མེད་འགྲོ་བ་མེད། །འཕོ་མེད་འགྱུར་མེད་འོན་ཀྱང་སྣ་ཚོགས་སྣང། །དེ་བས་སྤྲུལ་པ་དངོས་ཞེས་རྟོགས་པར་བྱ། །སེམས་ཀྱི་འཁྲུལ་རྟོག་ཟུག་རྔུ་ཇི་སྙེད་པ། །དེ་ཀུན་སྤྲུལ་པ་ལྟ་བུའི་ངང་ཅན་དེ། །རང་བཞིན་མེད་ལ་སྣང་བ་མ་འགགས་པ། །བདེན་སྟོང་གཉིས་སུ་མེད་ཅེས་རྟོགས་པར་བྱ། །འབྱུང་ལྔ་སྣོད་དང་སྲིད་གསུམ་བཅུད་དང་ནི། །དགག་སྒྲུབ་མ་ལུས་སེམས་ཀྱི་སྤྲུལ་པ་སྟེ། །སེམས་ཀྱང་མེད་སྣང་སྒྱུ་མའི་སྤྲུལ་པ་རུ། །རང་བཞིན་གདོད་ནས་དག་པར་རྟོགས་པར་བྱ། །མི་ཤེས་བྱིས་པས་བརྟགས་ན་ལེགས་པར་སྣང། །བློས་བཀོད་དངོས་པོ་མཚན་མའི་ཆོས་རྣམས་ཀུན། །བག་ཆགས་ཉིད་ལས་དོན་དུ་གྲུབ་པ་མེད། །དེ་བས་འདི་ཞེས་གཟུང་འཛིན་མ་བྱེད་པར། །ཐམས་ཅད་མཐའ་གྲོལ་བརྗོད་འདས་ཤེས་པར་བྱ། །ཆོས་ཀུན་འདི་ཞེས་བརྗོད་ཅིང་མཚོན་བྱེད་ཀྱང་། །ནམ་མཁའི་མིང་དང་རི་བོང་རྭ་འདྲ་བར། །དངོས་མེད་གཤིས་ལ་མ་གྲུབ་བརྟགས་པ་ཙམ། །ཡེ་སྟོང་རྩ་བ་བྲལ་བར་ཤེས་པར་བྱ། །རྟོག་པས་བརྟགས་པ་བློ་ཡིན་དོན་ལ་མེད། །དོན་དུ་སྣང་འདི་བག་ཆགས་མེད་སྣང་ཡིན། །ཡུལ་མེད་ཡུལ་འཛིན་མེད་པས་གཟུང་འཛིན་མེད། །སྨྲ་མེད་བསམ་མེད་བརྗོད་མེད་མཐའ་ལས་འདས། །དོན་ལས་འདི་ཞེས་སུས་ཀྱང་མཚོན་མེད་པས། །ཡེ་ནས་བདག་མེད་སྤྲུལ་པ་ལྟ་བུར་ཤེས། །ཇི་ལྟར་སྤྲུལ་པ་སྣང་བའི་དུས་ནས་སྟོང་། །དེ་ལྟར་ཆོས་ཀུན་གང་སྣང་བདེན་པས་སྟོང་། །ཇི་ལྟར་སྤྲུལ་པ་ཡོད་མེད་མཐའ་ལས་འདས། །དེ་ལྟར་ཆོས་ཀུན་རང་བཞིན་དམིགས་བསམ་འདས། །སྣང་མོད་སྟོང་མོད་བདེན་མོད་རྫུན་ཡིན་མོད། །གང་ལྟར་བརྟགས་ཀྱང་བདེན་པ་འགའ་མེད་པས། །འདི་ཞེས་མ་འཛིན་ཕྱོགས་ཡན་ཆེན་པོར་ལྟོས། །འཛིན་ཞེན་མེད་ན་གང་ཡིན་ཡིན་དུ་ཆུག །ཚིག་ཙམ་མཚོན་ལ་དགག་སྒྲུབ་ཅི་བྱར་ཡོད། །འདི་ཞེས་འཛིན་ན་གང་ཡང་གནས་ལུགས་མིན། །ཡིད་དཔྱོད་རྟོག་པའི་དྲ་བས་ཅི་ཞིག་མཚོན། །སེམས་ཀྱིས་བརྟགས་པ་རང་གི་རྟོག་པ་སྟེ། །དེ་ཡིས་དོན་དམ་སྟོང་ཉིད་མཚོན་བྱས་ཀྱང་། །མཐར་འཛིན་ཉིད་ལས་གནས་ལུགས་ག་ལ་ཡིན། །འོན་ཀྱང་མཚོན་ཏེ་ཤེས་པར་བྱེད་ཅེ་ན། །མཚན་མཚོན་འདས་ལ་ཅི་ཞིག་མཚོན་དུ་ཡོད། །དེ་བས་དོན་མེད་རྩོད་པའི་འཛིན་ཞེན་གྱིས། །སེམས་ཉིད་མི་རྟོགས་ཡིད་དཔྱོད་ཕོ་ཚོད་ཙམ། །བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །སྤྲིན་བྲལ་མཁའ་ལ་ཉི་ཤར་དག་པ་བཞིན། །ནམ་ཞིག་ནུས་ལྡན་རྟེན་འབྲེལ་ཐབས་ཀྱིས་འཆར། །དེ་ཚེ་དམ་པའི་དོན་དེ་མངོན་དུ་འགྱུར། །ཐམས་ཅད་ཕྱམ་གཅིག་ཡིན་མིན་དཔྱད་ར་མེད། །མཁའ་མཉམ་མཐའ་གྲོལ་རང་སྟོང་ཟང་ཀ་མ། །ཡངས་ལ་སྣང་སྟོང་སྤྲུལ་པའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ངང་གིས་རྟོགས་པར་འགྱུར། །འཁོར་བ་གང་ཡིན་འཁྲུལ་རྟོག་སེམས་འདི་ཉིད། །རྟོགས་པར་གྱུར་ན་ཡེ་ཡིན་མྱ་ངན་འདས། །འཛིན་མེད་རིག་པའི་ཡེ་(༡༥)ཤེས་ཡུལ་ལ་འཕྱོ། །གང་སྣང་དངོས་ལ་དེར་འཛིན་མི་འཇུག་པར། །སྣང་སེམས་སྤྲུལ་པའི་ངང་དེར་བློ་བདེ་རྙེད། །འདི་ལྟར་རྟོགས་ནས་བདེན་མཐོང་ཡེ་ཤེས་པ། །གཞན་ཞིག་མཚོན་དུ་མེད་དེ་དེ་རིང་ཉིད། །རང་ཤར་རང་སར་གྲོལ་བའི་ཆོས་ཉིད་དོ། །ཐབས་སྟོབས་བླ་མའི་བྱིན་རླབས་སྙིང་ཞུགས་པ། །གང་ལ་མངོན་དུ་གྱུར་ཡང་གཞན་དུ་མིན། །མིག་ལྡན་གཟུགས་སྣང་སྒྲོན་མེ་འབར་གྱུར་པ། །དམུས་ལོང་དག་ལ་བསྟན་པས་མཐོང་ངམ་ཅི། །ཚིག་ཀྱང་མི་ཤེས་དོན་ཡང་མི་གོ་བ། །གང་གིས་ལེགས་པའི་ཉི་མ་མི་མཐོང་བ། །དེ་བས་བླུན་པོའི་སྐྱེ་བོ་གཞན་དག་ནི། །ནེ་ཙོའི་འདོན་པ་འདྲ་ཞིང་རློམ་པའི་ཁེངས། །རྟོག་པའི་དྲྭ་བས་སྙིང་པོའི་དོན་མ་མཇལ། །དེ་ཉིད་མི་ཤེས་དམུས་ལོང་གཟུགས་མཇལ་འདྲ། །རྟོག་པའི་དུས་མེད་ཡིད་དཔྱོད་བདེན་པར་འཛིན། །ཨེ་མ་གཟུ་ལུམས་ཤིན་ཏུ་སྐལ་བ་ངན། །སྙིང་པོའི་དོན་ལ་ནམ་ཡང་མ་རེ་ཞིག །འདིར་ནི་སེམས་ཉིད་དམ་པའི་ཡེ་ཤེས་ནི། །བླ་མས་བསྟན་པ་རང་རིག་ཡེ་ཤེས་དངོས། །རང་སེམས་བཅོས་བསླད་མེད་པ་བཞག་ན་འཆར། །རེ་དོགས་འཛིན་ཞེན་མེད་ན་མངོན་པ་སྟེ། །སྟོང་གསལ་མཐའ་དབུས་མེད་ན་ལེགས་ཀྱང་མངོན། །དེ་བས་བརྒྱུད་པའི་བྱིན་རླབས་དང་ལྡན་པ། །དམ་པའི་བླ་མས་ཟིན་པ་མཆོག་ཏུ་གཅེས། །གནས་ལུགས་དོན་ལ་ཡེངས་མེད་བསྒོམས་པ་ཡང་། །སྔོན་འགྲོ་སྔར་བཞིན་བླ་མའི་རྣལ་འབྱོར་ལ། །སྤྲུལ་པ་འབྱོང་བར་གསོལ་གདབ་དངོས་གཞི་ནི། །སེམས་ནི་སྤྲུལ་པ་ལྟ་བུའི་རང་བཞིན་ལ། །སེམས་ལ་སྣང་འདིའང་རང་བཞིན་སྤྲུལ་པ་འདྲ། །ཐམས་ཅད་མ་སྐྱེས་སྤྲུལ་འདྲར་ཐག་བཅད་ནས། །སེམས་ཉིད་དྲན་བསམ་ཚོལ་ཁྲོ་བྲལ་བར་གཞག །དེ་ཚེ་སྟོང་གསལ་སྤྲོས་པ་དང་བྲལ་བའི། །ངང་ལ་གནས་པས་གཡོ་བྱེད་གཟུང་འཛིན་བྲལ། །དྭངས་གསལ་སྤྲུལ་པ་ལྟ་བུའི་འོད་གསལ་འཆར། །སྣང་ཡུལ་མ་འགག་དེར་འཛིན་བཅོས་བསླད་མེད། །སལ་ལེ་སང་ངེ་མ་ཡེངས་ངང་གིས་བདེ། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུའི་སེམས། །རང་བཞིན་སྤྲོས་དང་བྲལ་བའི་ནམ་མཁའ་མཐོང་། །དེ་ཚེ་ཆོས་རྣམས་སྤྲུལ་པ་ལྟ་བུ་ལ། །བློ་ཡི་རྣམ་པའང་སྤྲུལ་པ་ལྟ་བུར་གྲོལ། །ཆགས་སྡང་རེ་དོགས་བདག་འཛིན་སྤྲུལ་པ་བཞིན། །གཞི་གྲོལ་ལམ་གྲོལ་འབྲས་བུ་གྲོལ་བ་ཡིན། །གང་ལྟར་བསྒོམས་ཀྱང་དེ་ཡི་མི་འཆིང་སྟེ། །ཡོད་པར་བསྒོམས་ཀྱང་རྟག་པའི་མཐའ་ལས་གྲོལ། །མེད་པར་བསྒོམས་ཀྱང་ཆད་པའི་དྲི་མ་བྲལ། །གཉིས་སུ་བསྒོམས་ཀྱང་གཉིས་མེད་ངང་དེར་གནས། །བདག་ཏུ་བསྒོམས་ཀྱང་བདག་འཛིན་འཆིང་བ་མེད། །གཞན་དུ་བསྒོམས་ཀྱང་རེ་དོགས་གཉིས་བཅས་མེད། །བསྐྱེད་པར་བསྒོམས་ཀྱང་རྫོགས་པར་ལྷུན་གྲུབ་ཅིང། །རྫོགས་རིམ་བསྒོམས་ཀྱང་སྤྲུལ་པའི་བསྐྱེད་རིམ་འགྲུབ། །ཤར་གྲོལ་དུས་མཉམ་ཉོན་མོངས་ཀུན་ལས་གྲོལ། །འཛིན་རྟོག་ལས་འདས་རྣལ་མའི་ངང་ཉིད་དོ། །དུས་(༡༦)གསུམ་དུས་མེད་ཆོས་ཉིད་འཁོར་ལོ་ལ། །ཐུན་མཚམས་རིས་མེད་སྤྲུལ་པ་ལྟ་བུར་སྤྱོད། །གཏད་མེད་སྨྱོན་པ་འཛིན་མེད་ཟང་ཀ་མ། །ཤུགས་འབྱུང་རང་ཀ་རེ་དོགས་བཅོས་བསླད་མེད། །གང་ཡིན་ཀུན་ཡིན་གཏད་མེད་ཕྱམ་གཅིག་པས། །ནམ་མཁའ་རབ་འབྱམས་དགོངས་པར་ལྷུན་གྱིས་གྲུབ། །དེ་ཚེ་ཉིན་མཚན་སྤྲུལ་པའི་ངང་གནས་པས། །བདེ་ཆེན་འཁོར་ལོར་བདེ་ཀློང་གཅིག་ཏུ་འཁྱིལ། །ལོངས་སྤྱོད་འཁོར་ལོར་རྣམ་ཀུན་ལོངས་སྤྱོད་རྫོགས། །ཆོས་ཀྱི་འཁོར་ལོར་ཆོས་ཉིད་རྒྱུན་ཆད་མེད། །སྤྲུལ་པའི་འཁོར་ལོར་རྣམ་འཕྲུལ་དཔག་ཏུ་མེད། །བདེ་སྐྱོང་འཁོར་ལོར་ཉིན་མཚན་བདེ་བས་གང་། །མ་སྦྱངས་བཞིན་དུ་རླུང་སེམས་གནད་དུ་ཚུད། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་རྩ་འདབ་རླུང་། །ཡེ་ཤེས་རོ་གཅིག་སྦྱངས་འབྲས་མངོན་དུ་གྱུར། །རྨི་ལམ་སྤྲུལ་བསྒྱུར་ཞིང་ཁམས་མཐོང་བ་དང་། །ཕྱིས་ནས་འཁྲུལ་པའི་རྨི་ལམ་རྒྱུན་ཆད་དེ། །འོད་གསལ་བ་ལ་ཉིན་དང་མཚན་མོ་གནས། །བདེ་གསལ་མི་རྟོག་ཏིང་འཛིན་ངང་གནས་ཤིང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཡོན་ཏན་འགྲུབ། །ཉམས་རྟོགས་ཚད་མེད་རང་གཞན་དོན་གཉིས་འགྲུབ། །དེ་ཕྱིར་ཆོས་ཀུན་སྤྲུལ་པའི་རང་བཞིན་དུ། །སྐལ་བཟང་རྣམས་ཀྱིས་ཡང་དང་ཡང་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྤྲུལ་པ་ལྟ་བུའི་ལེའུ་སྟེ་བརྒྱད་པའོ།། །།

དེ་ལྟར་རྒྱལ་བས་ཇི་སྙེད་བསྟན་པའི་ཆོས། །སྒྱུ་མའི་དཔེ་བརྒྱད་ཉིད་དུ་རེག་བྱའི་ཕྱིར། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །དྲི་མེད་འོད་ཟེར་ཤར་བས་སྣང་བར་བྱས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །ཆོས་རྣམས་མ་སྐྱེས་སྒྱུ་མའི་ཚུལ་མཐོང་ནས། །གོང་ནས་གོང་དུ་ལེགས་པའི་ཆོས་བསྒྲུབས་ཏེ། །རྒྱལ་བའི་སྐུ་གསུམ་འབྱོར་པས་མཛེས་པར་ཤོག །རྨི་ལམ་སྒྱུ་མ་སྨིག་རྒྱུ་གཟུགས་བརྙན་དང་། །བྲག་ཅ་སྤྲུལ་པ་ལྟ་བུའི་ཆོས་རྣམས་ལ། །བདེན་པར་ཞེན་པའི་བློ་ནི་རབ་སྤངས་ཏེ། །ཡེ་ཤེས་ཡོན་ཏན་གདོད་མའི་སར་ཕྱིན་ཤོག །བྱིས་པ་འདུ་འཛིའི་གྲོང་དང་ཉོན་མོངས་ཀྱིས། །ཡོངས་གང་སྲིད་པའི་ནགས་ཁྲོད་ཐིབས་པོ་ལས། །རྒྱང་རིང་འཕགས་པའི་དགའ་ཚལ་དེར་སོང་སྟེ། །དཔག་མེད་ལྷ་བརྒྱའི་གཙུག་ན་མཛེས་གྱུར་ཅིག །བདག་གི་སེམས་འདི་རྣམ་གཡེང་ལ་སྐྱོ་བས། །ཞི་བའི་ནགས་ནང་དབེན་པའི་ཉམས་དགའ་བར། །གཅིག་པུར་ཟབ་མོའི་དེ་ཉིད་རྣམ་བསྒོམ་ཞིང། །འཕགས་པའི་བློ་མིག་ཡང་དག་ཐོབ་པར་ཤོག །ནགས་རྣམས་མེ་ཏོག་ལོ་མ་འབྲས་མང་ཞིང་། །ཆུ་གཙང་དཀའ་ཐུབ་དཔལ་གྱིས་བརྒྱན་པ་དེར། །དལ་འབྱོར་སྙིང་པོར་ལྡན་པའི་ལུས་འདི་ཡིས། །དོན་ཆེན་ཆོས་མཛོད་ཐར་ལམ་བགྲོད་པར་ཤོག །དེང་དུས་བདག་ཚེ་འབྲས་བུ་ཡོད་བྱའི་ཕྱིར། །མི་ཡི་སྲིད་པར་དགེ་བའི་ཆོས་སྤྱད་དེ། །ཞི་བའི་ལམ་ལྡན་ཡོན་ཏན་ཚོགས་མང་བས། །མཐའ་ཡས་འགྲོ་བ་སྲིད་(༡༧)ལས་སྒྲོལ་བར་ཤོག །ཚུལ་འདི་ཟབ་མོའི་ཆོས་ཀྱི་སྙིང་པོ་སྟེ། །ངེས་དོན་གནད་དུ་སྒྲིལ་བའི་གནད་ཡིན་པས། །ཐར་པ་འདོད་པས་སྙིང་ནས་བརྩོན་བྱ་ཞིང་། །ཉིན་མཚན་མི་དལ་འབད་པས་ཉམས་སུ་བླང། །ཕྱི་རབས་སྐལ་ལྡན་དད་དང་ལྡན་པ་ཀུན། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །རང་གཞན་སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ངེས། །མདོ་དང་རྒྱུད་དོན་མན་ངག་སྙིང་པོའི་དོན། །མ་ལུས་ཟབ་མོའི་མིག་ལྡན་རྣལ་འབྱོར་པ། །དྲི་མེད་འོད་ཟེར་སྣང་བས་བརྒྱན་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཆོས་ཚུལ་ཉི་མ་དྲི་མེད་འོད་སྟོང་ལྡན། །ཡེ་ཤེས་སྣང་ལྡན་མ་རིག་མུན་སེལ་གྱིས། །འཁོར་བའི་རྒྱ་མཚོ་རབ་ཏུ་སྐེམས་བྱས་ནས། །ཐར་གླིང་སྣང་བ་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨའི་ཞབས་རྟེན་ལ་ཉེ་བར་རེག་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་བསྡུས་དོན་མནྡཱ་ར་བའི་ཕྲེང་བ་ཞེས་བྱ་བ།

༄༅། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་བསྡུས་དོན་མནྡཱ་ར་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༄༅༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་དོན་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་རྒྱུ། འཇུག་ཡུལ་བསྟན་བཅོས་ཀྱི་ལུས། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །

དང་པོ་ལ་གསུམ་སྟེ། སྐད་གཉིས་ཤན་སྦྱར་བ་མཚན་གྱི་དོན། མདོ་དང་རྒྱས་པས་ཕྱག་གི་དོན། བརྩམ་པར་དམ་བཅའ་བའོ། །

གཉིས་པ་ལ་ལེའུ་བརྒྱད་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་བསྟན་པའི་ལེའུ་དང་པོ་ལ་གཉིས་ཏེ། ཆོས་ཐམས་ཅད་རྨི་ལམ་དུ་གཏན་ལ་དབབ་པ་དང་། ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལ་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་དུས་ཇི་ལྟར་གནས་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གདོད་མ་གཞིའི་གནས་ཚུལ་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བཏགས་པའི་མ་རིག་པས་འཁྲུལ་པ་གློ་བུར་དུ་སྣང་ཚུལ། བག་ཆགས་བརྟས་པ་ལས་སོ་སོར་སྣང་བ་དང་། གཅིག་ལས་དུ་མར་སྣང་བས་འཁྲུལ་སྣང་འཁོར་བའི་གྲུབ་ཚུལ་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། འཁྲུལ་སྣང་ལོག་རྟོག་སྒྱུ་མར་བསྟན་པ། དེ་ཉིད་བདེན་མེད་རྫུན་སྣང་དུ་བསྟན་པ། སྣང་ཡང་གཞི་མེད་རྩ་བྲལ་དུ་བསྟན་པ། མེད་སྣང་སྟོང་པའི་རང་གཟུགས་སུ་བསྟན་པ། གནས་ལུགས་ཆོས་ཉིད་རྣམ་དག་ཏུ་བསྟན་པའོ། །གཉིས་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་བསྟན་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་བ། དེའི་འབྲས་བུ་གྲུབ་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞི་(༡༨)བསྒོམ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཐོག་མར་འཇུག་པའི་སྔོན་འགྲོ། ལམ་ཟབ་བླ་མའི་རྣལ་འབྱོར། ཆོས་ཉིད་སྟོང་པའི་རྫོགས་རིམ་མོ། །གཉིས་པ་ལ་གཉིས་ཏེ། ཉིན་མོ་རྣལ་འབྱོར་གྱི་རིམ་པ་དང་། མཚན་མོ་རྣལ་འབྱོར་གྱི་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཉམ་པར་བཞག་པའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། གཟུང་འཛིན་འཁྲུལ་པའི་རྩ་བ་བཅད་པའོ། །དང་པོ་ལ་གསུམ་སྟེ། ཕྱི་ཡུལ་དང་། ནང་ཡུལ་ཅན་རྨི་ལམ་དུ་བལྟ་བའི་དོན་རང་མཚན་དུ་ཞེན་པ་ལྷན་སྐྱེས་ཉོན་སྒྲིབ་ཀྱི་སྒྲིབ་པ་སྦྱང་བ། འདས་ད་ལྟ་མ་འོངས་པའི་ཆོས་སུ་གཏོགས་པ་རྨི་ལམ་དུ་བལྟ་བས་དོན་སྤྱི་མཚན་དུ་ཞེན་པ་ཀུན་བཏགས་ཤེས་སྒྲིབ་ཀྱི་དྲི་མ་སྦྱོང་བ། བྱུང་ཚོར་རྨི་ལམ་དུ་བལྟ་བས་འཁྲུལ་རྩ་བདག་འཛིན་གྱི་དྲི་མ་སྦྱོང་བའོ། །གཉིས་པ་ལྡང་བའི་རྣལ་འབྱོར་ལ་གཉིས་ཏེ། ལུས་ཀྱི་བྱེད་སྤྱོད་དང་། སྣང་བའི་བྱ་བྱེད་རྨི་ལམ་དུ་ཤེས་པས་ལམ་ཁྱེར་དང་པོ་དང་། དེའི་མན་ངག་བདེན་མེད་དུ་རྩལ་སྦྱོང་བའོ། །

གསུམ་པ་འཁྲུལ་པའི་རྩ་བ་བཅད་པ་ལ་དྲུག་སྟེ། གཟུང་ཡུལ་གཞི་མེད་རྩ་བྲལ་དུ་བསྟན་པས་གཟུང་རྟོག་གི་རྩ་བ་བཅད་པ། འཛིན་པ་རྩ་བྲལ་དུ་བསྟན་པས་འཛིན་རྟོག་གི་རྩ་བ་བཅད་པ། ཡུལ་སེམས་རྟེན་མེད་དུ་རྟོགས་པས་གདོད་མའི་གཞི་ལ་བསྐྱལ་བ། དེ་ཉིད་དོན་ལ་གོམས་པས་འཁྲུལ་སྣང་དབྱིངས་སུ་དག་པ། མེད་སྣང་སྟོང་པའི་རང་གཟུགས་བག་ཆགས་རྨི་ལམ་དུ་བསྟན་པ། འཐད་པ་དཔེ་ཡིས་དགོད་པས་གཞི་མེད་རྩ་བྲལ་དུ་བསྟན་པའོ། །གཉིས་པ་མཚན་མོ་རྣལ་འབྱོར་གྱི་བསྒོམ་ཚུལ་ལ་བདུན་ཏེ། གནད་ལས་རྨི་ལམ་བསྒོམ་པ། གཟུང་བ། སྦྱང་བ། སྤྲུལ་པ། བསྒྱུར་བ། སྤེལ་ཅིང་སྦྱང་བ། དབང་བསྒྱུར་རིགས་ཀྱི་དམ་པ་བསྒྲུབ་པའོ། །གསུམ་པ་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །

དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པའི་ལེའུ་གཉིས་པ་ལ་གཉིས་ཏེ། ལེའུ་རྩོམ་པ་ལ་འཇུག་པའི་ཚུལ་དང་། དངོས་ཀྱི་དོན་བསྟན་པའོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱ་བ་དང་། ཤེས་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། གདོད་མའི་དབྱིངས་ལས་འཁོར་བའི་འཁྲུལ་ཚུལ་སྤྱིར་བསྟན། སྒྱུ་མའི་རང་བཞིན་དུ་གཏན་ལ་འབེབས་ཚུལ་བྱེ་བྲག་ཏུ་བཤད་པ། སྒྱུ་མ་རིགས་གསུམ་དུ་ཆོས་རྣམས་འདུས་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སེམས་ཉིད་གདོད་མའི་གནས་ལུགས། མ་རིག་གཟུང་འཛིན་གྱི་འཁྲུལ་ལུགས། གཟུང་འཛིན་བག་ཆགས་ཀྱི་དབང་གིས་འཁོར་བ་སྣ་ཚོགས་སུ་འཁོར་བས་འཁྲུལ་དུས་བདེན་མེད་ཀྱི་སྣང་ལུགས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྒྱུ་མའི་གནས་ལུགས་སྟོང་ཉིད་མདོར་བསྟན། (༡༩)སྒྱུ་མའི་སྣང་ཚུལ་རིམ་གྱིས་རྒྱས་པར་བཤད། སྒྱུ་མའི་རང་བཞིན་རྟེན་འབྲེལ་དུ་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སྒྱུ་མ་རིགས་བཞིའི་གོ་དོན་སྤྱིར་བསྟན་པ། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྣམ་དབྱེ་དངོས་དེ་དག་དཔེའི་སྒྱུ་མས་གཏན་ལ་འབེབས་ཚུལ། དཔེ་དོན་ཤན་སྦྱར་བས་སྒྱུ་མ་རིགས་བཞིའི་གོ་དོན་སྦྱར་བའོ། །གཉིས་པ་ལ་ལྔ་སྟེ། དབྱིངས་བདེ་གཤེགས་སྙིང་པོ། ངོ་བོ་ཕྱོགས་ལྷུང་གཉིས་མེད། འཆར་གཞི་རྐྱེན་སྣང་རང་གསལ། འཆར་ཚུལ་དཔེ་དོན་ངེས་འབྱེད་ཀྱི་རང་བཞིན་སྒྱུ་མ། མ་དག་སྒྱུ་མ། ཡེ་ཤེས་སྒྱུ་མ། དཔེའི་སྒྱུ་མའི་རང་བཞིན་རྒྱས་པར་བཤད་པའོ། །གསུམ་པ་སྒྱུ་མ་རྟེན་འབྲེལ་དུ་བསྡུ་བ་ལ་དྲུག་སྟེ། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚུལ། ངོ་བོ་སྟོང་ཉིད་ཀྱི་རང་བཞིན། རྣམ་པ་སྒྱུ་མའི་དཔེ་དོན། འདྲ་ཆོས་མཚུངས་པའི་ཤན་སྦྱར། སྒྱུ་མ་རང་སྣང་གི་སྙིང་རྗེ། གཤིས་དོན་ཆོས་ཉིད་ཀྱི་དབྱིངས་རུམ་དུ་བསྟན་པའོ། །གསུམ་པ་རིགས་གསུམ་དུ་དོན་བསྡུ་བ་ལ་གཉིས་ཏེ། ཆོས་རྣམས་སྒྱུ་མར་གདམས་པ་དང་། ཤེས་བྱེད་འཐད་པ་དགོད་པས་སྒྱུ་མའི་ཚུལ་ལ་སྤྱིར་གདམས་པ་དང་། བྱང་ཆུབ་སྒྱུ་མ། འཁོར་བའི་སྒྱུ་མ། གཤིས་སྒྱུ་མ། སྒྱུ་མ་རིགས་གསུམ་གྱི་གནས་བྱེ་བྲག་ཏུ་བཤད་པའོ། །དོན་གཉིས་པ་ཤེས་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། སྔོན་དུ་འགྲོ་བ། དངོས་གཞི་བསྒོམ་པ། སྒོམ་པ་དེ་དག་པའི་འབྲས་བུའོ། །གཉིས་པ་ལ་གཉིས་ཏེ། སྒྱུ་མར་བསྒོམ་པ། བདེན་མེད་དུ་སྦྱོང་བ། གཟུང་འཛིན་གཞིག་པ་དང་གསུམ་གྱིས་ཉིན་མོ་རྣལ་འབྱོར་དུ་བྱ་བ་དང་། གནད་ཀྱི་ཉལ་བ་དང་། རྨི་ལམ་སྦྱོང་བས་མཚན་མོ་རྣལ་འབྱོར་དུ་བྱའོ། །

དེ་ནས་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་བསྟན་པའི་ལེའུ་གསུམ་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་མིག་ཡོར་གྱི་ཚུལ་དུ་ཤེས་པར་བྱ་བ་དང་། དེ་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་འཁྲུལ་སྣང་གི་ཤར་ཚུལ་བསྟན་པ་དང་། སྟོང་པ་རང་སྣང་གི་རོལ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འོད་གསལ་སྙིང་པོའི་རང་ངོ་མ་ཤེས་པས་འཁྲུལ་པ་དང་། མེད་སྣང་སྟོང་པ་ལ་བདག་ཏུ་གཟུང་བས་འཁྲུལ་པར་བསྟན་པའོ། །གཉིས་པ་ལ་བརྒྱད་དེ། མེད་བཞིན་སྣང་བའི་དཔེ། རང་བཞིན་མེད་པའི་དོན། དཔེ་དོན་ངེས་པའི་ཆོས་ཉིད། མེད་པ་གཟུང་བའི་སྣང་ཚུལ། སྣང་ལ་འཛིན་མེད་ཀྱི་གདམས་ཚུལ། མི་རྟོག་མཉམ་པའི་དགོངས་དོན། རྒྱ་གྲོལ་འཛིན་མེད་ཀྱི་རང་གནད། བདེན་མེད་སྟོང་པའི་ཐག་ཆོད་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་པ་དང་། སྒོམ་པས་ཉམས་སུ་བླང་། འབྲས་བུ་འབྱུང་ཚུལ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། མིག་ཡོར་ལྟ་བུར་རྟག་ཏུ་རྣལ་འབྱོར། ཡུལ་སེམས་བདེན་མེད་ཉིན་མོ་རྣལ་འབྱོར་(༢༠)འདུན་པས་མཚན་མོ་རྣལ་འབྱོར་བསྟན་པའོ། །

དེ་ནས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་བསྟན་པ་ལེའུ་བཞི་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་སྨིག་རྒྱུ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས་ཏེ། གཞི་ལས་འཁྲུལ་སྣང་གི་ཤར་ཚུལ་དང་། ཤར་དུས་ཇི་ལྟར་གནས་ཚུལ་ལོ། །དེ་ལ་བཞི་སྟེ། ངོ་བོ་སྟོང་ཉིད། རྣམ་པ་བདེན་མེད། རང་བཞིན་མཐའ་བྲལ། གནས་ལུགས་འཛིན་མེད་ཆེན་པོར་བསྟན་པའོ། །གཉིས་པ་ཉམས་སུ་བླང་ཚུལ་ལ་གསུམ་སྟེ། ཉིན་མོའི་རྣལ་འབྱོར། མཚན་མོའི་རྣལ་འབྱོར། གནས་སྐབས་དང་མཐར་ཐུག་གི་སྒོམ་པས་གྲུབ་པའི་འབྲས་བུ་བསྟན་པའོ། །

དེ་ནས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་བསྟན་པ་ལེའུ་ལྔ་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་ཆུ་ཟླ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་དུས་ཇི་ལྟར་གནས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབྱིངས་ལྷུན་གྲུབ་ཆེན་པོ་ལས་མ་རིག་གཟུང་འཛིན་གྱི་ཀུན་རྟོག་གཡོས་ཚུལ། གློ་བུར་ཉོན་མོངས་ཀྱི་རང་སྣང་འཁྲུལ་པས་འགྲོ་དྲུག་འཁོར་བའི་སྣང་བ་གྲུབ་ཚུལ། མེད་སྣང་འཁྲུལ་པའི་སེམས་ཅན་འཁོར་བ་ལ་རང་བཞིན་ཤེས་པའི་སྙིང་རྗེ་སྐྱེ་ཚུལ་ལོ། །གཉིས་པ་ལ་བཅུ་སྟེ། ཅིར་སྣང་གཟུགས་བརྙན་ལྟ་བུ། ཡུལ་སེམས་བདེན་མེད་སྟོང་པ། རིག་སྟོང་ཆོས་སྐུ་ཉག་གཅིག །བློ་བྲལ་མཉམ་པ་ཆེན་པོ། བསམ་བརྗོད་སྤྲོས་བྲལ་འཛིན་མེད། མི་གནས་འཁོར་འདས་མཉམ་རྫོགས། གཟོད་གནས་ཡེ་སྟོང་ཕྱོགས་བྲལ། འཛིན་མེད་རང་བབས་གཉུག་མ། གཟུང་འཛིན་ཡུལ་སེམས་འབྲེལ་མེད། སྐལ་བཟང་གཞི་ལ་མཐར་ཕྱིན་དུས་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་ཚུལ་ལ་བཞི་སྟེ། རྟག་ཏུ་རྣལ་འབྱོར། ཉིན་མོ་རྣལ་འབྱོར། མཚན་མོ་རྣལ་འབྱོར། སྒོམ་པ་དག་པའི་འབྲས་བུའོ། །

དེ་ནས་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་བསྟན་པའི་ལེའུ་དྲུག་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུའི་དོན་དངོས་སོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་བྲག་ཅ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་ཤེས་པས་སྤྱིར་གཏན་ལ་དབབ་པ་དང་། རྟོགས་དོན་ངེས་པས་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་ལྔ་སྟེ། ངོ་བོ་བདེན་མེད། རང་བཞིན་སྟོང་ཉིད། གནས་ལུགས་བློ་བྲལ། དབྱིངས་ལས་འཁྲུལ་ཚུལ། གནས་ལུགས་བྲག་ཅ་ལྟ་བུར་བསྟན་པའོ། །གཉིས་པ་ལའང་བཞི་སྟེ། འཛིན་མེད་ཕྱོགས་ཡངས་རྟོགས་པ། གཏད་མེད་ཡོངས་གྲོལ་དུ་རྟོགས་པ། འལ་འོལ་ཕྱད་ཕྱོད་དུ་རྟོགས་པ། རྒྱ་ཆད་ཕྱོགས་བྲལ་དུ་རྟོགས་པའི་གདེང་ཚད་ངེས་པ་བྲག་ཅ་ལྟ་བུའི་དོན་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་གསུམ་སྟེ། གྲག་སྟོང་བྲག་ཅ་ལྟར་བལྟ་བས་རྟག་ཏུ་རྣལ་འབྱོར། ངོ་བོ་སྤྱིར་བསམ། རྒྱུ་མཚན་བྱེ་བྲག་ཏུ་དཔྱད། (༢༡)རང་བཞིན་སྟོང་པར་བརྟག །དེའི་འབྲས་བུ་བསྟན་པས་ཉིན་མོ་རྣལ་འབྱོར། རྨི་ལམ་འབྲས་བུ་དང་བཅས་པས་མཚན་མོ་རྣལ་འབྱོར་བསྟན་པའོ། །

དེ་ནས་ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟ་བུར་བསྟན་པ་ལེའུ་བདུན་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་འཁྲུལ་ཚུལ། རང་བཞིན་གནས་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དབྱིངས་གདོད་མའི་གནས་ཚུལ། དེའི་ངང་ལས་འཁྲུལ་ཚུལ། འཁྲུལ་སྣང་སྟོང་དབྱིངས་རང་སྣང་དུ་བསྟན་པའོ། །གཉིས་པ་ལ་དགུ་སྟེ། སྲིད་གསུམ་ཡེ་སྟོང་རྣམ་དག །ཡུལ་སེམས་མེད་པ་གསལ་སྣང་། བློ་བྲལ་འཛིན་མེད་ཟང་ཀ །གདོད་ནས་རང་བཞིན་སྐྱེ་མེད། ཉོན་མོངས་ཀུན་རྟོག་གཞི་བྲལ། འཁོར་འདས་གཉིས་མེད་གདོད་མ། འཆར་ཚུལ་མ་འགགས་རོལ་པ། བླང་དོར་ཟབ་མོའི་རྟེན་འབྲེལ། རྣམ་གྲོལ་སྐལ་བཟང་མཁས་པར་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་བཞི་སྟེ། བདེན་མེད་སྟོང་པར་བསྒོམ་པ་རྟག་ཏུ་རྣལ་འབྱོར། ཡུལ་སེམས་རྟོག་མེད་དུ་བསྒོམ་པ་ཉིན་མོའི་རྣལ་འབྱོར། གོམས་པའི་ངང་ལས་ཤར་བ་ཉམས་རྟོགས་འཆར་སྒོ། རྟོགས་པས་གྲོལ་ཚད་ངེས་པ་དེའི་འབྲས་བུའོ། །

དེ་ནས་ཆོས་ཐམས་ཅད་སྤྲུལ་པ་ལྟར་བསྟན་པ་ལེའུ་བརྒྱད་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དང་པོ་བསྟན་པའོ། །དེ་ལ་གཉིས་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས་སྟེ། གདོད་མའི་དབྱིངས་ལས་འཁྲུལ་ཚུལ་དང་། གཞི་མེད་སྟོང་པའི་རང་བཞིན་དུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། དབྱིངས་ལས་འཁྲུལ་དངོས། འཁོར་འདས་ཡེ་ཤེས་ཀྱི་རང་སྣང་དུ་བསྟན་པ། དབྱིངས་ཉིད་ཀུན་གྱི་འཆར་གཞིར་དབྱེ་བ། དཔེ་དོན་ཤན་སྦྱར། འཐད་པ་དགོད་པ། ཇི་བཞིན་བཞག་པས་དབྱིངས་སུ་གནས་པའོ། །གཉིས་པ་ལ་བཞི་སྟེ། གནས་ལུགས་དོན་གྱི་ངོ་བོ་བསྟན་པ། མཚན་བརྗོད་འདས་པའི་རང་བཞིན་བསྟན་པ། རྟོགས་པ་ངེས་པའི་གདིང་ཚད་བསྟན་པ། གང་ལས་འབྱུང་བའི་ཁྱད་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། ཉོན་མོངས་རྟེན་མེད། སྣོད་བཅུད་མེད་སྣང། སྣང་བ་བདེན་མེད། འཁྲུལ་རྟོག་རྩ་བྲལ། སྣང་སེམས་གཞི་མེད་སྤྲུལ་པ་ལྟ་བུར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། བསམ་བརྗོད་མེད་པའི་རང་བཞིན་སྤྱིར་བསྟན་པ་དང་། བློས་བརྟགས་ཆོས་ཀྱིས་མི་རྟོག་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བརྒྱད་དེ། སེམས་སྣང་གཞི་མེད་སྟོང་པ། མཐའ་བྲལ་བློ་འདས་བརྗོད་མེད། ཆོས་རྣམས་ཡེ་གྲོལ་རྩ་བྲལ། ཡུལ་སེམས་མེད་སྣང་རྟེན་འབྲེལ། གཟུང་འཛིན་བདག་མེད་སྤྲུལ་པ། སྣང་སྟོང་སྒྱུ་མ་རང་ཤར། གང་སྣང་ཕྱོགས་ཡན་གཏན་མེད། དགག་སྒྲུབ་བྱར་མེད་ཀློང་ཡངས་སུ་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། ཡིད་དཔྱོད་རྟོག་པའི་དྲྭ་བར་བསྟན་པ། དེའི་དངོས་སུ་མི་རྟོག་པར་བསྟན་པ། རྣལ་དོན་མཚན་བརྗོད་མེད་པར་བསྟན་པ། བློས་བརྟགས་འཇལ་བྱེད་ཕོ་ཚོད་དུ་བསྟན་པ། དངོས་དོན་བླ་མའི་བྱིན་རླབས་སུ་བསྟན་པའོ། །གསུམ་པ་རྟོགས་པ་ངེས་པའི་གདེང་ཚད་བསྟན་པ་ལ་བཞི་སྟེ། (༢༢)མཐའ་བྲལ་ཀློང་ཡངས་རྟོགས་པའི་ངོ་བོར་བསྟན་པ། འཁོར་འདས་གཉིས་མེད་རྟོགས་པའི་རང་བཞིན་དུ་བསྟན་པ། །ཤར་གྲོལ་འཛིན་མེད་རྟོགས་པའི་རང་རྩལ་དུ་བསྟན་པ། རང་བྱུང་ཡེ་ཤེས་རྟོགས་པའི་འབྲས་བུ་བསྟན་པའོ། །བཞི་པ་གང་ལས་བྱུང་བའི་ཁྱད་པར་བསྟན་པ་ལ་གསུམ་ལས། བྱིན་རླབས་ཡོད་མེད་ཀྱི་རྗེས་སུ་བྱེད་པ་དང་། དེའི་མཚོན་དཔེ་རྟོགས་པས་རྟོགས་པ་འཆར་བ་བླ་མ་དམ་པ་ལ་རག་ལས་པར་སྤྱིར་བསྟན་པ། སྐྱེ་བོ་ཐ་མལ་དང་། ཐ་སྙད་ཚིག་ཞེན་པོས་སེམས་ཉིད་དོན་གྱི་སྙིང་པོ་བླ་མས་མ་ཟིན་ན། དངོས་སུ་མི་རྟོགས་པར་བྱེ་བྲག་ཏུ་བཤད། དམ་པས་ཟིན་ན་རྟོགས་པ་གདེང་དང་བཅས་པ་འཆར་བ་དང་། བརྒྱུད་པ་བྱིན་རླབས་དང་ལྡན་པར་བརྟན་པར་གདམས་པས་རྒྱུ་མཚན་ངེས་པས་མཁས་གྲུབ་དམ་པ་བསྟན་པ་དང་དོན་བསྡུ་བའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་གཉིས་ཏེ། བསྒོམ་ཚུལ་དང་པོ་དང་། དེ་ལས་ཤར་བའི་རང་བཞིན་བསྟན་པའོ། །དེ་ལ་བཅུ་གཅིག་སྟེ། གཡོ་བྱེད་གཟུང་འཛིན་བྲལ་བའི་འོད་གསལ། གསལ་ལ་རྟོག་པ་མེད་པའི་ཏིང་ངེ་འཛིན་རེ་དོགས་སྙེམས་དང་བྲལ་བའི་གདེང་ཚད། གང་ཡང་ལམ་དུ་གྱུར་པའི་རང་བཞིན། མཉམ་རྗེས་རོ་གཅིག་འདྲེས་པའི་ཀློང་གྱུར། དགོངས་པ་བར་མཚམས་མེད་པའི་གནས་ལུགས། རྣམ་བཞི་འཁོར་ལོ་དག་པའི་དབང་བསྒྱུར། རླུང་སེམས་ལས་སུ་རུང་བའི་ཡོན་ཏན། གནས་སྐབས་རྟགས་ཚད་ངེས་པའི་ཁྱད་པར། ཉམས་རྟོགས་དྲོད་ཚད་ངེས་པའི་འབྲས་བུ། སྐལ་བཟང་སྣོད་ལྡན་རྣམས་ལ་གདམས་ཚུལ་བསྟན་པའོ། །

སྤྱི་དོན་གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གསུམ་སྟེ། རླབས་ཆེན་གཞན་དོན་དུ་བསྔོ་བ། དབེན་པར་རང་དོན་དུ་བསྔོ་བ། གནས་གཞན་དར་རྒྱས་སུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། དགེ་རྩ་བསྟན་བཅོས་ཀྱི་རང་བཞིན། སྐུ་གསུམ་བདེ་ཆེན་དུ་བསྔོ་བ། ཆོས་སྐུ་ཉག་གཅིག་ཏུ་བསྔོ་བའོ། །གཉིས་པ་ལ་བཞི་སྟེ། ཞི་བ་འཕགས་པའི་དགའ་ཚལ་དུ་བསྔོ་བ། ཟབ་མོའི་བདེན་མཐོང་ཡེ་ཤེས་སུ་བསྔོ་བ། དལ་འབྱོར་དོན་ཡོད་སྙིང་པོར་བསྔོ་བ། དོན་གཉིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །གསུམ་པ་ལ་བཞི་སྟེ། མདོ་བརྒྱུད་སྙིང་པོའི་ངེས་དོན་བསྟན་པ། གང་གིས་གང་དུ་བརྩམས་ཚུལ་བརྗོད་པ། ཕྱི་རབས་དད་ལྡན་གདུལ་བྱ་ལ་གདམས་པ། ཆོས་ཚུལ་ཟབ་མོ་དར་རྒྱས་སུ་བསྔོ་བའོ། །

རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་བསྡུས་དོན་མནྡཱ་ར་བའི་ཕྲེང་བ་ཞེས་བྱ་བ། ལུང་(༢༣)དང་། རིག་པ་དང་། མན་ངག་གི་གནས་ལ་སྣང་བ་ཐོབ་ཅིང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ལེགས་པར་སྦྱངས་པའི་བློ་གྲོས་རྒྱ་ཆེ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟངས་སུ་ཆོས་མཐོང་བའི་མིག་རྡུལ་མེད་ཅིང་དྲི་མ་མེད་པས་ལེགས་པར་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་ཐེག་པ་འདི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག། །།

རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ་ཞེས་བྱ་བ།

རྡོ་རྗེའི་གནས་དང་པོ། རྨི་ལམ་ལྟ་བུའི་ལེའུ།

༄༅། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། མཧཱ་སནྡྷི་མཱ་ཡཱ་བི་ཤྲཱནྟ་སྱ་བྲ྇ཏྟི་ར་ཐ་ཕ་ལ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གདོད་ནས་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུ་བཞེངས་པ། །འཇིག་རྟེན་གསུམ་མགོན་ཆོས་རྗེ་བླ་མ་དང་། །རྒྱལ་བ་སྲས་བཅས་གུས་པའི་གཙུག་གིས་མཆོད། །གདུལ་བྱའི་ཁམས་དང་འདུལ་བྱེད་དབྱེ་བ་ལས། །ཐེག་པའི་རྣམ་གྲངས་དཔག་ཏུ་མེད་ཀུན་གྱི། །སྙིང་པོར་(༢)གྱུར་པ་འོད་གསལ་སྒྱུ་མ་ཉིད། །ཤིང་རྟ་བཟང་པོའི་འགྲེལ་འདིས་རབ་གསལ་བྱ། །

གང་གི་ཚེ་ཐུགས་རྗེ་རྨད་དུ་བྱུང་བའི་འོད་ཟེར་གྱིས་མཐའ་ཡས་པའི་འཇིག་རྟེན་དུ་སྒྲོན་མ་རྣམ་པར་བཀོད་དེ། མ་རིག་པའི་མུན་པ་ཐམས་ཅད་བསལ་བ་ལས། ཞིང་འདིར་ཡང་ཕྱི་དང་ནང་གི་སྟོན་པ་བཅོམ་ལྡན་འདས་སྟོང་ལ་སོགས་པས་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གསུངས་པ་དག་གི་མཆོག་ནི། ཐེག་པ་ཆེན་པོ་བླ་ན་མེད་པའི་ཚུལ་རྒྱ་མཚོ་སྒྲོགས་པ་ལས། ཟབ་མོ་སྙིང་པོ་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པ་ལ་ཕྱོགས་ངེས་པར་སྦྱར་ན། སྒྱུ་མའི་ཚུལ་རྣམ་པ་གཉིས་དཔེ་བརྒྱད་ཀྱིས་གོ་རིམས་ངེས་པས་རྣལ་འབྱོར་དུ་གསུངས་ཏེ། དེའི་མན་ངག་གི་གནད་ངེས་པ་རྣམས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྒྱུ་མ་ངལ་གསོ་ཞེས་བྱ་བར་གཏན་ལ་ཕབ་པ་ལས། འདིར་ཡང་དེའི་རྣམ་པར་དབྱེ་བ་དོན་གྱིས་འགྲེལ་པའི་གནད་ངེས་པ་ལས། རེ་ཞིག་དང་པོ་ཕྱག་གིས་མཆོད་པར་བརྗོད་པ་ནི། ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མ་གཉིས་མེད་རོལ་པ་ཆེ། །སེམས་ཉིད་རྒྱལ་པོ་རང་བྱུང་གདོད་མ་ལ། །མ་སྐྱེས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་ཏེ། ཚིགས་སུ་བཅད་པ་འདི་ནི་བསྟན་བཅོས་འདིའི་རྡོ་རྗེའི་ལུས་རྣམ་པར་གཞག་པ་ཡིན་ཏེ། སོ་སོ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཁམས་བདེ་བར་(༣)གཤེགས་པའི་སྙིང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དབྱིངས་སམ་འབྱུང་གནས་དམ་པ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཅེས་གསུངས་སོ། །འདིའི་ངོ་བོ་ནི་རང་བཞིན་གྱི་སྐྱེ་བ་མེད་པ་དང་། མཉམ་པ་ཉིད་དང་། དངོས་པོ་མེད་པ་དང་། རྟག་ཆད་ལས་འདས་པའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་སོ་སོ་རང་གི་རིག་པ་དོན་དམ་པའི་བདེན་པ་སྟེ། སྒྲ་གཅན་འཛིན་གྱི་ཡུམ་ལ་བསྟོད་པ་ལས་ཀྱང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །འདི་ཉིད་གང་གི་ངོ་བོར་ཡང་མ་གྲུབ་ལ། འཁོར་འདས་ཀྱི་འཆར་གཞིར་གནས་ཏེ། དོ་ཧ་མཛོད་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་ཀྱང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་ཕྱག་གི་རྗེས་ལ་བསྟན་བཅོས་བརྩམ་པར་དམ་བཅའ་བ་ནི། རྒྱལ་བས་ཆོས་ཀུན་སྒྱུ་མའི་ཚུལ་གཉིས་སུ། །ཡང་དག་གསུང་དེ་རང་བཞིན་རྟོགས་བྱའི་ཕྱིར། །མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །ཅེས་པ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གསུངས་ཏེ། ཡུམ་བར་མ་ལས་རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པ་དང་། སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས་ཀྱང་། བཟང་པོ་ཆོས་རྣམས་ཐམས་ཅད་ཀུན། །སྒྱུ་མ་ལྟ་བུར་ཤེས་པར་བགྱི། །ཞེས་གསུངས་སོ། །དེ་ལ་འཁོར་བའི་ཆོས་ཐམས་ཅད་ནི་སེམས་ལ་སྣང་ཞིང་སེམས་ཀྱི་བག་ཆགས་མཐུ་བརྟས་པའི་ཕྱིར་ལོག་རྟོག་སྒྱུ་མ་ཞེས་བྱའོ། །མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་ལ་སྣང་ཞིང་རིག་པའི་རང་མདངས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་། ལྷུན་གྱིས་གྲུབ་ལ་དངོས་པོ་དང་མཚན་མའི་ཆོས་ལས་འདས་པའི་ཕྱིར་ཡང་དག་སྒྱུ་མ་ཞེས་བྱའོ། །ཇི་སྐད་དུའང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ལས། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་(༤)གཞན་མེད་དེ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཅེས་སོ། །དེ་དག་གིས་དང་པོ་བསྟན་བཅོས་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །

ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་ཉིད་བཤད་པ་ལ་རྡོ་རྗེའི་གནས་རྣམ་པ་བརྒྱད་ལས། དང་པོ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་སྣང་ལ་རངབཞིན་མེད་པས་གཏན་ལ་དབབ་པར་བྱ་བ་ལས། གཞི་སྣང་ལ་རང་བཞིན་མེད་པ་གཅིག་དང་དུ་མའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་དམ་པར་ལྟ་བས་ཐག་བཅད་པ་ནི། གཞི་དབྱིངས་མི་འགྱུར་སེམས་ཉིད་ནམ་མཁའ་ཆེ། །སྟོང་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས། །རྒྱལ་ཆོས་དྲི་མེད་ཉི་ཟླ་གཟའ་སྐར་བཞིན། །ལྷུན་གྲུབ་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །ངང་གིས་འོད་གསལ་ཡོན་ཏན་རྫོགས་པར་ལྡན། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཏེ། །གང་དག་གཞི་ཡི་སྒྱུ་མ་ལགས་པར་གསུང། །དེ་ལ་འཁོར་འདས་ཀྱི་སྒྱུ་མའི་འབྱུང་གཞི་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེའི་ངོ་བོ་སྟོང་པས་ནམ་མཁའ་ལྟ་བུ། རང་བཞིན་གསལ་བས་ཉི་ཟླ་ལྟ་བུ། ཐུགས་རྗེ་འཆར་གཞིར་གནས་པས་མེ་ལོང་དྭངས་པའི་ངོས་ལྟ་བུའོ། །དེ་ལྟ་བུའི་ངང་ནས་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ལྷུན་གྲུབ་ཡེ་ཤར་ཆེན་པོ་དབྱིངས་དེའི་ཡོན་ཏན་དུ་ཡེ་ནས་ཡོད་པ་ནི། ནམ་མཁའི་དབྱིངས་ན་ཉི་ཟླ་གཟའ་སྐར་ཡོད་པ་ལྟ་བུ་སྟེ། རིག་པ་རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། རང་བཞིན་ནི་ངང་གི་འོད་གསལ་བའོ། །ཐུགས་རྗེ་ནི་རིགས་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞི་གྱུར་པའོ་ཞེས་སོ། །འདི་ཉིད་འཁོར་འདས་གཉིས་ཀྱི་འཕྲོ་གཞི་ཐོག་མའི་འོད་གསལ་སྙིང་པོ་ཡང་དག་དབྱིངས་ཀྱི་སྒྱུ་མ་ཞེས་བྱའོ། །གཞི་དེ་ལྟ་བུ་ལ་སེམས་ཅན་དུ་འཁྲུལ་ཚུལ་ནི། དེ་ཉིད་ངང་ལས་གློ་བུར་འཁྲུལ་པའི་སྤྲིན། །རྨི་ལམ་བྱེད་པོ་གཉིད་ཀྱི་ངང་ཚུལ་ཅན། །ལྷན་ཅིག་སྐྱེས་པའི་མ་རིག་ཉིད་དང་ནི། །གཉིས་མེད་གཉིས་སུ་འཛིན་པས་བསླད་པའི་སེམས། །ཀུན་དུ་བཏགས་པའི་མ་རིག་ལས་བྱུང་བས། །འགྲོ་དྲུག་འཁྲུལ་སྣང་སྣ་ཚོགས་རྨི་ལམ་བཞིན། །དེ་ལ་སྐྱེས་བུ་གཉིད་དུ་སོང་སྟེ་བདེ་སྡུག་གི་རྨི་ལམ་འཆར་བ་ཡང་འཆར་གཞིའི་དབྱིངས་རིག་པ་ལ་རྐྱེན་གཉིད་དུ་སོང་བས་བྱས་དུས། བག་ཆགས་ཀྱི་རྨི་ལམ་དུ་འཁྲུལ་ནས་མེད་པ་གསལ་སྣང་གི་སྣང་བ་ལ་སོ་སོར་སྤྱོད་ཅིང་ཞེན་པ་ལྟར། ཐོག་མའི་དབྱིངས་འོད་གསལ་བའི་ངང་ལས། གཞི་སྣང་ཡུལ་དུ་ཤར་དུས། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་བསྒྲིབས་ཏེ། རང་སྣང་དུ་མ་ཤེས་པས། ཀུན་བཏགས་པའི་མ་རིག་པས་གཉིས་སུ་བཟུང་བའི་དབང་གིས་དཔྱོད་བྱེད་གཟུགས་(༥)འཛིན་དུ་མཆེད་པས་འགྲོ་དྲུག་སོ་སོའི་འཁྲུལ་སྣང་རྨི་ལམ་དང་འདྲ་བར་ཤར་ཏེ། སེམས་ཅན་ཐ་མ་ངན་སོང་གསུམ་དང་། འབྲིང་འདོད་པའི་ལྷ་མི་གཉིས་དང་། ཆེན་པོ་གཟུགས་དང་གཟུགས་མེད་པ་ལྟར་འཁོར་བ་ནི། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་སོ། །དེའང་གཞི་རིག་པ་ཉིད། གཉིད་དང་འདྲ་བའི་མ་རིག་པ་ཀུན་ཏུ་རྟོག་པ་དང་བཅས་པས་མྱོས་པའི་དབང་གིས། ད་ལྟ་འཁྲུལ་སྣང་ཁམས་གསུམ་གྱི་སྣང་བ་རྨི་ལམ་ལྟར་ཤར་ཏེ། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཅེས་སོ། །དེ་ལྟ་བུའི་སྣང་ཚུལ་ཇི་ལྟར་ཡིན་ཞེ་ན། མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་མྱོང་། །ཡུན་རིང་དུས་ནས་གོམས་པ་འདི་དག་ཀུན། །གནས་དང་ལུས་དང་ལོངས་སྤྱོད་ལ་སོགས་པ། །རང་སྣང་དགེ་སྡིག་ལས་གྱུར་བདེ་སྡུག་བསྔལ། །རྣམ་པ་སྣ་ཚོགས་རི་མོ་བྲིས་འདྲ་བ། །གཅིག་ཉིད་འཁྲུལ་ལས་མང་པོར་སྣང་གྱུར་ཏེ། །དུ་མར་གཟུང་ལས་འཁྲུལ་སྣང་རྒྱུན་མི་ཆད། །ཨེ་མ་སྲིད་པའི་རང་བཞིན་རྨི་ལམ་བཞིན། །འདི་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་ལ་བདེན་པར་ཞེན་པའི་བག་ཆགས་མཐུ་བརྟས་པས། འགྲོ་དྲུག་སོ་སོ་ལ་རང་རང་གི་གནས་དང་ལུས་དང་ལོངས་སྤྱོད་དང་བདེ་སྡུག་སྣ་ཚོགས་སུ་སྣང་བ་སྟེ། དེ་ཡང་སེམས་གཅིག་ཉིད་དགེ་སྡིག་གི་ལས་ཐ་དད་ཀྱི་བྱེད་པས་འཁྲུལ་སྣང་མང་པོར་སྣང་སྟེ། སྣང་བ་ལ་བདག་ཏུ་བཟུང་བས་འཁོར་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། རྨི་ལམ་ལྟ་བུའི་ལས་སྣ་ཚོགས་ཤེས་པས་རྨི་ལམ་ལྟར་གྱུར་པའི་སྣང་བ་ལས་གཞན་མེད་དེ། མཛངས་བླུན་ལས། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །དེ་བཞིན་ལས་ནི་རྨི་ལམ་བཞིན། །བྱེད་པོ་ཉེ་བར་ལེན་པ་རྣམས། །ཐམས་ཅད་རྨི་ལམ་འདྲ་བ་ཡིན། །ཅེས་སོ། །དེ་ལྟ་བུའི་འཁྲུལ་པའི་སྣང་བ་ལས་དོན་གཞན་པ་ཅུང་ཟད་ཀྱང་མེད་པར་བསྟན་པ་ནི། རངབྱུང་སེམས་ཉིད་གཅིག་གི་ངོ་བོ་ལ། །མ་རིག་གཉིད་ཀྱིས་འཁྲུལ་སྣང་གཟུང་འཛིན་བློ། །སྣ་ཚོགས་མང་ལྡན་རྨི་ལམ་སྣང་བ་འདི། །རང་སེམས་ཉིད་ལས་གཞན་དུ་ཅི་ཡང་མེད། །ལོག་རྟོག་སྒྱུ་མ་ཉིད་ཅེས་རྒྱལ་བས་གསུངས། །རིག་པ་གཟུང་འཛིན་གྱི་གཉིད་དུ་དར་ཅིག་ལོག་པ་ལས། འགྲོ་དྲུག་གི་རྨི་ལམ་ཤར་ཙམ་ལས་འཁོར་བའི་འཁྲུལ་སྣང་བའི་བདེན་པ་པའི་ཆོས་ཕྱི་ནང་གང་ནའང་གྲུབ་པ་རྡུལ་ཙམ་ཡང་མེད། ལང་ཀར་གཤེགས་པ་ལས། དོན་(༦)ཡོད་མ་ཡིན་སེམས་ཉིད་དེ། །བག་ཆགས་ཀྱིས་ནི་འཁྲུལ་པའི་སེམས། །དོན་དུ་རབ་ཏུ་སྣང་བ་འབྱུང། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཅེས་པ་དང་། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་སོ། །ཁ་ཅིག་ལུང་འདི་ལ་འཁྲུལ་ནས་སྣོད་བཅུད་ཐམས་ཅད་རང་གི་སེམས་སུ་འདོད་པ་ནི་ལུང་འདིའི་དོན་མ་ཡིན་ཏེ། འདིས་ནི་ཕྱི་རོལ་གྱི་སྣང་བ་རང་སེམས་ལ་སྣང་བ་ཙམ་ལས་དོན་གཞན་དུ་མ་གྲུབ་ཅེས་གསུངས་པ་དང་། ཁམས་གསུམ་པོ་ཡང་རང་སྣང་སོ་སོ་པའི་སྣང་བར་སེམས་སྣང་མཐུན་པ་ཙམ་ལས། དོན་གཞན་མ་གྲུབ་པར་བསྟན་ཏོ། །དགོས་པ་ནི་ཉན་ཐོས་པ་ཁ་ཅིག་ཕྱི་རོལ་བེམས་པོ་རང་མཚན་ལ་སོགས་པ་དོན་གཞན་བདེན་པར་འདོད་པ་བཀག་པ་ལ་དགོངས་པའོ། །གལ་ཏེ་ཐམས་ཅད་རང་སེམས་ཡིན་ན། གཅིག་འཁྲུལ་པས་ཀུན་འཁྲུལ་པ་དང་། གཅིག་གྲོལ་བས་ཀུན་གྲོལ་བ་དང་། འགྲོ་བ་རིལ་ཤེས་རྒྱུད་གཅིག་པ་དང་། སྐྱེས་པའམ་བུད་མེད་ལྟ་བུ་གཅིག་ལས་མི་སྲིད་པ་དང་། རང་སེམས་ཀྱིས་ཡུལ་རིག་ཅིང་འཇལ་བ་ལྟར་ཡུལ་གྱིས་སེམས་འཇལ་བར་ཐལ་བ་ལ་སོགས་པ་ཤིང་རྟ་ཆེན་པོར་བསྟན་པ་བཞིན་ནོ། །དེས་ན་འདིར་ནི་ཕྱི་རོལ་དཀར་དམར་དུ་སྣང་བ་ཐམས་ཅད་སེམས་ལ་སྣང་བ་ཙམ་ལས། སེམས་དང་སེམས་ལས་དོན་གཞན་བེམས་པོ་ལ་སོགས་པར་གྲུབ་པ་ཅི་ཡང་མེད་པས། མེད་བཞིན་སྣང་བའི་རྨི་ལམ་དང་འདྲ་བར་བསྟན་པ་ཡིན་ནོ། །མདོར་ན་སེམས་ཀྱི་འཁྲུལ་སྣང་ཐམས་ཅད་ལོག་རྟོག་སྒྱུ་མ་ཞེས་བྱ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། སྣ་ཚོགས་རང་སེམས་སྣང་བ་ཀུན། །ལོག་རྟོག་སྒྱུ་མ་ཉིད་ཅེས་བརྗོད། །ཅེས་གསུངས་སོ། །

དེ་ལྟར་འཁྲུལ་པར་སྣང་དུས་ཉིད་ནས་རང་བཞིན་མེད་པའི་དཔེ་ཉེ་བར་དགོད་པ་ནི། ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལ། །སྣང་བ་སྣ་ཚོགས་སྣང་ཡང་འཁྲུལ་པར་གཅིག །དེ་བཞིན་མ་རིག་གཉིད་མྱོས་ལས་བྱུང་བའི། །འགྲོ་དྲུག་སེམས་འཁྲུལ་པ་ལ་སྣང་བ་འདི། །དབེན་པ་མེད་ཅེས་དེ་རིང་རྟོགས་པར་བྱ། །འགའ་ཞིག་དྷ་དུ་ར་ཟོས་པའི་སྣང་བ་ནི་འཇིག་རྟེན་པས་ཀྱང་བདེན་མེད་དུ་བྱེད་པ་ལྟར་འཁོར་བའི་འཁྲུལ་སྣང་འདི་ཡང་མ་རིག་པའི་གཉིད་ལ་བྱུང་བ་ཙམ་ལས། བདེན་པ་མེད་པ་ལ་སྣང་བར་མ་འགགས་པ་ཙམ་མོ་ཞེས་མཁས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། གང་ཚེ་སྣ་ཚོགས་ཆོས་རྣམས་ཀུན། །རང་བཞིན་གྱིས་ནི་མ་སྐྱེས་(༧)པ། །རྨི་ལམ་བཞིན་དུ་དངོས་མེད་དེ། །དངོས་པོ་རྣམས་དང་བྲལ་བ་ཡིན། །ཅེས་སོ། །དེ་ལྟར་རྨི་ལམ་དང་འདྲ་བའི་ཆོས་རྣམས་དང་པོའི་གཞི་ལ་ནམ་མཁའ་ལྟ་བུར་ལ་བཟླ་བ་ནི། འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་རྟོག་ལས་བྱུང་བས། །བདེན་མེད་རྫུན་མེད་གཉིས་མེད་བློ་འདས་ཞེས། །ངེས་པར་རང་རིག་རང་བྱུང་ཞེས་བྱ་སྟེ། །ཡིན་མིན་ཡོད་མིན་མཐའ་གྲོལ་ཀློང་ཡངས་སུ། །རྒྱལ་བའི་དགོངས་པ་མཁའ་ལྟར་ཤེས་པར་བྱ། །འདི་ལྟར་འཁོར་བའི་འཁྲུལ་སྣང་ཐམས་ཅད་འཁྲུལ་འཛིན་གྱི་བག་ཆགས་བརྟས་པ་ལས་བྱུང་ལ། དེ་ཡང་འཁྲུལ་རྟོག་སྐད་ཅིག་མའི་རྒྱུན་འགྲེལ་པ་ལས་བྱུང་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་སྣང་བའི་རྩ་བ་ལས་དང་ཉོན་མོངས་པའི་རང་བཞིན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སེམས་ནི། སེམས་ཉིད་ནམ་མཁའ་ལྟ་བུ་ལ་ཐུག་པའི་གང་དུའང་མ་གྲུབ་པའི་ཕྱིར། ཐོག་མའི་གཞི་ལ་བྱིན་པ་ནི། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་ནམ་མཁའ་ལ་རབ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུངཔོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཅེས་སོ། །དེ་ལྟར་སྣང་ལ་རང་བཞིན་མེད་པའི་འཁོར་བ་ཡེ་ནས་དག་མཉམ་ནམ་མཁའ་ལྟ་བུར་བསྟན་པ་ནི། ཆོས་ཀུན་རང་བཞིན་རྨི་ལམ་ལྟ་བུ་སྟེ། །སྣང་དུས་ཉིད་ནས་ངོ་བོ་འགའ་མེད་ལ། །རྣམ་པ་མ་དོར་སྣང་བ་མ་འགགས་ཤིང་། །རེ་ཞིག་རྫུན་ལ་རྣམ་ཀུན་སྟོང་པའི་གཟུགས། །ཤིན་ཏུ་དཔྱད་ན་བདེན་མིན་རྫུན་པ་མིན། །ཡོད་མིན་མེད་མིན་རང་བཞིན་མཐའ་ལས་འདས། །མཁའ་མཉམ་བརྗོད་འདས་བསམ་ཡུལ་རྣམས་དང་བྲལ། །རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། །སྣང་སྲིད་ཀྱི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་ཀུན་རྫོབ་སྣང་ཙམ་དུ་མེད་པ་གསལ་སྣང་གི་སྟོང་གཟུགས་ཙམ་མོ། །དེ་ཡང་དོན་དམ་པར་བདེན་རྫུན་དང་ཡོད་མེད་ལས་འདས་པའི་རང་བཞིན་ནམ་མཁའ་ལྟ་བུའོ། །དེ་ཉིད་མ་རིག་པས་སེམས་ཅན་ཐམས་ཅད་ཀུན་སྣང་མེད་པ་གསལ་སྣང་ལ་བདེན་པར་ཞེན་ནས་འཁྲུལ་སྣང་ལ་སྤྱོད་ཀྱང་། སྤྱོད་པའི་དུས་ནས་ཆོས་ཉིད་ལ་གཡོས་པ་ཅུང་ཟད་མེད་པས། བདེ་བར་གཤེགས་པའི་དགོངས་པ་ཆོས་སྐུ་ནམ་མཁའ་ལྟ་བུའི་རང་བཞིན་ལས་རོལ་པ་སྣ་ཚོགས་སུ་ཤར་བ་ཞེས་བྱ་སྟེ། དཀོན་མཆོག་ཏ་ལ་ལའི་མདོ་ལས། ཆོས་རྣམས་ཐམས་(༨)ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ལྟ་བ་རྣམ་སྦྱོང་དེ་ཡིས་ཤེས་པར་འགྱུར། །ཅེས་པ་དང་། ཀུན་བྱེད་ལས། འདི་ལྟར་སྣང་སྲིད་སྣོད་བཅུད་ཆོས་རྣམས་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱིས་དོན་དུ་རིག །ཅེས་གསུངས་སོ། །རྨི་ལམ་ཡུལ་མེད་ཀྱི་རང་བཞིན་གཞི་ངོ་བོ་ཉིད་ཀྱི་དག་པའི་ལྟ་བར་གཏན་ལ་ཕབ་ཟིན་ཏོ། །

ད་ནི་སྣང་ལ་རང་བཞིན་མེད་པའི་ལམ་རྨི་ལམ་ལྟ་བུ་ནི། དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་དང་འདྲ་ལྟ་བས་ཐག་བཅད་ནས། །སྒོམ་པས་ཉམས་སུ་བླང་ཕྱིར་བསྟན་པ་ནི། །བདེ་བའི་གདན་ལ་སྐྱིལ་ཀྲུང་རབ་བཅས་ནས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ། །ཆོས་ཀུན་མཉམ་རྫོགས་སྟོང་པའི་ངང་ཉིད་ལས། །སྣང་བའི་སྒྱུ་མ་རབ་ཏུ་བསྒོམ་པར་བྱ། །ཆོས་ཐམས་ཅད་རྨི་ལམ་ལྟར་ངོ་བོ་ཉིད་མེད་པར་རྟོགས་ནས། དེའི་དོན་ལ་མཉམ་པར་གཞག་པའི་ཕྱིར། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་དུ་འདུག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་པ་དང་། གནས་སྐབས་སུ་སྣང་བ་དང་། སྣང་དུས་ནས་བདེན་པ་མེད་པར་མཉམ་པ་སྟེ། ཐུན་མོང་དུ་བདེན་པ་གཉིས་དང་། ཐུན་མོང་མ་ཡིན་པ་རྟེན་སྣོད་དུ་སྣང་བ་གཞལ་ཡས་ཁང་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་ལྷར་མཉམ་པ་སྟེ། མཉམ་པ་ཉིད་བཞིས་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་རྨི་ལམ་དང་འདྲ་བར་བསྒོམ་པ་ནི། གསང་སྙིང་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པའི་དོན་ཏོ། །དེ་ནས་ལམ་ཟབ་བླ་མའི་རྣལ་འབྱོར་ནི། སྤྱི་བོར་པད་ཟླ་ཉི་མའི་དབུས་ཉིད་དུ། །རྩ་བའི་བླ་མ་ཡི་དམ་མཁའ་འགྲོར་བཅས། །བརྒྱུད་པའི་བླ་མ་དབྱེར་མེད་གསལ་བཏབ་ལ། །མཆོད་བསྟོད་རྨི་ལམ་འབྱོང་བར་གསོལ་བ་གདབ། །བདག་དང་སྣང་སྲིད་འོད་ཞུ་བླ་མར་ཐིམ། །མཁའ་མཉམ་ངང་དེར་དར་ཅིག་གློད་ལ་བསྒོམ། །དེ་ཡིས་བྱིན་རློབས་རྟོགས་པ་ཤུགས་ལས་འཆར། །རངཉིད་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་མུ་ཏིག་གི་ཕྲེང་བ་དང་། གཡོན་པདྨ་དཀར་པོ་བསྣམས་པ། ཞལ་འཛུམ་པ། རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟའ་ཅན། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་དབུས་སུ་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བར་བསམས་ལ། སྣོད་བཅུད་ཐམས་ཅད་ཐུགས་རྗེ་ཆེན་(༩)པོའི་སྐུ་དང་གསུང་དབྱངས་སུ་གྲགས་པས། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ཞེས་བརྒྱ་རྩ་བརྗོད་ནས། སྤྱི་བོར་པདྨ་ཉི་ཟླའི་དབུས་སུ་རང་གི་རྩ་བའི་བླ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཐིམ་ཞིང་མཁའ་འགྲོ་དཔག་ཏུ་མེད་པའི་འཁོར་སྤྲིན་ཕུང་འཐིབས་པ་ཙམ་འཕྲོ་ཞིང་འདུ་བར་བསམས་ལ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བས་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་པ་ལན་གསུམ་དང་། བླ་མ་དང་དཀོན་མཆོག་གསུམ་ལ་འཛབ་དབྱངས་དང་བཅས་པས་སྐྱབས་འགྲོ་ཅི་འགྲུབ་བྱས་ནས། རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། །སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་སྣང་སྟོངས་པར་བྱིན་གྱིས་རློབས། །བདག་འཛིན་ཞིག་པར་བྱིན་གྱིས་རློབས། །ཞེས་པ་ལ་སོགས་པའི་གསོལ་བ་བཏབ་ནས། སྣང་སྲིད་ཐམས་ཅད་བདག་ལ་འདུས། བདག་ཉིད་འོད་དུ་ཡལ་ཏེ་བླ་མའི་ཐུགས་ཀར་ཐིམ། བླ་མ་ཡང་འོད་དུ་ཡལ་ཏེ་ནམ་མཁའ་དང་འདྲེས་པས། ནམ་མཁས་གར་ཁྱབ་སྟོང་གསལ་ཆོས་སྐུའི་བླ་མར་ངོས་བཟུང་ལ་ཉམས་ནམ་མཁའ་ལྟ་བུའི་ངང་དེར་གློད་ནས་ཇི་ཙམ་གནས་ཀྱི་བར་དུ་བསྒོམ་པར་བྱའོ། །འདི་ནི་བསོད་ནམས་མཆོག་ཏུ་འཕགས་ཏེ། ཡིད་བཞིན་བདེ་བ་མཆོག་གི་རྒྱུད་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །གང་གིས་སྐད་ཅིག་ཡུད་ཙམ་ཞིག །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །བླ་མ་དྲན་པ་ཁྱད་པར་འཕགས། །ཞེས་སོ། །དེ་ལྟར་སྔོན་འགྲོ་རྫོགས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ཏིང་ངེ་འཛིན་དངོས་ལ་མཉམ་པར་གཞག་པ་ནི། དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །ཕྱི་རོལ་རི་དང་ལུང་པ་ཡུལ་གྲུ་དང་། །ས་ཆུ་མེ་རླུང་ནམ་མཁའ་སེམས་ཅན་སོགས། །གཟུགས་སྒྲ་དྲི་རོ་རེག་སྟེ་ཡུལ་ལྔ་དང་། །ནང་གི་ལུས་དང་དབང་ཤེས་ཆོས་རྣམས་ཀུན་། །རྨི་ལམ་ཉིད་ཅེས་ཡང་དང་ཡང་སྒོམས་ཤིག །བདེན་མེད་ཀྱི་སྣང་བ་རང་ཤར་དུ་རྩལ་སྦྱོང་བ་ནི། ཕྱོགས་མཐོ་ས་སྣང་བ་ཡངས་སར་འདུག་སྟེ། འདི་ལྟར་ཕྱི་རོལ་ཡུལ་ལྔས་བསྡུས་པའི་རི་དང་ལུང་པ་དང་གྲོང་ཡུལ་དང་། སེམས་ཅན་དང་། ནང་གི་ལུས་དང་། དབང་པོ་དང་། དབང་ཤེས་དང་། དྲན་རིག་གི་ཀུན་ཏུ་རྟོག་པ་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་སྟེ། དེ་བཞིན་དུ་སྣང་བ་ཙམ་ལས་གང་དུའང་མ་གྲུབ་པར་འདུག །བདེན་མེད་དུ་འདུག་སྙམ་དུ་སྙིང་ཐག་པ་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམ་པར་(༡༠)བྱའོ། །དེ་བཞིན་དུ། ཁ་རྩང་ཕན་ཆད་འདས་པའི་ཆོས་རྣམས་ཀུན། །མདང་སུམ་རྨི་ལམ་དང་འདྲ་ཡིད་ཀྱི་ཡུལ། །དེ་རིང་སྣང་བའང་མེད་བཞིན་སྣང་བའི་བློ། །མདང་དང་དོ་ནུབ་རྨི་ལམ་དང་འདྲ་ཞིང་། །སང་དང་སང་ནུབ་མ་འོངས་རྨི་ལམ་སྟེ། །དགག་སྒྲུབ་བདེ་སྡུག་ཅི་སྣང་ཐམས་ཅད་ལ། །རྨི་ལམ་ཡིན་པའི་འདུ་ཤེས་ཉེར་བཞག་ནས། །བདེན་པའི་བློ་ནི་སྐད་ཅིག་བསྒོམ་མི་བྱ། །འདས་པའི་ཆོས་ཐམས་ཅད་ཁ་རྩང་གི་སྣང་བ་དང་མདང་གི་རྨི་ལམ་ལྟ་བུ། ད་ལྟར་གྱི་ཆོས་ཐམས་ཅད་དེ་རིང་གི་སྣང་བ་དང་དོ་ནུབ་ཀྱི་རྨི་ལམ་ལྟ་བུ། མ་འོངས་པའི་ཆོས་ཐམས་ཅད་སང་གི་སྣང་བ་དང་སང་ནུབ་ཀྱི་རྨི་ལམ་ལྟ་བུ། ངོ་བོ་མེད་པ་སྣང་བ་མ་འགགས་པ། མེད་བཞིན་སྣང་བ། སྣང་དུས་ཉིད་ནས་མ་གྲུབ་པ་སྟེ། དགག་སྒྲུབ་དང་བདེ་སྡུག་ཐམས་ཅད་རྨི་ལམ་ཉིད་ལས་གཞན་མ་ཡིན་ནོ་སྙམ་ནས་བདེན་མེད་དུ་ཤེས་པར་བྱའོ། །དེ་བཞིན་དུ། འགྲོ་འདུག་ཟ་འཆག་གཏམ་སྨྲར་གྱུར་པ་ནའང་། རྨི་ལམ་ནང་ཞེས་མ་ཡེངས་དྲན་པས་གཟུང་། །ཅི་སྣང་ཅི་བྱེད་ཅི་བསམ་ཐམས་ཅད་ཀུན། །རྨི་ལམ་ཡིན་པའི་འདུ་ཤེས་མ་བྲལ་བས། །བདེན་མེད་འལ་འོལ་བན་བུན་ཕྱེད་ཕྱོད་དང་། །སང་སིང་ཁྲལ་ཁྲོལ་འཛིན་མེད་ཆེན་པོར་སྦྱོང་། །ཡུལ་གང་དུ་འགྲོ་ཡང་། གནས་གང་དུ་འདུག་ཀྱང་། གྲོགས་སུ་དང་འགྲོགས་ཀྱང་། ཟས་ཅི་ལྟ་བུ་ཟ་ཡང་། གཏམ་ཇི་ལྟར་སྨྲ་ཡང་། རྣམ་རྟོག་ཇི་ལྟ་བུ་འཕྲོ་ཡང་། སྤྱོད་ལམ་ཇི་ལྟ་བུ་བྱེད་ཀྱང། སྣང་བ་ཇི་ལྟ་བུ་ཤར་ཀྱང་། སྐད་ཅིག་དེ་ཉིད་དུ་རྨི་ལམ་དངོས་ཡིན། རྨི་ལམ་གྱི་ངོ་བོ་བདེན་མེད་ཡིན་། བདེན་མེད་ཀྱི་ངོ་བོ་འཛིན་མེད་ཡིན། འཛིན་མེད་ཀྱི་ངོ་བོ་འལ་འོལ་ཡིན། འལ་འོལ་གྱི་ངོ་བོ་བན་བུན་ཡིན། བན་བོན་གྱི་ངོ་བོ་ཕྱད་ཕྱོད་ཡིན། ཕྱད་ཕྱོད་ཀྱི་ངོ་བོ་སང་སེང་ཡིན། སང་སེང་གྱི་ངོ་བོ་ཁྲལ་ཁྲོལ་ཡིན། ཐམས་ཅད་མེད་པ་གསལ་སྣང་ཡིན་སྙམ་དུ་མ་ཡེངས་པར་འདུན་པ་རྩེ་གཅིག་གིས་སྦྱང་བར་བྱའོ། །དེ་ལྟར་ཡུལ་སྣང་རྨི་ལམ་དུ་རྟོགས་པས་གཟུང་བ་རང་བཞིན་མེད་པར་ངང་གིས་རྟོགས་པ་འདི་ལྟར། གཟུང་ཡུལ་འཁྲུལ་སྣང་རྨི་ལམ་ཉིད་བརྟགས་པས། །གཟུང་བའི་བློ་བྲལ་འཛིན་པ་ཤུགས་ལ་བྲལ། །ཡུལ་བཀག་པས་ནི་ཡུལ་ཅན་འགོག་པ་ཡིན། །དེ་ལ་གཟུང་ཡུལ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་རྨི་ལམ་དུ་ཤེས་པ་ནི། དེ་ལ་དང་པོར་རྟོགས་པའི་བློ་གཟུང་བར་སྐྱེས་པ་ཡང་རྨི་ལམ་དུ་ཤེས་ཏེ། དེའི་རྗེས་ལ་སྤྱོད་པའི་བློ་འཛིན་པའི་རྣམ་པར་བྱུང་བ་དེ་ཡང་རྨི་ལམ་དུ་འཆར་བས། གཟུང་ཡུལ་བདེན་མེད་དུ་ཤེས་དུས་དེ་ལ་འཇལ་བྱེད་ཀྱི་གཟུང་འཛིན་བདེན་མེད་དུ་འཆར་བ་ནི། ཡུལ་བཀག་སྟོབས་ཀྱིས་ཡུལ་ཅན་ཤུགས་ལ་ཁེགས་པ་ཡིན་ནོ། །དེ་ནས་འཛིན་པ་ལོག་པས་ཀྱང་གཟུང་བ་ལོག་པའི་ཚུལ་བཤད་པ་ནི། རེས་འགའ་སྣང་བ་རྨི་ལམ་ཉིད་འཇལ་བའི། །སེམས་དེ་ཕྱི་ནང་བར་གསུམ་རབ་བཙལ་བས། །ངོ་བོ་ངོས་གཟུང་གཟའ་གཏད་མེད་(༡༡)པའི་བློ། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་ངང་ཉིད་དོ། །དྲན་བསམ་ཚོལ་ཁྲོ་བྲལ་བའི་རིག་པ་དེ། །སྟོང་གསལ་སྤྲོས་དང་བྲལ་བ་ངང་གིས་འཆར། འཛིན་པ་འགགས་པས་གཟུང་བ་རང་འགགས་པ། །ཡུལ་ཅན་ལོག་པས་ཡུལ་འཛིན་གྲོལ་བའི་ཚེ། །སྣང་ཡུལ་འབྲེལ་མེད་དཔྱད་ར་ཞིག་པར་སྣང་། །དེ་ཚེ་གཉིས་མེད་རང་བྱུང་ཡེ་ཤེས་ཡིན། །གཟུང་ཡུལ་རྨི་ལམ་དུ་འཇལ་བྱེད་ཀྱི་སེམས་ལ་བྱུང་གནས་འགྲོ་གསུམ་དང་ངོ་བོ་ངོས་གཟུང་བརྟགས་པས། གང་དུའང་མ་གྲུབ་པའི་ཤེས་པ་གཏད་ཡལ་སྟོང་པར་ཤར་དུས། ནང་གི་འཛིན་པ་རང་གྲོལ་བས། ཕྱིའི་སྣང་ཡུལ་སྣང་ལ་འཛིན་མེད་སྟོང་པའི་རང་སྣང་ལྟར་ཤར་བ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། གསང་སྙིང་ལས། སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །ཞེས་པའི་དོན་ཏོ། །དེ་ལྟར་ཤར་དུས་ན་དགོངས་པ་བློ་འདས་གཟུང་འཛིན་དང་བྲལ་ཏེ། དེ་ལྟར་རྟོགས་ཤིང་གོམས་པའི་རང་དུས་ན། །གཟུང་འཛིན་ལོག་པས་ཡུལ་སེམས་ཞེན་པ་གྲོལ། །སྣང་ལ་དེར་འཛིན་མེད་པའི་ཉམས་ཤར་ནས། །གང་སྣང་ཡེ་སྟོང་རྩ་བ་བྲལ་བར་འཆར། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཡིན། །དེ་ལ་གཟུང་འཛིན་གཟུང་ཡུལ་ལ་འཛིན་པའི་རྟོག་དཔྱོད་ཡིན་པས། དེ་གཉིས་དང་བྲལ་བ་ནི་གཟུང་ཡུལ་གྱི་ཞེན་པ་གྲོལ་བ་ཞེས་བྱའོ། །དེའི་ཚེ་ཡུལ་སྣང་དེར་འཛིན་མེད་པའི་ཉམས་ཤར་དུས་ཤར་བའི་རིག་པ་ལ་བལྟས་པས་ཡེ་སྟོང་རྩ་བྲལ་ཟང་ཀར་ཤར་བ་ནི་རང་བཞིན་གདོད་མའི་གནས་ལུགས་ཆོས་ཉིད་ཟད་པས་སྣང་བ་ཞེས་བྱ་སྟེ། པདྨ་ཅོད་པཎ་ལས། ཟད་པའི་སྣང་བ་ཡུལ་རྣམས་དང་། །འཛིན་པའི་རྟོག་པ་ཀུན་ལས་གྲོལ། །རང་གསལ་དག་པའི་ནམ་མཁའ་བཞིན། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །དེ་ལྟར་གོམས་པ་ཇི་ཞིག་ན། སྣང་ཡུལ་འཁྲུལ་པ་དང་། དེ་ལ་གཟུང་འཛིན་དུ་རྟོག་པ་མ་དག་པ་གཞན་དབང་ནུབ་ནས་དག་པ་གཞན་དབང་ལས་གདོད་མའི་དབྱིངས་སུ་རྣམ་པར་གྲོལ་བ་ཡང་འདི་ལྟར། རིམ་གྱིས་སྣང་ཡུལ་མ་དག་གཞན་དབང་ཡང་། །དེར་འཛིན་ལོག་པས་དག་པ་གཞན་དབང་དུ། །ཇི་ཞིག་ཚེ་ན་མངོན་དུ་འགྱུར་བ་ནི། །རྨི་ལམ་འཁྲུལ་སྣང་གཉིད་སད་མེད་པ་བཞིན། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །སྣང་བའི་ཡུལ་ལ་དེར་འཛིན་ལོག་པ་ན། བད་ཀན་ཅན་གྱི་མིག་སེར་ལོག་པས། དུང་སེར་འཛིན་གྱི་སྣང་བ་རང་ལོག་པ་ལྟར། འཁྲུལ་སྣང་ཆ་དང་བཅས་པ་ལོག་པ་སྟེ། མ་དག་པ་གཞན་དབང་རྨི་ལམ་དང་གཟུང་འཛིན་ཞེན་པའི་གཉིད་སད་སྟོབས་ཀྱིས་གྲོལ་དུས། སྣང་བ་ཐམས་ཅད་ཞིང་ཁམས་དག་པར་སྣང་ཡང་རང་སྣང་དག་པ་དུང་དཀར་འཛིན་ལྟ་བུ་སྟེ། གཞན་སྣང་ཕྱམ་ཆད་པ་མེད་ཀྱང་ཕྱི་རོལ་གྱི་སྣང་བ་ལ་གཞན་ཞེས་(༡༢)བརྗོད་པ་དང་རྗེས་སུ་མཐུན་པར་དག་པ་གཞན་དབང་མངོན་དུ་གྱུར་པ་ཞེས་བྱའོ། །དེའང་དག་པ་ས་གསུམ་དུ་དབང་བཞི་འབྱུང་བ་ལྟ་བུ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིས་གནས། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་བཞིན། །ཅེས་པ་ལྟ་བུའོ། །དེ་ནས་མངོན་པར་བྱང་ཆུབ་པའི་ཚེ་ཆོས་ཀྱི་སྐུར་རོ་གཅིག་པས། སྣང་མི་སྣང་ཐམས་ཅད་ལས་འདས་པའི་དབྱིངས་ལས་གཟུགས་སྐུ་གཉིས་ཀྱི་སྣང་བ་ལྷུན་གྲུབ་ཏུ་ཤར་ནས་དོན་མཛད་དོ། །དེ་ལ་འཁྲུལ་པར་སྣང་དུས་ཉིད་ནས་ཡོད་མ་མྱོང་བར་བསྟན་པ་ནི། འཁྲུལ་པའང་སྔོན་མེད་ཕྱིས་མེད་པར་འདིར་སྣང་། །སྣང་ཡང་སྣང་བའི་དུས་ནས་ཡོད་མ་མྱོང་། །མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་བློ། །རང་བཞིན་གདོད་ནས་དག་པས་རྨི་ལམ་འདྲ། །འདི་ལྟར་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཐོག་མའི་དབྱིངས་ནའང་མེད། ཐ་མ་རྣམ་པར་གྲོལ་བ་ནའང་མེད། ད་ལྟ་དབྱིངས་ནས་རང་སྣང་འཁྲུལ་པའི་དུས་ཀྱི་ངོ་ཁ་ལ་ཡོད་ཡོད་ལྟར་སྣང་ཡང་། སྣང་དུས་ཉིད་ནས་གཅིག་དང་དུ་མའི་དངོས་པོ་མེད་པས། མེད་པ་གསལ་སྣང་ཙམ་སྟེ། དོན་ལ་མེད་པ་སེམས་ལ་ཡོད་པ་ལྟར་སྣང་བའི་ཕྱིར་འཁྲུལ་སྣང་ཞེས་བྱ་སྟེ་རྨི་ལམ་བཞིན་ནོ། །ཇི་ལྟར་རྨི་ལམ་དང་མཚུངས་ཤེ་ན་སྨྲས་པ། ཇི་ལྟར་རྨི་ལམ་ནང་གི་སྣང་བ་དེ། །གཉིད་མ་སོང་དང་སད་དུས་མེད་ན་ཡང་། །གཉིད་དུས་སྣང་ལ་སྣང་དུས་རང་བཞིན་མེད། །མེད་སྣང་གཞི་རྩ་བྲལ་བར་ཤེས་པར་བྱ། །དཔེར་ན་རྨི་ལམ་དུ་འདོད་པའི་ཡུལ་དང་འཕྲད་པའི་སྣང་བ་དེ་གཉིད་དུ་འགྲོ་ཁ་དང་སད་དུས་གཉིས་ན་མེད་ཀྱང་། སོང་དུས་སྣང་བ་ལྟར། གཞི་དང་འབྲས་བུའི་དུས་གཉིས་ན་མེད་ཀྱང་། ད་ལྟ་ལམ་དུས་ན་སྣང་སྟེ། སྣང་བའི་དུས་ཉིད་ནས་འཁྲུལ་སྣང་གཞི་རྩ་དངོས་མེད་དེ་སྟོང་པའི་གཟུགས་བརྙན་ཙམ་དུ་ཤེས་པར་བྱའོ། །ཇི་སྐད་དུ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེས་བུ་འདོད་ལ་ཆགས་པ་དག །རྨི་ལམ་ན་ཡང་དེ་ཡི་ཡུལ་མཐོང་སྟེ། །ཉེ་བར་བརྟན་བྱས་སད་དུས་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རྨི་ལམ་གྱི་ངོ་བོ་ཉིད་རབ་ཏུ་གོམས་པར་བྱེད་པ་དག་གི་མཚན་མོའི་རྣལ་འབྱོར་བཤད་པ། དེ་ལྟར་ཉིན་མོར་རབ་ཏུ་གོམས་བྱ་ཞིང་། །མཚན་མོ་གཉིད་ཀྱིས་རབ་ཏུ་སྙོམས་པའི་ཚེ། །བདེ་བའི་མལ་དུ་གཡས་ཕབ་ཉལ་བ་ནི། །མགོན་པོ་མྱ་ངན་འདས་གཟིམས་ལྟ་བུ་ལ། །རླུང་རྒྱུ་རབ་ཏུ་དལ་དང་མིག་མི་འགུལ། །སྙིང་ནང་ཨ་དཀར་ཤེལ་གོང་འོད་འབར་བ། །ཚོན་གང་ཆེས་ཕྲའི་ངང་ལ་སེམས་བཟུང་ལ། །རྨི་(༡༣)ལམ་ལྟ་བུའི་དྲན་པ་མ་ཡེངས་བྱ། །དེ་ཡིས་རྨི་ལམ་ལྟ་བུའི་འོད་གསལ་འཆར། །རྨི་ལམ་ནི་ཉིན་དུས་འདུན་པའི་གནད་ལས་འབྱོངས་པས། སེང་གེའི་ཉལ་ལུགས་ཀྱིས་ལྷོད་ཆགས་པར་ཉལ་བའི་ཚེ། རླུང་གནད་རབ་ཏུ་དལ་བས་རྒྱུ་བ་མི་ཚོར་བ་ཙམ་ལས་མིག་ཧར་པོར་མི་འགུལ་ཞིང་། སྙིང་གི་ནང་དུ་ཨ་དཀར་པོའི་འོད་འབར་བའི་འཕྲོ་འདུ་ལས་ཚོན་གང་ནས་མཐར་ཤིན་ཏུ་ཕྲ་བ་རྟ་རྔའི་ཉག་ཙམ་ལ་སེམས་བཟུང་སྟེ། རྨི་ལམ་ཡིན་སྙམ་པའི་ངང་ལ་ཉལ་བས། ཏིང་ངེ་འཛིན་བརྟན་པ་རྣམས་ལ་དྭངས་གསལ་མཐའ་དབུས་མེད་པའི་འོད་གསལ་དུ་འཆར་མི་བརྟན་ཡང་རྨི་ལམ་སྔོན་བས་དྭངས་ཏེ་ཟིན་པར་སླའོ། །དེ་ལྟར་ཉམས་སུ་བླངས་པ་ལས། ཐོག་མར་རྨི་ལམ་འཇིགས་སྔངས་རྨིས་པ་ན། །རྨི་ལམ་དྲན་པས་འཇིགས་སྣང་རང་སར་གྲོལ། །རྨི་ལམ་ངང་དེར་ཏིང་འཛིན་གྲུབ་པ་ནི། །རྨི་ལམ་ཟིན་ཞེས་རྣལ་འབྱོར་པས་ཤེས་བྱ། །རྨི་ལམ་དུ་གཡང་དང་རྦབ་དང་ཁྱི་དང་དགྲ་ལ་སོགས་པའི་རྐྱེན་དྲག་པོ་རྨིས་པ་དེ་རྨི་ལམ་དུ་ཤེས་པ་ལ་དང་པོ་རྨི་ལམ་ཟིན་པ་འདུན་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། འཇིགས་དངངས་སྐྲག་པའི་སྒྲིབ་པ་ལས་མཆོག་གི་རྒྱལ་བའི་གཉེན་པོ་ཐོབ་བོ། །རྨི་ལམ་ཟིན་པའི་རྗེས། དེ་ནས་རྨི་ལམ་བདེན་མེད་གཅིག་ཏུ་སྦྱོང་། །དེ་ཡང་མེད་བཞིན་སྣང་བའི་འཁྲུལ་པའི་བློ། །རྨི་ལམ་དང་འདྲ་ངོ་བོ་ངོས་གཟུང་མེད། །བདེན་རྫུན་བློ་ལས་འདུས་པ་ཤེས་པར་བྱ། །རྨི་ལམ་ཟིན་ནས་སྐྲག་དངངས་གྲོལ་བ་ཙམ་གྱིས་མི་ཆོག །ཐམས་ཅད་བདེན་མེད་དུ་ཤེས་དགོས། དེའང་རྨི་ལམ་འདི་མི་བདེན་པ་ལྟར་ཆོས་ཐམས་ཅད་མེད་བཞིན་སྣང་བ་རྨི་ལམ་ལྟ་བུ་ཡིན་ངེས་སྙམ་དུ་བསམ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བདེན་མེད་དུ་ཤེས་པ་གལ་ཆེ་བས། སྦྱང་བ་ནི། དེ་ནས་སྤྲུལ་ཞིང་བསྒྱུར་བའི་རིམ་པ་ཡང་། །རྨི་ལམ་དུས་དེར་རང་ལུས་ཚངས་པ་ལྷ། །བདེ་གཤེགས་བྱང་ཆུབ་སེམས་སོགས་གང་འདོད་དུ། །སྤྲུལ་ཞིང་བསྒོམས་ལ་བདེན་མེད་ངང་དུ་གཞག །རང་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་རང་དང་། འཇིག་རྟེན་སྐྱོང་བ་དང་། ཞི་ཁྲོ་ལ་སོགས་པར་སྤྲུལ་ཏེ། འདི་ཁོ་ན་བདེན་མེད་ཡིན་པས་དེ་ལྟར་སྣང་ངོ་སྙམ་དུ་ཤེས་པར་བྱའོ། །བསྒྱུར་བ་ནི། དེ་ནས་སྐད་ཅིག་སྐད་ཅིག་ཙམ་ཉིད་དུ། །ཚངས་ལས་བརྒྱ་བྱིན་དེ་བཞིན་ལྷ་ལས་མི། །གང་འདོད་བསྒྱུར་ལ་བདེན་མེད་ངང་དུ་བསྒོམ། །སྤྲུལ་པ་རྣམས་ཕན་ཚུན་གོ་བསྒྱུར་བ་ན་བདེན་མེད་དུ་འདུག་སྙམ་པས། གང་ལྟར་འདོད་པ་ལྟར་བསྒྱུར་རོ། །སྤེལ་བ་ནི། དེ་ནས་བརྒྱ་སྟོང་བྱེ་བ་སྤེལ་བྱ་ཞིང་། །གང་འདུལ་ཐབས་ཀྱིས་གཉེན་པོར་རྩལ་སྦྱང་ངོ་། །(༡༤)སྤྲུལ་བསྒྱུར་གྱི་སྣང་བ་དེ་དག་བརྒྱ་སྟོང་བྱེ་བར་སྤེལ་ཞིང་། གཅིག་ཏུ་གྱུར། མང་པོར་གྱུར། དེ་ཁོ་ནས་བདེན་མེད་དུ་སྦྱོང་ཞིང་ཀླུའི་གཉེན་པོར་རང་ཉིད་བྱ་ཁྱུང་དང་། རྒྱལ་བསེན་ལ་རྟ་མགྲིན་ལ་སོགས་པར་གྱུར་ཏེ་ཟ་བ་དང་ལྡེང་བ་ལ་སོགས་པས་གདུལ་བར་བྱའོ། །འདི་ནི་མཐུ་སྟོབས་དང་རྫུ་འཕྲུལ་འགྲུབ་པའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ཡིན་ནོ། །འདི་དག་གི་ཚེ་ལུས་འཆུས་པ་དང་འཁུམས་པ་དང་འཕྲོས་པ་བྱུང་ན་རྩ་རླུང་འཆུ་བས། སྤྲུལ་བསྒྱུར་ལ་སོགས་མི་འབྱོང་བའི་ཕྱིར་ཉལ་ལུགས་བདེ་ཞིང་རླུང་དལ་ལ་རིག་པ་དྭངས་པར་བྱ་བ་ནི་མྱོང་བ་ངེས་པའི་གནད་དོ། །བདེན་མེད་དུ་སྦྱངས་པ་རྫོགས་པའི་རྗེས་ཐོགས། དེ་ནས་དག་པའི་ཞིང་དང་ཡུལ་ཁམས་དང་། །འོག་མིན་ལ་སོགས་གང་འདོད་དེར་སོང་སྟེ། །བདེ་གཤེགས་བལྟ་དང་གཙང་མའི་ཆོས་རབ་མཉན། །ཡེ་ཤེས་ཏིང་འཛིན་གཟུངས་སྤྲིན་སྒྲུབ་པ་ཡང་། །ཉིན་མཚན་རྒྱུན་དུ་དྲན་པས་རབ་སྦྱངས་པས། །དེ་ལྟར་འགྱུར་བ་རིག་པའི་ཡོན་ཏན་ཏེ། །གནད་ལ་མི་བསླུ་མངོན་དུ་བྱེད་པ་ཡིན། །འདི་ནི་ཡང་ཟབ་སྙིང་པོའི་ཐེག་པའོ། །སྤྲུལ་བསྒྱུར་འབྱོངས་ནས་ཡུལ་ཁམས་གཞན་དང་། ལྷ་ཀླུའི་གནས་དང་། གླིང་གཞན་དང་། བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་སྔོན་མ་མཐོང་བ་བལྟ་བར་འདོད་ན། ཉིན་དུས་འདུན་པ་བཏང་ལ་སྔར་བཞིན་ཉལ་ཏེ། ཡུལ་ཁམས་དང་འཇིག་རྟེན་ཐམས་ཅད་མགྲིན་པ་ལོངས་སྤྱོད་འཁོར་ལོ་ན་གསལ་བ་སྟོང་གསུམ་ཉུངས་འབྲུར་ཚུད་པའི་རྣམ་པ་ལས་མ་ཡེངས་པར་ཉལ་བས། གང་འདོད་པའི་སྣང་བ་མཐོང་བ་ནི། རིག་པ་ལ་མཐོང་རུང་གི་ཡོན་ཏན་ཡེ་ནས་ཡོད་པའི་གནད་ལས་བྱུང་བའོ། །འདི་དག་གི་ཚེའང་བདེན་མེད་ཀྱི་དོན་ལ་སྦྱང་བའི་གནད་ཡིན། བདེན་མེད་ནི་རང་བཞིན་མེད་པ་ཡིན་ཏེ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ལ་སློབ་པས་ཡོན་ཏན་ཐམས་ཅད་འགྲུབ་པའི་ཕྱིར་ཏེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པ་ཡོངས་སུ་རྟོགས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཞེས་རྒྱལ་བས་གསུངས། །ཞེས་པ་དང་། ཡུམ་བར་མ་ལས། རྣམ་པ་ཐམས་ཅད་དུ་ལྷ་དང་མིའི་ལས་འདས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་བལྟ་བར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཉུངས་འབྲུ་གཅིག་ཏུ་ཆུད་ལ་ཉུངས་འབྲུ་དེ་ཡང་ཆེ་བར་མ་སེམས། འཇིག་རྟེན་གྱི་ཁམས་ཀྱང་ཆུང་བར་མི་མངོན་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །འདི་ནི་ཐེག་པ་ཆེན་པོའི་མཐར་ཐུག་པའི་རྣལ་འབྱོར་དུ་བྱ་བའི་ལམ་གྱི་སྙིང་པོའོ། །

ད་ནི་རྨི་ལམ་གོམས་པ་ལས་ལམ་གྱི་འབྲས་བུ་བསྟན་པ། དེ་ལྟར་ཉིན་མཚན་(༡༥)རྨི་ལམ་དོན་བསྒོམས་པས། །དངོས་པོ་མཚན་མར་འཛིན་པའི་གཟེབ་ལས་གྲོལ། །ར་བ་རི་དང་རྩིག་པར་ཐོགས་མེད་ཅིང་། །རྫུ་འཕྲུལ་མངོན་ཤེས་ཏིང་འཛིན་གྲངས་མེད་འགྲུབ། །ཉམས་རྟོགས་ཚད་མེད་འཕགས་པའི་ཡེ་ཤེས་སྐྱེ། །གནས་སྐབས་ཀྱི་ཡེ་ཤེས་འབྲས་བུ་ནི་ཐར་པའི་ལམ་སྣ་ཟིན་ནས་འདོད་དགུ་འགྲུབ་ཅིང་། མཁའ་འགྲོ་གྲུབ་པ་ཅན་གྱིས་རྗེས་སུ་འཛིན་པ་དང་། ནད་ཉུང་བ་དང་ཟོ་མདོག་བདེ་བ་དང་། ཚོགས་ཀྱི་ལམ་གྲུབ་པས། ཆོས་ཐམས་ཅད་རང་བཞིན་མེད་པར་ངང་གིས་རྟོགས་ཤིང་། ཏིང་ངེ་འཛིན་རྣལ་འབྱོར་དུ་བྱེད་པ་དང་། སྦྱོར་བའི་ལམ་ཐོབ་པས་རྫུ་འཕྲུལ་དང་། མངོན་པར་ཤེས་པ་དུ་མ་ལ་དབང་བསྒྱུར་ཞིང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པ་ལ་སོགས་པའི་རྟགས་ཐོབ་ཅིང་། དགེ་བ་བརྟན་པའི་ཡོན་ཏན་ཐོབ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །ནམ་ལངས་དུ་ནི་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ཉིད་ཆེས་ཆེར་གོམས་པ་ལས་མཐོང་ལམ་དང་སྒོམ་ལམ་རྣམ་པར་མི་རྟོག་པ་འཕགས་པའི་ཡེ་ཤེས་གོང་མ་རྫོགས་པའི་རྗེས་མ་མི་སློབ་པའི་ལམ་མངོན་དུ་བྱེད་དོ། །མཐར་ཐུག་སེམས་ཉིད་གདོད་མའི་དབྱིངས་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །རྨི་ལམ་ལྟ་བུར་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་རྨི་ལམ་ལྟ་བུའི་ཚུལ་སྒོམས་ཤིག །རྨི་ལམ་ལྟ་བུའི་བྱང་ཆུབ་ཀྱི་ལམ་སྦྱངས་པའི་མཐར་ཐུག་གི་འབྲས་བུ་རྨི་ལམ་ལྟར་སྣང་ལ་རང་བཞིན་མེད་པའི་སངས་རྒྱས་སྤངས་རྟོགས་མཐར་ཕྱིན་པ་ཡིན་ཏེ། མདོ་ལས། དགེ་བའི་རྩ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སོ། །དེ་ཡང་རང་དོན་ཆོས་སྐུ་ནམ་མཁའ་ལྟ་བུའི་དབྱིངས་ལ་ལྷུན་གྱིས་གྲུབ་པའི་ཐུགས་རྗེས་གཞན་དོན་དུ་གཟུགས་སྐུ་ཉི་ཟླ་ལྟ་བུར་ཤར་ནས་འཁོར་བ་ཇི་སྲིད་པར་དོན་མཛད་དེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་(༡༦)མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་གསུངས་སོ། །རང་བཞིན་གདོད་ནས་དག་པའི་ངང་ཉིད་ལས། །རྨི་ལམ་ལྟ་བུར་འཁྲུལ་པའི་འཁོར་བ་པ། །གང་རྣམས་སྡུག་བསྔལ་ཆུ་བཞི་ལས་གྲོལ་ཏེ། །བདེ་ཆེན་ཡོན་ཏན་འབྱོར་བའི་གནས་ཐོབ་ཤོག །སྣ་ཚོགས་རྨི་ལམ་རྣམ་ཀུན་སྟོང་པའི་གཟུགས། །མཚོ་ཆེན་བརྒལ་དཀའ་སྲིད་རྩེའི་བར་ཁྱབ་པ། །སྡུག་བསྔལ་མེ་ཚོགས་སྤུངས་པའི་འཁོར་བ་ལས། །མ་ལུས་འགྲོ་ཀུན་བདག་གིས་འདྲེན་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། རྨི་ལམ་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་དང་པོའི་འགྲེལ་པའོ།། །།

རྡོ་རྗེའི་གནས་གཉིས་པ། སྒྱུ་མ་ལྟ་བུའི་ལེའུ།

དེ་ལྟར་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རང་བཞིན་གྱིས་མ་སྐྱེས་པར་བསྟན་པའི་རྗེས་ལ། ཆོས་ཐམས་ཅད་འགག་པ་མེད་པ་སྒྱུ་མའི་རོལ་པ་ཙམ་དུ་རྟོགས་པར་བྱའོ་ཞེས་བཤད་པ་ནི། ཡང་འདིར་རྒྱལ་བས་སྒྱུ་མ་ལྟ་བུ་ཞེས། །ཆོས་རྣམས་རང་བཞིན་མེད་པའི་ཚུལ་གསུངས་པ། །དེ་ཡང་མདོ་རྒྱུད་མན་ངག་སྙིང་པོའི་དོན། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །ཇི་སྐད་དུ། ཡུམ་བར་མ་ལས། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། རང་བཞིན་གྱིས་མ་སྐྱེས་པ་དང་། མི་འགག་པ་དང་། འོང་བ་མེད་པའོ་ཞེས་པ་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཆོས་རྣམས་ཐམས་ཅད་སྒྱུ་མ་འདྲ། །བྱང་ཆུབ་ཀྱང་ནི་སྒྱུ་མ་བཞིན། །ཅེས་པ་དང་། ཡེ་ཤེས་རྔམ་གློག་ལས། སྒྱུ་མ་ཆོས་རྣམས་ཐམས་ཅད་དེ། །མིང་ཙམ་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་པ་ལ་སོགས་པ་མདོ་དང་རྒྱུད་སྡེ་དུ་མ་ལས་གསུངས་པ་རྣམས་འདིར་བླ་མའི་མན་ངག་གིས་ལེགས་པར་ཕྱེ་བ་རང་གི་མྱོང་བ་ངེས་པའི་རྟགས་གསུམ་ལ་བརྟེན་ནས་དབྱེ་ན། གཞི་དང་ལམ་དང་འབྲས་བུའི་སྒྱུ་མ་གསུམ་ལས། དང་པོ་གཞི་སྒྱུ་མ་ནམ་མཁའ་ལྟ་བུའི་ངང་ལས་འཁྲུལ་སྣང་གི་བྱུང་ཚུལ་བཤད་པ་ནི། སེམས་ཉིད་གདོད་མ་ནམ་མཁའ་ལྟ་བུའི་ངང་། །ལྷུན་གྲུབ་ཡེ་ཤེས་ཉི་ཟླ་གཟའ་སྐར་བཞིན། །ཡེ་འབྱམས་རྨད་དུ་བྱུང་བའི་དབྱིངས་རུམ་ནས། །མ་རིག་གཟུང་འཛིན་ཀུན་བཏགས་རང་ཤར་བས། །ཁམས་གསུམ་འགྲོ་དྲུག་འཁྲུལ་སྣང་སྒྱུ་མ་བཞིན། །དེའང་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ཅིར་ཡང་མ་གྲུབ་པའི་ངང་ལས། རྩ་བ་སྲོག་འཛིན་པའི་རླུང་ལྔ་གཡོས་པ་ལས། རང་སྣང་འོད་གསལ་དུ་ཤར་བ་རང་ངོ་མ་ཤེས་པའི་ཆ་ལས། ཕྱི་ནང་གི་སྣོད་བཅུད་ལུས་དང་བཅས་པར་འཁྲུལ་ཏེ། སྒྱུ་མ་ལྟར་སྣ་ཚོགས་སུ་སྣང་བ་ནི། རྡོ་རྗེ་སེམས་དཔའ་(༡༧)སྙིང་གི་མེ་ལོང་གི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ་ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་སྒྱུ་མ་ལྟར་འཁྲུལ་ཞེ་ན་བཤད་པ། རྒྱུ་རྐྱེན་རྟེན་འབྲེལ་སྟོབས་ཀྱིས་རང་སྣང་བ། །ཤིང་བུ་རྡེའུ་རིག་སྔགས་ཚོགས་པ་ལས། །མིག་འཕྲུལ་རྟ་གླང་སྐྱེས་པ་བུད་མེད་དང་། །རི་དང་ཁང་བཟངས་ལ་སོགས་སྣང་བ་བཞིན། །སྒྱུ་མའི་རྟ་གླང་ལ་སོགས་སྣང་བའང་འཁྲུལ་གཞིའི་རྒྱུ་ཤིང་བུ་རྡེའུ་ཉིད། འཁྲུལ་རྐྱེན་རིག་སྔགས་ཀྱིས་མིག་གི་ཤེས་པ་བསླད་དུས། འཁྲུལ་སྣང་རྟ་གླང་གི་རྣམ་པར་སྣང་བ་དེ་ཡང་རྟེན་འབྲེལ་ཚོགས་པའི་རང་སྣང་ལས་ཤར་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་དེ་དང་འདྲ་སྟེ། མ་རིག་དབང་གིས་བག་ཆགས་འཁྲུལ་པའི་བློ། །སྣང་སྲིད་ཡུལ་དང་དེར་འཛིན་དུག་གསུམ་ཤར། །རང་བཞིན་མེད་ལ་སྣང་བ་མ་འགགས་པ། །སྒྱུ་མའི་སྐྱེ་བོ་འདྲ་བ་འདི་དག་ཀུན། །བདེན་མེད་སྟོང་པའི་གཟུགས་བརྙན་ཆེན་པོ་རུ། །དེ་རིང་ཉིད་དུ་ངེས་པར་རྟོགས་པར་བྱ། །རྒྱུ་རིག་པ་ཉིད། རྐྱེན་མ་རིག་པ་ཡུལ་དུ་བྱས་པའི་གཟུང་འཛིན་གྱིས་བསླད་པས། འཁྲུལ་སྣང་སྣོད་བཅུད་སོ་སོའི་ངོ་ཁ་ལ་སྣ་ཚོགས་སུ་སྣང་སྟེ། དུག་གསུམ་གྱི་འཁོར་བ་མཐོ་དམན་ལ་སྤྱོད་ཅིང་ཡོད་ཡོད་ལྟར་སྣང་དུས་འདི་ཉིད་ནས། དོན་ལ་རྫུན་སྣང་སྟོང་པའི་གཟུགས་བརྙན་ཙམ་ལས། རིག་པ་བྱང་ཆུབ་ཀྱི་སེམས་སུ་འཕོ་འགྱུར་མེད་པར་རྟོགས་པར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་དག་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ནམ་མཁའ་ལྟར་བསྟན་པ་ནི། ཡོང་ཡེ་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བཞིན་གཤིས་ལ་མཁའ་འདྲ་མཉམ་པ་ཉིད། །མ་སྐྱེས་གདོད་ནས་དག་པ་ཤེས་པར་བྱ། །ཆོས་རྣམས་ཐམས་ཅད་གཤིས་ཅིར་ཡང་མ་གྲུབ་པས་ནམ་མཁའི་ངོ་བོ་ཉིད་དེ། ཡུམ་བར་མ་ལས། ཆོས་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་དེ་དབུས་དང་མཐའ་མི་དམིགས་སོ་ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། རྒྱལ་བའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་དང་། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་སོ། །དེ་ལ་ཁ་ཅིག་ཆོས་དེ་ལ་མི་ལྡན་རྣམ་བཅད་ཀྱིས་སྟོང་ལ། རང་གི་ངོ་བོས་མི་སྟོང་པར་འདོད་པ་ཡོད་དེ་ཉི་མ་མུན་པས་སྟོང་ལ་འོད་ཟེར་གྱིས་མི་སྟོང་ཞེས་པ་ལྟ་བུ་ནི། ཉི་ཚེ་བའི་སྟོང་པ་སྟེ། བདེན་ཞེན་ལས་ནམ་དུའང་གྲོལ་བ་མི་སྲིད། འདི་ལྟར་ཉི་མ་རང་གི་ངོ་བོ་གཅིག་དང་དུ་མས་སྟོང་པས་འོད་ཟེར་སྟོང་སྟེ། སྟོང་ལ་སྣང་བ་འདི་ནི་དབུ་མའི་དེ་ཁོ་ན་ཉིད་དུ་གསུངས་ཏེ། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་(༡༨)བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་ཕྱིར་ཆོས་རྣམས་ཐམས་ཅད་ཀྱིས། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་པ་དང་། ཡུམ་ལས། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་པ་ལ་སོགས་པ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དུའང་། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་སོ། །དེའང་སྟོང་པས་མེད་པར་འགྱུར་བ་མ་ཡིན་ཏེ། སྟོང་པའི་རང་བཞིན་སྣང་བ་དང་དབྱེར་མེད་པས། སྟོང་པ་ལ་ཆོས་ཐམས་ཅད་འཐད་དེ། འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གསུངས་པ་བཞིན་ནོ། །དེ་ལ་ཕན་ཚུན་གཅིག་གིས་གཅིག་སྟོང་པ་ཀ་བ་དང་བུམ་པའི་སྟོང་པ་དང་། མི་ལྡན་པའི་སྟོང་པ་དངོས་པོ་དང་དངོས་མེད་དང་རང་མཚན་གྱི་སྟོང་པ་རི་བོང་གི་རྭ་དང་། རང་བཞིན་གྱིས་སྟོང་པ་གཟུགས་བརྙན་ལྟ་བུ་ལ་སོགས་པ་དབྱེ་བ་མང་ཡང་། དེ་ཐམས་ཅད་རྟོག་གེ་བས་ཀུན་བཏགས་པ་ཙམ་ལས། འདིར་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། རིག་ངོ་ན་སྣང་ཡང་གཤིས་ངོ་ན་མ་གྲུབ་པ། ཡེ་སྟོང་མཐའ་ལས་འདས་པའི་སྟོང་པར་རྟོགས་པར་བྱ་སྟེ། ལང་ཀར་གཤེགས་པ་ལས། གང་ཚེ་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་གྱིས་ནི་མ་སྐྱེས་པ། །ནམ་མཁའ་ལྟ་བུར་དངོས་མེད་པ། །སྟོང་པ་ཉིད་ནི་དག་པ་ཡིན། །ཅེས་པ་དང་། དཔུང་བཟངས་ལས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ངོ་བོ་མེད་ཅིང་གནས་མེད་པ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངེས་ནས། སྟོང་པའི་དབྱིངས་ལས་འཁོར་བ་འབྱུང་བ་དང་། དེ་ཉིད་དུ་ལམ་སྦྱོང་བ་དང་། མཐར་ཕྱིན་ནས་གྲོལ་བའི་རང་བཞིན་ཇི་ལྟ་བུ་སྙམ་པའི་ལན་དུ། དང་པོ་སྡོམ་ཚིག་གི་ཆིངས་བསྟན་པ་ནི། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ངང་ཉིད་དུ། །རང་བཞིན་སྒྱུ་མ་སྦྱང་བྱའི་གཞི་དང་ནི། །མ་དག་སྒྱུ་མ་སྦྱང་བྱའི་དྲི་མ་དང་། །ཐབས་ཀྱི་སྒྱུ་མ་སྦྱོང་བྱེད་གཉེན་པོ་དང་། །ཡེ་ཤེས་སྒྱུ་མ་མཐར་ཕྱིན་འབྲས་བུ་སྟེ། །རྣམ་བཞི་དཔེ་ཡི་སྒྱུ་མས་གཏན་ལ་ཕབ། །ཅེས་མདོར་བསྟན་པ་ལས། མཁས་པ་དག་ནི་དཔེས་གོ་བར་བྱེད་པའི་ཕྱིར། རང་བཞིན་སྒྱུ་མ་ལ་སོགས་བཞི་པོ་དག་གི་དབྱིངས་དེ་ལས་འཁྲུལ་པ་དང་། འཁྲུལ་པ་སྦྱོང་བ་དང་། མཐར་ཕྱིན་པའི་གནས་སྐབས་བཞིས་རིག་པར་བྱ་བ་ལས། དཔེའི་སྒྱུ་མས་སྔོན་དུ་གོ་དོན་བཞག་ན། དེའི་རྗེས་སུ་རང་རང་གིས་མཚན་ཉིད་ངེས་པའི་ཕྱིར། དཔེ་ངེས་པའི་བྱ་བ་ཡང་། ཇི་ལྟར་རིག་སྔགས་ལས་བྱུང་མིག་འཕྲུལ་ཏེ། །ཤིང་བུ་རྡེའུ་རྟ་གླང་སྣང་དུས་ནས། །རྟ་གླང་མ་ཡིན་ཤིང་བུ་རྡེའུ་ཉིད། །དེ་བཞིན་ཚེས་ཀུན་བདེན་མེད་མཚོན་པ་ཉིད། །རང་བཞིན་དཔེ་ཡིས་སྒྱུ་མར་ཤེས་བྱ་སྟེ། །འཁྲུལ་(༡༩)པའི་གཞི་དང་འཁྲུལ་སྐྱོན་འཁྲུལ་པའི་ཚུལ། །འཁྲུལ་སྣང་འཁྲུལ་གྲོལ་གདོད་མར་གྲོལ་ཚུལ་རྣམས། །དཔེ་ཡི་སྔོན་རོལ་དཔེ་དང་དཔེར་འགྲུབ་དང་། །དཔེར་གྲུབ་དཔེ་ཞིག་སྔོན་བཞིན་རང་མཚན་དུས། །རྣམ་བཞི་གོ་རིམས་དཔེ་ཡིས་སྒྱུ་མ་བསྟན། །དེ་ལ་འཁྲུལ་གཞིའི་རིག་པ་ནི་རང་བཞིན་སྒྱུ་མ་སྟེ། འཁྲུལ་པ་དངོས་སུ་མེད་ལ། དེའི་སྟེང་ན་ལྷན་སྐྱེས་ཀྱི་མ་རིག་པ་ཡོད་པས་འཁྲུལ་པ་འབྱུང་རུང་དུ་ཡོད་པ་ནི། རྟ་གླང་སྣང་རུང་དུ་མེད་ལ་འབྱུང་རུང་དུ་ཡོད་སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་བ་རིགས་དྲུག་འདི་དག་གོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཆོས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ་། །ང་ནི་ཡང་དག་སྒྱུ་མ་སྟེ། །འདུས་མ་བྱས་པ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །པ་དཔེའི་སྔོན་རོལ་གྱི་ཤིང་བུ་ལྟ་བུའོ། །རིག་པ་དབྱིངས་ལས་གཞིར་སྣང་དུ་འཕགས་པའི་ཚེ་ཀུན་བཏགས་པའི་མ་རིག་པ་གཟུང་འཛིན་གྱི་རྩ་བར་ཤར་བས་མ་དག་པའི་སྒྱུ་མ་སྦྱང་བྱའི་དྲི་མར་ཆགས་ཏེ། རིག་པ་ལ་འཁྲུལ་རྟོག་གི་སྦགས་པས། འཁྲུལ་སྣང་དངོས་སུ་མེད་ལ་འཁྲུལ་རྟོག་ཏུ་ལྡན་པ། རིག་སྔགས་ཀྱི་སྔགས་བགྲངས་བཞིན་པ་ལྟ་བུ་སྟེ། རྟ་གླང་གི་དཔེ་གྲུབ་ངེས་སུ་བྱས་པ་ལྟ་བུའོ། །དེ་ནས་རིག་ངོར་འཁྲུལ་སྣང་དངོས་སུ་སྣང་དུས་འདི་ཉིད་རིག་པ་གཟུང་འཛིན་གྱིས་བསླད་པས་སྣ་ཚོགས་རང་སྣང་དུ་ཤར་བ་རིག་སྔགས་ལས་ཤིང་བུ་རྡེའུ་ཉིད་རྟ་གླང་གི་རྣམ་པར་སྣང་བའི་རང་དུས་སྒྱུ་མ་དངོས་ཀྱི་དཔེར་གྲུབ་པ་ལྟ་བུའོ། །དེ་ནས་རིག་པ་ལ་ལམ་བསྒོམས་པས་བདེན་ཞེན་སྲབ་པ་ནི་ཐབས་སྒྱུ་མ་སྟེ། སྒྱུ་མའི་རིག་སྔགས་འཇིག་བཞིན་པ་ལྟ་བུའོ། །དེའི་མཐར་འཁྲུལ་རྟོག་ལོག་པས་འཁྲུལ་སྣང་འགག་སྟེ་གདོད་མར་གྲོལ་བ་ནི། རིག་པ་དང་པོའི་གཤིས་ཐོག་ཏུ་རང་ཕེབས་པའི་དུས་དེ་ཡེ་ཤེས་སྒྱུ་མ་ཡིན་ལ་མ་རིག་གཟུང་འཛིན་གྱི་རིག་སྔགས་ལོག་པས། འཁོར་བ་འཁྲུལ་སྣང་གི་རྟ་གླང་གི་སྣང་བ་ལོག་སྟེ། སྒྱུ་མ་ཞིག་པའི་ཤིང་བུ་རྡེའུ་ལྟར་རིག་པ་གཞིའི་གཟུགས་ཟང་ཀ་མ་རང་ངོར་སྣང་བས་སྐུ་དང་ཡེ་ཤེས་འཕོ་འགྱུར་མེད་པའི་དགོངས་པ་ལས་འགྱུར་བ་མེད་པ་ནི། དཔེ་ཞིག་པའི་རང་དུས་ཤིང་བུ་རྡེའུ་ལྟ་བུའོ། །འདི་དག་ནི་རྒྱུད་ཀྱི་རྡོ་རྗེའི་ཚིག་རླབས་པོ་ཆེའི་དཀའ་བའི་གནས་མངོན་དུ་ཕྱུང་བའོ། །

དེ་ལྟར་སྒྱུ་མ་བཞིའི་དཔེ་དོན་ཤན་སྦྱར་ནས། ད་ནི་སོ་སོའི་མཚན་ཉིད། གསལ་བར་བཤད་པ་ལས། དང་པོ། རང་བཞིན་སྒྱུ་མ་སེམས་ཉིད་འོད་གསལ་ཏེ། །སྦྱང་གཞིའི་དབྱིངས་ཡིན་བདེ་གཤེགས་སྙིང་པོ་ཡིན། །དེ་ལ་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད། ཡེ་ནས་ལྷུན་གྲུབ་འདུས་མ་བྱས་སུ་གནས་ཏེ། འཁོར་འདས་ཀུན་ལ་དབྲི་བསྣན་དང་ཆེ་ཆུང་མེད་པར་ཁྱབ་པ་ནི། ཟླ་བ་སྒྲོན་མེའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་། རྒྱུད་བླ་མ་ལས། རྫོགས་(༢༠)སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོ། །དེ་ཉིད་ཡེ་ནས་དྲི་མ་མེད་པའི་འོད་གསལ་བ་སྟེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་པ་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སང་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་དང་། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་ཉིད། །ཅེས་སོ། །དེའང་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད། སེམས་ཅན་པའི་དུས་ན་མ་དག་པའི་ཁམས། བྱང་ཆུབ་སེམས་དཔའི་དུས་ན་མ་དག་དག་པའི་ཁམས། སངས་རྒྱས་པའི་དུས་ན་ཤིན་ཏུ་རྣམ་དག་གི་ཁམས་ཞེས་མིང་གསུམ་བཏགས་ཀྱང་། ངོ་བོ་ལ་བཟང་ངན་དུ་འགྱུར་བ་མེད་དེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམས་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་དང་། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་དེ་དག་གྱུར་ལ། །ཞེས་པ་དང་། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་སོ། །དེ་ལྟ་བུའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་རིག་གི་ངོ་བོ་ལ། དག་དང་མ་དག་གང་དུའང་མ་ཆད་པས། །འཁོར་དང་མྱ་ངན་འདས་པ་གཉིས་ལས་འདས། །འཁོར་འདས་འབྱུང་བའི་དབྱིངས་ཡིན་འཆར་གཞི་སྟེ། །རིག་དང་མ་རིག་རྐྱེན་ལས་དེ་ལྟར་ཡིན། །འདི་ནི་གདོད་མའི་གཤིས་ཡིན་གནས་ལུགས་ཡིན། །དེ་ལ་རིག་པར་རང་གི་ངོ་བོ་ནི། གང་དུའང་གྲུབ་བསལ་མེད་པས་འཁོར་འདས་གང་དུའང་མ་གྲུབ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས། དེ་ལ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དེ་ནི་འཁོར་བའང་མ་ཡིན། མྱ་ངན་ལས་འདས་པའང་མ་ཡིན་ཏེ་དངོས་པོ་མེད་པའི་ཕྱིར་རོ་ཞེས་སོ། །གཤིས་ཅིར་ཡང་མ་གྲུབ་པའི་ངང་ལས། གདངས་འཆར་གཞི་མ་འགགས་པའི་རྩལ་གྱིས། རིག་ན་མྱང་འདས་དང་། མ་རིག་པས་འཁོར་བའི་འཁྲུལ་སྣང་སྒྱུ་མ་ལྟར་སྣང་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོ། །གང་དུའང་མ་གྲུབ་པས་གང་ལྟར་ཡང་འཆར་གཞི་བྱེད་པའི་དཔེ་ཉེ་བར་དགོད་པ་ནི། མེ་ལོང་དྭངས་བཞིན་གཟུགས་བརྙན་འཆར་གཞི་བྱེད། །ཤར་དུས་ཉིད་ནས་གང་དུའང་མ་ཆད་པ། །མེ་ལོང་ངོས་ཏེ་དཀར་ནག་གཉིས་མེད་ལ། །དཀར་ནག་གཉིས་ཀའི་འཆར་གཞི་བྱེད་དང་མཚུངས། །འདི་ཉིད་ཤེས་པས་ཀུན་ལ་མཁས་པར་གྱུར། །མེ་ལོང་གཡའ་དག་པའི་(༢༡)ངོས་དེ་གཟུགས་བརྙན་གང་དུའང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞི་བྱེད་པ་སྟེ། དཀར་ནག་ཏུ་ཤར་ཡང་དཀར་ནག་ཏུ་མ་གྲུབ་པའི་དཔེས་རིག་པ་མེ་ལོང་དྭངས་པ་ལྟ་བུ་དེ་ཡང་གང་དུའང་མ་གྲུབ་ལ། གང་ལྟར་འཆར་བའི་གཞི་ལ། འཁོར་འདས་ཀྱི་སྣང་བ་ཤར་དུས་ཉིད་ནས། རིག་པ་ལ་མ་གོས་པའི་ཚུལ་འདི་ཤེས་པར་བྱའོ། །འདིས་ནི་སྣང་ཡང་འཛིན་པས་ཆེད་དུ་མ་བསླད་ན་འཁྲུལ་སྣང་གིས་གོས་མི་སྲིད་པ་ཞེས་བྱ་སྟེ། ཡུལ་སྤང་ལེན་ལས་འདས་པས་རིག་པའི་རང་འགྲོས་ལ་མཁས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་ཏི་ལོ་པའི་ཞལ་སྔ་ནས། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་པ་དང་། ཞི་བ་ལྷའི་ཞལ་སྔ་ནས་ཀྱང་། འདིར་ནི་མཐོང་ཐོས་ཤེས་པ་དག །དགག་པར་བྱ་བ་མ་ཡིན་ཏེ། །གང་ལའང་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོགས་པ་བཟློག་བྱ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་དག་བྱའི་རང་བཞིན། མ་དག་སྒྱུ་མ་འཁོར་བའི་འཁྲུལ་སྣང་སྟེ། །གཉིས་མེད་གཉིས་སུ་བཟུང་ལས་དེར་སྣང་ངོ་། །སྣོད་བཅུད་འཁྲུལ་པའི་སྣང་བ་འཁྲུལ་རྟོག་དང་བཅས་པ་འདི་རྣམས་རིག་པའི་རང་བཞིན་འོད་གསལ་བའི་ཁམས་ལ་སྒྲིབ་པའི་དྲི་མ་སྟེ། རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྣང་བ་ཡིན་ནོ། །གསུམ་པ་དེ་དག་སྦྱང་བ་ནི། ཐབས་ཀྱི་སྒྱུ་མ་གཉེན་པོ་ལམ་ཡིན་ཏེ། ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་རུ། །ཚོགས་གཉིས་རིམ་གཉིས་སྦྱོང་བྱེད་བསྒོམས་པ་ཡིས། །སྦྱང་བྱའི་དྲི་མ་སྤྲིན་འདྲ་སེལ་བྱེད་ཡིན། །དེ་ལ་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་དང་། འབྲིང་དུ་ཡང་དག་སྤོང་བ་བཞི་དང་། ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། །སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ་དང་། བཟོད་པ་དང་ཆོས་མཆོག་ཏུ་སྟོབས་ལྔ་དང་། མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་དང་། སྒོམ་ལམ་དུ་འཕགས་པའི་ལམ་བརྒྱད་དེ། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་གནས་པ་དང་། ལམ་གྱི་དེ་ཁོ་ན་ཉིད་གང་དུ་བགྲོད་པར་འགྱུར་རོ། །དེ་ལ་ས་ལམ་གྱི་རིམ་པ་རབ་ཏུ་གཅེས་པས་ཆེ་ལོང་ཞིག་བརྗོད་ན། མདོའི་ཆ་ནས་ཇི་ལྟ་བ་བཞིན་ནོ། །བློ་གྲོས་རབ་བརྟན་གྱི་མདོ་ལས། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞི་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། གང་དེ་ལ་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་སྟེ། གང་ཞེ་ན། ལུས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་སོ་སོར་(༢༢)བརྟག་སྟེ། ཀྱེ་མ་ལུས་འདི་རྒྱུ་དང་རྐྱེན་ལས་སྐྱེས་པ་མི་རྟག་ཅིང་འགྱུར་བ་སྒྱུ་མ་ལྟ་བུ་སྟེ། ལུས་འདི་ང་ཡིར་མི་བྱ་དང་། ལུས་སྙིང་པོ་མེད་པ་ལ་སྙིང་པོ་བླང་བར་བྱ་སྟེ། སྙིང་པོ་གང་དེ་བཞིན་གཤེགས་པའི་སྐུ་བསྒྲུབ་ཅིང་ཐོབ་པར་བྱའོ། །དེ་ནི་ལུས་ཀྱི་དྲན་པ་ཉེ་བར་གཞག་པའོ། །བློ་གྲོས་རབ་བརྟན། ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། ཚོར་བ་གང་ཅི་ཡང་རུང་སྟེ། བདེ་བའི་ཚོར་བ་ལ་དགའ་བར་བྱེད། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་བར་བྱེད། གཉིས་ཀ་མ་ཡིན་པའི་ཚོར་བ་ལ་རྨོངས་པར་བྱེད། བདག་གི་ཚོར་བ་ཐམས་ཅད་སྒྱུ་མ་ལྟ་བུར་རང་བཞིན་མེད་པ་སྦྱངས་ལ། སེམས་ཅན་ཐམས་ཅད་ཀྱི་ཚོར་བ་རྒྱུན་བཅད་པའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ན། རྟོགས་པའི་ཚོར་བ་ནི་བདེ་བ། མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་བར་འགྱུར་བས་ན། དམིགས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་དང་། ཇི་སྲིད་ཆོས་སུ་བཏགས་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ། །བློ་གྲོས་རབ་བརྟན། སེམས་ལ་སེམས་ཀྱིས་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། སེམས་ནི་སྐྱེས་ནས་འཇིག་ཅིང་མི་རྟོག་པས། བདག་གིས་ཐོག་མར་སེམས་བསྐྱེད་ཅིང་། གནས་དེ་ཡང་ཟད་ཅིང་གང་ན་ཡང་མི་གནས་པས་སེམས་ཀྱིས་སེམས་མི་མཐོང་ངོ་། །དེ་ལ་སེམས་ཀྱི་མཚན་ཉིད་ནི་སྒྱུ་མ་དང་འདྲ་སྟེ། མཚན་ཉིད་མེད་པ་དང་བྲལ་བར་གནས་པར་བྱའོ། །དེ་ནི་སེམས་དྲན་པ་ཉེ་བར་གཞག་པའོ། །བློ་གྲོས་རབ་བརྟན། ཆོས་ལ་ཆོས་ཀྱིས་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་གཏོགས་པའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་ཏེ། ཆོས་དེ་ལ་བལྟ་ཞིང་གནས་པ་ནི་ཆོས་ཉིད་ཡང་དག་པ་མཐོང་གི། ཆོས་སུ་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི། སངས་རྒྱས་ཇི་སྙེད་ཆོས་སུ་བཏགས་པ་ཐམས་ཅད་མིང་ཙམ། མིང་དེ་དང་ཆོས་དེ་དག་ཕྱི་ནང་གང་དུའང་མི་རྙེད་པས། མཐའ་མི་རྙེད་ཅིང་མཐའ་མེད་ཅིང་མ་གྲུབ་པས་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །བློ་གྲོས་རབ་བརྟན་གྱིས་གསོལ་པ། ཡང་དག་པ་སྤོང་བ་བཞི་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད། འབད་པ་བྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་གོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན། ཡང་དག་པར་འཇོག་གོ། །དགེ་བའི་(༢༣)ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་གོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། བསྐྱེད་པ་རྣམས་གནས་པ་དང་། གནས་པ་ཕྱིར་ཞིང་འཕེལ་བ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བའི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན་ཡང་དག་པར་རབ་ཏུ་འཇོག་གོ། །བློ་གྲོས་རབ་བརྟན། གང་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ནི། ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཆོས་རྣམས་སོ། །ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ནི། སེམས་གཡེང་བར་བྱེད་ཅིང་ཏིང་ངེ་འཛིན་ཉམས་པར་བྱེད་པ་རྣམས་སོ། །ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི། ལྟ་བ་ཉམས་པ་དང་། ལྟ་བ་ལ་མཆོག་ཏུ་འཛིན་པས་ཡང་དག་པར་སྒྲིབ་པའི་ཆོས་རྣམས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི། མི་དགེ་བའི་ཆོས་སྤང་བའི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན། ཡང་དག་པར་འཇོག་པ་ནི་ཡང་དག་པར་སྤང་བ་དང་པོའོ། །གང་ཡང་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། འདོད་པས་ཆགས། ཁོང་ཁྲོས་སྡང་། མ་རིག་པས་རྨོངས་ཏེ། རྒྱུ་གང་ལས་བྱུང་ཞེས་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་མི་གཙང་བས་འདོད་ཆགས་དང་། བྱམས་པས་ཞེ་སྡང་དང་། རྟེན་འབྲེལ་གྱིས་གཏི་མུག་ཞི་བར་བྱེད་དོ། །གང་ཉོན་མོངས་པ་དེ་དག་ཐ་དད་དུ་རྟོགས་པས་སྤོང་ཞེས་བྱ་ཡིས། གང་སྤོང་བ་དེ་ནི་རྙེད་པར་མི་འགྱུར་བས་ཡང་དག་པར་སྤོང་བ་གཉིས་པའོ། །གང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེས་པའི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམ། སེམས་ཡང་དག་པར་འཇོག་ཅེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ཆོས་དགེ་བ་ཚད་མེད་པ་ལ་འདུན་པ་དང་། སེམས་རབ་ཏུ་འཛིན་པས་ཉམས་སུ་ལེན་པར་བྱེད་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བ་སྟེ། ཡང་དག་པར་སྤོང་བ་གསུམ་པའོ། །

དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བར་བྱ་བའི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཡང་དགེ་བའི་རྩ་བ་ཐམས་ཅད་ཁམས་གསུམ་ལ་མི་གནས་པར་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པས། དེ་ལ་ཟད་པར་འགྱུར་བ་གང་ཡང་མེད་པས་ཡང་དག་པར་སྤོང་བ་བཞི་པའོ། །བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་བཞི་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་(༢༤)དཔའི་ལམ་ནི་བཞི་སྟེ། བཞི་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བློ་གྲོས་རབ་བརྟན། དེ་ལ་ཆོས་ཐམས་ཅད་མ་གྲུབ་པ་སྒྱུ་མ་ལྟ་བུ་དང་། གང་དུའང་མི་དམིགས་ཤིང་འཛིན་པ་དང་བྲལ་བའི་ཆོས་ཐམས་ཅད་ལ་མི་སྔངས་དངངས་པར་མི་འགྱུར་དགའ་བ་དང་སྤྲོ་བ་དང་འདུན་པར་བྱེད་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཏོ། །བློ་གྲོས་རབ་བརྟན། གང་དད་པ་རྩེ་གཅིག་པའི་འདུན་པ་དང་ལྡན་པ་དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་བརྩོན་པ་འདོར་ཞིང་ལེ་ལོར་གྱུར་པ་ཐམས་ཅད་ཀྱིས་མི་ཚུགས་པར་བརྩོན་འགྲུས་རྩོམ་པ་དེ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཏོ། །བློ་གྲོས་རབ་བརྟན། གང་རྩོལ་བའི་རྩོམ་པ་རྒྱུན་མི་འཆད་པ་དང་ལྡན་པ་དེས་སེམས་གང་དུའང་མི་དམིགས། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་རྩེ་གཅིག་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏོ། །བློ་གྲོས་རབ་བརྟན། གང་རྩེ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་དང་ལྡན་པ་དེས་འགྲོ་བ་དང་འཆག་པ་དང་། འདུག་པ་དང་། ཉལ་བའི་དུས་ཐམས་ཅད་དུའང་ཏིང་ངེ་འཛིན་དེ་ལས་མི་འདའ་བས་སྤྱོད་པ་ནི་སྤྱོད་པའི་ཏིང་ངེ་འཛིན་ཏོ། །བློ་གྲོས་རབ་བརྟན། དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་དེས་ལོག་པར་འགྱུར་བའི་ཆོས་ཐམས་ཅད་སྤོང་བར་བྱེད། སྤངས་པས་དགེ་བར་བྱེད་དེ། ཡང་དག་པའི་གནས་སུ་ཕྱིན་པར་བྱེད། བགྲོད་པར་བྱེད་པས་ན། ཏིང་ངེ་འཛིན་གྱི་རང་བཞིན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན་བྱང་ཆུབ་སེམས་དཔའི་ལམ་ལ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་མངོན་པར་དད་པ་སྟེ། ལས་ཀྱི་རྣམ་པར་སྨིན་པ་ལ་འཇིགས་པས་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐོས་ན་ཐེ་ཚོམ་མེད་པར་དགའ་ཞིང་དད་པ་ནི་དད་པའི་དབང་པོའོ། །བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་བརྩོན་འགྲུས་ཀྱི་དབང་པོ་སྐྱེད་པར་བྱེད་དེ། དེ་ནི་བརྩོན་འགྲུས་ཀྱི་དབང་(༢༥)པོའོ། །དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་ལ་བརྩོན་འགྲུས་ཀྱིས་བསྡུས་པ་དེ་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་ནི་དྲན་པའི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཆོས་གང་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱས་པ་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་མ་ཡེངས་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱེད་པ་དེ་དག་ཤེས་རབ་ཀྱི་དབང་པོས་བརྟགས་པས། ཆོས་ཐམས་ཅད་སྒྱུ་མ་ལྟར་ཡོངས་སུ་མ་གྲུབ་པར་ཤེས་པ་དེ་ནི་ཤེས་རབ་ཀྱི་དབང་པོའོ། །བློ་གྲོས་རབ་བརྟན་གྱིས་གསོལ་བ། བཅོམ་ལྡན་འདས་སྟོབས་ལྔ་གང་ལགས། བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་ལྔ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དད་པའི་སྟོབས་གང་ཞེ་ན་། གང་ལ་དད་ཅིང་མོས་པ་དེ་ལ་གང་གིས་ཀྱང་མི་བརྫི་བ་སྟེ། དེའི་དྲུང་དུ་བདུད་ཀྱིས་སངས་རྒྱས་སུ་བསྒྱུར་ནས་འོང་སྟེ། ཁྱོད་ཀྱི་དེ་ནི་ཆོས་མ་ཡིན་ནོ་ཞེས་སྒྱུར་བར་བྱེད། ལོག་པར་བྱེད་ཀྱང་འབྲལ་བར་མི་བྱེད་དོ། །དབྱེ་བར་མི་བྱེད་དོ། །དེ་ཡང་འབྱུང་བ་ཆེན་པོ་རྣམས་གཞན་དུ་འགྱུར་ཡང་སྲིད་ཀྱི། དད་པའི་སྟོབས་ལ་མོས་པ་དེ་ནི་སྟོབས་དེ་ལས་འབྲལ་བར་མི་ནུས་པས་ན་དད་པའི་སྟོབས་སོ། །བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། གང་བརྩོན་འགྲུས་རྩོམ་ཞིང་དགེ་བའི་ཆོས་གང་དང་གང་ལ་བསྟན་པའི་སྟོབས་ཀྱང་། གནས་དེར་མ་ཕྱིན་གྱི་བར་དུ་བརྩོན་པའི་སྟོབས་དེ་སུས་ཀྱང་བཟློག་པར་མི་ནུས་པས་བརྩོན་འགྲུས་ཀྱི་སྟོབས་སོ། །དྲན་པའི་སྟོབས་གང་ཞེ་ན། ཆོས་གང་དང་གང་ལ་དྲན་པ་ཉེ་བར་གཞག་པས་སེམས་མི་གཡེང་སྟེ། དེ་ལ་ཉོན་མོངས་པ་གང་གིས་ཀྱང་བརྫི་བར་མི་ནུས་ཤིང་། དྲན་པའི་སྟོབས་དེས་ཉོན་མོངས་པ་འཇོམས་པས་དྲན་པའི་སྟོབས་ཞེས་བྱའོ། །ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། དྲན་པ་དང་བག་ཆགས་ཡོད་པས་ཉོན་མོངས་པས་མི་བརྫི་བ་དེ་ཉིད་གང་དུ་གནས་ཀྱང་འདུ་འཛི་ལས་དབེན་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་ལ་འཛིན་པའི་འདུ་ཤེས་མ་ཞུགས་ཤིང་། ཆོས་གང་ལའང་རྣམ་པར་མི་རྟོག་སྟེ། འདུ་འཛི་ལས་དབེན་པའི་སྟོབས་ཐོབ་པས་ན་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །ཤེས་རབ་ཀྱི་སྟོབས་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་སྟོབས་དེས་ཡོངས་སུ་ཤེས་ནས། འཇིག་རྟེན་པ་རྣམས་འཁོར་བ་ལས་སྒྲོལ་བ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ལས་བྱུང་བས་ན་ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་སྟོབས་ལྔ་ཞེས་བྱ་ཞེ་ན། དབང་པོ་ལྔ་བསྟན་ཞིང་དེའི་སྟོབས་རྒྱས་པས་ན་སྟོབས་(༢༦)ལྔ་ཞེས་བྱའོ་ཞེས་པ་དང་། བློ་གྲོས་འབྱུང་གནས་ཀྱི་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་འབྱུང་གནས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་པ་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། བློ་གྲོས་འབྱུང་གནས་གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་སྟེ། གང་དེ་ལ་ཆོས་ཐམས་ཅད་ངོ་བོ་མ་གྲུབ་པར་མཐོང་བ་དེ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས་གང་གི་དགེ་བ་དང་མི་དགེ་བ་དང་། །ལུང་དུ་མ་བསྟན་པ་ཡང་མ་གྲུབ་པའི་ཕྱིར། ཆོས་སུ་རྟོགས་པ་ཐམས་ཅད་གང་དུའང་མི་དམིགས་ཏེ། སྒྱུ་མ་ལྟ་བུ་ནི་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས། གང་གི་ཆོས་ཐམས་ཅད་འདུ་ཤེས་ཤིན་ཏུ་བཤིག་པའི་ཕྱིར་ཁམས་གསུམ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མི་ལེན་མི་འདོར་བས་ལམ་གྱི་མངོན་པར་རྟོགས་པ་འཛིན་པ་དང་བྲལ་བ་ལ། སྤྲོ་བ་དང་མི་རྟོག་པའི་མོས་པས་བརྩོན་པ་མི་འདོར་བ་འདི་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གང་དགའ་བ་དང་མི་དགའ་བ་ཐམས་ཅད་བཤིག་པའི་ཕྱིར། འདུ་བྱེད་ཀྱི་ཆོས་ཐམས་ཅད་ལ་དགའ་བ་མི་བསྐྱེད་པར་ཀུན་ནས་ཉོན་མོངས་པ་སེལ་བ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས། གང་གི་དམིགས་པར་འགྱུར་བའི་ཆོས་ཐམས་ཅད་རྡུལ་ཙམ་ཡང་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་ལུས་ཤིན་ཏུ་སྦྱོང་བ་དང་། སེམས་ཤིན་ཏུ་སྦྱངས་པས་སྒྲིབ་པ་མེད་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་སེམས་གནས་པ་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས། གང་གི་ཆོས་ཐམས་ཅད་ཀྱི་འཛིན་པ་རྣམ་པར་བཤིག་པའི་ཕྱིར་རམ། རྟོགས་པའི་ཕྱིར་སེམས་ནི་གང་ལ་ཡང་མི་དམིགས་ཏེ། གང་སེམས་མཉམ་པར་གཞག་ཅིང་ཆོས་ཐམས་ཅད་རྟོགས་པར་འགྱུར་གྱི། སེམས་མཉམ་པར་གཞག་པ་མ་ཡིན་དང་། སེམས་མཉམ་པར་གཞག་པས་འཚང་རྒྱ་ཡིས། མཉམ་པར་མ་བཞག་པས་མ་ཡིན་ནོ། །དེ་ལྟར་འཛིན་པ་དང་བྲལ་བར་མཉམ་པར་འཇོག་པ་དེ་ནི། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས། གང་གིས་ཆོས་ཐམས་ཅད་གང་ལ་ཡང་གནས་པར་མི་བྱེད། རྟེན་པར་མི་བྱེད། ཆགས་པར་མི་བྱེད། འཆིང་བར་མི་བྱེད། གང་ལ་ཡང་ཡིད་མི་བདེ་ཞིང་སྡུག་བསྔལ་མང་བ་ལ་སོགས་པའི་ཆོས་ཐམས་ཅད་ལ་སེམས་མི་འཛིན་ཏེ། འཇིག་རྟེན་གྱིས་སེམས་མི་འཕྲོགས་ཤིང་། དེས་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་བའི་བཏང་སྙོམས་ཅན་དུ་གྱུར་ནས་དགའ་བ་ཐོབ་པ་འདི་ནི། བཏང་(༢༧)སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བློ་གྲོས་འབྱུང་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དེ་ལྟར་བལྟ་བར་བྱའོ། །བློ་གྲོས་འབྱུང་གནས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ལམ་ཡན་ལག་བརྒྱད་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་འབྱུང་གནས་དེ་ལ་ཆོས་ཐམས་ཅད་མཉམ་པ་འདི་ནི་ཡང་དག་པའི་ལྟ་བ་སྟེ། དེ་ལ་བདག་ཏུ་ལྟ་བ་དང་། གང་ཟག་དང་། སེམས་ཅན་དང་། སྲོག་དང་། སྟོང་པ་ཉིད་དུ་བལྟ་བ་དང་། ལྟ་བ་ཡང་དག་པ་མི་བྱེད་དོ། །དེ་ལ་ལྟ་བའི་དམིགས་པ་ཆུང་ངུ་ནས་མྱ་ངན་ལས་འདས་པའི་བར་དང་། གང་ཡང་རབ་འབྲིང་ཐ་མའི་ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་ནི་ཡང་དག་པའི་ལྟ་བའོ། །བློ་གྲོས་འབྱུང་གནས། དེ་ལ་རྟོག་པ་གང་གིས་རྟོགས་པ་སྤངས་པར་འགྱུར་བ་དེ་ཡང་ཞི་གནས་ཀྱིས་བསྡུས་པའི་ལྷག་མཐོང་ལ་མཁས་ཏེ། དེ་ལ་ཆོས་བཟང་ངན་དུ་རྟོགས་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤང་བ་སྟེ། ཅིར་ཡང་མི་རྟོག་རྣམ་པར་མི་རྟོག །ཡོངས་སུ་མི་རྟོག་པ་འདི་ནི་ཡང་དག་པའི་རྟོག་པའོ། །བློ་གྲོས་འབྱུང་གནས། དེ་ལ་ཚིག་གིས་བདག་གཞན་ཐམས་ཅད་ལ་མི་གནོད་དེ། དེ་ལ་བདག་ཀྱང་ཉོན་མོངས་པར་མི་བྱེད། གཞན་ཡང་ཉོན་མོངས་པར་མི་བྱེད། ཚིག་གང་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ངེས་པར་སྟོན་པར་བྱེད་པ་འདི་ནི་ཡང་དག་པའི་ངག་གོ། །བློ་གྲོས་འབྱུང་གནས། དེ་ལ་ལས་གང་ཟད་ཅིང་མ་གྲུབ་པ་ནི་ལས་ཀྱི་མཐའོ། །དེ་ལས་ཉོན་མོངས་པ་ཞི་བར་འགྱུར་གྱི། ཉོན་མོངས་པ་འབར་བའི་ཕྱིར་མ་ཡིན་པ་དང་། ལས་གང་ཉོན་མོངས་པ་དང་འབྲལ་བར་འགྱུར་གྱི། ཉོན་མོངས་པ་བསྐྱེད་པའི་ཕྱིར་མ་ཡིན་པ་སྟེ། དཀར་བ་དང་། གནག་པ་དང་། འདྲེས་པའི་ལས་ཀྱི་མཐའ་ཐམས་ཅད་དང་བྲལ་ཞིང་། མ་གྲུབ་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །བློ་གྲོས་འབྱུང་གནས། དེ་ལ་ཉོན་མོངས་པས་མི་གོས་པ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ལ་འཚོ་བ་གང་བདག་ལ་མི་གནོད། གཞན་ལ་ཡང་མི་གནོད་པར་ཆོས་ཀྱི་དོན་རྫོགས་པར་འགྱུར་བ་འདི་ནི་ཡང་དག་པའི་འཚོ་བའོ། །བློ་གྲོས་འབྱུང་གནས། དེ་ལ་ཟབ་ཅིང་སྤྲོས་པ་དང་བྲལ་བ་འདུས་མ་བྱས་པའི་ཆོས་བསྒྲུབ་པ་ནི་ཡང་དག་པའི་རྩོལ་བ་སྟེ། དེ་ཕྱིར་སེམས་རབ་ཏུ་འཛིན་པ་དང་། འདུན་པ་དང་། བརྩོན་པ་དང་། མི་ཞུམ་པ་དང་། ཡང་དག་པའི་དོན་མངོན་དུ་བྱེད་པ་ནི་ཡང་དག་པའི་རྩོལ་བའོ། །བློ་གྲོས་འབྱུང་གནས། དེ་ལ་དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་ཀྱིས་གོ་སྐབས་མི་རྙེད་པའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་སེམས་དང་ཚད་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དྲན་པ་སྟེ། དྲན་པ་གང་གིས་བདུད་ཀྱིས་སྐབས་མི་རྙེད་པ་དང་། དྲན་པ་གང་གིས་ལམ་ལོག་པར་མི་འགྱུར་བ་དང་། དྲན་པ་སྒོ་བ་ལྟ་(༢༨)བུའི་སེམས་དང་སེམས་བྱུང་གི་མོས་པ་མི་དགེ་བ་ཐམས་ཅད་ཀྱིས་སྐབས་མི་རྙེད་པ་འདི་ནི་ཡང་དག་པའི་དྲན་པའོ། །བློ་གྲོས་འབྱུང་གནས་བདག་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དང་། བདག་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པ་དང་། བདག་སྟོང་པ་ཉིད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་སྙོམས་པར་འཇུག་ལ། ཡང་དག་པའི་ཏིང་ངེ་འཛིན་གང་གི་སེམས་སྐད་ཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །བློ་གྲོས་འབྱུང་གནས། བྱང་ཆུབ་སེམས་དཔའི་ལམ་ཡན་ལག་བརྒྱད་དེ་དེ་ལྟར་བལྟ་བར་བྱའོ་ཞེས་གསུངས་པས་སོ། །དེ་ལྟར་ལམ་གྱི་ཆོས་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་སྟེ། ཁྲི་བརྒྱད་སྟོང་པ་ལས། ལྷའི་བུ་དག་དྲན་པ་ཉེ་བར་གཞག་པ་རྣམས་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་མ་འདྲེས་པ་བཅོ་བརྒྱད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །དེ་ལ་ལམ་གྱི་ངོ་བོ་ནི་ཞི་ལྷག་ཟུང་འབྲེལ་གྱི་ཐབས་དང་རྟོགས་པ་ཁྱད་པར་ཅན་ཡིན་ཏེ། སྒྲིབ་པའི་གཉེན་པོ་དམ་པ་ཡིན་པའི་ཕྱིར་རོ། །སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱ་སྟེ། །ཞེས་པ་དང་། བཤེས་སྤྲིང་ལས། བསམ་གཏན་མེད་པ་ལ་ཡང་ཤེས་རབ་མེད། །ཤེས་རབ་མེད་པ་ལ་ཡང་བསམ་གཏན་མེད། །གང་ལ་གཉིས་པོ་ཡོད་པ་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་པ་བཞིན་ནོ། །དེ་ཡང་ཚོགས་སྦྱོར་ན་མོས་པས་སྤྱོད་པའི་ས་དེ། དོན་དམ་པའི་བདེན་པ་རྣམ་ཀུན་མཆོག་ལྡན་གྱིས་སྟོང་ཉིད་མོས་པས་འཇལ་ཞིང་། དབང་པོའི་སྒོ་བསྡམ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་བརྩོན་པས། ཞི་གནས་དང་ལྷག་མཐོང་གི་དོན་བསྒོམ་ཞིང་། ཐབས་ཤེས་རབ་ཟུང་འབྲེལ་ཁྱད་པར་ཅན་ལ་སློབ་པས། དང་པོ་ཚོགས་ལམ་གསུམ་རྫོགས་པའི་རྗེས་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་དེ་དང་མཐུན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། དྲོད་ཅེས་བརྗོད་པ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་རྫོགས་པ་ལས། ཉོན་མོངས་པར་རགས་པ་མགོ་ནོན་ཞིང་འཕགས་པའི་ཡེ་ཤེས་དང་པོ་སྐྱེ་བ་ལ་དངོས་(༢༩)སུ་ཕྱོགས་པའོ། །དེ་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་མཐོང་སྟེ་ཁམས་ཀྱི་ཕྱོགས་གཅིག་སྤང་བྱ་ཀུན་བརྟགས་གློ་བུར་བ་དག་པའི་དུས་སོ། །དེ་ལ་སྡུག་བསྔལ་ཀུན་འབྱུང་། ལམ་འགོག་པའི་བདེན་པ་རེ་རེ་བཞིན་ཆོས་ཤེས་པ་དང་། ཆོས་ཤེས་པ་ལ་བཟོད་པ་རྗེས་སུ་ཤེས་པ་དང་། རྗེས་སུ་ཤེས་པ་ལ་བཟོད་པ་སྟེ། བཞི་བཞི་བསྡོམས་པས་བཅུ་དྲུག་གོ། །ཆོས་ཤེས་པ་ནི་བདེན་བཞི་སོ་སོའི་ཆོས་ཅན་གྱི་རང་མཚན་མཐོང་བའོ། །ཆོས་ཤེས་པ་ལ་བཟོད་པ་ནི་རང་མཚན་མཐོང་བས་མི་སྐྲག་པའོ། །རྗེས་སུ་ཤེས་པ་ནི་བདེན་བཞི་སོ་སོའི་ཆོས་ཉིད་ཀྱི་རང་མཚན་སྟོང་ཉིད་དུ་མཐོང་བའོ། །རྗེས་སུ་ཤེས་པའི་བཟོད་པ་ནམ་མཁའ་མཐོང་བ་ལ་མི་སྐྲག་པའོ། །དེ་དག་བློ་རྫས་གཅིག་གིས་བདེན་བཞི་རང་བཞིན་སྣང་སྟོང་སྒྱུ་མ་ལྟ་བུར་བྱ་རྫོགས་ཀྱི་སྐད་ཅིག་ལ་མཐོང་ཚུལ་བཞི་བཞིར་འཆར་ཏེ། བདེན་བཞི་དོན་ལ་ཆོས་ཤེས་བཞི། ཆོས་བཟོད་བཞི། རྗེས་ཤེས་བཞི། རྗེས་བཟོད་བཞིའི་རིམ་པ་སོ་སོར་འཆར་བའི་ཕྱིར་རོ། །དེ་དག་ལ་མངོན་རྟོགས་རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཞེས་སོ། །

དེའི་དུས་སུ་མཐོང་སྤང་བརྒྱ་དང་བཅུ་གཉིས་སྤང་ཚུལ་ནི། ཀུན་བརྟགས་ཀྱི་ཉོན་མོངས་པ་དྲུག་ལ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ལྟ་བའོ། །ལྟ་བ་ལ་ལྔ་སྟེ། འཇིག་ཚོགས་ཀྱི་ལྟ་བ། མཐར་འཛིན། ལོག་ལྟ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན། ལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེ་ལ་མ་རིག་པ་ལ་སོགས་པ་ལྟ་བ་མ་ཡིན་པ་ལྔ་པོ་དེ་དང་བསྡོམས་པས་བཅུ། དེ་ལྟར་རྩ་བའི་ཉོན་མོངས་པ་བཅུ་པོ་དེ་འདོད་ཁམས་ན་བདེན་བཞི་རེ་རེ་ལ་བཅུ་བཅུ་བྱུང་བས་བཞི་བཅུ། གཟུགས་དང་གཟུགས་མེད་གཉིས་ན་ཁོང་ཁྲོ་མ་གཏོགས་པ་དགུ་དགུ་བདེན་བཞི་རེ་རེ་མ་བྱུང་བས། སུམ་ཅུ་རྩ་དྲུག་པ་གཉིས་ཏེ་བསྡོམས་པས་མཐོང་སྤངས་བརྒྱ་དང་བཅུ་གཉིས་པོ་སྤང་ཚུལ་ནི། མཐོང་ལམ་གྱི་ཡེ་ཤེས་སྐྱེ་འགྱུར་ལམ་གྱིས་རགས་པ་བརྒྱུད་ནས་སྤངས། སྐྱེ་བཞིན་པས་ཕྲ་བ་དངོས་སུ་སྤངས། སྐྱེས་དུས་ནས་མཐོང་སྤངས་ཀྱི་ས་བོན་མ་ལུས་པ་འགག་པའི་ཚུལ་གྱིས་སོ། །དེའི་འོག་ཏུ་སྒོམ་ལམ་ས་དགུའི་དྲི་མ་བཞི་བརྒྱ་དང་བཅུ་བཞི་ཡང་རང་རང་གི་སའི་སྦྱོར་བ་དང་། དངོས་དང་རྗེས་ལ་སྤང་སྟེ། སྒོམ་སྤང་གི་ཉོན་མོངས་པ་བག་ལ་ཉལ་བའི་ལྷན་སྐྱེས་ལས་ཕྱེ་ན་དྲུག་སྟེ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། འཇིག་ཚོགས་སུ་ལྟ་བ། མཐར་འཛིན་གྱི་ལྟ་བའོ། །འདོད་ཁམས་ན་ཉོན་མོངས་པ་དྲུག་པོ་རྣམས་རེ་རེ་ལའང། ཆེན་པོ། འབྲིང་། ཆུང་ངུ་གསུམ་གསུམ་ལས། དེ་ལའང་ཆེན་པོའི་ཆེན་པོ། འབྲིང་ཆུང་ངུ་། འབྲིང་གི་ཆེན་པོ། འབྲིང་ཆུང་ངུ་། ཆུང་(༣༠)ངུའི་ཆེན་པོ་འབྲིང་། ཆུང་ངུ་སྟེ། དགུ་དགུར་ཕྱེ་བས་དྲུག་ཚན་དགུ་སྟེ་ལྔ་བཅུ་རྩ་བཞི། གཟུགས་ཁམས་ན་བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ་རྣམས་སུ་ཁོང་ཁྲོ་བོར་ནས་ཉོན་མོངས་པ་ལྔ་པོ་རྣམས་ལ་ཆེ་འབྲིང་དགུ་དགུ་སྟེ། འདོད་ཆགས་ལ་སོགས་པ་བཞི་བཅུ་ཞེ་ལྔ་པ་ལྔ་བསྡོམས་པས་བརྒྱ་བརྒྱད་ཅུ། གཟུགས་མེད། ནམ་མཁའ། རྣམ་ཤེས། ཅི་ཡང་མེད་པ། སྲིད་རྩེ་བཞི་ལ་བརྒྱ་བརྒྱད་ཅུ་སྟེ། ཁམས་གོང་མའི་བརྒྱ་བརྒྱད་ཅུ་ཚན་གཉིས་ལ་སུམ་བརྒྱ་དྲུག་ཅུ། དེའི་སྟེང་དུ་འདོད་པའི་ལྔ་བཅུ་རྩ་བཞི་བསྣན་པས་སྒོམ་སྤང་བཞི་བརྒྱ་དང་བཅུ་བཞིའོ། །སྤང་ཚུལ་ཡང་། སྦྱོར་བ་དང་བར་ཆད་མེད་ལམ་གཉིས་ཀྱིས་ཉེ་རྒྱུ་དང་པོར་སྤོང་། ཁྱད་པར་ལམ་གྱིས་དངོས་སུ་སྤོང་། རྣམ་གྲོལ་གྱིས་ཐག་བསྲིང་དང་ཕྲ་བ་འགག་འགྱུར་གྱི་ཚུལ་གྱིས་སྤོང་ངོ་། །དེ་ཡང་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་གཙོ་བོ་ལ་ལྷག་མ་དགུ་འཁོར་དུ་ཡོད་དེ། དབུས་མཐའ་ལས། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་སོ། །ས་བཅུའི་ཡོན་ཏན་ཡང་། ཁྱེའུ་རབ་སྣང་གི་མདོ་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་ལྟས་ནི། འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དེ་དག་གིས་བྱིན་གྱིས་བརླབས་པར་ཡང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱར་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། སྔོན་གྱི་མཐའི་བསྐལ་པ་བརྒྱ་དང་། ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལའང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་ཡང་དག་པའི་བརྩོན་འགྲུས་རྩོམ་ཞིང་ཡོན་ཏན་དེ་སྙེད་དང་ལྡན་པའོ། །རིགས་ཀྱི་བུ་ས་གཉིས་པ་ལ་གནས་པ་ནི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཏིང་ངེ་འཛིན་སྟོང་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་ཁམས་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཞིང་སྟོང་སྣང་བར་བྱ་བ་དང་། སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་སྟོང་ལ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་རབ་ཏུ་འབྱེད་པ་དང་། ལུས་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་(༣༡)སྟོང་སྟོང་ཡང་དག་པར་རབ་ཏུ་སྟོན་ཏོ། །རིགས་ཀྱི་བུ་ས་གསུམ་པ་ལ་གནས་པ་ནི། སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་བརྒྱ་སྟོང་རབ་ཏུ་འཐོབ་བོ། །སངས་རྒྱས་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་རབ་ཏུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་བརྒྱ་སྟོང་དུ་སྙོམས་པར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་རབ་ཏུ་འབྱེད་པ་དང་། ལུས་བརྒྱ་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་ཡང་དག་པར་རབ་ཏུ་སྟོན་ཏོ། །རིགས་ཀྱི་བུ་ས་བཞི་པ་ལ་གནས་པས། སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཏུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་ཏུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་ཏུ་འབྱེད་པ་དང་། ལུས་ཁྲག་ཁྲིག་ཏུ་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་ཡང་དག་པར་སྟོན་ཏོ། །རིགས་ཀྱི་བུ་ས་ལྔ་པ་ལ་གནས་པས་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་སྟོང་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཁྲག་ཁྲིག་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་སྟོང་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་སྟོང་འབྱེད་པ་དང་། ལུས་ཁྲག་ཁྲིག་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་སྟོང་ཡོངས་སུ་རབ་ཏུ་སྟོན་ཏོ། །རིགས་ཀྱི་བུ་ས་དྲུག་པ་ལ་གནས་པས་འདོད་ན་སྐད་(༣༢)ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་བསྐྱོད་པ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་བརྒྱ་སྟོང་འབྱེད་པ་དང་། ལུས་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་ཡང་དག་པར་རབ་ཏུ་སྟོན་ཏོ། །རིགས་ཀྱི་བུ་ས་བདུན་པ་ལ་གནས་པས་འདོད་པ་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་དེ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་དེ་སྙེད་དང་། ཕྱི་མའི་མཐའི་བསྐལ་པ་ཇི་སྙེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་དེ་ཉིད་འབྱེད་པ་དང་། ལུས་དེ་སྙེད་སྟོན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་པར་སྟོན་ཏོ། །རིགས་ཀྱི་བུ་ས་བརྒྱད་པ་ལ་གནས་པར་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་ཐོབ་པ་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་སྟོང་སུམ་བརྒྱ་དྲུག་ཅུའི་རྡུལ་ཕྲ་རབས་སྙེད་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པར་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་སུམ་བརྒྱ་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་དུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་དེ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་དེ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་དེ་སྙེད་དང་། ཕྱི་མའི་མཐའི་བསྐལ་པ་དེ་སྙེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་དེ་སྙེད་འབྱེད་པ་དང་། ལུས་དེ་སྙེད་སྟོན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་སྟོང་སུམ་བརྒྱ་ཕྲག་བཅུའི་རྡུལ་ཕྲ་རབས་(༣༣)སྙེད་ཡང་དག་པར་རབ་ཏུ་སྟོན་ཏོ། །རིགས་ཀྱི་བུ་ས་དགུ་པ་ལ་གནས་པར་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་སྟོང་གྲངས་མེད་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་སྟོང་གྲངས་མེད་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་གྲངས་མེད་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་དུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་དེ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་དེ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་དེ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་དེ་སྙེད་དང་། ཕྱི་མའི་མཐའི་བསྐལ་པ་དེ་སྙེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་དེ་སྙེད་འབྱེད་པ་དང་། ལུས་དེ་སྙེད་སྟོན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབས་སྙེད་ཡང་དག་པར་སྟོན་ཏོ། །རིགས་ཀྱི་བུ་ས་བཅུ་པ་ལ་གནས་པར་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཚད་མེད་པའི་བཟོད་པ་ཐོབ་བོ། ཡང་དག་པར་འཛིན་ཏོ། །ཡང་དག་པར་སྟོན་ཏོ། །བདག་གིར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཆོས་ཀྱི་སྤྲིན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་ཁ་ཅིག་ས་ལམ་གྱི་ཡོན་ཏན་འདི་དག་རྨི་ལམ་སྤེལ་བསྒྱུར་ཙམ་ལ་ཟེར་གྱི་ཉིན་དུས་མེད་དེ། ཚངས་པ་ཀུན་དགའི་མདོ་ལས། ས་དང་ལམ་གྱི་ཡོན་ཏན་རྣམས། །རྨི་ལམ་སྐབས་ལས་རྟོགས་པར་བྱའོ། །ཞེས་ཟེར་བ་མི་འཐད་དེ། མདོ་དེ་ནི་ས་ལམ་གང་དུ་བགྲོད་པའི་རྨི་ལམ་ཁྱད་པར་ཅན་དེ་གསུངས་པ་དཔེ་དེས་ས་ཐོབ་པར་བསྟན་གྱི། ཉིན་དུས་ཡོན་ཏན་མེད་པར་བསྟན་པ་མ་ཡིན་ནོ། །ཡོན་ཏན་འདི་དག་ཉིན་མཚན་རྟག་པར་ཡོད་པ་ཡིན་ནོ། །འདི་དག་གི་ཚུལ་རྒྱས་པར་ནི་ཤིང་རྟ་ཆེན་པོར་བསྟན་པ་བཞིན་ཤེས་པར་བྱའོ། །ཐབས་ལམ་སྒྱུ་མ་བསྟན་ཟིན་ཏོ། །

ད་ནི་ཐབས་དེས་གྲུབ་པའི། ཡེ་ཤེས་སྒྱུ་མ་མཐར་ཕྱིན་མི་སློབ་ལམ། །རྒྱལ་བའི་སྐུ་གསུམ་ཕྲིན་ལས་ལྷུན་གྲུབ་སྟེ། །དག་པ་ཉིས་ལྡན་མངོན་དུ་གྱུར་པ་ཡིན། །ས་བཅུ་རྒྱུན་གྱི་མཐའ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་ངན་ལེན་གྱི་དྲི་མ་མཐའ་དག་བཅོམ་པའི་རྗེས་ལ། མངོན་པར་བྱང་ཆུབ་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་སྐུ་དག་པ་ཉིས་ལྡན་གྱི་ངང་ལས་གཟུགས་སྐུ་གཉིས་ལྷུན་གྲུབ་ཏུ་སྣང་བས་འཁོར་བ་ཇི་སྲིད་བར་དོན་མཛད་དེ། ཡེ་ཤེས་བླ་ན་མེད་པའི་རྒྱུད་ལས། འདུས་མ་(༣༤)བྱས་པའི་དབྱིངས་ཉིད་དང་། །ཡེ་ཤེས་གཉིས་སུ་མེད་པ་སྟེ། །ཉོན་མོངས་ཤེས་བྱ་ཡང་དག་པའི། །ཆོས་སྐུ་དག་པ་ཉིས་ལྡན་ཏེ། །མི་འགྱུར་མ་སྐྱེས་མཚན་མེད་པའི། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱི་སེམས་བསྐྱེད་བསོད་ནམས་ཆོས། །སྨོན་ལམ་བསྐྱེད་རིམ་རྒྱུ་རྐྱེན་ལས། །གཟུགས་སྐུ་གཉིས་ནི་རང་ཤར་འབྱུང་། །ཞེས་སོ། །འདིར་ཐུབ་པ་མཆོག་དང་སྦྱར་ནས་ཐེག་པ་ཆུང་ངུ་བས་སོ་སོའི་སྐྱེ་བོ་རང་རྒྱུད་པ་གཅིག་གི་སྐུ་ཚེ་དེ་ལ་ལམ་ལྔ་མངོན་དུ་བྱས་ནས་རྡོ་རྗེ་གདན་དུ་སངས་རྒྱས་པར་འདོད་དེ། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔལ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །ཐེག་ཆེན་ལས། མཚན་ཉིད་ཐེག་ཆེན་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་དུས་སུ་སངས་རྒྱས་ཟིན་ཅིང་། འདིར་སེམས་ཅན་གྱི་དོན་དུ་སངས་རྒྱ་བར་སྟོན་པ་འདོད་དེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་འདས་པའི་སྔོན་རོལ་དུ་སངས་རྒྱས་སོ་ཞེས་པ་དང་། ཡབ་སྲས་མཇལ་བ་ལས། ང་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་དཔག་ཏུ་མེད་པ་འདས་པའི་དུས་ན། སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བ་སངས་རྒྱས་སོ་ཞེས་སོ། །གསང་སྔགས་རྣལ་འབྱོར་གྱི་ལུགས་ཀྱི་རྒྱལ་བུ་དོན་གྲུབ་འོག་མིན་དུ་བྱོན་པ་དང་། ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་མངོན་བྱང་ལྔས་སངས་རྒྱ་བར་འདོད་དོ། །རྣལ་འབྱོར་བླ་མེད་རྒྱུད་ལས་ནི། འོག་མིན་དུ་རྣམ་སྣང་རྡོ་རྗེ་འཆང་ཆེན་པོ་ལ་དབང་ཞུས་ནས་དེར་སངས་རྒྱས་པའི་སྤྲུལ་པ་འཛམ་བུའི་གླིང་འདིར་སངས་རྒྱ་བར་འདོད་དོ། །ཟླ་གསང་ཐིག་ལེ་ལས། གཙང་མའི་རིགས་དག་སྤངས་པ་ཡིས། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་པ་དང་། འདུས་པ་དོན་ཡོད་པའི་རྒྱུད་ལས། གསང་བའི་གནས་མཆོག་འོག་མིན་དམ་པར་ནི། །བྱང་ཆུབ་སེམས་དཔའི་མཚོ་ཆེན་དབང་ཕྱུག་དེས། །ཆོས་ཀྱི་ཕོ་བྲང་དེར་ནི་དབང་བསྐུར་བས། །ཀུན་ཏུ་བཟང་པོ་རྡོ་རྗེ་དབྱིངས་ཀྱི་སྐུར། །བྱང་ཆུབ་སེམས་ཀྱི་རྡོ་རྗེར་བྱིན་གྱིས་བརླབས། །དེ་ཉིད་དུ་ནི་མངོན་པར་བྱང་ཆུབ་པས། །བླ་མེད་སྙིང་པོའི་རྡོ་རྗེ་འཆང་དུ་གྱུར། །རང་བྱུང་བདེ་བ་ཆེན་པོར་མངོན་སངས་རྒྱས། །ཞེས་སོ། །མ་རྒྱུད་པ་ནི། ཁྲག་ཆེན་གྱི་སངས་རྒྱས་བཅུ་གཅིག་དེ་འོག་མིན་གྱི་གནས་རྡོ་རྗེ་བཙུན་མོའི་གཞལ་ཡས་དབུས་སུ་དབང་བཞི་རྫོགས་ཞུས་ནས་བུད་མེད་མཆོག་ལ་བརྟེན་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་བོ། །རབ་ཏུ་མི་གནས་པའི་རྒྱུད་ལས། བཅུ་གཅིག་སངས་(༣༥)རྒྱས་རྣམས་ཀྱིས་ཀྱང་། །བུད་མེད་ཕྱག་རྒྱ་བརྟེན་བྱས་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། །ཅེས་སོ། །དེ་དག་ཀྱང་ཐེག་པ་ཕྱོགས་རེའི་ཆ་ཙམ་སྟེ། འདིར་དཔལ་གཉིས་སུ་མེད་པའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལུགས་ཀྱིས། སློབ་ལམ་རྫོགས་པའི་རྗེས་ལ། ཁམས་ཀྱི་སྒྲིབ་པ་སྤྲིན་དང་འདྲ་བ་མཐའ་དག་སྤངས་ནས། ཁམས་དེ་དང་བྱང་ཆུབ་ཅེས་ཡོན་ཏན་ཅི་ཡིན་པ་སངས་རྒྱས་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་དོན་གཉིས་རྫོགས་པར་འདོད་དེ། སྒྱུ་འཕྲུལ་རྒྱས་པ་ལས། དྲི་མེད་དག་པའི་བྱང་ཆུབ་ནི། །འགྱུར་བ་མེད་ལས་དྲི་བྲལ་བ། །ཡོན་ཏན་རྫོགས་པའི་རང་གཟུགས་ཏེ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ། །ཅེས་པ་དང་། གསང་སྙིང་ལས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་སོ། །གང་དུའང་སངས་རྒྱས་པའི་འོག་མིན་དེ་གང་ན་ཡོད་ཅེ་ན། ཁ་ཅིག་དེ་གཙང་མ་རིས་ཀྱི་འོག་མིན་དུ་འདོད་པ་ཡང་མི་འཐད་དེ། གཙང་མའི་གནས་དག་སྤངས་པས་གནོད་དོ། །ཁ་ཅིག་གཙང་མའི་འོག་མིན་ལས་གྲོང་ལས་དགོན་པའི་ཚོད་ཙམ་ཞེས་པའང་མི་འཐད་དེ། ཕྱོགས་དང་རྒྱ་ཁྱོན་ཚད་མེད་པའི། །ཞེས་པས་གནོད་དོ། །འདིར་ནི་ཐོག་མ་སངས་རྒྱས་པའི་རང་སྣང་དག་པ་དེ་རིག་པའི་འོག་མིན་ཡིན་པས་སྐུ་དང་ཡེ་ཤེས་དབྱིངས་གཅིག་ཏུ་བརྙེས་པ་དེར་བཤད་དེ། ཡེ་ཤེས་བླ་ན་མེད་པའི་རྒྱུད་ལས། སེམས་ཉིད་བདེ་ཆེན་ལྷན་ཅིག་སྐྱེས། །འོག་མིན་གཙང་མའི་གནས་མཆོག་གོ། །ཞེས་པ་དང་། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེན་པར་གྱུར་ལ་བདག་སྨྲ་འོ། །ཞེས་པ་ལྟར་རོ། །དེའི་ངང་ལ་གཟུགས་སྐུ་རིགས་ལྔ་སེམས་དཔའ་ལ་སྣང་བ་ནི། རྣམ་སྣང་གང་ཆེན་མཚོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བསྟེན་ཞིང་། འཁོར་ས་བཅུ་པས་བསྐོར་བའི་གནས་ནི་རྒྱན་སྟུག་པོ་བཀོད་པ་སྟེ། འཇིག་མེད་རྒྱུན་གྱི་འཁོར་ལོར་སྣང་བ་ནི། འཕགས་པ་སར་གནས་ཀྱི་སྣང་བ་དག་པའི་ཕྱིར་འཕོ་འགྱུར་གྱི་འཁྲུལ་སྣང་མེད་ལ། དེ་ནང་དུ་ཚུད་པའི་ཞིང་ཁམས་ཆུང་ངུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་ནི་ཆགས་འཇིག་ཏུ་སྣང་སྟེ། སེམས་ཅན་གྱི་རང་སྣང་སྐྱེ་འཇིག་ཏུ་སྣང་བའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། ཞིང་དེ་མི་འཇིག་ན་དེ་ཡང་མི་འཇིག་པར་རིགས་ཏེ། འདི་ཡང་དེའི་ཞིང་དུ་བཤད་པ་དང་། གཉིས་ཀ་འཇིག་རྟེན་དུ་བཤད་པའི་ཕྱིར་རོ་ཞེ་ན། ལན་ནི་ཁྱེད་ཀྱིས་རྟེན་དང་བརྟེན་པའི་ཁྱད་པར་མ་ཕྱེད་པ་དང་། སྣང་བ་སོ་སོ་མ་ཕྱེད་པ་རེ་མཚར། རྟེན་གཞི་མི་འཇིག་པར་བརྗོད་ཀྱི། བརྟེན་པ་འཇིག་ཅེས་བྱ་བ་ལ། སྣང་བ་སོ་སོ་ལ་འཇིག་མི་འཇིག་ཏུ་འཐད་པས། དེའི་འཇིག་རྟེན་འཇིག་མི་འཇིག་ཏུ་བཤད་དེ། སེམས་ཅན་སྐྱེ་འཇིག་ལ་ཞེན་པའི་སྣང་བ་དང་། འཕགས་པ་སྐྱེ་འཇིག་མེད་པའི་མཐོང་བའི་(༣༦)ཁྱད་ཀྱིས་ཕྱེ་བ་ཡིན་ནོ། །གཉིས་ཀ་འཇིག་རྟེན་དུ་རྫོགས་པའང། རྟེན་དང་བརྟེན་པའི་ཆ་ལས། རྟེན་གཞི་མི་འཇིག་ཀྱང་བརྟེན་པ་འཇིག་པའི་ཕྱོགས་ནས་དེ་སྐད་རྟོགས་པ་ཙམ་ལས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བའི་འཇིག་རྟེན་ཞེས་བྱ་བ་འགྱུར་རོ། །རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་ཞིང་། །སྟུག་པའི་ཞིང་ཁམས་འཇིག་མེད་པ། །དེ་ནས་སངས་རྒྱས་རྣམས་ཀྱིས་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ལོངས་སྤྱོད་རྫོགས་པ་དང་། ཆོས་དང་སྤྲུལ་པའི་སྐུ་གསུམ་ངོ་བོ་དབྱེར་མེད་ཅིང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་བསམ་གྱི་མི་ཁྱབ་པའི་ཡོན་ཏན་མངའ་བ་དེ་ནི་ཡེ་ཤེས་སྒྱུ་མ་ཞེས་བྱ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། བདེ་གཤེགས་རྣམས་ཀྱི་སྐུ་དེ་ནི། །ཡེ་ཤེས་སྒྱུ་མར་མི་གཡོ་གསལ། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པ་བསྟེན་པའི་མདོ་ལས། ནམ་མཁའ་ས་གཞི་གང་ཡིན་པ། །སྐྲ་རྩེས་གཞལ་བར་ནུས་སྲིད་ཀྱི། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་གྲངས་མེད་བརྗོད་མི་ནུས། །དཔག་ཅིང་བརྗོད་པའི་ཡུལ་ལས་འདས། །དེ་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཞེས་སོ། །དེ་ལྟར་སྒྱུ་མ་བཞི་ཉེ་བར་མཚོན་པ། དཔེ་ཡི་སྒྱུ་མ་རྟེན་འབྲེལ་སྒྱུ་མ་སྟེ། །རྫས་སྔགས་དག་ལས་སྣང་བའི་གཟུགས་བརྙན་བཞིན། །བདེན་མེད་ཉིད་དུ་ཆོས་ཀུན་གཏན་ལ་འབེབས། །འདི་དག་སྒྱུ་འཕྲུལ་དྲྭ་བའི་ཚུལ་ལས་ནི། །དེ་ལ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ནི། དཔེ་རིག་སྔགས་དང་སྦྱར་བའི་ཤིང་བུ་རྡེའུ་རྟ་གླང་དུ་སྣང་བ་ལྟར་རྒྱུ་རྐྱེན་ནང་མཐུན་གྱི་རྟེན་འབྲེལ་ཙམ་དུ་ཤེས་པར་བྱ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྒྱུ་མ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་ཡོད་པ་མ་ཡིན་ནོ་ཞེས་སོ། །ཚུལ་འདི་དག་དཔལ་གཉིས་སུ་མེད་པའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལས། ཆོས་རྣམས་ཐམས་ཅད་སྒྱུ་མ་སྟེ། །རང་བཞིན་ཐབས་དང་ཡེ་ཤེས་དང་། །མ་དག་སྒྱུ་མ་རྣམ་པ་བཞི། །རང་བྱུང་ཡེ་ཤེས་དབྱིངས་ནས་གསལ། །ཅེས་སོ། །

དེ་ཐམས་ཅད་སྒྱུ་མ་མཐའ་བྲལ་དུ་བསྟན་པ་ནི། ཇི་ལྟར་རྫས་དང་རིག་སྔགས་འདུས་པ་ལས། །གཞན་དུ་སྣང་བ་འཁྲུལ་པར་ཤེས་པ་ལྟར། །འགྲོ་བའི་འཁྲུལ་སྣང་དོན་ལ་མེད་པ་སྟེ། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་སྣང་བ་ཙམ། །སྣང་དུས་ཉིད་ནས་སྟོང་ལ་ངོས་གཟུང་མེད། །ཡོད་མེད་མཐའ་ལས་འདས་པར་ཤེས་པར་བྱ། །རིག་སྔགས་བཟླས་པས་ཤིང་བུ་རྡེའུ་རྟ་གླང་དུ་སྣང་དུས། ཤིང་བུ་རྡེའུ་མི་སྣང་བར་རྟ་གླང་སྣང་བ་དེ་འཛིན་ན་འཁྲུལ་པར་འཛིན་པ་ལྟར། འཁོར་བའི་སྣང་བ་ཐམས་ཅད་དེ་དང་འདྲ་སྟེ། རང་སྣང་འདི་ཡང་རྡུལ་ཕྲན་ཆ་མེད་ལས་ཡོད་ཡོད་ལྟར་སྣང་བས་དོན་ལ་མེད་པ་གསལ་སྣང་སྟེ་ཆ་མེད་ནི་སྣང་མི་སྲིད། ཆ་མེད་ལས་(༣༧)མ་གཏོགས་པའི་རགས་པ་རྩོམ་བྱེད་མེད་པའི་ཕྱིར་འཁྲུལ་པ་ཁོ་ནའོ། །དེ་བཞིན་སྤང་ལེབ་དང་། རྡོ་དང་ས་དང་ཆུ་ལ་སོགས་པ་ཁང་པ་མ་ཡིན་པ་དུ་མ་འདུས་པ་ལས། ཁང་པར་སྣང་བ་ཡང་རྡུལ་ཕྲན་ལ་ངོ་བོ་ལ་ལྟོས་ནས་སྣང་མི་རུང་བ་ལྟ་བུ་སྣང་བའི་ཕྱིར་འཁྲུལ་སྣང་ཁོ་ནའོ། །དེ་བཞིན་དུ་གཉེན་དང་དགའ་བ་དང་། དགྲ་དང་མི་དགའ་བ་དང་། གཏམ་སྨྲ་བ་དང་། སེམས་པ་དང་། བྱེད་སྤྱོད་ཐམས་ཅད་ལ་བརྟགས་ན་མེད་ལ། མ་བརྟགས་ན་སྣང་བའི་ཕྱིར་འཁྲུལ་སྣང་མེད་པ་གསལ་བ་ཙམ་སྟེ། དེ་ཡང་དཔྱད་ན་ནམ་མཁའ་བཞིན་དུ་དངོས་པོ་མེད་པའི་ཕྱིར་རོ། །སྒྱུ་མ་མཐའ་བྲལ་སྟོང་པའི་གཟུགས་བརྙན་ཙམ་དུ་ཤེས་པར་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་མདོ་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། རང་བཞིན་གྱིས་ནི་མ་སྐྱེས་པ། །སྟོང་དང་དངོས་པོ་མཚན་མ་མེད། བསམ་མེད་བརྗོད་པ་ཀུན་ལས་འདས། ཞེས་སོ། །ཐམས་ཅད་སྒྱུ་མའི་རོལ་པར་བསྟན་པ་ནི། སྒྱུ་མའི་ཡུལ་དང་སྒྱུ་མའི་གྲོང་ཁྱེར་དང་། །སྒྱུ་མའི་སྐྱེ་བོ་སྒྱུ་མའི་ལོངས་སྤྱོད་དང་། །སྒྱུ་མའི་བདེ་སྡུག་སྒྱུ་མའི་སྐྱེ་འཇིག་དང་། །སྒྱུ་མའི་བདེན་རྫུན་ཇི་ལྟར་སྣང་བ་ལྟར། །འགྲོ་དྲུག་སྣང་བ་དེ་ལྟར་ཤེས་པར་བྱ། །སྒྱུ་མ་མཁན་གྱི་སྤྲུལ་པའི་ཡུལ་དང་། སྐྱེ་བོ་དང་བདེ་སྡུག་དང་སྐྱེ་འཇིག་དང་། འགྲོ་འོང་དང་འགྲོ་དྲུག་སོ་སོའི་གནས་དང་། ལོངས་སྤྱོད་དང་སྣང་བ་དང་དགྲ་གཉེན་ཐམས་ཅད་དེ་ལྟར་ཤེས་པར་བྱ་སྟེ། གོ་རིམས་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །གསལ་བར་སྣང་ལ་རང་བཞིན་མེད། །སྒྱུ་མ་རྨི་ལམ་ཇི་བཞིན་ནོ། །ཞེས་སོ། །ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཆོས་མཚུངས་པ་ཡང་། གདོད་ནས་དག་པས་སྒྱུ་མ་ལྟ་བུ་ལ། མེད་བཞིན་སྣང་བས་སྒྱུ་མ་ཉིད་དང་མཚུངས། །རྐྱེན་ལས་སྐྱེས་ཕྱིར་སྒྱུ་མ་དང་འདྲ་ཞིང་། །བསླུ་ཞིང་འཇིག་པ་སྒྱུ་མ་ལྟ་བུ་ཞེས། །འཁོར་བའི་འཁྲུལ་སྣང་སྒྱུ་མར་གཏན་ལ་ཕབ། །འདི་ལྟར་སྣོད་བཅུད་དུ་སྣང་བའི་ས་ཆུ་མེ་རླུང་དང་། སེམས་ཀྱི་སྣང་བ་ཐམས་ཅད་གདོད་མ་ནས་དག་པས་ཀྱང་སྒྱུ་མ་ལྟ་བུའོ། །སྒྱུ་མའི་རྟ་གླང་དེ་ཡང་ཤིང་བུ་རྡེའུ་ཙམ་ལས་རྟ་གླང་གིས་སྟོང་པ་བཞིན། འཁྲུལ་སྣང་ཡང་གཞི་མེད་རིག་པ་རང་སྣང་ཙམ་ལས་དོན་ལ་མ་གྲུབ་པ་ཡིན་ནོ། །སྒྱུ་མའི་རང་དུས་ནས་རྟ་གླང་མེད་ཀྱང་ཡོད་པ་ལྟར་སྣང་བ་བཞིན་ནོ། །སྣ་ཚོགས་ཀྱི་ཆོས་སུ་སྣང་དུས་ནས་གྲུབ་མ་མྱོང་བས་ཀྱང་སྒྱུ་མ་དང་འདྲའོ། །རིག་སྔགས་ཀྱི་རྐྱེན་དང་ཤིང་བུ་རྡེའུའི་རྒྱུ་ཙམ་ཚོགས་པས་རྟ་གླང་དུ་སྣང་བ་ལྟར། ལས་ཐ་དད་ཀྱི་རྐྱེན་གཟུང་འཛིན་དབང་གིས་རྒྱུ་མ་རིག་པ་ལ་སོགས་པས་འགྲོ་དྲུག་ཐ་དད་དུ་འཁོར་ཞིང་སྣང་ཚུལ་དུ་མ་ལ་སྤྱོད་པས་ཀྱང་སྒྱུ་མ་དང་འདྲའོ། །རིག་སྔགས་ཀྱིས་མིག་འཁྲུལ་ཏེ། ཤིང་བུ་རྡེའུ་རྟ་གླང་དུ་སྣང་བས་སེམས་འཁྲུལ་པར་བྱེད་པ་བཞིན་དུ། གཟུགས་སྒྲ་དྲི་རོ་རེག་ལ་སོགས་པར་སྣང་(༣༨)བས་སེམས་བསླུ་བའི་ཕྱིར་འཁྲུལ་སྣང་སྒྱུ་མའི་རྣམ་པ་དང་འདྲ་བར་རྟོགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ཡང་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པར་གདམས་པ་ནི། འདི་ལྟར་འགྲོ་དྲུག་སྒྱུ་མའི་རང་བཞིན་དུ། །དོན་ལ་གནས་ཀྱང་དེ་ལྟར་མ་རྟོགས་པས། །མཐའ་མེད་འཁོར་བའི་གྲོང་འདིར་རྒྱུན་དུ་འཁྱམས། །བདེ་སྡུག་ལས་ཀྱིས་མནར་བས་སྙིང་རེ་རྗེ། །འཁྲུལ་སྣང་སྒྱུ་མར་སོམས་ཤིག་སྐྱེ་བོ་དག །སྣ་ཚོགས་ཀྱི་འཁོར་བ་སྒྱུ་མའི་རང་བཞིན་དུ་ཡེ་ནས་གནས་ཀྱང་། མ་རིག་པ་བདག་ཏུ་འཛིན་པའི་ལྟ་བས་མེད་པ་གསལ་སྣང་རྫུན་པའི་ངོ་བོར་མ་རྟོགས་ཤིང་བདེན་པར་ཞེན་པས། འཁོར་བ་ཐོག་མཐའ་མེད་པའི་གྲོང་ཁྱེར་མཐའ་ཡས་པར་འཁྱམས་ཏེ། སོ་སོའི་ལས་ཀྱིས་འཁྲུལ་སྣང་སྣ་ཚོགས་ལ་སྤྱོད་པ་རྣམས། སྙིང་རྗེའི་ཡུལ་དུ་འཕགས་པ་རྣམས་ཀྱིས་གཟིགས་པའི་ཕྱིར། འཁོར་བ་སྒྱུ་མ་དང་འདྲ་བའི་རང་བཞིན་ལ་ཀུན་རྫོབ་རྒྱུའི་སྙིང་རྗེ་སྦྱང་བར་བྱའོ། །མདོ་སྡེ་རྒྱན་ལས། རབ་འབར་དགྲ་ཡི་དབང་དུ་སོང་། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་པ་བཞིན། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་བརྩེའོ། །ཞེས་པ་བཞིན་ནོ། །ཉོན་མོངས་པ་མེ་ལྟར་འབར་བ་དང་། བདུད་ཀྱིས་བར་དུ་གཅོད་པ་དང་། ཉོན་མོངས་པ་དང་ལྟ་བའི་འཆིང་བ་མི་བཟད་པས་འཆིངས་པ་མུ་སྟེགས་བྱེད་ལ་སོགས་པ་དང་། བསམ་གཏན་གྱི་རོ་ལ་ཆགས་པ་དང་། ཉན་རང་དང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སྟེ། སྙིང་རྗེའི་གནས་སུ་འཕགས་པ་རྣམས་ཀྱིས་གཟིགས་པའོ། །རྟོགས་པ་རྣམས་ཀྱིས་རྩལ་སྦྱངས་པའི་གཞིར་གདམས་པ་ནི། གང་ནས་མ་བྱུང་གང་དུ་མ་སོང་ཞིང་། །གར་ཡང་མི་གནས་ཆོས་ཀུན་ཆོས་ཉིད་དང་། །རང་བཞིན་གདོད་ནས་དག་པའི་སྒྱུ་མ་རུ། །སྐལ་བཟང་རྣམས་ཀྱིས་ལྟ་བས་ཐག་ཆོད་ཅིག །ཆོས་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་མེད་པས་ཇི་ལྟར་སྣང་བཞིན་པའི་དུས་ཉིད་ནས་རང་བཞིན་མེད་པ་སྟོང་པ་ཉིད་ཀྱི་རོལ་པར་མཁས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། འོད་རིམ་ལས། དབང་པོ་ངོ་བོ་ཉིད་མེད་པའི། །སྒྱུ་མ་དེ་ཡང་སྟོང་པ་ཉིད། །ཅེས་སོ། །ཐམས་ཅད་སྒྱུ་མ་རང་སྣང་དུ་བཤད་པ་ནི། སེམས་ཅན་རང་བཞིན་སྒྱུ་མ་ལྟ་བུ་ལ། །བྱང་ཆུབ་རང་བཞིན་སྒྱུ་མའི་ངང་ཉིད་དེ། །འཁོར་འདས་གཉིས་མེད་སྒྱུ་མའི་རོལ་པ་རུ། །སྐལ་བཟང་རྣམས་ཀྱིས་དེ་རིང་ཤེས་པར་བྱ། །སེམས་ཅན་དུ་སྣང་བ་ཡང་སྒྱུ་མ་ལྟ་བུ་ལ། སངས་རྒྱས་སུ་སྣང་བ་ཡང་སྒྱུ་མ་ལྟ་བུ་སྟེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་དོན་སྣང་ཡང་གཤིས་རིག་པའི་རང་ངོ་ལ་མ་གྲུབ་པ་སྒྱུ་མའི་རོལ་པར་རང་སྣང་བ་ཙམ་དུ་ཤེས་པར་བྱ་སྟེ། ཁྲི་བརྒྱད་སྟོང་པ་ལས། ལྷའི་བུ་དག་འཁོར་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་(༣༩)པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །སྒྱུ་མ་གཉིས་མེད་དུ་ཐག་བཅད་པ་ནི། རྒྱལ་བས་ཆོས་ཀུན་སྒྱུ་མ་ཉིད་ལས་གཞན། །རྡུལ་ཙམ་དམིགས་སུ་མེད་ཅེས་གསུངས་པ་བཞིན། །གང་ཡང་བདེན་མེད་སྒྱུ་མའི་ཆོས་ཉིད་དུ། །ཐར་པ་འདོད་པ་དག་གིས་ཤེས་པར་བྱ། །ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ལས་གཞན་དུ་གྲུབ་པ་ཅི་ཡང་མེད་དེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་སྟེ། གང་ཆོས་སུ་སྣང་བ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་བྱའི། ཆོས་ཀྱང་གཞན་ལ། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡང་གཞན་ནོ་ཞེས་པར་མི་བྱ་སྟེ། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་སོ། །སྒྱུ་མའི་རྣམ་གྲངས་བསྡུ་བ་ལས། རྣམ་གྲོལ་སྒྱུ་མ་ནི། སྒྱུ་མའི་ཚུལ་ཡང་འདི་ལྟར་རིག་པར་བྱ། །བྱང་ཆུབ་སྒྱུ་མ་ལྷུན་གྲུབ་འཕོ་འགྱུར་མེད། །མི་བསླུ་ཁྱབ་བདག་རྟག་ཏུ་ནམ་མཁའ་དང་། །ཉི་བཞིན་ནོར་བུ་ལྟ་བུར་རེ་བ་སྐོང་། །མཐའ་ཡས་ཡོན་ཏན་ཕྲིན་ལན་རྫོགས་པར་རོལ། །དག་གསལ་སྤྲོས་དང་བྲལ་བའི་རང་བཞིན་ནོ། །དབྱིངས་ངོ་བོ་ཉིད་ཀྱིས་དག་པ་ལ་གློ་བུར་གྱི་དྲི་མ་ཐམས་ཅད་དག་པ་ན། དག་པ་གཉིས་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། དེའི་ངང་ལས་གཟུགས་སྐུ་རང་ཤར་བ་ནི། བྱང་ཆུབ་སྒྱུ་མ་ཞེས་བྱ་སྟེ། སྒྱུ་མ་ལྟ་བུའི་མདོ་ལས། བྱང་ཆུབ་སྒྱུ་མའི་རང་བཞིན་ཏེ། །ཡེ་ཤེས་ཀྱང་ནི་སྒྱུ་མ་བཞིན། །དངོས་དང་དངོས་པོ་མེད་ཞི་བ། །རྡུལ་བྲལ་དཔེ་ལས་འདས་པ་ཡིན། །ཅེས་སོ། །སྣ་ཚོགས་སྒྱུ་མ་ནི། འཁོར་བའི་སྒྱུ་མ་མི་བདེན་བསླུ་བ་སྟེ། །མཚན་ཉིད་ཆད་ལ་མེད་སྣང་སྒྱུ་མ་བཞིན། །འཁྲུལ་རྟོག་དག་ཚེ་འཁྲུལ་སྣང་དབྱིངས་སུ་ནུབ། །རིག་སྔགས་བཤིག་ལས་རྟ་གླང་མི་སྣང་བཞིན། །མ་དག་འཁྲུལ་སྣང་གཟུང་འཛིན་གདོད་མར་གྲོལ། །དག་པས་སྟོང་ལ་ངོ་བོ་མེད་པ་ཡིན། །སྒྱུ་མའི་རྟ་གླང་རིག་སྔགས་བཤིག་པ་ལས་རང་ལོག་པ་ལྟར། འཁྲུལ་སྣང་སྒྱུ་མ་ཡང་མ་རིག་པ་དང་གཟུང་འཛིན་དུ་ཞེན་པའི་རྟོག་པ་དག་པའི་ཚེ། སྣང་ཡུལ་འཁྲུལ་པ་དང་བཅས་པ་ཐམས་ཅད་རང་ལོག་པ་ལ་དབྱིངས་སུ་ནུབ་པ་ཞེས་བྱ་སྟེ། རྟ་གླང་དུ་སྣང་བ་ནུབ་པ་བཞིན་ནོ། །དེའི་ཕྱིར་འཁྲུལ་སྣང་རང་གི་མཚན་ཉིད་ཆད་པ་སྒྱུ་མའི་སྣང་བ་ལྟར་ངོ་བོ་ཉིད་མེད་པ་ཡིན་ནོ། །འཁོར་འདས་ཀྱི་དབྱིངས་སྒྱུ་མ་ནི། གཤིས་ཀྱི་སྒྱུ་མ་ཆོས་ཉིད་འཕོ་འགྱུར་མེད། །དག་དང་མ་དག་ཀུན་གྱི་ཆོས་ཉིད་དེ། །རྫ་སྣོད་གསེར་སྣོད་ནང་གི་མཁའ་དབྱིངས་བཞིན། །སྣོད་དང་སྣོད་ཆག་རྐྱེན་གྱིས་འཕེལ་འགྲིབ་མེད། །དེ་བཞིན་འཁྲུལ་དང་གྲོལ་བའི་རང་དུས་ཀྱིས། །ཆོས་ཉིད་འཕེལ་འགྲིབ་བཟང་ངན་མེད་པར་གནས། །འདི་ནི་གནས་ལུགས་དོན་གྱི་དགོངས་པ་སྟེ། །དེ་ལྟར་ཤེས་ན་སྐྱེ་བོ་(༤༠)མཁས་པ་ཡིན། །ཆོས་ཉིད་གཤིས་ཀྱི་སྒྱུ་མ་ནི། རིག་པ་བྱང་ཆུབ་ཀྱི་སེམས་ཏེ། དག་པ་སངས་རྒྱས་ཀྱི་དུས་དང་། མ་དག་པ་འཁོར་བའི་དུས་ཀྱི་འཁྲུལ་སྣང་དང་འཁྲུལ་རྟོག་ཐམས་ཅད་མ་རིག་པས་མ་ཁྱབ་པ་མེད་པ་ནི། བཟང་པོར་རྟོག་ཀྱང་རིག་པ། ངན་པར་རྟོག་ཀྱང་རིག་པ། སྣ་ཚོགས་སུ་སྣང་ཡང་རིག་པ་ལ་སྣང་བ་ལས་གཞན་མེད་པས། རིག་པ་ཐམས་ཅད་ཆོས་ཉིད་དུ་ཁྱབ་པ་ནི། དཔེར་ན་རྫ་སྣོད་ནའང་ནམ་མཁའ། གསེར་སྣོད་ནའང་ནམ་མཁའ། སྣོད་བཟང་ངན་དུ་སྣང་ཡང་དེའི་ནང་གི་ནམ་མཁའ་བཟང་ངན་མེད་པ་ལྟར། འཁོར་འདས་བཟང་ངན་དུ་སྣང་ཡང་། སྣང་བ་རིག་པ་ལ་བཟང་ངན་མེད་པར་ཤེས་པར་བྱ་སྟེ། མདོ་སྡེ་རྒྱན་ལས། སྣོད་ཀྱི་དབྱེ་བས་ནམ་མཁའ་རྗེས་སོང་ལྟར། །དེ་བཞིན་ཆོས་ཉིད་རྗེས་སུ་སོང་བར་འདོད། །ཅེས་སོ། །འདི་ལྟར་རྟོགས་ན་ཐམས་ཅད་ཀྱི་དངོས་གཞིར་རིག་པ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པ་མཐོང་བས། སྤོང་ལེན་དང་དགག་སྒྲུབ་མེད་པའི་ཆོས་ཉིད་རང་བཞིན་གྱིས་འབྱོང་བའི་ཕྱིར་མཁས་པ་ཆེན་པོ་ཞེས་བྱའོ། །དེའང་སྣོད་མ་ཆག་པས་ནམ་མཁའ་འཕེལ་བ་མེད་ལ། ཆག་པས་འགྲིབ་པ་མེད་པ་ལྟར། རིག་པ་ཡང་འཁྲུལ་པ་དང་གྲོལ་བའི་རང་དུས་ཉིད་ནས་བཟང་ངན་འཕེལ་འགྲིབ་མེད་པའི་ཆོས་ཉིད་དུ་གནས་པའོ། །དེ་དག་གིས་གཞི་སྒྱུ་མ་ལྟ་བུའི་ལྟ་བ་གཏན་ལ་ཕབ་ཟིན་ཏོ། །

ད་ནི་ལམ་ཉམས་སུ་བླང་བའི་རིམ་པ་བཤད་པར་བྱ་བ་ནི། གང་ཚེ་སྒྱུ་མའི་ལྟ་བ་རྟོགས་རྗེས་སུ། །སྒྱུ་མའི་བསྒོམ་པ་བདེན་མེད་ཆེན་པོ་ནི། །སྔོན་འགྲོ་སྔར་བཞིན་སྒྱུ་མར་གསོལ་བ་གདབ་། །སྒྱུ་མར་ཆོས་རྣམས་རྟོགས་པའི་རྣལ་འབྱོར་པས་དེའི་དོན་བསྒོམ་པའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་། སྒྱུ་མར་སྙམ་པ་དང་། རང་ཉིད་ལྷར་བསྐྱེད་པ་དང་། སྤྱི་བོར་བླ་མ་བསྐྱེད་ནས་ཡན་ལག་བདུན་པ་བྱ་བ་རྣམས་སྔར་དང་འདྲ་བ་ལས། སྒྱུ་མ་འབྱོངས་པར་མཛད་དུ་གསོལ། །ཞེས་པའི་གསོལ་བ་གདབ་པར་བྱའོ། །འདིའི་དུས་སུ་མོས་གུས་ཚད་མེད་པ་ཁོ་ན་གལ་ཆེ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷ་བསྒོམ་པ་དང་། ལྟ་སྒོམ་བྱ་བ་གཞན་རྣམས་ཀྱི་རང་ངོ་དེས་མི་གྲོལ་བར་སོ་སོའི་ལས་སྦྱོར་དང་བོགས་འབྱིན་ལ་སོགས་པའི་གཞན་ལ་ལྟོས་པ་ཡིན་ལ། བླ་མའི་མོས་གུས་གཅིག་པུས་ས་དང་ལམ་གྱི་རིམ་པ་རྣམས་བདེ་བླག་ཏུ་བགྲོད་པ་ཡིན་ཏེ། བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་པ་དང་། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཅེས་སོ། །དེ་ལ་བླ་མའི་རྣལ་འབྱོར་བསྒོམ་དུས་སུ། ཁ་ཅིག་ན་རེ་བླ་མ་རྣམ་པ་མིར་བསྒོམས་ཏེ་དམན་པའི་ཕྱིར། ཡི་དམ་གྱི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པར་བསྒོམས་(༤༡)ཏེ། རྡོ་རྗེ་ཕྲེང་བ་དང་གུར་ལས། རིགས་ལྔ་འདུས་པའི་དཀྱིལ་འཁོར་དུ་བཤད་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དོ། །ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་འདུས་པར་བཤད་པ་དང་། གུར་ལས་རིགས་ལྔ་འདུས་པའི་ངོ་བོར་བཤད་པ་ནི། བླ་མ་དེ་སངས་རྒྱས་ཀྱི་ངོ་བོར་སྟོན་པ་ཡིན་གྱི། རྣམ་པ་བསྒྱུར་བར་བཤད་པ་མ་ཡིན་ནོ། །དེས་ན་བླ་མའི་རྣལ་འབྱོར་ཡི་དམ་དུ་བསྒོམས་ན། ཡི་དམ་སྒོམ་ཡིན་གྱི་བླ་མའི་རྣལ་འབྱོར་མ་ཡིན་པས། བླ་མ་ལ་དམིགས་པའི་གུས་པ་མི་སྐྱེ་བའི་ཕྱིར། ཉེས་པ་ཤིན་ཏུ་ཆེ་བས་བླ་མའི་རྣམ་པ་གང་བཞུགས་དེར་བསྒོམས་ཏེ། ཡི་དམ་ཇི་ལྟར་བཟང་ཡང་མོས་གུས་བྱས་པས་སངས་རྒྱ་བར་བཤད་པ་མེད་དེ། བསྙེན་སྒྲུབ་ལས་ལ་སྦྱོར་དགོས་པའི་ཕྱིར་རོ། །བླ་མ་ལ་མོས་པ་མཆོག་ཚེ་འདིར་འགྲུབ་སྟེ། རྒྱུད་སྡེ་ལྔ་བཅུ་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཅེས་སོ། །ཡང་ཁ་ཅིག་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པས་ཆོག་མོད། བླ་མས་ཅི་བྱ་སྙམ་ན། བླ་མ་ནི་དཀོན་མཆོག་གསུམ་གྱི་ངོ་བོ་སྟེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །འདིར་ནི་བླ་མ་བླ་མེད་པའོ། །ཞེས་པས་འཕགས་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་བླ་མའི་སྣང་བ་ཁོ་ནར་བསྒོམས་ཏེ། བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་པས་གྲུབ་བོ། །མོས་གུས་ལོག་པའི་འདུ་ཤེས་བྱུང་ན། བློ་བཅོས་པ་དང་། བླ་མ་དེ་འདོད་ཆགས་ཅན་དུ་མཐོང་ན། འདོད་ཆགས་འདི་ཁོང་ལ་རྡུལ་ཙམ་ཡང་མེད་པ་ལྟ་བུའི་འདོད་ཆགས་ཅན་འདུལ་བའི་ཕྱིར་བསྟན་པ་སྟེ། རྒྱུད་ནས་འདོད་ཆགས་རྡོ་རྗེ་ཞེས་གསུངས་པ། དེ་བླ་མ་འདི་ཡིན་ངེས་ངོ་མཚར་ཆེ་སྙམ་དུ་སླར་དད་པར་བྱའོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་། ཕྲག་དོག་དང་། སེར་སྣ་ཅན་དུ་མཐོང་དུས་འདི་ཁོང་ལ་མེད། ང་རང་ལ་ཡོད་པ་འདུལ་བའི་གཉེན་པོར་བསྟན་པ་ཡིན། རྒྱུད་ནས་ཞེ་སྡང་རྡོ་རྗེ་དང་། གཏི་མུག་རྡོ་རྗེ་དང་། ང་རྒྱལ་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་ཞེས་གསུངས་པ་དེ་དུས་འདིར་བྱོན་པ་ཡིན་ནོ། །ངོ་མཚར་ཆེ་སྙམ་དུ་སླར་མོས་པ་ཆེར་བྱེད་ཅིང་ཉེས་པ་བཤགས་པས་དངོས་གྲུབ་ཐོབ་པར་ངེས་སོ། །དེ་ནས། དངོས་གཞི་ཕྱི་ནང་སྣ་ཚོགས་ཆོས་འདི་རྣམས། །རྒྱུ་རྐྱེན་དབང་གིས་སྒྱུ་མར་སྣང་བ་སྟེ། །དོན་ལ་མི་བདེན་འལ་འོལ་ཟང་ཐལ་དུ། །སྐད་ཅིག་སྐད་ཅིག་ཉིན་མཚན་རྟག་པར་བསྒོམ། །ཕྱོགས་དྭངས་ཤིང་མཐོ་བའི་སར་འདུག་སྟེ། གང་མཐོང་བ་དང་ཐོས་པ་དང་དྲན་རྟོག་ཐམས་ཅད་སྒྱུ་མ་རང་སྣང་དུ་བསྒོམ་པ་ནི་མི་རྟོག་གོ། །དེ་ལས་ལངས་པའི་རྗེས་ཐོབ་ཏུ། ཆགས་སྡང་ཉོན་མོངས་དགག་སྒྲུབ་ཅི་ཤར་ཡང་། །(༤༢)སྒྱུ་མ་ཉིད་ཅེས་བདེན་མེད་སྟོང་པར་སྦྱོང་། །ཕྱི་རོལ་དངོས་ཀུན་སྒྱུ་མ་ཉིད་དང་ནི། །ནང་གི་ཀུན་རྟོག་སྒྱུ་མ་ལྟ་བུ་སྟེ། །རྐྱེན་ལས་སྐྱེས་ཕྱིར་མི་བདེན་བསླུ་བའི་ཕྱིར། །སྣང་ཙམ་ཉིད་ཕྱིར་སྒྱུ་མའི་དཔེས་བསྒོམ་མོ། །ཆགས་སྡང་དང་དགྲ་གཉེན་དང་བདེ་སྡུག་གི་སྣང་བ་ཕྱི་ཡུལ་སྣང་། ནང་སེམས་སྣང་ཐམས་ཅད་ལ་རྐྱེན་ལས་སྐྱེས་པས་ཀྱང་སྒྱུ་མ། མི་བདེན་ལ་བསླུ་བས་ཀྱང་སྒྱུ་མ། མེད་བཞིན་སྣང་བས་ཀྱང་སྒྱུ་མའོ་སྙམ་ནས་སྒྱུ་མ་སྟོང་པའི་རང་གདངས་སུ་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས། ཡེ་ནས་སྟོང་པའི་དངོས་འདི་ལ། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་གཟུང་བར་བགྱི། །ཞེས་པ་བཞིན་ནོ། །དེ་ནས་མཚན་མོའི་ཆ་ལ། ཉལ་ཚེའང་སྔར་བཞིན་ཁྱད་པར་སྒྱུ་མའི་ངང་། །བདེན་མེད་སྤྲོས་དང་བྲལ་བ་ལྷོད་ཀྱིས་གློད། །དེ་ནས་འཁྲུལ་པའི་རྨི་ལམ་ཅི་ཤར་ཡང་། །སྒྱུ་མར་ཤེས་པས་བདེན་ཞེན་འཇིགས་དངངས་གྲོལ། །སྒྱུ་མར་སྦྱོང་དང་སྤེལ་བསྒྱུར་དག་པའི་ཞིང་། །སྒྱུ་མ་ལྟ་བུའི་བགྲོད་ཚུལ་སྔར་བཞིན་ནོ། །སེང་གེའི་ཉལ་ལུགས་ཀྱིས་ཆོས་ཐམས་ཅད་སྒྱུ་མའི་ངང་ལ་སྤྲོས་བྲལ་སྟོང་པར་ཀློད་ནས། རྩ་དབུ་མ་ཡར་སྣ་ཚངས་བུག །མར་སྣ་གསང་གནས་སུ་སླེབས་པ། དཀར་ལ་སྲབ་པ་ཕྲུ་མ་ཕུས་བཏབ་པ་ཙམ་གྱི་ནང་ན། མར་མེ་འབར་བ་ཅིག་ལ་དར་ཅིག་གཏད་ནས་རྗེས་ལ་འོད་དེ་ཇེ་ཕྲ་ལས་བལྟར་མེད་པའི་ངང་ལ་ཉལ་བས། དང་པོ་རྨི་ལམ་སྒྱུ་མར་ཟིན་པ་དང་། བདེན་མེད་དུ་སྦྱངས་ལ། སྤེལ་བ་དང་བསྒྱུར་བ་དང་ཞིང་ཁམས་བལྟ་བ་ལ་སོགས་སྔར་བཞིན་བྱའོ། །རྨི་ལམ་ཉིང་འཁྲུལ་ལ་སྒྱུ་མར་སྤེལ་སྦྱོང་སུམ་འཁྲུལ་གྱིས་ཅི་བྱ་སྙམ་ན། འཁྲུལ་པས་འཁྲུལ་པ་སྦྱོང་བ་དང་། །གཞན་ཡང་ཕན་ཡོན་ཚད་མེད་དེ། །རྨི་ལམ་ནུབ་ཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། །ཞེས་སོ། །

ལམ་བསྒོམས་པའི་འབྲས་བུ་ནི། དེས་ནི་འཁོར་བའི་ཞེན་འཛིན་རང་གྲོལ་ཏེ། སྒྱུ་མར་གྲོལ་ནས་མི་གནས་མྱ་ངན་འདས། །སྒྱུ་མ་ལྟ་བུར་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་སྒྱུ་མ་ལྟ་བུའིདོན་སྒོམས་ཤིག །དེའང་གནས་སྐབས་ཀྱི་འབྲས་བུ་ནི་ཉིན་མཚན་དུ་སྒྱུ་མའི་ལྷ་སྐུ་རབ་ཏུ་མི་གནས་པ་གསུམ་ལ་བསྒོམས་པས། སློབ་ལམ་གྱི་ས་པའི་ཡོན་ཏན་ཐོབ་ལ། མཐར་ཐུག་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་མྱ་ངན་ལས་འདའ་བ་སྟེ། ཡེ་ཤེས་གསང་བའི་རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་ཞིང་ཁམས་གང་ཡིན་པ། །རྨི་ལམ་ལུས་ཀྱི་བཀོད་པས་སྦྱོང་། །དང་པོ་ས་ཡི་ཡོན་ཏན་རྣམས། །དེ་ལས་འབྱུང་གི་གཞན་དུ་མིན། །ཉིན་པར་དང་ནི་རྨི་ལམ་གྱི། །འཁྲུལ་པའི་(༤༣)བག་ཆགས་མ་དག་པ། །ས་བརྒྱད་ལ་ཡང་མི་གནས་ན། །པདྨ་ཅན་ལ་སྨོས་ཅི་དགོས། །ཞེས་པ་དང་། དམ་ཚིག་བཀོད་པ་ལས། ཉིན་པར་སྣང་སྟོང་སྒྱུ་མ་དང་། །མཚན་མོ་རྨི་ལམ་ལྷ་ཡི་སྐུ། །རང་ཤར་དེ་ལས་མ་གཡོས་ཚེ། །དེ་ནི་རྒྱལ་བ་ལོངས་སྤྱོད་རྫོགས། །སྐད་ཅིག་བར་དོར་མྱ་ངན་འདའ། །རྒྱུན་ལ་གནས་ན་སྨོས་ཅི་དགོས། །སྒྱུ་མ་འོད་གསལ་དེ་བཞིན་ནོ། །འདི་ནི་གཞན་དུ་བརྗོད་མི་བྱ། །ཞེས་པ་དང་། ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་བརྒྱད་པ་ལས། སྒྱུ་མ་ཆོས་དབྱིངས་ཀུན་གཞི་སྟེ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །ལམ་ལྔ་པ་ནི་བཅུ་གཉིས་ཏེ། །འདི་ནི་གཞན་གྱིས་རྟོགས་པ་མིན། །གཞན་དང་རང་བཞིན་འབྲས་བུའི་དོན། །ཟབ་དང་རྒྱ་ཆེ་དབྱེར་མེད་པའོ། །ཞེས་གསུངས་སོ། །གང་ཚེ་ཆོས་རྣམས་ངོ་བོ་ཟབ་པ་དང་། །རང་བཞིན་རྒྱ་ཆེ་སྒྱུ་མའི་རོལ་པ་གང་། །གཉིས་སུ་མེད་པའི་རྡོ་རྗེར་རབ་རྟོགས་ནས། །འགྲོ་ཀུན་བྱང་ཆུབ་སྒྱུ་མ་ཐོབ་པར་ཤོག །མཁའ་དབྱིངས་རྣམ་དག་བྱང་ཆུབ་སེམས་ཀྱི་ངང་། །སྒྱུ་མའི་འོད་གསལ་ཉི་ཟླའི་སྣང་བ་ཅན། །ཏིང་འཛིན་རྣམ་འདྲེས་མཁྱེན་བརྩེའི་འོད་སྟོང་གིས། །འགྲོ་བའི་མ་རིག་མུན་པ་སེལ་བར་ཤོག །ཆ་ཤས་གང་བ་སྟོན་ཟླའི་དཀྱིལ་འཁོར་ནི། །ཆུ་ནང་རྙོག་དང་བྲལ་བར་སྣང་བ་ལྟར། །ཆོས་ཉིད་དག་པ་རྡོ་རྗེ་སྙིང་པོའི་མཁར། །ཆེ་བའི་ཡོན་ཏན་མ་ལུས་རྫོགས་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྒྱུ་མ་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་གཉིས་པའི་འགྲེལ་པའོ།། །།

རྡོ་རྗེའི་གནས་གསུམ་པ། མིག་ཡོར་ལྟ་བུའི་ལེའུ།

དེ་ལྟར་སྒྱུ་མའི་རང་བཞིན་འགག་པ་མེད་པར་བསྟན་པའི་རྗེས་ལ་ཆོས་ཐམས་ཅད་འོང་བ་མེད་པ་མིག་ཡོར་ལྟ་བུའི་རང་བཞིན་དུ་རྟོགས་པར་བྱའོ་ཞེས་གདམས་པ་ནི། ཡང་འདིར་རྒྱལ་བས་མིག་ཡོར་ལྟ་བུ་ཞེས། །གསུངས་པ་གང་དེ་ལེགས་པར་བཤད་ཀྱིས་ཉོན། །གང་གི་ཚེ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ཉིད་འོང་བ་མེད་པ་མིག་ཡོར་ལྟ་བུ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་འོང་བ་མེད་པ་མིག་ཡོར་ལྟ་བུའོ་ཞེས་པའི་དོན་མན་ངག་ཏུ་བསྡུ་བ་ནི། གཞི་དང་ལམ་དང་འབྲས་བུའི་རང་བཞིན་གསུམ་དུ་ངེས་པ་ལས། དང་པོ་གཞི་འོང་བ་མེད་པ་མིག་ཡོར་ལྟ་བུའི་ལྟ་བས་གཏན་ལ་དབབ་པ་ནི། ཇི་ལྟར་གཟུགས་ལས་མིག་ཡོར་སྣང་བ་བཞིན། །སེམས་ཉིད་ངང་ལས་བག་ཆགས་འཁྲུལ་པའི་མཐུས། །འཁོར་བའི་མིག་ཡོར་མེད་སྣང་འཁྲུལ་པ་གྲུབ། །གང་ལྟར་སྣང་བ་དེ་ལྟར་མིག་ཡོར་བཞིན། །ཇི་ལྟར་རགས་པའི་གཟུགས་ཀྱི་གཞི་ལས་གྲིབ་མ་བྱུང་བ་ཡང་། གཟུགས་དེ་དང་རྗེས་སུ་མཚུངས་པར་སྐྱེ་ལ་རྣམ་པ་མི་འདྲ་བ་ལྟར། དབྱིངས་གདོད་མའི་རིག་པ་སྟོང་གསལ་ལྷུན་གྲུབ་ཆེན་(༤༤)པོའི་རང་གདངས་གཟུགས་ལྟ་བུ་དེ་རང་ངོ་མ་ཤེས་པས་གཟུང་འཛིན་དུ་འཁྲུལ་པ་ཡང་། རིག་པ་རང་གདངས་དང་རྗེས་སུ་མཚུངས་པར་ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། ཉོན་མོངས་པ་ལྔ་དང་། ཡུལ་ལྔ་དང་། དབང་པོ་གཟུགས་ཅན་དང་ལྔ་ལ་སོགས་པར་སྣང་སྟེ། རྣམ་པ་མི་འདྲ་བ་ཀུན་ནས་ཉོན་མོངས་པ་དང་། ཐོགས་པ་དང་བཅས་པ་དང་། རྣམ་པར་མ་དག་པ་དང་། ལས་དང་ཉོན་མོངས་པ་ལྔ་ལ་སོགས་པའི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བས། ཁམས་གསུམ་རིགས་དྲུག་སོ་སོར་རྒྱུ་རྐྱེན་འཚོགས་པ་ལས་འཁོར་ཏེ། ཀུན་བྱེད་ལས། གྲིབ་མ་གཟུགས་ཀྱི་དཔེ་བཞིན་སྣ་ཚོགས་འཁྲུལ་པའི་ཡུལ། །ཞེས་པ་དང་། སྡུད་པ་ལས། རྐྱེན་རྣམས་ཚོགས་ན་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་སོ། །འཁྲུལ་སྣང་ལས་ཉིང་འཁྲུལ་དུ་འཁོར་བ་ཡང་འདི་ལྟར། མི་མཁས་བདེན་པར་ཞེན་པས་བྱིས་པ་བསླུས། །ཡུལ་ལྔའི་མིག་ཡོར་གཟེབ་ཏུ་བཅིངས་ལས་ན། །དོན་མེད་བདག་ཏུ་བཟུང་བས་འཁྲུལ་ལ་ལྟོས། །འཁོར་བ་མིག་ཡོར་གྱི་ངོ་བོ་ཉིད་དུ་མ་རྟོགས་པའི་བྱིས་པ་རྟག་ཏུ་ཞེན་པའི་བློ་ཅན་རྣམས་ནི། སྣང་ལ་ངོ་བོ་མེད་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་སྣང་ཡུལ་འཁྲུལ་པ་རྣམས་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཞེན་ཅིང་ཆགས་པས། ཡུལ་ལ་སྲེད་ཅིང་བདག་དང་བདག་གིར་འཛིན་པས་བརྒྱུད་མར་འཁོར་བ་ནི། བྱིས་པ་རང་གི་རྩེད་མོའི་གཟུགས་ལ་དོན་རང་མཚན་དུ་ཞེན་པ་བཞིན་ནོ། །དེ་ལ་འཇིག་རྟེན་གྱི་སྣང་བ་རང་བཞིན་མེད་པར་མ་ཤེས་ན། སྣང་བ་དེ་བསླུ་བའི་ཕྱིར། ལམ་ལ་ཞུགས་པ་དག་ཀྱང་བྱིས་པ་དང་མཚུངས་པ་མང་སྟེ། སྤྱོད་འཇུག་ལས། བྱེ་མའི་ཁང་བུ་རྡིབ་པ་ན། །བྱིས་པ་རྣམས་ནི་ག་ཆད་པ། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །བདག་གི་སེམས་ནི་བྱིས་པ་བཞིན། །ཅེས་པ་ལྟ་བུའོ། །དེ་ལྟར་མིག་ཡོར་ལྟ་བུའི་སྣང་བ་ལ་བྱིས་པ་ཆགས་པ་ལྟར། རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་ཤེས་པས་ངོ་བོ་ཉིད་མེད་པར་རྟོགས་པར་བྱའོ་ཞེས་གདམས་པ་ནི། སྣང་སྲིད་སྣོད་བཅུད་བདེ་སྡུག་མཐོ་དམན་རྣམས། །མེད་བཞིན་སྣང་བ་མར་མེའི་གྲིབ་མ་དང་། །མིག་བཙིར་བ་ལས་གཟུགས་བརྙན་གཉིས་པ་དང་། །ཉོན་མོངས་ཚོགས་མང་མཚན་མོའི་མུན་པ་བཞིན། །མ་བརྟགས་སྣང་ལ་བརྟགས་ན་ངོས་གཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །མཁའ་འདྲ་མ་སྐྱེས་གདོད་མའི་ཆོས་ཉིད་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་གྱིས། །དེ་ལ་སྣང་སྲིད་སྣོད་བཅུད་ཀྱི་བདེ་སྡུག་དང་མཐོ་དམན་ཐམས་ཅད་མིག་ཡོར་དང་འདྲ་ལ། མིག་ཡོར་གྱི་དོན་ནི་གཟུགས་ཀྱི་རྣམ་པ་ལས། དེ་དག་དང་གྲུབ་སྡེ་གཅིག་པའི་རྣམ་པ་གཞན་མེད་སྣང་བ་ཤར་བ་སྟེ། གྲིབ་མ་དང་ཟླ་བ་གཉིས་སྣང་དང་མུན་པ་(༤༥)ལ་སོགས་པའོ། །མདོར་ན་གཟུགས་དངོས་ལས་གཞན། དེའི་དཔེར་བྲིས་པ་དང་ཤར་བ་དང་། དེའི་གཟུགས་བརྙན་དུ་གྱུར་པའང་གཟུགས་དེ་ལ་ལྟོས་ནས་མིག་ཡོར་གྱི་ཁོང་དུ་གཏོགས་པའི་ཕྱིར། གཟུགས་དངོས་ཀྱི་དོན་བྱེད་མི་ནུས་པ་ལྟར། ཆོས་ཐམས་ཅད་བརྟགས་ན་མིག་ཡོར་ལྟར་སྣང་ལ་རང་བཞིན་མེད་པ། མ་བརྟགས་ཉམས་དགའ་བའི་རང་བཞིན། ཤིན་ཏུ་དཔྱད་ན་རགས་སྣང་ཐམས་ཅད་རྡུལ་ཕྲན་ཆ་མེད་པ་དང་། ཕྲ་བ་ཤེས་པ་དང་བཅས་པ་ངོ་བོ་ངོས་གཟུང་མེད་པའི་ཕྱིར། གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུ་སྟེ། ཡུམ་བར་མ་ལས། ཆོས་ཐམས་ཅད་མིག་ཡོར་གྱི་ངོ་བོ་ཉིད་དུ་རང་བཞིན་མེད་པའི་ཕྱིར། གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་སོ། །དེ་ཡང་ཇི་ལྟར་ཞེ་ན། བཤད་པ། འཁྲུལ་སྣང་གཞི་མེད་མིག་ཡོར་ལྟ་བུ་སྟེ། །རྩ་བ་བྲལ་ཞིང་མཚན་ཉིད་ཀུན་ཏུ་ཆད། །བརྟགས་པས་སྟོང་ལ་མེད་བཞིན་སྣང་བ་སྟེ། །རང་བཞིན་མ་སྐྱེས་གདོད་མར་རྟོགས་པར་བྱ། །དེ་ལྟར་འཁོར་བ་མིག་ཡོར་ལྟར་སྣང་ལ་རང་གི་མཚན་ཉིད་ཆད་པ་སྟེ། བརྟགས་ན་སྟོང་པ་རང་སྣང་ཙམ་ལས་གཞན་མ་ཡིན་པ་ནི། ཆོས་ཉིད་གདོད་མའི་རང་བཞིན་ནོ། །དེ་ལ་གདོད་མ་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ། སོ་སོ་རང་གི་རིག་ངོར་སྣང་ཡང་གཤིས་ངོར་མ་གྲུབ་པ་དེ་ལ་བྱའི། དུས་སྔ་མོ་ཅིག་ཏུ་བརྟགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་སྣང་ཡང་རང་སྣང་མིག་ཡོར་ལྟ་བུ་གཤིས་རིག་ངོར་མ་གྲུབ་པའི་རང་གདངས་སུ་ཤེས་པར་བྱ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་མིག་ཡོར་ནི་སྣང་ལ་རང་བཞིན་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའོ་ཞེས་སོ། །རྩ་བ་མེད་པའི་རང་བཞིན་ལས། མ་རིག་པ་ཕྲ་བའི་ཆ་ཙམ་དེས། འཁྲུལ་སྣང་ཆེས་ཆེར་བཀྲ་བཀྲ་ལྟར་སྣང་བ་ནི། ཇི་ལྟར་ཐག་རིང་མྱ་ངམ་ཐང་དཀྱིལ་ན། །ཆུང་ངུའང་ཆེན་པོར་སྣང་བ་ཉིད་བཞིན་དུ། །བདག་མེད་བདག་ཏུ་འཛིན་པ་ཆུང་ངུ་ལས། །འཁོར་བའི་འཁྲུལ་སྣང་ཆེན་པོ་འདི་དག་སྣང་། །ཆུང་ངུ་ཆེན་པོར་སྣང་བས་ཅིར་ཡང་འཁྲུལ་པ་སྟེ། དཔེར་ན་མྱ་ངམ་གྱི་ཐང་ཤིན་ཏུ་ཆེན་པོ་རྒྱང་མ་ན། བྱ་རོག་གཡག་ཙམ་དང་། གཡག་རི་ཙམ་དུ་སྣང་སྟེ། ཐང་ཀ་སྐམ་ཞིང་ཚ་བའི་གདུང་བས་གདུང་ཞིང་། ཡིད་མི་བདེ་བས་གདུང་ཞིང་བར་ཐང་རིང་བས་རྐྱེན་བྱས་ནས་སྣང་བ་ལྟར། བདག་ཏུ་འཛིན་པ་རྩ་བའི་མ་རིག་པ་ཆུང་ངུ་ལས། ཀུན་བརྟགས་པའི་མ་རིག་པ་དང་། གཟུང་འཛིན་གོམས་པས་རྒྱུ་བྱས། ལས་ཐ་དད་པས་རྐྱེན་བྱས་ཏེ། སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས་འཁྲུལ་པ་ནམ་མཁའི་མཐའ་ཀླས་ཁྱབ་པ་ནི། རྩ་བ་ཕྲ་མོ་ལས་བྱུང་བ། དེ་ཡང་དཔྱད་ན་རྩ་བ་མེད་པའི་རང་བཞིན་སེམས་ཉིད་རྣམ་པར་དག་པ་ལ་ཐུག་སྟེ། གསང་སྙིང་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་(༤༦)ཀུན་གྱི་རྩ་བ་ཡིན། །ཅེས་སོ། །གཞི་དང་རྩ་བ་ཕྲ་ཞིང་བསྟན་དུ་མེད་པའི་ཕྱིར།

ཆུའི་རྙོག་ལྟར་བཞག་པས་དྭངས་པར་བསྟན་པ་ནི། འཁྲུལ་པར་སྣང་འདི་རྟོགས་ན་དངོས་མེད་དེ། །མཁའ་བཞིན་བྱེད་པ་མེད་པར་མངོན་པ་ན། །མེད་སྣང་མིག་ཡོར་ལྟ་བུའི་སྲིད་པ་ལས། །དོན་མེད་བདག་ཏུ་མ་འཛིན་ཇི་བཞིན་ཞོག །མིག་ཡོར་ནི་སུས་ཀྱང་སྤོང་བར་མི་བྱེད་དེ། གཟུགས་ལོག་པས་རང་ལོག་པ་ལྟར་འཁོར་བའི་འཁྲུལ་སྣང་འདི་ཡང་སྤོང་དུ་མེད་དེ་དངོས་པོ་མེད་པའི་ཕྱིར། འཛིན་པ་ལོག་པས་རང་བཞིན་གྱིས་རྟོག་ལ། འཛིན་པ་ནི་ཇི་བཞིན་དུ་བཞག་ན་རྟོགས་པ་ཡིན་ཏེ། མདོ་ལས། གང་འདུ་ཤེས་ཐམས་ཅད་བཤིག་པ་དེ་ལ་ནི། གཟུང་བའམ་འཛིན་པ་ཡོད་པ་ལྟ་ག་ལ་འགྱུར་ཞེས་སོ། །གང་སྣང་བསམ་བརྗོད་དམིགས་སུ་མེད་པར་བསྟན་པ་ནི། ངང་ཡིན་ཡེ་ཡིན་གདོད་ནས་དག་པ་ཡིན། །གར་ཡང་མི་འཛིན་ཅིར་ཡང་མ་རྟོག་ཅིག །ངོ་བོ་ངོས་གཟུང་མེད་པའི་སྣང་བ་ལ། །ཕྱོགས་རིས་ཞེན་པའི་གཟེབ་ཀྱིས་ཅི་བྱར་ཡོད། །དེ་བས་ཆེད་དུ་དམིགས་པ་ཀུན་བཏང་སྟེ། །གང་སྣང་བདེན་པས་སྟོང་པར་ཤེས་པར་བྱ། །སྣང་སྲིད་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྣང་བ་མིག་ཡོར་དང་འདྲ་བ་ལ། འཇིག་རྟེན་གྱི་སྣང་བ་ལྟར་དགག་སྒྲུབ་བདེན་ཞེན་ཆགས་སྡང་ལ་སོགས་པ་དང་། གྲུབ་མཐའི་སྣང་བ་ལྟར་རྒྱུ་འབྲས་སྣང་སྟོང་། བདེན་གཉིས། ཕུང་པོ་ཁམས་དང་སྐྱེ་མཆེད་དུ་འབྱེད་པའི་ཕྱོགས་རིས་ཐམས་ཅད་སྤངས་ལ། རིག་ངོར་སྣང་ཡང་སྣང་ཐོག་ཏུ་འཛིན་པ་མ་ཞུགས་པར་རང་གསལ་ཟང་ཀ་རྗེན་པར་ཐལ་ལེ་ཤེས་པར་བྱ་བ་ནི་གནས་ལུགས་ཀྱི་དོན་ཏེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལགས། །ཞེས་སོ། །གཞི་གཏན་ལ་ཕབ་ཟིན་ཏོ། །ལམ་ཉམས་སུ་བླང་བ་ནི། དེ་ལྟར་ཆོས་ཀུན་མིག་ཡོར་ལྟར་རྟོགས་ནས། །སེམས་ཉིད་དོན་ལ་ཇི་བཞིན་བློ་གཞག་བྱ། །སྔོན་འགྲོ་སྔར་བཞིན་མིག་ཡོར་གསོལ་བ་གདབ། །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོགས་བཞིན་མཉམ་པར་གཞག་པ་དེ་ཡང་སྔར་བསྟན་པ་བཞིན་བླ་མའི་རྣལ་འབྱོར་བསྒོམས་ནས། མིག་ཡོར་ལྟ་བུའི་རང་བཞིན་འབྱོངས་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པ་སྔོན་དུ་འགྲོ་བར་བྱའོ། །དེ་ནས། དངོས་གཞི་ཆོས་ཀུན་མིག་ཡོར་ལྟར་བསྒོམས་ཏེ། གཟུགས་ནི་བདེན་པས་སྟོང་སྟེ་མིག་ཡོར་འདྲ། །སྒྲ་ནི་གྲག་པས་སྟོང་སྟེ་མིག་ཡོར་བཞིན། །དྲི་རོ་རེག་ཀྱང་མི་ཡོར་དང་འདྲ་ཞིང་། །ཡིད་དང་ཆོས་ཀྱང་མིག་ཡོར་ལྟ་བུ་སྟེ། །གང་ཡང་བདེན་པ་མེད་པའི་ངང་ཉིད་དུ། །བློ་ཡང་འཛིན་ཞེན་མེད་པར་གློད་ལ་གཞག །གཟུགས་ལ་(༤༧)སོགས་པའི་ཡུལ་དྲུག་དང་། མིག་ལ་སོགས་པའི་དབང་པོ་དྲུག་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཚོགས་དྲུག་དང་། སྣང་བརྟགས་ཀྱི་ཆོས་ཐམས་ཅད་མིག་ཡོར་ལྟར་བདེན་པ་མེད་པའི་ངང་ལ་དྲན་རྟོག་མེད་པར་མཉམ་པར་བཞག་སྟེ། མདོ་ལས། གང་ཡིད་ལ་བྱེད་པ་ཐམས་ཅད་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པ་དེ་ནི་དགེ་བའོ། གང་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་པའི་དོན་ཏོ། །མཚན་མོ་རྣལ་འབྱོར་དུ་བྱ་བའི་ཆོས་ནི། ཉིན་བཞིན་མནལ་ཚེའང་སྙིང་གར་སེམས་བཟུང་ལ། །ཆོས་ཀུན་མིག་ཡོར་འདྲ་བའི་ངང་དེར་ཉལ། །རྨི་ལམ་ཟིན་སོགས་སྔར་བཞིན་ངེས་པར་འཆར། །སྙིང་གར་འོད་ལྔའི་གོང་བུ་ལས་མཐར་གཏད་མེད་ངང་ལས་ཉལ་བས། རྨི་ལམ་དུ་མིག་ཡོར་ལྟ་བུའི་ཆོས་སུ་རྟོགས་པ་དང་། སྤྲུལ་པ་དང་བསྒྱུར་བ་ལ་སོགས་སྔར་དང་འདྲ་བར་འཆར་བ་ཡིན་ནོ། །ལམ་བསྒོམས་པའི་འབྲས་བུ་ནི། ཉམས་རྟོགས་སྣང་བའམ་མིག་ཡོར་ལྟ་བུ་སྟེ། གང་ལའང་བདེན་མེད་རྟོགས་པ་ཤུགས་ལས་འབྱུང་། །འཛིན་མེད་ཟང་ཀ་དགག་སྒྲུབ་འཁྲུལ་པ་འཇིག །སྤྱན་དང་མངོན་ཤེས་ཏིང་འཛིན་ཡོན་ཏན་འགྲུབ། །རྒྱལ་བའི་ཆོས་མཛོད་འགྲོ་ཀུན་འདྲེན་པ་ཡིན། །དེ་ཕྱིར་མིག་ཡོར་ལྟ་བུའི་དོན་སྒོམས་ཤིག །དེ་ལ་གནས་སྐབས་སུ་མིག་ཡོར་དུ་རྟོགས་པ་དང་། དེའི་ཉམས་ལ་འཁྲུལ་པར་ཞེན་པའི་བློ་ཞིག་སྟེ། འཁོར་བ་ལས་ངེས་པར་འབྱིན་པ་དང་། ཏིང་ངེ་འཛིན་གྲུབ་པས་སྤྱན་དང་མངོན་པར་ཤེས་པ་དང་། རྫུ་འཕྲུལ་འགྲུབ་པ་ཡིན་ཏེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པར་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་སོ། །དེ་ལ་ཉམས་ནི་དུ་བ་འདྲ་བ་ལ། རྟོགས་པ་ནི་མེ་ལྟ་བུ་སྟེ། རིག་པའི་རང་ངོ་གཞི་མེད་ཟང་ཀར་རྟོགས་པ་ནི་རྟོགས་པ། རྟོགས་པའི་ངང་ལས་མ་ཡེངས་པས། བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་སུ་འཆར་རོ། །གང་དང་གང་གི་ཡིན་ལུགས་རྟོགས་པས་རྟོགས་པ། དེ་ཉིད་གོམས་པ་ལས་ལུས་སེམས་ཀྱི་དྲོད་རྙེད་པས་ཉམས་ཞེས་བྱའོ། །མཐར་ཐུག་གི་འབྲས་བུ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མིག་ཡོར་ལྟར་གཞི་མེད་སྟོང་པའི་གནས་ལུགས་རྟོགས་པས། འཁོར་བ་ལས་ངེས་པར་འབྱུང་སྟེ། མྱ་ངན་ལས་འདས་པ་ཐོབ་པ་ནི། དེ་ཉིད་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་སོ། །སྣང་ལ་རང་བཞིན་མེད་པའི་ཆོས་འདི་དག །མེད་སྣང་སྟོང་པའི་གཟུགས་སུ་ཐག་ཆོད་དེ། །མ་སྐྱེས་སྤྲོས་དང་བྲལ་བའི་མཁའ་དབྱིངས་སུ། །མ་ལུས་འགྲོ་ཀུན་ཉེར་(༤༨)ཞིའི་གནས་ཐོབ་ཤོག །གཟུང་འཛིན་མིག་ཡོར་འདྲ་བ་འཇིག་ལ་ཁད། །འཁྲུལ་སྣང་མ་རིག་མུན་པ་སངས་སངས་འདྲ། །རང་བྱུང་འོད་གསལ་ཉི་མ་ཁོང་ནས་ཤར། །བདག་བཞིན་གཞན་ཡང་གནས་ལུགས་བདེན་མཐོང་ཤོག །ཡོད་པར་སྣང་བས་ཆོས་རྣམས་སྣ་ཚོགས་ཀྱང་། །མེད་པར་སྣང་བས་གཉིས་འཛིན་འཁྲུལ་པ་ཞིག །གཉིས་མེད་མཉམ་པས་ཟང་ཐལ་ཆིག་རྫོགས་སུ། །མ་ལུས་འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། མིག་ཡོར་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་གསུམ་པའི་འགྲེལ་པའོ།། །།

རྡོ་རྗེའི་གནས་བཞི་པ། སྨིག་རྒྱུ་ལྟ་བུའི་ལེའུ།

དེ་ལྟར་འོང་བ་མེད་པ་ལས། འགྲོ་བ་མེད་པའི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་སྨིག་རྒྱུ་ལྟར་བསྟན་པ་ནི། ཡང་འདིར་རྒྱལ་བས་སྨིག་རྒྱུ་ལྟ་བུ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྨིག་རྒྱུ་ལྟ་བུ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་གདོད་མ་ནས་འགྲོ་བ་མེད་པའི་ཕྱིར་སྨིག་རྒྱུ་ལྟ་བུའོ་ཞེས་གསུངས་པའི་དོན་གཞི་དང་ལམ་དང་འབྲས་བུ་གསུམ་གྱིས་བསྟན་པ་ལས། དང་པོ་གཞི་འགྲོ་བ་མེད་པའི་སྨིག་རྒྱུ་ལྟ་བུ་ལྟ་བས་ཐག་བཅད་པ་ནི། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །ཐང་རྣམས་སྨིག་རྒྱུ་ཆུ་ཡི་ཕུང་པོ་བཞིན། །སེམས་ལ་བདག་འཛིན་ཤིན་ཏུ་གོམས་པའི་མཐུས། །སྲིད་པའི་འཁྲུལ་སྣང་སྨིག་རྒྱུ་ལྟ་བུ་སྣང་། །སོས་ཀའི་ཚེ་ཐང་ཀ་རིང་པོའི་སྟེང་ཐམས་ཅད་ན་ཉི་མའི་འོད་ཟེར་ཤར་བ་དང་། རང་གི་མིག་ཚ་བས་གདུང་སྟེ་བན་ཀན་འཕུར་བྱེད་ཀྱི་རླངས་འགྱུར་བ་གཉིས་བསྡོངས་པ་ལས། ཆུའི་འབབ་སྲོལ་ལྟར་སྣང་ཡང་ཆུ་ནི་མེད་དོ། །དེ་བཞིན་དུ་རིག་པའི་ངོ་བོ་གདོད་མ་ནས་དག་པའི་རང་བཞིན་ཡང་། རྐྱེན་བདག་ཏུ་རྟོག་པའི་ཆ་ཕྲ་མོ་དང་། རང་གདངས་ཡུལ་དུ་སྣང་བའི་ཐང་ཀ་འཇམ་པོ་སྟོང་པ་ལས། འཁྲུལ་སྣང་སྨིག་རྒྱུའི་ཆུ་ལྟར་རང་ཤར་ནས། ཁམས་གསུམ་རིགས་དྲུག་ཏུ་འཁོར་བ་ཡང་། རང་བཞིན་མེད་པའི་གཟུགས་བརྙན་མེད་པ་གསལ་བར་སྣང་བ་ཙམ་དུ་ཤེས་པར་བྱ་སྟེ། འཕགས་པ་ཏིང་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུང་ཞིང་འགྲོ་བ་དག །སྨིག་རྒྱུ་ལ་ནི་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །ཇི་ལྟར་སྣང་བཞིན་པའི་དུས་ནས་ངོ་བོ་ཉིད་མེད་དོ་ཞེས་བསྟན་པ་ནི། །འདི་ལ་ངོ་བོ་ངོས་གཟུང་འགའ་མེད་དེ། །རང་བཞིན་གཉིས་མེད་སྟོང་པ་ཞི་བའི་ཆོས། །མ་སྐྱེས་ནམ་མཁའ་འདྲ་ཞིང་བདག་མེད་ལ། །སྐྱེ་མེད་བསམ་ཡུལ་འདས་པ་ཤེས་པར་བྱ། །སྣང་བཞིན་པའི་ངོ་བོ་ཉིད་ལ་རྡུལ་ཕྲན་དང་། ཕྱོགས་ཆ་(༤༩)དང་། ཁ་དོག་དང་། དབྱིབས་ལ་སོགས་པ་རྟོགས་པ་ན། ཕྱི་དང་ནང་གི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མཐོང་སྟེ། འཕགས་པ་དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་པ་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཅེས་སོ། །སྣང་བ་ཉིད་ནས་སྟོང་པའི་ཕྱིར། །རང་བཞིན་མེད་པར་བསྟན་པ་ནི། །ཇི་ལྟར་སྣང་འདི་སྣང་བའི་དུས་ཉིད་ནས། །སྐྱེ་བར་སྣང་ཡང་མ་སྐྱེས་སྨིག་རྒྱུ་ལ། །གནས་པར་སྣང་ཡང་མ་སྐྱེས་སྨིག་རྒྱུ་འདྲ། །འགག་པར་སྣང་ཡང་མི་འགག་སྨིག་རྒྱུ་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ། །འདི་ལྟར་སྣ་ཚོགས་སུ་སྣང་བའི་དུས་ཉིད་ནས། དེ་རང་གི་ངོ་བོ་མ་གྲུབ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། མེ་ཏོག་ལ་སོགས་སྐྱེ་བ་དང་། ནང་བཅུད་ཀྱི་སེམས་ཅན་ཀུན་ཏུ་རྟོགས་པ་ཐམས་ཅད་སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་དེ། སྐྱེས་པ་ཡུལ་དང་སྐྱེར་སྣང་རིག་པའི་ངོ་བོར་མ་གྲུབ་པའི་ཕྱིར། དེ་བཞིན་དུ་ཡོད་ཡོད་སྲ་སྲ་ལྟར་གནས་པར་སྣང་དུས་ཉིད་ནས་གནས་པ་དང་གནས་མཁན་མ་གྲུབ་པ་ཉིད་དང་། འཇིག་རྟེན་ཞིག་ནས་སྟོང་པ་དང་། སེམས་ཅན་དུ་རྟོག་ཚོགས་འགྲོ་བར་སྣང་དུས་ཉིད་ནས་འགག་པ་དང་འགྲོ་བ་མེད་པས། སྨིག་རྒྱུའི་ཆུ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དགོངས་འདུས་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལ་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་སོ། །

ཚུལ་དེ་ལྟ་བུའི་ངོ་བོ་ཉིད་ལས་སྤྱོད་པ་རྣམ་སྦྱོང་གི་ཆོས་སུ་བསྟན་པ་ཡང་། དགའ་དང་མི་དགའ་བདེ་སྡུག་བཟང་ངན་ཀུན། །སྨིག་རྒྱུ་འདྲ་ཞིང་སྟོང་ལ་བདག་མེད་དེ། །ཕྱི་ནང་སྣང་སྲིད་ཆོས་ཀུན་སྨིག་རྒྱུ་འདྲ། །མེད་བཞིན་སྣང་ལ་རང་བཞིན་གདོད་ནས་དག །ཡེ་སྟོང་མཐའ་དབུས་མེད་ཅེས་རྟོགས་པར་བྱ། །ཕྱི་ནང་གི་ཆོས་རྣམས་རང་བཞིན་མེད་པ་ཡིན་པའི་ཕྱིར་དགག་སྒྲུབ་དང་དགྲ་གཉེན་ལ་སོགས་པ་ཐམས་ཅད་ལ་རང་གྲོལ་སྨིག་རྒྱུ་འདྲ་བས་ལམ་དུ་བྱ་ཞིང་། གདོད་མ་ནས་སྟོང་པའི་རང་གདངས་ཤར་བ་ཙམ་དུ་རྟོགས་པར་བྱའོ། །དེའི་ཕྱིར་ན། གཉིས་མེད་གཉིས་སུ་འཛིན་པ་སྨིག་རྒྱུ་བཞིན། །དོན་མེད་དགག་སྒྲུབ་ཞེན་པས་མ་འཆིངས་པར། །རང་སེམས་གཉིས་མེད་(༥༠)སྨིག་རྒྱུ་ལྟ་བུར་ལྟོས། །འདི་ནི་དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །བདག་གཞན་དགག་སྒྲུབ་ཏུ་ཞེན་པ་རང་མཚན་པ་མི་རིགས་ཏེ། ཆོས་ཐམས་ཅད་སྨིག་རྒྱུ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་ཕྱིར་རོ། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྨིག་རྒྱུ་ནི་སྣང་ལ་རང་བཞིན་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའོ་ཞེས་སོ། །ལམ་ཉམས་སུ་བླང་བ་ནི། དེ་ནས་ཇི་ལྟར་བསྒོམ་པའི་རིམ་པ་ཡང་། །སྔོན་འགྲོ་སྔར་བཞིན་སྨིག་རྒྱུའི་གསོལ་བ་གདབ། །བླ་མའི་རྣལ་འབྱོར་སྔར་དང་འདྲ་བ་ལས། ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་འབྱོངས་པར་མཛད་དུ་གསོལ་ཞེས་ཁྱད་པར་དུ་བྱའོ། །དེ་ནས། དངོས་གཞི་ཆོས་ཀུན་སྨིག་རྒྱུ་ལྟ་བུའི་ངང་། སེམས་ཀྱི་འབྱུང་འཇུག་རེ་དོགས་བྲལ་བར་གཞག །མཚན་མོའང་སྔར་བཞིན་བརྟགས་ན་སྨིག་རྒྱུར་འཆར། །ཉིན་པར་གྱི་སྣང་བ་སྨིག་རྒྱུ་ཡིན་ལ། རང་བཞིན་ཅི་ཡང་མེད་དོ་སྙམ་ནས་སེམས་ཕྱིར་འབྱུང་བ་འཕྲོ་བ་དང་། ནང་དུ་འཇུག་པ་ཡིད་རྩེ་གཅིག་སྡུད་པ་མེད་པའི་ངང་ལ་གློད་ནས། རིག་པའི་རང་གདངས་ངོས་བཟུང་ལ་ཡང་ཡང་དུ་སྐྱོང་ངོ་། །མཚན་མོའི་དུས་སུ་སྔར་བཞིན་ཉལ་བ་ལས། རྩ་དབུ་མ་གཅིག་ཏུ་གསལ་གདབ་པའི་ངང་ལ་གཉིད་ལོག་པས་སྨིག་རྒྱུ་ལྟ་བུའི་རྨི་ལམ་ཟིན་ནས་སྤྲུལ་བསྒྱུར་ནུས་པ་དང་། ཉེ་འཁོར་དུ་མཐོང་ཐོས་མ་འགགས་ལ་གཉིད་མ་སད་པ་དང་། དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་ལ་སོགས་པའི་སྣང་བ་དཔག་ཏུ་མེད་པ་འཆར་རོ། །འབྲས་བུ་ནི། གང་ལའང་མ་ཞེན་བདག་འཛིན་ངང་གིས་གྲོལ། །གཟུངས་སྤྲིན་མངོན་ཤེས་ཏིང་འཛིན་ཁོང་ནས་འཆར། །རྒྱལ་བའི་གོ་འཕང་མྱུར་དུ་འགྲུབ་པས་ན། །རང་བཞིན་སྨིག་རྒྱུ་ལྟ་བུའི་དོན་སྒོམས་ཤིག །གནས་སྐབས་སུ་ཆོས་ཐམས་ཅད་སྨིག་རྒྱུ་ལྟར་རྟོགས་པས་ཆགས་སྡང་ལས་གྲོལ་ཞིང་། གཟུངས་དང་། ཏིང་ངེ་འཛིན་དང་། སྤྱན་དང་། མངོན་པར་ཤེས་པ་འཆར་རོ། །དེ་ལ་ཚིག་དོན་གྱི་ཆོས་འཛིན་པ་མི་བརྗེད་པར་བསྟན་པའི་ཕྱིར་གཟུངས་ཏེ། སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་ལས། གཟུངས་ནི་གང་ཕྱིར་རྣམ་གསུམ་གཟུངས། །ཚིག་དང་དོན་དང་གཉིས་ཀ་དང་། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པའི་ཕྱིར་ན་གཟུངས་ཞེས་བྱ། །ཞེས་སོ། །ཏིང་ངེ་འཛིན་རིག་པའི་ངང་དྭངས་རྩེ་གཅིག་པ་དང་། དོན་གང་ལ་མཉམ་གཞག་གི་ངང་རྩེ་གཅིག་པའོ། །ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ནས་རབ་མཛེས་པ། །དམིགས་པ་འདི་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་པ་ལྟ་བུའོ། །སྤྱན་ནི་སྒྲིབ་པས་ཆོད་པའི་ཕ་རོལ་ཐོགས་མེད་དུ་མཐོང་བ་ལ་སོགས་པའོ། །མངོན་ཤེས་ནི་ཚེ་རབས་ཤེས་པ་ལ་སོགས་པ་སྟེ། དོན་ཅི་ཡིན་པ་མངོན་དུ་ཤེས་པའོ། །རྣམ་གྲོལ་ཡོན་ཏན་མཚོ་ཆེན་ལས་འཁྲུངས་པ། །དཔག་མེད་ཞིང་གི་དམ་པ་སྐྱེ་དགུའི་གཙོ། །མ་ལུས་བདེ་འབྱུང་བདེ་གཤེགས་དབང་པོ་དང་། །སྐལ་བ་གཅིག་པས་བདུད་རྩི་ཐོབ་པར་ཤོག །དག་པ་ཞིང་ཁམས་རིན་ཆེན་ས་གཞི་ལ། །(༥༡)གཞལ་མེད་ཁང་བརྩེགས་ཡིད་འོང་ཉམས་དགའ་བར། །ཆོས་རྔ་སྒྲོགས་པས་སེམས་གཙང་རྙོག་པ་མེད། །འོད་དཔག་མེད་པའི་གནས་རབ་མཐོང་བར་ཤོག །སྣ་ཚོགས་སྣང་ལ་རང་བཞིན་དག་པའི་དངོས། །མ་སྐྱེས་སྟོང་པའི་ཚུལ་འདིར་ཀུན་ཞུགས་ཏེ། །འཁོར་བའི་འཁྲུལ་སྣང་ཕྱམ་གཅིག་སྟོངས་ནས་ནི། །ཟག་མེད་ཞི་བ་མྱ་ངན་འདས་ཐོབ་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྨིག་རྒྱུ་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་བཞི་པའི་འགྲེལ་པའོ།། །།

རྡོ་རྗེའི་གནས་ལྔ་པ། ཆུ་ཟླ་ལྟ་བུའི་ལེའུ།

དེ་ལྟར་ཆོས་ཐམས་ཅད་འགྲོ་འོང་མེད་པར་བསྟན་པའི་རྗེས་ལ། སྣང་བཞིན་པའི་ངོ་བོ་ཁྱད་པར་བསྟན་པའི་ཕྱིར། ཆུའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་དོ་ཞེས་བཤད་པ་དང་། ཡང་འདིར་རྒྱལ་བས་ཆུ་ཟླ་ལྟ་བུ་ཞེས། །ཇི་སྐད་གསུངས་དེ་ཉམས་སུ་བླང་ཕྱིར་བཤད། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྣང་ཡང་རྗེས་སུ་མ་ཆད་པ་ཆུའི་ཟླ་བ་ལྟ་བུ་ཉིད་དོ། །ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་སྣང་ཡང་རྗེས་སུ་མ་ཆད་པའི་ཕྱིར་ཆུའི་ཟླ་བ་ལྟ་བུའོ་ཞེས་པའི་དོན་རྣམས་ཉམས་སུ་བླང་བ་ལ། གཞི་དང་ལམ་དང་འབྲས་བུའི་དབྱེ་བ་རྣམ་པ་གསུམ་དུ་གནས་པ་ལས། དང་པོ་སྣང་ཡང་རང་བཞིན་མེད་པའི་གཞི་བསྟན་པ་ནི། སེམས་ཉིད་ཟབ་ཅིང་དྭངས་པའི་མཚོ་དབུས་སུ། །ལྷུན་གྲུབ་གཟུགས་བརྙན་ཡེ་ཤར་གནས་མོད་ཀྱང་། །གཟུང་འཛིན་རྦ་རླབས་རྙོག་པའི་དྲི་མ་ཡིས། །གསལ་བར་མ་གྱུར་རྟོག་པའི་རླུང་གིས་དཀྲུགས། །འཇིག་རྟེན་རྨོངས་པ་བདག་འཛིན་ལས་བྱུང་བས། །ཡེ་ཤེས་མི་གསལ་མི་ཤེས་ཉོན་མོངས་ཏེ། །ཐོག་མཐའ་དུས་མེད་འཁོར་བར་བྱིང་གྱུར་ཏེ། །སེམས་ཉིད་རང་བཞིན་དག་པའི་མཚོ་དབུས་ལྟ་བུ་ན། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན། །སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་བྱེ་མ་སྙེད་ལྷུན་གྲུབ་ཆེན་པོར་ཡེ་ལྡན་དུ་ཡོད་པ་ལས། ལྷན་ཅིག་སྐྱེས་པའི་མ་རིག་པས་གཞི་བྱས། ཀུན་ཏུ་བརྟགས་པའི་མ་རིག་པས་གཟུང་འཛིན་དུ་གཡོས་པའི་རླབས་ཀྱིས། དབྱིངས་ཀྱི་ཡོན་ཏན་གཟའ་སྐར་དྭངས་པའི་གཟུགས་བརྙན་མི་གསལ་བར། ལས་དང་ཉོན་མོངས་པའི་དབང་གིས་སྣ་ཚོགས་ཀྱི་འཁྲུལ་སྣང་གསལ་བར་གྱུར་ནས། འཁོར་བ་ནས་འཁོར་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་ཆེ་བ་དང་དྭངས་པ་དང་། །ཡེ་ཤེས་གཟུགས་བརྙན་འཛིན་པའི་ཕྱིར། །དབྱིངས་ནི་དག་པའི་རྒྱ་མཚོ་འདྲ། །མ་རིག་གཟུང་འཛིན་རླུང་དག་གིས། །དཀྲུགས་པས་རྙོག་པ་ཅན་དུ་བྱས། །ཞེས་སོ། །

དེ་ལྟར་འཁྲུལ་ནས་སྣ་ཚོགས་སུ་སྣང་བའི་དུས་འདིའི་སྣང་བའང་ཆུའི་ཟླ་བ་འདྲའོ་ཞེས་བསྟན་པ་ནི། ཇི་ལྟར་ཆུ་གཙང་ནང་གི་གཟའ་སྐར་གཟུགས། །དྭངས་ལ་མི་གཡོ་མེད་བཞིན་སྣང་བ་ལྟར། །འཁྲུལ་སྣང་གཟུགས་བརྙན་སེམས་ཆུར་ཤར་བའི་གཟུགས། །མེད་བཞིན་སྣང་འདི་འགྲོ་ཀུན་ཉམ་རེ་ཐག །ཆུ་དྭངས་པའི་རྫིང་བུར་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་ལྟར། གང་གི་སེམས་དྭངས་པའི་ཆུ་དབང་པོ་དྭངས་པའི་སྒོར་ཕྱི་དང་ནང་གི་ཆོས་གཟུགས་ལ་སོགས་(༥༢)པ་དྲུག་གི་སྣང་བ་གཟུགས་བརྙན་དང་འདྲ་བ་ཤར་བ་ལ་བདེན་པར་ཞེན་པས་སེམས་འཁྲུལ་ཏེ། དེ་ལ་ཆུ་དྭངས་པ་ལྟར་དབང་པོ་དང་སེམས་ལ། གཟའ་སྐར་ཐོག་མ་མེད་པའི་བག་ཆགས་དྲན་པའི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པའི་ཆ་གཟུགས་བརྙན་ཤར་བ་ལྟར་སྣང་ཡུལ་དེ་གཟུང་འཛིན་གྱི་ནང་གི་ཤེས་པ་ལ་ཤར་བ་ལ་ཆགས་སྡང་དགག་སྒྲུབ་ཏུ་ཞེན་པས་བཅིང་བར་བྱེད་དོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང་། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །འདི་ནི་སྣང་ཡུལ་བག་ཆགས་བརྟན་པའི་རང་གཟུགས། སྒོ་ལྔའི་དབང་པོ་ལ་གཟུགས་བརྙན་གཉིས་པར་སྣང་བ་ཡིད་ཀྱིས་མ་བཟུང་ན་རང་བཞིན་གྱིས་གོས་པ་མེད་པར་བསྟན་པ་ཡིན་ནོ། །སྣང་སྲིད་ཆུ་ཟླའི་ཚུལ་ལ་རང་གི་རྟོགས་པའི་ངེས་པས་ངོ་བོ་ཉིད་མེད་པར་བསྒྲགས་པ་ནི། འདི་ཅིའི་དངོས་པོ་མ་ཡིན་ངོས་གཟུང་མེད། །མཚན་མར་མ་ཡིན་མཚན་མ་མེད་མ་ཡིན། །ཡོད་མེད་མ་ཡིན་བདེ་བརྫུན་མཐའ་ལས་འདས། །གཟུགས་བརྙན་ཉིད་ཅེས་གསུང་དེ་ཐོག་ཏུ་བབས། །ཆུའི་ཟླ་བའི་དཔེས་ཆོས་སུ་སྣང་བ་འདི་དག་ལ་བལྟས་པ་གང་གི་ཚེ། དངོས་སྣང་འདི་དག་རྡུལ་ཕྲན་མ་ཡིན་པའི་སྟོང་གཟུགས་སུ་མཐོང་སྟེ། དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་དང་། བདེན་པ་དང་རྫུན་པའི་རང་བཞིན་གང་དུ་ཡང་མ་གྲུབ་པར་རྟོགས་ཏེ། འདི་ཅི་སྔོན་དང་མི་འདྲ་བའི་སྣང་བ་ངོ་མཚར་སྙམ་དུ་དགོད་བྲོ་བས། སྣང་ལ་རང་བཞིན་མེད་པའོ་ཞེས་གཟོད་རྟོགས་པར་མཐོང་སྟེ། བཅོམ་ལྡན་འདས་ལ་མཆོག་ཏུ་གུས་པ་སྐྱེས་ཏེ། སྙིང་པོ་མཆོག་ལས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཆུའི་ཟླ་བ་ལྟ་བུའོ་ཞེས་སོ། །ཆོས་གང་དག་ཆུའི་ཟླ་བ་ལྟ་བུ་ཞེས་བཤད་པ། གཟུགས་སོགས་དྲུག་པོ་ཆུ་ཟླ་ལྟ་བུ་སྟེ། །མེད་ལ་སྣང་ཕྱིར་ངོ་བོ་མ་གྲུབ་ཕྱིར། །རྣམ་པ་མ་འགགས་འཁྲུལ་ངོར་སྣང་བའི་ཕྱིར། །མིག་དང་མིག་དབང་མིག་ཤེས་ལ་སོགས་དྲུག །ཆུ་ཟླ་འདྲ་ཞིང་སྟོང་ལ་གསོག་དང་གསོབ། །ཡ་མ་བརླ་འདྲ་ཆུ་ཤིང་སྙིང་པོ་མེད། །རྣམ་ཀུན་བདེན་པས་སྟོང་ཞེས་རྟོགས་པར་བྱ། །གཟུགས་ལ་སོགས་པ་ཡུལ་དྲུག་དང་། མིག་ལ་སོགས་པའི་སྒོ་དྲུག་དང་། མིག་གི་དབང་པོ་ལ་སོགས་དྲུག་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་དྲུག་པོ་རྣམས་ནི་ཆུ་ཟླ་དང་འདྲ་ཞེས་བྱ་ལ། ཅིའི་ཕྱིར་ཆུ་ཟླ་དང་འདྲ་ཞེ་ན། དེ་དག་སྣང་བ་ཙམ་དང་། ངོ་བོ་མ་གྲུབ་པ་དང་། རྣམ་པ་མ་འགགས་པ་དང་། འཁྲུལ་སྣང་དུ་མེད་ལ་སྣང་བའི་ཕྱིར་ཏེ། དེའི་ཕྱིར་མེད་ལ་སྣང་བས་གསོག་དང་། གཟུགས་བརྙན་ཙམ་གྱི་ཕྱིར་གསོབ་(༥༣)དང་། མ་བདེན་ལ་སྣང་བས་ཡ་མ་བརླ་དང་། སྙིང་པོ་མེད་པས་ཆུ་ཤིང་ལྟ་བུ་སྟེ། སྟོང་གཟུགས་ཀྱི་སྣང་བ་རོལ་པ་ཙམ་དུ་ཤེས་པ་བྱ་སྟེ། ཡུལ་འཁོར་སྐྱོང་གི་མདོ་ལས། ཆོས་འདི་རྣམས་ནི་རང་བཞིན་མེད་པ་སྟེ། །གསོག་དང་གསོབ་དང་ཡ་མ་བརླ་འདྲ་ཞིང་། །ཆུ་ཤིང་ལྟ་བུའི་སྙིང་པོ་གང་ཡང་མེད། །ཅེས་སོ། །དེ་ལྟར་ཆོས་ཐམས་ཅད་ཆུའི་ཟླ་བ་ལྟ་བུར་མ་ཟད། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཀྱང་སྣང་ལ་རང་བཞིན་མེད་པ་སོ་སོ་རང་གི་ཡེ་ཤེས་སུ་བཤད་དེ། མཐའ་ཡིས་མ་གོས་དྲི་མ་མེད་པའི་སེམས། །ཆུ་ཟླའི་ཚུལ་དེ་སྣང་སྟོང་སྤྲོས་དང་བྲལ། །ཟབ་ཞི་མི་རྟོག་ཡེ་ཤེས་བརྗོད་ལས་འདས། །རང་གསལ་དྭངས་ལ་མིག་ཡོར་ཤེས་པར་བྱ། །དེ་ལ་ཆུའི་ཟླ་བ་ནི་དངོས་པོ་དང་མཚན་མར་རང་མཚན་དུ་མེད་པས་ཡོད་མེད་ཀྱི་མཐའ་ལས་འདས་ལ། མིག་ལམ་དུ་སྣང་བ་མ་འགགས་པ་ལྟར། སེམས་ཉིད་དག་པ་འདི་ཡང་དངོས་པོ་དང་མཚན་མ་མེད་པས་ཡོད་མེད་སྤྲོས་པའི་མཐའ་ལས་འདས་ཀྱང་། བླ་མའི་བྱིན་རླབས་ལས་སོ་སོ་རང་གི་རིག་ངོ་ན་སྟོང་གསལ་འགག་མེད་ཆེན་པོར་རང་སྣང་བ་ཡིན་ནོ། །དེ་ཡང་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །མཐའ་བྲལ་དེ་བཞིན་ཉིད་དུ་གདམས་པ་ནི། །ཆུ་ཟླར་སྣང་དུས་ཟླ་བར་མ་གྲུབ་ལྟར། །སྣ་ཚོགས་སྣང་དུས་སྣ་ཚོགས་གྲུབ་བསལ་མེད། །དུས་གསུམ་ཐ་སྙད་རྟོགས་པའི་བློ་དང་བྲལ། །མི་རྟོག་ཇི་བཞིན་ཉིད་དུ་གནས་དེ་ཞོག །ཆུའི་ནང་དུ་ཟླ་གཟུགས་སྣང་དུས་དེ་ན་ཟླ་བ་མེད་པ་བཞིན་དུ། ཇི་ལྟར་སྣང་བཞིན་པའི་དུས་ནས་དེ་ལྟར་མ་གྲུབ་པའི་ཕྱིར། གང་སྣང་རྟོག་དཔྱོད་དང་བྲལ་བའི་ངང་དེར་བཞག་སྟེ། ཀུན་བྱེད་ལས། ཀྱེ་སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །མ་བཅོས་ཇི་བཞིན་པ་རུ་སེམས་པ་ཞོག །ཅེས་སོ། །བློ་མ་བཅོས་རྣལ་དུ་གཞག་པ་ནི། །མ་ལུས་འགྲོ་འོང་མེད་པའི་བྱང་ཆུབ་སེམས། །ཕྱི་དང་ནང་མེད་བསམ་འདས་རིས་མ་འཛིན། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་ཉིད་ལ། །ཡངས་དོག་མཐོ་དམན་མེད་ཀྱི་ཚོལ་ཁྲོ་ཞོག །ནང་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ནི་འགྲོ་འོང་ཕྱི་ནང་མེད་པའི་རང་བཞིན་ཡིན་པས་བློ་ཡུལ་ལས་འདས་པ་དེ་འདིའོ་ཞེས་འཛིན་པར་མི་བྱ་ཞིང་། རྒྱ་ཆད་ཕྱོགས་ལྷུང་མེད་པས་ཡངས་དོག་མཐོ་དམན་མ་གྲུབ་པའི་ཕྱིར་ན་སྒོམ་བློའི་གཟེབ་ཏུ་འཆིང་བར་མི་བྱ་སྟེ། སྤྱོད་འཇུག་ལས། དོན་(༥༤)དམ་བློ་ཡི་དཔྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་སོ། །

སྣང་བཞིན་ངོ་བོ་མེད་པས་རྟོག་དཔྱོད་དོན་མེད་དུ་བསྟན་པ་ནི། མི་བསམ་གཅིག་ཏུ་མི་གནས་གདོད་མའི་ངང་། །གང་ཡིན་ཀུན་ཡིན་ཆུ་ཟླ་ལྟ་བུ་ཡིན། །བདེན་མིན་རྫུན་མིན་འཁོར་འདས་མཉམ་པ་ཉིད། །ཇི་བཞིན་ཆོས་ཉིད་ངང་དུ་སེམས་པ་ཞོག །ཇི་ལྟར་སྣང་ཡང་མཐའ་ལས་འདས་པས་འཁོར་འདས་མཉམ་པའི་ཕྱིར། ཆེད་དུ་བློས་བྱས་ཀྱིས་སྟོང་པའང་མི་སྒོམ་སྟེ། གནས་འདི་ནི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་ཆུའི་ཟླ་བ་ནི་སྣང་ལ་རང་བཞིན་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའོ་ཞེས་སོ། །མཐར་འཛིན་བློ་ཡི་ཞེན་པ་དགག་པ་ནི། །སྣང་སྲིད་འཁོར་འདས་ཆུ་ཟླ་དྭངས་པའི་གཟུགས། །ཡེ་སྟོང་བབས་སྟོང་རང་བཞིན་གདོད་ནས་སྟོང་། །དེ་ལ་ཡོད་མེད་བློས་བཏགས་འཁྲུལ་པས་ན། །ཐ་དད་ཕྱོགས་རིས་གྲུབ་མཐའ་མ་ཞེན་ཀྱེ། །ཆོས་ཐམས་ཅད་གཞི་མེད་པས་ཡེ་ནས་སྟོང་པ་དང་། ངོ་བོ་མེད་པས་བབས་ཀྱིས་སྟོང་པ་དང་། མཚན་ཉིད་མེད་པས་རང་བཞིན་གཟོད་མ་ནས་སྟོང་པར་མཉམ་པ་ལ། ཡིན་མིན་དང་ཆེ་ཆུང་དང་ནོར་མ་ནོར་དང་། མཐོ་དམན་ལ་སོགས་པར་འཇལ་བའི་གྲུབ་མཐའི་ཕྱོགས་རིས་ཀྱིས་དགོས་པ་མེད་པས་མཐའ་བྲལ་ནམ་མཁའ་འདྲ་བར་ཁས་ལེན་པར་ཤེས་པར་བྱ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་འོང་མེད། །ཅེས་སོ། །རྟོགས་མ་རྟོགས་ཀྱི་རིམ་པ་ངེས་པ་ཡང་། ཇི་སྲིད་ངར་འཛིན་ཞེན་པའི་བློ་ཡོད་པ། །དེ་སྲིད་འཁོར་བ་ཉིད་ནས་ཐར་དུས་མེད། །འཛིན་མེད་རང་བབས་སོ་གཉུག་རྣལ་མའི་སེམས། །ཟང་ཀ་ཡེ་བབས་རང་གྲོལ་ཕྱོགས་ཡན་ནི། །རང་བཞིན་ཉིད་དེ་དེ་ལ་བཅོས་ཅི་དགོས། །གང་འདིའོ་ཞེས་ཞེན་འཛིན་ཕྲ་མོར་ཡོད་ཀྱང་འཁོར་བར་འཆིང་བ་སྟེ། དོ་ཧ་ལས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་སོ། །འཛིན་མེད་རང་བབས་ཀྱིས་རིག་པ་རང་ཡན་ཡངས་པ་ཆེན་པོར་འཆར་བ་ནི་སེམས་ཉིད་རྣལ་མའི་རང་འགྲོས་ཏེ། ཁྱུང་ཆེན་ལས། མ་བསྒོམས་ལྷུག་པ་ཡེ་མཐའ་མེད་པའི་དོན། །སེམས་གཉུག་རྣལ་མ་རང་བཞིན་གང་ཤར་བ། །གནས་ལུགས་ཉིད་དེ་དེ་ལ་བཅོས་ཅི་དགོས། །ཞེས་སོ། །དེ་ཉིད་རང་བཞིན་རྫོགས་པ་ཆེན་པོ་ཐག་བཅད་པ་ནི། ཡུལ་རྣམས་ངོས་སྟོང་ཆུ་ཟླ་ལྟ་བུ་ལ། །བློ་ཡང་ཞེན་སྟོང་འཛིན་མེད་ཤར་བ་ན། །གཟུང་འཛིན་གཉིས་མེད་ཡུལ་སེམས་འབྲེལ་མེད་པས། །ཅི་བཞིན་རྩོལ་བྲལ་རྫོགས་པ་ཆེན་པོའི་ངང་། །ནང་སེམས་ཐམས་ཅད་འཛིན་མེད་དུ་ཤར་བ་ན། རང་(༥༥)བཞིན་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། མ་བཅོས་རང་དག་གཉིས་སུ་མེད་པ་ནི། །རྫོགས་ཆེན་ཉིད་དེ་དེ་ལ་བཅོས་ཅི་དགོས། །ཞེས་སོ། །དག་མཉམ་ཕྱམ་གཅིག་རྟོགས་པའི་རྣལ་འབྱོར་པས་བྱེད་སྤྱོད་ཐམས་ཅད་ཆོས་སྐུའི་རོལ་པར་ས་ལམ་བཅད་པ་ཡང་། གང་བྱུང་གྲོགས་སུ་འཆར་བའི་རང་བཞིན་ལ། །ཕྱོགས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་ཏེ་བགྲོད་པའི་ས་མེད་པར། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །ས་དང་ལམ་ཐམས་ཅད་རིག་པར་གོ་གཅིག་ལ། རིག་པ་རང་ཡན་ཕྱོགས་བྲལ་དུ་རྟོགས་པ་ན་བྱེད་སྤྱོད་ཚོགས་ཆེན་རྫོགས་པའི་སྤྱོད་པར་གྲུབ་པའི་ཕྱིར། སྣང་སྲིད་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རོལ་པར་ཤར་བ་སྟེ། དོ་ཧ་ལས། ས་དང་ལམ་དང་སངས་རྒྱས་ཐམས་ཅད་གོ་གཅིག་པ། །གཉུག་མའི་ཡེ་ཤེས་དེ་ནི་ཡིད་ཀྱིས་ཡིད་ལ་ཀུན་ཏུ་དྲིས། །ཞེས་པ་དང་། གསང་སྙིང་ལས། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་དང་། ཀུན་བྱེད་ལས། ཀྱེ་དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་རོལ། །གཞི་རྩ་གཉིས་མེད་བྱང་ཆུབ་སེམས་ཀྱི་ཀློང་། །ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཤེས་པར་བྱ། །ཞེས་གསུངས་སོ། །ལམ་བསྒོམ་པའི་རིམ་པ་བཤད་པ་ནི། དེ་ལྟར་རྟོགས་ནས་ངང་དེར་གནས་པ་ནི། །མི་གཡོ་ཆུ་ཟླ་ལྟ་བུའི་བསྒོམ་པ་སྟེ། །ཅིར་སྣང་བདེན་མེད་འལ་འོལ་ཕྱམ་ཕྱམ་དུ། །སྐལ་བཟང་སྐྱེ་བོས་རབ་ཏུ་གོམས་པར་བྱ། །འདི་ལྟར་སྣང་རུང་གི་ཡུལ་རྣམས་ནི་མེད་བཞིན་སྣང་བ་ཆུ་ཟླའི་རང་བཞིན་དུ་ཤེས་ནས། སེམས་ནི་གཅིག་དང་དུ་མ་མེད་པ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །རང་བཞིན་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། སྔོན་འགྲོ་སྔར་བཞིན་ཆུ་ཟླར་གསོལ་བཏབ་ལ། །དངོས་གཞི་གང་སྣང་དངོས་དེ་ཆུ་ཟླ་དང་། །འདྲ་བ་ཉིད་དུ་བསམས་ལ་མཉམ་པར་གཞག །བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས་པ་ལས། །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཆུ་ཟླ་འདྲ་བ་འབྱོངས་པར་མཛད་དུ་གསོལ་ཞེས་མོས་གུས་དྲག་པོ་བྱས་ལ། སྣང་བ་ཐམས་ཅད་ཆུའི་ཟླ་བ་ལྟ་བུ་ཡིན་སྙམ་པའི་ངང་ལ་སེམས་གཞན་དུ་མི་རྟོག་པར་མཉམ་པར་བཞག་པས། དངོས་པོ་མེད་སྣང་སྟོང་པ་ཙམ་ལས། རྗེས་ལ་དེ་ཡང་མེད་པར་ཡིད་ལ་བྱེད་པ་ཐམས་ཅད་བྲལ་བའི་ཉམས་སུ་མྱོང་བ་འཆར་ཏེ། མདོ་སྡེ་རྒྱན་ལས། (༥༦)དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་བསྐྱེད། །ཅི་ཡང་མེད་ཅེས་རྟོགས་པ་ཡིས། །ཕྱིས་ནས་དེ་ཡང་རབ་ཏུ་སྤོང་། །ཞེས་སོ། །དེ་ཡང་དམིགས་རྟེན་ཆུ་ཟླ་ལྟ་བུ་ལ་སེམས་རྩེ་གཅིག་ཏུ་མ་ཡེངས་པར་བྱེད་དུས། རྟོག་པ་གཞན་དུ་ཡེངས་ན་དྲན་པས་དེ་མ་ཐག་ཏུ་བཟུང་ལ་ཆུ་ཟླ་ཉིད་དུ་བསྒོམ་པ་འགྲུབ་སྟེ། དེ་ཉིད་ལས། དམིགས་པ་གང་ཡང་རུང་ཞིག་ལ། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་སོ། །དེའི་ཚེ་སེམས་ནང་དུ་གནས་པ་དང་། ལུས་སེམས་བདེ་བ་དང་། ལས་སུ་རུང་བས་ཉོན་མོངས་པ་མེད་པ་དང་། ཡུལ་ལ་མི་འཕྲོ་བཞིན་དུ། ཡུལ་སྣང་མ་འགགས་ལ་དོན་རབ་ཏུ་འབྱེད་པའི་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་འཐོབ་སྟེ། དེ་ཉིད་ལས། སེམས་ནི་གང་དུ་གནས་པ་དང་། །བདེ་བ་སྐྱེད་པར་བྱེད་པ་དང་། །དེར་གནས་ལས་སུ་རུང་བ་ཉིད། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་། །ཞེས་སོ། །མི་འཕྲོ་བ་དང་། དོན་རབ་ཏུ་འབྱེད་པ་གཉིས་མི་འགལ་ཏེ། རྟོག་པ་ནི་ཡུལ་གྱི་ཕྱིར་སེམས་འཕྲོ་བ་ཡིན་ལ། མི་རྟོག་པའི་ཤེས་རབ་ནི་དོན་སྐད་ཅིག་ལ་ནང་དུ་རིག་པས་རང་གསལ་ཏིང་ངེ་འཛིན་གྱིས་བླན་པ་ཡིན་ཏེ། ཁ་ཕྱིར་བལྟས་ནང་བལྟས་དང་། ཏིང་ངེ་འཛིན་མི་རྟོག་པས་མ་ཟིན་པ་དང་། ཟིན་པའི་ཁྱད་པར་ཡོད་དོ། །གནད་འདི་གལ་ཤིན་ཏུ་ཆེའོ། །དེ་ནས། མཚན་དུས་སྔར་བཞིན་ཁྱད་པར་ཆུ་ཟླའི་ཉམས། །གང་ལའང་འཛིན་མེད་ཕྱམ་གཅིག་ངང་དུ་གནས། །དབུ་མའི་ནང་དུ་འོད་ཟེར་ལྔའི་སྣང་བས་གང་བར་བསྒོམས་ཏེ་ཉལ་བས། རྨི་ལམ་ཆུ་ཟླ་ལྟར་ཟིན་ནས་སྤྲུལ་བསྒྱུར་ལ་སོགས་སྔར་བཞིན་ནུས་ལ་སྣང་བ་ཐམས་ཅད་ཟང་ཐལ་དུ་མཐོང་བའི་ཉམས་འཆར་རོ། །

འབྲས་བུ་ནི། མྱུར་དུ་སེམས་ཉིད་རྒྱལ་པོའི་གཏན་སྲིད་ཟིན། །གང་སྣང་བལྟས་པས་དེར་སྣང་འཛིན་པ་གྲོལ། །དྭངས་གསལ་ཆུ་ཟླ་ལྟ་བུའི་འོད་གསལ་འཆར། །འདི་ནི་སྐལ་མཆོག་ལྡན་པས་རབ་སྒོམས་ཤིག །གནས་སྐབས་སུ་སྣང་བ་ལ་འཛིན་པ་ཞིག་པས་དགག་སྒྲུབ་རང་སར་གྲོལ་བ་དང་། ཡུལ་སྣང་ཆུ་ཟླ་ལྟར་སྣང་བ་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་དྭངས་གསལ་སྤྲོས་དང་བྲལ་བ་སྤྱོད་ལམ་ཀུན་ཏུ་འཆར་བས་མཉམ་རྗེས་འོད་གསལ་དུ་འདྲེ་བ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་ཞིང་སྤྱན་དང་མངོན་ཤེས་འགྲུབ་པ་དང་། མཐར་ཐུག་ཆོས་སྐུར་འགྲུབ་སྟེ། དཀོན་མཆོག་བརྩེགས་པ་ལས། རང་བཞིན་མེད་ལ་གང་གོམས་པ། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ། །ཅེས་སོ། །རང་བཞིན་གདོད་ནས་དག་པའི་ཆོས་རྣམས་ཀུན། །མེད་སྣང་ཆུ་ཟླ་འདྲ་བར་རྟོགས་པ་དང་། །མཉམ་དུ་གཟུང་འཛིན་ཞེན་པའི་མཚོ་བརྒལ་བས། །(༥༧)རྣམ་གྲོལ་རིན་ཆེན་གླིང་དུ་ཕྱིན་པར་ཤོག །རྣམ་ཀུན་མཆོག་ལྡན་རྟོགས་པའི་དཔུང་བསྐྱེད་དེ། །ཏིང་འཛིན་གཞུ་དྲག་ཤེས་རབ་མདའ་འཕངས་པས། །མ་རིག་ཉོན་མོངས་རྩད་ནས་བཏོན་པ་བཞིན། །འཁོར་བའི་གཡུལ་ངོ་མ་ལུས་འཕམ་བྱེད་ཤོག །ཆོས་དཀར་ཡོན་ཏན་རི་བོང་འཛིན་གཟུགས་ཅན། །མ་ལུས་འགྲོ་རྒྱུད་སྐྱེ་བོའི་མཐར་ཁྱབ་པས། །སྲིད་པའི་མཚན་མོ་གཏི་མུག་མུན་བྲལ་ཏེ། །ཆོས་ཉིད་མེ་ཏོག་ཀུནྡ་རྒྱས་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། ཆུ་ཟླ་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་ལྔ་པའི་འགྲེལ་པའོ།། །།

རྡོ་རྗེའི་གནས་དྲུག་པ། བྲག་ཅ་ལྟ་བུའི་ལེའུ།

དེ་ལྟར་ཆད་པ་མེད་པའི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་གཏན་ལ་ཕབ་ནས། ད་ནི་རྟག་པ་མེད་པའི་རང་བཞིན་དུ་བསྟན་པ་ནི། ཡང་འདི་རྒྱལ་བས་བྲག་ཅ་ལྟ་བུ་ཞེས། །གསུངས་པ་དེ་ཡང་གསལ་བར་བཤད་ཀྱིས་ཉོན། །ཆོས་ཐམས་ཅད་ནི་བྲག་ཅ་ལྟར་སྣང་བཞིན་པའི་དུས་ནས་ངོ་བོ་མེད་ལ། རྟག་པ་ཐེར་ཟུག་པའི་ཆ་ལས་གྲོལ་ཏེ་བརྗོད་དུ་མེད་པས་དངོས་པོ་མེད་པའི་ཕྱིར་བྲག་ཅའི་སྣང་བརྙན་ལྟ་བུ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྟག་པ་མེད་པའི་ཕྱིར་བྲག་ཅ་ལྟ་བུའོ། །ཞེས་པའི་དོན་ཡང་གཞི་དང་ལམ་དང་འབྲས་བུའི་དབྱེ་བ་གསུམ་ལས། དང་པོ་གཞི་གཏན་ལ་དབབ་པ་ནི། ཇི་ལྟར་བྲག་རིའི་དྲུང་འདུག་མི་དག་གིས། །ཇི་སྐད་བརྗོད་བཞིན་བྲག་ཅའི་དབྱངས་འབྱུང་བ། །དེ་བཞིན་ཆོས་ཀུན་རྐྱེན་འབྱུང་ངོ་བོ་མེད། །བདེན་པས་སྟོང་ཞེས་ངེས་པར་རྟོགས་པར་བྱ། །བྲག་རིའི་དྲུང་དུ་སྐྱེས་བུའི་སྒྲ་སྐད་བརྗོད་པ་ན། སྒྲ་དེ་ཇི་ལྟ་བུའི་དབྱངས་གྲགས་ཀྱང་། དབྱངས་དེ་ཕྱི་ནང་གང་ནའང་མེད་བཞིན་གྲགས་པ་ལྟར། གདོད་མའི་གཞི་སྟོང་གསལ་ངོ་བོ་མེད་པའི་རང་བཞིན་ལས། ལྷན་ཅིག་སྐྱེས་པ་དང་མཚུངས་ལྡན་གྱི་མ་རིག་པས་རྐྱེན་བྱས་ཏེ། གཞི་སྣང་གི་རང་གདངས་ལས་སྣ་ཚོགས་ཀྱི་འཁྲུལ་པ་ཤར་བ་ནི་རིག་པ་དང་དེ་ལས་གཞན་གང་ནའང་མེད་བཞིན་དུ་སྣང་བས་འཁོར་བ་བྲག་ཅ་དང་འདྲ་བར་སྣང་ཡང་། དོན་ལ་མེད་པ་གསལ་བར་སྣང་བ་ལས་གཞན་མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་མི་དག་བྲག་རིའི་དྲུང་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱང་། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ཕྱིར་སྣང་ལ་ངོ་བོ་མེད་པས་མཐའ་ལས་འདས་པར་བསྟན་པ་ནི། བྲག་ཅ་གྲགས་དུས་ཕྱི་ནང་བར་གསུམ་དུ། །བྲག་ཅའི་དབྱངས་དེ་བཙལ་ཡང་མི་རྙེད་ལྟར། །ཕྱི་ནང་ཆོས་ཀུན་བློ་ཡིས་དཔྱད་བྱས་ནས། །སེམས་དང་སེམས་ལས་སྣང་བའི་ཆོས་རྣམས་ཀུན། །བྲག་ཅའི་(༥༨)རྣམ་པ་ཙམ་ཡང་མི་རྙེད་དེ། །མཁའ་བཞིན་སྟོང་ལ་དངོས་མེད་རྣམ་པར་དག །དེ་ལྟར་རྟོགས་ན་གང་ལའང་ཞེན་འཛིན་མེད། །བྲག་ཅའི་དབྱངས་དེ་བྲག་དང་མི་དང་དེ་དག་གི་བར་གང་ནའང་མེད་ལ། རྐྱེན་གྱིས་ཡོད་པ་ལྟར་སྣང་བ་བཞིན། ཕྱི་ཡུལ་གྱི་ཆོས་དང་ནང་སེམས་ཀྱི་དྲན་རྟོག་ཐམས་ཅད་ལ་རགས་པ་རྣམས་ནི་ཆ་ཤས་ཀྱིས་དབྱེ་བ་དང་། ཕྲ་བ་རྣམས་ནི་ངོ་བོ་ངོས་གཟུང་དབྱིབས་དང་ཁ་དོག་ལ་སོགས་པར་དཔྱད་ན་ཅུང་ཟད་ཀྱང་མི་རྙེད་པས། ནམ་མཁའ་དང་འདྲ་བར་བསམ་བརྗོད་ལས་འདས་ཏེ། བདེན་གཉིས་ལས། ཇི་ལྟར་སྣང་བའི་དངོས་པོ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །

གཤིས་ཀྱི་སྟོང་པ་བློ་ལས་འདས་པར་བསྟན་པ་ནི། ཀུན་རྫོབ་སྣང་ལ་དོན་དམ་མི་དམིགས་ཞེས། །ཆ་གཉིས་འཛིན་པའང་བློ་ཡི་རྣམ་དབྱེ་ཞེས། །ཇི་ལྟར་སྣང་དུས་ཉིད་ནས་བློ་ལས་འདས། །བློས་བཀོད་སྤྲོས་པའི་རྩ་བ་རང་སེམས་ཏེ། །ཡུལ་དེར་འཕེལ་འགྲིབ་གང་དུའང་མི་བྱེད་པས། །རྟོག་པའི་དྲྭ་བས་མ་འཛིན་ངོས་གཟུང་མེད། །དེ་ལྟར་ཤེས་ཏེ་སྤྲོས་པའི་ཕ་རོལ་འགྲོ། །དེ་ལ་དངོས་པོ་སྨྲ་བས་ཀུན་རྫོབ་ཏུ་གྲུབ་ལ། དོན་དམ་དུ་མ་གྲུབ་ཅེས་ཆ་གཉིས་འཛིན་པ་དེ་ཡང་ཆོས་རྣམས་ཀྱི་རང་དུས་ན་མ་གྲུབ་པས་འཐད་པ་མ་ཡིན་ཏེ། ཆ་གཉིས་སུ་བློས་རྟོག་པ་ཙམ་ལས་སྣང་བའི་སྟེང་ན་མེད་པར་མངོན་སུམ་དུ་གསལ་བའི་ཕྱིར་དང་། གང་ཡང་མ་གྲུབ་པར་རྟོགས་པའི་དུས་ནས་དངོས་པོ་ཆུང་ངུ་མ་སོང་བའི་ཕྱིར་ན། སེམས་ཀྱིས་དེ་ལྟར་དཔྱད་པ་ཡིན་ལ། སེམས་ཀྱིས་སྟོང་པར་དཔྱད་ཀྱང་རང་གི་ཀུན་རྟོག་པའི་ཆ་ལས། སྟོང་པ་རྣལ་མར་མེད་པའི་ཕྱིར། དབུ་མ་ཐལ་འགྱུར་བའི་ལུང་འདི་ཡིན་ཏེ། སྣང་བའི་དུས་ན་ཁས་ལེན་ཐམས་ཅད་བྲལ་བ་དབུ་མ་དེ་ཁོ་ན་ཉིད་དུ་ཤེས་པར་བྱའོ། །དེའང་ཀླུ་སྒྲུབ་ཀྱིས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ། །ཞེས་གསུངས་པ་བཞིན་ནོ། །བྲག་ཅ་དང་འདྲ་བའི་འཁོར་བ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྣང་བརྙན་ཙམ་དུ་གྲུབ་པའི་ཚུལ་ནི། གདོད་མའི་སེམས་ཉིད་ནམ་མཁའ་ཡིད་བཞིན་དང་། །ཡོན་ཏན་ལྷུན་གྲུབ་རྒྱལ་ཆོས་དྲི་མེད་ལས། །ཀུན་རྟོག་མ་རིག་སྐྱེས་བུ་སྲིད་པའི་ཆོས། །མེད་སྣང་བྲག་ཅ་ལྟ་བུ་འདིར་འཁྱམས་ཏེ། །འགྲོ་དྲུག་རང་སྣང་བག་ཆགས་དབང་གིས་སྣང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །སེམས་ཉིད་གདོད་མའི་ངོ་བོ་ནམ་མཁའ་ལྟ་བུའི་དབྱིངས་ན་ཡོན་ཏན་ནོར་བུ་ལྟར་ལྷུན་གྱིས་གྲུབ་པར་གནས་པའི་ངང་ལས། ལྷན་ཅིག་སྐྱེས་པ་དང་། ཀུན་རྟོག་པའི་མ་རིག་པ་རྐྱེན་ཙམ་དུ་ཤར་བས་གཟུང་འཛིན་(༥༩)འཁྲུལ་པའི་བག་ཆགས་བསགས་ནས། འཁོར་བ་བྲག་ཅ་དང་འདྲ་བ་འདིར་འཁྱམས་ཏེ་འགྲོ་དྲུག་སོ་སོའི་སྣང་བ་བག་ཆགས་ཐ་དད་པའི་དབང་གིས་སྣང་ཞིང་། སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་སེམས་ཀྱི་རྙོག་པ་བསོད་ནམས་ཆ་མཐུན་གྱིས་མཐོ་རིས་དང་། མི་དགེ་བ་སོ་སོས་ངན་སོང་དུ་འཇུག་སྟེ། དཀོན་མཆོག་བརྩེགས་པ་ལས། གང་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་གཅིག་ནས་གཅིག་ཏུ་འཁོར་ཏེ་ཉོན་མོངས་པར་གྱུར་ཏོ། །ཞེས་པ་དང་། འཕགས་པ་གནས་བརྟན་པའི་གཞུང་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་དཔའ་དག་ལས་སྐྱེས། །ཞེས་སོ། །འཁྲུལ་པར་སྣང་དུས་ཉིད་ནས་སྟོང་པར་བསྟན་པ་ནི། དེ་ལྟ་ནའང་འགྲོ་སེམས་འཁྲུལ་སྣང་འདི། །གཞི་མེད་རྩ་བ་བྲལ་བའི་རང་བཞིན་ནོ། །ཨེ་མ་ཡིད་བཞིན་སྣང་འདི་དགོད་རེ་བྲོ། །དོན་མེད་ངང་ལ་དོན་དུ་བཟུང་བ་ཡིས། །དོན་དུ་སྣང་བ་བྲག་ཅའི་དབྱངས་འདྲ་བ། །འདི་ལ་བདེན་ཞེན་འཛིན་པ་ཅི་ཞིག་བྱ། །གང་ཡིན་གཏད་མེད་ཕྱམ་གཅིག་ངང་དེར་ཞོག །འཕྲལ་བྱུང་སྣང་བ་བདེན་མེད་ཆེན་པོར་གྲོལ། །ཡངས་དོག་མཐོ་དམན་མེད་པས་ཉམས་རེ་དགའ། །ཇི་ལྟར་སྣང་བ་ཉིད་ནས་གཞི་དང་རྩ་བ་མེད་པའི་རང་བཞིན་དུ་རྟོགས་པས་གཏད་མེད་ཡངས་པ་ཆེན་པོའི་རོལ་པར་ཤར་ཏེ། ཡངས་དོག་མཐོ་དམན་མེད་པ་ཆོས་ཉིད་ཀྱི་ར་བར་དལ་ཁོད་སྙོམས་པའི་ཕྱིར་བློ་བདེ་བ་ཡིན་ནོ། །ཇི་ལྟར་སྙོམས་ཤེ་ན། གང་བྱུང་ཆེད་འཛིན་ཞིག་པའི་སྣང་བ་ལ། །དགག་སྒྲུབ་བྲག་ཅ་འདྲ་བའི་སྣང་བ་ཤར། །ཅི་ཡིན་གཟའ་གཏད་མེད་པར་གྲོལ་བས་ན། །དེ་ཡིན་ཕྱོགས་ཆ་བྲལ་བར་ཕྱམ་གཅིག་གོ། །བློ་རེ་དོགས་ཟད་པའི་སྣང་བ་ལ་ཡུལ་སྣང་བྲག་ཅ་འདྲ་བའི་སྣང་བ་ཤར་ཏེ། ཅི་ཡིན་ངོས་གཟུང་མེད་པར་གྲོལ་བའི་ཕྱིར་བདེན་མེད་ཕྱལ་པ་ཡེ་དག་ཏུ་དལ་ཁོད་སྙོམས་པའོ། །དེའི་ཚེ་ཉམས་སྣང་གཟིགས་མོར་ཆེ་བ་འདི་ལྟར་ཤར་བ། ཧ་ཧ་ལྟོས་དང་འཁྲུལ་སྣང་དགོད་རེ་བྲོ། །ངོ་བོ་ངོས་གཟུང་མེད་ལ་ཁྲལ་མ་ཁྲོལ། །ཟབ་ཟོབ་འལ་འོལ་ཡལ་ཡོལ་བན་མ་བུན། །ཕྱད་ཕྱོད་བདེན་ཞེན་མེད་ལ་སྣ་ཚོགས་སྣང་། །ནང་སེམས་ཀྱི་རྩ་བ་ཆོད་པ་ན། ཕྱི་ཡུལ་གྱི་འཛིན་པར་རང་བཞིན་གྱིས་གྲོལ་ཏེ། དུས་མ་འགྱུར་བར་སྣང་བ་ནི་རྣལ་འབྱོར་པའི་གཟིགས་མོ་སྟེ། ཡུལ་སྣང་ཐམས་ཅད་ངོས་གཟུང་མེད་པས་ཁྲལ་མ་ཁྲོལ། །སྙིང་པོ་མེད་པས་ཟབ་མ་ཟོབ། །མེད་བཞིན་སྣང་བས་འལ་མ་འོལ། །གཏད་འཛིན་ཡལ་བས་བན་མ་བུན། །གཟའ་གཏད་མེད་པས་ཕྱད་མ་ཕྱོད་མར་སྣང་སྟེ། སེང་གེ་རྩལ་རྫོགས་ལས། ཆོས་ཉིད་བདེན་པ་མཐོང་བས་རྒྱལ་བའི་སྲས། རྟོགས་པ་ཁོང་དུ་ཆུད་པས་ནམ་ཡང་བདེ། །ཞེས་སོ། །དེའི་ཚེ་སྣ་ཚོགས་ཀྱི་ཆོས་ལ་སྣང་ཞེན་གྱི་རིམ་པ་ཐ་དད་པ་ལ་(༦༠)ཡང་འདི་ལྟར། མི་མཁས་བདེན་པར་ཞེན་པས་བདེན་བདེན་འདྲ། །བདེན་མེད་རྣལ་འབྱོར་པ་ལ་ཕྱམ་ཕྱམ་གཅིག །མི་རྟག་རྟག་པར་འཛིན་ལ་རྟག་རྟག་འདྲ། །རྟག་འཛིན་ངང་གིས་གྲོལ་ལ་སྟོང་གཟུགས་གཅིག །ཡངས་དོག་རྒྱ་ཆད་མེད་པས་ཉམས་དགའོ། །འཁོར་བ་ལ་བདེན་བདེན་ལྟར་སྣང་བའི་ཡུལ་རྣམས། རྣལ་འབྱོར་པ་ལ་བདེན་མེད་ཕྱམ་ཕྱམ་ཅིག་ཤར་ལ། རྟག་པར་ཞེན་པ་རྣམས་ལ་དུས་རྟག་ཏུ་ཡོད་ཡོད་རྟག་རྟག་ལྟར་སྣང་བ་རྣམས། རྣལ་འབྱོར་པ་ལ་མེད་སྣང་སྟོང་པའི་རང་གདངས་ཅིག་ཤར་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་ཆོས་ཉིད་ཕྱལ་པ་བར་མེད་བློ་བདེ་བ་ཡིན་ཏེ། ཀློང་དྲུག་པ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །སྒྲ་ཚིག་དངོས་པོ་རང་དག་པས། །ཡུལ་མེད་རྟེན་བྲལ་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པའི་དུས་སོ། །ལམ་ཉམས་སུ་བླང་བ་ནི། རྟོགས་པའི་དོན་ལ་གོམས་འདྲིས་བྱ་བ་ནི། །སྔོན་འགྲོ་སྔར་བཞིན་སྒྲ་བརྙན་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་སྒྲ་བརྙན་བྲག་ཅ་འདྲ། །གྲགས་དུས་ཉིད་ནས་ངོས་གཟུང་མེད་པ་དང་། །ཅིར་སྣང་ཐམས་ཅད་དེ་བཞིན་བསྒོམ་པར་བྱ། །བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས་ནས། ཆོས་ཐམས་ཅད་བྲག་ཅ་ལྟར་བདེན་མེད་འབྱོངས་པར་མཛད་དུ་གསོལ་ཅེས་སྙིང་ནས་བྱས་ལ། དངོས་གཞི་ནི་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྲག་ཅ་ལྟར་སྣང་ལ་ངོ་བོ་མེད་པར་བསྒོམ་ཞིང་། ཁྱད་པར་བསྟོད་སྨད་སྙན་དང་མི་སྙན་ཀུན། །གྲགས་པས་སྟོང་ལ་ངོ་བོ་ངོས་གཟུང་མེད། །དེ་ལ་སེམས་ཀྱི་དགག་སྒྲུབ་དོན་མེད་ཀྱི། །སྒྲ་རྣམས་བྲག་ཅ་འདྲ་བར་རྟོགས་པར་གྱིས། །བྲག་ཅ་ལྟར་གཞན་གྱིས་བདག་ལ་བསྟོད་པ་དང་སྨད་པ་ཀུན་མཉམ་པར་ཤེས་པ་ལ་སློབ་པར་བསྒོམ་པར་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་གང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཞན་དག་ཁ་ཟེར་རམ་སྐུར་པ་འདེབས་སམ། སྨྲའམ་འཐིང་ཀློད་པར་བྱེད་པས་ཀྱང་རུང་སྟེ། གང་ཅི་ཡང་རུང་བའི་སྒྲ་དེ་དག་ཐམས་ཅད་བྲག་ཅ་ལྟར་ངོ་བོ་ཉིད་མེད་པར་བསྒོམ་པར་བྱའོ་ཞེས་སོ། །དེ་ལ་ཁྲོ་བོའི་སྒོ་ནི་ངག་གི་བརྗོད་པ་མི་སྙན་པ་ལས་འབྱུང་བས་དེ་ངོ་བོ་མེད་པར་རིག་པས་ཀྱང་རྟོགས་པར་བྱ་སྟེ། ཁྲོ་སོགས་སེམས་དེ་ཡུལ་དང་ཕྱོགས་ན་མེད། །མེད་ལ་སྣང་དུས་བཙལ་ལ་རྙེད་པ་མེད། །རྐྱེན་བྱུང་སྟོང་པ་བྲག་ཅའི་དབྱངས་འདྲ་ཞིང་། །ཕ་རོལ་ཚིག་ཀྱང་རྐྱེན་བྱུང་བྲག་ཅ་འདྲ། །དཔྱད་ན་མེད་ལ་སྣང་བའི་གཟུགས་བརྙན་ཙམ། །ཤིན་ཏུ་དཔྱད་ན་མཁའ་བཞིན་དངོས་མེད་ཅིང་། །ལེགས་ཉེས་ཤོར་གོད་ཅི་ཡང་མི་དམིགས་པས། །སྒྲ་ལ་དོན་དུ་མ་འཛིན་བདེན་པས་སྟོང་། །རྣམ་ཀུན་བྲག་ཅ་འདྲ་བར་(༦༡)རྟོགས་པར་གྱིས། །དེ་ཡང་ཕ་རོལ་པོས་ངན་དུ་སྨྲ་བའི་ཚེ། ཚིག་འབྲུ་དེ་ནི་ཕྱི་ནང་གང་ནའང་མེད་པས་མི་དགའ་བ་བྱ་མི་དགོས་ལ། ངན་སེམས་དེ་ནི་ཁ་དོག་དང་དངོས་པོ་མེད་པས་གནོད་བྱེད་དུ་མ་གྲུབ་པའི་ཕྱིར་མི་དགའ་བའི་དོན་མེད་དོ། །རང་གིས་ང་ལ་དེ་སྐད་ཟེར་བ་སྙམ་དུ་བཟུང་བས་ལན་པའི་ཕྱིར། རང་ལ་རང་གིས་གནོད་པ་བྱས་པ་དེ་གདོད་ཤེས་ཏེ། ངོས་གཟུང་མེད་པ་སྟོང་པའི་རང་སྒྲ་ལ་ཤོར་གོད་རྡུལ་ཙམ་ཡང་མི་འདུག་པས་གྲག་སྟོང་རང་ཡལ་རྗེས་མེད་དུ་ལམ་དུ་ཁྱེར་བར་བྱ་སྟེ། ཞི་བ་ལྷས། ཡེ་ནས་སྟོང་པའི་དངོས་འདི་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐམས་ཅད་ནམ་མཁར་འདྲ་བ་ནི། །བདག་འདྲས་ཡོངས་སུ་གཟུང་བར་བགྱི། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །འབྲས་བུ་ནི། དེ་ཡིས་ཐོག་མའི་འཁོར་བའི་བག་ཆགས་དང་། །ཁྱད་པར་ཁོང་ཁྲོ་ཞེ་སྡང་མེ་འཇིལ་ཞིང་། །འཕགས་པའི་བཟོད་ཐོབ་ངན་སོང་ཡང་མི་ལྟུང་། །རིམ་གྱིས་རྒྱལ་བའི་འབྱོར་པ་ཉེ་བར་སྐྱེ། །མཚན་མོ་སྔར་བཞིན་ཁྱད་པར་བྲག་ཅའི་ཉམས། །གྲགས་པ་སྒྲས་སྟོང་ཆོས་ལ་བཟོད་པ་ཐོབ། །དེ་ཕྱིར་བྲག་ཅ་ལྟ་བུའི་དོན་སྒོམས་ཤིག །ཉིན་པར་ཤིན་ཏུ་གོམས་པ་ཉིད་ཀྱིས་རྨི་ལམ་དུའང་བྲག་ཅ་ལྟར་རྟོགས་ཏེ། སྤྲུལ་པ་དང་བསྒྱུར་བ་ལ་སོགས་སྔར་བཞིན་ཐོབ་པའི་ཚེ། གནས་སྐབས་སུ་སྒྲའི་རྗེས་སུ་མཐུན་པའི་བཟོད་པས་ཁོང་ཁྲོ་ཐམས་ཅད་ཞི་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་དེ་ལ་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་བྲག་ཅ་དང་འདྲ་བར་རྟོགས་པ་དེས་ནི་སྒྲའི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་སྟེ། གང་དག་གིས་དགྲ་ལ་དགའ་བར་མི་བྱེད། གཞན་གྱི་སྒྲ་ལ་ཁྲོ་བར་མི་བྱེད། སྟོང་པ་ཉིད་སྒྲའི་ཆོས་ཐོས་ཀྱང་སྐྲག་པར་མི་བྱེད་དེ། འདི་ནི་སྒྲའི་རྗེས་སུ་མཐུན་པའི་བཟོད་པ་དང་པོའོ་ཞེས་གསུངས་སོ། །ཞི་བ་རྡུལ་ཕྲན་མི་འཁྲུགས་འདུས་མ་བྱས། །ཡོན་ཏན་མཚོ་ཆེན་བཟོད་པ་དམ་པའི་མཚོར། །ཏིང་འཛིན་གྲུ་ཆེན་དམ་པ་ལེགས་སྦྱར་ཏེ། །མ་ལུས་འགྲོ་ཀུན་ཐར་ལམ་བགྲོད་པར་ཤོག །རྣམ་དག་མོས་པ་ཡངས་པའི་ནམ་མཁའ་ལ། །བློ་གྲོས་སྤྲིན་ཆེན་འདུས་པའི་གློག་འགྱུ་ཞིང་། །ཆོས་ཆར་ཞི་བ་རྒྱུན་གྱི་ཚོགས་བསིལ་བས། །སྐལ་ལྡན་གདུལ་བྱའི་ལོ་ཐོག་རྒྱས་པར་ཤོག །སྙིང་རྗེའི་སྡོང་པོ་ཕན་བདེའི་ཡལ་འདབ་ཅན། །ཏིང་འཛིན་མེ་ཏོག་ཤེས་རབ་འབྲས་བཟང་བ། །བསྡུ་བཞིའི་གྲིབ་བསིལ་སྙན་པའི་དྲི་བསུང་གིས། །འགྲོ་བློའི་བྱ་ཚོགས་རབ་ཏུ་དགའ་བར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྒྲ་བརྙན་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་དྲུག་པའི་འགྲེལ་པའོ།། །།(༦༢)

རྡོ་རྗེའི་གནས་བདུན་པ། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ལེའུ།

དེ་ལྟར་ཆོས་ཐམས་ཅད་རྟག་པ་མེད་པར་བསྟན་པའི་རྗེས་ལ། སྣང་ལ་རང་བཞིན་མེད་པ་ཉིད་དོན་ཐ་དད་པའི་ངོ་བོ་མ་གྲུབ་པར་བསྟན་པར་ནི། ཡང་འདིར་རྒྱལ་བས་དྲི་ཟའི་གྲོང་ཁྱེར་ཞེས། །གསུངས་པ་དེ་ཡང་བསྒོམ་ཕྱིར་བཤད་ཀྱིས་ཉོན། །ཆོས་ཐམས་ཅད་ཇི་ལྟར་སྣང་བཞིན་པའི་དུས་ནས་རྟེན་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་གནས་མེད་པ་རྟེན་མེད་པ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་དྲི་ཟའི་གྲོང་ཁྱེར་ལྟ་བུའོ་ཞེས་གསུངས་པ་དག་གི་དོན་ནི། གཞི་དང་ལམ་དང་འབྲས་བུའི་རང་བཞིན་གསུམ་དུ་ངེས་པ་ལས། དང་པོ་གཞི་བཤད་པ། གདོད་མའི་འོད་གསལ་མཁའ་ལ་སྣང་བའི་ཆོས། །ལྷུན་གྲུབ་ཡོན་ཏན་གྲོང་ཁྱེར་བརྒྱན་པ་ཞིག །ཐོག་མ་ཐ་མ་དབུས་མཐའ་མེད་འདིར་གནས། །གཞི་གདོད་མའི་རིག་པ་སྟོང་པ་ནམ་མཁའ་འདྲ་བའི་དབྱིངས་ན། ལྷུན་གྲུབ་ཡོན་ཏན་གྱི་གྲོང་ཁྱེར་རང་ཆས་སུ་བསྟན་པ་ནི། དབྱིངས་ལ་ཡེ་ལྡན་གྱི་སྐུ་དང་ཡེ་ཤེས་ཏེ། ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་གནས་པ་ནི། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་པ་མིན། །ཅེས་སོ། །གཞི་སྟོང་གསལ་ལྷུན་གྲུབ་ཆེན་པོ། དེ་ཉིད་ངང་ལས་མ་རིག་སེམས་ཀྱི་མཁར། །གཟུང་འཛིན་ལས་བྱུང་འགྲོ་དྲུག་དྲི་ཟའི་གྲོང་། །རྟེན་གཞི་མེད་ལ་སྣང་སྟེ་སྣ་ཚོགས་གཟུགས། །བག་ཆགས་འཁྲུལ་པའི་ཡིད་ལས་སྐྱེས་པ་ཅན། །དབྱིངས་ཀྱི་རིག་པ་ནམ་མཁའ་འདྲ་བ་ལ། །ལྷན་ཅིག་སྐྱེས་པའི་མ་རིག་པ་མཚུངས་པར་ལྡན་པས། རྩལ་གཟུང་འཛིན་དུ་གཡོས་ཏེ། གཞི་སྣང་ལས་འགྲོ་དྲུག་གི་སྣང་བ་སོ་སོར་འཁྲུལ་པ་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་སྣང་བ་མེད་བཞིན་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་སོ། །ཇི་ལྟར་སྣང་བ་ཉིད་ངོ་བོ་མེད་པར་བསྟན་པ་ནི། གང་འདི་རྟོགས་ན་སེམས་ཉིད་གདོད་མའི་ངང་། །མ་རྟོགས་དུས་ན་ད་ལྟར་འཁྲུལ་པའི་སེམས། །ཅི་འདྲ་ངོས་གཟུང་མེད་པས་དྲི་ཟའི་གྲོང་། །ཉིད་ལས་གཞན་པའི་དཔེ་ཞིག་གང་ཡིན་ཀྱེ། །རིག་པའི་ངོ་ན་སྣང་བདོ་བའི་དུས་ཉིད། མ་རྟོགས་ན་འཁྲུལ་སྣང་བདེན་པ་འདྲ་ཡང་། ནམ་མཁའི་ངང་ན་དྲི་ཟའི་གྲོང་ཁྱེར་སྣང་བ་ལྟར། རིག་པའི་ངང་ན་མེད་པ་གསལ་སྣང་ཙམ་དུ་རྟེན་དང་ངོ་བོ་དང་གཞི་རྩ་མེད་པར་གནས་པས། རྟོགས་ན་ངོ་བོ་ཉིད་མེད་པའི་ཕྱིར་སྟོང་གཟུགས་སྣང་བ་ཙམ་སྟེ། (༦༣)མདོ་ལས། འདུ་བྱེད་རྣམས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །འཁོར་བ་ཡེ་ནས་སྟོང་པས་སྤོང་དུ་མེད་པར་ལ་བཟླ་བ་ནི། འོན་ཀྱང་འདི་ཀུན་རང་བཞིན་མེད་པ་སྟེ། །ནུབ་ཁའི་ཐང་ལ་དྲི་ཟའི་གྲོང་ཁྱེར་བཞིན། །རྟེན་དང་བརྟེན་པ་གཉིས་ཀ་འཁྲུལ་པའི་སེམས། །བག་ཆགས་ཉིད་དེ་རྟོགས་ན་ངོ་བོ་མེད། །རང་བཞིན་བཞག་ན་ཇི་བཞིན་ངང་གིས་གྲོལ། །དེ་བས་སྙིང་ཡང་འཇིགས་སྤོང་དཀའ་བ་མེད། །སྲིད་གྲོང་ཡེ་སྟོང་དག་པའི་ཚུལ་ཤེས་བྱ། །ནུབ་ཁའི་ཐང་ལ་དྲི་ཟའི་གྲོང་ཁྱེར་སྐྱེ་བོས་གང་བ་ཞིག་མཐོང་དུས་ནས་གྲོང་དང་སྐྱེ་བོ་གཉིས་ཀ་མ་གྲུབ་པ་ལྟར། སྣོད་དེ་ལ་བརྟེན་པའི་འགྲོ་བར་སྣང་བ་ཡང་སྣང་དུས་ཉིད་ནས་རང་བཞིན་མེད་པའི་ཕྱིར། སེམས་ཀྱི་འཁྲུལ་སྣང་ལས་དོན་དུ་མ་གྲུབ་པས་སེམས་རང་བཞིན་མེད་པས་གྲོལ་བ་ན། འཁྲུལ་སྣང་རང་བཞིན་སྟོང་པའི་ཕྱིར་ཆེད་དུ་སྤོང་མི་དགོས་པས་ཇི་བཞིན་རྩོལ་བྲལ་མཉམ་པ་ཆེན་པོར་བཞག་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་དྲི་ཟའི་གྲོང་ཁྱེར་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་སྣང་ལ་ཡོད་པ་མ་ཡིན་ནོ་ཞེས་སོ། །གཟུང་འཛིན་ཡུལ་མེད་ཆེན་པོར་བསྟན་པ་ནི། ཡུལ་སྣང་ཐམས་ཅད་བདེན་སྟོང་དྲི་ཟའི་གྲོང་། །བློ་རྣམས་ཐམས་ཅད་བབས་སྟོང་དྲི་ཟའི་གྲོང་། །ཡུལ་སེམས་གཉིས་སྣང་དྲི་ཟའི་གྲོང་འདྲ་བས། །ཅུང་ཟད་ཙམ་དུའང་ཞེན་འཛིན་རང་སར་ཞོག །ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་གཞི་མེད་སྟོང་པ། ནང་གི་འཛིན་རྟོག་ཐམས་ཅད་རང་སངས་སྟོང་པ་སྟེ། ཡུལ་སེམས་ཐམས་ཅད་སྟོང་པའི་རང་འགྲོས་ལ་དགག་སྒྲུབ་དང་འཛིན་ཞེན་བྱེད་པ་འཁྲུལ་པའི་ཕྱིར་ཏེ། རང་བབ་རང་འགྲོས་ཕྱལ་པར་ཟང་ཐལ་གྱིས་བསྐྱངས་ཏེ། དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །ཞེས་པ་བཞིན་ནོ། །འཛིན་ཞེན་འཁོར་བའི་གཟེབ་ཏུ་བསྟན་ནས་རང་གྲོལ་ཟང་ཀས་ཤེས་པར་བྱ་བ་ནི། དེ་ཅི་མེད་ལ་སྣང་བའི་ཆོས་རྣམས་ལ། །བློ་ཡིས་མ་བཟོ་ཆེད་ཀར་གཟུང་བ་ཤོལ། །ཐོག་མེད་འཁྲུལ་པའང་འཛིན་ཞེན་ལས་བྱུང་བས། །ད་ནི་འཛིན་མེད་རང་བཞིན་ཤེས་པར་གྱིས། །སྣང་ལ་ངོ་བོ་མེད་པས་ཆེད་དུ་ཡོད་པར་བཟུང་བས་འཁྲུལ་ཏེ། ཐོག་མའི་འཁྲུལ་པའང་འཛིན་ཞེན་ཕྱིར་མཆེད་པ་ལས་བྱུང་བའི་ཕྱིར། ད་ལྟའང་འཛིན་ཞེན་ངང་གིས་གྲོལ་བར་བྱ་བ་ལ་བསླབ་པ་ནི་གནད་གལ་པོ་ཆེའོ། །འདི་ལྟར་མི་འཐད་པ་བྱུང་ཡང་འཛིན་ཞེན་མ་བྱས་ན་དེ་ལ་བརྟེན་པའི་རྩོད་པ་དང་སྡུག་བསྔལ་མི་འབྱུང་བ་བཞིན་ནོ། །ཐམས་ཅད་མདོ་མཐུན་པས་འཛིན་མེད་ནམ་མཁའ་ལྟར་གདམས་པ་ནི། འཕགས་པ་ཟག་པ་མེད་དང་ཆོས་རྣམས་ལ། །(༦༤)མྱ་ངན་འདས་པ་རབ་ཞི་དངོས་མེད་པས། ཁྱེད་ཀྱིས་དངོས་དང་དངོས་མེད་ཆོས་རྣམས་ལ། །བདེན་སྟོང་དྲི་ཟའི་གྲོང་དང་མཁའ་དབྱིངས་བཞིན། །གདོད་ནས་རབ་ཞི་སྐྱེ་མེད་མཁྱེན་པར་མཛོད། །ཆོས་རྣམས་ཀྱི་ཆོས་ཉིད་ཟག་པ་མེད་པ་སྟེ། མྱ་ངན་ལས་འདས་པ་དང་མཚུངས་པས་དངོས་པོ་སྣ་ཚོགས་ཡུལ་སྣང་གི་ཆོས་རྣམས་སྣང་ནས་སྟོང་པ་དྲི་ཟའི་གྲོང་ཁྱེར་དང་འདྲ་ལ། དངོས་མེད་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་དག་པའི་ངང་ལ་བཞག་སྟེ། ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་སོ། །བཟང་ངན་བླང་དོར་ལས་འདས་པར་བསྟན་པ་ནི། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་སྟེ། །གཏི་མུག་ང་རྒྱལ་ཕྲག་དོག་མི་དམིགས་ཏེ། །ཀུན་ཏུ་རྟོག་ཅན་དྲི་ཟའི་གྲོང་འདྲ་བར། །མཁྱེན་ནས་ཉོན་མོངས་ངོ་བོ་མེད་ཅན་དང་། །སེམས་ཉིད་བྱང་ཆུབ་གཉིས་སུ་མེད་པའི་ཆོས། །མཁའ་མཉམ་དྲི་མ་མེད་པར་རྟོགས་འཚལ་ལོ། །འཁོར་བའི་རྒྱུ་ཉོན་མོངས་པ་ལྔ་ཀུན་རྟོག་པ་དང་བཅས་པ་མེད་ལ་སྣང་བཞིན་དཔྱད་ན་ངོ་བོ་མེད་པ་ཉིད་དང་། སེམས་ཉིད་ངོ་བོ་ཉིད་མེད་དེ་མེད་པ་དག་རང་བཞིན་མེད་པའི་སྟོང་པར་གཉིས་སུ་མེད་པས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ཞེས་བྱ་སྟེ། མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཀྱིས་ནི་ཁྱད་པར་གང་། །ཤིན་ཏུ་ཕྲ་བའམ་ཡོད་མ་ཡིན། །ཅེས་པ་དང་། བྱམས་པས། སྲིད་དང་ཞི་བ་མཉམ་ཉིད་དང་། །ཞེས་བཤད་ཅིང་། ས་ར་ཧས། འཁོར་བ་གང་ཡིན་མྱ་ངན་འདས་པར་ངེས། །ཞེས་བཤད་པ་བཞིན་ནོ། །མཉམ་པ་ཉིད་དུ་ལ་བཟླ་བ་ནི། འཁོར་བའི་རང་བཞིན་གཟོད་ནས་མྱ་ངན་འདས། །འཁྲུལ་རྟོག་རབ་ཞི་མཁའ་ལ་སྤྲིན་དེངས་བཞིན། །དང་པོའི་འབྱུང་སར་ཞི་བའི་ཚུལ་མཁྱེན་ནས། །ཡེ་ཤེས་རབ་ཞི་སྟོང་གསལ་ངང་དེར་སྐྱོངས། །འཇིག་རྟེན་གྱི་ཁམས་འདི་དང་པོ་ནམ་མཁའི་ངང་ལས་ཆགས། ད་ལྟར་དེར་གནས་ཐ་མའང་ཞིག་དུས་དང་པོའི་ཆགས་ས་ནམ་མཁའ་ཉིད་དུ་ཐིམ་པ་ལྟར། འཁོར་བའང་དང་པོ་དབྱིངས་ལས་ཤར། ད་ལྟ་དབྱིངས་འདིར་སྣང་། མཐར་ཡང་དབྱིངས་སུ་གྲོལ་བའི་ཕྱིར། གང་བློའི་སྤྲོས་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་རང་ཡལ་སྟོང་གསལ་གྱི་ངང་ལ་མཉམ་པར་གཞག་ཅིང་གདོད་མའི་དབྱིངས་ལ་ཕྱིན་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་(༥)རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུད་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཐོག་མ་གང་ལས་བྱུང་བ་བརྟག་པར་བྱོས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གནད་འགག་དྲིལ་བས་འགག་བསྡམ་པ་ནི། སྐྱེ་མེད་ངང་ལས་བསམ་ཡུལ་མི་དམིགས་ཀྱང་། །སྐྱེ་བའི་ཆོ་འཕྲུལ་དབྱིངས་སུ་མ་ཞི་བར། །ཀུན་རྟོག་འཁྲུལ་པའི་རྩ་བ་བཅད་པར་མཛོད། །བྱ་དང་མི་བྱ་བླང་དོར་གཉིས་མེད་ཀྱང་། །དངོས་པོ་བདག་ཏུ་འཛིན་པའི་སེམས་ཡོད་པར། །ཉོན་མོངས་གཉེན་པོར་ཟབ་མོའི་ཆོས་བསྟེན་འཚལ། །ཕྱི་ནང་གཉིས་མེད་སེམས་ཉིད་ངང་དུ་གྲོལ། །དེ་ལྟར་རྟོགས་ན་མཁས་པའི་སྐྱེ་བོ་ཡིན། །ཆོས་ཐམས་ཅད་སྐྱེ་བ་མེད་ཀྱང་རང་གི་རྣམ་རྟོག་རང་དྭངས་ཏིང་ངེ་འཛིན་དང་མི་འབྲལ་བར་རྒྱུད་ལ་མེད་ཀྱི་བར་དུ་སེམས་ཀྱི་འཁྲུལ་རྟོག་ལ་རྩ་བ་བཅད་ཅིང་རང་ཀར་མ་ཤོར་བ་གཅེས་ཏེ་དེ་ལ་སོགས་པའི་ཕྱིར་རོ། །མདོ་ལས། གང་ཀུན་ཏུ་རྟོག་པ་ལས་འབྱུང་གི་རྣམ་པར་མི་རྟོག་པ་ལས་མ་ཡིན་ནོ་ཞེས་སོ། །གཤིས་ལ་བླང་དོར་མེད་ཀྱང་སེམས་བདག་ཏུ་འཛིན་རིང་ལ་དགེ་སྡིག་བླང་དོར་གྱིས་ལས་འབྲས་མི་བསླུ་བས། བསགས་སྦྱོང་ཆོས་ལ་འབད་པ་གཅེས་ཏེ། ཡུམ་ལས། གང་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྟ་བུར་རྟོགས་ལ། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇིག་པར་ལྟ་བ་ནི་ཡང་དག་པའི་ཆོས་སོ་ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། མི་དག་འཇིག་རྟེན་འདི་ཡང་ཤི་ནས་ནི། །སྲིད་པ་གཞན་དུ་འཇུག་པ་དེ་མེད་ན། །ལས་བྱས་པ་ལ་སོགས་པ་རྣམས་ཀྱང་མེད་མི་འགྱུར། །ཅེས་པ་དང་། འཕགས་པ་ལྷས། ཆོས་ཀུན་ནམ་མཁའ་ལྟར་མཐོང་ལ། །རྣམ་པར་སྨིན་ལ་ཡིད་ཆེས་པ། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་བཞིན་ནོ། །

ལམ་ཉམས་སུ་བླང་བ་ནི། ད་ནི་དེ་ཉིད་དོན་ལ་བསྒོམ་པ་ཡང་། །སྔོན་འགྲོ་སྔར་བཞིན་དངོས་གཞི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དུ་ངེས་པར་འཚལ་བར་བྱ། །བླ་མའི་རྣལ་འབྱོར་བསྒོམ་པ་སྔར་དང་འདྲ་བ་ལས། ཁྱད་པར་དུ་ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་འབྱང་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ནས་སྣ་ཚོགས་སུ་སྣང་བ་ཐམས་ཅད་དྲི་ཟའི་གྲོང་ལྟར་བསྒོམ་པའོ། །ཅི་ལྟར་ཞེ་ན། གཟུགས་ནི་སྣང་བས་སྟོང་སྟེ་དྲི་ཟའི་གྲོང་། །སྒྲ་དྲི་རོ་རེག་ཆོས་དྲུག་དྲི་ཟའི་གྲོང་། །སེམས་དང་དགག་སྒྲུབ་ཀུན་རྟོག་ཤར་རོ་ཅོག །དྲི་ཟའི་གྲོང་ཡིན་ངང་དེར་གསལ་བར་བསྒོམ། །ཅིར་སྣང་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དུ། །ཉིན་མཚན་དུས་ཀུན་སྔར་བཞིན་གོམས་པར་བྱ། །གཟུགས་ལ་སོགས་པ་ཡུལ་དང་རང་གི་སེམས་དང་དྲན་རྟོག་ཐམས་ཅད། སྣང་(༦༦)ལ་སྟོང་པ་དྲི་ཟའི་གྲོང་དུ་ཉིན་པར་གྱི་ཆ་ལ་གོམས་ཤིང་། མཚན་མོ་སེང་གེའི་ཉལ་ལུགས་ཀྱིས་དབུ་མ་དཀར་བའི་ནང་ན་སངས་རྒྱས་ཀྱི་ཞིང་ཁམས་འཇའ་ཚོན་ལྟ་བུ་ལ་གཏད་པས། རྨི་ལམ་དུ་དྲི་ཟའི་གྲོང་དང་འདྲ་བ་ཟིན་པ་དང་། སྔོན་མེད་པའི་ཡུལ་དང་སྣང་བ་ཡ་མཚན་ཅན་མཐོང་ཞིང་། སྤྲུལ་བསྒྱུར་ནུས་པ་ཡིན་ནོ། །འབྲས་བུ་ནི། དྲི་ཟའི་གྲོང་དང་འདུས་བྱས་འདྲར་མཐོང་ནས། །བདེན་མེད་ངང་དེར་བཞག་པས་སྤྲོས་ཀུན་ཞི། །སྟོང་གསལ་རང་བྱུང་འོད་གསལ་ཁོང་ནས་འཆར། །རྨི་ལམ་ན་ཡང་དྲི་ཟའི་གྲོང་དུ་མཐོང་། །སྤྲུལ་བསྒྱུར་ལ་སོགས་སྔར་བཞིན་བསྒོམས་པ་སྟེ། །བདེན་ཞེན་གྲོལ་བས་གཟུང་འཛིན་འཆིང་བ་ཆད། །ཀུན་སྦྱོར་བག་ཆགས་རབ་ཞི་གྲོལ་བ་ཐོབ། །དེ་ཕྱིར་དྲི་ཟའི་གྲོང་ཁྱེར་ཉིད་སྒོམས་ཤིག །ཉིན་དང་མཚན་དུ་གོམས་པ་ལས་གནས་སྐབས་སུ་བདག་འཛིན་གྲོལ་ཞིང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འགྲུབ་པ་དང་། མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། སྲིད་གསུམ་འདི་དག་དྲི་ཟའི་གྲོང་། །སྨིག་རྒྱུ་ཆུ་ཡི་ཕུང་པོ་བཞིན། །ནོར་བར་ཤེས་ཕྱིར་མི་རྟོག་གོ། །ཞེས་གསུངས་སོ། །གང་གི་རང་བཞིན་ཆོས་དཀར་དབང་པོའི་གཞུ། །སྣ་ཚོགས་རང་བཞིན་མི་གཉིས་སྤྲོས་དང་བྲལ། །དག་གསལ་དྲི་མེད་དྭངས་པའི་མཁའ་དབྱིངས་སུ། །མ་ལུས་འགྲོ་ཀུན་ལྷུན་གྱིས་གྲུབ་པར་ཤོག །པད་སྤུངས་མེ་ཏོག་འདབ་བསྐྱེད་གེ་སར་གྱི། །རྡུལ་ལ་རེག་པས་བདུད་རྩི་འབྱུང་གནས་གང་། །ལྷ་ཡི་མཚོ་ཆུ་དལ་བཞིན་བབས་བསིལ་བས། །ཆེས་ལྷག་མངོན་པར་དགའ་བའི་གནས་མཐོང་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་བདུན་པའི་འགྲེལ་པའོ།། །།

རྡོ་རྗེའི་གནས་བརྒྱད་པ། སྤྲུལ་པ་ལྟ་བུའི་ལེའུ།

དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་དང་འདྲ་བས་ཐ་དད་པ་མ་ཡིན་པར་བསྟན་ནས། ད་ནི་གཅིག་ཏུའང་བསྒྲུབ་པར་བཤད་དེ། རང་གཞན་མེད་པར་གང་ལ་གཅིག་པའང་མི་འཐད་པའི་ཕྱིར་ཏེ། གཅིག་ཏུ་མ་གྲུབ་པ་ཉིད་དོ་ཞེས་བཤད་པ། ཡང་འདིར་རྒྱལ་བས་ཆོས་ཀུན་སྤྲུལ་པ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །ཆོས་རྣམས་ཐམས་ཅད་སྣང་ལ་མ་གྲུབ་པ་སྤྲུལ་པའི་སྐྱེ་བོ་ལྟར། ངོ་བོ་གཅིག་པ་མེད་དེ་ཐ་སྙད་སོ་སོར་སྣང་ལ། དཔྱད་ན་གཅིག་པ་མ་གྲུབ་པའི་ཕྱིར། སྣང་བརྙན་གྱི་རང་བཞིན་ཅན་ནི། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་གཉིས་སུ་མེད་དེ། གཅིག་ཏུ་མ་ཡིན་པའི་ཕྱིར་སྤྲུལ་པ་ལྟ་བུའོ་ཞེས་གསུངས་པའི་དོན་ཡང་། གཞི་དང་། ལམ་དང་། འབྲས་བུའི་དབྱེ་བ་གསུམ་དུ་ངེས་པ་ལས། དང་པོ་གཞི་བཤད་པ་ནི། རང་བཞིན་གདོད་ནས་འོད་གསལ་ངང་ཉིད་ལས། །མ་རིག་བདག་ཏུ་འཛིན་པ་ལས་སྤྲུལ་པའི། །འཁོར་བའི་འཁྲུལ་(༦༧)སྣང་སྣ་ཚོགས་སྤྲུལ་པ་བཞིན། །མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་སྤྱོད། །གདོད་མའི་འོད་གསལ་ནམ་མཁའ་ལྟ་བུའི་ངང་ལས། འཛིན་བྱེད་ཀུན་ཏུ་རྟོག་པའི་བག་ལ་ཉལ་སྤྲིན་དང་འདྲ་བ་གློ་བུར་དུ་ལངས་པ་ལས། འཁོར་བའི་སྣང་བ་སྤྲུལ་པ་ལྟར་མེད་པ་གསལ་སྣང་དུ་ཤར་ཏེ། ཐིག་ལེ་འདུས་པ་ལས། ཐོག་མའི་འོད་གསལ་སྙིང་པོ་ལས། །མཚུངས་ལྡན་མ་རིག་སྙིང་པོ་བྱུང་། །དེ་ལ་གཟུང་འཛིན་འཁོར་བ་མཆེད། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་འཁོར། །ཅེས་སོ། །སྣ་ཚོགས་འཁོར་བར་ཆོས་སུ་སྣང་བ། འདི་ནི་འགྲོ་སེམས་རང་སྣང་བག་ཆགས་ཏེ། །དེ་ཉིད་དག་ཚེ་ཁམས་ལ་སྐུ་གསུམ་དང་། །འོད་གསལ་ཡེ་ཤེས་རང་སྣང་རང་ཤར་བས། །སེམས་དང་ཡེ་ཤེས་རང་སྣང་རྣམ་གཉིས་སུ། །སྒྱུ་འཕྲུལ་དྲྭ་བའི་ལུང་ལས་གསུང་དེ་བཞིན། །འཁོར་བ་པའི་སེམས་ཅན་ལ་གང་ཅི་སྣང་བ་དང་ཤར་བ་ཐམས་ཅད་ནི་སེམས་ཀྱི་རང་སྣང་། སངས་རྒྱས་ལ་སྐུ་དང་ཡེ་ཤེས་དང་ཞིང་དག་པ་གང་ཅི་ཤར་བ་ཐམས་ཅད་ནི་ཡེ་ཤེས་ཀྱི་རང་སྣང་བ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། སེམས་ཅན་སངས་རྒྱས་ཆོས་སོ་ཅོག །སེམས་དང་ཡེ་ཤེས་རང་སྣང་ཉིད། །ཅེས་སོ། །སེམས་ལ་སྣང་བའི་གཟུགས་ལ་སོགས་པ་ཕྱིར་རོལ་གྱི་སྣང་ཡུལ་རྣམས་ནི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་བརྟས་པ་ཙམ་ལས། སེམས་དང་གཞན་དུ་གྲུབ་པ་མེད་དེ་སྤྲུལ་པ་ལྟ་བུའོ། །གལ་ཏེ་སེམས་ཡིན་ན། རྣམ་ཤེས་ཀྱི་ཚོགས་གང་ཡིན། ཀུན་གཞི་རྣམ་ཤེས་ཡིན་ན་ཕྱི་རོལ་དུ་མི་སྣང་བར་འགྱུར། ཁ་ནང་བལྟས་ཁོ་ནའི་རང་བཞིན་དུ་གནས་ལ། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་བཞིན་ནོ། །ཞེས་སོ། །མིག་ཤེས་ལ་སོགས་ལྔ་ནི་ཁ་ཕྱིར་བལྟས་ཡིན་ཡང་། ཡུལ་འཛིན་བྱེད་དུ་དུས་དེར་སྐྱེས་པས་བློ་རྫས་གཅིག་པོའི་ངང་དུས་ན་གཟུང་ཡུལ་མ་ཡིན་ནོ། །ཡིད་ཤེས་དང་ཉོན་ཡིད་མ་ཡིན་ཏེ་དབང་པོ་གཟུགས་ཅན་དྭངས་པ་ལ་སྣང་བའི་ཕྱིར་རོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་པོའི་ནང་ཚན་ཀྱང་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་སྒོ་ལྔའི་ཡུལ་སེམས་མ་ཡིན་པར་ཤེས་སོ། །དེའི་ཕྱིར། གདོད་མའི་དབྱིངས་ནི་ཀུན་གྱི་འབྱུང་གནས་ཏེ། །རིག་པས་དྲི་མ་དག་ཚེ་ཡེ་ཤེས་དང་། །མ་རིག་བདག་འཛིན་འཁྲུལ་པས་སེམས་སྣང་དུ། །འགྲོ་དྲུག་བདེ་སྡུག་སྤྲུལ་པ་ལྟ་བུར་སྣང་། །དབྱིངས་གཅིག་ལས་རང་ངོ་ཤེས་པས་ཡེ་ཤེས་རང་སྣང་བ་དང་། མ་ཤེས་པས་འཁྲུལ་པའི་རང་སྣང་འཁྲུལ་པ་ལྟར་ཤར་བ་ཡིན་ནོ། །སྤྲུལ་པ་དང་འདྲ་བའི་འཐད་པ་དགོད་པ་ནི། ཇི་ལྟར་སྤྲུལ་པ་གཞི་མེད་ལས་བྱུང་བ། །དེ་ལྟར་འཁྲུལ་སྣང་གཞི་མེད་དག་པར་ཤེས། །ཇི་ལྟར་སྤྲུལ་པ་སེམས་ལ་དབང་བསྒྱུར་ལྟར། །དེ་བཞིན་སྣ་ཚོགས་འགྲོ་སེམས་གོམས་པར་ཤེས། །(༦༨)ཇི་ལྟར་སྤྲུལ་པ་གང་འདོད་དེར་སྣང་བས། །དེ་ལྟར་ཆོས་ཀུན་རྒྱུ་རྐྱེན་དག་ལས་ཤེས། །ཇི་ལྟར་སྤྲུལ་པ་མེད་སྣང་འཁྲུལ་པ་ལྟར། །དེ་བཞིན་ཆོས་ཀུན་སེམས་སྣང་འཁྲུལ་པའི་བློ། །རང་སྣང་རང་ཤར་རང་སེམས་རབ་འཇུག་དབང་། །ཇི་ལྟར་གོམས་པ་དེ་ལྟར་སྣང་བ་ཡིན། །སྤྲུལ་པ་ནི་ཤིང་བུ་རྡེའུ་ལ་སོགས་པའི་དངོས་ཅན་གྱི་རྫས་མེད་ཀྱང་། གཞི་མེད་ལས་སྣང་བ་ལྟར། འཁྲུལ་སྣང་ཡང་རྐྱེན་ཙམ་ལས་རང་རྒྱུད་ཉོན་མོངས་མ་གྲུབ་པ་ལས་ཤར་བའི་ཕྱིར་གཞི་རྩ་མེད་པའོ། །སྤྲུལ་པ་ནི་སེམས་ལ་དབང་བསྒྱུར་ཐོབ་པ་དག་གིས་གང་བསམས་སུ་དེར་སྣང་བ་ལྟར། འཁྲུལ་སྣང་འདི་ཡང་སེམས་ལ་བག་ཆགས་གོམས་པའི་དབང་གིས་ཤར་བས་དངོས་པོ་མེད་པའོ། །སྤྲུལ་པ་ནི་རང་དབང་ཐོབ་པ་དེས་གང་འདོད་པ་དེ་སྟོན་ནུས་པ་ལྟར། འཁྲུལ་སྣང་འདི་ཡང་རྒྱུ་དང་རྐྱེན་ལས་དེའི་འབྲས་བུ་ཐ་དད་པ་འཆར་བས་བདེན་པ་མེད་པའོ། །སོ་སོར་ཐར་པ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །སྤྲུལ་པ་ནི་འཁྲུལ་སྣང་དུ་སྣང་བ་ལྟར། ཆོས་འདི་དག་ཀྱང་སེམས་སྣང་གློ་བུར་བའི་སྟོང་གཟུགས་ཏེ། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་སྟོང་པའོ་ཞེས་སོ། །མདོར་ན་ཆོས་སུ་སྣང་བ་ཐམས་ཅད་རང་སྣང་དུ་རང་ཤར་བ་ཡིན་ལ། ཁྱད་པར་དུ་འཁྲུལ་སྣང་ཐམས་ཅད་རང་སེམས་ལ་བག་ཆགས་ཐ་དད་དུ་གོམས་པའི་དབང་གིས་སྣང་བ་ལས། ཕྱི་ནང་གང་ནའང་མ་གྲུབ་པའི་ཕྱིར་མེད་པ་གསལ་བར་སྣང་བ་ཡིན་ནོ། །

ད་ནི་འཁྲུལ་སྣང་རྟོགས་ཚུལ་དང་སྦྱར་ན། གང་ཡང་མ་གོམས་ཇི་བཞིན་ཉིད་བཞག་ན། །གར་ཡང་མི་འཁྲུལ་རང་བཞིན་གཞི་ལ་གནས། །སྔོན་བཞིན་སེམས་ཉིད་དབྱིངས་སུ་འུབ་ཆུབ་བོ། །འཁྲུལ་སྣང་ཐམས་ཅད་ཡིད་ལ་བྱེད་པའི་རིང་དུ་གོམས་པ་ལས་བྱུང་བར་ཤེས་ནས། རྣམ་འབྱོར་པས་གང་ཡིད་ལ་མི་བྱེད་པ་རང་སངས་ཟང་ཀ་རྗེན་པར་གནས་དུས། གར་ཡང་མི་འཁྲུལ་པའི་རིག་པ་སྟོང་པ་གཞི་ཐོག་ཏུ་གནས་པ་ནི། བུམ་པ་ཆག་པའི་ནམ་མཁའ་དབྱེ་བ་མེད་པར་འདྲེས་པ་ལྟར། དུས་གསུམ་དུས་མེད་གཅིག་ཏུ་རྟོགས་པས་སྔོན་ཐོག་གདོད་མའི་ཟད་པར་ཐུག་སྟེ། ནང་དབྱིངས་ཀ་དག་ཆེན་པོར་འུབ་ཆུབ་པའོ། །འདི་ལ་གཉིས་སུ་མེད་པའི་ཡེ་ཤེས་སུ་བརྡ་རྟོགས་ཏེ་ཆོས་སྐུ་དག་པ་ཉིས་ལྡན་གྱི་ངོ་བོར་ཀྲོང་ངེར་བཞུགས་པ་ཡིན་ནོ། །སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་(༦༩)བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པས། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱིས། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་པ་དང་། དོ་ཧ་ལས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །ཅེས་པ་བཞིན་ནོ། །སེམས་ལ་གང་ཤར་རང་བབས་ཁྱབ་གདལ་དུ་བཞག་པ་ཡང་། དུག་གསུམ་དུག་ལྔ་ཀུན་རྟོག་ལས་བྱུང་བ། །ཀུན་ཏུ་དཔྱད་ན་གང་དུའང་མི་གནས་པས། །ཉོན་མོངས་སྦྲུལ་འདྲ་ངོ་བོ་མེད་པས་ན། །མ་སྐྱེས་སྟོང་པའི་ངང་ལ་ཇི་བཞིན་ཞོག །དུག་ལྔའི་ཀུན་ཏུ་རྟོག་པ་དེ་དག་ཀྱང་། །བརྟག་ཅིང་དཔྱད་ན་ཕྱི་ནང་གང་དུའང་མི་རྙེད་ལ་ངོ་བོ་ངོས་གཟུང་མ་གྲུབ་པའི་ཕྱིར། རང་བཞིན་སྤྲུལ་པ་ལྟ་བུར་བཞག་པས་རང་ཚུགས་མི་ཐུབ་པར་གྲོལ་ནས་འགྲོ་བ་ནི་སེམས་ཀྱི་གསང་བ་དམ་པའོ། །དེ་ཉིད་མ་ཤེས་ནས་སྤངས་ཀྱང་ཇེ་མང་ལ་འགྲོ་ཞིང་། སྤང་གཉེན་གྱི་གཟེབ་ཏུ་འཆིང་བ་ཡིན་ཏེ། སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་གཟུགས་སོགས་ལ་མེད་དབང་སོགས་ལ་མེད་དེ་དག་པར་ནའང་མེད། ཅེས་པ་ལ་སོགས་པ་དང་། སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམ། །ཞེས་པ་བཞིན་ནོ། །སྣང་སྲིད་སྣོད་བཅུད་སྐྱེ་འགྲོ་ཇི་སྙེད་ཀྱི། །ལུས་དང་ལོངས་སྤྱོད་འགྲོ་འདུག་བདེ་སྡུག་ཀུན། །མེད་སྣང་སྤྲུལ་པ་དང་འདྲ་རང་བཞིན་མེད། །སྐྱེ་མེད་འགག་མེད་འོང་མེད་འགྲོ་བ་མེད། །འཕོ་མེད་འགྱུར་མེད་འོན་ཀྱང་སྣ་ཚོགས་སྣང་། །དེ་བས་སྤྲུལ་པ་དངོས་ཞེས་རྟོགས་པར་བྱ། །སྤྲུལ་པ་དེ་ཡང་བསམ་གཏན་བསྒྲུབ་པའི་ཆོ་འཕྲུལ་ལས། ངོ་བོ་རིག་པའི་རང་རྩལ་དུ་མ་འགྱུར་ཡང་སྣ་ཚོགས་སུ་འགྱུར་འགྱུར་འདྲ་བ་ལྟར། རང་སྣང་རྡུལ་ཕྲན་ལས་མ་འགྱུར་ཡང་ཆེ་ཆུང་ལ་སོགས་པ་དུ་མར་འགྱུར་འགྱུར་འདྲ་བ་དང་། ཤིང་གཅིག་ལས་མ་འགྱུར་ཀྱང་བཟོ་ཐ་དད་པས་རྣམ་པར་འགྱུར་འགྱུར་འདྲ་བ་ནས། ལུས་དང་ལོངས་སྤྱོད་དང་། ཡུལ་སྣང་གི་དངོས་པོ་ཐམས་ཅད་ས་ཆུ་མེ་རླུང་གི་རྫས་ལས་མ་འགྱུར་ཀྱང་། བཟོ་ལ་སོགས་པའི་རྐྱེན་གྱིས་འགྱུར་འགྱུར་འདྲ་ཡང་། སྣང་ཚོད་ལ་ལྟོས་ནས་ཀྱང་དང་པོའི་རྩོམ་གཞི་རང་རང་གི་རྡུལ་རྫས་དེ་ལས་ལོག་པར་འགྱུར་བ་མེད་ཅིང་། དཔྱད་ན་གང་དུའང་མ་གྲུབ་པར། གཤིས་འགྱུར་མེད་ཆེན་པོར་གནས་ཏེ། འདི་ལྟར་ཆོས་ཐམས་ཅད་རང་རང་གི་རྒྱུ་དང་རྐྱེན་གྱིས་ཐ་དད་པར་སྤྲུལ་པའི་ཕྱིར། སྤྲུལ་པ་དངོས་སུ་རྟོགས་པར་བྱ་སྟེ། ཁྲི་བརྒྱད་སྟོང་པ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་འོང་བ་དང་འགྲོ་བ་མེད་པའི་ཕྱིར་སྤྲུལ་པ་ལྟ་བུའོ་ཞེས་སོ། །དེ་ཡང་སྣང་བརྙན་ཙམ་དུ་བསྟན་པ་ནི། སེམས་ཀྱི་འཁྲུལ་རྟོག་ཟུག་རྔུ་ཇི་སྙེད་པ། །དེ་ཀུན་སྤྲུལ་པ་ལྟ་བུའི་ངང་ཅན་ཏེ། །(༧༠)རང་བཞིན་མེད་ལ་སྣང་བ་མ་འགགས་པ། །བདེན་སྟོང་གཉིས་སུ་མེད་ཅེས་རྟོགས་པར་བྱ། །སེམས་ལ་དགག་སྒྲུབ་ཏུ་ཤར་བ་དེ་ཡང་སྣང་ལ་ངོ་བོ་མེད་པ་སྟེ། ཡུལ་དང་བློ་གཉིས་གང་དུའང་མེད་པ་དེ། །གཉིས་ནས་འཆར་འཆར་འདྲ་ཡང་འཆར་བ་དང་འཆར་མཁན་གཉིས་སུ་མེད་པས། འཆར་གཞིའི་རང་མདངས་ངོས་ཟིན་པ་ཙམ་དུ་བྱའོ། །དེ་བཞིན་དུ། འབྱུང་ལྔ་སྣོད་དང་སྲིད་གསུམ་བཅུད་དང་ནི། །དགག་སྒྲུབ་མ་ལུས་སེམས་ཀྱིས་སྤྲུལ་པ་སྟེ། །སེམས་ཀྱང་མེད་སྣང་སྒྱུ་མའི་སྤྲུལ་པ་རུ། །རང་བཞིན་གདོད་ནས་དག་པར་རྟོགས་པར་བྱ། །ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་རང་གཟུགས་དང་། ནང་བཅུད་སེམས་ཅན་གྱི་ཀུན་ཏུ་རྟོག་པ་དང་བཅས་པ་ཐམས་ཅད། སེམས་ཀྱི་སྟེང་དུ་བག་ཆགས་བཞག་པ་ལས་ཤར་བའི་སྤྲུལ་པ་སྟེ། སེམས་དེ་ཡང་དཔྱད་ན་རིག་པའི་རང་རྩལ་དུ་སྣང་བའི་འཆར་ཚུལ་ཙམ་ལས། ངོ་བོ་ངོས་གཟུང་གང་དུའང་མ་གྲུབ་པས། དབྱིངས་ནམ་མཁའ་ལྟ་བུར་རྟོགས་པར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་འདི་ནི་ཕྱི་རོལ་ན་ཡང་རྗེས་སུ་མི་མཐོང་། ནང་ན་ཡང་རྗེས་སུ་མི་མཐོང་། དེ་གཉིས་ཀའི་བར་ན་ཡང་རྗེས་སུ་མི་མཐོང་སྟེ། ཀུན་ཏུ་བཙལ་ན་མེད་ཅིང་མི་དམིགས་སོ་ཞེས་སོ། །རྟོགས་པར་སྣང་བ་ངོ་བོ་ཉིད་ཀྱིས་མ་གྲུབ་པར་བསྟན་པ་ནི། མི་ཤེས་བྱིས་པས་རྟོག་དང་ལོག་པར་སྣང་། །བློས་བཀོད་དངོས་སྣང་མཚན་མའི་ཆོས་རྣམས་ཀུན། །བག་ཆགས་ཉིད་ལས་དོན་དུ་གྲུབ་པ་མེད། །དེ་བས་འདི་ཞེས་གཟུང་འཛིན་མ་བྱེད་པར། །ཐམས་ཅད་མཐའ་གྲོལ་བརྗོད་འདས་ཤེས་པར་བྱ། །ཚུ་རོལ་མཐོང་བ་བྱིས་པའི་སོ་སོ་སྐྱེ་བོ་རྣམས་ལ་སྣང་བ་དང་རྟོག་པ་ཐམས་ཅད་འཁྲུལ་པ་ཡིན་ཏེ། བདག་ཏུ་འཛིན་སེམས་དང་དེ་ལ་བག་ཆགས་བརྟས་པའི་སྣང་བ་ཡིན་པའི་ཕྱིར་རོ། །ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་རབ་ཏུ་སྣང་བ་འབྱུང་། །ཞེས་སོ། །དེའི་ཕྱིར་བློ་ཐམས་ཅད་ཀུན་རྫོབ་ལ་དེའི་ཡུལ་དུ་ཇི་ལྟར་བཀོད་ཀྱང་། ཀུན་རྫོབ་ལས་ལོགས་སུ་མ་གྲུབ་སྟེ། རྩིག་ལོགས་དང་རས་ལ་ཇི་ལྟར་བྲིས་ཀྱང་རས་བྲིས་དང་རྩིག་རིས་ལས་གཞན་དུ་མེད་པ་བཞིན་ནོ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་སོ། །བྱིས་པ་རྣམས་ཀྱི་ཀུན་རྫོབ་ནི་དེ་ཁོ་ན་ཉིད་ལ་སྒྲིབ་པའི་དྲི་མ་ཡིན་ཏེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་སོ། །དེའི་ཕྱིར་བློས་བརྟགས་པ་ཐམས་ཅད་རྟོག་པའི་དྲ་བ་ཡིན་པས་སྤངས་ལ། ཡིན་མིན་བློ་ལས་འདས་པ་(༧༡)མཐའ་བྲལ་ནམ་མཁའ་ལྟ་བུར་རྟོགས་པར་བྱ་སྟེ། ཡུམ་ལས། ཆོས་ཐམས་ཅད་མིང་ཙམ་བརྡ་ཙམ་རྟོག་པ་ཙམ། གང་རྟོག་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་བཞིན་ཉིད་ནི་རྟོག་པ་ཐམས་ཅད་དང་བྲལ་བ་ལགས་སོ་ཞེས་སོ། །

བརྗོད་མེད་བསམ་ཡུལ་འདས་པར་ལ་བཟླ་བ་ནི། ཆོས་ཀུན་འདི་ཞེས་བརྗོད་ཅིང་མཚོན་བྱས་ཀྱང་། །ནམ་མཁའི་མིང་དང་རི་བོང་རྭ་འདྲ་བར། །དངོས་མེད་གཤིས་ལས་མ་གྲུབ་བཏགས་པ་ཙམ། །ཡེ་སྟོང་རྩ་བ་བྲལ་བར་ཤེས་པར་བྱ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་དཔྱད་ན། གང་དུའང་མ་གྲུབ་པའི་ཕྱིར། ཚིག་གིས་མཚོན་ཡང་དོན་རང་མཚན་མ་ཡིན་པ་ཉིད་ཀྱིས། མིང་ཙམ་སྤུ་རིས་འཛིན་པ་ལས། དོན་དངོས་སུ་མི་འཇལ་ཏེ། ནམ་མཁའི་མིང་དང་རི་བོང་གི་རྭ་ཞེས་བརྗོད་པ་ལྟ་བུའོ། །རིན་ཆེན་ཕྲེང་བ་ལས། ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་སོ། །དེ་ཕྱིར་ཆོས་སོ་ཅོག་ཏུ་སྣང་དུས་ནས་ཡེ་སྟོང་རྩ་བ་བྲལ་བའི་རང་གཟུགས་སྣང་བ་ཙམ་དུ་རྟོགས་པར་བྱའོ། །སྣང་བརྟགས་ཐམས་ཅད་བློ་འདས་ཆེན་པོར་ལ་བཟླ་བ་ནི། རྟོག་པས་བཏགས་ན་བློ་ཡིན་དོན་ལ་མེད། །དོན་དུ་སྣང་དེ་བག་ཆགས་མེད་སྣང་ཡིན། །ཡུལ་མེད་ཡུལ་འཛིན་མེད་པས་གཟུང་འཛིན་མེད། །སྨྲ་མེད་བསམ་མེད་བརྗོད་མེད་མཐའ་ལས་འདས། །དེ་ལ་འདི་ཞེས་སུས་ཀྱང་མཚོན་མེད་པས། །ཡེ་ནས་བདག་མེད་སྤྲུལ་པ་ལྟ་བུར་ཤེས། །གང་རྟོག་པས་བཏགས་པ་དེ་རང་གི་བློ་ཡིན་ལ། བློའི་ཡུལ་དུ་ཅི་སྣང་བ་ཐམས་ཅད་བག་ཆགས་འཁྲུལ་པའི་སྣང་བ་ཡིན་ལ། དེ་ཡང་མེད་སྣང་སྟོང་པ་ཡིན་པས་མཐའ་བྲལ་སྤྲུལ་པ་ལྟ་བུར་ཤེས་པར་བྱ། དེ་ལྟར་ན་སངས་རྒྱས་སྤྲུལ་སྐུ་ཡང་འཁྲུལ་སྣང་ཡིན་ནམ་ཞེ་ན། རང་ངོ་ནི་གང་དུའང་མ་གྲུབ་པས་འཁྲུལ་པར་མ་གྲུབ་ལ། སེམས་ཅན་ལ་སྣང་ཆ་སེམས་ཅན་དེའི་བཟང་རྟོག་གི་ལས་ཀྱིས་འཁྲུལ་སྣང་བཟང་འཁྲུལ་ཙམ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་འཆར་ནུབ་སོ་སོར་སྣང་བ་ནི། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་པ་དང་། ཇི་ལྟར་ལྷ་ཡི་རྔ་སྒྲ་དེ། །ལྷ་རྣམས་རང་བཞིན་ལས་ལས་བྱུང་། །དེ་ལྟར་ཐུབ་པ་ཞི་བའི་ཆོས། །གསུངས་པ་རང་གི་ལས་ལས་བྱུང་། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྟར་བསྟན་པ་ཡང་ཇི་ལྟ་བུ་ཞེ་ན། ཇི་ལྟར་སྤྲུལ་པ་སྣང་བའི་དུས་ནས་སྟོང་། །དེ་ལྟར་ཆོས་ཀུན་གང་སྣང་བདེན་པས་སྟོང་། །ཇི་ལྟར་སྤྲུལ་པ་ཡོད་མེད་མཐའ་ལས་འདས། །དེ་ལྟར་ཆོས་ཀུན་རང་བཞིན་དམིགས་བསམ་འདས། །སྤྲུལ་(༧༢)པ་ནི་སྣང་བཞིན་པའི་དུས་ནས་སྟོང་པ་ལྟར། ཆོས་ཐམས་ཅད་ཀྱང་སྟོང་པའོ། །སྤྲུལ་པ་ནི་དཔྱད་ན་ཡོད་མེད་ཀྱི་མཐའ་ལས་འདས་པ་ལྟར། ཆོས་ཐམས་ཅད་མཐའ་ལས་འདས་ཏེ། སྣང་ལ་རང་བཞིན་མེད་པ་སྤྲུལ་པ་ལྟར་བསྟན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྤྲུལ་པ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་ཡོད་པ་མ་ཡིན་ནོ་ཞེས་སོ། །སྤྲུལ་པ་ལྟ་བུར་སྣང་བ་ལས། སྤྲུལ་པར་ཡང་གྲུབ་པ་མེད་དེ་འདི་ལྟར། སྣང་མོད་སྟོང་མོད་བདེན་མོད་རྫུན་ཡིན་མོད། །གང་ལྟར་བཏགས་ཀྱང་བདེན་པ་འགའ་མེད་པས། །འདི་ཞེས་མ་འཛིན་ཕྱོགས་ཡན་ཆེན་པོར་ལྟོས། །སྟོང་པ་ཉིད་དང་། བདེན་རྫུན་ལ་སོགས་པའི་མིང་ཅིར་བཏགས་ཀྱང་། དོན་ལ་གྲུབ་པ་མེད་པས་ཕྱོགས་ཞེན་གྲུབ་མཐའི་ར་བ་ལས་བརྒལ་ཏེ། མཐའ་བྲལ་ཀློང་ཡངས་ཆེན་པོར་རྟོགས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། སྟོང་ངོ་ཞེས་ཀྱང་བརྗོད་གྱུར་ལ། །མི་སྟོང་ཞེས་ཀྱང་བརྗོད་གྱུར་ཀྱང་། །སྟོང་དང་མི་སྟོང་ལ་སོགས་ཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་པ་དང་། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགག་མེད་ཞེས་ཀྱང་བསྟན། །ཅེས་པ་བཞིན་ནོ། །མཐར་འཛིན་མེད་ན་ཀུན་ཡིན་གཏད་མེད་ཆེན་པོར་བསྟན་པ་ནི། འཛིན་ཞེན་མེད་ན་གང་ཡིན་ཡིན་དུ་ཆུག །ཚིག་ཙམ་མཚོན་ལ་དགག་སྒྲུབ་ཅི་བྱར་ཡོད། །གང་ལའང་བདེན་ཞེན་གྱི་མཐར་འཛིན་མེད་ན་གང་ལྟར་རྟོགས་ཀྱང་བརྡ་ཤེས་པའི་ཡན་ལག་ཙམ་ལས། དོན་བདེན་མེད་སྟོང་པར་གྲུབ་ཟིན་པའི་ཕྱིར་ཚིག་གི་ཕྱོགས་ལ་རྩོད་པ་དོན་མེད་པས། ཅི་འོས་སུ་བཞག་སྟེ། དོ་ཧ་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་བཞིན་ནོ། །ཞེན་འཛིན་ཡོད་ན་མཐོན་པོར་རྟོགས་ཀྱང་རང་ཐོག་ཏུ་མི་ཕེབས་ཏེ། འདི་ཞེས་འཛིན་ན་གང་ཡང་གནས་ལུགས་མིན། །ཡིད་དཔྱོད་རྟོག་པའི་དྲ་བས་ཅི་ཞིག་མཚོན། །སེམས་ཀྱིས་བརྟགས་པ་རང་གི་རྟོག་པ་སྟེ། །དེ་ཡིས་དོན་དམ་སྟོང་ཉིད་མཚོན་བྱས་ཀྱང་། །མཐར་འཛིན་ཉིད་ལས་གནས་ལུགས་ག་ལ་ཡིན། །སྟོང་པ་ཉིད་དོ་ཞེས་པ་ལ་སོགས་པའི་འཛིན་པ་ཡོད་ཀྱང་རང་གི་རྟོག་པས་དེར་རྟོག་པ་ལས། སྟོང་པ་རྣལ་མ་མ་ཡིན་ཏེ་འཛིན་པ་ཡིན་པའི་ཕྱིར་རོ། །དེ་ཉིད་འཁོར་བ་ཡིན་ཏེ། རྟོག་པ་ཁ་བརྒྱུད་པའི་ཕྱིར་འགྲོ་བ་སོ་སོར་འཕེན་པ་སྟེ། དེ་དང་བྲལ་ན་མྱ་ངན་འདས་པར་ཡང་། འཇམ་དཔལ་ལ་བསྟོད་པ་ལས། རྣམ་པར་རྟོག་པ་མ་གཏོགས་པ། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་སོ། །སྟོང་པའོ་སྙམ་པ་ལས་སྟོང་པ་མཚོན་པས་སྐྱོན་(༧༣)མེད་ཅེས་པའང་མི་འཐད་པར་བསྟན་པ་ནི། འོན་ཀྱང་མཚོན་ཏེ་ཤེས་པར་བྱེད་ཅེ་ཡང་། །མཚན་མཚོན་འདས་ལ་ཅི་ཞིག་མཚོན་དུ་ཡོད། །དེ་བས་དོན་མེད་རྩོད་པའི་ཞེན་འཛིན་གྱིས། །སེམས་ཉིད་མི་རྟོགས་ཡིད་དཔྱོད་ཕོ་ཚོད་ཙམ། །སྟོང་པར་བློས་གཞལ་བའི་སྟོང་པ་དེས་སེམས་ཉིད་ཀྱི་རང་ངོའི་སྟོང་པ་གཤིས་ཀྱི་དོན་དམ་དེ་མ་རྟོགས་ཏེ། གཤིས་ཀྱི་ངོ་བོ་ལ་མཚན་མཚོན་ཐམས་ཅད་ལས་འདས་པ། རྟོག་པ་མེད་པ་ཡིན་ལ། བློས་གཞལ་དེ་ཡིད་དཔྱོད་འཛིན་པའི་ཕོ་ཚོད་སྤོམ་ཡོར་པོ་རྒྱུས་མེད་པའི་ཡུལ་ཡིད་ལ་འཇལ་བའོ། །ལོང་བ་བཤད་བཟང་པོས་གཟུགས་ཀྱི་དབྱེ་བ་འཇལ་བ་དང་འདྲ་བ་ཡིན་ནོ། །འོ་ན་གང་གིས་རྟོགས་ཤེ་ན། བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །སྤྲིན་བྲལ་མཁའ་ལ་ཉི་ཤར་དག་པ་བཞིན། །ནམ་ཞིག་ནུས་ལྡན་རྟེན་འབྲེལ་ཐབས་ཀྱིས་འཆར། །དེ་ཚེ་དམ་པའི་དོན་དེ་མངོན་དུ་འགྱུར། །བློས་མ་རྟོགས་ཕོ་ཚོད་དང་བྲལ་བའི་སྟོང་པ་གཤིས་ཀྱི་གནས་ལུགས་ནི། རིག་པའི་ངོ་བོ་བསམ་བརྗོད་དང་བྲལ་བ་ཡིན་ལ། དེ་རང་གི་རྒྱུད་ལ་འཆར་བ་ནི། རང་གི་བསོད་ནམས་དང་། བླ་མའི་བྱིན་རླབས་ལས། དབང་ངམ་ངོ་སྤྲོད་ལ་སོགས་པའི་སྐབས་སུ་བརྡ་དང་རྟེན་འབྲེལ་བཟང་པོས་རིག་པ་སྟོང་གསལ་ཟང་ཀར་ཡོད་པ་རང་ཤེས་ཏེ། བརྟག་གཉིས་ལས། བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་། དོ་ཧ་ལས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་སོ། །དེ་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཕྱམ་གཅིག་ཡིན་མིན་དཔྱད་ར་མེད། །མཁའ་མཉམ་མཐའ་གྲོལ་ངང་སྟོང་ཟང་ཀ་མ། །ཡངས་ལ་སྣང་སྟོང་སྤྲུལ་པའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ངང་གིས་རྟོགས་པར་འགྱུར། །གཤིས་རྟོགས་པའི་ཚེ་ཡུལ་སྣང་ཐམས་ཅད་ཕྱལ་པ་བར་མེད་སྤྲུལ་པ་སྟར་སང་སེང་། རིག་པ་རང་སངས་རྗེས་མེད་ཟང་ཀ །ཕྱི་ནང་བར་མེད་དཔྱད་ར་ཞིག་པའི་སྣང་བར་འཆར་ཏེ། རྒྱ་ཕྱམ་ཕྱམ། དོག་མེར་མེར། ཡངས་ཕྱལ་ཕྱལ་པ་ཅིག་ཏུ་འཆར་བ་ཡིན་ནོ། །ས་ར་ཧའི་ཞལ་ནས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལ་ཡང་འདྲི་བར་མི་བྱའོ། །ཞེས་པ་བཞིན་ནོ། །འཁོར་འདས་རིག་པར་གྲོལ་བ་བློ་བདེ་ངང་གིས་ཤར་བ་ཡང་། འཁོར་བ་གང་ཡིན་འཁྲུལ་རྟོག་སེམས་ཉིད་འདི། །རྟོགས་པར་གྱུར་ན་ཡེ་ཡིན་མྱ་ངན་འདས། །འཛིན་མེད་རིག་པའི་ཡེ་ཤེས་ཡུལ་ལ་འཕྱོ། །གང་སྣང་དངོས་མེད་དེར་འཛིན་མི་འཇུག་པ། །སྣང་སེམས་སྤྲུལ་པའི་ངང་དེར་བློ་བདེ་རྙེད། །འཁོར་བ་ཀུན་ཏུ་རྟོག་པའི་རང་བཞིན་འདི་མེད་སྣང་བ་སྟོང་པའི་རང་འགྲོས་སུ་རྟོགས་(༧༤)ན་མྱ་ངན་ལས་འདས་པ་རང་ཤར་དུ་སྣང་བས། དྲན་སྣང་ཡུལ་མེད་སྟོང་པར་གྲོལ་ཏེ། གཉིས་མེ་ཡེ་ཤེས་ཀྱི་སྣང་བ་འཕྱོ་བ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སེམས་ཀྱི་མཁའ་ལ་ཡིད་ཀྱི་དལ་འཕྱོ་བ། །སྒྱུ་མའི་འགྲོས་ཏེ་ཡེ་ཤེས་ཁྱབ་གདལ་པའོ། །ཞེས་སོ། །རིག་སྟོང་ཟང་ཀའི་ཚུལ། འདི་ལྟར་རྟོགས་ན་བདེན་མཐོང་ཡེ་ཤེས་པ། །གཞན་ཞིག་མཚོན་དུ་མེད་དེ་དེ་རང་ཉིད། །རང་ཤར་རང་སར་གྲོལ་བའི་ཆོས་ཉིད་དོ། །རིག་སྟོང་ཟང་ཀའི་རྟོག་པ་དེ་ཉིད་དོན་དམ་དབྱིངས་ཀྱི་བདེན་པ་མཐོང་བ་སྟེ། ཕྱིས་ནས་གོམས་པའི་ཉམས་སྐྱེ་བ་ལས། རྟོགས་པའི་ངོ་བོ་དེ་ནས་ལྷག་ཏུ་རྟོགས་བྱར་མེད་དེ་ཟད་པའི་དགོངས་པ་མཐོང་བའི་ཕྱིར་རོ། །ཡུམ་ལས། གང་གི་ཆོས་མཐོང་བ་དེ་ནི་འཕེལ་བའམ་འགྲིབ་པ་མེད་པས་ནམ་མཁའ་ལྟ་བུའོ་ཞེས་སོ། །བྱིན་གྱིས་བརླབས་ལས་རྟོགས་པ་དེ་ཉིད་གཞན་སྐལ་བ་མེད་པ་དག་ལ་མཚོན་ཡང་གོ་སྤྱི་ལས། རང་གིས་རྟོགས་པ་འདྲ་བ་མི་འཆར་རོ་ཞེས་བསྟན་པ་ནི། ཐབས་སྟོང་བླ་མའི་བྱིན་རླབས་སྙིང་ཞུགས་པ། །གང་ལ་མངོན་དུ་གྱུར་ཡང་གཞན་དུ་མིན། །མིག་ལྡན་གཟུགས་སྣང་སྒྲོན་མེ་འབར་གྱུར་པ། །དམུས་ལོང་དག་ལ་བསྟན་པས་མཐོང་ངམ་ཅི། །མིག་དང་ལྡན་པ་ལ་མར་མེ་འབར་བ་དེ་དམུས་ལོང་ལ་བསྟན་ཡང་མི་མཐོང་བ་ལྟར། སྐལ་བ་དང་ལྡན་པ་ལ་རྟོགས་པ་ཤར་བ་དེ་སྐལ་བ་ཆུང་བ་རྣམས་ལ་བརྡ་དང་ཐབས་ཇི་ལྟ་བུར་མཚོན་ཡང་ཡིད་དཔྱོད་ལས་རང་གི་རྟོགས་པ་ཅི་འདྲ་བ་མི་མཐོང་ངོ་། །དེ་ཡང་བླ་མའི་མོས་གུས་མཆོག་ལས་སྐྱེ་བ་ཡིན་ཏེ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མི་མཐོང་ངོ་། །ཞེས་པ་ལྟ་བུའོ། །ཐོས་པ་དང་མི་ལྡན་པ་རྣམས་དང་། ལྡན་ཡང་ཀུན་ཏུ་རྟོག་པས་འཆེལ་བ་རྣམས་ལ། དེ་ཁོ་ན་ཉིད་རྟོགས་པ་ད་རེས་ཀྱི་ཚེ་འདིར་མེད་དོ་ཞེས་བཤད་པ། ཚིག་ཀྱང་མི་ཤེས་དོན་ཡང་མི་གོ་བ། །གང་གིས་ལེགས་པའི་ཉི་མ་མི་མཐོང་བ། །དེ་བས་བླུན་པོའི་སྐྱེ་བོ་གཞན་དག་ནི། །ནེ་ཙོའི་འདོན་པ་འདྲ་ཞིང་རློམ་པས་ཁེངས། །རྟོག་པའི་དྲ་བས་སྙིང་པོའི་དོན་མ་མཇལ། །དེ་ཉིད་མི་ཤེས་དམུས་ལོང་གཟུགས་འཇལ་འདྲ། །རྟོགས་པའི་དུས་མེད་ཡིད་དཔྱོད་བདེན་པར་འཛིན། །ཨེ་མ་གཟུ་ལུམས་ཤིན་ཏུ་སྐལ་བ་ངན། །སྙིང་པོའི་དོན་ལ་ནམ་ཡང་མ་རེ་ཞིག །སྔོན་ཡང་ལེགས་པར་བཤད་པའི་ནོར་གྱིས་དབེན་པ། འདིར་ཡང་མཆོག་ཏུ་བླུན་པོའི་བློ་གྲོས་སུ་གྱུར་པ་རྣམས་དང་། རྟོག་པ་དྲྭ་བ་ལ་དོན་དུ་ཞེན་པའི་ནེ་ཙོ་དང་འདྲ་བ་དག་གིས། སེམས་ཉིད་འོད་གསལ་བའི་དོན་མཐོང་བའི་སྐལ་བ་མེད་དེ། གཅིག་ནི་བླུན་སྒོམ་ཡིད་དཔྱོད་ལ། དོན་དུ་ཞེན་པའི་ཕྱིར་དང་། (༧༥)ཅིག་ཤོས་ནི་ཡིད་དཔྱོད་འཛིན་པའི་མཐར་ལྟུང་བའི་ཕྱིར་ཏེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་བསྒོམ་པ་ཡི་རེ་མུག །དེ་ལ་འབྲས་བུ་རེ་བ་ཡང་རེ་འཁྲུལ། །ཅེས་གསུངས་པ་བཞིན་ནོ། །རང་གི་ཕྱོགས་ལ་དེ་ཁོ་ན་ཉིད་རྟོགས་པ་འཐད་པ་དང་བཅས་པས་བསྔགས་པ་ནི། འདིར་ནི་སེམས་ཉིད་དམ་པའི་ཡེ་ཤེས་ནི། །བླ་མས་བསྟན་པ་རང་རིག་ཡེ་ཤེས་དངོས། །རང་སེམས་བཅོས་བསླད་མེད་པར་བཞག་ན་འཆར། །རེ་དོགས་འཛིན་ཞེན་མེད་ན་མངོན་པ་སྟེ། །སྟོང་གསལ་མཐའ་དབུས་མེད་ན་ལེགས་ཀྱང་མངོན། །དེ་བས་བརྒྱུད་པའི་བྱིན་རླབས་དང་ལྡན་པ། །དམ་པའི་བླ་མས་ཟིན་པ་མཆོག་ཏུ་གཅེས། །སོ་སོ་རང་གི་ཡེ་ཤེས་ནི་རྟག་པར་གནས་ཀྱང་ངོ་མ་ཤེས་པ་དེ། བླ་མས་བསྟན་པའི་དུས་འདིར་མངོན་དུ་མཐོང་བས་ངེས་པར་བྱས་པ་དེ་ཡང་། ཕྱིས་ནས་སེམས་ཀྱི་ངོ་བོ་ཇི་བཞིན་དུ་བཞག་པ་ཙམ་གྱིས་འཆར་ཏེ། དེ་ཚེ་ཡུལ་དང་སེམས་སུ་སྣང་ཡང་འཛིན་ཞེན་མེད་པའི་ངོ་བོ་ལ་མངོན་པ་སྟེ། རིག་པ་སྟོང་གསལ་ཕྱམ་གདལ་བ་ངང་གིས་ཤར་བའི་ཚེ། སྔོན་བས་ཀྱང་གསལ་བར་མངོན་པ་ནི་བླ་མ་དམ་པའི་དྲིན་ལས་བྱུང་བ་ན། བརྒྱུད་པ་དང་བླ་མ་ཤིན་ཏུ་བཟང་བ་ཅིག་ལ་ཐུག་པ་ཁོ་ན་གལ་ཆེ་སྟེ། ས་ར་ཧས། དེ་ཕྱིར་བརྒྱུད་པར་ལྡན་པའི་བྱིན་རླབས་ལྔས་བྱུང་བ། །དེ་ཡང་རྗེ་བཙུན་མཐུ་ཡིས་ངེས་པར་རྟོགས་པར་བྱ། །ཞེས་པ་དང་། ཀུན་བྱེད་ལས། བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །སྨན་པའི་རྒྱལ་པོ་དེ་ནི་གཡོ་མེད་གུས་པས་བསྟེན། །ཞེས་པ་དང་། སྡུད་པ་ལས། བླ་མ་མཁས་པ་དག་ལ་རྟག་ཏུ་བརྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ། །ལམ་ཇི་ལྟར་བསྒོམ་པ་ནི། གནས་ལུགས་དོན་ལ་ཡེང་མེད་བསྒོམ་པ་ཡང་། །སྔོན་འགྲོ་སྔར་བཞིན་བླ་མའི་རྣལ་འབྱོར་ལ། །སྤྲུལ་པ་འབྱོང་བར་གསོལ་གདབ་དངོས་གཞི་ནི། །སེམས་ནི་སྤྲུལ་པ་ལྟ་བུའི་རང་བཞིན་ལ། །སེམས་ལ་སྣང་འདིའང་རང་བཞིན་སྤྲུལ་པ་འདྲ། །ཐམས་ཅད་མ་སྐྱེས་སྤྲུལ་འདྲར་ཐག་བཅད་ནས། །སེམས་ནི་དྲན་པས་མཚོལ་ཁྲོ་བྲལ་བར་གཞག །བླ་མའི་རྣལ་འབྱོར་བསྒོམས་ལ་ཆོས་ཐམས་ཅད་སྤྲུལ་པ་ལྟར་འབྱོང་བར་མཛད་དུ་གསོལ་ཞེས་པའི་གསོལ་བ་བཏབ་ནས། སེམས་དང་སེམས་ལ་སྣང་བའི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་པའི་ངང་ལ་དྲན་རྟོག་ཡིད་ལ་བྱེད་པ་གང་ཡང་མི་རུང་བར་གཞག་གོ། །དེ་ཚེ་སྟོང་གསལ་སྤྲོས་དང་བྲལ་བ་ཡི། །ངང་ལ་གནས་པས་གཡོ་བྱེད་གཟུང་འཛིན་བྲལ། །དྭངས་གསལ་སྤྲུལ་པ་ལྟ་བུའི་འོད་གསལ་འཆར། །སྣང་ཡུལ་མ་འགགས་(༧༦)དེར་འཛིན་བཅོས་བསླད་མེད། །སལ་ལེ་སེང་ངེ་མ་ཡེངས་ངང་གིས་བདེ། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུའི་སེམས། །རང་བཞིན་སྤྲོས་དང་བྲལ་བའི་ངོ་བོ་མཐོང་། །དེ་ཚེ་ཆོས་རྣམས་སྤྲུལ་པ་ལྟ་བུ་ལ། །བློ་ཡི་རྣམ་པའང་སྤྲུལ་པ་ལྟ་བུར་གྲོལ། །ཆགས་སྡང་རེ་དོགས་བདག་འཛིན་སྤྲུལ་པ་བཞིན། །གཞི་གྲོལ་ལམ་གྲོལ་འབྲས་བུ་གྲོལ་བ་ཡིན། །སྤྲུལ་པ་ལྟ་བུའི་སེམས་ཀྱི་འཕྲོ་འདུ་ཐམས་ཅད་ནུབ་སྟེ། སྤྲུལ་པར་འཛིན་པ་ཡང་མེད་པའི་ངང་དེ་ནི་གཡོ་བྱེད་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཏེ་སྣང་ཡུལ་སྣང་ཡང་དེར་འཛིན་གྱི་དཔྱད་ར་མེད་པས། ཡུལ་དང་ཡུལ་ཅན་དེར་རྟག་པའི་གཟུང་འཛིན་ཐམས་ཅད་དང་བྲལ་ཞིང་། རིག་པ་དྭངས་ལ་སྣང་བ་ཐམས་ཅད་གསལ་སྟོང་འཛིན་མེད་དུ་རང་སྣང་བས་སྤྲུལ་པ་ལྟ་བུ་སྟེ། སལ་ལེ་བའི་རིག་པ། རང་གསལ་དུ་ངོ་ཤེས་པའི་ངང་ལ་གནས་པས། ལུས་སེམས་བདེ་བའི་རང་དུས་དེ་ནམ་མཁའ་འདྲ་བའི་འོད་གསལ་ཏེ། སྤྲོས་པའི་མཐའ་དང་བྲལ་བའི་ངོ་བོ་མཐོང་བའོ། །དེ་ཚེ་ཆོས་སུ་སྣང་ངོ་ཅོག་སྤྲུལ་པ་ལྟ་བུར་ཤར་བས། ཆོས་སུ་འཛིན་པ་ངང་གིས་གྲོལ་ཏེ། དུག་ལྔ་དང་རེ་དོགས་གང་ཡང་མེད་པས། དེ་དག་གི་གཉེན་པོ་གཞི་ལམ་འབྲས་བུའི་ཆོས་སུ་འཛིན་པའང་རང་ལོག་པའི་ཕྱིར་ཕྱི་གཟུང་བ་ནང་འཛིན་པ་སྟེ། གཟུང་བ་གང་ཟག་གིས་བདག་ལ་གྲོལ་བ་དང་མཉམ་དུ། གཉེན་པོ་ལམ་དུ་བླང་བྱར་འཛིན་པ་མེད་པས་ཆོས་ཀྱི་བདག་ཀྱང་ཤུགས་ལས་མེད་པར་རྟོགས་ཏེ། བདག་མེད་གཉིས་རྟོགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་འཆིང་ཞེན་གྱི་གོལ་ས་གང་ཡང་མེད་པས། ཕྱོགས་ཡན་དུ་བསྟན་པ་ནི། གང་ལྟར་བསྒོམས་ཀྱང་དེ་ཡིས་མི་འཆིང་སྟེ། །ཡོད་པར་བསྒོམས་ཀྱང་རྟག་པའི་མཐའ་ལས་གྲོལ། །མེད་པར་བསྒོམས་ཀྱང་ཆད་པའི་དྲི་མ་བྲལ། །གཉིས་སུ་བསྒོམས་ཀྱང་གཉིས་མེད་ངང་དེར་གནས། །བདག་ཏུ་བསྒོམས་ཀྱང་བདག་འཛིན་འཆིང་བ་མེད། །གཞན་དུ་བསྒོམས་ཀྱང་རེ་དོགས་གཉིས་བཅས་མེད། །བསྐྱེད་པར་བསྒོམས་ཀྱང་རྫོགས་པར་ལྷུན་གྲུབ་ཅིང་། །རྫོགས་རིམ་བསྒོམས་ཀྱང་སྤྲུལ་པའི་བསྐྱེད་རིམ་འགྲུབ། །རིག་པ་ཟང་ཀ་བཅོས་བསླད་མེད་པའི་དོན་མཐོང་ནས། ལས་དང་རྣམ་པར་སྨིན་པ་ལ་སོགས་པའི་ཆོས་སུ་ཡང་ངེས་སྙམ་དུ་བསྒོམས་ཀྱང་རྟག་པའི་མཐར་མི་ལྟུང་སྟེ་རིག་པ་གཞི་མེད་དུ་མཐོང་བའི་ཕྱིར་དང་། སྣང་སྲིད་ཀྱིས་ཆོས་ཐམས་ཅད་རྩ་བ་མེད་པར་བསྒོམས་ཀྱང་ཆད་པའི་མཐར་མི་ལྟུང་སྟེ། རིག་པ་རང་གསལ་དུ་མཐོང་བའི་ཕྱིར་དང་། སྣང་བ་དང་ཤེས་པ་ལྷ་དང་གཞལ་ཡས་ཁང་ལ་སོགས་པ་གཉིས་བཅས་སུ་བསྒོམས་ཀྱང་གཉིས་འཛིན་དུ་མི་ལྟུང་སྟེ། རང་དུས་དེ་ནས་རང་རིག་གི་ངོ་བོ་གཉིས་(༧༧)མེད་དུ་མཐོང་བའི་ཕྱིར་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་བདེ་བར་གཤེགས་པའི་སྙིང་པོ་ལྷུན་གྲུབ་འདུས་མ་བྱས་ཡེ་ནས་གྲུབ་པའི་བདག་ཉིད་དམ་པའི་འོད་གསལ་བསྒོམས་ཀྱང་མུ་སྟེགས་ཀྱི་བདག་ལྟར་ངར་འཛིན་དུ་མི་ལྟུང་སྟེ། རང་རིག་གི་ངོ་བོ་སྟོང་གསལ་ལྷུན་གྲུབ་ཆེན་པོར་མཐོང་བའི་ཕྱིར། འཁོར་བའི་འཁྲུལ་སྣང་དག་བྱ་དྲི་མའི་རྣམ་པ་ཅན་ལ་སོགས་པ་གཞན་དུ་བསྒོམས་ཀྱང་རེ་དོགས་གཉིས་བཅས་སུ་མི་ལྟུང་སྟེ། རིག་པའི་ངོ་བོ་ལ་དྲི་མ་ཡེ་ནས་ཡོད་མ་མྱོང་བར་མཐོང་བའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པའི་ཚུལ་གྱིས་དང་། བསྐྱེད་རིམ་ལྷ་སྐུ་ཞལ་ཕྱག་དང་བཅས་པ་བསྒོམས་ཀྱང་། བསྒོམ་དུས་དེ་ཉིད་ནས་དམིགས་བཅས་སུ་མི་ལྟུང་སྟེ། རིག་པའི་ངོ་བོ་སྟོང་གསལ་མཚན་མ་མེད་པ་མཐོང་བའི་ཕྱིར། རྫོགས་རིམ་སྣང་བཅས་ཕྲ་མོའི་རྣལ་འབྱོར་དང་སྣང་མེད་ནམ་མཁའ་ལྟ་བུར་བསྒོམས་ཀྱང་སྟོང་པའི་མཐར་མི་ལྟུང་སྟེ། རིག་པའི་ངོ་བོ་ལ་རང་གསལ་ཟང་ཀའི་ངོ་བོ་མ་སྤངས་ཡོངས་རྫོགས་ཆེན་པོའི་སྣང་བ་ལྷུན་གྲུབ་ཏུ་མཐོང་བའི་ཕྱིར་རོ། །འདི་དག་ནི་རྣལ་འབྱོར་པ་ལ་གཅེས་པའི་ཆིངས་གལ་པོ་ཆེའོ། །དེ་ལྟར་རྟོགས་པའི་ཚེ་ན། ཤར་གྲོལ་དུས་མཉམ་ཉོན་མོངས་ཀུན་ལས་གྲོལ། །འཛིན་རྟོག་ལས་འདས་རྣལ་མའི་ངང་ཉིད་དེར། །དུས་གསུམ་དུས་མེད་ཆོས་ཉིད་འཁོར་ལོ་ལ། །ཐུན་མཚམས་རིས་མེད་སྤྲུལ་པ་ལྟ་བུར་སྤྱོད། །སྤྲུལ་པའི་སྐྱེ་བོ་ལྟར་སྣང་ལ་རྗེས་མེད་སྟོང་པར་གནས་པས། རྣལ་འབྱོར་པ་དེ་ཡང་ལུས་ཡོད་པ་སྙམ་ཡང་སྟོང་པ་ཟང་མ་ཙམ་ལས་གདོས་བཅས་སུ་འཛིན་པ་མེད་པ་དང་། ཤེས་པ་ཟང་ཐལ་རྗེན་པར་བུད་ནས། སེམས་ཤར་ས་ནས་རང་ཡལ་གཏད་མེད་དུ་ཕྱམ་ཕྱམ་གྲོལ་ཏེ། སྔ་ཕྱི་རིས་མེད་ཀྱི་རིག་པ་རང་གསལ་ཟང་ཀར་རྟག་ཏུ་ཤར་བས། ཐུན་མཚམས་རེས་མེད་དུ་སོང་སྟེ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱ་སྟེ། འཇམ་དཔལ་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པའི་དོན་ཏོ། །དེ་ཚེ་རྣལ་འབྱོར་པ་དེ་ཡང་། གཏད་མེད་སྨྱོན་པ་འཛིན་མེད་ཟང་ཀ་མ། །ཤུགས་འབྱུང་རང་ཀར་རེ་དོགས་བཅོས་བསླད་མེད། །གང་ཡིན་ཀུན་ཡིན་གཏད་མེད་ཕྱམ་གཅིག་པ། །ནམ་མཁའ་རབ་འབྱམས་དགོངས་པ་ལྷུན་གྱིས་གྲུབ། །ཤེས་པ་གཏད་འཛིན་དང་བྲལ་བས་བྱ་བའི་ཁྲིགས་ཆགས་བུད་ནས། ཤུགས་འབྱུང་རང་ཤར་གྱི་སྣང་བ་ལ་ཐད་དྲང་དུ་སྤྱོད་པ་ནི་སྨྱོན་པ་ཁྲོག་ལངས་པ་ལྟ་བུ་སྟེ། དགོངས་པ་ནི་ཕྱོགས་ཡན་ནམ་མཁའ་ལྟར་མངོན་དུ་གྱུར་པའི་དུས་སོ། །འབྲས་བུ་ནི་གཏད་མེད་ཀྱི་སྣང་བ་འཛིན་མེད་དུ་(༧༨)ཤར་བ། དེ་ཚེ་ཉིན་མཚན་སྤྲུལ་པའི་ངང་གནས་པས། །བདེ་ཆེན་འཁོར་ལོར་བདེ་ཀློང་གཅིག་ཏུ་འཁྱིལ། །ལོངས་སྤྱོད་འཁོར་ལོར་རྣམ་ཀུན་ལོངས་སྤྱོད་རྫོགས། །ཆོས་ཀྱི་འཁོར་ལོ་ཆོས་ཉིད་རྒྱུན་ཆད་མེད། །སྤྲུལ་པའི་འཁོར་ལོར་རྣམ་སྤྲུལ་དཔག་ཏུ་མེད། །བདེ་སྐྱོང་འཁོར་ལོར་ཉིན་མཚན་བདེ་བས་སྐྱོང་། །མ་སྦྱངས་བཞིན་དུ་རླུང་སེམས་གནད་དུ་ཚུད། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་རྩ་འདབ་རླུང་། །ཡེ་ཤེས་རོ་གཅིག་སྦྱངས་འབྲས་མངོན་དུ་འགྱུར། །དེ་ལ་འཁྲུལ་པའི་ལུས་སེམས་ཁེགས་པའི་དུས་འདིར། དེ་དག་གི་རྟེན་འབྲེལ་འགྲིགས་པ་ལས་ཡོན་ཏན་འཆར་བ་ཡང་། རྩོལ་བ་ཅན་བསྐྱེད་རིམ་གྱི་རྣལ་འབྱོར་ལ་གཙོ་བོར་བྱེད་པ་དག་རྩ་རླུང་རགས་པའི་ལམ་དུ་བྱེད་ལ། རྩོལ་བྲལ་རྫོགས་པའི་རྣལ་འབྱོར་པས་ཁ་ཅིག་ཕྲ་མོའི་རྣལ་འབྱོར་ལས་མི་རྟོག་པ་སྐྱེས་པ་ཉིད་ཀྱིས་སྦྱོང་རྩོལ་ཤས་ཆུང་བ་ལམ་དུ་བྱེད་ལ། དབང་པོ་ཡང་རབ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དག་ནི་རིག་པའི་ངོ་བོ་རྟོགས་པ་ལ་དབང་བསྒྱུར་བས། བྱ་རྩོལ་མེད་པ་ལམ་དུ་བྱེད་པ་ལས་འདིར་རིག་ངོ་བྱ་རྩོལ་མེད་པ་སྐྱོང་བས་རྩ་རླུང་གནད་དུ་འཆིངས་ནས་དེ་དག་གི་ཡོན་ཏན་ཞོར་ལ་འཆར་བ་ཡིན་ནོ། །དེ་ལ་ཚོགས་གཉིས་བསགས་པ་ལས་རྩ་རླུང་ལས་སུ་རུང་ནས་ཡོན་ཏན་འཆར་ཏེ་བྱང་ཆུབ་སེམས་དཔའི་ལམ་ལྟ་བུའོ། །སྦྱངས་པས་གནད་དུ་ཚུད་དེ་ཡོན་ཏན་འཆར་བ་ཐུན་མོང་བ་ལྟ་བུའོ། །བྱ་རྩོལ་མེད་པས་རྩ་རླུང་གི་ཡོན་ཏན་འཆར་བ་རང་བཞིན་རྫོགས་པ་ཆེན་པོ་ལྟ་བུའོ། །དེ་ཡང་རྟེན་རྩ་དང་རླུང་ནི་འདུག་སྟངས་ལ་སོགས་པས་སྦྱངས་ལ། རླུང་ནི་སེམས་ཀྱི་བཞོན་པ་ལྟ་བུ་ཡིན་ལ། ཁམས་ནི་ལོངས་སྤྱོད་ལྟར་དགའ་བ་སྟེར་བ་ལས། རྩོལ་བཅས་པ་རྣམས་རླུང་རྟ་དང་འདྲ་བ་སྦྱངས་པས། སེམས་དེ་ལ་ཞོན་པའི་མི་དང་འདྲ་བ་རང་དབང་དུ་བྱེད་དོ་ཞེས་མི་རྟ་ཡུལ་ཁམས་གཞན་དུ་དོན་གཉེར་བ་ལ་དཔེ་བྱས་ཏེ། རྟའི་ཁ་ལོ་སྒྱུར་བ་ལྟར་འཁོར་ལོ་བཞི་དང་གཙོ་མོ་གསུམ་གྱི་གནས་སུ་རྩོལ་བས་དབང་སྒྱུར་བྱེད་པའི་དམིགས་པ་དང་། འཁྲུལ་འཁོར་ལ་སོགས་པ་བྱེད་ཀྱང་། འདིར་མི་འཆུན་པོ་ཆེ་རང་གི་སྟན་ལས་མ་གཡོས་པར་དོན་རྣམས་ལྷུན་གྱིས་གྲུབ་པ་ལྟར། རིག་པ་རང་ས་ཟིན་པའི་ངང་ལས་མི་གཡོ་བ་ན་རྩ་རླུང་དང་མིའི་སེམས་གཉིས་དང་བྲལ་ཏེ་རྣམ་རྟོག་འཕྲོ་འདུ་བདེ་བར་ཞི་ནས། ཆོས་ཉིད་རང་སའི་ངང་ལས་མ་གཡོས་པར། རྩ་རླུང་ལས་སུ་རུང་བའི་ཡོན་ཏན་ལ་མ་བཙལ་ལྷུན་གྱིས་རྫོགས་པ་ཡིན་ནོ། །དེ་ཕྱིར་ཐུན་མོང་གི་ཐེག་པ་རྣམས་བློན་འབངས་རྩོལ་བས་དོན་བསྒྲུབས་པ་དང་འདྲ་ལ། ཐུན་མོང་མ་ཡིན་པའི་ཐེག་པ་རང་བཞིན་རྫོགས་པ་ཆེན་པོ་བ་རྣམས་རྒྱལ་པོ་འབད་རྩོལ་མེད་པར་དོན་ཀུན་ལྷུན་གྲུབ་(༧༩)ཏུ་འབྱུང་བ་ལྟ་བུའོ། །དེ་ལ་རིག་པ་རང་ས་ཟིན་པ་ལས་མི་གཡོ་བས་སེམས་དང་དེའི་རྟ་རླུང་གཉིས་འཆིང་སྟེ་ཡོན་ཏན་གྱི་འཆར་ཚུལ་ཡང་། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱང་གཞི་རིག་པའི་སྟེང་དུ། སྦྱང་བྱ་འདོད་ཆགས་ཀྱི་འཛིན་རྟོག་དག་ནས། སྦྱངས་འབྲས་ཆོས་ཉིད་ཀྱི་འཁོར་ལོ་རང་བཞིན་ལྷུན་གྲུབ་ཀྱི་བསམ་གཏན་བདེ་བ་ཆེན་པོའི་ངང་ལ་བདེ་ཀློང་དུ་འཁྱིལ་པའོ། །ཡང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱང་གཞི་རིག་པ་ལ། སྦྱང་བྱ་ཞེ་སྡང་གི་རྟོག་པ་དག་ནས། སྦྱངས་འབྲས་འདུས་པ་དང་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ལྷུན་གྲུབ་ཏུ་རྫོགས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱང་གཞི་རིག་པ་ལ། སྦྱང་བྱ་གཏི་མུག་དག་ནས། སྦྱངས་འབྲས་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ལྷུན་གྱིས་གྲུབ་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱང་གཞི་རིག་པའི་སྟེང་དུ། སྦྱངས་བྱ་ང་རྒྱལ་ཕྲག་དོག་ལ་སོགས་པའི་འཛིན་རྟོག་དག་ནས། སྦྱངས་འབྲས་རྫུ་འཕྲུལ་དང་སྤྲུལ་པ་དང་ལས་བཞིའི་ཕྲིན་ལས་འགྲུབ་པའོ། །དེ་དག་ཐམས་ཅད་ཀྱི་སྦྱང་གཞི་རིག་པའི་སྟེང་དུ། སྦྱོང་བྱེད་རང་ངོ་ཤེས་ལ་འཛིན་པས་མ་བསླད་པའི་དོན་གོམས་པས། སྦྱངས་བྱ་སོ་སོའི་དྲི་མ་དག་ནས། སྦྱངས་འབྲས་རིག་པ་གཏན་སྲིད་ཟིན་ནས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྫོགས་པར་འཆར་བ་ཡིན་ནོ། །དེ་དག་ཀྱང་ཡིད་བཞིན་བདེ་བ་འཁོར་ལོའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །སྟོང་དང་དངོས་པོའི་མཐའ་ཟད་དུ། །དགུ་ཟད་རྟོག་པ་མེད་པ་དང་། །མཚན་བཅས་རང་སར་གྲོལ་བའོ། །མ་སྦྱངས་ལྷུན་གྱིས་གྲུབ་པ་ཡི། །ཡོན་ཏན་རྣམས་ནི་ངང་གིས་རྫོགས། །ཞེས་སོ། །དེ་ཚེ་རྨི་ལམ་སྤྲུལ་བསྒྱུར་ཞིང་ཁམས་མཐོང་བ་དང་། །ཕྱིས་ནས་འཁྲུལ་པའི་རྨི་ལམ་རྒྱུད་ཆད་དེ། །འོད་གསལ་བ་ལ་ཉིན་དང་མཚན་མོ་གནས། །བདེ་གསལ་མི་རྟོག་ཏིང་འཛིན་ངང་གནས་ཤིང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཡོན་ཏན་འགྲུབ། །ཉམས་རྟོགས་ཚད་མེད་རང་གཞན་དོན་གཉིས་འགྲུབ། །དེ་ཕྱིར་ཆོས་ཀུན་སྤྲུལ་པའི་རང་བཞིན་དུ། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་དོན་སྒོམས་ཤིག །མཚན་མོ་སེང་གེའི་ཉལ་ལུགས་ཀྱིས་དབུ་མ་གསལ་བའི་འཁོར་ལོ་བཞིར་བརྟན་གཡོ་བའི་འཇིག་རྟེན་དང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཆུད་པ་ལས། ཁྱད་པར་དུ་མགྲིན་པའི་འཁོར་ལོ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲུལ་པ་ལྟར་བསམས་ལ་ཉལ་བས། རྨི་ལམ་ཟིན་ནས་སྤྲུལ་བསྒྱུར་ལ་སོགས་པ་འགྲུབ་ཅིང་། སྤྱན་དང་(༨༠)མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་རྫུ་འཕྲུལ་འགྲུབ་ཅིང་འོད་གསལ་གྱི་ངང་ལ་རྟག་ཏུ་གནས་ལ། ས་ལམ་གྱི་རང་བཞིན་བགྲོད་ནས། མཐར་ཐུག་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་འགྱུར་ཏེ། དེ་ཉིད་ལས། དེ་ལ་རྣལ་འབྱོར་སྐལ་ཆེན་པོ། །བསམ་མེད་ཡིད་ལ་མི་བྱེད་པས། །རང་བཞིན་ལྷུན་གྱིས་རྫོགས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །མི་འགྱུར་མཉམ་པ་ཆེན་པོའི་ངང་ཉིད་ལས། །མི་གཡོ་སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །མི་རྟོག་རང་བྱུང་ཡེ་ཤེས་དོན་མཐོང་ནས། །མི་གནས་གདོད་མའི་གནས་སུ་ཕྱིན་པར་ཤོག །ཞི་བ་རྡུལ་བྲལ་ཡོན་ཏན་རྫོགས་པའི་གཙོ། །འོད་གསལ་མཁའ་དབྱིངས་ཉི་མ་ཤར་བ་བཞིན། །རང་གཞན་གཏི་མུག་མུན་པ་ཀུན་བསལ་ནས། །འགྲོ་ཀུན་མིག་གཅིག་ཐར་གླིང་སྣང་བྱེད་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྤྲུལ་པ་ལྟ་བུའི་ལེའུ་སྟེ་རྡོ་རྗེའི་གནས་བརྒྱད་པའི་འགྲེལ་པའོ།། །།

ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་བསྟན་པ་ལས། བརྗོད་བྱའི་དོན་གང་གིས་གཏན་ལ་ཕབ་པའི་དོན་ངོས་གཟུང་བ་ནི། དེ་ལྟར་རྒྱལ་བས་ཡོངས་སུ་བསྟན་པའི་ཆོས། །སྒྱུ་མའི་དཔེ་བརྒྱད་ཉིད་དུ་རིག་བྱའི་ཕྱིར། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །དྲི་མེད་འོད་ཟེར་ཤར་བས་སྣང་བར་བྱས། །

དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོ་དང་རྒྱུད་སྡེའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་ཀྱང་སོ་སོ་རང་གི་རིག་པ་དང་། དེའི་ངོ་བོར་སྣང་བ་སྒྱུ་མའི་དཔེ་བརྒྱད་ལས་ཆོས་ལྷག་པར་མ་གསུངས་ཏེ། ཡུམ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ལས་ཆོས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པ་དང་། རྩ་བ་ཤེས་རབ་ལས་ཀྱང་། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འགགས་པའང་གསུངས། །ཞེས་སོ། །དེ་དག་གི་དོན་ཡང་སོ་སོར་རང་གི་རིག་པ་དང་། དེ་ལས་སྣང་བའི་ཆོས་རྣམས་ཀུན་རྫོབ་ཏུ་སྒྱུ་མའི་དཔེ་བརྒྱད་དུ་བསྟན་པ་ཡང་། ཇི་ལྟར་སྣང་བཞིན་པའི་དུས་ནས་དོན་དམ་པའི་ཆོས་ཉིད་སྐྱེ་འགག་དང་བྲལ་བར་བསྟན་ཏེ། རིག་པ་ནི་དོན་དམ་པའི་དབེན་པ་ནམ་མཁའ་དང་འདྲ་བའི་ངང་ན་འཁོར་འདས་ཀྱི་ཆོས་སྒྱུ་མའི་དཔེ་བརྒྱད་ཀྱིས་བསྡུས་པ་རྣམས་སྤྲིན་དང་འཇའ་ཚོན་ལྟར་སྣང་བ་ན་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་ལ་སོགས་པ་རྣམ་པ་བརྒྱད་ཀྱི་ངོ་བོ་དང་འབྲེལ་བ་འགྲུབ་པའི་དོན་ཏེ། འཛམ་བུ་གླིང་ན་གདུགས་ཟླ་མེད་པའི་སློབ་དཔོན་ཆེན་(༨༡)པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རིག་པ་དང་དེའི་ངོ་བོ་ན་སྣང་བའི་ཆོས་བདེན་པ་གཉིས་ཀྱི་རང་བཞིན་གཏན་ལ་འབེབས་བའི་ཚུལ་འདི་ནི་དཔག་ཏུ་མེད་པའི་བསྐལ་པ་ནས་བླ་ན་མེད་པའི་སྒོའི་ཆོས་ཀྱི་ཐེག་པ་ལ་སྦྱངས་པས། འདིར་ཡང་ཚུལ་ཁྲིམས་ཀྱི་ནམ་མཁའ་རྡུལ་དང་བྲལ་བ་ལས་བློ་གྲོས་ཀྱི་ཉི་མ་ཚད་མེད་པའི་འོད་ཟེར་སྟོང་མངོན་པར་འཕྲོ་བས། བསྐལ་པ་མཆོག་གི་གདུལ་བྱ་རྣམས་ཀྱི་མ་རིག་མུན་པ་སེལ་ཞིང་། དམ་ཆོས་ཀྱི་པད་ཚལ་རབ་ཏུ་རྒྱས་པར་བྱེད་པ་དེས་སྣང་བར་བྱས་པ་ཡིན་ནོ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལས། སྐྱེ་དགུ་ཐམས་ཅད་ཐར་པ་དམ་པའི་ཆོས་ལ་སྤྱོད་པར་བསྔོ་བ་ནི། དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །ཆོས་རྣམས་མ་སྐྱེས་སྒྱུ་མའི་ཚུལ་མཐོང་ནས། །གོང་ནས་གོང་དུ་འཕེལ་བའི་ཆོས་བསྒྲུབས་ཏེ། །རྒྱལ་བའི་སྐུ་གསུམ་འབྱོར་པས་མཛེས་པར་ཤོག །ཆོས་ཀྱི་སྒོ་བླ་ན་མེད་པ་ལེགས་པར་ཕྱེ་བའི་དགེ་བ་ཕུལ་དུ་ཕྱིན་པ་དེ་ལ་བརྟེན་ནས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཐར་པ་དམ་པའི་ལམ་དུ་ཞུགས་ཏེ། ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་སྣང་བཅས་བསོད་ནམས་ཀྱི་ཚོགས་བསྒྲུབ་ཅིང་། རིག་པ་ནམ་མཁའ་འདྲ་བའི་དོན་ལ་བསྒོམ་པ་སྣང་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་ནས། ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པ་སྟེ། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་ལྟ་བུའོ། །ལམ་གྱི་གེགས་མེད་པར་བསྔོ་བ་ནི། རྨི་ལམ་སྒྱུ་མ་སྨིག་རྒྱུ་གཟུགས་བརྙན་དང་། །བྲག་ཆ་སྤྲུལ་པ་ལྟ་བུའི་ཆོས་རྣམས་ལ། །བདེན་པར་ཞེན་པའི་བློ་ནི་རབ་སྤངས་ཏེ། །ཡེ་ཤེས་ཡོན་ཏན་གདོད་མའི་སར་ཕྱིན་ཤོག །ལམ་གྱི་གེགས་ནི་གཤིས་ཀྱིས་ངོ་མ་ཤེས་པས། ཐུན་མོང་གི་སྣང་བ་ངན་པ་རྣམས་དང་། ལམ་གྱི་ཉམས་ཕྲ་མོ་རྣམས་ལ་བདེན་པར་ཞེན་པ་ལས། བདུད་ཀྱི་ལས་དང་གེགས་འཇུག་པས། བདེན་མེད་དུ་རྟོགས་ནས་མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་པར་ཤོག་ཅིག་ཅེས་པ་སྟེ། ཞི་བ་ལྷས། གང་ཚེ་བལྟ་བར་འདོད་པ་དང་། །ཅུང་ཟད་འདྲི་བར་འདོད་པ་ན། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །(༨༢)ཅེས་པ་ལྟ་བུའོ། །བལྟ་བ་ནི་ཏིང་ངེ་འཛིན་ལ་མཉམ་གཞག་གི་ཆའོ། །འདྲི་བ་ནི་ཤེས་རབ་ལྷག་མཐོང་གི་དོན་ནོ། །ཞི་ལྷག་གི་ལམ་དེས་འཇམ་དཔལ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཏེ། དེ་ཐོབ་པ་ལ་གེགས་མེད་པ་ལ་སྨོན་པའོ། །དེ་ཡང་ཡུམ་ལས། བྱང་ཆུབ་སེམས་དཔའ་ལ་ལ་ནི་བདུད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་ལ་ནི་བདུད་མེད་པར་འགྱུར་རོ་ཞེས་གསུངས་པའི་དོན་ཡང་། དཀོན་མཆོག་བརྩེགས་པ་ལས། གང་ཤེས་རབ་དང་བརྩོན་པ་མཆོག་དང་ལྡན་པ་རྣམས་ལ་ནི། བདུད་མེད་བདུད་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ནམ་མཁའ་ལྟར་མཐོང་བའི་ཕྱིར། བདུད་དུ་བྱ་བ་གང་ཡང་མི་དམིགས་སོ། །གང་ཤེས་རབ་ཆུང་ལ་བརྩོན་འགྲུས་དང་ལྡན་པ་རྣམས་ལ་ནི་བདུད་ཀྱིས་བར་དུ་གཅོད་པར་འགྱུར་ཏེ། གང་ཆོས་ཐམས་ཅད་ལ་བདག་ཏུ་མངོན་པར་ཞེན་ནས་བརྩོན་པའི་ཕྱིར་རོ། །གང་མི་བརྩོན་པ་ལ་ནི་བདུད་འཇུག་པར་མི་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིན་པའི་ཕྱིར་རོ་ཞེས་སོ། །རྣམ་གཡེང་དང་འདུ་འཛི་ཞི་བར་བསྔོ་བ་ནི། བྱིས་པ་འདུ་འཛིའི་གྲོང་དང་ཉོན་མོངས་ཀྱིས། །ཡོངས་གང་སྲིད་པའི་ནགས་ཁྲོད་ཐིབས་པོ་ལས། །རྒྱང་རིང་འཕགས་པའི་དགའ་ཚལ་དེར་སོང་སྟེ། །དཔག་མེད་ལྷ་བརྒྱའི་གཙུག་ན་མཛེས་གྱུར་ཅིག །དེ་ལ་གྲོང་དང་། གྲོང་ཁྱེར་དང་མཚུངས་པའི་དགོན་པ་དག་ན་འདུལ་བར་དཀའ་བའི་བྱིས་པ་དང་། རྩོད་པའི་གཞི་ནོར་རྫས་དང་། རྐྱེན་ཉོན་མོངས་པ་མང་བས་ཐར་པ་འདོད་པ་དག་གིས། འཕགས་པ་དགའ་བའི་ནགས་ཚལ་རབ་ཏུ་དབེན་པར་སོང་སྟེ། བསམ་གཏན་གྱི་དོན་མ་བསྒོམས་ནས་ས་དང་ལམ་གྱི་ཡོན་ཏན་འགྲུབ་པ་ན། དུས་དུས་སུ་ལྷའི་ཚོགས་འདུ་བ་དག་ལ་ལེགས་པར་འདོམས་པ་དེ་དག་གིས་གཙུག་གི་ནོར་བུ་བྱེད་པར་གྱུར་ཅིག་ཅེས་པའོ། །སྤྱོད་འཇུག་ལས། བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་འཁྲིད་བྱེད་ན། །བྱིས་པ་བསྟེན་པས་ཅི་ཞིག་བྱ། །སྐད་ཅིག་གིས་ནི་མཛར་འགྱུར་ལ། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པའི། །སོ་སོ་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ཟློག་པར་བྱེད། །དེ་དག་ངག་ནི་མི་ཉན་ན། །ཁྲོས་པས་ངན་འགྲོར་འདོང་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྟེ། །ནམ་ཞིག་བྱིས་ལ་ཕན་པར་འགྱུར། །ཅེས་པ་ལྟ་བུའོ། །གཅིག་པུ་མངོན་པར་གནས་པའི་དོན་དུ་བསྔོ་བ་ནི། བདག་གི་སེམསས་འདི་རྣམ་གཡེང་ལ་སྐྱོ་བས། །ཞི་(༨༣)བའི་ནགས་ནང་དབེན་ཞིང་ཉམས་དགའ་བར། །གཅིག་པུ་ཟབ་མོའི་དེ་ཉིད་རྣམ་བསྒོམ་ཞིང་། །འཕགས་པའི་བློ་མིག་དག་པ་ཐོབ་པར་ཤོག །སྤྱིར་འཁྲུལ་སྣང་སྒྱུ་མ་དང་འདྲ་བ་ལ་ཞེན་པ་རྣམས་འཁྲུལ་ལ། ཁྱད་པར་འཇིག་རྟེན་གྱི་ཆོས་བརྒྱད་བསླུ་བའི་སྒྱུ་མས་ཁོ་བོ་ཐར་པ་བསྒྲུབ་པ་ལ་དགོས་པ་མེད་པའི་ཕྱིར། གདུལ་དཀའི་འཁོར་དང་དུས་ངན་གྱི་སྣང་བ་ཐམས་ཅད་སྤངས་ལ། གཅིག་པུ་དབེན་པར་གནས་པས་འཕགས་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་པའོ། །ཞི་བ་ལྷས། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །ཞེས་པ་བཞིན་ནོ། །ནགས་ཀྱི་ཡོན་ཏན་ལ་སྤྲོ་བས་བསྔོ་བ་ནི། ནགས་རྣམས་མེ་ཏོག་ལོ་མ་འབྲས་མང་ཞིང་། །ཆུ་གཙང་དཀའ་ཐུབ་དཔལ་གྱིས་བརྒྱན་པ་དེར། །དལ་འབྱོར་སྙིང་ནོར་ལྡན་པའི་ལུས་འདི་ཡིས། །དོན་ཆེན་ཆོས་མཛོད་ཐར་ལམ་བགྲོད་པར་ཤོག །ནགས་ཀྱི་ནང་རབ་ཏུ་དབེན་པ། མེ་ཏོག་དང་འབབ་ཆུས་བརྒྱན་པ། བྲག་རིའི་ཐེལ་རྣམས་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་ཕུག་དང་། སྦ་དང་འཁྲི་ཤིང་དང་། འོད་མའི་ར་བས་བསྐོར་བའི་བསམ་གཏན་གྱི་གནས་ཡིད་དུ་འོང་བ་དེ་དག་ཉིན་པར་ལ་རང་དབང་ཐོབ་ནས་ཞི་གནས་དང་ལྷག་མཐོང་གྲུབ་པ་ཡིད་ལ་བྱེད་པ་དེས་ས་དང་ལམ་གྱི་ཐེམ་སྐས་འཛེགས་ཏེ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཚེ་འདི་ཉིད་ལ་འཇུག་པར་ཤོག་ཅིག་ཅེས་པའོ། །སྤྱོད་འཇུག་ལས། ནགས་ན་བྱ་དང་རི་དྭགས་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་བདག་ནི་གནས་པར་འགྱུར། །ཅེས་པའི་དོན་ཏོ། །མཐར་གྱིས་གཞན་དོན་ལ་བསྔོ་བ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད་བྱའི་ཕྱིར། །མི་ཡི་སྲིད་པར་དགེ་བའི་ཆོས་སྤྱད་དེ། །ཞི་བའི་ལམ་ལྡན་ཡོན་ཏན་ཚོགས་མང་བས། །མཐའ་ཡས་འགྲོ་བ་སྲིད་ལས་སྒྲོལ་བར་ཤོག །དེང་སང་ནི་བདག་གིས་ཕན་པ་མི་འགྲུབ་པས་གཅིག་པུ་དབེན་པར་གནས་ཏེ། མི་ལུས་དོན་ཡོད་པར་ཞི་བའི་ཆོས་རྩེ་གཅིག་སྤྱད་དེ། སངས་རྒྱས་པ་ན་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གྱི་དོན་བྱེད་པར་ཤོག་ཅིག་ཅེས་སོ། །དབེན་པ་ལ་བསྐུལ་བའི་གཏམ་ལས། བདག་གི་ཚིག་ཀྱང་མི་རིག་པར། །གཞན་ལ་ཕན་པ་འགྲུབ་བོ་ཞེས། །སྨྲ་བ་ཇི་ལྟར་སྨྱོན་པ་བཞིན། །དེ་བས་དབེན་པར་གནས་བྱས་ལ། །མཐར་གྱིས་གཞན་ལ་ཕན་བདེ་བྱ། །ཞེས་སོ། །ཕྱི་རབས་ལ་གདམས་པ་ནི། ཚུལ་འདི་ཟབ་མོའི་ཆོས་ཀྱི་སྙིང་པོ་སྟེ། །ངེས་དོན་གནད་དུ་དྲིལ་བའི་ལམ་ཡིན་པས། །ཐར་པ་འདོད་པས་སྙིང་ནས་བརྩོན་བྱ་ཞིང་། །ཉིན་མཚན་མི་དལ་འབད་པས་ཉམས་སུ་བླངས། །མདོ་རྒྱུད་ཀྱི་ངེས་དོན་གཅིག་ཏུ་དྲིལ་བའི་གནད་ཡིན་པས། དད་ལྡན་རྣམས་ཀྱིས་ལེ་ལོ་མེད་པར་བརྩོན་པས་ཉམས་སུ་བླང་(༨༤)བར་བྱའོ། །ཡང་ནན་ཏན་དུ་གདམས་པ། ཕྱི་རབས་སྐལ་ལྡན་དད་དང་ལྡན་པ་ཀུན། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །རང་གཞན་སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ངེས། །རྡོ་རྗེའི་ཚིག་གི་གནས་ངེས་པའི་ཡི་གེ་འདི་ལ། སྐལ་ལྡན་རྣམས་ཀྱིས་གཅེས་སྤྲས་སུ་མཛོད་ཅིག་པའོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ཚིག་དང་དོན་ལ་སྤྱི་དང་ཕྱོགས་སུ་གདམས་པ་ཡིན་ནོ། །གང་གིས་གང་དུ་གདམས་ཤེ་ན། མདོ་དང་རྒྱུད་དོན་མན་ངག་སྙིང་པོའི་དོན། །མ་ལུས་ཟབ་མོའི་མིག་ལྡན་རྣལ་འབྱོར་པ། །དྲི་མེད་འོད་ཟེར་སྣང་བས་བརྒྱན་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །གསང་སྔགས་ཕྱི་ནང་གི་རྒྱུད་དང་མན་ངག་གི་གནས་ལ་ལྟ་བའི་བློ་གྲོས་ཀྱིས་འོད་ཟེར་འཕྲོ་བ་དེས། རིའི་རྒྱལ་པོ་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་བཀོད་པ་ཡིན་ནོ། །རི་དེའི་ཡོན་ཏན་ནི་གནས་ལ་བསྔགས་པ་རོལ་མོའི་དབྱངས་སྙན་དུ་རྟོགས་པར་བྱའོ། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བསྔོ་བ་ནི། ཆོས་ཚུལ་ཉི་མ་དྲི་མེད་འོད་སྟོང་ལྡན། །ཡེ་ཤེས་སྣང་ལྡན་མ་རིག་མུན་སེལ་གྱིས། །འཁོར་བའི་རྒྱ་མཚོ་རབ་ཏུ་སྐེམ་བྱས་ཏེ། །ཐར་གླིང་སྣང་བས་ཕྱོགས་བཅུར་རྒྱས་པར་ཤོག །དུས་མཐའི་ཉི་མ་འོད་ཟེར་གྱི་དྲྭ་བ་འབར་བའི་རང་བཞིན་དང་མཚུངས་པར་ཆོས་ཀྱི་ཚུལ་རབ་ཏུ་འབར་ཞིང་སྣང་བ་འདིར་འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ཏེ། འཁོར་བའི་རྒྱ་མཚོ་བག་ཆགས་དང་བཅས་པ་སྐེམ་ཞིང་། ཆོས་ཀྱི་ཚུལ་རྨད་དུ་བྱུང་བའི་བསྟན་པ་ཐར་གླིང་སྣང་བའི་སྒྲོན་མེ་འབར་བ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་པ་ནི། གཟུགས་ཅན་གྱི་གསལ་བྱེད་ལས་ཤིས་པ་བརྗོད་པའི་རྒྱན་དུ་བརྗོད་པའོ། །དེ་དག་གིས་ཡོངས་སུ་རྫོགས་པ་མཇུག་གི་དོན་བསྟན་ཟིན་ཏོ། །

རང་བཞིན་ཉེ་བར་མཛེས་པའི་སྐྱེས་བུ་ལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས་པ་ལྟར། །དོན་ཟབ་རྨད་དུ་བྱུང་བའི་ཆོས་ཚུལ་ལ། །ཚིག་དོན་རྣམ་བཀྲའི་ཟབ་དོན་འགྲེལ་འདི་བྱས། །དགེ་བ་འདི་ཡིས་སྐྱེ་དགུའི་འཇིག་རྟེན་དུ། །བསྟན་པའི་རྒྱ་མཚོ་ཡུན་རིང་གནས་པར་ཤོག །སྐྱེས་བུ་མཆོག་རྣམས་སྐུ་ཚེ་མཐའ་ཡས་ཤིང་། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་རྟག་ཏུ་བདེ་ལེགས་ཤོག །དགེ་དངོས་སྤྱོད་པས་ཐར་པའི་ལམ་ཞུགས་ཏེ། །གནས་སྐབས་མཐར་ཐུག་རེ་བ་རྫོགས་གྱུར་ནས། །མགོན་པོ་དོན་གཉིས་འབྱོར་པ་མཐའ་ཡས་ཤོག །ཆོས་ཚུལ་རིན་ཆེན་སྲིད་གསུམ་པདྨོའི་གཉེན། །མ་ལུས་རང་བཞིན་ལོངས་སྤྱོད་རྒྱས་པ་ཡང་། །ཕྱི་མའི་མུ་མཐར་འཇིག་རྟེན་མིག་(༨༥)གྱུར་ཏེ། །འཛམ་གླིང་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། ནམ་མཁའ་ལྟར་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་སྒོ་དང་པོ་ཐོབ་ནས་ཐེག་པ་མཆོག་གི་གནས་ལ་དབང་བསྒྱུར་བ། དཔལ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་གནས་ཨུ་རྒྱན་རྫོང་གི་རི་ངོགས་སུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་དོན་ཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ་བ།

༄༅། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་དོན་ཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

༄༅༅། །རྒྱལ་ཆོས་དྲི་མེད་སྒྱུ་མ་ལ་བཏུད་དེ། །ཆོས་ཀུན་སྒྱུ་མའི་ཚུལ་ཉིད་གསུངས་པའི་དོན། །ཉམས་སུ་བླང་ཕྱིར་བླ་མའི་མན་ངག་དང་། །མདོ་དང་རྒྱུད་དོན་སྙིང་པོའི་དགོངས་པ་བྲི། །

དང་པོ་ཁོ་ནར་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྟོང་པ་ཉིད་ཀྱི་ངང་ལས་སྤྱི་བོར་ཉི་ཟླ་པདྨའི་སྟེང་དུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པ་བསྟིམས་པའི་མཐར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་བསམས་ཏེ། ཡིད་ཀྱིས་མཆོད་པ་དང་བསྟོད་པ་དང་སྡིག་པ་བཤགས་པ་དང་། སྒྱུ་མ་འབྱོང་པའི་གསོལ་བ་བཏབ་པའི་རྗེས་ལ། སྣང་སྲིད་ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཕྱམ་གྱིས་སོང་བར་བསམས་ལ། ཐ་མལ་གྱི་ཞེན་རྟོག་སྐད་ཅིག་ཀྱང་མེད་པའི་ངང་དེ་ཉིད་དང་མ་བྲལ་བས། ཕྱི་སྣང་བའི་རི་དང་ཁང་བཟང་དང་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པ་ཐམས་ཅད་དང་། ནང་དགག་སྒྲུབ་ཀྱི་རིག་པ་སྣ་ཚོགས་སུ་འཆར་བ་ཐམས་ཅད་ལ། འགྲོ་ཉལ་ཟ་འཆག་སྨྲ་བརྗོད་ལ་སོགས་པ་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལྟ་བུའི་རང་བཞིན་དུ་བསྒོམས་ལ་མ་ཡེངས་པར་བྱ་ཞིང་། ཡུལ་གྱི་སྣང་བ། བློའི་དགག་སྒྲུབ། ཉམས་ཀྱི་འཕེལ་འགྲིབ་ཅི་ལ་ཡང་སྒྱུ་མའི་རོལ་པར་ཤེས་པས་ཐུག་ཕྲད་རང་གྲོལ་ཆེན་པོར་རྩལ་སྦྱང་ཞིང་བོགས་དབྱུང་ངོ་། །དེའང་ཉིན་དུས་རྨི་ལམ་ལ་སོགས་པ་གང་བསྒོམས་པའི་ངང་ལ་སྐད་ཅིག་ཀྱང་མ་ཡེངས་པ་གཅེས་སོ། །དེའང་དང་པོར་བླ་མའི་རྣལ་འབྱོར། གཉིས་པར་སྣང་སེམས་སྒྱུ་མ། གསུམ་པར་སྤྲོ་བསྡུ་མེད་པའི་ཤེས་པ་སོར་བཞག་ནམ་མཁའ་(༨༦)ལྟ་བུའི་ངང་དུ་གློད་ནས་བསྒོམ་པ་ལ་འབད་དོ། །ཐུན་རྗེས་གང་བསྒོམས་པའི་སྒྱུ་མའི་ངང་ནས་འགྲོ་བ་ལ་སོགས་པ་བྱའོ། །མཚན་མོ་གཡས་ཕབ་སྟེ་མིག་ཧར་པོར་མི་འགུལ་བར་རླུང་དལ་བར་བྱ་ཞིང་། སེམས་གནད་སྙིང་ནང་དུ་ཨ་དཀར་པོ་འོད་འཕྲོ་བ་མཐེ་བོང་ཙམ་ལས་འོད་འཕྲོས་པས། སྣང་སྲིད་འཁོར་འདས་ཐམས་ཅད་འོད་དུ་ཞུ་ཚུར་འདུས་ཨ་ལ་ཐིམ་པའི་ངང་དེ་ཉིད་དུ་མ་ཡེངས་པར་བསྒོམས་ནས་ཉལ་བས་རྨི་ལམ་ལ་སོགས་པ་དང་པོར་ཟིན་པ་དང་། དེ་ནས་གཅིག་ལས་མང་པོར་སྤེལ་བ་དང་། མང་པོ་གཅིག་ཏུ་སྡུད་པ་དང་། ཞི་བ་ལས་ཁྲོ་བོར་བསྒྱུར་བ་དང་། ལྷ་དང་ཀླུ་ལ་སོགས་པར་སྤྲུལ་པ་དང་། སྐད་ཅིག་གིས་བདེན་མེད་དུ་སྦྱང་བ་དང་། སྐྱེ་མེད་འོད་གསལ་དུ་བསྲེ་བ་རྣམས་རིམས་ཀྱིས་བྱའོ། །འདི་རྣམས་ཐམས་ཅད་ཀྱི་སྐབས་སུ་བླ་མ་ལ་གསོལ་བ་གདབ་པ་དང་། སྐད་ཅིག་ཀྱང་མ་ཡེངས་པ་དང་། ཉིན་དུས་སྤྲུལ་བསྒྱུར་ལ་སོགས་པའི་འདུན་པ་དྲག་པོ་བྱ་བ་ནི་གནད་གལ་པོ་ཆེའོ། །དེ་ལྟར་གོམས་པ་ནས་སྒྱུ་མའི་ཉམས་ཀྱང་གོང་ལྟར་འཆར་ཏེ། བདེན་མེད་དུ་ཤེས་པ་མི་འབྱུང་མི་སྲིད་དོ། །དེ་ལ་དགག་སྒྲུབ་དང་ཞེན་བློ་བྱུང་ན་ངོས་བཟུང་ལ་སྒྱུ་མར་སྦྱངས་པས་གེགས་རང་གྲོལ་དུ་འགྱུར་བ་ཡིན་ནོ། །གཞན་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་བདེ་གསལ་མི་རྟོག་པ་ངང་གིས་འཆར་ཞིང་། སྣང་བ་འདི་ཕྱམ་གྱིས་ཟང་ཐལ་དུ་སོང་ནས་སྣང་དུས་དེ་ཉིད་སང་སེང་། འལ་འོལ། ཁྲལ་ཁྲོལ་དུ་སོང་བ་མཉམ་ཞིང་། རིག་པ་བན་བུན་ཕྱད་ཕྱོད་ཕྱལ་ཕྱལ་སོང་སྟེ། ཕྱི་ནང་བར་གསུམ་གཅིག་ཏུ་འདྲེས་ནས་ལུས་ཀྱི་འཛིན་པ་ལོག་སྟེ། གཏད་མེད་ཡངས་པ་ཆེན་པོའི་ངང་ལ་འབྲལ་བ་མེད་ཅིང་། ཆགས་སྡང་དང་དགག་སྒྲུབ་ཅི་བྱུང་ཡང་དགོད་འཆོར་བས་སེམས་ཀྱི་རྒྱན་དུ་འཆར་ཞིང་། སེམས་གསལ་དྭངས་མི་གཡོ་བའི་བསམ་གཏན་ལས། སྣང་བ་ཟང་ཐལ་དུ་མཐོང་བའི་སྤྱན་དང་། སེམས་ཤེས་པའི་མངོན་ཤེས་དང་། མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །དེ་ལྟར་ཆོས་ཀུན་སྒྱུ་མའི་རང་བཞིན་དུ། །ཉམས་སུ་མྱོང་བ་གང་དེ་བཤད་པ་ལས། །(༨༧)བྱུང་བའི་དགེ་བས་མ་ལུས་འགྲོ་བ་ཀུན། །སྒྱུ་འདྲའི་རྒྱལ་བའི་མཛད་པ་མ་ལུས་མཐའ་ཡས་ཤོག །རྒྱ་ཆེན་དོན་ཟབ་སྒྱུ་མ་སྙིང་པོའི་དོན། །འོད་གསལ་སྒྱུ་མ་ཟུང་འཇུག་གདམས་པ་འདི། །དྲི་མེད་འོད་ཟེར་སྒྱུ་མའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་སྒྱུ་འདྲའི་མགུལ་དུ་བཀོད། །ཕྱི་རབས་སྐལ་ལྡན་གྲོལ་བ་དོན་གཉེར་བས། །ཆོས་ཚུལ་འདི་ལ་རྟག་ཏུ་ནན་ཏན་མཛོད། །མ་རིག་སྒྱུ་མའི་རབ་རིབ་དང་བྲལ་ནས། །ཡེ་ཤེས་སྒྱུ་མ་ལྷུན་གྲུབ་གཟུགས་སྣང་འགྱུར། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་དོན་ཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ་བ། རྒྱལ་སྲས་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ཞེས་བྱ་བ།

གནས་དང་པོ། ཏིང་འཛིན་བསྒོམ་པའི་ས་ཕྱོགས་བསྟན་པ།

༄༅། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ཞེས་བྱ་བ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། མཧཱ་སནྡྷིདྡྷྱ་ན་བི་ཤྲཱནྟ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་མའི་རང་བཞིན་མཁའ་མཉམ་དག་པའི་དབྱིངས། །ཆོས་མཆོག་མི་གཡོ་ཤིན་ཏུ་སྤྲོས་དང་བྲལ། །འོད་གསལ་སེམས་ཉིད་བྱང་ཆུབ་སྙིང་པོ་ལ། །གཞི་རྫོགས་འཕོ་འགྱུར་མེད་པར་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་ཤིན་ཏུ་རྨད་བྱུང་གང་། །སོ་སོ་རང་རིག་ཡེ་ཤེས་རྟོགས་བྱའི་ཕྱིར། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་(༢)ཉམས་སུ་བླངས་བཞིན་བཤད་ཀྱིས་ཉོན། །རི་རྩེ་ནགས་ཁྲོད་མཚོ་གླིང་ལ་སོགས་པ། །དུས་བཞི་ཡིད་དང་མཐུན་པའི་གནས་དག་ཏུ། །རྩེ་གཅིག་མི་གཡོ་ཞི་བའི་ཏིང་འཛིན་ནི། །འོད་གསལ་སྤྲོས་དང་བྲལ་བ་བསྒོམ་པར་བྱ། །གནས་དང་གང་ཟག་ཉམས་སུ་བླང་བྱའི་ཆོས། །རྣམ་གསུམ་རང་བཞིན་དག་ལས་འགྲུབ་པར་འགྱུར། །དང་པོ་གནས་ནི་དབེན་ཞིང་ཉམས་དགའ་བར། །དུས་བཞིའི་རྣལ་འབྱོར་དག་དང་མཐུན་པ་སྟེ། །དབྱར་ནི་གངས་དང་རི་རྩེ་ལ་གསོལ་བར། །སྨྱུག་མ་འོད་མ་འཇག་ཁང་ལ་སོགས་པར། །བསིལ་སར་བསིལ་ཁང་ནང་དུ་བསྒོམ་པར་བྱ། །སྟོན་ནི་ནགས་ཁྲོད་རི་ངོགས་བྲག་རྫོང་སོགས། །བསིལ་དྲོད་སྙོམས་པའི་གནས་དང་ཁང་བུ་རུ། །ཟས་གོས་སྤྱོད་ལམ་དེ་དང་མཐུན་པར་བྱ། །དགུན་ནི་ནགས་ཁྲོད་བྲག་ཕུག་ས་ཁུང་སོགས། །དམའ་བའི་གནས་དག་དྲོ་བའི་ས་ཕྱོགས་སུ། །ཟས་གོས་མལ་ཆ་ལ་སོགས་རྗེས་མཐུན་བྱ། །དཔྱིད་ནི་རི་དང་ནགས་འདབ་མཚོ་གླིང་དང་། །བསིལ་དྲོད་སྙོམས་པར་རྗེས་མཐུན་ཁང་པ་རུ། །ཟས་གོས་སྤྱོད་ལམ་མཐུན་པ་ཤིན་ཏུ་གཅེས། །ཕྱི་ནང་རྟེན་འབྲེལ་གཅིག་པས་དེ་ཡི་ཕྱིར། །ཡིད་འོང་དབེན་ལ་ཉམས་དགའི་གནས་ལ་བརྟེན། །རི་རྩེ་ཤེས་པ་དྭངས་ལ་རྒྱ་ཆེ་བས། །བྱིང་བ་གསེང་བའི་གནས་ཏེ་བསྐྱེད་རིམ་ཤིས། །གངས་ཁྲོད་ཏིང་འཛིན་གསལ་ཞིང་རིག་པ་དྭངས། །ལྷག་མཐོང་བསྒོམ་(༣)པའི་གནས་ཡིན་བར་ཆད་ཉུང་། །ནགས་ཁྲོད་ཤེས་པ་གནས་ཤིང་སེམས་གནས་སྐྱེ། །ཞི་གནས་བསྒོམ་པའི་གནས་ཏེ་བདེ་ཤས་ཆེ། །བྲག་རིའི་དྲུང་ནི་མི་རྟག་སྐྱོ་ཤས་ཆེ། །དྭངས་ལ་བྱིན་ཆེ་ཞི་ལྷག་ཟུང་འབྲེལ་འགྲུབ། །ཆུ་བོའི་འགྲམ་ནི་བློ་སྣ་ཐུང་བ་སྟེ། །ངེས་འབྱུང་འཕྲལ་ལ་གསར་དུ་སྐྱེ་བར་བྱེད། །དུར་ཁྲོད་བྱིན་ཆེ་དངོས་གྲུབ་མྱུར་བ་སྟེ། །བསྐྱེད་རྫོགས་གང་ལའང་མཆོག་ཏུ་ཤེས་པར་གསུངས། །གྲོང་དང་ཚོང་དུས་ཁང་སྟོང་ཤིང་གཅིག་སོགས། །མི་དང་མི་མིན་འབྱུང་པོ་རྒྱུ་བ་ནི། །ལས་དང་པོ་ལ་གཡེང་ཞིང་བར་དུ་གཅོད། །བརྟན་པ་རྣམས་ལ་གྲོགས་ཏེ་མཆོག་ཏུ་བསྔགས། །ལྷ་ཁང་མཆོད་རྟེན་རྒྱལ་འགོང་གནས་ས་ནི། །སེམས་འཚུབས་ཞེ་སྡང་རྟོག་ཚོགས་སྐྱེ་བ་སྟེ། །ས་ཕུག་ལ་སོགས་བསེན་མོའི་གནས་རྣམས་སུ། །འདོད་ཆགས་སྐྱེ་ཞིང་བྱིང་རྒོད་ལྷག་པར་ཆེ། །ཤིང་གཅིག་ལ་སོགས་མ་མོ་མཁའ་འགྲོ་དང་། །བྲག་དང་རི་སྣ་དམུ་བཙན་ཐེའུ་རང་གནས། །སེམས་འཚུབ་རྐྱེན་དང་བར་ཆད་མང་བར་འདོད། །གདོལ་པ་ཀླུ་གཉན་ས་བདག་གནས་ས་ནི། །མཚོ་འགྲམ་ནེའུ་གསེང་ནགས་ཁྲོད་ལ་སོགས་ཏེ། །ཡིད་དགའ་མེ་ཏོག་ལྗོན་ཤིང་བརྒྱན་པ་ནི། །དང་པོ་དགའ་ཡང་ཕྱིས་ནས་བར་ཆད་མང་། །མདོར་ན་གནས་ཁང་དང་པོ་ཉམས་དགའ་ལ། །འདྲིས་ཤིང་མི་དགའ་དངོས་གྲུབ་ཆུང་བའི་གནས། །དང་པོ་འཇིགས་ལ་མི་དགའ་འདྲིས་ཤིང་དགའ། །བྱིན་ཆེ་དངོས་གྲུབ་ཆེ་ལ་བར་ཆད་མེད། །དེ་ལས་གཞན་ཀུན་བར་མ་ཕན་གནོད་མེད། །གནས་ལ་བརྟེན་ནས་རང་གི་སེམས་འགྱུར་ཞིང་། །དགེ་བའི་སྦྱོར་བ་འཕེལ་འགྲིབ་གཉིས་ཡོད་པས། །ས་གནས་བརྟག་པ་ཤིན་ཏུ་གཅེས་པར་གསུངས། །དེ་ཡང་བསྡུ་ན་ལས་བཞིའི་གནས་ཀྱང་བཞི། །ཞི་གནས་ཡིད་ནི་ལྷན་གྱིས་འཛིན་པ་སྟེ། །རྒྱས་གནས་ཡིད་དགའ་གཟི་བརྗིད་མདངས་དང་ལྡན། །དབང་གནས་ཡིད་འཕྲོག་ཆགས་དང་ལྡན་པ་སྟེ། །དྲག་གནས་སེམས་རྩུབ་འཇིགས་དངངས་སྐྱེ་བར་བྱེད། །དབྱེ་བ་རྣམ་པ་གྲངས་མང་མཐའ་ལས་འདས། །འདིར་ནི་ཏིང་འཛིན་ཞི་བའི་གནས་མཆོག་སྟེ། །གཞན་རྣམས་ཡི་གེས་འཇིགས་ནས་མ་སྤྲོས་སོ། །ཞི་བའི་གནས་དེར་བསམ་གཏན་ཁང་བུ་ཡང་། །དབེན་ལ་ཡིད་འཛིན་བཀོད་པར་འཚམས་པ་སྟེ། །ཕྱོགས་ཕྱེད་མཐོངས་གསལ་ཆེ་བ་རབ་ཏུ་ཤིས། །མཚན་མོའི་རྣལ་འབྱོར་མུན་ཁང་འཁོར་མ་སྟེ། །མཐོ་སར་འཁོར་ཁང་དབུས་སུ་ལྟེ་བའི་ཚུལ། །བྱང་དུ་སྔས་གཏད་མྱ་ངན་འདས་གཟིམས་བཞིན། །ཉིན་མོའི་གནས་ནི་སྣང་བའི་རྣལ་འབྱོར་པ། །གངས་དང་ཆུ་འབབ་ནགས་དང་ཡུལ་ལ་སོགས། །ཁྱམས་ཀྱི་མཐོང་གསལ་ཆེ་ཞིང་ནམ་མཁའ་ཡངས། །སེམས་གསལ་དྭངས་ལ་བསིལ་(༤)དྲོད་སྙོམས་པར་བྱ། །ཞི་གནས་དུས་སུ་དབེན་ཁང་ར་བས་བསྐོར། །ངང་གིས་སེམས་གནས་སྐྱེ་བའི་གནས་ཤིས་ལ། །ལྷག་མཐོང་དུས་སུ་མཐོངས་གསལ་དྭངས་པ་གཅེས། །རྒྱུན་དུ་ཡིད་དགའ་དུས་དང་མཐུན་པ་གཅེས། །ནགས་རོང་ལ་སོགས་དམའ་ཞིང་འཐིབས་པ་ནི། །ཞི་གནས་གནས་ཡིན་གངས་སོགས་མཐོ་ས་ཉིད། །ལྷག་མཐོང་གནས་ཡིན་བྱེ་བྲག་ཤེས་པར་གཅེས། །མདོར་ན་ས་ཕྱོགས་དང་ནི་དབེན་ཁང་ཉིད། །གང་དུ་ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་། །ཏིང་འཛིན་འཕེལ་ལ་དགེ་ལ་སྦྱོར་བའི་གནས། །སྙིང་པོ་བྱང་ཆུབ་གནས་དང་མཚུངས་པས་བསྟན། །གང་དུ་གནས་པས་དགེ་འགྲིབ་ཉོན་མོངས་འཕེལ། །རྣམ་གཡེང་འདུ་འཛི་ཚེ་འདིའི་དབང་གྱུར་ན། །ལས་ངན་བདུད་ཀྱི་གནས་ཏེ་མཁས་པས་སྤང་། །འདི་དག་རང་བྱུང་པདྨས་གསུངས་པའི་ཕྱིར། །ཐར་པ་འདོད་པ་དག་གིས་ཤེས་པར་བྱ། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ལས། ཏིང་འཛིན་བསྒོམ་པའི་ས་ཕྱོགས་བསྟན་པ་སྟེ་གནས་དང་པོའོ།། །།

གནས་གཉིས་པ། གང་གིས་བསྒོམས་པའི་གང་ཟག་བསྟན་པ།

གཉིས་པ་ཉམས་སུ་ལེན་པའི་གང་ཟག་ཀྱང་། །དད་བརྩོན་ངེས་འབྱུང་སྐྱོ་ཤས་དང་ལྡན་ཞིང་། །འཁོར་བས་སྐྱོ་ངལ་ཐར་པ་དོན་དུ་གཉེར། །ཚེ་འདི་བློས་བཏང་ཕྱི་མའི་བྱང་ཆུབ་འདོད། །རྣམ་གཡེང་འདུ་འཛི་རྒྱང་བསྲིང་ཉོན་མོངས་ཆུང་། །ཁོང་ཡངས་སྤྲོ་རིང་དག་སྣང་མོས་གུས་ཆེ། །བསྟན་ལ་སྲི་ཞུར་ལྡན་པ་དེ་དག་གིས། །དམ་པའི་བླ་མ་རབ་ཏུ་མཉེས་བྱས་ཏེ། །ཐོས་བསམ་བསྒོམ་པས་རང་གི་སེམས་སྦྱོང་ཞིང་། །ཁྱད་པར་སྙན་རྒྱུད་སྙིང་པོའི་མན་ངག་ལ། །བརྩོན་ལ་ཡུན་རིང་སྒྲུབ་པས་ཉིན་མཚན་འདའ། །ཐ་མལ་ཕྱོགས་སུ་སྐད་ཅིག་མ་ཡེངས་པར། །ཡང་ཟབ་སྙིང་པོའི་དོན་ལ་ནན་ཏན་བྱ། །ཉན་ཐོས་བྱང་ཆུབ་སེམས་དང་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མ་འགལ་བས། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅི་སྣང་ཐར་པའི་ལམ་དུ་བསྒྱུར་བར་བྱ། ལས་དང་པོ་ཡིས་གཙོ་བོར་རང་དོན་སྒྲུབ། །དབེན་པར་སེམས་གཟུང་རྣམ་གཡེང་འདུ་འཛི་བཏང་། །རྐྱེན་ངན་སྤང་ཞིང་གཉེན་པོས་ཉོན་མོངས་འདུལ། །ལྟ་སྤྱོད་མ་འཛོལ་སྒོམ་པ་ལྷུར་བླང་ཞིང་། །དུག་ལྔ་རང་རྒྱུད་གང་སྐྱེས་སྐད་ཅིག་ལ། །དྲན་པས་གཟུང་ཞིང་མ་ཡེངས་གཉེན་པོ་བསྟེན། །སྒོ་གསུམ་བག་ཡོད་ཤེས་བཞིན་ངོ་ཚ་ཤེས། །ཁྲེལ་ཡོད་ལྡན་པས་རང་རྒྱུད་གདུལ་བར་བྱ། །བསྟོད་སྨད་དགག་སྒྲུབ་སྙན་དང་མི་སྙན་ལ། །སྒྱུ་མ་རྨི་ལམ་བདེན་མེད་མགོ་སྙོམས་བྱ། །བྲག་ཅའི་སྒྲ་ལྟར་རྗེས་མཐུན་བཟོད་པ་བསྒོམ། །ང་བདག་འཛིན་པའི་སེམས་ཀྱི་རྩ་བ་བཅད། །མདོར་ན་ཅི་བྱེད་ཆོས་དང་མི་འགལ་བས། །(༥)རང་གི་རྒྱུད་བསྡམས་གཞན་ལ་མི་གནོད་ཅིང་། །ཉོན་མོངས་ཕྱོགས་སུ་སྐད་ཅིག་མ་སོང་བར། །ཉིན་མཚན་དགེ་བས་འདའ་བ་ཤིན་ཏུ་གཅེས། །དིང་སང་དུས་ན་སྐྱེ་བོ་མི་སྲུན་པས། །དབེན་སར་རང་དོན་སྒྲུབ་པ་ཤིན་ཏུ་གཅེས། །འདབ་གཤོག་མ་རྫོགས་འཕུར་བར་མི་ནུས་ལྟར། །མངོན་ཤེས་མི་ལྡན་གཞན་དོན་མི་ནུས་པས། །རང་དོན་ལྷུར་བླངས་ཡིད་ཀྱིས་གཞན་དོན་བསམ། །རྣམ་གཡེང་འདུ་འཛི་བདུད་ཀྱི་བསླུ་བྲིད་འདིས། །རང་སེམས་མ་བསླུས་སྒྲུབ་ལ་འབད་པ་གཅེས། །འཆི་དུས་འགྱོད་པས་གདུང་བར་མ་བྱེད་ཅིག །དེ་བས་ད་ལྟ་སེམས་ལ་སེར་བཏབ་སྟེ། །ད་ལྟ་འཆི་ན་ཁྱེར་སོ་ཅི་འདུག་ལྟོས། །གར་འགྲོ་ཅིར་འགྱུར་གཏད་སོ་མ་ཟིན་པར། །རྣམ་གཡེང་འཁྲུལ་པས་ཉིན་མཚན་འདའ་བ་འདི། །དལ་འབྱོར་དོན་མེད་ཆུད་ཟོས་བྱེད་པས་ན། །གཅིག་པུར་དབེན་པར་སྙིང་པོའི་དོན་བསྒོམས་ཤིང་། །གཏན་གྱི་འདུན་མ་ད་རེས་ལེགས་དགོས་སོ། །ཕྱི་ནས་གར་འགྲོ་བདག་ལ་ཆ་ཡོད་དམ། །དེ་བས་དི་རིང་ཉིད་དུ་བརྩོན་པར་བྱ། །འཁོར་བའི་འཁྲུལ་སྣང་འཇིགས་པའི་ལམ་འཕྲང་འདྲ། །འདི་ལས་ཐར་ཐབས་དགོས་སོ་སེམས་ལ་ཟུངས། །ད་རེས་འཁྲུལ་ན་གཏན་དུ་འཁྲུལ་པར་འཁྱམས། །དེ་བས་བརྩོན་པ་སྐྱེད་ཅིག་སྙིང་ལ་ཞོག །ཉོན་མོངས་རྒྱ་མཚོ་བདག་འཛིན་བརྒལ་དཀའི་མཚོ། །དལ་འབྱོར་གྲུ་བོས་ད་རེས་བརྒལ་བར་བྱ། །ཐར་ལམ་བྱང་ཆུང་བརྒྱ་ལམ་རེས་འགའ་ཞིག །བསོད་ནམས་དབང་གིས་སྣང་བའི་གནས་སྐབས་འདིར། །སྙིང་ནས་བརྩོན་པས་ཕན་བདེ་བསྒྲུབ་པར་བྱ། །ཚེ་ཡང་མི་རྟག་སྐད་ཅིག་འགྱུར་བ་སྟེ། །རྣམ་གཡེང་བསླུ་མཁས་ཕྱི་བཤོལ་དགེ་ལ་བྱེད། །འཁྲུལ་པ་རྒྱུན་རིང་གོམས་པ་བརྟན་པས་ན། །ཉོན་མོངས་ཕྱོགས་ནི་སྐད་ཅིག་ངང་གིས་འདུ། །བསོད་ནམས་དགེ་ལ་འབད་ཀྱང་འབྱུང་དཀའ་བས། །ལས་ཀྱི་གདུང་ཤུགས་བཟློག་ལ་འབད་པ་གཅེས། །འཁོར་བའི་གནས་ན་བདེ་བ་ཅུང་ཟད་མེད། །སྲིད་པའི་སྡུག་བསྔལ་བསམས་ན་བཟོད་གླགས་མེད། །འདི་ལས་ཐར་ཐབས་ད་རེས་བརྩམ་པར་བྱ། །སྙིང་ནས་སྙིང་པོའི་དོན་ལ་མ་འབད་ན། །དལ་ཁོམ་རེས་འགའི་ཆོས་ཀྱིས་ཕན་མི་ཐོགས། །དེ་བས་མི་རྟག་སྐྱོ་ཤས་ཆེར་བསྐྱེད་དེ། །སྐད་ཅིག་མ་ཡེངས་སྒྲུབ་ལ་བརྩོན་འགྲུས་བསྐྱེད། །དེ་ལྟར་དང་པོ་ཉིད་དུ་རྟོགས་བྱས་ན། །ཕྱིས་ནས་འཕགས་པའི་གོ་འཕང་མྱུར་དུ་འཐོབ། །རང་དོན་འགྲུབ་ཅིང་གཞན་དོན་ངང་གིས་འབྱུང་། །འཁོར་བའི་གནས་ལས་ཐར་པའི་ལམ་མཆོག་རྙེད། །དེ་ཕྱིར་ཅི་བྱེད་ཆོས་དང་བསྟུན་པ་ནི། །བྱང་ཆུབ་བསྒྲུབ་པའི་རྟེན་གྱི་གང་ཟག་ཡིན། །རྫོགས་པ་ཆེན་པོ་བསམ་(༦)གཏན་ངལ་གསོ་ལས། གང་གིས་བསྒོམས་པའི་གང་ཟག་བསྟན་པ་སྟེ་གནས་གཉིས་པའོ།། །།

གནས་གསུམ་པ། གང་བསྒོམ་པའི་ཏིང་ངེ་འཛིན་གྱི་རིམ་པ།

གསུམ་པ་ཉམས་སུ་བླང་བྱའི་ཆོས་ལ་གསུམ། །སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་འོ། །དང་པོ་སྔོན་དུ་འགྲོ་བའི་ཆོས་བསྟན་པ། །མི་རྟག་སྐྱོ་ཤས་སྤྱི་ཡི་སྔོན་འགྲོ་སྟེ། །ཚེ་འདིའི་ཞེན་པ་གཏིང་ནས་ཟློག་པར་བྱེད། །སྙིང་རྗེ་སེམས་བསྐྱེད་བྱེ་བྲག་སྔོན་འགྲོ་སྟེ། །ཐེག་ཆེན་ལམ་དུ་ཆོས་རྣམས་འགྲོ་བར་བྱེད། །དེ་ཕྱིར་ཐོག་མར་སྔོན་འགྲོ་རྣམ་གཉིས་སྦྱོང་། །དེ་རྗེས་ཁྱད་པར་མཆོག་གི་སྔོན་འགྲོ་ནི། །དབང་རྫོགས་ཐོབ་ནས་བསྐྱེད་པ་རིམ་གཉིས་ཏེ། །རང་ལུས་ལྷ་དང་སྣོད་བཅུད་ལྷར་གསལ་བས། །ཐ་མལ་འཛིན་པའི་ཞེན་པ་ཟློག་པར་བྱེད། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམས་པ་ཡིས། །བྱིན་རླབས་ཚད་མེད་རྟོགས་པ་ཤུགས་ལས་འཆར། །བར་ཆད་ཀུན་སེལ་དངོས་གྲུབ་རྣམ་གཉིས་ཐོབ། །དེ་ཕྱིར་དེ་རྗེས་སྔོན་འགྲོ་མཆོག་གཉིས་བསྒོམ། །དེ་ལྟར་སྔོན་དུ་འགྲོ་བའི་ཆོས་བཞི་ཡིས། །མ་ནོར་ལམ་དུ་སེམས་ཉིད་ཚུད་པ་དང་། །ཐར་ལམ་མཆོག་ཟིན་གནས་ལུགས་མྱུར་དུ་སྐྱེ། །དངོས་གཞི་འབྱོངས་སླ་བར་ཆད་མེད་པ་དང་། །དངོས་གྲུབ་ཉེ་སོགས་ཡོན་ཏན་ཚད་མེད་ལྡན། །དེ་ཕྱིར་སྔོན་འགྲོ་འབྱོངས་པ་ཤིན་ཏུ་གཅེས། །དངོས་གཞིའི་རྣམ་པའང་བདེ་གསལ་མི་རྟོག་པའི། །བསམ་གཏན་ཐབས་ལས་གནས་ལུགས་ངོ་སྤྲོད་དེ། །འོད་གསལ་སྤྲོས་དང་བྲལ་བའི་ཡེ་ཤེས་ནི། །གཉུག་མ་ལྷན་ཅིག་སྐྱེས་པ་འཆར་བ་ཡིན། །དང་པོ་བདེ་ཆེན་ཐབས་ལ་ངོ་སྤྲོད་པ། །དེ་ཡང་སྔོན་འགྲོ་སྔར་བཞིན་བསྒོམས་པའི་རྗེས། །འཁོར་ལོ་བཞི་དབུས་རྩ་གསུམ་ཀ་བའི་ཚུལ། །གཡས་དཀར་གཡོན་དམར་དབུས་མཐིང་སྦུབས་མ་ཅན། །ཡར་སྣ་ཚངས་བུག་མར་སྣ་གསང་གནས་ཏེ། །ལྟེ་བའི་ཐད་དྲང་དབུ་མའི་ནང་ཨ་ལས། །མེ་འབར་སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །འཁོར་ལོ་བཞི་དང་ལུས་ནང་ཀུན་གང་སྟེ། །བདེ་བས་ཁྱབ་དུས་སྙིང་གར་བྃ་ཡིག་ལ། །ཧྃ་གི་བདུད་རྩི་རྒྱུན་ཆད་མེད་པར་འབབ། །བདེ་བའི་ཉམས་ནི་མ་སྐྱེས་བར་དུ་བསྒོམ། །དེ་ནས་བྃ་ཡང་ཇེ་ཆུང་ཇེ་ཕྲ་ལས། །དམིགས་བསམ་སྤྲོས་དང་བྲལ་བའི་ངང་དུ་གཞག །ཐབས་དེས་སེམས་ཟིན་བདེ་བས་ཞི་གནས་སྐྱེ། །དེ་ནས་གང་ཡང་བརྗོད་ལས་འདས་པའི་སེམས། །བློ་བྲལ་ནམ་མཁའ་འདྲ་བའི་ངང་ཉིད་འཆར། །དེ་ནི་འོད་གསལ་བདེ་སྟོང་རྫོགས་པ་ཆེ། །དྭངས་ཤིང་བསམ་གྱིས་མི་ཁྱབ་ཆོས་ཉིད་ཡིན། །དེ་ཉིད་གོམས་ལས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་ཐམས་ཅད་བདེ་བར་འཆར་བ་དང་། །ཉིན་མཚན་བདེ་བའི་ངང་ལས་འབྲལ་མི་ཕོད། །ཆགས་(༧)སྡང་ལ་སོགས་ཟུག་རྔུས་རྒྱུད་མི་འཁྲུགས། །ཆོས་ཀྱི་ཚིག་དོན་རྟོགས་པའི་ཤེས་རབ་སྐྱེ། །དེ་ནས་ཡང་བསྒོམས་སྤྱན་དང་མངོན་ཤེས་སོགས། །ཡོན་ཏན་དཔག་མེད་ཉི་མ་སེམས་ལ་འཆར། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །

གཉིས་པ་གསལ་བའི་ཐབས་ཀྱི་ངོ་སྤྲད་པ། །སྔོན་འགྲོ་སྔར་བཞིན་རྩ་གསུམ་གསལ་བཏབ་པའི། །རོ་རྐྱང་གུག་པ་དབུ་མར་འཇུག་པའི་ཚུལ། །མར་སྣར་བསྒོམས་ལ་ཡར་སྣར་སྣ་བུག་གཏད། །རླུང་རོ་གསུམ་བུས་ནད་གདོན་སྡིག་སྒྲིབ་སོང་། །དལ་བུས་ཚུར་རྔུབས་བརྟན་གཡོའི་འཇིག་རྟེན་ཀུན། །འོད་ཞུ་སྣ་ནས་ཚུར་བྱུང་རོ་རྐྱང་ནས། །དབུ་མའི་ནང་བྱུང་སྙིང་དབུས་ཚོན་གང་འོད། །གོང་བུ་ལ་ཐིམ་ཐུབ་ཐང་བར་དུ་གཟུང་། །སྟེང་འོག་ཁ་སྦྱར་གཏོང་དུས་ཅུང་ཟད་གཟུང་། །དལ་བུས་འབྱུང་རྔུབས་བྱ་བ་ཤིན་ཏུ་གཅེས། །གཞན་ཡང་སངས་རྒྱས་ལ་སོགས་ཡོན་ཏན་ཀུན། །སྙིང་གར་ཐིམ་ལས་གཞན་དུ་མ་ཡེངས་བྱ། །ཐབས་དེས་སེམས་གསལ་དྭངས་ལ་གནས་པ་འབྱུང་། །དེ་རྗེས་སྙིང་གའི་འོད་ལས་འོད་མཆེད་དེ། །ལུས་ནང་འཁོར་ལོ་བཞི་ནང་འབར་བ་ལས། །ཕྱིར་མཆེད་འཇིག་རྟེན་འོད་ཀྱིས་གང་བར་བསྒོམ། །ཞག་འགར་ཉིན་མཚན་དེ་ཉིད་དོན་བསྒོམས་པས། །རྨི་ལམ་འགག་དང་འོད་ཀྱི་སྣང་བ་ནི། །ཟླ་བ་འབར་བ་མེ་ཁྱེར་སྐར་མ་སོགས། །འོད་ལྔའི་སྣང་བས་ཕྱི་ནང་ཁྱབ་པ་མཐོང་། །གསལ་བའི་ངང་དུ་སེམས་ཟིན་ཞི་གནས་སྐྱེ། །དེ་ནས་སླར་བསྡུ་སྙིང་གའི་འོད་དེ་ཡང་། །ཇེ་ཆུང་ཇེ་ཕྲར་སྟོང་ཉིད་ངང་ལ་གཞག །གང་དུའང་མི་དམིགས་སྟོང་གསལ་དྭངས་པའི་སེམས། །རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་འཆར། །དེ་ནི་གསལ་སྟོང་གཉུག་མའི་ཡེ་ཤེས་ཏེ། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །དེ་ཉིད་གོམས་ལས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་འལ་འོལ་ཟང་ཐལ་གསལ་བ་སྙམ། །ཉིན་མཚན་གསལ་བའི་ངང་ལ་གནས་པ་དང་། རྣམ་རྟོག་མི་གཡོ་སེམས་གསལ་དྭངས་པ་དང་། །ཤེས་རབ་ཀློང་རྡོལ་གཟུང་འཛིན་བྲལ་བ་འོ། །དེ་ཡང་གོམས་ལས་མངོན་ཤེས་འཆར་བ་དང་། །སྒྲིབ་པས་ཆོད་ཀྱང་ཕ་རོལ་ཟང་ཐལ་སོགས། །མཐོང་བའི་སྤྱན་དང་རྫུ་འཕྲུལ་འགྲུབ་པར་འགྱུར། །འདི་ནི་ཡང་ཟབ་གདམས་པའི་ཉིང་ཁུ་ཡིན། །

གསུམ་པ་མི་རྟོག་ཐབས་ཀྱིས་ངོ་སྤྲད་ནས། །སྔོན་འགྲོ་སྔར་བཞིན་དངོས་གཞི་རྣམ་པ་གསུམ། །འཕང་བ་གཟུང་བ་སྦྱང་བའི་རིམ་པ་ལས། །འཕང་བ་སྙིང་གར་སེམས་ཉིད་འོད་གསལ་བ། །ཧ་འམ་འོད་ཀྱི་གོང་བུ་ཚོན་གང་ཞིག །ཧ་ཞེས་ཉེར་གཅིག་ངར་དང་བཅས་བརྗོད་པས། །རྒྱངས་ཀྱིས་སྤྱི་གཙུག་ནས་འཐོན་མཁའ་ལ་སོང་། །ཇེ་མཐོ་ཇེ་མཐོར་མཐར་ནི་བལྟར་མེད་པའི། །ངང་(༨)དུ་ལུས་སེམས་ཁོང་གློད་མཉམ་པར་བཞག །སྐད་ཅིག་དེ་ལ་རྣམ་རྟོག་རྒྱུན་ཆད་དེ། །སྨྲ་བསམ་བརྗོད་དུ་མེད་པའི་ངང་ལ་གནས། །ཉམས་ཀྱང་བལྟར་མེད་བསམ་ཡུལ་འདས་པ་འབྱུང་། །གཟུང་བ་ཉི་མའི་ངོས་ལ་རྒྱབ་གཏད་དེ། །དྭངས་པའི་མཁའ་ལ་མིག་གཏད་ལྷན་ནེར་གཞག །རླུང་རྒྱུ་མི་ཚོར་ཅི་ནས་དལ་བར་བྱ། །མི་རྟོག་སྤྲོས་དང་བྲལ་བ་ཁོང་ནས་འཆར། །རང་བཞིན་ནམ་མཁའ་ལྟ་བུའི་ཉམས་སྐྱེ་འོ། །སྦྱང་བ་མཁའ་ལ་མིག་གཏད་མ་ཡེངས་པར། །སེམས་གསལ་སྤྲོ་བསྡུ་མེད་པའི་ངང་དེ་ནས། །ས་རྡོ་རི་བྲག་སྣོད་བཅུད་ཐམས་ཅད་ཀྱང་། །ཟང་ཐལ་ནམ་མཁའ་གཅིག་ཏུ་སོང་བར་བསྒོམ། །རང་གི་ལུས་ཀྱང་རགས་པའི་དངོས་མེད་དེ། །སེམས་དང་ནམ་མཁའ་དབྱེར་མེད་ངང་དུ་གཞག །ཕྱི་ནང་བར་གསུམ་རྣམ་དབྱེ་མེད་པའི་ཆོས། །ནམ་མཁའི་ངང་དེར་ལུས་སེམས་ཁོང་གློད་ལ། །དྲན་བསམ་ཡིད་ལ་ཕྱེད་པ་རང་ཞིའི་ངང་། །སྤྲོ་བསྡུ་མེད་པའི་སེམས་ཉིད་རང་སོར་གཞག །དེ་ཚེ་ཆོས་ཉིད་བསམ་བརྗོད་འདས་པའི་སེམས། །གཉིས་མེད་ནམ་མཁའ་ལྟ་བུའི་དགོས་པ་འཆར། །འདི་ནི་དུས་གསུམ་རྒྱལ་བའི་སྙིང་པོ་ཡིན། །དེ་ལྟར་བསྒོམས་པས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་ཕྱམ་ཕྱམ་རགས་པའི་འདུ་ཤེས་མེད། །ཉིན་མཚན་མི་རྟོག་ངང་ལས་འབྲལ་མི་ཕོད། །དུག་ལྔ་རང་ཞི་སེམས་རྒྱུད་འཇམ་ལ་དེས། །ཆོས་ཀུན་ནམ་མཁའ་འདྲ་བའི་ཉམས་མྱོང་སྐྱེ། །དེ་ལྟར་མི་རྟོག་གསུམ་ལ་གོམས་པ་ཡིས། །སྤྱན་དང་མངོན་ཤེས་ཏིང་འཛིན་ཡོན་ཏན་འགྲུབ། །ཐབས་དང་ཤེས་རབ་ཞི་ལྷག་ཟུང་འབྲེལ་བས། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་སུམ་ཚོགས། །གསུམ་པ་རྗེས་ཀྱི་ཆོས་ལ་རྣམ་པ་བཞི། །ཉམས་དང་བོགས་འབྱིན་རྟོགས་པ་འབྲས་བུའོ། །ཉམས་ལ་གཉིས་ལས་སྐྱོན་མེད་སྔར་བསྟན་ལ། །སྐྱོན་ཅན་སོ་སོའི་འཛིན་ཞེན་ལས་བྱུང་བ། །བདེ་ཆགས་གསལ་ཆགས་མི་རྟོགས་ཆགས་པ་དང་། །མཐར་འཛིན་ཞེན་རྟོག་དུག་དང་འདྲེས་པ་གསུམ། །བདེ་ལོག་ཁམས་འཛག་འདོད་ཆགས་རང་ག་དང་། །སྙིང་མི་དགའ་དང་བྱིང་བ་ཤས་ཆེ་དང་། །གསལ་ལོག་རླུང་རྒོད་ཞེ་སྡང་རང་ག་དང་། །རྣམ་རྟོག་རགས་དང་རྒོད་དང་འཕྲོ་ཤས་ཆེ། །མི་རྟོག་ལོག་པ་གཏི་མུག་རང་ག་དང་། །སེམས་བྱིང་གཉིད་རྨུགས་ཆེ་དང་འདུ་ཤེས་མེད། །དེ་ལྟར་མཐུན་དང་ལོག་པའི་སྐྱོན་ཅན་རྣམས། །གང་བྱུང་ངོས་གཟུང་གཉེན་པོས་བཅོས་པར་བྱ། །བོགས་འབྱིན་ཉམས་བཅོས་ཐབས་དང་གོང་དུ་སྤེལ། །ཉམས་བཅོས་པ་ཡང་རྣམ་པ་གསུམ་ཉིད་དེ། །རབ་ཀྱིས་ལྟ་བས་བཅོས་ཏེ་ཆོས་རྣམས་ཀུན། །བློ་བཏགས་སྒྱུ་འདྲ་ངོ་བོ་ངོས་གཟུང་མེད། །ཕྱམ་གཅིག་མཁའ་འདྲ་སྙེམས་བྲལ་རང་ངོས་སྟོང་། །འཛིན་ཞེན་མེད་(༩)པའི་ངང་དེར་ལ་བཟླ་འོ། །གོལ་སྒྲིབ་ཉམས་དེ་གནས་ལུགས་ཆེན་པོར་འཆར། །བར་ཆད་དགེ་བསྐུལ་རྐྱེན་ངན་བྱང་ཆུབ་གྲོགས། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །འབྲིང་གིས་སྒོམ་པས་བཅོས་ཏེ་དྭངས་ཕྱུང་ལ། །ཤེས་པ་འགྱུར་ལ་ཐེབས་ཤིང་དྲན་པས་གཟུང་། །མ་ཡེངས་བདེ་གསལ་མི་རྟོག་ངང་ལ་གཞག །ཡེངས་དང་འཇུར་ལ་མ་ཐེབས་སྐྱོན་ཡིན་པས། །སྐད་ཅིག་མ་ཡེངས་ངང་ལ་གཞག་པ་གཅེས། །ཁམས་འཛག་པ་ལ་རྡོ་རྗེའི་བུམ་པ་རུ། །ཧཱུྃ་ལས་མེ་འབར་ལུས་ནང་ཁམས་ཀུན་བསྲེགས། །ཅི་ཡང་མེད་པའི་ངང་ལ་བསྒོམས་པས་སེལ། །ནད་འཛག་གདོན་འཛག་གང་ལའང་གནད་འདི་ཟབ། །བདེ་ལ་འཛིན་པ་བཤིག་ནས་སྟོང་པར་བསྒོམས། །འདོད་ཆགས་རང་གའི་སེམས་ལ་ཆེར་བལྟས་ཏེ། །བཅོས་བསླད་རེ་དོགས་མེད་པའི་ངང་བཞག་པས། །འདོད་ཆགས་རང་གྲོལ་བདེ་སྟོང་ཡེ་ཤེས་འཆར། །སྙིང་མི་དགའ་བ་ཐིག་ལེ་ཉམས་པའི་སྐྱོན། །དེ་ལ་འབར་འཛག་བདེ་བའི་བསམ་གཏན་བསྒོམ། །བྱིང་ཤས་ཆེ་ན་དྭངས་སྙིགས་མ་ཕྱེད་སྐྱོན། །དེ་ལ་ལུས་གནད་དྲང་པོར་འདུག་བྱས་ལ། །ཁ་སྦྱར་རླུང་བཟུང་སྙིང་ནང་འོད་ཀྱིས་ཁེངས། །སྣང་སྲིད་འོད་ཁེངས་གསལ་སྟོང་བསྒོམས་པས་གྲོལ། །གསལ་འཛིན་ཉམས་ལ་འཛིན་མེད་ཆེན་པོར་སྦྱོང་། །གསལ་འཛིན་རྨུགས་ན་དྭངས་གསལ་སེམས་བསྒོམ་ཞིང་། །རྒོད་ཅིང་འཕྲོ་ན་མིག་བཙུམས་སྙིང་ནང་དུ། །འོད་དང་ཡི་གེ་པདྨ་རལ་གྲི་འམ། །རྒྱ་གྲམ་བསྒོམས་པ་ཇེ་དམའ་ཇེ་དམའ་ལས། །སྙིང་གི་ནང་ནས་ལུང་ཐག་ཇེ་རིང་སོང་། །འོག་གཞི་གསེར་གྱི་ས་གཞིར་བབ་པར་བསྒོམ། །དེས་ནི་མི་སེལ་མི་སྲིད་ངེས་པའི་གནད། །ཞེ་སྡང་རང་ག་འཕྲོས་ཐོག་ཙེན་ནེ་གཞག །གསལ་སྟོང་མེ་ལོང་ཡེ་ཤེས་ངང་དུ་གྲོལ། །མི་རྟོག་ངང་འཆར་འཛིན་མེད་གནད་ཀྱིས་སྦྱང་། །གཏི་མུག་སེམས་དེ་ངོས་གཟུང་ཅེར་གྱིས་བརྟག །སྐད་ཅིག་རང་གྲོལ་ཆོས་དབྱིངས་ཡེ་ཤེས་འཆར། །བྱིང་ཞིང་རྨུགས་ཏེ་འདུ་ཤེས་མེད་པ་ན། །སྙིང་ནང་འོད་བསྒོམས་ཚངས་བུག་ནས་འཐོན་ཏེ། །གཞུ་གང་ཙམ་གྱི་ནམ་མཁར་ལྡིང་ངེར་གནས། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །སྤྱིར་ནི་གང་ལའང་འཛིན་མེད་གནད་དུ་ཆེ། །རེ་དོགས་བྲལ་ན་གེགས་རྣམས་ཀུན་ལས་གྲོལ། །སྟོང་གསལ་སེམས་ཉིད་དྭངས་པའི་ངང་ཉིད་དུ། །བློ་ཡི་རྣམ་པ་སྤྲོ་བསྡུ་མེད་པར་གཞག །གེགས་དང་སྤང་བྱའི་འཕྲང་ལས་གྲོལ་བར་ངེས། །ཐ་མས་སྤྱོད་པས་བཅོས་པའི་རིམ་པ་ཡང་། །ལྟ་སྟངས་རྫས་དང་རྟེན་འབྲེལ་གསུམ་ཉིད་ལས། །སྤྱི་ཡི་ལྟ་སྟངས་རྣམ་སྣང་ཆོས་བདུན་ཏེ། །སྐྱིལ་ཀྲུང་མིག་མི་འགུལ་དང་རླུང་དལ་དང་། །མཉམ་གཞག་མགྲིན་པ་གུག་དང་ལྕེ་རྩེ་རྐན། །སྣ་རྩེར་(༡༠)མིག་ཕབ་བལྟ་བས་རླུང་སེམས་སྙོམས། །བྱིང་རྒོད་མེད་ཅིང་མ་ནོར་བསམ་གཏན་སྐྱེ། །འདི་ལྟར་སྐྱོན་ཀུན་ལུས་གནད་འཁྲུགས་པ་ཡིས། །རྩ་འཁྲུགས་རླུང་འཁྲུགས་ཐིག་ལེ་འཁྲུགས་པ་ལས། །འབྱུང་བས་མ་དཀྲུགས་མཉམ་པར་གཞག་པ་གཅེས། །ཡོན་ཏན་ཡང་ནི་རྩ་ཐིག་རླུང་གསུམ་ཉིད། །མི་གཡོ་གནད་དུ་སོང་ལས་འབྱུང་བས་ན། །དེ་ཕྱིར་གནད་འདི་རྟོགས་པ་རབ་ཏུ་གཅེས། །འཁྲུལ་འཁོར་ལུས་སྦྱོང་གཞན་དང་འདྲ་བ་ལས། །ཁྱད་པར་དལ་འཇམ་མ་འཁྲུགས་གནད་ཀྱི་དུས། །འཇམ་ལ་རྩུབ་དང་རྩུབ་ལ་འཇམ་པ་གནད། །ཁམས་དང་བསྟུན་པ་ཤིན་ཏུ་གཅེས་པ་ཡིན། །བྱེ་བྲག་བདེ་ལ་ལག་པ་གྲུ་མོར་བསྣོལ། །མིག་ཕབ་བདེ་ལ་སེམས་གཟུང་གནད་ཡིན་ནོ། །གསལ་ལ་ལག་གཉིས་པུས་མོའི་སྟེང་དུ་དགབ། །རླུང་དལ་མིག་ནི་བར་སྣང་ཧར་པོར་བལྟ། །མི་རྟོག་ཆོས་བདུན་ངང་གར་གནས་པས་འགྲུབ། །རྫས་ནི་དུས་དང་མཐུན་པའི་གནས་དང་གྲོགས། །བཟའ་བཏུང་ལ་སོགས་ཉམས་ལ་གང་ཕན་བསྟེན། །རྟེན་འབྲེལ་ཁམས་འཛག་པ་ལ་གཞོན་ནུ་མས། །བཀལ་བའི་སྐུད་པ་སུམ་སྒྲིལ་སྔགས་བཟླས་ཏེ། །སྐེད་པར་བཏགས་པས་ཐིག་ལེ་བསྲུང་བ་ཡིན། །རྟོག་པ་འཕྲོ་ན་ཙནྡན་གེ་སར་དང་། །ཞུན་ཆེན་རིལ་བུ་བསྟེན་པས་མི་རྟོག་འགྲུབ། །རྨུགས་ན་གུར་གུམ་ག་པུར་བྱང་ཆུབ་སེམས། །རིལ་བུས་ཏིང་འཛིན་འགྲུབ་པར་རྒྱུད་ལས་གསུངས། །བདེ་གསལ་མི་རྟོག་སྐྱོན་མེད་གོང་འཕེལ་བ། །དམིགས་པ་གང་རུང་སེམས་བཟུང་མཆོག་ཏུ་བསྔགས། །དང་པོར་དམིགས་ཡུལ་ལ་གཏད་བསྒོམས་པ་ཡིས། །དེ་རྗེས་དམིགས་མེད་ངང་དུ་ལྷན་གྱིས་འགྲོ། །གནད་འདི་ཤིན་ཏུ་ཡང་ཟབ་མཆོག་ཡིན་པས། །སྐལ་ལྡན་རྣམས་ཀྱིས་དང་དུ་བླང་བར་བྱ། །མཚན་བཅས་ཡིན་ཞེས་སྤང་བ་བླུན་པོའི་ལམ། །ཉམས་མྱོང་མེད་པའི་ལུགས་ཡིན་དོར་བར་བྱ། །ཁྱད་པར་བདེ་བའི་བོགས་འབྱིན་དམ་པ་ནི། །འོག་རླུང་འཐེན་ལ་གསང་བའི་གནས་ཉིད་ནས། །ཐིག་ལེ་ཡར་ཐིམ་སྤྱི་གཙུག་ཉིད་དུ་ཐིམ། །གང་ཡང་དམིགས་མེད་ངང་ལ་བཞག་པར་བྱ། །དེ་རྗེས་སྟེང་འོག་ཁ་སྦྱར་རླུང་བཟུང་ལ། །སྙིང་གར་སེམས་གཏད་སྐྱེ་མེད་ངང་ལ་གཞག །བདེ་གསལ་སྤྲོས་བྲལ་ངང་ལ་གནས་པ་ཡིན། །བར་བར་སེང་གེ་རྩལ་སྤྲུགས་ལ་སོགས་པ། །དབབ་བཟློག་དྲང་ཞིང་དགྲམ་དང་ལ་བཟླ་བའི། །འཁྲུལ་འཁོར་དམིགས་གནད་མཐོང་བ་བརྒྱུད་བཞིན་བྱ། །དབབ་པ་འཁྱུད་བྲིའི་ཕྱག་རྒྱ་ཉིད་དང་ནི། །རོ་སྟོད་སྨད་གསིགས་གནོན་པ་ལྟ་བུར་བྱ། །དམིགས་པ་ཧྃ་ལས་བྱང་སེམས་བབས་པ་ཡིས། །གསང་བར་བྱུང་དུས་བདེ་ལ་དམིགས་པ་གཏད། །བཟློག་པ་དེ་ནས་གྱེན་དུ་དྲངས་པ་(༡༡)སྟེ། ལག་གཉིས་མཁལ་ཁུང་རྒྱ་མཚོ་བྲག་ལ་སྦྱར། །འོད་རླུང་འཐེན་ལ་ལྕེ་རྩེ་རྐན་ལ་སྦྱར། །མིག་སྤྲིན་བཟློག་ཅིང་མགོ་བསྒྲིལ་འདར་བ་བཞིན། །དམིགས་པ་ཐིག་ལེ་བ་ཐག་བརྒྱུས་པ་བཞིན། །གཅིག་ལ་གཅིག་ཐིམ་སྤྱི་གཙུག་བར་དུ་བསམ། །དགྲམ་པ་གཞུ་འགེངས་རྐང་ལག་རྩལ་སྤྲུགས་བྱ། །སི་ཞེས་ལྕེ་རྩེ་སོ་སྦྱར་རླུང་ཕྱིར་འབུད། །ལ་བཟླ་གན་རྐྱལ་རླུང་སེམས་སོས་དལ་ལ། །གར་ཡང་མི་རྟོག་ཅིར་ཡང་མི་འཛིན་པས། །རང་བཞིན་སྤྲོས་དང་བྲལ་བའི་ངང་ལ་གཞག །འདི་ཡིས་གེགས་མེད་བདེ་ཆེན་བྱང་ཆུབ་འགྲུབ། །གསལ་བ་རླུང་གི་བོགས་འབྱིན་དམ་པ་ཡང་། །འཇམ་རྩུབ་གཅིག་གིས་གཅིག་གི་བོགས་འབྱིན་ལ། །ཁྱད་པར་ནང་བཟུང་ཕྱིར་བཟུང་གཅིག་གིས་གཅིག །དལ་འཇམ་ཕན་ཚུན་གནད་དང་བསྲེ་བ་གཅེས། །གྲངས་དང་ཁ་དོག་རེག་བྱ་དབྱིབས་ལ་སོགས། །དུ་མའི་ཐབས་ལ་བསླབ་པའང་གསུངས་མོད་ཀྱི། །འདིར་ནི་གཅིག་གིས་ཀུན་འགྲུབ་མན་ངག་ལ། །འདི་ལྟར་བསླབ་པ་གནད་ཀྱི་རྒྱལ་པོ་ཡིན། །ལུས་གནད་ཁྱད་པར་སྔར་བཞིན་ལུས་མི་འགུལ། །རླུང་ནི་ཁ་སྣ་གསུམ་མཉམ་ཤིན་ཏུ་དལ། །ཐ་མལ་རང་གྲོལ་ངང་ལ་ལྷན་གྱིས་གློད། །སེམས་གནད་གང་དུའང་མི་གཟུང་རང་བཞིན་བྱ། །དེ་རྗེས་གན་རྐྱལ་རྐང་ལག་བརྒྱང་བྱས་ཏེ། །ཧ་ཞེས་དྲག་ལ་སེམས་ནི་མཁའ་དཀྱིལ་གཏད། །ཡེང་མེད་སྤྲོ་བསྡུ་བྲལ་བ་ལྷན་ནེར་གཞག །རླུང་སེམས་རང་གྲོལ་གདོད་མའི་ངང་གནས་པ། །གེགས་མེད་ཡོན་ཏན་འཆར་སྒོ་དཔག་ཏུ་མེད། །ལུས་ཡང་རྒྱུ་བ་མེད་དང་སྤྲོས་པ་ཞི། །སེམས་གསལ་རབ་ཏུ་དྭངས་ཤིང་མངོན་ཤེས་འཆར། །རྐང་མགྱོགས་འགྲུབ་ཅིང་མདོག་སྣུམ་ཏིང་འཛིན་སྐྱེ། །རླུང་སེམས་དབུ་མར་ཚུད་པའི་རྟགས་རྣམས་འབྱུང་། །ཡང་ཟབ་གནད་ཀྱི་མཆོག་ཡིན་ཤིན་ཏུ་གསང་། །མི་རྟོག་ནམ་མཁའ་ལྟ་བུའི་བོགས་འབྱིན་ཡང་། །ལུས་སེམས་ཁོང་གློད་དམིགས་པ་རྩེ་གཅིག་བཟུང་། །གཅིག་ལ་མ་ཡེངས་ཅེར་རེ་བལྟས་པ་ཡིས། །རྣམ་རྟོག་གཞན་རྣམས་དེ་ཡི་ངང་ནུབ་སྟེ། །དམིགས་རྟེན་དེ་ལ་རྟོག་པའང་རབ་ཞི་ནས། །སྣང་ལ་དེར་འཛིན་མེད་པའི་རྟོགས་པ་འཆར། །འདི་ནི་གནད་ཡིན་གཞན་ཡང་འདི་ལྟར་བསླབ། །རེས་འགའ་དམིགས་པ་ཕྱིར་བཟུང་རླུང་ཕུ་ལ། །ཕྱི་རུ་ཅི་གནས་གཞག་པས་མི་རྟོག་སྐྱེ། །རེས་འགའ་ནང་བཟུང་སྟོད་སྨད་གང་རུང་དུ། །དམིགས་རྟེན་གཅིག་ལ་མ་ཡེངས་ཙེན་ནེ་གཞག །རེས་འགའ་རྟེན་མེད་ཤེས་པ་རང་ཞིར་གཞག །ཡུལ་སྣང་དེར་འཛིན་མེད་པའི་ངང་ལ་གནས། །འདི་ནི་མི་རྟོག་ཆོས་སྐུའི་དགོངས་པ་སྟེ། །གནད་ལ་བརྟེན་ནས་རང་བྱུང་ཁོང་ནས་འཆར། །བདེ་གསལ་མི་རྟོག་སྤྱི་ཡི་བོགས་འབྱིན་ནི། །ཚོགས་བསགས་སྒྲིབ་སྦྱོང་བསྐྱེད་རྫོགས་བསྒོམས་པ་དང་། །ལམ་ཟབ་བླ་མའི་རྣལ་འབྱོར་མཆོག་ཏུ་བསྔགས། །འདི་ནི་མཐར་ཐུག་གནད་ཀྱི་གདམས་པ་སྟེ། །སྐལ་བཟང་ཐར་པ་འདོད་པས་དང་དུ་བླང་། །དེ་ལྟར་བསྒོམས་པས་ཤར་བའི་རྟོགས་པ་ཡང་། །རོ་མཉམ་(༡༢)གཅིག་སྟེ་ཐ་དད་དུ་མ་མེད། །ཕྱོགས་གསུམ་གཅིག་ཏུ་འདུ་བའི་དོན་ས་དང་། །ཆུ་བྲན་ཐ་དད་རྒྱ་མཚོར་གཅིག་པ་ལྟར། །བདེ་གསལ་མི་རྟོག་ཐབས་གསུམ་གང་བསྒོམས་ཀྱང་། །སེམས་ཉིད་མ་སྐྱེས་ནམ་མཁའི་ངང་ཉིད་དུ། །བློ་ཡི་འཇུག་པ་རབ་ཞི་ཐིམ་པ་ན། །ཡོད་མེད་སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །འོད་གསལ་གཤིས་ཀྱི་ཉི་མ་ཁོང་ནས་འཆར། །གྲུབ་བསལ་འཕོ་འགྱུར་མེད་པའི་རྟོགས་པ་སྟེ། །མཁའ་མཉམ་བདེ་གཤེགས་སྙིང་པོའི་རང་བཞིན་ནོ། །དེ་ཚེ་རྩེ་གཅིག་དྭངས་གསལ་རྙོག་མེད་པ། །ཞི་ལྷག་སྤངས་པའི་བསམ་གཏན་རྒྱ་མཚོ་ལ། །ཕྱོགས་བྲལ་འཛིན་མེད་གཟུགས་བརྙན་རང་བཞིན་མེད། །ཆོས་ཀུན་རྟོགས་པའི་ངོ་བོ་ཟུང་དུ་འབྲེལ། །སྣང་བ་སྒྱུ་འདྲ་སྟོང་པ་དེར་འཛིན་མེད། །ཟུང་འཇུག་དབྱེར་མེད་དགོངས་ཀློང་ཡངས་པ་ནི། །གནད་ལས་བྱུང་བའི་འོད་གསལ་ཁོང་ནས་འཆར། །བླ་མའི་བྱིན་རླབས་རང་བྱུང་ཡེ་ཤེས་ནི། །ཚིག་དང་བསམ་བརྗོད་འདས་ཚེ་མཐོང་བ་སྟེ། །དེ་ལྟ་བུ་ཉིད་དུས་སུ་མཐོང་བ་ནི། །དུས་གསུམ་དུས་མེད་ཕྱི་ནང་དབྱེ་བསལ་མེད། །ཤེས་རབ་ཕ་རོལ་ཕྱིན་ཡིན་དབུ་མ་སྟེ། །སྤྲོས་དང་སྡུག་བསྔལ་ཞི་བྱེད་ཕྱག་རྒྱ་ཆེ། །སྙིང་པོའི་ཆོས་ཉིད་རྫོགས་པ་ཆེན་པོ་སྟེ། །གདོད་མའི་ཟད་པ་གཤིས་ཀྱི་གནས་ལུགས་ཉིད། །འོད་གསལ་སེམས་ཉིད་རང་བྱུང་ཡེ་ཤེས་ཡིན། །མིང་མང་བཏགས་ཀྱང་དོན་གྱི་ངོ་བོ་གཅིག །སེམས་ཉིད་སྨྲ་བསམ་བརྗོད་འདས་བྱང་ཆུབ་སེམས། །འཁོར་འདས་གཉིས་མེད་ནམ་མཁའ་ལྟ་བུ་ཡིན། །ཕྱོགས་རིས་མ་འཛིན་གྲུབ་མཐའི་གཟེབ་ལས་འདས། །ཕྱོགས་བྲལ་གཉིས་མེད་མཉམ་རྫོགས་ཆེན་པོ་སྟེ། །རྒྱལ་བའི་དགོངས་པ་མཐའ་བྲལ་ཀློང་ཡངས་སུ། །རྣལ་འབྱོར་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱ། །དེ་དག་མཐར་ཕྱིན་འབྲས་བུའི་རིམ་པ་ནི། །གནས་སྐབས་བདེ་གསལ་མི་རྟོག་ཟུང་འཇུག་གིས། །སྤྱན་དང་མངོན་ཤེས་ཡོན་ཏན་དཔག་མེད་ཅིང་། །མཐར་ཐུག་སྐུ་གསུམ་ཡིད་བཞིན་རྒྱལ་ཆོས་འགྲུབ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡིན། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ལས། གང་བསྒོམ་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་གནས་གསུམ་པའོ།། །།

དེ་ལྟར་ཆོས་ཚུལ་ཞི་བ་སྙིང་པོའི་དོན། །ཟབ་ཅིང་རྒྱ་ཆེ་བཤད་པའི་བསོད་ནམས་དེས། །འགྲོ་ཀུན་བྱང་ཆུབ་དམ་པ་གཉིས་ཐོབ་ནས། །ཡིད་བཞིན་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འདི་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །རང་གི་ཉམས་ལེན་གནད་དྲིལ་བཅུད་བསྡུས་ཏེ། །ཕྱི་རབས་དོན་དུ་གསལ་བར་བཤད་པ་ནི། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཐར་པ་འདོད་པ་དག་གིས་བརྩོན་བྱས་ཏེ། །ཡི་གེ་(༡༣)འདི་བཞིན་ཉམས་སུ་བླང་བར་མཛོད། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་ཚོགས་ཏེ། །བདེ་ཆེན་གླིང་དུ་མྱུར་དུ་དགའ་བདེ་བྱེད། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ་ཞེས་བྱ་བ།

གནས་དང་པོའི་བསྡུས་དོན།

༄༅། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༄༅༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་གནས་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་རྒྱུ། འཇུག་ཡུལ་བསྟན་བཅོས་ཀྱི་ལུས། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། སྐད་གཉིས་ཤན་སྦྱར་བ། མཚན་གྱི་དོན། མདོ་དང་། རྒྱས་པ་ཕྱག་གི་དོན། བརྩམ་པར་དམ་བཅའ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གནས་གསུམ་བསྟན་བཅོས་ཀྱི་ལུས་ལ་འཇུག་པར་གདམས་པ་དང་། འཇུག་ཡུལ་ལུས་ཀྱི་སྡོམ་རྣམ་པར་གཞག་པའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། གང་དུ་ཉམས་སུ་ལེན་པའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག །གང་ཉམས་སུ་བླང་བའི་ཆོས་རྒྱ་ཆེར་བསྟན་པའོ། །དང་པོ་ལ་གསུམ་སྟེ། གནས་ཀྱི་རིམ་པ་བརྟག་པ། སྤྱིར་བསམ་གཏན་གྱི་ཁང་བུ་བྱ་བ་བྱེ་བྲག་ཏུ་བཤད་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དུས་བཞི་གནས་ཀྱི་རིམ་པ། སོ་སོ་གནས་ཀྱི་རང་བཞིན། ལས་བཞི་གནས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། དབྱར་དགུན། དཔྱིད་ཀྱི་རྒྱས་པར་བཤད་དོན་བསྡུ་བའོ། །

གཉིས་པ་ལ་གཉིས་ཏེ། སོ་སོའི་བྱེ་བྲག་བསྟན་པ་དང་། བླང་དོར་གྱི་དམིགས་དབྱེ་བའོ། །དང་པོ་ལ་བཅུ་གཅིག་སྟེ། རི་རྩེ། གངས་ཁྲོད། ནགས་ཁྲོད། བྲག་རི། ཆུ་འགྲམ། དུར་ཁྲོད། གྲོང་འདབས། ལྷ་ཁང་། ས་ཕུག །ཤིང་གཅིག །མཚོ་འགྲམ་གྱི་རང་བཞིན་བསྟེན་པས་ནང་གི་སེམས་ཀྱི་འཆར་ཚུལ་བསྟན་པའོ། །

གཉིས་པ་བླང་དོར་གྱི་དམིགས་དབྱེ་བ་ལ་གསུམ་སྟེ། དོར་བྱ། བླང་བྱ། བར་མའི་རང་བཞིན་ནོ། །གསུམ་པ་ལ་གཞི་གནས་ཀྱི་ཁྱད་པར་ལ་གསུམ་སྟེ། གནས་བརྟག་པའི་དགོས་ཆེད་ལ་སྤྱིར་གདམས་པ། ཞི་རྒྱས་དབང་དྲག་བཞི་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་དོན་ངོས་གཟུང་བའོ། །གཉིས་པ་ལ་བསམ་གཏན་གྱི་ཁང་བུ་བྱ་བ་ལ་གསུམ་སྟེ། བསམ་གཏན་གྱི་ཁང་བུ་སྤྱིའི་རང་བཞིན། མཚན་མོ་དང་ཉིན་མོ་རྣལ་(༡༤)འབྱོར་གྱི་བྱེ་བྲག་གི་རང་བཞིན། ཉེ་འཁོར་གྱི་རང་བཞིན་ནོ། །དེ་ལ་གསུམ་སྟེ། ཞི་ལྷག་སོ་སོའི་སྒྲུབ་དུས། རྒྱུན་གྱི་རྣལ་འབྱོར་གྱིས་སྒྲུབ་དུས། བྱེ་བྲག་ཤེས་པས་བསྟན་པའི་ཉེ་འཁོར་གྱི་རང་བཞིན་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། བསྟན་བྱ་སྙིང་པོ་བྱང་ཆུབ་ཀྱི་གནས། སྤང་བྱ་ལས་ངན་བདུད་ཀྱི་གནས། ཡིད་ཆེས་དགོད་པ་ལུང་གི་གནས་རྒྱ་ཆེར་བསྟན་པའོ། །གནས་དང་པོའི་བསྡུས་དོན་ནོ།། །།

གནས་གཉིས་པའི་བསྡུས་དོན།

དོན་གཉིས་པ་གང་གིས་ཉམས་སུ་ལེན་པའི་གང་ཟག་གི་གནས་བསྟན་པ་ལ་གསུམ་སྟེ། གང་ཟག་གི་གནས་ལ་སྤྱིར་གདམས། སྒྲུབ་ཚུལ་གྱི་གནས་ལ་བྱེ་བྲག་ཏུ་གདམས། བསྒྲུབ་དགོས་པའི་རྒྱུ་མཚན་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་ཏེ། གང་ཟག་གི་གདམས་པའི་མཚན་ཉིད་བསྟན་པ། མཚན་ཉིད་ཅན་དེས་བསྒྲུབ་པར་གདམས་པའོ། །གཉིས་པ་ལ་དྲུག་སྟེ། གཞི་རྟེན་བསླབ་གསུམ་ལ་གདམས་པ། དབེན་པར་རང་དོན་ལ་བསྐུལ་བ། ཉོན་མོངས་གཉེན་པོས་འདུལ་བ། ངོ་ཚ་ཁྲེལ་ཡོད་བསྟེན་པ། གྲག་སྟོང་བཟོད་པ་བསྒོམ་པ། ཅི་བྱེད་ཆོས་པ་བརྩོན་པར་བསྟན་པའོ། །གསུམ་པ་ལ་བཅོ་ལྔ་སྟེ། དུས་ངན་སྐྱེ་བོ་དང་འགྲོགས་པར་མི་བཟོད་པ། མངོན་ཤེས་མེད་པར་གཞན་དོན་འགྲུབ་དཀའ་བ། རྣམ་གཡེང་འདུ་འཛིས་སྒྲུབ་པ་བསླུ་བ། འཆི་དུས་བསྟོངས་པའི་འཁྱེར་སོ་ཅི་འདུག །ད་རེས་ལེགས་པའི་འདུན་མ་བསམ་པ། ཕྱི་མའི་ས་ཟིན་ད་ལྟ་དགོས་པ། འཁོར་བའི་གནས་ལས་ཐར་ཐབས་དགོས་པ། མ་འཁྲུལ་དོན་གྱི་བཙན་ས་གཟུང་བ། དལ་འབྱོར་གྲུ་བོས་སྲིད་མཚོ་བརྒལ་བ། ཐར་ལམ་ཞུགས་ནས་འབད་པ་འདོན་པ། སྐྱོ་ཤས་སྐྱེ་བའི་ཡུལ་ལ་བསམ་པ། ལས་ཀྱིས་རླུང་ཤུགས་ཅིས་ཀྱང་བཟློག་པ། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པ། དལ་ཁོམས་མེད་པར་བརྩོན་འགྲུས་བསྐྱེད་པ། ཆོས་ལ་བསམས་པའི་ཕན་ཡོན་བསྟན་པ། ཐར་ལམ་བསྒྲུབ་པའི་གང་ཟག་ལ་བསམས་ཏེ་བསྒྲུབ་དགོས་པའི་རྒྱུ་མཚན་དགོད་པའོ། །གནས་གཉིས་པའི་བསྡུས་དོན་ནོ།། །།

གནས་གསུམ་པའི་བསྡུས་དོན།

དོན་གསུམ་པ་གང་ཉམས་སུ་བླང་བྱའི་ཆོས་རྒྱ་ཆེར་བསྟན་པ་ལ་གཉིས་ཏེ། སྒོམ་པ་མདོར་བསྟན་པ་དང་། སྡེ་ཚན་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྤྱིའི་སྔོན་འགྲོ། བྱེ་བྲག་གི་སྔོན་འགྲོ། ལུས་ལྷར་བསྐྱེད་པ། སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམས་པས་ཁྱད་པར་མཆོག་གི་སྔོན་འགྲོ་དགོས་པ་དང་བཅས་པ་བསྟན་པའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། བདེ་བ། གསལ་བ། མི་རྟོག་པའི་ཐབས་ལ་ངོ་སྤྲད་པའོ། །དང་པོ་ལ་བཞི་སྟེ། རྩ་གསུམ་གསལ་བཏབ། གཏུམ་མོའི་མེས་བྱང་ཆུབ་ཀྱི་སེམས་བཞུ། བདེ་ཆེན་བྃ་ལ་སེམས་གཟུང་། ཕྲ་མོའི་རྣལ་འབྱོར་བསྒོམས་པ་དང་(༡༥)བཞིས་བདེ་བའི་ཐབས་བསྒོམ་པ། ཐབས་ལས་ཐོབ་པའི་འོད་གསལ་བསྟན་པ། དེ་ལས་ཉམས་ཀྱི་སྐྱེ་ཚུལ་བསྟན་པ། གོམས་པས་ཐོབ་པའི་ཡོན་ཏན་བསྟན་པའོ། །གཉིས་པ་གསལ་བའི་ཐབས་ལ་ལྔ་སྟེ། རྩ་གསལ་བ། རླུང་སེམས་གཟུང་བ། ཡོན་ཏན་བསྡུ་བ། འོད་སྣང་བསྒོམ་པ། རྟགས་ཚད་བསྟན་པ་དང་ལྔ་གསལ་བའི་ཐབས་བསྒོམ་པ། ཕྲ་མོའི་རྣལ་འབྱོར། ཡེ་ཤེས་དངོས་ཀྱི་ཐབས་ལས་ཐོབ་པའི་འོད་གསལ། དེ་ལས་ཉམས་ཀྱི་སྐྱེ་ཚུལ། གོམས་པས་ཐོབ་པའི་འབྲས་བུའོ། །གསུམ་པ་མི་རྟོག་པའི་ཐབས་ལ་ལྔ་སྟེ། ངོ་བོ་མདོར་བསྟན། བསྒོམ་ཚུལ་རྒྱས་པར་བཤད། འོད་གསལ་ངོས་གཟུང་། ཉམས་ཀྱི་སྐྱེ་ཚུལ་བསྟན། ཡོན་ཏན་འགྲུབ་ཚུལ་བརྗོད་པའོ། །གཉིས་པ་ལ་གསུམ་སྟེ། ཐབས་ཀྱིས་འཕང་། ངང་ལ་གློད། བསམ་བརྗོད་བྲལ་བས་འཕང་བ། རང་དལ་གཞག །སྤྲོས་བྲལ་དག་པས་གཟུང་བ། སྣོད་བཅུད་སྦྱང་། ངང་ལ་གཞག །ལུས་སེམས་གློད། དྲན་བསམ་དག་པས་སྦྱང་བའོ།། །།

དོན་གསུམ་པ་རྗེས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། ཉམས་བོགས་འབྱིན། རྟོགས་པ། འབྲས་བུ། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། འབྲེལ་བ་གསུམ་གྱི་ངོ་བོ་སྤྱིར་བསྟན། བདེ་ལོག །གསལ་ལོག །མི་རྟོག་པ་ལོག་པ་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བཤད། བཅོས་ཐབས་ངེས་པས་དོན་བསྡུ་བའོ། །གཉིས་པ་བོགས་འབྱིན་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཉམས་ཀྱི་བཅོས་ཐབས་དང་། བོགས་འབྱིན་དངོས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རབ་ལྟ་བས་བཅོས་པ། འབྲིང་སྒོམ་པས་བཅོས་པ། ཐ་མ་སྤྱོད་པས་བཅོས་པའོ། །དང་པོ་ལ་གཉིས་ཏེ། ཡེ་སྟོང་སྙེམས་བྲལ་དུ་ལ་བཟླ་བ་དང་། གོལ་སྒྲིབ་ཆོས་ཉིད་ཀྱི་རོལ་པར་རང་ཤར་བའོ། །གཉིས་པ་ལ་གསུམ་སྟེ། གནད་ཀྱི་ངོ་བོ་མདོར་བསྟན། རྣམ་པ་རྒྱས་པར་བཤད། འཛིན་མེད་ཆེན་པོར་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། བདེ་བ། གསལ་བ། མི་རྟོག་པའི་ཉམས་སྐྱོན་ཅན་བཅོས་པའོ། །དང་པོ་ལ་གསུམ་སྟེ། ཁམས་འཛག་པ་བསྲུང་བ། འདོད་ཆགས་འཛིན་རྟོག་གཟུང་བ། འབར་འཛག་གི་ཏིང་ངེ་འཛིན་པའོ། །གཉིས་པ་ལ་བཞི་སྟེ། རིག་པ་དྭངས་སྙིགས་དབྱེ་བ། འཛིན་མེད་གསལ་དྭངས་འདོན་པ། འཕྲོ་རྒོད་བརྟན་པར་བྱ་བ། ཞེ་སྡང་འཛིན་རྟོགས་སྦྱོང་བའོ། །གསུམ་པ་ལ་གཉིས་ཏེ། རྟོག་མེད་དབྱིངས་སུ་དག་པ་དང་། བྱིང་རྨུགས་དགྲ་བོ་གཞོམ་པའོ། །གསུམ་པ་འཛིན་མེད་དུ་དོན་བསྡུ་བ་ལ་གཉིས་ཏེ། རེ་དོགས་འཛིན་པ་གཞོམ་པ་དང་། དེའི་ངང་ལ་གཞག་ཚུལ་ལོ། །གསུམ་པ་ཐ་མས་སྤྱོད་པས་བཅོས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ལྟ་སྟངས། (༡༦)རྫས། རྟེན་འབྲེལ་ལོ། །དང་པོ་ལ་གཉིས་ཏེ། ཆོས་བདུན་གྱི་རང་བཞིན། ལུས་གནད་འཁྲུགས་པའི་སྐྱོན། མ་འཁྲུགས་པའི་ཡོན་ཏན། འཁྲུལ་འཁོར་གྱི་གནད་ཀྱིས་སྤྱིར་བསྟན་པ་དང་། བདེ་བ། གསལ་བ། མི་རྟོག་པའི་ལུས་གནད་ཀྱིས་བྱེ་བྲག་གི་ལྟ་སྟངས་བསྟན་པའོ། །གསུམ་པ་རྟེན་འབྲེལ་ལ་གསུམ་སྟེ། ཁམས་བསྲུང་། འཕྲོ་རྒོད་བསྡུ་བ། བྱིང་རྨུགས་བསལ་བའི་རྟེན་འབྲེལ་ལོ། །གཉིས་པ་བོགས་འབྱིན་དངོས་ལ་གཉིས་ཏེ། བོགས་འབྱིན་གྱི་གནས་ལ་གདམས། གནད་བསྟན། ལོག་རྟོག་དགག་པས་གནས་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། སོ་སོ་དང་སྤྱིའི་བོགས་འབྱིན་ནོ། །དང་པོ་ལ་གསུམ་སྟེ། བདེ་བ། གསལ་བ། མི་རྟོག་པའི་བོགས་འབྱིན་ནོ། །དང་པོ་ལ་གཉིས་ཏེ། དྭངས་མ་ཆོས་ཉིད་ཀྱི་ཀློང་དུ་སྦ་བ་དང་། རླུང་སེམས་སྐྱེ་མེད་ཀྱི་ཀློང་དུ་སྦ་བས་བདེ་ཆེན་འོད་གསལ་གྱི་འཁོར་ལོ་བསྟན་པ་དང་། ཆིངས་ལྔ་མདོར་བསྟན་པ་དང་། དབབ། བཟློག །དགྲམ། ལ་བཟླ་བའི་གནས་རྒྱས་པར་བཤད་པའོ། །གཉིས་པ་གསལ་བའི་བོགས་འབྱིན་པ་ལ་ལྔ་སྟེ། ངོ་བོའི་གནས་སྤྱིར་བསྟན། ཁྱད་པར་གྱི་གནད་བྱེ་བྲག་ཏུ་གདམས། གནད་མཆོག་རྒྱལ་པོའི་མན་ངག་དངོས་བསྟན། ཐབས་ཀྱི་ཡན་ལག་རྒྱ་ཆེར་བརྗོད། གོམས་པས་ཐོབ་པའི་ཡོན་ཏན་ལ་བསྔགས་པའོ། །གསུམ་པ་མི་རྟོག་པའི་བོགས་འབྱིན་ལ་བཞི་སྟེ། གཙོ་བོའི་གནད། ཆ་ཤས་ཀྱི་གནད། ཕྲ་མོའི་གནད། ཆོས་ཉིད་ཀྱི་གནད་བསྟན་པའོ། །གཉིས་པ་སྤྱིའི་བོགས་འབྱིན་པ་ལ་གཉིས་ཏེ། བོགས་འབྱིན་དངོས་དང་། དེའི་གནས་ལ་གདམས་པའོ། །གསུམ་པ་རྟོགས་པ་ལ་དགུ་སྟེ། ངོ་བོ་རིས་མེད་མཐའ་བྲལ། དཔེ་དོན་ཐབས་གསུམ་དོན་གཅིག་རང་བཞིན་བདེ་གཤེགས་སྙིང་པོ། ངང་དྭངས་རང་གསལ་ཟུང་འཇུག །ཡུལ་སེམས་དབྱེར་མེད་ཟུང་འཇུག །རིག་སྟོང་ཆོས་སྐུ་རྗེན་པ། མིང་དོན་དུ་མ་རོ་གཅིག །གཞི་བྲལ་ནམ་མཁའ་ལྟ་བུ། བློ་འདས་ཆོས་ཟད་ཆེན་པོར་བསྟན་པའོ། །བཞི་པ་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །གནས་གསུམ་པའི་བསྡུས་དོན་ནོ།། །།

སྤྱི་དོན་གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་(༡༧)བྱ་བ་ལ་ལྔ་སྟེ། དགེ་བ་བྱང་ཆུབ་ཏུ་བསྔོ་བ། གང་གིས་གང་དུ་བརྩམས་པའི་ཚུལ་བརྗོད་པ་ལ། སྐལ་བཟང་སྐྱེ་བོ་ལ་གདམས་པ། དགོས་ཆེད་སྨོན་པ་འགྲུབ་པ། ཡོངས་སུ་རྫོགས་པ་མཚན་གྱི་དོན་ཏོ། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ་ཞེས་བྱ་བ། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་བློའི་པདྨོ་འཛུམ་པར་བྱས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་ཀུན་ཏུ་བཟང་པོའི་ཁང་བཟངས་སུ་སྦྱར་བའོ། །དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་པར་དག་པ་ཞེས་བྱ་བ།

རྡོ་རྗེའི་གནས་དང་པོ། ཏིང་འཛིན་བསྒོམ་པའི་ས་ཕྱོགས་བསྟན་པ།

༄༅། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ཅེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། མཧཱ་སནྡྷི་དྷྱཱ་ནཱ་བི་ཤྲཱནྟ་སྱ་བྲ྇ཏྟཱི་ར་ཐ་བི་ཤུདྡྷ་ཀ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ནས་ཉེར་ཞི་སྤྲོས་དང་བྲལ་བའི་མཁའ་དབྱིངས་ལ། །ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་རང་བཞིན་ཉེ་བར་མཛེས་པ་གང་། །སྣ་ཚོགས་མཛད་པའི་འོད་སྟོང་འཕྲོ་བས་གདུལ་བྱའི་ཞིང་གི་རྗེས་འགྲོ་བ། །རྒྱལ་བ་སྲས་བཅས་མཁྱེན་བརྩེའི་ཉི་མ་ཀུན་ནས་དགའ་བའི་(༢)གཙུག་གིས་མཆོད། །སྐལ་བཟང་སྐྱེ་བོ་ཐར་པའི་གྲོང་ཁྱེར་དུ། །གང་གི་ལམ་ནས་ངེས་པར་འབྱུང་བའི་ཆོས། །རང་བཞིན་རྫོགས་པ་ཆེན་པོའི་ཚུལ་དག་ལས། །ཤིང་རྟ་རྣམ་དག་འགྲེལ་འདི་རབ་གསལ་བྱ། །

དེ་ལ་བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ཐམས་ཅད་ཀྱི་རྩེ་མོ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཡིན་ལ། དེའི་གནས་ངེས་པར་གང་ཟག་གཅིག་གིས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ངེས་པ་ནི། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་ཞེས་བྱ་བར་གཏན་ལ་ཕབ་པའི་ཕྱིར། འདིར་དེའི་འགྲེལ་པས་མན་ངག་གི་གནས་གསལ་བར་སྟོན་པ་ལས། རེ་ཞིག་དང་པོར་ཕྱག་འཚལ་བ། གདོད་མའི་རང་བཞིན་མཁའ་མཉམ་དག་པའི་དབྱིངས། །ཆོས་མཆོག་མི་གཡོ་ཤིན་ཏུ་སྤྲོས་དང་བྲལ། །འོད་གསལ་སེམས་ཉིད་བྱང་ཆུབ་སྙིང་པོ་ལ། །གཞི་རྫོགས་འཕོ་འགྱུར་མེད་པས་ཕྱག་འཚལ་ལོ། །དེ་ལ་རྫོགས་པ་ཆེན་པོའི་གཞི་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཡོ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། ངོ་བོ་ལ་དབྱེ་བསལ་ཐམས་ཅད་དང་བྲལ་བའི་རང་བཞིན། སྟོང་ལ་གོ་འབྱེད་པའི་ནམ་མཁའ་ལྟ་བུ། གསལ་ལ་འགྲིབ་པ་མེད་པའི་ཉི་ཟླ་ལྟ་བུ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ནོར་བུ་ལྟ་བུ་སྟེ། འཁོར་འདས་གང་དུའང་མ་གྲུབ་ལ་གང་དུའང་འཆར་བའི་གཞིའམ་དབྱིངས་(༣)སུ་གནས་པ་དེ་ལ། རིག་པ་རང་ངོ་ཤེས་པས་གཞི་འཕོ་འགྱུར་མེད་པའི་དོན་གྱིས་ཕྱག་འཚལ་བའོ། །ཀུན་བྱེད་ལས། ཀྱེ་སྟོན་པའི་བསྟན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །དུས་གསུམ་རྒྱལ་བའི་རང་བཞིན་ཆོས་ཀྱི་དབྱིངས། །འཁོར་བ་མི་སྤང་ཐུགས་རྗེ་ཕྱོགས་རིས་མེད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཅེས་པ་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་སོ། །བརྩམ་པར་དམ་བཅའ་བ་ནི། རྒྱལ་བའི་དགོངས་པ་ཤིན་ཏུ་རྨད་བྱུང་གང་། །སོ་སོ་རང་རིག་ཡེ་ཤེས་རྟོགས་བྱའི་ཕྱིར། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་ཉམས་སུ་བླངས་བཞིན་བཤད་ཀྱིས་ཉོན། །དེ་ལ་སོ་སོ་རང་གི་རིག་པའི་ཡེ་ཤེས་ནི། མན་ངག་འདིའི་བརྗོད་བྱ་ཡིན་པས། དེའི་དོན་རང་གིས་ཇི་ལྟར་ཉམས་སུ་བླངས་པ་ལྟར་ཕྱི་རབས་ཀྱི་དོན་དུ་བརྗོད་པར་བྱ་སྟེ། དོན་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་སོ། །དེ་ཉིད་ཀྱང་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །འདིར་རྫོགས་པ་ཆེན་པོ་སྟོན་པ་ལ་ཕ་རོལ་ཏུ་ཕྱིན་པས་ཅི་བྱ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྫོགས་པ་ཆེན་པོ་ཡིན་ཏེ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས་རིག་པའི་ངོར་བཏགས་པ་དེ་ཉིད་ལས་བྱུང་བའི་ཕྱིར་ཏེ། ཀུན་བྱེད་ལས། ཀྱེ་ང་ནི་མ་བཅོས་ཇི་བཞིན་སྙིང་པོ་ལ། །སྒྲོ་འདོགས་སྐུར་འདེབས་དོན་ལས་ཀུན་འདས་ཏེ། །དུས་གསུམ་རྒྱལ་བ་ང་ལས་བྱུང་བས་ན། །རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན། །ཞེས་སོ། །དེ་དག་གིས་ཕྱོགས་དང་པོ་བསྟན་བཅོས་བརྩམ་པ་ལ་འཇུག་པའི་རྒྱུ་བསྟན་ཏོ། །ད་ནི་ལུས་ཉིད་བཤད་པ་ལ་མདོ་དང་། རྒྱས་པར་བསྟན་པ་གཉིས་ལས། དང་པོ་མན་ངག་གི་ལུས་ཀྱི་སྡོམ་བསྡུ་བས་མདོར་བསྟན་པ་ནི། རི་རྩེ་ནགས་ཁྲོད་མཚོ་གླིང་ལ་སོགས་པ། །དུས་བཞི་གནས་དང་མཐུན་པའི་གནས་དག་ཏུ། །རྩེ་གཅིག་མི་གཡོ་ཞི་བའི་ཏིང་འཛིན་ནི། །འོད་གསལ་སྤྲོས་དང་བྲལ་བ་བསྒོམ་པར་བྱ། །གནས་དང་གང་ཟག་ཉམས་སུ་བླང་བྱའི་ཆོས། །(༤)རྣམ་གསུམ་རང་བཞིན་དག་ལས་འགྲུབ་པར་འགྱུར། །ཐར་པ་འདོད་པ་དག་གིས་དུས་བཞི་ཡིད་དང་མཐུན་པའི་གནས་སུ། ཟབ་མོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འགྲུབ་པར་ངེས་པ་ཡང་། གང་དུ་བསྒྲུབ་པའི་གནས་དང་། གང་གིས་སྒྲུབ་པའི་གང་ཟག་དང་། གང་བསྒྲུབ་པའི་ཆོས་དང་གསུམ་གྱིས་ཆོ་ག་རྫོགས་པར་འགྲུབ་པ་ན་རྡོ་རྗེའི་ལུས་རྣམ་པར་གཞག་པའོ། །ད་ནི་དེ་དག་གི་རིམ་པ་རྒྱས་པར་བཤད་པ་ལས། ཕྱོགས་དང་པོ་གང་དུ་བསྒྲུབ་པའི་གནས་ལས། དུས་བཞི་གནས་ཀྱི་རིམ་པ་བསྟན་པ་ནི། དང་པོ་གནས་ནི་དབེན་ཞིང་ཉམས་དགའ་བར། །དུས་བཞིའི་རྣལ་འབྱོར་དག་དང་མཐུན་པ་སྟེ། །དབྱར་ནི་གངས་དང་རི་རྩེ་ལ་སོགས་པར། །སྨྱུག་མ་འོད་མ་འཇག་ཁང་ལ་སོགས་པ། །བསིལ་སར་བསིལ་ཁང་ནང་དུ་བསྒོམ་པར་བྱ། །སྟོན་ནི་ནགས་ཁྲོད་རི་ངོགས་བྲག་རྫོང་སོགས། །བསིལ་དྲོད་སྙོམས་པའི་གནས་དང་ཁང་བུ་རུ། །ཟས་གོས་སྤྱོད་ལམ་དེ་དང་མཐུན་པར་བྱ། །དགུན་ནི་ནགས་ཁྲོད་བྲག་ཕུག་ས་ཁང་སོགས། །དམའ་བའི་གནས་དང་དྲོ་བའི་ས་ཕྱོགས་སུ། །ཟས་གོས་མལ་ཆ་ལ་སོགས་རྗེས་མཐུན་བྱ། །དཔྱིད་ནི་རི་དང་ནགས་འདབས་མཚོ་གླིང་སོགས། །བསིལ་དྲོད་སྙོམས་པར་རྗེས་མཐུན་ཁང་པ་རུ། །ཟས་གོས་སྤྱོད་ལམ་མཐུན་པ་ཤིན་ཏུ་གཅེས། །འདི་དག་ནི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་དུས་བཞི་རྣལ་འབྱོར་གྱི་སྒྲུབ་པ་ཟབ་མོ་ལས་བྱུང་བ་བཞིན་ཏེ། དབྱར་ནི་མེའི་དུས་ཏེ་ཕྱི་ནང་གི་འབྱུང་བ་ཀུན་དྲོ་བས་གནས་དང་སྤྱོད་ལམ་བསིལ་བར་བསྟེན་ཅིང་། སྟོན་ནི་རླུང་གི་དུས་ཏེ་ཕྱི་ནང་གི་འབྱུང་བ་ཀུན་སྨིན་པས་དྭངས་གསལ་ཕྱེད་པའི་གནས་དང་སྤྱོད་ལམ་བསྟན་པར་བྱ་ལ། དགུན་ནི་ཆུའི་དུས་ཏེ་ཕྱི་ནང་གི་འབྱུང་བ་ཀུན་བསིལ་བས་གནས་དང་སྤྱོད་ལམ་ཀུན་དྲོ་བ་བསྟེན་ཅིང་། དཔྱིད་ནི་སའི་དུས་ཏེ་ཕྱི་ནང་གི་འབྱུང་བ་ཀུན་བསྐྱེད་པར་ཕྱོགས་པས་བསིལ་དྲོད་སྙོམས་པའི་གནས་དང་སྤྱོད་ལམ་གཅེས་ཏེ། ཕྱི་ནང་རྟེན་འབྲེལ་གྱི་འཁོར་ལོ་གཉིས་སུ་གནས་པའི་ཕྱིར་རོ། །དུས་འཁོར་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པ་བཞིན་ནོ། །

དེ་ནས་གང་ལ་ཤིས་པ་གནས་ཀྱི་ཁྱད་པར་བསྟན་པ་ནི། ཕྱི་ནང་རྟེན་འབྲེལ་གཅིག་པས་དེ་ཕྱིར་རོ། །ཡིད་འོང་དབེན་ལ་ཉམས་དགའི་གནས་ལ་བརྟེན། །རི་རྩེ་ཤེས་པ་དྭངས་ལ་རྒྱ་ཆེ་བས། །བྱིང་བ་གསེང་བའི་གནས་དེ་བསྐྱེད་རིམ་ཤིས། །གངས་ཁྲོད་བསྐྱེད་རིམ་གསལ་ཞིང་རིག་པ་དྭངས། །ལྷག་མཐོང་བསྒོམ་པའི་གནས་ཡིན་བར་ཆད་ཉུང་། །ནགས་ཁྲོད་ཤེས་པ་གནས་ཤིང་སེམས་གནས་སྐྱེ། །ཞི་གནས་བསྒོམ་པའི་གནས་ཏེ་བདེ་ཤས་ཆེ། །བྲག་རིའི་དྲུང་ནི་མི་རྟག་སྐྱོ་ཤས་ཆེ། །དྭངས་ལ་བྱིན་ཆེ་ཞི་ལྷག་ཟུང་འབྲེལ་འགྲུབ། །(༥)ཆུ་བོའི་འགྲམ་ནི་བློ་སྣ་ཐུང་བ་སྟེ། །ངེས་འབྱུང་སྐྱོ་ཤས་གསར་དུ་སྐྱེ་བར་བྱེད། །དུར་ཁྲོད་བྱིན་ཆེ་དངོས་གྲུབ་མྱུར་བ་སྟེ། །བསྐྱེད་རྫོགས་གང་ལའང་མཆོག་ཏུ་ཤིས་པར་གསུངས། །གནས་འདི་དག་ཀྱང་ལས་དང་པོ་པ་དང་། བར་པ་དང་། ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་དག་གིས་ཇི་སྐད་སྨོས་པའི་མཚམས་སྤྱོད་ཤེས་པ་བསྟེན་ན། ལྟ་བ་དང་སྒོམ་པ་ཁྱད་པར་ཅན་གོང་འཕེལ་དུ་འགྲུབ་སྟེ། གནས་དེ་དག་གི་ཡོན་ཏན་ལམ་འགྲུབ་པའི་གྲོགས་སུ་ཤར་བའི་ཕྱིར་རོ། །གང་ཟག་རང་གི་ཉམས་དང་སྦྱར་ཏེ་ཤེས་པར་བྱ་བའི་གནས་བསྟེན་པ་ནི། གྲོང་དང་ཚོང་དུས་ཁང་སྟོང་ཤིང་གཅིག་སོགས། །མི་དང་མི་མིན་འབྱུང་པོ་རྒྱུ་བ་ནི། །ལས་དང་པོ་ལ་གཡེང་ཞིང་བར་དུ་གཅོད། །བརྟན་པ་རྣམས་ལ་གྲོགས་ཏེ་མཆོག་ཏུ་བསྔགས། །ལྷ་ཁང་མཆོད་རྟེན་རྒྱལ་འགོང་གནས་ས་ནི། །སེམས་འཚུབས་ཞེ་སྡང་རྟོག་ཚོགས་སྐྱེ་བ་སྟེ། །ས་ཕུག་ལ་སོགས་བསེན་མོའི་གནས་རྣམས་སུ། །འདོད་ཆགས་སྐྱེ་ཞིང་བྱིང་རྒོད་ལྷག་པར་ཆེ། །ཤིང་གཅིག་ལ་སོགས་མ་མོ་མཁའ་འགྲོ་དང་། །བྲག་དང་རི་སྣ་དམུ་བཙན་ཐེའུ་རང་གནས། །སེམས་འཚུབས་རྐྱེན་དང་བར་ཆད་མང་བར་འདོད། །གདོལ་པ་ཀླུ་གཉན་ས་བདག་གནས་པ་ནི། །མཚོ་འགྲམ་ནེའུ་གསེང་ནགས་ཁྲོད་སྨན་ལྗོངས་སོགས། །ཡིད་དགའ་མེ་ཏོག་ལྗོན་ཤིང་བརྒྱན་པ་ནི། །དང་པོར་དགའ་ཡང་ཕྱིས་ནས་བར་ཆད་མང་། །དེ་ལ་འཇིག་རྟེན་པའི་ལྷ་འདྲེ་མ་རུངས་པ་གནས་པས། དེ་དག་ནི་རྣལ་འབྱོར་པ་ཉམས་བརྟན་ནས་སྤྱོད་པ་བྱེད་པའི་གནས་ལས། ལས་དང་པོ་པ་བསྒོམ་པ་དང་རྒྱུན་དུ་གནས་བཅས་ནས་འདུག་ཏུ་རུང་བ་ནི་མ་ཡིན་པས་དོར་བར་བྱ་བ་ཁོ་ནའོ། །རྟག་ཏུ་གནས་པ་ནི་ལྷ་བཙན་དང་། ཀླུ་སྨན་དང་དཀར་པོའི་ཕྱོགས་ལ་དགའ་བའི་མི་མ་ཡིན་གནས་པའི་སར་བཟང་སྟེ། མཐུན་རྐྱེན་འགྲུབ་ཅིང་འགལ་རྐྱེན་མི་འབྱུང་བར་བསྲུང་བའི་ཕྱིར་རོ། །གནས་བརྟག་པ་ནི། མདོར་ན་གནས་ཁང་དང་པོ་ཉམས་དགའ་ལ། །འདྲིས་ཤིང་མི་དགའ་དངོས་གྲུབ་ཆུང་བའི་གནས། །དང་པོ་འཇིགས་ལ་མི་དགའ་འདྲིས་ཤིང་དགའ། །བྱིན་ཆེ་དངོས་གྲུབ་མྱུར་ལ་བར་ཆད་མེད། །དེ་ལས་གཞན་ཀུན་བར་མ་ཕན་གནོད་མེད། །འདི་ནི་གནད་གལ་པོ་ཆེ་སྟེ། ཟླ་བ་ཕྱེད་དུ་བརྟགས་པས་ཤེས་པར་ངེས་སོ། །དེ་ཕྱིར་གནས་ལ་བརྟེན་ནས་ནང་གི་སེམས་འགྱུར་ཞིང་། དགེ་བའི་སྦྱོར་བ་འཕེལ་འགྲིབ་གཉིས་ཡོད་པས། །ས་གནས་བརྟགས་པ་ཤིན་ཏུ་གཅེས་པར་གསུངས། །དེ་ཡང་གསང་སྔགས་ལམ་རིམ་ལས། གནས་ཀྱི་མཚན་ཉིད་ལ་དགེ་སྦྱོར་འཕེལ་བ་དང་མི་འཕེལ་བ་གཉིས་གཉིས་སུ་ཡོད་དོ། །ཞེས་འབྱུང་བ་བཞིན་ནོ། །

ད་ནི་ལས་བཞི་གནས་ཀྱི་རིམ་པ་(༦)མདོར་བསྡུ་བ་ནི། དེ་ཡང་བསྡུ་ན་ལས་བཞིའི་གནས་ཀྱང་བཞི། །ཞི་གནས་ཡིད་ནི་ལྷན་གྱིས་འཛིན་པ་སྟེ། །རྒྱས་གནས་ཡིད་དགའ་གཟི་བརྗིད་མདངས་དང་ལྡན། །དབང་གནས་ཡིད་འཕྲོག་ཆགས་དང་ལྡན་པ་སྟེ། །དྲག་གནས་སེམས་འཚུབས་འཇིགས་དངངས་སྐྱེ་བར་བྱེད། །དབྱེ་ན་རྣམ་གྲངས་དཔག་མེད་མཐའ་ལས་འདས། །འདིར་ནི་ཏིང་འཛིན་ཞི་བའི་གནས་མཆོག་སྟེ། །གཞན་རྣམས་ཡི་གེས་འཇིགས་ནས་མ་སྤྲོས་སོ། །ཕྱིའི་ཡུལ་དུ་སྣང་བའི་གནས་རྣམས་ཀྱང་ཕྲིན་ལས་བཞིའི་དབྱིངས་སུ་གནས་པ་ལ། ཞི་བའི་གནས་ནི་སེམས་རང་བཞིན་གྱིས་ཕེབས་ལ་མི་རྟོག་པའི་ཏིང་ངེ་འཛིན་ངང་གིས་སྐྱེ་བའོ། །རྒྱས་པའི་གནས་ནི་ས་ཕྱོགས་གཟི་བརྗིད་ཆེ་ལ་སེམས་དགའ་བས་གཡེང་བའོ། །དབང་གི་གནས་ནི་ཡིད་ལ་འདོད་ཆགས་སྐྱེད་པར་བྱེད་པའོ། །དྲག་པོའི་གནས་ནི་འཇིགས་ལ་བག་དྲོ་བ་སྟེ། དབྱིབས་ཟླུམ་པོ་དང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། ཁ་དོག་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ནག་ཤས་ཆེ་བ་སྟེ། དེ་དག་ཀྱང་ཞི་བའི་ཞི་བ་ལ་སོགས་པའི་དབྱེ་ན་བཅུ་དྲུག་ལས། ཡང་དབྱེ་ན་དཔག་ཏུ་མེད་དེ་སྤྲོས་པས་ཆོག་གོ། །འདིར་ནི་ཞི་བའི་གནས་ཏིང་ངེ་འཛིན་འཕེལ་བ་ལ་བརྟེན་པར་གདམས་པ་ཡིན་ནོ། །གནས་དེར་བྱ་བ་བཀོད་པའི་རིམ་པ་ནི། ཞི་བའི་གནས་དེར་བསམ་གཏན་ཁང་བུ་ཡང་། །དབེན་ལ་ཡིད་འཛིན་བཀོད་པར་འཚམས་པ་སྟེ། །ཕྱོགས་ཕྱེད་མཐོངས་གསལ་ཆེ་བ་རབ་ཏུ་ཤིས། །དེ་ལ་བསམ་གཏན་གྱི་ཁང་བུ་ཕྱོགས་ཕྱེད་ལ་མཐོངས་གསལ་བ་ནི་ཏིང་ངེ་འཛིན་ངང་གིས་སྐྱེ་ཞིང་བར་ཆད་ཉུང་བའོ། །ཁྱད་པར་དུ་ཉིན་མཚན་གྱི་དགེ་སྦྱོར་ཐ་དད་པས་དེའི་གནས་བསྟན་པ་ནི། མཚན་མོའི་རྣལ་འབྱོར་མུན་ཁང་འཁོར་མ་སྟེ། །མཐོ་སར་འཁོར་ཁང་ནང་དུ་ལྟེ་བའི་ཚུལ། །བྱང་དུ་སྔས་གཏད་མྱ་ངན་འདས་གཟིམས་བཞིན། །ཉིན་མོའི་གནས་ནི་སྣང་བའི་རྣལ་འབྱོར་པ། །གངས་དང་ཆུ་འབབ་ནགས་དང་ཡུལ་ལ་སོགས། །ཁྱམས་ཀྱི་མཐོངས་གསལ་ཆེ་ཞིང་ནམ་མཁའ་ཡངས། །སེམས་གསལ་དྭངས་ལ་བསིལ་དྲོད་སྙོམས་པར་བྱ། །ཕྱོགས་པའི་དུས་སུ་མུན་ཁང་འཁོར་མ་བྱ་བ་ནི། ཁ་ཅིག་ཉི་མ་འཁོར་ལོ་ལྟར་འདོད་ཀྱང་འགྲོ་འདུག་རབ་ཏུ་མི་བདེ་བའི་ཕྱིར་རོ། །འདིར་ནི་དབུས་ཀྱི་ལྟེ་བ་ལ་འཁོར་ཁང་ཉིས་རིམ་གྱིས་བསྐོར་བའི་སྒོ་ཤར་དང་ལྷོ་དང་ནུབ་ནས་འཛུག་པར་བྱ་སྟེ། ལྟེ་བའི་ཕྱོགས་རེ་ལ་འདོམ་རེ་མདའ་རེ་བྱས་ལ། སྒོ་ནུབ་ཏུ་བྱས་ཏེ། འཁོར་ཁང་གི་བསྐོར་བ་ནང་མ་དེ་སྒོ་ལྷོར་བསྟན་པའི་ཕྱིར་འཁོར་ཁང་ཤར་དུ་སྒོ་བསྟན་པའི་ཕྱོགས་བཞིའི་ཐད་དྲང་ནས་སྐར་ཁུང་བཞི་བཞི་(༧)བཏོད་པས་དུས་གཞན་དུ་སྣང་བ་གསལ་ཏེ། བསྐོར་བ་ལ་སོགས་དགོས་ནའང་ཉེ་བར་མཁོ་བ་ཡིན་ནོ། །ནང་དུ་ཡང་དག་འཇོག་ཅིང་གནས་པའི་ཚེ་བཀག་ནས། བྱང་དུ་སྒོ་དང་ཁ་བལྟ་བར་བྱས་ལ་བསྒོམ་པར་བྱའོ། །ཉིན་མོའི་གནས་ནི་འཁོར་ཁང་དེ་དག་གི་སྟེང་དུ་ཕྱེད་ཕིབས་ལྷོར་བལྟ་བ། མཐོངས་གསལ་རབ་ཏུ་ཆེ་བར་བསྒོམས་པས་ཏིང་ངེ་འཛིན་མཆོག་ཏུ་གསལ་ལོ། །དེར་ཞི་གནས་ཐུན་མོང་བའི་གནས་བྱ་བ་ནི། ཞི་གནས་དུས་སུ་དབེན་ཁང་ར་བས་བསྐོར། །ངང་གིས་སེམས་གནས་སྐྱེ་བའི་གནས་ལ་ཤིས། །ལྷག་མཐོང་དུས་སུ་མཐོངས་གསལ་དྭངས་པ་གཅེས། །རྒྱུན་དུ་ཡིད་དགའ་དུས་དང་མཐུན་པར་བྱ། །དབེན་ཁང་དེའི་ཕྱི་རོལ་གྱི་ཕྱོགས་བཞིའི་གང་རུང་ཞིག་གི་ཆ་ལ། དབྱེ་ཐང་ས་ཡངས་ཕྱམ་གྱིས་འོང་བའི་མཐའ་ཤིང་ལ་སོགས་པའི་ར་བས་སྐེད་ནུབ་ཏུ་བསྐོར་བས་ཞི་གནས་ངང་གིས་སྐྱེ་བའོ། །ས་ཕྱོགས་དེའི་མཐོ་སར་ཁྲི་ཆུང་དུ་རྒྱང་རིང་པོ་མཐོང་ས་ལ་འདུག་པས་ལྷག་མཐོང་ངང་གིས་སྐྱེ་བ་ཡིན་ནོ། །ཞི་ལྷག་སྐྱེ་བའི་ས་ཕྱོགས་བསྟན་པ་ནི། །ནགས་རོང་ལ་སོགས་དམའ་ཞིང་འཐིབས་པ་ནི། །ཞི་གནས་གནས་ཡིན་གངས་སོགས་མཐོ་ས་ཉིད། །ལྷག་མཐོང་གནས་ཡིན་བྱེ་བྲག་ཤེས་པར་གཅེས། །ཕྱོགས་གང་ཞིག་གནས་ལ་ཤིང་ནགས་དང་བྲག་རི་སྐལ་ལ་སོགས་པ་སྟེ་ཡིད་ནང་དུ་གནས་པའི་ཕྱོགས་རྣམས་ཞི་གནས་ཀྱི་དོན་བསྒོམ་པར་ཤིས་ལ། ཕྱོགས་མཐོ་ཞིང་རིག་པ་དྭངས་ཡངས་ཕྱེད་པ་ཐམས་ཅད་ལྷག་མཐོང་གི་གནས་སུ་ཤེས་པར་བྱའོ། །

ད་ནི་ཇི་སྐད་བཤད་པའི་གནས་ལ་བླང་དོར་ཤེས་པས་དོན་བསྡུ་བ་ནི། མདོར་ན་ས་ཕྱོགས་དང་ནི་དབེན་ཁང་ཉིད། །གང་དུ་ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་། །ཏིང་འཛིན་འཕེལ་བས་དགེ་ལ་སྦྱོར་བའི་གནས། །སྙིང་པོ་བྱང་ཆུབ་གནས་དང་མཚུངས་པས་བསྟེན། །གང་དུ་གནས་པས་དགེ་འགྲིབ་ཉོན་མོངས་འཕེལ། །རྣམ་གཡེང་འདུ་འཛི་ཚེ་འདིའི་དབང་གྱུར་ན། །ལས་ངན་བདུད་ཀྱི་གནས་ཏེ་མཁས་པས་སྤང་། །འདི་དག་རང་བྱུང་པདྨས་གསུངས་དེའི་ཕྱིར། །ཐར་པ་འདོད་པ་དག་གིས་ཤེས་པར་བྱ། །དེ་ལ་ཕྱོགས་དང་གནས་ཁང་གང་དུ་དགེ་བའི་ཆོས་གོང་དུ་འཕེལ་ཞིང་། དད་པ་དང་ངེས་འབྱུང་ཁྱད་པར་ཅན་སྐྱེ་བ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་གནས་དང་འདྲ་བས་བསྟན་པར་བྱ་ལ། གང་དུ་རྩོད་པ་དང་ཉོན་མོངས་པ་འཕེལ་ཞིང་ཚེ་འདིའི་རྣམ་གཡེང་དང་འདུ་འཛི་འཕེལ་བ་དེ་ལས་ངན་བདུད་ཀྱི་གནས་སུ་ཤེས་པས་སྤང་བར་བྱ་སྟེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མན་ངག་ལྟ་བའི་རྫོང་ཕྲེང་དུ། ཆོས་བྱེད་པ་ལ་གནས་ཀྱང་གལ་ཆེ་བས་གང་དུ་དགེ་བ་དང་ཏིང་ངེ་འཛིན་དམ་པ་གྲུབ་ན་དེ་བས་ལྷག་པ་གཞན་དུ་མི་རྙེད་པས་བསྟན་པ་ལ་གདམས་པའོ། །གང་དུ་རྩོད་པ་དང་མི་དགེ་བ་འཕེལ་(༨)ན་ཐར་པའི་ལམ་ལ་བར་དུ་གཅོད་པས་སྤང་བ་ལ་འབད་དོ་ཞེས་གསུངས་པ་ལྟ་བུའོ། །རང་བཞིན་ཉེ་བར་ཞི་བའི་ས་ཕྱོགས་སུ། །ཆུ་གཙང་དཀའ་ཐུབ་དཔལ་གྱིས་ཉེར་འཚོ་ཞིང་། །ཚེ་འདིའི་རྣམ་གཡེང་འདུ་འཛི་ཀུན་སྤངས་ནས། །ཏིང་འཛིན་ཟབ་མོའི་ཆོས་ཉིད་བསྒོམ་པར་ཤོག །སྣ་ཚོགས་འཆར་བའི་སྡུག་བསྔལ་ཀུན་ལ་གནས། །འཁོར་བའི་གྲོང་ཁྱེར་ར་བ་ཀུན་སྤངས་ཏེ། །ཐར་པ་ཞི་བ་བྱང་ཆུབ་དམ་པའི་གནས། །མྱ་ངན་འདས་ཚལ་བདེ་བ་ཐོབ་པར་ཤོག །དིང་སང་འགྲོ་ལ་བདག་འདྲས་ཕན་པ་མེད། །དུས་ངན་འཁོར་དང་འཇིག་རྟེན་སྣང་བ་དང་། །ཚེ་འདིའི་རྣམ་གཡེང་འདུ་འཛི་ཀུན་སྤངས་ཏེ། །སྦས་ཡུལ་རིན་ཆེན་སྒོ་བཞི་འབྱེད་པར་ཤོག །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ལས། ཏིང་འཛིན་བསྒོམ་པའི་ས་ཕྱོགས་བསྟན་པ་སྟེ་རྡོ་རྗེའི་གནས་དང་པོའོ།། །།

རྡོ་རྗེའི་གནས་གཉིས་པ། གང་གིས་བསྒོམས་པའི་གང་ཟག་བསྟན་པ།

ད་ནི་གང་གིས་བསྒོམ་པའི་གང་ཟག་བསྟན་པ་ལས། མཚམས་བཅད་རྒྱ་དང་ལྡན་པ་སྣོད་ཀྱི་འཇིག་རྟེན་བཤད་པ་ནི། གཉིས་པ་ཉམས་སུ་ལེན་པའི་གང་ཟག་ཀྱང་། །དད་བརྩོན་ངེས་འབྱུང་སྐྱོ་ཤས་དང་ལྡན་ཞིང་། །འཁོར་བས་སྐྱོ་ལ་ཐར་པ་དོན་དུ་གཉེར། །ཚེ་འདི་བློས་བཏང་ཕྱི་མ་བྱང་ཆུབ་འདོད། །རྣམ་གཡེང་འདུ་འཛི་རྒྱང་བསྲིངས་ཉོན་མོངས་ཆུང་། །ཁོང་ཡངས་སྤྲོ་རིང་དག་སྣང་མོས་གུས་ཆེ། །བསྟན་ལ་སྲི་ཞུར་ལྡན་པ་དེ་དག་གིས། །ཐར་པའི་མཆོག་སྟེ་དེ་ཉིད་བསྒྲུབ་པར་བྱའོ། །དེ་ལ་དད་བརྩོན་ངེས་འབྱུང་དང་ལྡན་པ་ནི། ཆོས་ཀྱི་ཞིང་ས་དང་འདྲ་བས་མེད་པའི་ཐབས་མེད། འཁོར་བར་སྐྱོ་ཤས་དང་ལྡན་པ་ནི་ཆོས་ཀྱི་འཇུག་སྒོ་ཡིན་པས་ཐར་ལམ་སྙག་པ་ལ་དགོས། ཞི་བདེ་དོན་གཉེར་དང་ལྡན་པ་ནི་བྱང་ཆུབ་ཀྱི་ས་བོན་དང་འདྲ། ཚེ་འདི་བློས་བཏང་གི་ཞེན་ལོག་ནི་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་སུ་འགྱུར། གཏན་གྱི་བྱང་ཆུབ་འདོད་པ་ནི་རྐྱེན་གསུམ་གྱི་ཆུ་ལུད་དང་འདྲ། འདུ་འཛི་ཉོན་མོངས་ལས་དབེན་པ་ནི་འགལ་རྐྱེན་རང་ལོག་གི་གདམས་ངག་ཏུ་ཤར། དག་སྣང་མོས་གུས་དང་ལྡན་པ་ནི་དགེ་བའི་ལོ་ཐོག་གོང་འཕེལ་གྱི་རྒྱུ་རྐྱེན་ལྷུན་གྱིས་གྲུབ། བློ་བརྟན་སྲི་ཞུ་དང་ལྡན་པ་ནི་ཐར་ལམ་གྱི་འབྲས་བུ་མྱུར་དུ་སྨིན་པར་བྱེད་པས་ན་སྣོད་ཀྱི་མཆོག་ཏུ་ཤེས་པར་བྱའོ། །གཞན་ཡང་ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་འཁོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྒྱ་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །ཞེས་སོ། །ཞར་ལ་སྤང་བྱའི་སྣོད་ཀྱང་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་ལྡོག །འཕྱར་ཞིང་(༩)རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་སོ། །སྣོད་དང་ལྡན་པས་ཇི་ལྟར་བྱ་བའི་ཆོས་བསྟན་པ་ནི། དམ་པའི་བླ་མ་རབ་ཏུ་མཉེས་བྱས་ཏེ། །ཐོས་བསམ་སྒོམ་པས་རང་གི་སེམས་སྦྱངས་ཤིང་། །ཁྱད་པར་སྙན་བརྒྱུད་སྙིང་པོའི་མན་ངག་ལ། །བརྩོན་ལ་རྒྱུན་རིང་སྒྲུབ་པས་ཉིན་མཚན་འདའ། །ཐ་མལ་ཕྱོགས་སུ་སྐད་ཅིག་མ་ཡེངས་པར། །གང་ཟག་སྙིང་པོའི་དོན་ལ་ནན་ཏན་བྱ། །དེ་ལ་ཐར་པའི་སྒོར་བླ་མ་དམ་པས་འཛུད་པའི་ཕྱིར། དངོས་གྲུབ་འདོད་པས་བླ་མ་མཉེས་པར་བྱས་ལ། ཐོས་བསམ་སྒོམ་པ་དང་བསྟུན་རྒྱུད་སྙིང་པོར་སྒྲུབ་པས་མ་ཡེངས་པར་ནན་ཏན་བྱ་སྟེ། དཔལ་འབྱུང་བཞི་ཟད་པའི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། །དེ་བས་བདོག་པ་ཐམས་ཅད་ཀྱིས། །བླ་མ་མཆོད་ལ་ཡང་དག་བརྩོན། །ཞེས་སོ། །

དེ་ནས་ཐར་ལམ་གྱི་གཞི་འདིངས་པ་ནི། ཉན་ཐོས་བྱང་ཆུབ་སེམས་དང་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མ་འགལ་བར། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅིར་སྣང་ཐར་པའི་ལམ་དུ་བསྒྱུར་བར་བྱ། །དེ་ལ་གང་ནས་བསྒྲུབས་ཀྱང་སྡོམ་པ་གསུམ་ལ་བསླབ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་དང་། བླ་ན་མེད་པའི་སངས་རྒྱས་གྲངས་མེད་གསུམ་ལ་སོགས་པ་ན་འདོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བསླབ་པ་དང་། ཚེ་གཅིག་ལ་སོགས་པར་མྱུར་དུ་སངས་རྒྱས་འདོད་པས་གསང་སྔགས་ཀྱི་སྡོམ་པ་ལ་གནས་པ་སྟེ། དེ་དག་ཀྱང་ཡོན་ཏན་གྱི་རྫས་ཡར་ལྡན་དུ་འདུ་ཞིང་མིང་གི་ལྡོག་པ་ཐ་དད་དུ་གནས་པའི་ཕྱིར། ཚུལ་ཁྲིམས་འདི་གསུམ་རྟེན་དུ་གསུངས་ཏེ། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །དེ་ལ་སྤྱིར་རྣམ་གྲོལ་གྱི་བྱང་ཆུབ་ལམ་དུ་བྱེད་པ་ལ་སྡོམ་པ་ཐོབ་དགོས། སྡོམ་པས་མ་བསྡམས་པའི་དགེ་བ་ཐམས་ཅད་བར་མའི་དགེ་བ་སྟེ། འཁོར་བའི་གནས་ལས་འདའ་མི་ནུས་སོ། །དེ་ལ་སོ་ཐར་གྱི་སྡོམ་པ་ལམ་མ་ནོར་ཞིང་ཕུན་སུམ་ཚོགས་པར་བསྒྲུབས་ན་ཉན་རང་གི་བྱང་ཆུབ་ཐོབ་པས་འཁོར་བར་མི་འཁྱམ། བྱང་སེམས་ཀྱི་སྡོམ་པས་གྲངས་མེད་གསུམ་ན་སངས་རྒྱས། སྔགས་ཀྱི་སྡོམ་པས་ཚེ་གཅིག་ན་སངས་རྒྱའོ། །སྡོམ་པ་གསུམ་ཡང་བཅས་པའི་ལྟུང་བ་ཡིན་པས། སྡོམ་པ་མེད་པ་ལ་བསོད་ནམས་དང་ལྟུང་བ་གཉིས་ཀ་མེད། ཞིང་མེད་ན་སྟོན་ཐོག་དང་སད་སེར་གང་ཡང་(༡༠)མི་འབྱུང་བ་བཞིན་ནོ། །དེ་ལ་སྡོམ་པ་གསུམ་གྱི་གོ་དོན་བཞག་ན། སེམས་ཉོན་མོངས་མི་དགེ་བས་མ་སྦགས་པར་སྡོམ་པས་སོ་ཐར། དགེ་བ་རྒྱུན་ཆགས་ཀྱི་གཞན་དོན་བྱེད་པས་བྱང་སེམས། རང་གཞན་ལྷ་དང་གཞལ་མེད་ཁང་དུ་གསལ་བས་དོན་གཉིས་ལྷུན་གྲུབ་ཏུ་བྱེད་ཅིང་འདོད་ཡོན་ལམ་དུ་བསྒྱུར་བ་གསང་སྔགས་རིག་པ་འཛིན་པའི་སྡོམ་པའོ། །དེ་དག་ཀྱང་གནོད་པ་གཞི་བཅས་ལས་ལོག་པ། ཕན་པ་བསྒྲུབ་པ། དག་མཉམ་དཀྱིལ་འཁོར་གཅིག་གི་ངང་ལས་མི་འདའ་བར་སྤྱོད་པའོ། །གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་བསྲུང་བ་ལ། ཁ་ཅིག་སྣ་ཚོགས་ལམ་སྣ་ཟིན་གྱི་བར་སོ་ཐར་བསྲུང་། དེ་ནས་སྦྱོར་ལམ་དྲོད་མ་སྐྱེས་ཀྱི་བར་བྱང་སེམས་བསྲུང་། དེ་ནས་སྔགས་འབའ་ཞིག་བསྲུང་ཟེར་བ་མི་འཐད་དེ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ལ་ལས་དང་པོ་པའི་དུས་ནས་སྡོམ་པ་སུམ་ལྡན་དུ་བྱས་ནས་ལམ་བསྒོམ་སྟེ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །ཞེས་པས་གནོད་དོ། །ཁ་ཅིག་གནས་འགྱུར་དུ་བསྲུང་ཟེར་ཏེ། ཟངས་རྡོ་བཞུ་བ་ལ་ཟངས། རག་རྡོ་བླུགས་ན་ར་གན། ཞ་ཉེ་བླུགས་ན་འཁར་བར་འགྲོ་བ་བཞིན། གང་མ་ཐོབ་ན་འོག་མ་གནས་འགྱུར་ཏེ། སྔགས་གཅིག་པུ་བསྲུངས་པས་ཆོག་ཟེར་བ་མི་འཐད་དེ། དམ་པ་དང་པོའི་རྒྱུད་ལས། ཁྱད་དུ་གསོད་པ་ནི་རང་བཞིན་ཞེས་འོག་མ་ཁྱད་དུ་གསོད་ན་ལྟུང་བར་གསུང་ཞིང་། སྡོམ་པ་ཐམས་ཅད་བསྲུང་བར་བཤད་པས་གནོད་དོ། །ལ་ལ་བག་ལ་ཞར་འདོད་པའང་མི་འདོད་དེ། ཡར་ཞའམ་མར་ཞ་སྟེ་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་པའི་ཕྱིར་རོ། །རྫས་ལྡོག་ཐམས་ཅད་གཅིག་པར་འདོད་པའང་མི་འཐད་དེ། དང་པོ་རྒྱུ་ཚོགས་གཅིག་ལས་སྐྱེས་པ། བར་དུ་འགལ་བར་མི་གནས་པ། ཐ་མ་སྒྲུབ་སྡེ་གཅིག་པ་སྟེ་ཆོས་གསུམ་ཚང་བས་རྫས་ལྡོག་དང་སྔ་ཕྱི་ཐམས་ཅད་དུ་གཅིག་པ་མེད་དོ། །ལ་ལ་གཏོང་ཐོབ་ཏུ་འདོད་པའང་མི་འཐད་དེ། གོང་མ་ཐོབ་པས་འོག་མ་གཏོང་བར་བཤད་པ་གང་ནའང་མེད་དོ། །འོ་ན་གང་ཞེ་ན། གང་ཟག་གཅིག་གི་རྒྱུད་ལ་སུམ་ལྡན་དུ་བསྲུང་བ་ལ། རང་ལྡོག་མ་འདྲེས་དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། སྡོམ་གསུམ་གནད་ཀྱིས་མི་འགལ། དུས་སྐབས་ཀྱི་གཙོ་བོར་གང་འགྱུར་བར་བྱ་བ་དང་དྲུག་གོ། །དང་པོ་རང་ལྡོག་མ་འདྲེས་ཏེ། མཚན་ཉིད་སོ་སོར་འཛིན་ནོ། །དགག་དགོས་ཡོངས་རྫོགས་ནི་ཐམས་ཅད་ལོག་ལ་མཁར་རྩེགས་ཟེར་བ་བཞིན། སྡོམ་པ་གསུམ་ཀས་རྒྱུད་གཅིག་པོ་དེའི་དགེ་བ་སྡོམ་པར་གཅིག་སྟེ། འདུལ་བ་ལུང་ལས། ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་(༡༡)ཆགས་པའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་དང་བྲལ་བར་མི་འགྱུར་བ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པར་ཤེས་པར་གྱིས་ཤིག །ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་དང་བྲལ་བའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར་བ་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་བར་མང་དུ་གསུངས་སོ། །དེའང་ཚངས་སྤྱོད་ལ་གནས་པའི་དགེ་སློང་དང་། དབང་གསུམ་པའི་ལམ་གྱི་རྣལ་འབྱོར་པ་གཉིས་གནད་གཅིག་སྟེ། ནུས་པ་ཡོད་བཞིན་མི་སྤྱོད་པས་འདོད་པའི་དྲི་མས་མ་གོས་པ་དང་། སྤྱད་བཞིན་དྲི་མས་མ་གོས་པ་གཉིས་ཀའང་ཉོན་མོངས་པ་དེ་ཉིད་ལ་བརྟེན་ནས་སྡོམ་པ་རྫོགས་པར་བྱེད་པའི་དགག་དགོས་གནད་གཅིག་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་མི་སྤྱོད་པ་ཉིད་གཙོ་བོ་ཡིན་ན་མ་ནིང་དང་བུ་ཆུང་ལ་སྡོམ་པ་ལྷག་པར་སྐྱེ་བར་རིགས་སོ། །ཡང་སོ་ཐར་དང་དབང་གསུམ་པ་དངོས་འགལ་དུ་གནས་པ་ཡིན་ན་སྔགས་ཀྱི་རྟེན་ཁྱིམ་པ་ཁོ་ནར་འོང་བ་རིགས་པ་ལ། དུས་འཁོར་རྩ་རྒྱུད་ལས། རྟེན་གསུམ་ལས་ནི་དགེ་སློང་མཆོག །ཅེས་པ་དང་། སྡོམ་འབྱུང་ལས། རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ། སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་གསུམ་ལ་སྐྱབས་སུ་འགྲོ་བའི་ཡིད་ཀྱིས་སྔར་བརྟེན་ནམ། བརྟེན་པར་སྤྲོའམ་ཞེས་གསུངས་པའི་ཕྱིར་རོ། །བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་དང་། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པ་དང་། འདོད་ཆགས་མེ་ཡིས་ཚིག་པ་ལ། །འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར། །ཅེས་པ་དང་། འཇམ་དཔལ་ལས། སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །ཞེས་སོ། མདོར་ན་སོ་ཐར་གྱིས་སྤངས། བྱང་སེམས་ཀྱིས་སྦྱངས། སྔགས་ཀྱིས་ལམ་དུ་བྱེད་པ་གསུམ་ཡང་། ཉོན་མོངས་རང་མཚན་པ་སྤོང་བར་གཅིག་སྟེ། དཔེར་ན་དུག་སྤོང་། སྨན་གྱིས་སྦྱོང་། སྔགས་ཀྱིས་བཏབ་སྟེ་ཟ་བ་གསུམ་དུག་རང་མཚན་པ་སྤོང་བ་དང་། དུག་གིས་མི་འཆི་བའི་དགོས་པ་བསྒྲུབ་པར་གཅིག་པ་བཞིན་ནོ། །ལྟུང་བ་ནང་འཛོམ་ནི་སྡིག་ཏོ་མི་དགེ་བའི་ཕྱོགས་ཀྱི་ལྟུང་བ་རྣམས་སོ་ཐར་བཞིན་བསྲུང་། འདོད་པས་དབེན་པའི་ལྟུང་བ་རྣམས་གོང་མ་ལྟར་བསྲུང་། འཇིག་རྟེན་མ་དད་པའི་ཕྱོགས་གཉིས་ཀར་བཀག་པ་རྣམས་ཐམས་ཅད་དུ་འབད་དེ་བསྲུང་བར་བྱའོ། །རྡོ་རྗེ་ཐེག་པའི་དགེ་སློང་གི་སྤྱོད་པ་ཁ་ན་མ་(༡༢)ཐོ་བ་མེད་ཅིང་། དུས་ཚོད་དང་འབྲེལ་བར་བྱེད་དགོས་པས། ཉམས་མྱོང་མ་སྐྱེས་ཀྱི་བར་དུ་ཐུན་མོང་གི་སྡོམ་པ་གཙོ་བོར་བསྲུང་། ཉམས་མྱོང་སྐྱེས་པ་དང་སྤྱོད་པ་ཕྱི་ནང་གཉིས་སུ་ཕྱེ་ལ། གསང་སྤྱོད་ཀྱི་དུས་སུ་དབང་ཚོགས་འཁོར་བསྙེན་སྒྲུབ་གཉིས། རང་གཞན་བྱིན་གྱིས་བརླབས་པའི་དུས་བཞིར། སྔགས་ཀྱི་སྡོམ་པ་གཙོ་བོར་ཉམས་སུ་བླངས་པས། འོག་མ་གཉིས་ཀྱིའང་དགག་དགོས་ཡར་ལྡན་དུ་འགྲོ། དབང་གསུམ་པ་ལྟ་བུ་ལའང་རང་རྒྱུད་ཀྱིས་ཆགས་པ་དང་མ་བྲལ་ན་སྔགས་ཀྱི་ལམ་དུ་མི་འགྲོ་ལ། ཐིག་ལེ་འཛག་མེད་དུ་བརྟན། ཐ་མལ་སྒོ་གསུམ་འཛིན་པ་དང་བྲལ་ཙམ་ན། མི་ཚངས་སྤྱོད་ཀྱི་ལྟུང་བ་གཞི་མེད་དེ། དགག་ཆ་འདོད་ཆགས་རང་མཚན་པ་ལོག་པའི་ཕྱིར་རོ། །གསེར་དང་རྡོ་ལ་ཁྱད་པར་མེད་ན་གསེར་ལ་རེག་པས་ལྟུང་བ་མེད་པ་བཞིན་ནོ། །འདི་ནི་དངོས་པོ་གཙོ་བོར་ལྟུང་བ་ཡིན་པས་པགས་རིམ་འདས་པས་ལྟུང་བ་འབྱུང་ངོ་ཞེ་ན། དེ་ནི་ཐབས་ལ་མི་མཁས་ཤིང་ཤེས་རབ་མེད་པའི་དབང་དུ་བྱས་པ་སྟེ། ཡང་དག་པར་ན་དངོས་པོ་དང་བསམ་པ་ཁྱད་པར་མེད་ཅིང་དབྱེར་མེད་པས་ཐབས་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་ཉེས་པ་མེད་དེ། སྔགས་མེད་པའི་དུག་གིས་འཆི་ཡང་། སྔགས་དང་ལྡན་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། གསང་སྙིང་ལས། སྒྱུ་མར་ཤེས་པ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་གོས་པ་མེད། །ཅེས་སོ། །དེས་ན་ཉན་ཐོས་ཀྱི་དགེ་སློང་ལ་དེ་ཁོ་ན་ཉིད་ལྟར་ཡིན་ལ། སྡོམ་པ་གསུམ་ཡར་ལྡན་གྱི་གང་ཟག་ལ་ཟིལ་གནོན་དུ་ལོག །དགོས་པ་ཡར་ལྡན་དུ་རྫོགས་སོ། །གཞན་ཡང་ཉན་ཐོས་ཀྱི་ལྟུང་བ་བསྐྱེད་པའི་རྣམ་གཞག་གི་རྒྱུ་ཚོགས་ཀྱང་སྔགས་ཀྱི་དགེ་སློང་ཐབས་ཁྱད་པར་ཅན་ལ་སྤྱོད་དུས་མ་ཚང་སྟེ། བདག་ཉིད་དགེ་སློང་ཡུལ་མི། དངོས་ཟག་བྱེད་ལ་སོགས་དག །ལྷར་གསལ་བ་དང་། རྡོ་རྗེ་དང་པདྨར་ཤེས་པ་ལ་སོགས་པའི་ཕྱིར་རོ། །འོ་ན་ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། དེ་དག་ནི་བློ་ཆུང་བ་རྣམས་ལ་དགོངས་ཏེ། དམ་པ་དང་པོའི་རྒྱུད་ལས། དྲང་སྲོང་ཉི་མའི་ཤིང་རྟ་ཅན་ལྟ་བུ་བློ་ཆུང་ཞིང་དོན་ཟབ་མོ་རིང་དུ་སྤང་བར་འགྱུར་བ་རྣམས་རྗེས་སུ་གཟུང་བའི་ཕྱིར། ཐོག་མར་དེ་སྐད་བརྗོད་པས་སྔགས་ལ་འཇུག་པའི་རྒྱུར་གསུངས་ཀྱི། རང་བཞིན་དུ་སྔགས་ཀྱི་དགེ་སློང་དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པས། ཐམས་ཅད་རྫོགས་པར་ཐོབ་ཅིང་ལམ་ཡང་ཐབས་གྲོལ་གཉིས་ལ་བརྟེན་དགོས་པའི་ཕྱིར་རོ། །གསང་བ་ཤེས་རབ་ཚངས་སྤྱོད་ཀྱིས་མི་བླང་ཞེས་པ་ཡང་བློ་ཆུང་བ་དག་གྲོལ་དུ་འཛིན་པའི་གང་ཟག་གིས་མི་བླང་ཞེས་དུས་(༡༣)དང་པོར་ལེན་པ་བཀག །ཐམས་ཅད་ནས་ཐམས་ཅད་དུ་མ་ཡིན་ནོ། །དེ་ཡང་སྔོན་ཇོ་བོ་བོད་དུ་བྱོན་དུས་བཙུན་པ་རྣམས་སྤྱོད་པ་ཅུང་ཟད་ལྷོད་པ་དགག་པ་ལ་དགོངས་ཀྱི། གནོད་པའི་ཚད་ལ་དགེ་སློང་ཁོ་ན་སྔགས་ཀྱི་རྟེན་མཆོག་ཏུ་བཤད་པས་ཤེས་སོ། །གནད་ཀྱིས་མི་འགལ་བ་ནི། གསུམ་པའི་ལམ་ལྟ་བུ་དང་སྦྱར་ན། ལུས་སེམས་ཞུ་བདེའི་ཉམས་ཀྱིས་རྒྱས། རང་རྒྱུད་ཀྱི་ཆགས་པ་དག །ཐིག་ལེ་འཛག་མེད་དུ་བརྟན། བུད་མེད་མཐོང་ཡང་ཆགས་པ་མི་སྐྱེ་ན་གསུམ་པའི་ལམ་བསྒོམ་ཡང་། སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་རྫོགས་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་པ་དང་། ས་ར་ཧས། མདའ་མཁན་མ་ཕྱག་རྒྱར་བཞེས་པའི་རྗེས་ལ། ཁ་རྩང་ཕན་ཆད་བྲམ་ཟེ་ཡིན། །ཁ་རྩང་ཕན་ཆད་དགེ་སློང་མིན། །དི་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་པ་དགེ་སློང་མཆོག །ཅེས་གསུངས་ནས། དེའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་དོ། །གཞན་ཡང་ཆང་དང་ཕྱི་དྲོའི་ཁ་ཟས་གླུ་གར་ལ་སོགས་འདོད་ཡོན་སྤྱོད་པ་རྣམས། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྤོང་བའི་ཐབས་མཆོག་ཏུ་གྱུར་དུས་སྔགས་སུ་སྤྱོད་ལ། གཞན་དུ་འདོར་བས་དོན་གཅིག་སྟེ། སྡོམ་པ་ཉི་ཤུ་པ་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཅེས་བཤད་པ་བཞིན་ནོ། །སྡོམ་པ་གསུམ་གར་སྐྱོན་དང་ཉེས་པ་བསྐྱེད་པ་རྣམས་བཀག་ཅིང་སྡོམ་ལ། ཡོན་ཏན་བསྐྱེད་པ་རྣམས་བཀག་པ་གང་ནའང་མེད་དོ། །ཡང་ཀུན་རྫོབ་སྨོན་འཇུག་གི་སེམས་བདེ་བ་ཆེན་པོར་སྣང་བ་ཐམས་ཅད་ཤར་དུས་བྱང་ཆུབ་སེམས་ཀྱི་སྡོམ་པ་ཐམས་ཅད་རྫོགས་ཏེ། ཀྱེ་རྡོ་རྗེ་ལས། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཀུན་རྫོབ་ཀུནྡ་ལྟ་བུ་ལ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་སོ། །ངོ་བོ་གནས་འགྱུར་ནི། གསང་བ་ཅོད་པཎ་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང་། །གསེར་དུ་གྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ། །ཞེས་པས་རིགས་འཛིན་སྔགས་ཀྱི་རང་དུས་ན་སོ་ཐར་དང་བྱང་སེམས་ཞེས་རྫས་གཞན་ཐ་དད་པ་མེད་དོ། །སྔགས་ཀྱི་སྡོམ་པ་རྫས་སུ་ངོ་བོ་གནས་འགྱུར་དུ་ཡོད་པའི་ཕྱིར་ལ། ལྡོག་པ་མ་འདྲེས་པར་ཡོད་དེ། ཐོབ་ལ་མ་ཉམས་པ་དེ་ཉིད། སོ་ཐར་ནི་ཇི་སྲིད་འཚོའི་བར་ཁས་བླངས་ཀྱི། སྔགས་ཐོབ་དུས་གཏོང་(༡༤)རྒྱུར་མ་བཤད་པའི་ཕྱིར་དང་། བྱང་སེམས་སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཁས་བླངས་ཀྱི། སྔགས་ཐོབ་དུས་ཉམས་རྐྱེན་དང་གཏོང་རྒྱུར་མ་གསུངས་པའི་ཕྱིར་རོ། །དེས་ན་ངོ་བོ་སྔགས་སུ་རྫས་གཅིག་པས་གཞན་གཉིས་གནས་འགྱུར་ཡིན་ལ། ལྡོག་ཆ་སོ་སོར་མ་འདྲེས་ཏེ་ཁས་བླངས་པའི་ཆ་ལས་ཉམས་རྐྱེན་མ་བྱུང་བར་སོ་སོར་གནས་པའི་ཕྱིར་རོ། །དེ་ལ་སོ་ཐར་གྱི་གཏོང་རྒྱུ་བསླབ་པ་ཕུལ་བ་ལ་སོགས་པ་མཚན་ཉིད་པ་གཉིས་དང་གཞན་བདུན་བཤད་ལ། བྱང་སེམས་ཀྱི་མཆོད་འོས་བསླུ་བ་ལ་སོགས་པ་ནག་པོའི་ཆོས་བཞི་བཤད་དེ། ཤིང་རྟ་ཆེན་པོར་བཤད་པ་བཞིན་ནོ། །ཡོན་ཏན་ཡར་ལྡན་ནི། སྔགས་སུ་གཞན་གཉིས་འདུ་བ་སྟེ། བྲེ་གསུམ་དུ་དོ་འདུ་བ་བཞིན་ནོ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས། བླ་མེད་མཆོག་གི་སྡོམ་པ་རུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་པ་དང་། པདྨ་ཅོད་པཎ་ལས། དབང་གསུམ་བགྲོད་པའི་རྣལ་འབྱོར་པ། །དེ་ནི་དགེ་སློང་ཆེན་པོར་གསུངས། །དེ་ཡིས་ཐམས་ཅད་བྱ་བ་ཉིད། །ཅེས་སོ། །དུས་སྐབས་ཀྱི་གཙོ་བོར་གང་འགྱུར་བ་ནི། གསང་སྤྱོད་ཀྱི་དུས་སུ་སྡོམ་པ་གསུམ་གྱི་ལྟུང་བ་ནང་མ་འཛོམ་པ་རྣམས་ནི་མ་འདྲེས་ཡོངས་རྫོགས་སུ་བསྲུང་། འོག་མ་ཁྱད་དུ་མི་བསད། འདོམས་ན་སྔགས་གཙོ་ཆེར་བསྲུང་ཞིང་དགག་དགོས་ཡར་ལྡན་དུ་འགྱུར་བར་བྱའོ། །ཚོགས་གསེབ་ཏུའང་མ་འཛོམ་ན་མ་འདྲེས་ཡོངས་རྫོགས་སུ་བསྲུང་། འདོམས་ན་འོག་མ་གཉིས་གཙོ་ཆེར་བསྲུངས་པས་སྔགས་ཀྱི་དགོངས་པ་ཤིན་ཏུ་གསང་བ་དང་མཐུན་ཞིང་། གཞན་མ་དད་པ་སྤངས་པས་དགོས་པ་ཡར་ལྡན་དུ་འགྱུར་རོ། །འདི་དག་ནི་སྡོམ་པ་གསུམ་གྱི་རྣམ་པར་གཞག་པ་སྟེ། གསང་སྔགས་ཀྱི་རྣལ་འབྱོར་པ་སྡོམ་པ་སུམ་ལྡན་རྣམས་ལ་ཤིན་ཏུ་གཅེས་པའི་མཛོད་དུ་ཤེས་པར་བྱའོ། །དེ་ལྟར་སྡོམ་པ་གསུམ་གྱིས་ལེགས་པར་བསྡམས་པའི་གང་ཟག །ལས་དང་པོ་ཡིས་གཙོ་བོར་རང་དོན་བསྒྲུབ། །དབེན་པར་སེམས་བསྲུང་རྣམ་གཡེང་འདུ་འཛི་བཏང་། །རྐྱེན་ངན་སྤང་ཞིང་གཉེན་པོས་ཉོན་མོངས་འདུལ། །ལྟ་སྤྱོད་མ་འཛོལ་སྒོམ་པ་ལྷུར་བླངས་ཤིང་། །དུག་ལྔ་རང་རྒྱུད་གང་སྐྱེས་སྐད་ཅིག་ལ། །དྲན་པས་གཟུང་ཞིང་མ་ཡེངས་གཉེན་པོ་བསྟེན། །སྒོ་གསུམ་བག་ཡོད་ཤེས་ཤིང་ངོ་ཚ་ཤེས། །ཁྲེལ་ཡོད་ལྡན་པས་རང་རྒྱུད་གདུལ་བར་བྱ། །ཐར་ལམ་དང་པོར་ཞུགས་པ་དག་གིས་དངོས་དོན་གཙོ་བོར་བསྒྲུབས་ལ། རྒྱུད་དང་ཡིད་ཀྱིས་གཞན་ལ་ཕན་པ་བསམ་པ་ལས། མཐུ་མེད་པ་དང་། རང་གི་རྒྱུད་ཉོན་མོངས་པའི་ཕྱིར་རྐྱེན་ངན་པ་དང་། དབེན་ས་བསྟེན་པ་དང་། ཉོན་མོངས་ལ་གཉེན་(༡༥)པོ་བསྟེན་པ་དང་། ལྟ་སྤྱོད་མ་འཛོལ་བས་ཉམས་སུ་བླང་བ་དང་། ཉོན་མོངས་པ་དེ་གང་སྐྱེས་པ་དེ་དྲན་པས་བཟུང་ནས། སྐད་ཅིག་གཉིས་པར་རྒྱུད་ལ་མི་བཞག་པའི་ཕྱིར་རོ། །ལུས་ངག་ཡིད་གསུམ་དྲན་ཤེས་བཞིན་བག་ཡོད་གསུམ་གྱིས་ཤེས་པར་བྱ་བ་མཆོག་ཏུ་གཅེས་ཏེ། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་ཐལ་མོ་སྦྱོར། །ཅེས་སོ། །ཁྱད་པར་བློ་རྐྱེན་ཁར་འཆོར་བས་རྐྱེན་སྣང་དང་རང་སྣང་གི་ཆོས་ལ་གདམས་པ་ནི། བསྟོད་སྨད་དགག་སྒྲུབ་སྙན་དང་མི་སྙན་ལ། །སྒྱུ་མ་རྨི་ལམ་བདེན་མེད་མགོ་སྙོམས་བྱ། །བྲག་ཅའི་སྒྲ་ལྟར་རྗེས་མཐུན་བཟོད་པ་བསྒོམ། །ང་བདག་འཛིན་པའི་སེམས་ཀྱི་རྩ་བ་བཅད། །མདོར་ན་ཅི་བྱེད་ཆོས་དང་མི་འགལ་བས། །རང་གི་རྒྱུད་བསྡམས་གཞན་ལ་མི་གནོད་ཅིང་། །ཉོན་མོངས་ཕྱོགས་སུ་སྐད་ཅིག་མ་སོང་བར། །ཉིན་མཚན་དགེ་བས་འདའ་བ་ཤིན་ཏུ་གཅེས། །བསྟོད་སྨད་དང་བདེ་དོགས་ཅི་བྱུང་དུས་ཕྱི་ནང་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པས། ཡུལ་མེད་བྲག་ཅ་ལྟར་བསམ་པ་དང་། ནང་སེམས་ཀྱི་ཁོང་ཁྲོ་དང་ཟུག་རྔུ་དེ་ཉིད་ངོ་བོ་ངོས་གཟུང་དབྱིབས་དང་ཁ་དོག་གང་དུའང་མ་གྲུབ་པར་བརྟགས་ཏེ། སྤྱོད་འཇུག་ལས། ཡེ་ནས་སྐྱེ་མེད་ངང་ཉིད་ལས། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་ཤེས་པར་བགྱི། །ཞེས་སོ། །མདོར་ན་ཉིན་མཚན་ཐམས་ཅད་དུ་གང་ཅི་བྱེད་ཀྱང་རང་རྒྱུད་འབའ་ཞིག་འདུལ་བས། གཞན་ལ་མི་གནོད་ཉོན་མོངས་པ་རང་ཞི། དགེ་བ་ངང་གིས་འཕེལ་ཏེ། སངས་རྒྱས་བསྟན་པ་ལ་བསླབ་པ་ཞེས་བྱ་བར་འགྱུར་རོ། །ཀླུ་སྒྲུབ་ཀྱིས། ཉིད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས། །ཞེས་པ་དང་། སོ་ཐར་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །

ད་ནི་དེ་དག་གི་འཐད་པ་འགོད་པ་ལས། དང་པོ་གཞན་དོན་བསྒྲུབ་དཀའ་བའི་ཕྱིར་རང་དོན་མ་ཤོར་བ་ལ་གདམས་པ་ནི། དིང་སང་དུས་ངན་སྐྱེ་བོ་མི་བསྲུན་པས། །དབེན་པར་རང་དོན་བསྒྲུབ་པ་ཤིན་ཏུ་གཅེས། །འདབ་གཤོག་མ་རྫོགས་འཕུར་བར་མི་ནུས་ལྟར། །མངོན་ཤེས་མི་ལྡན་གཞན་དོན་མི་ནུས་པས། །རང་དོན་ལྷུར་བླངས་ཡིད་ཀྱིས་གཞན་ཕན་བསམ། །རྣམ་གཡེང་འདུ་འཛི་བདུད་ཀྱི་བསླུ་བྲིད་འདིས། །རང་སེམས་མ་བསླུས་སྒྲུབ་ལ་འབད་པ་གཅེས། །འཆི་དུས་འགྱོད་(༡༦)པས་གདུང་བར་མ་བྱེད་ཅིག །དིང་སང་ནི་སངས་རྒྱས་བྱོན་ཡང་འདུལ་བར་མི་ནུས་ན། བདག་འདྲ་ཕན་སེམས་ཙམ་ཡོད་ཀྱང་གདུལ་བྱ་དུས་ལ་ནི་མ་བབས། མངོན་ཤེས་རྫུ་འཕྲུལ་དང་མི་ལྡན། སྟོབས་ཀྱིས་འགོད་པར་མི་ནུས་པས། གཞན་དོན་གྱི་གཟུགས་བརྙན་མི་ཉན་པའི་ཁ་ཏ་འདི་ཞོག་ལ། དབེན་པའི་ནགས་འདབ་བཟང་པོར་སྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་ལ་བསྐུལ་ཏེ། ཚེ་འདི་རྣམ་གཡེང་བདུད་ཀྱི་བསླུ་བྲིད་འདིས་སྔར་བསླུས་པས་དེས་ཆོག་གི། ད་སྙིང་ནས་དབེན་པར་གཅིག་པུར་འགྲོ་དགོས་ཏེ། འཆི་བའི་དུས་སུ་འགྱོད་པས་མི་གདུང་བར་འོང་ངེས་པས་རང་དོན་བྱ་བ་ལ་འབད་དེ། གཞན་དོན་ཡིད་ཀྱིས་བསམ་པའི་དུས་ལགས་སོ། །ཞི་བ་ལྷའི་ཞལ་ནས་ཀྱང་། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མ་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་པ་བཞིན་ནོ། །རང་དོན་བསྒྲུབ་པར་བརྩམས་ཀྱང་བརྟེན་སོ་ཟིན་པར་དཀའ་བའི་ཕྱིར་ཡང་འབད་དགོས་པར་གདམས་པ་ནི། དེ་བས་ད་ལྟ་སེམས་ལ་སེར་གདབ་སྟེ། །ད་ལྟ་འཆི་ན་འཁྱེར་སོ་ཅི་འདུག་ལྟོས། །གར་འགྲོ་ཅིར་འགྱུར་བརྟེན་སོ་མ་ཟིན་པར། །རྣམ་གཡེང་འཁྲུལ་པས་ཉིན་མཚན་འདའ་བ་འདི། །དལ་འབྱོར་དོན་མེད་ཆུད་ཟོས་བྱེད་པས་ན། །གཅིག་པུར་དབེན་པར་སྙིང་པོའི་དོན་བསྒོམ་ཞིང་། །གཏན་གྱི་འདུན་མ་ད་རེས་ལེགས་དགོས་སོ། །ཤི་ནས་གར་འགྲོ་བདག་ལ་ཆ་ཡོད་དམ། །དེ་བས་དི་རིང་ཉིད་དུ་བརྩོན་པར་བྱ། །ཁ་ནང་དུ་ལྟོས་ཤིག་རང་ཉིད་ད་ལྟ་འཆི་ན་བདེ་ཞིང་སྐྱིད་པའི་གནས་འདིར་འགྲོ་ཞེས་ཚགས་སུ་ཚུད་པ་ཡོད་དམ་མེད། ཉིན་མཚན་རྣམ་གཡེང་གིས་འདའ་བ་འདི་དལ་འབྱོར་ཆུད་ཟོས་སུ་བྱེད་པ་འདི་སོམས་ལ། གཏན་གྱི་འདུན་མ་ད་རེས་ལེགས་པ་ཞིག་བྱ་དགོས་པས་དུས་འདི་ཉིད། འདུག་ས་འདི་ཉིད་ནས་སྙིང་ནས་ཆོས་ལ་བརྩོན་དགོས་ཏེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་པ་བཞིན་ནོ། །འཁྲུལ་སྣང་བཟོད་དཀའ་བས་ད་རེས་འབད་དགོས་པར་གདམས་པ་ནི། འཁོར་བའི་འཁྲུལ་སྣང་འཇིགས་པའི་ལམ་འཕྲང་འདྲ། །འདི་ལས་ཐར་ཐབས་དགོས་སོ་སེམས་ལ་ཟུང་། །ད་རེས་འཁྲུལ་ན་གཏན་དུ་འཁྲུལ་པར་འཁྱམ། །དེ་བས་བརྩོན་པ་སྐྱེད་ཅིག་སྙིང་ལ་ཞོག །འཁོར་བ་མཐོ་དམན་གྱི་སྡུག་བསྔལ་བསམ་ཞིང་སྐྱི་གཡའ་བ་ལམ་འཕྲང་འཇིགས་པ་ཅན་ནམ་གཡང་ས་ཆེན་པོ་དང་འདྲ་བས། ད་རེས་མ་ཐར་ན་གཏན་དུ་ཐར་དུས་མེད་པའི་ཕྱིར་འབད་དགོས་ཏེ། ཞི་བ་ལྷས། གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་(༡༧)གནས་པར་བྱེད་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །ཞེས་པ་བཞིན་ནོ། །སྲིད་མཚོ་བརྒལ་དཀའ་བས་ད་རེས་འབད་དགོས་པར་གདམས་པ་ནི། ཉོན་མོངས་བདག་འཛིན་བརྒལ་བར་དཀའ་བའི་མཚོ། །དལ་འབྱོར་གྲུ་བོས་ད་རེས་བརྒལ་བར་བྱ། །ཐར་ལམ་བྱང་ཆུབ་བརྒྱ་ལམ་རེས་འགའ་ཞིག །བསོད་ནམས་དབང་གིས་སྣང་བའི་གནས་སྐབས་འདིར། །སྙིང་ནས་བརྩོན་པས་ཕན་བདེ་བསྒྲུབ་པར་བྱ། །ཉོན་མོངས་པ་ནི་རྒྱ་མཚོའི་བྱིང་དང་འདྲ་བ་ལ། ད་རེས་ཀྱི་དལ་འབྱོར་གྲུ་དང་འདྲ་བས་སྒྲོལ་དགོས་ཏེ། སྤྱོད་འཇུག་ལས། གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །དེའང་དལ་འབྱོར་ཐོབ་དཀའ་བ་ཐོབ། འཁོར་འདས་ལ་སྐྱོན་ཡོན་ཤེས། ཆོས་བསྒྲུབ་དགོས་སྙམ་པའི་བློ་བྲིང་ཙམ་ཞིག་སྐྱེས་པ་འདི་སངས་རྒྱས་ཀྱི་ཐུགས་རྗེ་རང་གི་སྙིང་ལ་ཞུགས་པས་མུན་རུམ་གྱི་གློག་དང་འདྲ་ཞིང་། བསོད་ནམས་ཀྱི་བློ་འབྱུང་དཀའ་བ་སེམས་ལ་བྱུང་བའི་དུས་འདི་ནས་མགོ་བཟུང་ལ་འབད་དགོས་ཏེ། དེ་ཉིད་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་བརྟག །ཅེས་སོ། །འགལ་རྐྱེན་འབྱུང་ཉེ་བས་ཆོས་ལ་འབད་དགོས་པར་གདམས་པ་ནི། ཚེ་ཡང་མི་རྟག་སྐད་ཅིག་འགྱུར་བ་སྟེ། །རྣམ་གཡེང་བསླུ་མཁས་ཕྱི་བཤོལ་དགེ་ལ་བྱེད། །འཁྲུལ་པ་རྒྱུན་རིང་གོམས་པ་བརྟན་པ་ན། །ཉོན་མོངས་ཚོགས་ནི་སྐད་ཅིག་ངང་གིས་འབྱུང་། །བསོད་ནམས་དགེ་ལ་འབད་ཀྱང་འབྱུང་དཀའ་བས། །ལས་ཀྱི་རླུང་ཤུགས་བཟློག་ལ་འབད་པ་གཅེས། །དུས་སྐད་ཅིག་ཙམ་མི་རྟག་པ་སྐྱེས་བུའི་ཚེ། རྣམ་གཡེང་ཆོས་ལ་བསླུ་བ་འཇིག་རྟེན་གྱི་སྣང་བ། ཕྱི་བཤོལ་དགེ་བ་ལ་བྱེད་པ་བྱིས་པའི་སྐྱེ་བོ། འཁྲུལ་སྣང་ཡུན་རིང་ལ་གོམས་པ་འཁོར་བའི་སེམས་ཅན། ཉོན་མོངས་ཆར་བཞིན་འབབ་པ་ཁམས་གསུམ་གྱི་འགྲོ་བ། བསོད་ནམས་བརྒྱ་ལམ་བྱེད་པ་རྒྱལ་བའི་ཕྲིན་ལས། རྦ་བརྒལ་བཟློག་པར་དཀའ་བ་ཉོན་མོངས་ཀྱི་རྒྱ་མཚོ་སྟེ། དུས་རེས་འགའི་ཆོས་སུ་མ་སོང་བར། བརྩོན་པས་ཆོས་ལ་འབད་པ་ཤིན་ཏུ་གཅེས་པ་ལགས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུ་བྱེད་རྣམ་མི་རྟག །སྐྱེ་ཞིང་འཇིག་པར་འགྱུར་བ་སྟེ། །སྐྱེས་ནས་འཇིག་པར་འགྱུར་བ་བས། །(༡༨)དེ་བས་མྱུར་དུ་ཞི་བ་བདེ། །ཞེས་པ་ལྟར་བསམ་འཚལ་ལོ། །འཁོར་བར་སྙིང་པོ་མེད་པས་ཆོས་ལ་འབད་དགོས་པར་གདམས་པ་ནི། འཁོར་བའི་གནས་ན་བདེ་བ་ཅུང་ཟད་མེད། །སྲིད་པའི་སྡུག་བསྔལ་བསམས་ན་བཟོད་གླགས་མེད། །འདི་ལས་ཐར་ཐབས་ད་ལན་བཙལ་བར་བྱ། །སྙིང་ནས་སྙིང་པོའི་དོན་ལ་མ་འབད་ན། །དལ་ཁོམ་རེས་འགའི་ཆོས་ཀྱིས་ཕན་མི་ཐོགས། །དེ་བས་མི་རྟག་སྐྱོ་ཤས་ཆེར་བསྐྱེད་དེ། །སྐད་ཅིག་མ་ཡེངས་སྒྲུབ་ལ་བརྩོན་འགྲུས་བསྐྱེད། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་བསམས་ན། བཟོད་པའི་གླགས་མེད་པས། འདི་ལས་ད་རེས་ཐར་པའི་ཐབས་བཙལ་བ་ལ་དལ་ཁོམ་མེད་པར་ཆོས་ལ་བརྩོན་དགོས་སོ། །དེའང་བྱས་བློ་དང་ཤེས་བློས་མི་ཆོག་སྟེ། ཕལ་པོ་ཆེ་ལས། ཇི་ལྟར་མཉེན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་འོན་པ་རོལ་མོ་མཁན། །སྐྱེ་བོ་མང་པོ་མགུ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མ་ཐོས་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་སྐྱེ་བོ་སྐོམ་པ་དག །ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་སྡུག་བསྔལ་མི་སེལ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་པ་བཞིན་ནོ། །

ད་ནི་དེ་ཐམས་ཅད་ཀྱི་མཇུག་བསྡུ་བ་ནི། དེ་ལྟར་དང་པོ་ཉིད་དུ་རྟོགས་བྱས་ནས། །ཕྱིས་ནས་འཕགས་པའི་གོ་འཕང་མྱུར་དུ་འཐོབ། །རང་དོན་འགྲུབ་ཅིང་གཞན་དོན་ངང་གིས་འབྱུང་། །འཁོར་བའི་གནས་ལས་ཐར་པའི་ལམ་མཆོག་རྙེད། །དེ་ཕྱིར་ཅི་བྱེད་ཆོས་དང་བསྟུན་པ་ནི། །བྱང་ཆུབ་བསྒྲུབ་པའི་རྟེན་གྱི་གང་ཟག་ཡིན། །འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། ད་རེས་འབད་པས་ཆོས་བསྒྲུབ་དགོས་པར་གདམས་པ་རྣམས་ལེགས་པར་རྟོགས་ནས་འབད་ན། རང་གཞན་གྱི་དོན་འགྲུབ། ཐར་པའི་ལམ་སྣ་ཟིན། གཏན་གྱི་འདུན་མ་ལེགས་པའི་ཕྱིར། གང་ཅི་བྱེད་ཀྱང་ཆོས་དང་མཐུན་པ་ནི་བྱང་ཆུབ་བསྒྲུབ་པའི་རྟེན་གྱི་གང་ཟག་ཏུ་མདོ་རྒྱུད་ཐམས་ཅད་ལས་གསུངས་པ་བདག་གིས་དེ་ལྟར་བྱ་བ་ལ་གདམས་སོ། །སྡུག་བསྔལ་མེ་ཚོགས་སྤུངས་པའི་འཁོར་བ་འདིར། །བདག་བློ་སྐྱོ་བས་ཞི་བའི་ནགས་ཚལ་དུ། །ད་རེས་ཚེ་འདིས་བགྲོད་པར་བྱའོ་ཞེས། །སྙིང་ནས་བརྩོན་པས་འདུ་འཛི་སྤང་བར་ཤོག །རང་དོན་དམ་པ་བསྒྲུབ་པའི་གནས་སྐབས་འདིར། །གཞན་དོན་ལྟར་སྣང་མངོན་པར་སྐྱོ་བ་ཅན། །སྣ་ཚོགས་སྡུག་བསྔལ་མང་ལྡན་འདིས་ཅི་བྱེད། །དེ་བས་གཅིག་པུར་ནགས་སུ་གནས་པར་ཤོག །ད་རེས་འབད་ཀྱང་གཞན་ལ་ཅི་ཞིག་ཕན། །ཕྱི་ནང་གང་ནའང་བསམ་ཞིང་སྐྱོ་བ་འཕེལ། །དེ་(༡༩)བས་གཅིག་པུར་བྲག་རིའི་དྲུང་འདུག་སྟེ། །སྲོག་དང་བཅས་པའི་ལུས་འདིར་འདོར་བར་ཤོག །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ལས། ཏིང་འཛིན་བསྒོམ་པའི་གང་ཟག་བསྟན་པ་སྟེ་རྡོ་རྗེའི་གནས་གཉིས་པའོ།། །།

རྡོ་རྗེའི་གནས་གསུམ་པ། གང་བསྒོམ་པའི་ཏིང་ངེ་འཛིན་གྱི་རིམ་པ།

ད་ནི་གང་བསྒྲུབ་པར་བྱ་བའི་ཆོས་བསྟན་པ་ལས། རེ་ཞིག་མདོར་བསྟན་པ་ནི། གསུམ་པ་ཉམས་སུ་བླང་བྱའི་ཆོས་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་རིམ་པ་དང་གསུམ་ལས། རེ་རེ་ཞིང་རྒྱས་པར་དབྱེ་བའི། དང་པོ་སྔོན་དུ་འགྲོ་བའི་ཆོས་བསྟན་པ། མི་རྟག་སྐྱོ་ཤས་ཕྱི་ཡི་སྔོན་འགྲོ་སྟེ། །ཚེ་འདིའི་ཞེན་པ་གཏིང་ནས་ཟློག་པར་བྱེད། །སྙིང་རྗེ་སེམས་བསྐྱེད་བྱེ་བྲག་སྔོན་འགྲོ་སྟེ། །ཐེག་ཆེན་ལམ་དུ་ཆོས་རྣམས་འགྲོ་བར་བྱེད། །དེ་ཕྱིར་ཐོག་མར་སྔོན་འགྲོ་རྣམ་གཉིས་སྦྱོང་། །ཐེག་པ་ཆེན་པོའི་ལམ་ཇི་ལྟར་བསྒོམ་ཡང་དེའི་སྔོན་དུ། ཚེ་མི་རྟག་པ་བསམ་པ་དང་། འཁོར་བ་སྡུག་བསྔལ་དུ་བསམ་པ་དང་། དེ་ལ་སྙིང་རྗེ་བསྒོམ་པ་དང་། དེའི་ཆེད་དུ་རང་ཉིད་སངས་རྒྱས་ཐོབ་པར་སེམས་པའི་བྱང་ཆུབ་སེམས་བསྒོམ་པ་གཅེས་སོ། །ཚེ་མི་རྟག་པར་ཤེས་པས་སྒྲུབ་པ་ལོང་ཡོད་ལ་མི་འཆོར་བ་དང་། འཁོར་བ་སྡུག་བསྔལ་དུ་ཤེས་པས་ཚེ་འདི་ལས་བློ་ལྡོག་པ་དང་། སྙིང་རྗེ་ཕྱོགས་མེད་དུ་བསྒོམས་པས་ཐེག་པ་དམན་པར་མི་ལྟུང་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པས་མྱུར་དུ་སངས་རྒྱས་ཐོབ་པའི་དགོས་པ་ཡོད་དོ། །དེ་ལ་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་མཐའ་གཉིས་ལས་མི་གནས་པ་ནི་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཆོས་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱི་རིང་བ་མ་ཡིན་ཉིད། །ཅེས་པ་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །སྲིད་པ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། །དེ་ནས་མཆོག་གི་སྔོན་འགྲོ་བསྟན་པ་ནི། དེ་རྗེས་ཁྱད་པར་མཆོག་གི་སྔོན་འགྲོ་ནི། །དབང་རྫོགས་ཐོབ་ནས་བསྐྱེད་པའི་རིམ་གཉིས་ཏེ། །རང་ལུས་ལྷ་དང་སྣོད་བཅུད་ལྷར་གསལ་བས། །ཐ་མལ་འཛིན་པའི་ཞེན་(༢༠)པ་ཟློག་པར་བྱེད། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམས་པ་ཡིས། །བྱིན་རླབས་ཚད་མེད་ཐུགས་རྗེ་ཤུགས་ལས་འཆར། །བར་ཆད་ཀུན་སེལ་དངོས་གྲུབ་རྣམ་གཉིས་ཐོབ། །དེ་ཕྱིར་དེ་རྗེས་སྔོན་འགྲོ་རྣམ་གཉིས་བསྒོམ། །དབང་ལེགས་པར་ཐོབ་ནས་བསྐྱེད་རྫོགས་བསྒོམ་པ་ལ་དང་པོར་ཞུགས་པ་ནི་ཚོགས་ལམ་ཆུང་ངུར་ཚུད་ནས་ཐར་པའི་ལམ་སྣ་ཟིན་པར་འདོད་པས། ལམ་གྱི་གཞི་དབང་ཡིན་ལ། དེ་ཐོབ་ནས་སྔགས་ཐུན་མོང་དུ་ལམ་དངོས་བསྐྱེད་རྫོགས་སྤེལ་མ་སྟན་ཐོག་གཅིག་ཏུ་བསྒོམ་པར་གྲགས་ཀྱང་། འདིར་རྫོགས་པ་ཆེན་པོའི་རྣམ་གཞག་གིས། ལྷ་བསྐྱེད་པ་དང་། བླ་མའི་རྣལ་འབྱོར་དང་། རྩ་ཐིག་རླུང་གསུམ་ཕྲ་མོའི་རྣལ་འབྱོར་དང་བཅས་པ་ཐམས་ཅད་རྫོགས་པ་ཆུང་ངུ་དམིགས་བཅས་སུ་བསྡུས་ནས་ལམ་གྱི་སྔོན་འགྲོར་བསྟན་པས་དེ་དག་གི་རྣམ་གཞག་ཅུང་ཟད་བཤད་ན། སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་གཉིས་ཏེ། སྣང་བ་རྡོ་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་སོ། །དབང་ལ་གྲངས་ངེས་པ། གོ་རིམས་ངེས་པ། སྒྲ་དོན་བཤད་པ་དང་གསུམ་ལས། དང་པོ་ནི། དག་བྱ་ཉོན་མོངས་པ་བཞི་དང་། སྒྲུབ་བྱེད་ཕྱག་རྒྱ་བཞི་དང་། ཉམས་དགའ་བ་བཞི་དང་། འབྲས་བུ་སྐུ་བཞི་ལ་སོགས་བརྩོན་པར་བྱེད་པ་ལ་དབང་བཞིར་གྲགས་སོ། །གོ་རིམས་ངེས་པ་ལ་ལྟ་བ་དང་སྦྱར་བ་དང་། རྟེན་དང་བརྟེན་པ་དག་ཚུལ་དང་སྦྱར་བ་གཉིས་ལས། དང་པོ་ནི་བུམ་དབང་གིས་སྣང་སེམས་སྒྱུ་མ་ལྟ་བུའི་སྐུར་གནས་པས་སེམས་ཙམ་གྱི་ལྟ་བ་རྟོགས། གསང་དབང་གིས་ཆོས་ཐམས་ཅད་སྤྲོས་བྲལ་རབ་ཏུ་མི་གནས་པར་བསྟན་པས་དབུ་མའི་ལྟ་བ་རྟོགས། ཤེས་རབ་ཡེ་ཤེས་དབང་གིས་བདེ་སྟོང་དབྱེར་མེད་དུ་བསྟན་པས་གསང་སྔགས་ནང་པ་གཉིས་ཀྱི་ལྟ་བ་རྟོགས། ཚིག་དབང་གིས་བློ་འདས་རིག་པ་བྱང་ཆུབ་ཀྱི་སེམས་སུ་བསྟན་པས་རྫོགས་པ་ཆེན་པོའི་ལྟ་བ་རྟོགས་སོ། །གཉིས་པ་རྟེན་དང་བརྟེན་པ་དག་ཚུལ་དང་སྦྱར་ན། ལུས་སེམས་ཚོགས་པ་གཅིག་གིས་རྟེན་དང་བརྟེན་པ་བྱིན་གྱིས་རློབ་ཅིང་འདག་པར་བྱེད་དེ། ལུས་ཀྱི་ངོ་བོ་རྩ། དེ་ལ་རླུང་དང་ཐིག་ལེ། དེ་ལ་རིག་པ་བྱང་ཆུབ་ཀྱི་སེམས་བརྟེན་པས། ལུས་དག་ཅིང་སྨིན་པར་བྱེད་པ་ལ་བུམ་དབང་། རྩ་དག་ཅིང་སྨིན་པར་བྱེད་པ་ལ་གསང་དབང་། ཐིག་ལེ་དག་ཅིང་སྨིན་པར་བྱེད་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་། རིག་པ་བྱང་ཆུབ་ཀྱི་སེམས་དག་ཅིང་སྨིན་པར་བྱེད་པ་ལ་ཚིག་དབང་རིན་པོ་ཆེའོ། །སྒྲ་དོན་ནི་ཨ་བྷི་ཥིཉྩ་དང་ཥེ་ཀ་ཏ་སྟེ་དྲི་མ་འཁྲུད་ཅིང་(༢༡)སྐལ་བ་འཇོག་པའི་ཕྱིར་དབང་ངོ་། །དེ་ཡང་ཚེ་འདིར་ས་རབ་ཏུ་དགའ་བའི་བདེན་མཐོང་ལ་སྦྱོར་བར་དབང་བས་ཀྱང་དབང་དུ་བཤད་དེ། རྡོ་རྗེ་རྩེ་མོ་ལས། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བ་ཐར་པས་ཡང་དག་འབྱུང་། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རབ་དགའ་སྒྲུབ་པར་བྱེད་པ་ཡིན། །ཞེས་སོ། །དབང་མ་ཐོབ་པའི་ཉེས་པ་ནི། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཅེས་པ་དང་། སྒྱུ་མ་བདེ་མཆོག་ལས། དཀྱིལ་འཁོར་འདི་ནི་མ་མཐོང་བར། །རྣལ་འབྱོར་པ་ནི་དངོས་གྲུབ་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །རྨོངས་པ་ཕུབ་མ་བརྡུངས་དང་མཚུངས། །ཞེས་སོ། །དབང་ཐོབ་པའི་ཕན་ཡོན་ནི། གསང་བ་མཆོག་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །མ་འབད་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །དབང་གི་རྣམ་གཞག་གོ། །

གྲོལ་བྱེད་ལམ་གྱི་རིམ་པ་ནི། བསྐྱེད་རྫོགས་གཉིས་ཏེ། གསང་འདུས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་སོ། །བསྐྱེད་རིམ་ནི། ཀུན་རྫོབ་ལྷའི་སྣང་བ་ལ་བརྟེན་ནས་ཐ་མལ་གྱི་རྟོག་པ་སྤང་ཞིང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་བདུན་པའི་ཆོས་དག་པར་སྦྱངས་ལ། རྫོགས་རིམ་ནི་ཕྲ་མོའམ་བསམ་གྱིས་མི་ཁྱབ་དོན་དམ་པའི་དབྱིངས་དང་མཐུན་པ་ལ་བརྟེན་ནས་ནང་སེམས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་དུ་ཤར་བ་སྟེ། ཟུང་དུ་འབྲེལ་བ་ནི་དངོས་གྲུབ་ཀྱི་ལམ་དུ་བཤད་པ་ནི། གུར་ལས། ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །རྡོ་རྗེའི་སྐུ་ནི་བསྒྲུབ་པར་བྱ། །རིན་ཆེན་བཟླས་པའི་བཟླས་པ་ལས། །དྲི་མེད་རྡོ་རྗེའི་གསུང་དུ་འགྱུར། །བསམ་གཏན་རྡོ་རྗེ་རབ་བསམས་ན། །རིན་ཆེན་སེམས་སུ་རབ་ཏུ་འགྲུབ། །ཅེས་པ་དང་། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་རྣལ་འབྱོར་ང་རྒྱལ་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །ཅེས་སོ། །དེ་ལ་བསྐྱེད་པ་མེད་པར་རྫོགས་པར་མི་རུང་སྟེ། མཁའ་འགྲོ་སྡོམ་པ་ལས། ལྷ་དང་བྲལ་བའི་ལམ་དེ་ནི། །ལོག་པའི་ལམ་དུ་བྱུང་བ་སྟེ། །སྔགས་ཀྱི་ལམ་དུ་དེ་མི་རུང་། །ཞེས་སོ། །དེ་ལ་གདོད་མ་ནས་སྐུ་གསུང་ཐུགས་རྡོ་རྗེར་གནས་ཀྱང་བག་ཆགས་ཀྱི་སྒྲིབ་པས་མི་གསལ་བ་ཉིད། གསལ་བར་བྱེད་པ་ལ་རིམ་གཉིས་ཀྱི་འཁོར་ལོ་བསྒོམ་པ་ཡིན་ཏེ། ཀྱེ་རྡོར་ལས། ལྷ་ཡི་(༢༢)རྣམ་པའི་གཟུགས་ཀྱིས་ནི། །བསྐྱེད་པ་ཙམ་གྱིས་རྣལ་འབྱོར་གནས། །གཞན་ལ་ཁ་དོག་གནས་པ་ནི། །འོན་ཀྱང་བག་ཆགས་ཕལ་པས་སངས། །ཞེས་སོ། །དེ་ལྟར་བསྒོམས་པའི་ཡོན་ཏན་ནི། གུར་ལས། སངས་རྒྱས་དེ་ཉིད་གང་བསྒོམས་པ། །བྱང་ཆུབ་མ་ཐོབ་ན་ཡང་སྐྱེ། །སྐྱེ་ཞིང་སྐྱེ་བ་རྣམས་སུ་དེ། །འཁོར་ལོས་བསྒྱུར་བའི་གོ་འཕང་འགྱུར། །ཡང་ན་ས་བདག་ཉིད་དུ་འམ། །དག་པའི་གནས་སུ་ངེས་པར་འགྲོ། །ཞེས་སོ། །དེ་ལྟར་གོ་དོན་སྤྱིར་བཞག་ནས། ཐུན་མགོར་ཇི་ལྟར་བསྒོམ་པའི་རིམ་པ་ནི་རིགས་ཀྱི་དཀྱིལ་འཁོར་ཞི་ཁྲོ་གང་རུང་ངམ། རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྒོམས་ལ་ཡི་གེ་བརྒྱ་པ་བཟླས་ཏེ། རྒྱལ་བ་གཅིག་བསྒོམས་སངས་རྒྱས་ཀུན་གྱི་ངང་། །ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སངས་རྒྱས་ཐམས་ཅད་རིགས་ལྔའི་དབྱེ་བསྡུ་ལས་མ་འདས་ཤིང་། དེ་ཡང་ཞི་ཁྲོ་གཉིས་ལས་མ་འདས་པར་ངོ་བོ་གཅིག་པའི་ཕྱིར་ཏེ། སམྦུ་ཊི་ལས། ལྷ་རྣམས་ཐམས་ཅད་ཞི་བ་འམ། །ཡང་ན་ཁྲོ་བོར་བསྒོམ་པར་བྱ། །སངས་རྒྱས་གར་མཁན་བསམ་མི་ཁྱབ། །བདག་གིས་བརྗོད་པར་ག་ལ་ནུས། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ལས། །སྟོང་པའི་རྡོ་རྗེ་ཅན་ཞིག་ནི། །རིགས་ནི་རྣམ་པ་ལྔ་རུ་འགྱུར། །ཅེས་སོ། །དེའང་ཕྲེང་བ་དེ་གང་བསྒོམ་པའི་ཡི་དམ་དུ་བསྐྱེད་ལ་ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱ། རྟེན་འབྲེལ་སྙིང་པོས་མེ་ཏོག་གཏོར། ཡབ་ཡུམ་འོད་དུ་ཞུ་ནས་མདོ་འཛིན་ལ་ཐིམ་པ་ༀ་ཨཱཿཧཱུྃ་དུ་གྱུར། ཕྲེང་རྡོག་གཞན་རྣམས་ཨཱ་ལི་ཀཱ་ལིར་གསལ་བཏབ་ལ། སྔགས་བཟླས་དུས་ཡི་གེ་དེ་དག་ལྷ་དང་སྔགས་ཀྱི་རང་སྒྲ་འཕྲོ་བར་བྱེད་པར་བསམས་ལ། མིས་མི་མཐོང་བར་འཕྲེང་བ་ཁུང་དུ་བཅང་ངོ་། །སྔགས་ཀྱང་ལ་ལ་མིང་ནས་འབོད་པ་དང་། ལ་ལ་གནད་ནས་བསྐུལ་བ། ལ་ལ་ཡོན་ཏན་བརྗོད་པ་ཡིན་ཏེ། གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་པར་ཕྱོགས་པར་བྱ་ཕྱིར་ཏེ། །དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་སྒྲས་འབོད་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་དེ་ལ་འབྱོན། །ཞེས་སོ། །སྔགས་ཤིན་ཏུ་དག་དགོས་ཏེ། རྒྱུད་སྡེ་ཀུན་ནས་སྔགས་བསྡུ་བ་གསུངས་པའི་དོན་ཡིན་ནོ། །དེའང་མ་དག་པ་སྟོང་བཟླས་པ་བས་དག་པ་གཅིག་འགྱུར་ཆེ་ལ། དམིགས་པས་མ་ཟིན་པའམ། དམིགས་པ་ཡེངས་པས་འབུམ་བཟླས་པ་བས། མ་ཡེངས་པ་གཅིག་འགྱུར་ཆེ་སྟེ། གསང་བ་མཆོག་ལས། དག་དང་མ་དག་སྟོང་འགྱུར་ལ། །ཏིང་འཛིན་ཡོད་མེད་འབུམ་དུ་འགྱུར། །ཅེས་པ་དང་། (༢༣)སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་ཟིན་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོ། །དེ་ལྟར་ཡི་དམ་ལྷར་བསྐྱེད་ནས་སྔགས་ཅུང་ཟད་བཟླས་ནས། སྤྱི་བོ་རང་གི་རྩ་བའི་བླ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོས་བསྐོར་བར་བསམས་ལ། མཆོད་པ་དང་། བསྟོད་པ་དང་། བཤགས་པ་དང་། གང་འདོད་པའི་དོན་ལ་གསོལ་བ་འདེབས་པར་བྱས་ཏེ། ལམ་ཐམས་ཅད་ཀྱི་རྩ་བ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་བཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང་། དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཅེས་པ་དང་། ཡེ་ཤེས་དམ་པ་ལས། སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་སོ། །དེས་ནི་བར་ཆད་མེད་ཅིང་རྟོགས་པ་རང་ཤུགས་ཀྱིས་འཆར། ས་ལམ་ངང་གིས་བགྲོད་པའི་དགོས་པ་ཡོད་དོ། །

སྔོན་འགྲོ་སྦྱངས་པའི་ཕན་ཡོན་བསྟན་པ་ནི། དེ་ལྟར་སྔོན་དུ་འགྲོ་བའི་ཆོས་བཞི་ཡིས། །མ་ནོར་ལམ་དུ་སེམས་ཉིད་ཚུད་པ་དང་། །ཐར་ལམ་མཆོག་ཟིན་གནས་ལུགས་མྱུར་དུ་སྐྱེ། །དངོས་གཞི་འབྱོངས་སླ་བར་ཆད་མེད་པ་དང་། །དངོས་གྲུབ་ཉེ་སོགས་ཡོན་ཏན་ཚད་མེད་ལྡན། །དེ་ཕྱིར་སྔོན་འགྲོ་སྦྱང་བ་ཤིན་ཏུ་གཅེས། །རྫོགས་རིམ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་རྣལ་དུ་འཇོག་པའི་སྔོན་དུ་མི་རྟག་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྣང་སྲིད་སངས་རྒྱས་ཀྱི་ཞིང་དང་ལྷར་བསྐྱེད་ནས། སྔགས་བཟླས་ཤིང་ཕྲ་མོའི་རྣལ་འབྱོར་ལ་སེམས་བཟུང་བ་དང་། བླ་མའི་རྣལ་འབྱོར་བསྒོམས་ལ་གསོལ་བ་གདབ་པ་རྣམས་ཏེ་བཞི་པོ་སྔོན་དུ་མི་འགྲོ་བ་མེད་དོ། །དེ་ལྟར་སོང་བ་ལས་ཐར་ལམ་མ་ནོར་ཚུད་པ་དང་། གནས་ལུགས་ཀྱི་དོན་སྐྱེ་བ་དང་། དངོས་གཞི་སྦྱོང་བར་སླ་བ་དང་། བར་ཆད་མེད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་གཞན་ཡང་འགྲུབ་བོ། །དིང་སང་ནི་གང་ཡང་སྔོན་དུ་མ་སོང་བར་ལམ་བསྒོམ་པ་མང་སྟེ་འཆུགས་པ་ཞེས་བྱའོ། །

ད་ནི་ལམ་དངོས་བསྟན་པ་ལས། དང་པོ་མདོར་བསྟན་པ་ནི། དངོས་གཞི་རིག་པའང་བདེ་གསལ་མི་རྟོག་པའི། །བསམ་གཏན་ཐབས་ལས་གནས་ལུགས་ངོ་སྤྲད་དེ། །འོད་གསལ་སྤྲོས་དང་བྲལ་བའི་ཡེ་ཤེས་ནི། །གཉུག་མ་ལྷན་ཅིག་སྐྱེས་པ་འཆར་བ་ཡིན། །(༢༤)བུད་ཤིང་དེ་མེ་མ་ཡིན་ཡང་ཐབ་དེ་ལས་མེ་འབར་བ་མཐོང་དུ་རུང་བ་ལྟར། བདེ་གསལ་མི་རྟོག་པ་གསུམ་པོ་དེ་རིག་པ་རང་བྱུང་གི་ཡེ་ཤེས་གཉུག་མ་ལྷན་ཅིག་སྐྱེས་པ་དངོས་མ་ཡིན་ཡང་། ཐབས་བརྩོན་པར་བྱ་བའི་ཕྱིར། བདེ་བ་ཁམས། གསལ་བ་རླུང་། མི་རྟོག་རྩའི་གནད་ལས། བླ་མའི་མན་ངག་དང་མོས་གུས་ཡོད་པ་རྣམས་ཀྱིས་རིག་པར་བྱ་སྟེ་ཡེ་ཤེས་དེ་ནི། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་འདི་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་པའི་ཚུལ་ལོ། །རང་བཞིན་རྒྱས་པར་བཤད་པ་ལ་གསུམ་ལས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཐབས་བསྟན་པ་ནི། དང་པོ་བདེ་ཆེན་ཐབས་ལ་ངོ་སྤྲད་པ། །དེ་ཡང་སྔོན་འགྲོ་སྔར་བཞིན་བསྒོམས་པའི་རྗེས། །འཁོར་ལོ་བཞི་དབུས་རྩ་གསུམ་ཀ་བའི་ཚུལ། །གཡས་དཀར་གཡོན་དམར་དབུས་མཐིང་སྦུབས་མ་ཅན། །ཡར་སྣ་ཚངས་ཕུག་མར་སྣ་གསང་གནས་ཏེ། །ལྟེ་བའི་ཐད་དྲང་དབུ་མའི་ནང་ཨ་ལས། །མེ་འབར་སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །འཁོར་ལོ་བཞི་དང་ལུས་ནང་ཀུན་གང་སྟེ། །བདེ་བས་ཁྱབ་དུས་སྙིང་གར་བཾ་ཡིག་ལས། །ཧཾ་གི་བདུད་རྩི་རྒྱུན་ཆད་མེད་པར་འབབ། །བདེ་བའི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ། །དེ་ནས་བཾ་ཡང་ཇེ་ཆུང་ཇེ་ཕྲ་ལ། །དམིགས་གསུམ་སྤྲོས་དང་བྲལ་བའི་ངང་དུ་བཞག །ཐབས་དེས་སེམས་ཟིན་བདེ་བས་ཞི་གནས་སྐྱེ། །འདིར་སློབ་དཔོན་ཤྲཱི་སིདྷས་སློབ་དཔོན་པདྨ་འབྱུང་གནས་ལ་གདམས་པ། བདེ་གསལ་རྣམ་པར་མི་རྟོག་པ་བསམ་གྱིས་མི་ཁྱབ་པའི་སྙན་བརྒྱུད་ཇི་ལྟ་བ་བཞིན་བསྟན་པ་ལས། དང་པོ་ཐབས་ཀྱི་བདེ་བ་དམ་པ་ནི། སྣང་སྲིད་ལྷ་དང་བླ་མའི་རྣལ་འབྱོར་དུ་བསྒོམས་པའི་རྗེས་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིར་གསལ་བའི་དབུས་ཀ་བའི་ཚུལ་དུ་གཡས་རོ་མ་དཀར་བ། གཡོན་རྐྱང་མ་དམར་བ། དབུས་ཀུན་འདར་མ་མཐིང་ག །ཡར་སྣ་སྤྱི་གཙུག་མར་སྣ་གསང་གནས་སུ་སླེབ་པ་ལས། ཁྱད་པར་དུ་དབུ་མ་དེ་ཇེ་ཆེ་ལ། གྲོ་སོག་ཙམ། ཨུ་བྷི་ཙམ། བཞོ་དོང་ཙམ། མཐར་ལུས་ཐམས་ཅད་དབུ་མའི་རང་བཞིན་དུ་སྲབ་སང་སང་སོང་བའི་ནང་དུ་སེམས་གཏད་པས། རྩ་གནས་གང་དུ་སེམས་ཟིན་ཡང་དབུ་མའི་ཡོན་ཏན་འབའ་ཞིག་འཆར་བའི་གནད་དོ། །དེ་ལྟར་དབུ་མའི་ནང་ལྟེ་བའི་ཐད་དྲང་དུ་ཨ་ཤད་མེའི་རྣམ་པ་སྐྲ་རྩེ་ཙམ་ལས་(༢༥)མེ་རྟ་རྔ་ཙམ་འབར་ཏེ། སྤྱི་བོའི་ཧཾ་སྲན་མ་ཙམ་ལ་རེག་པས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་ཏེ། འཁོར་ལོ་བཞི་དང་ལུས་ཐམས་ཅད་གང་ཞིང་། ཁྱད་པར་དུ་སྙིང་ག་ན་བཾ་སྔོ་སྐྱ་ལ་བབ་པས་བདེ་བ་བསྐྱེད་པར་བསམས་ལ། སེམས་མ་ཡེངས་པར་བསྒོམས་པས། བདེ་ཕྲིལ་བ་བྱུང་དུས་བཾ་དེ་ཇེ་ཆུང་ཇེ་ཕྲ་ལས་མཐར་ཡལ་ནས་ཅི་ཡང་མེད་པའི་ངང་ལ་སེམས་མཉམ་པར་གཞག་གོ། །ཐབས་དེས་བདེ་སྟོང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ལ་ཡོད་པ་དེ་དུས་དེར་འཆར་བའི་གནད་དོ། །བདེ་སྟོང་གི་འོད་གསལ་ཤར་བ་དེ་རང་ངོ་སྤྲད་པ་ནི། དེ་ནས་གང་ཡང་བསམ་བརྗོད་འདས་པའི་སེམས། །བློ་བྲལ་ནམ་མཁའ་འདྲ་བའི་ངང་ཉིད་འཆར། །དེ་ནས་འོད་གསལ་བདེ་སྟོང་རྫོགས་པ་ཆེ། །རང་བཞིན་བསམ་གྱིས་མི་ཁྱབ་ཆོས་ཉིད་ཡིན། །བདེ་བའི་ཐབས་ལ་ཅི་ཡང་མི་དམིགས་པར་བསྒོམ་པ་ན། དེ་དང་རྗེས་སུ་མཐུན་པ་ལུས་སེམས་བདེ་ལ་སེམས་སྤྲོ་བསྡུ་དང་བྲལ་བའི་རིག་པ་རང་དྭངས་ཧར་སང་ནམ་མཁའ་འདྲ་བ་ཟང་ཐལ་ཤར་བ་ནི་བདེ་བ་འོད་གསལ་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་རང་ངོ་འཕྲོད་པ་ཡིན་ནོ། །ཐིག་ལེ་གསང་བ་ལས། བདེ་ཆེན་རྡོ་རྗེ་བསམ་མི་ཁྱབ། །འོད་གསལ་ནམ་མཁའི་རང་བཞིན་ནོ། །ཞེས་སོ། །དེ་ལྟར་བསྒོམས་པའི་ཉམས་ཀྱི་རིམ་པ་བསྟན་པ་ནི། དེ་ཉིད་བསྒོམས་ལས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་ཐམས་ཅད་བདེ་བར་འཆར་བ་དང་། །ཉིན་མཚན་བདེ་བའི་ངང་ནས་འབྲལ་མི་ཕོད། །ཆགས་སྡང་ལ་སོགས་ཟུག་རྔུས་རྒྱུད་མི་འཁྲུགས། །ཆོས་ཀྱི་ཚིག་དོན་སྦྱོར་བའི་ཤེས་རབ་སྐྱེ། །ཁམས་དྭངས་མ་རྒྱས་པའི་ཉམས་ལས་སྣང་བ་འཆར་བ་དང་། ཉིན་མཚན་བདེ་བས་འདའ་བ་དང་། ཟུག་རྔུས་སེམས་མི་འཁྲུགས་པ་གསུམ་འཆར་བས། རིག་པ་རང་ངོ་མཐོང་བའི་ཉམས་ལས་ཤེས་རབ་ཁྱད་པར་ཅན་དང་། ཐུགས་རྗེས་བརྟན་པ་འཆར་བ་ཡིན་ནོ། །ཡོན་ཏན་ནི། དེ་ནས་ཡང་བསྒོམ་སྤྱན་དང་མངོན་ཤེས་སོགས། །ཡོན་ཏན་དཔག་མེད་ཉི་མ་སེམས་ལ་འཆར། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །བདེ་སྟོང་བསམ་གྱིས་མི་ཁྱབ་བསྒོམས་པ་ལས་སྔར་བས་ལྷག་པའི་བརྟན་པ་ཐོབ་པས་སྤྱན་དང་མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་འཆར་རོ། །དེ་ནས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བརྟན་པ་ལས། ཐབས་ཀྱི་རིམ་པ་ཇི་ལྟར་བསྒོམ་པ་ནི། གཉིས་པ་གསལ་བའི་ཐབས་ཀྱི་ངོ་སྤྲད་པ། །སྔོན་འགྲོ་སྔར་བཞིན་རྩ་གསུམ་གསལ་བཏབ་པའི། །རོ་རྐྱང་གུག་ནས་དབུ་མར་འཇུག་པའི་ཚུལ། །མར་སྣར་བསྒོམས་ལ་ཡར་སྣ་སྣ་བུག་གཏད། །རླུང་རོ་གསུམ་བུས་ནད་(༢༦)གདོན་སྡིག་སྒྲིབ་སོང་། །དལ་བུས་གསུམ་རྔུབ་བརྟན་གཡོའི་འཇིག་རྟེན་ཀུན། །འོད་ཞུ་སྣ་ནས་ཚུར་བྱུང་རོ་རྐྱང་ནས། །དབུ་མའི་ནང་བྱུང་སྙིང་དབུས་ཚོན་གང་འོད། །གོང་བུ་ལ་ཐིམ་ཐུབ་ཐང་བར་དུ་བཟུང་། །སྟེང་འོག་ཁ་སྦྱར་གཏོང་དུས་ཅུང་ཟད་བཟུང་། །དལ་བུས་འབྱུང་རྔུབ་བྱ་བ་ཤིན་ཏུ་གཅེས། །གཞན་ཡང་སངས་རྒྱས་ལ་སོགས་ཡོན་ཏན་ཀུན། །སྙིང་གར་ཐིམ་ལས་གཞན་དུ་མ་ཡེངས་བྱ། །ཐབས་དེས་སེམས་གསལ་དྭངས་ལ་གནས་པ་འབྱུང་། །རྩ་བསྒོམ་པའི་བར་སྔར་དང་འདྲ་བའི་རོ་རྐྱང་གཉིས་ཀྱི་མར་སྣ་དབུ་མར་ཚུད། ཡར་སྣ་སྣ་བུག་གཉིས་ནས་ཕར་རླུང་རོ་བུས་པས་ནད་གདོན་ཕྱིར་སོང་། དལ་བུས་རྔུབས་པས་འཇིག་རྟེན་གསུམ་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འོད་ཁ་དོག་ལྔར་གྱུར་པ་སྣ་བུག་ནས་ལམ་བྱུང་། མར་སྣ་ནས་ཡར་ཞུགས་པས་རླུང་སྙིང་གར་ཐིམ་པས། དབུ་མ་ཡེ་ཤེས་ལྔའི་རླུང་གིས་གང་བ་ལ་སེམས་བཟུང་བས་གསལ་སྟོང་མི་རྟོག་པའི་འོད་གསལ་འཆར་རོ། །འདི་ནི་མཆོག་ཏུ་ཟབ་མོ་སྟེ། འཇིག་རྟེན་དབང་དུ་འདུ་བ་དང་། སངས་རྒྱས་ལ་སོགས་པའི་བྱིན་རླབས་མྱུར་དུ་ཞུགས་པས། ཤེས་རབ་དང་ཏིང་ངེ་འཛིན་སྔོན་མེད་པ་འཆར་བའོ། །དེ་ནས་འོད་གསལ་རྣམ་སྦྱོང་གི་དམིགས་པ་ནི། དེ་རྗེས་སྙིང་གའི་འོད་ལས་འོད་མཆེད་དེ། །ལུས་ནང་འཁོར་ལོ་བཞི་ནས་འབར་བ་ལས། །ཕྱིར་མཆེད་འོད་ཀྱིས་འཇིག་རྟེན་ཁྱབ་པར་བསྒོམ། །ཞག་འགར་ཉིན་མཚན་དེ་ཉིད་དོན་བསྒོམས་པས། །རྨི་ལམ་འགག་དང་འོད་ཀྱི་སྣང་བ་ནི། །ཟླ་བ་འབར་བ་མེ་ཁྱེར་སྐར་མ་སོགས། །འོད་ལྔའི་སྣང་བས་ཕྱི་ནང་ཁྱབ་པར་མཐོང་། །གསལ་བའི་ངང་དུ་སེམས་ཟིན་ཞི་གནས་སྐྱེ། །དབུ་མའི་ནང་དུ་ཡེ་ཤེས་ཀྱི་འོད་བསྒོམས་པའི་རྗེས་ལ། འཁོར་ལོ་བཞི་དང་ལུས་ནང་ཐམས་ཅད་ཁྱབ་པ་དང་། དེ་ནས་ཕྱིར་མཆེད་དེ་འཇིག་རྟེན་གྱི་ཁམས་ནམ་མཁས་གར་ཁྱབ་ཡེ་ཤེས་ཀྱི་འོད་ལྔས་ཁྱབ་པ་ལ་སེམས་བཟུང་ལ་རླུང་ཁ་སྦྱོར་དུ་གཟུང་ཞིང་། ཕྱིར་གཏོང་དུས་རླུང་ཞབས་ཅུང་ཟད་བཟུང་ལ། དལ་བུས་རྔུབ་སྟེ་བསྒོམས་པས། དབུ་མར་ཡེ་ཤེས་ལྔའི་རླུང་ཟིན་པའི་རྟགས་སུ་བསྒོམ་ཁང་ཉེ་འཁོར་དུ་འོད་ལྔའི་སྣང་བ་དང་། སྒྲོན་མེ་འབར་བ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། དུ་བ་དང་། སྤྲིན་དང་། སྐར་མ་ལྟ་བུ་དང་། ཐིག་ལེ་ལྟ་བུ་དང་། ལྷའི་གཟུགས་བརྙན་ལྟ་བུ་ལ་སོགས་པའི་སྣང་བ་དཔག་ཏུ་མེད་པ་འཆར་རོ། །འདིའི་དུས་སུ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་། རང་གསལ་རྗེན་པའི་ལྷག་མཐོང་གཉིས་ངོ་བོ་གཅིག་ཏུ་འཆར་རོ། །སྣང་བ་རྣམ་དག་གི་བསམ་གཏན་ནི། དེ་ནས་སླར་བསྡུ་སྙིང་གའི་འོད་ཟེར་ཡང་། །ཇེ་ཆུང་ཇེ་ཕྲ་སྟོང་ཉིད་ངང་བཞག་པས། །གང་དུའང་མི་དམིགས་སྟོང་གསལ་དྭངས་པའི་སེམས། །རང་བཞིན་སྤྲོས་དང་བྲལ་བའི་འོད་གསལ་འཆར། །འོད་ཀྱི་སྣང་བ་ཐམས་ཅད་འཁོར་ལོ་བཞི་ནས་སྙིང་(༢༧)གར་བསྡུ། དེ་ཡང་ཇེ་ཕྲ་ལས་ནམ་མཁའ་ལྟར་ཅི་ཡང་མ་གྲུབ་པའི་ངང་ལ་བཞག་པས། རིག་པ་ཟང་ཀ་རྒྱ་ཕྱམ་གསལ་དྭངས་པར་ཤར་བ་ནི་གསལ་སྟོང་རང་བྱུང་གི་ཡེ་ཤེས་སོ། །དོན་དེ་ངོ་སྤྲད་པ་ནི། དེ་ནི་གསལ་སྟོང་གཉུག་མའི་ཡེ་ཤེས་ཏེ། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །དྭངས་གསལ་ཟང་ཀའི་ངོ་བོ་དེ་ནི་སྟོང་གསལ་རྫོགས་པ་ཆེན་པོའི་གནས་ལུགས་ཏེ། ཀུན་བྱེད་ལས། ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲེང་། །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཞེས་སོ། །དེ་ལྟར་བསྒོམས་པའི་ཉམས་ནི། དེ་ཉིད་གོམས་པས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་འལ་འོལ་ཟང་ཐལ་གསལ་བ་སྙམ། །ཉིན་མཚན་གསལ་བའི་ངང་ལ་གནས་པ་དང་། །རྣམ་རྟོག་མི་གཡོ་སེམས་གསལ་དྭངས་པ་དང་། །ཤེས་རབ་ཀློང་རྡོལ་གཟུང་འཛིན་བྲལ་བའོ། །དེ་ལ་རླུང་གི་ཉམས་སུ་སྣང་བ་འལ་འོལ་ཟང་ཐལ་བ་སྙམ་པ་དང་། ཉིན་མཚན་གསལ་དྭངས་ཕྱེད་པ་དང་། རྟོག་པ་འགགས་ལ་ཤེས་པ་དྭངས་པ་གསུམ་འཆར་ལ། རིག་པ་རང་ངོ་ཤེས་པའི་ངང་བསྐྱངས་པའི་ཉམས་ལས་གཟུང་འཛིན་མེད་ཅིང་བློ་མྱུར་ལ་ཤེས་རབ་ཆེ་བ་འཆར་རོ། །ཡོན་ཏན་ནི། དེ་ཡང་གོམས་ལས་ཡོན་ཏན་འཆར་བ་དང་། །སྒྲིབ་པས་ཆོད་ཀྱང་ཕ་རོལ་ཟང་ཐལ་སོགས། །མཐོང་བའི་སྤྱན་དང་རྫུ་འཕྲུལ་འགྲུབ་པར་འགྱུར། །འདི་ནི་ཡང་ཟབ་གདམས་པའི་ཉིང་ཁུ་ཡིན། །རླུང་གི་རྣལ་འབྱོར་གོམས་པས་ཏིང་ངེ་འཛིན་སྐྱེ་ཞིང་། དེའི་མཐུས་མངོན་ཤེས་འཆར་བ་དང་། རྩིག་པ་ལ་སོགས་པས་བར་དུ་ཆོད་ཀྱང་དེའི་ཕ་རོལ་ཟང་ཐལ་དུ་མཐོང་བ་ལ་སོགས་པའི་སྤྱན་དང་རྫུ་འཕྲུལ་ཏེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་སོ། །དེ་ནས་རིག་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་པ་ལས། ཐབས་ཀྱི་རིམ་པ་བཤད་དེ། སྤྱིར་རྩ་དབུ་མའི་ནང་ཇེ་ཆེར་སོང་བ་ལ་སེམས་གཏད་པས་མི་རྟོག་པ་འགྲུབ་པ་ནི་གཞན་དང་མཚུངས་ལ། ཁྱད་པར་དུ་འཕང་གཟུང་སྦྱང་གསུམ་གྱིས་རིག་པའི་གནད་ལ་བསྒེར་བས་རྣམ་པར་མི་རྟོག་པ་བཙན་ཐབས་སུ་ངོ་སྤྲད་པར་བྱ་བ་ནི། གསུམ་པ་མི་རྟོག་ཐབས་ཀྱིས་ངོ་སྤྲད་པ། །སྔོན་འགྲོ་སྔར་བཞིན་དངོས་གཞི་རྣམ་པ་གསུམ། །འཕང་བ་གཟུང་བར་སྦྱང་བའི་རིམ་པ་ལས། །འཕང་བ་སྙིང་གར་སེམས་ཉིད་འོད་གསལ་བ། །ཨ་འམ་འོད་ཀྱི་གོང་བུ་ཚོན་གང་ཞིག །ཧ་ཞེས་ཉེར་གཅིག་ངར་དང་བཅས་བརྗོད་པས། །རྒྱངས་ཀྱིས་སྤྱི་གཙུག་ནས་འཐོན་མཁའ་ལ་སོང་། །ཇེ་མཐོ་ཇེ་མཐོར་(༢༨)མཐར་ནི་བལྟར་མེད་པའི། །ངང་དུ་ལུས་སེམས་ཁོང་གློད་མཉམ་པར་གཞག །སྐད་ཅིག་དེ་ལ་རྣམ་རྟོག་རྒྱུན་ཆད་དེ། །སྨྲ་བསམ་བརྗོད་དུ་མེད་པའི་ངང་དུ་གནས། །ཉམས་ཀྱང་བལྟར་མེད་བསམ་ཡུལ་འདས་པ་འབྱུང་། །དེ་ལ་དབུ་མའི་སྟོང་ར་ཡན་ཆད་སྔར་བཞིན་བསྒོམས་པའི་སྙིང་ག་ནས་འོད་ལྔའི་གོང་བུ་ཡ་མཚན་པ་སྤྱི་གཙུག་ལས་འཐོན་ནས་ཇེ་མཐོ་ཇེ་མཐོ་ལ་སོང་བ་ལས། མཐར་བལྟར་མེད་པར་སོང་ལ། ཧ་དྲག་པོ་ཉི་ཤུ་རྩ་གཅིག་བརྗོད་ནས་ལུས་སེམས་གློད་པས། སྐད་ཅིག་དེ་ལ་སྨྲ་བསམ་བརྗོད་དུ་མེད་པའི་འོད་གསལ་འཆར་རོ། །ཉམས་ཀྱང་བསམ་དུ་མེད་པ་ནམ་མཁའ་ལྟ་བུར་མྱོང་བའོ། །ཐབས་གཉིས་པ་རིག་པ། གཟུང་བ་ཉི་མའི་ངོས་ལ་རྒྱབ་གཏད་དེ། །དྭངས་པའི་མཁའ་ལ་མིག་གཏད་ལྷན་ནེར་བཞག །རླུང་རྒྱུ་མི་ཚོར་ཅི་ནས་དལ་བར་བྱ། །མི་རྟོག་སྤྲོས་དང་བྲལ་བ་ཁོང་ནས་འཆར། །རང་བཞིན་ནམ་མཁའ་ལྟ་བུའི་སྟོང་ཉམས་སྐྱེ། །ནམ་མཁའ་རབ་ཏུ་དྭངས་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ནས་མིག་མི་འགུལ་བར་ནམ་མཁའི་དཀྱིལ་ལ་གཏད་ཅིང་རླུང་དལ་བས་ཕྱིར་གཟུང་བའི་སྐད་ཅིག་ལ་སྟོང་པའི་འོད་གསལ་འཆར་རོ། །ཉམས་ཀྱང་དྭངས་སངས། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུ་འབྱུང་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པས་རྟེན་འབྲེལ་གནད་གཅིག་པའི་ཕྱིར་རོ། །སྐབས་འདིར་ནམ་མཁའ་སུམ་སྤྲུགས་ཀྱི་དགོངས་པ་འཆར་ཏེ། སྟོང་གསལ་ཕྱིའི་ནམ་མཁའ་ལ་བརྟེན་ནས། རྟོག་མེད་ནང་གི་ནམ་མཁའ་ཤར་དུས། ཟང་ཐལ་གསང་བའི་ནམ་མཁའ་རིག་སྟོང་རྗེན་པར་རྟོགས་ཏེ། ཐབས་དང་བྱིན་རླབས་ཀྱིས་བསྒོམས་ལས་མཐོང་བར་འགྱུར་རོ། །འདི་ནི་བལ་པོ་ཀ་མ་ལ་ཤཱི་ལའི་གདམས་པ་མཆོག་ཏུ་ཟབ་མོའོ། །ཐབས་གསུམ་པ་རིག་པ་རྗེན་པར། སྦྱངས་པ་མཁའ་ལ་མི་གཏད་མ་ཡེངས་པར། །སེམས་གསལ་སྤྲོ་བསྡུ་མེད་པའི་ངང་དེ་ནས། །ས་རྡོ་རི་བྲག་སྣོད་བཅུད་ཐམས་ཅད་ཀྱང་། །ཟང་ཐལ་ནམ་མཁའ་གཅིག་ཏུ་སོང་བར་བསྒོམ། །རང་གི་ལུས་ཀྱང་རགས་པའི་མངོན་ཞེན་མེད། །སེམས་དང་ནམ་མཁའ་དབྱེར་མེད་ངང་དུ་གཞག །ཕྱི་ནང་བར་གསུམ་རྣམ་གཡེང་མེད་པའི་ཆོས། །ནམ་མཁའི་ངང་དེར་ལུས་སེམས་ཁོང་གློད་ལ། །དྲན་བསམ་ཡིད་ལ་བྱེད་པ་རང་ཞིའི་ངང་། །སྤྲོ་བསྡུ་མེད་པའི་སེམས་ཉིད་རང་སོར་གཞག །དེ་ཚེ་ཆོས་ཉིད་བསམ་བརྗོད་འདས་པའི་སེམས། །གཉིས་མེད་ནམ་མཁའ་ལྟ་བུའི་དགོངས་པ་འཆར། །འདི་ནི་དུས་གསུམ་རྒྱལ་བའི་སྙིང་པོ་ཡིན། །ནམ་མཁའ་ལ་རིག་པ་གཏད་པས་སྟོང་པར་ཕྱམ་གྱིས་སོང་དུས། ཕྱི་སྣང་བའི་དངོས་པོ་ས་རྡོ་རི་བྲག་ལ་སོགས་པ་སྣོད་བཅུད་ཐམས་ཅད་ཟང་(༢༩)ཐལ་རང་ཡལ་སོང་ནས་བར་སྣང་འདི་དང་འདྲེས་པར་བསམ་དུས། རང་གི་ལུས་ཀྱང་རང་ཡལ་ནམ་མཁའ་བཞིན་དུ་སོང་སྟེ། ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཕྱི་ནང་བར་མེད་ཧར་སང་ཕྱལ་པའི་ངང་ལ་སེམས་སྤྲོ་བསྡུ་མེད་པར་བཞག་པས། མཐའ་གྲོལ་ནམ་མཁའ་ལྟ་བུའི་དགོངས་པ་རང་ཤར་དུ་བྱུང་བ་ནི། ཀ་དག་ཆོས་ཟད་ཀྱི་དགོངས་པ་ཞེས་བྱ་སྟེ། ཀུན་བྱེད་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་སོ། །ཐབས་དེས་བསྒོམས་པའི་ཉམས་བསྟན་པ་ནི། དེ་ལྟར་བསྒོམས་པས་ཉམས་ཀྱང་རྣམ་པ་བཞི། །གང་སྣང་ཕྱམ་ཕྱམ་རགས་པའི་འདུ་ཤེས་མེད། །ཉིན་མཚན་མི་རྟོག་ངང་ལས་འབྲལ་མི་ཕོད། །དུག་ལྔ་རང་ཞི་སེམས་རྒྱུད་འཇམ་ལ་དེས། །ཆོས་ཀུན་ནམ་མཁའ་འདྲ་བའི་ཉམས་མྱོང་སྐྱེ། །འཕང་བ་གང་གཟུང་བ་དང་སྦྱང་བ་གསུམ་བསྒོམས་པ་ལས། དབུ་མའི་རྩ་སྦུག་དང་རིག་པ་ངོ་བོའི་ཉམས་ལས་ཅི་སྣང་གི་སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་ཕྱམ་ཕྱམ་གཅིག་ཏུ་ཤེས་ཏེ་རགས་པའི་འདུ་ཤེས་མེད་པ་དང་། ཉིན་མཚན་རྟོག་མེད་ལ་གནས་པ་དང་། ཉོན་མོངས་པ་སྐྱེ་རྒྱུ་མེད་པ་ལྟར་སོང་ནས། རྐྱེན་གང་ལའང་བདེ་དོགས་མེད་པས་ངང་རྒྱུད་འཇམ་དེས་སུ་གནས་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་རྟོགས་ནས་བྱ་རྩོལ་གྱི་འདུ་ཤེས་མེད་པའོ། །ཡོན་ཏན་ནི། དེ་ལྟར་མི་རྟོག་གསུམ་ལ་གོམས་པ་ཡིས། །སྤྱན་དང་མངོན་ཤེས་ཏིང་འཛིན་ཡོན་ཏན་འགྲུབ། །ཐབས་དང་ཤེས་རབ་ཞི་ལྷག་ཟུང་འབྲེལ་བས། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་ཚོགས་འགྲུབ། །ཐབས་གསུམ་པ་གོམས་པས་ཏིང་ངེ་འཛིན་འགྲུབ་སྟེ། སྤྱན་དང་མངོན་ཤེས་དང་། ཏིང་ངེ་འཛིན་སྔར་མེད་པ་དང་། ཐབས་དང་ཤེས་རབ་ཟུང་འབྲེལ་དང་། ཞི་ལྷག་ཟུང་འབྲེལ་གྱི་ལམ་གྲུབ་ནས། གནས་སྐབས་དང་མཐར་ཐུག་གི་ས་ལམ་དང་ཡོན་ཏན་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་དག་གི་དངོས་གཞི་ཇི་ལྟར་བསྒོམས་པའི་རིམ་པ་བསྟན་ཟིན་ཏོ། །

དོན་གསུམ་པ་དངོས་གཞི་ཉམས་སུ་ལེན་པ་ལ་གྲོགས་ཕན་པའི་ཡན་ལག་མཇུག་གི་གོ་ཆ་ཡིན་པས། དེ་བསྟན་པ་ནི། གསུམ་པ་རྗེས་ཀྱི་ཆོས་ལ་རྣམ་པ་བཞི། །ཉམས་དང་བོགས་འབྱིན་རྟོགས་པ་འབྲས་བུའོ། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་བཞི་ལས། དང་པོ། ཉམས་ལ་གཉིས་ལས་སྐྱོན་མེད་སྔར་བསྟན་ལ། །སྐྱོན་ཅན་སོ་སོའི་འཛིན་ཞེན་ལས་བྱུང་བ། །བདེ་ཆགས་གསལ་ཆགས་མི་རྟོག་ཆགས་པ་དང་། །མཐར་འཛིན་ཞེན་ལོག་དུག་དང་འདྲེས་པ་གསུམ། །བདེ་ལོག་ཁམས་འཛག་འདོད་ཆགས་རང་ག་དང་། །སྙིང་མི་དགའ་དང་བྱིང་བ་ཤས་ཆེ་དང་། །གསལ་ལོག་རླུང་རྒོད་ཞེ་སྡང་རང་ག་དང་། །རྣམ་རྟོག་རགས་དང་རྒོད་ཅིང་འཕྲོ་ཤས་ཆེ། །མི་རྟོག་ལོག་པ་གཏི་(༣༠)མུག་རང་ག་དང་། །སེམས་བྱིང་གཉིད་རྨུགས་ཆེ་དང་འདུ་ཤེས་མེད། །དེ་ལྟར་མཐུན་དང་ལོག་པའི་སྐྱོན་ཅན་རྣམས། །གང་བྱུང་ངོས་གཟུང་གཉེན་པོས་བཅོས་པར་བྱ། །དེ་ལ་གོམས་པ་ན་ཉམས་འཆར་ཏེ། དེ་ཡང་བཟང་ཉམས་དང་ངན་ཉམས་གཉིས་སུ་འདུ་བ་ལས། བཟང་ཉམས་ནི་སྔར་བསྟན་ཟིན་ཏོ། །ངན་ཉམས་ལ་ཚད་མེད་ཀྱང་། བསྡུ་ན་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱི་འཛིན་ཞེན་ལོག་པ་ལས་གྱུར་པ་གསུམ་ལས། དང་པོ་ནི་བདེ་བར་བསྒོམ་དུས་བདེ་བའི་ངང་ལ་ཆགས་པ་དང་། སེམས་ཉིད་བདེ་སྟོང་དུ་འདུག་སྙམ་པའི་འཛིན་ཞེན་དང་། དེ་ལས་གཞན་པ་ཡང་དག་གི་ལམ་མ་ཡིན་ནོ་སྙམ་པ་དང་། དེ་ཉིད་ལ་མཐར་འཛིན་པ་དང་། བདེ་བ་འདོད་ཆགས་ཀྱི་དུག་དང་འདྲེས་པ་མ་ཚོར་བ་སྟེ། གཉེན་པོ་ལས་གྱུར་པ་ལྔ་དང་། བདེ་ལོག་ཐིག་ལེའི་གེགས་ཏེ་འཛག་པ་དང་། འདོད་ཆགས་རང་གར་འཆར་ཞིང་དབང་པོ་རེངས་པ་དང་། ཁམས་འཛག་པས་སྙིང་མི་དགའ་བ་དང་། ཉོག་པས་ཤེས་པ་བྱིང་རྨུགས་སུ་གྱུར་པ་དང་། ཡུལ་ཡིད་ལ་བྱེད་པའི་འདོད་ཆགས་ཏེ། སྤང་བྱ་ལས་གྱུར་པ་ལྔའོ། །

གཉིས་པ་ནི། རླུང་བསྒོམ་དུས། གསལ་བའི་ངང་ལ་ཆགས་པ་དང་། སེམས་ཉིད་གསལ་སྟོང་དུ་འཛིན་པ་དང་། གཞན་གྱི་ལམ་ལ་བཏང་བ་དང་། དེ་ལ་མཐར་ཞེན་པ་དང་། གསལ་བ་ཞེ་སྡང་གི་དུག་དང་འདྲེས་པ་མ་ཚོར་བ་སྟེ། གཉེན་པོ་ལས་གྱུར་པ་ལྔ་དང་། གསལ་ལོག་རླུང་གི་གེགས་ཏེ་རླུང་ཧ་ཅང་རྒོད་པ་དང་། ཞེ་སྡང་རང་ག་མར་འཆོར་བ་དང་། རྣམ་རྟོག་ལྷག་གིས་རགས་པ་དང་། རླུང་འཐོམ་པ་ཟ་ཟིར་འཁོར་བ་དང་། གཅིག་ཏུ་སྡོད་སྙིང་མི་འདོད་པ་སྟེ། སྤང་བྱ་ལས་གྱུར་པ་ལྔའོ། །

གསུམ་པ་ནི་མི་རྟོག་པ་བསྒོམ་དུས། རྟོག་མེད་ཀྱི་ངང་ལ་ཆགས་པ་དང་། སེམས་ཉིད་སྟོང་ཆད་དུ་འཛིན་པ་དང་། ལམ་གཞན་ལ་བཏང་བ་དང་། སྟོང་པ་ལ་མཐར་འཛིན་པ་དང་། གཏི་མུག་གི་དུག་དང་འདྲེས་པ་མ་ཚོར་བ་དང་། གཉེན་པོ་ལས་གྱུར་པ་ལྔ་དང་། སྟོང་ལོག་རྟོག་མེད་ཀྱི་གེགས་ཏེ་ཤེས་པ་ལུང་མ་བསྟན་གཏི་མུག་རང་ག་དང་། དྭངས་མ་ཕྱིན་པས་བྱིང་བ་དང་། གསལ་ཆ་མ་ཐོན་པར་རྨུགས་པ་དང་། རང་གསལ་རྗེན་པ་ལ་མ་བུད་པས་སྟོང་པ་དང་། དྲན་མེད་སྟོང་པ་ལ་ཕྱང་ཆད་ཀྱི་ངང་ལ་འདུ་ཤེས་ཀྱི་རྒྱུ་བ་མེད་པར་འགག་པ་སྟེ། སྤང་ཆ་ལས་གྱུར་པ་ལྔའོ། །དེ་ཐམས་ཅད་བསྡོམས་པས་སུམ་ཅུར་གནས་པ་ནི་ཉམས་སུ་སྐྱོན་ཅན་ཏེ། བཅོས་ཐབས་ཐུན་མོང་བ་ནི་སོ་སོ་ངོས་བཟུང་ལ། དེའི་གཉེན་པོར་གང་ཆེ་བསྟེན་ཏེ་གོ་བར་སླའོ། །ཐུན་མོང་མ་ཡིན་པ་ནི་རིག་པ་རང་ངོ་ཤེས་པའི་གནད་གཅིག་པུ་འདིས་བཅོས་ཏེ། གེགས་གང་བྱུང་ཡང་ངོས་བཟུང་ལ། བླ་མའི་(༣༡)མོས་གུས་གསོལ་འདེབས་དང་བཅས་པ་དྲག་ལ་བྱིན་ཕེབས་པ་ཞིག་བྱས་ནས། གེགས་དེ་གང་ལས་བྱུང་། ག་ན་འདུག །སུ་གནོད་བརྟགས་པས་དེ་རྣམས་མ་རྙེད་པ་རིག་པ་ཟང་ཀ །རྗེན་པ་དེ་སང་ངེ་འདུག་དུས། ཐམས་ཅད་རིག་པའི་རང་མདངས་སུ་གྲོལ་ཏེ། བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱའོ། །

དེ་ཡང་གང་ཤར་ཅི་བྱུང་སྐྱོན་ཡོན་དུ་གྱུར་ཚད། ཐམས་ཅད་རིག་པའི་རོལ་པ་ལས་གཞན་མེད་དེ། བདེ་ཡང་རིག་པ་སྡུག་ཀྱང་རིག་པ་ན་ཡང་རིག་པ་དགའ་ཡང་རིག་པ། ཁོ་མ་གཏོགས་པ་གང་ཡང་མེད་པས། གནད་འདི་གོ་ན་ཤིན་ཏུ་སྐྱིད་པ་ཞིག་ལགས་སོ། །ཁོ་བོས་གེགས་ཐམས་ཅད་འདིར་བསལ་བས་ཤིན་ཏུ་སྐྱིད་པར་བྱུང་ངོ་། །གེགས་དང་མི་འདོད་པ་ཅི་བྱུང་དུས་དགེ་སྦྱོར་དུ་ཧྲིལ་འགྲོ་བ་ཞིག་རྣལ་འབྱོར་པ་ལ་དགོས་པ་ལགས་སོ། །དེ་མ་ཡིན་པར་ཐབས་གཞན་བྱེད་ན་སྡུག་པ་ཞེས་བྱ་སྟེ། གག་པོ་གདོད་ཀྱིས་མཆིའོ། །གང་བྱུང་ཡང་ནང་དུ་རྣམ་རྟོག་ལ་རིག་པ་དྭངས་ཕྱེད་པར་མཛོད་དང་གེགས་བཙལ་གྱིས་རྙེད་པར་མི་གདའོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་གལ་པོ་ཆེ་མངོན་དུ་ཕྱུང་ནས་ཉམས་ལེན་ལྟར་བཀོད་པའོ། །དོན་གཉིས་པ་ཏིང་ངེ་འཛིན་གྱི་བོགས་གོང་དུ་འབྱུང་བའི་ཐབས་མ་ཉམས་པ་བཅོས་པ་དང་། གོང་དུ་སྤེལ་བ་གཉིས་ལས། ཉམས་སྐྱོན་ཅན་བཅོས་པའི་རིམ་པ་བསྟན་པ་ནི། བོགས་འབྱིན་ཉམས་བཅོས་ཐབས་དང་གོང་དུ་སྤེལ། །ཉམས་བཅོས་པ་ཡང་རྣམ་པ་གསུམ་ཉིད་དེ། །རབ་ཀྱིས་ལྟ་བས་བཅོས་ཏེ་ཆོས་རྣམས་ཀུན། །བློ་བཏགས་སྒྱུ་འདྲ་ངོ་བོ་ངོས་གཟུང་མེད། །ཕྱམ་གཅིག་མཁའ་འདྲ་སྙེམས་བྲལ་རང་ངོས་སྟོང་། །འཛིན་ཞེན་མེད་པའི་ངང་དེར་ལ་བཟླའོ། །གོལ་སྒྲིབ་ཉམས་ཏེ་གནས་ལུགས་ཆེན་པོར་འཆར། །བར་ཆད་དགེ་བསྐུལ་རྐྱེན་ངན་བྱང་ཆུབ་གྲོགས། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །ཕྱོགས་བྲལ་ནམ་མཁའ་འདྲ་བའི་རྟོགས་པ་འཆར། །རྣལ་འབྱོར་པ་རབ་ཀྱིས་ཐམས་ཅད་སྒྱུ་མ་ལྟར་ངོ་བོ་མེད་པར་རྟོགས་པས་གེགས་གཞི་གྲོལ་ཆོས་ཉིད་ཀྱི་རྟོགས་པ་འཆར་བའོ། །དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་སྣང་བ་ལ་རང་བཞིན་མེད་པར་ཡེ་ནས་གནས་ཏེ། བརྒྱད་སྟོང་པའི་བརྒྱ་བྱིན་གྱི་ལེའུ་ལས། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སྨྲའོ། །དེ་ནི་འདི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པའི་ཆོས་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་སོ། །དེའང་སེམས་ཅན་(༣༢)ལ་ལས་ཀྱི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་ཀྱི་སྒྱུ་མ། སངས་རྒྱས་ལ་དག་པའི་སྒྱུ་མར་གནས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །རང་བྱུང་དག་པར་འཆར་བ་ནི། །རྣལ་འབྱོར་པ་ལ་དངོས་གྲུབ་ཀྱི། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །ཞེས་སོ། །དེ་ཡང་རྣལ་འབྱོར་པས་གཞི་ལམ་འབྲས་གསུམ་གྱི་སྒྱུ་མར་ཤེས་པར་བྱ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གདོད་ནས་གཞི་རྣམས་མ་གྲུབ་པ། །རང་བཞིན་གནས་པའི་སྒྱུ་མ་སྟེ། །གོ་དང་རྟག་ཆད་ཉམས་དང་ནི། །གང་ཤར་རྟོགས་པའི་སྒྱུ་མ་འོ། །ཞེས་སོ། །དེ་ལྟར་བསྐྱེད་རྫོགས་སྒྱུ་མའི་རོལ་པར་ཆོས་ཐམས་ཅད་ཤེས་པར་བྱ་སྟེ། དེ་ཉིད་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཞེས་སོ། །དེ་ལྟར་ན་རྐྱེན་གྱི་སྒྱུ་མ་མེད་པར་གསལ་སྣང་གི་ཆོས་ཐམས་ཅད་མཚོན་ནས་བདེན་མེད་བསྟན་ཞིང་། ལས་ཀྱི་སྒྱུ་མ་ཁམས་གསུམ་ལས་ཐར་པར་བྱ་བའི་ཕྱིར། ཆོས་ཀྱི་སྒྱུ་མ་ལམ་བསྒོམ་པ་དང་གང་ཟག་ངོ་བོ་མེད་པར་བསྟན་པའི་མཐར་ཡེ་ཤེས་སྒྱུ་མ་རྫོགས་པའི་སངས་རྒྱས་འགྲུབ་པས་དེ་ལྟར་རྟོགས་པར་གདམས་ཏེ། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཆོས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ་། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། །ཞེས་སོ། །དེ་ལྟར་བླང་དོར་ཤེས་པས་སྒྱུ་མར་སྦྱོང་བའི་དུས་ནས། ཆོས་ཐམས་ཅད་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་མི་གནས་སྒྱུ་མའི་རང་བཞིན་ལས། །འགག་པ་མེད་པའི་རོལ་པར་རང་བྱུང་བའོ། །ཞེས་སོ། །འདི་དག་གི་ཚུལ་རྒྱས་པར་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོར་བལྟའོ། །དེ་ནས་རྣལ་འབྱོར་པ། འབྲིང་གིས་སྒོམ་པས་བཅོས་ཏེ་དྭངས་ཕྱུང་(༣༣)ལ། །ཤེས་པ་འཇུར་ལ་ཐེབས་ཤིང་དྲན་པས་གཟུང་། །མ་ཡེངས་བདེ་གསལ་མི་རྟོག་ངང་ལ་གཞག །ཡེངས་དང་འཇུར་ལ་མ་ཐེབས་སྐྱོན་ཡིན་པས། །སྐད་ཅིག་མ་ཡེངས་ངང་ལ་གཞག་པ་གཅེས། །སྒོམ་སྐྱོན་ཐམས་ཅད་རིག་པ་འཇུར་ལ་མ་ཐེབས་ཤིང་ཡེངས་པ་ལས། རྟེན་རྩ་རླུང་ཐིག་ལེ་དང་བརྟེན་པ་སེམས་ཀྱི་གེགས་རྣམས་འབྱུང་བས། འདིར་རྣལ་འབྱོར་པ་འབྲིང་གིས་སྤྱི་དང་བྱེ་བྲག་གི་བཅོས་ཐབས་གཉིས་སུ་ཤེས་པར་བྱ་བ་ལས། སྤྱིར་བཅོས་པ་ནི་གེགས་གང་ལའང་རིག་པ་རང་དྭངས་བསྒོམ་པ་ངོས་བཟུང་ནས། བདེ་གསལ་མི་རྟོག་པའི་ངང་ལ་དྭངས་ཕྱིན་པར་བསྒོམས་པས། སྒོམ་སྐྱོན་དེ་ཉིད་སྒོམ་གྱི་ངོ་བོ་ལྷག་མེད་འཆར་བ་ཡིན་ནོ། །བརྟག་གཉིས་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་གསོ་བར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་ན། །ཆུ་གཞན་གྱིས་ནི་འབྱིན་པ་ལྟར། །ཞེས་བཤད་པ་དང་ཆོས་མཐུན་པ་ཡིན་ནོ། །བྱེ་བྲག་ཏུ་བཅོས་པ་ལ་གསུམ་ལས། བདེ་ལོག་བཅོས་པ་ལ་ནི། ཁམས་འཛག་པ་ལ་རྡོ་རྗེའི་བུམ་པ་རུ། །ཧཱུྃ་ལས་མེ་འབར་ལུས་ནང་ཁམས་ཀུན་བསྲེགས། །ཅི་ཡང་མེད་པའི་ངང་ལ་བསྒོམ་པས་སེལ། །ནད་འཛག་གདོན་འཛག་གང་ལའང་གནད་འདི་ཐབ། །བདེ་ལ་འཛིན་པ་བཤིག་ནས་སྟོང་པར་བསྒོམ། །འདོད་ཆགས་རང་ཀའི་སེམས་ལ་ཆེར་བལྟས་པས། །བཅོས་བསླད་རེ་དོགས་མེད་པའི་ངང་བཞག་པས། །འདོད་ཆགས་རང་གྲོལ་བདེ་སྟོང་ཡེ་ཤེས་འཆར། །སྙིང་མི་དགའ་བ་ཐིག་ལེ་ཉམས་པའི་སྐྱོན། །དེ་ལ་འབར་འཛག་བདེ་བའི་བསམ་གཏན་བསྒོམ། །བྱིང་ཤས་ཆེན་ན་དྭངས་སྙིགས་མ་ཕྱེད་སྐྱོན། །དེ་ལ་ལུས་གནད་དྲང་པོར་འདུས་བྱས་ལ། །ཁ་སྦྱར་རླུང་བཟུང་སྙིང་ནང་འོད་ཀྱིས་ཁེངས། །སྣང་སྲིད་འོད་ཁེངས་གསལ་སྟོང་བསྒོམས་པས་གྲོལ། །བདེ་སྟོང་བསྒོམ་དུས་གཉེན་པོའི་སྐྱོན་ལྔ་ནི་དགའ་བྲོད་དུ་བཟུང་བ་ལས་བྱུང་བས། དགའ་དུས་ཀྱི་རང་ངོ་ལ་བལྟས་པས་སྟོང་པར་སང་གིས་འགྲོ་བའི་ངང་ལ་བསྒོམས་པས་སེལ་ལོ། །སྤང་བྱའི་ལྔ་ལས། འདོད་ཆགས་རང་གར་འཆར་ན་དེའི་ངོ་བོ་ལ་གཏད་ནས་བསྒོམས་པས་འདོད་ཆགས་རང་གྲོལ་བདེ་བ་ཆེན་པོར་འཆར་རོ། །ཁམས་འཛག་ན་རྡོ་རྗེའི་བུམ་པར་ཧཱུྃ་མཐིང་ནག་ལས་མེ་འབར་ཏེ་ས་བོན་ཐམས་ཅད་ཚིག་ནས་སྟོང་པར་བསམས་པས་སེལ་ལོ། །བྱིང་རྨུགས་ཆེ་ན་སྔར་རླུང་བསྒོམས་པའི་ཚུལ་དེས་སེལ་ལོ། །སྙིང་མི་དགའ་ན་ཐིག་ལེའི་ཡར་འཇོག་ནི། ལྟེ་བའི་ཨ་ཐུང་ལས་མེ་འབར་ཏེ། སྤྱི་བོའི་ཧཾ་ལ་རེག་པས་བདུད་རྩི་བབས་པས་ལུས་ཁེངས། ཡང་བ་སྤུའི་བུ་གའི་བར་མེ་འབར་བས་ཁམས་དྭངས་མ་ཐམས་ཅད་བཞུ་སྟེ། ལུས་ནང་ཐམས་ཅད་བདེ་བས་ཁྱབ་པར་བསྒོམས་ཏེ། (༣༤)བརྟག་གཉིས་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་པ་དང་། སཾ་པུ་ཊི་ལས། སྐྲ་ཡི་རྩེ་མོའི་ཁྱོན་ཙམ་སྟེ། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་བུ་གའི་མཚམས་ནས་ནི། །བྱུང་ནས་ཕྱོགས་བཅུར་གནས་པ་ཡི། །ལྷ་དང་ལྷ་མིན་སྡིགས་པར་མཛོད། །ཅེས་སོ། །གསལ་ལོག་བཅོས་པ་ནི། གསལ་འཛིན་ཉམས་ལ་འཛིན་མེད་ཆེན་པོར་སྦྱོང་། །གསལ་ལོག་རྨུགས་ན་དྭངས་གསལ་སེམས་བསྒོམ་ཞིང་། །རྒོད་ཅིང་འཕྲོ་ན་མིག་བཙུམས་སྙིང་ནང་དུ། །འོད་དང་ཡི་གེ་པདྨ་རལ་གྲི་དང་། །རྒྱ་གྲམ་བསྒོམས་ལ་ཇེ་དམའ་ཇེ་དམའ་ལས། །སྙིང་གའི་ནང་ལས་ལུང་ཐག་ཇེ་རིང་སོང་། །འོག་གཞི་གསེར་གྱི་ས་གཞིར་བབས་པར་བསྒོམ། །དེས་ནི་མི་སེལ་མི་སྲིད་ངེས་པའི་གནད། །ཞེ་སྡང་རང་ཀ་འཕྲོ་རྒོད་ཙན་ནེ་བཞག །གསལ་སྟོང་མེ་ལོང་ཡེ་ཤེས་ངང་དུ་གྲོལ། །གསལ་ཆགས་གཉེན་པོ་མཆོག་ཟིན་ལྔ་ནི། རང་ངོ་དེ་ངོས་བཟུང་ལ་བལྟས་པས་ཡུལ་མེད་རང་གྲོལ་ལ་འགྲོ་བ་ཡིན་ནོ། །སྤང་བྱ་ལྔ་ལས་ཞེ་སྡང་རང་ཀ་དེའི་ངོ་བོ་ལ་བལྟས་པས་གྲོལ་ལོ། །རྨུགས་འཐོམས་ལ་དྭངས་ཕྱུངས་ནས་བསྒོམས་པས་སེལ་ལོ། །རླུང་རྒོད་ན་མིག་བཙུམས་སྙིང་ནང་དུ་ལྷའི་ཡི་གེ་བསྒོམས་པས་སེལ་ལོ། །སེམས་རབ་ཏུ་འཕྲོ་ཞིང་མ་ཟིན་ན་སྙིང་ནང་ནས་པདྨའམ་རྡོ་རྗེ་རྒྱ་གྲམ་ལ་སོགས་པའི་ཐུར་དུ་ཡུ་བའམ་ཐག་པ་ཇེ་རིང་ལ་སོང་ནས་དབང་ཆེན་གསེར་གྱི་ས་གཞི་ལ་བབས་ཏེ་བསྟན་པར་བསམས་པའི་ངང་ལ་རིང་དུ་བསྒོམས་པས་སེལ་ལོ། །ངེས་པའི་གནད་དོ། །མི་རྟོག་པའི་ལས་བཅོས་པ་ནི། མི་རྟོག་ངང་འཆར་འཛིན་མེད་གནད་ཀྱིས་སྦྱང་། །གཏི་མུག་སེམས་དེ་ངོས་གཟུང་ཅེར་གྱིས་བརྟག །སྐད་ཅིག་རང་གྲོལ་ཆོས་དབྱིངས་ཡེ་ཤེས་འཆར། །བྱིང་ཞིང་རྨུགས་ཏེ་འདུ་ཤེས་མེད་པ་ན། །སྙིང་གར་འོད་བསྒོམས་ཚང་བུག་ནས་འཐོན་ཏེ། །གཞུ་གང་ཙམ་གྱི་ནམ་མཁར་ལྡེང་ངེ་གནས། །དེ་ལ་སེམས་བཟུང་སྤྲོས་ཀུན་བྲལ་བར་གནས། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །མི་རྟོག་པ་བསྒོམས་དུས་གཉེན་པོ་ལ་ཞེན་པ་ལྔ་ནི་རང་ངོ་ལ་བལྟས་པས་སེལ་ལ། སྤང་བྱ་ལྔ་ལས་གཏི་མུག་གི་སེམས་རང་ཀ་མ་དེ་རང་ངོ་ལ་བལྟས་པས་རྟོག་མེད་རང་དྭངས་ཐོན་དུས་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ལོ། །བྱིང་རྨུགས་དང་འདུ་ཤེས་མེད་པ་ལ་སྔོན་རོལ་དེར་དྭངས་བྱུང་བས་ཀྱང་སེལ་ལ། སྙིང་ནས་འོད་སྒོ་ང་ལྟར་འཚེར་བ་འཕར་ཏེ། སྟེང་གི་གཞུ་གང་གི་ནམ་མཁའ་ལ་ལྡིང་ངེ་ཡོད་པར་སེམས་བཟུང་བས་སེལ་ལོ། །འདི་ནི་རིག་པ་གསལ་ཀ་སྟོན་པ་ཞེས་བྱ་བར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་མན་ངག་གོ། །བསྡུ་བ་ནི། སྤྱིར་ནི་གང་ལའང་འཛིན་མེད་གནད་དུ་ཆེ། །རེ་དོགས་བྲལ་ན་གེགས་རྣམས་ཀུན་ལས་གྲོལ། །སྟོང་གསལ་སེམས་ཉིད་དྭངས་པའི་(༣༥)ངང་ཉིད་དུ། །བློ་ཡི་རྣམ་པ་སྤྲོས་དང་བྲལ་བར་གཞག །གེགས་དང་སྤང་བྱའི་འཕྲང་ལས་གྲོལ་བར་ངེས། །གེགས་དང་བཟང་ངན་གང་ལའང་ངོས་ཟིན་ན་རིག་པ་ལས་མེད་པས། རིག་པ་འཛིན་མེད་སྟོང་གསལ་དུ་བཞག་པ་ཙམ་གྱིས་སེལ་ཏེ། དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །ཞེས་གསུངས་པ་བཞིན་ནོ། །

དོན་གསུམ་པ་དབང་པོ། ཐ་མར་སྤྱོད་པས་བཅོས་པའི་རིམ་པ་ཡང་། །ལྟ་སྟངས་རྫས་དང་རྟེན་འབྲེལ་གསུམ་ཉིད་ལས། །སྤྱི་ཡི་ལྟ་སྟངས་རྣམ་སྣང་ཆོས་བདུན་ཏེ། །སྐྱིལ་ཀྲུང་མིག་མི་འགུལ་དང་རླུང་དལ་དང་། །མཉམ་གཞག་མགྲིན་པ་དགུག་དང་ལྕེ་རྩེ་རྐན། །སྣ་རྩེར་མིག་ཕབ་བལྟ་བས་རླུང་སེམས་སྙོམས། །བྱིང་རྒོད་མེད་ཅིང་མ་ནོར་བསམ་གཏན་སྐྱེ། །འདི་ལྟར་སྐྱོན་ཀུན་ལུས་གནད་འཁྲུགས་པ་ཡིས། །རྩ་འཁྲུགས་རླུང་འཁྲུགས་ཐིག་ལེ་འཁྲུགས་ལས་བྱུང་། །དེ་བས་མ་འཁྲུགས་མཉམ་པར་གཞག་པ་གཅེས། །ཡོན་ཏན་ཡང་ནི་རྩ་ཐིག་རླུང་གསུམ་ཉིད། །མི་གཡོ་གནད་དུ་སོང་ལས་འབྱུང་བས་ན། །དེ་ཕྱིར་གནད་འདི་རྟོགས་པ་རབ་ཏུ་གཅེས། །དེ་ལ་གེགས་དང་སྐྱེད་མེད་པ་ཐམས་ཅད་རྩ་རླུང་གནད་དུ་གཏོང་བའི་ལུས་གནད་མ་ཤེས་ན་ལས་འབྱུང་ཞིང་། ཡོན་ཏན་ཡང་ལུས་གནད་ལེགས་པར་བཅས་པ་ལས་འབྱུང་སྟེ། རྡོ་རྗེའི་ལུས་ལས་རྩ་ཐིག་རླུང་གསུམ་གྱི་འཕྲོ་འདུ་ལེགས་ཉེས་ཀྱི་བྱེད་པས་བདེ་སྡུག་གི་སྣང་བ་དང་ཉམས་བཟང་ངན་དུ་འཆར་བའི་ཕྱིར་རོ། །སྔོན་རང་སངས་རྒྱས་མཐོང་བའི་ཕ་རོལ་དྲང་སྲོང་ནགས་ན་འཁོད་པའི་དྲུང་དུ་ཕྱིན་པ་ན། དེ་དག་ལ་ལ་ནི་ཉལ། ལ་ལ་ནི་ཁྲོས་པ་ལ་སོགས་པ་མཐོང་ནས་སྤྲེའུས་ལུས་གནད་བཅོས་པས། དེ་དག་གི་རྣམ་སྣང་ཆོས་བདུན་དེ་ལ་ངོ་མཚར་སྐྱེས་པས། ལུས་གནད་དེ་བཅས་པས། རིང་པོར་མ་ཐོགས་པར་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ཐོབ་པར་འདུལ་བ་ལུང་ལས་བཤད་དོ། །དེའི་ཕྱིར་ལུས་དྲང་པོ་བསྲངས་ཏེ་སྐྱིལ་ཀྲུང་བཅའ་བ། མིག་མི་འགུལ་བ། ལག་པ་མཉམ་གཞག །ལྕེ་རྩེ་ཡར་རྐན། མགྲིན་པ་ཨན་དགུག །རླུང་དལ་བུ། མིག་ཐུར་ལ་དབབ་པ་སྟེ་བདུན་པོ་བཅས་པ་ཙམ་གྱིས་བསམ་གཏན་ངང་གིས་སྐྱེ་སྟེ། རྩ་རླུང་ཐིག་ལེ་རང་བཞིན་གྱིས་འཆིང་ཞིང་རིག་པ་རང་གནས་སུ་འགྱུར་བའི་ཕྱིར་རོ། །འདི་དག་གི་སྐབས་སུ། འཁྲུལ་འཁོར་ལུས་སྦྱོང་གཞན་དང་འདྲ་བ་ལས། །ཁྱད་པར་དལ་འཇམ་མ་འཁྲུགས་གནད་དུ་ཆེ། །འཇམ་ལ་རྩུབ་དང་རྩུབ་ལ་འཇམ་པ་གནད། །ཁམས་དང་བསྟུན་པ་ཤིན་ཏུ་གཅེས་པ་ཡིན། །ལུས་སྦྱོང་ཡང་རྩ་རླུང་གནད་དུ་འགྲོ་བའི་གྲོགས་ཏེ། འཆི་མེད་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་གནད་(༣༦)ལ་སོགས་པ། རྩ་རླུང་པ་གཞན་དང་འདྲ་བ་ལས། ཁྱད་པར་དུ་དེ་དག་གིས་ལུས་མ་འཁྲུགས་པར་དལ་འཇམ་དུ་བྱ་བ་གནད་དོ། །རླུང་ཡང་འཇམ་རླུང་ལ་བོགས་རྩུབ་རླུང་གིས་འདོན་ཅིང་རྩུབ་རླུང་ལ་འཇམ་རླུང་གིས་འདོན་པ་དང་། གཉིས་ཀའི་རླུང་མ་ནིང་རླུང་གིས་རྣལ་འབྱོར་གྱི་བོགས་འདོན་པ་ནི་གནད་གལ་པོ་ཆེའོ། །བདེ་གསལ་མི་རྟོག་པ་གསུམ་གྱི་ལུས་གནད་བྱེ་བྲག་ཏུ་བཤད་པ་ནི། བྱེ་བྲག་བདེ་ལ་ལག་པ་གྲུ་མོར་བསྣོལ། །མིག་ཕབ་བདེ་ལ་སེམས་བཟུང་གནད་ཡིན་ནོ། །གསལ་ལ་ལག་གཉིས་པུས་མོའི་སྟེང་དུ་དགབ། །རླུང་དལ་མིག་ནི་བར་སྣང་ཧར་པོར་བལྟ། །མི་རྟོག་ཆོས་བདུན་རང་ཀར་གནས་པས་འགྲུབ། །བདེ་བ་བསྒོམ་དུས་ཆོས་བདུན་ལས་ལག་ངར་གཉིས་བསྣོལ་བས་བདེ་བ་མྱོང་བྱེད་དང་ཁམས་དང་རླུང་འཆིང་བའི་གནད་དོ། །གསལ་བ་བསྒོམ་དུས་མཇིང་པ་ཅུང་ཟད་ཕྱིར་བསྐྱེད། ལག་པ་པུས་མོ་ལ་བཀབ་རླུང་དལ། མིག་ཧར་པོར་གཏད་པས་འོད་གསལ་གྱི་རང་སོར་གནས་པའི་གནད་དོ། །མི་རྟོག་པ་ནི་ཆོས་བདུན་རང་ལུགས་ཀྱིས་འགྲུབ་བོ། །ཉམས་ལོག་པའི་གེགས་རྫས་ཀྱིས་བཅོས་པ་ནི་གསུམ་ཉིད་དེ། རྫས་ནི་དུས་དང་མཐུན་པའི་གནས་དང་གྲོགས། །བཟའ་བཏུང་ལ་སོགས་ཉམས་ལ་གང་ཕན་བསྟེན། །བདེ་བའི་རྫས་ཁ་ཟས་བཅུད་ཅན་དང་། སྨན་སྦྲང་རྩིའི་རིལ་བུ་བཟའ་བ་དང་། གྲོགས་ཕྱག་རྒྱ་མཚན་ལྡན་བསྟེན་པ་ལ་སོགས་པའོ། །གསལ་བའི་རྫས་ཁ་ཟས་བསིལ་བ་དང་གནས་མཐོ་ཞིང་སྣང་བ་ཆེ་བ་ལ་སོགས་པའོ། །མི་རྟོག་པའི་རྫས་གནས་དྲོ་ཞིང་འཐིབས་པ་དང་། ཟས་དྲོད་དང་། སྤྱོད་ལམ་དལ་བར་གནས་པའོ། །ཉམས་རྟེན་འབྲེལ་གྱིས་བཅོས་པ་ནི་གསུམ་ཉིད་དེ། རྟེན་འབྲེལ་ཁམས་འཛག་པ་ལ་གཞོན་ནུ་མས། །བཀལ་བའི་སྐུད་པ་སུམ་སྒྲིལ་སྔགས་བཟླས་ཏེ། །སྐེད་པར་བཅིངས་པས་ཐིག་ལེ་བསྲུང་བ་ཡིན། །རྟོག་པ་འཕྲོ་ན་ཙནྡན་གེ་སར་དང་། །ཞུན་ཆེན་རིལ་བུ་བསྟེན་པས་མི་རྟོག་འགྲུབ། །རྨུགས་ན་གུར་གུམ་ག་པུར་བྱང་ཆུབ་སེམས། །རིལ་བུས་ཏིང་འཛིན་འགྲུབ་པར་རྒྱུད་ལས་གསུངས། །བདེ་ཉམས་ཁམས་འཛག་ན་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བཀལ་བའི་སྐུད་པ་སུམ་སྒྲིལ་ལ། ཁྲོ་བོར་བསྐྱེད་ནས་དྲག་སྔགས་བཟླས་པའི་སྔགས་མདུད་བདུན་བྱས་པའི་སྲད་བུ་སྐེད་པར་བཅིངས་པའི་སྣ་གཅིག་རྡོ་རྗེའི་རྩ་བར་བཅིངས་ལ་ཉལ་བས་ཐུབ་བོ། །རྟོག་པ་འཕྲོ་ན་གསལ་ཉམས་འགྲིབ་སྟེ། ཙནྡན་དཀར་དམར་དང་། ནཱ་ག་གེ་སར་དང་། མིའི་ཞུན་ཆེན་སྦྱར་བའི་རིལ་བུ་ལྟོ་སྟོང་ལ་བསྟེན་པས་བསམ་གཏན་འགྲུབ་བོ། །བྱིང་རྨུགས་ནི་མི་རྟོག་པའི་ཉམས་འཕྲོག་(༣༧)པ་སྟེ། ག་པུར་དང་། གུར་གུམ་དང་། བྱང་སེམས་དཀར་དམར་གྱི་རིལ་བུ་བསྟེན་པས་སེལ་ལོ། །སྒྱུ་འཕྲུལ་དྲྭ་བ་ལས། ཙནྡན་གེ་སར་ཞུན་ཆེན་གྱིས། །རང་བཞིན་སེམས་དལ་བསམ་གཏན་འགྲུབ། །གུར་གུམ་ག་པུར་བྱང་ཆུབ་སེམས། །མཁའ་མཉམ་བྱང་ཆུབ་རྡོ་རྗེའི་རྫས། །མི་བསྐྱོད་བསྟེན་པའི་རྣལ་འབྱོར་གྱིས། །རྒས་ཤིང་ཟིལ་གྱིས་གནོན་པ་འགྲུབ། །ཅེས་སོ། །དོན་གསུམ་པ་བདེ་གསལ་མི་རྟོག་པའི་ཡེ་ཤེས་གོང་དུ་འཕེལ་བ་ལ། སྤྱི་དང་བྱེ་བྲག་རྣམ་པ་གཉིས་ལས། སྤྱིར་བསྟན་པ་ནི། བདེ་གསལ་མི་རྟོག་སྐྱོན་མེད་གོང་འཕེལ་ན། །དམིགས་པ་གང་རུང་སེམས་བཟུང་མཆོག་ཏུ་བསྔགས། །དང་པོ་དམིགས་ཡུལ་མ་གཏད་བསྒོམས་པ་ཡིས། །དེ་རྗེས་དམིགས་མེད་ངང་དུ་ལྷན་གྱིས་འགྲོ། །གནད་འདི་ཤིན་ཏུ་ཡང་ཟབ་མཆོག་ཡིན་པས། །སྐལ་ལྡན་རྣམས་ཀྱིས་དང་དུ་བླང་བར་བྱ། །མཚན་བཅས་ཡིན་ཞེས་སྤོང་བ་བླུན་པོའི་ལམ། །ཉམས་མྱོང་མེད་པའི་ལུགས་ངན་དོར་བར་བྱ། །བདེ་སྟོང་ཆེན་པོའི་དམིགས་རྟེན་ཐིག་ལེ་འབར་འཛག །གསལ་སྟོང་གི་དམིགས་རྟེན་རླུང་གི་ཁ་དོག་མི་རྟོག་གི་རྟེན་ནམ་མཁའ་དག་པ་རྣམས་ལ་ཆེས་ཆེར་མ་ཡེངས་པར་སེམས་གཏད་དུས། རྟོག་པ་གཞན་རྣམས་དེར་ནུབ་ལ། དེ་ཡང་དེའི་རྫས་ལ་ཡིད་ལ་མི་བྱེད་པར་ལྷན་གྱིས་བདེ་གསལ་མི་རྟོག་པའི་ངང་སོ་སོ་ལ་གནས་པ་ནི། ཟབ་མོའི་དོན་གནད་ལས་སྐྱེས་པ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་གང་ཡང་རུང་ཅིག་ལ། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །ཅི་ཡང་མེད་ཅིང་བསྒོམས་པ་ཡིས། །ཕྱི་ནས་དེ་ཡང་རབ་ཏུ་སྤོང་། །ཞེས་པའི་དོན་ཏོ། །ཁ་ཅིག་མཚན་བཅས་དེས་ཅི་བྱ་ཟེར་བ་ནི། གནད་མེད་ལ་མྱོང་བ་ཏིལ་ཤུན་ཙམ་མེད་པ་སྟེ་ཡིད་བརྟན་དུ་མི་རུང་བར་ཤེས་པར་བྱོས་ཤིག །བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས། བདེ་བའི་བོགས་འབྱིན་བསྟན་པ་ནི། ཁྱད་པར་བདེ་དམིགས་བོགས་འབྱིན་དམ་པ་ནི། །འོག་རླུང་འཐེན་ལ་གསང་བའི་གནས་ཉིད་ནས། །ཐིག་ལེ་ཡར་ཐིམ་སྤྱི་གཙུག་ཉིད་དུ་ཐིམ། །གང་ཡང་དམིགས་མེད་ངང་དུ་གཞག་པར་བྱ། །དེ་རྗེས་སྟེང་འོག་ཁ་སྦྱར་རླུང་བཟུང་ལ། །སྙིང་གར་སེམས་གཏད་སྐྱེ་མེད་ངང་ལ་གཞག །བདེ་གསལ་སྤྲོས་བྲལ་ངང་ལ་གནས་པ་ཡིན། །འདིར་མཆོག་གི་རྣལ་འབྱོར་པ་ཕྱག་རྒྱ་དང་མཉམ་པར་སྦྱོར་ལ། ཐུན་མོང་གི་རྣལ་འབྱོར་པ་ཡིད་ཀྱི་རིག་མ་བསྟེན་ནས། ཐིག་ལེ་གསང་བར་བབ་དུས་རླུང་དྲག་ཏུ་འཐེན་ནས། ཐིག་ལེ་བ་ཐག་ལྟ་བུར་ཡར་འདུས་ཏེ་སྤྱི་བོའི་ཧཾ་ལ་ཐིམ། དེ་ཡང་མི་དམིགས་པར་བཞག་པའི་རྗེས་ལ། རླུང་ཁ་སྦྱར་བཟུང་ནས་ཡིད་ལ་མི་བྱེད་པའི་ངང་ལ་གློད་པས། བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་(༣༨)ལ་གནས་པ་ཡིན་ནོ། །ཡིད་ཀྱི་རིག་མ་ནི། སཾ་པུ་ཊི་ལས། སྐྱེ་བོ་མི་བསྲུན་དྲུང་དག་ཏུ། །རྣལ་འབྱོར་པ་ནི་གནས་པའི་ཚེ། །བསྟན་ལ་སྨོད་པས་འཇིགས་པའི་ཕྱིར། །རང་སེམས་ཙམ་ལ་མོས་པ་བྱ། །ཞེས་སོ། །འདི་ནི་གནད་ཅུང་ཟད་བཤད་ན། རང་ཉིད་ཡི་དམ་ཡབ་ཡུམ་དུ་བསྒོམས་པའི་མདུན་དུ། མིའི་བུ་མོ་ཤིན་ཏུ་མཛེས་པ་ཅིག་བསམས་ལ་ཆགས་པས་ཡུན་རིང་བལྟས་ན། དེ་རྡོ་རྗེ་ཕག་མོར་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པས། ལྟེ་བའི་ཨ་ལས་མེ་འབར་ཏེ་སྤྱི་གཙུག་གི་ཧཾ་ཞུ་བས། ཐིག་ལེ་རིམ་གྱིས་བབས་པར་བསམ་ཞིང་། བསྲུབ་པ་དང་བསྲུབ་པའི་སྦྱོར་བ་བྱ། འོག་རླུང་འཐེན་ནས་ལུས་སྒྲིམས་ཤིང་མདོམས་འབྱེད་འཛུམ་མང་དུ་བྱ། དེ་ནས་ཐིག་ལེ་རིམ་གྱིས་མགྲིན་པ་སྙིང་ག་ལྟེ་བ་རྡོ་རྗེའི་རྩ་བ། དེ་ནས་རྩེ་མོར་ཡུམ་གྱི་ཟེའུ་འབྲུ་ལ་དཀར་ལྷག་གིས་བྱུང་བས། དགའ་བ། མཆོག་དགའ། དགའ་བྲལ། ལྷན་ཅིག་སྐྱེས་དགའི་བར་རིམ་པས་ངོས་བཟུང་ལ། ཐིག་ལེ་འཆོར་བ་སྙམ་བྱེད་པའམ། འཕྲོ་གཅོད་ན་འོག་རླུང་སོར་བཞག་སྟེང་རླུང་དྲག་ཏུ་མནན། ཡུམ་གྱིས་ཕཊ་ཀྱིས་ཕུལ། ཡབ་ཀྱིས་ཧཱུྃ་གིས་དྲངས། རྡོ་རྗེའི་བུ་གར་ཕཊ་ཀྱིས་དྭངས་མ་འུབ་ཀྱིས་དྲངས་ཧཱུྃ་ཕཊ་ཀྱིས་གྱེན་དུ་ཕུལ་ཏེ། ཐིག་ལེ་ཐམས་ཅད་སྤྱི་གཙུག་ཏུ་དྲངས། མཐར་ཡུམ་ཡང་བདེ་བའི་ངོ་བོར་ཞུ་ནས་དྲངས་པ་ཧཾ་ལ་བསྟིམས། ཧཾ་ཡང་མི་དམིགས་པའི་ངང་ལ་བཞག་ནས། འདྲེན་དང་འགྲེམས་ལ་སོགས་པ་བྱའོ། །དེ་དག་གི་དུས་སུ་ལུས་གནད་དང་དམིགས་པའི་ཆིངས་བསྡམ་པ་ནི། བར་བར་སེང་གེ་རྩལ་སྤྲུགས་ལ་སོགས་པ། དབབ་བཟློག་དྲང་ཞིང་དགྲམ་དང་ལ་བཟླ་བའི། །འཁྲུལ་འཁོར་དམིགས་གནད་མཐོང་བ་བརྒྱུད་བཞིན་བྱ། །ཞེས་མདོར་བཞག་ནས་རྒྱས་པར་བསྟན་པ་ལས། དང་པོ། དབབ་པ་འཁྱུད་པའི་ཕྱག་རྒྱ་ཉིད་དང་ནི། །རོ་སྟོད་སྨད་གསིགས་གནོན་པ་ལྟ་བུར་བྱ། །དམིགས་པ་ཧཾ་ལས་བྱང་སེམས་དྲངས་པ་ཡིས། །གསང་བར་བབས་དུས་བདེ་ལ་དམིགས་པ་གཏད། །

སེང་གེ་རྩལ་སྤྲུགས་ནི་ལུས་སུག་བཞི་བཙུགས་ནས་སྤྲུགས་ཏེ་མཇིང་པ་དགྱེ་ལ་འོག་རླུང་འཐེན་ལ་ཁ་བཞད་དེ་ཧ་ཆུང་ངུར་འདོན་པ་སྟེ། །དབབ་བཟློག་དགྲམ་པ་ཐམས་ཅད་སྤྱི་ལ་ཕན་པའི་གནད་ཡིན་ནོ། །ཁྱད་པར་དུ་དབབ་པ་ནི། སྐྱིལ་ཀྲུང་བཅས་པའི་མདུན་དུ་ཡིད་ཀྱི་རིག་མ་དང་ཞུགས་པར་དམིགས་ལ་འཁྱུད་པའི་ཕྱག་རྒྱ་དང་རོ་སྟོད་ཡར་སེང་སྟོད་པ་དེས་རོ་སྨད་ཆིར་ཆིར་དབབ་ཅིང་། ཧཾ་ལས་བྱང་སེམས་གསང་བར་བབས་པས་བདེ་བ་རྒྱས་པ་ལ་སེམས་གཟུང་ངོ་། །འདིས་ནི་ཐིག་ལེ་རྩ་དམིགས་ཐམས་ཅད་དུ་ཁྱད་པར་དབབ་པའོ། །བཟློག་པ་དེ་ནས་གྱེན་དུ་དྲངས་པ་སྟེ། ལག་(༣༩)གཉིས་མཁལ་ཁུང་རྒྱ་མཚོ་བྲག་ལ་སྦྱར། །འོག་རླུང་འཐེན་ལ་ལྕེ་རྩེ་རྐན་ལ་སྦྱར། །མིག་སྤྲིན་བཟློག་ཅིང་མགོ་སྒྲིལ་འདར་བ་བཞིན། །དམིགས་པ་ཐིག་ལེ་བ་ཐག་བརྒྱུས་པ་བཞིན། །གཅིག་ལ་གཅིག་ཐིམ་སྤྱི་གཙུག་བར་དུ་བསམ། །གསང་བར་ཐིག་ལེ་ཕབ་པ་དེ་གྱེན་དུ་བཟློག་པ་ནི། དྲང་པོར་འདུག་སྟེ། ལག་པ་གཉིས་མཁལ་ཁུང་དུ་བསྣོལ། གསུམ་པ་སྒལ་ཚིགས་ལ་སྟོངས་ཀྱིས་སྦྱར། འོག་རླུང་དྲག་ཏུ་འཐེན། ལྕེ་རྩེ་རྐན་ལ་སྦྱར། མིག་སྤྲིན་གྱེན་དུ་བཟློག །དབུགས་བསྡམས་ཏེ་མཇིང་པ་མར་བརྫངས་པས་མགོ་དར་པོ་ཆེ་བསྐྱོད་པ་ལྟར་འདར་ཏེ། ཐིག་ལེ་བ་ཐག་བརྒྱུས་པ་ལྟ་བུ་གསང་བ་ནས་སྤྱི་གཙུག་ཏུ་ཇེ་ཐིམ་ལ་ཧཾ་གི་བར་དུ་བསམས་པས་དྭངས་མ་འདྲེན་པའོ། །དེ་ནས་ལུས་ཐམས་ཅད་ཁྱབ་པར། དགྲམ་པ་གཞུ་འགེངས་རྐང་ལག་རྩལ་སྤྲུགས་བྱ། །སི་ཞེས་ལྕེ་རྩེ་སོ་སྦྱར་རླུང་ཕྱིར་བུས། །ལག་པ་གཞུ་འགེངས་བྱས་ནས། སེང་གེ་རྩལ་སྤྲུགས་དེ་བྱས་རྗེས། སྐྱིལ་ཀྲུང་གིས་འདུག་ལ། སི་ཞེས་ལྕེ་རྩེ་སོ་སྦྱར། རླུང་ཕྱིར་དྲངས་པས། བ་སྤུའི་བར་ཁྱབ་པར་ཁྲེམས་ཤིང་། དམིགས་པ་རྩ་གནས་ཐམས་ཅད་ཐིག་ལེས་ཁྱབ་པར་བསམས་པའི་སྐད་ཅིག་ལ་དྲན་མེད་སྟོང་པར་གཞག་གོ། །དེ་ནས། ལ་བཟླ་གན་རྐྱལ་རླུང་སེམས་སོས་དལ་ལ། །གར་ཡང་མི་རྟོག་ཅིར་ཡང་མི་འཛིན་པར། །རང་བཞིན་སྤྲོས་དང་བྲལ་བའི་ངང་ལ་གཞག །འདི་ཡིས་གེགས་མེད་བདེ་ཆེན་བྱང་ཆུབ་འགྲུབ། །ཐིག་ལེ་ཁྲེམས་པ་དང་། གན་རྐྱལ་ཁོང་གློད་ནས་རང་བབས་སོས་དལ་གྱི་ངང་ལ་དྲན་མེད་བརྒྱལ་བར་གཞག་གོ། །འདི་ནི་བདེ་སྟོང་ཀ་དག་ཏུ་ལ་བཟླ་བ་ཞེས་བྱ་བ་སྟེ། ཐིག་ལེའི་གེགས་མེད་ཆོས་ཉིད་ཀྱི་དབྱིངས་ཟིན། དོན་གྱི་རང་ཡུལ་རྙེད་པ་ཞེས་བྱའོ། །དེ་ནས་དྲང་པོར་འདུག་ལ་དོན་དེ་ཉིད་ལ་རྒྱུན་དུ་བསྒོམ་པར་བྱའོ། །དེ་མ་ཤེས་པར་རྟག་ཏུ་དབབ་བཟློག་དགྲམ་གསུམ་ལ་སྦྱངས་ཀྱང་། རྩོལ་བ་ཅན་ཕྱེ་ཆད་པའི་ལམ་ཞེས་བྱ་སྟེ། གནས་ལུགས་དོན་གྱི་ངེས་པ་འདི་བས་ཕྱི་མ་ལའང་མི་རྙེད་པས། གནད་འདི་རང་བཞིན་རྫོགས་པ་ཆེན་པོའི་ཐབས་ཀྱི་ཆེ་བ་ཞེས་བྱའོ། །

དོན་གཉིས་པ། གསལ་བ་རླུང་གི་བོགས་འབྱིན་དམ་པ་ཡང་། །འཇམ་རྩུབ་གཅིག་གིས་གཅིག་གི་བོགས་འབྱིན་ལ། །ཁྱད་པར་ནང་བཟུང་ཕྱིར་བཟུང་གཅིག་གིས་གཅིག །དལ་འཇམ་ཕན་ཚུན་གནད་དང་བསྲེ་བ་གཅེས། །གྲངས་དང་ཁ་དོག་རེག་བྱ་དབྱིབས་ལ་སོགས། །དུ་མའི་ཐབས་ལ་བསླབ་པའང་གསུངས་མོད་ཀྱི། །འདི་ནི་གཅིག་གིས་ཀུན་འགྲུབ་མན་ངག་ལ། །འདི་ལྟར་བསླབ་པ་གནད་ཀྱི་རྒྱལ་པོ་ཡིན། །འཇམ་རླུང་བསྒོམས་པའི་རྗེས་ལ་རྩུབ་རླུང་བཟུང་ན་ཡོན་ཏན་གསར་དུ་སྐྱེ་ལ། རྩུབ་རླུང་བས་ཀྱང་འཇམ་རླུང་ལའང་མཚུངས་སོ། །རླུང་(༤༠)ནད་འཛིན་པས་ཕྱིར་དེར་བཟུང་བ་དང་། ཕྱིར་འཛིན་པས་ནང་དུ་བག་རེ་བཟུང་བ་ནི་གནད་དམ་པའོ། །གཞན་ཡང་རླུང་ཁུག་པའི་གྲངས་ལ་མ་ཡེངས་པར་སེམས་གཟུང་བ་དང་། འབྱུང་བ་ལྔའི་ཁ་དོག་གི་རླུང་ལ་སེམས་གཟུང་བ་དང་། རེག་བྱ་ཚ་གྲང་ལ་སེམས་གཟུང་བ་དང་། རླུང་གི་དབྱིབས་ཐ་དད་པ་ལ་སེམས་གཟུང་བས་བོགས་འབྱིན་པ་སྣ་ཚོགས་སུ་བཤད་ཀྱང་། དེ་ཀུན་དམིགས་པ་འཛིན་པ་ཙམ་ལས། ཆོས་ཉིད་ལ་དངོས་སུ་སྦྱོར་མི་ནུས་སོ། །སྐབས་འདིར་གནད་གཅིག་གིས་རླུང་དབུ་མའི་ནང་དུ་འཆིངས་ནས་ཆོས་ཉིད་ཡུལ་མེད་དུ་འཆར་བའི་ཐབས་བསྟན་པ་ནི། ལུས་གནད་སྔར་བཞིན་ཁྱད་པར་མིག་མི་འགུལ། །རླུང་ནི་ཁ་སྣ་གསུམ་མཉམ་ཤིན་ཏུ་དལ། །ཐ་མལ་རང་གྲོལ་ངང་ལ་ལྷོད་ཀྱིས་ཀློད། །སེམས་གནད་གང་དུའང་མི་གཟུང་རང་བཞིན་བྱ། །དེ་རྗེས་གན་རྐྱལ་རྐང་ལག་བརྒྱང་བྱ་སྟེ། །ཧ་ཞེས་དྲག་ལ་སེམས་ནི་མཁའ་དཀྱིལ་གཏད། །ཡེང་མེད་སྤྲོ་བསྡུ་བྲལ་བར་ལྷན་ནེར་གཞག །རླུང་སེམས་རང་གྲོལ་བདེ་བའི་ངང་གནས་པས། །གེགས་མེད་ཡོན་ཏན་འཆར་སྒོ་དཔག་ཏུ་མེད། །ལུས་རྣམ་སྣང་གི་ཆོས་བདུན་ལས། རླུང་ཁ་སྣ་མཉམ་དུ་རབ་ཏུ་དལ་ཞིང་། སེམས་རྟོག་མེད་དུ་དར་ཅིག་གློད་པ་ནི་རླུང་གྲངས་སུ་གཞུག་པའོ། །དེ་ཚེ་དབུ་མར་བཅིངས་པས་གང་དུའང་མི་རྟོག་པའི་ཚེ། རླུང་སེམས་ཀ་དག་ཏུ་ལ་བཟླ་བའི་ཕྱིར་རྐང་ལག་བརྐྱངས་ནས་གན་རྐྱལ་ལ་ཉལ་ཏེ། མིག་ནམ་མཁར་གཏད། ཧ་དྲག་པོ་གསུམ་བརྗོད་ནས་རླུང་ཕྱིར་བཟུང་སྟེ། སེམས་རང་སོར་བཞག་པས་གང་ལའང་འཛིན་རྟོག་མེད་པའི་ཡེ་ཤེས་ཆོས་ཉིད་ཟད་པའི་དགོངས་པ་སྐད་ཅིག་ལ་འཆར་བ་ཡིན་ནོ། །རྫོགས་པ་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། ཆོས་སྐུ་ཀུན་དུ་བཟང་པོའི་གོ་འཕང་ལ་རེག་པའོ། །དེ་ལྟར་ཡུན་དུ་བསྒོམས་པ་ལས་ཡོན་ཏན་གྱི་འཆར་ཚུལ་བསྟན་པ་ནི། ལུས་ཡང་རྒྱུ་བ་མེད་དང་སྤྲོས་ཀུན་ཞི། །སེམས་གསལ་རབ་ཏུ་དྭངས་ཤིང་མངོན་ཤེས་འཆར། །རྐང་མགྱོགས་འགྲུབ་ཅིང་མདོག་སྣུམ་ཏིང་འཛིན་སྐྱེ། །རླུང་སེམས་དབུ་མར་ཚུད་པའི་རྟགས་རྣམས་འབྱུང་། །ཡང་ཟབ་མཆོག་གི་གནད་ཡིན་ཤིན་ཏུ་གསང་། །ལུས་ཤིང་བལ་ལྟར་ཡང་བ་དང་། དབུགས་རྒྱུ་བ་མི་ཚོར་བ་དང་། རྣམ་རྟོག་སྤྲོས་པ་ཞི་བ་དང་། སེམས་དྭངས་པ་དང་། གསལ་བ་དང་། མངོན་ཤེས་ཕྲ་མོ་འཆར་བ་དང་། རྟ་ལྟར་མགྱོགས་པ་དང་། མདོག་སྣུམ་ཞིང་འོད་དང་ལྡན་པ་དང་། ཏིང་ངེ་འཛིན་གསར་དུ་སྐྱེ་བ་དང་། དུ་བ་ལ་སོགས་པའི་རྟགས་བཅུ་རྣམ་དག་མཐོང་བ་ལ་སོགས་པ་འབྱུང་ངོ་། །དོན་གསུམ་པ། མི་རྟོག་ནམ་མཁའ་ལྟ་བུའི་བོགས་འབྱིན་ཡང་། །ལུས་སེམས་ཁོང་གློད་དམིགས་པ་རྩེ་གཅིག་བཟུང་། །གཅིག་ལ་(༤༡)མ་ཡེངས་ཆེས་ཆེར་བལྟས་པ་ཡིས། །རྣམ་རྟོག་གཞན་རྣམས་དེ་ཡི་ངང་ནུབ་སྟེ། །དམིགས་རྟེན་དེ་ལ་རྟོག་པའང་རབ་ཞི་ནས། །སྣང་ལ་དེར་འཛིན་མེད་པའི་སྟོང་པ་འཆར། །ལུས་རྣམ་སྣང་གི་ཆོས་བདུན་ལས་ཁྱད་པར་དུ་ལྷ་སྐུ་ལ་སོགས་པ་ཅིག་ལ་ཅེར་རེ་བལྟས་དུས། རྟོག་པ་གཞན་ཐམས་ཅད་ལྷ་སྐུར་ནུབ་པ་དང་། ལྷ་སྐུར་རྟོག་པའང་ངང་གིས་ཞི་ནས་སྣང་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོ། །ཆིངས་གལ་པོ་ཆེ། འདི་ནི་གནད་ཡིན་གཞན་ཡང་འདི་ལྟར་བསླབ། །རེས་འགའ་དམིགས་པ་ཕྱིར་བཟུང་རླུང་བུས་ལ། །ཕྱི་རུ་ཙམ་གནས་བཞག་པས་མི་རྟོག་སྐྱེ། །རེས་འགའ་ནང་བཟུང་སྟོད་སྨད་གང་རུང་དུ། །དམིགས་རྟེན་ཅིག་ལ་མ་ཡེངས་ཙན་ནེ་གཞག །རེས་འགའ་རྟེན་མེད་ཤེས་པ་རང་བཞིན་གཞག །ཡུལ་སྣང་དེར་འཛིན་མེད་པའི་ངང་ལ་གནས། །འདི་ནི་མི་རྟོག་ཆོས་སྐུའི་དགོངས་པ་སྟེ། །གནད་ལ་བརྟེན་ནས་རང་བྱུང་ཁོང་ནས་འཆར། །རེས་འགའ་རླུང་ཕྱིར་བཟུང་ནས་ས་རྡོ་རི་བྲག་ལ་སོགས་པ་ཅེར་རེ་བལྟས་པས་མི་རྟོག་པ་སྐྱེའོ། །རེས་འགའ་རླུང་ནང་དུ་བཟུང་ནས་འཁོར་ལོ་བཞི་རྩ་ཡིག་གམ་འོད་དམ་ལྷ་སྐུ་གང་རུང་ལ་སེམས་གཏད་པས་འགྲུབ་བོ། །རེས་འགའ་རྟེན་མེད་ཀྱི་ཤེས་པ་འཛིན་མེད་དུ་ཧར་རེ་བཞག་པས་བར་མེད་མཉམ་པའི་ཡེ་ཤེས་སྐྱེའོ། །མཇུག་བསྡུ་བ་ནི། བདེ་གསལ་མི་རྟོག་སྤྱི་ཡི་བོགས་འབྱིན་ནི། །ཚོགས་བསགས་སྒྲིབ་སྦྱོང་བསྐྱེད་རྫོགས་བསྒོམ་པ་དང་། །ལམ་ཟབ་བླ་མའི་རྣལ་འབྱོར་མཆོག་ཏུ་བསྔགས། །འདི་ནི་མཐར་ཐུག་གནད་ཀྱི་གདམས་པ་སྟེ། །སྐལ་བཟང་ཐར་པ་འདོད་པས་དང་དུ་བླང་། །དེ་ལྟར་བསོད་ནམས་ཀྱི་ལས་བྱས་པས། བསོད་ནམས་མ་ཡིན་པ་རྟོགས་པའི་ཕྱིར། བསགས་སྦྱོང་ལམ་གྱི་བོགས་འབྱིན་དུ་ཟབ་སྟེ། སངས་རྒྱས་མང་བྱེད་ཀྱི་མདོ་ལས། བསོད་ནམས་བསགས་པ་དག་ནི་བསམ་པ་འགྲུབ། །ཅེས་གསུངས་སོ། །དོན་གསུམ་པ་གནས་ལུགས་ཀྱི་ལམ་མ་ནོར་བས་ཐོབ་པའི་རྟོགས་པ་བསྟན་པ་ནི། དེ་ལྟར་བསྒོམས་པས་ཤར་བའི་རྟོགས་པ་ཡང་། །རོ་མཉམ་གཅིག་སྟེ་ཐ་དད་དུ་མ་མེད། །ཕྱོགས་གསུམ་གཅིག་ཏུ་འདུ་བའི་དོན་ས་དང་། །ཆུ་བྲན་ཐ་དད་རྒྱ་མཚོར་གཅིག་པ་ལྟར། །བདེ་གསལ་མི་རྟོག་ཐབས་གསུམ་གང་བསྒོམས་ཀྱང་། །སེམས་ཉིད་མ་སྐྱེས་ནམ་མཁའི་རང་བཞིན་དུ། །བློ་ཡི་འཇུག་པ་རབ་ཞི་ཐིམ་པ་ན། །ཡོད་མེད་སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །འོད་གསལ་གཤིས་ཀྱི་ཉི་མ་ཁོང་ནས་འཆར། །གྲུབ་གསལ་འཕོ་འགྱུར་མེད་པའི་རྟོགས་པ་སྟེ། །མཁའ་མཉམ་བདེ་གཤེགས་སྙིང་པོའི་རང་བཞིན་ནོ། །ཕྱོགས་ཐ་དད་ནས་འོངས་ཀྱང་དོན་ས་གཅིག་ཏུ་འདུ་བ་ལྟར། བདེ་གསལ་མི་རྟོག་(༤༢)པའི་ཐབས་སོ་སོ་ནས་བསྒོམས་ཀྱང་། རྟོགས་པའི་ངོ་བོ་རིག་སྟོང་ཟང་ཀ་རྗེན་པ་གཅིག་ཏུ་སྐྱེལ་སོ་གཅིག་སྟེ། དེའི་ངོ་བོ་ནི་གང་དུའང་མ་གྲུབ་པའི་རིག་པ་ཕྱལ་པ་བར་མེད་འོད་གསལ་དག་པ་སྟེ། རང་རིག་སྒྲིབ་གཡོགས་མེད་པ་རང་གསལ་བའོ། །འདི་ནི་དུས་རྟག་པར་ཡོད་ཀྱང་བླ་མའི་བྱིན་རླབས་ཞུགས་པ་འགས་རིག་པའི་སྤྱོད་ཡུལ། འདིའི་ངོ་བོ་ནི་རང་གསལ་ལ་ཡུལ་མེད་པ། གཏིང་གསལ་རྐྱེན་ལ་མི་ལྟོས་པ། ཡེ་གསལ་གློ་བུར་དུ་མ་བྱུང་བའོ། །དོན་འདི་ལ་འོད་གསལ་བའི་ཡེ་ཤེས་ཞེས་བྱ་སྟེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་གསུངས་སོ། །འོད་གསལ་དེ་ཡང་ཇི་ལྟར་ཞེ་ན། དེ་ཚེ་རྩེ་གཅིག་དྭངས་གསལ་རྙོག་མེད་པ། །ཞི་ལྷག་ཡངས་པའི་བསམ་གཏན་རྒྱ་མཚོ་ལ། །ཕྱོགས་བྲལ་འཛིན་མེད་གཟུགས་བརྙན་རང་བཞིན་མེད། །ཆོས་ཀུན་རྟོགས་པའི་ངོ་བོ་ཟུང་དུ་འབྲེལ། །སྣང་བ་སྒྱུ་འདྲ་སྟོང་པ་དེར་འཛིན་མེད། །ཟུང་འཇུག་དབྱེར་མེད་དགོངས་ཀློང་ཡངས་པ་ནི། །གནད་ནས་བྱུང་བའི་འོད་གསལ་ཁོང་ནས་ཤར། །རྒྱ་མཚོ་དྭངས་པ་ལ་གཟུགས་བརྙན་བྱུང་ཡང་ཆུ་ལས་གཞན་དུ་གྲུབ་པ་མེད་ཅིང་། གཟུགས་བརྙན་དང་ཆར་པ་ཆུ་གཉིས་གཅིག་དང་དུ་མར་མེད་ལ། སྣང་ལ་ངོས་གཟུང་མེད་པ་ལྟར། སེམས་ཉིད་དྭངས་པའི་ངོ་བོ་ནི་སྣ་ཚོགས་ཀྱི་སྣང་བ་ཤར་ཡང་། ཡུལ་སྣང་གིས་སེམས་ལ་མ་གོས། སེམས་ཀྱིས་ཡུལ་སྣང་ལ་མ་བཟུང་། དབང་ཤེས་ལ་སྣང་ཡང་འཛིན་པས་མ་བསླད་པས། སྒྱུ་མ་རང་ས་ན་གསལ་ལ། བློ་རྩེ་གཅིག་རང་གནས་ཀྱི་ཞི་གནས་དང་། རང་གསལ་ཟང་ཀའི་ལྷག་མཐོང་གཉིས་ངོ་བོ་རྫས་གཅིག་ཏུ་གནས་དུས། ཡུལ་སྣང་སྣང་བ་ལ། སྟོང་པ་སེམས་ཀྱིས་མི་འཛིན་པའི་ཕྱིར་སྣང་ལ་རང་བཞིན་མེད་པའི་འོད་གསལ་ཞེས་བྱའོ། །རྣམ་ངེས་ལས་ཀྱང་། ཐམས་ཅད་ལས་ནི་སེམས་བསུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་པ་ལྟར་རོ། །སུའི་མཐུ་ལས་ཤར་ཞེ་ན། བླ་མའི་བྱིན་རླབས་རང་བྱུང་ཡེ་ཤེས་ནི། །ཚིག་དང་བསམ་བརྗོད་འདས་ཚེ་མཐོང་བ་སྟེ། །དེ་ལྟ་བུ་ཉིད་དུས་སུ་མཐོང་བ་ནི། །དུས་གསུམ་དུས་མེད་སྔ་ཕྱི་དབྱེ་བསལ་མེད། །ཤེས་རབ་ཕ་རོལ་ཕྱིན་ཡིན་དབུ་མ་སྟེ། །སྤྲོས་དང་སྡུག་བསྔལ་ཞི་བྱེད་ཕྱག་རྒྱ་ཆེ། །སྙིང་པོའི་ཆོས་ཉིད་རྫོགས་པ་ཆེན་པོ་སྟེ། །གདོད་མའི་ཟད་པ་གཤིས་ཀྱི་གནས་ལུགས་ཉིད། །འོད་གསལ་སེམས་ཉིད་རང་བྱུང་ཡེ་ཤེས་ཡིན། །མིང་མང་བཏགས་ཀྱང་དོན་གྱི་ངོ་བོ་གཅིག །ཆོས་ཉིད་སྨྲ་བསམ་བརྗོད་འདས་བྱང་ཆུབ་སེམས། །འཁོར་འདས་(༤༣)གཉིས་མེད་ནམ་མཁའ་ལྟ་བུ་ཡིན། །བླ་མ་དམ་པའི་བྱིན་རླབས་ཀྱིས་སེམས་ཉིད་འོད་གསལ་བའི་ངོ་བོ་མཐོང་སྟེ། དོ་ཧ་ལས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་སོ། །དེ་ཡང་སྨྲ་བསམ་བརྗོད་པ་ལས་འདས་པ་ནམ་མཁའ་ལྟར་མཐོང་བའི་དུས་དེར་སྔ་ཕྱི་རིས་མེད་བསལ་བཞག་ལས་འདས་པར་རྟོགས་པས་འཆིང་བ་ཀུན་ལས་གྲོལ་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་སོ། །སེམས་ཉིད་གཤིས་ཀྱི་དོན་དེ་མཐོང་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དབུ་མ་དང་། ཞི་བྱེད་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ལ་སོགས་མིང་ཅི་བཏགས་ཀྱང་། དོན་ངོ་བོ་གཅིག་སྟེ་རིག་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ནམ་མཁའ་ལྟ་བུའོ། །ཇི་སྐད་དུ། ཀུན་བྱེད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་ཡང་བཏགས། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་(༤༣)ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་པ་བཞིན་ནོ། །རྟོགས་པ་བློ་འདས་ཆེན་པོར་དོན་བསྡུ་བ་ནི། ཕྱོགས་རིས་མ་འཛིན་གྲུབ་མཐའི་གཟེབ་ལས་འདས། །བློ་བྲལ་གཉིས་མེད་མཉམ་རྫོགས་ཆེན་པོ་སྟེ། །རྒྱལ་བའི་དགོངས་པ་མཐའ་གྲོལ་ཀློང་ཡངས་སུ། །རྣལ་འབྱོར་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱ། །གནས་ལུགས་མཐོང་བའི་ངོ་བོ་ནི་ཐེག་པ་དང་གྲུབ་མཐའི་ཡིད་དཔྱོད་ཀྱིས་མི་རྟོགས་ཏེ་ཚིག་དང་ཐ་སྙད་ཀྱི་ཡུལ་ལས་འདས་པའི་ཕྱིར་དང་། མོས་སྒོམ་དོན་སྤྱི་ཡུལ་ལས་འདས་ཏེ་བློ་བྲལ་གཉིས་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟོགས་ན་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་(༤༤)མཚོན། །ཞེས་སོ། །དེ་ལྟ་བུའི་དོན་ལ་འགགས་བསྡུ་བས་ཉམས་སུ་ལེན་ན། རང་སེམས་བཅོས་བསླད་མེད་པའི་ངང་དེར་རེ་དོགས་འབད་རྩོལ་ཞིག་པས་རང་གསལ་ཟང་ཀ་རྗེན་པར་འཇོག་པ་ཡིན་ཏེ། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་མི་རྙེད་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་ནི་སྒྲུབ་མི་དགོས། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡི་སྒྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཅེས་སོ། །དོན་བཞི་པ་འབྲས་བུ་བསྟན་པ་ནི། དེ་དག་མཐར་ཕྱིན་འབྲས་བུའི་རིམ་པ་ནི། །གནས་སྐབས་བདེ་གསལ་མི་རྟོག་ཟུང་འཇུག་གིས། །སྤྱན་དང་མངོན་ཤེས་ཡོན་ཏན་དཔག་མེད་ཅིང་། །མཐར་ཐུག་སྐུ་གསུམ་ཡིད་བཞིན་རྒྱལ་ཆོས་འགྲུབ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡིན། །ལམ་མཐར་གྱིས་ལེགས་པར་བསྒོམས་པ་ལས། གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྲུབ་པས་སྤྱན་དང་མངོན་ཤེས་ལ་སོགས་པ་འགྲུབ་ཅིང་མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་སྟེ། སྐུ་གསུམ་ཡེ་ཤེས་དང་བཅས་པས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་ཆོས་སྐུ་ནམ་མཁའ་འདྲ་བའི་ངང་ནས། གཟུགས་སྐུ་ཉི་ཟླ་འདྲ་བ་ཤར་ཏེ་དོན་མཛད་པ་ཡང་། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གི་སངས་རྒྱས་ཀྱིས། །དོན་འདི་རྟེན་དང་བཅས་པ་ཡིན། །ཞེས་སོ། །རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་(༤༥)བར་གཤེགས་པ་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་འཆད་པ་ཡིན། །ཞེས་གསུངས་སོ། །དྲི་མེད་རྡུལ་བྲལ་བྱང་ཆུབ་སྙིང་པོའི་ལམ། །ཞི་བ་རབ་བཟང་ཕན་བདེ་འབྱུང་བའི་གནས། །རབ་དཀར་དམ་པ་སྔོན་དུ་མཛད་ནས་ཀྱང་། །ས་སྟེང་རྒྱན་གྱུར་གོང་དེའི་རྗེས་འགྲོ་ཤོག །ཆུ་གཙང་མེ་ཏོག་བུང་བ་སྙན་སྒྲོག་ཅིང་། །རྨ་བྱ་གར་བྱེད་པདྨ་ལྷག་གེ་བ། །དྲང་སྲོང་དཀའ་ཐུབ་དཔལ་གྱིས་མཛེས་པ་དེར། །གཅིག་པུ་ཞི་བའི་གནམ་གཡོགས་འཛིན་པར་ཤོག །སྡུག་བསྔལ་ཡོངས་གང་སྲིད་པའི་མེ་འོབས་ལས། །ཏིང་འཛིན་གྲུབ་པ་བསམ་གཏན་ཆུ་བསིལ་གྱིས། །མ་ལུས་འགྲོ་བ་ཟག་མེད་བདེར་གྱུར་ཏེ། །ཞི་བདེ་ཐར་པའི་གནས་སུ་འདྲེན་པར་ཤོག །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ལས། གང་བསྒོམ་པ་ཏིང་ངེ་འཛིན་གྱི་རིམ་པ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པའོ།། །།

ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན་བསྟན་པ་ལས་དགེ་བ་བསྔོ་བ་ནི། དེ་ལྟར་ཆོས་ཚུལ་ཞི་བ་སྙིང་པོའི་དོན། །ཟབ་ཅིང་རྒྱ་ཆེ་བཤད་པའི་བསོད་ནམས་དེས། །འགྲོ་ཀུན་བྱང་ཆུབ་དམ་པ་གཉིས་ཐོབ་ནས། །ཡིད་བཞིན་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །ཆོས་ཀྱི་ཚུལ་རྨད་དུ་བྱུང་བ་ལེགས་པར་བཀོད་པའི་བསོད་ནམས་ཀྱིས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་བསོད་ནམས་དང་ཡེ་ཤེས་ཀྱི་འབྱོར་པ་མཐའ་ཡས་པས་བརྒྱན་པའི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་པའོ། །གང་གིས་གང་དུ་ཇི་ལྟར་བཀོད་པའི་ཚུལ་བརྗོད་པ་ནི། འདི་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །རང་གི་ཉམས་ལེན་གནད་དྲིལ་བཅུད་བསྡུས་ཏེ། །ཕྱི་རབས་དོན་དུ་གསལ་བར་བཤད་པ་ནི། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དཔལ་ཨོ་ཊྱན་གྱི་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆོས་ཀྱི་སྲས་སུ་གྱུར་པ་མང་དུ་ཐོས་པའི་བློ་གྲོས་དྲི་མ་མེད་པའི་འོད་ཟེར་མངའ་བས། རང་བཞིན་རྫོགས་པ་ཆེན་པོའི་གནད་ལས། མན་ངག་གི་གནད་རང་གིས་མྱོང་བ་རྣམས་བསྡུས་ཏེ། ཕྱི་རབས་ཀྱི་དོན་དུ་རིའི་རྒྱལ་པོ་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ། །

གཞན་དོན་བརྩོན་པ་ལ་གདམས་པ་ནི། ཐར་པ་འདོད་པ་དག་གིས་བརྩོན་བྱས་ཤིང་། །ཡི་གེ་འདི་བཞིན་ཉམས་སུ་བླང་བར་མཛོད། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་ཚོགས་ཏེ། །བདེ་ཆེན་གླིང་དུ་མྱུར་དུ་དགའ་བདེ་བྱེད། །ཕྱི་རབས་ཐར་པ་བསྒྲུབ་པ་དག་གིས་ཡི་གེ་འདིའི་དོན་བསྒོམ་པ་ལ་བརྩོན་པར་བྱ་སྟེ། ཉིན་མཚན་དུ་ཉམས་སུ་བླངས་པས་མྱུར་དུ་རང་གཞན་གྱི་དོན་གཉིས་རྫོགས་པའི་སངས་རྒྱས་(༤༦)འགྲུབ་ནས་བདེ་ཆེན་བྱང་ཆུབ་མཆོག་གི་འབྱོར་པ་དམ་པས་དགའ་བདེ་བྱེད་པའོ། །དཀོན་མཆོག་བརྩེགས་པ་ལས། བརྩོན་ལ་བྱང་ཆུབ་འདི་གནས་ཀྱི། །མི་བརྩོན་པ་ལ་གནས་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །མཐར་ཕྱིན་པ་གཞུག་གི་དོན་བསྟན་ཟིན་ཏོ། །

དེ་ལྟར་ལེགས་བཤད་བསོད་ནམས་སྤྲིན་ཆེན་གྱིས། །མ་ལུས་འགྲོ་རྒྱུད་སྐྱེ་བོའི་མཁར་ཁྱབ་སྟེ། །དོན་གཉིས་ཕུན་ཚོགས་ཕན་བདེའི་ཆར་བབས་པས། །མངོན་པར་བྱང་ཆུབ་འབྱོར་པ་མཐའ་ཡས་ཤོག །ལམ་ངན་ནས་ནི་ངེས་པར་འབྱུང་བ་གང་། །ཤིང་རྟ་རྣམ་དག་རྡོ་རྗེ་སྙིང་པོའི་དོན། །ཟབ་ཅིང་རྒྱ་ཆེ་དམ་པ་འདིར་ཞུགས་ཏེ། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག །ཆོས་ཚུལ་འདི་ནི་འོད་སྟོང་ཉིན་མོར་བྱེད། །ལུང་རིགས་མན་ངག་དཀྱིལ་འཁོར་བཟང་པོ་སྟེ། །ཡིད་མཁའི་མུན་པ་མ་ལུས་སེལ་བ་དང་། །མཉམ་དུ་བྱང་ཆུབ་པདྨོ་རྒྱས་བྱེད་ཡིན། །སྐྱེ་བ་སྔོན་རབས་རྣམས་སུ་ཡང་དང་ཡང་། །འདི་འདྲའི་ཚུལ་ལ་བློ་མིག་རབ་སྦྱངས་པས། །འདིར་ཡང་མདོ་རྒྱུད་མན་ངག་སྙིང་པོའི་དོན། །མ་ལུས་དབང་འབྱོར་ཟབ་དོན་ཀུན་ལ་མཁས། །ཚུལ་ཁྲིམས་དྲི་མེད་དྭངས་པའི་ནམ་མཁའ་ལ། །བློ་གྲོས་གཙོ་བོར་སྟོང་ལྡན་ཤར་བ་ཡིས། །སྣ་ཚོགས་ཀློང་ཆེན་པདྨོ་རབ་རྒྱས་ཤིང་། །རང་གྲོལ་རབ་འབྱམས་སྣང་བ་ཕྱོགས་བཅུར་ཤར། །གང་གི་སྔོན་གྱི་སྐྱེ་བོ་དམ་པའི་ལུགས། །མི་དབང་ཡང་དག་ཕུལ་གྱི་རྗེས་འགྲོ་བ། །རང་བྱུང་པདྨས་བྱིན་གྱིས་བརླབས་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཤིང་རྟ་རྣམ་དག་རྡོ་རྗེ་རྩེ་མོའི་སྲོལ། །ཚིག་དོན་རྣམ་བཀྲའི་བཀོད་པས་ཉེར་མཛེས་ཤིང་། །རྣལ་གྲོལ་ཐར་ལམ་བཞོན་པ་མཆོག་གྱུར་འདིས། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ཅེས་བྱ་བ། ཟབ་པ་དང་རྒྱ་ཆེ་བའི་གནས་ལ་མང་དུ་སྦྱངས་པའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་དོན་ཁྲིད་སྙིང་པོ་བཅུད་བསྡུས་ཞེས་བྱ་བ།

༄༅། །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་དོན་ཁྲིད་སྙིང་པོ་བཅུད་བསྡུས་ཞེས་བྱ་བ་བཞུགས་སོ། །

༄༅༅། །འོད་གསལ་བ་ཡི་ཡེ་ཤེས་ནི། །སེམས་ཀྱི་དམ་པ་ལ་བཏུད་ནས། །དྲི་མེད་རང་བཞིན་དག་པ་ཡི། །སྒོམ་པའི་སྙིང་པོ་འདིར་བརྗོད་བྱ། །

དང་པོར་སྟན་བདེ་བ་ལ་འདུག་སྟེ། ཚེ་མི་རྟག་པ་དང་། འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་དང་། སེམས་ཅན་ལ་ཚད་མེད་པའི་སྙིང་རྗེས་སེམས་བསྐྱེད་པ་དང་། སྣང་སྲིད་འོག་མིན་ཏུ་གསལ་ཞིང་རང་ལུས་རྡོ་རྗེ་སེམས་དཔའ་འཇའ་ཚོན་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ་བསྐྱེད་དེ། ཡི་གེ་བརྒྱ་པ་བཟླས་པ་དང་། སྤྱི་བོར་པད་ཟླ་ཉི་མའི་དབུས་སུ་བླ་མ་ཀུན་འདུས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་རྣམ་པ་ཅན་མཐིང་ག །རྡོ་རྗེ་སྐྱིལ་ཀྲུང་དང་མཉམ་གཞག་མཛད་པ་ལས་འོད་ཟེར་མུ་མེད་པ་འཕྲོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ལོངས་སྐུའི་ཞིང་དུ་བསྒོམ་ཞིང་། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་(༤༧)ཅད་ཐིམ་པར་བསམ་ཞིང་། གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བར་གསོལ་བ་བཏབ་པའི་རིམ་པ་རྣམས་ལ་ཉིན་ཞག་གསུམ་གསུམ་སྟེ་ཟླ་བ་ཕྱེད་དུ་བློ་སྦྱོང་ངོ་། །སྔོན་འགྲོ་བསྟན་པའོ།། །།

དངོས་གཞི་ལ་གསུམ། དང་པོ་བདེ་བའི་འོད་གསལ་ནི། ལུས་སྐྱིལ་ཀྲུང་གི་པུས་མོར་ཐལ་མོ་གཉིས་བཀབ་ལ། རླུང་ཕྱིར་བུས་པའི་རྗེས་ལ་དལ་བུས་ནང་དུ་རྔུབས་ཏེ། རྩ་གསུམ་འཁོར་ལོ་བཞི་གསལ་བའི་ལྟེ་བར་ཨ་དམར་པོ་ལས་མེ་འབར་བ་སྤྱི་བོའི་ཧཾ་དཀར་པོ་ལ་ཕོག་པས་བདུད་རྩིའི་རྒྱུན་བབས་པ་སྙིང་དབུས་ཀྱི་བཾ་སྔོ་སྐྱ་ལ་ཕོག་པས་བདེ་ཕྲི་ལི་ལི་བྱུང་བར་བསམས་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །སྐྱེས་ནས་བཾ་དེ་ཉིད་ཇེ་ཕྲར་གྱུར་ནས་མཐར་མི་དམིགས་པའི་ངང་དུ་སེམས་ཀློད་ནས་བསྒོམས་པས། བདེ་སྟོང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཉིན་ཞག་གསུམ་གྱིས་འགྲུབ་པར་འགྱུར་རོ། །

གཉིས་པ་གསལ་བའི་འོད་གསལ་ནི། ལུས་གནད་དང་རྩ་གནས་དེ་དང་འདྲ་བ་ལས། རོ་རྐྱང་གི་ནང་ནས་རླུང་ཚུར་རྔུབས་དུས་སྣང་སྲིད་འཁོར་འདས་ཐམས་ཅད་འོད་དུ་ཞུ་བ་སྙིང་གའི་དབུས་ཀྱི་འོད་ལྔའི་གོང་བུ་ལ་ཐིམ་པས་གསལ་སྟོང་གི་ཡེ་ཤེས་སྐྱེས་པར་བསམས་ལ། རླུང་ཁ་སྦྱར་ཏེ་སྙིང་གར་གཟུང་ཞིང་དལ་བུས་རླུང་རྔུབས་བྱ་ཞིང་མཐར་ཇེ་ཕྲ་ཇེ་ཆུང་མི་དམིགས་པའི་ངང་དུ་གློད་ལ་བསྒོམས་པས། ཉིན་ཞག་གསུམ་ནས་གསལ་སྟོང་མི་རྟོག་པའི་འོད་གསལ་འཆར་རོ། །

གསུམ་པ་མི་རྟོག་པའི་འོད་གསལ་ནི། ལུས་གནད་འདྲ་བ་ལ་སེམས་གནད་ཀྱིས་འཕང་བ་ནི། སྙིང་གར་ཨ་དཀར་པོ་འོད་འཕྲོ་བ་བསམ་སྟེ། ཧ་ཉེར་གཅིག་གིས་སྤྱི་བོ་ནས་ནམ་མཁའི་དབྱིངས་སུ་སོང་སྟེ། དྲན་པ་རང་ཡལ་གྱི་ངང་དེར་བཞག་པས། རྟོག་མེད་གསལ་བའི་ཡེ་ཤེས་སྐྱེའོ། །གཟུང་བ་ནི་གནམ་དྭངས་པའི་ཚེ་ཉི་མ་ལ་རྒྱབ་གཏད་དེ་ནམ་མཁའི་ངང་དེར་བལྟས་ལ། སེམས་མ་ཡེངས་པར་བཞག་པས་མི་རྟོག་པའི་ཡེ་ཤེས་སྐྱེའོ། །སྦྱང་བ་ནི། ནམ་མཁའ་ལ་གཏད་ནས་ས་རྡོ་རི་བྲག་ལ་སོགས་པའི་སྣང་བ་རྣམས་ལ་རིམ་གྱིས་བལྟས་པས། དངོས་པོ་མེད་པ་ནམ་མཁའ་ལྟར་གྱུར། རང་གི་ལུས་ཀྱང་ནམ་མཁའ་ལྟར་གྱུར། ཕྱི་ནང་བར་གསུམ་ནམ་མཁའ་གྱུར་ཏེ་དབྱེར་མེད་ནམ་མཁའི་ངང་ལ་མི་གཡོ་ཞིང་མ་ཡེངས་པར་ལྷན་ནེ་བསྒོམ་པས། ཆོས་ཐམས་ཅད་རྟོག་མེད་ཡེ་གྲོལ་ཆེན་པོ། གདོད་མའི་གནས་ལུགས་ཀ་དག་བློ་ཟད་ཆེན་པོའི་ཡེ་ཤེས་སྐྱེ་བར་འགྱུར་(༤༨)རོ། །དངོས་གཞི་འོད་གསལ་གྱི་གདམས་པའོ། །རྗེས་ནི་གང་ལའང་འཛིན་ཞེན་མེད་པས་སྐྱེད་མེད་ཐུག་ཕྲད་དུ་རྩལ་སྦྱངས་པ་ལ་བསླབ་པར་བྱའོ། །དེ་ལྟར་བདེ་གསལ་རྣམ་པར་རྟོག་མེད་ཀྱི། །འོད་གསལ་ཉམས་མྱོང་ཡི་གེར་བཀོད་པ་ཡི། །དགེ་བས་འགྲོ་ཀུན་སེམས་ཉིད་དོན་རྟོགས་ནས། །མི་གནས་གདོད་མའི་ཆོས་སྐུ་ཐོབ་པར་ཤོག །ཡང་ཟབ་སྙིང་པོ་འོད་གསལ་ཡེ་ཤེས་གནད། །བླ་མའི་གསུང་བཞིན་ཉམས་སུ་མྱོང་བ་རྣམས། །གངས་རི་ཐོད་དཀར་མགུལ་དུ་བདག་གིས་ནི། །ལེགས་པར་བཤད་དེ་ལེགས་བཤད་རྒྱས་གྱུར་ཅིག །རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོའི་དོན་ཁྲིད་སྙིང་པོ་བཅུད་བསྡུས་དྲི་མེད་འོད་ཟེར་གྱིས་མཛད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ཞེས་བྱ་བ།

༄༅༅། །ༀ་སྭ་སྟི་སིདྡྷཾ། ལེགས་པའི་ཡོན་ཏན་དུ་མས་རབ་བརྒྱན་ཞིང་། །ཕན་བདེའི་རང་བཞིན་འགྲོ་བ་ཡོངས་ལ་ཁྱབ། །བདེ་གཤེགས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་གཞན་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །སྲིད་ལམ་དུབ་པ་དག་གིས་འགྲོན་པོ་རྣམས། །གདུང་སེལ་ཞི་བ་ཕན་བདེའི་སྙིང་པོ་ཅན། །དམ་ཆོས་རིན་ཆེན་ངལ་གསོ་གསུམ་དག་ལ། །ཐོག་མར་འཇུག་པའི་བཤད་ཐབས་ཡན་ལག་སྤྲོ། །

དེ་ལ་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ཀུན་གྱི་སྙིང་པོའི་དོན་གང་ཟག་གིས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་(༢)ཕྱོགས་གཅིག་ཏུ་བསྡེབས་པ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལ་གཉིས་ལས། གཞུང་བཤད་པ་ལ་འཇུག་པ་སྤྱིའི་དོན། བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པའོ། །

དང་པོ་ལ་གཉིས་ཏེ། ཆོས་བྱུང་བའི་ཚུལ་སྤྱིར་བཤད་པ་དང་། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྒྱུ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་སྔགས་ཀྱི་ཐེག་པ། དེ་དག་ལ་བཤད་ཅིང་ཉན་པའི་ཚུལ་ལོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྤྱིར་བྱུང་བའི་ཚུལ་ལ་གསུམ་སྟེ། དང་པོ་སངས་རྒྱས་ཀྱི་བྱོན་ཚུལ། བར་དུ་བཀའི་བསྡུས་ཚུལ། ཐ་མར་བསྟན་བཅོས་ཀྱི་མཛད་ཚུལ་ལོ། །

དང་པོ་ལའང་ཐེག་པ་ཆེ་ཆུང་གཉིས་ལས། ཉན་ཐོས་པ་ལྟར་ན་བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲངས་མེད་པ་གསུམ་འདས་པའི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད་ནས། ཚོགས་ལམ་ཆུང་ངུའི་རྟེན་དེ་ཉིད་ལ་ཚོགས་གཉིས་གོམས་པ་ཕུལ་དུ་ཕྱིན་པའི་མཐར་དགའ་ལྡན་ནས་ཛམྦཱུའི་གླིང་དུ་གཤེགས་ཏེ་ལམ་ལྔ་མངོན་དུ་མཛད་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས། དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས་ཏེ་ད་ལྟ་ལྷག་མ་མེད་པའི་དབྱིངས་ན་བཞུགས་པར་འདོད་དོ། །དེའང་སེམས་བསྐྱེད་ནས་རྡོ་རྗེའི་གདན་དུ་མཉམ་པར་བཞག་པའི་(༣)བར་ལ་སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞིག །བསམ་གཏན་བཞི་པའི་ཏིང་ངེ་འཛིན་མངོན་དུ་མཛད་པའི་མཐར་སངས་རྒྱས་པ་ལས། སོ་སོའི་སྐྱེ་བོ་ཡིན་པར། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་མཛད་པ་ཡང་། དེ་ཉིད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །ཐེག་པ་ཆེན་པོ་པ་ལའང་ཁ་ཅིག་ལྟར་ན་གྲངས་མེད་གསུམ་གྱི་སྔོན་རོལ་དུ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་དང་། དཀོན་མཆོག་ཡན་ལག་དང་། རིན་ཆེན་ཏོག་རྣམས་རིམ་གྱིས་བྱོན་པ་ལ་སེམས་བསྐྱེད་དེ། གྲངས་མེད་དང་པོ་ལ་ཚོགས་སྦྱོར་གཉིས་སུ་སོ་སོ་སྐྱེ་བོའི་སས་བསྡུས་པའི་ཚོགས་གཉིས་དང་། ས་དང་པོ་ནས་བདུན་པའི་བར་གྲངས་མེད་གཉིས་པ་དང་། དག་པ་ས་གསུམ་ལ་གྲངས་མེད་ཐ་མ་སྟེ་འཕགས་པ་སློབ་ལམ་གྱིས་བསྡུས་པའི་ཚོགས་གཉིས་རྫོགས་པའི་མཐར་འོག་མིན་དུ་སངས་རྒྱས་ཏེ་སྤྲུལ་པས་མཛད་པ་བཅུ་གཉིས་བསྟན་ནས་དོན་མཛད་པར་འདོད་དོ། །དེའང་འོག་མིན་དུ་སངས་རྒྱས་པར། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་སོ། །ཁ་ཅིག་གི་ལྟར་ན་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ་སངས་རྒྱས་ནས། སླར་ཡང་གདུལ་བྱའི་དོན་དུ་སེམས་བསྐྱེད་པ་དང་། ཚོགས་གསོག་པ་དང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་འདོད་དེ། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་དོན་མཛད་དེ་ཞེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པའི་བར་དུ་གསུངས་སོ། །ལུགས་འདི་གཉིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དུ་གནས་ཤིང་ངེས་པའི་དོན་ལ་ཕྱི་མ་ལྟར་ཡིན་ཏེ། པདྨ་དཀར་པོ་ལས་ཀྱང་། རིགས་ཀྱི་བུ། ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་(༤)སངས་རྒྱས་སོ་ཞེས་དང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་སོགས་གསུངས་སོ། །

དེ་ལ་སྐབས་འདིར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་པའི་ཚུལ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི། དང་པོ་དགའ་ལྡན་ནས་འཕོ་བའི་མཛད་པ་ནི། བདག་ཅག་གི་སྟོན་པ་འདི་དགའ་ལྡན་གྱི་ལྷའི་གནས་རིས་བཟང་པོ་ན་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་སྐྱེ་བ་བཟུང་བར་གྱུར་ཏོ་ཞེས་གྲགས་སོ། །དེའི་ཚེ་ལྷ་རྣམས་ལ་ཆོས་སྟོན་པ་ལས། འཁོར་གྱི་ཁྱམས་སུ་རོལ་མོའི་སྒྲ་ལས་ཚིགས་སུ་བཅད་པ་རང་བྱུང་བ། བསོད་ནམས་བརྒྱ་ཡི་ཚོགས་མངའ་དྲན་སྟོབས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། །ཅེས་པ་སོགས་ཀྱིས་བསྐུལ་བ་ན། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་སེང་གེའི་ཁྲི་རབ་ཏུ་བཟང་པོ་ལ་བཞུགས་ཏེ། ལྷའི་བུ་སྐལ་བ་མཉམ་པ་རྣམས་ལ་ཆོས་སྟོན་ཅིང་། གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་ལོ་བཅུ་གཉིས་ན་ཛམྦཱུའི་གླིང་དུ་གཤེགས་སོ་ཞེས་དེ་དག་གིས་ཐོས་པས། ཛམྦཱུའི་གླིང་དུ་རིག་བྱེད་ཀློག་ཏུ་འཇུག་གོ། །དེ་ཡང་གཟིགས་པ་རྣམ་པ་ལྔ་ནི། རིགས་དང་། གླིང་དང་། ཡབ་དང་། ཡུམ་དང་། དུས་དང་ལྔའོ། །སངས་རྒྱས་གང་ལས་འབྱོན་པའི་རིགས་ནི་རྒྱལ་རིགས་དང་བྲམ་ཟེ་གཉིས་ལས་རྒྱལ་རིགས་ལ་གཟིགས་པ་དང་། གླིང་རྣམས་ལས་མཆོག་ཏུ་གྱུར་པ་ཛམྦཱུའི་གླིང་ལས་ཀྱི་ས་པ་ལ་གཟིགས། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡབ་དང་ཡུམ་དུ་གྱུར་པ་རྒྱལ་པོ་ཟས་གཙང་མ་དང་བཙུན་མོ་སྒྱུ་འཕྲུལ་མ་གཉིས་ལ་གཟིགས། དུས་ནི་ཚེ་ལོ་བརྒྱ་པ་ཡན་ཆད་དུ་སེམས་ཅན་རྣམས་སྐྱོ་ཤས་ཆུང་བས་བདེན་པ་རྟོགས་པ་ཤས་ཆུང་། ཚེ་དང་། ཉོན་མོངས་པ་དང་། ལྟ་བ་དང་། དུས་དང་། སེམས་ཅན་སྙིགས་མ་དང་ལྔ་བདོ་བས་སྒྲོ་སྐུར་གྱི་གནས་སུ་གྱུར་པའི་ཕྱིར་(༥)བྱོན་ཡང་དོན་དུ་མི་འགྱུར་བས། ཚེ་ལོ་བརྒྱད་ཅུ་པའི་དུས་ལ་གཟིགས་ཏེ་དགའ་ལྡན་ནས་གཤེགས་པར་བཞེད་དེ། འཆི་འཕོ་རྣམ་པར་སྦྱོང་བའི་སྒོ་བརྒྱ་རྩ་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་གསུངས་ཏེ། དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་མ་ཅན་དྭངས་པར་འགྱུར་ལ། མཆོག་ཏུ་དགའ་བས་ནི་ལུས་སེམས་སྦྱངས་པར་འགྱུར་ཞིང་། དགའ་བས་ལས་སུ་རུང་བར་འགྱུར་ལ། ལུས་ངག་ཡིད་གསུམ་བསྡོམས་པས་སངས་རྒྱས་རྗེས་སུ་དྲན་པར་འགྱུར་བ་དང་། དེ་དག་གིས་མི་དགེ་བ་བཅུ་དག་པ་དང་སངས་རྒྱས་མཐོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ན། དེའི་ཚེ་ལྷའི་བུ་རྣམས་ལས་ཁ་ཅིག་གིས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཁ་ཅིག་གིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །དེའི་ཚེ་མེ་ཏོག་གི་ཆར་པུས་ནུབ་ཙམ་བབ་སྟེ། བྱང་ཆུབ་སེམས་དཔས་སྨྲས་པ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སེང་གེའི་སྐྱེས་བུ་འཆི་འཕོ་སྟེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤངས་ཞེས་སྨྲས། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །ཡིད་ཀྱི་བསམས་པ་ལས་འབྱུང་དཔལ་ལྡན་ཀུན། །ཐམས་ཅད་ལས་དགེའི་རྒྱུ་ལས་བྱུང་བས་ཏེ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །སྔོན་གྱི་དག་པ་འདིར་ནི་ཟད་གྱུར་ཏེ། །གང་དུ་མི་དགེའི་སྡུག་བསྔལ་མྱོང་གྱུར་ནས། །ངན་སོང་དག་ཏུ་ལྟུང་བར་འགྱུར་ཏ་རེ། །ཞེས་སྨྲས་ཏེ། ཉིད་ཀྱི་ཅོད་པཎ་བྱམས་པའི་དབུ་ལ་བཞག་སྟེ་རྒྱལ་ཚབ་ཏུ་བསྐོས་ནས། ཁོ་བོ་ཆ་ལུགས་ཇི་ལྟ་བུས་ཛམྦཱུའི་གླིང་དུ་འགྲོ་བར་བྱ་ཞེས་དྲིས་པ་ན། ལྷའི་བུ་སོ་སོ་ནས། ཚངས་པ་དང་། བརྒྱ་བྱིན་དང་། ཉི་མ་དང་། ཟླ་བ་ལ་སོགས་པ་ལྷར་བྱེད་པ་དེ་དག་གི་ཆ་བྱད་དུ་གཤེགས་པར་སྨྲས་པ་ལས། ལྷའི་བུ་གཟི་བརྗིད་དམ་པ་ན་རེ། དེ་ནི་མི་བཟང་སྟེ་སོ་སོའི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །དེ་ནས་བྲམ་ཟེའི་རིག་བྱེད་ལས། གླང་ཆེན་དམ་པ་ལུས་ཆེན་མཆོག་གྱུར་པ། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། །འགྲམ་བཟང་ཟག་ཅིང་གཟུགས་བཟང་ལྡན་པའོ། །ཞེས་འབྱུང་བ་ལྟར་སྤྲུལ་ཏེ་གཤེགས་པར་རིགས་སོ་ཞེས་སྨྲས་སོ། །

ལྷུམས་སུ་ཞུགས་པའི་མཛད་པ་ནི། དེ་ནས་གླང་པོའི་མཆོག་ཏུ་སྤྲུལ་ཏེ། བྱི་བ་ལོ་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གས་ཉ་བ་ལ། ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་ནས་ལྷུམས་སུ་ཞུགས་ཏེ། ལྷུམས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས། ལྷ་མི་ཁྲག་ཁྲིག་བྱེ་བ་མང་པོ་ལ་སྐྱེ་གནས་ཡོངས་སུ་སྦྱོང་བའི་ཆོས་བསྟན་ཏོ། །དེའི་ཚེ་ཡུམ་གྱི་རྨི་ལམ་བྱུང་བ་ཡབ་ལ་སྨྲས་པ། གླང་པོ་ཁ་བ་དངུལ་མདོག་(༦)མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་ཅིང་། །འགྲོས་བཟང་ལུས་རྫོགས་རྡོ་རྗེ་བཞིན་བརྟན་པ། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །ཅེས་སོ། །

སྐུ་བལྟམས་པའི་མཛད་པ་ནི། དེ་ནས་ཟླ་བ་བཅུ་ལོན་པ་ན་ལུམྦི་ནཱིའི་ཚལ་དུ་གཤེགས་ནས། བླག་ཤའི་ཡལ་ག་ལ་ཡུམ་གྱིས་བཟུང་སྟེ། གནོད་པ་མེད་པར་རྩིབ་མའི་གོ་བར་ནས་ན་བཟའ་དང་བཅས་ཏེ་སྐུ་བལྟམས་པའི་ཚེ། ལྷའི་བུ་རྣམས་ཀྱིས་སྐུ་ཁྲུས་གསོལ་ནས། ལེན་པ་མེད་པར་རང་བྱོན་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བས་པདྨ་བདུན་བདུན་བྱུང་ཞིང་། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་གསུངས་པའི་ཚེ། བར་སྣང་གི་ལྷས་བསྟོད་པ། གང་ཚེ་རྐང་གཉིས་གཙོ་བོ་མཆོག་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་གཤེགས་ཏེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་ཚེ་ལུམྦི་ནཱིའི་ཚལ་དུ་མེ་ཏོག་རྣམས་ཁ་རང་བྱེ། ཀུན་དགའ་བོ་ལ་སོགས་པ་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཡང་བཙས། སྔགས་ལྡན་ལ་སོགས་པ་རྟའི་མཆོག་ལྔ་བརྒྱ་ཡང་བཙས། འཇིག་རྟེན་དུ་ས་གཡོ་བ་དང་འོད་ཟེར་གྱི་སྣང་བ་ཆེན་པོ་ཡང་བྱུང་། ཁམས་ཀྱི་རྒྱལ་ཕྲན་བཞི་ལ་ཡང་བུ་བཞི་བཙས་སོ། །མ་ག་དྷཱའི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་(༦)པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལའམ་མཉན་ཡོད་ན་རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་གསལ་རྒྱལ། གྲོང་ཁྱེར་འཕགས་རྒྱལ་ལམ་རྡོ་མཆོག་ཏུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་། ཀཽ་ཤམྦྷིའི་བ་ཏ་ས་ལར་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་པ་སྟེ། སོ་སོ་ན་འོད་ཟེར་གྱི་སྣང་བ་བྱུང་བ་དག་རང་རང་གི་བུའི་ལྟས་སུ་འདོད་ནས་དེ་སྐད་དུ་བཏགས་སོ། །བལྟམས་ནས་ཞག་བདུན་ན་ཡུམ་འདས་ཏེ་སྐྱེ་དགུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་ཆེར་བསྐྱེད་དོ། །མཚན་མཁས་སོ་སོ་ལ་བསྟན་པས་དེ་དག་ན་རེ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ། རབ་ཏུ་བྱུང་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་རི་རབ་ཀྱི་ངོས་ནས་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་འཁོར་སྣག་གི་ཚ་བོ་མེས་བྱིན་དང་ལྷན་ཅིག་ཕོ་བྲང་དུ་འོངས་པ་དེས་རྒྱལ་པའི་དྲུང་དུ་འོངས་ནས་མཚན་བལྟས་པ་ན། རྒྱལ་པོས་སྔར་གྱི་ལོ་རྒྱུས་རྣམས་བརྗོད་པས། དྲང་སྲོང་ན་རེ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་ལུང་བསྟན་ཏེ་རང་གི་(༧)གནས་སུ་སོང་ངོ་། །དེའི་ཚེ་ཡབ་རྒྱལ་པོའི་དགོངས་པ་ཐམས་ཅད་གྲུབ་པས་མཚན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པར་བཏགས། ཤཱཀྱ་གཞོན་ནུ་མུ་ཅོར་སྨྲ་བ་རྣམས་ཐུབ་པས་ཤཱཀྱ་ཐུབ་པ་ཞེས་མཚན་གསོལ་ཏོ། །

བཟོའི་གནས་ལ་མཁས་པའི་མཛད་པ་ནི། དེ་ནས་ཡིག་དཔོན་ཀུན་གྱི་བཤེས་གཉེན་དང་། སྲིན་བུ་གོ་ཆ་ག་ལ་སོགས་པ་ལ་ཡི་གེ་དང་། རྩིས་དང་། འཕོང་དང་། སྒྱུ་རྩལ་ལ་སོགས་པ་སློབ་པའི་ཚུལ་བསྟན་ནས་ཕོ་བྲང་ན་བཞུགས་པ་ལས། ཡབ་ཀྱིས་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པ་གསུམ་ལ་བུ་མོ་རྒྱལ་བུའི་བཙུན་མོར་བསླངས་པ་ལས། དེ་དག་ན་རེ་ཤཱཀྱ་པ་རྣམས་ཀྱི་ལུགས་ཀྱི་འཕོང་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད་པ་དེ་ལ་སྦྱིན་ན། གཞོན་ནུ་འདི་ལ་ཇི་ལྟར་རུང་ཟེར་བ་ལས། རྒྱལ་པོ་ཐུགས་མ་བདེ་བ་ན་གཞོན་ནུས་སྨྲས་པ། འཇིག་རྟེན་གསུམ་ན་ང་ལས་ཆེས་མཆོག་ཏུ་གྱུར་པའི་འཕོང་དང་སྒྱུ་རྩལ་མངའ་བ་གཞན་མེད་པས། སེར་སྐྱའི་གནས་ན་བདག་ལ་འགྲན་པར་ནུས་པ་ཡོད་ན་གྲོང་ཁྱེར་གྱི་ཕྱིར་དེངས་ཤིག་ཅེས་དྲིལ་བསྒྲགས་པ་ལས། ལྷས་བྱིན་ཁྲོས་ཏེ་གླང་པོ་ཆེ་ཐལ་མོས་བསྣུན་ནས་ཤི་བའི་རོ་སྒོ་ཁང་ནས་གཅུང་དགའ་བོས་ཕྱིར་བོར་ནས་གནས་པའི་མཇུག་མ་ཞབས་ཀྱི་མཐེ་བོས་བཟུང་སྟེ་ཤིང་རྟ་ལས་མ་བབས་བཞིན་དུ་འཕངས་པས། ར་བ་བདུན་འདས་ཏེ་ལྗོངས་ཤིག་ཏུ་འཆགས་པ་ལས། ལྷས་བསྟོད་པ། གླང་པོའི་དབང་པོ་རྡོ་བ་བཞིན་དུ་བཞུད། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །ར་བ་བདུན་དང་འོབས་བདུན་ཡོངས་འདས་ཏེ། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདི་ནི་གདོན་མི་ཟ། །ང་རྒྱལ་སྟོབས་ཀྱིས་ཐོབ་པའི་ལུས་ཅན་རྣམས། །འཁོར་བའི་གྲོང་ལས་ཕྱི་རོལ་རྒྱང་རིང་དུ། །ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར། །ཞེས་སོ། །དེ་ནས་ཤིང་ཏ་ལའི་ལྗོན་པ་བདུན། ལྕགས་ཀྱི་སླ་ང་བདུན། ལྕགས་ཀྱི་ཕ་གུ་བདུན་ཏེ་ཉི་ཤུ་རྩ་གཅིག་བཙུགས་པ་ལ་མདའ་འཕངས་པ་ན། ལྷས་བྱིན་གྱིས་གསུམ་ཕིགས། གཅུང་དགའ་བོས་ལྔ་ཕིགས། བྱང་ཆུབ་སེམས་དཔས་ཐམས་ཅད་ཕིགས་པའི་ཕྱིར་ཐལ་བ་ལས་མདའ་ཕྱུང་བའི་ཤུལ་ནས་མདའ་ཆུ་ཁྲོན་པ་སྐྱེས་ཞེས་བྱ་བ་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཞིག་བྱུང་ངོ་། །

བཙུན་མོའི་འཁོར་དགྱེས་རོལ་པའི་མཛད་པ་ནི། དེ་ནས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་འཁོར་ཉི་ཁྲི། ཤཱཀྱ་ལག་ན་དྲིལ་བུ་སྒྲའི་བུ་མོ་གྲགས་འཛིན་མ་འཁོར་ཉི་ཁྲི། ཤཱཀྱ་ཟས་དཀར་གྱི་བུ་མོ་རི་དྭགས་སྐྱེས་འཁོར་ཉི་ཁྲི་སྟེ། བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་ནས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་ཕོ་བྲང་ན་བཞུགས་སོ། །

ངེས་པར་འབྱུང་བའི་མཛད་པ་ནི། དེའི་ཚེ་སིལ་སྙན་གྱི་སྒྲ་ལས། (༨)སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨིན་བཏབ་དྲན་པར་བྱོས། །ཞེས་པ་དེ་ཡང་། འཆི་མེད་མྱ་ངན་མེད་ན་སངས་རྒྱས་ཏེ། །སྒོམ་པས་ཉམ་ཐག་བདུད་རྩིས་ཚིམ་བྱ་ཞིང་། །ཁྱོད་ཀྱིས་སྔོན་སྨྲས་ཚིག་མཐོང་དྲན་བྱས་ནས། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་བྱུང་། །ཞེས་པས་བསྐུལ་བ་དང་། ངེས་པར་འབྱུང་བར་མོས་ཏེ་འདུན་པས་ཤིང་རྟའི་ཁ་ལོ་བྱས་ནས་གྲོང་ཁྱེར་གྱི་ཕྱོགས་བཞིར་བྱོན་པ་ལས། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་དང་། དེ་ལས་ཐར་པའི་ལམ་དུ་ཞུགས་པའི་དགེ་སྦྱོང་གི་གཟུགས་སུ་ཆས་པ་མཐོང་ནས། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོང་མེད་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་དེ་དག་གི་སྡུག་བསྔལ་ལ་སེམས་ཤིང་ཞག་བདུན་བདུན་ཕོ་བྲང་གི་ནང་དུ་ཕྱིར་ལོག་སྟེ་བཞུགས་ནས་ངེས་པར་འབྱུང་བར་དམ་བཅས་པ་ན། གྲོང་ཁྱེར་གྱི་ཁོར་ཡུག་དམག་གིས་བསྲུངས་ནས་གཤེགས་སུ་མ་སྟེར་བའི་ནུབ་ཐ་མ་ལ། ཡབ་ལ་ཕྱག་བྱས་ཏེ་སྔགས་ལྡན་གྱི་སྟེང་དུ་ཆིབས་པའི་རྟ་རྨིག་བཞི་ནས་རྒྱལ་པོ་ཆེན་པོ་བཞིས་བཏེག་ནས་ནམ་མཁའ་ལ་བྱོན་ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་རབ་ཏུ་བྱུང་སྟེ། རྟ་དང་རྒྱལ་པོའི་ཆས་རྣམས་ཕྱིར་སློག །དབུ་སྐྲ་སུམ་ཅུ་རྩ་གསུམ་པའི་ལྷས་གདན་དྲངས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དུ་བྱས། ཤ་ནའི་གོས་དང་ངུར་སྨྲིག་བརྗེས་ནས་གསོལ་ཏེ། ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་ལས་ཅི་ཡང་མེད་པ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབས་ཤིང་བསྒོམ་པའི་ཚུལ་བསྟན། རྒྱལ་པོའི་ཁབ་ཏུ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབས་ཤིང་དེ་དག་གི་འཁོར་སྟོང་དང་བཅས་པ་ལ་སླར་ལུང་འབོགས་ཤིང་སློབ་དཔོན་གྱི་གོ་འཕང་བརྙེས་པའི་ཚུལ་བསྟན་ཏོ། །

དཀའ་བ་སྤྱད་པའི་མཛད་པ་ནི། ཏིང་ངེ་འཛིན་དང་ཀུན་ཏུ་སྤྱོད་པ་དེ་དག་གིས་ཀྱང་འཁོར་བའི་སྡུག་བསྔལ་མཐའ་དག་ལས་མི་གྲོལ་བར་མཁྱེན་ཏེ། ལྔ་སྡེ་བཟང་པོ་དང་བཅས་ནས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པའི་ཚུལ་བསྟན། དེ་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་བཞུགས་ཞེས་གྲག་གོ། །

བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེའི་ཚེ་ནམ་མཁའ་ལ་གནས་པའི་ལྷ་རྣམས་(༩)ཀྱིས་འདི་སྐད་དུ། མི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། །གནག་པ་མ་རྫོགས་དོན་ཡང་མ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་མགོན་འདི་འགྲོངས་པར་མི་འགྱུར་རམ། །ཞེས་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཀྱང་བསྐུལ་བ། དཀའ་ཐུབ་འདི་ལམ་བཟང་པོ་མ་ཡིན་པས་འདི་ལས་བཞེངས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་གྱིས་ཤིག་ཅེས་གསུངས་པས། དེ་ལས་བཞེངས་ཏེ་ཁ་ཟས་རགས་པ་གསོལ་བའི་ཚུལ་བསྟན་པ་ལས། ལྔ་སྡེ་བཟང་པོ་མ་མོས་ཏེ་ཝཱ་རཱ་ཎ་སཱིར་སྤོང་བ་ལ་སོང་ངོ་། །དེ་ནས་རི་ག་ཡའི་རྩེར་གཤེགས་ཏེ། ཏིང་ངེ་འཛིན་སྒོམ་པར་ཆས་པ་ལས། བྲག་རལ་ཞིང་ས་གཡོས་པ་ན། གནས་གཞན་ཚོལ་ཅིག་པར་དགོངས་ཏེ་མ་ག་དྷཱ་རྡོ་རྗེའི་གདན་དུ་གཤེགས་སོ། །རྡོ་རྗེའི་གདན་དེ་ཡང་ཉན་ཐོས་པ་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ལས་རང་བྱུང་བ། འོག་རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་སྟེང་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པའི་ཤིང་གི་དྲུང་ན་ཁྲི་འདོམ་གསུམ་པ་ཡོད་པར་འདོད་ལ། ཐེག་པ་ཆེན་པོ་པ་ལྟར་ན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ཁོང་གསེང་ནས་བྱང་ཆུབ་ཀྱི་ཤིང་བྱུང་བ། ར་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་གནས་པ། མཆོད་རྟེན་བཞིའི་བར་གྱི་ཐང་ལ་མདའ་རྒྱང་འབྲིང་པོ་རེ་ཡོད་པའི་དབུས་ན་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གདན་ཁྲི་རྒྱར་ཕྱོགས་རེ་ལ་འདོམ་གསུམ་གསུམ་དཔང་སུ་ཁྲུ་གསུམ་གསུམ་གྱི་དབུས་ནས་བྱང་ཆུབ་ཀྱི་ཤིང་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལས་གྲུབ་པ། འཇིག་པའི་བསྐལ་པ་བྱུང་ཡང་མེ་བདུན་ཆུ་གཅིག་གིས་མི་འཇིག་པར་ནམ་མཁའ་ལ་ཟོ་བ་དཔྱངས་པ་བཞིན་དུ་གནས་པར་འདོད་དོ། །དེར་བཞུད་པའི་ལམ་ན་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ཉིང་བརྒྱུད་དུ་བསིངས་པ་བསྐོལ་ཏེ་དྲངས་པས་སྐུ་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན་དུ་གྱུར་ཅིང་། གསོལ་བ་ཕུལ་བའི་བསོད་ནམས་ཅི་མཆིས་པ། །གྲགས་དང་ལྡན་པའི་དོན་ཀུན་གྲུབ་འགྱུར་བ། །མི་ཡི་དབང་པོ་བློ་མཆོག་ལྡན་པ་དེའི། །དོན་རྣམས་ཐམས་ཅད་མྱུར་དུ་འགྲུབ་གྱུར་ཅིག །ཅེས་སྨོན་ལམ་རྣམ་པར་དག་པ་གཞན་དོན་དུ་བཏབ་བོ། །དེ་ནས་གཤེགས་ཏེ་རྩྭ་འཚོང་བཀྲ་ཤིས་ལྡན་ལས་རྩྭ་བཞེས་པ་བསྣམས་ནས་རྡོ་རྗེའི་གདན་དུ་བྱོན།

བདུད་ཀྱི་སྡེ་བཅོམ་པའི་མཛད་པ་ནི། དེ་ནས་རྩྭ་དེ་དག་རྡོ་རྗེའི་གདན་ལ་བཏིང་ནས་སྐྱིལ་མོ་ཀྲུང་མཛད་དེ་(༡༠)དམ་བཅའ་བ་བརྟན་པོ་མཛད་པ། ཇི་སྲིད་ཟག་མེད་མ་ཐོབ་བར། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་པ་དང་། སྟན་འདིར་བདག་གིས་ལུས་འདི་བསྐམས་ཀྱང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་སོ། །དེ་ནས་སྲོད་ཀྱི་ཆ་ལ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། འོད་ཟེར་ཀུན་ཏུ་འགྱེད་པར་མཛད་པ་ལས། བདུད་ཀྱི་གནས་ཐམས་ཅད་དཀྲོགས་ཤིང་དཔའ་བཀོང་བར་གྱུར་ཏེ། མ་བཟོད་ནས་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་རྔོན་པའི་ཆ་བྱད་དུ་བརྫུས་པ་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་སྨྲས་པ། ཁྱོད་འདིར་ཅི་བྱེད་པ་ཡིན། བྱང་ཆུབ་སེམས་དཔས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བའི་སླད་དུའོ། །བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཚོགས་དཔག་ཏུ་མེད་པ་རྫོགས་དགོས་པ་མ་ཡིན་ནམ། ཁྱོད་ཀྱིས་ནི་རྒྱལ་པོའི་བུ་སྐྱིད་བདེར་གནས་པ་ཙམ་ལས་ཅི་ཡང་མ་བྱས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོར་གྱུར་ན། ངས་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་རྫོགས་པར་བྱས་པས་ཅིའི་ཕྱིར་འཚང་མི་རྒྱ། བདུད་ཀྱིས་མཛུབ་མོ་གཉིས་གྱེན་དུ་བསྒྲེངས་ཏེ་སྨྲས་པ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡི་ཕམ་ཡིན། །ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཕྱག་བསོད་ནམས་བརྒྱ་ལས་གྲུབ་པ་ས་ལ་བརྡབས་ནས། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་བརྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་མ་ཐག་ཏུ་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལུས་ཕྱེད་ས་ལས་འཐོན་ཏེ། ཕྱག་ཏུ་རྡུལ་ཕྲ་རབ་ཅིག་བསྣམས་ནས། ངས་སའི་དཀྱིལ་འཁོར་ཆེན་པོ་འདི་འདི་ཙམ་དུ་གྲངས་ཀྱིས་བགྲང་བ་ནི་ཚད་བཟུང་དུ་རུང་གི། རིགས་ཀྱི་བུ་འདི་ལ་མགོ་དང་ཡན་ལག་བྱིན་པ་ནི་བགྲང་བར་མི་ནུས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལ་བབ་བོ་ཞེས་བརྗོད་ནས་མི་སྣང་བར་གྱུར་པ་དང་། བདུད་སྐྱེངས་ཤིང་ཡུ་ཡུ་པོར་གྱུར་ནས་རང་གི་གནས་སུ་སོང་སྟེ། བདུད་ཀྱི་དམག་བྱེ་བ་དང་དུང་ཕྱུར་དྲངས་ཏེ་སྒྱུ་མ་ལྟ་བུའི་བློ་དང་མི་ལྡན་པ་རྣམས་འཇིགས་ཤིང་སྐྱི་བུང་བར་བྱས་སོ། །དེས་ན་བྱང་ཆུབ་སེམས་དཔས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་(༡༡)མཚོན་ཆ་འཕངས་པ་ཐམས་ཅད་ནི་མེ་ཏོག་གི་ཆར་དུ་བབ། མི་སྙན་པའི་སྒྲ་སྐད་ཐམས་ཅད་ནི་བསྟོད་དབྱངས་སྙན་པའི་རང་བཞིན་དུ་གྱུར་ནས་བདུད་ཀྱི་སྒྱུ་ཐམས་ཅད་བཏུལ་བའི་ཚེ་ལྷས་བསྟོད་པ། ཤཱཀྱའི་རྒྱལ་པོས་རྟེན་ཅིང་འབྲེལ་འབྱུང་ཆོས། །རང་གི་ངོ་བོ་མེད་པར་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོན་ཅན་དཔུང་བཅས་ཚོགས་ཀྱིས་བརྫི་བ་མིན། །བྱམས་པའི་ཟེར་གྱིས་བདུད་ཀྱི་སྒྱུ་རྣམས་བཏུལ། །མཚོན་ཆ་འཕངས་པ་མེ་ཏོག་ཉིད་དུ་གྱུར། །ཞེས་སོ། །དེ་ནས་བདུད་ཀྱི་དམག་རྣམས་སླར་ལོག་པ་དང་། བདུད་ཀྱི་བུ་མོ་བདུན་གྱིས་ཆགས་པའི་ཟོལ་གྱིས་སླུ་བར་ཆས་པ་ལས་རྒན་མོ་བདུན་དུ་གྱུར་ནས་སླར་འགྱོད་དེ་བཟོད་པར་གསོལ་ནས། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་ཞིང་། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བརྗོད་པས་སྔོན་བཞིན་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །

མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་དགུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཐོ་རངས་རྔ་བརྡུང་དུ་ཉེ་བ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་དེ། སངས་རྒྱས། བྱང་ཆུབ། རིག་པ་གསུམ་བརྙེས་པ་དེའི་ཚེ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས། འོད་ཟེར་གྱི་སྣང་བ་གྲངས་མེད་པ་ཡང་བྱུང་བ་ན། ལྷས་བསྟོད་པ། སྐྱེས་བུ་སེང་གེ་དེ་ཡིས་དཔུང་བཅས་བདུད་བཏུལ་ཏེ། །སྟོན་པའི་བསམ་གཏན་བཞི་པོ་མངོན་དུ་མཛད་ནས་ནི། །གང་ཚེ་སྟོབས་བཅུ་རིགས་པ་གསུམ་པོ་བརྙེས་གྱུར་ཚེ། །ཕྱོགས་བཅུའི་སངས་རྒྱས་ཞིང་མང་བྱེ་བ་གཡོས་པར་གྱུར། །ཞེས་སོ། །དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་བར་བཞུགས་པ་ལས། བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། གཉིས་པ་ལ་འཛམ་གླིང་ཉེ་བར་བཅགས། གསུམ་པ་ལ་སྟོང་གསུམ་རིང་དུ་བཅགས། བཞི་པ་ལ་བྱང་ཆུབ་ཀྱི་ཤིང་ལ་གཟིགས། ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཀུན་ཏུ་རྒྱུ་རྣམས་བཏུལ། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་བ་རྒྱལ་པོ་བཞིས་རྡོའི་ལྷུང་བཟེད་ཕུལ་བར་བཞེས་ཏེ་གསོལ་ནས་ཤིས་པ་བརྗོད་པ་གསུངས་པའི་རྗེས་ལ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུ་ལ་གཞོལ་བར་གྱུར་ཏོ། །

ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེ་ནས་ཚངས་པས་སྔོན་གྱི་སྨོན་(༡༢)ལམ་རྗེས་སུ་དྲན་ནས། དེ་བཞིན་གཤེགས་པའི་དྲུང་དུ་འོངས་ཏེ་གསོལ་པ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅི་སླད་དི་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །དམ་པའི་ཆོས་ཀྱི་སྡོང་བུ་སྒྲེང་བར་མཛད་དུ་གསོལ། །དམ་པའི་ཆོས་ཀྱི་མར་མེ་སྤར་བར་མཛད་དུ་གསོལ། །ཞེས་བརྗོད་ནས་ཙནྡན་གྱི་ཕྱེ་མས་གཏོར་ཏེ་རང་གི་གནས་སུ་སོང་ངོ་། །དེ་ནས་ཡང་བརྒྱ་བྱིན་སྦྲན་ཏེ་འོངས་ནས། བརྒྱ་བྱིན་གྱིས་ནོར་བུ་རིན་པོ་ཆེ་ཕུལ་ཏེ་གསོལ་པ། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་ཞུས་པས་མ་གནང་། དེ་ནས་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཞུས་པ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ནས་འཚལ་བར་གྱུར་པ་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་བསྐུར་བར། དེ་བཞིན་གཤེས་པས་བཀའ་སྩལ་པ། སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །ཉོན་མོངས་རྒྱུན་གྱིས་རབ་ཏུ་བརྡས། །ང་ཡིས་ཚེགས་ནི་ཆེན་པོས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཚངས་པ་ང་ཡིས་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས་བདེ་བླག་རྟོགས་མ་ཡིན། །ཞེས་གསུངས་ནས་མ་གནང་བ་དང་། ཡང་ཞུས་པ། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མ་རྗེས་སུ་འབྲེལ་བ་བྱུང་། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །ཞེས་པ་དང་། འཁོར་ལོ་བཞེས་ཏེ་བཀའ་སྩལ་པ། ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་པའི་སྐད་ཅིག་ལ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་བྱ་བའི་སྒྲ་དེ་འོག་མིན་གྱི་བར་དུ་ཐོས་ཏེ་སོ་སོ་ནས་མཆོད་པའི་ཚོགས་དང་བཅས་པ་ཐོགས་ཏེ་ལྷགས་སོ། །དེའི་ཚེ་ལྷ་སྲིད་མཆོག་དང་ཤིང་གི་ལྷ་མོ་བཞིས་གསོལ་པ། ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། བཀའ་སྩལ་པ། ཝཱ་རཱ་ཎ་སཱིར་རོ། །ཡང་གསོལ་པ། དེར་ནི་མི་རུང་སྟེ་ལྗོན་ཤིང་གི་གྲིབ་མ་ཉུང་བ་དང་སྐྱེ་བོ་མང་པོའི་ཚོགས་དང་མི་ལྡན་པས་སོ། །བཀའ་སྩལ་པ། དེར་ནི་ང་(༡༣)ཡིས་མཆོད་སྦྱིན་སྟོང་ཕྲག་ཁྲག་ཁྲིག་དྲུག་ཅུས་མཆོད། །ཝཱ་རཱ་ཎ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །དེ་ཕྱིར་དྲང་སྲོང་ཞེས་བྱའི་གནས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་གསུངས་ནས། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྔ་སྡེ་བཟང་པོ་ལ་གཟིགས་ཏེ་ཝཱ་རཱ་ཎ་སཱིར་གཤེགས་པ་དང་། ལྔ་སྡེས་མི་འདུད་པའི་ཁྲིམས་སུ་བཅའ་བ་བྱས་སོ། །ལམ་དུ་བྲམ་ཟེ་ཉེ་བར་འཚོ་བ་དང་མཇལ་ནས། བྲམ་ཟེས་དྲིས་པ། གོའུ་ཏ་མ་ཁྱོད་ཀྱིས་སུ་ལ་ཚངས་པར་སྤྱད། བཀའ་སྩལ་པ། ང་ལ་མཁན་པོ་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་ཟད་པ་ཡིན། །ཞེས་གསུངས་པ་དང་། ཡང་དྲིས་པ། ཁྱོད་དགྲ་བཅོམ་པ་ཡིན་ནམ། བཀའ་སྩལ་པ། ང་ཉིད་འཇིག་རྟེན་དགྲ་བཅོམ་སྟེ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ནི་དོ་ཟླའི་གང་ཟག་མེད། །ཅེས་གསུངས་པ་དང་། ཡང་དྲིས་པ། ཁྱོད་རྒྱལ་བར་ཁས་འཆེའམ། བཀའ་སྩལ་པ། གང་དག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་གྱིས། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེས་བཅོམ་རྒྱལ་བ་ཡིན། །ཞེས་གསུངས་པ་དང་། ཡང་དྲིས་པ། གོའུ་ཏ་མ་གར་འགྲོ། བཀའ་སྩལ་པ། ང་ནི་ཝཱ་རཱ་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་དེར་སོང་ནས། །ལོང་བ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མ་སྤར་དུ་འགྲོ། །འོན་པ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་རྔ་ཆེན་བརྡུང་དུ་འགྲོ། །ཞེས་གསུངས་ཏེ། ཝཱ་རཱ་ཎ་སཱིར་བྱོན་པ་ལས། ལྔ་སྡེ་བཟང་པོའི་ཁྲིམས་སུ་བཅའ་བ་རང་ཞིག །ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བ་ལས། དང་པོ་གསུམ་ལ་འདས་པའི་སངས་རྒྱས་རྣམས་ལ་གུས་པ་བསྐྱེད་པའི་ཕྱིར་ཕྱག་དང་བསྐོར་བ་མཛད་ནས་བཞི་པའི་སྟེང་དུ་བཞུགས་པས་གཞན་རྣམས་མི་སྣང་བར་གྱུར་པ་དང་། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བལྡབས་པས་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་། འཁོར་ཐམས་ཅད་ཀྱིས་བདེན་པ་མཐོང་། ལྔ་སྡེ་བཟང་པོ་དཔལ་རང་བྱུང་གིས་བསྙེན་པར་རྫོགས་ཏེ། འཇིག་རྟེན་ན་གདུགས་ཟླ་མེད་པའི་དགེ་སློང་གི་དགེ་འདུན་ཆེན་པོར་གྱུར་ཏོ། །དེ་ནས་དང་པོར་བཅའ་བའི་གཞི་འདུལ་བའི་སྡེ་སྣོད་ལས། ཆོས་གོས་ཅི་ནས་ཀྱང་ཟླུམ་པོར་བགོ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ལྷའི་གནས་དང་། ཀླུའི་གནས་ལ་སོགས་པ་ངེས་མེད་སྣ་ཚོགས་སུ་བཀའ་ཐ་མས་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་རྣམས་གདུལ་བྱ་སོ་སོའི་དབང་གིས་(༡༤)བསྐོར་ཏེ། ལ་ལར་ནི་གནས་གཅིག་ཏུའང་དབང་པོའི་རིམ་པས་འཁོར་ལོ་གསུམ་གཅིག་ཏུ་ཐོས་ལ། ལ་ལར་ནི་གདུལ་བྱ་གང་ཡོད་པ་དེ་དག་གི་དབང་གིས་ཐ་དད་དུ་ཐོས་སོ་ཞེས་གྲག་གོ། །

ཐ་མ་མྱ་ངན་ལས་འདས་པའི་མཛད་པ་ནི། དེ་ནས་གདུལ་བར་བྱ་བའི་སྐྱེ་དགུ་ལས། ལ་ལ་ནི་ལྷ་དང་མིའི་བདེ་བ་ལ་བཀོད། ལ་ལ་ནི་ཐེག་པ་གསུམ་གྱི་ལམ་དང་ལམ་གྱི་འབྲས་བུ་ལ་བཀོད། སྐུ་དངོས་སུ་སྣང་བས་འདུལ་བའི་རིམ་པ་དེ་ཙམ་དུ་དགོངས་ནས་གྲོང་ཁྱེར་རྩྭ་མཆོག་ཏུ་གཤེགས་ཏེ་མྱ་ངན་ལས་འདའ་བར་དགོངས་པ་ན། དཔལ་གྱི་མགུལ་ནས་སྦྲིད་པ་ཞིག་བྱུང་སྐྱེ་དགུའི་བདག་མོས་ཐོས་ནས། སངས་རྒྱས་བསྐལ་པ་གྲངས་མེད་པ་གསུམ་དུ་བཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེ་ས་བླ་བས་ཐོས་པ་ནས་འོག་མིན་གྱི་བར་དུ་སྐད་ཅིག་ལ་ཐོས་ནས་དེ་བཞིན་དུ་སྨོན་ལམ་བཏབ་པས། དེ་བཞིན་གཤེགས་པས་སྐྱེ་དགུའི་བདག་མོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས། བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར། སྐྱེས་བུ་ལེ་ལོ་ཅན་མང་པོའི་ཆོས་བསྒྲུབ་པའི་གེགས་སུ་གྱུར་གསུངས་པས། དེའི་བཟོད་གསོལ་དུ་སྐྱེ་དགུའི་བདག་མོ་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་པ་མྱ་ངན་ལས་འདས་སོ། །དེའི་ཚེ་ཤཱ་རིའི་བུ་དང་། མཽངྒལ་གྱི་བུས་དམྱལ་བའི་གནས་བལྟར་བྱོན་པས། དེ་ན་མུ་སྟེགས་བྱེད་ཀྱི་སློབ་དཔོན་དང་མཁན་པོ་རྣམས་སྐྱེས་པ་ཀུན་གྱིས་རང་རེའི་ཆོས་དེ་ལོག་ནས་འདུག་པས། སངས་རྒྱས་པའི་ཆོས་ལ་ཞུགས་ཤིག་ཅེས་པའི་འཕྲིན་བརྫངས་པ་ཁྱེར་ནས་མིའི་ཡུལ་དུ་བྱོན་དུས། ལམ་དུ་ཀུན་ཏུ་རྒྱུ་དག་དང་འཕྲད་ནས་དེ་དག་གིས་ཤཱ་རིའི་བུ་ལ་དགེ་སྦྱོང་སུ་ལ་ཡོད་དྲིས་པའི་ལན་དུ། དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། །ཀུན་དུ་རྒྱུ་ལ་དགེ་སྦྱོང་མེད། །ཁྱེད་རང་གི་མཁན་པོ་དང་སློབ་དཔོན་ཡང་མནར་མེད་པའི་དམྱལ་བ་ན་སྐྱེས་པ་ཀུན་འདི་སྐད་ཟེར་རོ་ཞེས་སྔར་གྱི་འཕྲིན་བཤད་ཀྱང་ཤ་འཁོན་མེད་པས་མ་ཐོས། ཕྱི་ལ་མཽངྒལ་གྱི་བུ་འོངས་པ་ལ་དྲིས་པས་སྔར་གྱི་ལྟར་བརྗོད་དུས། འདི་དག་འུ་ཅག་ལ་སྨྲ་བར་མ་ཟད་མཁན་པོ་དང་སློབ་དཔོན་ལ་ཡང་སྨྲ་བར་བྱེད་པས་ཆོམས་ཤིག་ཅེས་དབྱུག་པས་སྐུ་ལུས་འདམ་བུ་བཅོམ་པ་ལྟར་བརྡུངས་སོ། །དེ་ནས་ཤཱ་རིའི་བུས་ཆོས་གོས་ཀྱི་གྲྭར་གཏུམས་ཏེ་ཁུར་ནས་གྲོང་ཤིང་ཐག་ཅན་དུ་བསྐྱལ་ཏེ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བྱ་ན་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤཱ་རིའི་བུ་ནཱ་ལནྡར་སོང་ནས་དེའི་སྔ་དྲོ་དགྲ་བཅོམ་པ་བཞི་སྟོང་དང་བཅས་པ་མྱ་ངན་ལས་འདས་སོ། །དེའི་ཕྱི་དྲོ་མཽངྒལ་གྱི་དགྲ་བཅོམ་པ་བཞི་སྟོང་དང་བཅས་པ་མྱ་ངན་ལས་འདས་སོ། །གཞན་ཡང་དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་འཁོར་(༡༥)རྣམ་པ་བཞི་དང་བཅས་པ་གནས་བརྟན་འོད་སྲུངས་ཆེན་པོ་ལ་གཏད་དེ་དགུང་ལོ་བརྒྱད་ཅུ་དང་ཟླ་བ་གསུམ་མམ་བརྒྱད་ཅུ་རྩ་གཉིས་ན་གྲོང་ཁྱེར་རྩྭ་ཅན་གྱི་ཤིང་སཱ་ལ་ཟུང་ཞིག་གི་རྩར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་དུ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་ཡང་མྱ་ངན་ལས་འདས་སོ། །དེ་ནས་པུར་ཇི་ལྟར་སྦྱང་བ་མ་ཤེས་པ་ལས། འོད་སྲུངས་ཆེན་པོ་ཀླུའི་ཡུལ་ནས་བྱོན་ཏེ་གསོལ་བ་བཏབ་པས་ཞུགས་རང་འབར་ཏེ་སྐུ་གདུང་སིལ་བུར་གྱུར་ཏོ། །དེ་ནས་ཚེམས་མཆེ་བ་བཞི་ལས་དང་པོ་སུམ་ཅུ་རྩ་གསུམ་པས་གདན་དྲངས། གཉིས་པ་གྲོང་ཁྱེར་ཚིག་འཛིན་གྱི་རྒྱལ་པོས་གདན་དྲངས། གསུམ་པ་ཀ་ལིངྐའི་ཡུལ་གྱི་སྲིན་པོས་གདན་དྲངས། བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་ཀླུའི་རྒྱལ་པོས་གདན་དྲངས། སྐུ་གདུང་ཆ་བརྒྱད་ཀྱི་དང་པོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན། གཉིས་པ་ཡུལ་སྡིག་པ་ཅན་གྱི་གྱད་ལ་བྱིན། གསུམ་པ་ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ཆེན་པོ་ལ་བྱིན། བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་དྷ་བ་ལ་བྱིན། ལྔ་པ་ཁྱབ་འཇུག་གི་གླིང་གི་བྲམ་ཟེ་ལ་བྱིན། དྲུག་པ་སེར་སྐྱའི་རྒྱལ་རིགས་ཤཱཀྱ་བར་གཏོགས་པ་རི་བྲག་པ་རྣམས་ལ་བྱིན། བདུན་པ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་བྱིན། བརྒྱད་པ་གྲོང་ཁྱེར་མ་ག་དྷཱའི་ནང་བྱན་མ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་བྱིན། གདུང་བཅུག་པའི་བུམ་པ་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་བྱིན། གདུང་བསྲེགས་པའི་སོལ་བ་རྣམས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་ལ་བྱིན་ཏེ་སོ་སོ་ནས་མཆོད་རྟེན་རེ་རེ་བཞེངས་སོ། །དེ་དག་ཀྱང་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་ཛམྦཱུའི་གླིང་པའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུ་གནས་པར། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་དག་ལ། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་འམ་ཅི་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །བཅོམ་ལྡན་སྐུ་གདུང་ཆ་བརྒྱད་བགོས་པ་ལས། །གཅིག་ནི་གྲོང་ཁྱེར་རྩ་ཅན་གྱད་ལ་བྱིན། །གཉིས་པ་སྡིག་ཅན་གྱད་ཀྱིས་རྒྱ་ཆེར་མཆོད། །གསུམ་པ་རྟོག་གཡོའི་རྒྱལ་རིགས་བུ་ལུ་ཀས། །བཞི་པ་སྒྲ་སྒྲོགས་(༡༦)རྒྱལ་རིགས་ཀྲོ་དྷ་ལ། །ལྔ་པ་ཁྱབ་འཇུག་གླིང་གི་བྲམ་ཟེར་མཆོད། །དྲུག་པ་སེར་སྐྱའི་རྒྱལ་རིགས་ཤཱཀྱ་ཡིས། །བདུན་པ་ཡངས་པ་ཅན་གྱི་ལིཙྪ་བཱིས། །བརྒྱད་པ་ཡིད་འོང་གྲོང་ཁྱེར་མ་ག་དྷཱའི། །ནང་བྱན་མ་གཏོགས་བྲམ་ཟེ་དབྱར་བྱེད་མཆོད། །གདུང་བཅུག་བུམ་པ་ཡོན་ཏན་རབ་ལྡན་པ། །བྲམ་ཟེའི་རིགས་མཆོག་བེ་བོར་མཉམ་ལ་བྱིན། །བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་ཡིས་ནི། །གདུང་བསྲེགས་སོལ་བ་བླངས་ནས་མཆོད་རྟེན་བྱས། །དེ་ལྟར་ཐོག་མར་འཇིག་རྟེན་སྒྲོན་མ་ཡི། །མཆོད་རྟེན་ཡོན་ཏན་རབ་མཛེས་བཅུར་གྱུར་ཏོ། །ཞེས་གསུངས་སོ། །

གཉིས་པ་བཀའི་བསྡུས་ཚུལ་ལ་གསུམ་ལས། བསྡུ་བ་དང་པོ་ལ་སྡོམ་ནི། དུས་དང་འདུས་པ་གནས་དང་ནི། །གསོལ་འདེབས་དངོས་པོ་སྦྱིན་བདག་དང་། །དགོས་པ་བསལ་བྱ་བསྡུས་ཚུལ་གཙོ། །རྣམ་པ་དགུར་ནི་མཁས་རྣམས་བཞེད། །དེ་ལ་དུས་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་དེ་ལོའོ། །མཆོག་འདུས་པ་ནི་དགྲ་བཅོམ་པ་ལྔ་བརྒྱའོ། །དེའང་ལྷའི་བུ་རྣམས་ལས་འཕགས་པ་འོད་སྲུངས་ཀྱིས་གསན་ནས་གང་པོ་ལ་དགེ་འདུན་བསྡུས་ཤིག་ཅེས་བསྒོ་བ་ལས། གཎྜཱི་བརྡུངས་དགེ་འདུན་བསྡུས་པས་དགྲ་བཅོམ་པ་ལྔར་བརྒྱར་གཅིག་གི་མ་ཚད་ནས། ཤྲཱི་ཀ་ཀའི་གཞལ་མེད་ཁང་སྟོང་པ་ན་འཕགས་པ་བ་ལང་བདག་བཞུགས་པ་ལ་གང་པོས་འོད་སྲུངས་ལ་སོགས་པའི་དགེ་འདུན་ཁྱོད་ལ་སྡོད་པས་འབྱོན་པར་ཞུ་ཞེས་སྦྲན་དུས། སངས་རྒྱས་མྱ་ངན་ལས་འདས་པར་ཤེས་ཏེ་ཆོས་གོས་དང་ལྷུང་བཟེད་དགེ་འདུན་ལ་བསྐུར་ནས། བ་ལང་བདག་ཀྱང་མྱ་ངན་ལས་འདས་པའི་ཚུལ་གང་པོས་བསྒྲགས་པས། འོད་སྲུངས་ཀྱིས་ད་ཕྱིན་ཆད་བཀའ་བསྡུ་བ་མ་ཚར་གྱི་བར་ལ་དགྲ་བཅོམ་པ་སུ་གང་ཡང་མྱ་ངན་ལས་མ་འདའ་ཞིག་ཅེས་བསྒྲགས་ཏེ། ཀུན་དགའ་བོ་སྤྱོ་བས་གདུལ་བར་མཁྱེན་ནས། མཆོག་འདུས་པའི་ནང་ནས་འདོད་ཆགས་དང་ཞེ་སྡང་དང་བཅས་པ་མ་ལེགས་ཀྱིས་སོང་ཞིག་ཅེས་སྨྲས་པས། ང་དང་སངས་རྒྱས་ཀྱི་བསྟན་པ་ཁྱོད་ལ་གཏད་པ་ལགས་མོད་ནོངས་པ་མ་མཆིས་ཞེས་བརྗོད་པས། འོད་སྲུངས་ཀྱི་ཞལ་ནས་ཚུལ་ཤིང་ཞོག་ཅིག་ཅེས་གསུངས་ནས་སྤྱོ་བ་རྣམ་པ་བརྒྱད་མཛད་ཅེས་གྲགས་ཀྱང་། སྤྱོ་བ་བདུན་སྤྱོ་ཆུང་དང་བརྒྱད་མཛད་པར་སྔོན་གྱི་མཁས་པ་དག་གསུངས་ཏེ། འདྲི་རྨེད་འདི་མཛད་དང་ལན་འདི་བཏབ་མི་སྣང་བས་སངས་རྒྱས་ཀྱིས་འདྲི་རྨེད་མཛད་པ་ལ་ལན་ལོག་པ་བཏབ་ཅེས་པའི་སྤྱོ་བ་མི་བགྲང་ངོ་། །སྤྱོ་བ་བདུན་སྤྱོ་ཆུང་དང་བཅས་པ་ནི། དེར་འོད་སྲུངས་ཀྱི་ཞལ་ནས་སངས་རྒྱས་ཞལ་སྐྱེམས་པ་ལ་ཆུ་རྙོག་མ་ཅན་དྲངས་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བདུད་ཀྱིས་ཆུ་ཀླུང་ཀ་ཀུ་ཏ་དཀྲུགས་པས་རྙོག་མ་མེད་པ་མ་རྙེད་ཅེས་བཏབ་པས། ལྷུང་བཟེད་ནམ་མཁའ་ལ་དེང་བྱས་ན་ལྷས་(༡༧)བདུད་རྩིས་འགེངས་པས་དེ་ཙམ་མ་ཤེས་པ་ཡང་ཁྱོད་ཀྱིས་ཉེས་གསུངས་པ་དང་། བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་ན་ཁྱོད་ལ་དྲིས་པའི་ཚེ། དེ་ལྟར་གསོལ་བ་མ་བཏབ་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བདུད་ཀྱི་འོད་ཟེར་གྱིས་ཁྱབ་པས་དྲན་འཛིན་ཉམས་པར་གྱུར་ཏོ་ཞེས་བཏབ་པས། བདེ་བར་གཤེགས་པ་རྫུ་འཕྲུལ་གྱི་རྐང་པ་ལ་གནས་པས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་པར་འགྱུར་རོ་ཞེས་གསུངས་ཚེ། ཁྱོད་ཀྱིས་གསོལ་བ་བཏབ་ན་མྱ་ངན་ལས་མི་འདའ་ན་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། ན་བཟའ་རྡོག་པའི་འོག་ཏུ་བཅུག་ནས་དྲིས་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་འཛིན་མཁན་མ་རྙེད་ཅེས་བཏབ་པས། ནམ་མཁའ་ལ་དེང་བྱས་ན་ལྷས་འཛིན་པ་ལས་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། གསང་བའི་སྦ་བ་ནུབ་པ་གྲོང་པའི་བུད་མེད་ལ་བསྟན་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བུད་མེད་སྐྱེས་པར་འགྱུར་དུ་རེ་ཞེས་བཏབ་པས། རང་གི་ལས་ཀྱིས་བུད་མེད་སྐྱེས་པར་ག་ལ་འགྱུར། དེ་བཞིན་གཤེགས་པའི་གསང་བའི་སྦ་བ་སྦ་བར་བྱ་བ་ཡིན་གྱི་བསྟན་པར་བྱ་བ་མ་ཡིན་པས་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། སྐུ་གསེར་གྱི་གཏན་པ་ཕྱིས་པ་འདྲ་བ་གྲོང་པའི་སྐྱེ་བོ་ལ་བསྟན་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། དེའི་ཚེ་བདེན་པ་མཐོང་དུ་རེ་ཞེས་བཏབ་པས། སྐལ་བ་མེད་པ་དག་གིས་བདེན་པ་ག་ལ་མཐོང་སྐུ་དྲི་མ་ཅན་དུ་འགྱུར་བས་དེ་ཙམ་མ་ཤེས་པ་ཉེས་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་རབ་ཏུ་འབྱུང་བའི་ཞུ་བ་བྱས་པས་ཁྱོད་ཀྱིས་ཉེས་བྱས་པའི་ལན་དུ། ཡུམ་འདས་ནས་བསྐྱངས་པས་དྲིན་ཆེ་སྙམ་ནས་ཞུས་ཞེས་བཏབ་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱོགས་གང་ནས་ཀྱང་དྲིན་ལན་བསབ་ཏུ་ཡོད་པ་ལ་བསྟན་པའི་ཐ་མ་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན་པར་འགྱུར་བས་དེ་ཙམ་མ་ཤེས་པས་ཉེས་གསུངས་པ་དང་། གང་ཟག་དཀའ་བས་ཉེ་བར་འཚོ་བའི་ཚེ་བསླབ་པའི་གཞི་ཕྲ་མོ་དག་བག་ཡངས་སུ་གནང་བར་གསུངས་པ་ལ་གང་ཕན་ཆད་གནང་བ་མ་ཞུས་པ་ཁྱོད་ཀྱིས་ཉེས་ཞེས་པའི་ལན་དུ། སངས་རྒྱས་འདས་ནས་དགེ་སྦྱོང་འདི་དག་རེས་འགའ་སྡོམ་རེས་འགའ་གློད་ཅེས་སྐྱེ་བོ་རྣམས་འཕྱ་བར་འགྱུར་དུ་དོགས་ནས་མ་ཞུས་ཞེས་བཏབ་པས། ཆོས་ཀྱི་རྗེས་གནང་ན་ཅི་ཞིག་བྱ་དེ་ཙམ་མ་ཤེས་པ་ཉེས་སོ་ཞེས་གསུངས་ཏེ་མཆིལ་ལྷམ་གྱིས་བསྣུན་ཏེ་བསྐྲད་དོ། །དེ་ནས་ཀུན་དགའ་བོས་བྲ྇་ཛིའི་ལྗོངས་སུ་བྱོན་པ་ལས། བྲ྇་ཛ྇འི་བུ་ལ་སོགས་པས་རབ་ཏུ་བྱུང་སྟེ་གདམས་ངག་ཕོག་པས་དེ་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། མཁན་པོ་ལ་བསྐུལ་བ། མཁན་པོ་ནི་འགྲོ་བ་མང་པོ་སྒྲོལ་བའི་(༡༨)གྲུ་གཟིངས་ལྟ་བུ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་མ་མཛད་ཅེས་བསྐུལ་བས། བདེན་སྙམ་ནས་སྒོམ་ཐུན་གཅིག་མཛད་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་དུས། མངོན་ཤེས་ཀྱིས་བརྟགས་པས་འོད་སྲུངས་ཀྱིས་བྱམས་པའི་སེམས་ཀྱིས་སྤྱོ་བ་མཛད་པར་མཁྱེན་ཏེ། སླར་དགེ་འདུན་གྱི་ནང་དུ་བྱོན་པས་དགྲ་བཅོམ་པ་ལྔ་བརྒྱའོ། །གནས་ནི་འོད་མའི་ཚལ་དང་རྩྭ་ཅན་ལ་སོགས་པ་སྟོན་པ་མྱ་ངན་ལས་འདས་པས་ཡིད་གདུང་ཞིང་ཉམས་མི་དགའ་བས། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིའི་ཕྱོགས་ཞིག་ན་ཨ་སུ་ར་བ་གསང་བའི་བྲག་ཕུག་བྱ་བ་ཡོད་པ་དེར། གསོལ་བ་འདེབས་མཁན་འཕགས་པ་འོད་སྲུངས་ཆེན་པོ་སྟེ། སྣམ་སྦྱར་ལྔ་བརྒྱ་སྟན་དུ་བཏིང་ནས་ཉེ་བ་འཁོར་བཞུགས་པ་ལ། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་འདུལ་བ་གསུངས། །ཞེས་གསོལ་བ་བཏབ་དུས། འདུལ་བ་ལུང་སྡེ་བཞི་འབུམ་ཕྲག་གི་ཚད་དུ་ལོངས་པ་རྣམས་ཁ་ཏོན་དུ་གསུངས་པ་དང་། དེ་བཞིན་དུ་ཀུན་དགའ་བོས་མདོ་སྡེ་དང་། འོད་སྲུངས་ཉིད་ཀྱིས་མངོན་པར་གསུངས་སོ། །བསྡུ་བར་བྱ་བའི་ཆོས་ནི་དེ་ལྟར་སྡེ་སྣོད་གསུམ་མོ། །སྦྱིན་བདག་ནི་རྒྱལ་པོ་མ་སྐྱེས་དགྲའོ། །དགོས་པ་ནི་མ་འོངས་པའི་གདུལ་བྱ་ལུང་དང་མངོན་པར་རྟོགས་པ་མེད་པ་དག་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །བསལ་བྱ་ནི་ལྷའི་བུ་ཚེ་བསྐལ་པར་ཐུབ་པ་དག་ན་རེ། སངས་རྒྱས་གཞན་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པར་བཀའ་བསྡུ་བ་བྱུང་བ་ལས། ཤཱཀྱ་ཐུབ་པ་འདས་ནས་ད་དུང་མ་བྱུང་བས་ད་ནི་སངས་རྒྱས་ཀྱི་བསྟན་པ་མེ་ཤི་བའི་དུ་བ་ལང་ལོང་ཙམ་དུ་གྱུར་ཏོ་ཞེས་འཕྱ་བ་བསལ་བའི་ཕྱིར་རོ། །སྡུད་པ་པོའི་གཙོ་བོ་ནི་གནས་བརྟན་འོད་སྲུངས་ཆེན་པོ་དང་། ཉེ་བ་འཁོར་དང་། ཀུན་དགའ་བོ་རྣམས་སོ། །ཞར་ལ་དེའི་འཕྲོས་ནི། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོ་མྱ་ངན་ལས་འདའ་བར་བཞེད་ནས། བསྟན་པ་ཀུན་དགའ་བོ་ལ་གཏད་དེ། ལྷ་དང་ཀླུའི་གནས་ན་སངས་རྒྱས་ཀྱི་ཚེམས་མཆེ་བ་གཡས་དང་གཡོན་བཞུགས་པ་ལ་ཕྱག་འཚལ་ནས། སླར་བྱོན་ཏེ་རི་བོ་བྱ་རྐང་ཅན་གྱི་ནང་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེའི་དགོས་པ་ནི་མ་འོངས་པ་ན་བྱམས་པ་འཁོར་དུང་ཕྱུར་དང་བཅས་པ་ཚེ་ལོ་བརྒྱད་ཁྲིའི་དུས་དེར་བྱོན་དུས། རི་ཁ་བྱེ་ནས་པུར་དེ་གཟིགས་ནས། འཁོར་རྣམས་ཀྱིས་དྲིས་པས། བྱམས་པ་དེའི་དོན་རྒྱ་ཆེར་གསུངས་དུས་ཐམས་ཅད་སྦྱངས་པའི་ཡོན་ཏན་དང་ལྡན་པར་འགྱུར་བ་ལ་དགོངས་སོ། །དེ་ནས་ཀུན་དགའ་བོ་ཡང་མྱ་(༡༩)ངན་ལས་འདའ་བར་དགོངས་ཏེ། རྒྱལ་པོའི་ཁབ་པ་དང་ཡངས་པ་ཅན་པ་བསྡུམ་པའི་ཕྱིར་དེ་གཉིས་ཀྱི་བར་ཆུ་བོ་གངྒཱའི་དབུས་སར་བྱིན་གྱིས་བརླབས་ནས་བཞུགས་ཏེ། སྐྱེ་བོ་མང་པོ་རབ་ཏུ་བྱུང་ནས། ཆུ་དབུས་པ་དང་། ཉི་མའི་གུང་པ་ལ་སོགས་པར་མིང་བཏགས། དེ་དག་གིས་བསྒྲུབས་པས་དགྲ་བཅོམ་པ་ཐོབ་ནས། མཁན་པོའི་སྔོན་དུ་མྱ་ངན་ལས་འདའ་བར་བཞེད་པ་ལས། ཀུན་དགའ་བོས་ཉི་མའི་གུང་པ་ལ། ཁྱོད་ཁ་ཆེའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་པར་སྙིང་རྗེ་པདྨ་དཀར་པོ་ལས་གསུངས་པས་དེར་སོང་ལ་བསྟན་པ་ཟུང་ཞིག་ཅེས་གཏད་དེ་ཀུན་དགའ་བོས་རྫུ་འཕྲུལ་མང་པོ་བསྟན་ནས། སྐུ་གདུང་ཚལ་པ་གཉིས་སུ་འགྲོ་བར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོའི་ཁབ་པ་དང་། ཡངས་པ་ཅན་པས་སོ་སོར་སྤྱན་དྲངས་མཆོད་རྟེན་རེ་བཞེངས་ཏེ་དེ་ཕན་རྩོད་པ་ཞི་བར་གྱུར་ཏོ། །དེ་ནས་དགྲ་བཅོམ་པ་ཉི་མའི་གུང་པ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ཁ་ཆེའི་ཡུལ་དུ་གཤེགས་ཏེ། མཚོ་འགྲམ་ཞིག་ཏུ་བཞུགས་པ་ན་ཡུལ་དེ་ཀླུས་བདག་བྱས་པས་ཆར་ཆེན་པོ་ཕབ་ཆོ་འཕྲུལ་དུ་མ་བསྟན་དུས། འགོག་པ་ལ་མཉམ་པར་བཞག་པས། སླར་དད་དེ་ཀླུའི་རྒྱལ་པོ་ན་རེ་ཅི་བཀའ་སྩལ་ཟེར་བ་ལ། འདི་བསམ་གཏན་དང་མཐུན་པའི་གནས་ཤིག་འདུག་པས་ཡུལ་ཅིག་འདོད་པ་ཡིན་གསུངས་དུས། ཡུལ་ཇི་ཙམ་འདོད། འཁོར་ཇི་ཙམ་ཡོད། ཡུན་ཅི་ཙམ་བཞུགས་ཟེར་བ་ལ། ཡུལ་སྐྱིལ་མོ་ཀྲུང་ཤོང་བ་རེ་འདོད། ཡུན་སངས་རྒྱས་ཀྱི་བསྟན་པ་མ་ནུབ་ཀྱི་བར་དུ་སྡོད་གསུངས་དུས། འོ་ན་སྐྱིལ་མོ་ཀྲུང་ཆོས་ཤིག་ཟེར་བ་ལ། སྐྱིལ་མོ་ཀྲུང་གཅིག་གིས་ལུང་པ་བཅོ་བརྒྱད་ཀྱི་མདོ་བཅད་པས། ཀླུ་ན་རེ་འཁོར་གཅིག་མ་ཚང་ཡང་ང་རང་གི་ཡུལ་འདོད་ཟེར་རོ། །དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་མ་ནུབ་ཀྱི་རིང་རྟག་ཏུ་དེ་ན་བཞུགས་པ་ཡིན་ནོ། །

བསྡུ་བ་གཉིས་པ་ལ་ཡང་དགུ་ལས། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ནའོ། །འདུས་པ་ནི་འཕགས་པ་ཟླ་བསྒྱུར་དང་བཅས་པས་དགྲ་བཅོམ་པ་བདུན་བརྒྱའོ། །གནས་ནི་ཡངས་པ་ཅན་གྱི་གྲོང་ཁྱེར་ཀུསྨ་པུ་རིའི་གཙུག་ལག་ཁང་ངོ་། །གསོལ་བ་འདེབས་པ་ནི་ཚེ་དང་ལྡན་པ་གྲགས་པའོ། །བསྡུ་བར་བྱ་བའི་ཆོས་ནི་སྡེ་སྣོད་གསུམ་སྟེ། ཆོས་རྒྱལ་འདས་ནས་དགེ་འདུན་འགྱེད་པའི་ཕྱིར་གྱི་རྩོད་པ་འགའ་ཞིག་བྱུང་བ་ལས་བརྩམས་ཏེ་རྩ་བའི་སྡེ་བཞིར་གྱེས་པའི་བསྡུ་བ་ཡང་བྱས་སོ། །སྦྱིན་བདག་དྷརྨ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་དོ། །དགོས་པ་སྔར་བཞིན་ལས་ཁྱད་པར་དུ་སྐད་གཞན་ལ་མོས་པའི་གདུལ་བྱ་རྣམས་ཚེགས་ཆུང་ངུས་རྟོགས་པར་བྱ་བའོ། །བསལ་བྱ་ནི་དེའི་ཚེ་ཡངས་པ་ཅན་དུ་དགེ་སློང་ལྷ་ཆེན་(༢༠)པོས་རུང་བ་མ་ཡིན་པའི་གཞི་བཅུ་ཆོས་སུ་མཐུན་པར་བྱས་པ་རྣམས་ཏེ། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་ལ་བྱ་བར་རུང་བ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། །དེའང་མ་འདུས་པས་ལས་བྱས་ནས་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་ལས་ཆགས་པར་འདོད་པ་དང་། ཆོས་དང་མི་ལྡན་པའི་ལས་བྱས་ནས་རྗེས་སུ་ཡི་རང་བ་ཆོས་སུ་བློ་བསྒྱུར་བས་ཆོས་རུང་བར་འདོད་པ་དང་། ན་བ་ལ་སྲིན་བུ་པད་མའི་འཇིབ་ལུགས་ཀྱིས་ཆང་འཐུངས་ན་ཉེས་པ་མེད་པར་འདོད་པ་དང་། དངོས་ཀྱི་དགག་བྱ་མེད་ན་ས་བརྐོ་བར་རུང་སྟེ་སྲོག་ཆགས་ལ་གནོད་པ་མེད་པས་ཞེས་འདོད་པ་དང་། དུས་སུ་རུང་བ་དང་འདྲེས་པས་ལན་ཚྭ་ཕྱི་དྲོ་སྤྱད་དུ་རུང་སྟེ་རུང་ཆུ་མི་དགོས་ཞེས་འདོད་པ་དང་། ལམ་དཔག་ཚད་ཕྱེད་མི་དགོས་རྒྱང་གྲགས་ཕྱེད་དུ་ཕྱིན་ནའང་འདུས་ཏེ་ཟ་མ་ལ་སོགས་པའི་ཉེས་པ་མེད་ཅེས་འདོད་པ་དང་། སོར་གཉིས་ནི་ལྷག་པོར་བྱེད་པ་ལ་སོར་མོ་གཉིས་ཀྱིས་ལེན་པས་ཆོག་ཅེས་འདོད་པ་དང་། དུས་སུ་རུང་བ་དང་དུས་མ་ཡིན་པ་རུང་བ་གཉིས་བསྲེས་ནས་ཕྱི་དྲོ་ཡང་བཏུང་དུ་རུང་སྟེ་དེ་གཉིས་དཀྲུགས་པ་ན་དུས་སུ་རུང་བས་བྱིན་གྱིས་བརླབས་པར་འགྱུར་ཞེས་འདོད་པ་དང་། གདིང་བ་རྙིང་པ་ལ་བདེ་བར་གཤེགས་པའི་མཐོ་གང་མི་དགོས་རང་གི་མཐོ་གང་གིས་གླན་པས་ཆོག་ཅེས་འདོད་པ་དང་། བསྙེན་པར་མ་རྫོགས་པ་ཁྲིའུ་གྲོང་གི་གསེབ་ཏུ་འཁྱེར་དུ་བཅུག་ནས་ཁྱིམ་པ་དག་ལས་གསེར་བསླངས་པ་དེའི་སྟེང་དུ་འཇོག་ཏུ་བཅུག་པས་གསེར་ལ་རུང་བར་འགྱུར་ཏེ་ཉེས་པ་མེད་ཅེས་འདོད་པ་རྣམས་བསལ་བྱའོ། །སྡུད་པ་པོའི་གཙོ་བོ་དགྲ་བཅོམ་པ་ཉེར་སྦས་ཡིན་ནོ། །བསྡུ་བ་རྣམ་པ་གསུམ་ལའང་དགུ་ལས། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ནའོ། །འདུས་པ་ནི་དགྲ་བཅོམ་པ་ལྔ་བརྒྱ། སོ་སོའི་སྐྱེ་བོའི་དགེ་སློང་ཁྲི་དྲུག་སྟོང་ངོ་། །གནས་ནི་ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བའོ། །གསོལ་བ་འདེབས་པ་དང་སྦྱིན་བདག་ནི་རྒྱལ་པོ་ཀ་ནིཥྐའོ། །བསྡུ་བར་བྱ་བའི་ཆོས་ནི་སྡེ་སྣོད་གསུམ་དང་གྱེས་པ་བཅོ་བརྒྱད་ཆོས་སུ་མཐུན་པར་བསྡུ་བའོ། །དེ་ཡང་སྡེ་པ་ཐ་དད་པར་ཀློག་པའི་འཁོར་ལོ་ལས། ཤཱཀྱ་སེང་གེའི་བསྟན་པ་ནི། །ཐ་དད་རྣམ་པ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བ་བླ་མ་དེའི། །སྔོན་གྱི་འཕྲིན་ལས་དབང་གིས་ཡིན། །ཞེས་བཤད་པ་ལྟར། དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་དགེ་སློང་དུ་སྤྲུལ་ཏེ་དབྱེན་སྤྱོས་པས། ཐམས་ཅད་བློང་བློང་པོར་གྱུར་ཅིང་མདོའི་གནས་སོ་སོ་དང་སློབ་བརྒྱུད་སོ་སོས་ཚན་ཚན་དུ་བཅད་དེ། ལྟ་བ་དང་ཆོ་ག་མི་མཐུན་པས་ངེད་ཀྱི་ལྟར་ཡིན་གྱི་ཁྱེད་ཀྱི་ལྟར་མ་ཡིན་ཞེས་(༢༡)སྐུར་པ་འདེབས་པ་ན། དེ་དག་དང་པོ་གང་ལས་འཕྲོས་པའི་སྡེ་པ་དེ་དང་དེར་བསྡུས་ནས་ཁ་འཆམ་པར་སངས་རྒྱས་ཀྱི་ཆོས་དང་བསྟན་པའི་སོ་ལ་ཡིན་པར་བརྩད་པ་ལ། ནང་ཚན་གྱི་རྩ་བ་སྡེ་བ་བཞི། དེ་ལས་གྱེས་པ་བཅོ་བརྒྱད་དུ་གྲགས་པ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་དབྱེ་ན། གཞི་ཡོད་པ། འོད་སྲུངས་པ། ཆོས་སྲུངས་པ། མང་དུ་ཐོས་པར་སྨྲ་བ། ས་སྟོན་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །འདི་དག་རྒྱལ་རིགས་སྒྲ་གཅན་འཛིན་རབ་ཏུ་བཟང་པོ་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་གུས་པའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དེ། སྐད་ནི་ལེགས་པར་སྦྱར་བ་སྟེ་སཾ་སྐྲ྇་ཏ་ལྷའི་སྐད་དང་མཐུན་པ། སྣམ་སྦྱར་གྱི་སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས། རྟགས་ནི་ཨུཏྤལ་དང་། པདྨ་དང་། རིན་པོ་ཆེ་དང་། ཤིང་ལོ་འབྱུང་བའོ། །ཕལ་ཆེན་པ་ལས་དབྱེ་ན། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བཏགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་ལྔའོ། །འདི་དག་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་གནས་བརྟན་འོད་སྲུངས་ཆེན་པོ་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དེ། སྐད་ནི་པྲ་ཀྲ྇་ཏ་སྟེ་འོད་གསལ་གྱི་ལྷ་རྣམས་དང་མཐུན་པར་སྨྲ་བ། སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་དེ་ཟུང་མ་གཏོགས། རྟགས་ནི་གཡུང་དྲུང་འཁྱིལ་པ་དང་དཔལ་བེའུའོ། །གནས་བརྟན་པ་ལས་དབྱེ་ན། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ན་གནས་པའི་སྡེ་དང་གསུམ་མོ། །འདི་དག་སྨྱིག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བཅོམ་ལྡན་འདས་ཀྱིས་མཐའ་འཁོབ་འདུལ་བའི་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དེ། སྐད་ནི་ཨ་བ་བྷྲཾ་ཤཏ་སྟེ་ཟུར་ཆག་པ་ཤ་ཟ་རྣམས་དང་མཐུན་པ། སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་དེ་ཟུང་མ་གཏོགས། རྟགས་སུ་དུང་འབྱུང་བའོ། །མང་པོས་བཀུར་བ་ལས་དབྱེ་ན། ས་སྒྲོགས་རིགས་ཀྱི་སྡེ། བསྲུང་བ་པའི་སྡེ། གནས་མ་བུའི་སྡེ་དང་གསུམ་མོ། །འདི་དག་འབྲེག་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བར་འཁོར་བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེའི་སློབ་བརྒྱུད་དོ། །སྐད་ནི་པི་ཤཱ་ཙིཏ་སྟེ་ཐ་མལ་པ་གནས་གཙང་མའི་ལྷ་རྣམས་དང་མཐུན་པ། སྣམ་ཕྲན་ནི་གནས་བརྟན་པ་དང་མཐུན། རྟགས་ནི་དུང་ངོ་། །འདི་དག་གི་ལྟ་བ་དང་གྲུབ་པའི་མཐའ་དབྱེ་བ་ཞིབ་ཏུ་རྟོགས་པར་འདོད་པ་ན་ཁོ་བོས་བྱས་པའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་(༢༢)དུ་རྟོགས་པར་བྱའོ། །དགོས་པ་ནི་བསྟན་པ་ནང་མཐུན་པ་དང་ཡུན་རིང་དུ་གནས་པའི་དགོས་པ་ཡོད་དོ། །བསལ་བྱ་ནི་གྱེས་པ་བཅོ་བརྒྱད་ཆོས་མ་ཡིན་པར་འདོད་པ་རྣམས་སོ། །སྡུད་པ་པོའི་གཙོ་བོ་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སུ་མི་ཏྲ་དང་། དགྲ་བཅོམ་པ་ཆེན་པོ་པུརྞི་ཀའོ། །

གསུམ་པ་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ། སློབ་དཔོན་གྱི་མཚན་ཉིད། བསྟན་བཅོས་ཀྱི་རང་བཞིན། ཇི་ལྟར་མཛད་པའི་ཚུལ་དང་གསུམ་ལས། དང་པོ་ལའང་རབ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་གནང་བ་ཐོབ་པ། ཐ་མ་རིག་པའི་གནས་ལྔ་ཤེས་པའོ། །

གནས་ལྔ་ནི། སྒྲ། ཚད་མ། བཟོ། གསོ་བ། ནང་གི་དེ་ཁོ་ན་ཉིད་ཀྱི་གནས་སོ། །བསྟན་བཅོས་ཀྱི་རང་བཞིན་ནི་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་བཀའི་དགོངས་འགྲེལ་དུ་བརྩམས་ཤིང་ཐར་པའི་ལམ་སྟོན་པས་འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། མགོན་པོ་བྱམས་པས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་བཞིན་ནོ། །ཇི་ལྟར་མཛད་པའི་ཚུལ་ལ་སངས་རྒྱས་ཞལ་བཞུགས་པ་ན་དགྲ་བཅོམ་པ་བདུན་གྱིས་བསྟན་བཅོས་མངོན་པ་སྡེ་བདུན་མཛད་པ་དང་། བསྡུ་བ་གཉིས་པའི་དུས་སུ་དགྲ་བཅོམ་པ་ཉེར་སྦས་ཀྱིས་བྱེ་བྲག་བཤད་མཛོད་ཆེན་མོ་མཛད་པ་དང་། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བྱོན་ཏེ། དབུ་མའི་ལུགས་རྒྱ་ཆེར་གསལ་བར་མཛད་པ་བཀའ་གསུམ་གྱི་དོན་འགྲེལ་པ། གཏམ་གྱི་ཚོགས་བཀའ་དང་པོའི་འགྲེལ་པ་དང་། རིགས་པའི་ཚོགས་བར་པའི་འགྲེལ་པ་དང་། བསྟོད་པའི་ཚོགས་ཐ་མའི་འགྲེལ་པར་མཛད་པ་དང་། འཕགས་པ་ལྷས་བཞི་བརྒྱ་པ་ལ་སོགས་པ་མཛད་པ་དང་། ལེགས་ལྡན་འབྱེད་ཀྱིས་མཛད་པ་སྤྱན་རས་གཟིགས་བརྟུལ་ཞུགས་ལ་སོགས་པ་དང་། ཟླ་བ་གྲགས་པས་མཛད་པ་ཚིག་གསལ་བ་དང་། དབུ་མ་ལ་འཇུག་པ་ལ་སོགས་པ་དང་། ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་ལ་སོགས་པ་བྱོན་ཏེ། ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་དྲོད་སྐད་ཅིག་གནས་པ་ལ། འཕགས་པ་བྱམས་པས་བཀའ་སྤྱིའི་འགྲེལ་པར། རྒྱན་གཉིས། འབྱེད་གཉིས། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་དང་ཆོས་ལྔ་མཛད་དེ་གསུངས་པ་རྣམས། ཛམྦཱུའི་གླིང་དུ་དར་བར་བྱས་ཏེ། སློབ་དཔོན་སོ་སོས་འགྲེལ་པ་དུ་མ་མཛད་པ་དང་། ཁྱད་པར་དུ་སློབ་དཔོན་ཐོགས་མེད་ཀྱིས་ས་སྡེ་ལྔ། སྡོམ་རྣམ་པ་གཉིས་ལ་སོགས་པ་(༢༣)བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུར་གྲགས་པ་རྣམས་མཛད་པ་དང་། དབྱིག་གཉེན་གྱིས་དེ་དག་གི་འགྲེལ་ཊཱིཀ་དུ་མ་དང་། ཁྱད་པར་དུ་ཆོས་མངོན་པ་མཛོད་རང་འགྲེལ་དང་བཅས་པ་ལ་སོགས་པ་དུ་མ་མཛད་པ་དང་། ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་དང་། ཚད་མ་ཀུན་ལས་བཏུས་ལ་སོགས་པ་དུ་མ་མཛད་པ་དང་། ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་ལ་སོགས་མཛད་པ་དང་། ཙནྡྲ་གོ་མིས་སྒྲའི་བསྟན་བཅོས་ཙནྡྲ་པ་ལ་སོགས་པ་དུ་མ་མཛད་པ་དང་། དཔའ་བོས་སྐྱེས་པ་རབས་ཀྱི་སྡེ་ལ་སོགས་པ་དུ་མ་མཛད་པ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་བམ་པོ་དགུ། ཀརྨ་ཤ་ཏཾ་བམ་པོ་དགུ་ལ་སོགས་པ་མཛད་པ་དང་། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་ལ་སོགས་པ་མཛད་པ་དང་། ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་ལ་སོགས་པ་དང་། སློབ་དཔོན་བི་མ་ལས་ལུང་སྡེ་བཞིའི་གནས་སྟོན་པ་དགའ་བ་བསྐྱེད་པ་དང་། གླང་པོ་ཆེའི་ཆུ་འཐུང་ལ་སོགས་པ་དུ་མ་མཛད་པ་དང་། མཁན་པོ་ཞི་བ་འཚོས་དབུ་མ་སྣང་བ་ལ་སོགས་པ་མཛད་པ་དང་། ཀ་མ་ལ་ཤཱི་ལས་སྒོམ་རིམ་གསུམ་པ་ལ་སོགས་པ་མཛད་པ་དང་། སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་འབྱེད་པ་ལ་སོགས་པ་མཛད་པ་དང་། ཤཱནྟི་པས་ཉི་ཁྲི་དག་ལྡན་ལ་སོགས་པ་མཛད་པ་དང་། སློབ་དཔོན་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བ་ལ་སོགས་པ་མཛད་པ་དང་། སེང་གེ་བཟང་པོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་ཆུང་དོན་གསལ་ལ་སོགས་པ་མཛད་པ་དང་། ཤེས་རབ་འབྱུང་གནས་སྦས་པས་ཐུབ་པ་དགོངས་པའི་རྒྱན་ལ་སོགས་པ་མཛད་པ་དང་། ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་པ་མཛད་པ་སྟེ། མདོར་ན་རྒྱ་གར་གྱི་པཎྜི་ཏ་དེ་དག་དང་གཞན་ཡང་དཔག་ཏུ་མེད་པས་ཕྱི་ནང་གི་གནས་གསལ་བར་བྱེད་པའི་བསྟན་བཅོས་དུ་མ་མཛད་དེ། ཛམྦཱུའི་གླིང་དུ་དར་ཞིང་རྒྱས་པས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་མཛད་པ་ཡིན་ཏེ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །

དོན་གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་བཤད་པ་ལ་གཉིས་ཏེ། གསར་མ་དང་། རྙིང་མའོ། །

དང་པོ་གསང་སྔགས་གསར་མའི་ལུགས་ལ་གསུམ་སྟེ། གསུང་བ་པོ་སྟོན་པའི་ཚུལ་བྱོན། དེས་གསུངས་པ་སྔགས་ཀྱི་རང་བཞིན། ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་སོ། །དང་པོ་ལའང་བྱ་བའི་རྒྱུད་དུ་གཏོགས་པ་དག་བརྩོན་པ་རབ་དང་ལྡན་ན་ཚེ་འདི་ཉིད་ལ་འཕགས་པའི་གོ་འཕང་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་ཚེ་(༢༤)རབས་བཅུ་དྲུག་གི་ཚེ་ཚད་དུ་ལུས་དེས་ཚོགས་གཉིས་བསགས་པའི་མཐར་བྱང་ཆུབ་འཐོབ་ལ། བརྩོན་པ་འབྲིང་དང་ཐ་མས་མི་ཚེ་བཅུ་དྲུག་ཏུ་དཀྱིལ་འཁོར་མཆོད་པ་ལ་སོགས་པས་ཚོགས་དཔག་ཏུ་མེད་པ་བསགས་པའི་མཐར་འོག་མིན་དུ་སངས་རྒྱས་ནས་འདིར་སྤྲུལ་པ་འབྱུང་བར་འདོད་ལ། སྤྱོད་པའི་རྒྱུད་དུ་གཏོགས་པ་དག་ཚེ་རབས་བདུན་དང་། རྣལ་འབྱོར་གྱི་རྒྱུད་དུ་གཏོགས་པ་དག་ཚེ་གསུམ་གྱི་མཐར་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་ནས་འདིར་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པར་འདོད་དེ། གསང་སྔགས་བླ་ན་མེད་པ་ལས། ཁ་ཅིག་སྔ་མར་སྤྱོད་པ་སྣང་སྦྱོང་གི་ཚོགས་གཉིས་བསགས་ནས། ཚེ་འདིར་དབང་པོ་རྣོན་པོའི་གང་ཟག་དེས་དཀའ་བ་སྤྱོད་པའི་ཚེ་སྐུ་ཆུ་ཀླུང་གི་འགྲམ་ན་བཞུགས་བཞིན་དུ། ཐུགས་འོག་མིན་དུ་འོད་ཟེར་ཆེན་པོས་དབང་བསྐུར་ཏེ་ཟབ་གསལ་གཉིས་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པས་སངས་རྒྱས་མ་ཐག །རྡོ་རྗེ་གདན་དུ་བྱོན་ཏེ་འཚང་རྒྱ་བའི་ཚུལ་སྟོན་པར་འདོད་པ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེ་ལས། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནཻ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་ཀྱིས། །ཐལ་བྱུང་བློ་ཆགས་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་དོན་བསྟན་པས། །ནམ་ཕྱེད་དུས་ན་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །འགྲོ་བ་གདུལ་བར་བྱ་བའི་ཕྱིར། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང་། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་སོ། །ཁ་ཅིག་ནི་སེམས་བསྐྱེད་ཚོགས་བསགས་པའི་མཐར་འོག་མིན་དུ་སངས་རྒྱས་ནས་སླར་གཙང་མའི་རིས་ཀྱི་འོག་མིན་དུ་འཚང་རྒྱ་བའི་ཚུལ་བསྟན་པའི་རྗེས་ལ། རྡོ་རྗེ་གདན་དུ་སངས་རྒྱ་བར་སྟོན་པར་བཞེད་དེ། དེ་ཉིད་འདུས་པ་ལས། བཅོམ་ལྡན་འདས་ནི་སངས་རྒྱས་ནས་རིང་པོར་མ་ལོན་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དུ་གྱུར་པར་མཁྱེན་པས། རི་རབ་ཀྱི་རྩེ་མོ་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་གཤེགས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་རྩ་བསླངས་ནས་ཞེས་སོ། །ཡང་ཁ་ཅིག་འོག་མིན་ཆེན་པོར་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའི་རྗེས་ལ་ཞིང་འདིའི་འོག་མིན་དུ་རྡོ་རྗེ་འཆང་དུ་སངས་རྒྱས་མ་ཐག་རྡོ་རྗེ་གདན་དུ་སངས་རྒྱས་ཤཱཀྱ་ཐུབ་པར་སངས་རྒྱས་ནས་དོན་(༢༥)མཛད་པར་བཞེད་དེ། ཕྱག་ན་རྡོ་རྗེས་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཛིན། འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པར་དབང་བསྐུར་བའི་རྗེས་ལ། དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་ཛམྦཱུའི་གླིང་དུ་བདུད་ཕམ་པར་མཛད་ནས་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཞེས་སོ། །

གཉིས་པ་དེས་གསུངས་པ་སྔགས་ཀྱི་རང་བཞིན་ལ། ཁྱད་པར་གྱི་འཕགས་ཚུལ། འབྲས་བུར་བཞག་ཚུལ། བཞིར་དབྱེ་ཚུལ་དང་གསུམ་ལས། དང་པོ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དག་མཐར་ཐུག་གི་འབྲས་བུ་སངས་རྒྱས་བསྒྲུབ་པར་དོན་གཅིག་ཀྱང་། དེ་སྒྲུབ་པར་བྱེད་པའི་ལམ་དུས་ཀྱི་ཐབས་ལམ་ཁྱད་པར་ཞུགས་པས་འཕགས་ཆོས་བཞིས་འཕགས་པའི་ཚུལ་ལ་བསྒྲུབ་ཚུལ་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་ལས་ཆུང་བ་དང་། དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་སྟེ། མ་རྨོངས་པ་ནི་འདི་ལྟར་ཟབ་པ་དང་རྒྱ་ཆེ་བའི་གནས་དག་འཇལ་བ་ན། མཚན་ཉིད་ཀྱི་ཐེག་པས་གཏན་ཚིགས་ཀྱི་སྒོ་ནས་གཞིགས་ཏེ། རྗེས་དཔག་ངེས་པའི་ཚད་མས་གཞལ་བའི་དོན་དམ་གྱི་བདེན་པ་བློས་བྱས་ཀྱི་གཞིར་གཏན་ལ་(༢༥)ཕབ་ནས། དེའི་ངང་ལ་འབད་པས་འཇོག་པའི་ལམ་ཞི་ལྷག་ཙམ་དེས། དུས་བསྐལ་པ་མང་པོ་ན་བདེན་མཐོང་ཐར་པའི་འབྲས་བུ་ལ་དམིགས་པས་ཟབ་པ་ཙམ་དང་། རྒྱ་ཆེ་བའང་ཕྱི་ནང་གི་ཆོས་རྣམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པ་ཀུན་རྫོབ་ཀྱི་བདེན་པར་གཞལ་ན། བླང་དོར་གྱི་དམིགས་ངེས་པར་བྱེད་པ་ཙམ་ལས་མེད་དོ། །གསང་སྔགས་ནི་ཟབ་པའི་གནས་དབང་འཇལ་བ་ན་ཡིད་དཔྱོད་ལ་མ་ལྟོས་པར་ལུས་ངག་གི་གནད་རྩ་རླུང་ཐིག་ལེའི་འཕྲོ་འདུ་ཁྱད་པར་ཅན་བསྟུན་པ་ཙམ་གྱིས་སྐད་ཅིག་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་གཞི་དོན་བདེན་པ་གཏན་ལ་ཕབ་ནས། དེའི་ངང་ལ་ཐབས་ཁྱད་པར་ཅན་གྱི་བློ་གནས་པས། ཚེ་འདི་ཉིད་ལ་སོགས་པར་དབྱིངས་དོན་དམ་པའི་བདེན་པ་རྟོགས་ནས་བྱང་ཆུབ་མངོན་དུ་བྱེད་པས་ཟབ་པས་ཁྱད་པར་དུ་འཕགས་པ་དང་། རྒྱ་ཆེ་བའང་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་ཡེ་ནས་གྲུབ་པས་གཞིའི་རྒྱུད་དུ་གཏན་ལ་ཕབ་ནས། དེའི་ངང་ལས་སྣང་བའི་ཆོས་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཞིང་དང་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་ཤེས་པ་ཐབས་བསྐྱེད་པའི་རིམ་པ་དང་། ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པ་རྫོགས་པའི་རིམ་པ་སྟེ། རིམ་པ་གཉིས་པོ་བདེན་པ་གཉིས་སུ་ངེས་པས་ཐབས་(༢༦)དང་ཤེས་རབ་མཆོག་ཏུ་གྱུར་པའི་ལམ་ཁྱད་པར་ཅན་བསྒོམས་པས། གནས་སྐབས་སུ་གྲུབ་པ་བརྒྱད་དང་། འཕྲིན་ལས་བཞིས་རང་དང་གཞན་གྱི་རེ་བ་བསྒྲུབ་པ་དང་། མཐར་ཐུག་ཚེ་གཅིག་གམ། བར་དོའམ། སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་བྱང་ཆུབ་མངོན་དུ་བྱེད་པའི་འབྲས་བུ་མཆོག་ཏུ་གྱུར་པའི་གནས་སྟོན་པས་ན་རྒྱ་ཆེ་བས་ཁྱད་པར་དུ་འཕགས་པའི་ཕྱིར། གསང་སྔགས་རྡོ་རྗེའི་ཐེག་པ་ཟབ་པ་དང་རྒྱ་ཆེ་བའི་གནས་ལ་མ་རྨོངས་པས་ཀྱང་མཚན་ཉིད་ཀྱི་ཐེག་པ་ལས་ཆེས་ཁྱད་པར་འཕགས་སོ། །ཐབས་མང་བས་ཀྱང་འཕགས་ཏེ། སྤང་བྱ་འདོད་ཆགས་ལྟ་བུ་ཞིག་སྤང་བ་ལའང་། མཚན་ཉིད་ཀྱིས་ཡུལ་དང་ཡུལ་ཅན་སྤང་འགེགས་བྱེད་པ་དེ། སྔགས་ཀྱིས་བསྐྱེད་རིམ་ལྷའི་རྣལ་འབྱོར་དུ་བསྒྱུར་བ་དང་། གྱ་ནོམ་གྱི་འདོད་ཆགས་དགའ་བ་བཞིའི་ཡེ་ཤེས་སུ་ངོ་ཤེས་པས་གཉིས་སུ་མེད་པའི་ཡེ་ཤེས་འཆར་བའི་གཞིར་གཏན་ལ་འབབས་པ་དང་། ཐུན་མོང་གི་ཡོ་བྱད་ལྟ་བུ་ཞིག་ལའང་། མཚན་ཉིད་ཀྱིས་རང་རང་གི་སྔོན་ལས་སྦྱིན་འབྲས་སུ་བྱས་ཏེ། རྐྱེན་ཐ་མལ་པ་ཚོང་དང་སོ་ནམ་ལ་སོགས་འབད་པས་བསྒྲུབ་པ་ལྟ་བུ་ཉིད། སྔགས་ཀྱིས་ཆུ་དབང་གནོད་གནས་ལ་སོགས་པའི་སྒྲུབ་ཐབས་ཀྱིས་དངོས་སུ་འབྱོར་པ་སྤེལ་དུ་ཡོད་པས་འཕགས་སོ། །དཀའ་བ་མེད་པས་ཀྱང་འཕགས་ཏེ། མཚན་ཉིད་ཀྱི་ལམ་སྤོང་ལེན་དཀའ་སྤྱད་ཀྱི་མཐར་ངལ་ཞིང་དུབ་པ་ལས། སྔགས་ནི་ཐབས་ཁྱད་པར་ཅན་གྱིས་གང་ཡང་གྲོགས་སུ་འཆར་བས་འདོད་པའི་ཡོན་ཏན་མ་སྤངས་རྒྱན་དུ་བྱེད་པས་འཕགས་སོ། །དབང་པོ་རྣོན་པོའི་ལམ་ཡིན་པས་ཀྱང་འཕགས་ཏེ། ཚེགས་ཆུང་ལ་བུན་ཆེ་བ་མན་ངག་དམ་པའི་མཐར་ཐུག་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །

གཉིས་པ་འབྲས་བུར་བཞག་ཚུལ་ལ་གསུམ་ལས། དུས་མྱུར་བ་ལ་ལྟོས་ནས་འབྲས་བུའི་ཐེག་པ་ལ་བཞག་སྟེ། དཔེར་ན་མཚོན་རྣོ་རྟུལ་གཉིས་ཀྱིས་ཤིང་ལྟ་བུ་ཞིག་གཅོད་པ་ལས། རྟུལ་བ་དེ་ལ་འདིས་མི་ཆོད་ཟེར། །རྣོ་བ་ལ་འདིས་ཆོད་རག་པས་ཆོག་ཟེར་བ་ལ། མཚན་ཉིད་ཀྱི་ཐེག་པས་དུས་རིང་པོར་མི་ཐོབ་པའི་བྱང་ཆུབ། སྔགས་ཀྱིས་ཚེ་བཅུ་དྲུག་གམ་གཅིག་ན་ཐོབ་པས་དུས་ཉེ་རིང་ལ་ལྟོས་ནས་ཀྱང་འབྲས་བུར་བཤད་དེ། སམྦུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་དཀའ་བ་ཡི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ་ཞེས་སོ། །དེའང་བརྩོན་པ་རབ་ཀྱིས་ཚེ་གཅིག་གིས་འགྲུབ་པར། སངས་རྒྱས་མཉམ་སྦྱོར་ལས། (༢༧)བསྐལ་པ་བྱེ་བ་དུ་མ་རུ། །སངས་རྒྱས་ཀུན་དངོས་མི་མཐོང་བ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །བརྩོན་པ་འབྲིང་གིས་ལུས་སེམས་བྲལ་མ་ཐག་གམ་བར་དོར་གྲོལ་བར་བཤད་དེ། རྡོ་རྗེ་གདན་བཞི་ལས། །བུ་ག་དགུ་ཡི་སྟེང་མཆོག་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པ་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདི། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུར་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་པ་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་པས་སྨོས་ཅི་དགོས། །ཞེས་སོ། །དབང་པོ་ཐ་མའི་རབ་རྣམས་ཕྱི་མ་ལ་གྲོལ་བར། མཚན་བརྗོད་ལས། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་འཐོབ། །ཅེས་སོ། །ཐ་མའི་འབྲིང་རྣམས་སྐྱེ་བ་བདུན་ན་གྲོལ་ཏེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་སོ། །ཐ་མའི་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་གྲོལ་བར་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པས་ནི། །བསྐལ་པ་གྲངས་མེད་མི་ཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོའི་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་སོ། །

ཐབས་མཆོག་ཏུ་གྱུར་པས་ཀྱང་འབྲས་བུར་བཞག་པ་ནི། དཔེར་ན་བྱ་བ་གཅིག་བསྒྲུབ་པ་ལྟ་བུ་ལ་མི་གཅིག་གིས་ཉིན་བདུན་འབད་པས་མི་ཟིན་པ་དེ། གཅིག་གིས་འཕྲུལ་བྱས་པས་ཉི་མ་གཅིག་ན་ཟིན་པ་ལྟར། མཚན་ཉིད་ཀྱིས་ལོ་དང་ཟླ་བ་དུ་མར་འབད་པས་འགྲུབ་པའི་ཞི་ལྷག་ཙམ་དེ། སྔགས་ཀྱིས་རྩ་རླུང་གི་གནད་དུ་བསྣུན་པའི་སྐད་ཅིག་ལ་འགྲུབ་པ་ལྟ་བུ་ལ་སོགས་པའི་ཕྱིར་ཡང་འབྲས་བུ་ཆེ་བས་འབྲས་བུར་བཞག་སྟེ། པདྨ་རྩེ་མོ་ལས། ཤིན་ཏུ་དཀའ་བས་མི་འགྲུབ་པ། །སྐད་ཅིག་ཡང་དག་སྦྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལས་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་(༢༨)སོ། །འབྲས་བུ་དང་འདྲ་བ་ལམ་དུ་བྱེད་པས་ཀྱང་འབྲས་བུའི་ཐེག་པར་བཞག་པ་ནི། སངས་རྒྱས་དུས་ཀྱི་འབྲས་བུ་གཟུགས་སྐུ་གཉིས་ལྟ་བ་ཐབས་བསྐྱེད་པའི་འཁོར་ལོ་ལྷའི་རང་བཞིན་གསུང་སྔགས་ཀྱི་འཁོར་ལོ་དང་བཅས་པ་དང་། ཆོས་སྐུ་ལྟར་ཤེས་རབ་རྫོགས་པའི་རིམ་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་འཁོར་ལོ་ལམ་དུ་བྱེད་པས། འབྲས་བུ་དང་ཆ་འདྲ་ལམ་དུ་བྱེད་པའི་ཕྱིར་དེ་སྐད་བརྗོད་དེ། སྔ་མ་ལས། འདྲ་བ་ལམ་དུ་བྱེད་པའི་ཕྱིར། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་སོ། །

གསུམ་པ་རྒྱུད་སྡེ་བཞིར་དབྱེ་ཚུལ་ངེས་པ་ལྔ་ལས། མི་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་བཤད་དེ། གཙང་སྦྲ་ཅན་བྲམ་ཟེ་འདུལ་བ་ལ་བྱ་བའི་རྒྱུད། རྗེའུ་རིགས་འདུལ་བ་ལ་སྤྱོད་པའི་རྒྱུད། རྒྱལ་རིགས་འདུལ་བ་ལ་རྣལ་འབྱོར་གྱི་རྒྱུད། དམངས་རིགས་གདོལ་པ་འདུལ་བ་ལ་བླ་མེད་དེ། བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེའུ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོའི་འཁོར་ཚོགས་མང་། །གཞི་དམངས་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཞེས་པ་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་གདོལ་པ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །

གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་བཤད་དེ། དབང་པོ་རབ་ཀྱི་ཐ་མ་ལ་བྱ་བ། འབྲིང་ལ་སྤྱོད་པ། རབ་ལ་རྣལ་འབྱོར། ཡང་རབ་ལ་བླ་མེད་གསུངས་པ་ཉིད། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །

དུས་ལ་ལྟོས་ནས་ཀྱང་བཞིར་གསུངས་ཏེ། བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་འོད་དང་། བདུད་རྩི་དང་། རྫུ་འཕྲུལ་དང་། ཚེ་ཕུན་སུམ་ཚོགས་པ་བཞི་ལ་སྤྱོད་པས་བྱ་བའི་རྒྱུད་འབྱུང་བའི་དུས་སོ། །དེ་ནས་རྫུ་འཕྲུལ་མ་གཏོགས་པ་གསུམ་སྔོན་གྱི་དེ་ཙམ་དུ་ལྡན་པས་སྤྱོད་པའི་རྒྱུད་འབྱུང་བའི་དུས་སོ། །དེ་ནས་བདུད་རྩི་མ་གཏོགས་པ་གཉིས་ལྡན་པས་རྣལ་འབྱོར་གྱི་རྒྱུད་འབྱུང་བའི་དུས་སོ། །དེ་ནས་ཐམས་ཅད་འགྲིབས་ཏེ་འབྲས་སཱ་ལུའི་ལྗང་པ་ཟས་སུ་ཟ་ཞིང་ཕོ་མོའི་དབང་པོ་སོ་སོར་དོད་ནས་ཕན་ཚུན་རྩོད་པས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འབྱུང་བའི་དུས་ཏེ། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །སུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །ཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་རྒྱུད། །དུས་ནི་བཞི་ལ་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཞེས་སོ། །

སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་སྦྱོང་བ་ལ་(༢༩)དགོངས་ནས་ཀྱང་བཞིར་གསུངས་ཏེ། རྫོགས་ལྡན་གྱི་དུས་སུ་བལྟས་པས་ཚིམ་པ། སུམ་ལྡན་གྱི་དུས་སུ་བགད་པས་ཚིམ་པ། ཉིས་ལྡན་གྱི་དུས་སུ་ལག་པ་བཅངས་ཤིང་རེག་པས་ཚིམ་པ། རྩོད་ལྡན་གྱི་དུས་སུ་དབང་པོའི་སྒོ་སྦྱར་བས་ཚིམ་པའི་འདོད་ཆགས་བཞི་དག་པར་སྦྱོང་བ་ལ་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞིར་གསུངས་པ་ཉིད། གསང་བའི་དེ་ཉིད་ལས། དུས་ནི་རྣམ་བཞིའི་དབྱེ་བ་ཡིས། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བལྟས་པ་དང་ནི་བགད་པ་དང་། །དེ་བཞིན་གཞན་ནི་ལག་བཅངས་ཉིད། །གཉིས་གཉིས་འཁྱུད་པ་གང་ཡིན་པ། །དེ་ལྟར་རྒྱུད་ནི་རྣམ་པ་བཞི། །ཞེས་པ་དང་། སམྦུ་ཊི་ལས། བལྟ་དང་དགོད་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་པ་གང་ཡིན་པ། །སྲིན་བུ་མེ་ཡི་ཚུལ་གྱིས་སུ། །རྒྱུད་ནི་རྣམ་པ་བཞིར་གསུངས་སོ། །ཞེས་སོ། །གཞན་འཕྲུལ་དབང་བྱེད། འཕྲུལ་དགའ། དགའ་ལྡན་དང་མཚེ་མ། སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་བཞི་པའི་ལྷའི་འདོད་ཆགས་རིགས་བཞི་སྦྱོང་བས་ཀྱང་བཞིར་བཤད་ཅེས་ཁ་ཅིག་འདོད་དོ། །

ལྷ་བཞིའི་རྗེས་སུ་འཇུག་པ་ཕྱིན་ཅི་ལོག་བཞི་འདུལ་བ་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་ནི། བསམ་གཏན་ཕྱི་མ་ལས། འདག་ཆལ་དག་གིས་བསྒོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ལ་མཆོད་སྦྱིན་གྱིས་བསྒོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡིས་འདག །ཅེས་པའི་ཚུལ་རྗེས་སུ་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ། །ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་སྟེ། རྒྱལ་རིགས་ལ་ནི་རྒྱལ་རིགས་དང་། །བྲམ་ཟེ་འདོད་ལ་བྲམ་ཟེར་གསང་། །ཅེས་པའི་ཚུལ་རྗེས་སུ་གཟུང་བའི་ཕྱིར་སྤྱོད་པའི་རྒྱུད་དེ། རྣམ་སྣང་མངོན་བྱང་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང་། །གསོད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་སོ། །ང་རྒྱལ་ཅན་བརྒྱ་བྱིན་རྗེས་སུ་གཟུང་བའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་པ་ནི། དབང་ཕྱུག་འབྱོར་པ་ལྷ་ཡི་རྒྱུད། །རྣལ་འབྱོར་ཡང་དག་བཤད་པའོ། །ཞེས་སོ། །འདོད་ཆགས་ཅན་དབང་ཕྱུག་ནི་འདོད་ཆགས་ཆོས་སུ་སྨྲ་སྟེ། གྷོ་ཧཾ་བུད་མེད་ཉིད་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཉིད། །ཅེས་པ་རྗེས་སུ་གཟུང་བ་ལ་བླ་མེད་གསུངས་པ་ནི། གསང་འདུས་ལས། བུད་མེད་གཟུགས་དང་མདངས་བཟང་མ། ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་གནས་གསུམ་དུ། །དབེན་པར་མཆོད་པ་རབ་ཏུ་བརྩམ། །ཞེས་སོ། །

གསུམ་པ་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་ལ་བཞི་ལས། དང་པོ་བྱ་བའི་རྒྱུད་ལའང་ཆིངས་གསུམ་ལས། ཕྱི་ལྟར་བཅིངས་ན་མཆོད་པ་དང་གཏོར་མ་གཙོ་བོར་སྟོན་པ་ལེགས་པར་གྲུབ་པ། ཏིང་ངེ་(༣༠)འཛིན་བསྒྲུབ་པ་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། དཀྱིལ་འཁོར་གྱི་ཆོ་ག་གཙོ་བོར་སྟོན་པ་གསང་བ་སྤྱི་རྒྱུད། སྤྱོད་པ་གཙོ་བོར་སྟོན་པ་དཔུང་པ་བཟང་པོ་དང་བཞིའོ། །བྱེ་བྲག་ཏུ་སྐུ་གསུང་ཐུགས་ལྟར་བཅིངས་ནས། སྐུའི་རྒྱུད་རྡོ་རྗེ་གཙུག་ཏོར། བཤད་པའི་རྒྱུད་འཇམ་དཔལ་རྩ་རྒྱུད། མངོན་པར་བྱང་ཆུབ་པའི་རྒྱུད། གསང་བའི་རྒྱུད་རྣམ་པར་རོལ་པ། འཇམ་དཔལ་རྣམ་པར་རོལ་པ་ཡིད་བཞིན་མཆོག་གི་རྒྱུད། བསྟོད་པ་གླུར་བླངས་ཀྱི་ལེའུ། རྡོ་རྗེ་འཕྲེང་བ། བཤད་རྒྱུད་ཆོ་ག་འདུས་པ་ལ་སོགས་པའོ། །གསུང་གི་རྒྱུད་པདྨ་བརྩེགས་པ། བཤད་རྒྱུད་པདྨ་ཅོད་པཎ་ལ་སོགས་པའོ། །ཐུགས་ཀྱི་རྩ་རྒྱུད་རིག་པ་མཆོག །བཤད་རྒྱུད་མི་འཁྲུགས་པའི་གཟུངས་ལ་སོགས་པའོ། །འབྱུང་ཚུལ་ལྟར་བཅིངས་ན། སངས་རྒྱས་ཀྱི་དབུ་ལས་གདུགས་དཀར་པོ་ཅན། ལྗགས་ལས་པདྨ་བརྩེགས་པ། དཔུང་པ་ལས་དཔུང་པ་བཟང་པོ། ཐུགས་ལས་རིག་པ་མཆོག །ཕྱག་ལས་ཕྱག་ན་རྡོ་རྗེ་དབང་བསྐུར་བ། ལྟེ་བ་ལས་སུ་སིདྡྷི་ཀ་ར། གསང་བ་ལས་དོན་ཡོད་ཞགས་པ། ཞབས་ལས་འབྱུང་པོ་འདུལ་བྱེད། སྐྱེ་མཆེད་ལས་ཡིད་བཞིན་ནོར་བུ། དངོས་གྲུབ་བུམ་པ་འོད་ཟེར་ཅན། སྒྲོལ་མ་ལ་སོགས་པ་སྟེ། མདོར་ན་མདོ་སྡེ་དང་གཟུངས་འབུམ་གྱི་ནང་ན། ལ་ལ་ལ་རྟོག་པ་ཞེས་བྱ། ལ་ལ་ལ་གཟུངས་ཞེས་བྱ་བ་རབ་ཏུ་མང་བར་བཞུགས་པ་རྣམས་ཏེ་བསྡུ་ན་རྒྱུད་སྡེ་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་ཀྱི་རྩ་རྒྱུད་རྣམ་སྣང་མངོན་བྱང་། བཤད་རྒྱུད་ཀུན་ནས་བརྒྱན་པ་བཀོད་པ་ཆེན་པོ། གླང་པོ་རོལ་པ། བདེ་བའི་མྱུ་གུ་ལ་སོགས་པའོ། རྣལ་འབྱོར་རྒྱུད་ལ། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ། །དམ་ཚིག་མངོན་པར་འབྱུང་བ། དུམ་བུ་བཞི་པ། རྡོ་རྗེ་སེམས་དཔའི་རྒྱུད་གསུམ། བྱིན་གྱིས་བརླབ་པའི་རྒྱུད་ངན་སོང་སྦྱོང་བ། རྟོག་པ་བདུན་ཅུ་པ། ཐམས་ཅད་གསང་བའི་ཐུགས་ལ་སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གཉིས་ལས། ཕ་བླ་ན་མེད་པའི་རྒྱུད་ཀྱི། རྩ་རྒྱུད་དཔལ་གསང་བ་འདུས་པ། བཤད་པའི་རྒྱུད་དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས་པ། འཕྲོས་པ་ཆ་མཐུན་གྱི་རྒྱུད་ལ། གཤིན་རྗེའི་གཤེད་དགྲ་ནག །གཤིན་རྗེའི་གཤེད་དམར་པོ་ལ་སོགས་པའོ། །དུམ་བུའི་རྒྱུད་ལ། གཤིན་རྗེའི་གཤེད་ནག་པོ་ཞལ་གསུམ་པའི་རྒྱུད། གཞོན་ནུ་གདོང་དྲུག་པའི་རྒྱུད། དབང་ཕྱུག་ཆེན་པོའི་རྒྱུད། འཇིགས་བྱེད་རྟོག་པ་བདུན་པ་ཞལ་དགུ་པའི་རྒྱུད། ཡན་ལག་གི་རྒྱུད་ལ། རྡོ་རྗེ་སྙོམས་འཇུག་གསང་བའི་རྒྱུད། ཁྲོ་བོ་བཅུའི་རྒྱུད། རྡོ་རྗེ་རྒྱས་འདེབས་ཀྱི་རྒྱུད། (༣༡)རྡོ་རྗེ་དྲི་མ་མེད་པའི་རྒྱུད། དབང་བསྐུར་བ་ཀུན་ནས་བཀོད་པའི་རྒྱུད། རྡོ་རྗེ་མངོན་པར་འབྱུང་བའི་རྒྱུད་ལ་སོགས་པའོ། །མའི་རྒྱུད་ལ་ཀུན་གྱི་རྩ་བ་རྡོ་རྗེ་སེམས་དཔའ་ཀུན་དུ་བཀོད་པ། སྐུའི་རྒྱུད་བདེ་མཆོག་འཁོར་ལོ། གསུང་གི་རྒྱུད་མཧཱ་མཱ་ཡཱ། ཐུགས་ཀྱི་རྒྱུད་ཀྱེ་རྡོ་རྗེ། ཡོན་ཏན་གྱི་རྒྱུད་ཐིག་ལེ་ཆེན་པོ། ཕྲིན་ལས་ཀྱི་རྒྱུད་རྡོ་རྗེ་གདན་བཞིའོ། །མ་རྒྱུད་སྡེ་བཞི་ལ། མཁའ་འགྲོ་བདེ་བའི་རྒྱུད། རྒྱ་མཚོ་བདེ་བའི་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། གསེར་གྱི་ཆར་པ་ལྟ་བུའི་རྒྱུད་དོ། །འཕྲོས་པ་ཆ་མཐུན་གྱི་རྒྱུད་ལ། དགའ་ཆེན་ཟ་ནུས་ཀྱི་རྒྱུད། །བདེ་ཆེན་སྒེག་པ་མཱ་མ་ཀཱིའི་རྒྱུད། གསང་བ་ཡིད་བཞིན་བདེ་བའི་རྒྱུད། རྡོ་རྗེ་མཁའ་འགྲོ་བསྐྱེད་རིམ་རྒྱས་པར་སྟོན་པའི་རྒྱུད། བསྡུས་པ་སྟོན་པ་ཀུན་སྤྱོད་ཀྱི་རྒྱུད། མོ་འབའ་ཞིག་སྟོན་པ་ཕག་མོ་མངོན་འབྱུང་གི་རྒྱུད། དེའི་ཁྱད་པར་སྟོན་པ་ཁྲག་འཐུང་མངོན་འབྱུང་གི་རྒྱུད། རྫོགས་རིམ་གཙོ་བོར་སྟོན་པ་རྡོ་རྗེ་མཁའ་འགྲོ་རྒྱ་མཚོ། དབང་བཞི་སྟོན་པ་ལྟ་བ་རྒྱ་མཚོའི་རྒྱུད། མངོན་སྤྱོད་སྟོན་པ་དུས་རྒྱ་མཚོའི་རྒྱུད། རླུང་གི་ལས་སྟོན་པ་སྡོམ་པ་འབྱུང་བའི་རྒྱུད། བརྟུལ་ཞུགས་ཀྱི་ལས་སྟོན་པ་སངས་རྒྱས་ཐོད་པའི་རྒྱུད། ཐུན་མོང་གི་གནས་ལ་གདམས་པ་བདེ་མཆོག་ར་ལིའི་རྒྱུད། དེ་ཐམས་ཅད་གཉིས་སུ་མེད་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དེ་ཉིད་གསལ་བར་སྟོན་པ་དུས་ཀྱི་འཁོར་ལོ་ལ་སོགས་པའོ། །འདི་དག་ལའང་ཕའི་ཕ་རྒྱུད་ལ་སོགས་པ་དགུའི་དབྱེ་བ་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་བསྟན་ནས། དགུར་འབྱེད་པར་སྣང་ཡང་རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་དངོས་སུ་ཟིན་པ་མེད་པས་གྲགས་པ་ཙམ་དུ་ཟད་དོ། །ཕ་མ་བླ་ན་མེད་པ་གཉིས་སུ་བསྡུ་བ་ཙམ་དོན་ལ་གནས་ཏེ། དགོངས་པ་ཀུན་ཏུ་གྲགས་པའི་རྒྱུད་ལས། ཐེག་མཆོག་བླ་ན་མེད་པ་ཡང་། །ཡེ་ཤེས་ཆེ་བའི་ཁྱད་པར་ལས། །རྒྱུད་ཀྱི་དབྱེ་བ་གཉིས་སུ་བཤད། །ཕ་རྒྱུད་བླ་ན་མེད་པ་དང་། །མ་རྒྱུད་བླ་ན་མེད་པའོ། །ཞེས་སོ། །དེའང་ཐབས་དང་ཤེས་རབ། བསྐྱེད་པ་དང་རྫོགས་པ། སྣང་བ་དང་སྟོང་པ་གཉིས་གཉིས་མཇལ་བ་ལ་ལྟོས་པ་དང་། སྐྱེས་པ་དང་བུད་མེད་གཉིས་གདུལ་བས་ཀྱང་གཉིས་པོ་འདིར་རིགས་བསྡུས་ཏེ། རྡོ་རྗེ་གུར་ལས། སྐྱེས་པ་རྣམས་ནི་གདུལ་བྱའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བསྟན་ཅིང་། །བཙུན་མོ་རྣམས་ནི་དགའ་བྱའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་གསུངས། །ཞེས་སོ། །དེ་གཉིས་ལས་གཞན་ཞིག་གི་གཉིས་མེད་ཀྱི་རྒྱུད་དུ་དབྱེ་བ་ནི་རིགས་པར་མ་མཐོང་ལ། དེ་གཉིས་སོ་སོ་ལའང་ཐབས་ཤེས་དང་བསྐྱེད་རྫོགས་གཉིས་མེད་ལ་སོགས་ནི་གནས་མོད་ཀྱི། ཕ་མ་གཉིས་ལས་ཐ་དད་པའི་གཉིས་མེད་གུད་དུ་ཡོད་པ་མ་ཡིན་(༣༢)པས་སྔ་མ་བཞིན་ནོ། །

དོན་གཉིས་པ་གསང་སྔགས་རྙིང་མའི་རྣམ་པར་གཞག་པ་ལ་གསུམ་སྟེ། གསུང་པ་པོ་སྟོན་པའི་བྱོན་ཚུལ། དེས་གསུངས་པ་སྔགས་ཀྱི་རང་བཞིན། ཤེས་བྱེད་རྒྱུད་སྡེའི་རྣམས་གྲངས་སོ། །

དང་པོ་ནི་ཐུན་མོང་པ་ཁ་ཅིག་དང་པོར་སེམས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཛད་པ་བཅུ་གཉིས་ལས། དཀའ་བ་སྤྱོད་པའི་རྟེན་ལ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་བསྒོམས་པས། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཏེ་འོག་མིན་དུ་སངས་རྒྱས་ནས། སླར་ཡང་སེམས་ཅན་གྱི་དོན་དུ་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་ནས་ཕྱི་ལྟར་ན་ཤཱཀྱ་ཐུབ་པ། ནང་ལྟར་ན་རྡོ་རྗེ་འཆང་ཆེན། གསང་བ་ལྟར་ན་དཔལ་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་སྣང་བས་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གདུལ་བྱ་སོ་སོ་ལ་གསུངས་པར་འདོད་དེ། སྒྱུ་འཕྲུལ་བླ་མ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་གྱི་ཕྱིར། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡིས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་སོ། །ཐུན་མོང་མ་ཡིན་པ་ཁ་ཅིག་ཐོག་མ་མེད་པའི་གནས་སུ་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་སྐུའི་གནས་སྐབས་ན་དཔལ་ཀུན་ཏུ་བཟང་པོ་ཉིད། ལོངས་སྤྱོད་རྫོགས་པ་སྐུའི་གནས་སྐབས་ན་རིགས་ལྔའི་སངས་རྒྱས་སུ་བཞེངས་པའི་ངང་ལས། སྤྲུལ་པ་སྐུའི་གནས་སྐབས་ན་གདུལ་བྱའི་དབང་གིས་འོག་མིན་ཁང་བུ་བརྩེགས་པ་སྟེ་གཙང་མ་རིས་ཀྱི་གནས་སུ་རྡོ་རྗེ་འཆང་དང་། འགྲོ་དྲུག་སོ་སོའི་གནས་སུ་ཤཱཀྱ་ཐུབ་པ་ལ་སོགས་པ་ཐུབ་པ་དྲུག་ཏུ་སྣང་བ་གྲངས་མེད་པས། གདུལ་བྱ་སོ་སོའི་མོས་པ་དང་རྗེས་སུ་མཐུན་པའི་ཆོས་དཔག་ཏུ་མེད་པ་དང་། ཁྱད་པར་དུ་གསང་སྔགས་དོན་གྱི་འཁོར་ལོ་བསྐོར་བར་བཞེད་དེ། དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པའི་གནས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བ། རིག་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དོ་ཞེས་སོ། །དེའང་སྐུ་གསུམ་གྱི་སྟོན་པ་གསུམ་ལ་ཞིང་ཁམས་གསུམ་དང་། བསྟན་པ་གསུམ་དང་། (༣༣)འཁོར་གསུམ་ལ་སོགས་པར་དབྱེ་བས་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། ཆོས་རང་བཞིན་རྫོགས་པ་ཆེན་པོ་གསང་སྔགས་བླ་ན་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། དུས་བསམ་གྱིས་མི་ཁྱབ་པ། གནས་ཆོས་ཉིད་དོན་གྱི་འོག་མིན་ནོ། །ལོངས་སྤྱོད་རྫོགས་པ་སྐུའི་སྟོན་པ་རིགས་ལྔའི་སངས་རྒྱས། ཆོས་གསང་སྔགས་ཕྱི་ནང་། འཁོར་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་ལ་སོགས་པ་དབང་པོ་དང་ཡུལ་སྣང་དག་པ་འབྲས་བུའི་སེམས་དཔའ། དུས་འཕོ་འགྱུར་མེད་པ། གནས་རང་སྣང་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་སོ། །སྤྲུལ་པ་སྐུའི་སྟོན་པ་རྡོ་རྗེ་འཆང་དང་ཐུབ་པ་དྲུག །ཆོས་ཐེག་པ་ཆེ་ཆུང་། འཁོར་སར་གནས་དང་། སོ་སོའི་སྐྱེ་བོ་དང་། མཁའ་འགྲོ་དང་། རིག་སྔགས་འཆང་བ་ལ་སོགས་པ་མ་ངེས་སྣ་ཚོགས། དུས་ཆོས་འབྱུང་གདུལ་བྱ་དང་མཚུངས་པ་ད་ལྟར་པ། གནས་ལྷ་གནས་ཀྱི་འོག་མིན་དང་། དུར་ཁྲོད་ཆེན་པོ་དང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པ་གསང་བ་ཆེན་པོའི་འོག་མིན་དང་། འགྲོ་དྲུག་སོ་སོའི་གནས་རིས་ཐ་དད་པའོ། །འདི་དག་ཏུ་ཐོག་མ་མེད་པའི་དུས་ནས་ད་ལྟ་ཕྱི་མའི་མཐའི་མུར་ཐུག་པའི་བར་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་ཇི་སྲིད་བར་རྣམ་པར་རོལ་པ་ཚད་མེད་པས་འགྲོ་བའི་དོན་རྟག་པ་རྒྱུན་གྱི་འཁོར་མོར་བྱེད་པར་འདོད་དོ། །

གཉིས་པ་དེས་གསུངས་པའི་སྔགས་ཀྱི་རང་བཞིན་ལ། གསུངས་ཚུལ་གསུམ་གྱིས་སྤྱིར་དབྱེ་བ། རིམ་དགུ་ངེས་པས་བྱེ་བྲག་ཏུ་དབྱེ་བ། ཕྱི་ནང་བཤད་པས་འགག་བསྡུ་བ་དང་གསུམ་ལས། དང་པོ་ནི་སྐུ་གསུམ་སོ་སོའི་སྟོན་པས་ཆོས་བསྟན་པ་ཐམས་ཅད་ཀྱང་དབང་པོའི་རིམ་པ་དང་སྦྱར་ཏེ་གསུངས་པ་དང་། སྙིང་པོའི་དོན་རྣམས་བསྡུས་ཏེ་གསུངས་པ་དང་། དུས་གསུམ་སྤྱི་དང་བྱེ་བྲག་གི་གཉེན་པོར་གསུངས་པ་དང་གསུམ་དུ་ངེས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། བསྟན་པའི་ལུགས་ནི་རྣམ་པ་གསུམ། །ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །དབང་པོའི་དོན་དུ་བསྟན་པ་དང་། །འོ་མ་ལས་ནི་མར་བཞིན་དུ། །བསྡུ་བའི་དོན་དུ་བསྟན་པ་དང་། །ཚ་བའི་ནད་ལ་ག་པུར་བཞིན། །གཉེན་པོའི་དོན་དུ་བསྟན་པའོ། །ཞེས་པ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུ་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་བསྟན་པར་བྱ། །ཞེས་སོ། །དེའང་གཉེན་པོའི་དོན་དུ་གསུངས་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག །དེ་གསུམ་ཆ་མཉམ་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་སྟེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། འདུལ་བ། མདོ་སྡེ། མངོན་པ། སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཀྱི་སྒོ་(༣༤)མོ་བརྒྱད་ཁྲི་བཞི་སྟོང་ངོ་། །དབང་པོའི་དོན་དུ་གསུངས་པ་ནི་ཐེག་པའི་རིམ་པ་དགུའོ། །བསྡུ་བའི་དོན་དུ་གསུངས་པ་ནི་གསང་སྔགས་ཕྱི་ནང་གཉིས་སོ། །

གཉིས་པ་རིམ་དགུ་ངེས་པས་བྱེ་བྲག་ཏུ་དབྱེ་བ་ནི། ཆུང་ངུའི་ཆུང་ངུ་ཉན་ཐོས་ཀྱི་ཐེག་པ། ཆུང་ངུའི་འབྲིང་རང་སངས་རྒྱས་ཀྱི་ཐེག་པ། ཆུང་ངུའི་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ། འབྲིང་གི་ཆུང་ངུ་ཀྲི་ཡའི་ཐེག་པ། འབྲིང་གི་འབྲིང་ཨུ་པ་ཡའི་ཐེག་པ། འབྲིང་གི་ཆེན་པོ་ཡོ་གའི་ཐེག་པ། ཆེན་པོའི་ཆུང་ངུ་མཧཱའི་ཐེག་པ། ཆེན་པོའི་འབྲིང་ཨ་ནུའི་ཐེག་པ། ཆེན་པོའི་ཆེན་པོ་ཨ་ཏིའི་ཐེག་པ་སྟེ་ཐེག་པའི་རིམ་པ་དགུ་སྟེ། ཐལ་འགྱུར་ལས། དེ་ལྟར་དགུ་ལ་བརྟེན་ནས་ནི། ཁམས་གསུམ་པོ་ཡང་ཡང་དག་གི། །ལམ་དུ་འཇུག་པར་བྱེད་པའོ། །ཞེས་པ་དང་། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི། །མཚན་མར་འཛིན་ལ་ཉན་ཐོས་ཏེ། །འདུ་ཤེས་ཅན་ལ་རང་རྒྱལ་ཉིད། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་གསུམ་ལ་བསྟན་པ་ནི། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པ་ཉིད། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །

གསུམ་པ་ཕྱི་ནང་བཤད་པས་འགག་བསྡུ་བ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་གསང་སྔགས་ཕྱི་པ་ཀྲཱི་ཡ། ཨུ་པ། ཡོ་ག །ནང་པ་མཧཱ། ཨ་ནུ། ཨ་ཏི་གསུམ་སྟེ་རྒྱུད་སྡེ་དྲུག་ཏུ་གསུངས་པ་ཉིད། ཐལ་འགྱུར་ལས། འདས་པ་རྒྱུད་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པ་ལས་ཕྱེ་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པས་སོ། །ཞེས་སོ། །

འཇིག་རྟེན་ལས་འདས་པའི་ཐེག་པ་ལ་དབྱེ་ན་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་གཉིས། འབྲས་བུ་གསང་སྔགས་ལ་དབྱེ་ན་ཕྱི་པ་གསུམ། ནང་པ་གསུམ་སྟེ་དྲུག་ནི་དབང་པོ་རྣོ་རྟུལ་གྱིས་ཕྱེ་ཞེས་པའི་དོན་ནོ། །

རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་ཀྲཱི་ཡ་ཏནྟྲ་སྟེ་བྱ་བའི་རྒྱུད་ཀྱི་རང་བཞིན་ནི་ཀུན་རྫོབ་འཁྲུལ་ངོར་སྣང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་སྦྱང་བྱའི་དྲི་མར་ཤེས་ཏེ། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་སྦྱང་གཞིར་བྱས་ནས། ལམ་གཙང་སྦྲ་དང་ལྷའི་དེ་ཉིད་བསྒོམ་པའང་བདག་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་ཁོལ་པོའི་ཚུལ་དུ་ལྟ་བས་དངོས་གྲུབ་འདོད་པའོ། །

ཨུ་པ་ཡ་ཏནྟྲ་སྟེ་སྤྱོད་པའི་རྒྱུད་ཀྱི་རང་བཞིན་ནི། ལྟ་བ་ཡོ་ག་ལྟར་བྱེད་ཅིང་སྤྱོད་པ་ཀྲཱི་ཡ་ལྟར་བྱེད་ལ། ཁྱད་པར་དུ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་(༣༥)སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒོམས་པ་ལས་དངོས་གྲུབ་འདོད་པའོ། །

ཡོ་ག་ཏནྟྲ་སྟེ་རྣལ་འབྱོར་གྱི་རྒྱུད་ཀྱི་རང་བཞིན་ནི། སྣང་སྲིད་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད། དོན་དམ་སེམས་ཉིད་ཀྱི་ངང་དུ་སྦྱངས་ནས་ལམ་མངོན་བྱང་ལྔས་ལྷའི་དཀྱིལ་འཁོར་བསྐྱེད་དུས། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་དགུག་གཤེགས་བྱས་པ་ལས་དངོས་གྲུབ་འདོད་པའོ། །མངོན་བྱང་ལྔ་ནི། གདན་པདྨ་ལས་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ། ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ། གནས་དང་། ཆོས་དང་། དུས་དང་། འཁོར་དང་། སྟོན་པ་ཕུན་སུམ་ཚོགས་པ་ལྔའི་བཀོད་པ་རྫོགས་པར་བྱེད་པའོ། །

ནང་པ་ཐབས་ཀྱི་རྒྱུད་གསུམ་ལས། མཧཱ་ཡོ་ག་ཏནྟྲ་སྟེ་ཐབས་ཆེན་པོ་ཕའི་རྒྱུད་ཀྱི་རང་བཞིན་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གཏན་ལ་ཕབ་ནས། བསྐྱེད་པའི་རིམ་པ་ཐབས་གཙོ་བས་བདག་དང་ལྷ་ཡེ་ཤེས་པ་དག་མཉམ་གཅིག་གི་ངང་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དང་མི་འབྲལ་ཞིང་རླུང་ཕྲ་མོའི་རྣལ་འབྱོར་ལམ་དུ་བྱེད་པས་དངོས་གྲུབ་འདོད་པའོ། །

ཨ་ནུ་ཡོ་ག་ཏནྟྲ་སྟེ་ཤེས་རབ་མའི་རྒྱུད་ཀྱི་རང་བཞིན་ནི། ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པས་དབྱིངས་དང་ཡེ་ཤེས་བདེན་པ་དབྱེར་མེད་གཅིག་གི་ངང་ནས། ཁམས་བདེ་བ་ཆེན་པོ་ཕྲ་མོའི་རྣལ་འབྱོར་ལས་དངོས་གྲུབ་འདོད་པའོ། །

ཨ་ཏི་ཡོ་ག་ཏནྟྲ་སྟེ་གཉིས་སུ་མེད་པའི་རྫོགས་པ་ཆེན་པོ་ནི། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པས། སྤང་བླང་བྱ་རྩོལ་མེད་པའི་ཆོས་ཉིད་སྐུ་གསུམ་ལྷུན་གྲུབ་ཆེན་པོར་ཡེ་ནས་གྲོལ་ཏེ། རང་བྱུང་གི་ཡེ་ཤེས་ལ་ཕྱོགས་དང་རིས་མེད། རྟག་ཆད་དང་འཕོ་འགྱུར་མེད་པར་ལ་ཟློས་པས། གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་ཏེ། དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་མི་འབྲལ་བས། ཆོས་ཉིད་ཕྱོགས་ཡན་ཆེན་པོར་རང་ཤར་ཏེ། འཁོར་འདས་སེམས་ལས་མེད་པར་ཐག་ཆོད། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང་། ཁམས་གསུམ་ཡོངས་གྲོལ་ཆེན་པོར་འུབ་ཆུབ། གང་སྣང་ཐུགས་ཕྲད་ཡེ་གྲོལ་དུ་དམིགས་རྙེད། རང་ཤར་ཆོས་སྐུ་ཟང་མར་གདིངས་ཆོས། སྣང་སེམས་ཆོས་ཟད་བློ་འདས་སུ་གཟེར་ཐེབས་ཏེ། ཡུལ་ཆོས་ཉིད་ཀྱི་རོལ་པ་ལ། ཡུལ་ཅན་ཡེ་ཤེས་ཀྱི་ཀློང་རྡོལ་བས། འཁོར་འདས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་སུ་འགག་བཅིངས་པས། མ་བྱས་(༣༦)པར་ཡེ་ཟིན། མ་ཕྱིན་པར་ཡེ་བགྲོད། རྒྱུ་འབྲས་ལ་ཟློས་པའི་ཆོས་ཉིད་དུ་ས་བཟུང་སྟེ། དངོས་གྲུབ་རང་ཆས་ཆོས་སྐུ་ལས་མི་འདའ་བར་འདོད་ལ། དེ་དག་ཀྱང་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེའི་གནས་ཆེན་པོ་གསུམ་གྱིས་བཅིངས་པའི་རང་བཞིན་དུ་བཞུགས་སོ། །གསང་སྔགས་ནང་པ་གསུམ་པོ་དེ་ཡང་དང་པོ་དང་བར་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་གཞི་ལམ་འབྲས་བུའི་བདག་ཉིད་ཆེན་པོ་གཅིག་ཏུ་བཞུགས་པ་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། བསྐྱེད་པ་མཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ་ཞེས་གསུངས་སོ། །

གསུམ་པ་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་དགོད་པ་ལ་དྲུག་ལས། དང་པོ་ཀྲཱི་ཡ་ལའང་སྤྱི་དང་བྱེ་བྲག་གི་རྒྱུད་གཉིས་ལས། ཀྲཱི་ཡ་སྤྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་དཔུང་པ་བཟང་པོའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་གསང་བ་བསྟན་པ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སྟོན་པ་སུ་སིདྡྷི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འཕྲིན་ལས་སྟོན་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དོ། །

བྱེ་བྲག་གི་རྒྱུད་ལ། རིགས་གསུམ་གྱི་སྤྱན་རས་གཟིགས་ཀྱི་སྐོར་ལ། པདྨ་རྩེ་མོ་སྔགས་ཀྱི་རྒྱུད། པདྨ་ཅོད་པཎ་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤའི་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་གི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་དྲ་བ་གཅོད་པའི་རྒྱུད། བསྟོད་པ་གླུར་བླངས་ཀྱི་རྒྱུད་ལ་སོགས་པའོ། །

ལས་ཕྲན་ཚེགས་ཀྱི་རྒྱུད་ལ། གཟུངས་གྲྭ་ལྔ་དང་། འོད་ཟེར་ཅན་དང་། སྒྲོལ་མ་དང་། གཙུག་ཏོར་དང་། མཛོད་སྤུ་ནོར་བུ་ལ་སོགས་པ་གཟུངས་ཕྲན་རྣམས་སོ། །

ཨུ་པ་ཡ་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་ཀློང་འབར་བའི་རྒྱུད། དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་ལ་སོགས་པའོ། །

ཡོ་ག་ལ། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་པ་ལེ་ལག་དང་བཅས་པ། པཱ་ཤཱ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད། པདྨཱ་ཀ་ར་དཔལ་མཆོག་དང་པོའི་རྒྱུད། ས་མུཙྪ་རྟོག་པ་བསྡུས་པའི་རྒྱུད་དེ་གཞུང་ཆེན་པོ་བཞི། ངན་སོང་སྦྱོང་བ་དཀྱིལ་འཁོར་བཅུ་(༣༧)གཉིས་ཀྱི་རྒྱུད། དཔལ་མཆོག་བསྡུས་པ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལ་སོགས་པའོ། །མཧཱ་ལ་རྩ་བའི་རྒྱུད་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད། སྐུའི་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། གསུང་གི་རྒྱུད་པདྨ་སྒྱུ་འཕྲུལ་དྲྭ་བ། ཐུགས་ཀྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ཡོན་ཏན་གྱི་རྒྱུད་རིན་ཆེན་སྒྱུ་འཕྲུལ་དྲྭ་བ། འཕྲིན་ལས་ཀྱི་རྒྱུད་ཀརྨ་སྒྱུ་འཕྲུལ་དྲྭ་བ་སྟེ། འདི་དག་ལ་ལེའུ་འབུམ་ཕྲག་བདུན་ཅུ་རྩ་གཉིས་ལས། བོད་དུ་ལེ་ལག་ཁ་ཅིག་འགྱུར་བར་འདོད་དོ། །

མན་ངག་གི་རྒྱུད་ལ། བར་ཆད་བསྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔམ་བྱེད་མེ་ལྟར་འབར་བའི་རྒྱུ། ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཚེ་བདག་ལས་ཀྱི་གཤིན་རྗེའི་རྒྱུད། ཞི་བ་ལྷའི་རྒྱུད་ལ་སོགས་པའོ། །

ཨ་ནུ་ལ། མདོ་སྒྱུ་འཕྲུལ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ། ཕུར་པ་ཐལ་བྱེད། དུར་ཁྲོད་ཁུ་བྱུག་རོལ་པ། ཀུན་འདུས་རིག་པའི་མདོ། དགོངས་པ་འདུས་པའི་མདོ། ཡི་གེ་རྣམ་དག་གི་མདོ་དང་མདོ་དྲུག །

རྩ་བའི་རྒྱུད་ལ། ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་དོ། །

གདམས་པ་མན་ངག་གི་རྒྱུད་ལ། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜ་རཱི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། འཕྲིན་ལས་ཀྱི་རྒྱུད་རིགས་འཛིན་འདུས་པ། རིག་སྔགས་སྤྱིའི་སྒྲུབ་པ་ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀའི་གལ་པོ། ཕུར་པ་འཕྲིན་ལས་ཀྱི་རྒྱུད་བི་ཏོ་ཏ་མ་ལ་འབུམ་སྡེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་སོ། །

སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་གྱི་རྒྱུད་ལ། འཕྲིན་ལས་ཐམས་ཅད་ཀྱི་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བྱ་བ་ཀརྨ་མཱ་ལེ་འཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ཚོགས་ཀྱི་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་རློབ་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་ཀློང་གི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། བརྟུལ་ཞུགས་དྲག་པོའི་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོག་གི་རྒྱུད། ལས་བཞི་མཐར་ཕྱིན་པ་ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཏོར་མའི་རྒྱུད་ཆེ་ཆུང་། བཀའི་འཁོར་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོ་(༣༦)མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཆེར་བཅད་པ་ཞིང་བཅུ་རོལ་པའི་རྒྱུད་ལ་སོགས་པའོ། །

ཨ་ཏི་ལ། སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེ་རྩ་བའི་རྒྱུད། དེ་ཉིད་ཉམས་སུ་བླང་པ་ནམ་མཁའ་ཆེ་ཕྱི་མའི་རྒྱུད། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུ་ནམ་མཁའ་ཆེ་ཕྱི་མའི་རྒྱུད་ཡོངས་སུ་སྒྲོལ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་སྟོན་པ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་སྟོན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བར་སྟོན་པ་མན་ངག་འཕྲེང་བའི་རྒྱུད། སེམས་ཉིད་ཀུན་ཁྱབ་ཆེན་པོར་སྟོན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་སྟོན་པ་ཡེ་ཤེས་དམ་པའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་པོའི་རོལ་པར་སྟོན་པ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོར་སྟོན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་ཡིད་ཆེས་པར་སྟོན་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་ཀུན་གྱི་རྩ་བར་སྟོན་པ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་པུར་འདུས་པར་སྟོན་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་བཞག་པས་སྟོན་པ་བསམ་གཏན་ཆེན་པོའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པར་སྟོན་པ་བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་དུ་གསུང་བར་སྟོན་པ་སྒོ་མང་མདོའི་རྒྱུད། སེམས་ཉིད་དབང་དང་སྦྱར་ནས་སྟོན་པ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པར་སྟོན་པ་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་སུ་སྟོན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་དུ་སྟོན་པ་རིན་པོ་ཆེ་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་སྟོན་པ་རིན་པོ་ཆེ་འཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་ལ་གསལ་བར་སྟོན་པ་ཁམས་གསུམ་སྒྲོན་མའི་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པར་སྟོན་པ་ངེས་པ་སྙིང་པོའི་རྒྱུད། སེམས་ཉིད་འཕོ་འགྱུར་མེད་པར་སྟོན་པ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་ཡེ་ནས་སངས་རྒྱས་པར་སྟོན་པ་ཡེ་སངས་རྒྱས་པའི་རྒྱུད་དེ་དབྱིངས་རྩ་བའི་རྒྱུད་ཉིན་ཤུ་རྩ་ལྔ། ལུང་བམ་པོ་བཅོ་བརྒྱད་གདམས་པ་མན་ངག་གི་རྒྱུད་ལ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག །རྩོལ་སྒྲུབ་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་གཤོག་རྫོགས། ཆོས་ཉིད་ཡེ་གནས་ཀྱི་དགོངས་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྲུབ་ཀྱི་ལྟ་བ་མི་ནུབ་རྒྱལ་མཚན། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། སེམས་ཉིད་ཆོས་སྐུར་སྟོན་པ་ཡེ་ཤེས་དམ་པ། སེམས་ཉིད་(༣༨)ཐིག་ལེར་སྟོན་པ་ཡང་ཏིག་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པར་སྟོན་པ་སྲོག་གི་འཁོར་ལོ། སེམས་ཉིད་འདོད་དགུ་འབྱུང་བར་སྟོན་པ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོར་སྟོན་པ་ཐིག་ལེ་འདུས་པ། སེམས་ཉིད་ཐེག་པ་ཀུན་རྫོགས་སུ་སྟོན་པ་ནམ་མཁའ་ཆེ་རྒྱལ་པོ། སེམས་ཉིད་ཀུན་གྱི་ཡང་རྩེར་སྟོན་པ་རྩེ་མོ་ཕྱུང་རྒྱལ། སེམས་ཉིད་ཡེ་བདེ་སྤྲོས་བྲལ་དུ་སྟོན་པ་བདེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་པ་མེད་ཅིང་ཟག་མེད་དུ་སྟོན་པ་བདེ་བ་འཕྲ་བཀོད། སེམས་ཉིད་འཁོར་འདས་ཀྱི་གྱེས་གཞིར་སྟོན་པ་གཏེར་ཆེན་ཡོངས་རྫོགས། སེམས་ཉིད་ཐེག་པ་ཀུན་གྱི་སྤྱི་ཆིངས་སུ་སྟོན་པ་ལྷུན་གྲུབ་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྟོན་པ་ནམ་མཁའ་མཐའ་དབུས་ཀྱི་རྒྱུད་དོ། །བཤད་པའི་རྒྱུད་ལ། འཁོར་བ་དོང་སྤྲུག་རིན་པོ་ཆེ་གསང་བའི་རྒྱུད། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། ཨ་ཏི་བཀོད་པ་ཆེན་པོ་ཡོངས་སུ་རྫོགས་པའི་རྒྱུད་ལ་སོགས་པ་སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་ནམ་མཁའ་དང་མཉམ་པར་བཞུགས་སོ། །

སྤྱི་དོན་གསུམ་པ་དེ་དག་ལ་བཤད་ཅིང་ཉན་པའི་ཚུལ་ལ། བཤད་ཐབས་ཀྱི་ཚུལ་བསམ་པ། ཇི་ལྟར་བཤད་ཅིང་ཉན་པའི་ཚུལ། བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་ལའང་སངས་རྒྱས་ཆོས་གསུང་བའི་ཚུལ། དགྲ་བཅོམ་པ་ཆོས་གསུང་བའི་ཚུལ། པཎྜི་ཏ་ཆོས་གསུང་བའི་ཚུལ་དང་གསུམ་ལས། དང་པོ་ནི་ཆོ་འཕྲུལ་གསུམ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་འོད་འགྱེད་པ་དང་ཤིང་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་པ་ལ་སོགས་སྐུའི་ཆོ་འཕྲུལ་ཚད་མེད་པ་བསྟན་པས་གདུལ་བྱ་དད་ཅིང་འདུན་པར་མཛད་ནས། ཀུན་བརྗོད་པའི་ཆོ་འཕྲུལ་གདུལ་བྱའི་རིགས་དང་། བསམ་པ་དང་། བག་ལ་ཉལ་མ་ལུས་པ་མངོན་པར་ཤེས་པས་གཟིགས་ཏེ། དེ་དང་མཐུན་པའི་ཆོས་བསྟན་པར་དགོངས་ནས་འཁོར་གྱི་རྒྱུད་བྱིན་གྱིས་རློབ་པར་མཛད་པ་ནི་ཐུགས་ཀྱི་ཆོ་འཕྲུལ་ཏེ་རྒྱུད་དག་ཅིང་ལས་སུ་རུང་བར་བཀོད་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གདུལ་བྱའི་མོས་པ་བཞིན་ཆོས་ཀྱི་ཆར་འབེབས་པར་མཛད་པས་འགྲོ་བ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བར་མཛད་དོ། །འདི་ཆོ་འཕྲུལ་རྣམས་ལས་མཆོག་ཏུ་བཤད་དེ། མཛོད་ལས། ཆོ་འཕྲུལ་རྣམས་ལས་བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་མཐུན་ཕྱིར་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་སོ། །ཆོ་འཕྲུལ་གསུམ་གྱི་འཐད་པ་ནི། རྫུ་འཕྲུལ་གྱིས་གདུལ་བྱ་དད་པར་བྱེད་དེ་མ་དད་པ་ཆོས་ཀྱི་སྣོད་མ་ཡིན་པའི་ཕྱིར་རོ། །(༤༠)དེའང་སྤྱོད་འཇུག་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལའང་མིན། །ཞེས་སོ། །ཀུན་བརྗོད་པས་སེམས་ལས་སུ་རུང་བ་དང་རྒྱུད་སོ་སོར་མཁྱེན་ནས། རྗེས་སུ་བསྟན་པས་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་སྟོན་ཏེ། དེ་ལྟ་མ་ཡིན་ན་ཆོས་དེས་གདུལ་བྱ་ལ་ཕན་མི་ཐོགས་ཏེ། ནད་དང་སྨན་འཛོལ་བ་ལྟར་སླར་ལ་དུག་ཏུ་འགྱུར་བའི་ཕྱིར་རོ། །ཡང་སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མ་ཡིན་པར་སྦྱར་མི་བྱ། །གནས་མ་ཡིན་པར་སྦྱར་བྱས་ན། །བདུད་རྩི་དུག་ཏུ་འགྱུར་བ་བཞིན། །ཞེས་སོ། །དགྲ་བཅོམ་པ་ཆོས་གསུང་བའི་ཚུལ་ནི། ཉན་པ་པོའི་སྣོད་དག་པ། འཆད་པ་པོའི་ངག་དག་པ། གསུང་རབ་ཀྱི་བརྗོད་བྱ་དག་པ་དང་གསུམ་ལ་བརྟེན་ནས་འཆད་དོ། །འཆད་པ་ནི་མངོན་ཤེས་ཀྱིས་བརྟགས་པས་ཆོས་ཀྱི་སྣོད་ཡིན་མ་ཡིན་ཤེས་ཏེ། སྣོད་དང་ལྡན་པ་ཉིད་གདུལ་བྱའི་ཡུལ་དུ་བྱས་ནས། ངག་དག་པ་རྣ་བར་སྙན་ཞིང་ངག་ཚིག་དྲི་མ་མེད་པས་མཚམས་སྦྱར་ཏེ། ཆོས་ཀྱི་དོན་དག་པ་ནོར་བ་དང་འཁྲུལ་པ་མེད་པར་ཐར་པར་འདྲེན་པའི་སྒྲའི་རྣམ་གྲངས་ལ་སོགས་པ་བསྟན་པས་དོན་དུ་འགྱུར་བའོ། །འོ་ན་ཆོ་འཕྲུལ་གསུམ་ལ་བརྟེན་ནས་མི་འཆད་པ་ཅི་ཡིན་ཞེ་ན། ཉན་ཐོས་རྣམས་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས་འཆད་པར་མི་ནུས་པའི་ཕྱིར་རོ། །རྒྱུ་བཞི་ནི། ཡུལ་གྱིས་བསྐལ་པས་མི་ཤེས་ཏེ། ཡུལ་ཧ་ཅང་ཐག་རིང་དྲགས་པ་ན་འདུག་པས་མི་ཤེས་པ་མཽངྒལ་གྱི་བུས་མ་གར་སྐྱེས་མ་ཤེས་པ་ལྟ་བུའོ། །དུས་ཀྱིས་བསྐལ་པས་མི་ཤེས་ཏེ་དུས་ཧ་ཅང་སྔ་དྲགས་པ་ན་ནམ་བྱུང་མི་ཤེས་པ་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་པའི་ས་བོན་མ་ཤེས་པ་ལྟ་བུའོ། །མཚན་ཉིད་ཀྱིས་བསྐལ་པས་མི་ཤེས་ཏེ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཇི་ལྟར་ཡིན་པ་དང་། འབྲས་བུ་ཐུག་མེད་ཀྱི་རྒྱུ་ཇི་ལྟར་ཡིན་པ་ལ་སོགས་པ་སྟེ། མདོ་ལས། རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཐ་དད་རྣམས། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་སོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པ་བྱང་ཆུབ་ཆེན་པོའི་ཆོས་མ་ཐོབ་པས། ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པ་ཀུན་ནས་སྒོའི་ཆོས་ཀྱི་རྣམ་གྲངས་བལྟ་བ་ལ་མི་དབང་བའི་ཕྱིར་ཏེ། རྒྱུད་བླ་མའི་འགྲེལ་པ་ལས། མདོར་བསྡུ་(༤༡)ན་གང་ཟག་བཞི་པོ་འདི་ནི་དེ་བཞིན་བཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ་ཞེས་སོ། །པཎྜི་ཏ་ཆོས་གསུང་བའི་ཚུལ་ལ་གཉིས་ལས། དཔལ་ནཱ་ལཎྜའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ནི། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་འཆད། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔས་འཆད་དོ། །ཕུན་སུམ་ཚོགས་པ་ལྔ་ལ། གནས་དང་། སྟོན་དང་། ཆོས་དང་། འཁོར་དང་། དུས་ཕུན་སུམ་ཚོགས་པའོ། །འདི་དག་ཀྱང་ལོངས་སྤྱོད་རྫོགས་པའི་ཞིང་དང་། སྤྲུལ་པའི་གནས་ཀྱིས་མངོན་པར་འདུས་མ་བྱས་པ་དང་། བྱས་པ་གཉིས་སུ་བསྟན་ཏོ། །ལོངས་སྐུ་གཞིར་གནས་ཀྱི་ཞིང་མངོན་པར་འདུས་མ་བྱས་པ་ལ། གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ་འབའ་ཞིག །འཁོར་ཕུན་སུམ་ཚོགས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ། དུས་ཕུན་སུམ་མཚོགས་པ་རྟག་པ་རྒྱུན་གྱི་ཁོར་མོའོ། །འདུ་བྱས་པ་ནི་བཀའ་འཁོར་ལོ་གསུམ་གྱི་རིམ་པས། འཁོར་ལོ་དང་པོ་ལ། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་མི་འཇིགས་པ་སྦྱིན་པའི་ནགས། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞི། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་སོ། །འཁོར་ལོ་བར་པ་ལས། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བཀའ་རྒྱས་འབྲིང་བསྡུས་གསུམ་སྡེ་ཚན་དྲུག་ཏུ་གཏོགས་པ། འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས། ཐུན་མོང་གི་འཁོར་ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་དང་། རབ་འབྱོར་ལ་སོགས་པ་དགེ་སློང་ལྔ་སྟོང་ཙམ་དང་། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དགེ་བསྙེན་མ་ས་ག་མ་ལ་སོགས་པ་དགེ་བསྙེན་དང་། དགེ་བསྙེན་མའི་ཚོགས་རབ་ཏུ་མང་པོ་རྣམས་སོ། །ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་དང་། དེད་དཔོན་དམ་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ལོ་བཅུ་གཉིས་སུ་ཟླ་བ་གཉིས་ཀྱིས་(༤༢)མ་ཆོག་པའི་བར་དུ་གསུངས་པའོ། །འཁོར་ལོ་ཐ་མ་ནི། གནས་ཕུན་སུམ་ཚོགས་པ་ལྷའི་གནས་དང་། ཀླུའི་གནས་དང་། རྒྱལ་པོའི་ཁབ་དང་། གྲོང་ཁྱེར་པདྨ་ཅན་ལ་སོགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའོ། །ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་རྣམས་གྲངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་སོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །རྩིས་མགོ་ཡན་ལག་ལྔ་ནི། མཛད་པ་པོ་གང་གིས་མཛད་པ། ལུང་གང་ནས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དོན་ཆེད་སུའི་ཆེད་དུ་མཛད་པ། དབུ་ནས་ཞབས་སུ་བསྡུས་པའི་དོན་དུས་བསྟན་པ་དང་ལྔའོ། །བསྟན་བཅོས་འདི་དང་བསྟུན་ན། མཛད་པ་པོ་བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པ་ཀུན་མཁྱེན་ངག་གི་དབང་པོའོ། །ལུང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཀུན་ལས་བཏུས་སོ། །ཕྱོགས་རང་བཞིན་རྫོགས་པ་ཆེན་པོར་གཏོགས་ཏེ་བློ་རིམ་བརྒྱད་ཨ་ཏིར་འཇུག་པའི་ཐབས་ཀྱི་ཡན་ལག་རྫོགས་པ་ཆེན་པོའོ། །དོན་ཆེད་ད་ལྟ་དང་ཕྱི་རབས་ཀྱི་གང་ཟག་རིམ་གྱིས་པ་དང་ཅིག་ཅར་བ་ཐམས་ཅད་སྐྱེལ་སོ་མཐུན་པར་བྱས་པའོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་ལ་གཞི་ལམ་འབྲས་བུ་གསུམ་དང་ལྟ་སྒོམ་སྤྱོད་པ་གསུམ་སྟེ་དྲུག་ཀྱང་ལམ་དུ་འཇུག་པའི་ཐབས་དང་། ལམ་དངོས་དང་། མཐར་ཕྱིན་པ་འབྲས་བུའི་རིམ་པ་གསུམ་དུ་བསྡུས་ནས་སྟོན་པའོ། །བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་ཆོས་གསུང་བའི་ཚུལ་ལ། ཉན་པ་པོ་སྣོད་དུ་རུང་བར་བྱེད་པ་དང་། བསྟན་པའི་རྣམ་གཞག་ངེས་པ་གཉིས་ཀྱིས་འཆད་དོ། །འཐད་པ་ནི། ཐོག་མར་ཉན་པ་པོའི་སྣོད་ཁྱད་པར་ཅན་དུ་བསྒྲུབས་ནས། དེ་ནས་སངས་རྒྱས་ཀྱི་བསྟན་པའི་བྱུང་ཚུལ་བཀའ་བསྟན་བཅོས་ཀྱི་རིམ་པ་རྣམས་བསྟན་པས་ཤིན་ཏུ་འབྲེལ་ཆགས་པར་འགྱུར་བའི་ཕྱིར་རོ། །

ཉན་པ་པོ་སྣོད་དུ་རུང་བའི་ཆོས་ལ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ། དེས་མཛད་པ་ཆོས་ཀྱི་ཆེ་བ། ཆེ་བ་དེ་ལྟ་བུ་དང་ལྡན་པའི་ཆོས་དེ་བཤད་ཅིང་མཉན་པའི་ཚུལ་དང་གསུམ་མོ། །འཐད་པ་ནི། སློབ་དཔོན་དང་ཆོས་ཀྱི་ཆེ་བ་བརྗོད་པས། ཉན་པ་པོ་དང་རྗེས་འཇུག་རྣམས་བླ་མ་དང་ཆོས་ལ་དད་མོས་སྐྱེ། དེས་བྱིན་རླབས་ཞུགས་ནས་ཐར་པའི་ལམ་དང་ཆོས་ལ་འཇུག་པའི་རྒྱུ་བྱེད་དེ། རྒྱ་ཆེར་རོལ་པ་ལས། དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་ལས་སུ་རུང་བར་བྱེད་པའོ་ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། འདི་ལྟར་ཆོས་རྣམས་ཐམས་(༤༣)ཅད་ཀྱི། །རྩ་བ་མོས་པ་ལགས་པར་གསུངས། །ཞེས་སོ། །བསྟན་བཅོས་འདི་དང་བསྟུན་ན། སློབ་དཔོན་ནི་བདེ་བར་གཤེགས་པའི་བསྟན་པ་ལ་གུས་པས་ལེགས་པར་འཛིན་པ། ཐེག་པ་ཆུང་ངུ་དང་ཆེན་པོའི་ཚུལ་ཁོང་དུ་ཆུད་པ། རྒྱུ་མཚན་ཉིད་ཀྱི་ཐེག་པ་སྡེ་སྣོད་གསུམ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་རྒྱུད་སྡེ་བཞིའམ་དྲུག་གི་རང་བཞིན་ལེགས་པར་རྟོགས་པ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་རིམ་པ་ལ་ལེགས་པར་བསླབས་པ། འཆད་པ་དང་། རྩོད་པ་དང་། རྩོམ་པའི་གནས་ལ་དབང་འབྱོར་པ། ལྟ་བ་དང་། རྟོགས་པ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་དམ་པས་རབ་ཏུ་བརྒྱན་པ། ཐེག་པ་རྒྱལ་པོའི་ཁང་བཟངས་དམ་པ་ན། རབ་ཏུ་ཞི་བའི་ཡང་དག་འཇོག་ལ་གནས་པ། སྙིང་རྗེས་རང་དང་གཞན་གྱི་དོན་ལ་བརྩོན་པའི་གོ་ཆ་བགོས་པ་སྟེ། མང་དུ་ཐོས་པའི་ཆོས་སྨྲ་བ་ཚུལ་ཁྲིམས་བློ་གྲོས་ཞེས་བྱ་བའོ། །ཆོས་ནི་ཐེག་པ་མཐའ་དག་གི་སྙིང་པོའི་དོན་ཕྱོགས་གཅིག་ཏུ་བསྡེབས་པ། རྒྱུ་དང་འབྲས་བུའི་གཞུང་ལམ་མ་ནོར་བ། དབང་པོའི་རིམ་པ་ཐམས་ཅད་གོང་དུ་འཁྲིད་པ། ལམ་གྱི་ཆ་ལག་གཞན་ལ་མི་ལྟོས་པ། ཐོས་པའི་མ་རིག་པའི་མུན་པ་སངས་པ། བསམས་པའི་གནས་ལུགས་ཀྱི་དགོངས་པ་རྟོགས་པ། བསྒོམས་པས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ། བཤད་པས་རང་གཞན་གྱི་ཤེས་རབ་འཕེལ་བ། ཉན་པས་བློ་གྲོས་ཀྱི་པདྨོ་རྒྱས་པ། བལྟས་པས་ཉོན་མོངས་ཀྱི་སྡིག་སྒྲིབ་འཛད་པ། དཔྱད་པས་ཐར་ལམ་གྱི་བྱང་ཆུབ་བརྙེས་པ་སྟེ། ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཆེན་པོས་ལེགས་པར་བརྒྱན་པའི་གངས་ཆེན་མཚོ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་ནི། ཆོས་སྨྲ་བ་ལ་སྨན་པ་མཁས་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་ནས་གུས་པས་ཉན་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པའི་རྒྱལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེར་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་སོ། །རྒྱས་པར་འོག་ཏུ་འཆད་དོ། །བསྟན་པའི་རྣམ་གཞག་ངེས་པ་ལ། དང་པོ་སྟོན་པས་འཁོར་ལོ་གསུམ་ཇི་ལྟར་གསུངས་པའི་ཚུལ། བར་དུ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ། ཐ་མར་བསྟན་བཅོས་མཁན་པོ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་དང་གསུམ་གྱིས་འཆད་དེ་གོང་དུ་བཤད་པ་བཞིན་ནོ། །འདི་དག་ནི་བཤད་ཚུལ་ངེས་(༤༤)པའི་ཚིག་གོ། །

གཉིས་པ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་སྟེ། འཆད་པ་པོ་སློབ་དཔོན་གྱི་རང་བཞིན། ཉན་པ་པོ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་རང་བཞིན་ནོ། །དང་པོ་ནི་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །རྟོགས་དཀའི་དེ་ཉིད་རབ་ཏུ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པ་ལྟར། སྐུ་གསུང་ཐུགས་ཞི་ཞིང་ལེགས་པར་བསྡམས་པ། ཡོན་ཏན་དང་བརྩོན་འགྲུས་ཆེ་བ། ཐོས་པ་ཆེ་བ་ལས་ཁྱད་པར་དུ་ལུང་གི་གནས་ལ་མཁས་པ། ཟབ་མོའི་དོན་སྟོན་པ་ལ་མཁས་ཤིང་སྙིང་རྗེ་ཆེ་བ། ཆོས་སྟོན་པ་ལ་དཀའ་བ་བཟོད་པ་སྟེ་དེ་ལྟ་བུའོ། །

གཉིས་པ་ནི་ཆོས་དང་བླ་མ་ལ་གུས་ཤིང་དོན་གཉེར་གྱི་འདུན་པ་ཁྱད་པར་ཅན་ཡོད་པས་ཆོས་ལ་བསྒྲུབ་པར་ནུས་པ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱི་ཞལ་སྔ་ནས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལེགས་པར་གསུངས། །ཞེས་པ་ལྟར་རོ། །དེས་ཀྱང་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བྲལ་བར་བྱས་ཏེ་ཉན་པར་བྱའོ། །སྐྱོན་གསུམ་ནི་སྣོད་ཁ་སྦུབ་ལྟར་ཚིག་དོན་ལ་རྣ་བ་མི་གཏད་པས་ཅུང་ཟད་ཀྱང་མི་འཛིན་པ་དང་། ཞབས་རྡོལ་ལྟར་བཟུང་ཡང་ནན་ཏན་མཐར་ཆགས་སུ་མི་བྱེད་པས་རྟོགས་པ་མི་བརྟན་པ་དང་། དུག་ཅན་ལྟ་བུ་ཟིན་ཡང་ངེས་འབྱུང་གི་བློ་དང་སེམས་བསྐྱེད་ཀྱིས་མ་ཟིན་པས་ཉོན་མོངས་པའི་གཉེན་པོར་མི་འགྲོ་བར་གྲོགས་སུ་འགྲོ་བ་རྣམས་སྤངས་ཏེ་ཉན་པ་ནི། མདོ་ལས། དགེ་སློང་དག །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བསྟན་པར་བྱའོ་ཞེས་གསུངས་པ་བཞིན་ནོ། །ལེགས་པར་ཉན་པས་ནི་དུག་ཅན་གྱི་སྐྱོན་སེལ་བའོ། །རབ་ཏུ་ཉན་པས་ནི་ཁ་སྦུབ་ཀྱི་སྐྱོན་སེལ་ལོ། །ཡིད་ལ་གཟུང་བས་ནི་ཞབས་རྡོལ་གྱི་སྐྱོན་སེལ་ལོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་སོ། །ཆོས་ཉན་དུས་ཆེ་ཁྱད་ཀྱི་ང་རྒྱལ་དང་སྒེག་འཆོས་སྟན་ཆེས་མཐོ་བར་སྡོད་པ་ལ་སོགས་དང་། ཆོས་དང་། གྲོགས་དང་། བླ་མ་ལ་མ་དད་བཞིན་དུ་ཉན་པ་དང་། ཆོས་ལ་དོན་གཉེར་འདོད་འདུན་མེད་པ་དང་། མིག་དང་། རྣ་བ་དང་། ཡིད་ལ་སོགས་པའི་དབང་པོ་ཕྱིའི་ཡུལ་ལ་འཕྱོར་འཇུག་པ་དང་། གཉིད་རྨུགས་ལ་སོགས་པའི་སེམས་ནང་དུ་བསྡུས་པ་དང་། ཆོས་འདིས་ཅི་བྱ་སྙམ་པ་ལ་སོགས་པ་ཆོས་ལ་(༤༥)བར་དུ་གཅོད་པའི་སྐྱོ་བ་རྣམས་སྤངས་ལ་ཉན་ནོ། །དེ་ཡང་དགའ་བ་དང་། གུས་པ་དང་། དད་པ་བསྐྱེད་ནས། གཉིད་རྨུགས་ལ་སོགས་པའི་སྒྲིབ་པ་དང་། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་ལ། ཚེ་འདིའི་བློ་ངན་དྲི་མ་ཅན་ལས་འདས་པ་ཐར་པ་ཁོ་ན་ལ་དམིགས་པས། སེམས་ཅན་གྱི་དོན་དུ་ངས་ཆོས་འདི་ཉན་ལ་རྒྱུད་ལ་ཕན་པ་ཞིག་བྱ་སྙམ་དུ་མོས་པ་དང་འདུན་པ་ཁྱད་པར་ཅན་དུང་དུང་བ་བསྐྱེད་ནས་ཉན་པས་ཐོས་པ་དྲི་མ་མེད་པའི་གཟི་བརྗིད་དུ་འགྱུར་རོ། །འདི་གལ་པོ་ཆེ་ཡིན་ཏེ་ཆོས་ལམ་དུ་འགྲོ་བ་ཡང་དང་པོའི་སྒོ་ཐོས་པ་བྱེད་དུས་ནས་མ་འཆུགས་པ་ཞིག་དགོས་པའི་ཕྱིར་རོ། །འཕགས་པ་ཡོན་ཏན་རིན་པོ་ཆེ་ཡང་དག་པར་སྡུད་པའི་མདོ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་གཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་འདི་ནི་མཉན་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །

གསུམ་པ་ཐུན་མོང་དུ་བྱ་བའི་རང་བཞིན་ལ་གསུམ་ལས། སྦྱོར་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་ཆོས་ཉན་སྙམ་དུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་པོ་དེ་ཐུབ་པ། འཁོར་རྣམས་ལ་འཁོར་རྣམ་བཞི་སོ་སོར་ཤེས་པས་ཉན་ནོ། །སྔགས་ལ་དཀྱིལ་འཁོར་གཅིག་ཏུ་ཤེས་པས་གཙོ་འཁོར་གསལ་བཏབ་ནས་ཉན་ནོ། །ཡང་ན་སློབ་དཔོན་འཇམ་དཔལ་དུ་བསམས་པའི་ཞལ་ནས་ཆོས་ཀྱི་འོད་ཟེར་འཕྲོས་པས། སློབ་མ་སྒྲོལ་མར་བསམས་པའི་རྣ་བ་ན་ཚུར་ཐིམ་པར་བསམ་པའོ། །འདིར་ནི་རང་ཉིད་གང་མོས་སུ་བྱའོ། །དངོས་གཞི་ནི་འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ཆོས་ཀྱི་ཚིག་དོན་ལ་འཇལ་བའི་ངང་ལས་མ་ཡེངས་པར་སེམས་རྩེ་གཅིག་ཏུ་འཛིན་པའོ། །རྗེས་ལ་དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ནས་མི་རྟག་པ་དང་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པས་ཆོས་དང་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པར་བྱའོ། །

དེ་ལྟར་བཤད་ཅིང་ཉན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་ནི། ཆོས་ཀྱི་སྟན་དང་མཆོད་པ་བཤམས་པ་ནི་སྦྱིན་པ། སྒོ་གསུམ་བསྡམས་ནས་ཉན་པ་ནི་ཚུལ་ཁྲིམས། དེ་དུས་ཤིག་ལ་སོགས་པའི་འཚེ་བ་བཟོད་པ་ནི་བཟོད་པ། བླ་མ་ལ་ཆོས་གསུང་བར་བསྐུལ་བ་བརྩོན་འགྲུས། མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་གནས་རྣམས་བསྒལ་བརྟག་གིས་འདྲི་བ་ཤེས་རབ་སྟེ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས་། མེ་ཏོག་སྟན་སོགས་རབ་འབུལ་བ། །ས་ཕྱོགས་སྤྱོད་ལམ་བསྡམས་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་(༤༦)འདེབས། །མ་ཡེངས་བླ་མའི་གདམས་ངག་འཛིན། །རྟགས་ལ་ཕྱིར་ལ་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་སོ། །ཞལ་ལ་སློབ་དཔོན་གྱི་དྲུག་ཀྱང་། ལེགས་པར་སྨྲ་བ་སྦྱིན་པ་སྟེ། །ཉོན་མོངས་བསྡམས་པ་ཚུལ་ཁྲིམས་ཉིད། །སྐྱོ་བར་བཟོད་པ་བཟོད་པ་སྟེ། །འཆད་ལ་བརྩོན་པ་བརྩོན་འགྲུས་ཉིད། །དེ་ལས་མ་ཡེངས་བསམ་གཏན་ལ། །ཚིག་དོན་འབྱེད་མཁས་ཤེས་རབ་ཉིད། །འཇམ་དཔལ་ཡན་ལག་དྲུག་དང་ལྡན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །

གསུམ་པ་བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་ནི། དེ་ལྟར་ཡང་དག་པའི་ཆོས་ལ་གང་གིས་བཤད་པ་ན། སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འཕགས་པའི་ཕན་ཡོན་འཐོབ་སྟེ། ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་མཛོད་འཛིན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པས་དགོངས་པར་འགྱུར་བ་དང་། རྟག་ཏུ་ཚེ་རབས་དྲན་པ་དང་། སངས་རྒྱས་ལས་ཆོས་ཐོས་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་འཐོབ་པ་ལ་སོགས་པའོ། །ཉན་པས་ནི་སེམས་ཀྱི་སྒྲིབ་པ་སྦྱོང་བ་དང་། ཐེ་ཚོམ་གྱི་འཆིང་བ་གཅོད་པ་དང་། རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་བ་དང་། ཆོས་ཀྱི་གཟུངས་འཐོབ་པ་དང་། ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་བ་དང་། ལྷས་བསྲུང་ཞིང་ནད་དང་འཚེ་བ་ཉུང་བ་དང་། མྱུར་དུ་སངས་རྒྱས་འཐོབ་པ་ལ་སོགས་ཏེ་ཤེས་རབ་ཀྱི་མིག་རྙེད་པས་འཁོར་བ་ལས་འདའ་བར་འགྱུར་ཏེ། རྒྱུད་བླ་མ་ལས། གང་ཕྱིར་འདི་ནི་ཤེས་རབ་མཆོག་ཡིན་དེ་ཡི་རྒྱུ་ནི་ཐོས་པ་ཡིན། །ཞེས་པ་དང་། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་མྱུར་དུ་འདའ་བར་འགྱུར། །ཞེས་སོ། །དེ་དག་གིས་ཆོས་བྱུང་བའི་ཚུལ་སྤྱིར་བཤད་པ་གཏན་ལ་ཕབ་ཟིན་ཏོ། །

སྤྱི་དོན་གཉིས་པ་སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱི་ཆིངས་ལྔས་འབྲེལ་དགོད་པ་དང་། དགོས་འབྲེལ་ཡན་ལག་བཞིས་གཏན་ལ་དབབ་པར་བྱ་བའོ། །དང་པོ་ནི་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་དང་སྦྱར་ཏེ། བསྟན་བཅོས་འདིར་དོན་ལྔས་ཉེ་བར་མཚོན་པ་ལ། དང་པོ་དགོས་པའི་དོན་ནི། ངལ་གསོ་སྐོར་གསུམ་འགྲེལ་པ་དང་བཅས་པ་ཉེ་བར་བཀོད་པས། སྐལ་བ་དང་ལྡན་པའི་གང་ཟག་གིས་ཐོས་པ་དང་། བསམ་པ་དང་། སྒོམ་པའི་རིམ་པ་བདེ་བླག་(༤༧)ཏུ་རྟོགས་ཏེ་ཞུགས་པས། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་ཐབས་དམ་པར་གྱུར་པ་ནི་འདིའི་དགོས་པའོ། །དེ་ལ་བསྟེན་ནས་ཐར་པའི་ལུགས་གསལ་བ་དང་། བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པ་དང་། རང་བཞིན་རྫོགས་པ་ཆེན་པོའི་སྒོའི་ཆོས་ཀྱི་རྣམ་གྲངས་འཇིག་རྟེན་ན་དར་ཞིང་རྒྱས་པ་སྟེ་མཆོག་གི་དགོས་པ་ཁྱད་པར་ཅན་ཡང་ཡོད་དོ། །བསྡུས་པའི་དོན་ནི། གཞི་ལྟ་བ་དང་། ལམ་སྒོམ་པ་དང་། གྲོགས་སྤྱོད་པ་གསུམ་ཚང་ལ་མ་ནོར་བར་སྟོན་པ་ཡིན་ནོ་ཞེས་བྱ་བར་བསྡུས་སོ། །ཚིག་གི་དོན་ནི། གཞུང་རྒྱ་ཆེར་བཤད་པའི་སྐབས་བཞིན་ནོ། །སྔ་ཕྱི་འབྲེལ་བའི་མཚམས་སྦྱོར་ནི། དང་པོར་གང་ཟག་གཅིག་ལམ་དུ་འཇུག་པ་ན་ཆོས་ཀྱི་གཞི་འཆའ་བ་གལ་ཆེ་བས་དེའི་ཕྱིར་སེམས་ཉིད་ངལ་གསོ་ལེའུ་བཅུ་གསུམ་གྱི་རང་བཞིན་དུ། དལ་འབྱོར་རྙེད་དཀའ་བ་ནས་བཟུང་སྟེ་ལྟ་བ་མཐའ་གཉིས་ལ་མི་གནས་པའི་གཞི་རྣམས་རྒྱ་ཆེར་བསྟན་ནས། ཆ་ཤས་ལམ་དང་འབྲས་བུའི་རིམ་པའང་འཕྲོས་པའི་ཚུལ་དུ་ཡང་བཤད་པ་ཡིན་ནོ། །དེ་ལྟར་གཞི་རྟོགས་ནས་ལམ་བསྒོམ་པ་ལ་འཇུག་པས། བསམ་གཏན་ངལ་གསོ་ལེའུ་བཞི་པས་རང་བཞིན་དུ། གང་དུ་བསྒྲུབ་པའི་གནས་དང་། གང་གིས་བསྒྲུབས་པའི་གང་ཟག་དང་། གང་ལྟར་བསྒྲུབ་པའི་ཐབས་དང་། གང་བསྒྲུབ་པའི་ཏིང་ངེ་འཛིན་རྣམས་གོ་རིམས་ཀྱིས་ལེགས་པར་བསྟན་པ་ཡིན་ནོ། །དེ་ལྟར་ལམ་བསྒྲུབ་པ་ན་ཆོས་ཐམས་ཅད་ལ་མ་ཆགས་པ་དང་ཞེན་པ་མེད་པ་འབའ་ཞིག་གཙོ་བོར་སྟོན་དགོས་པས། དེའི་གྲོགས་སུ་སྤྱོད་པའི་རིམ་པ་རྒྱ་ཆེར་གསལ་བའི་གནས་སྒྱུ་མ་ངལ་གསོ་ལེའུ་བརྒྱད་ཀྱི་རང་བཞིན་སྒྱུ་མའི་དཔེ་བརྒྱད་དུ་ཆོས་ཐམས་ཅད་ཇི་ལྟར་སྤྱད་ཅིང་ཉམས་སུ་བླང་བའི་རིམ་པ་ཚང་ལ་མ་ནོར་བར་བསྟན་པ་ཡིན་ནོ། །

བརྒལ་ལན་གྱིས་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་སེམས་ཉིད་ངལ་གསོ་ལ་བརྒལ་བ། ཅི་ཁྱེད་ཀྱི་བསྟན་བཅོས་འདི་ཉིད་སེམས་ཉིད་ངལ་གསོ་ཞེས་བརྗོད་པ་མི་འཐད་དེ། སེམས་ཉིད་ལ་ངལ་གསོ་བ་དང་ཐང་ཆད་པ་གཉིས་ཆར་མེད་པའི་ཕྱིར་རོ་ཞེས་སོ། །དེ་ཡིས་ལན་བཤད་པ། སྤྱིར་སེམས་ཉིད་ཅེས་པའི་སྒྲ་འདི་ངེས་གཟུང་དང་གཞི་བསྡུ་བ་གང་དུ་ཡང་སྦྱར་དུ་རུང་བས། ངེས་གཟུང་ལྟར་ན་སེམས་ཉིད་ངལ་གསོ་དགོས་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཁམས་གསུམ་པའི་སྒྲོ་བཏགས་ཀྱི་རྣམ་པར་རྟོག་པ་ཡིན་པས། དེ་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སུ་ཉེ་བར་ཞི་དགོས་པའི་ཕྱིར་རོ། །བདེན་གཉིས་ལས། སེམས་དང་སེམས་(༤༨)བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་པ་དང་། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་དང་། ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་པ་དང་། སངས་རྒྱས་ངོ་སྤྲོད་པ་རིན་པོ་ཆེ་གསང་བའི་རྒྱུད་ལས་ཀྱང་། ཀྱེ་གསང་བའི་བདག་པོ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་འཁོར་བའི་ཆོས་ཡིན་ནོ་ཞེས་ངས་བསྟན་ཏེ་ཞེས་གསུངས་སོ། །དེས་ན་སེམས་དང་སེམས་བྱུང་གི་རྟོག་པ་དེ་ཉིད་ཀྱི་རང་བཞིན་འཁོར་བར་ཡང་དང་ཡང་དུ་དུབ་ཅིང་ངལ་བར་བྱས་པས། ད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ངལ་སྟེགས་ལ་ངལ་གསོ་བར་བྱའོ། །དེའི་ཆེད་དུ་གནས་ལུགས་ཀྱི་བགྲོད་ལམ་དེ་ཁོ་ན་ཉིད་དུ་འཇུག་ཅིང་ངལ་གསོ་བའི་བསྟན་བཅོས་འདི་བརྩམ་པར་བྱ་ཞེས་ཁོ་བོ་ཅག་གིས་དམ་བཅས་ནས་བསྟན་པ་ཡིན་ཏེ། ཉི་ཁྲི་སྣང་བའི་མཇུག་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དུ། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གིས་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིས། །ཞེས་གསུངས་པ་དང་མཐུན་ནོ། །གཞི་བསྡུ་བ་དང་སྦྱར་ན་ཡང་སེམས་ཉིད་ངལ་གསོ་བར་འཐད་དེ། སེམས་འཁྲུལ་སྣང་ལ་རིང་དུ་སྤྱད་ཅིང་འཁོར་བས་དུབ་པའི་མགྲོན་པོ་ཀུན་ཏུ་རྟོག་པའི་ཚོགས་དག །སེམས་ཉིད་ངལ་གསོ་བའི་བསྟི་གནས་སྤྲོས་པ་ཞི་བའི་ངང་དུ་མ་བཅོས་པར་འཇོག་པ་ཡིན་ཏེ། འགྲོན་པོ་ཆད་ཅིང་དུབ་པ་དག་ངལ་སྟེགས་ལ་རང་བབས་སུ་གློད་ནས་ལུས་ངག་ཡིད་གསུམ་དལ་བར་འཇོག་སྟེ་ངལ་གསོ་བ་བཞིན་ནོ། །དེའི་ཕྱིར་ངལ་གསོ་བ་སེམས་ཉིད་དུ། སྒོ་གསུམ་འཁོར་བས་དུབ་པའི་སེམས་ཀྱི་སྤྲོས་པ་རང་ཞིར་ངལ་གསོ་བ་འདི་ཐར་པ་དམ་པའི་འཇུག་ངོགས་ཏེ། ཏོག་རྩེ་བས། དུབ་པ་སེམས་ཉིད་ཀྱི་མགྲོན་པོ་དག །སྤྲོས་དང་བྲལ་བར་ངལ་སོས་ཤིག །སོ་མ་གཉུག་མ་རང་བབས་དང་། །བློ་འདས་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་གསུངས་པ་བཞིན་ནོ། །

བསམ་(༤༩)གཏན་ངལ་གསོ་ལ་བརྒལ་བ་ནི། ཅི་ཁྱེད་ཀྱི་བསྟན་བཅོས་འདི་བསམ་གཏན་ངལ་གསོ་ཞེས་བརྗོད་པ་མི་འཐད་དེ། བསམ་གཏན་རང་བཞིན་གྱིས་མི་རྟོག་པ་ལ་ངལ་དུབ་གང་ཡང་མེད་པའི་ཕྱིར་རོ་ཞེས་སོ། །དེའི་ལན་ལ་གཉིས་ལས། ངེས་གཟུང་དང་སྦྱར་བ་ནི། བསམ་གཏན་ངལ་གསོ་ཞེས་བརྗོད་པ་འཐད་དེ། འཇིག་རྟེན་པའི་བསམ་གཏན་རྟོག་མེད་རང་གསལ་གྱི་ཏིང་ངེ་འཛིན་ཁམས་གསུམ་པའི་སེམས་ཀྱི་སྤྱོད་ཡུལ་ཅན་འདི་དག་ཀྱང་འཁོར་ཞིང་དུབ་པའི་འགྲོན་པོ་ལམ་འཁྱམས་ནས་དུབ་པ་ལྟ་བུ་ཡིན་པས། དེ་ཐར་པ་དམ་པ་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ངལ་སྟེགས་ཤེས་རབ་དང་ཏིང་ངེ་འཛིན་ཟུང་འབྲེལ་ཁྱད་པར་ཅན་གྱི་ཞི་ལྷག་ཏུ་སྒོམ་པས་འདའ་དགོས་པའི་ཕྱིར་རོ། །འཇིག་རྟེན་པའི་བསམ་གཏན་དེ་དག་ཤེས་རབ་ཁྱད་པར་ཅན་གྱིས་མ་ཟིན་པས་ལམ་དུ་མི་འགྱུར་ཏེ། ཞི་ལྷག་ཟུང་འབྲེལ་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་མ་ཡིན་པའི་ཕྱིར་རོ། །འདིར་འཇིག་རྟེན་ལས་འདས་པའི་སྒོའི་བསམ་གཏན་ཁྱད་པར་ཅན་སྒྲིབ་པའི་གཉེན་པོ་བྱེད་པ། འཁོར་བ་ལས་ངེས་པར་འབྱིན་པའི་ལམ་མཆོག་ཏུ་ངལ་གསོ་བ་ཡིན་ནོ། །བཤེས་སྤྲིང་ལས། བསམ་གཏན་མེད་པ་ལ་ཡང་ཤེས་རབ་མེད། །ཤེས་རབ་མེད་པ་ལ་ཡང་བསམ་གཏན་མེད། །གང་ལ་གཉིས་པོ་ཡོད་པ་འཁོར་བ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་པ་བཞིན་ནོ། །གཞི་བསྡུ་བ་དང་སྦྱར་ན། བསམ་གཏན་ངལ་གསོ་ཞེས་འཐད་དེ། ཡང་དག་པའི་བསམ་གཏན་སྤྲོས་པའི་མཐའ་ལས་འདས་པ་དེ་ཉིད་འཁོར་བར་དུབ་པའི་སེམས་ཀྱི་འགྲོན་པོ་རྣམས་ཀྱི་ངལ་གསོའི་བསྟི་གནས་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ཡང་ཡུལ་དངོས་པོ་གཟུགས་སོགས་སུ་སྣང་བ་ལ་གཟུང་བའི་རྟོག་པ་ཡང་མེད་དེ། ཡུལ་ཅན་དངོས་མེད་སེམས་ཀྱི་རང་བཞིན་ལ་འཛིན་པའི་རྟོག་པ་ཡང་མེད་པར། བློ་དམིགས་པ་མེད་པ་དེ་ནི་ངལ་གསོ་ཁྱད་པར་ཅན་གྱི་གནས་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པར་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་བཞིན་ནོ། །

སྒྱུ་མ་ངལ་གསོ་ལ་བརྒལ་བ་ནི། ཅི་ཁྱེད་ཀྱི་བསྟན་བཅོས་འདི་སྒྱུ་མ་ངལ་གསོ་ཞེས་མི་འཐད་དེ། སྒྱུ་མ་ནི་རང་བཞིན་གྱིས་མེད་པའི་ཕྱིར་དེ་ལ་ངལ་བ་དང་གསོ་བ་མེད་པའི་ཕྱིར་རོ་ཞེས་སོ། །ལན་ལ་གཉིས་ལས། ངེས་གཟུང་དང་སྦྱར་བ་ནི། སྒྱུ་མ་ངལ་གསོ་ཞེས་འཐད་དེ། འཁོར་བ་ཀུན་ཏུ་རྟོག་པའི་སྒྱུ་མ་འདི་དག་ལ་ངོ་བོ་མེད་ཀྱང་རྣམ་པ་སྣང་ཆར་མ་འགགས་པས། སྣང་ཆ་སྒྱུ་མའི་འགྲོན་པོ་དག་ལམ་དུ་ངལ་གསོ་བ་ལྟར་མེད་བཞིན་སྣང་བའི་སེམས་ཀྱི་སྒྱུ་མ་(༥༠)ཉིད། ཆོས་ཉིད་ཡང་དག་པའི་ངང་དུ་ངལ་གསོ་བར་སྣང་དགོས་ཏེ། སྣང་ཙམ་དུ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཞིང་འདའ་དགོས་པའི་ཕྱིར་རོ། །དེའང་འཁོར་བ་སྒྱུ་མའི་ངོ་བོ་ཉིད་དུ་ཤེས་ནས་ཡང་དག་སྒྱུ་མའི་དབྱིངས་སུ་སྣང་ལ་རང་བཞིན་མེད་པར་སྤྱད་པས་གྲོལ་བ་ཡིན་ཏེ། ལངྐར་གཤེགས་པ་ལས། སྲིད་གསུམ་འདི་དག་སྒྱུ་མ་དང་། །སྨིག་རྒྱུ་ཆུ་ཡི་ཕུང་པོ་བཞིན། །ནོར་བར་མཐོང་བས་ཕྱིར་བཟློག་གོ། །ཞེས་གསུངས་པ་བཞིན་ནོ། །གཞི་བསྡུ་བའི་ལ་ནི། སྒྱུ་མ་ངལ་གསོ་ཞེས་འཐད་དེ། ཡང་དག་སྒྱུ་མའི་ངོ་བོ་ཉིད་དེ། ལོག་རྟོག་སྒྱུ་མའི་ངལ་སྟེགས་ཀྱི་གཞི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེའང་སེམས་ཉིད་རང་བཞིན་གྱིས་དག་ཅིང་འོད་གསལ་བ་དེ་ཉིད་ཡང་དག་སྒྱུ་མ་ཡིན་ལ། དེའི་རང་བཞིན་བདག་གཞན་སྤྲོས་པ་དང་བྲལ་བའི་ངང་དུ། ལོག་རྟོག་སྒྱུ་མ་འཁྲུལ་སྣང་འཁྲུལ་རྟོག་དང་བཅས་པ་རྟེན་མེད་གཞི་མེད་ཆེན་པོར་ངལ་གསོ་བ་ཡིན་ཏེ། གསང་སྙིང་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །བདག་དང་གཞན་དང་རྟོག་པའི་རྒྱུན། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་སོ། །དེའི་བྱ་བ་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་སྣང་བས། ངལ་གསོ་བ་དང་དུབ་པར་སྣང་བ་མ་འགགས་ལ། སྣང་བའི་དུས་ནས་ཡོང་མ་མྱོང་བར་ཁོ་བོ་འདོད་དོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ཉིད་མི་བདེན་སྣང་བ་སྣ་ཚོགས་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོངས་པ་མིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན། །སྐྱེས་པ་མ་ཡིན་འོངས་པ་མིན། །ཞེས་སོ། །

གཉིས་པ་དགོས་འབྲེལ་ཡན་ལག་བཞིས་གཏན་ལ་དབབ་པ་ལ་གསུམ་སྟེ། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་དཔེར་འགོད། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞིས་བསྟན་བཅོས་ལ་འཇུག་པའི་རྒྱུར་བརྗོད། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞིས་གཞི་ལམ་འབྲས་བུའི་དོན་གཏན་ལ་དབབ་པའོ། །དང་པོ་ནི་སྤྱིར་སྐྱེས་བུ་རྟོགས་ལྡན་གྱི་ངག་ཙམ་ལ་དགོས་འབྲེལ་བཞི་ཚང་དུ་རུང་སྟེ། དཔེར་ན་བུམ་པ་ཁུར་ལ་ཆུ་ལོན་ཞེས་པའི་ངག་དེའི་བརྗོད་བྱ་ནི་ཆུའོ། །དགོས་པ་ནི་ངག་དེ་ལ་བརྟེན་ནས་ཆུ་ཁྱིམ་དུ་ཐོབ་པའོ། །ཉིང་དགོས་ནི་ཆུ་དེས་སྐོམ་པ་(༥༡)བསལ་བ་ལ་སོགས་པ་སྐྱེས་བུའི་དོན་གྲུབ་པའོ། །དེ་གསུམ་ཡང་གཅིག་མེད་ན་གཅིག་མི་འབྱུང་ཡོད་ན་འབྱུང་བའི་ཕན་ཚུན་འབྲེལ་བ་ནི་འབྲེལ་བའོ། །

གཉིས་པ་བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་རྣམས་འདིའི་བརྗོད་བྱའོ། །དེ་ལ་བརྟེན་ནས་བསྟན་བཅོས་ལ་ཆོས་བཞི་ཚང་བར་རྟོགས་པ་ནི་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པའོ། །དེ་ལ་བརྟེན་ནས་རྟོགས་ལྡན་གྱི་གང་ཟག་བསྟན་བཅོས་འདིར་འཇུག་པ་དེ་ཉིང་དགོས་སོ། །དེ་གསུམ་གཅིག་ལ་གཅིག་འབྲེལ་དུ་མེད་ན་མི་འབྱུང་ཡོད་ན་འབྱུང་བར་གྲུབ་པ་ནི་འབྲེལ་བའོ། །

གསུམ་པ་ནི་གཞི་ལམ་འབྲས་བུའི་གནས་གསལ་བར་བྱེད་པ་ངལ་གསོ་སྐོར་གསུམ་གྱི་ཚིག་དང་དོན་གྱི་རིམ་པས་གང་ཟག་གཅིག་གི་ཐར་ལམ་ཚང་ལ་མ་ནོར་བར་སྟོན་པའི་ཚུལ་ནི་བརྗོད་བྱའོ། །དེ་ལྟར་ཡོད་པ་དེ་སྐྱེས་བུས་རྟོགས་པ་ནི་དགོས་པའོ། །རྟོགས་པ་བཞིན་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པ་ནི་ཉིང་དགོས་སོ། །དེ་གསུམ་གཅིག་ལ་གཅིག་འབྲེལ་དུ་ཡོད་ན་འབྱུང་མེད་ན་མི་འབྱུང་བ་ནི་འབྲེལ་བའོ། །དེ་དག་ཀྱང་འདུལ་བའི་རྒྱ་ཆེར་འགྲེལ་པར། དེ་བས་ན་འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པ་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་བ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་དགོས་པ་ཡང་བསྟན་ཏོ་ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ། །

སྤྱི་དོན་གཉིས་པ་བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བསྟན་པ་ལ་གསུམ་སྟེ། ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པ། ཆོས་ཐམས་ཅད་འོད་གསལ་ལྷུན་གྲུབ་ཆེན་པོར་སྟོན་པ་རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པ། ཆོས་ཐམས་ཅད་བདེན་མེད་རང་སྣང་དུ་སྟོན་པ་རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པའོ། །

དང་པོ་ལ་གསུམ་སྟེ། འགྲེལ་པ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ། འཇུག་ཡུལ་ལུས་ཀྱི་དོན་རྒྱ་ཆེར་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ལ་མཚན་གྱི་དོན། ཕྱག་གིས་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །

དང་པོ་ལ་མཚན་བསྒྱུར་བ། བཤད་པ། གང་ལ་མཚན་དུ་གསོལ་བ་དང་གསུམ་ལས། བསྒྱུར་བ་ནི་ལེགས་པར་སྦྱར་བའི་སྐད་དང་ལྡན་པ། རྒྱ་གར་སྐད་དུ་མཧཱ་སནྡྷི་ལ་སོགས་པ་འདི་དག །བོད་སྐད་དུ་བསྒྱུར་ན། མཧཱ་ཆེན་པོ། སནྡྷི་རྫོགས་པ། ཙིཏྟཱ་སེམས། ཏ་ལ་རིང་ཆ་བྱིན་(༥༢)པའི་ཁོང་ནས་ཤུདྡྷ་ཞེས་འབྱུང་བ་དེ་ཁོ་ན་ཉིད་དུ་དག་པ་སྦྱོར་བ་སྟེ། སྒྲ་བསྒྲུབས་པས་སེམས་ཉིད་ཅེས་པའོ། །བི་སྲན་ངལ་གསོ། བྲ྇ཏྟི་འགྲེལ་པ། ཀ་ཐཱི་ཤིང་། གྷོརྟ་རྟ། ནཱ་མ་ཞེས་བྱ་བའོ། །བཤད་པ་ནི། རྫོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །གང་དུ་རྫོགས་ན་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་ཚང་ཞིང་དེ་ལས་ཆོས་ཐམས་ཅད་འབྱུང་བ་སྟེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །བྱ་བ་ཕུན་སུམ་ཚོགས་པས་བདེ། །ཞེས་པ་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །སེམས་ཉིད་ནི་ངེས་པར་གཟུང་བ་དང་སྦྱར་ན་སེམས་དང་སེམས་བྱུང་ངོ་། །ངལ་གསོ་ནི་རང་བྱུང་གི་ཡེ་ཤེས་སུ་སྤྲོས་པ་དང་བྲལ་བར་སྟོན་པའོ། །གཞི་བསྡུ་བ་དང་སྦྱར་ན། སེམས་ཉིད་ནི་རང་བཞིན་གྱིས་འོད་གསལ་བའོ། །ངལ་གསོ་ནི་ཀུན་ཏུ་རྟོག་པ་ཆ་དང་བཅས་པ་འཇུག་པ་ཞི་བར་སྟོན་པའོ། །འགྲེལ་པ་ལ་ཚིག་འགྲེལ། དོན་འགྲེལ། འབྱེད་འགྲེལ། རྒྱ་ཆེར་འགྲེལ། དགའ་འགྲེལ། སྒྲུང་འགྲེལ་དང་དྲུག་ལས། འདི་རྒྱ་ཆེར་འགྲེལ་ལོ། །ཤིང་རྟ་ནི་གཟུགས་ཅན་གྱི་རྒྱན་དུ་ཤན་སྦྱར་བ་སྟེ། ཤིང་རྟ་གསུམ་གྱིས་མེའི་འོབས་ལས་བྱིས་པ་འདྲེན་པའི་དཔེ་དམ་པའི་ཆོས་པདྨ་དཀར་པོར་གསུངས་པ་ལྟར། འདིར་བླ་ན་མེད་པའི་ཐེགས་པའི་ཤིང་རྟར་སྐལ་བ་ཆེན་པོ་རྣམས་འདྲེན་པས། ཐར་པའི་གླིང་དུ་ཕྱིན་པར་བྱེད་པ་དང་། ཡང་གཅིག་ཏུ་ན་ངལ་གསོ་སྐོར་གསུམ་ལ་ཚིག་དོན་གྱི་གནས་གསུམ་ཡོད་པ་ལས། འདིར་ཟབ་པ་དང་རྒྱ་ཆེ་བའི་གནས་ཐམས་ཅད་རྫོགས་པར་སྟོན་པས་ཀྱང་ཤིང་རྟ་ཆེན་པོའོ་ཞེས་བྱ་བ་ནི། ཚིག་གི་ཕྲད་འོག་མ་དང་མཚམས་སྦྱོར་བས་བཀོད་མཛེས་པར་བྱས་པ་ཙམ་མོ། །གང་ལ་མཚན་དུ་བཏགས་པ་ནི། སེམས་ཉིད་ངལ་གསོ་ཞེས་པ་དོན་ལ་མཚན་དུ་བཏགས་ལ། ཤིང་རྟ་ཆེན་པོ་ཞེས་པ་དཔེ་ལ་མཚན་དུ་བཏགས་པའོ། །

གཉིས་པ་ཕྱག་གིས་མཆོད་པར་བརྗོད་པ་ལ་གཉིས་ལས། མདོར་བསྟན་པ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཞེས་པས། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཀུན་ཏུ་བཟང་པོ་ནི་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པས་ཀུན་ནས་བརྒྱན་པས་གཞན་དོན་འཕྲོ་བའོ། །ཕྱག་འཚལ་བ་ནི་སྒོ་གསུམ་གུས་པས་འབུལ་བ་སྟེ། རྣམ་འགྲེལ་དུ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་(༥༣)འཚལ་ལོ། །ཞེས་པ་ལྟར་རོ། །རྒྱས་པར་བཤད་པ་ལ་གསུམ་ལས། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནི་དཔལ་ལྡན་ཚོགས་གཉིས་ལ་སོགས་པ་སྟེ་ཆར་སྤྲིན་བཟང་པོ་དང་ཆོས་མཚུངས་པར་བསྟོད་པ་གཟུགས་ཅན་གྱི་རྒྱན་ནོ། །པདྨ་འབྱུང་གནས་ལ་ཕྱག་འཚལ་བ་ནི། ཨོ་རྒྱན་མཚོ་གླིང་ལ་སོགས་པ་སྟེ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་གྱིས་བསྟོད་པ་དང་། ཤིས་པ་བརྗོད་པའི་རྒྱན་ཏེ། བསྲེས་པས་རབ་སྤེལ་གྱི་རྒྱན་དང་གསུམ་དུ་འགྱུར་རོ། །རང་བྱུང་ཡེ་ཤེས་ལ་ཕྱག་འཚལ་བ་ནི། གདོད་ནས་འོད་གསལ་ལ་སོགས་པ་སྟེ་སེམས་ཉིད་ལ་ཡོད་པའི་གཤིས་ཀྱི་རང་བཞིན་བརྗོད་པ་རིགས་རང་བཞིན་བརྗོད་པ་དང་། ཟབ་ཅིང་རྒྱ་ཆེ་བའི་གནས་བརྗོད་པས་རྒྱ་ཆེ་བ་དང་ཕུལ་བྱུང་གཉིས་བསྲེས་པས་རབ་སྤེལ་གྱི་རྒྱན་རྣམས་ཀྱིས་བསྔགས་པའོ། །བརྩམ་པར་དམ་བཅའ་བ་ནི། དུས་གསུམ་རྒྱལ་བས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱིས་སྔོན་བྱོན་པའི་ལམ་དེར་རང་གཞན་ཐམས་ཅད་བགྲོད་ནས་ཐར་པ་ཐོབ་པར་བྱ་བའི་ཕྱིར་བསྟན་བཅོས་བརྩམ་པར་བྱའོ་ཞེས་དམ་བཅས་ནས་བརྩོན་པས་གོ་བགོ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་དུ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དང་། །ཉམ་ངའི་གནས་སུ་ནམ་ལང་འདོར་མི་བྱེད། །ཅེས་གསུངས་པ་བཞིན་ནོ། །འཇུག་ཡུལ་ལུས་ཀྱི་དོན་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་ནི་འགྲེལ་པ་དང་བསྡུས་དོན་གྱི་གནས་ཇི་ལྟ་བ་བཞིན་ནོ། །

སྤྱི་དོན་གཉིས་པ་ཆོས་ཐམས་ཅད་འོད་གསལ་ལྷུན་གྲུབ་ཆེན་པོར་སྟོན་པ་རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། འགྲེལ་པ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ། འཇུག་ཡུལ་ལུས་ཀྱི་དོན་རྒྱ་ཆེར་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་གྱི་དོན། ཕྱག་གིས་མཆོད་པར་བརྗོད་པ། བརྩམས་པར་དམ་བཅའ་བའོ། །

དང་པོ་ལ། མཚན་བསྒྱུར་བ། བཤད་པ། གང་ལ་མཚན་དུ་གསལ་བ་དང་གསུམ་ལས། བསྒྱུར་བ་ནི་སྐད་རིགས་ཆེན་པོ་བཞི་དང་ལྡན་པའི་ཡུལ་རྒྱ་གར་གྱི་སྐད་དུ། མཧཱ་སནྡྷི་ལ་སོགས་པ་འདི་དག་བོད་ཀྱི་སྐད་དུ་བསྒྱུར་ན། མཧཱ་ནི་ཆེན་པོ། སནྡྷི་རྫོགས་པ། དྷྱཱ་ན་བསམ་གཏན། ཤུདྡྷ་དོན་འགྱུར་དུ་ངལ་གསོ་སྟེ་སྒྲ་འགྱུར་དུ་དག་པ་ཞེས་འབྱུང་བ་དེ་ཉིད་གནས་ལུགས་དང་། ངལ་གསོ་དང་། ཆོས་ཉིད་གསུམ་ལ་འཇུག་པ་ལས་འདིར་ངལ་གསོར་བསྒྱུར་ཏེ། གནས་ལུགས་དང་ཆོས་ཉིད་དེ་ཉིད་ངལ་གསོ་ཁྱད་པར་ཅན་ཡིན་ཏེ། འཁོར་(༥༤)བར་དུབ་པ་དག་དོན་དེ་བསྒོམས་པས་ངལ་སོས་པ་སྟེ་དབུགས་འབྱིན་པའི་ཕྱིར་རོ། །བྲ྇ཏྟི་འགྲེལ་པ། བི་ཤུདྡྷ་རྣམ་དག །ཀ་ཐཱི་ཤིང་། གྷོརྟ་རྟ། ནཱ་མ་ཞེས་བྱ་བའོ། །བཤད་པ་ནི། རྫོགས་པ་ཆོས་ཐམས་ཅད། གང་དུ་རྫོགས་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཚུར་རྫོགས་པས་འཁོར་འདས་ཐོག་མའི་ཀ་དག་རང་རིག་ངོ་ལས་གཞན་དུ་མ་གྲུབ། ཕར་རྫོགས་པས་ཆོས་ཐམས་ཅད་རྩ་བ་རིག་པ་ལས་གྱེས་པའི་ཕྱིར། ཕར་རྫོགས་ཚུར་རྫོགས་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྫོགས་པའོ། །རྫོགས་པ་རིག་པས་ཡིན་པས་ཆེན་པོར་བཞག་སྟེ། ཆོས་གཞན་གྱི་ཀློང་ཡིན་པའི་ཕྱིར་རོ། །ཀུན་བྱེད་ལས། ཀློང་ཆེན་སེམས་ཀྱི་ཡུལ་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཅེས་སོ། །གསམ་གཏན་ནི་གནས་ལུགས་ཀྱི་ངང་གདངས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྩེ་གཅིག་ལས་གཞན་དུ་མ་ཡེངས་པར་གནས་པ་སྟེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། སེམས་དལ་བསམ་གཏན་ངང་གིས་རྙེད། །ཅེས་པ་བཞིན་ནོ། །ངལ་གསོ་ནི་ཆོས་ཉིད་ཀྱི་ངང་དང་འདྲེས་དུས་སེམས་རྣམ་རྟོག་གི་འགྲོན་པོ་འཕྲོ་འདུ་མེད་པར་རང་བབས་ཆོས་ཟད་ཆེན་པོར་དབུགས་ཕྱིན་པའི་དོན་ཏེ། འགྲོན་པོ་དུབ་པ་བསྟི་གནས་སུ་ཆ་བབས་གློད་ནས་བཞག་པས་ངལ་གསོ་བ་བཞིན་ནོ། །འགྲེལ་པ་ནི་རྩ་བའི་དོན་གསལ་བ་སྟོན། རྒྱས་པར་སྟོན། གོ་བ་བྱེད་ཅེས་བྱ་བ་སྟེ་སྔར་བཞིན་ནོ། །ཤིང་རྟ་ནི་འགྲོན་པོ་འདོད་པའི་གནས་སུ་འདྲེན་པའི་བཞོན་པ་འཁོར་ལོ་ཡང་མིག་དང་བཅས་པ་ལྟ་བུ་སྟེ། ཐར་པ་ཆེན་པོའི་གྲོང་ཁྱེར་དུ་སྐལ་བ་མཆོག་དང་ལྡན་པའི་སྐྱེ་བོ་འདྲེན་པའི་བཞོན་པ་ཡིན་པས་སོ། །སྡུད་པར། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པ་བཞིན་ནོ། །རྣམ་དག་ནི་ཉེས་པའི་སྐྱོན་མེད་པ་དང་། ཆོས་ཉིད་བྱང་ཆུབ་སེམས་སུ་ཆོས་ཐམས་ཅད་དག་པར་སྟོན་པ་དང་། དག་མཉམ་རྫོགས་པ་ཆེན་པོའི་ལམ་དམ་པ་ཡིན་པའི་ཕྱིར་རྣམ་པར་དག་པ་སྟེ། མཚན་བརྗོད་ལས། འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་གསུངས་པ་བཞིན་ནོ། །ཞེས་བྱ་བ་ནི་ཚིག་གི་ཕྲད་དེ། དོན་སྔ་ཕྱི་འབྲེལ་བར་སྟོན་པའི་ངག་གོ། །གང་ལ་མཚན་དུ་བཏགས་པ་ལ། བསམ་གཏན་ངལ་གསོ་ནི་དོན་གྱི་ཆ་ནས་བཏགས། ཤིང་རྟ་རྣམ་དག་ནི་དཔེ་དོན་ཚོགས་པ་ལ་བཏགས་པའོ། །ཕྱག་ལ་གཉིས་ལས། མདོར་བསྟན་ནི་སྔར་བསྟན་པ་བཞིན་ནོ། །གཞི་དང་སྦྱར་ན། དཔལ་ནི་རང་བྱུང་གི་ཡེ་ཤེས། ཀུན་ཏུ་ནི་དུས་གསུམ་ཐམས་ཅད་དུ་འཕོ་འགྱུར་མེད་པར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་བཟང་པོ་ལས་མི་གཡོ་བ་སྟེ། ཕྱག་འཚལ་(༥༥)བ་ནི་དོན་དེ་རྟོགས་པར་བྱའོ་ཞེས་པའོ། །ལམ་དང་སྦྱར་ན། དཔལ་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཅོག་གཞག་ཆོས་སྐུའི་དགོངས་པའོ། །ཀུན་ཏུ་ནི་དུས་རྟག་པར་དེའི་ངང་ལས་མི་འདའ་བར་བྱེད་པའོ། །བཟང་པོ་ནི་ཆོས་སྐུའི་ངང་ལས་མ་འདས་ན་སྣང་སེམས་ཐམས་ཅད་ཡེ་གྲོལ་རྫོགས་པ་ཆེན་པོའི་རོལ་པར་ཤར་བའོ། །ཕྱག་འཚལ་ལོ་ནི་སྒོམ་པ་ཆོས་ཉིད་ཀྱི་ཀློང་དུ་ཕེབས་པར་བྱ་བ་ལ་བརྩོན་པར་བྱ་ཞེས་པའོ། །འབྲས་བུ་དང་སྦྱར་ན། དཔལ་ནི་ཐོག་མའི་མགོན་པོ་སྟེ་འཁོར་འདས་ཀུན་གྱི་བླ་མར་བྱོན་པས་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ན་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའོ། །ཀུན་ཏུ་ནི་དེའི་ངང་ནས་སྟུག་པོ་བཀོད་པར་ངེས་པ་ལྔ་ལྡན་གྱི་བཀོད་པ་སྟོན་པའོ། །བཟང་པོ་ནི་དེའི་ངང་ལས་ཐུགས་རྗེ་ཆེན་པོས་འགྲོ་དྲུག་སོ་སོའི་གནས་སུ་ཐུབ་པ་དྲུག་གི་རོལ་པས་འདུལ་བའོ། །ཕྱག་འཚལ་བ་ནི་གུས་པས་འབུལ་བ་སྟེ། གསང་སྙིང་ལས། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་པ་བཞིན་ནོ། །ཕྱག་རྒྱས་པར་བཤད་པ་ནི། གང་གི་རང་བཞིན་ལ་སོགས་པ་སྟེ་ནམ་མཁའ་ལ་ཉི་མ་ཤར་བ་དང་སྦྱར་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་ནི་གཟུགས་ཅན་གྱི་རྒྱན་ནོ། །བརྩམ་པར་དམ་བཅའ་བ་ནི། སྐལ་བཟང་ལ་སོགས་པ་སྟེ། བྱ་བ་རང་བཞིན་བརྗོད་པའི་རྒྱན་གྱིས་བསྟན་བཅོས་ཀྱི་དོན་འགྲོལ་བར་ཁས་བླངས་པའོ། །འཇུག་ཡུལ་ལུས་ཀྱི་དོན་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་ནི་འགྲེལ་པ་དང་བསྡུས་དོན་གྱི་གནས་བཞིན་ནོ། །

སྤྱི་དོན་གསུམ་པ་ཆོས་ཐམས་ཅད་བདེན་མེད་རང་སྣང་དུ་སྟོན་པ་རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་འགྲེལ་པ་དང་བཅས་པ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། འགྲེལ་པ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ། འཇུག་ཡུལ་ལུས་ཀྱི་དོན་རྒྱ་ཆེར་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་ནོ། །

དང་པོ་ལ་གསུམ་སྟེ། མཚན་གྱི་དོན། ཕྱག་གིས་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །

དང་པོ་ལ། མཚན་བསྒྱུར་བ། བཤད་པ། གང་ལ་མཚན་དུ་བཏགས་པ་དང་གསུམ་ལས། དང་པོ་ནི་འཕགས་པའི་ཡུལ་དབུས་འགྱུར་འཆང་། རྒྱ་གར་སྐད་དུ། མཱ་ཡཱ་ལ་སོགས་པ། བོད་སྐད་དུ་བསྒྱུར་ན། མཱ་ཡཱ་སྒྱུ་མ། ཤུདྡྷ་ངལ་གསོ། །བྲ྇ཏྟི་འགྲེལ་པ། ཀ་ཐཱི་ཤིང་། གྷོརྟ་རྟ། ནཱ་མ་ཞེས་བྱ་བའོ། །བཤད་པ་ནི། སྒྱུ་མ་ནི་བདེན་མེད་ཀྱི་ཆོས་ཏེ། མ་དག་པ་འཁོར་བའི་སྒྱུ་མ་འགྲོན་པོ་ཐང་ཆད་པ་ལྟ་བུ་དང་། དག་པ་མྱ་ངན་ལས་འདས་(༥༦)པའི་སྒྱུ་མ་དབྱིངས་འོད་གསལ་གྱི་བདེན་པ་བསྟི་གནས་བཟང་པོ་ལྟ་བུ་གཉིས་ཏེ། གསང་སྙིང་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་སོ། །ངལ་གསོ་ནི་མཐར་ཐུག་ཀ་དག་དང་། གནས་སྐབས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་བསྟི་གནས་བཟང་པོ་དེར་བློ་རང་མལ་དུ་གནས་པའི་དོན་ཏོ། །འགྲེལ་པ་དང་ཤིང་རྟ་ནི་སྔར་བཞིན་ནོ། །བཟང་པོ་ནི་མཆོག་དམ་པ་ཕུལ་དུ་གྱུར་པའོ་ཞེས་བྱ་བ་ནི་མཚམས་སྦྱོར་བ་སྟེ། མཚན་དེ་ལྟ་བུ་དང་གཞུང་དོན་གཉིས་དོན་གཅིག་པར་སྟོན་པ། བུམ་པ་ཞེས་པ་དང་ལྟོ་ལྡིར་གཉིས་གཅིག་པར་སྟོན་པ་བཞིན་ནོ། །གང་ལ་མཚན་དུ་བཏགས་པ་ནི། སྒྱུ་མ་ངལ་གསོ་དོན་དང་། ཤིང་རྟ་བཟང་པོ་དཔེ་དོན་ཚོགས་པ་ལ་བཏགས་པའོ། །ཕྱག་ལ་གཉིས་ལས། མདོར་བསྟན་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་པས། དཔལ་ནི་ལོངས་སྐུ་ངེས་པ་ལྔ་ལྡན། རྡོ་རྗེ་ནི་སྐུ་འཕོ་འགྱུར་མེད་པ། སེམས་དཔའ་ནི་སྤྲུལ་སྐུ་མ་ངེས་སྣ་ཚོགས་ཏེ། སྐུ་གསུམ་བྱང་ཆུབ་མཆོག་གི་གོ་འཕངས་བརྙེས་པའི་སངས་རྒྱས་རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཐོག་མཐའ་མེད་པའི་སྟོན་པ་ལ། ཕྱག་འཚལ་ལོ་གུས་པས་འབུལ་བའོ། །ངན་སོང་སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །ཞེས་གསུངས་པ་བཞིན་ནོ། །ཕྱག་རྒྱས་པར་བཤད་པ་ནི། གདོད་ནས་བྱང་ཆུབ་ལ་སོགས་པ་སྟེ། ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་གྱིས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྔགས་པའོ། །བརྩམ་པར་དམ་བཅའ་བ་ནི། གདུལ་བྱའི་ཁམས་དང་ལ་སོགས་པ་སྟེ། ཡོན་ཏན་དང་རྫས་རང་བཞིན་བརྗོད་པའི་རྒྱན་གཉིས་རབ་སྤེལ་གྱི་རྒྱན་དུ་བཀོད་པའི་གཞན་དོན་དུ་རྩ་བའི་དོན་འགྲེལ་པར་དམ་བཅས་པའོ། །དགོས་པ་ནི། མཚན་བཀོད་པས་བསྟན་བཅོས་བཙལ་སླ་བ་དང་རྒྱ་བོད་དོན་མཐུན་པར་ཤེས་ལ། ཕྱག་འཚལ་བས་རྩོམ་པ་མཐར་ཕྱིན་པ་དང་། གཞན་རྗེས་སུ་ཞུགས་པའི་ཚོགས་གཉིས་རྫོགས་པ་དང་། སྟོན་པ་ལ་དད་ཅིང་བསྟན་བཅོས་ལ་འཇུག་པར་འདོད་པའི་འདུན་པ་བསྐྱེད་པ་སྟེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྟན་བཅོས་བྱེད་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མེན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །རྩོམ་པར་དམ་བཅས་པས་མཐར་ཕྱིན་པར་འགྱུར་ལ། བར་སྐབས་སུ་སྐྱོ་བ་དང་བྱ་དཀའ་བ་ལ་སོགས་པའི་རྐྱེན་གྱིས་མི་འཕྲོགས་(༥༧)པར་བྱེད་པས། ཁས་བླངས་པ་དང་དམ་བཅས་པ་དག་ཉམ་འོག་ཏུ་ཆུད་པར་འགྱུར་བའི་ཕྱིར་རོ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དང་། །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་བཤད་པ་བཞིན་ནོ། །

གཉིས་པ་འཇུག་ཡུལ་ལུས་ཀྱི་དོན་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་ནི་འགྲེལ་པ་དང་བསྡུས་དོན་གྱི་སྐབས་བཞིན་ནོ། །འདི་དག་གི་ཚེ་དོན་གྱི་འབྲེལ་དགོད་པ་སྦལ་བའི་འཕར་སྟངས་དང་། ཚིག་གི་འབྲུ་གཞོལ་བ་རུས་སྦལ་གྱི་ནུར་འགྲོས་དང་། སྐབས་ཀྱི་དོན་བསྡུ་བ་གླང་པོ་ཆེའི་འགྱིང་ལྟ་བུ་དང་གསུམ་གྱིས་བཅིངས་ནས་བཤད་པ་ནི་འཆད་པའི་མན་ངག་མེ་ཏོག་གི་འཕྲེང་བ་ལྟ་བུ་སྦྱིན་པའོ། །

དེ་ལྟར་བཤད་ཐབས་ཡན་ལག་ངེས་པའི་དོན། །ཟབ་ཅིང་རྒྱ་ཆེ་དོན་གསལ་ཡིད་དུ་འོང་། །ཐེག་མཆོག་དམ་པ་རབ་ཏུ་མཛེས་བྱེད་པ། །མེ་ཏོག་ཕྲེང་བ་མ་བརྙིངས་གསལ་བར་སྤེལ། །ཐོས་པའི་སྤྲིན་ཆེན་རབ་ཏུ་བཟང་པོ་ལས། །ལེགས་བཤད་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་པ། །ཚིག་དོན་རྣམ་བཀྲའི་གློག་གི་ཕྲེང་བ་ཅན། །གཞན་དོན་བྱེད་པ་མཐའ་ཡས་ཆར་ཆེན་འབེབས། །འདི་ནི་དཔལ་ལྡན་དགའ་བའི་སྐྱེད་མོས་ཚལ། །ཐོས་བསམ་ཏིང་འཛིན་མེ་ཏོག་རྒྱུན་ཆགས་པ། །ཉེར་བཀྲའི་རང་བཞིན་འགྲོ་ཀུན་ངལ་གསོའི་གནས། །བྱང་ཆུབ་ལམ་བཟང་གསལ་བར་བྱེད་པ་ལ། །ཚུལ་འདི་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ། །བློ་དང་ཐོས་པའི་འདབ་སྟོང་རྒྱས་པ་དེས། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་ཌྱན་རྫོང་ཞེས་བྱ་བའི་གནས་སུ་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །དམ་ཆོས་རིན་ཆེན་ཤིང་རྟ་མཆོག་ཞུགས་ཏེ། །འཁོར་བའི་མྱ་ངམ་ཐང་ལས་རབ་བརྒལ་ནས། །ཐར་པའི་གྲོང་དུ་དགའ་སྟོན་འཕེལ་བར་ཤོག །བདེ་གཤེགས་བསྟན་པ་དར་ཞིང་རྒྱས་པར་ཤོག །བཤེས་གཉེན་མཆོག་རྣམས་སྐུ་ཚེ་རིང་བར་ཤོག །དམ་ཆོས་མཆོག་འདིས་གཞན་དོན་མཐའ་ཡས་ཤོག །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ངལ་གསོ་སྐོར་གསུམ་གྱི་སྤྱིའི་དོན་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་གངས་རི་ར་བའི་སྐྱེད་མོས་ཚལ་དུ་སྐྱེས་པ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་ཆོས་སྨྲ་བ་ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་གྱི་དཀར་ཆག་པདྨ་སྟོང་ལྡན་ཞེས་བྱ་བ།

༄༅། །རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་གྱི་དཀར་ཆག་པདྨ་སྟོང་ལྡན་ཞེས་བྱ་བ་བཞུགས་སོ། །

༄༅། །རྫོགས་པ་ཆེན་པོ་ངལ་གསོ་སྐོར་(༥༨)གསུམ་གྱི་དཀར་ཆག་པདྨ་སྟོང་ལྡན་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བཀྲ་ཤིས་ཡོན་ཏན་མཚོ་ཆེན་ལྡན། །བྱང་ཆུབ་ཡིད་བཞིན་ཀླུ་དབང་སྙིང་པོའི་གནས། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱིས་ཡོངས་གང་བ། །ཀུན་བཟང་ཆོས་རྗེ་བླ་མའི་ཞབས་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་ཚུལ་དཔག་མེད་ལས། །སྙིང་པོའི་དོན་ཀུན་ཡང་ནས་ཡོངས་བསྡུས་པས། །ངལ་གསོ་སྐོར་གསུམ་རིན་ཆེན་ཆོས་ཀྱི་མཛོད། །དེ་ཡི་དཀར་ཆག་ངེས་པ་འདིར་གསལ་བྱ། །ངལ་གསོ་སྐོར་གསུམ་ཤིང་རྟ་སྐོར་གསུམ་དང་། །ཕྲེང་བ་སྐོར་གསུམ་ཁྲིད་ཡིག་སྐོར་གསུམ་དང་། །ལེགས་བཤད་རྒྱ་མཚོ་པདྨ་དཀར་པོ་དང་། །དཀར་ཆག་ཉིད་དང་རྣམ་གྲངས་བཅོ་ལྔ་གནས། །དེ་དག་སོ་སོའི་དགོས་ཆེད་བསྟན་པ་ནི། །ལེགས་བཤད་རྒྱ་མཚོས་ཆོས་སྤྱིའི་དོན་རྣམས་བསྟན། །ཐེག་པའི་བབས་དང་ཆོས་ཀྱི་བྱུང་ཚུལ་དང་། །ཇི་ལྟར་བཤད་ཚུལ་མ་རིག་མུན་པ་སེལ། །བཤད་པའི་སྒྲོམ་བུ་འདི་ཀུན་མཆོག་ཏུ་གཅེས། །སྡེ་ཚན་དང་པོ་སེམས་ཉིད་ངལ་གསོ་ལ། །ལུས་དང་ཡན་ལག་བྱེ་བྲག་བསྟན་པ་ནི། །ངལ་གསོ་ལུས་ཏེ་འབྱེད་འབྲེལ་ཡན་ལག་གོ། །སེམས་ཉིད་ངལ་གསོ་ཐེག་ཆེན་སྙིང་པོའི་གཞི། །ངོ་བོ་རང་བཞིན་གནས་ཚུལ་རྒྱས་པར་བསྟན། །ཐོག་མ་བར་དང་ཐ་མའི་ལམ་རིམ་རྣམས། །ཚང་ལ་མ་ནོར་ངེས་དོན་སྙིང་པོ་ཡིན། །ལེའུ་བཅུ་གསུམ་གཞུང་གི་རང་ལུས་རྫོགས། །དེ་ཡི་བསྡུ་དོན་ཀུནྡའི་ཕྲེང་བ་ཡིས། །སྡེ་ཚན་འབྱེད་འབྲེལ་ཤིན་ཏུ་གསལ་བར་བྱས། །མཐོང་བ་ཙམ་གྱིས་གནས་རྣམས་རྟོགས་པས་ན། །འབྱེད་འབྲེལ་ལྡེ་མིག་མཆོག་ཏུ་བཟང་པོ་ཡིན། །ཤིང་རྟ་ཆེན་པོ་སེམས་ཉིད་ངལ་གསོའི་གནས། །རྒྱ་ཆེར་འགྲེལ་པས་ཀུན་ཏུ་མཐའ་ཡས་ཉིད། །ཚིག་དོན་འབྱམས་ཀླས་རླབས་ཆེན་གནས་སྟོན་པས། །ཟབ་ཅིང་རྒྱ་ཆེ་འཇུག་ངོགས་ཆེན་པོ་ཡིན། །དེ་ཡི་བསྡུས་དོན་པདྨ་དཀར་པོ་ཡིས། །སྔ་ཕྱིའི་གནས་དང་དོན་གྱི་ངོ་བོ་རྣམས། །སོ་སོར་འབྱེད་འབྲེལ་དོན་ཀུན་གསལ་བྱེད་ཡིན། །འབྲེལ་བཤད་གནས་སུ་འདི་ཀུན་གཅེས་པས་ཟུང་། །ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་གིས། །སྐལ་བཟང་རིགས་གསུམ་ཐར་པའི་ལམ་ལ་འདྲེན། །དགེ་བ་གསུམ་གྱི་གནད་གསུམ་སྙིང་པོ་ཅན། །མེད་ཐབས་མེད་པས་དད་བརྒྱའི་གཙུག་གིས་གཟུང། །དེ་དག་ཀུན་གྱིས་སེམས་ཉིད་ངལ་གསོའི་སྐོར། །ལུས་དང་ཡན་ལག་བྱེ་བྲག་རྫོགས་པར་བསྟན། །སྡེ་ཚན་གཉིས་པ་བསམ་གཏན་ངལ་གསོ་ལ། །ལུས་དང་ཡན་ལག་བྱེ་བྲག་བསྟན་པ་ནི། །ངལ་གསོ་ལུས་ཞེས་གཞན་རྣམས་ཡན་ལག་གོ། །བསམ་གཏན་ངལ་གསོས་ཏིང་འཛིན་འོད་གསལ་ལམ། །ཇི་(༥༩)ལྟར་བསྒོམ་ཚུལ་ཡང་ཟབ་གནད་རྣམས་བསྟན། །རྡོ་རྗེའི་གནས་གསུམ་དེ་ཡི་གཞུང་ཚད་རྫོགས། །གསང་ཆེན་གནས་འདི་ཤིན་ཏུ་ཟབ་པས་ན། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་གཅེས་སྤྲས་མཛོད། དེ་ཡི་བསྡུས་དོན་པུཎྜ་རཱི་ཀ་ཡིས། །སོ་སོའི་ཚིག་དོན་ཤིན་ཏུ་གསལ་བར་བྱེད། །ཚིག་ཉུང་དོན་འགྲེལ་གོ་ཞིང་རྟོགས་པ་སླ། །དེ་ཕྱིར་དེ་ཡི་གནས་ལ་ཤིན་ཏུ་གཅེས། །ཤིང་རྟ་རྣམ་དག་བསམ་གཏན་ངལ་གསོའི་གནས། །རྒྱ་ཆེར་འགྲེལ་པས་ཚིག་དོན་གསལ་བར་བྱས། །ཡང་ཟབ་གནད་དང་ལུང་གི་གནས་གསལ་བས། །ངེས་ཤེས་སྐྱེ་ཞིང་གཞན་ལས་མཆོག་ཏུ་འཕགས། །དེ་དག་དོན་ཁྲིད་སྙིང་པོ་བཅུད་བསྡུས་ཀྱིས། །ཡང་ཟབ་བསྒོམ་པ་འོད་གསལ་སྙིང་པོ་བསྟན། །གནད་ལས་ཏིང་འཛིན་མངོན་དུ་བྱེད་པའི་ཕྱིར། །མེད་ཐབས་མེད་དོ་རྟག་ཏུ་གུས་པས་གཟུང་། །དེ་དག་ཀུན་གྱིས་བསམ་གཏན་ངལ་གསོའི་སྐོར། །ལུས་དང་ཡན་ལག་བྱེ་བྲག་རྫོགས་པར་བསྟན། །སྡེ་ཚན་གསུམ་པ་སྒྱུ་མ་ངལ་གསོ་ལ། །ལུས་དང་ཡན་ལག་བྱེ་བྲག་བསྟན་པ་ནི། །ངལ་གསོ་ལུས་ཡིན་འབྱེད་འབྲེལ་དོན་ཁྲིད་བཅས། །དེ་ཡི་ཡན་ལག་ཕྲན་བུ་འཕྲོས་ཏེ་བསྟན། །སྒྱུ་མ་ངལ་གསོས་སྤྱོད་པ་རྣམས་སྦྱོང་སྟེ། །གཉིས་འཛིན་བདེན་ཞེན་འཆིང་བ་གཅོད་པར་བསྟན། །ལེའུ་བརྒྱད་ཀྱིས་དེ་ཡི་གཞུང་ཚད་རྫོགས། །ཐར་ལམ་བགྲོད་ལ་འདི་ཉིད་མེད་ཐབས་མེད། །དེ་ཡི་བསྡུས་དོན་མནྡཱ་ར་བ་ཡིས། །རིག་པའི་གནས་རྣམས་རབ་ཏུ་གསལ་བར་བྱེད། །སྐྱེས་བུའི་བཞིན་ལ་མེ་ལོང་བསྟན་པ་བཞིན། །དེ་ཉིད་རྟོགས་པའི་གནས་སུ་གཅེས་པས་གཟུང་། །ཤིང་རྟ་བཟང་པོས་སྒྱུ་མ་ངལ་གསོའི་གནས། །མ་ལུས་རང་བཞིན་རྒྱ་ཆེར་འགྲེལ་པས་ན། །བློ་གྲོས་སྣང་བ་རབ་ཏུ་རྒྱས་བྱེད་ཡིན། །དེ་དག་དོན་ཁྲིད་ཡིད་བཞིན་ནོར་བུ་ཡིན། །བླང་དོར་གཉིས་མེད་སྒྱུ་མ་མངོན་སུམ་ལམ། །བདེན་མེད་རྟོགས་པས་འཁོར་བའི་འཁྲུལ་སྣང་འཇིག །ཡང་དག་སྒྱུ་མ་འོད་གསལ་དོན་སྟོན་པས། །ཟབ་མོའི་གནས་འདི་གུས་པས་གཅེས་སྤྲས་མཛོད། །དེ་དག་ཀུན་གྱིས་སྒྱུ་མ་ངལ་གསོའི་སྐོར། །ལུས་དང་ཡན་ལག་བྱེ་བྲག་རྫོགས་པར་བསྟན། །རྒྱལ་བས་ཆོས་ཚུལ་རིན་ཆེན་སྙིང་པོའི་དོན། །མ་ལུས་གཅིག་བསྡུས་ངལ་གསོ་སྐོར་གསུམ་གྱི། །ལུས་དང་ཡན་ལག་དཀར་ཆག་བསྟན་པ་ཡིས། །མ་ལུས་འགྲོ་ཀུན་མངོན་པར་སངས་རྒྱས་ཤོག །ཚུལ་འདི་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ། །དྲི་མེད་འོད་སྟོང་ཉིན་མོར་བྱེད་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་གྱི་དཀར་ཆག་པདྨ་སྟོང་ལྡན་ཞེས་བྱ་བ། མང་དུ་ཐོས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་ཀུན་དུ་བཟང་པོའི་ཁང་བཟངས་སུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

༈ ༀ་སྭསྟི། རྨད་བྱུང་མཁྱེན་(༦༠)རབ་སྤྱན་གྱིས་ཆོས་ཀུན་གཟིགས། །གསང་ཆེན་རྒྱུད་དོན་རྒྱ་མཚོའི་མཛོད་འཆང་བའི། །ཀུན་མཁྱེན་གཉིས་པ་ཀློང་ཆེན་རབ་འབྱམས་ཀྱི། །བཀའ་དྲིན་བསྟན་འགྲོའི་བླ་རུ་གསལ་འདི་རྨད། །གང་གིས་མདོ་སྔགས་ཆོས་ཚུལ་བྱེ་བའི་བཅུད། །རྒྱུ་འབྲས་ཐེག་པ་རྒྱ་མཚོའི་ཟབ་གནད་ཀུན། །འགལ་མེད་ལམ་རིམ་གཅིག་ཏུ་ཡོངས་དྲིལ་ཏེ། །རང་སེམས་འོད་གསལ་སྔགས་ཀྱི་དེ་ཁོ་ན། །ཇི་བཞིན་སྟོན་པའི་ཐབས་ཚུལ་བླ་ན་མེད། །སེམས་ཉིད་གནས་ལུགས་ངང་དུ་ངལ་གསོའི་གཞུང་། །གཉུག་མ་རང་གནས་ཟབ་མོའི་ཏིང་ངེ་འཛིན། །ཇི་བཞིན་སྒོམ་པའི་ལམ་གནད་ནོར་མེད་དུ། །སྟོན་པ་བསམ་གཏན་ངལ་གསོའི་ལེགས་བཤད་ཕུལ། །ཆོས་ཀུན་བདེན་ཞེན་འཆིང་བ་བཅད་པའི་ཐབས། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་སྟོན་པ་ཡི། །སྙིང་པོའི་ནོར་མཆོག་སྒྱུ་མ་ངལ་གསོ་སྟེ། །གཞུང་བཟང་ངལ་གསོ་སྐོར་གསུམ་ཞེས་གྲགས་པ། །ཡན་ལག་བཅས་ཀུན་མི་ཟད་སྤར་གྱི་འཕྲུལ། །སྐུ་གསུང་ཐུགས་ཀྱི་སྣང་བརྙན་གཞི་འདི་ཉིད། །གཅིག་ལས་དུ་མ་འཆར་བར་བྱེད་པའི་དཔྱིད། །༧རིག་འཛིན་གར་གྱི་དབང་ཕྱུག་བཞད་པ་རྩལ། །ཐུགས་བསྐྱེད་ཤིན་ཏུ་དཀར་པོས་ཉེ་བར་བསྒྲུབས། །དགེ་དེས་ཡིད་ཅན་སྲིད་པའི་འགྲོ་ཚོགས་ཀྱིས། །རང་གནས་ཆོས་སྐུའི་གནས་ལུགས་མངོན་སུམ་དུ། །རྟོགས་ཏེ་གདོད་མ་སྐུ་བཞིའི་སར་ཕྱིན་ནས། །ཕྱམ་གཅིག་བྱང་ཆུབ་ཆེན་པོ་བརྙེས་གྱུར་ཅིག །ཅེས་ཆོས་རྗེ་བླ་མའི་བཀས་བསྐུལ་ངོར་གུས་འབངས་ཐུབ་བསྟན་སྙན་གྲགས་སམ་རིག་འཛིན་གཞན་ཕན་རྡོ་རྗེས་སྦྱར་བའོ།། །།