cover

ཀློང་ཆེན་པའི་གསུང་འབུམ། པ༽

གླེགས་བམ་བཅུ་གསུམ་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སངས་རྒྱས་ཀྱི་འདས་རྗེས་གསུམ་གྱི་རྒྱུད་ཅེས་བྱ་བ།

༄༅༔ སངས་རྒྱས་ཀྱི་འདས་རྗེས་གསུམ་གྱི་རྒྱུད་ཅེས་བྱ་བ་བཞུགས་སོ༔ མན་ངག་གོ་གཅིག་པ༔

༄༅། །རྒྱ་གར་སྐད་དུ༔ སུ་ཀ་མ་ཏ་ཨ་ལ་ཡ་དེ་ཀ་ར་ཨ་ཏི་ཏ་བུདྡྷ་ཏནྟྲ་ན་མ༔ བོད་སྐད་དུ༔ དགའ་ལྡན་གནས་སུ་སངས་རྒྱས་ཀྱི་ཞལ་ཆེམས་དང་པོའི་རྒྱུད་ཅེས་བྱ་བ༔ བཅོམ་ལྡན་འདས་ཀུན་རིག་དཔལ་གྱི་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དགའ་ལྡན་ལྷའི་གནས་བཀོད་པ་ཚད་མེད་པའི་གཞལ་ཡས་ཁང་ན༔ བྱང་(༢)ཆུབ་སེམས་དཔའ་འཇམ་དཔལ་དབྱངས་དང༔ སྤྱན་རས་གཟིགས་དབང་ཕྱུག་དང༔ ཕྱག་ན་རྡོ་རྗེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་དང་བཅས་པ་སེངྒེ་ལྟ་བུའི་གཟིགས་སྟངས་ཀྱིས་བཞུགས་སོ༔ གཞན་ཡང་ཤར་ཕྱོགས་མངོན་པར་དགའ་བ་དང༔ ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་དང༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་དང༔ བྱང་ལས་རབ་གྲུབ་པའི་ཞིང་ཁམས་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་ཀྱང་དེར་མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་ནས༔ སེང་གེ་ལྟ་བུའི་གཟིགས་སྟངས་ཀྱིས་བཞུགས་སོ༔ གཞན་ཡང་རྡོ་རྗེ་མཁའ་འགྲོ༔ རིན་ཆེན་མཁའ་འགྲོ༔ པདྨ་མཁའ་འགྲོ༔ ལས་ཀྱི་མཁའ་འགྲོ་རྣམས་ཀྱིས་མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་ནས་སེང་གེ་ལྟ་བུའི་གཟིགས་སྟངས་ཀྱིས་འཁོད་དོ༔ དེ་ནས་བཅོམ་ལྡན་འདས་ཆོས་ཉིད་མངོན་སུམ་དུ་སྣང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་བཞུགས་སོ༔ སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ནས་འོད་ཁ་དོག་སྣ་ཚོགས་ཀྱི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐིག་ལེ་དང༔ ཐིག་ཕྲན་དང༔ ཕྲ་བ་དང༔ རབ་ཏུ་ཕྲ་བ་དང༔ ཤིན་ཏུ་ཕྲ་བ་དང༔ རབ་ཏུ་འགྱུར་བ་ཉིད་དང༔ ཡང་བ་དང༔ རྣམ་པར་འཕྲིག་པ་དང༔ འཁྱུག་པ་དང༔ ཚོམ་བུ་དང༔ མུ་ཁྱུད་དང༔ དེ་ལ་སོགས་པའི་འོད་ཀྱིས་སྟེང་འོག་གང་བ་དང༔ ཕྱོགས་མཚམས་ཐམས་ཅད་དང༔ འཇིག་རྟེན་ཁམས་ཐམས་ཅད་ཁྱབ་པར་(༣)གྱུར་པ་དང༔ དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་དང༔ སྤྱན་རས་གཟིགས་དང༔ ཕྱག་ན་རྡོ་རྗེ་དང༔ བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་མགྲིན་གཅིག་ཏུ༔ བཅོམ་ལྡན་འདས་ལ་ཐོག་མའི་སངས་རྒྱས་རྣམས་དང༔ ད་ལྟར་གྱི་སངས་རྒྱས་རྣམས་དང༔ མ་འོངས་པའི་སངས་རྒྱས་རྣམས་དང༔ སངས་རྒྱས་ཐམས་ཅད་མ་ལུས་ཤིང༔ ལུས་པ་མེད་པ་རྣམས་དང༔ རྡོ་རྗེ་ལུ་གུ་རྒྱུད་ལ་བརྟེན་ནས་འཚང་ཇི་ལྟར་རྒྱ་བ་ལགས༔ བྱང་ཆུབ་སེམས་དཔའ་རྣམས་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་ལུ་གུ་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་བརྟེན་ནས་སངས་རྒྱས༔ མ་འོངས་པའི་སངས་རྒྱས་རྣམས་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་བརྟེན་ནས་འཚང་རྒྱ་བར་འགྱུར༔ ད་ལྟར་གྱི་སངས་རྒྱས་རྣམས་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་མ་བརྟེན་པར་སངས་རྒྱས་མི་ཐོབ་བོ༔ ཞེས་གསུངས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབྲས་ཀྱི་ཞིང་ཏིལ་གྱི་གོང་བུ་ལྟར་སྐུ་མངོན་སུམ་དུ་གསལ་ནས༔ དེ་དེ་བཞིན་ནོ་ཞེས་མགྲིན་ཅིག་ཏུ་གསུངས་སོ༔

དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ བྱང་ཆུབ་སེམས་དཔའ་རྣམས་དང༔ ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་རྣམས་དང༔ རིགས་ལྔའི་མཁའ་འགྲོ་མ་རྣམས་ཉོན་ཅིག༔ སྐྱེ་བ་གཅིག་གིས་འཚང་རྒྱ་བར་འདོད་ན༔ ལུས་ངག་ཡིད་གསུམ་གྱིས་སྐུ་གསུམ་གྱི་གཟིགས་སྟངས་དང་མ་བྲལ་བར་གྱིས་ཤིག༔ འཁོར་བའི་ཆོས་ལས་འདས་ནས་ཆོས་སྐུ་མངོན་སུམ་དུ་གྱུར་པར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ ཡང་དག་པར་རིག་པའི་སྤྱན་དང་ལྡན་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག༔ དམིགས་པ་མེད་པ་ནམ་མཁའ་ལྟ་བུའི་དོན་མཐོང་བར་(༤)འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་ཟེར་ལ་ལྟོས་ཤིག༔ འབད་རྩོལ་མེད་པར་འགྲོ་བའི་དོན་བྱེད་པར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་ཐོབ་པར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག༔ ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག༔ ཆོས་ཐམས་ཅད་ཀྱི་ལྟ་བ་དང་སྒོམ་པ་དང༔ སྤྱོད་པ་འབྲས་བུ་དབྱེར་མེད་པར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ སྣང་བ་ཐམས་ཅད་སྣང་མེད་འོད་གསལ་དུ་འཆར་བར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཡེ་ཤེས་རྟོགས་པར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ སྤྱན་སྔ་ཐོབ་པར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ དུ་མ་མེད་པའི་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཐོབ་པར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ལྟོས་ཤིག༔ དབྱིངས་དང་རིག་པའི་ཡེ་ཤེས་ཀྱི་དོན་ཁོང་དུ་ཆུད་པར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ ཡང་དག་པའི་སྐུ་དང་ཞིང་ཁམས་ཡོངས་སུ་རྫོགས་པར་འདོད་ན་ཡང༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག༔ འཕྲིག་པ་དང༔ འགུལ་བ་དང༔ འཁྱུག་པ་དང༔ གཡོ་བ་དང༔ རང་ཤར་བ་དང༔ གསལ་བའི་ཟེར་ལ་ལྟོས་ཤིག༔ རྡོ་རྗེ་ལུ་གུ་རྒྱུད་རང་ཡིན་ཏེ༔ གཞན་དུ་འཛིན་པ་མེད་པར་ལྟོས་ཤིག༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་ལྟ་བར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལྟ་བར་འདོད་ན༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ཐག་རྣམས་ལ་ལྟོས་ཤིག༔ ཀྱེ་རིགས་ཀྱི་བུ་རྣམས་སངས་རྒྱས་ཀྱི་གཟིགས་སྟངས་ཀྱིས་མི་གཡོ་བར་གཟིགས་ཤིག༔ རང་སངས་རྒྱས་ཀྱི་གཟིགས་སྟངས་ཀྱིས་སྟེང་འོག་ཏུ་གཟིགས་ཤིག༔ ཉན་ཐོས་ཀྱི་གཟིགས་སྟངས་ཀྱིས་ཟུར་ལ་གཟིགས་ཤིག༔ དྲང་སྲོང་གི་གཟིགས་སྟངས་ཀྱིས་མཚམས་སུ་གཟིགས་ཤིག༔ དེ་ལྟར་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱོགས་བཞི་མཚམས་རྣམས་སུ༔ རྒྱ་མཚོ་ཅོག་བཞག་གི་དགོངས་པས་(༥)རྣམ་རྟོག་མི་གཡོ་བར་གཟིགས་ཤིག༔ ནམ་མཁའ་ཅོག་བཞག་གིས་ཡིད་རྟོག་པས་མི་གཡོ་བར་གཟིགས་ཤིག༔ རི་བོ་ཅོག་བཞག་གིས་གཟིགས་སྟངས་གསུམ་དང་མི་འབྲལ་བར་གཟིགས་ཤིག༔ དེ་སྐད་ཅེས་གསུངས་ནས༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འཇའ་དང་འོད་དུ་གྱུར༔ ཀུན་ཏུ་བཟང་པོའི་འོད་ལྔའི་ཚོམ་བུ་བྱེ་བ་ཁྲག་ཁྲིག་གིས་ཞིང་ཁམས་ཐམས་ཅད་གང་བར་གྱུར་ཏོ༔

དེ་ནས་རྡོ་རྗེ་སེམས་དཔས་གདུང་བའི་སྨྲེ་སྔགས་ཆེན་པོ་བཏོན་ནས༔ འཇིག་རྟེན་སྟོན་པ་སྒྲོན་མེ་མ་བཞུགས་ན༔ འཇིག་རྟེན་འཁྲུལ་པའི་མུན་པ་གང་གིས་སེལ༔ ཞེས་གསུངས་པས༔ རང་བྱུང་གི་ཡི་གེ་ཤེལ་གྱི་ཟ་མ་ཏོག་དང་བཅས་པ་འོད་ཀྱི་ནང་ནས་ཕྱག་གཡས་པས་བསྣམས་ལ་གཟིགས་པས༔ ཞིང་ཁམས་ཐམས་ཅད་ཀྱི་སངས་རྒྱས་རྣམས་ཀྱང༔ ཆོས་ཉིད་མངོན་སུམ་ལུ་གུ་རྒྱུད་འདི་ལ་བརྟེན་ནས་སངས་རྒྱས་པར་གཟིགས་པས་གདུང་བ་སེལ་བར་གྱུར་ཏོ༔ རང་བྱུང་གི་ཡི་གེ་འདི་རིག་པའི་ཡེ་ཤེས་སྟོན་པའི་སྟོན་པ་སྟེ༔ རྟོགས་པས་སངས་རྒྱས་སུ་འགྱུར་རོ༔ བསྟན་པའི་ཁ་དོག་ཏུ་བྲིས་ནས་གང་གི་ལུས་ལ་བཏགས་པ་དེ༔ བར་མ་དོར་རང་གི་ལུས་འཇའ་འོད་དུ་འགྱུར་ཏེ༔ ཚོམ་བུ་ལ་ཐིམ་ནས་སྐྱེ་བ་གཅིག་གིས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་འགྱུར་རོ༔ རང་བྱུང་གི་ཡི་གེ་སངས་རྒྱས་བསྟན་པ་ལ་བུ་གཅིག་པར་གྱུར་པ༔ དཔལ་ཀུན་ཏུ་བཟང་པོའི་ཕྱག་ནས༔ དཔལ་རྡོ་རྗེ་སེམས་དཔའི་ཕྱག་ཏུ་བབས་པ༔ དགའ་ལྡན་གནས་ཀྱི་འདས་རྗེས་དང་པོའོ༔

༈ རྒྱ་གར་སྐད་དུ༔ བུདྡྷ་སུ་ཁ་མ་ཏ་ཨ་ལ་ཡེ་ཏེ་ཀ་ར་ཏནྟྲ་དྷུ་ཡི་ན་མ༔ བོད་སྐད་དུ༔ དགའ་ལྡན་གྱི་གནས་སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པའི་རྒྱུད་ཅེས་བྱ་བ༔ དཔལ་གྱི་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་དང༔ རྡོ་རྗེའི་རིགས་དང༔ རིན་པོ་ཆེའི་རིགས་དང༔ པདྨའི་རིགས་དང༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་བྱེ་བ་དང་བཅས་པ་རྣམས༔ སྤྲུལ་པའི་(༦)མཆོད་པ་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་ནས་བཞུགས་སོ༔

དེ་ནས་བཅོམ་ལྡན་འདས་གླང་པོ་ཆེའི་གཟིགས་སྟངས་ཀྱིས༔ ཆོས་ཉིད་མངོན་སུམ་དུ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ དེ་ནས་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ༔ ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང༔ འཁོར་འདས་རུ་ཤན་ཇི་ལྟར་དབྱེ༔ སྐུ་གསུམ་གཟིགས་སྟངས་ཇི་ལྟར་བྱ༔ ཆོས་ཉིད་མངོན་སུམ་ཇི་ལྟར་གསལ༔ སྐྱེ་འཆི་བར་དོ་ཇི་ལྟར་བཟུང༔ བདག་ཅག་ཀུན་ལ་བཤད་དུ་གསོལ༔ ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད༔ ཀྱེ་ཀྱེ་ཀྱེ་ཧོ་རིགས་ཀྱི་བུ༔ འཁོར་འདས་རུ་ཤན་འདི་ལྟར་དབྱེ༔ འགྲོ་དྲུག་ལུས་ཀྱི་སྤྱོད་པ་བརྩམ༔ ལུས་ཀྱི་འཛིན་པ་དག་པ་ན༔ ལུས་ཀྱི་རུ་ཤན་ཕྱེད་པ་ཡིན༔ འགྲོ་དྲུག་ངག་གི་སྐད་རྣམས་བརྩམ༔ བརྗོད་མེད་དག་ལ་གནས་པ་ན༔ ངག་གི་རུ་ཤན་ཕྱེད་པ་ཡིན༔ འགྲོ་དྲུག་ཡིད་ཀྱི་བསམ་པ་བརྩམ༔ ཨ་བསམ་དུ་མེད་པ་རྟོགས་པ་ན༔ ཡིད་ཀྱི་རུ་ཤན་ཕྱེད་པ་ཡིན༔ ཀྱེ་ཀྱེ་ཀྱེ་ཧོ་རིགས་ཀྱི་བུ༔ མྱ་ངན་འདས་པའི་རྗེས་སུ་ཆོས་ཀྱི་སྐུ་སེང་གེ་ལྟ་བུའི་གཟིགས་སྟངས་ལ་མཁས་པར་གྱིས་ཤིག༔ ཚོམ་བུ་ལྔ་ལྔ་བྱེ་བ་ཁྲག་ཁྲིག་གི་དགོངས་པ་མངོན་དུ་གསལ་བར་འགྱུར་རོ༔ ཚོམ་བུ་ལྔ་ལྔ་ཉི་ཤུ་རྩ་ལྔའི་དགོངས་པ་མངོན་དུ་གསལ་ལོ༔ ལོངས་སྐུ་གླང་པོ་ཆེའི་གཟིགས་སྟངས་ལ་མཁས་པར་གྱིས་ཤིག༔ ཚོམ་བུ་ལྔ་ལྔ་བྱེ་བ་ཁྲག་ཁྲིག་གི་དགོངས་པ་མངོན་དུ་གསལ་བར་འགྱུར་རོ༔ སྤྲུལ་པའི་སྐུ་དྲང་སྲོང་གི་གཟིགས་སྟངས་ལ་མཁས་པར་གྱིས་ཤིག༔ འབད་རྩོལ་མེད་པའི་སྙིང་རྗེས་འགྲོ་བ་རྣམས་དང་མི་ཕྱེད་པ་གཅིག་འཆར་བར་འགྱུར་རོ༔ ཀྱེ་ཀྱེ་རིགས་ཀྱི་བུ༔ ང་མྱ་ངན་ལས་འདས་པའི་རྗེས་སུ༔ མི་མེད་པའི་གནས་སུ་སངས་རྒྱས་ཀྱི་དགོངས་པ་རང་གི་སེམས་ལ་འཆར་བས༔ ཆོས་ཉིད་མངོན་སུམ་དུ་འོད་དང༔ འོད་ཀྱི་འཇའ་དང༔ ཐིག་ལེ་མུ་ཁྱུད་དང༔ ཚོམ་བུ་གཅིག་པའི་མུ་ཁྱུད་དང༔ ཚོམ་བུ་གཉིས་པའི་མུ་ཁྱུད་དང༔ ཚོམ་བུ་གསུམ་པའི་མུ་ཁྱུད་དང༔ ཚོམ་བུ་བཞི་(༧)པའི་མུ་ཁྱུད་དང༔ ཚོམ་བུ་ལྔ་པའི་མུ་ཁྱུད་དང༔ ཚོམ་བུའི་ནང་དུ་དེ་བཞིན་གཤེགས་པའི་ཞལ་དང༔ ཕྱེད་སྐུ་དང༔ སྐུ་ཡོངས་སུ་རྫོགས་པ་དང༔ གདན་ཁྲི་དང་ཚོམ་བུ་འཆར་བ་ལྟར་གསལ་བར་འགྱུར་རོ༔ ཀྱེ་ཀྱེ་རིགས་ཀྱི་བུ༔ ང་མྱ་ངན་ལས་འདས་པའི་རྗེས་སུ་རིགས་ཀྱི་བུས་ལུས་དབེན་སེམས་དབེན་པ༔ ངག་མི་སྨྲ་བ༔ ཆོས་ཉིད་མངོན་སུམ་རྡོ་རྗེ་ལུ་གུ་རྒྱུད་ལ་སྐྱོང་བས༔ འོད་ཀྱི་འཇའི་ནང་དུ་ཚོམ་བུ་གཅིག་པ་དང༔ ཚོམ་བུ་གཉིས་པ་དང༔ ཚོམ་བུ་གསུམ་པ་དང༔ ཚོམ་བུ་བཞི་པ་དང༔ ཚོམ་བུ་གང་མངོན་དུ་གྱུར་པའི་འཕྲོ་ལ་འཆི་བའི་དུས་བྱས་ན༔ བར་དོ་དང་པོ་ལ་སྐྱེ་ཤི་བར་དོར་གང་གསལ་བའི་ཚོམ་བུ་ནམ་མཁའི་དཀྱིལ་དུ་མཐོང་བར་འགྱུར་རོ༔ ཚོམ་བུ་རང་གི་སྙིང་གར་ཟུག་པ་སྙམ་བྱེད་པའི་དུས་སུ༔ ལུས་མེད་ཀྱང་ཡོད་པར་འཛིན་པ་དང༔ དེའི་དུས་སུ་ནམ་མཁའི་ཚོམ་བུ་ལ་ལུས་གནས་པར་གྱིས་ལ༔ ལུས་ཡིད་ལ་མ་བྱེད་ཅིག༔ དེ་བཞིན་དུ་ཚོམ་བུ་གཉིས་པ་དང༔ གསུམ་པ་དང༔ བཞི་པ་དང༔ ལྔ་པ་དང༔ དྲུག་པ་གང་ནམ་མཁའ་ལ་ཤར་བའི་དུས་སུ་སེམས་ལ་ཞོག་ཅིག༔ དེ་བཞིན་དུ་ལུས་ཡིད་ལ་མ་བྱེད་ཅིག༔ ཚོམ་བུ་ཞག་གྲངས་སུ་གནས་ཏེ༔ བཅུ་ཚན་ལྔའི་ཞག་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་རོ༔ ཞེས་གསུངས་ནས༔ དཔལ་ཀུན་ཏུ་བཟང་པོའི་སྐུ་མི་སྣང་བར་འོད་དུ་གྱུར་ནས༔ རྡོ་རྗེ་སེམས་དཔས་གདུང་བའི་སྨྲེ་སྔགས་བཏོན་པས༔ ཕྱག་གཡས་པ་འོད་ཀྱི་ནང་ནས་ཤེལ་གྱི་ཟ་མ་ཏོག་གི་ནང་དུ་རང་བྱུང་གི་ཡི་གེ་འདི་རྡོ་རྗེ་སེམས་དཔའི་ཕྱག་ཏུ་བབས་སོ༔ སངས་རྒྱས་བསྟན་པའི་མི་ལ་རང་བྱུང་གི་ཡི་གེ་བསྟན་པས༔ བསྟན་པའི་བུ་གཅིག་ཏུ་གྱུར་ཏོ༔ དགའ་ལྡན་གྱི་གནས་ཀྱི་སངས་རྒྱས་ཀྱི་འདས་རྗེས་གཉིས་པའོ༔

༈ རྒྱ་གར་སྐད་དུ༔ སུ་ཁ་བཱ་ཏི་བུདྡྷ་དེ་ཀ་ར་ཏཱི་ནི་ཏནྟྲ་ན་མ༔ བོད་སྐད་དུ༔ དགའ་ལྡན་གནས་སུ་སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པའི་རྒྱུད་ཅེས་བྱ་བ༔ དཔལ་གྱི་དཔལ་རྣམ་(༨)པར་སྣང་མཛད་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དགའ་ལྡན་ལྷའི་གནས་ན༔ སངས་རྒྱས་ཀྱི་ཞིང་ཁམས་ལུས་པ་མེད་པའི་ཞིང་གི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མེ་ཏོག་དང་མཆོད་པའི་ཚོགས་དཔག་ཏུ་མེད་པས༔ བཅོམ་ལྡན་འདས་ལ་མཆོད་ཅིང༔ དྲང་སྲོང་ལྟ་བུའི་གཟིགས་སྟངས་ཀྱིས་བཞུགས་སོ༔ གཞན་ཡང་མཁའ་འགྲོ་མ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས༔ བཅོམ་ལྡན་འདས་ལ་མཆོད་ནས༔ དྲང་སྲོང་ལྟ་བུའི་གཟིགས་སྟངས་ཀྱིས་འཁོད་དོ༔ དེ་ནས་བཅོམ་ལྡན་འདས་དྲང་སྲོང་ལྟ་བུའི་གཟིགས་སྟངས་ཀྱིས༔ ཆོས་ཉིད་མངོན་སུམ་དུ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔

དེ་ནས་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ༔ ཀྱེ་ཀྱེ༔ སྟོན་པ་ཀུན་ཏུ་བཟང༔ ཆོས་ཉིད་རྡོ་རྗེ་ལུ་གུ་རྒྱུད་སྐྱོང་བའི་གནས་ཇི་ལྟ་བུ༔ ལུས་ངག་ཇི་ལྟ་བུ༔ སྨིན་པའི་ཚད་ཇི་ལྟར་ལགས༔ སྨིན་ཚད་འབྲས་བུ་ཇི་ལྟར་ཐོབ༔ བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ལེགས་སོ་རྡོ་རྗེ་སེམས་དཔའ་ཉོན༔ རབ་ནི་མཁའ་འགྲོ་འདུ་བའི་གནས༔ འབྲིང་ནི་རི་བོའི་སྤོ་མཐོན་དབུས༔ ཐ་མ་སྒྲོན་མ་ཤར་སྔའི་གནས༔ དེར་ནི་མངོན་སུམ་བསྐྱང་བར་བྱ༔ ལུས་ནི་མིས་མི་མཐོང་བར་བྱ༔ ངག་ནི་མི་སྨྲ་གཅད་པར་བྱ༔ ཡིད་ནི་རྣམ་རྟོག་འགྱུ་སྒོ་བཀག༔ ཀྱེ་ཀྱེ་ནམ་མཁའ་སྤྲིན་བྲལ་ལ༔ གཟིགས་སྟངས་གསུམ་པོ་གང་རུང་གིས༔ སྨིན་མཚམས་ཡ་ཕིབས་སོར་བཞི་ལ༔ འོད་དང་འོད་ཀྱི་འཕྲོ་འདུ་ལྷ༔ མུ་ཁྱུད་ཚོམ་བུ་གཅིག་པ་དང༔ མུ་ཁྱུད་ཚོམ་བུ་གཉིས་པ་དང༔ མུ་ཁྱུད་ཚོམ་བུ་གསུམ་པ་དང༔ མུ་ཁྱུད་ཚོམ་བུ་བཞི་པ་དང་། མུ་ཁྱུད་ཚོམ་བུ་ལྔ་པ་ནི༔ དང་པོ་སྨིན་པའི་ཚད་དུ་བྱ༔ ཀྱེ་ཀྱེ་སྨིན་ཚད་གཉིས་པ་ནི༔ མུ་ཁྱུད་དང་པོ་ལྔ་པ་ལ༔ ཞལ་ནི་གཙུག་ཏོར་ལྡན་པ་འཆར༔ མུ་ཁྱུད་ཐིག་ལེ་ལྔ་པ་ལ༔ གཙུག་ཏོར་ཞལ་ནི་ཕྱེད་པར་འཆར༔ ཀྱེ་ཀྱེ་སྨིན་ཚད་གསུམ་པ་ནི༔ མུ་ཁྱུད་ཐིག་ལེ་ལྔ་པ་ལ༔ བདེ་གཤེགས་སྤྲུལ་པའི་རིགས་ལྔ་ནི༔ ངུར་སྨྲིག་ཆོས་གོས་ཕྱག་རྒྱས་མཛེས༔ (༩)རང་ཉིད་རིགས་ལྔའི་ཞིང་ཁམས་སུ༔ གོང་དུ་ལོངས་སྐུ་ཐོབ་གྱུར་པ༔ དེ་ཡི་ཁ་དོག་རིགས་གཅིག་པས༔ སྤྲུལ་པའི་རིགས་ལྔའི་ཁ་དོག་གསལ༔ དེ་ནི་སྨིན་པའི་ཚད་ཡིན་ནོ༔ ཀྱེ་ཀྱེ་སྨིན་ཚད་འབྲས་བུ་ཐོབ་པ་ནི༔ སྐུ་ལུས་ཕུང་པོ་བསྙིལ་དུས་སུ༔ དེ་དུས་བར་དོ་དང་པོ་ལ༔ ནམ་མཁའ་དག་ལ་ཚོམ་བུ་ལྔ༔ བདེ་གཤེགས་སྤྲུལ་པ་ལྔ་རུ་གསལ༔ འདི་ཡི་འོད་དང་བདག་སྙིང་འབྲེལ༔ དེ་དུས་ཚོམ་བུ་བདེ་གཤེགས་ལ༔ མ་པང་བུ་ལྟར་རིག་པ་བཞག༔ ཞག་གསུམ་ཚོམ་བུ་ཉིད་ལ་གནས༔ འཇའ་ལུས་རིགས་ལྔ་བདག་གྱུར་ནས༔ བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ༔ སྐུ་དང་མཛད་པས་ཆོས་གསུང་ངོ་༔ ཞེས་གསུངས་ནས༔ སྐུ་འོད་ཕུང་དུ་གྱུར་ནས་མི་སྣང་བར་གྱུར་པའི་དུས་སུ༔ རྡོ་རྗེ་སེམས་དཔས་གདུང་བའི་སྨྲེ་སྔགས་བཏོན་པས༔ བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་འོད་ཀྱི་ནང་ནས་ཤེལ་གྱི་ཟ་མ་ཏོག་གི་ནང་དུ་རང་བྱུང་གི་ཡི་གེ་འདི་རྡོ་རྗེ་སེམས་དཔའི་ཕྱག་ཏུ་བབས་སོ༔ རང་བྱུང་གི་ཡི་གེ་འདི་བསྟན་པས་ཁ་དོག་ཏུ་བཻ་ཌཱུརྱ་ཞུན་མ་ལ་བྲིས་ཏེ༔ རིགས་ཀྱི་བུ་གང་གིས་བཏགས་པ་དེས་འཚང་རྒྱ་བར་འགྱུར་རོ༔ རིགས་ཀྱི་བུ་གང་གིས་ཐོས་པ་དེ་སངས་རྒྱས་ལ་ཉེ་བར་འགྱུར་རོ༔ རིགས་ཀྱི་བུ་གང་གིས་མཐོང་བ་དེ་དད་པར་འགྱུར་རོ༔ རིགས་ཀྱི་བུ༔ གང་དང་གང་གིས་བྲིས་པ་དང༔ བཀླགས་པ་དང༔ བཅངས་པས་གང་དང་ཕྲད་པར་གྱུར་པའི་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་གྲོལ་ནས་འཚང་རྒྱ་བར་འགྱུར་རོ༔ དགའ་ལྡན་གནས་ཀྱི་སངས་རྒྱས་ཀྱི་འདས་རྗེས་གསུམ་པའི་རྒྱུད༔ རྡོ་རྗེ་སེམས་དཔའི་ཕྱག་ཏུ་བབས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔

རང་གནས་ཆེན་པོ་རྒྱ་མཚོ་ཨར་ལ་གཏད་པ་ཞེས་བྱ་བ།

༄༅། །རང་གནས་ཆེན་པོ་རྒྱ་མཚོ་ཨར་ལ་གཏད་པ་ཞེས་བྱ་བ་བཞུགས་སོ། །མན་ངག་བརྒྱ་བཅུ་བཞི་པ།

༄༅། །རྒྱ་གར་སྐད་དུ། མཧཱ་གྷུ་པ་ས་ཀ་རི་པ་ཏི་ནཱ་མ། བོད་སྐད་དུ། རང་གནས་ཆེན་པོ་རྒྱ་མཚོ་ཨར་ལ་གཏད་པ་ཞེས་བྱ་བ། བཅོམ་ལྡན་སྒྲོན་མ་འདུས་པའི་དཔལ་ལ་ཕྱག་འཚལ་ལོ། །(༡༠)སངས་རྒྱས་རྣམས་ཀྱི་ངེས་པའི་དོན་སྤུངས་པའི། །མན་ངག་ངེས་པའི་རྒྱུད་སྡེ་གྲངས་མང་ལས། །ཕྱི་ནང་གསང་བ་ཡོངས་རྫོགས་བླ་ན་མེད། །ངེས་པའི་སྙིང་པོ་ཡང་དག་གསལ་བཀོད་པའི། །ལུས་འདྲ་མིག་འདྲ་སྙིང་འདྲའི་སྐོར་གསུམ་གནད་རྣམས་ཀྱི། །གེགས་དང་བསྟུན་པ་གསང་བའི་ཡི་གེ་འདི་ཉིད་རྣམ་པར་བཀོད། །གསང་བའི་གསང་མཆོག་བླ་ན་མེད་པ་ནི། །ལུས་དང་དབང་པོ་ཡན་ལག་རྫོགས་པའི་སྐྱེས་བུ་འདྲ། །དེ་ཉིད་གནད་དུ་བསྣུན་པ་མ་ཡིན་ཏེ། །སྟོང་གསུམ་ཀུན་གྱི་གནད་རྣམས་ངེས་བསྡུས་ནས། །སྐལ་ལྡན་ཡིད་ཆེས་འཇུག་སྟེ་གསང་བའི་གནད། །རྒྱ་མཚོ་ཉི་མ་ཅན་ལ་བརྟེན་པ་ནི། །ཆོས་ཉིད་རྒྱ་ཆེ་རང་སྣང་རང་གསལ་དུ། །ཉི་མའི་འོད་དང་འདྲ་བ་བསྟན་པའི་ཕྱིར། །ལུས་གནད་རྩ་ཡི་རྒྱ་ལ་མདུད་འདྲིལ་བ། །རིག་པའི་སྒྲོན་མ་སྣང་བ་འོད་པོ་ཆེ། །འདི་ལ་བརྟགས་ནས་ཉམས་སུ་བླང་བའི་ཐབས། །སྐྱེས་བུ་རྩོལ་བ་འབད་མེད་ཡེ་ཤེས་སྐྱེ། །བྱང་ཆུབ་ལམ་གྱི་སྒྲོན་མའི་སྣ་ཁྲིད་དེ། །སྐྱེས་བུའི་ལུས་གནད་དབང་པོའི་རང་གནད་དང་། །སྲིད་པ་ཆགས་བྱེད་སྐྱེད་བྱེད་དང་པོ་ལས། །ཆུ་ཡི་རང་བཞིན་འཁོར་འདས་མཚོན་པའི་ཕྱིར། །དཀར་ནག་ཕྱེད་མ་འབྲས་ཞིང་གསལ་བའི་མདངས། །ནང་ལུས་བསྐྱེད་པ་སྲིད་པའི་ཐོག་མར་བྱུང་། །འདྲ་བ་འདུས་པ་རླུང་གི་གནད་བཅས་པས། །འདི་ལ་རྟེན་འབྱུང་བཞི་ཡི་རྣམ་པ་ཅན། །དྲན་འདུས་ལ་སོགས་འཁོར་གསུམ་གྱིས་བསྐྱོད་ནས། །ལུས་དང་དབང་པོའི་ཡན་ལག་རྫོགས་ནས་ནི། །སྲིད་པ་ལས་བསྐྱེད་དང་པོའི་ལས་འབྲས་བརྟགས། །ཕྲ་ཞིང་གདངས་མ་ལྕགས་ཀྱི་རྣམ་པ་ཅན། །འཕྲ་འགྱུར་ཟླུམ་པོ་གཡུ་དྲུང་དཀར་ནག་སྤྱོད། །བཞི་འདུས་ལྔ་ཡི་ངོ་བོར་འབྲེལ་བ་ནི། །ཏིལ་འབྲུར་རི་བོ་ནང་དུ་འཛུད་པར་སྣང་། །དྲན་བྱེད་དགུས་ནི་སྣང་བ་ལྟ་བུ་ལ། །ཁ་དོག་གསར་རྫོགས་རོ་རྣམས་འདུས་པའི་རྟགས། །དབུ་མའི་ཆ་ལ་སྐུ་ཡི་རྣམ་པ་ཅན། །འདི་དང་འབྲེལ་ནས་རྩེ་མོ་རྣམ་པར་བཀོད། །བདེ་བའི་གནས་ཏེ་ཐིག་ལེའི་རྣམ་པ་ནི། །འཁོར་འདས་དབྱེ་བས་ཉིས་འགྱུར་རྣམ་པ་ཅན། །ཀུན་རྫོབ་གཟུགས་ཅན་དོན་དམ་ཐིག་ལེ་ནི། །སྒྲོན་མའི་སྣང་བ་སྟོང་པ་ཉིད་འདུས་ལ། །དོན་དམ་གཉིས་མེད་དོན་རྣམས་འབྱུང་བའི་ཕྱིར། །དབང་པོ་ཡུལ་ལ་འཆར་བར་བྱེད་པ་ཡི། །རྩེ་མོ་ཉིད་དེ་མེ་མར་མདངས་དང་མཚུངས། །ཨ་འབྲས་དྭངས་མ་དཀར་ནག་ཕྱེད་པ་ལ། །ཁ་དོག་རྣམས་ཀྱི་ས་བོན་དེས་མཚོན་ཕྱིར། །དམར་དང་མཐིང་ག་དཀར་དང་ལྗང་གུའི་སྤྲིས། །མ་འདྲེས་སོ་སོར་གསལ་ཞིང་ཡུལ་རྣམས་བསྡུས། །ཆུ་ཡི་རྣམ་པ་ཅན་དེ་ཐམས་ཅད་རྒྱངས་ནས་འཆིང་། །གཉིས་ཀྱི་རང་བཞིན་དོན་དམ་ཀུན་རྫོབ་ཉིད། །རྣམ་པའི་གཟུགས་སུ་སྨིན་ཏེ་རྒྱལ་མཚན་ལྟ་བུའི་དབྱིབས། །སྲིད་པའི་གཞི་མ་ལས་འབྲེལ་འཁོར་ལོ་བཞི་དང་ལྡན། །ཡུལ་འཛིན་རང་སྣང་སྟོང་པའི་རྗེས་རྣམས་དཔྱོད། །ཆ་ཡི་རྣམ་པར་དབྱེ་བའི་རང་བཞིན་འགྱུར་དག་ལས། །སྐྱེད་བརྟན་སྡུད་ཁྱབ་འཛིན་དང་འཆད་པ་དང་། །སྐྱོང་བྱེད་ཡང་ཞིང་སྟོང་པའི་ཆོས་ཅན་ཉིད། །དེ་ཡི་ཕྱིར་ན་ལྔ་ཡི་མཚན་ཉིད་ཅན་དེ་དེ་ལས་ནི། །སྣ་ཚོགས་སྣང་སྟེ་ཀུན་རྫོབ་གཟུགས་སུ་ཤར། །འོད་དང་ཐིག་ལེ་ཁ་དོག་སོ་སོར་མ་འདྲེས་སར་རྫོགས་པས། །དོན་དམ་ཉིད་ལས་བརྗོད་བྱའི་གཞིར་གྱུར་པའི། །ཀུན་གྱི་ཡིད་དཔྱོད་འཇུག་པའི་གནས་དེ་ངོ་བོ་སུས་མཐོང་མེད། །སྐྱེད་བྱེད་ལ་སོགས་བཞི་ཡི་རིམ་པ་ཉིད་ལས་ནི། །སྣང་བྱེད་བཞི་སྟེ་འཁོར་དང་མྱ་ངན་འདས་པ་སྡུད། །དེ་ཡི་ཕྱིར་ན་ཆུ་སྟེ་རྒྱ་མཚོའི་རང་གཟུགས་ལས། །རྣམ་བཞི་འབྱུང་བཞི་འཆར་བར་བྱེད་པའི་ཉི་མ་ཅན། །འགྲོ་རྣམས་མ་རིག་ལ་སོགས་མུན་པ་སེལ་ཕྱིར་རོ། །འདི་ལ་མ་བརྟེན་ལྟ་སྤྱོད་སྒོམ་འབྲས་མེད། །དེ་ཡི་ཕྱིར་ན་ཀུན་གྱི་འབྱུང་ཁུངས་ཡིན་པས་དྲི་མ་དག །སྒྲིབ་བྱེད་མེད་པའི་རྣམ་པ་སྒོ་གཉིས་དག་པ་ནི། །རླུང་གཉིས་མེ་ཡི་རྣམ་པའི་འགྱུ་བྱེད་ཆ་ཡིས་རབ་དབྱེ་བས། །འགྱུ་བྱེད་ཆ་ལས་ཕྱེད་བཙུམ་རྣམ་པར་སྣང་བ་ནི། །རླུང་སྟེ་ལས་དང་ཡེ་ཤེས་གཉིས་སུ་གྱུར་པ་ཡང་། །སྒོ་གཉིས་སྐྱེད་པར་བྱེད་པའི་སྲིད་ཤེས་ནས། །རགས་དང་ཕྲ་རྣམས་འཛིན་པར་བྱེད་པའི་ལས་གཉིས་(༡༢)འགྲུབ། །འཆད་པ་ལ་སོགས་འཕེལ་རྣམས་འགྲུབ་པར་བྱེད་པའི་གནད། །འདི་ལ་བརྟེན་ནས་ཡུལ་རྣམས་སོ་སོའི་བྱེ་བྲག་ལ་འཇུག་ཕྱིར། །ཀུན་གྱི་གནད་ཡིན་དྲི་མ་གང་མི་ཤོངས་པས་ན། །འདི་ལ་བརྟེན་ནས་ཡང་དག་ཡེ་ཤེས་མངོན་པར་འགྲུབ། །སངས་རྒྱས་ཉིད་ཀྱང་མངོན་སུམ་ཡུལ་དུ་སྣང་། །དེ་ཡི་ཕྱིར་ན་གསང་བའི་གནད་འདི་མན་ངག་ཀུན་གྱི་གཞི། །ལུས་ཀྱི་བཅུད་ཕུར་རྩ་གནད་འཁོར་ལོའི་བཅུད། །དེ་དང་འབྲེལ་བྱེད་སྤྱན་གཉིས་འགག་བྱེད་རང་གསལ་བ། །རྩ་ཡི་བཅུད་ཕུར་སྟེམས་དང་དཀྲུགས་དང་བཙིར་བའི་གནད་ཉིད་ནི། །ཡོ་གིའི་མངོན་སུམ་ཡུལ་དུ་རང་རིག་གཏན་ལ་དབབ་པའི་ཕྱིར། །འདི་ཉིད་ཀྱང་ནི་མཁས་པས་ཡང་ནས་ཡང་དུ་འམ། །བཅུད་དེ་གནད་ལ་བོར་བ་ཡང་གསང་ངེས་པའི་བཅུད་ཡིན་ནོ། །སྣང་བའི་བཅད་པ་རྣམ་པ་གཉིས་ལས་འདི་ནི་ཡང་། །རྗེས་མི་བཅད་ཕྱིར་རང་སོར་བཞག་ཅིང་རྒྱ་མཚོ་མ་བསྐྱོད་པ། །དེ་ཡི་དབང་གིས་ལུས་ངག་གཡོ་ཕྱིར་མེད་ཕྱིར་ཡང་། །བཞག་པའི་ས་དང་རང་བཟོ་མཁས་པས་ཤེས་པར་བྱ་སྟེ་འདི་ཉིད་རང་། །ངེས་པའི་དོན་མ་རྟོགས་པར་བྱེད་ན་འཛིན་རྗེས་བཅད་པའི་གནད། །ནན་ཏན་མཆོག་ཏུ་འདི་ལྟར་ངེས་བསྒྲུབ་གཡོ་ཞིང་བསྐྱོད་པ་ཡང་། །དལ་རྟེན་འགྲོགས་ཀྱང་ལོངས་སྤྱོད་མི་བསྟེན་པར། །རབ་ཏུ་དབེན་པའི་ས་ཕྱོགས་ཡིད་འོང་ཕུན་སུམ་ཚོགས། །མི་ཡིས་རྒྱུ་བར་དཀའ་བའི་གཅན་གཟན་གདུག་པའི་གནས་སུ་ནི། །བྱ་བྱེད་འབྲེལ་བ་རང་སར་བཅད་ནས་རྒྱ་མཚོ་རྟག་ཏུ་སྟེམས། །འདི་ཡི་རྣལ་འབྱོར་ཀུན་གྱིས་གསང་ཆེན་དོན་རབ་འགྲུབ། །རྒྱ་མཚོ་ཨར་གཏད་ལས་བཅུད་ཕུར་གསུམ་གྱིས་མིག་གི་མཚན་ཉིད་གཏན་ལ་ཕབ་པའོ། །བྲམ་ཟེའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་མ་ལའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་ཞུས་སོ། །།། །།

རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་སྣང་བ་འདུས་པའི་གལ་མདོ།

༄༅། །རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་སྣང་བ་འདུས་པའི་གལ་མདོ་བཞུགས་སོ། །མན་ངག་བརྒྱ་བཅུ་བཞི་པའི་ནང་ཚན།

༄༅། །བཅོམ་ལྡན་འདས་སྣང་བ་རང་དག་རྫོགས་པ་ལ་ཕྱག་འཚལ་ལོ། །རང་རིག་(༡༣)ཡེ་ཤེས་དཔེ་མཚོན་ཟླ་བྲལ་ཡང་། །རྟོགས་དཀའི་སྙིང་པོ་བསྡུས་པའི་རང་གནད་ནི། །དཔེ་དོན་རྟགས་ལ་བརྟེན་ནས་རྟོགས་བྱའི་ཕྱིར། །སྒྲོན་མ་རང་སྣང་འདི་ལ་ཡིད་ཆེས་པའི། །དོན་དུ་གསང་བའི་ཡི་གེ་འདི་ནི་རབ་བཀོད་དེ། །སྙིང་པོའི་དོན་ལ་ཉམས་སུ་ལེན་དོན་དུ། །སྒྲོན་མ་བཞི་ལ་ཁྱད་པར་ངེས་པ་འདི། །ཐིག་ལེ་སྟོང་པའི་སྒྲོན་མ་རང་གནད་ཀྱིས། །ཡང་དག་ངེས་པའི་ས་ལ་ད་ལྟར་ཉིད། །མངོན་སུམ་ལམ་དང་བཅས་ནས་ཡིད་ཆེས་པའི། །ད་ལྟ་ཉིད་དུ་དབང་པོའི་སྒོ་ནས་ཀྱང་། །རབ་ཏུ་རྟོགས་དཀའི་སྙིང་པོའི་དོན་འདི་ཉིད། །རང་སའི་ཐབས་ཀྱིས་ཡེ་ཤེས་སྒོ་ཕྱེ་སྟེ། །ཕྲ་རགས་སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལ། །དམར་གསལ་སྐྱོན་དང་བྲལ་བའི་སྒྲོན་མ་ཉིད། །རྣམ་རྟོག་འགྱུ་བ་དྭངས་པའི་རླུང་གིས་དྲངས། །སྒྲིབ་བྲལ་རང་རྐྱེན་མེད་པའི་སྒོ་ཡིས་ནི། །ཆགས་བྲལ་རང་སར་དག་པའི་ཡེ་ཤེས་དེ། །མ་ཡེངས་རྟོག་པ་ཟད་པའི་བློ་དང་ནི། །འཁྲུལ་བྲལ་བྱ་བྱེད་མེད་པའི་འཁྲུལ་ཚུགས་ཀྱིས། །ཆགས་ཅན་དམར་གསལ་བདེ་བའི་ངོ་བོ་དེའི། །ཆད་མེད་རང་དག་ཆེན་པོ་གསུམ་གྱིས་ནི། །སྤྱོད་བྲལ་ལྟ་བ་མ་ཡེངས་གདེང་བྲལ་གྱིས། །གོམས་ཏེ་སྐྱེས་བུའི་རྩོལ་བའི་གནད་ཉིད་དང་། །སྟོང་ལམ་འཁྲང་ཞིང་འཁྲིལ་བའི་དུས་ཤེས་པ། །དེ་ཡི་གནད་དང་ཐབས་ཀྱི་རང་སྣང་དང་། །བཅོས་པ་མེད་པའི་མཁའ་ལ་གདོན་པའི་ཕྱིར། །གནས་དང་ལས་དང་བྱེད་པའི་རྒྱུ་དག་ལས། །མཐོང་ལམ་མེད་པར་དངོས་ཟད་འདྲ་བའི་གནས། །སུས་མི་ཤེས་པ་སྐལ་ལྡན་ལ་བསྟན་ཕྱིར། །སྔོན་ཆད་མ་བསྟན་གང་ཡང་ཡོད་མ་ཡིན། །འདི་ནི་སླ་དཀའ་ཀུན་གྱིས་སྤྱོད་མིན་པའི། །རྒྱུ་དང་རྐྱེན་དང་རང་ངོ་དབང་པོའི་གནད། །གཅིག་དང་གཉིས་དང་ལྔ་དང་གསུམ་ལས་ཀྱང་། །རང་དེངས་འགྱུར་བའི་ས་མེད་འཕྲང་དུ་བསྒུགས། །གཏད་ས་འབྱིན་པར་བྱེད་པའི་རང་ས་ནི། །སྤྲོས་བྲལ་བློ་ཡི་སྐྱོན་རྣམས་དག་པར་བྱ། །འཇུག་དཀའ་ཕྱིན་པ་མེད་པའི་གནས་དེར་ནི། །ཅོག་བཞག་སྣང་དང་བྲལ་བའི་རང་རིག་ཉིད། །བསྒྲུབ་མེད་རྩལ་སྤྲུག་སྨོན་པ་མེད་པ་ཡི། །བྱ་བ་མེད་ཕྱིར་ཡུལ་ཅན་སོ་སོ་ལ། །ལྟ་བ་རང་སར་འཇོག་པའི་གདིང་ཆེན་ནི། །དྲང་བའི་ཐབས་(༡༤)ལ་བརྟེན་ནས་མངོན་སུམ་དུ། །སྐལ་ལྡན་རྣམས་ཀྱིས་རྟོགས་ཤིང་མཐོང་བྱའི་ཕྱིར། །དབང་རྫོགས་སྔགས་ཀྱི་ཐུག་ས་ཡིན་པའི་གནད། །དམར་པོའི་ཐིག་ལེ་དཀྱིལ་འཁོར་རྫོགས་པའི་གནད། །མུ་ཁྱུད་དང་བཅས་ར་བས་མཛེས་བསྐོར་བས། །ཀུན་གྱི་ལམ་སྟེ་ལུས་ཀྱང་མཐོང་མེད་པའི། །གསང་སྔགས་གསང་བའི་ཡང་མཛོད་སྒོ་ཕྱེའི་ཕྱིར། །རྒྱ་མཚོ་ཉི་མ་རྟོད་ལ་མནན་པ་ནི། །ཆོས་ལས་མ་བྱུང་སེམས་ལས་སངས་རྒྱས་མེད། །ཀུན་གཞི་ལའང་རྟེན་ཅིང་མཚོན་པ་མིན། །ཤེས་རབ་ཀྱིས་ནི་བརྟགས་ཀྱང་འདི་མི་རྙེད། །རང་ལ་སྣང་ཞིང་གཞན་ལ་འཇུག་པར་བྱེད། །དེ་ལྟ་བུ་ཡི་རིག་པའི་སྒྲོན་མ་ནི། །དབྱེ་བ་ལྔ་ཡིས་རབ་ཏུ་ཕྱེ་བའི་ས། །རྟགས་དང་དུས་ཚོད་ཉིད་དང་མཚོན་ཚིག་བཅས། །ངེས་པར་སྙིང་པོའི་དོན་རྣམས་བཅུད་དུ་དྲིལ་བ་ཡི། །ཐིག་ལེ་ཟླུམ་པོ་སྟོང་པ་ཉིད་ཀྱི་བདག །ཡུལ་ལ་སྣང་སྟོང་ངོས་བཟུང་ཀུན་དང་བྲལ། །བྱང་ཆུབ་ལམ་རྣམས་འཛིན་ཅིང་བརྟེན་པའི་ཕྱིར། །ཁྱབ་བརྡལ་འུབ་ཆུབ་ཀུན་གྱི་ཡངས་པ་ཆེ། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་སྙིང་པོའི་དོན། །ཨ་ཏི་རང་རྫོགས་གཡོ་ཞིང་སྣང་བའི་གནད། །འདི་ལྟར་རང་རིག་སྒྲོན་མེའི་འོད་པོ་ཆེ། །ཀུན་བྲལ་རྟགས་གཅིག་ཀུན་གྱི་རྟགས་སུ་སྟོན། །ཡང་དག་རང་རྫོགས་བཅས་པའི་ཚིག་མེད་པ། །མེད་པ་ཉིད་ལས་བརྗོད་བྱའི་གཞི་མ་ཆེ། །དེ་ལྟར་ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཀུན་གྱི་གཞི་ཡིན་དེ་བཞིན་ལམ་ཡང་ཡིན། །འབྲས་བུ་ཉིད་དེ་ཀུན་གྱི་རྟགས་ཀྱང་ངོ་། །སྤྱོད་པ་ཉིད་དང་སྒོམ་དང་ལྟ་བ་ཡང་། །འདི་ནི་ལྷ་ཡིན་དཀྱིལ་འཁོར་ཀུན་གྱི་རྩ། །སྔགས་ཡིན་བསྐྱེད་པའི་རིམ་པ་འདི་རང་དངོས། །སངས་རྒྱས་དེ་ཡིན་དམྱལ་བ་དེ་རང་དངོས། །དེ་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །འདི་ནི་སྲོག་ཡིན་གཅོད་དོ་རྣམ་སྨིན་ནོ། །འདི་ནི་ཐབས་ཡིན་ཤེས་རབ་དག་ཀྱང་ཡིན། །སྟོང་པ་ཀུན་ཁྱབ་ཡེ་ཤེས་སྒྲོན་མ་འདི། །འཁོར་དང་མྱང་འདས་ཐམས་ཅད་ཡིན་པ་ལ། །འདི་ལ་གཅིག་དང་གཉིས་སོགས་དུ་མའི་སྒྲ་ཚིག་བྲལ། །ཅི་ཡང་མ་ཡིན་ངོ་བོ་གང་ཡང་མེད། །ཆོས་མེད་སེམས་མེད་འཁྲུལ་དང་མ་འཁྲུལ་མེད། །ཐ་སྙད་བརྗོད་པའི་གཞི་ལས་འདས་པའོ། །དེ་(༡༥)ལྟར་རང་རིག་སྒྲོན་མའི་ཆ་དང་བཟུང་། །སོ་སོའི་རྒྱུ་དང་འབྲས་བུའོ། །དེ་ལྟ་བུ་ཡི་བྱང་ཆུབ་ལམ་བསྒྲོད་དེ། །སྟེམས་ཤིང་རྒྱ་མཚོ་ཨར་ལ་གཏད་པ་ནི། །སྐྱེས་བུ་དད་པ་རབ་དང་ལྡན་པའི་སྐལ་བ་ཅན། །རང་བཞིན་རྫོགས་ཆེན་དོན་ལ་མོས་པ་དེས། །རང་གི་བླ་མ་མཉེས་པའི་རྫས་ཀྱིས་མཆོད། །དབེན་ཞིང་ཉམས་དགའ་རི་ཁྲོད་ནགས་ཁྲོད་དུ། །རབ་ཏུ་དབེན་པའི་ཕྱོགས་སུ་སོང་ནས་ནི། །དྲི་མ་གསུམ་པོ་དག་པར་བསལ་བྱས་ལ། །བཅིངས་པ་བརྒྱད་དང་བྲལ་བའི་སྒོ་ཕྱེ་སྟེ། །སྣང་བའི་སྒྲིབ་བྱེད་གཉིས་པོ་ཕར་བསལ་ལ། །འཇིག་རྟེན་ཞེན་པའི་བློ་རྣམས་དོར་ལ་ཡང་། །རབ་བདེ་བརྟེན་ཞིང་སྣང་བའི་ལུས་ཉིད་ནི། །ཆ་ལ་ཕབ་སྟེ་དྲང་པོ་མདའ་སྨྱུག་ལྟར། །དོན་དམ་གསང་བའི་ལས་འདི་བརྩམ་པར་བྱའོ། །དམར་པོའི་དཀྱིལ་འཁོར་རྫོགས་པའི་རང་བཞིན་དེ། །རྒྱ་མཚོ་མཐར་ཏེ་འགྲམ་གཉིས་ཨར་ལ་གཏད། །སྐྱེས་བུ་རང་གི་རྩོལ་བཅས་ལེགས་པ་ཡང་། །ཉིན་དང་མཚན་མེད་ཐུན་དུ་བཅད་པ་ཡང་། །རབ་ཏུ་འདོད་ཅིང་ཤེས་པ་ཨར་ལ་གཏད། །ལན་གཅིག་གཉིས་དང་གསུམ་གྱི་བར་དུ་ཡང་། །གཉིས་མེད་བདེ་བའི་རང་གནད་མ་རྙེད་པར། །རང་ལག་རྩོལ་བ་ཉིད་དང་མི་འབྲལ་ལོ། །གལ་ཏེ་ཐུགས་ཀྱི་བར་དང་རྒྱ་མཚོ་མ་རྙེད་ན། །གོང་སྟེམས་སྣང་བ་ཉིད་ལ་གཏད་དེ་བསྒོམ། །འདི་ལྟར་བྱས་པས་སྙིང་པོའི་དོན་ལ་རེག །རང་བཞིན་བརྟགས་དཀའ་འཁྲུལ་སྣང་འདི། །དག་པ་ཡེ་ཤེས་ཉིད་དུ་མ་གྱུར་པར། །བྱ་བ་སྤངས་ཏེ་འདི་ལ་ནན་ཏན་བྱ། །འཁྲུལ་པའི་བྱ་བྱེད་ཕྱོགས་དང་མ་བྲལ་ན། །ཡང་དག་རྫོགས་པའི་ས་བོན་འདི་ཡིས་བསྲུལ། །དེ་ཕྱིར་འཇིག་རྟེན་ལོངས་སྤྱོད་ཞེན་ལས་གྲོལ་བྱས་ཏེ། །བླ་མའི་ལུང་བཞིན་སྙིང་པོའི་ཡང་བཅུད་འདི། །སུ་དང་ཕྲད་པ་མེད་པར་ཉམས་སུ་བླངས། །དེ་ལྟར་རབ་ཏུ་དད་གུས་བརྩོན་འགྲུས་ཀྱིས། །ཡང་དག་བདེ་བ་ཉིད་ལ་ལྟ་བྱས་ན། །རང་བཞིན་བྱས་པ་མེད་པའི་སྣང་བ་འདི། །རྨ་བྱའི་མདོངས་ཀྱི་རྣམ་པ་ལྟ་བུར་སྣང་། །འདི་ཉིད་ཉམས་དང་རྣལ་འབྱོར་མ་བྲལ་ན། །འདི་ལྟར་སྣང་བའི་རྣམ་པ་རང་བཞིན་དག་པར་འགྱུར། །འདི་དུས་ཞེན་བྲལ་ལྟ་ལས་མ་འདས་(༡༧)ན། །སྤྲིན་པའི་མཐོངས་ནས་མཐོང་བའི་ཉི་མ་བཞིན། །རྒྱ་མཚོ་ལས་ནི་ཉི་མ་རབ་ཐོན་ཏེ། །རྣལ་འབྱོར་རྣམས་ཀྱི་ལམ་སྟེ་ནམ་མཁའ་ལ། །བྱ་རྣམས་དབང་བསྒྱུར་ཐོགས་པ་མེད་པ་བཞིན། །སྐལ་ལྡན་གྱིས་ཀྱང་ནམ་མཁའི་ལམ་ཉིད་ལ། །རབ་ཏུ་གནས་པའི་ཆོ་འཕྲུལ་ཅི་ཡང་སྟོན། །ཡིད་བཞིན་ནོར་བུ་ངེས་པར་འཆང་བའི་རིགས། །རྒྱ་མཚོ་ཉིད་ལ་མ་བརྟེན་སྣང་བ་སྣ་ཚོགས་འགྲུབ། །རང་གསལ་རིག་པ་བྲལ་བའི་རིག་པ་དེ། །རི་སོགས་རྣམས་ཀྱིས་མ་བསྒྲིབས་ཟང་ཐལ་བར། །མཚན་མོའི་དབང་དུ་མ་གྱུར་དུས་ནི་ཐམས་ཅད་དུ། །ངེས་པར་སྣང་བ་ཡིན་ནོ་སྐལ་དང་ལྡན། །འདི་ལྟར་གདེང་དུ་ཚུད་པ་རབ་ཏུ་གཅེས། །གདེང་མེད་རྣལ་འབྱོར་ཉམ་ཆུང་དྲོད་ཡལ་བས། །སྙིང་པོ་འདི་ནི་མཐོང་བ་མ་ཡིན་ནོ། །དེ་བས་འཁྲུལ་པའི་བྱ་བ་དོན་མེད་ཀུན་སྤངས་ནས། །ནགས་ཀྱི་རི་དྭགས་བཞིན་དུ་གྲོགས་སྤངས་ལ། །རྟག་ཏུ་རང་སྣང་བཅུད་ཀྱི་སྙིང་པོ་སྟེམས། །དྲང་ཐབས་གསུམ་གྱི་མན་ངག་གིས། །སྒྲོན་མ་རང་གི་ངོ་བོ་བསྟན་པའོ། །རྒྱ་མཚོ་ཨར་ལ་གཏད་པའི་མན་ངག །སྣང་བ་འདུས་པའི་གལ་མདོ། བྲམ་ཟེའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། སྐོར་གཉིས་ཀྱི་མན་ངག་ཐུགས་ཀྱི་གཏེམས་པའོ། །རྒྱ་གར་གྱི་མཁས་པ་བྱེ་མ་ལའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་སོ། །། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

བདུད་རྩི་སྙིང་གི་ཐིགས་པ་ཞེས་བྱ་བ།

༄༅། །བདུད་རྩི་སྙིང་གི་ཐིགས་པ་ཞེས་བྱ་བ་བཞུགས་པ་ལགས་སོ། །མན་ངག་བརྒྱ་བཅུ་བཞིའི་ནང་ཚན།

༄༅། །དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འགྲོ་རྣམས་སྙིང་ལ་དུག་གསུམ་ནད་ཞུགས་པས། །དེ་ཉིད་སེལ་བའི་བདུད་རྩིའི་ཐིགས་པ་འདིས། །གང་གིས་དུག་གསུམ་ནད་རྣམས་མ་ལུས་དག་བྱེད་པའི། །འདི་ནི་སྐལ་དང་ལྡན་པའི་སྐྱེས་བུ་སྙིང་སྟོབས་ཅན། །དད་པ་རབ་དང་ལྡན་པའི་སྤྱོད་ཡུལ་བ། །ཀུན་དང་ཕལ་གྱིས་འདི་ཉིད་རྙེད་པ་མིན། །རབ་གསང་བ་ཡིས་དངོས་གྲུབ་འདི་འགྲུབ་པས། །གཞན་ལ་རབ་ཏུ་བསྟན་པའི་དངོས་གྲུབ་མིན། །སྙིང་པོ་ངེས་པའི་བཅུད་རྣམས་བདུད་རྩིར་(༡༧)དྲིལ། །གསང་བ་གསང་མཆོག་བླ་ན་མེད་པ་ཡི། །ཕྱི་ནང་གསང་བ་གསུམ་གྱི་བཅུད་ཀྱིས་འདི། །གཉིས་མེད་རང་རིག་ངེས་པར་ཚོད་ལ་འབེབས་པ་ཡི། །རང་བཞིན་དག་པའི་ཡི་གེ་འདི་ལོངས་ཤིག །ཆོས་རྣམས་ཀུན་གྱི་རྟགས་བསྟན་པའོ། །

རྟགས་ཀྱི་སྒྲོན་མ་རང་སྣང་འོད་པོ་ཆེ། །ཀུན་ལ་མེད་དེ་རང་གསང་ཐབས་ཀྱིས་ཆོད། །འདི་ཉིད་ལ་འཇུག་སྐྱེས་བུ་སྐལ་བ་ཅན། །ཚད་ལྡན་རྟགས་ཀྱི་ཡེ་ཤེས་འདི་ཉིད་ལ། །རབ་ཏུ་གཏེམས་ཤིང་ཉམས་སུ་བླངས་པ་ཡིས། །དཔེ་མེད་ཟླ་དང་བྲལ་བའི་སྣང་བ་འཆར། །དུ་མ་བརྟེན་པ་མེད་པའི་ནམ་མཁའ་ལ། །བྱ་བྱེད་བཏང་བཞག་མེད་པའི་སྒྲོན་མ་ཉིད། །སུས་ཀྱང་བྱས་ཤིང་བཅས་བཅོས་མི་རྙེད་པས། །སྒྲིབ་བྲལ་ལྟ་བྱེད་མ་འགགས་རྒྱ་མཚོའི་ནང་། །ཆགས་བྲལ་དམར་གསལ་དབང་རྣམས་རྫོགས་པའི་རྟགས། །འཆར་བྱེད་མ་འགགས་ཁ་དོག་ཡོངས་རྫོགས་པའི། །རིགས་ཉིད་ཡིན་ཏེ་སྐུ་རྣམས་རང་བཞུགས་ཏེ། །ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ་ཕྱིར་ཟླུམ། །ཕྱི་ནང་དཀྱིལ་འཁོར་རྫོགས་པའི་མུ་ཁྱུད་ཅན། །རྒྱན་རྣམས་ཡོངས་རྫོགས་བཀོད་པ་ཆེན་པོ་ཡི། །རང་སྣང་གསལ་དང་བཅས་པའི་རིག་པ་ཉིད། །ཐིག་ལེ་སྟོང་པའི་འོད་ཀྱིས་ཡིད་ཆེས་ཕྱིར། །འདི་ཉིད་སྐྱེས་བུས་གཏེམས་ཏེ་ཉམས་སུ་བླངས། །སྣང་བ་རང་གསལ་འོད་ཀྱི་འཕེལ་དང་བཅས། །རྒྱ་ཆེ་ཞིང་ཁམས་རྣམ་པར་དག་པ་ཉིད། །མ་ནོར་དབང་པོའི་ཡུལ་དུ་གཏན་དབབ་ཕྱིར། །གསང་བ་ངེས་པའི་སྐལ་ལྡན་གྱིས། །རབ་ཏུ་བརྩོན་འགྲུས་ལྡན་ཞིང་སྐྱོ་ངལ་མེད་པ་ཡིས། །འདི་དོན་བསྒྲུབས་པས་འབྲས་བུ་མངོན་དུ་འབྱིན། །རབ་ཏུ་གསང་བའི་ཐབས་ནི་སུས་ཤེས་པ། །སངས་རྒྱས་རྣམས་ཀྱི་དགོངས་པ་འདི་ལ་ཡོད། །རིགས་དྲུག་འཁོར་བའི་མངལ་གྱི་གྲོང་ཁྱེར་ཉིད། །རྒྱུན་ཆད་པའང་ངེས་པའི་ས་ཐོབ་སྟེ། །ཐུགས་རྗེས་འགྲོ་བ་གཞན་རྣམས་འདྲེན་པ་ཡི། །ལྗགས་ཀྱི་དབང་པོ་ཉིད་ལས་རང་བྱུང་གི། །ཡི་གེ་དྲུག་ནི་རབ་སྤྲོས་ནས། །འགྲོ་བ་དྲུག་གི་ཁ་ལོ་གྱེན་ལ་བསྒྱུར། །རང་སྣང་ཤུགས་ལས་བྱུང་བ་དེ་དག་གོ། །དེ་ལྟར་རང་བྱུང་ཡེ་ཤེས་སྒྲོན་མ་འོད་འབར་དེ། །རང་སྣང་ལྷ་དང་(༡༨)བཅས་པས་ཉམས་བླང་ཕྱིར། །སྣང་བ་རང་འཕེལ་ཡེ་ཤེས་འབྱོངས་པ་ཡི། །ཐབས་འདི་རབ་ཏུ་གསང་སྟེ་སྤྱད་པར་བྱ། །མངོན་སུམ་རང་གིས་བླ་མ་མཉེས་པ་ཡི། །ལུས་ངག་ཡིད་ཀྱིས་ཇི་ལྟར་འཐད་རྣམས་ཀྱིས། །བླ་མ་རྡོ་རྗེ་འཛིན་པ་མཉེས་པར་བྱ། །དེ་ནས་ལུས་ངག་བར་ཆོད་ཞེན་པ་བཟློག་བྱའི་ཕྱིར། །རྡོ་རྗེ་མ་རྣམས་མཉེས་པའི་རྫས་ཀྱིས་མཆོད། །གལ་ཏེ་ལོངས་སྤྱོད་ལྷགས་པར་འདོད་ན་ནི། །རྣལ་འབྱོར་པ་དང་རྣལ་འབྱོར་མ། །རང་དང་ལྟ་སྤྱོད་མཐུན་པའི་སྤུན་དང་སྲིང་། །མང་པོའི་ཚོགས་ལ་ཚོགས་མཆོད་བྱ། །གལ་ཏེ་སྤུན་དང་སྲིང་མེད་ན། །གཞན་གྱི་བཟང་པོ་རྟགས་ལྡན་པའི། །ཕ་དང་མ་ནི་མཉམ་པའི་ཚོགས། །འདུས་པ་རྣམས་ལ་སྟོན་མོ་བྱ། །འདི་ལྟར་སུ་ཡིས་བྱས་པ་ལ། །རྫས་སོགས་ལོངས་སྤྱོད་ཅི་དགར་རོལ། །དེ་ནས་རང་གི་ཡུལ་རྐྱེན་གྱིས། །གནོད་དང་བྲལ་བའི་དགོན་པར་ནི། །རང་གི་བླ་མ་ལས་བྱུང་བའི། །ཐབས་ནི་ངེས་པར་གཏེམས་པའི་གནད། །འདི་ལྟར་སུ་ཡིས་བརྩམ་པར་བྱ། །ལུས་ཀྱི་གནད་དུ་འདུག་པ་དང་། །འགྲོ་དང་སྤྱད་པར་མི་བྱའོ། །ངག་ནི་རང་གཞན་བརྗོད་པ་སྤོང་། །གལ་ཏེ་ལུས་ཀྱི་འབྱུང་བ་ཉིད། །འཁྲུགས་པར་གྱུར་ན་རྩ་གནས་ཀྱི། །ཇི་ལྟར་ཕན་པའི་ཡི་གེ་ཉིད། །ཞག་དང་ཞེན་པའི་བྱེ་བྲག་གིས། །རླུང་དང་སྦྱར་ལ་བརྗོད་པར་བྱ། །སྐབས་སུ་གསང་མཆོག་ལས་བྱུང་བའི། །རྟེན་འབྲེལ་གྱི་ཡང་འཁོར་ལོ་བསྐོར། །ཡིད་ནི་འཕྲོ་འདུའི་སྦྱོར་བ་ཡང་། །སྒྲོན་མ་ཉིད་དང་བསྲེས་ལ་ཡང་། །རྣམ་པར་དག་པའི་ནམ་མཁའ་ལ། །ཕྲ་དང་རགས་པའི་སྒྲིབ་པ་གཉིས། །རྣམ་པར་སྤངས་པའི་ཕྱོགས་སུ་གཏད། །མཚན་མོ་རང་གི་གནས་ཁང་དུ། །བདེ་བའི་སྟན་གྱི་སྟེང་འདུག་ལ། །གཉིད་སྤངས་རྒྱ་མཚོའི་འགྲམ་གཉིས་གཏེམས། །འདི་ལ་རྟག་ཏུ་འདྲིས་པར་བྱ། །འདི་འདྲའི་སྣང་བའི་འཕེལ་དག་གིས། །ཡིད་བཞིན་གྱི་ནི་ནོར་བུ་ལྟར། །ཟད་མེད་འཕེལ་ལ་རྣམ་པར་སྤྱོད། །ཡེ་ཤེས་གཉིས་ཀྱི་བདག་ཉིད་འདི། །རྣལ་འབྱོར་ཉིན་དང་མཚན་མོས་དབྱེ། །ཉིན་དུས་མཚན་ཉིད་འཛིན་པ་ལྔ། །མཚན་(༡༩)དུས་བཞི་གནས་ཡེ་ཤེས་ནི། །རབ་ཕྱེ་གསུམ་གྱི་ཚུལ་དུ་སྣང་། །མཚན་ཉིད་འཛིན་པ་ལྔ་རྣམས་ནི། །མེ་ལོང་ཡེ་ཤེས་གཡས་པའི་ཆ། །དེ་བཞིན་གཡོན་ནས་ཆོས་ཀྱི་དབྱིངས། །དབུ་མ་ལས་ནི་མཉམ་ཉིད་དོ། །ཡང་ནི་གཡས་ནས་སོ་སོར་རྟོགས། །གཡོན་པ་ཉིད་ལས་བྱ་བ་གྲུབ། །མེ་ལོང་ཡེ་ཤེས་ཟླུམ་པོ་སྟེ། །ཆོས་ཀྱི་དབྱིངས་ནི་དྲྭ་བའི་ཚུལ། །མཉམ་ཉིད་རིན་ཆེན་འོད་འབར་མཚུངས། །སོ་སོར་རྟོགས་པ་ཟུར་ལྔ་པ། །བྱ་གྲུབ་ཡེ་ཤེས་གཞུ་ཡི་དབྱིབས། །མེ་ལོང་ཡེ་ཤེས་དཀར་གསལ་རྫོགས། །ཆོས་ཀྱི་དབྱིངས་ནི་མཐིང་ག་ཁྱབ། །མཉམ་པ་ཉིད་ནི་ཡོན་ཏན་སེར། །སོ་སོར་རྟོགས་པ་ཆགས་ཆེན་དམར། །བྱ་བ་གྲུབ་པ་ལྗང་གུ་མཛེས། །ཡང་ན་མེ་ལོང་བན་བུན་ཡིན། །ཆོས་ཀྱི་དབྱིངས་ནི་སང་མ་སིང་། །མཉམ་པ་ཉིད་ནི་ལང་ལོང་བ། །སོ་སོར་རྟོགས་པ་སྣ་ཚོགས་ཡིན། །བྱ་བ་གྲུབ་པ་ཁྲལ་ཁྲོལ་ཉིད། །ཡང་ན་མེ་ལོང་གྱེན་འགྲེང་དང་། །ཆོས་དབྱིངས་དེ་བཞིན་རྩིབས་ལ་འཆར། །མཉམ་པ་ཉིད་ནི་དུམ་བུ་ལ། །སོ་སོར་རྟོགས་པ་གྲུ་ཆད་དོ། །བྱ་བ་གྲུབ་པ་སྣམ་བུར་སྣང་། །ཡང་ན་མེ་ལོང་མཆོད་རྟེན་བརྩེགས། །ཆོས་ཀྱི་དབྱིངས་ནི་དྲྭ་བ་ཕྱེད། །མཉམ་པ་ཉིད་ནི་པདྨར་སྣང་། །སོ་སོར་རྟོགས་པ་མིག་མངས་རིས། །བྱ་གྲུབ་ཟ་འོག་གུར་དང་མཚུངས། །ཡང་ན་མེ་ལོང་གཡས་ཀྱི་ཕྱོགས། །དེ་བཞིན་ཆོས་དབྱིངས་དབུས་སུའོ། །མཉམ་པ་ཉིད་ནི་གཡོན་དུའོ། །སོ་སོར་རྟོག་པ་འོག་ཏུའོ། །བྱ་གྲུབ་ཡེ་ཤེས་སྟེང་གི་ཕྱོགས། །དེ་ལྟར་ལྔ་ཡི་དབྱེ་བ་ཡིས། །རྣལ་འབྱོར་པ་ཡི་ཉིན་དུས་ཀྱི། །སྣང་བ་རང་འཕེལ་རྫོགས་པའོ། །ཡང་ནི་གཞི་གནས་ཡེ་ཤེས་གསུམ། །ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་། །ཐུགས་རྗེའི་ཡེ་ཤེས་ཀུན་ལ་ཁྱབ། །ངོ་བོ་ཡེ་ཤེས་དབུས་ཀྱི་ཆ། །ཨ་ཝ་དྷུ་ཏི་ཞེས་བྱ་བ། །ཁྱད་པར་ཡེ་ཤེས་གནས་ཡིན་ནོ། །ཕྱི་འགྱུར་ཚངས་པའི་བུ་ག་ལ། །རིག་པ་རྟོག་མེད་སྐུ་དང་བཅས། །ལྷུན་གྲུབ་ཡེ་ཤེས་གཡས་པས་ཏེ། །ཤེལ་གྱི་སྦུ་གུ་ཁོག་པ་སྟོང་། །ཕྱིར་གྱུར་ཡལ་ག་གཉིས་གྱེས་ཏེ། །རྒྱ་མཚོའི་ནང་དང་ཉན་བྱེད་ཀྱི། །གཡས་(༢༠)ཀྱི་སྒོ་ལ་དེ་བཞིན་ཏེ། །དབྱིངས་དང་ཤེས་རབ་རང་བྱུང་གི། །སྒྲོན་མའི་ངོ་བོ་སྣང་བ་ཡིན། །ཐུགས་རྗེ་ཡེ་ཤེས་གཡོན་རྩ་ནས། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །ཕྱིར་གྱུར་གཉིས་གྱེས་རྒྱ་མཚོ་དང་། །གཉེན་བྱེད་སྒོ་ལ་སྣང་བ་ནི། །རྒྱང་ཞགས་དང་ནི་ཐིག་ལེ་སྟེ། །སྒྲོན་མ་གཉིས་ཀྱི་རང་བཞིན་དུ། །སྣང་ཞིང་རང་སྣང་བདེ་བ་སྟེར། །འདི་ནི་མཚན་མོའི་ཡེ་ཤེས་གསུམ། །གཞི་ལ་གནས་པ་ཁོ་ན་སྟེ། །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །གསང་བ་མཆོག་ལས་བྱུང་བ་ཡི། །རྩ་རྣམས་གཏེམས་པའི་སྦྱོར་བ་བྱ། །ཡང་ན་རྒྱ་མཚོའི་འགྲམ་གཉིས་གཏེམས། །འདི་ལྟར་འབྲལ་བ་མེད་པར་ནི། །རྣལ་འབྱོར་པ་ཡིས་བྱས་པ་ན། །མཚན་མོའི་ཡེ་ཤེས་མངོན་དུ་འབྱིན། །ཡང་ནི་ཡེ་ཤེས་ཁྱད་པར་ལས། །ངོ་བོའི་ཡེ་ཤེས་ཀུན་ནས་ཟླུམ། །ལྔ་ཡི་ཆ་ནི་ཕྱེད་མེད་རྫོགས། །ལྷུན་གྲུབ་ཉིད་ནི་གྲུ་བཞི་ལ། །འཆར་བྱེད་བརྒྱད་དང་བཅས་པ་ནི། །ཡང་ན་རིན་པོ་ཆེ་དང་མཚུངས། །ཐུགས་རྗེའི་ཡེ་ཤེས་རྩིབས་བརྒྱད་འབར། །ཡང་ན་ངོ་བོའི་ཡེ་ཤེས་ལྔ། །འབྱེད་པ་མེད་པའི་འོད་ལྔ་ནི། །གཏིང་གསལ་རྫོགས་པའི་ཚུལ་དུའོ། །ལྷུན་གྲུབ་ལ་ནི་ཁ་དོག་ལྔ། །སོ་སོའི་མཚན་ཉིད་འཛིན་པའི་ཚུལ། །ཐུགས་རྗེའི་འོད་ཟེར་དཔག་ཏུ་མེད། །འཕོ་དང་མཆེད་པའི་རང་བཞིན་ལས། །ཁྱད་པར་ཁ་དོག་ཉི་ཤུ་ལྔ། །མ་འདྲེས་སོ་སོ་རང་རྫོགས་པའི། །ངོ་བོའི་ཡེ་ཤེས་དག་པ་ལ། །ལྷུན་གྲུབ་ཀྱིས་ནི་སྣ་ཚོགས་སྟོན། །ཐུགས་རྗེས་རང་གཞན་དོན་གཉིས་བྱེད། །ཡང་ན་ངོ་བོ་རྫོགས་པ་ལ། །ལྷུན་གྲུབ་ཀྱིས་ནི་མཆེད་པར་བྱེད། །ཐུགས་རྗེ་ཉིད་ཀྱིས་འཛིན་པའོ། །ཡང་ན་ངོ་བོ་ཁྱབ་ཅིང་གསལ། །ལྷུན་གྲུབ་སྣང་བ་སྟོན་པར་བྱེད། །ཐུགས་རྗེ་ཐ་དད་ཀུན་ཏུ་སྟོན། །ངོ་བོ་ཉིད་ནི་འགྱུར་བ་མེད། །ལྷུན་གྲུབ་འགྱུར་བ་ཆ་ཉིད་དོ། །ཐུགས་རྗེའི་ཡེ་ཤེས་ཕྱོགས་མེད་པའི། །དེ་ལྟར་གཞི་གནས་ཡེ་ཤེས་ཀྱིས། །རྣལ་འབྱོར་གང་ཞིག་སྐལ་བ་ཆེའོ། །མཚན་མའི་སྣང་བ་རྫོགས་པའོ། །དེ་ལྟར་རྒྱ་མཚོ་ཉི་མ་ཅན། །ཨར་ལ་གཏོད་པ་སུས་ནུས་པ། །སངས་རྒྱས་རྣམས་ཀྱི་བདེན་པ་ཉིད། །འདི་ཉིད་རང་ལ་སྣང་(༢༡)བའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ལས། །རང་མཆེད་འོད་དང་ཡོན་ཏན་ནི། །དེ་ལྟར་དཔག་ཏུ་མེད་པ་ལས། །དབྱིངས་ཀྱི་འཕེལ་དང་བཅས་པའོ། །སྒྲོན་མ་རང་བྱུང་ཡེ་ཤེས་རྣམས། །གཅིག་ལ་འདུས་པ་སྟོན་པར་བྱེད། །ཐམས་ཅད་འདུས་པའི་ཐིག་ལེ་སྟེ། །སྟོང་པས་མཚན་མར་སྣང་དང་བྲལ། །འདི་འདུས་རྣལ་འབྱོར་སྐལ་ལྡན་ཏེ། །སངས་རྒྱས་རྣམས་ཀྱི་ཞལ་ཉིད་ཀྱང་། །མ་བསྒྲིབས་ཡོངས་སུ་གསལ་བར་མཐོང་། །དགོངས་པ་རྟགས་གཅིག་རྣལ་དུ་ཕབ། །གཉིས་མེད་ཡེ་ཤེས་རང་སྣང་མཐོང་། །འཁྲུལ་པའི་སྣང་བ་རང་ལོག་སྟེ། །མ་འཁྲུལ་ཡེ་ཤེས་སྣང་བ་ཉིད། །འདི་ལྟར་ངེས་པར་རྫོགས་པའོ། །ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས། །རང་བཞིན་གཅིག་པའི་ཚུལ་དུ་རྟོགས། །བྱ་རྩོལ་ཉིད་ན་བྱར་མེད་པར། །རང་བཞིན་རྫོགས་པ་ཆེན་པོ་ཡི། །ལྟ་བ་མཐར་ཕྱིན་དེ་ཉིད་ལ། །སྐལ་ལྡན་དེ་ཡིས་དེ་ལྟར་རྟོགས། །སྐུ་གསུམ་དག་པའི་ཞིང་ཁམས་ཉིད། །འདི་ལྟར་སྣང་བ་དག་ཏུ་གཟིགས། །དེ་ཡི་ཕྱིར་ན་ཡོན་ཏན་ཉིད། །ཟད་མེད་འཕེལ་ལ་སྤྱོད་པའོ། །བདུད་རྩི་སྙིང་གི་ཐིགས་པ་ཞེས་བྱ་བ། བྲམ་ཟེའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁས་པ་བི་མ་ལའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྫོགས་སོ།། །།

རིག་པའི་གནད་དོན་ལྟ་བ་ཞེས་བྱ་བ།

༄༅། །རིག་པའི་གནད་དོན་ལྟ་བ་ཞེས་བྱ་བ་བཞུགས་སོ། །མན་ངག་བརྒྱ་བཅུ་བཞིའི་ནང་ཚན།

༄༅། །བཅོམ་ལྡན་འདས་རང་སྣང་ཡེ་ཤེས་རྫོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ཀྱིས་བཅིངས་པའི་ཆོས་ལས་གྲོལ། །གང་ལའང་ཆགས་པ་ཞེན་པ་རབ་གཅད་པའི། །སྙིང་པོ་ངེས་པའི་གསང་ཆེན་བཅུད་དུ་དྲིལ། །ཐོགས་མེད་ལམ་དུ་འཇུག་པའི་གནད་བསྡུས་པ། །ཡང་དག་སྙིང་པོ་དཔལ་ལྡན་བླ་མའི་གསུང་། །ཆགས་བྲལ་དྲི་མ་དག་པའི་ནམ་མཁའ་ལ། །སྣ་ཚོགས་མ་ཕྱེ་སོ་སོར་གསལ་བ་ཡི། །ཡེ་ཤེས་ལྔ་ལ་བརྟེན་པའི་སྣང་བ་ཉིད། །གང་ཞིག་སྐལ་ལྡན་སྙིང་པོའི་དོན་རྙེད་པའི། །དབང་པོ་(༢༢)ལྔ་ཡི་ཞེན་པ་རང་ལོག་པའི། །ཞེན་པ་བཞི་བྲལ་ཚད་དང་ལྡན་པའི་དབང་པོ་ཡིས། །རང་དག་སྣ་ཚོགས་སྣང་བའི་སྒོ་ཕྱེ་ལ། །ཆགས་དང་ཞེན་པ་མེད་པའི་གནད་གཅུན་ལ། །འདི་ལྟར་ངེས་པའི་དོན་ལ་བལྟ་བར་བྱ། །

འདི་ལྟར་ཉམས་སུ་ལེན་པའི་སྐལ་ལྡན་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཐེ་ཚོམ་མེད་པས་ཐི་བྱ་ཚང་དུ་འཇུག་པ་དང་འདྲ་བའི་བློ་གྲོས་ཅན་རྣམས་ཀྱིས། ཐོག་མར་ཐབས་སྣ་ཚོགས་ཀྱིས་བླ་མ་མཉེས་པར་བྱས་ལ། འཇིག་རྟེན་འཁྲུལ་པའི་བྱ་བ་ཐམས་ཅད་སྤངས་ལ། ཡུལ་རྐྱེན་དང་བྲལ་བའི་དགོན་པར། བླ་མའི་མན་ངག་རྩོལ་བས་འདི་ཉིད་ལ་ཡང་ནས་ཡང་དུ་ནན་ཏན་དུ་བསྒྲུབ་པར་བྱའོ། །དེ་ལྟ་བུ་ལ་ནི་རང་བཞིན་དག་པའི་སྣང་བ་སྣ་ཚོགས་པར་རང་སྣང་ངེས་པ་ཡིན་ཏེ། དེའི་དུས་ན་འདི་དག་སྐྱེས་བུ་ཆེན་པོ་དེས་ངོ་ཤེས་པར་རབ་ཏུ་གལ་ཆེའོ། །ཡེ་ཤེས་ཕྱོགས་དག་གི་སྣང་བ་ནི། སྔོན་དུ་སྒྲོན་མ་ཨར་ལ་གཏད་པའི་སྟོབས་ཀྱིས་འོད་སྣ་ཚོགས་པའི་སྣང་བ་ནི། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། མཐིང་ག་དག་གི་སྣང་བ་དང་། དེ་ལྟར་ཡང་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་ལྔ་དག་ཏུ་ཡང་སྣང་བར་བྱེད་དོ། །དབྱིབས་ནི་བདུད་རྩིའི་རྣམ་པ་དང་། མཆོད་རྟེན་དང་། པདྨ་དང་། མིག་མང་རིས་དང་། མིག་ཚགས་དང་། ཟ་འོག་གུར་ཁྱིམ་དང་། རྒྱ་དང་། ཁྲ་བོའི་རྣམ་པ་དང་། དྲྭ་བ་དང་དྲྭ་བ་ཕྱེད་པའི་དབྱིབས་ལྟ་བུའོ། །སྣང་ལུགས་ནི་གྱེན་འགྲེང་དང་། ཐུར་ཚུགས་དང་། དུམ་བུ་དང་། གྲུ་ཆད་དང་། རྩིབས་ཤར་དང་། མུ་ཁྱུད་ཀྱི་རང་བཞིན་དུའོ། །ཐིག་ལེའི་སྣང་བ་ནི། ཕྲ་བའི་ཐིག་ལེ་ཡུངས་འབྲུ་བཅུར་གཤགས་པའི་ཆ་ཙམ་དང་། ཟླུམ་པ་དང་། རབ་ཏུ་ཟླུམ་པ་དང་། འཁྲིལ་པ་དང་། རབ་ཏུ་འཁྲིལ་པ་དང་། མུ་ཁྱུད་དང་། མུ་ཁྱུད་ཀྱི་ར་བའི་དབྱིབས་སུ་སྣང་བའོ། །གྲངས་ནི་ཉིས་སྦྲེལ་དང་། གསུམ་སྦྲེལ་དང་། བརྒྱ་སྟོང་དང་། བགྲང་དུ་མི་ལངས་པ་དག་ཏུའོ། །སྣང་ལུགས་ནི། ཁྲིགས་ཆགས་སུ་སྣང་བའོ། །ཁ་འཐོར་དུ་སྣང་བ་དང་། (༢༣)ཕན་ཚུན་དུ་སྣང་བ་དང་། ཡན་ལག་ཏུ་སྣང་བ་དང་། རེ་རེའི་དབུས་སུ་ཐིག་ལེ་ལྔ་ལྔ་ཆུད་པར་སྣང་བའོ། །སྐུ་སྣ་ཚོགས་པའི་སྣང་བ་ནི། རེ་རེ་རྐྱང་པ་དང་། ཡབ་ཡུམ་གྱི་ཆ་དང་། ལྔ་ལྔས་ཁྱབ་པ་དང་། ཆུང་བ་དང་། རགས་པ་དང་། ཤིན་ཏུ་ཆུང་བ་དང་། ཤིན་ཏུ་རགས་པའོ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ་སྣ་ཚོགས་སོ། །སྣང་བ་དེ་བསྡུས་ན་དག་པའི་སྣང་བ་དང་། མ་དག་པའི་སྣང་བ་ཡིན་ཏེ། དག་པའི་གནས་ལུགས་མཐོང་བའི་ཚེ། དངོས་པོའི་འདུག་ཚུལ་གྱིས་རྟོག་པ་ཐམས་ཅད་རང་ཆོད་ནས། འབྲས་བུ་གཉིས་མེད་དུ་མཐོང་བ་ཡིན་ལ། མ་དག་པའི་སྣང་བ་མཐོང་བས་ཕྱིན་ཅི་ལོག་དང་། མ་ལོག་པའི་མཚན་ཉིད་ཐམས་ཅད་རང་ཤེས་ནས། རང་གཞན་གྱི་གྲུབ་པའི་མཐའ་ཐམས་ཅད་ཇི་ལྟ་བ་བཞིན་དུ། མ་འཁྲུལ་པར་རྟོགས་ཤིང་ཁོང་དུ་ཆུད་པའོ། །དེ་ལྟར་སྣང་བ་གཉིས་ལ་མཁས་པས་ཆོས་ཐམས་ཅད་ཚིག་དང་ཡི་གེ་ལ་མཁས་པ་ཡིན་ནོ། །དེ་ལྟར་ན་རང་གཞན་ཐམས་ཅད་ལ་མཁས་པས་གྲུབ་མཐའ་འཛིན་པའི་དཔའ་བོ་ཞེས་བྱ་བར་འགྱུར་རོ། །རིག་པའི་གནད་དོན་ལྟ་བ་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁས་པ་བི་མ་ལའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཐོད་རྒལ་གྱི་བོགས་འདོན་ཨར་གཏད་ཀྱི་གདམས་པ་སྙིང་གི་ཡང་ཞུན་ཞེས་བྱ་བ།

༄༅། །ཐོད་རྒལ་གྱི་བོགས་འདོན་ཨར་གཏད་ཀྱི་གདམས་པ་སྙིང་གི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། །མན་ངག་བརྒྱ་བཅུ་བཞི་པའི་དགོངས་འགྲེལ་གྱི་ནང་ཚན།

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོད་རྒལ་གྱི་བོགས་འདོན། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་ཀྱི་མན་ངག་ལ་གསུམ་སྟེ། སྔོན་དུ་འགྲོ་བ་དང་། དངོས་གཞི་ཉམས་སུ་བླང་བ་དང་རྗེས་ཉམས་དང་རྟགས་ཀྱི་རིམ་པའོ། །དང་པོ་སྔོན་དུ་འགྲོ་བ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། མཎྜལ་འབུལ། བླ་མ་ལ་གསོལ་བ་དྲག་ཏུ་གདབ་བོ། །གཉིས་པ་དངོས་གཞི་ནི། གནས་ཁང་མུན་པ་ནག་པོར། སྟན་བདེ་བ་ལ་སྤྲུལ་པའི་སྐུའི་བཞུགས་སྟངས་བྱ་སྟེ། རྒྱ་མཚོ་(༢༤)ཨར་ལ་གཏད་པ་དང་། དྭངས་སུ་གཞུག་པ་གཉིས་སོ། །ཨར་ལ་གཏད་པ་ནི། གྲུ་མོ་པུས་མོའི་སྟེང་དུ་བཞག་ལ། ལག་པ་གཡས་གཡོན་གཉིས་ཀྱི་མཐེབ་མཛུབ་གསུམ་ལ། ༀ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ནག་གསུམ་བསྒོམས་ལ། མིག་གི་འབྲས་བུ་གཉིས་ཚིར་མནན་པས། དང་པོ་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེ་ཙེམ་ཙེམ་པ་བྱུང་བ་དང་། ལག་པ་གཉིས་ཕྱིར་བཏང་ལ་མིག་འབྲས་གཉིས་མ་འགུལ་བར་བལྟས་པས། གོང་གི་རིགས་ལྔ་ཞི་ཁྲོ་ཡེ་ཤེས་ལྔའི་རང་མདངས་སྣང་དུ་ཡུལ་དུ་གསལ་ལ། གཟུང་ཡུལ་དུ་མ་གྲུབ་པའི་ཟག་མེད་ཀྱི་ཐིག་ལེ། བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་མངོན་སུམ་དུ་གསལ་ལོ། །གསལ་ནས་འདུག་ཀྱང་ཆོས་སྐུའི་ངང་། །སྟོང་གསལ་གཉིས་མེད་ཆོས་སྐུའི་ངང་། །ཆོས་སྐུའི་ངང་ལས་འདའ་མི་སྲིད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་དོན་ལ་གཉིས་མེད་གཅིག་མ་གྲུབ། །སྐུ་དང་ཡེ་ཤེས་ཀྱི་འདུག་ཚུལ་དེ། ངོ་བོ་ཀ་དག་བརྗོད་པའི་ཚིག་དང་བྲལ། །རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་མེད། །རིག་པ་ཡེ་ཤེས་ཀྱི་ངོ་བོ་ནི། ཕྱོགས་རིས་མེད་པའི་རིག་གདངས་ཕྱི་རུ་རང་གསལ། འགྱུ་བ་དངོས་མེད་ཀྱི་དྭངས་ཆ་ལ་ལྟོས་དང་། ཡེ་ཤེས་ལྔའི་གསལ་ཆ་ལ་ལྟོས་དང་། རྒྱང་ཞགས་ཆུའི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། དཔེར་ན་རྨ་བྱའི་མདོངས་བཞིན། ཡེ་ཤེས་ཟང་ཐལ་ཆེན་པོར་འཆར་རོ། །ཡུལ་གང་ལ་འཆར་བ་ལ་གསུམ་སྟེ། དབང་པོ་འཁྲུལ་སྣང་གི་ཡུལ་དང་། སྒྲོན་མ་ཡེ་ཤེས་རང་མདངས་ཀྱི་ཡུལ་དང་། ཡང་དག་ཆོས་ཉིད་ཀ་དག་གི་ཡུལ་ལོ། །དང་པོ་འཁྲུལ་སྣང་གི་ཡུལ་ནི། མིག་གི་ཡུལ་དུ་གཟུགས་སྣ་ཚོགས་རང་གི་མར་མཐོང་བ་ལ་བྱ་སྟེ། སྡུག་མི་སྡུག་ལེགས་མི་ལེགས། ཕྱི་འདོད་ཡོན་ལ་སྤྱོད་པས་ན་ཡུལ་ལོ། །གཉིས་པ་སྒྲོན་མ་རང་མདངས་ཀྱི་ཡུལ་ནི། འོད་དང་ཐིག་ལེ་དང་སྐུ་དང་ཡེ་ཤེས་ཀྱི་ཚོགས་ཁྲ་ཆེམས་ཀྱིས་སྟོང་གསལ་དུ་གསལ་ལོ། །གསུམ་པ་གསང་བ་ཆོས་(༢༥)དབྱིངས་ཀ་དག་གི་ཡུལ་ནི། ཆོས་ཉིད་ཐམས་ཅད་འདུས་མ་བྱས་པ། བདག་མེད་པ། སྟོང་པ་རང་བཞིན་གྱི་འོད་གསལ་བ། བརྗོད་བྱའི་ཡུལ་ལས་འདས་པ། སྒྲ་དང་ཚད་མ་གཏན་ཚིགས་གང་གིས་ཀྱང་གཏན་ལ་མི་ཕེབས་པ། མདོར་ན་རིག་པ་ཀ་དག་གི་ཡེ་ཤེས་ཉིད་ཡིན་ཏེ། སྐུ་དང་ཡེ་ཤེས་ལ་སོགས་པའི་འབྱུང་གནས་ཆེན་པོ་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་དེ་ལ་བརྟེན་ནས། དོན་དམ་པར་གཉིས་སུ་མེད་པའི་དོན་ནོ། །ངེས་པར་དེ་ལས་འབྱུང་བའོ། །དེའི་སྒོ་གང་ཞེ་ན་དབང་པོའི་ཡུལ་ལ་འཆར་བར་བྱེད་པ་ཡེ་ཤེས་ཀྱི་རྩལ་འཆར། ཐོག་མ་འོད་ཀྱི་ཐིག་ལེ་ནི་ཀུན་ནས་ཟླུམ་པ་ཁ་དོག་ནི་ལྔ་སྟེ། འོད་ལྔའི་མཚན་ཉིད་དུ་གསལ་བ། འོད་ལྔ་ཡེ་ཤེས་ལྔའི་ངོ་བོར་སྣང་བ། ཉམས་དང་དྲོད་རྟགས་འདོད་པ་མེད་པར་ཤར་བ་ནི། དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་བར་ཡོན་ཏན་བཙལ་མི་དགོས་པར། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའོ། །སྐྱོན་སྤང་མི་དགོས་པར་རང་རྟགས་སྒྲོན་མའི་ཉམས་དེས་ཉོན་མོངས་པ་སྤང་མི་དགོས་པ་རང་དག་སྟེ། གཉིས་མེད་གཉིས་སུ་མེད་པར་སྟོན། ངོ་བོ་ཀ་དག་ལ་ལོངས་སྤྱོད་པའི་གནད་ཡིན་པས། ཉམས་རྟོགས་ཡོན་ཏན་འདོད་པ་མེད་ཀྱང་འབྱུང་བ་ནི། ནམ་མཁའི་ཆོ་འཕྲུལ་ལྟ་བུར། བཀག་པས་མི་ཁེགས་པ་རང་འབྱུང་ངོ་། །དེ་ངོ་མུན་ནག་ཏུ་སྤྲད་པས་གསལ་སྣང་ལོངས་སྐུའི་ཞིང་ཁམས་སུ་རྒྱས། དེ་ལྟར་ཉིན་མཚན་མེད་པར་ཉམས་སུ་བླངས་པས། སྐུ་རྣམ་པ་གསུམ་རང་རྫོགས་སུ་སྣང་བ། ཡེ་ཤེས་ལྔ་རང་དག་ཏུ་གསལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པར་ཚེ་འདི་ཉིད་ལ་འཚང་རྒྱ། དེ་ཡང་ཐད་ཀ་དྲང་པོར་ལྟ་ཞིང་། མཐེབ་མཛུབ་གཉིས་པོས་སྒྲོན་མེའི་སྟེང་འོག་གཉིས། གཡས་གཡོན་གཉིས། ཡང་ན་སྟེང་ནས་གཏེམས་ནས། རྗེས་ལ་མ་ཡེངས་པར་བལྟས་པས། རྣལ་འབྱོར་བདག་གཞན་རིག་པའི་ཡེ་ཤེས། དེ་ཉིད་ཉམས་སུ་མྱོང་བས། དཔག་པར་དཀའ་བ་དོན་སྐུ་དང་ཡེ་ཤེས་ཀྱི་དགོངས་པ། རབ་ཏུ་འདི་ཉིད་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །ཐུན་བཞིའམ་དྲུག་(༢༦)ཏུ་ཉམས་སུ་བླང་ངོ་། །དེ་ནི་རྒྱ་མཚོ་ཨར་ལ་གཏད་པའི་ལག་ལེན་ནོ། །རྒྱ་མཚོ་ལ་གསུམ་སྟེ། བརྡར་བཏགས་སྒོའི་རྒྱ་མཚོ་དང་། མཚོན་པ་དཔེའི་རྒྱ་མཚོ་དང་། ཆོས་ཉིད་དོན་གྱི་རྒྱ་མཚོ་རྒྱས་པར་བཤད་པའོ། །གཉིས་པ་རྒྱ་མཚོ་དྭངས་སུ་བཞུགས་པ་ནི། སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བསམ་གཏན་གྱི་ཆོས་བདུན་བྱ། སྐེད་པ་དྲང་བས་རྩ་དྲང་། རྩ་དྲང་བས་རླུང་དྲང་། རླུང་དྲང་བས་ཐིག་ལེ་དྲང་། ཐིག་ལེ་དྲང་བས་ཡེ་ཤེས་ཟང་ཐལ་དུ་འཆར་རོ། །མིག་གི་ལྟ་སྟངས་གསུམ་གང་མོས་ལ་གཏད་པས། སྣང་བ་ལོངས་སྐུའི་ཞིང་ཁམས་སུ་རྒྱས་པར་འཆར་རོ། །ཡེ་ཤེས་ཀྱི་ཆོས་ལྔ་ནི། སྐུ་ལས་འདས་པའི་ཡེ་ཤེས། སེམས་ལས་འདས་པའི་སངས་རྒྱས། ཀུན་གཞི་ལས་འདས་པའི་ཆོས་སྐུ། ཡིད་ལས་འདས་པའི་ཤེས་རབ། འབྱུང་བ་ལས་འདས་པའི་རང་མདངས། ཚིག་ལས་འདས་པའི་རང་སྣང་ངོ་། །

ཞི་གནས་མི་རྟོག་དངོས་པོ་མཁའ་དང་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲ། །འོད་གསལ་མི་རྟོག་མཁའ་ལ་ཉི་ལྟར་གསལ། །ཟུང་འཇུག་གཉིས་མེད་ཉི་མའི་འོད་ཀྱི་ཚུལ། །རང་རིག་ཡེ་ཤེས་ཟང་ཐལ་ཤར་བ་དེ། ནམ་མཁའི་ཁམས་སུ་ཕྱིན་ཀྱང་གཡང་ས་ཟ་བ་དང་། ལྟུང་བའི་སྡུག་བསྔལ་རིག་པ་ང་ལ་མེད། རི་རབ་ཀྱི་རྩེ་ལ་ཕྱིན་ཀྱང་ཉམ་ང་བ་དང་བག་ཚ་བ་མེད། རྒྱ་མཚོའི་གཏིང་དུ་ཕྱིན་ཀྱང་གཤེར་བ་དང་སུབས་པ་མེད། མེ་དཔུང་གི་ནང་དུ་ཕྱིན་ཀྱང་ཚ་བ་དང་ཚིག་པ་མེད། རིག་པ་ལྷུན་གྲུབ་མངོན་སུམ་སྐྱེ་ཤིའི་སྐྱོན་གྱིས་མ་གོས་པ། འཁོར་བའི་ལས་དགེ་སྡིག་གིས་མ་གོས་པ་སྟེ། སྐྱོན་མེད་རང་གྲོལ་ཆེན་པོར་རང་ཤར་བས། ཕྱོགས་རིས་གཟའ་གཏད་མེད་པའི་ལྟ་བ་ཞེས་བྱའོ། །ངོ་བོ་ཆོས་སྐུ་རྣམ་དག་སྤྲོས་བྲལ་ངང་གིས་སྟོང་། །རང་བཞིན་ལོངས་སྐུ་མཚན་དང་དཔེ་བྱད་སྐུ་རུ་གསལ། །སྤྲུལ་སྐུ་སྣ་ཚོགས་འགྲོ་བ་ཐུགས་རྗེས་འདུལ། །སྟོང་ཉིད་མདངས་ཅན་ཡེ་ཤེས་ཁ་དོག་ནི། །མཐིང་ག་དཀར་སེར་དམར་ལྗང་ལྔ་རུ་གསལ། །ཆོས་དབྱིངས་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད། །(༢༧)མེ་ལོང་ཡེ་ཤེས་མི་སྐྱེ་མི་འགག་གསལ། །མཉམ་ཉིད་ཡེ་ཤེས་དབྱེར་མེད་ཐམས་ཅད་མཁྱེན། །སོ་སོར་ཀུན་རྟོགས་མི་ཕྱེད་སོ་སོར་གསལ། །བྱ་བ་གྲུབ་པས་འབྲས་བུ་མངོན་དུ་གྱུར། །སྐུ་ལྔ་ལྡན་པས་དགོངས་སྤྱོད་མཁའ་ལ་འགྲོ། །མཚན་མ་སྤྲོས་བྲལ་ཐ་སྙད་ཚིག་གིས་སྟོང་། །ཉིན་ནུབ་མི་འོང་ཉིན་མཚན་གཉིས་སུ་མེད། །འཁོར་འདས་གཉིས་འཛིན་བསམ་པ་སྐྱེ་མི་སྲིད། །ཁྲེགས་ཆོད་ལྟ་བའི་རྩི་ཡིས་ཟིན་པ་གཅེས། །སངས་རྒྱས་བསྟན་པ་འཇིག་རྟེན་སྒྲོན་མེའི་མཆོག །མི་གཡོ་རྒྱ་མཚོ་དྭངས་སུ་འཇུག་པའི་ཁྲིད། །ཉིན་མཚན་གཉིས་ན་རྟགས་འཆར་ཐེ་ཚོམ་མེད། །རིག་པ་སྔོན་དུ་མ་སྦྱངས་ན། །བར་དོ་ཡེ་ཤེས་བདུད་དུ་ལྡང་། །རིག་པ་སྒྱུ་ལུས་སེམས་འཛིན་གྱིས། །རང་ལ་རང་གི་ལུས་ངན་ལེན། །དགོངས་སྤྱོད་མངོན་དུ་གྱུར་པ་ན། །སྒྱུ་ལུས་འོད་གསལ་ལོངས་སྐུར་ལྟ། །རིག་པའི་དོན་ནི་དེ་བཞིན་ཉིད། །རྟག་པར་ནམ་མཁའི་མཐའ་ལ་ལྟ། །ཆོས་ཉིད་མཁའ་ལ་ཉི་ཤར་འདྲ། །དགོངས་པ་ཆུ་བོ་གངྒཱའི་རྒྱུན། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་ཆོས་སྐུར་རྟོགས། །སེམས་མེད་སེམས་སྤངས་སེམས་ཀྱི་མཆོག །རིག་པ་རང་གསལ་ཐམས་ཅད་མཁྱེན། །ངག་མེད་སྨྲ་བརྗོད་ཡུལ་ལས་གྲོལ། །བརྗོད་མེད་སྟོང་པ་ཆོས་ཀྱི་སྒྲ། །གདུལ་བྱ་རྣམ་དག་ཆོས་དབྱིངས་ཞིང་ཁམས་ན། །ཐམས་ཅད་མཁྱེན་པའི་ཚུལ་གནས་པས། །མ་རིག་སེམས་ཅན་གདུལ་དཀའ་འདུལ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདུལ། །འཁོར་བའི་སེམས་ཅན་ཆོས་སྐུར་གྲོལ། །ཡིད་བཞིན་རིན་ཆེན་རང་སར་བསྐྱལ། །ཅེས་གསུངས་སོ། །ཡང་ཞུན་ལས། ཨེ་མ་རྒྱ་མཚོ་ཨར་གཏད་དྭངས་སུ་གཞུག་པའི་གནད། །གསང་བའི་གསང་མཆོག་བླ་ན་མེད་པ་ལས། །ཕྱི་ནང་གསང་བ་གསུམ་གྱི་བཅུད་སྐུ་འོད། །གཉིས་མེད་རང་གི་ངེས་པར་ཚད་ཕེབས་པའི། །རིན་ཆེན་དག་པ་ཡི་གེ་འདི་ལོངས་ཤིག །ཆོས་རྣམས་ཀུན་གྱི་ཚད་རྟགས་བསྟན་པ་ཡི། །རྟགས་ཀྱི་སྒྲོན་མ་རང་སྣང་འོད་པོ་ཆེ། །ཀུན་ལ་ཡོད་དེ་རང་གསལ་ཐབས་(༢༨)ཀྱི་མཆོག །འདི་ཉིད་ལ་འཇུག་སྐྱེས་བུ་སྐལ་བ་ཅན། །ཚད་ལྡན་རྟགས་ཀྱི་ཡི་གེ་འདི་ཉིད་ལ། །རབ་ཏུ་གཏེམས་ཤིང་ཉམས་སུ་བླངས་པ་ཡིས། །དཔེ་མེད་ཟླ་དང་བྲལ་བའི་སྣང་བ་འཆར། །དུ་མ་བརྟེན་པ་མེད་པའི་ནམ་མཁའ་ལ། །བྱ་བྱེད་རང་བཞག་མེད་པའི་སྒྲོན་མ་ཉིད། །སུས་ཀྱང་བྱས་ཤིང་བཅས་བཅོས་མི་རྙེད་པས། །སྒྲིབ་བྲལ་ལྟ་བྱེད་མ་འགགས་རྒྱ་མཚོ་ལས། །འཆར་བྱེད་མ་འགགས་ཁ་དོག་ཡོངས་རྫོགས་པའི། །རིག་པ་ཉིད་ཡིན་སྐུ་རྣམས་རང་བཞུགས་ཏེ། །རང་སྣང་གསལ་དྭངས་བཅས་པའི་རིག་པ་ཉིད། །ཐིག་ལེ་སྟོང་པའི་འོད་ཀྱིས་ཡིད་ཆེས་ཕྱིར། །༼གོང་བཞིན་༼འདི་ཉིད་སྐྱེས་བུས་གཏེམས་ཏེ་ཉམས་བླངས་ན། །རབ་ཏུ་བརྩོན་ལྡན་སྐྱོ་ངལ་མེད་པ་ཡིས། །དོན་ཆེན་སྒྲུབ་པས་འབྲས་བུ་མངོན་དུ་འབྱིན། །རབ་ཏུ་གསང་བའི་ཐབས་ནི་སུས་ཤེས་པ། །སངས་རྒྱས་རྣམས་ཀྱི་དགོངས་པ་དེ་ལ་ཡོད། །རིགས་དྲུག་འཁོར་བའི་མངལ་གྱི་གྲོང་ཁྱེར་འདི། །རྒྱུན་ཆད་ཡང་དག་ངེས་པའི་ས་ཐོབ་སྟེ། །ཐུགས་རྗེས་འགྲོ་བ་གཞན་རྣམས་འདྲེན་པ་ཡི། །ལྗགས་ཀྱི་དབང་པོ་ཉིད་ལས་རང་བྱུང་གི། །ཡི་གེ་དྲུག་གི་སྒྲ་ནི་རབ་འཕྲོས་ནས། །འགྲོ་བ་དྲུག་གི་ཁ་ལོ་གྱེན་ལ་བསྒྱུར། །རང་སྣང་གོམས་པའི་ཤུགས་ལས་དེ་དག་གོ། །དེ་ལྟར་རང་བྱུང་ཡེ་ཤེས་སྒྲོན་མ་འོད་འབར་ཏེ། །ཐབས་འདི་རབ་ཏུ་གནས་ཏེ་སྦྱང་བར་བྱ། །སྔོན་དུ་རང་གི་བླ་མ་མཉེས་པ་ཡིས། །ལུས་ངག་ཡིད་ཀྱིས་ཇི་ལྟར་འཐད་རྣམས་ཀྱིས། །བླ་མ་རྡོ་རྗེ་འཛིན་པ་མཉེས་པར་བྱ། །དེ་ནས་རང་གི་ཡུལ་རྐྱེན་གྱིས། །གནོད་པ་བྲལ་བའི་དགོན་པར་ནི། །རང་གི་བླ་མ་ལས་བྱུང་བའི། །ཐབས་ནི་ངེས་པར་བརྟེན་པའི་གནད། །འདི་ལྟ་བུ་ཡང་བརྩམ་པར་བྱ། །ལུས་ཀྱི་གནད་དུ་འདུག་པ་ལ། །འགྲོ་དང་སྤྱོད་པར་མི་བྱའོ། །ངག་གི་རང་བཞིན་བརྗོད་པ་ཡང་། །གལ་ཏེ་ལུས་ཀྱི་འབྱུང་བ་ཉིད། །རྟེན་འབྲེལ་དུས་བཞི་མཉམ་སྦྱོར་གྱིས། །འཁྲུགས་པར་གྱུར་ན་རྩ་གནས་ཀྱི། །ཇི་ལྟར་༼རྩ་གནས་ཡི་གེ་སྒྲོག་པ་ལ་སོགས་ན་ཡོད་༼ཕན་པའི་ཡི་གེ་ཉིད། །དྲག་ཞན་བྱེ་བྲག་བརྗོད་པར་བྱ། །སྐབས་སུ་(༢༩)གསང་མཆོག་ལས་བྱུང་བའི། །རྟེན་འབྲེལ་འདི་ཡི་འཁོར་ལོ་བསྐོར། །ཡིད་ནི་འཕྲོ་འདུའི་སྦྱོར་བ་སྤངས། །སྒྲོན་མ་ཉིད་དང་བསྲེ་བ་ཡང་། །རྣམ་པར་དག་པའི་ནམ་མཁའ་ལ། །ཕྲ་དང་རགས་པའི་སྒྲིབ་པ་གཉིས། །རྣམ་པར་སྤངས་པའི་ཕྱོགས་སུ་གཏད། །མཚན་མོ་རང་གི་གནས་ཁང་དུ། །བདེ་བའི་སྟན་གྱི་དཀྱིལ་འདུག་ལ། །གཉིད་སྤངས་རྒྱ་མཚོའི་འགྲམ་གཉིས་གཏེམས། །འདི་ལ་རྟག་ཏུ་འདྲིས་པར་བྱ། །འདི་འདྲའི་སྣང་བའི་འཕེལ་དག་ནི། །ཡིད་བཞིན་གྱི་ནི་ནོར་བུ་ལྟར། །ཟད་མེད་འཕེལ་བ་རྣམ་པར་སྦྱོང་། །ཡེ་ཤེས་ཉིད་ཀྱི་བདག་ཉིད་ཀྱིས། །རྣལ་འབྱོར་ཉིན་དང་མཚན་མོ་དབྱེ། །ཉིན་དུས་མཚན་ཉིད་འཛིན་པ་ལྔ། །མེ་ལོང་ཡེ་ཤེས་དཀར་གསལ་རྫོགས། །ཆོས་ཀྱི་དབྱིངས་ནི་མཐིང་གས་ཁྱབ། །མཉམ་པ་ཉིད་ནི་ཡོན་ཏན་སེར། །སོ་སོར་རྟོགས་པ་ཆགས་ཞེན་དམར། །བྱ་བ་གྲུབ་པ་ལྗང་གུར་མཛེས། །ཡང་ན་མེ་ལོང་བན་བུན་ཡིན། །ཆོས་ཀྱི་དབྱིངས་ནི་སང་མ་སེང་། །མཉམ་པ་ཉིད་ནི་ལང་ལོང་བ། །སོ་སོར་རྟོགས་པ་སྣ་ཚོགས་ཡིན། །ཡང་ན་མེ་ལོང་གྱེན་འགྲེང་དང་། །ཆོས་དབྱིངས་དེ་བཞིན་རྩིབས་ལ་ཤར། །མཉམ་པ་ཉིད་ནི་དུམ་བུ་ལ། །སོ་སོར་རྟོགས་པ་མིག་མངས་རིས། །བྱ་གྲུབ་ཟ་འོག་གུར་དང་མཚུངས། །ཡང་ན་མེ་ལོང་གཡས་ཀྱི་ཕྱོགས། །དེ་བཞིན་ཆོས་དབྱིངས་དབུས་སུའོ། །མཉམ་པ་ཉིད་ནི་གཡོན་ཕྱོགས་སུ། །སོ་སོར་རྟོགས་པ་འོག་ཏུ་སྟེ། །བྱ་བ་གྲུབ་པ་སྟེང་ཕྱོགས་སུ། །དེ་ལྟར་བཞི་ཡི་དབྱེ་བ་ཡིས། །རྣལ་འབྱོར་པ་ཡི་ཉིན་དུས་ཀྱི། །སྣང་བ་རང་འཕེལ་རྫོགས་པའོ། །ཡང་ན་གཞི་གནས་ཡེ་ཤེས་གསུམ། །ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ལ། །ཐུགས་རྗེའི་ཡེ་ཤེས་ཀུན་ལ་ཁྱབ། །ངོ་བོའི་ཡེ་ཤེས་དབུས་ཀྱི་ཆ། །ཨ་ཝ་དྷཱུ་ཏི་ཞེས་བྱ་བ། །ཁྱད་པར་ཡེ་ཤེས་གནས་ཡིན་ནོ། །ཕྱི་སྒོ་ཚངས་པའི་བུ་ག་ལ། །རིག་པ་རྟོག་མེད་སྐུ་དང་བཅས། །གསང་བ་མཆོག་ལས་བྱུང་བ་ཡི། །རྩ་རྣམས་གཏེམས་པའི་སྦྱོར་བ་བྱ། །ཡང་ན་རྒྱ་མཚོའི་འགྲམ་གཉིས་གཏེམས། །འདི་ལྟར་འབྲལ་བ་མེད་པ་ནི། །རྣལ་འབྱོར་པ་ཡིས་བྱས་པ་ན། །(༣༠)མཚན་མའི་ཡེ་ཤེས་མངོན་དུ་འབྱིན། །ཡང་ན་ཡེ་ཤེས་ཁྱད་པར་ལས། །ངོ་བོའི་ཡེ་ཤེས་ཀུན་ནས་ཟླུམ། །ལྔ་ཡི་ཆ་ནི་འབྱེད་མེད་རྫོགས། །ལྷུན་གྲུབ་ཉིད་ནི་གྲུ་བཞི་ལས། །འཆར་བྱེད་བརྒྱད་དང་བཅས་པ་ནི། །ཡང་ན་རིན་པོ་ཆེ་དང་མཚུངས། །ཐུགས་རྗེའི་ཡེ་ཤེས་རྩིབས་བརྒྱད་འབར། །ཡང་ན་ངོ་བོའི་ཡེ་ཤེས་ལ། །འབྱེད་པ་མེད་པའི་འོད་ལ་ནི། །བྲེང་གསལ་རྫོགས་པའི་ཚལ་དུའོ། །ལྷུན་གྲུབ་ལ་ནི་ཁ་དོག་ལྔ། །སོ་སོའི་མཚན་ཉིད་འཛིན་ཚུལ་ལོ། །ཐུགས་རྗེའི་འོད་ཟེར་དཔག་ཏུ་མེད། །འཕོ་དང་མཆེད་པའི་རང་བཞིན་ཅན། །ཁྱད་པར་ཁ་དོག་ཉི་ཤུ་ལྔ། །མ་འདྲེས་སོ་སོར་རྫོགས་པའོ། །ངོ་བོ་ཡེ་ཤེས་དག་པ་ལ། །ལྷུན་གྲུབ་ཀྱིས་ནི་སྣ་ཚོགས་སྟོན། །ཐུགས་རྗེ་རང་གཞན་དོན་གཉིས་བྱེད། །ཡང་ན་ངོ་བོ་རྫོགས་པ་ལ། །ལྷུན་གྲུབ་ཀྱིས་ནི་མཆེད་པར་བྱེད། །ཐུགས་རྗེ་ཉིད་ཀྱིས་འཛིན་པའོ། །ཡང་ན་ངོ་བོ་ཁྱབ་ཅིང་གསལ། །ལྷུན་གྲུབ་སྣང་བ་སྟོན་པར་བྱེད། །ཐུགས་རྗེ་ཐ་དད་ཀུན་ཏུ་བསྟན། །ངོ་བོ་ཉིད་ནི་འགྱུར་བ་མེད། །ལྷུན་གྲུབ་གྱུར་པའི་ཆ་ཉིད་དོ། །ཐུགས་རྗེའི་ཡེ་ཤེས་ཕྱོགས་མེད་པའོ། །དེ་ལྟར་གཞན་ནས་ཡེ་ཤེས་ཀྱིས། །རྣལ་འབྱོར་གང་ཞིག་སྐལ་ཆེ་བའི། །མཚན་མོའི་སྣང་བ་རྫོགས་པའོ། །དེ་ལྟར་རྒྱ་མཚོ་ཉི་མ་ཅན། །ཨར་ལ་གཏད་པར་སུས་ནུས་པ། །སངས་རྒྱས་རྣམས་ཀྱི་བདེན་པ་ཉིད། །འདི་ཉིད་རང་ལ་སྣང་བར་འགྱུར་རོ། །ཐིག་ལེ་སྟོང་པའི་སྒྲོན་མ་ལས། །རང་གི་ཆོས་ཉིད་འདི་དང་ཡོན་ཏན་ནི། །དེ་ལྟར་དཔག་ཏུ་མེད་པ་ལས། །དབྱིངས་ཀྱི་འཕེལ་དང་བཅས་པའོ། །སྒྲོན་མས་རང་བྱུང་ཡེ་ཤེས་རྣམས། །གཅིག་ཏུ་མ་ལུས་སྟོན་པར་བྱེད། །ཐམས་ཅད་འདུས་ཕྱིར་ཐིག་ལེ་སྟེ། །སྟོང་པ་མཚན་མ་རང་དང་བྲལ། །འདི་དུས་རྣལ་འབྱོར་སྐལ་ལྡན་ཀུན། །སངས་རྒྱས་རྣམས་ཀྱི་ཞལ་ཉིད་ཀྱང་། །མ་བསྒྲིབས་ཡོངས་སུ་གསལ་བར་མཐོང་། །དགོངས་པ་ཉག་གཅིག་གནད་དུ་ཕབ། །གཉིས་མེད་ཡེ་ཤེས་རང་སྣང་མཐོང་། །འཁྲུལ་པའི་སྣང་བ་རང་ལོག་སྟེ། །མ་འཁྲུལ་ཡེ་ཤེས་སྣང་བ་ཉིད། །འདི་ལྟར་ངེས་པར་རྫོགས་པའོ། །(༣༡)ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས། །རང་བཞིན་གཅིག་པའི་ཚུལ་དུ་རྟོགས། །བྱ་བཙལ་ཉིད་དང་བྱར་མེད་པ། །རང་བཞིན་རྫོགས་པ་ཆེན་པོ་ཡི། །ལྟ་བ་མཐར་ཕྱིན་འདི་ཉིད་ལ། །སྐལ་ལྡན་དེ་ཡིས་དེ་ལྟར་རྟོགས། །ཐོད་རྒལ་གྱི་བོགས་འདོན། ཨར་གཏད་ཀྱི་གདམས་པ། སྙིང་གི་ཡང་ཞུན། རྩི་ཞིང་པས་བཀོད་པའོ། །བླ་མ་ལ་བརྒྱུད་པ་བཞིའི་བཀའ་བབས་ཡོད་དོ།། །།

སྨུག་ནག་ཁྲོས་མ་རག་གདོང་མའི་དུས་གནད་ངེས་པ།

༄༅༔ སྨུག་ནག་ཁྲོས་མ་རག་གདོང་མའི་དུས་གནད་ངེས་པ་བཞུགས་སོ༔

༄༅༔ རྒྱ་གར་སྐད་དུ༔ བྱཐྶཧཱ།ནཱ།ཎཱ།ནྰ།མྱརྠ༔ བོད་སྐད་དུ༔ སྨུག་ནག་ཁྲོས་མ་ཞེས་བྱ་བ༔ མངོན་རྫོགས་ཡབ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པ་བསྲུང་དོན་དུ༔ སྨུག་ནག་ཁྲོས་མ་རག་གདོང་མའི༔ ནག་མོ་ཁྲོས་མ་གསང་བའི་རྒྱུད༔ ལེའུ་བརྒྱ་དང་རྩ་བརྒྱད་ལས༔ ཤན་པ་གསོད་པར་བྱེད་པ་ཡི༔ ལས་མཐའ་བསམ་གྱིས་མི་ཁྱབ་ཀྱང༔ འདིར་ནི་གསང་ཆེན་དྲིལ་བ་ཡི༔ ངེས་པར་གནད་དུ་བསྡུས་པ་ལ༔ སྲོག་ལ་ངེས་པར་བབ་པ་ཡི༔ མ་མོ་ངེས་པར་རྒྱུ་བ་ཡི༔ དུས་ལ་བརྟེན་ནས་ལས་ཀྱི་མཐའ༔ རྣམ་པ་གཉིས་སུ་གསུངས་པ་ལ༔ མ་མོ་ཉིད་ཀྱི་རང་གཤེད་དང༔ དགྲ་རྣམས་སྲོག་ལ་ཟ་བ་ཡི༔ སྦྱོར་བ་ངེས་པར་བསྟན་པ་ལ༔ འདིར་ནི་གཉིས་ཀྱིས་ངེས་པའི་གནད༔ འཁྲུལ་པ་མེད་པར་རྣལ་འབྱོར་ལས༔ ངེས་པར་འགྲུབ་པའི་སྔགས་ཀྱི་གནད༔ ལས་ཀྱི་ཐུས་ཀ་བསྟན་པ་ནི༔ ངེས་པར་ལོ་གཅིག་ཟླ་བ་ཡང༔ བཅུ་གཉིས་རིམ་པར་མ་ནོར་བས༔ ངེས་པར་གཏན་ལ་ཕབ་བྱས་ཏེ༔ དགུན་དབྱར་སྟོན་དཔྱིད་ཟླ་བ་ལ༔ གསུམ་གསུམ་ཁོ་ན་ངེས་བརྩིས་པས༔ དགུན་ཟླ་དང་པོའི་ཉ་དང་སྟོང༔ འབྲིང་པོ་བརྒྱད་དང་ཉི་ཤུ་གཉིས༔ ཐ་མ་བཅུ་གཅིག་ཉི་ཤུ་ལྔ༔ དཔྱིད་ཀྱི་དང་པོ་བཞི་དང་དགུ༔ འབྲིང་པོ་བཅུ་དང་ཉི་ཤུ་དགུ༔ ཐ་མ་ཚེས་གསུམ་ཉི་ཤུ་བརྒྱད༔ དབྱར་གྱི་དང་པོ་བཅུ་བདུན་ལ༔ ཉི་ཤུ་དག་ཀྱང་དེ་བཞིན་བདུན༔ འབྲིང་པོ་བཅུ་དང་ཉི་ཤུ་གཅིག༔ ཐ་མ་བཅུ་དྲུག་ཉེར་བདུན་ཡིན༔ སྟོན་གྱི་དང་པོ་ཚེས་དྲུག་དང༔ ཉི་ཤུ་གསུམ་ལ་(༣༢)ངེས་པར་རོ༔ འབྲིང་པོ་བཅུ་དགུ་ཉི་ཤུ་གཅིག༔ ཐ་མ་གཉིས་དང་ཉི་ཤུ་བརྒྱད༔ དེ་ལྟར་ཟླ་བ་བཅུ་གཉིས་ལ༔ རྒྱུ་བའི་ཞག་ནི་ཉི་ཤུ་བཞི༔ ལྷག་མ་དག་ལས་རྡུགས་པར་འགྱུར༔ དེ་ལྟར་ཉི་ཤུ་རྩ་བཞི་ལ༔ ངེས་པར་བྱས་ན་འགྲུབ་པར་ངེས༔ དེ་ལ་ངེས་པའི་གནད་ཕྱེ་ན༔ ཉིན་མོ་རྒྱུ་བ་གསུམ་ལས་མེད༔ ལྷག་མ་མཚན་མོ་རྒྱུ་བ་ཡིན༔ དགུན་འབྲིང་དང་པོ་སྲོད་དང་མཇིང༔ གཉིས་པ་ཉི་ཤུ་རྡེའུ་ནག༔ གསུམ་པ་ཕྱེད་གོང་ཕྱེད་ཆད་དོ༔ དཔྱིད་ཟླ་དང་པོ་ཕྱེད་ཡོལ་དང༔ དེ་ཡི་ཆ་ལས་རླུང་ནི་ཡང༔ སུམ་ཅུ་རྩ་གཉིས་དག་ལའོ༔ འབྲིང་པོ་དེ་ནས་དྲུག་ཅུ་བཞི༔ ཐ་ཆུང་དེ་ནས་རླུང་ཉེར་གཉིས་སོ༔ དབྱར་ནི་དང་པོ་རླུང་བཅུ་ཡིན༔ ཕྱེད་དང་བདུན་དང་ཉི་ཤུ་སྟེ༔ འབྲིང་པོ་ལ་ནི་ཐ་ཆུང་དེ་བཞིན་དྲུག་གི་ཆ༔ སྟོན་གྱི་དང་པོ་རླུང་བཞི་ཆ༔ འབྲིང་པོ་ནམ་མཁའི་མཐའ་ལའོ༔ དེ་ཡི་འོག་མ་ཉི་ཤར་དུས༔ ཐ་ཆུང་དེ་ནས་ཉིན་ཕྱེད་དང༔ དེ་ནས་མཚན་མོ་བར་དག་ཡིན༔ དེ་ནི་དུས་ངེས་པའི་ཕྱོགས་བརྟག་པའོ༔ སྨུག་ནག་འཇིགས་པའི་མ་མོ་ཉིད༔ ངེས་པར་རྒྱུ་བའི་དུས་ནི་འདི་དག་གོ༔ ཟླ་བ་དང་པོ་བཞི་ལ་གསད་པའི་དུས་བཞི་ཡོད་དོ༔ དགུན་གྱི་དང་པོ་ཉ་ལ་ཤར་ནས་ནུབ་ཏུ་ངེས་པར་འགྱུ་བས༔ དགྲ་བོའི་ལིང་ག་རྒྱ་ཤོག་ལ་བྲིས་ལ༔ དུར་ཁྲོད་ཀྱི་ཤིང་བུ་ལ་བསྐྱོན་ལ་ཁ་ཤར་དུ་བསྟན་ལ༔ དེའི་མདུན་དུ་བོང་བའི་རྫས་ཀྱིས་བདུག་པའི་ཚུལ་དུ་བཏང་ལ༔ རང་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ལ༔ ལིང་གའི་རྒྱབ་ནས་ཉུང་ནག་དང་བཙན་དུག་ལ་སྔགས་འདིས་བྲབ་བོ༔ ཨ་མ་མཱ་སྲོག་སྡུག་སྡུག་ལཾ་སོད་རག་མོ་སྙིང་ས་མ་ཡཱ་བྷྱོ་བྷྱོ༔ ཞེས་བརྒྱ་རྩ་བརྒྱད་ཀྱིས་ངེས་པར་འགྲུབ་པོ༔ དཔྱིད་ཀྱི་དང་པོའི་ཚེས་དགུ་ལ་ནུབ་ནས་ཤར་དུ་འགྱུ་སྟེ༔ ཡང་ལིང་ག་ཡང་ནུབ་ནས་ཤར་དུ་ཁ་བསྟན་ལ༔ བདག་ཉིད་ཀྱི་གདོང་ལ་དུར་ཁྲོད་ཀྱི་སོལ་བ་བྱུགས་ལ༔ སྐྲ་སྤྱི་བོའི་གཙུག་ཏུ་བཅིངས་ལ༔ ཁྲག་སྣ་ཚོགས་ལ་སྔགས་འདིས་བྲབ་བོ༔ ཙ་ཙཱ་ཤ་ཤཱ་ཁྲག་སྙིང་འདིར་ཤག༔ ལུ་འུ་ཙ་ཙཱ་ཡ་མ་ཧ༔ སྙིང་དར་སྙིང་ཐུཾ་ཤག༔ ཡ་མ་(༣༣)ཨེ་ཀ་ཛ་ཏི་སྲོག་ཐུན་རྦད༔ ཅེས་སྟོང་ཕྲག་གཅིག་བཟླས་པས་འགྲུབ་བོ༔

དབྱར་གྱི་དང་པོ་ཉེར་བཞི་ལ༔ ལྷོ་ནས་བྱང་དུ་ངེས་པར་འགྱུ་བས༔ ཡང་ལིང་ག་ལ་སོགས་པ་གོང་ལྟར་བཅས་ལ༔ བདག་ཉིད་གཅེར་བུར་ཕྱུང་ལ༔ ཐལ་ཆེན་ལ་སྔགས་འདི་བཟླས་ལ་བྲབ་བོ༔ རག་མོ་རག་མོ་སྙིང་ཤ་ཀུ་རུ་ཛ་ཛཿསྙིང་ཤག་ཁོས༔ ཞེས་བརྒྱས་ངེས་པར་འགྲུབ་བོ༔ སྟོན་ཟླ་དང་པོའི་ཉི་ཤུ་གསུམ་ལ་བྱང་ནས་ལྷོར་འགྱུ་སྟེ༔ ཡང་ལིང་ག་ཡང་ཁ་བྱང་དུ་བསྟན་ལ༔ བདག་ཉིད་ཤོག་གུའི་འབག་གྱོན་ལ༔ བྱ་མོ་ནག་མོའི་སྒོ་ང་ལ་སྔགས་འདི་སྟོང་བཟླས་བསྲེག་གོ༔ མ་མཱ་ཨེ་ཀ་ཛ་ཏི་སྙིང་ཐུམ་ཛ༔ ཞེས་བརྗོད་པས་ངེས་པར་འགྲུབ་བོ༔ དེ་དག་ནི་ཁྱད་པར་དུ་མ་མོ་སྲོག་ལ་འཇུག་པའི་དུས་ངེས་པའོ༔ འདིའི་དུས་ན་མ་ནོར་བར་ལས་ལ་སྦྱར་ན༔ དགྲ་གང་ཡིན་པའི་སྲོག་ངེས་པར་ཆད་དོ༔ དེ་མ་ཡིན་ལྷག་མའི་དུས་ཉི་ཤུའི་དུས་རྣམས་སུ་ཡང་དཔལ་ནག་མོ་ཁྲོས་མ་ལ་གཏོར་མ་དབུལ་ཞིང་ལས་བཅོལ་ལོ༔ མ་མོའི་ལས་བཟློག་ཅིང་རང་གཤེད་ལ་འབེབས་པར་འདོད་ན༔ དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་བཞི་པ་ཞིག་བྲིས་ལ༔ སྔགས་གོང་མ་བཞི་པོ་ཕྱོགས་མ་ལོག་པར་བྲིས་ལ༔ ལྟེ་བ་ལ་དགྲ་གང་ཡིན་པའི་མིང་རུས་ར་ཁྲག་གིས་བྲིས་ལ༔ མ་མོའི་བསད་པའི་ཐུན་སྔགས་རྣམས་བཟློག་ལ༔ ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ༔ ཟངས་ཕྱེ་དང་ལྕགས་ཕྱེ་ལ་སྔགས་འདི་བཟླས་ཤིང་བྲབས་ལ༔ དེ་ནས་དགྲ་བོའི་གཟུགས་བག་ཟན་དང༔ རྐང་རྗེས་ཀྱི་ས་ལ་སོགས་པ་ལ༔ སྙིང་ཁར་འཁོར་ལོ་དེ་དྲིལ་ལ་བཅུག་ལ༔ དེ་ལ་ཚེར་མ་སྣ་ཚོགས་བཙུགས་ལ་མ་མོ་གང་ནས་འགྱུ་བའི་ངོས་སུ་ཁ་བསྟན་ལ༔ དཔལ་ཨེ་ཀ་ཛ་ཏཱིའི་ཙཀླི་སྐུ་མདོག་སྨུག་ནག་སྐྲ་གྲོལ་བ༔ ཞལ་བསྒྲད་མཆེ་བ་གཙིགས་པ༔ སྤྱི་བོའི་གཙུག་ན་རལ་པ་ཁམ་ནག་ཅིག་གྱེན་ལ་འཁྱིལ་པ༔ དབུ་ལ་ཐོད་པའི་ཕྲེང་བས་བརྒྱན་པ༔ དཔྲལ་བའི་དཀྱིལ་ན་སྤྱན་གཅིག་ཁྲག་མིག་ཏུ་ཁོལ་བ༔ མཆེ་བ་གཅིག་གསོད་པའི་ཕྱིར་(༣༤)རབ་ཏུ་བརྡར་བ༔ གཡས་ན་ཙིཏྟ་དམར་པོ་བསྣམས་ནས་ཞལ་དུ་གསོལ་བ༔ གཡོན་པ་ཞིང་ཆུང་གི་རྒྱལ་མཚན་བསྣམས་པ་ཞིག་བྲིས་ལ༔ གང་ནས་འགྱུ་བའི་ངོས་སུ་ལིང་ག་བསྟན་ལ༔ དེའི་བར་དུ་གུ་གུལ་སྦྱར་མ་དང༔ ཁྱི་ལུད་དང་ཡུགས་ས་མོའི་དོར་རྟ་དང༔ སྐྲ་ལ་སོགས་པ་མི་གཙང་བའི་རྫས་ཀྱིས་བདུག་གོ༔ བདག་ཉིད་མ་མོའི་རྒྱབ་ཀྱི་ངོས་ནས༔ མཁར་བའི་ཕྱེ་མ་སྔགས་འདིས་བྲབ་བོ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཏི་སྙིང་ཁ་རག་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་རྟག་ཏུ་བཟླས་ཤིང་གཏོར་མ་བཏང༔ བཀའ་བསྒོ་ཞིང་གཟིར་ན་མ་མོ་ཉིད་རབ་ཏུ་ཁྲོས་ནས་དགྲ་བོ་གང་ཡིན་པ་དེའི་སྲོག་གཅོད་ངེས་སོ༔ འདི་ནི་གོང་མའི་ལས་མ་འགྲུབ་ན་བྱ་བ་ཡིན་གྱིས་གང་ལྟར་སྣང་སྣང་དུ་བྱ་བ་ནི་མ་ཡིན་ནོ༔ དེ་ལྟར་བྱས་ལ་མ་མོ་དབུགས་འབྱིན་པའི་ཆོ་ག་བྱའོ༔ ཨ་མྲ྇་ཏ་དང་གཏོར་མས་མཆོད་ཅིང་བསྐང་ངོ་༔ དེ་ནས་ཡང་དགྲ་ལ་བསྐུལ་ཞིང་འབོད་རྦད་ཀྱི་ལས་བྱའོ༔ གོང་མ་འབོད་པའོ༔ རྦད་པ་ནི༔ ཨཱ་མ་མ་ཏྲག་རག་ཤ་སྙིང་ཐུམས་རྦད་མྱོགས་ཐུཾ་ཐུཾ་རྦད་མྱོགས་ཐུཾ་ཐུཾ་རྦད༔ སྙིང་གཟེར་སྲོག་འདར་ཡིད་ཆུཾ༔ སྲོག་པྲིག་པྲིག་ཤཾ་ཁྱེར་བྷྱོ༔ ཞེས་འགྱུ་བའི་དུས་རྣམས་སུ་རྦད་དོ༔ བསད་པ་ནི་གོང་མའི་སྔགས་ཚན་བཞི་པོ་ཡིན་ནོ༔ སྙིང་སྣ་ཚོགས་པའི་གཏོར་མ་འདིས་དབུལ་ལོ༔ འབོད་པའི་སྔགས་མཇུག་ལ༔ མ་མོ་རག་མོ་ཨེ་ཀ་ཛ་ཏི་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་ལན་བདུན་དུ་དབུལ་ལོ༔ མ་མོ་ངེས་པའི་དུས་བཞི་ལ༔ ལྕགས་ཕྱེ་དང་ཉུང་ཀར་ཉུང་ནག་དང༔ དུག་སྣ་ཚོགས་ལ་རྦད་པའི་སྔགས་བཟླས་ལ༔ སྐྱེས་པ་གྲིར་ཤི་བའམ༔ རབས་ཆད་ཀྱི་སྙིང་གི་ནང་དུ་བཅུག་ལ༔ དེའི་ཕྱི་ནས་ནག་མོའི་ཟན་དྲོན་གྱིས་གྲིལ་ལ༔ སྒུལ་ཐོག་གི་ནང་དུ་བཅུག་ཅིང་དགྲའི་ཕྱོགས་སུ་འཕང་ངོ་༔ དེ་ལྟར་དུས་ལ་འཁྲུལ་པ་མེད་ཅིང༔ སྦྱོར་བ་མ་ལོག་པར་བྱས་ན༔ འགྲུབ་པ་ལ་ཐེ་ཚོམ་མེད་དོ༔ ཟླ་བ་བཞི་པོའི་ལས་སྦྱོར་རྫོགས་ཙ་ན་དགྲ་བོ་འགུམ་པ་ལ་ཐེ་ཚོམ་མེད་དོ༔ གལ་ཏེ་ཕ་རོལ་པོ་མ་མོ་འདི་ཉིད་ཀྱི་སྦྱོར་བ་ཤེས་པ་ཡིན་ན༔ (༣༥)འོག་མ་ལས་ལྡོག་པར་བྱས་ན༔ དེ་ལྟར་ལན་བདུན་བྱས་ན༔ ཁོ་རང་གི་སྲོག་ཁྲག་ཏུ་སྐྱུགས་ནས་སྲོག་ཆད་པ་ལ་ཐེ་ཚོམ་བྱར་མེད་དོ༔ དེ་དག་གི་དུས་ན་མ་མོ་ལས་ལ་བསྐུལ་ཞིང་རྦད་པ་འདི་སྐད་དོ༔

ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས༔ ཤིན་ཏུ་གསོད་པའི་སྨུག་ནག་ཁྲོ་མོ་ནི༔ ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོ་ཟུ་ཅན༔ ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན༔ ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས༔ འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན༔ དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན༔ ཞལ་ནས་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ༔ ཙིཏྟ་འདི་གསོལ་དམ་ཚིག་སྲོག་ལ་རྔམས༔ ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་བཞེས་ལ༔ དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད༔ མ་མོ་ཁྲག་ལ་དགྱེས་ཕྱིར་འདི་གསོལ་ལ༔ བདག་གི་ལས་ཀུན་ཐོགས་མེད་གྲུབ་མཛོད་ཅིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་གསོལ་ལ༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡཱ༔ ཞེས་རྦད་དོ༔ མ་མོ་སྙིང་ཐིག་གསང་བའི་ལས༔ གང་དང་ཡང་མི་འདྲ་བ་རིན་པོ་ཆེའི་ཡི་གེ་བཞི་ལ་སོགས་པའི་བཀའ་སྲུང་སྨུག་ནག་ཁྲོས་མ་རག་གདོང་མ་ཞེས་བྱ་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔

ཟབ་པ་པོད་བཞིའི་ངོ་བོ་ཉིད་ཀྱི་དེབས།

༄༅༔ ཟབ་པ་པོད་བཞིའི་ངོ་བོ་ཉིད་ཀྱི་དེབས་བཞུགས་སོ༔ ལུང་མེད༔

༄༅༔ རྒྱ་གར་སྐད་དུ༔ ཛཱ་ཡ་ཨ་ཁྲ་རཱ༔ བོད་སྐད་དུ༔ གྲོལ་བར་བྱེད་པའི་ཡི་གེ་བསྡུས་པ་ཞེས་བྱ་བ༔ རྟོགས་པ་ཡེ་ཤེས་ངང་ལ་ཕྱག་འཚལ་ལོ༔ སྟོན་པའི་སྙིང་པོ་རྡོ་རྗེ་འཆང་ཆེན་གྱིས༔ བསྟན་པ་བསྡུས་པའི་སྙིང་པོ་རྒྱུད་རྒྱལ་ནི༔ བཅུ་བདུན་ཉིད་དུ་ཐམས་ཅད་དྲིལ་ནས་བསྟན༔ དེ་ལས་ཁྱད་པར་མན་ངག་ངོ་མཚར་ཅན༔ ཤིན་ཏུ་གསང་བའི་ཡི་གེ་རྣམས་ལས་ནི༔ གདམས་པའི་སྙིང་པོ་བསྡུས་ཏེ་བཅུད་ཕྱུང་བ༔ ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་དོན༔ ཚིག་ཉུང་ཡི་གེ་བསྡུས་པའི་དོན་རྣམས་ཀུན༔ སྒོམ་ཁྲིགས་ལག་ལེན་ཉིད་དང་བསྟུན་ནས་ནི༔ བླ་མ་རྣམས་ཀྱི་ཐུགས་ཀྱི་གསང་བཅུད་འདི༔ སྐལ་ལྡན་སྐྱེས་མཆོག་སྙིང་དང་འདྲ་བ་ལས༔ བློ་དམན་ཐེག་པ་དམན་པའི་རིགས་ཅན་ལ༔ རླུང་ཕྱོགས་(༣༦)ཙམ་དུ་འདི་ཉིད་བརྗོད་པ་མེད༔ རང་གི་རྒྱུད་ལ་རྟག་ཏུ་གོམས་པར་གྱིས༔ འདི་ལས་གོང་ན་ཐབས་གཞན་ཡོད་རེ་ཀན༔ འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྙིང་ཕྱུང་བའོ༔ འདིར་བསྡུས་པའི་ཡི་གེ་མང་དུ་ཡོད་ན་ཡང་ངོ་མཚར་ཅན་གྱི་གདམས་ངག་བཞི་བྱུང༔ ངོ་མཚར་ཅན་གྱི་གདམས་ངག་བཞི་ལས་ཡ་མཚན་ཅན་གྱི་ཚིག་བཞི་བྱུང༔ ཡ་མཚན་ཅན་གྱི་ཚིག་བཞི་ལས་མཐར་ཐུག་པའི་དོན་བཞི་བྱུང་བའོ༔ ངོ་མཚར་ཅན་གྱི་མན་ངག་བཞི་ནི༔ ཁ་བྱང་དུང་རིས་མ་ནི་བལྟས་པ་ཙམ་གྱིས་ཤེས༔ མན་ངག་ཡི་གེ་མ་རུ་མཐོང་བ་ཙམ་གྱིས་རྟོགས༔ གདམས་པ་དུམ་དུམ་ཁྲིགས་ནི་བཀླགས་པ་ཙམ་གྱིས་གོ༔ ངན་སྔགས་བསམ་ལེ་མ་ནི་བསམས་པ་ཙམ་གྱིས་འགྲུབ༔ ཡ་མཚན་གྱི་ཚིག་བཞི་ནི༔ རྒྱུད་ཀྱི་ཁོང་སྙིང་ཕྱུངས་ནས་སྐལ་ལྡན་མིག་ཏུ་བཅུག༔ རིག་པ་སྤར་ཟིན་བྱས་ནས་ནམ་མཁའི་ཁམས་སུ་བཞག༔ ཤེས་བྱ་དུམ་བུར་བཅད་ནས་ཡིད་ཀྱིས་གོམས་པར་བྱ༔ རྣལ་འབྱོར་སྔགས་མི་སྨྲ་བར་མཁའ་འགྲོ་བྲན་ལྟར་འཁོལ༔ མཐར་ཐུག་གསང་བའི་དོན་བཞི་ནི༔ མཐོང་མ་མྱོང་བར་རྒྱུད་བཅུ་བདུན་གྱི་དོན་དང་ཚིག་སྐད་ཅིག་ལ་ཤེས་ཤིང་གོ་བས་གང་ཟག་གཅིག་གདན་ཐོག་གཅིག་ཏུ་འཚང་རྒྱ་བའི་དོན་དང༔ རིག་པ་མངོན་སུམ་དུ་བསྟན་ནས་སྣང་བ་ཐམས་ཅད་དུས་གཅིག་ལ་ཆོད་པས་ཟག་པ་དང་བཅས་པའི་ཕུང་པོ་ལྷག་མ་མེད་པར་འཚང་རྒྱ་བའི་དོན་དང༔ སྒྲོ་འདོགས་ཐམས་ཅད་དུས་གཅིག་ལ་བཅད་ནས་ཤེས་བྱ་རང་གི་འདུག་ཚུལ་དེ་ཉིད་ཐམས་ཅད་གཏན་ལ་འབེབས་པའི་དོན་དང༔ སྔགས་དང་གཏོར་མ་ལ་མ་བརྟེན་པར་རྣལ་འབྱོར་པ་བསམ་པ་དང་ལྡན་པས་འགལ་བྱེད་ཟླ་བ་བདུན་ན་ཁྲག་ཏུ་སྐྱུགས་ནས་འཆི་བར་བྱེད་པའི་དོན་ནོ༔ དེ་ནས་འདི་དག་ནི་རབ་ཏུ་ཟབ་པར་ཡང་བསྟན་པས༔ གསང་བའི་ཐིགས་པ་ཡང་གབ་སྦས་པའི་དུམ་བུ་ཞེས་བྱ་བའོ༔ གསང་བ་ངོ་བོ་ཉིད་ཀྱི་དེབས་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་ནས་གཏེར་དུ་བཙས་པའོ༔

མན་ངག་བརྒྱ་བཅུ་དགུའི་ཐེམ་བྱང་།

༄༅། །མན་ངག་བརྒྱ་བཅུ་དགུའི་ཐེམ་བྱང་བཞུགས་སོ། །ལུང་མེད།

༅༅། །རྒྱུད་ཀྱི་(༣༧)དགོངས་པ་མ་ཡིག་མན་ངག་སྙིང་པོའི་དོན་བརྒྱ་དང་བཅུ་དགུ་དག་ཏུ་གྲངས་བཅད་པས། གསང་བའི་མན་ངག་དུམ་དུམ་ཁྲིགས་༡དང་། པོ་ཏི་སྨུག་ཆུང་༢། འཁྲུལ་གཞི་གསལ་བའི་མེ་ལོང་༣དང་། འབྱུང་བཞིའི་གནད་ཡིག་༤དང་། རིན་ཆེན་གསེར་ཐིག་༥དང་། སྣང་བྱེད་སྒྲོན་མེ་༦དང་། འོད་གསལ་ལྡེ་མིག་༧དང་། ཤེས་བྱ་སྐོར་གསུམ་༨དང་། གསང་བའི་སྡོམ་བྱང་༩དང་། སྒྲ་རྟགས་འཁོར་ལོ་༡༠དང་བཅུ། སྐུ་གསུམ་ལག་ཁྲིད་༡༡དང་། མཁའ་འགྲོ་པྲ་ཁྲིད་༡༢དང་། བབས་ལུགས་གསུམ་སྐོར་༡༣དང་། འཁྲུལ་པའི་སྡེབས་ཡིག་༡༤དང་། གསང་ཐིག་ཆེན་པོ་༡༥དང་། གསེར་བྱང་བཀོལ་བ་༡༦དང་། ལམ་ཁྲིད་ཆེན་པོ་༡༧དང་། ཡེ་ཤེས་ལག་ཕྲད་༡༨དང་། བཀའ་སྒྲོམ་ཆེན་པོ་༡༩དང་། བསམ་གཏན་རང་གནད་༢༠དང་ཉི་ཤུའོ། །གསལ་བའི་མེ་ལོང་༢༡དང་། གསང་བའི་སྙིང་ཁོལ་༢༢དང་། སྣང་བ་བསྡུས་པ་༢༣དང་། གནས་པའི་བྱུང་ཁུངས་༢༤དང་། ཁྲེགས་ཆོད་བདུན་པ་༢༥དང་། ཐོད་རྒལ་དགུ་པ་༢༦དང་། ལུང་བསྟན་ཆེན་མོ་༢༧དང་། གླང་ཆེན་དྲུག་པ་༢༨དང་། སྤྱོད་ལམ་བསྡུས་པ་༢༩དང་། ལྟ་བའི་གསེར་བཀོད་༣༠དང་སུམ་ཅུ། པདྨ་ཀློང་ཡངས་༣༡དང་། ལྷའི་ཕྱག་སོར་༣༢མ་དང་། གསེར་གྱི་ཨུཏྤལ་༣༣དང་། དྲན་པའི་རྒྱུན་གཅོད་༣༤དང་། རིག་པ་ལམ་སློང་༣༥དང་། འཕྲ་རྒྱུད་དྲིལ་བ༣༦་དང་། གསལ་བའི་སྒྲོན་མ་༣༧དང་། སེང་གེ་རྩལ་སྤྲུགས་༣༨དང་། ཨ་ཏི་གནས་དགོངས་༣༩དང་། དགོངས་དོན་བཞི་པ་༤༠དང་བཞི་བཅུ། རྡོ་རྗེ་ལམ་བསྟན་༤༡དང་། རིན་ཆེན་འོད་འབར་༤༢དང་། ལྷག་པའི་འཁོར་ལོ་༤༣དང་། ཁྱུང་ཆེན་མཁའ་ལྡིང་༤༤དང་། ལྟ་བའི་དམིག་སེལ་༤༥དང་། བླ་མའི་རིམ་པ་༤༦དང་། དྲང་བའི་ཚིག་རྒྱུད་༤༧དང་། འཁྲུལ་གཞི་རྩད་གཅོད་༤༨དང་། སེམས་ཀྱི་དམིགས་དྲུག་༤༩དང་། བསྒོམ་པའི་འཁོར་ལོ་༥༠དང་ལྔ་བཅུ། དབང་གི་ལྡེ་མིག་༥༡དང་། དབང་གི་ལས་༥༢བྱད་༼བྱང་༽དང་། སྤྲོས་མེད་དབང་གི་མན་ངག་༥༣དང་། དབང་གི་རྩ་བ་༥༤དང་། དབང་གི་རིག་བྱེད་༥༥དང་། དབང་གི་ཕྲ་ཏིག་༥༦དང་། འཁོར་ལོ་དྲུག་པའི་དབང་༥༧དང་། དམ་ཚིག་རབ་འབྱེད་༥༨དང་། དབང་བཀོད་ཆེན་མོ་༥༩དང་། དབང་སྦྱོར་པྲ་ཁྲིད་༦༠དང་དྲུག་ཅུ། རིག་(༣༨)པའི་མེ་ཏོག་༦༡དང་། གསེར་ལུང་ཆེན་མོ་༦༢དང་། མན་ངག་རྩ་བ་༦༣དང་། ལུང་ཏིག་བཅོ་བརྒྱད་༦༤དང་། རིམ་པ་དྲུག་པ་༦༥དང་། སེམས་ལུང་བསྒོམ་༼སྒོམ་༽ཁྲིགས་༦༦དང་། ཡང་གསང་དྲིལ་བ་༦༧དང་། སྦས་པའི་ཉི་མ་༦༨དང་། འཕྲ་བཀོད་བཅུ་པ་༦༩དང་། ལུང་ཡིག་བསྡུས་པ་༧༠དང་བདུན་ཅུ། བདུད་རྩི་ཡང་ཞུན་༧༡དང་། ལུང་གསུམ་འདུས་པ་༧༢དང་། གཡུ་ཡིག་ཅན་༧༣དང་། འཕྲ་ཡིག་ཅན་༧༤དང་། གསེར་ཡིག་ཅན་༧༥དང་། སྙིང་གཟེར་ཆེན་པོ་༧༦དང་། ཆུང་ངུ་༧༧དང་། བསམ་གཏན་ཉལ་བའི་འཁོར་ལོ་༧༨དང་། འཕྲུལ་ཡིག་ཅན་༧༩དང་། ཆུང་བ་༨༠དང་བརྒྱད་ཅུའོ། །མཁའ་འགྲོའི་མཛོད་༨༡དང་། འཕྲོ་བ་ཆེན་མོ་༨༢དང་། གསང་བའི་གཟེར་བུ་༨༣དང་། རྩ་གནས་འཁོར་ལོ་༨༤དང་། བསམ་གཏན་བབས་ལུགས་༨༥དང་། རིག་པའི་ས་འབྱེད་༨༦དང་། སྣང་བ་རྒྱས་འདེབས་༨༧དང་། ཡེ་ཤེས་སྦུབས་འཇུག་༨༨དང་། ལོ་རྒྱུས་ཆེན་མོ་༨༩དང་དགུ་བཅུ་༼༩༠ པ་མི་ཚང་གི༽། གསང་བའི་ཞལ་ཆེམས་༩༡དང་། ཐིག་པའི་རུ་ཤན་༩༢དང་། གསང་བའི་སྒྲ་ཡིག་༩༣དང་། ཡི་གེའི་སྦྱོར་བཤད་༩༤དང་། སྒྲ་བཞིའི་མཚམས་སྦྱོར་༩༥དང་། བརྟན་པའི་གོ་ཆ་༩༦དང་། འགྱུར་མེད་ཐིག་ལེ་༩༧དང་། དངོས་པོའི་ཁ་བསྒྱུར་༩༨དང་། འབྲས་བུའི་དངོས་འབྱེད་༩༩དང་། སྟོང་པའི་མཐའ་འབྱེད་༡༠༠དང་བརྒྱ་ཐམ་པ། ནམ་མཁའ་ལམ་ཁྱེར་༡༠༡དང་། ཐི་བྱ་ཚང་འཇུག་༡༠༢དང་། གསལ་བའི་རིན་ཆེན་འོད་༡༠༣དང་། ཀ་དག་ཆེན་པོའི་དག་ཡིག་༡༠༤དང་། ལྷུན་གྲུབ་ཡི་གེ་༡༠༥དང་། ཤེས་རབ་འཁོར་ལོ་༡༠༦དང་། སྨྲ་བའི་མཚོན་ཆེན་༡༠༧དང་། ཡེ་ཤེས་ལྔ་བསྐོར་༡༠༨དང་། འོད་ཀྱི་ཚུལ་བཤད་༡༠༩དང་། འབྱུང་བའི་གནས་འབྱེད་༡༡༠དང་བརྒྱ་བཅུ། སྒྲོན་མའི་ཁུངས་གཅོད་༡༡༡དང་། ཕྱག་རྒྱ་བསྡུས་པ་༡༡༢དང་། བཀོད་པ་ལྔ་པ་༡༡༣དང་། རྒྱ་མཚོ་ཨར་གཏད་༡༡༤དང་། རླུང་གི་སྡོམ་བྱང་༡༡༥དང་། ངོ་སྤྲོད་གསུམ་པ་༡༡༦དང་། བབས་ལུགས་བཅུ་གཅིག་༡༡༧དང་། རྩ་ཏིག་ཆེན་པོ་༡༡༨དང་། རླུང་གི་ཐེམ་ཡིག་༡༡༩དང་། རིག་པའི་གནས་ས་ཉིད་༡༢༠དང་། མིག་གི་བསམ་གཏན་༡༢༡དང་བཅུ་དགུའོ། །རྩ་བ་བརྒྱད་༼རྩ་བའི་རྒྱུད་གཉིས་ལ་སོགས་པ་རྫོགས་པ་རང་བྱུང་དང་ཡི་གེ་མེད་པ་༽ཀྱི་ཚུལ་ལས་ནི། །གོ་རིམ་འཇུག་༼ངེས་པར་བསྟན་ན་༽ཅིང་རྣམ་བཤད་པ། །༼རྩ་རྒྱུད་ནི། ༽བསྐྱེད་དང་༼བཤད་རྒྱུད་ནི་རང་(༣༩)ཤར་དང་རང་གྲོལ་༽བཤད་དང་༼རིན་ཆེན་སྤུངས་པ། སྐུ་གདུང་འབར་བ་༽ཡན་ལག་དང་། །ལུང་དང་༼ཐལ་འགྱུར་བཀྲ་ཤིས་མཛེས་ལྡན་རིག་པ་གསལ་བའི་རྒྱུད། ༧རྒྱུད་སྡེ་བཞི་༽མན་ངག་༼མེ་ལོང་གཉིས་ངོ་སྤྲོད་སྤྲས་པ་མུ་ཏིག་ཕྲེང་བ་༽དགོངས་༼ཀློང་དྲུག་སྒྲོན་མ་འབར་བ་༽པ་དང་། །༼ཉི་ཟླ་ཁ་སྦྱོར།༽ འཇུག་དང་༼རང་གྲོལ་གཉིས་མེད་སེང་གེ་རྩལ་རྫོགས་ནོར་བུ་ཕྲ་བཀོད་༽མཁས་པ་༼ནག་མོ་ཁྲོས་༽སྐྱོང་བ་དང་། །མཆོག་གི་བསྟན་པ་༼གང་ཟག་གཅིག་གི་ཆ་རྐྱེན་དུ་བསྟན་༽འཛིན་པ་དང་། །བསྲུང་བ་༼རྫོགས་པ་རང་རྒྱུད་ལ་སོགས་པ་༽དང་བཅོ་བརྒྱད་དུ་བྱུང་ངོ་།། །།

རྣལ་འབྱོར་རྣམ་པ་གསུམ་ལ། རྣལ་འབྱོར་ཆེན་པོ་ནི་རང་ཡི་དམ་ལྷའི་སྐུ་གསུང་ཐུགས་རྣལ་མ་ལ། རང་གི་ལུས་ངག་ཡིད་གསུམ་འབྱོར་པས་ན་རྣལ་འབྱོར་རོ། །ཤིན་ཏུ་རྣལ་འབྱོར་ནི། ཆོས་ཀྱི་དབྱིངས་མ་བཅོས་པའི་རྣལ་མ་ལ། རང་རིག་པ་ཡེ་ཤེས་སུ་འབྱོར་པས་ན་རྣལ་འབྱོར་རོ། །རྫོགས་པ་ཆེན་པོའི་རྣལ་འབྱོར་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་རྣལ་མ་ལ། རིག་པ་ཡེ་ཤེས་སུ་འབྱོར་པས་ན་རྫོགས་པ་ཆེན་པོའི་རྣལ་འབྱོར་ཞེས་བྱའོ། །དེ་ཡང་བཀའ་ལས་ཀྱང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྣལ་མ་དང་། རང་གི་ལུས་ངག་ཡིད་དང་གསུམ་འབྱོར་པས་ན། རྣལ་འབྱོར་ཆེན་པོ་ཞེས་ནི་དེ་ལ་བྱའོ། །

ཆོས་དབྱིངས་མ་བཅོས་རྣལ་མ་ལ། །རང་རིག་ཡེ་ཤེས་བློས་འབྱོར་བས། །ཤིན་ཏུ་རྣལ་འབྱོར་ཞེས་ནི་དེ་ལ་བྱའོ། །ཆོས་ཉིད་མ་བཅོས་རྣལ་མ་ལ། །རང་རིག་ཡེ་ཤེས་བློས་འབྱོར་པས། །རྫོགས་ཆེན་རྣལ་འབྱོར་ཞེས་ནི་དེ་ལ་བྱའོ། །སྐུ་འཇམ། གསུང་འཇམ། ཐུགས་འཇམ། འགྲོ་བ་ཡོངས་ཀྱི་དཔལ། རྣལ་འབྱོར་རྣམ་པ་གསུམ་ཡང་དོན་ལ་གཅིག་གོ། །།

སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་སྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ།

༄༅། །སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་སྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ་བཞུགས་སོ། །

མན་ངག་གཉིས་པའི་ནང་ཚན་གྱི་དགོངས་འགྲེལ།

༄༅། །དབང་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ངེས་པའི་ལུང་ལ་དད་པའི་གདེང་རྙེད་སྐལ་ལྡན་བུ། །འཕངས་པའི་སྲོག་ནོར་དམ་པའི་དོན་ལ་གཏོང་ཕོད་ཅན། །སྦྱངས་པའི་འཕྲོ་ཅན་བློ་ཡིས་རྩེ་མོར་འཇུག་པའི་དོན། །(༤༠)དབང་རྣམས་ཀུན་གྱི་གནད་བསྡུས་ངེས་པ་བདག་གིས་བཀྲོལ། །ཚིག་གི་དབང་ལ་བྱེ་བྲག་བསམ་ཡས་ཀྱང་། །གནད་ཀྱི་མན་ངག་སྙིང་པོར་ཕྱུང་བ་ནི། །སྤྲོས་བཅས་དབང་གི་ཚིག་དོན་མཐོང་བའི་དོན། །ངེས་པར་བསྡུས་ལ་ལག་ལེན་ཁྲིགས་སུ་སྡེབ། །

དེ་ལ་སྐལ་བ་མཆོག་དང་ལྡན་པའི་སློབ་མ་དམ་ཚིག་རང་གི་སྲོག་ལྟར་གཅེས་པ་གཉིས་ནས་བདུན་ཚུན་ཆོད་ལས། དེ་བས་མང་ན་དྷཱ་ཀིའི་བཀའ་ཆད་འོང་ངེས་པས་བུ་མཆོག་དེ་རྣམས་ལ་བསྟན་པར་བྱའོ། །དེ་ལ་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་དབང་ངེས་པར་འབྱེད་པའི་ཚིག་དོན་འདི་ལ་གཞན་རྣམས་ནས་རྒྱ་ཆེ་བར་བསྟན་ཀྱང་། དེ་རྣམས་ཀྱིས་དོན་གྱི་གནད་གཏན་ལ་མི་ཕེབས་ཏེ། དཔེར་ན་ལུང་པ་སྟོང་པའི་རླུང་སྒྲ་དང་འདྲ་སྟེ་དོན་ལ་ཁ་གཡེལ་བས། དབང་དངོས་ཀྱི་ལག་ཁྲིགས་བླ་མའི་ཕྱག་ལེན་ཉམས་ཀྱི་མན་ངག་དངོས་ཡིན་པའི་ཕྱིར་སེམས་ལ་གབ་པར་བྱའོ། །དེའི་དོན་ངེས་པའི་དབང་མཆོག་ལེན་པར་འདོད་པའི་སྐལ་ལྡན་གྱིས་གནད་ངེས་པའི་ཚིག་གསུམ་དུ་རིག་པར་བྱའོ། །དེ་ལ་ངེས་པ་དོན་གྱི་དབང་གི་སྔོན་དུ་འགྲོ་བ་སློབ་དཔོན་གྱི་འབྲེལ་བ་བརྟག་པ་དང་གཅིག །དངོས་གཞི་དབང་ངེས་པའི་བྱ་བ་ལག་ཁྲིགས་ཀྱི་གོ་རིམ་བསྟན་པ་དང་གཉིས། རྗེས་ཀྱི་བྱ་བ་རྣལ་འབྱོར་པའི་སྤྱོད་ལམ་གྱི་ཚུལ་བསྟན་པས་ངེས་པར་བྱའོ། །དེ་ལ་ཡང་དང་པོ། སློབ་དཔོན་སློབ་མའི་འབྲེལ་པ་བརྟག་པ་ལ། དང་པོ་བླ་མའི་མཚན་ཉིད་བསྟན་པ་ནི། མཚན་ཉིད་མི་ལྡན་ན་ངེས་པའི་འབྲས་བུ་འབྱིན་མི་ནུས་པས། དེའི་མཚན་ཉིད་མདོ་རྒྱུད་ལ་སོགས་ཚིག་གི་དོན་ལ་ངེས་པར་སྦྱོང་བ་དང་གཅིག །མངོན་སུམ་དོན་གྱི་གནས་ལུགས་ལ་རྟོགས་པའི་ལམ་སྦྱོང་བ་དང་གཉིས། ཚོགས་གཉིས་ལ་སོགས་བསགས་པ་མཐར་ཕྱིན་པས་རང་གི་རྒྱུད་ཐོག་ཏུ་སྨིན་ཅིང་སྒོ་གསུམ་གྱིས་གཞན་གྱི་རྒྱུད་སྨིན་ནུས་པའོ། །སློབ་མའི་མཚན་ཉིད་ངེས་པའི་གདམས་པའི་སྣོད་བརྟག་པ་ནི་དོན་དམ་པའི་བླ་མ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་གཅིག །དད་པའི་ཞིང་ས་བཟང་བས་མི་དགེ་བའི་ཕྱོགས་སུ་དུག་སྦྲུལ་ལྟར་སྤོང་བ་དང་གཉིས། འཁྲུལ་པའི་དོན་རིག་པས་འཇིག་རྟེན་གྱི་བདོག་(༤༡)པ་ལ་མི་ཆགས་ཤིང་གཏོང་ནུས་པ་དང་གསུམ། མདོར་ན་ལུས་དང་སྲོག་ཐམས་ཅད་དམ་པའི་དོན་ལ་བློ་བསྒྱུར་ནུས་པ་དང་བཞིའོ། །

དངོས་གཞི་དབང་ངེས་པའི་ལག་ཁྲིགས་ལ་གཉིས། བཤམ་པ་རྫས་ཀྱི་རིམ་པ་ཆས་སུ་གཞུག་པ་དང་གཅིག །སྨིན་བྱ་སློབ་མའི་ཆོ་ག་ངེས་པ་དངོས་སོ། །དང་པོ་ལ་གཉིས་ཏེ། གནས་ཁྱད་པར་ཅན་དུ་དལ་བཤམ་པ་དང་གཅིག །དེར་བསགས་པའི་རྫས་ཀྱི་རིམ་པ་འགོད་པའོ། །དང་པོ་དལ་བྲི་བ་ནི། དུར་ཁྲོད་ལ་སོགས་དབེན་པའི་གནས་སུ། དལ་འདོམ་གང་གྲུ་བཞི་ལ་བའི་རྣམ་ལྔ་དང་བདུད་རྩི་ལྔའི་ཆག་ཆག་འཐོར་བར་བྱས་ལ། །ཐིག་དང་རྡུལ་ཚོན་བྱིན་གྱིས་བརླབས་པ་སྤྱི་དང་མཐུན། དབུས་མཐིང་ག་ཟླུམ་པོ་ལ་པད་མ་འདབ་མ་བརྒྱད་ཕྱོགས་ཚོན་དང་མཚམས་མཛེས་ཚོན་དུ་བྱའོ། །གྲུ་ཆད་སྒོ་དང་སྒོ་རྒྱན་རྟ་བབས་རྡོ་རྗེའི་ར་བ་མེ་རིའི་ཕྲེང་བ་འོད་ཟེར་གྱིས་བསྐོར་བ་བྲིའོ། །གཉིས་པ་བསགས་པའི་རྫས་ཀྱི་བྱ་བ་ནི། ཕྱོགས་བཞི་དབུས་དང་ལྔར་རིན་པོ་ཆེའི་བུམ་པ་ཁ་དོག་ཕྱོགས་ཚོན་ལ་རིགས་ལྔའི་ས་བོན་ཨཱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་བྲིས་ལ་འགོད་དོ། །ཁ་རྒྱན་མགུལ་རྒྱན་དང་བཅས་པའི་ནང་དུ་རིན་ཆེན་ལྔ། འབྲུ་ལྔ། སྨན་ལྔ། སྤོས་ལྔ། སྙིང་པོ་ལྔ། གཙང་མའི་ཆུ་དང་འོ་མ་ལ་སོགས་དཀར་གསུམ་དང་། བུ་རམ་ལ་སོགས་མངར་གསུམ་གྱིས་བཀང་ངོ་། །བུམ་པ་ལྔའི་སྟེང་དུ་མདའ་ལྔ། མེ་ལོང་ལྔ། ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀླི་ལྔ་དགོད། གསང་དབང་གི་རྫས་ཐོད་པ་བདུད་རྩིས་བཀང་བ་དགོད། དབང་གསུམ་པའི་རྫས་རིག་མ་མཚན་ལྡན་ཡང་བཞག་གོ། །གཞན་ཡང་སྒོ་བཞིར་ཕུར་པ་བཞི། མཚམས་བཞིར་རལ་གྲི་བཞི་དགོད་དོ། །གཞན་ཡང་ཕྱིའི་མཆོད་པ་ལྔ། འདོད་པའི་ཡོན་ཏན་ལྔ། རྒྱལ་སྲིད་སྣ་བདུན། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། མཁའ་འགྲོ་དང་ཆོས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་བཤམ་མོ། །བླ་བྲེས་དང་ཐང་སྐུ་ལ་སོགས་པ་ཅི་རིགས་པས་གནས་བརྒྱན་པར་བྱའོ། །

གཉིས་པ་སློབ་མའི་བྱ་བ་ལ་གཉིས། (༤༢)འཇུག་པར་བྱེད་པ་སློབ་མའི་སྔོན་འགྲོ་དང་། བྱིན་རླབས་ཀྱི་བྱེད་པ་སློབ་དཔོན་གྱི་ལས་སོ། །དང་པོ་ལ་ལྔ་སྟེ། དབང་གི་གསོལ་བ་གདབ་པ་དང་གཅིག །བླ་མས་གནང་བ་བྱིན་ཞིང་སྐྱབས་འགྲོ་སེམས་བསྐྱེད་དཔོག་པ་དང་གཉིས། བསྲུང་བ་གདགས་ཤིང་ཡེ་ཤེས་དབབ་པ་དང་གསུམ། མེ་ཏོག་གཏོར་ཞིང་མིང་གདགས་པ་དང་བཞི། མིག་དབྱེ་ཞིང་མཐོང་བ་བསྟན་པ་དང་ལྔའོ། །

དང་པོ་གསོལ་བ་གདབ་པ་ནི། ཨེ་མ་ཧོ༔ སྐྱེས་ཆེན་འགྲོ་མགོན་བླ་མ་རྗེ༔ བདག་ནི་ལས་ཅན་ཤེས་རབ་བུ༔ གསང་བར་ངེས་པའི་ལུང་འདི་ལ༔ རྟག་པར་བདག་ནི་གཟུང་དུ་གསོལ༔ ཞེས་ལན་གསུམ་ཞུ་བ་དབུལ་ལོ། །

གཉིས་པ་བླ་མས་རྗེས་གནང་སྦྱིན་ཞིང་སྐྱབས་འགྲོ་སེམས་བསྐྱེད་དབོག་པ་ལ་གསུམ། རྗེས་གནང་དང་། སྐྱབས་འགྲོ་དང་། སེམས་བསྐྱེད་དོ། །དང་པོ་ནི། ཨེ་མ་ཧོ༔ སྐལ་ལྡན་སེམས་ཀྱི་བུ༔ མཆོག་ཏུ་གསང་བའི་ཐེག་པ་འདིར༔ རྡོ་རྗེ་འཛིན་པ་བདག་གི་ལུང༔ ཞུགས་ནས་འབྲས་བུ་ངེས་ཐོབ་འགྱུར༔ བདག་ཉིད་ཆེན་པོ་ཁྱེད་ཀྱིས་ནི༔ བློ་ཡི་ཐེ་ཚོམ་རབ་བསལ་ནས༔ ནོར་བུའི་ཡོན་ཏན་མཐོང་བ་བཞིན༔ བདག་ལ་བླ་མར་སྤྲོ་ལགས་སམ༔ ཞེས་དྲི། སློབ་མས་སྤྲོ་ལགས་ཞེས་བརྗོད་དོ། །གཉིས་པ་སྐྱབས་འགྲོ་ནི། རང་ལུས་འཁོར་ལོ་བཞི་རྩ་རླུང་ཐིག་ལེའི་གནས་ལུགས་དྲན་པར་བྱས་ལ། རླུང་ལྔ་རྣམ་དག་དྭངས་མའི་སྐུ༔ ཉོན་མོངས་རྣམ་དག་ཡེ་ཤེས་ལྔ༔ སྐུ་གསུམ་མཛད་པ་མཐར་ཕྱིན་པ༔ དཀོན་མཆོག་གསུམ་ལ་རྟོགས་པས་འདུད༔ ཅེས་ལན་གསུམ་གྱི་རྗེས་ལ་དེའི་དོན་བཤད་དོ། །གསུམ་པ་སེམས་བསྐྱེད་པ་ནི། ལམ་གྱི་སྣང་བཞིའི་དོན་དྲན་པར་བྱས་ལ་འདི་སྐད་དུ། ཀྱེ་མ་ཧོ༔ མ་རིག་འཇིག་རྟེན་མུན་པའི་ཀློང༔ རང་རིག་ཐབས་ཤེས་སྒྲོན་མ་ཡིས༔ རང་ལ་གནས་པའི་ཡེ་ཤེས་དེ༔ བླ་མའི་དྲིན་གྱིས་རྟོགས་པར་བྱའོ༔ ཞེས་ལན་གསུམ་གྱི་རྗེས་ལ་སྨོན་པའི་དོན་བཤད་དོ། །འཇུག་པ་ནི། ཨེ་མ་ཧོ༔ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས༔ སྐུ་གསུམ་ངོ་བོ་མཐའ་བྲལ་(༤༣)བཞི༔ ཚིག་ལས་འདས་པའི་རང་བྱུང་སྟེ༔ ད་ལྟ་ཉིད་དུ་རྟོགས་པར་བྱའོ༔ ཞེས་ལན་གསུམ་བརྗོད་པའི་རྗེས་ལ་འཇུག་པའི་དོན་བཤད་དོ། །བསྲུང་བ་གདགས་ཤིང་ཡེ་ཤེས་དབབ་པ་ལ་གཉིས། བསྲུང་བ་གདགས་པ་དང་ཡེ་ཤེས་དབབ་པའོ། །དང་པོ་ཚོན་སྣ་ལྔའི་སྐུད་པ་ལ་གནས་པ་རྩའི་ཡི་གེ་ལས། ཡང་ན། ཨ་ཨཱཿཧཱུྃ་སྭཱ་ཧཱ། ཨཱ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ༔ སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པས་སྔགས་མདུད་བྱས་ལ་ཕོའི་དཔུང་པ་གཡས་མོའི་དཔུང་པ་གཡོན་པ་ལ་གདགས་སོ། །གཉིས་པ་ཡེ་ཤེས་དབབ་པ་ནི། སློབ་མ་ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་བཅའ་རུ་བཅུག་ལ། འཁོར་ལོ་བཞི་རྩ་ཡིག་དང་ཀུན་བཟང་ཡབ་ཡུམ་གསལ་གདབ་ལ་སྟེང་འོག་གི་རླུང་ཁ་སྦྱར་ལ་ཤེས་པ་མ་ཡེངས་ཤིག་བྱས་ལ་དམིགས་པ་ནི། ཚིག་གི་དོན་བསམ་ཞིང་བླ་མས་ཌཱ་མ་རུ་དཀྲོལ་ཞིང་འདི་སྐད་དོ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་འདི༔ སྤྲུལ་པ་སྐུ་ཡི་བཞུགས་གནས་ཡིན༔ རླུང་ལྔ་གཡོ་རྩོལ་ལས་འདས་པ༔ ཐིག་ལེ་འོད་སྐུར་ཤིགས་སེ་ཤིག༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ནི༔ ཆོས་ཀྱི་སྐུ་ཡི་བཞུགས་གནས་ཡིན༔ སངས་རྒྱས་རིགས་ལྔ་མེ་རེ་རེ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན༔ མཚན་དང་དཔེ་བྱད་འཁྱུགས་པ་ཡི༔ ཐིག་ལེ་འོད་སྐུར་ཡ་ལ་ལ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྤྱི་བོ་བདེ་བའི་འཁོར་ལོ་ནི༔ སྐུ་གསུམ་འདུས་པའི་བཞུགས་གནས་ཡིན༔ འབྲས་བུ་འདུས་པའི་རྩེ་མོ་ཅན༔ ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ༔ ཞེས་པ་དེ་དག་གི་དམིགས་པ་རེས་མོས་ཀྱིས་གདབ་བོ། །

བཞི་པ་མེ་ཏོག་དོར་ཞིང་མིང་གདགས་པ་ལ་གཉིས༔ མེ་ཏོག་དོར་བ་དང་མིང་གདགས་པའོ། །དང་པོ་ནི་དར་སྣ་ལྔའི་འཕན་དར་བྱས་ལ། ཐལ་མོའི་བར་དུ་བཟུང་ནས། མིག་དར་ནག་པོས་བཀབ་ལ་འདི་སྐད་དོ། །ཨེ་མ་ཧོ༔ ཐོག་མ་འོད་གསལ་སྙིང་པོ་ནས༔ ད་ལྟ་ཐེག་མཆོག་འདི་ཕྲད་པར༔ གཞི་ལ་སྦྱངས་པའི་ལས་(༤༤)འབྲས་ཀྱིས༔ རིགས་མཆོག་དེ་ལ་འབབ་པར་ཤོག༔ ཅེས་པས་ཕོ་བྲང་དབུས་སུ་དོར་རོ། །གཉིས་པ་མིང་གདགས་པ་ནི། དབུས་སུ་བབས་ན། སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་དོན་ཡོད་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་དུ་མིང་གདགས་སོ། །དེ་ནས་མིག་དབྱེ་ཞིང་མཐོང་བ་བསྟན་པ་ལ་གཉིས་ཏེ། མིག་དབྱེ་བ་དང་མཐོང་བ་བསྟན་པའོ། །དང་པོ་ནི། ཀྱེ་མ་རྡོ་རྗེ་འཛིན་མགོན་རྗེ༔ བདག་ནི་ཁམས་གསུམ་འཁོར་བར་ལྡོངས༔ རྗེ་ཡིས་ཡེ་ཤེས་ཐུར་མ་ཡིས༔ བདག་གི་མ་རིག་བསལ་དུ་གསོལ༔ ཞེས་སོ། །བླ་མས་འདི་སྐད་དོ། །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྔོན་ཆད་གཟུང་འཛིན་འཁྲུལ་པས་བཟུང༔ རང་ལ་བཞག་ནས་གཞན་དུ་བཙལ༔ ཐུར་མས་ཡིད་བཞིན་ནོར་བུ་མཚོན༔ ཞེས་གསེར་གྱི་ཐུར་མས་མིག་དར་བསལ་ལ། དེ་དག་གི་དོན་བཤད་དོ། །

གཉིས་པ་མཐོང་བ་བསྟན་པ་ལ་བཞི་སྟེ། དང་པོ་བླ་མའི། དེ་ནས་ད་ལའི། དེ་ནས་རྫས་ཀྱི། དེ་ནས་མཆེད་ལྕམ་གྱི་མཐོང་བ་བསྟན་པའོ། །དང་པོ་ནི། ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མ་ཡེངས་སེམས་ཀྱི་ངང་ལ་ལྟོས༔ ང་ལ་མཐོང་བ་སྣ་ཚོགས་པའོ༔ བུ་ཁྱོད་ཀྱིས་ནི་ཅིར་མཐོང་སྨྲོས༔ ཞེས་བརྗོད་པས། བུ་ཡིས་བླ་མ་སངས་རྒྱས་སུ་མཐོང་བ་ལགས༔ ཞེས་བརྗོད་དོ། །གཉིས་པ་ད་ལའི་མཐོང་བ་བསྟན་པ་ནི། ལྟོས་ཤིག་མིག་ཅན་སྐལ་ལྡན་བུ༔ ད་ལ་བཟང་པོའི་གནས་འདི་ལྟོས༔ དད་པའི་མཆོག་ནི་སྐྱེ་རེ་རན༔ ཁྱོད་ཀྱིས་ད་ལ་ཅི་རུ་མཐོང༔ ཞེས་དྲིས་པས། ལ་ལས་དཀར་པོ་ཤས་ཆེར་མཐོང༔ ལ་ལས་དམར་པོ་ལ་སོགས་པ་མཐོང་བ་འབྱུང་བས་ད་ལའི་དེ་ཉིད་བཤད་དོ། །གསུམ་པ་ནི། ཨེ་མ་བརྡ་ཤེས་སྐལ་ལྡན་བུ༔ བརྡ་དང་དམ་རྫས་བཀོད་པའི་ཚོགས༔ གནས་ལུགས་མཚོན་པའི་རྫས་འདི་ལྟོས༔ མཐོང་བའི་དོན་ནི་བདག་ལ་སྨྲོས༔ ཞེས་པ་སྐལ་བ་དང་ལྡན་པ་དེ་རྣམས་ཀྱིས་ཇི་བཞིན་ཉིད་དུ་དོན་ཤེས་སོ། །དེ་ནས་རྫས་ཀྱི་དེ་བཞིན་ཉིད་བཤད་དོ། །བཞི་པ་ནི། ཨེ་མ་ངོ་མཚར་རིགས་ཀྱི་བུ༔ གྲོགས་ཀྱི་དམ་པ་(༤༥)གང་ཡིན་པ༔ འཇུག་སྒོ་བཞི་པའི་སྤུན་གྲོགས་ལ༔ ཁྱོད་ཀྱིས་ཅིར་མཐོང་བདག་ལ་སྨྲོས༔ དག་པའི་སྣང་བ་མཐོང་རེ་རན༔ ཞེས་པས་དེ་ཉིད་ཀྱིས་མཐོང་བའི་དོན་འདྲིའོ༔ དེ་ལ་ད་ལའི་དེ་ཉིད་བཤད་པ་ནི། དབུས་ཟླུམ་པོ་མཐིང་གར་བྱུང་བ་ནི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི་གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞི་རུ་བྱུང་བ་ནི་འབྱུང་བཞིའི་འོད་བཞི་དང་ལྡན་པའི་བརྡའོ། །ཁྱམས་བཞི་སྒོ་དང་བཅས་པ་ནི་ཕྲིན་ལས་རྣམ་བཞི་རང་ལ་ཚང་བའི་བརྡའོ། །པད་རག་གི་རྩིག་པ་ནི་ཡེ་ཤེས་ལྔའི་ར་བ་དང་ལྡན་པའི་བརྡའོ། །རྟ་བབས་བཞི་ནི་གཞི་ལ་ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །འདོད་ཡོན་གྱི་ལྷ་མོ་ནི་འདོད་ཡོན་མ་སྤངས་རྒྱན་དུ་ཤར་བའི་བརྡའོ། །དྲ་བ་དང་དྲ་ཕྱེད་ནི་གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །ཕ་གུ་སེར་པོ་ནི་འདོད་དགུ་རང་ལ་འབྱུང་བའི་བརྡའོ། །འོད་ཟེར་འཕྲེང་བས་བསྐོར་བ་ནི་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་བརྡའོ། །གཉིས་པ་རྫས་ཀྱི་དེ་ཉིད་བཤད་པ་ནི། བུམ་པ་ལྔ་རུ་བྱུང་ནི། །རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །ཤེལ་ལྔ་ནི་གཞི་ཀ་ནས་དག་པའི་བརྡའོ། །རྨ་བྱའི་མདོངས་ལྔ་ནི་སྒྲོན་མ་ལྔ་རང་ལ་གསལ་བའི་བརྡའོ། །མདའ་ལྔ་ནི་ཤེས་རབ་ལྔ་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི་ཡེ་ཤེས་ལྔ་མཚོན་པའི་བརྡའོ། །དར་སྣ་ལྔ་ནི་རླུང་ལྔ་མཚོན་པའི་བརྡའོ། །ཕུར་པ་ལྔ་ནི་དབྱིངས་རྣམ་པར་དག་པ་འགྱུར་བ་མེད་པའི་བརྡའོ། །གྲི་ལྔ་ནི་མངལ་གྱི་གྲོང་ཁྱེར་འཇོམས་པའི་བརྡའོ། །ཚོགས་གཏོར་དང་མཆོད་པ་ནི་འདོད་ཡོན་རང་སྤྲུལ་དུ་ཤར་བའི་བརྡའོ། །

གཉིས་པ་བྱིན་རླབས་སློབ་དཔོན་གྱིས་བྱ་བ་བཞི་ལས། དང་པོ་བུམ་པའི་དབང་དང་། གཉིས་པ་གསང་བའི་དབང་དང་། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། བཞི་པ་ངེས་པའི་ཚིག་དོན་ངོ་སྤྲོད་ཀྱི་དབང་ངོ་། །དེ་ལ་དང་པོ་ནི། སློབ་མ་ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་བཅའ་རུ་གཞུག །བླ་མས་དབུས་ཀྱི་བུམ་པ་བླངས་ལ་སློབ་མའི་སྤྱི་བོར་བཞག་ལ། ཧཱུཾ་ཆོས་ཉིད་དབྱིངས་ཀྱི་(༤༦)བུམ་པ་རུ༔ སྟོང་གསལ་རང་བྱུང་ཆུ་ཡིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག༔ ཀཱ་ལིའི་ཡི་གེའི་ཚོགས་བརྗོད་པའི་རྗེས་ལ་སྤྱི་བོའི་རྩ་གནས་ཀྱི་ཡི་གེ་རྣམས་བརྗོད་ལ་དབང་བསྐུར་ལ༔ ཕ་ཕཱ། ཕེ་ཕཱི། མ་མཱ། མ་མཱི། བ་བཱ། བེ་བཱི། ཉ་ཉཱ། ཉ་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཐ་ཐཱ། པ་པ་ནཱ། ཞེས་པས་ཁྲུས་བྱ། སྤྱི་བོར་ཆུ་ཐིགས་པ་བླུག་གོ། །དེ་ནས་ཤར་གྱི་བུམ་པ་བླངས་ལ་སྙིང་གར་བཞག་ལ། ཧཱུྃ་མ་སྐྱེས་སྙིང་པོའི་བུམ་པ་རུ༔ འགགས་མེད་རང་བྱུང་རྫས་ཀྱིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིགས་བྲལ་བཞི་ཡི་དོན་རྟོགས་ཤོག༔ ཅེས་པའི་ཨཱ་ལིའི་རྗེས་ལ་དྲན་པ་འདུས་པའི་རྩ་ཡིག་རྣམས་བརྗོད་ལ་དབང་བསྐུར་རོ། །ཁ་ཚ་ཌ་ཏ་པ་ཡ་སྭཱ་ཧཱ། ཀ་གྷ་བྷ་ཛྙ། ཞེས་པས་སྙིང་ཁར་ཆུའི་ཐིག་ལེ་བྱའོ། །དེ་ནས་ལྷོའི་བུམ་པ་བཏེག་ལ་མགྲིན་པར་གཏད་ལ། ཧཱུྃ་རང་བྱུང་ཡེ་ཤེས་བུམ་པ་རུ༔ འདོད་ཡོན་རང་སྤྲུལ་རྫས་ཀྱིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག༔ ཅེས་པ་དང་། ཨཱ་ལིའི་རྗེས་ལ་རོ་རྣམས་འདུས་པའི་རྩ་ཡིག་རྣམས་བརྗོད་ལ་དབང་བསྐུར་ཏེ། ར་རཱ༔ ལི་ལཱི༔ ཨ་ཨཱ་ཨཱེ༔ ཞེས་པས་ཆུ་ཐིགས་གཅིག་བླུད་དོ། །དེ་ནས་ནུབ་ཀྱི་བུམ་པ་བཏེག་ལ་ལྟེ་བར་གཏད་དོ། །ཧཱུྃ་མ་སྐྱེས་ཆགས་བྲལ་བུམ་པ་རུ༔ བདེ་ཆེན་རྒྱུན་སྤྲོའི་རྫས་ཀྱིས་བཀང༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ཆགས་པ་འཛིན་མེད་དབང་ཐོབ་ཤོག༔ ཨཱ་ལིའི་རྗེས་ལ་སྐྱེད་བྱེད་ཀྱི་རྩ་ཡིག་རྣམས་བརྗོད་ལ་དབང་བསྐུར་ལ༔ ཨ་ཨ་ཏ་ལི་ཧ་ཨུ་ཉ་རཾ་ཡཾ་ཎཾ་ན་ཛ་ཏྲ་ས་ཁཾ་རཾ་ཡཾ༔ ཞེས་པས་ལྟེ་བར་ཆུའི་ཐིག་ལེ་བྱའོ། །དེ་ནས་བྱང་གི་བུམ་པ་བཏེགས་ལ་གནས་བཞི་ཀར་གཏུགས་ཤིང་། ཨཱ་ལི་ཀཱ་ལིའི་རྗེས་ལ་འཁོར་ལོ་བཞི་ཀའི་རྩ་ཡིག་བརྗོད་ཅིང་། ཧ་ཧེ་ཧོ༔ ཡེ་ཤེས་ཟང་ཐལ་བུམ་པ་རུ༔ འགག་མེད་རླུང་ལྔའི་རྫས་ཀྱིས་བཀང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྩལ་ཆེན་(༤༧)རྫོགས་པའི་དབང་ཐོབ་ཤོག༔ དེ་ནས་དེ་རྣམས་ཀྱི་ཚིག་དོན་ཡང་བཤད་པར་བྱའོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། ཀ་པཱ་ལ་བདུད་རྩི་ཆང་གིས་བཀང་ལ་གནས་བཞིར་བཞག་ཅིང་སློབ་མ་རྣམས་གོང་བཞིན་ལུས་གནད་བཅས་ལ། གནས་བཞིའི་རང་བཞིན་གྱིས་ཀུན་བཟང་ཡབ་ཡུམ་ལ་སྦྱོར་བའི་བརྡས་བསྐུལ་ལ། དེ་དག་གིས་བྱང་སེམས་ཀྱིས་རྩ་གནས་ལུས་ཀུན་གང་བས་བདེ་བ་ཆེན་པོའི་ངང་ལ་གནས་པར་བྱས་ལ། ཧཱུྃ༔ བདེ་ཆེན་བརྡལ་བ་རང་བྱུང་ཀ་པཱ་ལ༔ ཆགས་པ་དངོས་དག་ཀུན་བཟང་ཐིག་ལེས་གང༔ རིགས་ཆེན་སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་རླུང་བྱང་སེམས་དག་ལ་དབང་ཐོབ་ཤོག༔ ཅེས་ཨཱ་ལི་ཀཱ་ལིའི་སྔགས་ཀྱི་རྗེས་ལ། ཧཾ་ཨྃ་ཧཱུྃ་ཨཱཿཞེས་འཁོར་ལོ་བཞིའི་ཡི་གེ་བརྗོད་ལ་ཚིག་དོན་ཡང་བཤད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ལས་རྒྱ་དམ་ཚིག་དང་ལྡན་པ་ལ་འཁྱུད་ལ་ཚིག་འདིས་བསྐུལ་ལོ། །ཧཱུྃ༔ སྣང་སྲིད་བདེ་ཆེན་བརྡལ་བའི་ཞིང་ཁམས་ལ༔ རོལ་པའི་ཡེ་ཤེས་བདེ་བ་ཆེན་པོར་ཤར༔ ཐབས་ཤེས་འདོད་པ་སྤྱད་པས་གྲོལ་འགྱུར་ཏེ༔ མ་འགགས་རོལ་པས་སྤྱོད་ཅིག་བདེ་བ་ཆེ༔ ཞེས་པས་དངོས་སུ་སྦྱར་བས་ཆགས་པའི་པྲ་ཁྲིད་ལྟར་བདེ་བ་བསྐྱེད་དོ༔ བཞི་པ་ཚིག་དོན་ངོ་སྤྲོད་ཀྱི་དབང་ནི། བརྡའི་དོན་འདི་ཉིད་ཀྱིས་བསྟན་པར་བྱ་སྟེ། སྐལ་བ་དང་ལྡན་པའི་བུ་ཁྱོད་ཉོན་ཅིག༔ ནམ་མཁའི་དབྱིངས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར་ནས་འདུག་པ་མཐོང་ངམ༔ ཞེས་པ་དང་། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པས་བཏབ་ནས་འདུག་པ་མཐོང་ངམ༔ རྒྱ་མཚོའི་ནོར་བུ་ལ་ཤེལ་གྱི་རྟ་ཕོ་ཞོན་ནས་ཉི་ཟླའི་སྟེང་དུ་དཀྱུས་ཐག་གཅོད་པ་དེ་མཐོང་ངམ༔ འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས་རི་རབ་ཀྱི་སྟེང་དུ་སོང་བའི་མི་དང༔ ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་ཕོ་བཙོན་དུ་བཟུང་བ་དེ་མཐོང་ངམ༔ ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བ་དེ་མཐོང་ངམ༔ ཞེས་(༤༨)བརྡའི་དོན་བཞིན་དཀྲོལ་ནས་ཚིག་འདི་བསྟན་པར་བྱ་སྟེ༔ ཨེ་མ་ཧོ༔ མ་ཡེངས་གསོན་ཅིག་རིགས་ཀྱི་བུ༔ གཞི་ལ་འཁོར་འདས་གྲུབ་མེད་ཀྱང༔ རྟེན་འབྲེལ་གྱི་འཆར་སྒོ་ངོ་མཚར་ཆེ༔ དོན་དམ་ཚིག་གིས་མི་རྟོགས་ཀྱང༔ མངོན་སུམ་གདིང་ཐོབ་ངོ་མཚར་ཆེ༔ རིག་པ་སྐྱེ་འབྲི་མེད་མོད་ཀྱང༔ ལམ་སྣང་གི་འཆར་ཚུལ་ངོ་མཚར་ཆེ༔ ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང༔ རླུང་གི་དག་ཚུལ་ངོ་མཚར་ཆེ༔ ཐེག་པའི་འཇུག་སྒོ་མང་མོད་ཀྱང༔ ཅིག་ཅར་ཐོབ་པ་ངོ་མཚར་ཆེ༔ འཆར་ཚུལ་གྱི་སྣང་བ་རྒྱ་ཆེ་ཡང༔ ངོ་བོ་ལ་གདིང་ཐོབ་ངོ་མཚར་ཆེ༔ ཚིག་མཐའ་ལ་སྤྲོས་པ་མེད་མོད་ཀྱང༔ བརྡ་གཅིག་གི་དོན་མཐོང་ངོ་མཚར་ཆེ༔ ཞེས་པ་རྡོ་རྗེའི་གླུས་བསྐུལ་ལོ༔ དེ་ནས་དཔའ་བོའི་ཚོགས་དང་དཔའ་མོའི་ཚོགས་ལ་དགའ་སྟོན་ཆེན་པོས་མཆོད་མཁའ་འགྲོ་དང་ཆོས་སྐྱོང་ལ་གཏོར་མས་མཆོད་དོ། །རྗེས་འོད་གསལ་སྒྱུ་མ་ལྟ་བུ་ལ་གནས་པར་བྱའོ། །

སྤྲོས་བཅས་དབང་ལ་ཚིག་དོན་རྒྱ་ཆེ་བ། །ཚིག་ཏུ་ཉུང་ལ་དོན་ལ་ཆད་མེད་དུ། །ལག་ལེན་དམ་པའི་ཕྱག་བཞེས་མདོར་བཀོད་པ། །འདིར་འཇུག་སྨིན་དང་གྲོལ་བའི་བདེ་ཐོབ་ཤོག །སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་བསྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ་རྫོགས་སོ། །སྔགས་ཀྱི་སྲུང་མས་སྲུངས་ཤིག །སྐལ་ལྡན་གཅིག་དང་འཕྲད་པར་ཤོག །དགེའོ།། །།

སྤྲོས་པ་མེད་པའི་དབང་བསྐུར་བ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ།

༄༅༔ སྤྲོས་པ་མེད་པའི་དབང་བསྐུར་བ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ་བཞུགས་སོ༔ མན་ངག་ང་བཞི་པ༔

༄༅༔ བླ་མ་རྡོ་རྗེ་འཛིན་པ་ལ་གསོལ་བ་གདབ་ཅིང་དྲི་མ་དག་པར་བྱེད་པའི་ཚིག་འདི་དག་བརྗོད་པར་བྱའོ༔ ཀྱེ་བླ་མ་རྡོ་རྗེ་འཛིན་ལྷ་ལ༔ བདག་ནི་སྐལ་ལྡན་སྙིང་གི་བུ༔ དད་པས་རབ་ཏུ་ཞུགས་པར་འཚལ༔ རང་བཞིན་རྫོགས་པ་ཆེན་པོ་ཡི༔ དབང་བསྐུར་ནང་དུ་ཞུགས་ལགས་པས༔ དཔའ་བོ་རྡོ་རྗེ་བླ་མ་ཡིས༔ རང་གི་སེམས་ཀྱི་གནས་ལུགས་ཀྱི༔ ཨ་ཏིའི་ད་ལ་བསྟན་དུ་གསོལ༔ བདག་ནི་ཡང་དག་འདིར་ཞུགས་ཏེ༔ སླར་ཡང་ལོག་པར་མི་བགྱིད་དོ༔ ཞེས་རང་བཞིན་རྫོགས་པ་ཆེན་པོའི་ད་ལ་(༤༩)རུ་འཇུག་པའི་གསོལ་བ་བཏབ་ནས་སློབ་དཔོན་གྱིས་རྗེས་སུ་གནང་བ་སྦྱིན་པ་ནི༔ ཨེ་མ་བུ་ཁྱོད་སྐལ་བ་བཟང༔ སྐལ་བཟང་བྱང་ཆུབ་སེམས་ཆེན་པོ༔ སྔོན་ཆད་རང་བཞིན་རྫོགས་པ་ཡི༔ ད་ལ་ཉིད་དུ་མ་ཞུགས་པ༔ དོ་ནུབ་སྐལ་ལྡན་བུ་ཁྱོད་ལ༔ རྫོགས་ཆེན་ད་ལ་བསྟན་པར་བྱ༔ སེམས་ཀྱི་རྟོག་པ་ཀུན་སོལ་ལ༔ འཇིག་རྟེན་བཅིངས་པ་ལས་གྲོལ་གྱིས༔ འདི་ལ་སྤང་བླང་ཐ་སྙད་བྲལ༔ རིགས་དང་རྒྱུད་རྣམས་སྦྱོང་བ་ཡི༔ ལུས་ངག་བདེ་བའི་རྟེན་ཡིན་པས༔ དེང་ནས་བརྩམས་ཏེ་སླར་མ་ལྡོག༔ ཅེས་རྗེས་སུ་གནང་བ་སྦྱིན་ནས༔ མཎྜལ་ཤར་གྱི་ཕྱོགས་སུ་ལུས་ཀྱི་གནད་ཙོག་པུ་ཐལ་མོ་སྦྱར་ལ་སེམས་མ་ཡེངས་པར་བླ་མ་ལ་དད་པས་སྒོམ་དུ་གཞུག༔ དེ་ནི་བསྲེ་བ་ཐུན་མོང་མ་ཡིན་པ་སྟེ་རྫོགས་པ་ཆེན་པོ་མཉམ་པའི་རྒྱས་བཏབ་པ་ཞེས་བྱའོ༔ དེ་ནས་ད་ལ་དེའི་ཐོ་ཕྱི་རྣམས་སུ་ལྷ་བཤོས་དང་སྤོས་དང་མར་མེ་ལ་སོགས་པ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་དང༔ མཁའ་འགྲོ་མ་རྣམས་མཉེས་པར་བྱས་ལ་བར་ཆད་བསལ་བའི་ཕྱིར་ཚོགས་དང་གཏོར་མ་རབ་ཏུ་བཟང་བ་བཤམ་པར་བྱའོ༔ དེ་ནས་སྤྲོས་པ་མེད་པའི་དབང་བསྐུར་བ་ནི་ངག་གི་ནུས་པ་འཇོག་པ་དང་ངག་རང་དག་ལ་འགྲོ་བའི་དོན་ཡིན་ཏེ༔ སློབ་མ་ཀུན་སོ་སོའི་ལུས་བདེ་བར་བཅོས་ལ་ངག་ཏུ་སྒྲ་ཆེ་བ་མ་ཡིན་ཆུང་བ་མ་ཡིན་པར༔ ཨ་ཨ་ཞེས་ཨ་ལ་ཡིད་གཏད་པ་ཞག་གཅིག་ཏུ་བརྗོད་པར་བྱའོ༔ དེ་ནས་ནུབ་གཉིས་པ་ལ་ཨཱ་ལིའི་ཚོགས་ཚང་བར་བརྗོད་ལ་གསུམ་པ་ལ་ཀཱ་ལིའི་ཚོགས་ཚང་བར་བརྗོད་པར་བྱའོ༔ འདིའི་དུས་ན་སློབ་དཔོན་གྱིས་ཨ་རྐྱང་པའི་དུས་ན་བུ་ཡིས་ཨ་བརྗོད་པས་རྩ་ཐམས་ཅད་ཁ་ཕྱེ་སྟེ་ཨ་ཐོལ་ཐོལ་རང་བྱུང༔ དེ་ལས་འོད་ཀྱི་གོང་བུ་རྣམས་ལས་འོད་འཕྲོས་པས་རང་བཞིན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ༔ ཀུན་བཟང་ཡབ་ཡུམ་སྦྱོར་བའི་བྱང་སེམས་འོད་ལྔའི་རྣམ་པས་ལུས་མགོ་མཇུག་རྒྱས་པར་གྱུར་པ་ལ་བློ་བཞག༔ འདིའི་དུས་ན་སྣང་བའི་རླུང་སྒྲ་བྱུང་བའི་རྩ་བཙིར་རོ༔ དེ་ལྟར་སློབ་མ་རང་ཡང་བསྒོམ་དུ་གཞུག་གོ༔ དེ་ལྟར་བཅུག་པས་ཉམས་སུ་མྱོང་བ་ཁྱད་པར་ཅན་སྐྱེ་བར་(༥༠)འགྱུར་ངེས་སོ༔ དེ་ནས་ཨཱ་ལིའི་ཚོགས་བརྗོད་པའི་དུས་ན་དེ་ཉིད་བརྗོད་པ་ཙམ་གྱིས་རྩ་རྣམས་ཀྱི་ནང་ནས་རང་བཞིན་གྱི་ཡི་གེ་རྣམས་རང་བྱུང་བས་རང་གི་ངག་ནས་ཀྱང་ཆོས་ཐམས་ཅད་ཀྱི་སྒྲ་སི་ལི་ལི་འབྱུང་བ་ལ་བློ་བཞག༔ ཀཱ་ལིའི་དུས་ན་བརྗོད་པའི་ཡི་གེ་འདི་དག་ཕྱིར་མ་སྟོན་པ་རང་གི་ཕུང་པོའི་ནང་ན་ཡི་གེས་མེར་གྱིས་ཁེངས་པ་ལ་བློ་བཞག་གོ༔ དེ་ནས་སྐལ་ལྡན་ལ་དབང་བསྐུར་བར་བྱ་སྟེ༔ ལུས་གཅེར་བུར་ཕྱུངས་ལ༔ བུམ་པའི་ཆུ་དང་སིན་དྷུ་རའི་ཐིག་ལེ་སྤྱི་བོར་བྱས་ལ༔ ངག་ཏུ་ཨཱོཾ་ཞེས་དྲག་པོར་བརྗོད་དུ་གཞུག༔ སློབ་དཔོན་གྱིས་བུའི་མགྲིན་པའི་རྩ་གཏེམས༔ འདིའི་དུས་ན་ལུས་འདར་ཞིང་གཡོ་བ་དང་ངག་རང་འཐོལ་བ་དང༔ སེམས་བག་ཡངས་སུ་འགྱུར་བ་ཉིད་འབྱུང་བ་ཡིན་ནོ༔ དེ་ནས་སློབ་མའི་ལུས་ཨཱོཾ་དཀར་པོ་ཆེན་པོ་ཞིག་ཏུ་གྱུར་པར་དམིགས་ལ་དེ་འོད་དུ་ཞུ་བ་ལས་ཆོས་ཉིད་ཀྱིས་རྒྱས་གདབ༔ དེ་ནས་བུམ་པའི་ཆུའི་ཐིགས་པ་དང་སིན་དྷུ་རའི་ཐིག་ལེ་མགྲིན་པར་བྱས་ལ༔ ངག་ཏུ་ཨ་ཨ་ཞེས་པ་དྲག་ཤུལ་དང་བཅས་པ་བརྗོད་དུ་གཞུག༔ སློབ་དཔོན་གྱིས་མཆན་ཁུང་གི་རྩ་གཏེམས༔ བུའི་ཤེས་པ་ནམ་མཁར་དྲང༔ འདི་ལྟར་བྱས་པས་ལུས་རབ་ཏུ་འདར་བ་དང༔ ངག་རབ་ཏུ་འབར་བ་དང༔ སེམས་རབ་ཏུ་གསལ་བ་དག་འབྱུང༔ དེ་ནས་བླ་མས་བུའི་ལུས་ཨ་དམར་པོ་ཤིན་ཏུ་ཆེ་བ་ཞིག་ཏུ་དམིགས་ལ་ཆོས་ཉིད་ཀྱི་རྒྱས་གདབ༔ དེ་ནས་བུམ་པ་གཅིག་གི་ཆུ་དང་སིན་དྷུ་རའི་ཐིག་ལེ་སྙིང་གར་བྱས་ཏེ༔ ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཤིན་ཏུ་རིང་བར་བརྗོད་དུ་གཞུག༔ བླ་མས་ནུ་མའི་རྩ་གཏེམས༔ ཤེས་པ་འབྱུང་བ་ལ་གཏད༔ དེ་ནས་བུའི་ལུས་ཧཱུཾ་སྔོན་པོ་ཞིག་ཏུ་དམིགས་ལ་ཐ་མ་ཆོས་ཉིད་ཀྱི་རྒྱས་གདབ༔ དེ་ཡང་རྩ་གཏེམས་པ་རྣམས་ཇི་ལྟ་བ་བཞིན་བྱའོ༔ དེ་ལྟར་ཙན་དན་དཀར་པོའི་ཐིག་ལེ་གཅིག་སྨིན་མཚམས་སུ་བྱུག༔ དེའི་སྟེང་དུ་དམར་པོའི་ཐིག་ལེ་བྱའོ༔ དེའི་རྗེས་ལ་སྟོང་ཉིད་དར་ཅིག་བསྒོམ༔ དེ་ནས་བུམ་པ་རྣམས་ཡི་གེའི་རང་བཞིན་དུ་དམིགས་ལ་བུའི་ངག་ལ་བསྟིམ༔ ཆུ་དང་སྨན་ལ་སོགས་པ་(༥༢)རྣམས་ལས་རང་བཞིན་གྱི་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་རང་སྒྲ་བྱུང་སྟེ༔ ཆོས་ཐམས་ཅད་བརྗོད་དུ་མེད་པའོ༔ བསམ་དུ་མེད་པའོ༔ བལྟར་མེད་པའོ༔ གཉིས་སུ་མེད་པའོ༔ མཚན་མ་མེད་པའོ༔ སྨོན་པ་མེད་པའོ༔ སྤྲོས་པ་མེད་པའོ༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ༔ ཞེས་པའི་སྒྲ་ཡང་བྱུང་བས་བུ་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པར་དམིགས་ལ་བདག་གི་ངག་ཏུ་ཡང་གོང་གི་ཚིག་དེ་རྣམས་བརྗོད་པར་བྱའོ༔ དེ་ནས་ངག་གི་ལས་རྫོགས་པར་བྱ་བའི་ཕྱིར་གླུ་ལན་གསུམ་བླངས༔ གླིང་བུ་ལ་སོགས་པའི་སྒྲའི་བྱེ་བྲག་རྣམས་བསྒྲག་ཅིང་དེ་ཉིད་ཀྱི་མན་ངག་བསྟན་པར་བྱའོ༔ དེ་ནས་བདག་གི་རྫོགས་པ་ཆེན་པོ་རང་སྣང་མཉམ་པའི་རྒྱས་བཏབ་པའི་ཕྱིར་ཚིག་གི་རྒྱལ་པོ་འདི་དག་ངག་གི་ངར་བསྐྱེད་ལ་བརྗོད་པར་བྱའོ༔

ཨེ་མ་ཧོ༔ མཉམ་ཉིད་སྤྲོས་པ་མེད་པའི་བདེ་ཆེན་དེ༔ བལྟར་མེད་བསམ་ཡུལ་འདས་པ་ངོ་མཚར་ཆེ༔ གཉིས་མེད་ཡེ་ཤེས་རང་སྣང་ཀུན་ཁྱབ་ནི༔ རང་རིག་ཀུན་ཏུ་སྣང་བ་ངོ་མཚར་ཆེ༔ བྱ་བྲལ་རང་བཞིན་རྫོགས་ཆེན་གནས་ལུགས་ཉིད༔ མ་བཙལ་རང་ལས་བྱུང་བ་ངོ་མཚར་ཆེ༔ སྤྲོས་བྲལ་ངོ་བོ་རང་བཞིན་རྣམ་དག་ལ༔ དགེ་སྡིག་མཐའ་ལས་འདས་པ་ངོ་མཚར་ཆེ༔ རང་སྣང་བཅོས་པ་མེད་པའི་རིག་པ་ཉིད༔ ལྟ་སྒོམ་སྤྱོད་པར་སྣང་བ་ངོ་མཚར་ཆེ༔ རང་ལས་བྱུང་བའི་རང་འོད་སྒྲོན་མ་ཉིད༔ མངོན་སུམ་ཡུལ་དུ་སྣང་བ་ངོ་མཚར་ཆེ༔ ངོ་བོ་རང་བཞིན་ཐུགས་རྗེ་ཕྱོགས་མེད་ལས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཤར་བ་ངོ་མཚར་ཆེ༔ བརྗོད་མེད་རྣམ་པར་དག་པའི་ཡེ་ཤེས་ཉིད༔ སྟོང་པའི་ཡུལ་ལ་སྣང་བ་ངོ་མཚར་ཆེ༔ མ་རིག་མུན་སེལ་ཐིག་ལེ་སྟོང་པ་ཉིད༔ དབང་པོའི་ཡུལ་ལ་སྣང་བ་ངོ་མཚར་ཆེ༔ ཞེས་ཚིག་དེ་དག་བརྗོད་ལ་དེ་དག་གི་དོན་ཡང་བཤད་དོ༔ དེ་ནས་རྫོགས་པ་ཆེན་པོ་བརྗོད་པ་ལས་འདས་པའི་དོན་དེ་སྐལ་ལྡན་གྱི་བློ་ལ་གནས་པར་བྱ་བའི་ཕྱིར༔ དངོས་པོ་གང་ལ་ཡང་རང་བཞིན་མེད་པ་ཡིན་ནོ༔ བལྟར་མེད་པ༔ སྲོག་མེད་པ༔ སྙིང་པོ་མེད་པ་དང༔ ཡ་མ་བརླ་ཡིན་པ་དང༔ ཚིག་མེད་པ་དང༔ ཡི་གེ་(༥༢)མེད་པ་དང༔ སྒྲ་མེད་པ་དང༔ ཐ་སྙད་མེད་པའོ༔ ཞེས་དངོས་པོའི་འདུག་ཚུལ་བརྗོད་མེད་དུ་གཏན་ལ་དབབ་པའོ༔ ཚིག་རྣམས་ཀྱི་དོན་བརྗོད་དུ་མེད་པའི་དོན་བློ་ལ་བསྐྱེད་པར་བྱའོ༔ དེ་ལ་ངེས་ཤེས་ཙམ་མ་སྐྱེས་ན༔ འཁོར་བའི་ཞེན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང༔ སྤྲུལ་པ་ལྟ་བུ་དང༔ དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༔ བར་སྣང་གི་གློག་ལྟ་བུ་དང༔ མྱུར་བྱེད་ཀྱི་འཁོར་ལོ་ལྟ་བུ་ལ་སོགས་ཏེ་དཔེ་དུ་མས་མཚོན་ནས་བསྟན་པར་བྱའོ༔ དེ་ཉིད་ཀྱི་དོན་གྱིས་འཁོར་བའི་ཞེན་པ་བྲལ་ནས་གོང་མའི་དོན་ལ་འཇུག་པའི་དགོས་པ་ཡོད་དོ༔ ཡང་གོང་མའི་ཆོས་རྣམས་ལ་ངེས་ཤེས་བསྐྱེད་པའི་ཕྱིར་དང་འདོད་པ་རྣམས་དང་བྲལ་བར་བྱ་བའི་ཕྱིར་འཁོར་བ་ལ་ཞེན་པའི་སྐྱོན་འདི་ལྟ་བུ་ཡང་བསྟན་པར་བྱ་སྟེ༔ འཁོར་བ་ནི་དཔེར་ན་ཟོ་ཆུའི་རྣམ་པ་དང་མཚུངས་པ་དང༔ སྦྲུལ་སྨྱུག་དོང་དུ་ཚུད་པ་ལྟ་བུ་དང༔ འདབ་ཆགས་རྙི་ལ་ཟིན་པ་ལྟ་བུ་དང༔ རི་དྭགས་རྒྱར་ཚུད་པ་ལྟ་བུ་དང༔ ཕྱིའི་རྒྱ་མཚོར་གཟིངས་ཐག་ཆད་པ་ལྟ་བུ༔ རབ་ཏུ་བརྒལ་བར་དཀའ་བའི་འདམ་རྫབ་ཆེན་པོར་བྱིང་བ་ལྟ་བུ༔ མེ་དཔུང་འབར་བའི་ནང་དུ་སྦྲང་བུ་ཚུད་པ་ལྟ་བུ་དང༔ འཇིགས་པ་དང་བཅས་པའི་འཕྲང་དུ་ལམ་ནོར་བ་ལྟ་བུ༔ སྐྱེས་བུ་གསོད་པའི་གཤེད་མའི་དཀྱིལ་དུ་ཆུད་པ་ལ་སོགས་པའི་དཔེ་དུ་མས་བསྟན་ནོ༔ དེ་ལྟར་དྲན་པར་བྱས་ལ་འདོད་པ་དང་བྲལ་བར་བྱ་བའི་ཕྱིར་འདི་དག་ཀྱང་བསྟན་པར་བྱའོ༔ འདོད་པ་ནི་དཔེར་ན་སྐྱེས་པ་སྐོམ་གྱིས་གདུང་བ་ཞིག་ལ་ཚྭ་ཆུ་བླུད་པ་ལྟ་བུ་དང༔ དུག་གི་ལོ་མ་ལྟ་བུ་དང༔ དུག་སྦྲུལ་གྱིས་ཟིན་པ་ལྟ་བུ་དང༔ སྤུ་གྲིའི་སོ་ལྟ་བུ་དང༔ བུད་མེད་ཀྱི་འདོད་ཆགས་ལ་སོགས་པ་སྒོ་དུ་མ་ནས་མཚོན་ལ་བསྟན་པར་བྱའོ༔ དེ་ནས་ལུས་ངག་ཡིད་གསུམ་རྫོགས་པ་ཆེན་པོའི་སྟོང་པ་ཉིད་དུ་དར་ཅིག་སྒོམ་དུ་གཞུག༔ དེ་ཉིད་ཀྱི་དོན་བརྡས་བསྐུལ་བའི་ཕྱིར་ཚིག་ཏུ་ཡང་འདི་སྐད་བརྗོད་པར་བྱའོ༔ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ༔ དངོས་པོ་མཚན་མར་འཛིན་པ་ཡོང་རེ་འཁྲུལ༔ ཆོས་ཀྱི་དབྱིངས་ཉིད་(༥༣)སྤྲོས་དང་བྲལ་བ་ལ༔ སྤྲོས་པ་ཚིག་ཕྱིར་འབྲངས་པ་ཡོང་རེ་འཁྲུལ༔ རང་རིག་ཡེ་ཤེས་འདོད་ཆགས་བྲལ་བ་ལ༔ ཕྱོགས་འཛིན་འདོད་པའི་བློ་འདི་ཡོང་རེ་འཁྲུལ༔ སྙིང་པོ་དོན་གྱི་ཡེ་ཤེས་རང་ཤར་ལ༔ གཞན་བྱུང་རྩོལ་ཞིང་སྒྲུབ་པ་ཡོང་རེ་འཁྲུལ༔ སེམས་ཉིད་སྐྱེ་ཤི་གཉིས་ལས་འདས་པ་ལས༔ སྐྱེ་འགག་གཉིས་སུ་འཛིན་པ་ཡོང་རེ་འཁྲུལ༔ འབྲས་བུ་རང་རྫོགས་སྨོན་པ་བྲལ་བ་ལས༔ རྣམ་དཔྱོད་དུས་ལ་ལྟོས་པ་ཡོང་རེ་འཁྲུལ༔ བདེ་སྡུག་ཐམས་ཅད་མཉམ་པའི་ཆོ་འཕྲུལ་ལ༔ བདེ་སྡུག་གཉིས་སུ་ལྟ་བ་ཡོང་རེ་འཁྲུལ༔ ཀུན་ཏུ་བཟང་པོ་རང་ལ་གནས་པ་ལ༔ གཞན་དུ་ཡི་དམ་འཚོལ་བ་ཡོང་རེ་འཁྲུལ༔ བདག་ཉིད་ཡེ་སངས་རྒྱས་པ་ཡིན་པ་ལ༔ ངན་སོང་གསུམ་དུ་འཛིན་པ་ཡོང་རེ་འཁྲུལ༔ འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ༔ ཡང་དག་སངས་རྒྱས་འདོད་པ་ཡོང་རེ་འཁྲུལ༔ དུག་ལྔ་མ་སྤངས་རང་བྱུང་ཆེན་པོ་ལ༔ ཉོན་མོངས་ལྔ་རུ་འཛིན་པ་ཡོང་རེ་འཁྲུལ༔ འཁྲུལ་པའི་སྣང་བ་ཆོས་སྐུ་རང་བཞག་ལ༔ དངོས་པོ་བདག་ཏུ་འཛིན་པ་ཡོང་རེ་འཁྲུལ༔ ཐེག་པ་རིམ་དགུའི་རང་བཞིན་ཤར་བ་ལ༔ སོ་སོའི་འདོད་གཞུང་འཛིན་པ་ཡོང་རེ་འཁྲུལ༔ ཞེས་པའི་ཚིག་གིས་སྤྲོ་བ་བསྐྱེད་ཅིང་བསྟན་པར་བྱའོ༔ དེ་ནས་སྒྲའི་བྱེ་བྲག་སྣ་ཚོགས་པས་གཏོར་མ་ཉིད་མཁའ་འགྲོ་མའི་ཚོགས་ལ་དབུལ་བར་བྱའོ༔ ལོངས་སྤྱོད་སྤེལ་བའི་ཕྱིར་ཚོགས་ཀྱི་སྟོན་མོ་ཡང་བྱའོ༔ སློབ་མས་རབ་ཏུ་གཅེས་པའི་ནོར་བླ་མ་ལ་ཕུལ་ནས་མཉེས་པར་བྱའོ༔ དེ་ནས་སློབ་དཔོན་གྱིས་སྐྱེ་བ་མེད་པའི་གདམས་པ་བསྟན་ལ་རང་སེམས་ངོ་ཤེས་པར་བྱ༔ ངག་ལ་བརྟེན་པའི་བསམ་གཏན་རྣམས་བསླབས་ལ་སྒོམ་དུ་གཞུག་གོ༔ སྤྲོས་པ་མེད་པའི་དབང་བསྐུར་བ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ༔ སློབ་དཔོན་ཆེན་པོ་སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔

སྤྲོས་མེད་དབང་བསྐུར་རིན་ཆེན་བཀོད་པའི་གནད་ཀྱི་ཡི་གེ་དམ་པ།

༄༅༔ སྤྲོས་མེད་དབང་བསྐུར་རིན་ཆེན་བཀོད་པའི་གནད་ཀྱི་ཡི་གེ་དམ་པ་བཞུགས་སོ༔ མན་ངག་ང་བཞི་པའི་གྲས༔

༄༅༔ བཅོམ་ལྡན་འདས་(༥༤)གབ་པ་མངོན་དུ་འབྱིན་པའི་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ༔ ཡང་ཏིག་སྦས་པ་གབ་པའི་ཡི་གེ་ཉིད༔ སྤྲོས་མེད་དབང་བསྐུར་རིན་ཆེན་བཀོད་པ་ལ༔ གབ་ཅིང་སྦས་དང་འཁྲུགས་ཤིང་གཅུས་པའི་ཚིག༔ གབ་པ་མཆོག་གསལ་ཡི་གེ་ནག་པོ་འདིས༔ འགྲུབ་ཅིང་འབྲས་བུ་མྱུར་དུ་འབྱིན་པ་ཡི༔ རང་བཞིན་གནད་ལ་འབེབས་པའི་ཡི་གེ་ནི༔ སྐལ་དང་ལྡན་པ་རྣམས་ཀྱིས་སྤྱད་པར་བྱའོ༔ སྐལ་བ་དང་ལྡན་པ་རྣམས་ཀྱིས་དབང་བཞི་རྫོགས་པར་བྱེད་པར་འདོད་པས་ནི༔ སྔོན་དུ་སྤྲོས་བཅས་ཀྱི་དབང་གིས་ཐེག་པ་རིམ་པ་དགུའི་ལྟ་བའི་དོན་དུས་གཅིག་ལ་རྟོགས་པའི་ཐབས་ལ་བརྟེན་ནས་སྐལ་ལྡན་གྱི་ལུས་ལ་ནུས་པ་འཇོག་པར་བྱེད་ལ༔ ལུས་ཀྱི་དྲི་མ་དང་ཞེན་པའི་མཐའ་ཐམས་ཅད་དག་པར་བྱས་ནས་དེ་ནས་སྤྲོས་པ་མེད་པའི་དབང་བསྐུར་རིན་པོ་ཆེ་བཀོད་པས་ངག་གི་རྣམ་པར་རྟོག་པ་དང་ཞེན་པའི་མཐའ་དང་དྲི་མ་ཐམས་ཅད་དག་པར་བྱེད་པ་དང་ངག་ལ་ནུས་པ་བཞག་པའི་ཐབས་ཡིན་ནོ༔ ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་ལ་ནུས་པ་འཇོག་པ་དང་ཡིད་ཀྱི་ཞེན་པའི་མཐའ་དང་དྲི་མ་དག་པར་བྱེད་པ་ཡིན་ལ༔ རབ་ཏུ་སྤྲོས་པ་མེད་པས་ནི་སེམས་ཀྱི་དྲི་མ་དང་ཞེན་པའི་མཐའ་དང་རྟོག་པ་ཐམས་ཅད་དག་པར་བྱེད་པ་དང་སེམས་ལ་ནུས་པ་འཇོག་པ་ཡིན་ནོ༔ དེ་དག་སྤྲོས་བཅས་ཀྱི་རང་གི་སྙིང་གའི་སྐུ་རྣམས་ལ་དབང་བ་དང་སྐུ་ཐམས་ཅད་ཀྱི་དབང་ཐོབ་པའོ༔ སྤྲོས་མེད་ཀྱིས་ནི་རྩ་རྣམས་ཀྱི་ནང་ན་གནས་པའི་ཐིག་ལེ་ལ་དབང་བས་ཐིག་ལེ་ཐབས་ཀྱི་དབང་ཐོབ༔ ཤིན་ཏུ་སྤྲོས་པ་མེད་པའི་དབང་བསྐུར་གྱིས་ནི་བྷནྡ་འབར་བའི་གཞལ་ཡས་ནས་ཁྲོ་བོའི་སྐུ་ལ་དབང་བས་ཏེ་ཁྲོ་བོ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ༔ རབ་ཏུ་སྤྲོས་པ་མེད་པས་ནི་མིག་ནས་སྒྲོན་མ་འཆར་བ་ལ་དབང་བས་སྒྲོན་མ་དང་རིག་པ་འདུ་འབྲལ་མེད་པའི་དབང་ཐོབ་པའོ༔ འདི་ནི་སྤྲོས་པ་མེད་པའི་དབང་གི་རྒྱབ་རྟེན་གྱི་ཡི་གེ་དམ་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་གནད་ཀྱི་མན་ངག་ཡང་དག་པ་ནི༔ སྔོན་དུ་རྡོ་རྗེ་སློབ་དཔོན་རབ་ཏུ་བརྟག་པ་གཅེས༔ (༥༥)རང་མ་དག་ན་ཉེས་པའི་སྐྱོན་ཆེ་བས་ལྟ་སྒོམ་གྱི་དོན་ལ་བརྩོན་པ་གནད་ཆེ་བ་ཡིན་ནོ༔ གལ་ཏེ་འཇིག་རྟེན་འདིའི་སྤྱོད་ཡུལ་ཅན་གྱིས་བྱས་ན་གཉིས་ཀ་རྡོ་རྗེ་དམྱལ་བའི་གནས་སུ་སེམས་ཀྱི་སྣང་བ་འཕང་བར་འགྱུར་བ་ཡིན་ནོ༔ དེའི་ཕྱིར་ན་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གནས་ཤིང་འཇིག་རྟེན་གྱི་བྱ་བས་མ་ཡེངས་པ་མདོར་ན་འཁོར་བའི་བྱ་བ་སྤངས་པ་ཞིག་གིས་བྱའོ༔ སློབ་མ་ཡང་འཇིག་རྟེན་འདི་ལ་མངོན་ཞེན་ལོག་པ༔ འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་པ༔ གཏོང་ཕོད་ཆེ་ཞིང་སྤྱོད་ལམ་ཡངས་པ༔ རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ༔ ཕྱི་འཁོར་བའི་བྱ་བ་ལ་མི་འཇུག་པར་ངེས་པ༔ འདི་ཉིད་ཀྱི་དོན་ཉམས་སུ་ལེན་ངེས་པ་ཞིག་གིས་བྱ་བ་ལས་གཞན་གང་རུང་རུང་གིས་མ་ཡིན་ནོ༔ འཇིག་རྟེན་འདིའི་བློ་དང་མ་བྲལ་བར་བྱས་ན་རྡོ་རྗེའི་དམྱལ་བར་སེམས་ཀྱི་སྣང་བ་འཆར་བར་འགྱུར་རོ༔ དེས་ན་སློབ་དཔོན་སློབ་མ་གཉིས་ཀ་དག་པ་གལ་ཆེའོ༔ འདིར་གབ་པ་རྣམས་ཀྱི་དོན་མངོན་དུ་ཕྱུངས་ཏེ་བསྟན་པར་བྱའོ༔ རྡུལ་ཚོན་གྱི་བུམ་པ་དམར་པོ་བསྣོལ་མ་བྲི་བ་ནི་མཁའ་དབྱིངས་མཚོན་པའི་དོན་ཡིན་ནོ༔ རིན་པོ་ཆེའི་བུམ་པ་ནི་ཤར་ཕྱོགས་སུ་ཟེར་ཡང་དེར་མི་བཞག་སྟེ༔ ཤར་ཕྱོགས་སུ་སློབ་མ་འདུག་པའི་ས་ཡིན་པས་རིན་པོ་ཆེའི་བུམ་པ་དེ་ནུབ་ཏུ་བཞག་གོ༔ མེ་ལོང་གསུམ་གྱིས་དབྱིངས་མཚོན་པ་སྟེ༔ མེ་ལོང་གསུམ་པོའི་ནང་དུ་རྨ་བྱའི་མདོངས་གསུམ་གྱི་མདོངས་བསྟན་ལ་བཞག༔ དེ་ནས་དབང་རྫོགས་པའི་དུས་སུ་སློབ་མ་ལ་མན་ཤེལ་རེས་གཏད་དེ་རེས་མོས་ཀྱིས་གསུམ་གསུམ་ལ་རིམ་གྱིས་ངོ་སྤྲད་པ་ཡིན་ཏེ༔ དང་པོ་སྤྲུལ་པ་སྐུའི་དབྱིངས་དང་རིག་པ་ལ་ངོ་སྤྲད་པ༔ གཉིས་པ་ལོངས་སྐུར༔ གསུམ་པ་ཆོས་སྐུའི་དབྱིངས་དང་རིག་པ་ལ་ངོ་སྤྲད་དོ༔ ཀྱེ་མ་བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ནི་མངོན་འབྱུང་དུ་སློབ་དཔོན་གྱིས་ལན་གཅིག་བརྗོད་པས་ལམ་བསྟན་པ་ཡིན་གྱི༔ དེ་ནས་ལན་གསུམ་བདག་ཉིད་ཀྱིས་སྣ་དྲངས་ལ་བརྗོད་པར་བྱའོ༔ སློབ་དཔོན་གྱིས་རྗེས་གནང་ལན་གཅིག་གིས་ཆོག༔ བསྲེ་བའི་དུས་ན་མཉམ་པའི་རྒྱས་གདབ་པ་ནི་སྨིན་(༥༦)མཚམས་སུ་ཙན་དན་གྱི་ལྡེ་གུས་བྱུགས་པས་ལུས་གྲང་བསིལ་བ་ལ་བརྟེན་ནས་མཉམ་པ་ཉིད་སྐྱེ་བའོ༔ ཨ་བརྗོད་པ་ནི༔ རླུང་དང་བསྲེས་ལ་ཅི་ནས་ཀྱང་རིང་བར་བྱའོ༔ འདི་ལྟར་བྱས་པས་འདི་ཉིད་ཀྱིས་དུས་སུ་རང་དྲན་པ་ཉམས་ཏེ་རྟོག་མེད་དུ་གྲོལ་བ་ཡང་ཡོད༔ ལ་ལ་ངག་ཏུ་སྨྲ་བ་དང་ལུས་འཕར་བ་དག་ཏུ་འོང་བ་ཡིན་ནོ༔ ཨཱ་ལི་དང་ཀཱ་ལི་ནི་ཐུང་བར་བྱའོ༔ སྐབས་སུ་དྲག་པར་བྱའོ༔ མགྲིན་པའི་རྩ་ནི་གཉིད་ལོག་གཡོན་ཡིན༔ མཆན་ཁུང་གི་རྩ་ནི་མ་ཡིན་ཏེ༔ གསང་བའི་རྩ་ཡིན་ནོ༔ ནུ་མ་ནི་བུད་མེད་ལ་ཡིན་ནོ༔ སྐྱེས་པ་ལ་རྩིབ་མ་གཡས་པའི་རྩ་མཉེའོ༔ དེ་ལྟར་བྱས་པས་རང་བཞིན་རྫོགས་པ་ཆེན་པོ་ཉམས་སུ་མྱོང་བ་རྒྱུད་ལ་འཇོག་པ་ཡིན་ནོ༔ དེ་ནས་ཚིག་ཏུ་བརྗོད་པ་དེ་དག་ནི་ལན་གསུམ་གསུམ་དུ་བསྐྱར་ལ་བྱའོ༔ འདིའི་དུས་སུ་དཔེ་དུ་མ་ལ་བརྟེན་ནས་གྲོལ་བ་ཡིན་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་པོ་རྫོགས་པར་བྱ༔ དེ་ནས་འཆི་བ་རྣམས་བརྟག༔ གལ་ཏེ་འཆི་བའི་རྟགས་བྱུང་ན་བསླུ་བའི་ཆོ་ག་རྣམས་བྱའོ༔ དབང་བསྐུར་རིན་པོ་ཆེ་བཀོད་པའི་གནད་ཀྱི་ཡི་གེ་དམ་པ་རྫོགས་སོ༔

སྤྲོས་མེད་དབང་གི་བུམ་ཐིག་དང་དག་པ་སྦྱར་བ།

༄༅། །སྤྲོས་མེད་དབང་གི་བུམ་ཐིག་དང་དག་པ་སྦྱར་བ་བཞུགས་སོ། །གུ་ཧྱ། ལུང་མེད།

༄༅། །རང་བཞིན་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། །ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་བཞིན་དེ་གནས་སྒྲིབ་བྲལ་གདོད་མའི་ངང་། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབ་གནས་པ་བརྡའ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །གྲུ་བཞི་པ་ནི་ཆ་བཞིར་བགོ། །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་བགོ་ཕྱི་ཐིག་གི། །གཡས་གཡོན་ལྟོ་བའི་བཞི་ཆ་རེར། །(༥༧)མཚན་མ་བྱས་ལ་གྱེན་ཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡིས། །ཤར་དང་ལྷོ་གཉིས་བུམ་པའི་གཤམ། །ནུབ་དང་བྱང་གཉིས་ཁ་ཡིན་ཏེ། །ལོགས་ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ནས་བསྐོར་ན་བཞི་པ་ཡི། །ཤར་ལྷོའི་ཕྱེད་ལ་བུམ་གདན་བྱ། །ནུབ་བྱང་སྒང་པོ་ཁ་རྒྱན་བྲིས། །ཟུར་ནས་བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང་། །ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟེ། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་ར་བས་བསྐོར། །དེ་ཡང་ནང་ནས་རིམ་པ་བཞིན། །དཀར་དམར་མཐིང་སེར་ལྗང་ཁུའོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡའ། །དེ་ཡི་དག་པ་དྲན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་མདངས་ལྔར་གནས་པས་ན། །ཁ་དོག་ལྔ་ཡི་ར་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡའ། །ལྟ་ལུགས་གཉིས་ཀྱི་བུམ་པ་གཉིས། །དེ་ལས་འདོད་དགུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གི་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་ཉིད་ཀྱི་ཕྱིར། །བུམ་གདན་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་ངང་། །རང་བཞིན་གནས་པའི་བརྡའ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་དེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང་། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་མདངས་ཁ་དོག་རྣམ་ལྔ་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་གནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཀྱང་གཉིས། །འགྱུ་བའི་སེམས་དང་འབྱུང་བཞིའི་ལུས། །རྡོས་བཅས་ཡུལ་དང་བཅས་པའོ། །དེ་(༥༨)ལྟར་རྩལ་གཉིས་སྦྱང་བའི་ཕྱིར། །ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གཉིས། །ཁྲེགས་ཆོད་ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུ་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་བཏབ་པས། །ལུས་དང་ཡུལ་གྱི་རྡོས་བཅས་ནུབ། །རང་གསལ་ཐོག་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཐོད་རྒལ་ཁྲེགས་ཆོད་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་ཉིད་ནི། །བུམ་པའི་བརྡའ་ཡིས་མཛད་པའོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང་། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ན། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐའ་མེད། །སྟོང་ཁམས་རིག་པའི་ཞིང་ཁམས་ན། །སེམས་དེ་འོད་དང་འོད་ཁྱིམ་དང་། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང་། །ལྷུན་འབྱམས་སྙིང་པོ་རྒྱལ་བའི་ཞིང་། །རྣམ་དག་སྟུག་པོ་བཀོད་པའོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང་། །མི་གསུང་མི་གཡོ་སྤྲོས་དང་བྲལ། །བྱིན་གྱིས་བརླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་ཅོད་པན་ཡང་། །རང་བབས་ཕྱོགས་བཅུར་རབ་སྣང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ནི། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡི། །སྤྲུལ་པ་རྣམས་ཏེ་དེ་ལྟར་ན། །འབྲས་བུའང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པའོ། །འདི་ནི་བྱར་མེད་ཀློང་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར། །དགེའོ།། །།

ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང་།

༄༅༔ ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང་བཞུགས་སོ༔ ལུང་མེད༔

༄༅༔ རྒྱ་གར་སྐད་དུ༔ མཧཱ་སནྟི་ཨ་བྷི་ཥེ་ན་ཀ་རུ་ར་ནཱ་མོ༔ བོད་སྐད་དུ༔ རང་བཞིན་རྫོགས་པ་ཆེན་པོའི་དབང་བསྐུར་བ་བྱ་རྩོལ་ལས་འདས་པའི་ལུགས༔ བཅོམ་ལྡན་འདས་བྱ་རྩོལ་ཀ་དག་ཉིད་ལ་ཕྱག་འཚལ་ལོ༔ གང་འདིར་འབྲས་བུ་སྨིན་བྱེད་པའི༔ རང་བཞིན་གནས་ལུགས་མཚོན་པའི་ཕྱིར༔ ཡེ་ཤེས་རྩོལ་སྒྲུབ་བྲལ་བའི་དོན༔ སྙིང་པོ་བླ་མེད་དོན་མཆོག་གིས༔ ད་ལྟ་ཉིད་དུ་འཐོབ་བྱའི་ཕྱིར༔ གསང་སྔགས་ཐབས་ཀྱིས་མཚོན་ཚུལ་ལས༔ འདིར་ནི་བྱ་རྩོལ་བྲལ་བའི་ཆོས༔ གསང་མཆོག་དབང་རྣམས་བསྐུར་འདོད་པའི༔ དོན་གྱི་དབང་བསྐུར་བཤད་པར་བྱ༔ ལུས་བཅས་རྩོལ་སྒྲུབ་མེད་པ་ཡིས༔ མ་བསྐུར་ཡེ་རྫོགས་དོན་དེ་ཉིད༔ མ་བྱས་བཞག་པའི་རང་བཞིན་དུ༔ ཐོག་མར་བབས་ཀྱིས་གྲུབ་པའི་ལུགས༔ རྣམ་དག་སྲིད་གསུམ་ཡོངས་གྲོལ་ཞིང༔ སྟོང་གསུམ་ཡེ་རྒྱས་བཏབ་པའི་དབང༔ རིམ་མིན་ཅིག་ཅར་འཇུག་པའི་ཚུལ༔ རང་གནས་བབས་ལུགས་ཆེན་པོའི་དབང༔ དབང་པོ་རབ་ཀྱི་ཡང་རབ་ཀྱི༔ དོན་དུ་ཡི་གེ་འདི་བརྩམས་བཀོད༔ དེ་ཡང་གཞི་ནས་གྲུབ་པའི་ཕྱིར༔ གློ་བུར་བཙན་ཐབས་ཡང་མིན་ཏེ༔ རང་ལ་གནས་པའི་ཡེ་ཤེས་ཉིད༔ དབང་པོས་དངོས་སུ་བལྟ་དོན་དུ༔ ངེས་པའི་དབང་འདིས་རྡུལ་ཚོན་ནས༔ ཡེ་ཤེས་ཅིག་ཅར་འཇུག་པའི་ཕྱིར༔ ལྷ་སྔགས་དམ་རྫས་མ་བརྟེན་པར༔ གནས་ལུགས་ཚིག་གིས་མཚོན་བྱས་ནས༔ རྩལ་དབང་མ་བསྐུར་རྫོགས་པའི་དོན༔ དད་བརྩོན་ཤེས་རབ་ལྡན་པ་ཡིས༔ སྐལ་ལྡན་སྙིང་གི་བུ་གཅིག་ལ༔ གཅིག་དང་གཉིས་དང་གསུམ་ལ་ནི༔ ངེས་པར་ཉམས་སུ་མྱོང་བའི་གནད༔ བསྐུར་ལུགས་འདི་ལ་བརྟེན་ནས་ནི༔ ཅིག་ཅར་དོན་དུ་འདི་བསྟན་པས༔ འདི་ལྟར་སྤྱོད་ཅིག་ས་མ་ཡཱ༔ འདི་ཉིད་གསང་སྔགས་ཀུན་གྱི་བཅུད༔ མ་བཙལ་བཞག་པའི་དོན་དེ་ནི༔ བདག་གིས་བརྡའ་ལ་བརྟེན་ནས་ཀྱང༔ ཤེས་རབ་ཀྱིས་ནི་དཔྱད་མེད་པར༔ དབང་པོའི་སྒོ་ལ་མངོན་སུམ་དུ༔ སྣང་བ་ཡེ་ཤེས་གཏན་དབབ་ཕྱིར༔ འདི་ལྟར་ངེས་པའི་དོན་འཇུག་(༦༠)བགྱི༔ འདིར་གསང་བ་ངོ་བོ་ཉིད་ཀྱི་དབང་བསྐུར་ཐོབ་པར་འདོད་པ་རྣམས་ཀྱིས་འདི་ལྟར་འཇུག་པར་བྱའོ༔ དེ་ཡང་བླ་མ་ལུང་དང་ལྡན་པ་རབ་ཏུ་གཅེས་ཏེ༔ ལུང་དང་མི་ལྡན་པའམ༔ དམ་ཚིག་མེད་པའམ༔ འཇིག་རྟེན་གྱི་རྙེད་བཀུར་ལ་སེམས་པའམ༔ གསང་སྔགས་ལུང་བཞིན་མི་འཛིན་པའམ༔ རྒྱུད་ལ་དགོངས་པ་མི་གནས་པའམ༔ རིག་པ་མངོན་སུམ་དུ་མ་མཐོང་བས་ནི་དབང་བསྐུར་དུ་རུང་བ་མ་ཡིན་ཏེ༔ འདི་ལྟ་བུའི་བླ་མས་དབང་བསྐུར་ན་ལམ་ལོག་པར་འདྲེན་པས་ན་ལོག་འདྲེན་ཞེས་བྱའོ༔ འདིས་དབང་བསྐུར་ན་ལུས་སེམས་ཆུད་ཟོས་པའི་སྟེང་དུ་རྡོ་རྗེའི་དམྱལ་བར་མདའ་འཕངས་པ་བཞིན་དུ་དཔོན་སློབ་གཉིས་ཀ་སེམས་ཀྱི་སྣང་བར་འགྱུར་རོ༔ དེའི་ཕྱིར་ན་མཚན་ཉིད་དང་ལྡན་པའི་བླ་མ་རབ་ཏུ་གཅེས་སོ༔ སློབ་མ་ཡང་སུ་རུང་རུང་ལ་བྱ་བ་མ་ཡིན་ཏེ༔ རྩོལ་བྲལ་གྱི་དབང་ལ་འཇུག་པའི་དད་པ་ཅན༔ འཁོར་བ་ལ་ཡིད་དབྱུང་དད་པ་ལ་སྐྱོ་ངལ་མེད་པ་དང༔ འཇིག་རྟེན་གྱི་ནོར་ལ་ཆགས་པ་མེད་ཅིང་གཏོང་ནུས་པ་དང༔ ཤེས་རབ་ཆེན་པོ་མཆོག་གི་བློ་རྒྱས་པ་དང༔ གསང་སྔགས་ལ་སྲི་ཞུ་ཁྱད་པར་ཅན་གྱིས་རབ་ཏུ་ཞུ་བ་དང༔ བླ་མ་ལ་གུས་ཤིང་དབང་པོ་དུལ་བ་དང༔ ང་རྒྱལ་དང་བྲལ་ཞིང་ཆོག་ཤེས་པ་དང༔ སྐྱེ་ཤི་གཉིས་ལ་བྲེད་པའི་གང་ཟག་གིས་འཇུག་པར་བྱ་བ་ཡིན་གྱིས༔ འདི་ལྟ་བུ་དང་མི་ལྡན་པས་དབང་བསྐུར་ཞུས་ན་དཔོན་སློབ་གཉིས་ཀ་སེམས་ཀྱི་སྣང་བ་རྡོ་རྗེ་དམྱལ་བར་སེམས་པར་འགྱུར་རོ༔ དེས་ན་ཐོག་མ་ནས་བརྩམས་པ་མཆོག་ཡིན་ནོ༔ འདི་ནི་དཔེར་ན་རྩིག་པའི་རྨང་ལེགས་པ་དང་འདྲ་སྟེ༔ རྨང་ལེགས་ན་རྩེ་ལ་བླངས་ཀྱང་ཉེས་པའི་སྐྱོན་མི་འོང་སྟེ༔ དེའི་ཕྱིར་ན་བླ་མ་ལུང་དང་ལྡན་ཞིང་སློབ་མ་དད་བརྩོན་ཤེས་རབ་དང་ལྡན་པ་གལ་ཆེའོ༔

ད་ནི་བླ་མའི་བྱ་བ་བསྟན་པ་ནི༔ དེ་ནས་སྐལ་ལྡན་ལ་དབང་བསྐུར་བའི་དོན་དུ་བླ་མས་རང་གི་ལུས་བཀྲུས་ནས་རང་གི་བླ་མ་ལ་ཡོན་འབུལ་བ་དང་གསོལ་བ་བཏབ་ནས་(༦༡)དབང་བསྐྱར་ཏེ་ཞུས་ལ་བླ་མ་མཉེས་པར་བྱ༔ གལ་ཏེ་བླ་མ་མི་བཞུགས་ན་བླ་མའི་སྐུ་གསུང་ཐུགས་ལ་ཤེས་པ་གཏད་དེ་ཞག་བདུན་ནམ་བཅུ་གཅིག་ཚུན་དུ་གསོལ་བ་གདབ་ཅིང་བསྒོམ་པར་བྱའོ༔ དེ་ལྟར་བྱས་པས་དངོས་སམ་རྨི་ལམ་ལྟས་སུ་རང་གི་བླ་མ་བྱོན་ནས་ཆོས་སྟོན་པ་ལ་སོགས་པའི་རྟགས་འབྱུང་ངོ་༔ གལ་ཏེ་བླ་མ་རང་དུ་མ་བྱུང་ཡང་གཞན་གྱིས་སྟོན་པ་ལ་སོགས་པ་དང་ཆོས་ཀྱི་གཏམ་བྱེད་པ་ལ་སོགས་པ་བྱུང་ངོ་༔ དེ་ནས་དུར་ཁྲོད་དུ་ཞག་གསུམ་མམ་ལྔའི་བར་དུ་སྤྱོད་པ་བརྩམས་ཏེ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱ༔ དེ་ལྟར་སྤྱོད་པ་བྱས་པས་ལུས་ངག་གི་རྟགས་འབྱུང་སྟེ༔ དེ་ནས་ཡང་རི་ཁྲོད་དམ་ཤིན་ཏུ་དབེན་པའི་སར་ཕྱིན་ཏེ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཉམས་སུ་བླངས་ཏེ་ཞག་བདུན་ནམ་བཅུ་གཅིག་གམ་ཉི་ཤུ་རྩ་གཅིག་ཏུ་ཉམས་སུ་བླང་བར་བྱའོ༔ དེ་ནས་སློབ་མ་ལ་དབང་བསྐུར་བའི་གནས་ཁང་དུ་འོངས་ཏེ༔ སློབ་མ་དད་པ་ཅན་གཉིས་དང་གསུམ་ཚུན་ཆོད་ལས་མང་དུ་མི་རུང་སྟེ་ཤིན་ཏུ་བརྟགས་ལ་བྱའོ༔ དེ་ནས་སློབ་མའི་བྱ་བ་བླ་མས་བསླབ༔ སློབ་མ་ཀུན་ཁྲུས་ནས་བཏོན་གོས་བརྗེས་ལ་དད་མོས་དང་ལྡན་པར་གནས་སོ༔ བླ་མས་བགེགས་བསྲུང་བའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པར་བྱ་སྟེ༔ ཐོག་མར་ཧཱུྃ་གི་རྒྱས་གདབ་པ་ནི༔ སློབ་མའི་སྟོད་གཡོགས་རྣམས་ཕུད་ཏེ་ལུས་སྟངས་སྟབས་ཀྱི་ཚུལ་དུ་བྱ་སྟེ༔ ཧཱུྃ་ཞེས་ངར་དང་བཅས་ཏེ་བརྗོད་ནས་སློབ་མའི་རྩ་གསུམ་པ་ཅན་བྱ་བ་སྙིང་གི་རྩེ་ན་མངོན་ཡོད་པ་དེའི་ནང་དུ་འཕང་ངོ་༔ སློབ་མ་རང་གི་ལུས་ཧཱུྃ་སྔོ་སྐྱ་བ་ཆེན་པོ་ཞིག་ཏུ་བསྒོམ་དུ་གཞུག་གོ༔ དེའི་རྗེས་ལ་ཡི་གེ་ཡཾ་གཅིག་ཐོན་ཏེ༔ སློབ་མའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་རྩ་རིག་བྱེད་བྱ་བ་ཡོད་དོ༔ དེར་ཞུགས་པར་བསམ་ཞིང་སློབ་མ་ལུས་ཡི་གེ་ཡཾ་ལྗང་གུ་ཆེན་པོ་ཞིག་ཏུ་བྱས་ཏེ་བསྒོམ་དུ་གཞུག་གོ༔ དེ་བཞིན་དུ་ཡི་གེ་རཾ་ལྟེ་བར་བྱ་སྟེ་གོ་རིམ་བཞིན་དུ་བྱའོ༔ མགྲིན་པར་ཁཾ༔ དཔྲལ་བར་ཨེ༔ ལྐོག་(༦༢)མར་སུ་དེ་ལྟར་བྱས་ནས་རང་གི་ལུས་གཅེར་བུར་ཕྱུངས་ཏེ་རིག་པ་ཡི་གེ་ཧ་དང་བཅས་པ་བསྒོམས་ལ༔ ངག་ཏུ་ཧ་ཧ་དྷ་དྷ་ཞེས་དྲག་པར་བསྒྲགས་པས་སློབ་མའི་ལུས་ངག་ཡིད་གསུམ་འཛིན་པའི་དྲི་མ་དག་པར་བྱས་ནས་ལུས་ཧ་ཆེན་པོ་ཞིག་ཏུ་བསྒོམ་དུ་གཞུག་གོ༔ ཡང་ཕཊ་ཅེས་ཤིན་ཏུ་དྲག་པར་བརྗོད་ནས་སློབ་མའི་སྙིང་ལ་བཅུག་པས༔ སློབ་མས་ཀྱང་ཕཊ་ཅེས་དྲག་ཏུ་ཤུགས་དང་བཅས་པས་དྲག་ལ་ཐུང་བར་ཟློས་སུ་བཅུག་ལ༔ བགེགས་རྣམས་མི་རྟོག་པའི་ཡི་གེ་བརྒྱད་ཀྱིས་རང་གནས་རྩ་བའི་རང་སྐད་དང་བཅས་པས་བསྲུངས་ལ༔ སློབ་མ་ཀུན་དུར་ཁྲོད་དུ་མ་ཕྱིན་གྱི་བར་ལ་ཕཊ་དྲག་ཏུ་བཟླས་ལ༔ དེ་ནས་དུར་ཁྲོད་དུ་ཕྱིན་པ་དང་གཏོར་མ་ཞིག་བཏང་ལ༔ ལུས་ཀྱི་སྤྱོད་པ་ཞག་གཅིག་ཏུ་བྱ་སྟེ༔ དེ་ནས་ངག་རུ་ཤན་འབྱེད་པའི་སྤྱོད་པ་བྱ༔ དེ་ནས་སེམས་ཀྱི་སྤྱོད་པའི་མན་ངག་ལ་བསླབས་ཏེ་ཞག་གཅིག་ཏུ་བྱའོ༔ དེ་ལྟར་ཞག་གསུམ་དུ་ལུས་ངག་ཡིད་གསུམ་ཞེན་པ་བཟློག་པའི་སྤྱོད་པ་བྱས་པས་ལུས་ངག་སེམས་ལ་བགེགས་མི་འཇུག་པར་བྱ་བ་དང༔ དེ་ལྟར་བྱས་པས་ལུས་ངག་གི་ཞེན་པ་རང་ལོག་པའི་དགོས་པ་ཡོད་པའོ༔ དེ་ནས་གནས་ཁང་དུ་འོང་སྟེ་བླ་མ་ལ་བྱ་རྩོལ་དང་བྲལ་བའི་རང་བཞིན་རྫོགས་པ་ཆེན་པོའི་དབང་ཞུ་བར་བྱ་སྟེ༔ རང་ལ་ཡིད་དུ་འོང་བའི་རྫས་ཤིན་ཏུ་གཅེས་པ་བླ་མ་ལ་བཞེད་པ་མེད་ཀྱང་ཕུལ་ཏེ་མཉེས་པར་བྱས་ལ་གསེར་ལ་སོགས་པའི་མཎྜལ་ཕུལ༔ དེ་བཞིན་དུ་འབྲུ་དང༔ དྲི་བཟང་སྣ་ཚོགས་དང༔ མེ་ཏོག་ལ་སོགས་པའི་མཎྜལ་རྣམས་བླ་མ་ལ་ཕུལ་དབང་ཞུའོ༔ དེ་ནས་བླ་མས་སློབ་མ་རྗེས་སུ་བཟུང་བའི་ཕྱིར་དབང་བསྐུར་དངོས་གཞིའི་གདམས་ངག་འདི་ལྟ་སྟེ༔ གནས་དེར་དམིགས་པའི་རྟེན་ལ་བརྟེན་ནས་གཞི་མཚོན་པའི་ཕྱིར་དྲི་སྣ་ཚོགས་པའི་མཎྜལ་མདའ་གང་གྲུ་བཞི་པའམ༔ ཡང་ན་ཟླུམ་པོ་ཤིན་ཏུ་མཉམ་པར་བྱས་ཏེ༔ དེའི་སྟེང་དུ་ཁ་དོག་རེ་རེས་གཙོ་བྱས་པའི་མེ་ཏོག་ཚོམ་བུ་ལྔ་ལྔ་སྟེ་ལྔ་ཚན་ལྔ་(༦༣)དགྲམ༔ འཕགས་པ་རྣམས་མཆོད་པའི་ཕྱིར་མེ་ཏོག་དང་མར་མེ་ལ་སོགས་པ་ཡང་འབྱོར་ཚད་བཤམ༔ འཇིག་རྟེན་པའི་བར་ཆད་ཞི་བར་བྱ་བའི་ཕྱིར་མཁའ་འགྲོ་མ་དང་ཆོས་སྐྱོང་རྣམས་ལ་གཏོར་ཚོགས་ཀྱང་ཤིན་ཏུ་བཟང་བར་བཤམ་མོ༔ བླ་མ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས་པ་ལ་སོགས་གོང་ལྟར་བྱས་ལ༔ དེ་ནས་སློབ་མ་འཁོར་བ་ལ་བློ་དོར་བར་བྱ་བའི་ཕྱིར་ཉེས་དམིགས་དང་དད་པ་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་བཤད་དོ༔ གཞན་ཡང་ཆོས་ཀྱི་སྐུའི་སྣང་བ་མ་མཐོང་གི་བར་དུ་ཅིས་ཀྱང་དགོས་པ་མེད་སྙམ་དུ་གཞུག་གོ༔

དེ་ནས་སློབ་མ་རེ་རེ་ནས་དབང་བསྐུར་བ་ནི༔ མཎྜལ་དབུལ་བ་ལ་སོགས་པ་བྱས་ལ་མེ་ཏོག་འབུལ་བ་ནི་ལུས་གཅེར་བུར་ཕྱུང་ལ་འགྲེང་ཚུགས་སུ་ལངས་ཏེ་རྐང་པའི་ལོང་བུ་གཉིས་གཤིབས་ལ་ལུས་བསྲངས་ཐལ་མོ་སྙིང་གར་སྦྱར་ལ༔ སྐལ་ལྡན་གྱི་ཤེས་པ་བླ་མའི་ཐུགས་ཀྱི་དཀྱིལ་དུ་གཏད་ནས་སེམས་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པར་ཤེས་པ་བླ་མའི་ཐུགས་ལ་བཅུག་ལ་བསྒོམ་དུ་གཞུག་གོ༔ བླ་མས་ཁོའི་ཤེས་པ་མི་གཏང་བའི་ཕྱིར་ཡི་གེ་ཨ་དྲུག་བརྩེགས་ཀྱི་རྒྱས་གདབ་བོ༔ དེ་ཡང་སློབ་མའི་རིག་པ་ལ་དམིགས་ཏེ་ངག་ཏུ་ཡང་ཨ་དྲུག་བརྗོད་ཅིང་བུའི་རིག་པ་བཟུང་བས་སྐལ་ལྡན་གྱི་ལུས་ཀྱང་ཇེ་ཉེ་ཇེ་ཉེ་ལ་རྩ་རུ་ཡོད་པར་འགྱུར་རོ༔ ལུས་གཡོ་བ་དང༔ ངག་སྨྲ་བ་དང༔ སེམས་འཕར་བ་དང༔ དེ་ལྟར་བྱུང་ན་རབ་ཏུ་བཟང་བ་ཡིན་ནོ༔ དེ་ནས་རིག་པའི་མེ་ཏོག་སྔོན་དུ་བླ་མ་ལ་དབུལ་བར་བྱའོ༔ དེ་ནས་བླ་མས་རང་བཞིན་རྫོགས་པ་ཆེན་པོའི་དབང་བསྐུར་བ་ནི༔ སྐལ་ལྡན་དེའི་ལུས་ཀྱི་གནད་གོང་ལྟར་བྱེད་དུ་བཅུག་སྟེ་ཤར་ཕྱོགས་སུ་ཁ་བལྟས་ལ༔ བླ་མས་འདི་སྐད་བརྗོད་དོ༔ ཨེ་མ་སྐལ་བ་དང་ལྡན་པ་ཁྱོད་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་ཞིག་དང༔ ཞེས་བརྗོད་ཅིང་སྐལ་ལྡན་དེས་ཀྱང་གོམ་པ་འབོར་བར་བསྒོམ་དུ་གཞུག་གོ༔ དེ་བཞིན་དུ་ལྷོ་དང༔ ནུབ་དང༔ བྱང་རྣམས་སུ་(༦༤)ཡང་དེ་ལྟར་བྱའོ༔ ཉམས་ཀྱི་རྟགས་མ་བྱུང་ན་བརྡའ་དེས་བཀྲོལ་ལོ༔ དེ་ནས་བླ་མས་ནམ་མཁའ་ལ་ཕྱག་ཡུག་ཡུག་པ་ལན་གསུམ་བྱས་ལ་ངག་ཏུ་འདི་སྐད་བརྗོད་དོ༔ ཨེ་མ་སྐལ་བ་དང་ལྡན་པ་ཁྱོད་ནམ་མཁའི་དཀྱིལ་དུ་ཡར་ལྟོས་དང་སྟེང་ན་ཉི་མ་ལྔ་ཤར་ནས་འདུག་པ་ལ་མིག་གིས་ལྟོས་དང་ཉི་མའི་འོད་ཟེར་འཕྲོ་བ་འདི་ལ་མིག་གིས་ཚུགས་སམ༔ ཞེས་པ་དང༔ འོ་ཉི་མ་དེ་ལ་ཤེས་པ་གཏོད་ལ་ནམ་མཁའི་སྟེང་ན་ཡར་ལ་ཇེ་མཐོ་ཇེ་མཐོ་སོང་ལ་སླར་མ་ལོག་ཅིག་ཅེས་པ་དང༔ ཡང་བླ་མས་ལངས་ཏེ་གཡས་བརྐྱང་བའི་འདུག་སྟངས་ཀྱིས་རང་གི་མིག་གཉིས་ལ་མཛུབ་མོ་བཙུགས་ལ༔ ཨ་ཨ་ཞེས་བརྗོད་ཅིང་ཕྱོགས་བཞིར་བལྟའོ༔ ཡང་མཛུབ་མོ་ནམ་མཁའ་ལ་བསྒྲེངས་ཏེ་མིག་ནམ་མཁའ་ལ་བགྲད་ནས་ཧར་རེ་བལྟ་བ་དང་ངག་ཏུ་ནི་ནམ་མཁའ་འདི་ནི་རྒྱ་ཆེའོ༔ ཞེས་ལན་གསུམ་བྱའོ༔ དེ་ལྟར་དབང་དེ་རྣམས་རྫོགས་ནས་ཀུན་གྱི་ཉམས་དྲིའོ༔ སྐལ་བ་དང་ལྡན་ན་ཅི་ལྟ་བ་བཞིན་དུ་གོ་བས་ཏེ༔ གལ་ཏེ་མ་གོ་ན་བརྡའ་བཀྲོལ་བས་བླ་མའི་མན་ངག་དམ་པར་འགྱུར་བས་སོ༔ དེ་ནས་རིག་པ་མངོན་སུམ་གྱི་མན་ངག་བཏབ་པ་ཉམས་སུ་ལེན་དུ་གཞུག་གོ༔ ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང་རྫོགས་སོ༔ རྒྱ་གར་གྱི་མཁན་པོ་བི་མ་མི་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བའོ༔ སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ནི་དབང་གི་འཕྲ་ཏིག་ཆེ་བར་སྙེག་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

སྤྲོས་མེད་དབང་གི་ཏི་ཀ

༄༅༔ སྤྲོས་མེད་དབང་གི་ཏི་ཀ་བཞུགས་སོ༔ ལུང་མེད༔

༄༅༔ བཅོམ་ལྡན་འདས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དད་པ་རབ་དང་ལྡན་པའི་སྐལ་ལྡན་ངེས་པའི་ལུས་ཅན་ཉིད༔ རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཡང༔ རྨོངས་པ་མེད་ཅིང་འཇུག་སྒོ་བསལ་བྱའི་ཕྱིར༔ འཕྲ་ཏིག་མིག་གི་རིན་ཆེན་རྒྱན་སྤྲས་པའི༔ དབང་བཞི་རྫོགས་པར་བྱེད་པའི་དོན་ཉིད་དུ༔ སྤྲོས་ལ་དགའ་བའི་དོན་དུ་དེ་བསྟན་ནས༔ ད་ནི་སྤྲོས་པ་དག་དང་བྲལ་བའི་དོན་དུ་ཡང༔ (༦༥)སྤྲོས་མེད་དབང་གི་མན་ངག་གནད་ཉིད་ནི༔ འདི་ལྟར་དམ་ཚིག་ལྡན་པས་ངེས་པར་གཟུང་བར་བྱ༔ གལ་ཏེ་སྐལ་བ་དང་ལྡན་པའི་སྐྱེས་བུས་དབང་བཞི་རྫོགས་པར་བྱེད་པའམ༔ ཡང་ན་སྤྲོས་པ་ལ་མི་དགའ་བ་རྣམས་ལ་འདི་ལྟར་སྤྲོས་པ་མེད་པའི་དབང་བསྐུར་བས་རང་བཞིན་རྫོགས་པ་ཆེན་པོའི་དབང་བསྐུར་འདི༔ སྣོད་དང་ལྡན་པའི་སྐལ་ལྡན་གཉིས་སམ་གསུམ་ལས་མང་ན་དམ་ཚིག་གི་ཆད་པ་འབབ་བོ༔ འདི་ལྟ་བུའི་དད་པ་ཅན་འཁོར་བ་ལས་བློ་ལྡོག་པ་རང་བཞིན་གྱིས་སོས་དལ་ཞིང་རང་ཤུགས་བཟང་བ༔ རྣམ་པར་རྟོག་པ་བགས་ཀྱིས་ཆུང་བ་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཅན་རང་བཞིན་རྫོགས་པ་ཆེན་པོའི་སྣོད་ཡིན་པས༔ འདི་ལྟ་བུའི་སློབ་མ་གཅིག་གམ་གཉིས་ནས་གསུམ་མན་ཆད་ལ་བསྐུར་བའོ༔

དེ་ལ་སྔོན་དུ་བྱ་བའི་སྡོམ་པ་དང༔ དངོས་གཞིའི་བྱ་བའི་རིམ་པའོ༔ དེ་ནས་བླ་མ་ཉིད་ལ་སློབ་མས་དབང་གི་ཞུ་བ་ཕུལ་ནས་དེ་ཉིད་ལ་གུས་པ་འཇོག་པའི་ཕྱིར་དུ་རང་གི་བླ་མ་ལ་དབང་བསྐྱར་ལ་ཞུ་བ་དང༔ གལ་ཏེ་མི་བཞུགས་ན་བླ་མ་ཉིད་ནམ་མཁར་དམིགས་ཏེ་སྤྲོས་པ་མེད་པའི་དབང་རྣམས་ཡིད་ཀྱིས་བླང་ངོ་༔ བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་གདབ་པར་བྱ་བ་དང༔ ངག་གི་དྲི་མ་དག་པར་བྱ་བའི་ཕྱིར༔ ཡི་གེ་གསུམ་ལ་ངག་འབྱོངས་པར་བྱ་བ་དང༔ གཉིས་སུ་མེད་པའི་དོན་ལ་བློ་བསྐྱེད་པར་བྱ་བའི་ཕྱིར་ཡེ་ཤེས་ལྔའི་མཚན་ཉིད་བསྒོམ་པ་དང༔ འཁོར་བ་ལ་ཡིད་དབྱུང་བར་བྱ་བའི་ཕྱིར་མི་རྟག་པ་བསྒོམ་པ་དང༔ སྤྱོད་ལམ་གྱིས་རྗེས་སུ་བཟུང་བའི་ཕྱིར་བྱ་བྱེད་ཀྱི་སྤྱོད་པ་ཉེར་གཅིག་བརྩམ་པར་བྱ་བ་དང༔ ལྟ་བའི་དོན་དྲན་པར་བྱ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་སོགས་པ་ནི་སློབ་དཔོན་གྱི་སྔོན་དུ་འགྲོ་བའི་ལས་སོ༔ དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས་སྔོན་དུ་འགྲོ་བའི་ལས་རྣམས་བྱས་ནས༔ སློབ་མ་དད་པ་དང་ལྡན་པ་དེ་ཡང་འཁོར་བ་ལས་ཡིད་དབྱུང་བར་བྱ་བའི་ཕྱིར་མི་རྟག་པ་བསྒོམ་པའི་(༦༦)ལས་རྣམས་བསླབས་ཏེ་བསྒོམ་དུ་གཞུག་གོ༔ དེ་ཡང་ཞག་ལྔའམ་དགུ་འམ་བཅུ་གཅིག་གི་བར་དུ་བསྒོམ་དུ་གཞུག་གོ༔ དེ་ལྟར་བསྒོམས་པས་དད་པ་དྲག་པོ་སྐྱེ་བ་དང༔ འཁོར་བ་ལས་ཡིད་དབྱུང༔ སྒྱིད་ལུག་པ་དང་ངེས་པར་འབྱུང་བར་ངེས་སོ༔ དེ་ནས་སློབ་དཔོན་གྱིས་འཁོར་བའི་ཉེས་དམིགས་རྣམས་དང་སངས་རྒྱས་ཀྱི་ཡོན་ཏན་རྣམས་བཤད་ལ༔ སྤྲོས་པ་མེད་པའི་དབང་བསྐུར་བའི་གནས་རབ་ཏུ་དབེན་པར་དཔོན་སློབ་རྣམས་ཕྱིན་ཏེ་གནས་ཁང་གི་ནང་ཐམས་ཅད་དྲི་སྣ་ཚོགས་ཀྱིས་ཆག་ཆག་གདབ་པ་དང༔ མཎྜལ་ཟླུམ་པོ་མེ་ལོང་གི་ངོས་ལྟར་མཉམ་པར་བྱས་ལ༔ དེ་ཉིད་ཀྱི་དབུས་སུ་རྡུལ་ཚོན་གྱིས་བུམ་པ་དམར་པོ་ཁ་རྒྱན་དང་མགུལ་ཆིངས་དང་བཅས་པ་དག་བྲིས་ལ༔ ཟླུམ་ཞིང་མཉམ་པ་ཚོན་སྣ་ལྔའི་ར་བས་བསྐོར༔ དེའི་ཤར་ཕྱོགས་སུ་ཤིང་ཁྲིའི་སྟེང་དུ་རིན་པོ་ཆེའི་བུམ་པ་གས་པ་དང་ཆག་པ་དང་ཞོམ་པ་མེད་པ་གསུམ་གྱི་ནང་དུ་སྨན་སྣ་ཚོགས་པ་དང༔ (༦༧)དྲི་སྣ་ཚོགས་པ་དང༔ མར་དང་འོ་མ་ལ་སོགས་པས་བཀང་ལ༔ འབྲས་བུ་དང་མེ་ཏོག་ཅན་གྱི་ཤིང་གི་ཁ་རྒྱན་བྱས་ལ༔ རས་དམར་པོ་དྲི་མ་མེད་པ་གསུམ་གྱིས་མགུལ་པ་བཅིང་ངོ་༔ དེ་ལྟར་བུམ་པ་རེ་རེའི་སྟེང་དུ་རྨ་བྱའི་མདོངས་གསུམ་གསུམ་དང༔ མེ་ལོང་དང་མན་ཤེལ་གསུམ་གསུམ་བཞག་པར་བྱའོ༔ མར་མེ་དང་ལྷ་བཤོས་ལ་སོགས་པ་བདུན་ལས་མི་ཉུང་བར་བྱས་ལ༔ དེ་ནས་སློབ་མ་རྣམས་ཕྱི་རོལ་ནས་ལས་བུམ་གྱི་ཁྲུས་ཆུ་ནས་བཏོན་ལ༔ གོས་གསར་པ་གྱོན་པ་ལ་སོགས་པ་རྒྱན་དག་གིས་ལེགས་པར་བརྒྱན་ཅིང་གྲལ་ལ་ལེགས་པར་འཁོད་དེ་བགེགས་ཀྱི་བར་ཆད་ཞི་བར་བྱ་བའི་ཕྱིར་ལས་ཀྱི་སློབ་དཔོན་གྱིས་གུ་གུལ་གྱི་དུད་པས་བདུག༔ དེ་ནས་སྤྲོས་པ་མེད་པའི་དབང་བསྐུར་བའི་དོན་དུ་གསེར་གྱི་མཎྜལ་དབུལ་ཞིང་ཐལ་མོ་སྦྱར་ནས༔ བླ་མ་རྡོ་རྗེ་འཛིན་པ་ནི༔ ཁམས་གསུམ་འཁོར་བའི་གཉེན་གཅིག་པུ༔ འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས༔ ཐར་པའི་ལམ་སྐས་ཆེན་པོ་སྟེ༔ མ་རིག་སེལ་བའི་སྒྲོན་མེ་(༦༧)ལ༔ མུན་པའི་ཚོགས་བདག་སྐྱབས་སུ་མཆི༔ འཁོར་བ་འདམ་གྱི་ཚོགས་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དུག་གསུམ་ཉི་མས་རླན་བྲལ་བས༔ ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕོབ༔ རྩུབ་འགྱུར་མེ་ཆེན་འབར་བ་ལ༔ རང་བྱུང་རླན་གྱིས་བསིལ་བར་མཛོད༔ ཅེས་བརྗོད་དུ་གཞུག་སྟེ༔ ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེས་དྲངས་ཏེ་གྲལ་ལ་འཁོད་དུ་གཞུག༔ གུས་པས་འདུག་པར་བྱའོ༔ ཕྱག་ལེན་ནི་ཉམས་སུ་ལེན་པའི་གང་ཟག༔ སློབ་དཔོན་དང་སློབ་མའི་མཚན་ཉིད་སྐྱོན་ཡོན་རྣམས་བསྟན་ནས་ཉམས་སུ་བླང་བྱའི་གདམས་པ་ལ༔ བླ་མ་བརྒྱུད་པའི་ལོ་རྒྱུས་བཤད་དེ་སློབ་མས་ཕྱག་དང་བཤགས་པ་བྱས་ནས་མཁའ་འགྲོ་མ་དམར་མོ་བསྒོམས་ལ་རིག་འཛིན་དང་རིགས་ལྔའི་བྱིན་འབེབས་བྱས་ནས་མཎྜལ་ཕུལ་ནས་གསོལ་བ་བཏབ་སྟེ་སློབ་དཔོན་གྱིས་ཆོས་བཤད་པ་ནི༔

དེ་ནས་འཁོར་བའི་མཚན་ཉིད་རྣམས་བསྟན་པར་བྱ་སྟེ༔ དེའང་སློབ་དཔོན་གྱིས་གླིང་ལས་ཁྱད་པར་འཕགས་སྟེ་འཛམ་བུའི་གླིང་དུ་སྐྱེས༔ ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ༔ འདུག་པར་དཀའ་བའི་ཤཱཀྱ་ཐུབ་པའི་བསྟན་པ་ལ་གནས༔ འཕྲད་པར་དཀའ་བའི་དམ་པའི་ཆོས་རིན་པོ་ཆེ་དང་འཕྲད་ནས༔ ཆོས་མ་བྱས་ན་མི་ཚེ་སྟོང་ལོག་ཡིན་པས༔ ད་རེས་ཚེ་འདི་ལ་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཐུགས་རྗེའི་སྒོ་ནས་འདྲེན་དགོས་པས་ད་རེས་ཚེ་འདི་ལ་འཐོབ་པར་བྱའོ་སྙམ་པའི་བློ་བསྐྱེད་ནས་སྨིན་པའི་ལམ་ལ་འཇུག་དགོས༔ དེ་གྲོལ་བར་བྱེད་པའི་ཐབས་ཁོ་ན་ལ་གནས་པར་བྱས་ནས་མཐར་སངས་རྒྱས་སྒྲུབ་པར་འདོད་པས་ན༔ དང་པོ་གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བཞི་རྫོགས་པར་ཐོབ་དགོས་པས་འདི་ཞུའོ༔ དེས་མ་གྲུབ་ན་སྤྲོས་མེད་མན་ཆད་ཐོབ་པར་བྱས་ནས་ཉམས་སུ་བླང་དགོས༔ དེ་ནས་འཁོར་བའི་མཚན་ཉིད་ཡིད་ལ་དྲན་པར་བྱས་ནས་འདས་པ་ལ་ཞུགས་ཏེ༔ དེ་ཡང་འཁོར་བའི་མཚན་ཉིད་(༦༨)དེ་ལས་ལྡོག་པར་བྱ་བའི་ཕྱིར་དུ་འཁོར་བའི་ཞེན་པ་དང་བྲལ་བར་བྱ་སྟེ༔ ཆོས་ཐམས་ཅད་རྨི་ལམ་ལྟ་བུ༔ སྒྱུ་མ་ལྟ་བུ༔ སྤྲུལ་པ་ལྟ་བུ༔ དྲི་ཟའི་གྲོང་ཁྱེར་ལྟ་བུ་བར་སྣང་གི་གློག་ལྟ་བུ་མྱུར་བྱེད་ཀྱི་འཁོར་ལོ་ལྟ་བུ་དཔེ་དུ་མས་མཚོན་པར་བྱའོ༔ དེ་ཉིད་ཀྱི་དོན་གྱིས་འཁོར་བའི་ཞེན་པ་དང་བྲལ་བའི་གོང་མའི་དོན་ལ་གནས་པའི་དགོས་པ་ཡོད་དོ༔ ཡང་འཁོར་བ་ལས་སྐྱོ་བ་སྐྱེད་པ་ལས་འཁོར་བའི་མཚན་ཉིད་ནི་འདོད་པ་དང་བྲལ་བར་བྱ་བའི་ཕྱིར་འཁོར་བ་ལ་ཞེན་པའི་སྐྱོན་དེ་ཡང་སྤང་བར་བྱའོ༔ འཁོར་བ་ནི་དཔེ་ཟོ་ཆུའི་ཁྱུད་མོའི་རྣམ་པ་དང་མཚུངས༔ མེ་ཆེན་འབར་བའི་ནང་དུ་སྦྲང་བུ་ཚུད་པ་ལྟ་བུའོ༔ འདབ་ཆགས་རྙི་ལ་ཚུད་པ་ལྟ་བུ་དང་རི་དྭགས་རྒྱ་ལ་ཚུད་པ་ལྟ་བུ་དང༔ ཕྱིའི་རྒྱ་མཚོ་ལ་གཟིངས་ཐག་ཆད་པ་ལྟ་བུ་དང༔ རབ་ཏུ་བརྒལ་དཀའ་བའི་འདམ་རྫབ་ཆེན་པོར་ཚུད་པ་ལྟ་བུ་དང༔ འཇིགས་པ་དང་བཅས་པའི་འཕྲང་ལ་ལམ་ནོར་བ་ལྟ་བུ་དང༔ གསོད་པའི་གཤེད་མའི་དཀྱིལ་དུ་ཚུད་པ་ལྟ་བུ་དང༔ དེ་ལ་སོགས་པ་བསྟན་ནོ༔ ཡང་འདོད་ཡོན་ལ་སྐྱོ་བ་བསྐྱེད་པའི་ཕྱིར༔ འདོད་ཡོན་ནི་སྐོམ་གྱིས་གདུངས་པ་ལ་ཚྭ་ཆུ་བླུད་པ་ལྟ་བུ་དུག་གི་ལོ་མ་ལྟ་བུ་སྦྲུལ་གྱིས་ཟིན་པ་ལྟ་བུ༔ སྤུ་གྲིའི་སོ་ལྟ་བུ༔ བུད་མེད་ཀྱི་འདོད་ཆགས་ལྟ་བུ་ལ་སོགས་པས་འཁོར་བའི་མཚན་ཉིད་བསྟན་ནོ༔ འདི་རྣམས་ལས་དང་པོ་པ་དབང་ལ་འཇུག་པའི་སྔོན་དུ་བསྟན་པར་བྱ༔ འཁོར་བའི་མཚན་ཉིད༔ སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་སྔོན་དུ་བཤད་དོ༔ སྤྲོས་པ་མེད་པའི་དབང་བསྐུར་པ་ལ་སྔོན་དུ་འཇུག་པའི་ཆོ་ག་དང༔ དངོས་གཞི་གཉིས་ཡིན་ཏེ༔ ཐུན་མོང་གི་འཇུག་པ་དང༔ ཐུན་མོང་མ་ཡིན་པའི་འཇུག་པའོ༔ ཐུན་མོང་གི་འཇུག་པ་ལ་སྔོན་དུ་བླ་མ་ལ་གསོལ་བ་གདབ་པ་ནི༔ བླ་མ་རྡོ་རྗེ་འཛིན་པ་རྣམས་དགོངས་སུ་གསོལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ༔ རྡོ་རྗེ་དང༔ རིན་པོ་ཆེ་དང༔ པདྨ་དང༔ (༦༩)ལས་དང༔ བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ༔ དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ གང་བར་མཛད་དུ་གསོལ༔ རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ༔ སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ༔ གང་བར་བྱིན་གྱིས་བརླབ་ཏུ་གསོལ༔ རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཆེར་འཕེལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ༔ ཡང་བླ་མ་ལ་གསོལ་བ་བཏབ་ལ༔ དམ་བཅའ་བའི་ཚིག་འདི་རྣམས་ཁས་བླང་བར་བྱའོ༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ༔ རྡོ་རྗེ་དང༔ རིན་པོ་ཆེ་དང༔ པདྨ་དང༔ ལས་དང༔ དེ་བཞིན་གཤེགས་པའི་རིགས་རྣམས་དགོངས་སུ་གསོལ༔ དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ལ་ཡང་ཕྱག་འཚལ་ལོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ༔ དམ་ཚིག་རྫས་རྣམས་གཟུང་བར་བགྱི༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ ནམ་དུ་ཡང་ནི་མི་གཏང་ངོ་༔ རྡོ་རྗེ་སློབ་དཔོན་མི་གཏོང་ངོ་༔ རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང༔ ནམ་ཡང་སྨད་པར་མི་བྱའོ༔ སེམས་ཅན་རྣམས་ལ་འཚེ་བ་སྤང༔ འཕགས་པ་རྣམས་ལ་སྨད་མི་བགྱི༔ ཉན་ཐོས་རང་སངས་རྒྱས་རྣམས་ལ༔ ཅུང་ཟད་བརྙས་པར་མི་བྱ་ཞིང༔ སྔགས་འཆང་སྤང་བར་མི་བྱའོ༔ བསྙེན་སྒྲུབ་ལས་ཀྱི་མཐའ་རྣམས་ཀྱང༔ འདི་དུས་ཉིད་ན་གཟུང་(༧༠)བར་བྱ༔ དམ་ཚིག་སྡོམ་པ་ལ་གནས་ཤིང༔ སྐུ་གསུང་ཐུགས་ལས་མི་འདའོ༔ སྲོག་ཆགས་གསད་པར་མི་བྱ་ཞིང༔ དམ་ཆོས་ནམ་ཡང་མི་གཏང་ངོ་༔ བླ་མའི་བྱ་བ་མི་གཏང་ཞིང༔ འཁྲུལ་པའི་བྱ་བ་མི་བགྱིའོ༔ སེམས་ཅན་སྨིན་པ་ཉིད་དུ་བགྱི༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་སྟེ༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བསྟན་པ་སྨད་པར་མི་བྱ་ཞིང༔ བླ་མ་ལ་ཡང་ཡོན་དབུལ་ལོ༔ འཁོར་བ་རིང་དུ་སྤང་བྱ་ཞིང༔ མྱང་འདས་དང་དུ་བླང་བར་བགྱི༔ དགེ་སློང་སེམས་སུན་མི་དབྱུང་ཞིང༔ བསམ་གཏན་བསྒོམ་པ་དཀྲུག་མི་བྱ༔ ཆོས་དང་གང་ཟག་ལ་མི་སྨད༔ ཁྱད་པར་ད་ལ་བསྒོམ་པར་བགྱི༔ རྫོགས་རིམ་བསྒོམ་ལས་མི་འདའོ༔ ཇི་ལྟར་བླ་མས་གསུངས་པ་ལ༔ བདག་ནི་ནམ་ཡང་མི་འདའོ༔ ཞེས་པ་བླ་མའི་མདུན་དག་ཏུ༔ དམ་བཅའ་ཚིག་དང་གསོལ་གདབ་བརྗོད༔ དེ་ནས་སློབ་དཔོན་བདག་ཉིད་ཀྱིས༔ ཐོད་པ་ཚལ་བུའི་ནང་དག་ཏུ༔ བདུད་རྩི་ལྔ་ཡི་ཆུ་བླུགས་ལ༔ ལག་ཏུ་བཟུང་སྟེ་འདི་སྐད་བརྗོད༔ ཧཱུྃ་འདི་ནི་དམ་ཚིག་དམྱལ་བའི་ཆུ༔ དམ་ཚིག་འདས་ན་འཚིག་པར་འགྱུར༔ ཐུར་བལྟས་དམྱལ་ཁམས་མེ་ཡིས་བསྲེག༔ བསྐལ་པ་བགྲང་གིས་མི་ལངས་པར༔ སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར༔ དེ་བས་དམ་ཚིག་སྲོག་གི་ཆུ༔ སྙིང་ལ་བཞག་པས་ཐུབ་པར་གྱིས༔ གལ་ཏེ་ཉམས་པར་མ་གྱུར་ན༔ འདི་ནི་དམ་ཚིག་དངོས་གྲུབ་ཆུ༔ མཆོག་དང་ཐུན་མོང་ལོངས་སྤྱོད་ཅིང༔ རྫོགས་པའི་སངས་རྒྱས་འབྲས་བུ་ཐོབ༔ དེས་ན་འདི་ཉིད་ཐུབ་པར་གྱིས༔ ཞེས་བརྗོད་དམ་ཚིག་མནའ་བགག་མནའ་ཆུ་བླུག་གོ༔ རྡོ་རྗེ་ཆེན་པོའི་གསང་ཚིག་ནི༔ སློབ་མས་འདི་སྐད་བརྗོད་པར་བྱ༔ བདག་ནི་འདི་ནས་བཟུང་ནས་སུ༔ བྱང་ཆུབ་མ་ཐོབ་བར་དག་ཏུ༔ འཁྲུལ་པའི་བྱ་བ་བྱེད་རེ་ཀན༔ བླ་མས་ཅི་གསུང་མི་ཉན་རེ༔ སེམས་(༧༡)ཅན་ཀུན་ལ་འཚེ་རེ་ཀན༔ བདེ་ཆེན་ལམ་དུ་མི་སློང་རེ༔ འཇིག་རྟེན་འདོད་ཕྱིར་འབྲང་རེ་ཀན༔ ལྟ་བ་སྒོམ་དང་སྤྱོད་པ་ནི༔ སྲོག་གི་ཕྱིར་ཡང་གཏང་རེ་ཀན༔ དུར་ཁྲོད་ལ་སོགས་དབེན་པའི་གནས༔ འདི་ནས་བཟུང་ནས་མི་བསྟེན་རེ༔ མདོར་ན་འཇིག་རྟེན་བྱ་བ་བཏང༔ འདས་པའི་བྱ་བ་གཏོང་རེ་ཀན༔ ཞེས་ནི་སློབ་མས་རིམ་པ་བཞིན༔ རྡོ་རྗེའི་དམ་ཚིག་མནའ་བསྐྱལ་ལོ༔ བླ་མ་དཔལ་ལྡན་རྡོ་རྗེ་འཆང༔ མནའ་ཡི་ཉེས་དམིགས་བཤད་དུ་གསོལ༔ ཐུབ་པའི་ཡོན་ཏན་ལེགས་བཤད་དེ༔ དེ་ནས་བླ་མས་སྡོམ་པ་དབོག་ཅིང་དམ་བཅའ་བའི་ཚིག་རྣམས་བརྗོད་པར་བྱའོ༔ ཀྱེ༔ སྐལ་ལྡན་སེམས་ཀྱི་བུ་ཅིག་ཉོན༔ ཕྱི་ནང་གསང་བའི་ཐེག་པ་དང༔ དམ་ཆོས་བསྒྲུབ་པར་དམ་ཆོས་ཤིག༔ སེམས་ཅན་ཀུན་ལ་བྱམས་པའི་སེམས༔ དུས་འདི་ཉིད་ནས་མ་སྤང་ཞིག༔ དཀྱིལ་འཁོར་འཁོར་ལོ་བསྒོམ་པ་དང༔ བླ་མ་ནམ་ཡང་མ་བཏང་ཞིག༔ རྡོ་རྗེ་མཆེད་ལ་མི་ཁྲོ་ཞིང༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ དཀོན་མཆོག་གསུམ་པོ་བཀུར་བ་དང༔ ཇི་ལྟར་སྔགས་ཀྱི་དམ་ཚིག་དང༔ སྡོམ་པ་ཐམས་ཅད་གཟུང་བར་གྱིས༔ བསྟན་པ་ཀུན་ལ་གནོད་པ་སྤོངས༔ ཐར་པའི་ལམ་དུ་འགྲོ་བར་གྱིས༔ ཀྱཻ༔ སྐལ་ལྡན་རྫོགས་པའི་རང་བཞིན་ཅན༔ དབང་བསྐུར་ཆོ་ག་ཇི་ལྟ་བར༔ གཞན་ལ་བརྗོད་པར་མ་བྱེད་ཅིག༔ དམ་རྫས་རྣམས་དང་སྔགས་ཀྱི་ཚིག༔ དབང་བསྐུར་མ་ཐོབ་མི་རྣམས་ལ༔ ནམ་ཡང་བཤད་པར་མ་བྱེད་ཀྭ༔ འཁོར་བ་རིང་དུ་སྤང་བར་གྱིས༔ གང་གི་རྡོ་རྗེ་འཛིན་པ་ཡིས༔ དངོས་གྲུབ་རྣམས་ནི་མ་བཏང་ཞིག༔ ཅེས་བརྗོད་ལ་སྡོམ་པ་དབོག་པར་བྱའོ༔ མི་དགེ་བ་ལ་སོགས་པ་སྤོང་བའི་ཆོས་ནི་བྱ་བའི་རིམ་པ་བཤད༔ དེ་ཡན་ཆད་ཐུན་མོང་གི་འཇུག་པ་རྫོགས་ནས༔

ད་ཐུན་མོང་མ་ཡིན་པའི་འཇུག་པ་ནི༔ སྤྲོས་པ་ལ་དགའ་ན་རིགས་ལྔའི་སྡོམ་པ་དབོག༔ དེ་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ༔ རས་སམ་དར་གྱིས་གདོང་གཡོགས་ཤིང༔ (༧༢)བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་ནི་སྐལ་ལྡན་སྙིང་གི་བུ༔ དད་པས་རབ་ཏུ་ཉན་པར་འཚལ༔ རང་བཞིན་རྫོགས་པ་ཆེན་པོ་ཡི༔ དབང་བསྐུར་ནང་དུ་འཇུག་པ་ནི༔ དཔའ་བོ་རྡོ་རྗེ་བླ་མ་ཡིས༔ རང་གི་སེམས་ཀྱི་གནས་ལུགས་ཀྱི༔ ཨ་ཏིའི་ད་ལ་བསྟན་དུ་གསོལ༔ བདག་ནི་ཡང་དག་འདིར་ཞུགས་ནས༔ སླར་ཡང་ལྡོག་པར་མི་བགྱིད་དོ༔ ཞེས་གསོལ་བ་གདབ༔ དེ་ནས་བླ་མས་རྗེས་སུ་གནང་བ་སྦྱིན་ཏེ༔ ཨེ་མ་བུ་ཁྱོད་སྐལ་བ་བཟང༔ སྐལ་ལྡན་བྱང་ཆུབ་སེམས་ཆེན་པོ༔ སྔོན་ཆད་རང་བཞིན་རྫོགས་ཆེན་གྱི༔ དབང་བསྐུར་ནང་དུ་མ་ཞུགས་པས༔ དོ་ནུབ་སྐལ་ལྡན་བུ་ཁྱོད་ལ༔ རྫོགས་ཆེན་དཀྱིལ་འཁོར་བསྟན་པར་བྱ༔ སེམས་ཀྱི་རྟོག་པ་ཀུན་སོལ་ལ༔ འཇིག་རྟེན་བཅིངས་པ་ཀུན་གྲོལ་གྱིས༔ འདི་ལ་སྤང་བླང་སྙད་དང་བྲལ༔ རིགས་དང་རྒྱུད་རྣམས་སྦྱོང་བ་ཡི༔ ལུས་ངག་བདེ་བའི་རྟེན་ཡིན་པས༔ དེང་ནས་བརྩམས་ཏེ་སླར་མ་ལྡོག༔ ཅེས་(༧༢)རྗེས་སུ་གནང་བ་བྱིན་ནས་མཎྜལ་གྱི་ཤར་ཕྱོགས་སུ་ལུས་གནད་ཙོག་པུ་ཐལ་མོ་སྦྱར་ནས་སེམས་མ་ཡེངས་པར་བླ་མ་ལ་གཏད་ནས་བསྒོམ་དུ་གཞུག༔ དེ་ནི་བསྲེ་བ་ཐུན་མོང་མ་ཡིན་པ་སྟེ་རྫོགས་པ་ཆེན་པོ་མཉམ་པའི་རྒྱས་གདབ་པ་ཞེས་སོ༔ བཀོད་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱུད་ལས་བླ་མ་རྡོ་རྗེ་འཛིན་པ་ནི༔ ཁམས་གསུམ་འཁོར་བའི་གཉེན་གཅིག་པུ༔ འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས༔ ཐར་པའི་ལམ་སྐས་ཆེན་པོ་སྟེ༔ མ་རིག་སེལ་བའི་སྒྲོན་མེ་ལ༔ མུན་པའི་ཚོགས་བདག་སྐྱབས་སུ་མཆི༔ འཁོར་བ་འདམ་གྱི་ཚོགས་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དུག་གསུམ་མེ་ཡིས་རླན་བྲལ་བའི༔ སྡུག་བསྔལ་སྐམ་ལ་གནས་པ་ལ༔ ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕོབ༔ རྩུབ་འགྱུར་དམྱལ་བའི་མེ་ཆེན་འབར༔ རང་བྱུང་རྒྱུན་གྱིས་བསིལ་བར་མཛོད༔ དེ་ནས་གདོང་གཡོགས་བཀྲོལ་བྱིན་དབབ༔ མཎྜལ་དེའི་ཐོ་ཕྱི་རྣམས་ལྷ་(༧༣)བཤོས་དང༔ མར་མེ་དང༔ སྤོས་ལ་སོགས་པ་ཅི་འབྱོར་པའི་ཡོ་བྱད་དང༔ མཁའ་འགྲོ་མ་རྣམས་མཉེས་པར་བྱ་བ་དང༔ བར་ཆད་བསལ་བར་བྱ་བའི་ཕྱིར༔ ཚོགས་དང་གཏོར་མ་རབ་ཏུ་བཟང་བ་བཤམ་པར་བྱའོ༔

དེ་ནས་སྤྲོས་པ་མེད་པའི་དབང་བསྐུར་བ་ནི༔ ངག་གི་ནུས་པ་གཞུག་པ་དང༔ ངག་རང་དག་ལ་འགྲོ་བའི་དོན་ཡིན་ཏེ་དཔོན་སློབ་ཀུན་སོ་སོའི་ལུས་བདེ་བར་བཅོས་ལ༔ ངག་ཏུ་སྒྲ་ཆེ་བ་ཡང་མ་ཡིན༔ ཆུང་བ་ཡང་མ་ཡིན་པར་ཨ་ཨ་ཞེས་བརྗོད་ཅིང་ཡིད་ཨ་ལ་གཏད་པས་ཞག་གཅིག་བརྗོད་པར་བྱ༔ དེ་ནས་ནུབ་གཉིས་པ་ལ་ཨཱ་ལིའི་ཚོགས་ཚང་བར་བརྗོད༔ དེ་ནས་ནུབ་གསུམ་པ་ལ་ཀཱ་ལིའི་ཚོགས་ཚང་བར་བརྗོད་པར་བྱའོ༔ འདིའི་དུས་ན་སློབ་དཔོན་གྱིས་ཨ་རྐྱང་པའི་དུས་ན་བུ་ཡིས་ཨ་བརྗོད་པས་རྩ་རྣམས་ཁ་ཕྱེ་སྟེ་ཨ་ཐོལ་ཐོལ་རང་བྱུང༔ དེ་ལས་འོད་ཀྱི་གོང་བུ་རྣམས་ལས་འོད་འཕྲོས་པས་རང་བཞིན་གྱི་ཀུན་ཏུ་བཟང་པོའི་སྦྱོར་བའི་བརྡས་བསྐུལ༔ ཀུན་བཟང་ཡབ་ཡུམ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་འོད་ལྔའི་གོང་བུས་རང་གི་མགོ་མཇུག་ཁྱབ་པ་ལ་བློ་བཞག༔ འདིའི་དུས་ན་རྣ་བའི་སྒྲ་འབྱུང་བའི་འོད་བཙིར་རོ༔ དེ་ལྟར་སློབ་མ་རང་ཡང་བསྒོམ་དུ་གཞུག་གོ༔ བཅུགས་པས་ཉམས་སུ་མྱོང་བ་ཁྱད་པར་ཅན་སྐྱེ་བར་ངེས་སོ༔ དེ་ནས་ཨཱ་ལིའི་ཚོགས་བརྗོད་པའི་དུས་ན་འདི་ཉིད་བརྗོད་པ་ཙམ་གྱིས་རྩ་རྣམས་ཀྱི་ནང་ནས་རང་བཞིན་གྱི་ཡི་གེ་རྣམས་རང་བྱུང༔ རང་གི་ངག་ནས་ཀྱང་ཆོས་ཐམས་ཅད་ཀྱི་སྒྲ་སི་ལི་ལི་བྱུང་བ་ལ་བློ་བཞག༔ ཀཱ་ལིའི་དུས་སུ་བརྗོད་པའི་ཡི་གེ་དེ་དག་ཕྱིར་མངོན་པར་རང་གི་ཁོག་པའི་ནང་ཡི་གེས་མེར་གྱིས་ཁེངས་པ་ལ་བློ་བཞག་པར་བྱའོ༔ དེ་ནས་སྐལ་ལྡན་ལ་དབང་བསྐུར་བར་བྱ་སྟེ༔ ལུས་ངག་ཡིད་གསུམ་ཀ་བྱིན་གྱིས་བརླབ་པའི་དོན་དུ་དབང་བསྐུར་བ་ནི༔ ལུས་གཅེར་བུར་ཕྱུང་ལ་བུམ་པའི་ཆུ་དང་སིནྡྷུ་རའི་(༧༤)ཐིག་ལེ་ཞིག་སྤྱི་བོའི་གཙུག་ཏུ་བྱས་ལ་ངག་ཏུ༔ ཨཱ་ཨཱ་ཞེས་དྲག་ཏུ་བརྗོད་དུ་གཞུག༔ སློབ་དཔོན་གྱིས་མགྲིན་པའི་རྩ་གཏེམས༔ འདིའི་དུས་སུ་ལུས་འདར་ཞིང་གཡོ་བ་དང༔ ངག་རང་རྡོལ་བ་དང༔ སེམས་བག་ཡངས་སུ་འགྱུར་བ་ཉིད་འབྱུང༔ སློབ་དཔོན་གྱིས་སློབ་མའི་ལུས་ཨཱ་དཀར་པོ་ཆེན་པོ་ཞིག་ཏུ་དམིགས་ལ་དེ་འོད་དུ་ཞུ་བ་ལས་ཆོས་ཉིད་སྟོང་པའི་རྒྱས་གདབ༔ སློབ་དཔོན་གྱིས་བུམ་པའི་ཆུ་ཐིགས་པ་དང་སིནྡྷུ་རའི་ཐིག་ལེ་ཞིག་མགྲིན་པར་བྱས་ལ༔ སློབ་མའི་ངག་ཏུ་དྲག་ཤུལ་དང་བཅས་པ་ཨཱཿཨཱཿབརྗོད་དོ༔ སློབ་དཔོན་གྱིས་སློབ་མའི་མཆན་ཁུང་གི་རྩ་གཏེམས༔ སློབ་མའི་ཤེས་པ་ནམ་མཁར་གཏོད་དུ་གཞུག༔ འདིའི་དུས་སུ་ལུས་རབ་ཏུ་འདར་བ་དང༔ ངག་རབ་ཏུ་འདར་བ་དང༔ སེམས་རབ་ཏུ་གསལ་བ་དག་འོང་ངོ་༔ སློབ་མའི་ལུས་ལ་ཨ་དམར་པོ་ཆེན་པོ་གཅིག་ཏུ་དམིགས་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་རྒྱས་གདབ༔ ཡང་སློབ་དཔོན་གྱིས་བུམ་པའི་ཆུ་ཐིགས་གཅིག་དང༔ སིནྡྷུ་རའི་ཐིག་ལེ་སྙིང་ཁར་བྱས་ལ་ངག་ཏུ་ཧཱུྃ་ཞེས་དྲག་ཏུ་བརྗོད་དུ་གཞུག༔ བླ་མས་བུའི་ནུ་མའི་རྩ་གཏེམས༔ ཤེས་པ་འབྱུང་བ་བཞི་ལ་གཏད༔ སློབ་མས་ཧཱུྃ་ཞིག་ཏུ་དམིགས་ལ་ཆོས་ཉིད་ཀྱི་རྒྱས་གདབ་བོ༔ དེ་ཡང་རྩ་གཏེམས་པ་གསུམ་ལ་མགྲིན་པའི་རྩ་ལག་ལེན་དུ་གཏེམས༔ གཞན་གཉིས་མི་འདུག་པས་མི་གཏེམས༔ གཞན་རྣམས་ཇི་ལྟ་བ་བཞིན་དུ་བྱའོ༔ དེ་ནས་ཙན་དན་དཀར་པོའི་ཐིག་ལེ་སྨིན་མཚམས་སུ་བྱུག༔ དེའི་སྟེང་དུ་དམར་པོའི་ཐིག་ལེ་བྱ༔ དེའི་རྗེས་ལ་སྟོང་ཉིད་དར་ཅིག་བསྒོམ༔ དེ་ནས་བུམ་པའི་ཡི་གེའི་རང་བཞིན་དུ་དམིགས་པ་ལ་སློབ་མའི་མགྲིན་པའི་གནས་སུ་ངག་ལ་བསྟིམ༔ ཆུ་དང་སྨན་ལ་སོགས་པ་རྣམས་ལས་རང་བཞིན་རྫོགས་པ་ཆེན་པོའི་མཚན་ཉིད་ཀྱི་རང་སྒྲ་བྱུང་སྟེ༔ ཆོས་ཐམས་ཅད་བརྗོད་དུ་མེད་པའོ༔ བསམ་དུ་མེད་པའོ༔ བལྟར་མེད་པའོ༔ མཚན་མ་མེད་པའོ༔ སྨོན་པ་མེད་པའོ༔ སྤྲོས་པ་མེད་པའོ༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ༔ (༧༥)ཞེས་པའི་སྒྲར་འབྱུང་བས་སློབ་མས་ཀྱང་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པར་དམིགས་ལ༔ དེ་ནས་སློབ་དཔོན་གྱིས་བུམ་པ་སློབ་མའི་སྤྱི་བོར་བཞག་ལ་དམིགས་པ་དང་ཚིག་རྣམས་ངག་ཏུ་བརྗོད་ཅིང་བྱའོ༔ དེ་ནས་ངག་གི་ལས་སྒྲིབ་རྫོགས་པར་བྱ་བའི་ཕྱིར་ཉི་ཟླ་ཁ་སྦྱོར་རམ་གཞན་གྱིས་ཤེས་ཀྱང་བཏུབ༔ རྡོ་རྗེའི་གླུ་ལན་གསུམ་བརྗོད༔ གཞན་ཡང་དུང་དང༔ ཆ་ལང་དང༔ འཁར་རྔ་དང༔ ཤིང་རྔ་དང༔ དྲིལ་བུ་དང༔ ཌཱ་མ་རུ་ལ་སོགས་པ་དུས་གཅིག་ལ་བསྒྲག་ཅིང་ཡི་གེ་བརྒྱ་པ་བཟླའོ༔ དེ་ནས་ཚིག་བརྒྱད་ཀྱི་དོན་བཤད་དོ༔ དེ་ནས་སློབ་མའི་ངག་ལ་ཚིགས་སུ་བཅད་པའི་དབང་བསྐུར་བར་བྱ་སྟེ༔ རང་བཞིན་རྫོགས་པ་ཆེན་པོས་མཉམ་པའི་རྒྱས་གདབ་པའི་ཕྱིར༔ ཚིག་གི་རྒྱལ་པོ་འདི་དག་ངར་བསྐྱེད་ལ་བརྗོད་པར་བྱའོ༔ ཨེ་མ་ཧོ༔ ཆོས་ཉིད་སྤྲོས་དང་བྲལ་བའི་བདེ་ཆེན་དེ༔ བལྟས་མེད་བསམ་ཡུལ་འདས་པ་ངོ་མཚར་ཆེ༔ གཉིས་མེད་རང་སྣང་ཀུན་ཁྱབ་ཡེ་ཤེས་ནི༔ རང་རིག་མངོན་དུ་འོང་བ་ངོ་མཚར་ཆེ༔ བྱ་བྲལ་རང་བཞིན་རྫོགས་ཆེན་གནས་ལུགས་ཉིད༔ མ་བཙལ་རང་ལས་བྱུང་བ་ངོ་མཚར་ཆེ༔ ངོ་བོ་སྤྲོས་བྲལ་རང་བཞིན་རྣམ་དག་ལ༔ དགེ་སྡིག་མཐའ་ལས་འདས་པ་ངོ་མཚར་ཆེ༔ རང་སྣང་སྤྲོས་པ་མེད་པའི་རིག་པ་ཉིད༔ ལྟ་སྒོམ་སྤྱོད་པར་སྣང་བ་ངོ་མཚར་ཆེ༔ རང་ལས་བྱུང་བ་འོད་ཀྱི་སྒྲོན་མེ་འདི༔ མངོན་སུམ་ཡུལ་དུ་སྣང་བ་ངོ་མཚར་ཆེ༔ ངོ་བོ་རང་བཞིན་ཐུགས་རྗེ་ཕྱོགས་མེད་པས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་ཤར་བ་ངོ་མཚར་ཆེ༔ བརྗོད་མེད་རྣམ་པར་དག་པའི་ཡེ་ཤེས་ཉིད༔ སྟོང་པ་རང་སར་དག་པའི་ཡུལ་ལ་སྣང་བ་ངོ་མཚར་ཆེ༔ མ་རིག་མུན་སེལ་ཐིག་ལེ་སྟོང་པ་ཉིད༔ དབང་པོའི་ཡུལ་ལ་སྣང་བ་ངོ་མཚར་ཆེ༔ ཞེས་བརྗོད་ལ་དེ་དག་གི་དོན་ཡང་བཤད་དོ༔

དེ་ནས་རྫོགས་པ་ཆེན་པོ་བརྗོད་པ་ལས་འདས་པའི་དོན་དེ་སྐལ་ལྡན་གྱི་བློ་ལ་གནས་པར་བྱ་བའི་ཕྱིར་འདི་སྐད་དོ༔ དངོས་པོ་གང་ལ་ཡང་རང་བཞིན་མེད་པ་(༧༦)ཡིན་ནོ༔ བལྟར་མེད་པ་དང༔ སྲོག་མེད་པ་དང༔ སྙིང་པོ་མེད་པ་དང༔ ཡ་མ་བརླ་ཡིན་པ་དང༔ ཚིག་མེད་པ་དང༔ ཡི་གེ་མེད་པ་དང༔ སྒྲ་མེད་པ་དང༔ ཐ་སྙད་མེད་པ་དང༔ བརྗོད་དུ་མེད་པའོ༔ ཞེས་དངོས་པོའི་འདུག་ཚུལ་བརྗོད་མེད་དུ་གཏན་ལ་ཕབ་པའོ༔ དེ་ནས་ལུས་ངག་ཡིད་གསུམ་རྫོགས་པ་ཆེན་པོའི་དོན་སྟོང་ཉིད་ཀྱི་གོ་རར་གཞུག་པའི་ཕྱིར༔ སྟོང་པ་ཉིད་བདེ་བ་ཆེན་པོའི་ངང་དུ་དར་ཅིག་བསྒོམ༔ དེ་ཉིད་ཀྱི་དོན་བརྡས་བསྐུལ་བའི་ཕྱིར་ཚིག་ཏུ་འདི་སྐད་བརྗོད་པར་བྱའོ༔ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ༔ འདོད་ཅིང་ཞེན་པའི་བློ་ནི་ཡོང་རེ་འཁྲུལ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བ་ལ༔ མཚན་མ་ཚིག་ཕྱིར་འབྲངས་པ་ཡོང་རེ་འཁྲུལ༔ སྙིང་པོ་དོན་གྱི་ཡེ་ཤེས་རང་ཤར་ལ༔ གཞན་བྱུང་རྩོལ་སྒྲུབ་བྱེད་པ་ཡོང་རེ་འཁྲུལ༔ སེམས་ཉིད་སྐྱེ་ཤི་གཉིས་ལས་འདས་པ་ལ༔ སྐྱེ་འགགས་གཉིས་སུ་འཛིན་པ་ཡོང་རེ་འཁྲུལ༔ འབྲས་བུ་རང་རྫོགས་སྨོན་ལམ་བྲལ་བ་ལ༔ རྣམ་དཔྱོད་དུས་ལས་ལྟོས་པ་ཡོང་རེ་འཁྲུལ༔ བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ༔ བླང་དོར་གཉིས་སུ་འཛིན་པ་ཡོང་རེ་འཁྲུལ༔ ཀུན་ཏུ་བཟང་པོ་རང་ལ་གནས་པ་ལ༔ ཡི་དམ་གཞན་ནས་འཚོལ་བ་ཡོང་རེ་འཁྲུལ༔ བདག་ཉིད་ཡེ་སངས་རྒྱས་པ་ཡིན་པ་ལ༔ ངན་སོང་གསུམ་དུ་འཇོག་པ་ཡོང་རེ་འཁྲུལ༔ འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ༔ ཡང་དག་སངས་རྒྱས་འདོད་པ་ཡོང་རེ་འཁྲུལ༔ དུག་ལྔ་མ་སྤངས་རང་བྱུང་ཆེན་པོ་ལ༔ ཉོན་མོངས་སྤང་བྱར་འཛིན་པ་ཡོང་རེ་འཁྲུལ༔ འཁྲུལ་པའི་སྣང་བ་ཆོས་སྐུ་རང་སྣང་ལ༔ དངོས་པོ་བདག་ཏུ་འཛིན་པ་ཡོང་རེ་འཁྲུལ༔ ཐེག་པ་རིམ་དགུ་རང་ལ་ཤར་བ་ལ༔ སོ་སོའི་འདོད་གཞུང་འཛིན་པ་ཡོང་རེ་འཁྲུལ༔ ཞེས་ཚིག་གིས་སྤྲོ་བ་བསྐྱེད་ཅིང་དོན་བསྟན་པར་བྱའོ༔

དེའི་རྗེས་ལ་ལུང་བསྟན་པའི་དབང་ནི༔ སྤྲོས་པ་མེད་པའི་དབང་ལ་ཞུགས་པས་ངག་གི་སྒྲིབ་པ་ཡོངས་སུ་དག་ནས་མ་འོངས་པའི་དུས་ན་ལོངས་སྤྱོད་རྫོགས་པའི་ཞིང་(༧༧)ཁམས་སུ་སྐྱེ་བར་འགྱུར་རོ༔ ཞེས་བརྗོད་དོ༔ རྗེས་གནང་ནི༔ སྤྲོས་མེད་ཀྱི་དབང་བསྐུར་ནས་སྔགས་བཟླས་པ་དང༔ རྫོགས་རིམ་རྩ་དང་རླུང་དང་ཐིག་ལེ་རྣམས་བསྒོམ་དུ་རུང་བ་དང༔ ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་བསྒོམ་དུ་རུང་བའི་རྗེས་གནང་ཐོབ་བོ༔ དབུགས་དབྱུང་བ་ནི་ཁམས་གསུམ་འཁོར་བར་མི་འཇུག་པར་བྱེད་པའོ༔ གཟེངས་བསྟོད་པ་ནི་དེ་ལྟར་གྱུར་པས་སེམས་ལ་སྤོབ་པ་བསྐྱེད་པའོ༔ འཇུག་ཅིང་དབང་བསྐུར་བའི་རིམ་པའོ༔ ལས་ཀྱི་མཐའ་བསྡུ་བ་ནི་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་དབུལ་ཞིང་ཆོས་སྐྱོང་རྣམས་ལ་སྔར་བྱས་ཀྱི་གཏང་རག་ཕྱི་མའི་ཁས་ལེན་དུ་བྱས་ལ་རྦད་བསྐུལ་བྱ༔ དཀོན་མཆོག་གི་གཏོར་མ་དང༔ ཡི་དམ་གྱི་གཏོར་མ་དང༔ མཁའ་འགྲོ་དང་ཆོས་སྐྱོང་གི་གཏོར་མ་དང༔ འབྱུང་པོའི་གཏོར་མ་རྣམས་རིམ་པ་བཞིན་དུ་དབུལ༔ དེ་ནས་རོལ་མོའི་སྒྲ་གོང་མ་རྣམས་དང་ལྡན་པས་གཏོར་མ་རྣམས་གཤེགས་སུ་གསོལ༔ དེ་ནས་བདག་གི་བསྐྱེད་རིམ་སྔར་བཞིན་དུ་བསྒོམ་པས་དེའི་དལ་བསྡུ་བ་དང༔ རྡོ་རྗེའི་གླུ་བླངས་པ་དང༔ བཀྲ་ཤིས་བརྗོད་པ་དང༔ སྨོན་ལམ་བཏབ་སྟེ་རྡོ་རྗེ་སློབ་དཔོན་དང་རྣལ་འབྱོར་དབང་ཕྱུག་ཕོ་མོ་རྣམས་ཀྱིས་འདི་ལྟར་བྱ་སྟེ༔ འདས་དང་མ་འོངས་ད་ལྟར་གྱི༔ རྫོགས་སངས་རྒྱས་པའི་ལེགས་པ་ཡིས༔ བཅོམ་ལྡན་རྡོ་རྗེ་འཆང་ཆེན་དང༔ སྐལ་བ་མཉམ་པར་འགྱུར་བར་ཤོག༔ ངན་སོང་ཐམས་ཅད་རྒྱུན་ཆད་དང༔ སངས་རྒྱས་བསྟན་པ་འཕེལ་བ་དང༔ རྫོགས་སངས་རྒྱས་པའི་ཡོན་ཏན་རྣམས༔ བདག་ལ་དེང་འདིར་བསྩལ་བ་དང༔ ཞིང་ཁམས་བཟང་ཞིང་ཉམས་དགའ་བར༔ བདག་ཀྱང་སྐྱེ་འགྱུར་སྐྱེ་བར་ཤོག༔ སྐྱེས་པས་སེམས་ཅན་དོན་བྱས་ཏེ༔ འཁོར་བ་དོང་ནས་སྤྲུག་པར་ཤོག༔ དོང་སྤྲུགས་སངས་རྒྱས་ཆེན་པོ་ཉིད༔ རྒྱས་པར་བདག་ལ་སེམས་སྦྱོང་ཞིང༔ བདེ་བར་མགོན་པོ་རྣམས་མཉམ་ཤོག༔ ཇི་ལྟར་དམ་ཚིག་སྡོམ་པ་ཉིད༔ འདི་ཉིད་དུ་ཡང་རྫོགས་པར་(༧༨)ཤོག༔ ཅེས་སྨོན་ལམ་དྲིལ་བུའི་སྒྲ་དང་བཅས་པར་གདབ༔ ཆོ་ག་ལྷག་ཆད་བསྐང་བའི་ཡི་གེ་བརྒྱ་པ་བཟླས༔ བུམ་ཆུས་ཁྲུས་བྱེད་ན་བྱ༔ མི་བྱེད་ན་རིའམ་གཙང་སར་བསྐྱལ༔ མཎྜལ་ཕྱགས་ལ་དྲི་བཟང་པོའི་ཆུས་བྱུགས་ལ་མེ་ཏོག་གཅིག་ཙམ་བཞག༔ ནང་མཆོད་བྱས་པའི་སྣོད་དང་རྫས་ཐམས་ཅད་བཀྲུས་ལ་སོ་སོའི་གནས་སུ་བཞག༔ དབང་བསྐུར་བའི་ཁང་པ་དེ་ལྷ་ཁང་ངམ་མཆོད་ཁང་ཡིན་ན་མཆོད་པ་བཤམས་ལ་བཞག༔ གསར་དུ་བརྒྱན་པ་ཡིན་ན་རྒྱན་རྣམས་བསྡུ༔ རྟེན་རྣམས་བསྡུས་ལ་གནས་ཁང་ཕྱགས་ལ་མེ་ཏོག་གཏོར་ལ་བཞག༔ སྣོད་མ་ཡིན་པ་ལ་གསང་བའི་དོན་དུ་དབང་བསྐུར་བས་རྗེས་མི་མངོན་པར་བྱའོ༔ དེ་ནས་ཡོན་དབུལ་ཞིང་དགའ་སྟོན་བྱ་བའི་རིམ་པ་ནི༔ སློབ་དཔོན་ལ་ཅི་འབྱོར་པའི་ཡོན་དབུལ༔ མཆེད་གྲོགས་རྣལ་འབྱོར་ཕོ་མོ་རྣམས་ལ་དགའ་སྟོན་ཅི་རིགས་པར་བྱ༔ གཞན་དགེ་འདུན་པ་དང་མགྲོན་པོ་རྣམས་ལ་འབྱོར་པ་དང་སྦྱར་ལ་སྤྱན་དྲངས༔ དེ་ལྟར་བྱས་པའི་ཡོན་ཏན་ནི་རྒྱས་པར་འཁོར་ལོ་དྲུག་པ་དང་འཕྲ་ཏིག་ནས་བསྟན་པར་བྱའོ༔ བཀྲ་ཤིས་པའི་ཡན་ལག་ཡིན་པས་སློབ་དཔོན་གྱིས་དབུ་བཟུང་ནས་མཆེད་ལྕམ་རྣལ་འབྱོར་ཕོ་མོ་ལ་སོགས་པ་རྣམས་ཀྱིས་གླུ་གར་ལ་སོགས་པར་བྱ༔ དགེ་འདུན་བཞུགས་ན་བཀྲ་ཤིས་བྱེད་དུ་གཞུག༔ གཞན་ཁྱེའུ་བུ་མོ་ལ་སོགས་པས་ཀྱང་གླུ་གར་དང་རོལ་མོ་ལ་སོགས་པ་ཤེས་ཚད་བྱེད་དུ་གཞུག༔ འཐབ་པ་དང༔ རྩོད་པ་དང༔ ཁེ་གྲགས་ཀྱི་གཏམ་རྣམས་སྤང་བར་བྱ༔ ཆོས་གཏམ་ཡང་ཚོགས་ཀྱི་འཁོར་ལོར་རྩོད་པར་འགྲོ་བས་མི་བྱ༔ གཞན་ཅི་དགའ་བྱའོ༔ རིན་པོ་ཆེ་དབང་གི་ཕྱག་ལེན་ཇི་ལྟ་བ་བཞིན་བཀོད་པ་རྫོགས་སོ༔ བླ་མ་རྡོ་རྗེ་འཆང་བའི་ལྷ༔ ལྷ་ཡི་ལྷ་ཁྱོད་ཕྱག་འཚལ་བསྟོད༔ བདག་ནི་བསྐལ་པ་ཐོག་མེད་ནས༔ འབྱུང་བཞིའི་ལུས་ཀྱིས་བཅིངས་པ་བདག༔ འབྱུང་(༧༩)བཞིའི་གནད་དང་བྲལ་གྱུར་ནས༔ དྲི་མེད་འོད་གསལ་ལུས་ལྡན་ཤོག༔ སྨྲ་མང་ངག་གིས་བཅིངས་པ་བདག༔ འཁྲུལ་པའི་གཏམ་རྒྱུད་ཟུངས་ཟད་ནས༔ བརྗོད་དུ་མེད་པའི་དོན་ལྡན་ཤོག༔ འགྱུ་བྱེད་རྟོག་པས་བཅིངས་པ་བདག༔ མི་རྟོག་གསལ་བའི་སྣང་མཐོང་ནས༔ བསམ་པའི་འཕྲོ་འདུ་ཆད་པར་ཤོག༔ དེ་ལྟར་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པའི༔ འབྲས་བུ་སྐུ་གསུམ་ཚད་ཕེབས་ཤོག༔ ཅེས་ལན་གསུམ་བརྗོད་དོ༔ ཨཱ་ཨཱཿཧཱུྃ༔ དགེའོ༔ མན་ཏྲ་གུ་ཧྱ༔

རྫོགས་པ་ཆེན་པོ་སྙིང་ཐིག་སྤྲོས་བཅས་ཀྱི་དབང་ལྕེ་བཙུན་གྱིས་མཛད་པ།

༄༅། །རྫོགས་པ་ཆེན་པོ་སྙིང་ཐིག་སྤྲོས་བཅས་ཀྱི་དབང་ལྕེ་བཙུན་གྱིས་མཛད་པ་བཞུགས་སོ། །

༄༅། །དབང་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ངེས་པའི་ལུང་ལ་དད་པའི་གདིང་རྙེད་སྐལ་ལྡན་བུ། །འཕངས་པའི་སྲོག་ནོར་དམ་པའི་ཆོས་ལ་གཏོང་ཕོད་ཅན། །སྦྱངས་པའི་འཕྲོ་ཅན་བློ་ཡི་རྩེ་མོར་རབ་ཏུ་འཇུག་པའི་དོན། །དབང་རྣམས་ཀུན་གྱི་གནད་བསྡུས་ངེས་པའི་དོན་དུ་བདག་གིས་དགྲོལ། །ཚིག་གི་དབང་ལ་བྱེ་བྲག་བསམ་ཡས་ཀྱང་། །གནད་ཀྱི་མན་ངག་སྙིང་པོ་ཕྱུང་པ་ནི། །སྤྲོས་བཅས་དབང་གི་ཚིག་དོན་མཐོང་བའི་དོན། །ངེས་པར་བསྡུས་ལ་ལག་ལེན་ཁྲིགས་སུ་བསྡེབ། །

དེ་ལ་སྐལ་བ་མཆོག་དང་ལྡན་པའི་སློབ་མ་དམ་ཚིག་རང་གི་སྲོག་བས་གཅེས་པར་འཛིན་པ་གཉིས་ནས་བདུན་ཚུན་ཆད་ལས་དེ་བས་མང་ན་མཁའ་འགྲོ་མའི་ཆད་པ་འོང་ངེས་པས་བུ་མཆོག་དེ་རྣམས་ལ་བསྟན་པར་བྱའོ། །དེ་ལ་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དབང་ངེས་པར་བྱ་བའི་ཚིག་གི་དོན་འདི་ལ་གཞན་ནས་རྒྱ་ཆེར་བསྟན་ཀྱང་། དེ་རྣམས་ཀྱིས་དོན་གྱི་གནད་གཏན་ལ་མི་ཕེབས་ཏེ། དཔེར་ན་ལུང་པ་སྟོང་པའི་རླུང་སྒྲ་དང་འདྲ་སྟེ་དོན་ལ་མ་གཡེལ་བས། དབང་དངོས་ཀྱི་ལག་ཁྲིགས་བླ་མའི་ཕྱག་ལེན་ཉམས་ཀྱི་མན་ངག་དངོས་མིན་པའི་ཕྱིར་སེམས་ལ་གབ་པར་བྱའོ། །དེའི་(༨༠)དོན་ངེས་པའི་དབང་ཆོག་ལེན་པར་འདོད་པའི་སྐལ་ལྡན་གྱིས་གནད་ངེས་པ་ཚིག་གསུམ་དུ་རིག་པར་བྱའོ། །དེ་ལ་ངེས་པའི་དོན་གྱི་དབང་ནི་སྔོན་དུ་འགྲོ་བ་སློབ་དཔོན་གྱི་འབྲེལ་བརྟག་པ་དང་གཅིག །དངོས་གཞི་དབང་ངེས་པའི་བྱ་བ་ལག་ཁྲིགས་ཀྱི་གོ་རིམ་བསྟན་པ་དང་གཉིས། རྗེས་ཀྱི་བྱ་བ་རྣལ་འབྱོར་པའི་སྤྱོད་ལམ་གྱི་ཚུལ་བསྟན་པས་ངེས་པར་བྱ་བའོ། །

དེ་ལ་དང་པོ་སློབ་དཔོན་དང་སློབ་མའི་འབྲེལ་པ་བརྟག་པ་ལ། དང་པོ་བླ་མའི་མཚན་ཉིད་བསྟན་པ་ནི་མཚན་ཉིད་དང་མི་ལྡན་ན་དབང་ངེས་པའི་འབྲས་བུ་འབྱིན་མི་ནུས་པས་དེའི་མཚན་ཉིད་མདོ་རྒྱུད་ལ་སོགས་ཚིག་གི་དོན་ལ་ངེས་པར་སྦྱངས་པ་དང་གཅིག །མངོན་སུམ་དོན་གྱི་གནས་ལུགས་ལ་རྟོགས་པའི་ལམ་སྦྱོང་བ་དང་གཉིས། ཚོགས་གཉིས་ལ་སོགས་པ་བསགས་པས་མཐར་ཕྱིན་པ་དང་རང་གི་རྒྱུད་ཐོག་ཏུ་སྨིན་ཅིང་སྒོ་གསུམ་གྱིས་གཞན་གྱི་རྒྱུད་སྨིན་ནུས་པའོ། །སློབ་མའི་མཚན་ཉིད་ངེས་པས་གདམས་པའི་སྣོད་བརྟག་པ་ནི། དོན་དམ་པའི་བླ་མ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་གཅིག །དད་པའི་ཞིང་ས་བཟང་བས་མི་དགེ་བའི་ཕྱོགས་དུག་སྦྲུལ་ལྟར་སྤོང་བ་དང་གཉིས། འཁྲུལ་པའི་དོན་རིག་པས་འཇིག་རྟེན་གྱི་བདོག་པ་ལ་མི་ཆགས་ཤིང་གཏོང་ནུས་པ་དང་གསུམ། མདོར་ན་ལུས་དང་སྲོག་ཐམས་ཅད་ཀྱང་དམ་པའི་དོན་ལ་བློ་བསྒྱུར་ནུས་པ་དང་བཞིའོ། །

དངོས་གཞི་དབང་ངེས་པའི་ལག་ཁྲིགས་ལ་གཉིས། བཤམ་པ་རྫས་ཀྱི་རིམ་པ་ཆས་སུ་གཞུག་པ་དང་གཅིག །སྨིན་བྱ་སློབ་མའི་ཆོ་ག་ངེས་པ་དངོས་སོ། །དང་པོ་ལ་གཉིས་ཏེ། གནས་ཁྱད་པར་ཅན་དུ་དཀྱིལ་འཁོར་བཤམ་པ་དང་གཅིག །དེར་བསགས་པའི་རྫས་ཀྱི་རིམ་པ་དགོད་པའོ། །

དེ་ལ་དཀྱིལ་འཁོར་བཤམ་པ་ནི། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བའི་རྣམ་པ་ལྔ་དང་བདུད་རྩི་ལྔ་ཡིས་ཆག་ཆག་འཐོར་བར་བྱས་ལ། ཐིག་དང་རྡུལ་ཚོན་བྱིན་གྱིས་བརླབ་པ་སྤྱི་དང་འདྲ། དབུས་སུ་མཐིང་ཀ་(༨༡)ཟླུམ་པོ་པདྨ་འདབ་བརྒྱད་ཕྱོགས་ཚོན་དང་མཚམས་མཛེས་ཚོན་དུ་བྱ། གྲུ་ཆད་སྒོ་དང་སྒོ་རྒྱན་རྟ་བབས་རྡོ་རྗེའི་ར་བ་མེ་རིའི་ཕྲེང་བ་འོད་ཟེར་གྱིས་བསྐོར་བ་བྲིའོ། །

གཉིས་པ་བསགས་པ་རྫས་ཀྱི་བྱ་བ་ནི། ཕྱོགས་བཞི་དབུས་དང་ལྔར་རིན་པོ་ཆེའི་བུམ་པ་ཁ་དོག་ཕྱོགས་ཚོན་ལ་རིགས་ལྔའི་ས་བོན་ཨ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པ་བྲིས་ལ་དགོད། ཁ་རྒྱན་མགུལ་རྒྱན་དང་བཅས་པའི་ནང་དུ་རིན་པོ་ཆེ་ལྔ་འབྲུ་ལྔ་སྨན་ལྔ་སྤོས་ལྔ་གཙང་མའི་ཆུ་དང་འོ་མ་ལ་སོགས་དཀར་གསུམ་དང་། བུ་རམ་ལ་སོགས་པའི་མངར་གསུམ་གྱིས་དགང་ངོ་། །བུམ་པ་ལྔའི་སྟེང་དུ་མདའ་ལྔ། མེ་ལོང་ལྔ། ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་ལྔ་དགོད། གསང་དབང་གི་རྫས་ཐོད་པ་བདུད་རྩིས་བཀང་བ་ཡང་དགོད། དབང་གསུམ་པའི་རྫས་རིག་མ་མཚན་ལྡན་ཡང་བཞག་གོ། །གཞན་ཡང་སྒོ་བཞིར་ཕུར་པ་བཞི། མཚམས་བཞིར་རལ་གྲི་བཞི་དགོད་དོ། །གཞན་ཡང་ཕྱིའི་མཆོད་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ། རྒྱལ་སྲིད་སྣ་བདུན། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། མཁའ་འགྲོ་དང་ཆོས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་ཡང་བཤམ་མོ། །བླ་བྲེ་དང་ཐང་སྐུ་ལ་སོགས་པ་ཅི་རིགས་པས་གནས་བརྒྱན་པར་བྱའོ། །སྨིན་བྱ་སློབ་མའི་བྱ་བ་ལ་གཉིས། འཇུག་པར་བྱེད་པ་སློབ་མའི་སྔོན་འགྲོ་དང་། བྱིན་རླབས་ཀྱི་བྱེད་པ་སློབ་དཔོན་གྱི་ལས་སོ། །དང་པོ་ལ་ལྔ་སྟེ། དབང་གི་གསོལ་བ་གདབ་པ་དང་། བླ་མས་གནང་བ་སྦྱིན་ཞིང་། སྐྱབས་འགྲོ་སེམས་བསྐྱེད་འབོགས་པ་དང་གཉིས། བསྲུང་བ་གདགས་ཤིང་ཡེ་ཤེས་དབབ་པ་དང་གསུམ། མེ་ཏོག་དོར་ཞིང་མིང་གདགས་པ་དང་བཞི། མིག་དབྱེ་ཞིང་མཐོང་བ་བསྟན་པ་དང་ལྔའོ། །དང་པོ་གསོལ་བ་གདབ་པ་ནི།

ཨེ་མ་ཧོ། སྐྱེས་ཆེན་འགྲོ་མགོན་བླ་མ་རྗེ། །བདག་ནི་ལས་ཅན་ཤེས་རབ་བུ། །གསང་བར་ངེས་པའི་ལུང་འདི་ལ། །གཏོད་པས་བདག་ནི་གཟུང་དུ་གསོལ། །ཞེས་ལན་གསུམ་ཞུ་བ་དབུལ།

གཉིས་པ་བླ་མས་རྗེས་གནང་སྦྱིན་ཞིང་སྐྱབས་འགྲོ་(༨༢)སེམས་བསྐྱེད་འབོགས་པ་ལ་གསུམ། རྗེས་གནང་དང་། སྐྱབས་འགྲོ་དང་། སེམས་བསྐྱེད་དོ། །

དང་པོ་ནི། ཨེ་མ་ཧོ། སྐལ་ལྡན་སེམས་ཀྱི་བུ། །མཆོག་ཏུ་གསང་བའི་ཐེག་པ་འདི། །རྡོ་རྗེ་འཛིན་པ་བདག་གི་ལུང་། །ཞུགས་ནས་འབྲས་བུ་ངེས་ཐོབ་འགྱུར། །བདག་ཉིད་ཆེན་པོ་ཁྱེད་དག་གི །བློ་ཡི་ཐེ་ཚོམ་རབ་བསལ་ནས། །ནོར་བུའི་ཡོན་ཏན་མཐོང་བ་བཞིན། །བདག་ལ་བླ་མར་སྤྲོ་ལགས་སམ། །ཞེས་དྲི། སློབ་མས་སྤྲོ་ལགས་ཞེས་བརྗོད་དེ། གཉིས་པ་སྐྱབས་འགྲོ་ནི། རང་ལུས་འཁོར་ལོ་བཞི་རྩ་རླུང་ཐིག་ལེའི་གནས་ལུགས་དྲན་པར་བྱས་ལ། རླུང་ལྔ་རྣམ་དག་དྭངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པ། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་གསུམ་གྱི་རྗེས་ལ་དེའི་དོན་བཤད་དོ། །གསུམ་པ་སེམས་བསྐྱེད་པ་ནི། ལམ་གྱི་སྣང་བ་བཞིའི་དོན་དྲན་པར་བྱས་ལ་འདི་སྐད་དོ། །ཨེ་མ་ཧོ། མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་རིག་ཐབས་ཤེས་སྒྲོན་མ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །ཞེས་ལན་གསུམ་གྱི་རྗེས་ལ་སྨོན་པའི་དོན་བཤད་པར་བྱའོ། །འཇུག་པ་ནི། ཨེ་མ་ཧོ། སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །ཚིག་ལས་འདས་པའི་རང་བྱུང་སྟེ། །ད་ལྟ་ཉིད་དུ་རྟོགས་པར་བྱའོ། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ་འཇུག་པའི་དོན་བཤད་དོ། །

བསྲུང་བ་གདགས་ཤིང་ཡེ་ཤེས་དབབ་པ་ལ་གཉིས། བསྲུང་བ་གདགས་པ་དང་ཡེ་ཤེས་དབབ་པའོ། །དང་པོ་ཚོན་སྣ་ལྔའི་སྐུད་པ་ལ་གནས་པ་རྩའི་ཡི་གེའམ། ཡང་ན། ཨ་ཨཱཿཧཱུཾ་སྭཱ་ཧཱ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྔགས་མདུད་བྱས་ལ་ཕོའི་དཔུང་པ་གཡས་པ་མོའི་གཡོན་པ་ལ་གདགས་སོ། །

གཉིས་པ་ཡེ་ཤེས་དབབ་པ་ནི། སློབ་མ་ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་བཅའ་རུ་བཅུག་ལ། འཁོར་ལོ་བཞིའི་རྩ་ཡི་གེ་ཐིག་(༨༣)ལེ་དང་ཀུན་བཟང་ཡབ་ཡུམ་གསལ་གདབ་ལ། སྟེང་འོག་གི་རླུང་ཁ་སྦྱར་ལ་ཤེས་པ་མ་ཡེངས་ཤིག་བྱས་དམིགས་པ་ནི། ཚིག་དོན་བསམ་ཞིང་བླ་མས་ཌཱ་མ་རུ་དཀྲོལ་ཞིང་འདི་སྐད་དོ། །

ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །སྤྲུལ་པའི་སྐུ་ཡི་བཞུགས་གནས་ཡིན། །རླུང་ལྔ་གཡོ་རྩོལ་ལས་འདས་པ། །ཐིག་ལེ་འོད་སྐུར་ཤིགས་སེ་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །ཆོས་ཀྱི་སྐུ་ཡི་བཞུགས་གནས་ཡིན། །སངས་རྒྱས་རིགས་ལྔ་མེ་རེ་རེ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི། །ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡོད། །མཚན་དང་དཔེ་བྱད་འཁྲུགས་པ་ཡི། །ཐིག་ལེ་འོད་སྐུར་ཡ་ལ་ལ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྤྱི་བོ་བདེ་བའི་འཁོར་ལོ་ནི། །སྐུ་གསུམ་འདུས་པའི་བཞུགས་གནས་ཡིན། །འབྲས་བུ་འདུས་པའི་རྩེ་མོ་ཅན། །ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ། །ཞེས་པ་དེ་དག་གི་དམིགས་པ་རེས་མོས་ཀྱིས་དབབ་པའོ། །བཞི་པ་མེ་ཏོག་དོར་ཞིང་མིང་གདགས་པ་ལ་གཉིས། མེ་ཏོག་དོར་བ་དང་མིང་གདགས་པའོ། །དང་པོ་ནི་དར་སྣ་ལྔའི་སྤྱན་དར་བྱས་ལ། ཐལ་མོའི་བར་དུ་བཟུང་སྟེ། མིག་དར་ནག་པོས་བཀབ་ལ་འདི་སྐད་དོ། །ཨེ་མ་ཧོ། ཐོག་མའི་འོད་གསལ་སྙིང་པོ་ནས། །ད་ལྟ་ཐེག་མཆོག་འདི་འཕྲད་པར། །གཞི་ལ་སྦྱངས་པའི་ལས་འབྲས་ཀྱིས། །རིགས་མཆོག་དེ་ལ་འབབ་པར་ཤོག །ཅེས་པས་ཕོ་བྲང་དབུས་སུ་དོར་རོ། །གཉིས་པ་མིང་གདགས་པ་ནི། དབུས་སུ་བབས་ན། སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་འདོད་ཡོན་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་དུ་གདགས་སོ། །དེ་ནས་མིག་དབྱེ་ཞིང་མཐོང་བ་བསྟན་པ་ལ་གཉིས། མིག་དབྱེ་བ་དང་མཐོང་བ་བསྟན་པའོ། །དང་པོ་ནི། ཀྱེ་མ་རྡོ་རྗེ་འཛིན་མགོན་རྗེ། །བདག་ནི་ཁམས་གསུམ་འཁོར་བར་ལོང་། །རྗེ་ཡི་ཡེ་ཤེས་ཐུར་མ་ཡིས། །བདག་གི་མ་རིག་བསལ་དུ་གསོལ། །ཞེས་སོ། །བླ་མས་འདི་སྐད་དོ། །ཨེ་(༨༤)མ་སྐལ་ལྡན་རིགས་ཀྱི་བུ། །སྔོན་ཆད་གཟུང་འཛིན་འཁྲུལ་པས་བཟུང་། །རང་ལ་བཞག་ནས་གཞན་དུ་བཙལ། །ཐུར་མ་ཡིད་བཞིན་ནོར་བུར་མཚོན། །ཞེས་གསེར་གྱི་ཐུར་མས་མིག་དར་བསལ་ལ། དེ་དག་གི་དོན་བཤད་དོ། །

གཉིས་པ་མཐོང་བ་བསྟན་པ་ལ་བཞི་སྟེ། དང་པོ་བླ་མའི། དེ་ནས་དཀྱིལ་འཁོར་གྱི། དེ་ནས་རྫས་ཀྱི། དེ་ནས་མཆེད་ལྕམ་གྱི་མཐོང་བ་བསྟན་པའོ། །དེ་ལ་དང་པོ་བླ་མའི་མཐོང་བ་བསྟན་པ་ནི། ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །མ་ཡེངས་སེམས་ཀྱིས་ང་ལ་ལྟོས། །ང་ལ་མཐོང་བ་སྣ་ཚོགས་པའོ། །བུ་ཁྱོད་ཀྱིས་ནི་ཅི་མཐོང་སྨྲོས། །ཞེས་བརྗོད་པས། བུ་ཡིས་བླ་མ་ལ་སངས་རྒྱས་སུ་མཐོང་ལགས། ཞེས་བརྗོད་དོ། །

གཉིས་པ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི། ལྟོས་ཤིག་མིག་ཅན་སྐལ་ལྡན་བུ། །དཀྱིལ་འཁོར་བཟང་པོའི་གནས་འདི་ལྟོས། །དད་པའི་མཆོག་འདི་བསྐྱེད་རེ་རན། །ཁྱོད་ཀྱིས་དཀྱིལ་འཁོར་ཅི་རུ་མཐོང་། །ཞེས་དྲིས་པས། ལ་ལས་དཀར་པོ་ཤས་ཆེ་བར་མཐོང་། ལ་ལས་དམར་པོ་ལ་སོགས་པ་མཐོང་བ་འབྱུང་བས། དཀྱིལ་འཁོར་གྱི་དེ་ཉིད་བཤད་དོ། །དེ་ནས་རྫས་ཀྱི་མཐོང་བ་བསྟན་པ་ནི། ཨེ་མ་ལྟ་ཤེས་སྐལ་ལྡན་བུ། །བརྡ་དང་དམ་རྫས་བཀོད་པའི་ཚོགས། །གནས་ལུགས་མཚོན་པའི་རྫས་འདི་ལྟོས། །མཐོང་བའི་དོན་དེ་བདག་ལ་སྨྲོས། །ཞེས་པའི་སྐལ་བ་དང་ལྡན་པས་དེ་རྣམས་ཀྱི་དོན་ཇི་བཞིན་ཉིད་དུ་ཤེས་སོ། །དེ་ནས་རྫས་ཀྱི་དེ་ཉིད་བཤད་དོ། །དེ་ནས་མཆེད་ལྕམ་གྱི་མཐོང་བ་བསྟན་པ་ནི། ཨེ་མ་ཧོ། ངོ་མཚར་རིགས་ཀྱི་བུ། །གྲོགས་ཀྱི་དམ་པ་གང་ཡིན་པ། །འཇུག་སྒོ་གཅིག་པའི་སྤུན་གྲོགས་ལ། །ཁྱོད་ཀྱིས་ཅིར་མཐོང་བདག་ལ་སྨྲོས། །དག་པའི་སྣང་བ་མཐོང་རེ་རན། །ཞེས་པས་དེ་ཉིད་ཀྱིས་མཐོང་བའམ་དོན་དྲིའོ། །དེ་ལ་དཀྱིལ་འཁོར་གྱི་དེ་ཉིད་བཤད་པ་ནི། དབུས་ཟླུམ་པོ་མཐིང་ཁར་བྱུང་བ་ནི་གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པདྨ་འདབ་མ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི་གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །(༨༥)གྲུ་ཆད་བཞིར་བྱུང་བ་ནི་འབྱུང་བཞི་འོད་དང་ལྡན་པའི་བརྡའོ། །ཁྱམས་སྒོ་བཞི་དང་བཅས་པ་ནི་ཕྲིན་ལས་བཞི་པོ་རང་ལ་ཚང་བའི་བརྡའོ། །པད་རག་གི་རྩིག་པ་ནི་ཡེ་ཤེས་ལྔའི་ར་བ་དང་ལྡན་པའི་བརྡའོ། །རྟ་བབས་བཞི་ནི་གཞི་ལ་ཚད་མེད་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །འདོད་ཡོན་གྱི་ལྷ་མོ་ནི་འདོད་ཡོན་མ་སྤངས་རྒྱན་དུ་ཤར་བའི་བརྡའོ། །དྲ་བ་དྲ་ཕྱེད་ནི་གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །ཕ་གུ་སེར་པོ་ནི་འདོད་དགུ་རང་ལས་འབྱུང་བའི་བརྡའོ། །རྡོ་རྗེའི་རྭ་བ་ནི་དོན་ལ་འགྱུར་བ་མེད་པའི་བརྡའོ། །འོད་ཟེར་ཕྲེང་བས་བསྐོར་བ་ནི་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་བརྡའོ། །

གཉིས་པ་རྫས་ཀྱི་དེ་ཉིད་བསྟན་པ་ནི། བུམ་པ་ལྔ་རུ་བྱུང་བ་ནི་རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །ཤེལ་ལྔ་ནི་གཞི་དཀར་ལ་དྭངས་པའི་བརྡའོ། །རྨ་བྱའི་མདོངས་ལྔ་ནི་སྒྲོན་མ་ལྔ་རང་ལ་གསལ་བའི་བརྡའོ། །མདའ་ལྔ་ནི་ཤེས་རབ་ལྔ་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི་ཡེ་ཤེས་ལྔ་མཚོན་པའི་བརྡའོ། །དར་སྣ་ལྔ་ནི་རླུང་ལྔ་མཚོན་པའི་བརྡའོ། །ཕུར་པ་ལྔ་ནི་དབྱིངས་རྣམ་པར་དག་པ་ལ་འགྱུར་བ་མེད་པའི་བརྡའོ། །རལ་གྲི་ལྔ་ནི་མངལ་གྱི་གྲོང་ཁྱེར་འཇོམས་པའི་བརྡའོ། །ཚོགས་གཏོར་དང་མཆོད་པ་ནི་འདོད་ཡོན་རང་སྤྲུལ་དུ་ཤར་བའི་བརྡའོ། །

གཉིས་པ་བྱིན་རླབས་སློབ་དཔོན་གྱི་བྱ་བ་ལ་བཞི་ལས། དང་པོ་བུམ་པའི་དབང་དང་གཅིག །གཉིས་པ་གསང་བའི་དབང་། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། བཞི་པ་ངེས་པའི་ཚིག་དོན་ངོ་སྤྲོད་ཀྱི་དབང་། དེ་ལ་དང་པོ་ནི། སློབ་མ་རྣམས་ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་འཆར་བཅུག་བླ་མས་དབུས་ཀྱི་བུམ་པ་བླངས་ལ། སློབ་བུའི་སྤྱི་བོར་བཞག་ནས། ཧཱུཾ་ཆོས་ཉིད་དབྱིངས་ཀྱི་བུམ་པ་རུ། །སྟོང་གསལ་རང་བྱུང་ཆུ་ཡིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག །ཀཱ་ལིའི་ཡི་གེའི་ཚོགས་བརྗོད་པའི་རྗེས་ལ་སྤྱི་བོའི་རྩ་གནས་ཀྱི་ཡི་གེ་རྣམས་བརྗོད་ལ་དབང་བསྐུར་ཏེ། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། (༨༦)བཱ་བཱ། ཉ་ཉ་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊཱ་ཊཱ། ཐ་ཐཱ། པ་པཱ་ན་ཞེས་པས་ཁྲུས་བྱ། སྤྱི་བོར་ཆུ་ཐིགས་པ་བླུག་གོ། །དེ་ནས་ཤར་གྱི་བུམ་པ་བླངས་ལ་སྙིང་གར་བཞག་སྟེ། ཧཱུཾ་མ་སྐྱེས་སྙིང་པོའི་བུམ་པ་རུ། །འགགས་མེད་རང་བྱུང་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཇིགས་བྲལ་བཞི་ཡི་དོན་རྟོགས་ཤོག །ཅེས་པས་ཨཱ་ལིའི་རྗེས་ལ་དྲན་པ་འདུས་པའི་རྩ་ཡིག་རྣམས་བརྗོད་ལ་དབང་བསྐུར་རོ། །ཁ་ཙ་ཊ་ཏ་ཕ་ལ་ཡ་སྭཱ་ཧཱ། ཀ་གྷཱ་བྷཱ་ཛྷ་ཞེས་པས་སྙིང་གར་ཆུའི་ཐིག་ལེ་བྱའོ། །དེ་ནས་ལྷོའི་བུམ་པ་བཏེག་ལ་མགྲིན་པར་གཏད་ལ། ཧཱུཾ་རང་བྱུང་ཡེ་ཤེས་བུམ་པ་རུ། །འདོད་ཡོན་རང་སྤྲུལ་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག །ཅེས་པ་དང་། ཨཱ་ལིའི་རྗེས་ལ་དེ་རྣམས་འདུས་པའི་རྩ་ཡིག་རྣམས་བརྗོད་ལ་དབང་བསྐུར་ཏེ། རི་རཱ྇། ལི་ལཱི། ཨཾ་ཨེ། ཨཱ་ཨ་ཨེ། ཞེས་བརྗོད་ལ་ཆུ་ཐིགས་གཅིག་བླུད་དོ། །དེ་ནས་ནུབ་ཀྱི་བུམ་པ་བཏེག་སྟེ་ལྟེ་བར་གཏད་ལ། ༀ་མ་སྐྱེས་ཆགས་བྲལ་བུམ་པ་རུ། །བདེ་ཆེན་རྒྱུན་སྤྲོའི་རྫས་ཀྱིས་བཀང་། །སྐལ་ལྡན་ཁྱེད་ལ་དབང་བསྐུར་བས། །ཆགས་པ་འཛིན་མེད་དབང་ཐོབ་ཤོག །ཨཱ་ལིའི་རྗེས་ལ་སྐྱེད་བྱེད་ཀྱི་རྩ་ཡིག་རྣམས་བརྗོད་དེ་དབང་བསྐུར་ལ། ཨ་ཨ། ཏ་ལི་ཧ་ཨུ་ཉ་རཾ་ཡཾ་ཎཾ་ན་ཛི་ཊ་པ་ཁཾ་ཡཾ་རཾ། ཞེས་ལྟེ་བར་ཆུའི་ཐིག་ལེ་བྱའོ། དེ་ནས་བྱང་གི་བུམ་པ་བཏེག་ལ་གནས་བཞིར་བྱུག་ཅིང་། ཨཱ་ལི་ཀཱ་ལིའི་རྗེས་ལ་འཁོར་ལོ་སོགས་བཞི་ཀའི་རྩ་ཡིག་བརྗོད་དེ། ཧ་ཧེ་ཧོ། ཡེ་ཤེས་ཟང་ཐལ་བུམ་པ་རུ། །འགགས་མེད་རླུང་ལྔའི་རྫས་ཀྱིས་བཀང་། །སྐལ་ལྡན་ཁྱེད་ལ་དབང་བསྐུར་བས། །རང་བྱུང་རྩལ་ཆེན་རྫོགས་པའི་དབང་ཐོབ་ཤོག །དེ་ནས་དེ་རྣམས་ཀྱི་ཚིག་གི་དོན་རྣམས་ཡང་བཤད་པར་བྱའོ། །

གཉིས་པ་གསང་བའི་དབང་བསྐུར་བ་ནི། ཀ་པཱ་ལ་བདུད་རྩི་ཆང་གིས་བཀང་བ་དེ་བཏེག་ལ། གནས་བཞིར་བཞག་ཅིང་སློབ་མ་(༨༧)རྣམས་གོང་བཞིན་ལུས་གནད་བཅས་ལ། གནས་གཞིའི་རང་བཞིན་གྱི་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་ནས། དེ་དག་གི་བྱང་སེམས་ཀྱིས་རྩ་གནས་དང་ལུས་གང་བས་བདེ་བ་ཆེན་པོའི་ངང་ལ་གནས་པར་བྱས་ཏེ། ཧཱུཾ། བདེ་ཆེན་བརྡལ་བ་རང་བྱུང་ཀ་པཱ་ལ། །ཆགས་པ་དངོས་དག་ཀུན་བཟང་ཐིག་ལེས་བཀང་། །རིགས་ཆེན་སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་རླུང་བྱང་སེམས་མཆོག་ལ་དབང་ཐོབ་ཤོག །ཅེས་པ་དང་ཨཱ་ལིའི་རྗེས་ལ་འཁོར་ལོ་བཞིའི་ཡི་གེ་བརྗོད་ལ་ཚིག་དོན་ཡང་བཤད་དོ། །

གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ལས་རྒྱ་མཚན་ཉིད་དང་ལྡན་པ་ལ་འཁྱུད་ལ་ཚིག་འདིས་བསྐུལ་ལོ། །ཧཱུཾ། སྣང་སྲིད་བདེ་ཆེན་བརྡལ་བའི་ཞིང་ཁམས་ལ། །རོལ་པའི་ཡེ་ཤེས་བདེ་བ་ཆེན་པོར་ཤར། །ཐབས་ཤེས་འདོད་པ་སྤྱོད་པས་གྲོལ་འགྱུར་ཏེ། །མ་འགགས་རོལ་པས་སྤྱོད་ཅིང་བདེ་བ་ཆེ། །ཞེས་པས་དངོས་སུ་སྦྱར་བས་ཆགས་པའི་པྲ་ཁྲིད་ལྟར་བདེ་བ་བསྐྱེད་དོ། །

བཞི་པ་ཚིག་དོན་ངོ་སྤྲོད་ཀྱི་དབང་ནི། བརྡའི་དོན་ཉིད་ཀྱིས་བསྟན་པར་བྱ་སྟེ། སྐལ་བ་དང་ལྡན་པའི་སློབ་བུ་ཁྱོད་ཉོན་ཅིག །ནམ་མཁའི་དབྱིངས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར་ནས་འདུག་པ་མཐོང་ངམ། ཞེས་པ་དང་། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པས་བཏབ་ནས་འདུག་པ་མཐོང་ངམ། རྒྱ་མཚོའི་ནོར་བུ་ཤེལ་གྱི་རྟ་ཕོ་ལ་ཞོན་ནས་ཉི་ཟླའི་དཀྱིལ་འཁོར་དུ་དཀྱུས་ཐག་གཅོད་པ་དེ་མཐོང་ངམ། འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས་རི་རབ་ཀྱི་སྟེང་དུ་སོང་བའི་མི་དང་། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་ཕོ་བཙོན་དུ་བཟུང་བ་དེ་མཐོང་ངམ། ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་གི་ཁྱིམ་དུ་གཉིད་དུ་སོང་བ་དེ་མཐོང་ངམ། ཞེས་བརྡའི་དོན་བཞི་དཀྲོལ་ནས་ཚིག་འདིས་བསྟན་པར་བྱ་སྟེ། ཨེ་མ་ཧོ། མ་ཡེངས་གསོན་ཅིག་རིགས་ཀྱི་བུ། །གཞི་ལ་འཁོར་འདས་གྲུབ་མེད་ཀྱང་། །རྟེན་འབྲེལ་གྱི་འཆར་སྒོ་ངོ་མཚར་ཆེ། །དོན་དམ་ཚིག་གིས་མི་རྟོགས་ཀྱང་། །(༨༨)མངོན་སུམ་ལ་གདིང་ཐོབ་ངོ་མཚར་ཆེ། །རིག་པ་ལ་སྐྱེ་འབྲི་མེད་མོད་ཀྱང་། །ལམ་སྣང་གི་འཆར་ཚུལ་ངོ་མཚར་ཆེ། །ཀ་དག་ལ་གྲོལ་རྒྱུ་མ་མཆིས་ཀྱང་། །རླུང་རིག་གི་དག་ཚུལ་ངོ་མཚར་ཆེ། །ཐེག་པའི་འཇུག་སྒོ་མང་མོད་ཀྱང་། །གཅིག་ཅར་དུ་ཐོབ་པ་ངོ་མཚར་ཆེ། །ཤེས་ཚུལ་གྱི་སྣང་བ་རྒྱ་ཆེ་ཡང་། །ངོ་བོ་ལ་གདིངས་ཐོབ་ངོ་མཚར་ཆེ། །ཚིག་མཐའ་སྤྲོས་པ་མང་མོད་ཀྱང་། །བརྡའ་གཅིག་གི་དོན་མཐོང་ངོ་མཚར་ཆེ། །ཞེས་པའི་རྡོ་རྗེའི་གླུ་ཡིས་བསྐུལ་ལོ། །དེ་ནས་དཔའ་བོ་ཕོ་ཚོགས་དང་མོ་ཚོགས་དགའ་སྟོན་ཆེན་པོས་མཆོད། མཁའ་འགྲོ་དང་ཆོས་སྐྱོང་གཏོར་མས་མཆོད་དོ། །རྗེས་འོད་གསལ་སྒྱུ་མ་ལྟ་བུ་ལ་གནས་པར་བྱའོ། །སྤྲོས་བཅས་དབང་ལ་ཚིག་དོན་རྒྱ་ཆེ་བ། །ཚིག་ལ་ཉུང་ཞིང་དོན་ལ་ཚད་མེད་པ། །ལག་ལེན་དམ་པའི་ཕྱག་བཞེས་འདིར་བཀོད་པས། །འདིར་འཇུག་སྨིན་པས་འགྲོ་བས་བདེ་ཐོབ་ཤོག །སྤྲོས་བཅས་དབང་གི་ཕྱག་བཞེས། དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་བསྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ་རྫོགས་སོ།། །།

སྔགས་ཀྱི་སྲུང་མས་སྲུངས་ཤིག །སྐལ་ལྡན་ཅིག་དང་ཕྲད་པར་ཤོག །ཆོས་འདིའི་བརྒྱུད་པ་ནི། ཞང་མོན་པ། ལྷ་རྗེ་རང་རིག །ལྷ་རྗེ་དཔལ་འབར། ལྷ་རྗེ་ཡེ་ཤེས་མགོན། བླ་མ་ཁྱུང་ཚང་པ། རྫོང་ཁ་པ་རྒྱལ་བ་བློ་གྲོས། བླ་མ་ཀུན་དགའ་དོན་གྲུབ། རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེའོ།། །།

རྫོགས་པ་ཆེན་པོའི་དབང་གསུམ།

༄༅། །རྫོགས་པ་ཆེན་པོའི་དབང་གསུམ་བཞུགས་སོ། །

༄༅། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་དང་། །རྒྱ་གར་མཁས་པ་ལྔ་ལ་ཕྱག་འཚལ་ནས། །བླ་མེད་དབང་གི་དོན་རྣམས་རབ་ཕྱེ་བར། །ལག་ལེན་རིམ་པ་གསལ་བར་བཤད་པར་བྱ། །

རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རྩེ་གཅིག་ཏུ་མོས་ཤིང་། སྐལ་བ་དང་ལྡན་པའི་སློབ་མ་ལ་བླ་མ་མཚན་ཉིད་དང་ལྡན་པས། རྒྱུད་སྨིན་པར་བྱ་བའི་ཕྱིར་དབང་བསྐུར་བར་བྱེད་པ་ལ། དབང་གི་རིམ་པ་དུ་མ་ཞིག་གསུངས་ཀྱང་། འདིར་སྤྲོས་པའི་རྣམ་པར་རྟོག་པ་(༨༩)བཅད་ནས། རང་གི་སེམས་ཉིད་རིག་པའི་སྙིང་པོ་མངོན་སུམ་དུ་མཐོང་བར་བྱེད་པའི་དབང་བཞི་སྟེ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་དོ། །

དང་པོ་སྤྱིར་རྒྱུད་སྡེ་བཞིའམ། མདོ་སྒྱུ་འཕྲུལ་གཉིས་ཀྱི་དབང་མོ་ཆེའམ། འདི་ཉིད་ཀྱི་སྤྲོས་བཅས་ཀྱི་དབང་ཆེན་པོ་ཐོབ་པའམ། ཡང་ན་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པའི་སྤྲོས་བཅས་ཀྱི་དབང་བསྡུས་པ་མངོན་དུ་ཐོབ་པར་བྱས་ལ། ཐེག་པ་རིམ་དགུའི་ལྟ་བའི་དོན་དུས་གཅིག་ལ་རྟོགས་ཤིང་། ལུས་ལ་ནུས་པ་བཞག་ཅིང་། ལུས་ཀྱི་དྲི་མ་དག་པར་བྱས་ནས། གཉིས་པ་སྤྲོས་པ་མེད་པའི་དབང་བསྐུར་བ་ནི། གནས་ཁང་དབེན་པར་མཎྜལ་དྲི་སྣ་ཚོགས་ཀྱིས་ཆག་ཆག་བཏབ་ལ་ཟླུམ་པོར་བསྐོར་ཏེ། དེའི་དབུས་སུ་རྡུལ་ཚོན་གྱི་བུམ་པ་བསྣོལ་མ་རབ་ཏུ་ལེགས་པ་དམར་པོ། ཁ་རྒྱན་དང་མགུལ་ཆིངས་དང་བཅས་པ་བྲིས་ལ། ཟླུམ་པོའི་བླ་རེ་ཚོན་ལྔའི་ར་བས་བསྐོར། དེའི་ནུབ་ཕྱོགས་སུ་ཤིང་གི་ཁྲིའི་སྟེང་དུ་རིན་པོ་ཆེའི་བུམ་པ་གས་པ་དང་ཆག་པ་དང་ཞོམ་པ་མེད་པ་གསུམ་གྱི་ནང་དུ་སྨན་སྣ་ཚོགས་པ་དང་། འབྲུ་སྣ་ཚོགས་པ་དང་། རིན་པོ་ཆེ་སྣ་ཚོགས་པ་དང་། འོ་མ་དང་མར་ལ་སོགས་པས་ལེགས་པར་བཀང་ལ་འབྲས་བུ་དང་མེ་ཏོག་ཅན་གྱི་ཤིང་གིས་ཁ་རྒྱན་བྱས་ཏེ། རས་དམར་པོ་དྲི་མ་མེད་ཅིང་ཁ་ཚར་མ་ཉམས་པ་གསུམ་གྱིས་མགུལ་བ་བཅིང་ངོ་། །དེ་ལྟར་བུམ་པ་རེ་རེའི་སྟེང་དུ་མེ་ལོང་གསུམ་དང་། རྨ་བྱའི་མདོངས་གསུམ་དང་། མན་ཤེལ་གསུམ་བཞག་པར་བྱའོ། །མཆོད་པ་ཇི་ལྟར་འབྱོར་པས་ཀྱང་བསྐོར། དཀོན་མཆོག་དང་། མཁའ་འགྲོ་དང་། ལེགས་ལྡན་ནག་པོ་དང་། དཔལ་ཨེ་ཀ་ཛ་ཏི་དང་། དམ་ཅན་དང་གཞི་བདག་ལ་སོགས་པའི་གཏོར་མ་དང་། མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ་མོ། །དེ་ནས་སློབ་དཔོན་རང་ཉིད་རྒྱུད་རྣམ་པར་དག་པར་བྱ་བའི་དོན་དུ་བླ་མ་བརྒྱུད་པ་ལ་གསོལ་བ་གདབ་ཅིང་ཡིད་ཀྱིས་དབང་བླང་། ཡི་གེ་གསུམ་མང་དུ་བཟླས་ཤིང་གཉིས་སུ་མེད་པའི་དོན་བསྒོམ། བུམ་པ་རྣམས་ཀྱང་ཀུན་ཏུ་བཟང་(༩༠)པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན། ༀ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོར་དམིགས་ཏེ། ༀ་ཨཱཿཧཱུྃ་དང་ཨ་ལི་ཀཱ་ལི་བརྒྱ་ཙམ་གྱིས་རྒྱས་གདབ་བོ། །དེ་དག་ནི་སློབ་དཔོན་གྱིས་སྔོན་དུ་བྱའོ། །

དེ་ནས་སློབ་མ་རྣམས་ལ་དྲི་བཟང་པོའི་ཆུས་ཨ་ཞེས་བརྗོད་ཅིང་ཁྲུས་བྱས་ལ་གྲལ་ལ་འཁོད་དེ། ཐེག་པའི་གོ་རིམ། འཁོར་བའི་ཉེས་དམིགས། སངས་རྒྱས་ཀྱི་ཡོན་ཏན། ལུས་ངག་ཐ་མལ་གྱི་ཞེན་པ་སྤང་བ་དང་། གསོལ་བ་གདབ་པ་དང་། བསྲེ་བ་རྣམས་ནི་སྔོན་འགྲོའི་ཆོ་ག་སྟེ། དང་པོ་ནི། བི་མ་ལ་ཡིས་དུང་ཡིག་ཅན་དུ་གསུངས་པ། སྡེ་སྣོད་རིན་པོ་ཆེ་ལས་ནི་མངོན་པའི་སྡེ། ཕ་རོལ་ཕྱིན་དང་སྔགས་ལས་ནི་སྔགས་ཡིན་ནོ། །གསང་སྔགས་ཕྱི་ནང་གཉིས་ལས་ནང་པ་སྟེ། དེ་ཉིད་ལས་ནི་རིམ་དགུ་ཀུན་གྱི་རྩེ། །ཐེག་རྒྱལ་ཨ་ཏི་ཡོ་ག་གསང་བ་ཆེན་པོའི་གཞུང་། །དེ་ཉིད་སྡེ་རུ་ཕྱེ་ན་རྣམ་གསུམ་སྟེ། །སེམས་སྡེ་ཀློང་སྡེ་མན་ངག་སྡེ་དང་གསུམ། །མན་ངག་སྡེ་ཉིད་ལ་ཡང་རྣམ་གསུམ་སྟེ། །ཁ་གཏམ་ཁ་འཐོར་རྒྱུད་ཀྱི་རང་བཞིན་གསུམ། །ཞེས་གསུངས་པས། འདིར་སྡེ་སྣོད་གསུམ་ལས། མངོན་པ་ལས་སྔགས། སྔགས་ལས་རྣལ་འབྱོར་བླ་ན་མེད་པ། དེ་ལས་མཧཱ། ཨ་ནུ། ཨ་ཏི་གསུམ་ལས་ཨ་ཏི་ཡོ་ག །དེ་ལ་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་ལས་མན་ངག །དེ་ལ་ཕྱི་སྐོར་ལུས་ལྟ་བུ་ཐ་སྙད་སྟོན་པ། ནང་སྐོར་སྙིང་ལྟ་བུ་དང་། གསང་སྐོར་མིག་ལྟ་བུ་དང་། ཡང་གསང་ལུས་སེམས་རྫོགས་པ་ལྟ་བུ་དང་། བཞི་ལས་འདིར་ཕྱི་མ་བླ་ན་མེད་པ་རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུ་ལས་ཀྱང་སྙིང་པོར་ཕྱུང་བ། ཡང་གསང་ཡི་གེ་དམར་པོ་མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞི་ལས། སྤྲོས་བཅས་གོང་དུ་སོང་ནས་སྤྲོས་པ་མེད་པའི་དབང་ངག་རྣམ་པར་དག་པར་བྱེད་པ་ངག་གི་ནུས་པ་སྟོན་པར་བྱེད་པ་ཡིན་ནོ། །འཁོར་བའི་ཉེས་དམིགས་ནི་ཆོས་སྤྱི་ནས་བསྟན་པ་ལྟ་བུར་སྐྱོན་དུ་མ་དང་བཅས་པ་ཡིན་ལ། འདི་ཉིད་ནས་ཀྱང་འདོད་པའི་ཁམས་ནི་རྒྱུ་འདོད་སྲེད་ཡིན་པས། སྐྱེས་(༩༡)བུ་སྐོམ་པས་གདུངས་པ་ལ་ཚྭ་ཆུ་བླུད་པ་ལྟ་བུ་དང་། དུག་གི་ལོ་མ་དང་སྦྲུལ་གྱིས་ཟིན་པ་དང་། སྤུ་གྲིའི་སོ་དང་མཚུངས་པ་ཡིན་ལ། ཁམས་གསུམ་དུ་གནས་པ་ཐམས་ཅད་སྦྲུལ་སྨྱུག་དོང་དུ་བཙུད་པ་འདྲ་བ་དང་། འདབ་ཆགས་རྙི་ལ་ཟིན་པ་ལྟ་བུ་དང་། རི་དྭགས་རྒྱ་ལ་ཚུད་པ་ལྟ་བུ་དང་། ཕྱིའི་རྒྱ་མཚོར་གཟིངས་ཐག་ཆད་པ་ལྟ་བུ་དང་། འཇིགས་པ་དང་བཅས་པའི་འཕྲང་དུ་ལམ་ནོར་བ་ལྟ་བུ་དང་། སྐྱེས་བུ་གསོད་པའི་གཤེད་མའི་དཀྱིལ་དུ་ཚུད་པ་ལྟ་བུ་དང་། རབ་ཏུ་བརྒལ་བར་དཀའ་བའི་འདམ་རྫབ་ཆེན་པོར་བྱིང་བ་ལྟ་བུ། མེ་ཆེན་པོ་འབར་བའི་ནང་དུ་སྦྲང་བུ་ཚུད་པ་ལྟ་བུ་ལ་སོགས་པ་ཉེས་པ་དུ་མ་དང་ལྡན་པར་གསུངས་པ་རྟོགས་པར་བྱས་ལ། བླ་ན་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དྲན་པས་རང་བཞིན་རྫོགས་པ་ཆེན་པོའི་དོན་མྱུར་དུ་མཐོང་བར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བདུན་པོ་སྔར་བསྟན་པ་ལྟར་བསྒོམ་པར་བྱའོ། །དེ་ནས་ལུས་ངག་ཐ་མལ་གྱི་ཞེན་པ་སྤང་བའི་དོན་དུ། རིག་འཛིན་བླ་མ་བརྒྱུད་པ་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁའ་ལ་བསྒོམས་ལ། ཕྱག་འཚལ་མཆོད་པ་འབུལ་སྡིག་པ་བཤགས། བསོད་ནམས་ལ་ནི་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། སྐྱབས་སུ་འགྲོ་སེམས་བསྐྱེད་ཅིང་སྡོམ་པ་བཟུང་། དགེ་བའི་རྩ་བ་བསྔོ། དེ་རྣམས་ངག་ཏུ་རྒྱས་བསྡུས་ཅི་རིགས་པ་གཞན་དང་མཐུན་པར་བྱའོ། །

དེ་ནས་གསང་སྔགས་ཀྱི་བསྐྱེད་རིམ་གང་ཡང་རུང་བ་བསྒོམས་ལ། ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་དུ་ངེས་ཤེས་བསྐྱེད་དེ། ཚོགས་བྱིན་རླབས་ཡན་ཆོད་བྱའོ། །དེ་ནས་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་གསོལ་བ་གདབ་པ་ནི། གསེར་ལ་སོགས་པའི་མཎྜལ་ཕུལ་ལ་ཚིག་འདི་བརྗོད་དོ། །ཀྱེ་མ་རྡོ་རྗེ་འཛིན་ལྷ་ལ། །བདག་ནི་སྐལ་ལྡན་སྙིང་གི་བུ། །དད་པས་རབ་ཏུ་གཞུག་པར་འཚལ། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དབང་བསྐུར་ནང་དུ་འཇུག་ལགས་པས། །དཔའ་བོ་རྡོ་རྗེ་བླ་མ་ཡིས། །རང་གི་སེམས་ཀྱི་གནས་ལུགས་ཀྱི། །ཨ་ཏིའི་དཀྱིལ་(༩༢)འཁོར་བསྟན་དུ་གསོལ། །བདག་ནི་ཡང་དག་འདིར་ཞུགས་ནས། །སླར་ཡང་ལྡོག་པར་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་གྱིས་རྗེས་སུ་གནང་བ་སྦྱིན་པ་ནི་འདི་སྐད་དོ། །ཨེ་མ་བུ་ཁྱོད་སྐལ་བ་བཟང་། །སྐལ་བཟང་བྱང་ཆུབ་སེམས་ཆེན་པོ། །སྔོན་ཆད་རང་བཞིན་རྫོགས་པ་ཡི། །དཀྱིལ་འཁོར་ཉིད་དུ་མ་ཞུགས་པས། །དོ་ནུབ་ཁྱོད་ལ་བསྟན་པར་བྱ། །སེམས་ཀྱི་རྟོག་པ་ཀུན་སོལ་ལ། །འཇིག་རྟེན་བཅིངས་པ་ལས་གྲོལ་གྱིས། །འདི་ལ་སྤང་བླང་ཐ་སྙད་བྲལ། །རིགས་དང་རྒྱུད་རྣམས་སྦྱོང་བ་ཡི། །ལུས་ངག་བདེ་བའི་རྟེན་ཡིན་པས། །དེང་ནས་བརྩམས་ཏེ་སླར་མ་ལྡོག །ཅེས་ལན་ཅིག་བརྗོད་དོ། །དེ་ནས་བླ་མ་དང་བསྲེ་བ་ནི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞག་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་ཅན་རྒྱུད་ལས་གསུངས་པ་ལྟ་བུ་དང་། བླ་མ་བརྒྱུད་པ་རྣམས་བསྒོམས་ལ་སེམས་མ་ཡེངས་པར་གཏད་མཐར་གསོལ་བ་གདབ་པས་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་གྱུར་ནས། རང་ལ་ཐིམ་པར་བསྒོམ་པ་ནི་བསྲེ་བ་ཐུན་མོང་མ་ཡིན་པ་སྟེ། རྫོགས་པ་ཆེན་པོ་མཉམ་པ་ཉིད་ཀྱི་རྒྱས་འདེབས་པ་ཞེས་བྱའོ། །སྔོན་དུ་འགྲོ་བའོ། །

དངོས་གཞི་ལ་གསུམ་སྟེ། ངག་དག་པར་བྱ་བ་དང་། དབང་བསྐུར་བ་དང་། རྒྱས་གདབ་ཅིང་ངོ་སྤྲད་པའོ། །

དང་པོ་ནི་ངག་ལ་ནུས་པ་འཇོག་པ་དང་། ངག་རང་དག་ལ་འགྲོ་བའི་དོན་ཡིན་ཏེ། དཔོན་སློབ་ཀུན་སོ་སོའི་ལུས་བདེ་བར་བཅོས་ལ། ངག་ཏུ་སྒྲ་ཆེ་བ་ཡང་མ་ཡིན་ཆུང་བ་ཡང་མ་ཡིན་པར་ཨ་ཨ་ཨ་ཞེས་བརྗོད་ཅིང་ཡིད་ཨ་ལ་གཏད་པས་ཞག་གཅིག་ཏུ་བརྗོད་པར་བྱའོ། །ནུབ་གཅིག་ལ་བྱེད་པའི་དབང་དུ་བྱས་ན། བརྒྱ་ཚར་རེ་བརྗོད་དོ། །དེ་ནས་ནུབ་གཉིས་པ་ལ་ཨཱ་ལིའི་ཚོགས་ཚང་བར་བརྗོད་པར་བྱའོ། །འདིའི་དུས་ན་སློབ་དཔོན་གྱིས་ཨ་རྐྱང་པའི་དུས་ན་བུ་ཡིས་ཨ་བརྗོད་པས་རྩ་ཐམས་ཅད་ཁ་ཕྱེ་སྟེ། ཨ་ཐམས་ཅད་ཐོལ་ཐོལ་རང་བྱུང་། དེ་ལ་འོད་ཀྱི་གོང་བུ་རྣམས་ལས་འོད་འཕྲོས་པས་རང་(༩༣)བཞིན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ། ཀུན་བཟང་ཡབ་ཡུམ་སྦྱོར་བས་བྱང་ཆུབ་སེམས་འོད་ལྔའི་རྣམ་པས་ལུས་མགོ་མཇུག་རྒྱས་པར་གྱུར་པ་ལ་བློ་བཞག །འདིའི་དུས་རྣ་བའི་རླུང་སྒྲ་འབྱུང་བའི་རྩ་བཙིར་རོ། །དེ་ལྟར་སློབ་མ་རང་ཡང་བསྒོམ་དུ་གཞུག་གོ། །བཅུག་པས་ཉམས་སུ་མྱོང་བ་ཁྱད་པར་ཅན་སྐྱེ་བར་འགྱུར་ངེས་སོ། །དེས་ན་ཨཱ་ལིའི་ཚིག་བརྗོད་པའི་དུས་ན་དེ་ཉིད་རྩ་རྣམས་ཀྱི་ནང་ནས་རང་བྱུང་གི་ཡི་གེ་རྣམས་རང་བྱུང་བས་རང་གི་རྩ་གནས་ནས་ཀྱང་ཆོས་ཐམས་ཅད་ཀྱི་སྒྲ་སི་ལི་ལི་བྱུང་བ་ལ་བློ་བཞག །ཀ་ལིའི་དུས་ན་བརྗོད་པའི་ཡི་གེ་དག་ཕྱིར་འདོན་ལ་རང་གི་ཕུང་པོའི་ནང་ན་ཡི་གེས་མེར་གྱིས་ཁེངས་པ་ལ་བློ་བཞག་གོ། །དེ་ནས་སྐལ་ལྡན་ལ་དབང་བསྐུར་བར་བྱ་སྟེ། ལུས་གཅེར་མོར་ཕྱུང་ལ་བུམ་པའི་ཆུ་དང་སིནྡྷུ་རའི་ཐིག་ལེ་གཅིག་སྤྱི་བོར་བྱས་ལ། ངག་ཏུ་ཨ་ༀ་ཞེས་དྲག་པོར་བརྗོད་དུ་གཞུག །སློབ་དཔོན་གྱིས་མགྲིན་པའི་འཕར་རྩ་གཏེམས། འདིའི་དུས་ན་ལུས་འདར་ཞིང་གཡོ་བ་དང་། ངག་རང་རྡོལ་བ་དང་། སེམས་བག་ཡངས་སུ་འགྱུར་བ་ཉིད་འབྱུང་བ་ཡིན་ནོ། །དེ་ནས་སློབ་མའི་ལུས་ༀ་དཀར་པོ་ཆེན་པོ་གཅིག་ཏུ་དམིགས་ལ་ཆོས་ཉིད་ཀྱི་རྒྱས་གདབ། དེ་ནས་བུམ་པ་གཅིག་གི་ཆུ་ཐིགས་གཅིག་དང་སིནྡྷུ་རའི་ཐིག་ལེ་མགྲིན་པར་བྱས་ལ་ངག་ཏུ་ཨཱཿཨཱཿཞེས་དྲག་ཤུལ་དང་བཅས་བརྗོད་དུ་གཞུག །སློབ་དཔོན་གྱིས་མཆན་ཁུང་གི་རྩ་གཏེམས། བུའི་ཤེས་པ་ནམ་མཁར་དྲང་། འདི་ལྟར་བྱས་པས་ལུས་བདེ་བ་དང་། ངག་རབ་ཏུ་འཕར་བ་དང་། སེམས་རབ་ཏུ་གསལ་བ་དག་འབྱུང་། དེ་ནས་བླ་མས་བུའི་ལུས་ཨཱཿདམར་པོ་ཤིན་ཏུ་ཆེ་བ་ཅིག་ཏུ་དམིགས་ལ་ཆོས་ཉིད་ཀྱི་རྒྱས་གདབ། དེ་ནས་བུམ་པ་གཅིག་གི་ཆུ་ཐིགས་པ་གཅིག་དང་སིནྡྷུ་རའི་ཐིག་ལེ་སྙིང་གར་བྱས་ཏེ། ངག་ཏུ་ཧཱུཾ་ཧཱུཾ་ཞེས་ཤིན་ཏུ་རིང་བར་བརྗོད་དུ་གཞུག །བླ་མས་ནུ་མའི་རྩའམ། ལྟེ་བའི་རྩ་གཏེམས། ཤེས་པ་འབྱུང་བ་ལ་གཏད་པ་ནི། མེ་སུམ་མདོར་བསྒོམ་ཐིག་ལེ་ཞུ་བདེ་བ་བསྒོམ་པའོ། །དེ་ནས་བུའི་ལུས་ཧཱུཾ་སྔོན་པོ་ཆེན་པོ་ཞིག་ཏུ་དམིགས་ལ་(༩༤)ཐ་མ་ཆོས་ཉིད་ཀྱི་རྒྱས་གདབ། ཡི་གེ་རྣམས་སློབ་མ་ལ་བསྟིམས་ལ། སྔ་མ་བུམ་པ་གསུམ་གྱི་ཆུ་གནས་གསུམ་དུ་བྱུགས་པའི་དུས་སུ་རོལ་མོའི་སྒྲ་དང་བཅས་པས་ངག་ཏུ་ཆོས་ཐམས་ཅད་བརྗོད་དུ་མེད་པའོ། །བསམ་དུ་མེད་པའོ། །བལྟར་མེད་པའོ། །གཉིས་སུ་མེད་པའོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །སྤྲོས་པ་མེད་པའོ། །སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །ཞེས་པའི་སྒྲ་བྱུང་བས་བུ་ཡང་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ་བརྗོད་དོ། །རྩ་གཏེམས་པ་གསུམ་པ་ནི། མགྲིན་པའི་རྩ་རྦ་རླབས་ཀྱིས་ལུས་གཡོ་བ་མེད་ཅིང་རྣམ་པར་མི་རྟོག་པ་དང་། མཆན་ཁུང་གི་རྩ་ནི་ངག་རང་རྡོལ་བ་དང་། ནུ་མའི་རྩའམ། ལྟེ་བའི་རྩ་ནི་བདེ་བ་ཆེན་པོ་རང་བཞིན་གྱིས་སྐྱེ་བའི་རྩ་སྟེ། ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རང་ལ་གནས་པའི་དོན་ངོ་སྤྲོད་པའོ། །དེ་ནས་རྒྱས་གདབ་པ་ནི། བརྗོད་པ་ལས་འདས་པའི་དོན་དེ་སྐལ་ལྡན་གྱི་བློ་ལ་གནས་པར་བྱ་བའི་ཕྱིར། དངོས་པོ་གང་ལ་ཡང་རང་བཞིན་མེད་པའོ། །བལྟར་མེད་པ་དང་། སྲོག་མེད་པ་དང་། སྙིང་པོ་མེད་པ་དང་། ཡ་མ་བརླ་ཡིན་པ་དང་། ཚིག་མེད་པ་དང་། ཡི་གེ་མེད་པ་དང་། སྒྲ་མེད་པ་དང་། ཐ་སྙད་མེད་པ་དང་། བརྗོད་དུ་མེད་པའོ། །ཞེས་དངོས་པོའི་འདུག་ཚུལ་བསྟན། ཡང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། བར་སྣང་གི་གློག་ལྟ་བུ་དང་། མྱུར་བྱེད་ཀྱི་འཁོར་ལོ་ལ་སོགས་པ་དཔེ་དུ་མས་མཚོན་པ་བསྟན་པར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་རྫོགས་པ་ཆེན་པོའི་སྟོང་པ་ཉིད་དུ་གཞུགས་པའི་ཕྱིར་ནང་སྟོང་པ་ཉིད་དུ་དར་ཅིག་སྒོམ་དུ་གཞུག །དེ་ཉིད་ཀྱི་དོན་ལ་བསྐུལ་བའི་ཕྱིར་ཚིག་ཏུ་ཡང་འདི་སྐད་བརྗོད་པར་བྱའོ། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ། །དངོས་པོར་མཚན་མར་འཛིན་པ་ཡོང་རེ་འཁྲུལ། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བ་ལ། །སྤྲོས་པའི་ཚིག་ཕྱིར་འབྲེངས་པ་ཡོང་རེ་འཁྲུལ། །རང་རིག་ཡེ་ཤེས་འདོད་ཅིང་ཆགས་པ་ལ། །འདོད་(༩༥)ཅིང་ཞེན་པའི་བློ་འདི་ཡོང་རེ་འཁྲུལ། །སྙིང་པོ་དོན་གྱི་ཡེ་ཤེས་རང་ཤར་ལ། །གཞན་བྱུང་རྩོལ་སྒྲུབ་བྱེད་པ་ཡོང་རེ་འཁྲུལ། །སེམས་ཉིད་སྐྱེ་ཤི་གཉིས་ལས་འདས་པ་ལ། །སྐྱེ་འགག་གཉིས་སུ་འཛིན་པ་ཡོང་རེ་འཁྲུལ། །འབྲས་བུ་རང་རྫོགས་སྨོན་ལམ་བྲལ་བ་ལ། །རྣམ་དཔྱོད་དུས་ལ་ལྟོས་པ་ཡོང་རེ་འཁྲུལ། །བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །བདེ་སྡུག་གཉིས་སུ་ལྟ་བ་ཡོང་རེ་འཁྲུལ། །ཀུན་ཏུ་བཟང་པོ་རང་ལ་གནས་པ་ལ། །གཞན་དུ་ཡི་དམ་འཚོལ་བ་ཡོང་རེ་འཁྲུལ། །བདག་ཉིད་ཡེ་སངས་རྒྱས་པ་ཡིན་པ་ལ། །ངན་སོང་གསུམ་དུ་འཛིན་པ་ཡོང་རེ་འཁྲུལ། །འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ། །ཡང་དག་སངས་རྒྱས་འདོད་པ་ཡོང་རེ་འཁྲུལ། །དུག་ལྔ་མ་སྤངས་རང་བྱུང་ཆེན་པོ་ལ། །ཉོན་མོངས་ལྔ་པོར་འཛིན་པ་ཡོང་རེ་འཁྲུལ། །འཁྲུལ་པའི་སྣང་བ་ཆོས་སྐུར་བཞག་པ་ལ། །དངོས་པོ་བདག་ཏུ་འཛིན་པ་ཡོང་རེ་འཁྲུལ། །ཐེག་པ་རིམ་དགུ་རང་ལ་ཤར་བ་ལ། །སོ་སོའི་འདོད་གཞུང་འཛིན་པ་ཡོང་རེ་འཁྲུལ། །ཞེས་པའི་ཚིག་གིས་སྤྲོ་བ་བསྐྱེད་ཅིང་བསྟན་པར་བྱའོ། །

དེ་ནས་ངོ་སྤྲད་པ་ནི། རྒྱབ་ཡིག་ནས་མེ་ལོང་གསུམ་གྱི་དབྱིངས་མཚོན་པ་སྟེ། མེ་ལོང་གསུམ་གྱི་ནང་དུ་རྨ་བྱའི་མདོངས་བསྟན་དེ་དབང་རྫོགས་པའི་དུས་ན་རེས་མོས་ཀྱིས་གཏད་ལ། དང་པོ་སྤྲུལ་པའི་དབྱིངས་དང་རང་རིག་པ་ངོ་སྤྲད། གཉིས་པ་ལོངས་སྐུ་གསུམ་པ་ཆོས་ཀྱི་སྐུའི་དབྱིངས་དང་རིག་པ་ལ་ངོ་སྤྲད་དོ། །འདིའི་དུས་ན་དཔེ་དུ་མ་ལ་བརྟེན་ནས་གྲོལ་བ་ཡིན་ཏེ། ངོ་སྤྲོད་ཉི་ཤུ་རྩ་གཅིག་པོ་རྫོགས་པར་བྱ་ཞེས་གསུངས་པས། ངོ་སྤྲོད་གཞན་རྣམས་རྒྱས་པར་མ་གྲུབ་ཀྱང་། གསུམ་པོ་ནི་ཕྱིའི་དབྱིངས་ནམ་མཁའ་ནང་གི་དབྱིངས་རྣམ་དག་སྒྲོན་མ། དོན་གྱི་དབྱིངས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བ་སྟེ། དཔེ་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་ཐམས་ཅད་འཆར་ཡང་མ་གོས་པ་བཞིན་དུ། སེམས་ཀྱི་དབྱིངས་ཆོས་སྐུ་མེ་ལོང་ལྟ་བུ་ལ་འཁོར་འདས་ཐམས་ཅད་སྣང་ཞིང་འཆར་ཡང་མ་(༩༦)གོས་ཤིང་འགྱུར་བ་མེད་པའི་དོན་ཡིན་ལ། རྟགས་ཕྱི་ནང་གི་དབྱིངས་གཉིས་ཡིན་ནོ། །དབྱིངས་ཆོས་སྐུ་ངོ་བོའི་ངོ་སྤྲོད་དོ། །

གཉིས་པ་ནི་དཔེ་མེ་ལོང་དུ་རྨ་བྱའི་མདོངས་གསལ་བ་མ་འདྲེས་པ་ཡོངས་སུ་རྫོགས་པ་ལྟར། དོན་ཆོས་སྐུའི་དབྱིངས་ན་རིག་པ་རང་བྱུང་གི་ཡེ་ཤེས་གསལ་བ་ལོངས་སྐུའི་ངོ་བོ་སྐུ་དང་ཐིག་ལེ་སྒྲ་འོད་ཟེར་དང་བཅས་པ་སེམས་ཅན་ཐམས་ཅད་ལ་གནས་ཏེ། གནས་པ་རང་བྱུང་ཙིཏྟའི་དཀྱིལ། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །གསལ་ལ་མ་འདྲེས་ངོ་བོ་ཉིད། །ལམ་ནི་རྩ་བཞི་འགྱུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་གཉིས་སོ། །ཞེས་གསུངས་པ་རྟགས་དང་བཅས་པ་དག་གཟོད་མངོན་དུ་འགྱུར་རོ། །

གསུམ་པ་ཐུགས་རྗེ་འགག་པ་མེད་པ་སྤྲུལ་པའི་སྐུའི་སྣང་ལུགས་ནི། དཔེ་ཤེལ་དྲི་མ་མེད་པ་རས་དཀར་པོ་ལ་སོགས་པ་ཁ་དོག་གང་གི་སྟེང་དུ་བཞག་པ་དེ་ལྟར་སྣང་བ་ཡང་ཤེལ་ལ་འགྱུར་བ་མེད་པ་དེ་ལྟར། སྤྲུལ་སྐུ་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་ཡང་ཐུགས་རྗེ་བྱ་བ་གྲུབ་པའི་ངོ་བོ་ལ་འགྱུར་བ་མེད་དོ། །རྟགས་ནི་ཚོགས་དྲུག་སྣ་ཚོགས་སུ་སྣང་ཡང་རྣམ་རིག་གསལ་ལ་འགག་མེད་དུ་བཞུགས་པ་ཡིན་ནོ། །དེ་ནི་སྐུ་གསུམ་གྱི་ངོ་སྤྲོད་དང་དབྱིངས་རིག་པའི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་དཔེ་གསུམ། རྟགས་གསུམ་སྟེ་དགུའོ། །ཉི་ཤུ་རྩ་གཅིག་པོ་བྱེད་ན་གཞན་དུ་ཤེས་སོ། །དངོས་གཞིའོ། །

རྗེས་ཀྱི་བྱ་བ་ནི། དེ་ནས་སྒྲའི་བྱེ་བྲག་སྣ་ཚོགས་པས། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་བཏང་། ལོངས་སྤྱོད་སྤེལ་བའི་ཕྱིར་ཚོགས་ཀྱི་སྟོན་མོ་བྱ། བླ་མ་ལ་ཡོན་འབུལ་ལོ། །དེ་ནས་སློབ་དཔོན་གྱིས་སྐྱེ་བ་མེད་པའི་རླུང་སེམས་ཀྱི་གདམས་ངག་བསྟན་ལ། བསམ་གཏན་བསྒོམ་དུ་གཞུག་གོ། །སྤྲོས་པ་མེད་པའི་དབང་བསྐུར་བ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་དང་། དེའི་རྒྱབ་ཡིག་ཕྱོགས་གཅིག་ཏུ་བསྡུས་པ་རྩ་དང་ཐིག་ལེ་དག་པར་བྱེད་པའི་དབང་། རང་བྱུང་རྡོ་རྗེས་བསྡུས་པ་རྫོགས་སོ།། །།

འདི་ལ་ཞང་སྟོན་པ་རྣམས་ཀྱིས་སྤྲོས་བཅས་བསྲེས་པ་གཅིག་ཡོད་མོད་ཀྱི། དམ་བསྒྲགས། སྐྱབས་འགྲོ། སེམས་བསྐྱེད། སྡོམ་བཟུང་རྣམས་གཞན་(༩༧)དང་འདྲ་བས་འདིར་མ་བྲིས། མེ་ལོང་རྨ་བྱ་ཤེལ་གྱི་ངོ་སྤྲོད་འདི་དགོས་པར་འདུག་པ་ལ་དེ་རྣམས་མེད་པས་འདིར་བྲིས་པའོ།། །།

ཤིན་ཏུ་སྤྲོས་མེད་ཀྱི་དབང་།

༄༅། །ཤིན་ཏུ་སྤྲོས་མེད་ཀྱི་དབང་བཞུགས་སོ། །

༄༅། །སངས་རྒྱས་བཅོམ་འདས་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ད་ནི་ཤིན་ཏུ་སྤྲོས་པ་མེད་པའི་དབང་རིག་པ་མངོན་སུམ་དུ་སྟོན་པའི་ཆོ་ག་འདི་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི། རྗེས་སོ། །

དང་པོ་ལ་གཉིས་ཏེ། བླ་མ་དང་སློབ་མའི་སྔོན་འགྲོའོ། །དང་པོ་ནི་འཇིག་རྟེན་པའི་ཡོན་ཏན་དང་ལྡན་པ་གཞུང་ལས་གསུངས་པའི་མཚན་ཉིད་ཅན་གྱི་སློབ་མས། ཞུ་བ་ཕུལ་བའི་དུས་སུ་ལོ་གསུམ་གྱི་བར་དུ་སྣོད་བརྟགས་ལ། སྐལ་བ་དང་ལྡན་པ་གསུམ་ཚུན་ཆད་ལ་དབང་སྦྱིན་ཏེ། དེའི་དུས་སུ་རང་གི་བླ་མ་ལས་དངོས་སམ་ཡིད་ཀྱིས་དབང་བླང་བ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བརྩམ་པ་དང་། རིག་པ་མངོན་སུམ་གྱི་དོན་ཉུང་ངུ་ཡང་ཞག་ཉེར་གཅིག་ཏུ་བསྒོམས་ཏེ། སློབ་མ་ཡང་དག་པའི་ལམ་ལ་སྦྱོར་བའི་ཕྱིར་རོ། །

གཉིས་པ་སློབ་མའི་སྔོན་དུ་བྱ་བ་ནི། འཇིག་རྟེན་གྱི་བྱ་བ་རྣམས་སྤངས་ལ། གསང་སྔགས་ཀྱི་ཐབས་ལམ་ལེགས་པར་སྦྱངས་ནས། བླ་མ་ལ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ལ་ཞུའོ། །ཆོ་གའི་དང་པོ་ནི། སློབ་མ་ཀུན་ལ་དྲི་སྣ་ཚོགས་དང་། མེ་ཏོག་དང་། ཆུ་དང་འོ་མ་བསྲེས་པས་ཁྲུས་བྱས་ནས། ཨ་ཉེར་གཅིག་གིས་རྒྱས་གདབ་ལ། སྤྱོད་པའི་སྔོན་འགྲོར་བར་ཆད་བསྲུང་བར་བྱ་བ་ནི། སློབ་མ་རྣམས་བླ་མའི་མདུན་དུ་ལངས་ལ། ཐལ་མོ་སྙིང་ཁར་སྦྱར་ཏེ། བླ་མས་སློབ་མའི་བགེགས་བསྐྲད་ཕྱིར། །སྟོད་གཡོགས་དག་ནི་ཕུད་ནས་ནི། །ཤར་དུ་ཁ་བལྟས་སྟངས་སྟབས་བྱ། །རྣམ་ཤེས་བརྒྱད་ཀྱི་སྒོ་བསྲུང་ཕྱིར། །ཡི་གེ་བརྒྱད་ཀྱིས་རྒྱས་གདབ་བོ། །སློབ་མའི་སྤྱི་བོའི་གཙུག་ཏུ་ཡང་། །ཧཱུཾ་གཅིག་བསྒོམས་ཞེས་ཚིག་བརྗོད་ལ། །བླ་མས་ཏིང་འཛིན་གསལ་བ་ཡིས། །སློབ་མའི་སྙིང་གི་རྩེ་མོ་ན། །དྲ་བ་ཅན་གྱི་རྩ་ནང་དུ། །ཧཱུཾ་དང་ཤེས་པ་བཅས་པ་གཞུག །བུ་ལུས་སྔོ་སྐྱའི་ཧཱུཾ་དུ་བསྒོམ། །ལྟེ་བར་རཾ་དམར་ལྗང་དང་མཚུངས། །མགྲིན་པར་ཁཾ་ནི་དུད་ཁའོ། །དཔྲལ་བར་ཨེ་ནི་མཐིང་ཁ་བསྒོམ། །ལྐོག་(༩༨)མར་སུ་ཉིད་སེར་པོའོ། །ཧ་ཞེས་པུས་མོ་གཡས་བསྒོམས་ལ། །ཡང་ན་རྐང་མཐིལ་ཕཊ་ཡིག་ནི། །སྔོ་ནག་འཇིགས་པའི་གཟུགས་སུ་བསྒོམ། །འདི་ནི་འཇིག་རྟེན་གྱི་བགེགས་རྣམས་ཀྱི་ནུས་པ་མི་སྐྱེ་བར་བྱ་བའི་ཕྱིར་དང་། སློབ་མ་རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད། ཕྱིས་ཡུལ་ལ་མི་སྐྱེ་བར་བྱ་བའི་དོན་ནོ། །དེ་ནས་ཡི་གེ་བརྒྱད་ཀྱི་ཐ་མ་ཕཊ་ཡིག་ནི་ངག་ཏུ་ཟློས་སུ་ཡང་གཞུག་གོ། །དབུགས་རེ་ལ་ཉེར་གཅིག་རེ་བཟླས་ཤིང་དུར་ཁྲོད་དུ་བཏང་ངོ་། །དེ་ནས་སློབ་མས་དུར་ཁྲོད་དུ་ཕྱིན་པ་དང་། ཤ་སྣ་ཚོགས་པའི་གཏོར་མ་དང་། མེ་ཏོག་སྣ་ཚོགས་པའི་གཏོར་མ་གཉིས་ཀྱིས་མཁའ་འགྲོ་མ་རྣམས་མཆོད་ལ། བདག་གི་བར་ཆད་ཉེ་བར་ཞི་བར་གྱིས་ཤིག་པའི་གསོལ་བ་བཏབ་ལ། ལུས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་གཅིག་བྱ། དེ་བཞིན་དུ་ངག་རུ་ཤན་འབྱེད་པ་དང་། སེམས་རུ་ཤན་འབྱེད་པ་ཞག་རེ་རེ་བྱས་ལ། རྗེས་སུ་ཕྱག་དང་སྐོར་བ་འདོན་ཟློས་དང་། ཆོས་དང་མཐུན་པའི་ལུས་ངག་གི་སྤྱོད་ལམ་བྱའོ། །རུ་ཤན་འབྱེད་པའི་སྤྱོད་པ་དངོས་ནི་ཁྲིད་ཡིག་བཞིན་བྱའོ། །སྔོན་འགྲོའོ། །

དངོས་གཞི་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་དང་། ཡེ་ཤེས་དབབ་པ་དང་། སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ་གཞུག་པ་དང་། ལྷ་ངོ་བསྟན་པ་དང་། རིག་པ་མངོན་སུམ་གྱི་བརྡའ་དབང་བསྐུར་བ་དང་ལྔའོ། །དང་པོ་ནི། གནས་ཤིན་ཏུ་དབེན་པར་ཉི་མ་རྩེ་ཤར་ལ་སློབ་མས་དབུལ་རྒྱུའི་མཎྜལ་རིན་པོ་ཆེ་ལྔ། འབྲུ་ལྔ། དྲི་ལྔ། སྨན་ལྔ། མེ་ཏོག་ལྔ་སྟེ། ལྔ་ཚོམ་ལྔ་བཤམ། བླ་མའི་བརྡའི་མཎྜལ་མེ་ཏོག་ཁ་དོག་ལྔའམ། ཚོན་གྱིས་བྲིས་པ་གང་ཡང་རུང་བ་གཅིག་བྱ། མཆོད་པ་དང་གཏོར་མ་ཅི་འབྱོར་བ་བཤམ་མོ། །དེ་ནས་སློབ་མ་རྣམས་བླ་མའི་མདུན་དུ་ཕྱག་བྱས་ཏེ། ཐལ་མོ་སྦྱར་ཏེ་འདུག་ལ་བླ་མས་འདི་སྐད་དུ། ཁྱོད་སུ་ཡིན་ཞེས་ལན་གསུམ་མོ། །སློབ་མས་ཀྱང་བདག་སྐལ་ལྡན་ཡིད་ཀྱི་བུ་གཅིག་ལགས་ཞེས་ལན་གདབ་བོ། །ཡང་བླ་མས། དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་འདིར་ཞུགས་ཤིག་ཅེས་བརྗོད་དོ། །དེ་དག་གི་དོན་ནི་འཁོར་བ་རང་རྒྱུད་དུ་(༩༩)འཛིན་པའི་མིང་སྤོང་བ་དང་། ཡིད་ཀྱི་རིག་པ་མཐོང་བར་བྱ་བ་དང་། དབྱིངས་རིག་གི་དཀྱིལ་འཁོར་འདི་བཟང་པོ་ཞེས་བྱ་བའི་དོན་ནོ། །དེ་ནས་མཎྜལ་ལྔ་པོ་འབུལ་ཏེ། བླ་མ་དང་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དུས་གསུམ་བདེ་གཤེགས་མ་ལུས་ལ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན། །གསེར་ལ་སོགས་པའི་རིན་ཆེན་ལྔས། །ཡོངས་སུ་གང་བར་དམིགས་ནས་ནི། །བླ་མ་རྡོ་རྗེ་ཅན་ལ་འབུལ། དེ་བཞིན་སྣ་ཚོགས་འབྲུ་ལྔ་དང་། །དྲི་མཆོག་རྣམ་པ་ལྔ་རྣམས་དང་། །སྣ་ཚོགས་མེ་ཏོག་འདི་རྣམས་ཀུན། །བླ་མ་རྡོ་རྗེ་ཅན་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨ་གུ་རུ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་འབུལ་ལོ། །དེའི་དོན་ནི། རིན་པོ་ཆེ་ལྔ་ནི་ཡེ་ཤེས་ལྔའི་ངོ་བོ་ལ་ལོངས་སྤྱོད་པའི་བརྡའོ། །འབྲུ་རྣམ་པ་ལྔ་ནི་འབྲས་བུ་སྐུ་ལྔར་སྟོན་ཅིག་པའི་བརྡའོ། །དྲི་ལྔ་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དྲིས་ལུས་ཐམས་ཅད་ཚིམ་པར་མཛོད་ཅིག་པའི་བརྡའོ། །སྨན་སྣ་ཚོགས་པ་ནི། བདག་ལ་ཕྱི་ནང་གི་སྡུག་བསྔལ་ཀུན་དང་བྲལ་བར་མཛོད་ཅིག་པའི་བརྡའོ། །ཐུན་མོང་གི་དངོས་གྲུབ་ནི་ཚེ་གཅིག་ལ་རང་གི་ནོར་འཕེལ་བའི་དོན་དུ་ནོར་དང་། དེ་བཞིན་ཉིད་ཟད་མི་ཤེས་པའི་ཕྱིར་ན་རིན་པོ་ཆེ་དང་། མུ་གེའི་འཇིགས་པ་དང་བྲལ་བའི་ཕྱིར་ན་འབྲུ་དང་། དབང་པོ་གསལ་བའི་ཕྱིར་ན་དྲི་དང་། ནད་ཀྱི་སྡུག་བསྔལ་ལས་གྲོལ་བའི་ཕྱིར་ན་སྨན་དང་། ཤེས་རབ་དང་དད་པ་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པའི་ཕྱིར་ན་མེ་ཏོག་དང་། དེ་དག་ནི་ཐུན་མོང་དུ་ཐོབ་པར་བྱ་བའི་ཕྱིར་ཡིན་ནོ། །གསོལ་བ་གདབ་པ་ནི། མདུན་གྱི་ནམ་མཁར་བླ་མ་བརྒྱུད་པ་དང་བཅས་པ་རྣམས་དམིགས་ལ་ངག་ཏུ།

ཀྱེ་ཀྱེ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཟག་པ་རང་ཟད་དབྱིངས་ནས་སྐུར་བཞེངས་པའི། །དྲི་མ་རང་དག་དབྱིངས་ལས་སྤྱན་གཟིགས་ལ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པའི། །བདེ་གཤེགས་འཇིག་རྟེན་མཁྱེན་པའི་(༡༠༠)ཐུགས་མངའ་བའི། །དགོངས་པ་ཉག་གཅིག་མི་གཡོ་དབྱེར་མེད་པའི། །སྔོན་བཞུགས་དུར་ཁྲོད་གནས་ནས་རྗེས་དགོངས་ལ། །རང་བཞིན་མཛད་པ་གང་ཡང་མི་མངའ་ཡང་། །སངས་རྒྱས་ཀུན་དངོས་ཀུན་ཏུ་བཟང་པོའི་སྐུ། །བདག་བློ་མོས་པའི་དོན་ཕྱིར་འདིར་གཤེགས་ལ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །དེ་བཞིན་དུ། སངས་རྒྱས་ཀུན་མངའ་རྡོ་རྗེ་འཆང་ཆེན་དང་། །རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་དང་། །སངས་རྒྱས་ཐུབ་པ་རྡོ་རྗེ་སེམས་དཔའི་སྐུ། །རིག་འཛིན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་། །རིག་འཛིན་ཆེན་པོ་ཤྲཱི་སིང་ཧ་དང་། །རིག་འཛིན་ཆེན་པོ་ཛྙཱ་ན་སུ་ཏྲ་དང་། །རིག་འཛིན་ཆེན་པོ་བི་མ་མི་ཏྲ་དང་། །རིག་འཛིན་ཆེན་པོ་ཏིང་འཛིན་བཟང་པོ་དང་། །གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་དང་། །བླ་མ་ལྕེ་བཙུན་སེང་གེ་དབང་ཕྱུག་དང་། །ཞང་སྟོན་ཆེན་པོ་ཞེ་སྡང་རྡོ་རྗེ་དང་། །བླ་མེད་བརྒྱུད་འཛིན་ཉི་མ་འབུམ་དང་ནི། །བྱིན་བརླབས་མཆོག་ལྡན་གུ་རུ་ཇོ་འབེར་དང་། །བླ་མ་ཆེན་པོ་སཾ་ག་ལཀྵ་ལ། །བདག་བློ་མོས་པའི་དོན་ཕྱིར་གསོལ་བ་འདེབས། །ཞེས་རེ་རེ་ནས་བརྗོད་པའམ། སྤྱིར་ཡང་རུང་ངོ་། །དེ་ནས་རྩ་བའི་བླ་མ་ལ་འདི་སྐད་དོ། །བླ་མ་རྡོ་རྗེ་འཛིན་རྣམས་དགོངས་སུ་གསོལ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ངག་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །བླ་མས་ཀྱང་། དཀྱིལ་འཁོར་འཇུག་དོན་རིགས་ཀྱི་བུ། །འདི་ཉིད་གསང་སྔགས་རྣམས་ཀྱི་བཅུད། །མ་བཙལ་ཡེ་ནས་གནས་པའི་དོན། །རང་ལ་ཡོད་པའི་དོན་ཉིད་ནི། །བརྡའ་ལ་བརྟེན་ནས་དམིགས་(༡༠༡)ལ་བསྐུར། །ཤེས་རབ་ཀྱིས་ནི་བརྟག་དཔྱད་མིན། །དབང་པོའི་སྒོ་ལ་མངོན་སུམ་དུ། །སྣང་བའི་ཡེ་ཤེས་བརྟན་དབབ་ཕྱིར། །འདི་ཉིད་འཁོར་ལོ་ནང་དུ་ཞུགས། །ཞེས་བརྗོད་དོ། །

གཉིས་པ་ཡེ་ཤེས་དབབ་པ་ནི། འདི་ཐམས་ཅད་བརྡའ་ཡིན་པས་བླ་མས་འདི་སྐད་བརྗོད་ཅིང་བྱའོ། །ལུས་ཆས་རབ་ཏུ་ཕྱུང་མདུན་དུ་ལངས་ལ་རྐང་པ་གཉིས་གཤིབས་མིག་གཉིས་མ་འགྱུར་བར་ལྟོས། ཐལ་མོ་སྙིང་ཁར་སྦྱོར། བླ་མའི་ཐུགས་ཀྱི་དཀྱིལ་དུ་ཤེས་པ་གཏོད། རང་རིག་པའི་མེ་ཏོག་ཕུལ་ཞེས་བསྟན་ནོ། །དེ་ནས་བླ་མས་བུའི་སེམས་བཟུང་བར་བྱ་བའི་ཕྱིར་ཨ་ཨ་ཞེས་དྲུག་བརྩེགས་སུ་ཤེས་པ་ཡེངས་སུ་བོར་བའི་མཚམས་སུ་བརྗོད། དེས་ནི་ཡིད་ཀྱི་བུ་གཅིག་པུ། །ལུས་ནི་གཡོ་བར་ཉེ་བ་དང་། །ངག་ནི་སྨྲ་ཞིང་འཕར་བ་དང་། །སེམས་ནི་བདེ་བས་མྱོས་པ་དང་། །རིག་པ་ཚུད་པའི་རྟགས་སུ་བཤད། །འདི་དག་གི་དོན་ནི། མཎྜལ་དང་རིག་པའི་མེ་ཏོག་འབུལ་བ་ནི། ཁྱད་པར་གྱི་དོན་ཏེ་བླ་མའི་ཐུགས་དང་གཉིས་སུ་མེད་པའོ། །གཅེར་བུར་ཕྱུང་བ་ནི། རིག་པ་ལ་འཁོར་བའི་ཉེས་པ་མེད་པའི་བརྡའ་ཡིན། ལུས་འགྲེངས་ཚུགས་སུ་འདུག་པ་ནི། རྟག་ཏུ་ནམ་མཁའ་དང་བྲལ་བར་མི་ཕྱེད་པའི་བརྡའ་ཡིན། རྐང་པ་གཉིས་གཤིབས་པ་ནི་ལུས་ཐབས་མིག་ཤེས་རབ་ཡིན་པས་མིག་ལ་ཤེས་པ་མ་འགྱུར་བར་ལྟོས་ཤིག་ཅེས་པའི་བརྡའ་ཡིན་ནོ། །ཐལ་མོ་སྙིང་ཁར་སྦྱར་བ་ནི། རིག་པ་སྙིང་ལ་གནས་པའི་བརྡའ་ཡིན། བླ་མའི་ཐུགས་ཀྱི་དཀྱིལ་དུ་ཤེས་པ་གཏད་པས་ནི། བླ་མའི་ཐུགས་དང་གཉིས་སུ་མེད་པའི་བརྡའ་ཡིན། སེམས་གཞན་དུ་མ་ཡེངས་པར་གྱིས་ཤེས་ཞེས་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་མ་ཡེངས་པར་ལྟོས་ཤིག་པའི་བརྡའ་ཡིན་ནོ། །བླ་མས་བུའི་ཤེས་པ་མི་བཏང་བའི་ཕྱིར་ཨ་ཨ་ཞེས་གླུ་དང་བཅས་པས་བཅུག་པས། མ་བྱས་པའི་ཡེ་ཤེས་རང་ཆས་སུ་སྐྱེ་བའི་བརྡའ་ཡིན་ནོ། །སློབ་མའི་ལུས་ངག་ལ་རྟགས་གཡོ་བ་དང་འཕར་བ་ནི། ཡེ་ཤེས་དེ་ཉིད་མ་བྱས་པའི་ཡེ་ཤེས་རང་ལུགས་སུ་འབབ་པའི་བརྡའ་ཡིན་ནོ། །

གསུམ་པ་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མ་ཁ་ཤར་གྱི་ཕྱོགས་(༡༠༢)སུ་བལྟས་ལ་ནམ་མཁར་འགྲོ་བར་བསམ་དུ་བཅུག་སྟེ། འདི་སྐད་བརྗོད། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི། །ནམ་མཁའི་ཁམས་ལ་ཕར་གམ་གམ་སོང་དང་། །ཞེས་བརྗོད་པའི་མཚམས་དག་ཏུ། འགྲོ་ན་འགྲོ་ས་འདུག་གམ། སླར་ལྡོག་ན་ལྡོག་ས་འདུག་གམ། ཞེས་ལན་གསུམ་བརྗོད། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དུ་ཡང་བརྗོད་པར་བྱའོ། །དེ་ནས་བླ་མའི་ཕྱག་གིས་ནམ་མཁའ་ལ་ལན་གསུམ་གཡུག་པར་བྱའོ། །དེ་དག་གི་དོན་ནི་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་སྒོ་བཞིར་འཇུག་པ་དང་། འགྲོ་འོང་གིས་མེད་པའི་བརྡའ་ཡིན། ཕྱག་ནམ་མཁའ་ལ་ལན་གསུམ་གཡུག་པ་ནི། སྣང་བ་ཐུགས་རྗེ་འགག་པ་མེད་པ་སྤྲུལ་སྐུའི་དཀྱིལ་འཁོར་དང་། ཕྱེད་སྣང་གསུང་གི་རང་བཞིན་ལོངས་སྐུའི་དཀྱིལ་འཁོར་དང་། མི་སྣང་བ་ཐུགས་ཀྱི་ངོ་བོ་ཆོས་སྐུའི་རང་བཞིན་ཏེ། སྐུ་གསུམ་སྟོང་པར་གཅིག་པའི་བརྡའ་ཡིན་ནོ། །

བཞི་པ་ལྷ་ངོ་བསྟན་པ་ནི། སློབ་མས་གོས་གྱོན་སྐྱིལ་ཀྲུང་བཅས་ལ། ནམ་མཁར་ཉི་མ་ལྔ་འོད་ཟེར་སྣ་ཚོགས་འཕྲོ་བ་ལ་སེམས་གཏོད་དུ་བཅུག་ལ། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་བུ་ཁྱོད་སྐལ་དང་ལྡན། །ནམ་མཁའི་སྟེང་དུ་ཡར་ལྟོས་དང་། །ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་དེ་ལ་ཤེས་པ་གཏོད་ལ་ཇེ་མཐོ་ཇེ་མཐོར་ཐོང་ཞིག །ཅེས་ལན་གསུམ་བརྗོད་པའི་འོག་ཏུ། སླར་མ་ལྡོག་ཅིག །ཅེས་བརྗོད་དོ། །དེའི་དོན་ནི། །ནམ་མཁའ་ལ་ལྟོས་དང་ཞེས་བྱ་བ་ནི་མ་བྱས་པའི་རིག་པ་ཡེ་ཤེས་ཀྱི་ལྷ་ངོ་བསྟན་པ་ཡིན། ཡང་ནམ་མཁའ་ན་ཉི་མ་ལ་ཤེས་པ་གཏོད་པ་ནི། དེ་ཉིད་ཡེ་ཤེས་ལྔའི་སྣང་བ་ཡིན་པས་དེ་ལས་ཕྱིར་མ་ལྡོག་ཅིག་ཅེས་པའི་བརྡའ་ཡིན་ནོ། །

ལྔ་པ་རིག་པ་མངོན་སུམ་གྱི་བརྡའ་དབང་དངོས་ནི། ལངས་ཏེ་གྱད་ཀྱི་དོར་ཐབས་འདུག །མཛུབ་མོ་བསྒྲེངས་ཏེ་མིག་བཙུགས་ལ། །ཨ་ཨ་ཞེས་བརྗོད་ཕྱོགས་བཞིར་བལྟ། །ཡང་ནི་མཛུབ་མོ་ནམ་མཁར་བསྒྲེངས། །མིག་ནི་ཧར་པོ་དག་ཏུ་བལྟ། །ངག་ཏུ་ནམ་མཁའ་འདི་ནི་རྒྱ་ཆེའོ། །ཞེས་ལན་གསུམ་བརྗོད་དོ། །དེ་རྣམས་ཀྱི་དོན་ནི། བླ་མས་གཡས་བརྐྱང་པ་ནི་འཁོར་བའི་སྤྲོས་པ། གཡོན་བསྐུམ་པ་ནི་འདས་པའི་སྣང་བ། བག་ཡངས་སུ་སྤྱོད་ཅིག་པའི་བརྡའོ། །མཛུབ་མོ་བསྒྲེངས་ནས་མིག་ལ་བཙུགས་(༡༠༣)ཏེ་ཕྱོགས་བཞིར་བལྟ་བ་ནི། རིག་པ་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་སྟེ། སྣང་བ་བཞི་རིམ་པས་འཆར་བའི་བརྡའོ། །མཛུབ་མོ་ནམ་མཁར་བསྒྲེངས་པ་ནི། རིག་པ་ལུ་གུ་རྒྱུད་མཁའ་ལ་སྣང་བའི་བརྡའོ། །མིག་ཧར་པོར་ལྟ་བ་ནི་ལྟ་སྟངས་འདི་ལྟར་ཡིན་པའི་བརྡའོ། །ནམ་མཁའ་འདི་ནི་འདི་ལྟར་རྒྱ་ཆེའོ་ཞེས་པ་ནི་འདི་ལྟར་བྱས་པས་སྣང་བ་འདི་རང་ཟད་ལ་འགྲོ་བས་ཡེ་ཤེས་ཀྱི་སྣང་བ་སྐྱེ་བའི་བརྡའོ། །དེ་རྣམས་ཀྱིས་དངོས་གཞིའི་གདམས་ངག་བསྟན་ནས་དེ་ལྟར་བརྡ་དབང་བསྐུར་དུས་སུ། ཉམས་སུ་མྱོང་བ་ལྷག་ཏུ་སྐྱེ། །གལ་ཏེ་མ་སྐྱེས་སྲིད་ན་ཡང་། །དེ་དག་བརྡ་ནི་བླ་མས་བཀྲོལ། །སོ་སོའི་ཉམས་དང་མཐུན་པར་བཤད། །ཅེས་གསུངས་ཀྱང་འདིར་བརྡའ་རྣམས་ཞོར་ལ་བཀྲོལ་ལོ། །རྗེས་ཀྱི་བྱ་བ་ནི། ཚོགས་དང་གཏོར་མ་གཏང་། ཡོན་དབུལ་ལོ། །དེ་ནས་ངོ་སྤྲོད་པའམ་དབང་གོང་མ་བྱེད་ན། དེ་ནས་རྣལ་དུ་འབེབས་པ་ཡི། །ཆོ་ག་མཁས་པས་ཞག་གསུམ་བྱའོ། །དེ་ནས་སེམས་ཀྱི་སྣ་ཁྲིད་པའི། །སྔོན་འགྲོ་རྣམས་ལའང་སྦྱང་བར་བྱའོ། །ཞེས་གསུངས་པས་རང་གཞན་གྱི་ལྟ་སྒོམ་སྤྱོད་པ་དྲུག་སྐོར་གྱི་མན་ངག་རྣམས་བསྟན་པར་བྱ་སྟེ། སེམས་སྦྱངས་ལ། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་གིས་ལུང་བསྟན་ཅིང་དབུགས་དབྱུང་བར་བྱའོ། །ཤིན་ཏུ་སྤྲོས་པ་མེད་པའི་དབང་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་དང་། བི་མ་ལའི་རྒྱབ་ཡིག་བསྲེས་ནས་རང་བྱུང་རྡོ་རྗེས་བསྒྲིགས་པ་རྫོགས་སོ།། །།

རབ་ཏུ་སྤྲོས་མེད་ཀྱི་དབང་།

༄༅། །རབ་ཏུ་སྤྲོས་མེད་ཀྱི་དབང་བཞུགས་སོ། །

༄༅། །བྱ་བྲལ་ལྷུན་རྫོགས་ངང་ལ་ཕྱག་འཚལ་ལོ། །ད་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་སེམས་ཀྱི་མཚན་ཉིད་མངོན་སུམ་དུ་སྟོན་པ་བཤད་པར་བྱའོ། །གོང་དུ་དབང་གསུམ་རྫོགས་པའི་སྐྱེས་བུ་ལ། སྔ་དྲོ་དང་པོ་མཆོད་པ་དང་གཏོར་མ་བཤམ། མཎྜལ་མཉམ་ཞིང་ཟླུམ་པོ་ལ། གསེར་གྱི་ཚོམ་བུ་བཀོད་ལ་བླ་མ་ལ་དབུལ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་དོན་དུ་བླ་མ་ཤར་དུ་བལྟ། འཇིག་རྟེན་གྱི་སྣང་བ་ནུབ་པའི་ཕྱིར་སློབ་མ་ནུབ་ཏུ་བལྟས་ཏེ། བདེ་ལུགས་སུ་འདུག་ལ། ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་སེམས་ཉིད་(༡༠༤)སྐྱེ་བ་མེད་པའི་དོན་མངོན་དུ་རྟོགས་པར་བྱའོ་སྙམ་དུ་བྱ། དེ་ནས་བླ་མས་བུ་ཁྱོད་སུ་ཡིན་ཞེས་དྲིས་པས་སློབ་མས་ལན་དུ། བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས་ཞེས་ལན་གསུམ་མོ། །ཡང་བླ་མས། དེ་ལྟར་ཡིན་ཕན་ཆད་སེམས་ཉིད་གདོད་མ་ནས་སྐྱེ་མ་མྱོང་བའི་དཀྱིལ་འཁོར་འདིར་ཞུགས་ཤིག །ཅེས་བྱའོ། །དེ་ནས་བླ་མ་ལ་ཕྱག་འཚལ་ཏེ་གསོལ་བ་གདབ་པ་ནི། ཀྱེ་མ་རྡོ་རྗེ་འཛིན་པ་ཉིད། །བདག་ལ་རབ་ཏུ་དགོངས་སུ་གསོལ། །བདག་ནི་ཁམས་གསུམ་འཁོར་གནས་སུ། །ཡུན་རིང་གནས་པས་དྲན་ཉམས་ཏེ། །འཁོར་བ་ཉིད་ལས་བརྒལ་དོན་དུ། །བླ་མ་ལ་ཡང་ཞུ་བ་བགྱིད། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །བདག་ནི་ཡང་ནས་ཡང་འཁོར་བས། །རྡོ་རྗེ་སེམས་དཔའི་རང་བྱུང་ཡེ་ཤེས་ཉིད། །རང་དང་རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་། །སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། དེ་ནས་ལུས་ཆ་བསྲང་། ཐལ་མོ་སྦྱར་ཏེ། བླ་མ་ལ་སེམས་གཏད་དེ་ཤེས་པ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་འཛིན་དུ་གཞུག་གོ། །དེ་ནས་རྣམ་རྟོག་གནས་པའི་མཚམས་སུ་བླ་མས་གློ་བུར་དུ་དྲག་ཤུལ་དང་བཅས་པས་འདི་སྐད་བརྗོད། སེམས་གང་ཡིན་ཞེས་ལན་གསུམ་མོ། །དེ་ལ་ཤེས་པའི་ཉམས་མྱོང་ནི། །འདི་ཡིན་འདི་མིན་ཚད་མེད་པ། །བརྗོད་པར་དཀའ་བའི་དོན་དེ་ནི། །སློབ་མའི་རྒྱུད་ལ་སྐྱེ་བར་འགྱུར། །གནས་སྐབས་འདིར་རྣམ་རྟོག་འདས་པ་འགགས་མ་འོངས་པ་མ་སྐྱེས། ད་ལྟར་གྱི་ཤེས་པ་གསལ་ལ་མི་རྟོག་པ། སྐད་ཅིག་མའི་ངོས་བཟུང་། ཕྱི་ཡུལ་སྣང་། ནང་ཕུང་པོ། བར་དབང་པོ་ལ་རྟོག་པས་བཙལ་ཀྱང་མི་རྙེད། སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཤེས་རབ་རང་བྱུང་གི་སྒྲོན་མེ་ངོས་བཟུང་ནས་འཇོག་པ་ནི་དབང་གི་དངོས་གཞི་སྟེ། འདིས་སེམས་ཀྱི་དྲི་མ་སྦྱོང་ཞིང་། བཞི་པ་ལྷན་ཅིག་སྐྱེས་པ་ཁྲེགས་ཆོད་དུ་སྐྱེ་བའི་ཕྱིར་རོ། །

དེ་ནས་ལུང་བསྟན་པའི་སློབ་མ་ཤར་དུ་བལྟར་བཅུག་ལ་སེང་གེ་ལྟ་བུའི་འདུག་སྟངས་པུས་མོ་ཅུང་ཟད་ས་ལ་ཕབ། རྐང་མཐིལ་མཉམ་པར་བྱ། ལག་པ་པུས་མོའི་ཕྱི་ལོགས་སུ་བཙུགས་ནས། འཕོངས་ཡིད་ཙམ་ཕྱིར་ཕྱུང་སྒལ་ཚིགས་དྲང་བར་བྱས་ཏེ། (༡༠༥)ཡིད་ལ་ཆོས་ཉིད་སྐྱེ་བ་མེད་པ་བྱས་ནས། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ། ཁྱོད་ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟབས་ཀྱིས་སོང་ཞིག །ཨ་ཨ་ཞེས་རྒྱས་གདབ་བོ། །ཡང་ལྷོར་གླང་པོ་ཆེའི་འདུག་སྟངས་ནི་པུས་མོ་ས་ལ་གཏད་ལ། ལག་པ་གཉིས་གྲུ་མོ་པུས་མོའི་མདུན་དུ་བཙུགས། མགོ་པུས་མོའི་སྟེང་དུ་དུན་ཏེ་བྱས་ལ། ལག་མཐིལ་གཉིས་ཀྱིས་འགྲམ་པ་ཅུང་ཟད་བརྟེན་མིག་སྨིན་མཚམས་ལྷོར་བལྟར་བཅུག་ལ། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ། སྟག་མོའི་མཆོངས་སྟབས་ཀྱིས་སོང་ཞིག །ཨ་ཨ་ཞེས་བརྗོད་དོ། །ཡང་ནུབ་ཏུ་དྲང་སྲོང་གི་འདུག་སྟངས་ནི་སྐྱིལ་ཀྲུང་ས་ལ་ཙོག་པུར་བྱས་ལ་གྲུ་མོ་པུས་མོའི་སྟེང་དུ་བྱས་ནས། ལག་པ་གཉིས་འགྲམ་པའི་ཟུར་ལ་བརྟེན་ནས་ལུས་བསྲང་སྟེ་ནུབ་ཕྱོགས་སུ་བལྟས་ལ། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་སྣང་བ་མཐའ་ཡས་ཞེས་བྱ་བ། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་དཔལ་ཆེན་པོའི་(༡༠༦)རྔམ་སྟབས་ཀྱིས་ལྟོས་ལ། ཁྱུང་ནམ་མཁར་ལྡིང་བའི་འགྲོས་ཀྱིས་སོང་ཞིག །ཨ་ཨ་ཨ་ཞེས་བརྗོད་དོ། །ཡང་བྱང་དུ་བྱ་རྒོད་ཀྱི་སྤུངས་སྟངས་ནི། རྐང་བ་གཉིས་མཉམ་པར་མཐིལ་ས་ལ་སྦྱར་ལ། ལག་པའི་མཐིལ་པུས་མོའི་སྟེང་དུ་བྱས། གྲུ་མོ་གཉིས་མཁལ་དུ་བཞག་སྟེ། རྐེད་པ་བསྲངས་མིག་མདུན་ཕྱོགས་སུ་བལྟས་ཏེ། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་འདི་ནས་བྱང་ཕྱོགས་ན་ལས་རབ་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་འཁྱུག་པའི་སྟངས་སྟབས་ཀྱིས་སོང་ཞིག །ཨ་ཨ་ཨ་ཞེས་རྒྱས་གདབ་བོ། །དེ་རྣམས་ཀྱི་དོན་ནི། ཤར་ན་རབ་ཏུ་དཀར་བའི་གཟུགས་དང་། འོད་ཀྱིས་རབ་ཏུ་འཁྲུགས་པ། ལྷོ་སེར། ནུབ་དམར། བྱང་ལྗང་ཁུའི་ཁ་དོག་གིས་མཛེས་ཤིང་འོད་འཕྲོ་བ། མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པར། རྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་དག་ན་ཆོས་ཉིད་ལ་བར་དོ་མེད་པར་འཚང་རྒྱ་བར་ངེས་ཏེ། ཤར་དུ་སྤྲུལ་སྐུའི་ཞལ་མཐོང་། ལྷོར་ཡོན་ཏན་བསླབས། ནུབ་ཏུ་ལུང་བསྟན། བྱང་དུ་ལས་དང་བག་ཆགས་ཀྱི་མཐའ་ཟད་ནས་སངས་རྒྱས་པ་ནི། རང་ཤར་ནས་ཀྱང་། ལྔ་བརྒྱ་དག་ནི་ངེས་པར་བྱེད། །ཅེས་འབྱུང་བས་འདི་ཐོབ་པའི་ཡོན་ཏན་ཡིན་ནོ། །དེ་ནས་དབུས་ཀྱི་ནི། སློབ་མ་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་ལ་མཉམ་པར་བཞག་སྟེ། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ཁྱོད་ཉོན་ཅིག །དེ་དག་ཐམས་ཅད་འདས་པའི་ཕ་རོལ་ན་རྒྱན་ཐམས་ཅད་ཡོངས་སུ་བཀོད་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་ཁམས་ཡེ་ཤེས་ལྔས་ཁྱབ་ཅིང་གསལ་བ། རབ་ཏུ་མཉམ་ཞིང་མི་གཡོ་བ་ཉིད་ན་དེ་བཞིན་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་མཆོག་ཏུ་གྱུར་(༡༠༧)པའི་སྟོན་པ། དགྲ་བཅོམ་པ། ཟག་པ་ཟད་པ། རིག་པ་དང་ཞབས་སུ་ལྡན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་འཁོར་ཡང་དག་པར་རྫོགས་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་མངོན་པར་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་༼ཟླུམ་པོ་༽ལྟ་སྟངས་ཀྱིས་ལྟོ་༼དབྱིངས་༽ཤིག །སེང་གེའི་མཆོངས་སྟབས་༼ཐད་ཀར་༽ཀྱིས་སོང་ཞིག །༼རིག་པ།༽ ཁྱུང་༼གྱེན་༽ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་༼སྐུ་༽འདུག་ལ་དྲང་སྲོང་གི་འདུག་སྟངས་༼མདུན་༽ཀྱིས་གནས་པར་གྱིས་ཤིག །གླང་པོ་ཆེའི་༼ཐུར་༽ཉལ་ཐབས་ཀྱིས་ཉོལ་༼ཐིག་ལེར་༽ཞིག །ལྕགས་སྡོང་གི་འདྲིལ་སྟབས་༼གཉིས་དྲིལ་༽ཀྱིས་འདྲིལ་༼མུ་ཁྱུད་༽ཞིག །སྐྱེས་བུའི་༼སྟང་༽རྒྱངས་སྟབས་ཀྱིས་རྒྱོངས་༼ཡེ་ཤེས་༽ཤིག །ཝ་མོའི་ཟུར་༼ཟུར་༽འགྲོས་ཀྱིས་སོང་༼དབྱིངས་རིག་༽ཞིག །བྱ་རྒོད་༼འཕུར་༽ཀྱི་སྤུངས་སྟངས་ཀྱིས་སྤུངས་༼ཞིང་ཁམས་༽ཤིག །གྱད་༼གཡོན་༽ཀྱི་འདོར་སྟབས་ཀྱིས་ས་༼ཉན་ཐོས་༽ནོན་ཅིག །འབུ་༼གཡས་༽སྲིན་གྱི་ནུར་འགྲོས་ས་ལ་འཆག་པར་གྱིས་༼རང་རྒྱལ་༽ཤིག །སྟག་༼ཕྲེད་༽མོའི་མཆོངས་སྟབས་ཀྱིས་རྩལ་སྦྱོངས་༼བྱང་སེམས་༽ཤིག །ཡང་སེམས་ཀྱི་བུ་སེམས་ཉིད་གནས་པའི་གཞི་ཟུངས་ཤིག །སེམས་བརྟན་པའི་གནས་ཚུགས་ཤིག །སེམས་ཉིད་འགྱུ་བས་རྩལ་སྦྱོངས་ཤིག །སེམས་ཉིད་ཁྱབ་པས་རྟགས་ཚོལ་ཞིག །སེམས་ཉིད་མྱུར་བ་ལས་ཟློས་ཤིག །སེམས་ཉིད་མ་འདྲེས་པར་ཤན་ཕྱེས་ཤིག །སེམས་ཉིད་འཕེན་པས་སླར་མ་ལྡོག་ཅིག །སླར་མ་ལྡོག་ཅིག །སླར་མ་ལྡོག་ཅིག །ཅེས་པས་སྐྱེ་བ་མེད་པའི་དབྱིངས་སུ་ལམ་བསྟན་པའི་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །

དེ་དག་གི་དོན་ནི། རྒྱན་ཡོངས་སུ་བཀོད་པ་ནི་རིག་པ་ཚད་ཕེབས་ཀྱི་ཞིང་ཁམས་དབྱིངས་རིག་རྫོགས་པ་ཡིན་ལ། དེ་ཡེ་ཤེས་ལྔས་ཁྱབ་པའི་སྣང་བ་ཡིན་ཞིང་རྟོག་པས་གཡོ་བ་མེད་པའོ། །རྣལ་འབྱོར་པས་དེར་ཕྱིན་ནས་ཆོས་ཐམས་ཅད་ཟད་པའི་དབྱིངས་སུ་ཕྱིན་པ་ནི། དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པའོ། །(༡༠༨)འཇིག་རྟེན་མཁྱེན་པ་ནི་ཐུགས་རྗེ་འགག་པ་མེད་པའོ། །སྐྱེས་བུ་འདུལ་བ་ལ་སོགས་པ་ནི་དེ་ཉིད་ཀྱི་ཡོན་ཏན་ཡིན་ནོ། །འོད་དཔག་ཏུ་མེད་པ་ནི་ནམ་མཁའ་དང་མཉམ་པར་འགྱུར་བའི་ཕྱིར་རོ། །འཁོར་སངས་རྒྱས་དཔག་ཏུ་མེད་པ་ནི་རིག་པའི་སྐུ་དཔག་ཏུ་མེད་པ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ཀྱང་དེ་ཉིད་ཀྱི་སྙིང་པོ་ཅན་དུ་རྟོགས་པའི་ཕྱིར་རོ། །སེམས་ཉིད་མངོན་པར་འདུས་མ་བྱས་པ་ནི་ཚོགས་བརྒྱད་གནས་གྱུར་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཏེ། གནས་དང་སྟོན་པ་དང་འཁོར་དང་ཆོས་ཐམས་ཅད་གཅིག་ཏུ་རྟོགས་པ་ནི་དུས་ཏེ། དེ་ལྟར་སེམས་དང་ཡེ་ཤེས་མཐར་ཕྱིན་པའི་དོན་བཤད་པའོ། །དེ་རྟོགས་པར་བྱ་བའི་ཕྱིར་གནད་འཆིང་བ་ནི་ལུས་གནད་ལྔ་སྟེ། གླང་པོ་ཆེའི་འདུག་སྟངས་ཀྱིས་གཞི་གཅུན། སེང་གེའི་འདུག་སྟངས་ཀྱིས་ལུས་གཅུན། དྲང་སྲོང་གི་འདུག་སྟངས་ཀྱིས་མིག་གཅུན། བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་སྣང་བ་ཡུལ་དང་བསྲེ། རྡོ་རྗེ་སྐྱིལ་ཀྲུང་གིས་སྤྲོས་མེད་དུ་ལ་བཟླའོ། །གཞན་གྱི་སྤྱོད་ལམ་རྣམ་བཞི་ཐམས་ཅད་ཀྱང་འདུག་སྟངས་ཀྱི་ཡན་ལག་གོ། །དེ་ལ་རིག་པ་མངོན་སུམ་གཅུན་པའི་ལྟ་སྟངས་བཅུ་གཉིས་ཡོད་པ་ནི། འདི་ལྟ་སྟེ། གླང་པོ་ཆེའི་ལྟ་སྟངས་ཀྱིས་གྱེན་དུ་བལྟས་ན་དབྱིངས་རྣམ་དག་སྒྲོན་མ་མཐོང་བར་བྱེད་དོ། །སེང་གེའི་མཆོངས་སྟབས་ནི་དེར་སྡོད་པ་མ་ཡིན་ཏེ། ཐམས་ཅད་ལ་བལྟས་ལ་རིག་པ་ལུ་གུ་རྒྱུད་ལ་ལྟ་བའོ། །ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་ནམ་མཁའ་ཐམས་ཅད་དུ་བལྟས་ཏེ་བཟུང་བའོ། །དྲང་སྲོང་ནི་མི་འགྱུར་བར་བརྟན་པར་བྱ་བའི་ཐད་ཀར་མི་འགྱུར་བར་བྱེད་པའོ། །གླང་ཆེན་ཉལ་ཐབས་ནི་སྣང་བ་དེ་དང་མ་བྲལ་བར་ཉལ་བས་གཉིད་ལོག་ཀྱང་ཐིག་ལེ་མཐོང་བའོ། །ལྕགས་སྡོང་འདྲིལ་སྟངས་ནི་མིག་གཉིས་ཀའི་མཐར་བལྟས་ན་མུ་ཁྱུད་ཀྱི་འོད་བརྟན་པར་བྱེད་པའོ། །སྐྱེས་བུའི་རྒྱང་ཐབས་ནི་གཡས་གཡོན་སྟེང་འོག་ཕྱོགས་མཚམས་སུ་ཁྲིད་པས་སྣང་བ་མཆེད་པར་བྱེད་པའོ། །ཝ་མོའི་ཟུར་འགྲོས་ནི་མིག་གི་ཟུར་ནས་ནང་དུ་བསྡུས་ཏེ་བལྟས་པས་རིག་པ་ནང་དུ་འཆར་བའོ། །བྱ་རྒོད་སྤུངས་སྟངས་ནི་ཡུལ་སྣང་དང་དབྱིངས་(༡༠༩)བསྲེས་ནས་ལྟ་བར་བྱེད་པས་ཞིང་ཁམས་མཐོང་བའོ། །གྱད་ནི་སྲིད་པ་དང་ཞི་བ་གཉིས་ཀ་ལ་མི་གནས་པའི་དོན་དུ་སྣང་སྟོང་དབྱེར་མེད་དུ་བསྲེ་བའོ། །འབུ་སྲིན་ནི་ཡུལ་དྲུག་དང་ཡུལ་ཅན་ཐམས་ཅད་ཞིབ་ཏུ་ཕྱེ་ནས་དབྱིངས་དང་ཤེས་རབ་ཀྱིས་བསྲེས་པས་རྟེན་འབྲེལ་མཐོང་བ་རང་རྒྱལ་མཐོང་བའོ། །སྟག་མོའི་མཆོངས་སྟབས་ནི། ཐོད་རྒལ་གྱི་ཉམས་ལེན་དང་ཁྲེགས་ཆོད་གཉིས་ཕར་ལེན་ཚུར་ལེན་བྱས་པས། བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ཕྱིར་བསྟན་ཏེ། དེ་རྣམས་ནི་རིག་པ་སྦྱོང་བའི་ཐབས་སོ། །དེ་ནས་ཡང་སེམས་སྦྱོང་བ་ནི། དང་པོ་གནས་པ་བཙལ། བསྟན་པར་བྱ། རྣམ་རྟོག་འགྱུ་བ་རྩལ་སྦྱང་། ཡུལ་ཐམས་ཅད་བསྲེ། དེ་སྐད་ཅིག་མར་བལྟ། ཤེས་རབ་ཀྱིས་སྤང་གཉེན་དབྱེ། འདུ་བྱེད་ཀྱིས་འཕངས་པའི་ལས་རྒྱུན་བཅད་པས། དང་པོ་ཉོན་མོངས་སུ་མ་ལྡོག །གཉིས་པ་གཉེན་པོ་རུ་མ་ལྡོག །གསུམ་པ་སྤྲོས་བྲལ་གྱི་ཞེན་པར་མ་ལྡོག །ཅེས་ལན་གསུམ་བསྟན་པས་སངས་རྒྱས་སུ་འགྱུར་རོ། །དོན་བཤད་བརྒྱུད་རྒྱབ་ཡིག་བླ་མའི་མན་ངག་བསྒྲིགས་སོ། །དེ་ནས་གཏོར་མ་གཏང་། ཚོགས་ལ་ལོངས་སྤྱོད། དགའ་སྟོན་ཅི་འབྱོར་བྱའོ། །དེ་ནས་ཉི་མ་གསུམ་ཙམ་ལྟ་སྟངས་ལ་ངོ་སྤྲད་དེ་ཉམས་སུ་ལེན་དུ་གཞུག་གོ། །འདི་ནི་ཁམས་གསུམ་ལས་གྲོལ་བར་བྱེད་པའི་གདམས་ངག་ཡང་དག་པའོ། །རབ་ཏུ་སྤྲོས་པ་མེད་པའི་དབང་གི་ཕྱག་ལེན། སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་དང་། བླ་མ་རྣམས་ཀྱི་རྒྱབ་ཡིག་གོ་སླ་ཞིང་ལག་ལེན་བདེ་བར་བྱ་བའི་ཕྱིར། རང་བྱུང་རྡོ་རྗེས་བསྡུས་པའོ། །དམ་པའི་གདམས་ངག་མི་འགལ་བར། །རང་བྱུང་རྡོ་རྗེས་བསྡུས་པ་ལ། །ཉེས་པའི་ཚོགས་རྣམས་གང་མཆིས་པ། །བཀའ་སྲུང་མཁའ་འགྲོས་བཟོད་པར་མཛོད། །སློབ་མ་མཆོག་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ཕྱིར། ཡི་གེ་ཐམས་ཅད་གཅིག་ཏུ་བསྡུས་པ་ཤིན་ཏུ་ལག་ལེན་བདེ་བར་ཡོད་དོ། །རྫོགས་སོ། །མངྒ་ལཾ།། །།

དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཊིཀ

༄༅། །དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཊིཀ་བཞུགས་སོ། །

༄༅། །དབང་ཆེན་ཐབས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དབང་གི་ཕྲ་ཊིཀ་རྣམ་པར་ཕྱེ་བ། རྣམ་པར་དག་པ་གསལ་བ་ཡི། །རྣལ་འབྱོར་པ་ཡི་འཇུག་ཚུལ་གྱིས། །(༡༡༠)རིག་པ་གསལ་བའི་རང་བཞིན་ཉིད། །དེ་ལ་སློབ་དཔོན་སློབ་མ་ཡི། །འབྲེལ་བ་རྣམ་དག་གསལ་བའི་ཕྱིར། །སློབ་དཔོན་དག་གི་མཚན་ཉིད་བཤད། །དག་ཅིང་དབང་པོ་མ་ཉམས་དང་། །མང་དུ་ཐོས་ཤིང་ང་རྒྱལ་ཞི། །ཚུལ་འཆོས་སྤངས་ཤིང་ཆོག་ཤེས་དང་། །རྒྱུད་ལ་གོམས་ཤིང་ཉམས་སུ་ལེན། །ལྟ་བ་རྟོགས་ཤིང་འཛིན་ཆགས་ཆུང་། །བྱ་བ་ཉུང་ཞིང་བརྩོན་འགྲུས་ལྡན། །རྨོངས་པ་མེད་ཅིང་ཆོག་ཤེས་དང་། །ཡང་ན་སྡོམ་པ་གསུམ་ལ་གནས། །དཀའ་ཐུབ་ལྡན་ཞིང་མཆོག་ལ་སྦྱོར། །ནགས་ཁྲོད་བརྟེན་པའི་བླ་མ་ལ། །ནོར་ནི་གསེར་དངུལ་རང་ལུས་ཙམ། །གྱུར་ལྟས་ཡང་ནས་ཡང་དུ་འབུལ། །དེ་ལྟར་མཚན་ཉིད་རྫོགས་པ་ཡི། །བླ་མར་དབང་བསྐུར་ཆོ་ག་ནི། །ལོ་བདུན་ལྔ་དང་གསུམ་སྔོན་དུ། །ཇི་ལྟར་བཞེད་པའི་ཡོན་ཕུལ་ལ། །ཞུ་བ་དག་ནི་ལན་གསུམ་དབུལ། །རྟ་དང་གླང་པོ་རིན་ཆེན་གཡུ། །འབྲུ་དང་སྨན་ལ་སོགས་པ་ཡི། །འདོད་པའི་ཡོན་ཏན་སྣ་ཚོགས་པ། །བླ་མ་མཉེས་ཕྱིར་ཕུལ་ལ་ཞུ། །བླ་མས་སློབ་མའི་སྣོད་ཡང་བརྟག །དད་ལྡན་གཏོང་ཕོད་ཆེ་བ་དང་། །འབྱོར་ལྡན་ཡོ་བྱད་གཏོང་བར་ནུས། །ཐབས་ལྡན་བླ་མའི་བྱ་བ་མཁས། །སྡོམ་ལྡན་དམ་ཚིག་སྦྱར་བར་ནུས། །ཁྲོ་མེད་དྲེགས་ཚིག་སྤངས་པ་དང་། །འཇམ་ཞིང་ངང་ཚུལ་དེས་པ་དང་། །ཡིད་དལ་སྤྱོད་པ་མཁས་པ་ནི། །སློབ་མའི་མཚན་ཉིད་ཡིན་པར་འདོད། །འདི་ལྟ་བུ་ཡི་སློབ་མ་ལ། །དབང་བསྐུར་ནས་ནི་གདམས་པ་སྦྱིན། །གལ་ཏེ་སྒྲུབ་ལ་བརྩོན་པ་ནི། །རང་གི་ཟས་དང་གོས་སྦྱར་ལ། །བསྒྲུབ་པ་ཉམས་སུ་ལེན་དུ་གཞུག །འདི་ལྟར་སུ་ཡིས་བྱས་པ་ནི། །རྒྱལ་བའི་གསུང་ལས་མ་འདས་སོ། །འདི་ལྟ་བུ་ཡི་དཔོན་སློབ་གཉིས། །འཛོམ་པ་ཙམ་ལས་དངོས་གྲུབ་ནི། །གང་འདོད་འབྱུང་བར་ཐེ་ཚོམ་མེད། །སྐུ་གསུམ་ས་ལ་མཉམ་སྦྱར་རོ། །དེས་ནི་བླ་མ་སློབ་མ་ཡི། །མཚན་ཉིད་གསལ་བར་བཤད་པའོ། །ད་ནི་དབང་བསྐུར་འཇུག་དུས་བཤད། །སྤྲོས་བཅས་དབང་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་ཚོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །(༡༡༡)ཟླ་བ་ཚེས་ཀྱི་མཚམས་སུ་གདོན། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤིས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་དཔག་ཚད་གཟུང་དུ་མེད། །བརྒྱའམ་བཅུ་བདུན་ལ་སོགས་པའི། །འབྱུང་བ་ལས་མཐུན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །སྨེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱ། །དོན་མེད་ཤི་ན་བར་ཆད་འབྱུང་། །དབང་ཆོག་འཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་ཀུན། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་སྐོར་བ་དག་བྱའོ། །ངག་ལ་བསླབ་འཆོལ་སུ་ལ་བྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་བཟླས། །སེམས་ནི་ཉོག་གམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག །གལ་ཏེ་བྱང་བའི་རྟགས་བྱུང་ནས། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་བསྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་ཆོ་ག་ལ་ཞུགས་ནས། །རྟག་ཏུ་མཚན་མ་མཐོང་གྱུར་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་པར་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུ་བསྐྱེད་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདིས་ནི་སངས་རྒྱས་ཞིང་དག་གོ། །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ད་ནི་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ཉེར་བསྟན་བྱ། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །ཕྱི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲ་སྤངས་པའོ། །འདི་ལ་དད་ལྡན་ལྔ་དང་དྲུག །བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱི་ལས་སུ་དགེ་ལྡན་པ། །ངག་གི་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་(༡༡༢)ཡིན་ན། །ལུས་ཀྱིས་ཕྱི་ནས་བཤགས་པར་བྱ། །དེ་བཞིན་ངག་དང་སེམས་ལ་འང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱ། །འདི་ཡང་ལོ་ཡི་བྱེ་བྲག་མིན། །རང་ཐད་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བསྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །ས་བོན་གང་ཞིག་འཕེལ་བར་བཤད། །འབྲུ་དང་འབྲས་བུ་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་ངོའི་འཕེལ་དུས་ལ། །ཚེས་གྲངས་མར་ངོ་འགྲིབ་སྤངས་པའི། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །འདི་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །གཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནང་དབང་བསྐུར་བྱས་ནས་ནི། །བླ་མས་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམས་ཁང་ལ། །སྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མ་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལྷ་ཡི་སྐུ་ནི་སྟོང་ཕྲག་སྒོམ། །དེ་ནས་བླ་མའི་མན་ངག་ནི། །རིམ་པ་དག་ལ་བསླབ་པར་བྱ། །ངག་གི་དུས་ནའང་དེ་བཞིན་ནོ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །འདི་ཡང་ཐོག་མ་མེད་ལ་བར་དུ་བྱུང་བས་ན། བཤགས་པའི་ལས་ནི་ཡི་གེ་བརྒྱ་པ་འབུམ་(༡༡༣)ཕྲག་གཅིག །འབད་དང་བཅས་པས་བཟླས་པར་བྱའོ། །གལ་ཏེ་ཐ་མ་བྱུང་བ་ན། །གསང་སྔགས་རྒྱུད་སྡེ་རང་ལོའི་གྲངས། །བརྒྱ་ནི་རྩ་བརྒྱད་ཀློག་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླ་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལིའི་ཡི་གེ་བགྲང་། །སོ་སོར་རྐྱང་པ་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨ་དང་ནི། །སྦྲེལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱ། །དེ་ནས་གདམས་པའི་གནས་སུ་བྱ། །སེམས་ལ་ཐོག་མར་གང་བྱུང་ན། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པ་འམ། །ངག་ལས་གྱུར་པའི་བསམ་གཏན་ལ། །བསྒོམ་པ་ཟླ་བ་དྲུག་ཏུ་འབད། །གལ་ཏེ་ལུས་ངག་སེམས་ཀྱི་ནི། །སྤྱོད་པ་སོ་སོའི་དུས་སུ་ཡང་། །ནམ་མཁའ་སྔོ་སངས་སྤྲིན་དང་བྲལ། །རླུང་དང་སེར་བུ་སྒྲ་མེད་པར། །འཇམ་ཞིང་འཇམ་པ་དག་བྱུང་ན། །སྡིག་པ་དག་ནི་སྦྱང་མི་དགོས། །གལ་ཏེ་ཐོག་མར་ཡོད་པ་ལ། །སོ་སོའི་མཐའ་མར་དག་སྣང་ན། །འདི་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་མི་དགོས་སོ། །དེ་བཞིན་ལུས་ངག་སེམས་དག་གི། །སོ་སོའི་ངོས་བཟུང་མཁས་པས་བརྟག །དེ་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་ཆོ་གའི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐོབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འབར། །ལུས་ལ་འབྱུང་ན་ལུས་ཀྱིས་ཐོབ། །ངག་གི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཞིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཆོས་རྣམས་བརྗོད་པས་ན། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་བབས་པ་དང་། །གཡེངས་ཤིང་དྲན་པ་ཉམས་པ་དང་། །སེམས་ཀྱི་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ནས་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་ངག་(༡༡༤)ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པ་འམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་རང་ཟད་ཕྱིར། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་བ་ལྡན་པ་གཅིག་ལ་བསྐུར། །གཉིས་ཀར་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བར་ངེས། །བསྐུར་དུས་ཉི་མ་རྩེ་ཤར་བ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱོང་བའི་ཆོ་ག་མེད། །གོང་དུ་ཐད་ཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་ནམ་དྭངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྦྱོར། །སྣ་ཚོགས་འོད་ཀྱི་མདངས་ཤར་ན། །འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲགས་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག །འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པས་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོར་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོབས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པས་རིམ་གྱིས་ཀྱང་། །ཡང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་པ་རྣམས་ལ་སྟེ། །འདི་ནི་ཤིན་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ལ་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆོས་བཤད་རྟོགས་ཡུལ་ཉིད། །འདི་ཉིད་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་(༡༡༥)ཉིད་རང་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པས་ནི། །སློབ་མའི་འབྱོར་བའི་ཚད་དང་སྦྱར། །བླ་མ་རང་གི་ཉམས་མྱོང་གིས། །ཁྱད་པར་དུས་ནི་མཆོག་ངེས་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་དབང་རྣམ་པར་བཀོད་པའི་ཕྲ་ཊིཀ །དབང་གི་རིམ་པ་རྣམ་པར་ཕྱེ་བ་ལས། རྣམ་པར་དག་པ་གསལ་བའི་དུམ་བུ་རིམ་པར་འཇུག་པའི་ཐབས་བསྟན་པ་སྟེ་གཉིས་པ་རྫོགས་སོ།། །།

སྤྲོས་བཅས་ཀྱི་དབང་བསྡུས་པ་ནི་ལྕེ་བཙུན་གྱིས་མཛད་དོ། །སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་གསུམ་ལ། སྤྲུལ་པ་པོ་དགའ་རབ་རྡོ་རྗེའི་རྩ་བ་དང་། བི་མ་ལའི་དེ་གསལ་བྱེད་ལ་སོགས་དུམ་བུ་དྲུག་ཡོད་པ་རྣམས་བསྡུས་ནས། ལག་ལེན་བདེ་བར་རང་བྱུང་རྡོ་རྗེས་བྱས་སོ། །དབང་བཞིའི་དུས་དང་མཚན་མ་འདི་ནི། བི་མ་ལས་མཛད་པའོ། །རྫོགས་ཆེན་སྙིང་ཏིག་ལ་དབང་གི་རྣམ་གྲངས་མང་ཡང་འདི་རྣམས་སུ་མ་འདུས་པ་མེད་དོ། །

ཀྱེ་མ་རྒྱལ་བའི་བསྟན་པའི་སྙིགས་མར་ཕྱིན། །ཐབས་མཁས་ཟབ་པའི་གདམས་པ་དཔག་མེད་ཀྱང་། །ཤེས་པས་མི་ཆོག་གཏེར་གྱི་ཁ་བྱང་འདྲ། །དེས་ན་བརྩོན་བསྐྱེད་འཇིག་རྟེན་བྱ་བ་ཐོངས། །རང་རིག་ཡེ་ཤེས་གཏེར་དང་མ་ཕྲད་པར། །ལུས་ངག་ཡིད་གསུམ་མ་ཡེངས་ཉམས་སུ་ལོངས། །མངྒ་ལཾ།། །།

ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན།

དུམ་བུ་དང་པོ། སྔོན་འགྲོ།

༄༅། །ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན་བཞུགས་སོ། །

༄༅། །རང་བཞིན་སྟོན་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་འཆང་། །ཐུབ་པ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཚུལ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་དང་། །ཛྙཱ་ན་སུ་ཏྲ་བི་མ་མི་ཏྲ་སོགས། །མཁས་གྲུབ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བས་གསུངས་པའི་ཐེག་པ་ཀུན་གྱི་རྩེ། །བཅུ་བདུན་རྒྱུད་དང་དཔེ་རྒྱུད་དུམ་བུ་དང་། །མན་ངག་བརྒྱ་དང་བཅུ་དགུ་ཀུན་གྱི་སྙིང་། །ཟངས་ཡིག་ཅན་གྱི་ལག་ཁྲིད་ཉམས་ལེན་བཤད། །

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐབས་མཁས་ལ་ཐུགས་རྗེ་ཕུན་སུམ་ཚོགས་པས། ཐེག་པ་རིམ་པ་(༡༡༦)དགུ་དང་སྡེ་སྣོད་གསུམ་གསུངས་ཤིང་། དེ་ཐམས་ཅད་ཀྱི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པ་ལ་བསྐྱེད་པ་དང་། བསྐྱེད་རྫོགས་མཚམས་སྦྱོར་བ་དང་། རྫོགས་རིམ་ལས་འདིར་རྫོགས་པའི་རིམ་པ། དེ་ལས་ཀྱང་སེམས་སྡེ་དང་། ཀློང་སྡེ་དང་། ཆོས་ཐམས་ཅད་སེམས་དང་། རང་བཞིན་སྤྲོས་བྲལ་དུ་སྟོན་པ་ལས་ཀྱང་ཆེས་རྨད་དུ་བྱུང་བ། ཕྱི་སྐོར་ཐ་སྙད་དང་། ནང་དྲན་པ་ལྟར་ངོ་བོ་སྟོན་པ་དང་། གསང་སྐོར་སྙིང་ལྟར་དཔེ་རྟགས་སུ་དོན་ངོ་སྤྲོད་པར་བྱེད་པ་ལས་དེ་ཐམས་ཅད་ཀྱི་སྤྲོས་པ་བཅད་ནས་ཡང་གསང་བླ་ན་མེད་པའི་རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་དང་བཅུ་དགུ་ཐམས་ཅད་ཀྱང་དོན་ཡི་གེ་མ་རུ་མ་བུ་ལྔར་འདུས་པ་ལས། འདི་ལ་གསུམ། གདམས་པ་སྟོན་བྱེད་བླ་མ་དང་། གདམས་ཡུལ་སློབ་མ་དང་། གདམས་ངག་དངོས་སོ། །དང་པོ་ནི། རྒྱུད་གདམས་ངག་ཐམས་ཅད་ནས་མང་དུ་གསུངས་ཀྱང་མདོར་བརྗོད་ན། ཕྲ་ཊིཀ་ལས། དག་ཅིང་དབང་པོ་མ་ཉམས་དང་། །མང་དུ་ཐོས་ཤིང་ང་རྒྱལ་ཞི། །ཚུལ་འཆོས་སྤངས་ཤིང་ཆོག་ཤེས་པ། །རྒྱུད་ལ་གོམས་ཤིང་ཉམས་སུ་ལེན། །ལྟ་བ་རྟོགས་ཤིང་འཛིན་ཆགས་ཆུང་། །བྱ་བ་ཉུང་ཞིང་བརྩོན་འགྲུས་ལྡན། །རྨོངས་པ་མེད་ཅིང་ཆོག་ཤེས་པ། །ཡང་ན་སྡོམ་པ་གསུམ་ལ་གནས། །དཀའ་ཐུབ་ལྡན་ཞིང་མཆོག་ལ་སྦྱོར། །ནགས་ཁྲོད་བརྟེན་པ་བླ་མའོ། །ཞེས་གསུངས་སོ། །གདམས་ཡུལ་སློབ་མ་ནི། །གཞུང་ལས། ཨེ་མ་དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །དབང་པོ་རྣོ་ཞིང་ངག་འཇམ་དུལ་ཚིག་སྨྲ། །བླ་མ་ལ་གུས་ཚིག་གི་སྤྲོས་པ་ཆོད། །མ་བརྟགས་གསང་ཚིག་གཞན་དུ་རྡུལ་ཙམ་ཡང་། །བརྗོད་པར་མི་བྱེད་ཉམས་ལེན་འདི་ལ་བརྩོན། །འདི་ནི་གསང་སྔགས་གསང་བའི་སྣོད་ཡིན་པས། །ཞེས་གསུངས་པས། དེ་ལྟར་དཔོན་སློབ་མཚན་ཉིད་བརྟག་པ་གལ་ཆེའོ། །གདམས་ངག་ལ་ཁྲིད་དང་ངོ་སྤྲོད་དང་ཚངས་སྤྲུགས་གདབ་པ་གསུངས་ཀྱང་། །དོན་གྱི་དབང་བཞི་དང་འབྲེལ་བ་དང་། ཉམས་ལེན་ལག་ཁྲིགས་བཅུ་དྲུག་གི་ཁྲིད་གཉིས་ཡིན་ནོ། །གཞན་ཡང་ལག་ཁྲིད་ཀྱི་རིམ་པ་དུ་མ་ཡོད་ཀྱང་འདིར་འདུས་པས། མན་ངག་གི་དེབས་ནས་འདི་ལྟར་བྱ་(༡༡༧)བར་གསུངས་སོ། །དང་པོ་སྔོན་འགྲོ་དང་། དངོས་གཞི་སེམས་གཏན་ལ་དབབ་པ་དང་། རིམ་པ་མངོན་སུམ་རྟོགས་པར་བྱ་བ་དང་། རྗེས་ཡིད་ཆེས་བསྐྱེད་པའི་རྒྱབ་བརྟེན་བཤད་ཅིང་ཉམས་སུ་ལེན་པའི་རྟགས་ཚད་འབྲས་བུ་དང་བཅས་པའོ། །དང་པོ་ཉམས་སུ་ལེན་པ་དེས་སྤྲོས་བཅས་ཀྱི་དབང་ངམ། ཡང་ན་རྒྱུད་སྡེ་གཞན་གྱིས་ཀྱང་རུང་སྟེ། དབང་ལེགས་པར་ཐོབ་པར་བྱས་ལ་བླ་མ་བསྟེན་ཏེ་ངེས་ཤེས་སྐྱེ་ཞིང་བྱིན་རླབས་འཇུག་པར་བྱ་བའི་ཕྱིར་བླ་མའི་རྣལ་འབྱོར་ནི། འདི་ཉིད་ཀྱི་རྡོ་རྗེ་ལམ་བསྟན་ནས། ཐུན་མཚམས་ཐམས་ཅད་དུ་བྱིན་བརླབས་ཀྱི་རྩ་བ་ཡིན་པས། དེས་ན་རང་གི་སྤྱི་བོའི་གཙུག་ཏུ་ཉི་མ་དང་ཟླ་བའི་གདན་ལ། བླ་མ་དང་སངས་རྒྱས་ཐམས་ཅད་དབྱེར་མེད་དུ་རྡོ་རྗེ་སེམས་དཔའ་གང་ཡང་རུང་བར་བསྒོམས་ལ། དེའི་མཐེ་བོང་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བདག་གི་སྤྱི་བོ་ཚངས་པའི་བུ་གར་ཐིམ་ནས། དེ་ལ་གསོལ་བ་བཏབ་པས། ལུས་ཀྱི་འཁོར་ལོ་བཞི་རིམ་གྱིས་གང་ཞིང་། ལུས་སེམས་ཟག་པ་མེད་པའི་བདེ་བས་མྱོས་པ་ལ་སེམས་བཞག་ན། ལུས་བདེ་བ་དང་ལྡན་ཞིང་སེམས་ལ་ཆོས་ཉིད་ཀྱི་དོན་འཆར་རོ། །ཞེས་བྱུང་བས་དེ་ལྟར་ཉམས་སུ་བླང་བར་བྱའོ། །དེའི་ཐུན་མཚམས་སུ་ལུས་རྡོ་རྗེ་རྩེ་གསུམ་པའི་འཁྲུལ་འཁོར། རྐང་མཐིལ་མཉམ་པར་སྦྱར། ལག་པས་སྤྱི་བོར་ཐལ་མོ་སྦྱར་ལུས་རྡོ་རྗེ་སྔོན་པོར་བསྒོམས་ཏེ། བཞག་ན་བསྲུང་བར་འགྱུར། ཞེས་བཤད་པས་ཐུན་རེ་ཙམ་བྱའོ། །སྔོན་འགྲོའི་དུམ་བུ་སྟེ་དང་པོའོ།། །།

དུམ་བུ་གཉིས་པ། བྱང་ཆུབ་ཀྱི་སེམས་སྦྱོང་བ་བདུན་པའི་ཁྲིད་ཀྱི་རིམ་པ།

དེ་ནས་སེམས་སྦྱང་བར་བྱའོ། །དེ་ལ་བདུན་ཏེ། གཞུང་ལས་སྦྱང་བ་བདུན། སྦྱང་བའི་དགོས་པ་བདུན། འབྱོངས་པའི་ཚད་བདུན། དུམ་བུར་བསྟན་ཀྱང་འདིར་ཉམས་ལེན་དུ་བསྟན་པ་ནི། དང་པོ་དཔོན་སློབ་གཉིས་ཀ་ལུས་བདེ་བར་བྱས་ཏེ། བླ་མ་ལ་མཎྜལ་ཕུལ་ལ་བླ་མས་བསྟན་པར་བྱའོ། །ཐོག་མར་མི་རྟག་པ་ལ་བསམས་ཏེ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། འོ་སྐོལ་རྣམས་སྔར་འཁོར་བ་འདིར་ཐོག་མ་མེད་པ་ནས། ཡུལ་སྣང་འཁྲུལ་པ་ལ་བདེན་ཅིང་རྟག་པར་བཟུང་བས་འཁོར་བར་འཁྱམས་པའི་རྒྱུར་གྱུར་པ་ཡིན་པས། མི་རྟག་པ་དྲན་པར་བྱའོ། །དེ་ཡང་རང་ཉིད་སྐྱེས་ནས་རིམ་པས་(༡༡༨)འཆི་བ་དང་ཉེ་བར་གྱུར་ཏེ་ངེས་པར་འཆི་ལ། ཕ་མ་དང་། གཉེན་བཤེས་ཤི་བ་དང་བྲལ་བ་རྣམས་ཡིད་ལ་བྱས་ཏེ། དེ་ལྟར་ཤི་བ་དང་འཆི་བར་འགྱུར་བ་རྣམས་ལ་གང་ཕན་པ་གདགས་པར་བྱའོ། །གཞན་ཡང་ད་ལྟར་ཉིད་ཀྱང་སྐད་ཅིག་མ་དུ་མ་འདས་ཏེ་འཆི་བ་ལ་ཉེ་བར་གྱུར་ཏེ། སེམས་ཅན་ཀུན་གྱིས་དེ་ལྟར་མི་རྟག་པར་མ་ཤེས་པས་རྟག་པར་རེ་ཞིང་སྡོད་པའི་ཚེ་དུ་མ་བྱས་ཀྱང་ཐམས་ཅད་བོར་ཏེ། ངན་འགྲོ་རྣམས་སུ་ལྟུང་ཞིང་སྡུག་བསྔལ་བར་འགྱུར་པས་དེ་ལྟར་ཤེས་ནས་ངེས་འབྱུང་བསྒོམ་པར་བྱའོ། །དེ་ལྟར་འཁོར་བ་ལ་བློ་ལྡོག་ཅིང་ངེས་པར་མི་རྟག་པ་རྒྱུད་ལ་སྐྱེས་པ་ན་བརྟན་པའི་ཚད་ཡིན་ནོ། །

གཉིས་པ་ནི་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམས་ལ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ཀྱེ་མ་ངན་འགྲོ་དམྱལ་བ་དང་ཡི་དྭགས་དང་། དུད་འགྲོ་རྣམས་ལ་བདེ་བ་ཅུད་ཟད་མེད་ལ། ལྷ་དང་མི་རྣམས་ཀྱི་གནས་སྐབས་ཀྱི་བདེ་བ་འདི་ཡང་། རྒྱུ་སྦྱིན་པ་བཏང་ཡང་ཚུལ་ཁྲིམས་ལས་བྱུང་བ་ཡང་རྟག་པ་མེད་པར་འགྱུར་ཏེ། མྱ་ངན་གྱི་གནས་སུ་འགྱུར་བར་བཀའ་མདོ་རྒྱུད་ཐམས་ཅད་དུ་གསུངས་པ་མངོན་དུ་འགྱུར་རོ། །གང་གིས་ཀྱང་སྔར་དགའ་བ་དང་། བདེ་བ་མྱོང་བ་རྣམས་འགྱུར་བ་དང་། གཞན་སྐྱིད་པ་མི་རྟག །ལང་ཚོ་མི་རྟག །དབང་ཆེ་བ་མི་རྟག །ཟས་གོས་ནོར་ཐམས་ཅད་འགྱུར་བར་ཡིད་ཆེས་སོ། །ཞེས་ངེས་པར་བྱའོ། །དེ་དག་ཐམས་ཅད་ལས་མཐར་ཐུག་ཡུན་གྱི་བདེ་བ་ཞིག་ཐོབ་དགོས་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ངེས་པའི་དོན་གྱི་གདམས་པ་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་། འཁྲུལ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་ཡིན་ནོ་སྙམ་དུ་བསྒོམས་པས་སྡུག་བསྔལ་ལ་ཡིད་འབྱུང་བའི་དགོས་པ་ཡོད་ཅིང་། འདུས་བྱས་སྡུག་བསྔལ་དུ་མཐོང་བའི་ཚད་ཡིན་ནོ། །

གསུམ་པ་རྐྱེན་དུ་མ་ལས་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ད་ལྟར་སེམས་ཅན་ཐམས་ཅད་བདེ་བ་འདོད་ཀྱང་བདེ་བའི་རྐྱེན་ཉུང་། སྡུག་བསྔལ་གྱི་རྐྱེན་མང་། འཆི་བའི་རྐྱེན་ནི་མང་། གསོན་པའི་རྐྱེན་ནི་ཉུང་། (༡༡༩)མདོར་ན་འཁོར་བ་འདི་ན་བྱས་པའི་ལས་ལ་ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་མི་དལ་བར་རྐྱེན་དུ་མ་ལ་སྦྱོར་མོད་ཀྱི། ཡང་དག་པའི་ལམ་དང་མ་ཕྲད་ཅིང་ཉམས་སུ་མ་བླངས་ན་རྣམ་རྟོག་གི་རྐྱེན་གྱིས་འཁོར་བ་ནས་སེམས་ཅན་འདི་རྣམས་ཐོན་པའི་དུས་མི་འདུག་པ། རང་ཡང་སྔར་འཁྲུལ་ཅིང་སེམས་ཅན་གཞན་ཡང་སྙིང་རེ་རྗེ། ཞེས་སྦྱངས་པས་དད་པ་སྔོན་དུ་འགྲོ་ཞིང་འཁོར་བ་ལས་ཡིད་འབྱུང་བའི་དགོས་པ་ཡོད་ཅིང་། རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་ལས་སུ་དཀོན་མཆོག་མཆོད་ན་ཅི་མ་རུང་སྙམ་པ་ནི་བརྟན་པའི་ཚད་དོ། །

བཞི་པ་བྱས་པ་ཐམས་ཅད་དོན་མེད་པར་འདུག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ད་ལྟ་རང་ལུས་ངག་ཡིད་གསུམ་གྱིས་རང་བདེ་རུ་རེ། ལོངས་སྤྱོད་ཕུན་སུམ་ཚོགས་སུ་རེ། གཞན་པས་ལྷག་ཏུ་རེ། དེ་རྣམས་མ་བྱུང་གི་དོགས་པས་བྱ་བའི་རྣམ་པ་མི་དགེ་བ་སྣ་ཚོགས་ལ་མི་འཛེམ་པར་ཚོང་དང་ཞིང་ལས་དང་། ཁུར་གླ་དང་། གསོག་འཇོག་དུ་མ་བྱེད་པ་དང་། རང་ཉིད་སང་འཆི་ཡང་མི་ཤེས་པས་ཟས་དང་གོས་ལ་སོགས་པས་འཚོ་བའི་ཆས་དུ་མ་བྱེད་པ་རེ་འཁྲུལ། དོན་ཅུང་ཟད་ཀྱང་མེད་དེ་སྡིག་དང་སྡུག་པས་ལོངས་སྤྱོད་དུ་མ་བསགས་ཀྱང་། དབང་མེད་པར་འཁོར་དང་ཉེ་དུ་ཐམས་ཅད་དང་། ཐ་ན་ལུས་ཀྱང་དོར་ནས་རང་ངན་འགྲོར་འགྲོ་དགོས་པ་འདིས་ཅི་ཞིག་བྱ། ཞེས་ངེས་པར་བསམ་པར་བྱའོ། །དེས་བླ་མའི་མན་ངག་ལ་འཇུག་པར་བྱ་བའི་དགོས་པ་ཡོད་ཅིང་། བླ་མའི་གདམས་ངག་གཅིག་ཅི་ནས་ཀྱང་འཐོབ་པར་བྱའོ་སྙམ་པ་སྐྱེས་པ་ནི་ཚད་ཡིན་ནོ། །

ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ད་ལྟའི་སྡུག་བསྔལ་ཐམས་ཅད་དང་ནི་བྲལ། ཡོན་ཏན་ཐམས་ཅད་ནི་ཐོབ། རང་གཞན་གྱི་དོན་ཐམས་ཅད་ནི་གྲུབ། ས་དང་། ལམ་དང་། ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། དེ་ལྟ་བུའི་སངས་རྒྱས་དེ་ད་རེས་མི་ལུས་འདིའི་ཐོག་ནས་མ་ཐོབ་ན། ཤིན་ཏུ་དཀའ་བར་འདུག་པས་ད་རེས་ནས་བླ་ན་མེད་པའི་བྱང་ཆུབ་(༡༢༠)ཐོབ་པའི་ཐབས་ལ་བརྩོན་འགྲུས་བསྐྱེད་པར་བྱའོ་སྙམ་པ་བྱའོ། །དེས་བསྒོམ་པ་སྲན་ཐུབ་པའི་དགོས་པ་ཡོད་ཅིང་། ཅི་ནས་ཀྱང་མ་བསྒོམས་ན་འཚང་མི་རྒྱ་བར་འདུག་པས་བརྩོན་འགྲུས་མི་བཏང་དགོས་སྙམ་པ་ནི་འབྱོངས་པའི་ཚད་དོ། །

དྲུག་པ་བླ་མའི་གདམས་ངག་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། འཁོར་བ་ཐོག་མེད་ཀྱི་སྒྲིབ་པ་ལོ་ཟླས་དག་ནུས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་ལོ་ཟླས་བསྐྱེད་ནུས་ལ། བླ་མའི་གདམས་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་དུ་མཛད་པ་འདི་འདྲ་དང་ཕྲད་པ་ལ་བྱ་བ་གཞན་གྱིས་ནི་ཅི་ཞིག་བྱ། སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པར་བྱའོ་སྙམ་དུ་བྱའོ། །དེས་བྱ་བ་གཞན་ལ་མི་འཇུག་པའི་དགོས་པ་ཡོད་ཅིང་། འཇིག་རྟེན་གྱི་ལོངས་སྤྱོད་ཀྱིས་ཅི་ཞིག་བྱ་དར་ཅིག་བསྒོམས་ཀྱང་མི་རྟོག་པ་སྐྱེ་བའི་གྲོགས་སུ་འདུག་སྙམ་པ་ནི་འབྱོངས་པའི་ཚད་དོ། །

བདུན་པ་རྣམ་པར་མི་རྟོག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་ཐབས་ཁྱད་པར་ཅན་རྣམ་རྟོག་གཡོ་བ་བཟུང་ནས་རྣམ་པར་མི་རྟོག་པ་ལ་བསླབ་པར་བྱའོ་སྙམ་དུ་བྱས་ལ་རྟོག་པ་བཟུང་ཞིང་། སེམས་སྐད་ཅིག་ཀྱང་མི་གནས་པ་རྣམས་སྙིང་རེ་རྗེ་ཞེས་བསྒོམ་པར་བྱའོ། །དེས་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་ཅིང་། གནས་པ་ཡུན་རིང་དུ་སོང་ནས་འདི་ལ་རྟག་ཏུ་གོམས་པར་བྱའོ་སྙམ་པ་ནི་བརྟན་པའི་ཚད་དོ། །དེ་ལྟར་སེམས་སྦྱོང་བདུན་པོ་འདི་གལ་ཆེ་སྟེ། རྒྱབ་ཡིག་ནས་སྤྲུལ་སྐུའི་ས་བོན་བཞག་པའི་ཕྱིར། སྔོན་དུ་འདི་སྦྱང་བ་གལ་ཆེ་བར་བཤད་ཅིང་། དད་པ་དྲག་པོ་དང་སྙིང་རྗེ་མ་སྐྱེས་ན། གསང་སྔགས་ཀྱི་སྣོད་དུ་མི་རུང་བས་འདི་ཉིད་སྦྱོང་དུ་གཞུག་གོ། །བྱང་ཆུབ་ཀྱི་སེམས་སྦྱོང་བ་བདུན་པའི་ཁྲིད་ཀྱི་རིམ་པ་སྟེ་གཉིས་པའོ།། །།

དུམ་བུ་གསུམ་པ། རླུང་ལ་བསླབ་པའི་ཁྲིད་ཀྱི་རིམ་པ་བསྟན་པ།

དེ་ལྟར་སེམས་འབྱོངས་པ་དེ་སྔགས་ཀྱི་ཐབས་ལམ་ལ་འཇུག་པར་བྱ་སྟེ། བསྐྱེད་པའི་རིམ་པ་ནི་སྔར་རྒྱུད་སྨིན་པ་དང་གནས་སྐབས་ཀྱི་འབྲས་བུའི་དོན་དུ་ཡིན་ལ། འདིར་ཆགས་མེད་རླུང་ལ་བསླབ་(༡༢༡)པ་དང་། ཆགས་ཅན་ཐིག་ལེ་ལ་བསླབ་པ་གཉིས་གསུངས་ཏེ། དང་པོ་ལ་ཡང་ཤེས་པར་བྱ་བའི་རྩ་རླུང་གི་བཤད་པ་ནི་འདི་ཉིད་ཀྱི་རྩ་གནས་འཁོར་ལོ་དང་། རླུང་གི་སྡོམ་བྱང་ནས་གསུངས་ཏེ་རྒྱ་ཆེའོ། །

འདིར་ནི་གཞུང་འདི་དང་རླུང་གི་པྲ་ཁྲིད་མཆོག་བསྒྲུབ་པའི་ཡན་ལག་ཏུ་དགོངས་པ་དེ་བསྡུས་ནས་སྟོན་ནོ། །དང་པོ་ནི། ལྟེ་བར་སྐྱེད་བྱེད་ཀྱི་འཁོར་ལོ་དང་། སྙིང་གར་དྲན་པ་འདུས་པའི་འཁོར་ལོ་དང་། མགྲིན་པར་རོ་རྣམས་འདུས་པའི་འཁོར་ལོ་དང་། སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་བཞི་དག་པར་བྱ་བའི་ཕྱིར། ལུས་དལ་བ་བརྟེན་ཅིང་། ཁྲུས་དང་བཀུ་མཉེ་ལ་སོགས་པ་བྱས་ནས། དབེན་པར་སྟན་བདེ་བ་ལ་འདུག་ནས་ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ། རྐེད་པ་བསྲང་མགྲིན་པ་སྒུ་བར་བྱས་ལ། དེ་ནས་དམིགས་པ་ནི་ལྔ་སྟེ། རླུང་གི་ཁ་དོག་ལ་བསླབ་པ་དང་། དབྱིབས་དང་། གྲངས་དང་། འགྲོ་འོང་དང་། བུམ་པའི་སྦྱོར་བ་ལ་བསླབ་པའོ། །

དང་པོ་ནི་རླུང་རོ་བུས་ལ་དེ་ནས་རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཟླུམ་ལ་དཀར་བ་ཡུངས་ཀར་ཙམ་ཞིག་ལ་ཤེས་པ་གཏད་ལ་ཡུན་རིང་དུ་བསྒོམ། དེ་ནས་རང་གི་ངོ་བོ་ཡང་དེའི་མདོག་དང་མཚུངས་པར་བསྒོམ། དེ་ནས་ལུས་ཐམས་ཅད། དེ་ནས་ཐོ་ཕྱི་ཉེ་འཁོར། དེ་ནས་སྟོང་གསུམ་ཙམ་སྣང་བ་ཐམས་ཅད་དཀར་མེར་མེར་བ་ལ་བློ་བཞག་སྟེ་ཡང་ནས་ཡང་དུ་གོམས་པར་བྱས་པས། གོམས་པའི་རྟགས་ལུས་ཡང་། ངག་གསལ། སེམས་གནས་པའོ། །

གཉིས་པ་དབྱིབས་ནི། དེ་ནས་རླུང་གི་ཐིག་ལེ་དཀར་ལ་སྔོ་བ་སྲན་མ་ཙམ་གཅིག་སྨིན་མཚམས་ནས་སྣ་རྩེར་བསྒོམས་ལ་མིག་ཀྱང་ལྟ་སྟངས་དེར་གཏད་དེ། རླུང་དལ་ལ་རིང་བ་ཕྱིར་བཏང་བས་ཐིག་ལེ་དེ་ཧྲིལ་ལི་ལི་ཕར་སོང་ཞིང་ལུས་སེམས་སྟོང་སིང་སིང་སོང་བར་བསམ། ཚུར་བྱུང་ཙམ་ན་རྔུབ་པ་དང་བསྟུན་ནས་ཐིག་ལེ་སྨིན་མཚམས་སུ་བྱུང་བས་བསིལ་སིང་བ་ལ་བློ་བཞག །གྲང་བ་ཆེ་བའམ་ལུས་གྲང་ཞིང་འདར་ན་ཐིག་ལེ་ཚ་ལྷང་ལྷང་བ་ལྟར་བསྒོམ། དེས་སེམས་ཟིན་ཅིང་དམིགས་པ་གང་(༡༢༢)གཏད་སར་དེ་ལྟར་སྣང་ན་འབྱོངས་པའོ། །དེས་ཀྱང་རྣམ་རྟོག་མ་ཟིན་ན།

གསུམ་པ་གྲངས་ལ་བསླབ་པ་ནི། ལུས་སྔར་ལྟར་བྱས་ལ་ཤེས་པ་རླུང་དང་འགྲོ་ལྡོག་གཅིག་ཏུ་བསླབ་པར་བྱ་སྟེ། རླུང་ཕར་འགྲོ་ཙ་ན་ཤེས་པ་དང་དུས་གཅིག་ཏུ་གཏད་ལ་བསྒོམ། ཚུར་འོང་ཙ་ན་ཡང་དེ་བཞིན་དུ་བྱ། དེ་ལྟར་འགྲོ་འོང་གཉིས་གཅིག་ཏུ་བགྲངས་པས་གཅིག་ནས་གཉིས་དང་། དེ་བཞིན་དུ་གྲངས་བཟུང་བས་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཀྱང་། ཐུན་དུ་བཅད་ཅིང་སྟོང་བརྒྱད་བརྒྱའི་བར་ཙམ་དུ་ཤེས་པ་མ་ཡེངས་པ་གལ་ཆེ། དེ་ནས་རྣམ་རྟོག་གནས་པ་དང་། རླུང་དབྱུང་བ་དང་རྔུབ་པ་ཕར་ཚུར་དལ་གྱིས་ཇེ་རིང་ལ་བཏང་བས་ཐ་མར་ཡུན་རིང་དུ་གནས་ཤིང་སྡོད་ན་འབྱོངས་པ་ཡིན་ནོ། །

དེ་ནས་བཞི་པ་འགྲོ་འོང་ལ་བསླབ་པ་ནི། རང་གི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་སེང་ངེ་བ་གཅིག་གི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་ཙམ་ཞིག་བསྒོམས་ཏེ། རླུང་ཕྱིར་གཏོང་ཙ་ན་རྒྱང་རིང་པོར་སྣ་ནས་སོང་བར་བསྒོམ། ཚུར་རྔུབ་ཙ་ན་ཐོད་པའི་ནང་དུ་སྔོ་མེར་གྱིས་བྱུང་བར་བསྒོམ་ཞིང་། ལུས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག །དེ་ནས་རྣམ་རྟོག་གནས་པ་ན་ཚུར་ལ་རྒྱང་ཐུང་ངུ་ཐུང་ངུ་སོང་ནས་མཐར་སྣའི་རྩེར་སོར་བཅུ་དྲུག་ཙམ་དང་། ནང་གི་འགྲོ་འོང་ལ་སྦྱར་ཞིང་ཕར་གཏོང་བ་དང་། ཚུར་རྔུབ་པ་རྒྱུན་རིང་བ་གལ་ཆེའོ། །

དེ་ནས་ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། རླུང་སྔར་ལྟར་ལན་འགའ་སྔོན་དུ་སྦྱངས་པ་ལ། རྡོ་རྗེ་དེ་ནང་དུ་ཐོད་པ་ལ་ཐིམ་ནས་ཐམས་ཅད་ཞུ་ཞིང་ལྟེ་བར་ཡི་གེ་རང་བཞིན་གྱིས་ཧ་གཅིག་གནས་པ་དེར་གྱུར་པར་བསམས་ལ་ལྟོ་བ་རླུང་གིས་མེར་གྱིས་དགང་ཞིང་འོག་སྒོ་དྲག་ཏུ་བསྡམས་ལ། རླུང་དང་ལུས་ཐམས་ཅད་ན་བུན་ལྟར་བསམ་ཞིང་། ཕར་གཏོང་ཙ་ན་རླུང་སེམས་ནམ་མཁའ་དང་འདྲེས་པ་ལྟར་སྟོང་སངས་སངས་སོང་ནས་རྣམ་པར་མི་རྟོག་པ་དང་བསྲེས་ལ་བསྒོམ། འབྱོངས་པའི་རྟགས་སུ་ལུས་ཡོད་པ་མི་ཚོར་བ་དང་། རླུང་གར་དྲངས་པའི་སར་འབྱུང་བ་དང་། ཟས་དང་གོས་ཡིད་ལ་མི་འབྱུང་བ་དང་། རྟོག་པའི་(༡༢༣)འགྱུ་བ་རང་འགགས་པའོ། །དེ་དག་ནི་རླུང་གི་རྣལ་འབྱོར་ལ་བསླབ་པའོ། །དེའི་ཡན་ལག་རྣམ་གྲངས་མང་ཡང་ལས་ཁ་ཚར་དུ་བབས་སོ། །རླུང་ལ་བསླབ་པའི་ཁྲིད་ཀྱི་རིམ་པ་བསྟན་པའི་དུམ་བུ་སྟེ་གསུམ་པའོ།། །།

དུམ་བུ་བཞི་པ། ཐིག་ལེ་སྦྱོང་བའི་ཁྲིད་ཀྱི་རིམ་པ།

དེ་ལྟར་རླུང་ལ་འབྱོངས་ནས་ཐིག་ལེ་ལ་བསླབ་པ་ལ་གཉིས་ལས། ཆགས་ཅན་ཡབ་ཡུམ་གྱི་བདེ་བ་ལ་བསླབ་པ་ནི་ཆིངས་བཅོ་ལྔས་བསྟན་ཏེ། པྲ་ཁྲིད་ནས་གསལ་བས་འདིར་མ་བྲིས་སོ། །ཆགས་བྲལ་རླུང་སེམས་ཀྱི་བདེ་བ་རང་ལ་བསྒོམ་པ་ནི། ལུས་གནད་སྔར་དང་འདྲ་བ་ལ། དམིགས་པ་ནི། རང་གི་ལུས་སྟོང་སང་ངེ་བར་བསྒོམས་པའི་སྤྱི་བོ་རྩེ་མོ་རྣམ་པར་བཀོད་པ་རུ། ཐིག་ལེ་སྟོང་པའི་སྒྲོན་མ་དཀར་ཞིང་སྣུམ་པ་སྲན་མ་ཙམ་གཅིག་བསམས་ཏེ། རླུང་བུམ་པའི་སྦྱོར་བ་སྔར་ལྟར་བྱས་པས་ཐིག་ལེ་སྲན་ཆུང་ཙམ་ཕྲོམ་ཕྲོམ་བྱུང་ནས་མགྲིན་པར་བསླེབས་པས་ལུས་བདེ་ཕྲིལ་གྱིས་སོང་བ་ལ་སེམས་བཞག་ལ། དེ་ནས་སྙིང་གར་སླེབས་པས་དེ་བས་བདེ་བ་རྒྱས། དེ་ནས་ལྟེ་བར་སླེབས་པས། དེ་བས་ཀྱང་བདེ་བ་རྒྱས། གསང་བར་བསླེབས་པས་བདེ་བ་མཆོག་ཏུ་རྒྱས་པ་ལ་ཤེས་པ་བཞག་པས་ལུས་བདེ་སྟོང་ཕྲིལ་གྱིས་འགྲོ་སྟེ། བདེ་བ་རྒྱས་ཤིང་མི་ཐུབ་པ་སྙམ་བྱེད་ན། ཡང་ཕར་ལ་ཟློག་ལ་ཐིམ་ཞིང་སྤྱི་བོར་ཤེས་པ་གཏད་དོ། །ཡང་ལུགས་གཅིག་ལ་སྔར་བཞིན་ལྟེ་བར་ཧ་དམར་པོ་དེ་བསྒོམས་ལ། ཐིག་ལེ་སྲན་ཆུང་ཙམ་བབས་པ་གཅིག་ནས་གཅིག་ཏུ་ཐིམ་ནས་ཧ་དེ་ལ་ཐིམ། དེ་ནས་བདེ་ཕྲིལ་གྱིས་སོང་བ་དང་། ཐིག་ལེ་ཧ་དང་བཅས་པ་ཇེ་ཆུང་ཇེ་ཕྲ་ལ་སྟོང་སངས་ཀྱིས་སོང་ནས་མི་རྟོག་པ་ལ་བཞག་གོ། །དེས་ནི་ལུས་ཐམས་ཅད་བདེ་སྟོང་དུ་འགྲོ་བ་དང་། རིག་པ་རྩེ་གཅིག་ཏུ་གནས་པ་དང་། རླུང་དང་ཐིག་ལེ་འབྱོངས་པ་དེ་རིག་པ་མངོན་སུམ་ཉམས་སུ་ལེན་པའི་ཚེ། འབྱུང་བ་དག་པ་ལ་ཚེགས་མེད་པ་དང་། ཟས་དང་གོས་ལ་སྲེད་པ་གཅོད་པ་དང་། མཚན་ཉིད་འཛིན་པའི་རིག་པ་ལ་རང་དབང་ཐོབ་པར་བྱེད་པ་ལ་ཤིན་ཏུ་གལ་ཆེའོ། །མདོར་བསྡུས་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་ལ་བརྟེན་ནས་སེམས་ལ་རང་དབང་ཐོབ་པར་བྱེད་པ་གལ་ཆེ་བར་མདོ་རྒྱུད་ཐམས་ཅད་དུ་གསུངས་ཤིང་། ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བ་ལ་རང་བཞིན་རྫོགས་པ་ཆེན་པོ་འདིར་བསམ་གཏན་གྱི་རིམ་པ་དཔག་ཏུ་མེད་པ་གསུངས་སོ། །ལས་ཅན་སྔར་སྦྱངས་པ་ཅན་སེམས་ལ་དབང་ཐོབ་པ་ནི་འདི་རྣམས་སྔོན་དུ་སོང་ཟིན་པས་འདིར་བཤད་པའི་རིམ་པ་མ་བྱས་ཀྱང་ཆོག་པ་ཉིད་དོ། །ཐིག་ལེ་སྦྱོང་བའི་ཁྲིད་ཀྱི་རིམ་པ་སྟེ་དུམ་བུ་བཞི་པའོ།། །།

དུམ་བུ་ལྔ་པ། སྤྲོས་པ་གཅོད་པའི་སྒྲོན་མ་འབྱུང་བ་ལྔ་རང་དྭངས་ཀྱི་མན་ངག

དེ་ནས་སྤྲོས་པ་གཅོད་པའི་རིམ་པ་འབྱུང་བ་ལྔ་རང་སར་དག་པར་བྱེད་པའི་གནད་ནི་འབྱུང་བཞི་ཟད་པའི་རྒྱུད་ནམ་མཁའ་ལས། འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡན་དེ། །སྣ་ཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟངས་སུ། །འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས། །གསལ་བྱེད་སྟེང་འོག་མེད་པའི་སྙིང་ནས་ནི། །མ་ཡེངས་བསམ་པ་ཟད་པའི་ཚུལ་གྱིས་གཟུང་བར་བྱའོ། །ཞེས་འབྱུང་བ་ཨ་ལྔའི་དོན་སྐྱེ་མེད་དུ་ཉམས་སུ་ལེན་པ་སྟེ། གོང་མ་རླུང་དང་ཐིག་ལེ་འབྱོངས་ནས་འབྱུང་བ་ལྔ་ཟད་པར་བྱེད་པ་ཡིན་པས།

དང་པོ་ནི། ལུས་གནད་སྔར་ལྟར་བྱ། དམིགས་པ་ནི་རང་གི་སྙིང་ཨ་སྔོན་པོ་ཚོན་གང་བ་གཅིག་ཏུ་བསམས་ཏེ། རླུང་དང་སེམས་ཀྱི་འདུ་བྱེད་ཐམས་ཅད་ཨ་དེ་ལ་བསྟིམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་དོན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་ཅིང་། རིག་པའི་ངོ་བོ་ཨའི་རང་བཞིན་དུ་ཉམས་སུ་བླང་། དེས་རྣམ་པར་མི་རྟོག་པ་དང་ཐམས་ཅད་ནམ་མཁའ་ལྟར་རོ། །འདིའི་དུས་ན་ཡིད་ཀྱི་སེང་གེ་ནི་རྣམ་རྟོག་གི་ཡིད་ཡིན་ལ་ཡིད་ཀྱི་བུ་ནི་ཡུལ་ཨ་ལ་བསྡུ་བ་ཡིན་པས་རྩེ་གཅིག་ཏུ་མ་ཡེངས་པར་བྱའོ། །ནམ་མཁའ་དག་པར་བྱེད་པའོ། །

གཉིས་པ་ནི། སྤྱི་བོའམ་མདུན་གྱི་ནམ་མཁའ་སྣ་རྩེའི་ཐད་ཙམ་དུ་ཨྸ་ལྗང་ནག་ལ་ཤེས་པ་གཏད་ལ་རླུང་དང་རྣམ་རྟོག་གཡོ་བ་ཐམས་ཅད་དེ་ལ་བསྟིམས་ལ་མི་རྟོག་པ་བསྒོམ་མོ། །ནམ་མཁའི་བུ་མོ་ནི་རླུང་འདུ་བྱེད་དང་བཅས་པ་ཡིན་ལ། ནམ་མཁའི་བུ་ནི་ཐབས་ཀྱི་ཆ་ཡུལ་དུ་བསྒོམ་པའི་ཨྸ་དེ་ཉིད་ཡིན་པས་བཟུང་བ་སྟེ། (༡༢༥)དེས་ནི་རླུང་གི་ཁམས་རྣམ་པར་དག་པར་བྱེད་པའོ། །

གསུམ་པ་ནི། ཡང་སྣ་རྩེའམ་སྙིང་གར་ཨྸྸ་དཀར་པོ་ལ་སེམས་གཏད་ཅིང་འདུ་ཤེས་དང་། རླུང་ཐམས་ཅད་དྲན་པ་རང་ཡུལ་དུ་བཏང་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དགག་ཅིང་བཞག་པ་ནི། རླུང་གི་ཞགས་པ་ནི་འདུ་ཤེས་ཀྱི་ཡུལ་འཛིན་པ་ལ་ཟེར་ལ། དེ་འཛིན་པའི་ཨ་སུམ་བརྩེགས་བསྒོམས་པ་ནི། ལྕགས་ཀྱུ་ཡིན་པས་ཆུ་རྣམ་པར་དག་པར་བྱེད་པའོ། །

བཞི་པ་ནི། ཡང་མགྲིན་པའི་ནམ་མཁའ་ལ་ཨྸྸྸ་དམར་པོ་ལ་རིག་པ་གཏད། དེ་འཛིན་པའི་ཡུལ་ཚོར་བ་ལ་སོགས་སྡུད་བྱེད་ཀྱི་དྭངས་མ་མིག་གི་རྣམ་ཤེས་རང་དག་ལ་སེམས་གཟུང་བ་ནི་མེའི་མི་བོ་ཆེ་ཞེས་བྱ་བ། ཚོར་བ་ཡིན་ལ་མེའི་གསལ་ཤིང་ནི་རླུང་དེར་སྡུད་པ་ཡིན་པས་ཨ་བཞི་བརྩེགས་བསྒོམས་ནས། ཚོར་བ་རང་རྒྱུད་དུ་འཛིན་པ་མེ་དག་པར་བྱེད་པ་ཡིན་ནོ། །

ལྔ་པ་ནི། ལྟེ་བའམ་བར་སྣང་ལ་ཡི་གེ་ཨྸྸྸྸ་སེར་པོ་ལ་ཤེས་པ་གཏད་ལ་གཟུང་ཡུལ་མཆེད་པ་ཐམས་ཅད་ཐིམ་ཞིང་། སྒོ་ལྔ་རང་རྒྱུད་དུ་འཛིན་པ་དག་ནས་རྣམ་པར་མི་རྟོག་པར་བཞག་ལ་བསྒོམས་པ་ནི། སའི་གྲོང་ཁྱེར་གྱི་ནི་ལུས་སྒོ་ལྔ་དང་བཅས་པ་ཡིན་ལ་ཆུ་ནི་འདུ་ཤེས་ཀྱི་ཨ་ལྔ་བརྩེགས་བསྒོམས་པ་ཡིན་པས་ལུས་ཀྱི་འཛིན་པ་འཇིག་པར་བྱེད་པས། གཞུང་ནས་བརྡའ་སྐད་དུ་གསུངས་པ་ཡིན་ནོ། །ས་རྣམ་པར་དག་པར་བྱེད་པའོ། །འདིར་བསྟན་པའི་ཨ་ལྔ་ལ་བསྒོམས་པས་འབྱུང་བ་རང་དྭངས་སུ་འགྲོ་བ་ཡིན་ལ། རྩ་གནས་འཁོར་ལོ་དང་སྒྲ་གནད་ཀྱི་རྒྱུ་མཚན་གྱིས། འཁོར་ལོ་བཞིར་བསྒོམ་ཞིང་དེར་རླུང་དང་སེམས་བསྡུས་ཏེ་བསྒོམས་པ་དང་། དེ་ཡང་སྐྱེ་མེད་སྤྲོས་བྲལ་དུ་བཞག་པར་བྱ་བ་ཡིན་པར་མངོན་ནོ། །སྐབས་འདི་ཡི་རྃ་ཡྃ་ཁྃ་གསུམ་པོ་ནི། རླུང་མེ་ཆུའི་ས་བོན་ཡིན་པས་དེ་ལྟར་བསྒོམ་དུས་སུ་འབྱུང་བ་འཁྲུགས་ནས་མ་བདེ་ན། གནས་གསུམ་དུ་བཞག་ཅེས་པ་ནི། ལུས་ལྕི་ཞིང་བྱིང་ལ་འཐིབས་པ་བྱུང་ན་རྩེ་མོའི་འཁོར་ལོ་ཡྃ་ལྗང་ནག་བསམས་ཏེ། རླུང་དང་རྣམ་རྟོག་དེར་བཅུག་ལ་ནམ་མཁར་ཕྱུར་ཕྱུར་སོང་བར་བསྒོམས་ན་དེ་མ་ཐག་ཏུ་ཤེས་པ་ཡེར་ཞིང་འགྲོའོ། །(༡༢༦)ལུས་ཆུ་ཤས་ཆེར་འཁྲུགས་ནས་གྲང་ཞིང་འདར་ན་རོ་རྣམས་འདུས་པའི་འཁོར་ལོ་རྃ་དམར་པོ་འབར་བ་དང་བཅས་པ་བསྒོམས་ལ་རླུང་དྲག་ཏུ་བཅུག་པས། སུམ་མདོའི་ཧ་ལས་མེ་བྱུང་ནས་ལུས་ཐམས་ཅད་ཁྱབ་པར་བསྒོམས་ན་གྲང་བ་སེལ་ལོ། །མེའི་སྐྱོན་གྱིས་ཚ་ཞིང་རྩེད་པ་དང་མཁྲིས་པ་རྒྱས་ན་སྙིང་ཀའམ་ཕོ་བར་ཁྃ་དཀར་ཞིང་བསིལ་བ་ཆུ་འཁྱགས་ལྟར་བསམས་ནས་རླུང་སིད་ཀྱི་སྒྲས་དྲངས་ལ་དབྱུང་། དེས་ཚད་པ་ཞི་བར་འགྱུར་རོ། །འདིར་མ་གསུངས་ཀྱང་རླུང་གིས་ཤེས་པ་འཕྱོས་པ་དང་། གྱེན་དུ་འཚང་བ་དང་། སྙིང་རླུང་ལྟ་བུ་བྱུང་ན་ལྟེ་བར་ལྃ་གསེར་གྱི་ཁ་དོག་ཅན་ཤིན་ཏུ་ལྕི་བ་བསྒོམས་ལ་འོག་སྒོ་དྲག་ཏུ་བསྡམས་ནས་ཐུར་ལ་རླུང་སེམས་གཏད་ན་ཐེ་ཚོམ་མེད་པར་ཕན་པར་འགྱུར་རོ། །འདིར་གེགས་སེལ་གཙོ་བོ་བརྗོད་པའོ། །ཡན་ལག་མང་པོ་དུམ་དུམ་ཁྲིགས་ལ་སོགས་རྣམས་ན་ཡོད་དོ། །སྤྲོས་པ་གཅོད་པའི་སྒྲོན་མ་འབྱུང་བ་ལྔ་རང་དྭངས་ཀྱི་མན་ངག་དུམ་བུ་སྟེ་ལྔ་པའོ།། །།

དུམ་བུ་དྲུག་པ། རང་དང་སྤྱིའི་ལྟ་སྒོམ་སྤྱོད་པ་རྣམ་པར་དབྱེ་བ།

དེ་ནས་ཆོས་སྤྱི་དང་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་བྱེ་བྲག་ཤེས་པར་བྱའོ། །སྦས་པ་མིག་འབྱེད་ལྟར་བསྟན་པར་བྱ་སྟེ། དང་པོ་ཆོས་སྤྱི་བསྟན་པར་བྱའོ། །

དང་པོ་འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་མནན་པ་ནི། ཆོས་སྤྱི་ནས། གང་ཟག་གང་གིས་གང་ལྟར་སྤྱོད་ན་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་སྤངས་ཏེ་ཚུལ་ཁྲིམས་དང་དམ་ཚིག་ལས་མི་འགལ་བར་སྤྱོད་པ་དང་། ཐམས་ཅད་ལ་མ་ཞེན་པའི་ཚུལ་གྱིས་གང་བྱེད་པ་ཐམས་ཅད་ཆོས་སུ་འགྲོ་བར་སྤྱོད་པ་སྟེ། དེས་གནས་སྐབས་ལྷ་མིའི་གོ་འཕང་དང་མཐར་ཐུག་བྱང་ཆུབ་ཐོབ་པར་བྱེད་པའོ། །

གཉིས་པ། དམིགས་གཏད་མེད་པ་བསྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་ནི། འདིར་ཆོས་སྤྱི་དང་མཐུན་པའི་བསྒོམ་པ་ནི་གང་ཟག་ཉམས་སུ་ལེན་པར་འདོད་པ་དེས། གནས་དབེན་པར་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ལ་བླ་མའི་གདམས་ངག་ཉམས་སུ་ལེན་པ་སྟེ། དེ་ཡང་སྔར་བསྟན་པ་རྣམས་ཀྱང་ཡིན་མོད་ཀྱི་འདིར་ཡིད་ངོས་བཟུང་ལ་(༡༢༧)བསྒོམ་པར་བྱ་སྟེ། དང་པོ་ལུས་གནད་སྔར་ལྟར་བྱས་ལ། ཡིད་ཀྱིས་རྣམ་རྟོག་འགྱུ་བ་འདི་ངོས་བཟུང་སྟེ། ལྟ་སྟངས་སྣ་རྩེར་གཏད་ལ། དང་པོར་རྣམ་རྟོག་མི་འབྲལ་བར་བྱ། གནས་སུ་ཉན་ན་ཧཱུྃ་གཅིག་ལུས་ཀྱི་ནང་དུ་བསྒོམས་ལ་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་རྣམས་དང་གནས་ཐམས་ཅད་དུ་བཏོན་ལ་ལུས་སང་སེང་ཁྲལ་ཁྲོལ་ལ་སེམས་བཟུང་། དེ་ནས་ཕྱི་རོལ་གྱི་ས་རྡོ་རི་བྲག་ཐོགས་ཤིང་རྡུགས་པའི་དངོས་པོ་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་ཕུག་ལ་བཏང་། དེ་ནས་སྣང་བ་ཐམས་ཅད་ཧཱུྃ་གི་རྣམ་པ་དཔག་ཏུ་མེད་པར་སོང་ནས་ལུས་ཀྱི་ནང་དང་ཕྱི་རོལ་ཀུན་མེར་མེར་སྨིག་རྒྱུ་ལྟ་བུ་ལ་སེམས་བཟུང་ངོ་། །དེ་ནས་གཉེན་བཙལ་ཞིང་ལམ་གཞུག་པ་བཞིན་དུ། མདུན་དུ་ཤིང་བུ་རྡེའུ་ལ་ཧཱུྃ་ལ་གཏད་ཅིང་ཡང་ཚུར་བསྡུའོ། །དེ་ལ་བརྟེན་ནས་རི་མོ་ཀྱོག་པོ་ལྟ་བུ་དང་། ཆུའི་རྒྱུད་དང་ལུང་པའི་སྲོལ་ཐམས་ཅད་དུ་སྦྱངས་པས་རྣམ་རྟོག་ཁ་ལ་ཉན་ཙ་ན་རྟོག་པ་དེའི་སྐྱེ་ས་གནས་ས་འགྲོ་ས་བལྟས་ལ་མ་རྙེད་པ་དང་། རྟོག་པ་རང་གསལ་འགག་མེད་དུ་མཉམ་པར་བཞག་ལ་བསྒོམ། རྗེས་ཤེས་ཀྱི་ཡིད་ཐམས་ཅད་སྒྱུ་མའམ་སྨིག་རྒྱུ་ལྟ་བུར་བལྟ། ཡུལ་སྣང་རྨི་ལམ་བཞིན་དུ་ཤེས་པ་ཁོ་རང་ཡིན་པར་ངོས་བཟུང་ནས་བསྒོམས་པས་བསམ་གཏན་ཞི་གནས་དང་འབྲེལ་བ་དང་། ལྷག་མཐོང་གི་རྒྱུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་གོམས་ནས།

གསུམ་པ་གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཉོན་མོངས་པ་ཟིལ་གྱིས་མནན་པ་ནི་ངོ་སྤྲད་པ་སྟེ། སྤྱིར་ཡུལ་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ་རྣམ་རྟོག་འགྱུ་བྱེད་ངོ་མ་ཤེས་པས་གཟུང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཕྱི་རོལ་ཏུ་སྣང་ཡང་དེ་ནི་བདེན་པ་ཡང་མེད། བྱེད་མཁན་བདག་དང་ཕྱྭ་དང་དབང་ཕྱུག་ལ་སོགས་པ་ཡང་མེད་ཀྱང་སྔར་ཡོད་ཡོད་པོར་བཟུང་བ་འཁྲུལ་པ་ཡིན་པས། ད་ནི་ཕྱི་གཟུང་ཡུལ་རང་སེམས་ཀྱི་ཆོ་འཕྲུལ་དུ་ཐག་ཆོད། ནང་དེར་འཛིན་གྱི་རྟོག་པ་ཆོས་སྤྱི་དང་རང་གི་མཚན་ཉིད་འཛིན་པའི་རིག་པ། ཚོགས་དྲུག་གི་ཤེས་(༡༢༨)པ་རིག་རིག་གྱུ་གྱུ་བ་འདི་སྐད་ཅིག་གཅིག་ལ་སྐྱེ་འགག་ཅིང་རང་ངོས་སྟོང་སྟེ། སྤྱི་བོ་ནས་རྐང་པའི་བར། བཙལ་ཀྱང་མ་དམིགས། འདས་པ་ནི་འགགས། མ་འོངས་པ་མ་སྐྱེས། ད་ལྟའི་ཤེས་པ་ཏོལ་གྱིས་སྐྱེས་པ་ནི་སྣང་སྟོང་དབྱེར་མེད་དུ་ངོས་བཟུང་། དེ་ལ་མཐར་འཛིན་མེད་ན་ལྟ་བ་དེ་ཉིད་སངས་རྒྱས་ཀྱི་དགོངས་པ་ཡིན། རྫོགས་ཆེན་སེམས་སྡེ་དང་ཀློང་སྡེ་མན་ངག་ཐམས་ཅད་ནས་ཀྱང་དེ་ལས་བསྟན་པ་གཞན་མེད་པས་རང་སེམས་སངས་རྒྱས་སུ་རྟོགས་པར་བྱའོ། །སྣང་སྟོང་དབྱེར་མེད་དུ་དེ་ཉིད་གནས་ལུགས་ཀྱི་གཤིས་ཡིན་ཏེ། འདི་ཉིད་ནས། འདི་ལ་ཚིག་གིས་གཟུང་དུ་མེད། །ཚིག་གིས་ཕྱོགས་ཙམ་མཚོན་མི་ནུས། །དེ་ཕྱིར་ཤེས་མིན་ཀློང་གཅིག་པ། །ཐ་དད་རྣམས་སུ་ཕྱེ་བ་མེད། །འདི་ཞེས་ཉམས་སུ་མྱོང་དང་བྲལ། །ལྐུགས་པ་ཡི་ནི་རྨི་ལམ་དང་། །སྤྲིན་མེད་མཁའ་ལ་ཉི་ཤར་དང་། །མཁའ་ལ་འཇའ་ཚོན་རང་ཡལ་བཞིན། །གཞི་མཚོན་དངོས་གཞི་རྣམས་དང་བྲལ། །འདི་ཞེས་མཚོན་པ་ཀུན་ལས་འདས། །ཞེས་བྱ་བ་གསུངས་ཤིང་དེ་ཉིད་ལ་བལྟས་ཤིང་རྟོགས་པར་བྱས་པས་འབྲས་བུ་བདེན་གཉིས་དབྱེར་མེད་ཐོབ་པའོ། །

བཞི་པ་སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རང་རིག་ཕྱིར་མི་ལྡོག་པར་བྱ་བ་ནི། དེ་ལྟར་ཉམས་སུ་བླངས་ཤིང་རྟོགས་པས་གང་ཐོབ་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་དོན་ཐོབ་པ། གང་ལྟར་ཐོབ་ན་ཡིད་དྲན་པ་སྤྲོས་བྲལ་དུ་ཐོབ་ཅིང་། གང་གིས་ཐོབ་ན་སྒོམ་པ་པོ་དེས་ཐོབ་བོ། །ཐོབ་པའི་དགོས་པ་ནི་སྲིད་ཞི་མཉམ་པ་ཉིད་སྐུ་གསུམ་གྱི་འབྲས་བུ་ཐོབ་པས་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། དེ་རྣམས་ནི་ཆོས་སྤྱི་དང་མཐུན་པའོ། །བྱེ་བྲག་ཏུ་འདི་ཉིད་ཀྱི་སྤྱོད་པ་དང་། སྒོམ་པ་དང་། ལྟ་བ་དང་། འབྲས་བུ་ནི་ད་གཟོད་རིམ་གྱིས་རྟོགས་པར་འགྱུར་མོད་ཀྱང་། དེ་ལྟར་གོང་དུ་བསྟན་པ་རྣམས་དང་། ཁྱད་པར་ཡོད་པར་རྟོགས་པར་བྱ་སྟེ། ཐོག་མར་སྤྱོད་པ་ནི། འདི་ཉིད་ནས། སྣང་དང་མི་སྣང་འདི་ཀུན་འཁྲུལ་པས་ན། །མ་བརྟགས་ཉམ་དགར་བརྟགས་ཤིང་(༡༢༩)དཔྱད་མི་བཟོད། །ཤིན་ཏུ་བརྟགས་ན་གང་ཡང་རྙེད་པ་མེད། །དེ་ཡི་ཕྱིར་ན་འདི་ལྟར་གོམས་པར་བྱ། །གཟའ་གཏད་མེད་པའི་ཤེས་པ་དྲན་མེད་དེ། །དམིགས་གཏད་མེད་པའི་མིག་ཏུ་བཅུག་ནས་ནི། གཟའ་གཏད་མེད་པའི་གཞི་ལ་རང་རིག་བསྐྱལ། །སྤངས་ཐོབ་མེད་པའི་ས་ལ་བཞག་པར་བྱའོ། །ཞེས་འབྱུང་བས་ཕྱི་ནང་གསང་བ་བཞིར་གཞུང་དུ་གསུངས་ཀྱང་། ད་ལྟ་ནི་སྤྱོད་པ་ཐམས་ཅད་ལུས་ཡིན་པས་ལུས་སྦྱོང་བ་དང་། སྣང་བ་རང་སར་བཞག་པ་དང་། བསྒྱུར་བ་གཉིས་ཡོད་དེ། གཟོད་མངོན་དུ་འགྱུར་རོ། །འདི་བསྒོམ་པ་ཡང་། དངོས་མེད་སྤྲོས་དང་བྲལ་བའི་རིག་པ་ནི། །དྲན་པའི་ཐག་པ་བཅད་དེ་གཏང་བའི་ཕྱིར། །བསམ་མེད་ལྷུག་པར་གཞུག་པ་འདི་ཉིད་ནི། །དྲན་པ་རྣམས་ནི་ཟད་པའི་སར་བསྐྱལ་ལོ། །ཞེས་འབྱུང་བས་སེམས་བྱུང་བ། སེམས་སྦྱང་བ་དང་རིག་པ་གཏད་པ་བྱ་བ་གཉིས་ལས། །འགྲོ་ས་མེད་ཀྱང་། ལུས་དང་མིག་དང་དབྱིངས་རིག་ལ་བརྟེན་པའི་གནད་ད་གཟོད་སྟོན་ཅིང་མངོན་དུ་འགྱུར་རོ། །འདི་ཉིད་ཀྱི་ལྟ་བ་ནི། ཕྱོགས་རིས་མེད་པའི་རིག་པ་ཟང་ཐལ་ནི། །གང་གིས་མ་བསྒྲིབ་རང་ལས་ཐོགས་པ་མེད། །ཁྱབ་བརྡལ་ཆེན་པོའི་ཕོ་བྲང་རིན་ཆེན་དུ། །འབྱུང་ལྔ་ཟད་པའི་རིག་པ་ལྷིངས་པ་ལྟོས། །ཞེས་བྱུང་བས་ཁྲེགས་ཆོད་སྤྲོས་བྲལ་གྱི་ལྟ་བ་དང་། ཐོད་རྒལ་མངོན་སུམ་གྱི་ལྟ་བ་གཉིས་ལས། འདིར་རྣལ་འབྱོར་པ་དབྱིངས་རིག་ལ་ལྟ་བ་སྟེ། དེ་ལ་ཐོད་རྒལ་གྱི་སྣང་བ་མིག་གིས་ལྟ་བ་ཡིན་པས་མིག་གསལ་བའི་ཐབས་བསྟེན་པར་བྱ་སྟེ། ལྟ་བ་དངོས་ད་གཟོད་མཐོང་བར་འགྱུར་རོ། །ཞེས་བརྡའ་སྤྲད་པའོ། །འདི་ཉིད་ཀྱི་འབྲས་བུ་ནི། སྟོང་པ་རང་ལུས་མཚོན་པའི་ཕྱག་རྒྱ་ཆེ། །འབྲས་བུ་ཡེ་ཐོག་ཁྱབ་པར་གཏན་ལ་ཕབ། །ཤེས་རབ་འཛིན་མེད་རང་གསལ་ཆེན་པོར་སྤྱོད། །འདི་ནི་རྒྱལ་བ་ཀུན་གྱི་གསང་དོན་ཆེ། །ཞེས་པས་འབྲས་བུ་ཚད་ཅན་སྐུ་གསུམ་ཐོབ་པར་འདོད་པ་དང་། ཚད་མེད་སྐུ་གསུམ་ལམ་དུ་བྱས་ནས། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་(༡༣༠)པའོ། །ཞེས་ཆོས་ཐམས་ཅད་ཟད་པ་ཉིད་མཐར་ཐུག་ཏུ་འདོད་པ་གཉིས་ཡོད་ཀྱང་མངོན་དུ་འགྱུར་རོ། །འདི་རྣམས་ནི་རང་དང་སྤྱིའི་ཁྱད་ཤེས་པར་བྱ་བའི་ཕྱིར་གཞུང་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་བཞིར་གསུངས་པ་དེ་འདིར་གོ་བ་ཙམ་དུ་ཕྱེ་བ་ཡིན་ཏེ། འདི་རྣམས་རིམ་གྱིས་གོ་བར་འགྱུར་རོ། །རང་དང་སྤྱིའི་ལྟ་སྒོམ་སྤྱོད་པ་རྣམ་པར་དབྱེ་བའི་དུམ་བུ་སྟེ་དྲུག་པའོ།། །།

དུམ་བུ་བདུན་པ། རུ་ཤན་འབྱེད་པ་བསྟན་པ།

དེ་ནས་དབང་དང་ཁྲིད་བསྲེས་ནས་བྱེད་ན། གནས་སྐབས་འདིར་སྤྲོས་མེད་ཀྱི་དབང་སྦྱིན་པར་བྱའོ། །དེ་ནས་རིག་པ་སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་འབྱེད་པ་ལ་བསླབ་པར་བྱའོ། །འདི་ཡང་སྔར་བསྟན་པ་རྣམས་དང་མི་འདྲ་བས་སྐལ་བ་དང་ལྡན་པ་གསུམ་ཙམ་ལ་བྱ་སྟེ། དབང་དང་བཅས་པར་བྱེད་ན་ནི། ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་སྔོན་འགྲོ་ཡིན་པས་སྔོན་དུ་ཞག་གསུམ་ཙམ་བྱ་བར་བཤད་དོ། །ཉམས་སུ་ལེན་པ་དངོས་གཞིའི་དུས་སུ་ནི་རྟགས་མ་རྫོགས་ཀྱི་བར་དུ་བྱའོ། །གང་ལྟར་ཡང་མངོན་དུ་སྤྱོད་པ་ལ་བར་ཆོད་ཀྱི་བགེགས་མི་འཇུག་པ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་ལ་མི་འཕྲོ་བར་བྱ་བའི་དོན་ཡི་གེ་བརྒྱད་ཀྱིས་རྒྱས་གདབ་པར་བྱ་སྟེ། སློབ་མ་བླ་མའི་མདུན་དུ་ལངས་ལ་ཐལ་མོ་སྙིང་གར་སྦྱར་ཏེ། བླ་མས་ཁ་ཤར་དུ་བལྟས་ལ་བསྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ཀྱིས་བགེགས་སྐྲོད་ལ་མཁའ་འགྲོ་ལ་གཏོར་མ་བྱིན་ནས། སློབ་མའི་སྤྱི་གཙུག་ཏུ་ཧཱུྃ་སྔོན་པོ་གཅིག་བསྒོམས་ནས། དྲྭ་བ་ཅན་གྱི་རྩ་ལས་བྱུང་སྟེ་ལུས་ཐམས་ཅད་ཧཱུྃ་དུ་གྱུར་པར་བསྒོམ་མོ། །རྐང་མཐིལ་ཡྃ་ལྗང་གུ། ལྟེ་བར་རྃ་དམར་ལྗང་། མགྲིན་པར་ཁྃ་དུད་ཁ། དཔྲལ་བར་ཨེ་མཐིང་ཁ། ལྐོག་མར་སུཾ་སེར་པོ། པུས་མོ་གཡས་ལ་ཧྃ་དཀར་བསྒོམ་མོ། །ཡང་རྐང་མཐིལ་དུ་ཕཊཿསྔོ་ནག་བསམས་ལ། ངག་ཏུ་ཡང་དབུགས་རེ་ལ་ཉེར་གཅིག་རེ་བཟླས་ཏེ་བསྲུང་བར་བྱའོ། །

དེ་ནས་ལུས་ངག་ཡིད་ཀྱི་རུ་ཤན་འབྱེད་པར་བསྟན་པ་ནི། ཉམས་སུ་ལེན་པ་རྣམས་ལུས་ངག་གི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བོར་ལ་དང་པོར་ཞག་ཁ་ཡར་དུ། ཤིན་(༡༣༡)ཏུ་དབེན་པ་མི་སྐད་ཁྱི་སྐད་ལ་སོགས་པ་མེད་པ། སྐྱེ་བོ་ཐེག་པ་དམན་པའི་སྐད་ཙམ་ཡང་མི་ཐོས་པ་ཤིན་ཏུ་དལ་བར་བསྡད་ལ། དེ་ནས་མཁའ་འགྲོ་རྣམས་བཟའ་བ་དང་མེ་ཏོག་སྣ་ཚོགས་ཀྱི་གཏོར་མ་བྱིན་ལ་བར་ཆོད་མེད་པའི་གསོལ་བ་བཏབ་ལ་ལུས་ཀྱི་སྤྱོད་པ་རྩོལ་བ་བྱ་སྟེ། ལུས་ཀྱི་བྱ་བ་རྒྱུག་པ་དང་གར་དང་འགུལ་བ་དང་། སྤྲུག་པ་དང་། ཉལ་བ་དང་ལངས་པ་དང་། འདུག་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང་། ངག་དང་ཡིད་ཀྱང་བསྲེས་ལ་ཅི་དྲན་པ་འཇིག་རྟེན་ན་ཡོད་པ་རྣམས་བྱ་བ་ནི། ཉིན་མཚན་དུ་གཉིད་སྤངས་ལ་བྱ་བར་གསུངས་སོ། །དེ་རྣམས་ནི་འཁོར་བའི་ལུས་ཀྱི་རྣམ་པ་སྟེ། དེ་རྣམས་ལ་ཐང་ཆད་ཅིང་སྒྱིད་ལུག་པ་དང་། འཇིག་རྟེན་གྱི་ལུས་དང་སྤྱོད་པས་ཅི་ཞིག་བྱ་སྙམ་པ་དང་། ཡང་མྱ་ངན་ལས་འདས་པའི་ལུས་གཡོ་བ་མེད་པ་རྣལ་དུ་དབབ་པའོ། །དེ་དག་ཅི་ཙམ་བྱ་བ་ནི་གང་ཟག་ལ་རག་སྟེ། སོ་སོའི་ཚད་ལ་མ་ཕེབས་ཀྱི་བར་དུ་བྱའོ། །ཚད་ནི་ལུས་ཀྱི་སྤྱོད་པའི་འོག་ཏུ་གསོད་པའི་གཤེད་མ་བྱུང་ཡང་ལུས་ཆགས་པ་མེད་ཅིང་སེམས་ལ་སྐྲག་པ་མེད་པ་བྱུང་ན་ཡིན་ནོ། །དེ་ཡང་རབ་ཀྱི་ཡང་རབ་ལ་ཞག་གསུམ་དང་དྲུག་དང་དགུའོ། །འབྲིང་དེ་ལ་ལན་གཉིས་པ་བསྐྱར་བའོ། །ཐ་མ་ནི་དེ་ལན་གསུམ་པའི་རྗེས་སུ་འབྱུང་བས་རྣལ་དུ་དབབ་པ་ཡང་དེས་འགྲེ་བར་ཤེས་པར་བྱའོ། །དེ་ལ་དགོས་པ་ནི། ལུས་ཀྱི་ཞེན་པ་ལོག་པ་དང་། སྒྲིབ་པ་དག་པ་དང་། བར་ཆོད་ཞི་ནས་ལས་གྲུབ་པ་དང་། མཆོག་གི་ལུས་རུ་ཤན་ཕྱེད་ནས། མྱ་ངན་འདའ་བ་ལ་ཉེ་བ་ན། ཁམས་གསུམ་དུ་མི་འཇུག་པ་དང་། ལུས་སྤྲུལ་སྐུར་གྲོལ་བའི་དགོས་པ་ཡོད་དོ། །

དེ་ནས་གཉིས་པ་ངག་རུ་ཤན་འབྱེད་པ་ནི། ཡང་ཞག་འགའ་ཡར་དུ་ངག་ཏུ་སྒྲ་སྣ་ཚོགས་དང་། སྔགས་སྣ་ཚོགས་དང་། འཁྲུལ་པའི་གཏམ་སྣ་ཚོགས་དང་། ངོ་ཚ་བའི་གཏམ་དང་། ཟུངས་ཤིག་དང་། སོད་ཅིག་དང་། རྒྱོབ་ཅིག་ལ་སོགས་པ་དང་། དུད་འགྲོ་དུ་མའི་སྒྲ་དང་། མདོར་ན་ངག་གི་རྣམ་པ་འཁོར་བ་ན་གནས་པ་ཐམས་ཅད་དེ། དེ་ཡང་གཉིད་སྤངས་ནས་བྱས་པས། (༡༣༢)ཡང་ངག་བྲག་ཆ་ལྟར་གོ་ནས་ཚིག་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། གཞན་གྱིས་གང་ཟེར་ཡང་དགའ་མི་དགའ་གཏན་མ་བྱུང་ན་རུ་ཤན་ཕྱེད་པ་ཡིན་པས། ཡང་ངག་མི་སྨྲ་བར་ལྐུགས་པ་ལྟར་གནས་པར་བྱའོ། །ཡུན་ཅི་ཙམ་བསླབ་པ་ནི་སྔ་མ་དང་མཚུངས་སོ། །དེ་ལ་དགོས་པ་ནི། ངག་གི་ཞེན་པ་ལོག །སྒྲིབ་པ་དག །ལས་གྲུབ། མྱང་འདས་དང་ཉེ། ངག་འཁྲུལ་པ་ལ་མི་འཇུག་ངག་ལོངས་སྐུར་གྲོལ་བའོ། །དེ་ནས་ཡང་ཡིད་རུ་ཤན་འབྱེད་པ་ནི་སེམས་ཀྱི་རྣམ་རྟོག་ཅི་འགྱུ་ཚད་བྱ་སྟེ། ཚོང་གི་རྣམ་པའམ། གཉེན་བཤེས་ཀྱི་རྣམ་པའམ། དད་པའམ། དགྲའི་རྣམ་པའམ། འཁྲུལ་པའི་བསམ་པའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའམ། ལྷ་བསྒོམ་པའམ། དཀྱིལ་འཁོར་བསྐྱེད་པ་དང་། ཆོས་སྣ་ཚོགས་ཀྱི་བསམ་པའམ། འཇིགས་ཤིང་ཡ་ང་བའམ། བྲོད་ཅིང་དགའ་བ་ལ་སོགས་པའི་བསམ་པ་སྤྲོ་བ་ནི་ཉིན་མཚན་དུ་བྱ་བའོ། །དེས་རྣམ་རྟོག་ལ་སྐྱུགས་ལོག་ནས་དོན་མེད་པའི་རྟོག་པས་ཅི་ཞིག་བྱ་སྙམ་པ་དང་། ཡིད་འགྱུ་བ་བཅད་ལ་མི་རྟོག་པ་ཉིད་དུ་གནས་པར་བྱའོ། །དེས་འཁོར་བའི་ཡིད་ལ་རྣམ་པ་ཐམས་ཅད་དུ་སྐྱུགས་ལོག་ནས་མི་རྟོག་པ་ལ་དབང་ཐོབ་ན་ཕྱེད་པའི་ཚད་དོ། །ཡུན་ནི་སྔར་དང་མཚུངས་སོ། །དགོས་པ་ནི་ཡིད་ཞེན་པ་ལོག །སྡིག་པ་དག །ཡིད་ཀྱི་ལས་གྲུབ། མྱང་འདས་དང་ཉེ། འཁྲུལ་པ་མི་སྐྱེ། ཡིད་ཆོས་སྐུར་དག་པའི་དགོས་པ་ཡོད་དོ། །དེ་ལྟར་ལུས་ངག་ཡིད་ཀྱི་སྤྱོད་པས་འཁོར་བའི་ལུས་ངག་ཡིད་གསུམ་དང་བྲལ་ན། མྱ་ངན་ལས་འདས་པའི་ལུས་མི་འགུལ་བ་དང་། ངག་བརྗོད་དུ་མེད་པ་དང་། ཡིད་རྟོག་མེད་དང་ཕྲད་ནས། ཐུན་བར་ཉམས་ལེན་གྱི་མཚམས་སུ་ཇི་ལྟར་བྱ་བ་ནི། ཤིན་ཏུ་སྤྲོས་མེད་ལས། སྤྱོད་པ་ཉིད་ནི་ཚར་དུས་སུ། །བག་ཆགས་ཕལ་པ་བཞག་པའི་ཕྱིར། །ཕྱག་དང་སྐོར་བ་ཕྱག་རྒྱ་དང་། །ཆོས་སུ་འགྲོ་བའི་ལུས་སྤྱོད་བྱ། །ངག་གི་མཚམས་སུའང་སྔགས་རྣམས་དང་། །ཡི་གེའི་ཚོགས་དང་མཆོད་བསྟོད་བྱ། །དེ་བཞིན་སེམས་ལ་སྒོམ་སྣ་ཚོགས། །(༡༣༣)བག་ཆགས་ཕལ་པ་སྦྱོང་བའོ། །ཞེས་འབྱུང་བས། འཁོར་བ་དང་བྲལ། མྱང་འདས་མཐོང་། གཉིས་ཀ་རོ་མཉམ་དུ་སྦྱར་བར་བྱ་བ་ཡིན་ནོ། །ལས་ཅན་འགའ་ཞིག་དེ་ཉིད་དུ་ཟད་པའི་སྣང་བ་དང་ཕྲད་ནས་གྲོལ་བ་ཡང་ཡོད་དོ། །དེས་ན་སྔོན་འགྲོ་འདི་ནི་ཤིན་ཏུ་ཟབ་བོ། །འདི་ནི་རིག་པ་མངོན་སུམ་ཉམས་སུ་ལེན་པའི་དུས་ན་ཡང་འཁོར་བའི་ལུས་ངག་ཡིད་གསུམ་གྱི་ཞེན་པ་དང་རྟོག་པ་བྱུང་ན་བྱ་བར་གསུངས་སོ། །ད་ལྟ་ཉམས་ལེན་དངོས་གཞི་ལ་འཇུག་མི་ནུས་པའི་དད་པ་ཅན་རྣམས་ལ་ནི། རྣལ་དུ་འབེབས་པ་ཙམ་བསྟན། རུ་ཤན་འབྱེད་པའི་དོན་གོ་བ་ཙམ་བྱ་ཞིང་བསྟན་པར་བྱའོ། །གང་ཟག་འཁོར་བའི་ལུས་ངག་ལས་ལོག་པའི་སྐྱེས་བུ་དམ་པ་རྣམས་ནི་སྤྱོད་པ་མ་བྱས་ཀྱང་ཆོག་པ་ཉིད་དོ། །རུ་ཤན་འབྱེད་པ་བསྟན་པའི་དུམ་བུ་སྟེ་བདུན་པའོ།། །།

དུམ་བུ་བརྒྱད་པ། ལུས་གནད་དང་ལྟ་སྟངས་བསྟན་པ།

དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་སྦྱིན་པར་བྱ་བར་བཤད་དོ། །དེ་ནས་རྣལ་དུ་འབེབས་པ་ཡི། །ཆོ་ག་མཁས་པས་ཞག་གསུམ་བྱ། །གལ་ཏེ་སྔོན་དུ་མ་སྦྱངས་ན། །དེ་ནས་སེམས་ཀྱི་སྣ་ཁྲིད་པའི། །སྔོན་འགྲོ་རྣམས་ལ་སྦྱང་བར་བྱའོ། །ཞེས་གསུངས་པས་སྔར་མ་བསྟན་ན་སྐབས་འདིར་ཐམས་ཅད་སེམས་ཉིད་ཡིན་པ་དང་། དེ་ཡང་སྤྲོས་བྲལ་ཆེན་པོར་རྟོགས་པར་བྱ་བའི་ཕྱིར་སེམས་སྦྱང་བར་བྱའོ། །དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་གིས་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ་བཅུག་ལ་དབང་སྦྱིན་ཅིང་ལུང་བསྟན་པར་བྱའོ། །དེ་ནས་ལུས་གནད་གཟིར་བར་བྱ་སྟེ། དང་པོ་གླང་པོ་ཆེའི་འདུག་སྟངས་ལ་གཞི་བཅའ་བ་གཅེས་ཏེ། དེ་ལ་གླང་པོ་ཆེ་ལྟ་བུ་ནི་ཁ་སྦུབ་ཏུ་ཉལ་ལ་ལག་པ་གཉིས་གྲུ་མོ་ས་ལ་བཙུགས་ཏེ། ལྐོག་མ་ལག་མཐིལ་གྱིས་བཏེགས་ལ་པུས་མོ་བྲང་ལ་སྦྱར་ཏེ། མཇིང་པ་བཏེག་ཡིད་ཙམ་ཕྱིར་དགྱེ་བར་བྱས་ལ། ལྟ་སྟངས་ནི་མིག་གྱེན་ལ་ཧར་པོར་མ་འགུལ་བར་ལྟའོ། །དྲང་སྲོང་གི་འདུག་སྟངས་ཀྱིས་གནད་མ་གཟིར་ན་ལུས་མི་ཆུན་པས། དྲང་སྲོང་ལྟ་བུ་ནི་ལུས་ཙོག་པུར་འདུག་སྟེ། རྐང་པའི་ལོང་བུ་གཉིས་གཤིབས། པུས་མོ་གསུས་པ་ལ་སྦྱར། གསུས་པ་ཡང་སྒལ་བ་ལ་ཡིད་ཙམ་སྦྱར། ལག་པ་(༡༣༤)གཉིས་ཀྱི་གྲུ་མོ་པུས་མོའི་སྟེང་དུ་བཙུགས་ལ། མགོ་པུས་མོའི་སྟེང་དུ་དུན་ནེ་བྱས་ལ། ལག་པའི་མཐིལ་གཉིས་ཀྱིས་འགྲམ་པའི་ཟུར་ནས་མི་འགྱུར་བར་བཏེག་པ་ནི། ལྟ་སྟངས་མིག་གཉིས་མི་འགུལ་བར་ཧར་པོར་རང་གི་སྨིན་མཚམས་སུ་ཐད་ཀར་ལྟའོ། །སེང་གེའི་འདུག་སྟངས་ལ་རྩལ་མ་སྦྱངས་ན་རིག་པ་མི་ཆུན་པས་སེང་གེ་ལྟ་བུ་ནི། ཙོག་པུའི་པུས་མོ་གཉིས་ས་ལ་བཙུགས་ལ་ཡིད་ཙམ་ཕྱིར་བསྒྲད། ལག་པ་གཉིས་པུས་མོའི་ཕྱི་ལོགས་སུ་ས་ལ་བཙུགས་ཏེ། ཡིད་ཙམ་ཕྱིར་བསྒྲད་ལ་ལུས་ཀྱི་ལྗིད་ཅུང་ཟད་བོར། འཕོངས་ཡིད་ཙམ་ཕྱིར་ཕྱུང་ལ་སྒལ་ཚིགས་དྲང་པོར་བསྲངས་ལ་མཇིང་པ་རྒྱབ་ཏུ་དགྱེ་བར་བྱས་ཏེ། ལྟ་སྟངས་མིག་ཡིད་ཙམ་མདུན་དུ་བལྟས་ལ་སོར་བཞི་པར་གཏད་དོ། །དེ་དག་དུས་སུ་ལུས་མ་འགུལ་བ་དང་། དབུགས་ཕར་འགྲོ་ཚུར་འོང་ཤིན་ཏུ་དལ་བར་བྱའོ། །དེ་རྣམས་ནི་ལུས་ཀྱི་འདུག་སྟངས་གསུམ་ལ་སྦྱང་བ་དང་། མིག་ལྟ་སྟངས་གསུམ་དུ་གཏད་པ་དང་། མི་འགུལ་བ་གསུམ་གྱིས་གཟེར་གདབ་པ་ཞེས་བྱའོ། །དེ་ལ་སྐྱོན་དེ་རྣམས་མ་ཡིན་པ་བྱ་རྒོད་ཀྱི་སྤུངས་སྟངས་དང་། རྡོ་རྗེ་སྐྱིལ་ཀྲུང་དང་། གཞན་ཡང་གང་བདེ་བར་བྱའོ། །ལྟ་སྟངས་ཀྱང་། སེང་གེ་གླང་ཆེན་རི་བོང་དང་། །མདའ་སྲོང་ལྟ་བུའི་ལྟ་སྟངས་བཞི། །ཞེས་དུང་ཡིག་ཅན་དུ་གསུངས་སོ། །མདོར་བསྡུས་ན་རྣམ་པར་མི་རྟོག་པར་ལྟ་སྟངས་བྱ་བ་གལ་ཆེའོ། །དེ་ལྟར་ཉི་མ་མང་དུ་སྦྱངས་ན་ངོ་སྤྲོད་མི་དགོས་པར་མངོན་སུམ་དུ་རྟོགས་པའང་སྲིད་དོ། །ལུས་གནད་དང་ལྟ་སྟངས་བསྟན་པ་སྟེ་དུམ་བུ་བརྒྱད་པའོ།། །།

དུམ་བུ་དགུ་པ། རིག་པ་མངོན་སུམ་གྱི་དོན་བསྟན་པ།

དེ་ནས་ཚིག་གསུམ་གྱིས་སྐྱེ་བ་མེད་པའི་དོན་མཐོང་བར་བྱེད་པའི་ཐབས་ངོ་སྤྲད་པར་བྱ་སྟེ། ནམ་མཁའ་སྤྲིན་དང་བྲལ་བའི་ཚེ་ཤིན་ཏུ་དབེན་པར་སོང་ལ་རིག་པ་མིག་ལ་གཅུན་ལ་ཉི་མའི་རྒྱུན་ཕྱོགས་སུ་གོང་གི་ལྟ་སྟངས་ཀྱིས་བལྟས་པས་ནམ་མཁའ་ལ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔ་ལ་མདུད་པ་བསྒྲིགས་པ་ལྟ་བུ། བར་བར་ན་ཐིག་ལེ་ཡུངས་འབྲུ་ཙམ་ཁ་དོག་གསལ་བ། དེ་ལ་ཡུན་རིང་(༡༣༥)དུ་བལྟས་པས་ནམ་མཁའ་གང་བ་ཙམ་གྱི་ཐིག་ལེ་རྐྱང་པ་དང་། གཉིས་སྦྲེལ་ལ་སོགས་པ་དཔག་ཏུ་མེད་པ་འཆར་རོ། །དེ་ནི་ཆོས་སྐུ་དང་ཐིག་ལེ་ཉག་གཅིག་ཞེས་བྱ་སྟེ། སྐུ་གསུང་ཐུགས་ཐུག་སྤྲད་ཀྱི་མན་ངག་ཅེས་བྱའོ། །སངས་རྒྱས་དང་ཞལ་མངོན་སུམ་དུ་མཇལ་བ་ཅེས་བྱའོ། །རིག་པ་དེ་ཡང་ལྟ་བ་མིག་དང་འབྲེལ་བའི་གནད་ཀྱིས་མིག་གར་འགུལ་བའི་ཕྱོགས་སུ་འགྲོ་ཞིང་གཟུང་བར་དཀའ་བ་སྟེ། ཐིག་ལེ་ཕྲ་མོ་དེ་དག་ཀྱང་འགྲོ་འོང་དང་བཅས་པའོ། །དེ་ཉིད་བཟུང་བའི་མན་ངག་ནི་མིག་གྱེན་ལ་ཡིད་ཙམ་བཟློག་པ་གཅེས་ཏེ། སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། མཐིང་ཁ་ཁྱབ་པ་ཆེན་པོའི་འོད། དབྱིབས་ཡི་གེའི་ན་རོ་ལྟ་བུ། ཁ་དོག་འཇའ་ཚོན་ལྟ་བུར་འཆར་ཏེ། དེ་ནི་མིག་དང་ཤའི་མདངས་འཕྲད་པ་ལ་བརྟེན་ནས་འཆར་བ་སྟེ། རིག་པ་དེར་གཏད་ནས་ལྟ་བ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་སྟེ་མཆོག་ཏུ་གཅེས་པའོ། །དེ་ནི་ལུས་འདི་ལྟར་གྱིས་ལ། ཡུལ་ནམ་མཁའ་ལ་རིག་པ་འདི་ལྟོས་ཞེས་བྱ་བ་ཚིག་གསུམ་གྱིས་ངོ་སྤྲད་པ་ཡིན་ནོ། །དེ་རྣམས་དང་པོ་ངོ་སྤྲད་པས་རིག་པ་མངོན་སུམ་ཞེས་བྱ་བ། ལྷག་མཐོང་གི་རིག་པ་ཞེས་པར་བསྟན་ཏོ། །ད་ནི་དེ་མཐོང་བས་རྒྱུ་མཚན་གོ་བར་བྱེད་པ་གལ་ཆེ་སྟེ། འདི་ཉིད་ཀྱི་རིག་པའི་རྒྱབ་བརྟེན་ནས་ཀྱང་གསུངས་ལ། དུང་ཡིག་ཅན་དང་གཞན་ཡང་རྒྱུད་འགྲེལ་ཐམས་ཅད་ནས་མང་དུ་གསུངས་ཀྱང་འདིར་གལ་ཆེ་བ་ཅུང་ཟད་གཅིག་བསྟན་པར་བྱ་སྟེ། དེ་ལ་དབྱིངས་རིག་འཆར་བའི་རྒྱུ་རྐྱེན། འཁྲུལ་མ་འཁྲུལ་གྱི་དོན། དེ་ཉམས་ལེན་དུ་འགྲོ་བའི་རྒྱུ་མཚན་འབྲས་བུར་བསྟན་པའོ། །དང་པོ་ནི་རྒྱུ་རྣམ་པ་གཉིས་ཏེ། རིག་པ་དབྱེ་བ་ལྔའི་ནང་ནས། གཞིར་གནས་ཀྱི་ངོ་བོ་རིག་པ། ངོ་བོ་ཀ་དག་གི་གནས་ལུགས་ཡེ་ཤེས་གསུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟོང་པ་དང་གསལ་བ་དང་འགག་པ་མེད་པའི་གནས་ལུགས་སུ་བཞུགས་པ་ལ། གཞན་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་(༡༣༦)བཤད་དོ། །དེ་ཉིད་ལ་གཉིས་འཛིན་གྱི་རྟོག་པ་མེད་ཀྱང་། རང་སྟོང་རང་གསལ། རང་འགག་པ་མེད་པ་ལ། རྒྱ་མཚོ་རྦ་རླབས་ལྟར་འགྱུ་བ་འགག་པ་མེད་པར་གཡོ་བ་ལས་ཡེ་ཤེས་ཀྱི་ཆ་གསལ་སྣང་གི་རྣམ་པར་འབྱུང་བ་ལ་སེམས་པ་ཡིད་དྲུག་ཏུ་འགྱུར་ཏེ། ངོ་བོ་མི་རྟོག་པ་ཡིན་ཡང་། གཉིས་སུ་སྣང་བ་ལ་རྟོག་ཅིང་དཔྱོད་པའི་ཤེས་པ་སྐྱེས་ཏེ། དེ་ནི་ཆོས་སྤྱིའི་སྐད་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ། འདི་ཉིད་ལས། འཁྲུལ་པའི་ཡེ་ཤེས་སྤག་སྤོག་དེ། །ཐོག་མ་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་ལ། །སྣ་ཚོགས་དུ་མར་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །ཞེས་ཚིག་བཞིས་རྒྱུ་མཚན་བསྟན་ནས། །དེ་ལྟར་གནས་པའི་གཞི་དེ་ལ། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ན་ཕྱིར་ཤོལ་བས། །ཤེས་པ་གསལ་གསལ་རིག་རིག་དེ། །མ་རིག་པ་ནི་གསུམ་དག་ལས། །ཡིད་ཙམ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་དེ་བདག་ཏུ་བཟུང་བའི་བློས། །ཞེས་འབྱུང་སྟེ། དེ་ལ་མ་རིག་པ་གསུམ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པ་ནི་ཡོངས་གྲུབ་ཀ་ནས་དག་པ་ལ་དག་པར་མ་ཤེས་པ་ཡིན་ལ། གཞན་དབང་འགྱུ་བྱེད་སྣང་བའི་འོད་དང་བཅས་པ་ལ་སྣང་སྟོང་གཉིས་དབྱེར་མེད་དུ་མ་ཤེས་པ་ནི་འདུ་བྱེད་རྐྱེན་གྱི་མ་རིག་པ་ཞེས་བྱ། ཡུལ་ཡུལ་ཅན་གཉིས་ཐ་དད་དུ་ཕྱི་རོལ་དོན་དང་དེ་ལ་བརྡར་བཏགས་པའི་མིང་དང་དོན་གྱི་བག་ཆགས་བདེན་མེད་དུ་མ་ཤེས་པས་བླང་དོར་བྱས་ཏེ། སྲེད་ལེན་སྲིད་པའི་རྒྱུར་གྱུར་པ་ནི། ཀུན་བརྟགས་འཁྲུལ་པའི་མ་རིག་པ་ཞེས་བྱའོ། །དེ་ལྟར་རྒྱུད་དང་པོ་ཡེ་ཤེས་མ་རིག་པ་དང་འདྲེས་པ་ལས། གཉིས་པ་ད་ལྟ་བྱེ་བྲག་ཏུ་དབྱིངས་རིག་མིག་ཏུ་གསལ་བའི་རྒྱུ་ནི། རྐྱེན་འདུས་པའི་ཚུལ་གོ་བར་བྱས་པས་མངོན་དུ་ཤེས་པར་འགྱུར་ཏེ། སྔར་གྱི་ལུས་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་(༡༣༧)འདུས་བྱས་དང་འདུས་མ་བྱས་རྣམ་པ་དྲུག་ལ་དེར་འཛིན་གྱི་ཡིད་ཤེས་ཀྱི་བར་དྲུག་གིས་བར་དུ་དབང་པོ་དང་སྦྱོར་ཞིང་དེ་རྣམས་བྱེད་པ་པོ་མེད་ལ། རང་གི་མཚན་ཉིད་འཛིན་པས་ཁམས་བཅོ་བརྒྱད་དུ་འགྱུར་ཏེ། གཞི་འཛིན་པའི་རིག་པ་ཞེས་བྱ་བ་ཆོས་སྤྱིའི་སྐད་དུ། ཀུན་གཞི་སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བག་ཆགས་ཐམས་ཅད་བགོས་པས་ས་བོན་ཐམས་ཅད་པ་ཞེས་བྱ་བ། དེ་རྒྱུ་རྐྱེན་དུ་གྱུར་ལ། བདག་པོའི་རྐྱེན་འཛིན་པའི་རྣམ་ཤེས་དྲུག་གིས་བྱས་ནས། དམིགས་པའི་རྐྱེན་ཡུལ་དྲུག་གིས་བྱས་ཏེ། དེ་མ་ཐག་པའི་རྐྱེན་ཡིད་དེ་མ་ཐག་པ་གོང་མ་གསུམ་ཚོགས་པའི་སྐད་ཅིག་དེས་བྱས་པས། རྐྱེན་བཞི་དོན་ལྟར་སྣང་བ་བར་མ་ཆད་པས་འདོད་པ་བླང་བྱ་དང་མི་འདོད་པ་དོར་བྱ་དང་། བར་མ་བཏང་སྙོམས་དུག་གསུམ་དུ་སོང་སྟེ། དེའི་རྟོག་པ་དང་སྣང་བ་བལྟས་པས་ཕྱི་འཇིག་རྟེན་དང་ནང་ལུས་ཀྱི་རྣམ་པ་ཁམས་གསུམ་གང་རུང་གི་སྲེད་ལེན་གྱི་དབང་གིས་སྲིད་པར་གྲུབ་སྟེ། སྤྱི་སྐད་དུ། མིང་དང་། གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། ཞེས་འབྱུང་ངོ་། །འདི་ཉིད་ནས། གཞི་དང་གཞི་ཡི་སྣང་ཆ་ལས། །གཞི་དང་གཞི་ཞེས་ཁྱད་པར་ལས། །འཁྲུལ་པའི་རྒྱུ་ལ་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས། །ཉོན་མོངས་དྲུག་གིས་བདག་ཏུ་བཅིངས། །ཡུལ་དྲུག་སོ་སོའི་རྣམ་པ་ཤར། །དེར་ལྟས་ཡུལ་ལ་བདག་བཟུང་བའོ། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་བསྡུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་དུ་བརྒྱུད་མར་གནས། །སོ་སོའི་ཡུལ་དང་ཚད་ལེན་པའོ། །ཞེས་གསུངས་པས། དེ་ལྟར་མ་རིག་པས་ལུས་སུ་གྲུབ་ཀྱང་འཛིན་པའི་རྣམ་ཤེས་དེ་ནི་མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྣང་ཆ་ཡུལ་དུ་སྣང་བ་དེ་ནི། གཞན་དག་ཏུ་རྣམ་པ་མི་གསལ་ལ། མིག་ཏུ་གཟུགས་ཀྱི་རྣམ་པ་སྣང་ལ་རང་བཞིན་མེད་པ་རང་དག་ཐིག་ལེའི་སྙིང་པོ་ཅན་དུ་གསལ་བ་ལ། ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ཅེས་བྱའོ། །དེ་(༡༣༨)ཡང་སྒྲོན་མའི་གནས་ནི་སྙིང་ཡིན་ཏེ། ལམ་ནི་རྩ་ཆེན་བཞི་ཡིན་ནོ། །སྒོ་ནི་མཐོང་བྱེད་མིག་གི་སྒོ། །ཞེས་བྱུང་ངོ་། །

འདི་ལ་ཡང་དངོས་དང་ཆ་ཤས་གཉིས་ཡོད་དེ། དངོས་ནི་རྡོ་རྗེ་ལུ་གུ་རྒྱུད་ཉིད་ཡིན་ལ། ད་ལྟ་ནི་དབུ་མ་སྙིང་དང་འབྲེལ་བ་ལ་སྲོག་གི་རླུང་དང་བཅས་པ་དེར་བརྟེན་ཅིང་། མིག་དང་འབྲེལ་བའི་རྩ་ལ། ཁ་དོག་མེད་པའི་ཁ་དོག་ཅན། དབྱིབས་མེད་པའི་དབྱིབས་ཅན། མིག་རྒྱང་ཞག་ཆུའི་སྒྲོན་མའི་ནང་དུ་འཆར་བར་སྣང་སྟེ། ཕྱིར་སྣང་ཡང་ཕྱི་རོལ་ན་ཡོད་པ་མ་ཡིན་ནོ། །འདི་ནི་དུས་འཁོར་དུ་རེ་ཁ་ཞེས་བཤད་དོ། །བརྟན་གཡོ་ཐམས་ཅད་གསལ་བ་ནི་བརྟན་པ་རི་གླིང་ལ་སོགས་པ་ནས་སངས་རྒྱས་ཀྱི་སྐུའི་རྣམ་པའི་བར་འདི་ཡི་ནང་དུ་སྣང་བ་དེ་མི་འགྱུར་བར་གསལ་ཞིང་། གཡོ་བ་ནི་རྟོག་པ་ཅུང་འགྱུ་ཡང་འདིས་ཚོར་གྱི་གཡོ་བར་འགྱུར་གྱི་དབྱིངས་ཀྱི་སྟོང་གཟུགས་ཀྱིས་དེ་གཉིས་ཀའི་མཚན་ཉིད་མི་ཤེས་ཏེ། དེའི་ཕྱིར་རྟགས་བཅུ་ནི་རྣམ་པ་ཀུན་ལྡན་ཡིན་ལ། རེ་ཁ་ནི་བཅུ་མ་ཡིན་ནོ། །འདིར་དབྱིངས་ལ་རིགས་གསུམ་སྟེ། རྣམ་དག་སྒྲོན་མ་ནི་འོད་ལྔ་ལྡན་ནོ། །དང་པོ་ནི་མཐིང་ཁ་ཁྱབ་པའོ། །དེའང་མཐིང་ཁ་ལས་མཆེད་ཁ་དོག་ལྔ་ཞེས་སོ། །གཉིས་པ་ནི། ཐིག་ལེ་སྟོང་པའི་སྒྲོན་མ་ནི། དམར་ལ་གསལ་བའི་ཐིག་ལེ་ཆེན་པོ་རྩ་གཏེམས་ན་སྣང་བ་སྟེ། དེ་ནི་དུས་འཁོར་ནས་ཀྱང་། ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །ཞེས་བཤད་དོ། །གསུམ་པ་ནི། ཕྱིའི་དབྱིངས་ནམ་མཁའ་ཡིན་ཏེ། དེ་ཉམས་ལ་ཡང་ནམ་མཁའ་སྣང་། དེ་ཐམས་ཅད་སྟོང་པར་མཐོང་བའོ། །དེ་ལྟར་ཕྱི་དབྱིངས་ནམ་མཁའ་སྟོང་པའོ། །ཞེས་སོ། །དེ་ལྟར་གསུམ་ག་ཡང་རིག་པའི་ཆ་ཤས་ཡིན་ཞིང་། ད་ལྟ་ནི་མིག་གི་དྭངས་མ་ཆུ་ཡོད་པ་དང་། དེའི་མཐའ་ན་འོད་ལྔའི་རིས་ཡོད་པ་དང་། རྩ་སྟོང་པ་ནས་རྣམ་པར་ཤེས་པ་འགྱུ་བ་རྣམས་ཀྱི་རྒྱུ་ལས་བྱུང་སྟེ། དབྱིངས་འདི་རྣམས་མིག་མེད་ན་མི་འབྱུང་སྟེ། འདི་རྣམས་རིག་པ་ལ་བརྟེན་ནས་སྣང་བས་གཞལ་ཡས་ཁང་དུའང་བཤད་དོ། །རིག་པ་དང་འདི་གཉིས་ངོ་མ་ཤེས་ན། གདམས་ངག་གི་ཁྱད་མི་ཤེས་ཏེ་གསང་(༡༣༩)སྐོར་མན་ཆད་རིག་པའི་སྐད་ཡོད་ཀྱང་། དབྱིངས་མེད་པ་ངོ་སྤྲོད་མི་ཤེས་སོ། །རིག་པའི་བཤད་པ་རྣམས་དབྱིངས་ཀྱི་སྟོང་གཟུགས་ལ་སྦྱོར་ཏེ། འདི་ནི་འཁྲུལ་ཏེ་ནོར་བུ་བཻ་ཌཱུརྱའི་ཡོན་ཏན་མཆིང་བུ་ལ་སྦྱར་བ་དང་མཚུངས་སོ། །དབྱིངས་ཀྱི་སྣང་བ་འཕེལ་བ་རྒྱང་ལ་གཏད་ཅིང་བསྒོམས་ཀྱང་། རིག་པ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་མེད་ན་ཁམས་གསུམ་ལས་གཏན་མི་ཐར་རོ། །འདི་ནས་འབྲས་བུའི་སྐབས་ན། ཕྱི་ལྷ་མིའི་འབྲས་བུ་མཐར་ཐུག །ནང་གི་འོད་གསལ་ལྷ་རྣམས་སོ། །ཞེས་པ་དང་། ཡང་འགྲེལ་པ་ནས་མི་འགྱུར་བའི་ལུས་རྙེད་པར་བྱེད་པ་ལ། སྣང་བ་འཕེལ་བ་འབའ་ཞིག་ལ་བལྟས་ན་བསམ་གཏན་གྱི་ལྷའི་སྐྱེ་གནས་ལས་མི་གྲོལ་བའི་ཕྱིར་ན་ཆོས་ཉིད་ཟད་པའི་སྣང་བ་ལ་ཅི་ཡང་མ་གྲུབ་པར་གཏན་ལ་དབབ་བོ། །ཞེས་གསུངས་སོ། །སྦྱོར་དྲུག་པས་ཀྱང་རེ་ཁ་འདི་མ་ཤེས་པས། སྟོང་གཟུགས་ཀྱི་ལྷ་མཐོང་བ་ལ་མཆོག་འཛིན་བྱེད་པ་འཁྲུལ་ཏེ། འདི་རྣམས་ཀྱི་དབྱེ་བ་དང་བཤད་པ་རྒྱུད་བཅུ་བདུན་དང་དུས་འཁོར་ལས་གསུངས་པ་མང་ཡང་འཕྲོས་པས་ཆོག་གོ། །མདོར་ན་རིག་པ་ནི་ཡུལ་ཡེ་ཤེས་རང་བྱུང་གི་སྒྲོན་མ་ནི་ཡུལ་ཅན་གྱི་ཡེ་ཤེས་ཏེ། དེ་གཉིས་རྣམ་པར་དག་པར་ངོ་སྤྲོད་ཅིང་། ཉམས་སུ་ལེན་པ་ནི་གནད་ཡིན་ནོ། །འདི་ལ་རྒྱུ་རྐྱེན་མེད་དོ་ཞེས་བཤད་པ་ནི། །དེ་གཉིས་ཀྱི་ངོ་བོ་ཡིན་གྱི་དབྱིངས་ཀྱི་སྣང་བ་དང་། འཁྲུལ་པའི་རྟོག་པ་མཚན་ཉིད་འཛིན་པ་ལ་རྒྱུ་རྐྱེན་མཐོང་བཞིན་དུ་མེད་པར་བྱས་ན་ནོར་བར་འགྱུར་རོ། །དབྱིངས་ཀྱི་སྣང་བ་འབྱུང་བའི་རྒྱུ་རྐྱེན་སྣང་ལུགས་ཡེ་ཤེས་ལྔ་ལ་སྦྱར་བ་ནི། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་རྒྱ་མཚོ་ཨར་གཏད་དུ་རྒྱ་ཆེར་གསུངས་སོ། །

གཉིས་པ་འཁྲུལ་མ་འཁྲུལ་སྔར་ཞོར་ལ་བཤད་ཀྱང་འདིར་ཡང་ཅུང་ཟད་བསྟན་པར་བྱ་སྟེ། མཚན་ཉིད་འཛིན་པའི་རིག་པ་ལ། མཚན་ཉིད་ཡོད་ཕྱིར་འདོད་པ་དང་། ཡུལ་ཅན་དུ་བདེན་རྟོག་གིས་བཅིངས་པ་དེ་འཁྲུལ་པ་ཡིན་ཏེ། དེ་ལྟར་མེད་པའི་ཕྱིར་རོ། །མཚན་ཉིད་འཛིན་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་ཡུལ་ཐམས་ཅད་དབྱིངས་དང་རིག་པ་(༡༤༠)སྣང་ལ་རང་བཞིན་མེད་པ་ཉིད་དང་། ཡུལ་ཅན་གཉིས་འཛིན་གྱི་རྟོག་པ་རང་སར་དག་པས། ཟུང་འཇུག་དག་པའི་རང་བཞིན་དུ་སོང་བ་ནི་མ་འཁྲུལ་པ་ཡིན་ཏེ། འདི་ཉིད་ནས། སྤྲུལ་སྐུའི་ཡེ་ཤེས་རྣམ་པ་གཉིས། །ཤེས་བྱ་ཅི་ལྟའི་གནས་ལུགས་ཤེས། །ཇི་སྙེད་ཅིག་ཅེས་དོན་རྣམས་ཤེས། །ཞེས་འབྱུང་བའི་དོན་ཡིན་ནོ། །གཞི་འཛིན་པའི་རིག་པ་ནི། རྟོག་པ་ཉོན་མོངས་དང་བཅས་པའི་དུས་ན་འཁྲུལ་པ་ཡིན་ལ། དེ་རྣམས་ཀྱི་འཁྲུལ་རྐྱེན་བྲལ་བ་ནི་མ་འཁྲུལ་པ་ཡིན་ནོ། །དོན་ལ་འདི་ཀུན་གཞི་ཞེས་བྱའོ། །དེ་ཡང་རང་གི་ལུས་ལ་གནས་པའི་དུས་ན་ཤེས་པ་ཐམས་ཅད་བསྐྱེད་ཅིང་རང་གསལ་ཙམ་དུ་གནས་པའོ། །ཞེས་སོ། །གཞིར་གནས་ནི། སྒྲིབ་བྱེད་ཀྱི་རྐྱེན་དང་མ་བྲལ་བའི་དུས་ན་འཁྲུལ་པ་ཡིན་ལ། དེའི་ངོ་བོ་ནི་མ་འཁྲུལ་པའི་རང་བཞིན་དུ་གནས་སོ། །དེ་ནས་ངོ་བོ་ཀ་དག་གི་གནས་ལུགས་ཏེ་ཡེ་ཤེས་གསུམ་ལྡན་དུ་ཡོད་དེ། ཆ་ཡིས་མ་བསྒོས་པའི་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་སྟེ། ཡེ་ཤེས་དེ་ཡང་ཕྲ་བའི་ཡེ་ཤེས་སུ་གནས་སོ། །ཞེས་སོ། །ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ནི། རང་གི་རིག་པ་ཉིད་ཀྱིས་རང་ངོ་ཡེ་ཤེས་ཀྱི་སྐུར་མ་ཤེས་ནས་ཕྱི་རུ་རྟོག་པ་དང་། འོད་ཟེར་དབྱིབས་དང་ཁ་དོག་ལ་སོགས་པ་ལ་དོན་མེད་པའི་འགྲོ་བ་རིགས་དྲུག་གི་ཡུལ་དང་། ཡུལ་ཅན་དུ་བཟུང་ནས་བླང་དོར་བྱ་རྒྱུ་དང་། བྱས་པར་འདོད་པ་འཁྲུལ་ལ། དེ་ཉིད་རང་གི་རིག་པ་རང་སྣང་རང་གྲོལ་དུ་གོམས་པ་ནི་མ་འཁྲུལ་བ་ཞེས་བྱའོ། །ཐོད་རྒལ་གྱི་རིག་པ་ལ། ཉམས་སུ་བླངས་ནས་ཚད་དུ་ཕྱིན་པའི་མིང་ཡིན་པས་འཁྲུལ་པ་ཟད་པ་འབྲས་བུའི་གནས་ལུགས་མ་འཁྲུལ་བ་ཡིན་ཏེ། དེ་ཡང་ཆོས་བོར་བ་ཞེས་བྱ། ཆོས་ཟད་པ་ཞེས་བྱ། ཆོས་ལས་འདས་པ་ཞེས་བྱ། ཆོས་ལས་གྲོལ་བ་ཅེས་བྱ། ཞེས་བྱུང་ངོ་། །འོན་ཀྱང་ཡུལ་དང་ཡུལ་ཅན་གཉིས་ཀ་བདེན་པར་ཡོད་པའི་རྟོག་པ་དང་མི་བདེན་པ་གཉིས་ཀའི་རྟོག་པ་བྱུང་ན་ད་ལྟ་འཁྲུལ་པའི་རིག་པས་བསླད་པ་ཡིན་ནོ། །

གསུམ་པ་ཉམས་སུ་ལེན་དུ་འགྲོ་བའི་དོན་ནི། དབྱིངས་རིག་མཐོང་བའི་རིག་པ་མངོན་སུམ་གྱི་(༡༤༡)དུས་ན་སྣང་སྟོང་དབྱེར་མེད་ངོ་བོའི་འདུག་ཚུལ་དེ་ལ་མཚན་ཉིད་འཛིན་པའི་རིག་པས་བརྟགས་ཀྱང་། ཐམས་ཅད་དང་མཐུན་ལ་ཐམས་ཅད་མ་ཡིན་པར་སྣང་ཞིང་། སེམས་དང་ཡེ་ཤེས་རང་བཞིན་གཅིག་པ་དང་ཐ་དད་དུ་བསྟན་དུ་མེད་པ་ནི་དོན་དམ་དང་ཀུན་རྫོབ་གྱི་གནས་ལུགས་ཐམས་ཅད་འདུས་པར་ཐག་ཆོད་པས་ལྟ་བ། དེ་ལ་ཉམས་ལེན་སྐད་ཅིག་ཀྱང་མ་བྲལ་བ་དགོས། བྲལ་ན་སྐྱེད་མེད་པར་དབང་པོའི་མངོན་སུམ་དུ་མཐོང་བས་བརྩོན་འགྲུས་ཤུགས་ལ་འབྱུང་བ་བསྒོམ་པ། དེ་ལ་འདུ་འབྲལ་མེད་པར་སྤྱོད་ན་སྐུ་དང་ཞིང་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་སྣང་ཞིང་། ཐེག་ཆེན་གྱི་ཆོས་སྒྲ་ཐོས་ལ་སྒོ་ལྔ་མ་འགགས་ཀྱང་འདོད་པའི་རྟོག་པ་མེད་ཅིང་། ཡིད་ལ་དེ་རྣམས་ཀྱི་རྣམ་པ་དང་འདོད་པ་དང་གཟུགས་མེད་ཀྱི་རྟོག་པ་འཁྲུལ་པར་ཤེས་ནས་རྒྱུ་འབྲས་མཁྱེན་པའི་ཤེས་རབ་སྐྱེ་ཞིང་མི་དགེ་བ་བཅུའི་སེམས་སྐད་ཅིག་ཀྱང་མི་འགྱུ་བས་ན་སྤྱོད་པ་ཞེས་བྱ་ལ། འབྲས་བུ་རང་སེམས་ཡེ་ཤེས་དང་འབྲེལ་བར་མངོན་དུ་འགྱུར་བའི་ཕྱིར། ཉམས་གོང་འཕེལ་ཞེས་བཤད་ལ། རིག་པ་ཚད་ལ་ཕེབས་པའི་ཚེ། གསལ་སྣང་གི་ཆ་སྟོང་གསུམ་གང་བ་བལྟས་ཀྱང་ཁྱབ་པ་གཉིས་འཛིན་གྱི་འཁྲུལ་པ་ནུབ་ཅིང་། གང་འདོད་པའི་དབང་འབྱོར་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ནུས་ཤིང་། ཆོས་ཐམས་ཅད་ཟད་པའི་དུས་ན་གཉིས་འཛིན་གྱི་བག་ཆགས་ཐམས་ཅད་དང་བྲལ་བ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡིན་ན་ཉམས་ལེན་དེ་ལས་མཆོག་མེད་དོ། །དེའི་རྒྱུ་མཚན་གྱིས། རྣམ་པ་འདི་ཉམས་སུ་ལེན་པའི་ལུས་གནད་ལྟ་སྟངས་རྣམས་ནི་དང་པོའི་རྐྱེན་ཙམ་ཡིན་ནོ། །ངོ་བོ་གནད་དུ་བསྣུན་པ་ནི། འདི་ལྟར་གསུངས་ཏེ། དབྱིངས་ལ་བསྟན་པར་བྱ་བའི་ཕྱིར། །སྣང་བ་ཀུན་ལ་རང་གཟེར་བཏབ། །ཞེས་བྱ་བ་དབྱིབས་ནི་སྔར་བསྟན་པ་ལྟར་ནང་གི་རྒྱུ་རྐྱེན་ལས་སྣང་བ་ཡིན་པས། གཟུགས་སོགས་སྣང་བ་ཐམས་ཅད་དེ་དང་བསྲེས་ལ་ཐ་དད་མེད་པར་ཉམས་སུ་བླང་ངོ་། །སྣང་བ་ལོགས་སུ་བཞག་དབྱིངས་ཀྱི་འབར་བ་ཟླ་ཉི་འོད་འཇའ་ཚོན་ཐིག་ལེ་སྐུ་སྣང་། ལོགས་(༡༤༢)གཅིག་ཏུ་བཞག་པས་མི་ཡོང་ངོ་། །རིག་པ་བརྟན་པར་བྱ་བའི་ཕྱིར། །ངོ་བོ་ཉིད་ནི་རྣལ་དུ་དབབ། །ཅེས་པ་ནི། རིག་པའི་དབྱེ་བ་ལྔ་ལ་མཁས་ཤིང་རྡོ་རྗེ་ལུ་གུ་རྒྱུད་ད་ལྟ་དབྱིངས་དང་འབྲེལ་བ་དང་རྩ་ནང་ནས་བརྒྱུད་དེ་ཤར་བ་དང་། ཤར་བ་དང་པོ་རྒྱང་ཞག་མིག་གི་ཆུ་ལ་ཤར་ཞིང་། དེ་ནས་ཕྱི་ནམ་མཁར་སྣང་བས་དབྱིབས་དང་ཁ་དོག་དུ་མར་སྣང་བར་ཟད་ཀྱི། ཁོ་རང་ནི་དང་པོ་ནས་ཐ་མའི་བར་དུ་མི་འགྱུར་ཞིང་ཐམས་ཅད་འགྲེ་ཡང་ཐམས་ཅད་ཀྱིས་མ་གོས་པ་ཡིན་པ་དེ་གོ་བར་བྱའོ། །ལྟ་བ་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལུ་གུ་རྒྱུད་ལ་གཟིར། །ཞེས་པ་ནི། སྣང་སྟོང་དབྱེར་མེད་མིག་ལ་སོགས་པའི་དབང་པོ་ཡུལ་དང་ཡུལ་ཅན། ཤེས་པ་ཐམས་ཅད་བཞག་པ་ནི། གང་གི་ཡང་མཐར་མ་ལྷུང་བ་ཉིད་ཡིན་ཏེ། གཞན་དང་ལུ་གུ་རྒྱུད་ཀྱི་ལྟ་བ་གཉིས་གཅིག་པོ་མ་ཡོར་སོ་སོར་བཞག །གཅིག་ཟུང་འཇུག་ཏུ་བྱེད་པ་ནི་མ་ཡིན་ནོ། །ཤེས་པ་བརྟན་པར་བྱ་བའི་ཕྱིར། །རིག་པ་དབྱིངས་སུ་བཙོན་དུ་གཟུང་། །ཞེས་པ་ནི་སྔར་བསྒོམས་པའི་གནད་བསྟན་པ་དེ་ཡིན་ནོ། །ལུས་ནི་བརྟན་པར་བྱ་བའི་ཕྱིར། །འདུག་སྟངས་རྣམས་ལ་རང་ལུས་སྦྱང་། །ངག་ནི་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལྐུགས་པ་ལྟ་བུར་གནས། །སེམས་ནི་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལུ་གུ་རྒྱུད་ལ་ལྟ། །ཞེས་པ་ནི། ལུས་ངག་ཡིད་ཀྱིས་འཇིག་རྟེན་གྱི་བྱ་བ་གཞན་རྒྱབ་ཏུ་ལིངས་ཀྱིས་བསྐྱུར་ལ་ཉམས་སུ་བླང་བར་བསྟན་པ་ཡིན་གྱི། དགེ་བ་བཅད་ནས་མི་དགེ་བའི་ལུས་ངག་ཡིད་གསུམ་རང་དགར་འཇོག་པ་ནི་མ་ཡིན་ནོ། །སྣང་བའི་འཁྲུལ་པ་རྒྱུན་བཅད་ཕྱིར། །སྟོང་པ་ཉིད་ལ་གོམས་པར་བྱ། །ཞེས་པ་ནི། སྟོང་གཟུགས་དབྱིངས་རིག་གི་སྣང་བ་ནས་ཆོས་དང་ཆོས་ཉིད་ཡིད་ལ་སྣང་བའི་བར་ཐམས་ཅད་སྤྲོས་བྲལ་སྟོང་ཞིང་མ་འགགས་པར་སྦྱང་དགོས་ཀྱིས། སྟོང་གཟུགས་འདི་བདེན་གྱི་སངས་རྒྱས་འདི་རང་ཡིན་ལ་སྣང་བ་འདི་ཡང་ཡེ་ཤེས་ཡིན་པས་འདི་ལ་ཞེན་པ་གྱིས་བྱས་ཀྱང་མི་ཕན་པའི་དོན་ནོ། །མདོར་བསྡུས་ན་རྣམ་པ་ཀུན་གྱི་མཆོག་(༡༤༣)དང་ལྡན་པའི་སྟོང་པ་ཉིད་མངོན་དུ་བྱ་བའི་ཕྱིར་འདི་ཐམས་ཅད་བརྗོད་པ་ཡིན་ནོ། །དེའི་ལམ་གྱི་དྲོད་ཚད་འཛིན་པ་ལ་རྟགས་དང་ཚད་བཤད་པ་ནི་གལ་ཆེའོ། །དེ་ཡང་ཕྱི་རུ་རྣལ་འབྱོར་པ་ལ་གཞན་གྱིས་མཐོང་བ་དང་། རང་གིས་ནང་ནས་རྟོགས་པ་ལ་དབང་ཐོབ་མ་ཐོབ་ཀྱི་ཚད་དང་དབྱིངས་རིག་གི་སྣང་ཆའི་རྟགས་གསུམ་འཛོམ་མ་འཛོམ་ལྟ་བ་གལ་ཆེའོ། །དེ་གསུམ་མ་འཛོམ་ན་སྟོང་གཟུགས་ཀྱི་ལྷ་མང་ཡང་མི་ཕན། ཤེས་རབ་ཆེ་ཡང་མི་ཕན། ལུས་ལ་རྫུ་འཕྲུལ་བྱུང་ཡང་མི་ཕན་ནོ། །རྒྱ་ཆེ་བར་རྒྱུད་གདམས་ངག་ལས་གསུངས་ཀྱང་མ་སྤྲོས་སོ། །འདི་ལྟར་ཉམས་སུ་ལེན་པའི་གནད་མ་གོ་བར། ལ་ལ་རྫོགས་ཆེན་བྱར་མེད་དུ་བཤད་ཟེར་ནས་ལུས་ངག་ཉོན་མོངས་རང་དགར་འཇོག་པ་དང་། ལ་ལ་དགེ་སྡིག་ལ་ཕན་གནོད་མེད་ཟེར་ནས་སྡིག་སྤྱོད་དགེ་བ་སྐྱུར་བ་དང་། ལ་ལ་སྟོང་གཟུགས་དབྱིངས་རིག་མཐོང་བས་སངས་རྒྱས་ཡིན་ཟེར་ནས་ཐམས་ཅད་མཁྱེན་པའི་ཤེས་རབ་ལ་དམོད་པ་དང་། གཞན་ཡང་སྟོང་པ་ཉིད་བསམ་དུ་མེད་ཟེར་ནས་གཏི་མུག་ཏུ་འཇོག་པ་དང་། ལ་ལ་སངས་རྒྱས་ཀྱི་རྒྱུད་རིག་བྱ་དང་རྟོག་གེ་ཡང་ཡིན་ཟེར་ནས་སྟོང་པ་ཉིད་ལ་གཤེ་བ་དང་། ལ་ལ་སྟོང་པ་རྐྱང་གིས་སངས་རྒྱས་ཐོབ་ཟེར་ནས་རང་འཇིག་རྟེན་གྱི་དངོས་པོ་ལ་སྤྱོད་པ་དང་། མདོར་ན་ཕྱོགས་རེ་ལ་ཞེན་པ་དཔག་ཏུ་མེད་པ་ཡོད་ཀྱང་། དེ་ཐམས་ཅད་ལོག་ལྟ་དང་འཇིག་ཚོགས་དང་མཐར་འཛིན་དང་། མ་རིག་པའི་སྐོར་བཟློག་རྐྱང་པ་ཡིན་པས་བདུད་ཀྱིས་ཟིན་པ་ཡིན་ནོ། །

བར་སྐབས་ཀྱི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་ནི། འདི་བརྗོད་ཐབས་དང་ཤེས་རབ་དབྱེར་མེད་བརྩོན་འགྲུས་ལྡན། །སྤངས་ཐོབ་བྲལ་གང་རྣམ་ཀུན་མཆོག་ལྡན་དེ་ཐོབ་བྱ། །གཞན་ལ་ཚིག་ངན་བརྗོད་མིན་ལོག་པར་མཐོང་གྱུར་ནས། །ངེད་ལ་ཟེར་ཅིང་ལྟ་ངན་ཞུགས་ཏེ་ལེན་པ་བྱུང་སྲིད་ན། །བཟོད་པར་མཛོད་ཅིག་དེས་ཀྱང་སེམས་མ་ཞི་ན་དམྱལ་བར་སོང་། །མཐའ་བྲལ་ཐབས་ཀྱིས་བརྒྱན་པ་རང་བྱུང་རྣམས་ཀྱི་དགོངས་པ་ཡིན། །བཞི་པ་འབྲས་བུ་ནི་སྐུ་གསུམ་གཞི་ལ་བཞུགས་པ། ངོ་(༡༤༤)བོ་རང་བཞིན་ཐུགས་རྗེ་གསུམ། དེས་ལམ་དུ་བྱས་པ་དེ་གསུམ་གྱི་བྱ་བ་ཅི་ཡོད་ཀྱི་བར་ཡིན་ལ། དེ་འབྲས་བུར་གྱུར་པ་ཐམས་ཅད་ཀྱི་འཁྲུལ་པ་དག་པ་ཡིན་པས་གཞུང་རྣམས་ནས་རྒྱ་ཆེར་གསུངས་པ་འདིར་མ་སྤྲོས་སོ། །དེ་རྣམས་འདིར་འཕྲོས་པ་བཤད་པ་ཡིན་ནོ། །དེ་ལྟར་བསྟན་ཅིང་ཤེས་ནས་ཉམས་སུ་ལེན་པ་ནི། རྟག་ཏུ་ཁྱིམ་མེད་རི་ཁྲོད་འགྲིམ། །ཞེས་བྱ་བ་ནི་བྱ་བ་བཏང་ནས་དབེན་པ་བརྟེན་པའོ། །མཚན་དུས་རང་གི་གནས་ཁང་དུ། །ཉིན་མོ་བཞིན་དུ་ལྟ་ཞིང་བརྟག །ཅེས་པ་ནི་མུན་པའི་རྣལ་འབྱོར་ཏེ། རྒྱ་མཚོ་ཨར་གཏད་ཀྱི་གནད་ཤེས་པར་བྱས་ལ་བསྒོམ་མོ། །ཉིན་པར་རི་ཁྲོད་གཅན་གཟན་བཞིན། །ཞེས་པ་ནི། གང་ལའང་མི་འཇིགས་པའོ། །དེ་ལྟར་བྱེད་པའི་སྐྱེས་བུ་ནི། །སངས་རྒྱས་ཀུན་ཏུ་བཟང་པོ་དང་། །རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཞེས་པས་ཉམས་སུ་བླང་བ་གལ་ཆེའོ། །དེ་ནས་སྣང་བ་གོང་འཕེལ་རིམ་པར་འབྱུང་བའི་གཞུང་དང་རྟགས་ཚད་རྣམས་རིམ་པས་སྦྱར་ལ་ལྟའོ། །རིག་པ་མངོན་སུམ་གྱི་དོན་བསྟན་པ་སྟེ་དགུ་པའོ།། །།

དུམ་བུ་བཅུ་པ། ཟངས་ཡིག་ཅན་མའི་ཁྲིད་ཀྱི་རིམ་པ།

དེ་མན་ཆོད་ནི་རིག་པ་རྒྱབ་བརྟེན་དང་འགལ་བ་བསྡུས་པ་དང་། གཞན་དོན་བསྡུས་པ་དང་། རིག་པ་བསྡུས་པ་དང་། སྐུ་གསུམ་བསྡུས་པ་དང་། ལྟ་སྤྱོད་བསྡུས་པ་དང་། ཉག་གཅིག་བསྡུས་པ་དང་། དགེ་སྡིག་བསྡུས་པ་རྣམས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ངེས་ཤེས་བསྐྱེད་པའི་རྒྱབ་བརྟེན་ཡིན་པས། རྩ་བ་དང་། བི་མ་ལའི་འགྲེལ་པ་གཉིས་སྦྱར་ལ་བཤད་དོ། །སྤྱིའི་དོན་གོ་བར་བྱེད་པ་ལ་དུང་ཡིག་ཅན་གལ་ཆེའོ། །བསྟན་པའི་བུ་གཅིག་ནི་བཅངས་པས་ཡོན་ཏན་འབྱུང་བའོ། །མདོར་ན་རྒྱུད་བཅུ་བདུན་འགྲེལ་པ་གདམས་ངག་དང་བཅས་པ་དང་། མན་ངག་བརྒྱ་དང་བཅུ་དགུ་པོ་རྣམས་ལ་ལྟའོ། །སྤྲོས་པ་མེད་པ་རྣམས་ལ་ཁྲིད་ཡིག་འདི་དང་། ཟངས་ཡིག་ཅན་རྩ་བ་དང་། འགྲེལ་པ་དུམ་བུ་གཉིས་པ་དེ་དང་། རྟགས་དང་ཚད་རྣམས་ཀྱིས་ཆོག་གོ། །གཞན་ལ་སྟོན་ན་དབང་རྣམས་དགོས་སོ། །ཡན་ལག་ཁྲེགས་ཆོད་བདུན་པ་དང་། ཁྱུང་ཆེན་དང་། པྲ་ཁྲིད་ཡོད་ན་བཟང་། དུས་གཅིག་མཉམ་སྦྱོར་དང་། རྣམ་རྟོག་ཐོག་བརྫིས་གཉིས་ཀྱང་ཉམས་(༡༤༥)ལེན་གྱི་གྲོགས་སུ་འགྲོའོ། །ཟངས་ཡིག་ཅན་མའི་ཁྲིད་ཀྱི་རིམ་པ་དུམ་བུ་བཅུ་པ་རྫོགས་སོ།། །།

རྒྱལ་བས་གསུངས་པའི་དམ་ཆོས་ཀུན་གྱི་བཅུད། །ལུང་དང་རྟོགས་པར་འབྲེལ་བ་གསང་སྔགས་དོན། །རྫོགས་རིམ་སྙིང་ཕྱུང་མངོན་སུམ་ལྟ་བའི་གནད། །མན་ངག་དེབས་དང་མཐུན་པར་བདག་གིས་བསྡེབས། །ཡི་གེ་རྣམས་ལ་བལྟས་པའི་རྟོག་དཔྱོད་མིན། །བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། །ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ན། །མངོན་སུམ་ལྟར་སྣང་བདག་གི་མཛོད་སྤུར་ཐིམ། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ། །འདི་ནི་ཆོས་ཀུན་མཐུན་ཞིང་ཁྱད་པར་དུ། །མངོན་སུམ་རིག་པའི་ཁྱད་ཀྱིས་འཕགས་པ་ཡིན། །དེ་ལྟར་ཡི་གེར་བཀོད་པ་མི་འོས་ཀྱང་། །ཉམས་སུ་ལེན་དང་གཞན་ལ་ཕན་བྱེད་པའི། །སྐྱེས་ཆེན་དུ་མས་བསྐུལ་ནས་སྦྱར་བ་ཡིན། །དགེ་བས་ཆོས་ཀུན་ཟད་སར་ཕྱིན་གྱུར་ཅིག །རང་བྱུང་རྡོ་རྗེས་རང་བྱུང་གི། །ཡེ་ཤེས་མངོན་སྟོན་ཡི་གེ་སྦྱར། །ལུང་དོན་བཤད་ན་ཟད་པ་མེད། །སྤྲོས་པ་ཆོད་ན་ཉམས་སུ་ལོངས། །བྱ་ལོ་ཟླ་བ་དྲུག་པ་ལ་སྦྱར་བའོ། །གདམས་ངག་འདི་ཤེས་མིན་མི་ཤེས་མིན་རྣམས་ལ་སྦ་བར་བྱས་ལ། སྐལ་ལྡན་ཉམས་ལེན་བྱེད་པ་རྣམས་ལ་བསྟན་པར་བྱའོ། །དམ་ཚིག་དང་ལྡན་པ་རྣམས་ལ་བཀའ་སྲུང་རྣམས་ཀྱིས་བཀའ་ཁྲོལ་ལ་སྟོང་གྲོགས་མཛོད་ཅིག །དམ་མེད་ལོག་པར་ལྟ་བ་རྣམས་ལ་ཆད་པ་འབབ་བོ། །བཀྲ་ཤིས་དཔལ་འབར་ཡེ་ཤེས་རྒྱས་འབར་འཛམ་གླིང་མཛེས་པའི་རྒྱན་དུ་ཤོག། །།

ན་མོ་བི་མ་ལ་མི་ཏྲ་བྷྱ༔ ༼མཆོད་བརྗོད།༽ སྡོམ་ལྡན་དབང་ཐོབ་རྒྱུད་སྨིན་ཅིང་། །༼དབང་བཞི།༽ ངེས་འབྱུང་སྙིང་རྗེ་ཆེ་ལྡན་པ། །༼བྱང་ཆུབ་སེམས་སྦྱོང་།༽ རྩ་རླུང་ཐིག་ལེ་གནད་དུ་བསྣུན། །༼ཕྲ་ཁྲིད་རྣམས།༽ ཆོས་ཀུན་སྤྲོས་བྲལ་༼ཁྲེགས་ཆོད་ཀྱི་ཁྲིད་༽དོན་རིག་གནས། །སྣང་བ་སེམས་ཤེས་༼སྣང་སྲིད་གཉིས་༽རུ་ཤན་ཕྱེད། །དབེན་པར་སེང་གེ་༼འདུག་སྟངས་གསུམ་༽གླང་ཆེན་དང་། །དྲང་སྲོང་ལྟ་བུ་ལུས་ཀྱི་གནད། །སྟེང་འོག་ཟུར་ལ་༼ལྟ་སྟངས་གསུམ་༽(༡༤༦)མ་འགྱུར་ལྟ། །མཁའ་ལ་དབྱིངས་དང་༼ངོ་སྤྲོད་རིག་པ་གསུམ་༽རིག་པ་ཚད། །སྣང་དང་མཆེད་༼རྣམས་གོང་འཕེལ་རིག་༽དང་ཚད་དུ་ཕྱིན། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །༼ཕྱི་ནང་རིག་པ།༽ ཀུན་མཐོང་ཆོས་ཟད་མཐར་༼འབྲས་བུ་༽ཐུག་ཐོབ། །སངས་རྒྱས་ཀུན་གྱི་༼མཇུག་སྡུད་༽རྟོགས་པའི་གནད། །ཚིག་གསུམ་གནད་དྲིལ་སྙིང་ཐིག་ལ། །རྒྱུད་ལུང་ཀུན་ན་འདི་ལས་མེད། །རང་བྱུང་གིས་བསྟན་ཉམས་ལེན་མཛོད། །རྫོགས་པ་ཆེན་པོ་ཚིག་བཞི་བི་མ་ལ་ཡིས་བྱིན་གྱིས་བརླབས་པ། རང་བྱུང་རྡོ་རྗེས་བསྟན་པ་འདི། སྐལ་ལྡན་རྣམས་ཀྱིས་འཇིག་རྟེན་གྱི་བྱ་བ་སྤོངས་ལ་ཉམས་སུ་ལོངས་ཤིག །བཀའ་སྲུང་རྣམས་ཀྱིས་གཉེར་མཛོད་ཅིག །སརྦ་མངྒ་ལཾ། ཛ་ཡནྟུ།། །།

གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གསང་བའི་མན་ངག

༄༅༔ གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གསང་བའི་མན་ངག་བཞུགས་སོ༔

༄༅༔ མྭཐཏྲཾནརྦག༔ ད་ནི་རྒྱ་མཚོ་ཨར་ལ་གཏད་པའི་དུམ་བུ་འོག་མའི་གབ་པ་རྣམས་མངོན་དུ་འབྱིན་པར་བྱེད་པའི་གནད་ཀྱི་ཡི་གེ་གསང་བ༔ རྒྱབ་བརྟེན་གསང་བར་བྱེད་པའི་གནད་བསྟན་པ་ནི༔ འདི་ལ་ནི་སློབ་དཔོན་གྱིས་ཡང་དག་པའི་གནད་གཉིས་ལས་གསུངས་ཏེ༔ དྲང་བའི་གནད་དང་ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་ངོ་བོའི་གནད་གཉིས་ལས་མ་གསུངས་པས༔ འདིར་ཡང་གནད་ཀྱི་མན་ངག་གསང་བ་གཉིས་ལས༔ དྲང་བའི་ཐབས་ཀྱི་གནད་ནི་གསུམ་སྟེ་ལུས་གནད་དངོས་ཀྱི་སྒྲོན་མ་གཉིས་ཏེ་ཡང་དག་པའི་གནད་ད་ལྟ་ཉིད་དུ་སྣང་བར་བསྟན་པ་དང༔ གནད་རྩའི་གནད་ཀྱིས་སྒྲོན་མ་ཉིད་ཡུར་བར་དྲང་བ་དང༔ ཡུལ་དང་དབང་པོའི་གནད་ཀྱིས་སྒྲོན་མ་ནམ་མཁའ་ལ་དབྱུང་བར་བྱ་བ་ཡིན་ནོ༔ དེ་ལ་སྐྱེས་བུ་དད་པ་དང་ལྡན་ཞིང་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ་ཞིག་གིས་སྔོན་དུ་རང་གི་བླ་མ་མཉེས་པར་བྱས་ནས༔ སྒྲོན་མ་ཨར་ལ་གཏད་པའི་གསང་ཆེན་གྱིས༔ མན་ངག་འདི་ནི་ཡང་ནས་ཡང་དུ་གྲས་ཐག་བཅད་ལ༔ འཇིག་རྟེན་འདིའི་ཞེན་པའི་བློ་ཐམས་ཅད་དོར་ལ་རང་བཞིན་གཉིས་སུ་མེད་པའི་དགོངས་པ་ལ་གནས་པར་བྱ་བའི་ཕྱིར༔ རང་གི་ཡུལ་རྐྱེན་གྱིས་མི་གནོད་པའི་དགོན་པར་སོང་ལ༔ གྲོགས་སྤངས་ལ་རང་(༡༤༧)གཅིག་པུར་གནས་པར་བྱའོ༔ དེ་ནས་དུམ་བུ་གོང་མའི་གནད་ཀྱི་ཡི་གེར་བསྟན་པ་ལྟར༔ ལུས་ངག་ཡིད་གསུམ་གྱི་གནད་རྣམས་བསྟུན་ལ༔ སྒྲོན་མ་བརྟན་པའི་གནད་བྱ་སྟེ༔ གོང་ལྟར་ལུས་དལ་བར་གནས་པ་གནད་ཡིན་པས༔ ད་ནི་ལུས་འདུག་སྟངས་རིན་པོ་ཆེ་གནད་ཀྱི་མན་ངག་ཡིན་ཏེ༔ སྟན་བདེ་བའི་སྟེང་དུ་ལུས་དྲང་སྲོང་ལྟ་བུའི་འདུག་སྟངས་བྱ་བས་ཏེ༔ གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ༔ ལུས་ཀྱི་ཆ་བསྲངས་ལ་རང་གི་ལག་པ་གཡས་གཡོན་མཐེབ་མཛུབ་བཞི་ཡིས་མིག་གཉིས་ཀྱི་ཐ་མ་གཉིས་གཙིར་བས་སྒྲོན་མའི་སྣང་བ་འོད་ཀྱི་ཐིག་ལེ་རྨ་བྱའི་མདོངས་ཀྱི་རྣམ་པ་ལྟ་བུ་ཞིག་འཆར་ཏེ༔ དེ་ལ་རང་གི་ཤེས་པ་གཏད་ཅིང་ཉམས་སུ་བླངས་པ་ནི་ཉིན་མཚན་ཐུན་བཞིའམ༔ དྲུག་ཏུ་བཅད་ལ་བསྒོམ་པར་བྱའོ༔ དེ་ལྟར་དུ་བྱས་པས་སྒྲོན་མ་ཉིད་ལ་སྣང་བར༔ སྣང་བ་འདི་ཀུན་ཀྱང་སེར་ལམ་ལམ་པའམ༔ དམར་ལམ་ལམ་པའམ༔ དཀར་ལམ་ལམ་པའམ༔ སྔོ་ལམ་ལམ་པའམ༔ རྩེར་རྩེར་དང༔ ལྷང་ལྷང་པོའི་སྣང་བ་དག་འབྱུང་བས་ཏེ༔

དེ་ནས་རང་གི་མཐེབ་མཛུབ་ཀྱི་རྩོལ་བ་བཏང་ཡང༔ ཕྱི་རོལ་གྱི་ས་རྡོ་རི་བྲག་གི་སྣང་བ་འདི་ཉིད་མི་སྣང་བར་གོང་མའི་སྣང་བའི་རྣམ་པར་གྱུར་ནས་ཡུན་རིང་བར་སྣང་བ་དག་པ་འབྱུང་བ་ཡིན་ནོ༔ དེ་ཡང༔ བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས༔ འགྲོ་བའི་མགོན་པོ་སེམས་དཔས་གསུངས༔ ཞེས་པས༔ སྡུག་བསྔལ་མེད་པར་བདེ་བ་མི་འབྱུང་བས་བདེ་བའི་སྣ་སྡུག་བསྔལ་གྱིས་འཁྲིད་པར་བྱེད་པ་ཡིན༔ དེའི་ཕྱིར་ན་དང་པོ་མིག་མི་བདེ་བ་ལ་སོགས་པ་སྡུག་བསྔལ་ཡིན་ལ༔ དེ་ལ་བརྟེན་ནས་བདེ་བ་ཉིད་རང་ལུགས་སུ་འཆར་བར་བྱེད་པ་ཡིན་ནོ༔ དེ་ནས་ལུས་ཀྱི་འདུག་སྟངས་གལ་ཆེ་སྟེ༔ རྒྱ་མདུད་ཀྱི་འདྲིལ་ལུགས་ནི་མིག་རབ་ཏུ་དྲིལ་ནས་ལྟ་བ་ཉིད་ཡིན་ནོ༔ མདའ་སྨྱུག་གི་སྲོང་ལུགས་ནི༔ ལུས་ཀྱི་ཆ་བསྲངས་པས་རྩ་མི་འཁྱོག་པར་དྲང་པོར་གནས༔ རྩ་མ་འཆུས་པས་ཡེ་ཤེས་ཟང་ཐལ་དུ་ཤར་བས་དགོངས་པ་ལ་སྐྱེ་འབྲི་མེད་པར་གནས་པའོ༔ དེའི་ཕྱིར་ན་ལུས་ཀྱི་(༡༤༨)དངོས་པོའི་གནད་འདི་གལ་ཆེ་ཞེས་ཏེ༔ ལུས་ལ་རིག་པའི་སྒྲོན་མ་བརྟེན་ནས་ཡོད་པའི་གནད་ཀྱིས༔ རིག་པའི་ཁྱིམ་གཞོམ་ཞེས་བྱ་སྟེ༔ སའི་གནད་ཀྱིས་དྲང་བའི་ཐབས་ཀྱིས་སྒྲོན་མ་ཉིད་ཡུར་བར་དྲོང་བ་ནི༔ ཕུག་གཏིབ་པའི་གནད་དང༔ ལམ་བསྒྱུར་བའི་གནད་དང༔ སྲང་དགག་པའི་གནད་དང༔ འཕྲང་སྒུག་པའི་གནད་རྣམས་ཀྱིས་བསྟན་པ་ཡིན་ནོ༔ ཕུག་གཏིབས་པའི་གནད་ནི་མིག་སྟེང་འོག་གཉིས་གཏིམས་པའི་ཐབས་ཀྱིས་སྣང་བ་མ་དག་པ་རྣམས་དག་པར་བྱེད་པ་ཡིན༔ ལམ་བསྒྱུར་བ་ནི་ཁ་སྣའི་རླུང་བསྡམས་ཏེ༔ ལུས་དྲག་ཏུ་གཅུད་པས་འོད་དམར་པོ་མེ་སྟག་གི་རྣམ་པ་ལྟ་བུར་སྤྲོས་ཏེ༔ འདིས་ནི་ཤེས་རབ་ཀྱི་རྩལ་འབྱིན་པར་བྱེད་པའོ༔ སྲང་དགག་པའི་གནད་ནི་རླུང་བཏེག་པ་སྒོར་སྦས་ཏེ་མགྲིན་པ་ཅུང་ཙམ་དགུག་ལ༔ མཐེ་བོང་ཤིན་ཏུ་དྲག་བསྒྲིམ༔ སྣར་སུག་པའི་རླངས་སམ་ཕྱེ་མ་བཏབ་ན༔ སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྐར་མའི་རྣམ་པ་ཤར་ནས༔ ས་རྡོའི་སྣང་བ་འདི་འགག་པར་ངེས་པ་ཡིན་ནོ༔ དེའི་ཕྱིར༔ ཡེ་ཤེས་སྐར་མ་ལམ་མེ་བ༔ ཞེས་གསུངས་སོ༔

འཕྲང་སྒུག་པ་ནི་མིག་གི་ཐ་མ་གཉིས༔ མཐེབ་མཛུབ་ཀྱིས་གཏེམས་པས་སྒྲོན་མ་དངོས་སུ་འཆར་བར་བྱེད་པ་ཡིན་ནོ༔ འདི་ལྟར་དུ་ནི་ཉིན་མཚན་དུ་བསྒོམས་པས་འདི་ཉིད་དང་མ་བྲལ་བར་ཉམས་སུ་བླངས་པས༔ སྣང་ཆ་སྣ་ཚོགས་པར་འཆར་བར་ངེས་སོ༔ མིག་མ་བདེ་བ་དང་ཐུན་གྱི་མཚམས་རྣམས་སུ་གོང་དུ་གཏེམས་པའི་དུས་ཀྱི་སྒྲོན་མ་ལ་ཡིད་གཏད་ཅིང་ཉམས་སུ་བླངས་པས་དོན་འགྲུབ་པ་ཡིན་ནོ༔ ཡུལ་དང་དབང་པོའི་གནད་ཀྱིས་དྲང་པའི་ཐབས་ནི༔ གོང་ལྟར་ལུས་ཀྱི་འདུག་སྟངས་ཀྱིས་གནད་དྲངས་ལ༔ ནམ་མཁའ་སྤྲིན་དང་བྲལ་བའི་དུས་སུ་ཁ་ལྷོ་ཕྱོགས་སུ་བལྟས་ལ༔ གཏད་པའི་འབེན་ཅི་ཡང་རུང་བ་ཅིག་ལ་གཏད་ལ༔ མིག་གི་མཐའ་གཉིས་གཏེམས་ལ༔ དབུས་ཀྱི་འབེན་ལ་ལྟ༔ སྒྲོན་མ་ཉིད་ལ་མི་གཏད་པར་སྣང་བ་ཉིད་ལ་ལྟའོ༔ དེ་ནས་སྣང་བ་ཤར་བའམ༔ སེར་བ་ལ་སོགས་པར་གྱུར་ནས་ས་རྡོ་མི་སྣང་བ་དག་འོང༔ དེ་ནས་མིག་གཏེམས་པ་དང་བྲལ་ཀྱང་འོང་སྟེ༔ དེ་གཏད་(༡༤༩)ཅིང་ལྟ་ཡང༔ ལྟ་ཙ་ན་གཏེམས༔ དེ་ཉིད་ལ་བལྟས་པས༔ རབ་འབྲིང་ཐ་མའི་བྱེ་བྲག་གིས༔ ཉི་མ་བཅུ་གཅིག་དང༔ ཉེར་གཅིག་དང༔ སུམ་ཅུ་རྩ་ལྔས་བར་མ་ཆད་པར་བྱས་ནས་ས་རྡོ་ལ་སོགས་དངོས་པོའི་སྣང་བ་འགགས་ཏེ༔ སྲིད་པའི་བར་དོའི་སྣང་བ་ལྟ་བུ་ལ་སྤྱོད་པར་ངེས་པ་ཡིན་ནོ༔ དྲང་ཐབས་གསུམ་གྱི་གནད་བསྟན་པའོ༔ སྒྲོན་མའི་ཐིག་ལེ་སྟོང་པའི་གནད་ནི༔ དེ་ལྟར་སྣང་བ་འགགས་པའི་དུས་ཀྱི་ཚེ༔ སྒྲོན་མ་ཉིད་ལ་གཏད་ཅིང་ཉམས་སུ་བླངས་པས༔ ལོ་ལྔ་དང༔ བདུན་དང༔ བཅུ་གཅིག་ན་ཡེ་ཤེས་ལྔའི་སྣང་བ་རྣམ་པར་དག་པ་འབྱུང་བར་ངེས་ཏེ༔ རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཀྱི་བར་དོ་ལྟ་བུའི་སྣང་བ་ལ་ལོངས་སྤྱོད་པར་ངེས་སོ༔ གནད་ཀྱི་མན་ངག་དེ་ལྟ་བུ་དང་བསྟུན་པས་རྣལ་འབྱོར་པའི་དོན་འགྲུབ་པ་ཡིན་ནོ༔ རྒྱ་མཚོ་ཨར་ལ་གཏད་པའི་རྒྱབ་བརྟེན་གྱི་ཡི་གེ་དམ་པ༔ གསང་བའི་གབ་ཡིག་ནག་པོ༔ གནད་རྣམས་བསྡུས་པའི་སྒྲོན་མ༔ མཁས་པ་བྱེ་མ་ལ་མུ་དྲས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔

འདི་མེད་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆད༔ དེ་ཡི་ཕྱིར་ན་གསང་བའི་རྒྱབ་ཡིག་གཅེས༔ ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ བཀའ་འདིའི་བྱ་ར་གྱིས་ཤིག༔ སརྦ་མངྒ་ལཾ༔

གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མས་མཛད་པ།

༄༅། །གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མས་མཛད་པ་བཞུགས་སོ། །

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོད་རྒལ་གྱི་བོགས་འདོན་རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་ཉམས་སུ་བླངས་པ་དང་། རྗེས་སུ་ཉམས་དང་རྟགས་ཀྱི་རིམ་པའོ། །དང་པོ་ནི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ༔ མཎྜལ་འབུལ། བླ་མ་ལ་གསོལ་བ་དྲག་པོ་གདབ་བོ། །

དངོས་གཞི་གནས་ཁང་མུན་པ་ནག་པོར་སྟན་བདེ་བར་སྤྲུལ་སྐུའི་བཞུགས་སྟངས་བྱས་ཏེ། རྒྱ་མཚོ་ཨར་ལ་གཏད་པ་དང་། དངོས་སུ་གཞུག་པ་གཉིས་སོ། །དང་པོ་ནི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ། ལག་པ་གཡས་གཡོན་གཉིས་(༡༥༠)ཀྱི་མཐེབ་མཛུབ་གསུམ་ལ། ཨ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བསྒོམ། མིག་གིས་འབྲས་བུ་གཉིས་ཆེར་མནན་པས། དང་པོ་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེ་ཙེམ་ཙེམ་པ་འབྱུང་བ་དང་། ལག་པ་གཉིས་ཀྱིས་བཏང་བ་དང་། མིག་འབྲས་གཉིས་མ་འགུལ་བར་བལྟས་པས། ནང་གི་རིགས་ལྔ་ཞི་ཁྲོ་ཡེ་ཤེས་ལྔའི་རང་མདངས་སྣང་ཡུལ་དུ་གསལ། གཟུང་ཡུལ་དུ་མ་གྲུབ་པའི་ཟག་མེད་ཐིག་ལེ། བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་མངོན་སུམ་དུ་གསལ་ལོ། །ཡེ་ཤེས་ཀྱི་འདུག་ཚུལ་དེ་གསལ་ནས་འདུག་ཀྱང་ཆོས་སྐུའི་ངང་། སྟོང་ནས་འདུག་ཀྱང་ཆོས་སྐུའི་ངང་། །སྟོང་གསལ་གཉིས་མེད་ཆོས་སྐུའི་ངང་། །ཆོས་སྐུའི་ངང་ནས་འདའ་མི་སྲིད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་དོན་ལ་གཉིས་མེད་གཅིག་མ་གྲུབ། །སྐུ་དང་ཡེ་ཤེས་ཀྱི་འདུག་ཚུལ་དེ། །ངོ་བོ་ཀ་དག་བརྗོད་པའི་ཚིག་དང་བྲལ། །རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་བྲལ། །རིག་པ་ཡེ་ཤེས་ཀྱི་ངོ་བོ་ནི་ཕྱོགས་རིས་མེད་པའི་རིག་མདངས་ཕྱི་རུ་རང་གསལ། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ། ཐིག་ལེ་སྟོང་པའི་སྒྲོན་མ། དཔེར་ན་རྨ་བྱའི་མདངས་བཞིན། ཡེ་ཤེས་ཟང་ཐལ་ཆེན་པོ་ཤར་རོ། །

ཡུལ་གང་ལ་ཤར་བ་ལ་གསུམ། དབང་པོ་འཁྲུལ་སྣང་གི་ཡུལ་དང་། སྒྲོན་མ་ཡེ་ཤེས་རང་མདངས་ཀྱི་ཡུལ་དང་། ཡང་དག་ཆོས་ཉིད་ཀ་དག་གི་ཡུལ་ལོ། །དང་པོ་ནི། མིག་གི་ཡུལ་དུ་གཟུགས་སྣ་ཚོགས་རང་ཁ་མར་མཐོང་བ་ལ་བྱ་སྟེ། སྡུག་མི་སྡུག །ལེགས་མི་ལེགས། ཕྱི་འདོད་ཡོན་ལ་སྤྱོད་པས་ན་ཡུལ་ལོ། །གཉིས་པ་ནི་འོད་ཐིག་ལེ་དང་། སྐུ་དང་ཡེ་ཤེས་སྣ་ཚོགས་རང་ཁ་མར་མཐོང་བ་ལ་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་ཚོགས་སུ་ཁྲ་ཅེམ་གྱིས་སྟོང་གསལ་དུ་གསལ་ལོ། །

གསང་བ་ཆོས་ཉིད་ཀ་དག་གི་ཡུལ་ནི། ཆོས་ཐམས་ཅད་འདུས་མ་བྱས་པ། བདག་མེད་པ། སྟོང་པ། རང་བཞིན་གྱིས་འོད་གསལ་བ། བརྗོད་བྱའི་ཡུལ་ལས་འདས་པ། སྒྲ་དང་ཚད་མ་གཏན་ཚིགས་གང་གིས་ཀྱང་གཏན་ལ་མ་ཕེབས་པ། མདོར་ན་རིག་པ་ཀ་དག་གི་ཡེ་ཤེས་ཉིད་(༡༥༡)ཡིན་ཏེ། སྐུ་དང་ཡེ་ཤེས་ལ་སོགས་པའི་འབྱུང་གནས་ཆེན་པོ་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་དེ་ལ་བརྟེན་ནས་དོན་དམ་པ་གཉིས་སུ་མེད་པའི་དོན་ངེས་པར་དེ་ལས་བྱུང་བའོ། །དེའི་སྒོ་གང་ཞེ་ན། དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་ཡེ་ཤེས་ཀྱི་རྩལ་འཆར། ཐོག་མ་འོད་ཀྱི་ཐིག་ལེ་ནི། ཀུན་ནས་ཟླུམ་པ། ཁ་དོག་ལྔ་སྟེ། འོད་ལྔའི་མཚན་ཉིད་དུ་གསལ་བ། འོད་ལྔ་ཡེ་ཤེས་ལྔའི་ངོ་བོར་སྣང་བ། ཉམས་དང་། དྲོད་རྟགས་དང་། འདོད་པ་མེད་པར་ཤར་བ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བ། ཡོན་ཏན་བཙལ་མི་དགོས་པར། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའོ། །སྐྱོན་སྤང་མི་དགོས་པར་རང་དག་སྒྲོན་མའི་ཉམས་དེའང་ཉོན་མོངས་པ་སྤང་མི་དགོས་པར་རང་དག་སྟེ། གཉིས་མེད་གཉིས་སུ་མེད་པར་སྟོན། །ངོ་བོ་ཀ་དག་ལ་ལོངས་སྤྱོད་པའི་གནད་ཡིན་པས་ཉམས་རྟོགས་ཡོན་ཏན་འདོད་པ་མེད་པར་འབྱུང་བ་ནི། ནམ་མཁའི་ཆོ་འཕྲུལ་ལྟ་བུར་བཀག་པས་མི་ཁེགས་པར་འབྱུང་ངོ་། །

དེ་ལྟར་ངོ་མུན་ནག་ཏུ་སྤྲད་པས། གསལ་སྟོང་ལོངས་སྐུའི་ཞིང་ཁམས་སུ་རྒྱས། དེ་ལྟར་ཉིན་མཚན་དུ་ཉམས་སུ་བླངས་པས། སྐུ་རྣམ་པ་ལྔ་རང་རྫོགས་སུ་སྣང་། ཡེ་ཤེས་ལྔ་རང་དག་ཏུ་གསལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དབྱེར་མི་ཕྱེད་པས་ཚེ་འདི་ཉིད་ལ་སངས་རྒྱས། དེ་ཡང་ཐད་ལ་དྲང་པོར་ལྟ་ཞིང་མཐེབ་མཛུབ་གཉིས་པོས་སྒྲོན་མའི་སྟེང་འོག་གཉིས་གཡས་གཡོན་གཉིས། ཡང་ན་སྟེང་ནས་གཏིམས་པས། རྗེས་ལ་མ་ཡེངས་པར་བལྟས་པས། རྣལ་འབྱོར་བདག་གཞན་རིག་པའི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བ་དཔག་པར་དཀའ་བ་དོན་སྐུ་དང་ཡེ་ཤེས་ཀྱི་དགོངས་པ། རབ་ཏུ་འདི་ཉིད་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །ཐུན་བཞིའམ་དྲུག་ཏུ་ཉམས་སུ་བླང་ངོ་། །འདི་ནི་རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་གོ། །རྒྱ་མཚོ་ལ་གསུམ། བརྡ་རྟགས་སྒོའི་རྒྱ་མཚོ། མཚོན་པ་དཔེའི་རྒྱ་མཚོ། ཆོས་ཉིད་དོན་གྱི་རྒྱ་མཚོ་བར་བཤད་དོ། །

གཉིས་པ་རྒྱ་མཚོ་དྭངས་སུ་གཞུག་པ་ནི། སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བྱ། བསམ་གཏན་གྱི་ཆོས་བྱ། སྐེད་པ་དྲང་བས་རྩ་དྲང་། (༡༥༢)རྩ་དྲང་བས་རླུང་དྲང་། རླུང་དྲང་བས་ཐིག་ལེ་དྲང་། ཐིག་ལེ་དྲང་བས་ཡེ་ཤེས་ཟང་ཐལ་དུ་འཆར་རོ། །མིག་གིས་ལྟ་སྟངས་གསུམ་གང་མོས་གཅིག་ལ་བལྟས་པས། སྣང་བ་ཆོས་སྐུའི་ཞིང་ཁམས་སུ་རྒྱས་པར་འཆར་རོ། །ཡེ་ཤེས་ཀྱི་ཆོས་ལྔ་ནི། སྐུ་ལས་འདས་པའི་ཡེ་ཤེས། སེམས་ལས་འདས་པའི་སངས་རྒྱས། ཀུན་གཞི་ལས་འདས་པའི་ཆོས་སྐུ། ཡིད་ལས་འདས་པའི་ཤེས་རབ། འབྱུང་བ་ལས་འདས་པའི་རང་གདངས། ཚིག་ལས་འདས་པའི་རང་སྣང་ངོ་། །ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ། །བདེ་གསལ་མི་རྟོག་མཁའ་ལ་ཉི་ལྟར་གསལ། །ཟུང་འཇུག་གཉིས་མེད་ཉི་མ་འོད་ཀྱི་ཚུལ། །རང་རིག་ཡེ་ཤེས་ཟང་ཐལ་ཤར་བ་དེ། །ནམ་མཁའི་ཁམས་སུ་ཕྱིན་ཡང་གཡང་ཟ་བ་དང་ལྟུང་བའི་སྡུག་བསྔལ་རིག་པ་ང་ལ་མེད། རི་རབ་ཀྱི་རྩེ་ལ་ཕྱིན་ཡང་ཉམ་ང་བ་དང་བྱིང་བ་མེད། རྒྱ་མཚོའི་གཏིང་དུ་ཕྱིན་ཀྱང་གཤེར་བ་དང་སུབ་པ་མེད། མེ་དཔུང་གི་ནང་དུ་ཕྱིན་ཡང་ཚ་བ་དང་ཚིག་པ་མེད། རིག་པ་ལྷུན་གྲུབ་དངོས་སམ་སྐྱེ་ཤིའི་སྐྱོན་གྱིས་མ་གོས། འཁོར་བའི་དགེ་སྡིག་གིས་མ་གོས། སྐྱོན་མེད་རང་གྲོལ་ཆེན་པོར་ཤར་ནས། ཕྱོགས་རིས་གཟའ་གཏད་མེད་པའི་ལྟ་བ་ཞེས་བྱའོ། །

ངོ་བོ་ཆོས་སྐུ་རྣམ་དག་སྤྲོས་བྲལ་ངང་གིས་སྟོང་། །རང་བཞིན་ལོངས་སྐུ་མཚན་དང་དཔེ་བྱད་འཇའ་ཚོན་སྐུ་རུ་གསལ། །སྤྲུལ་སྐུ་སྣ་ཚོགས་འགྲོ་བ་ཐུགས་རྗེས་འདུལ། །ཆོས་ཉིད་མདངས་ཅན་ཡེ་ཤེས་ཁ་དོག་ནི། །མཐིང་ག་དཀར་སེར་དམར་ལྗང་ལྔ་རུ་གསལ། །ཆོས་དབྱིངས་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད། །མེ་ལོང་ཡེ་ཤེས་མི་སྐྱེ་མི་འགག་གསལ། །མཉམ་ཉིད་ཡེ་ཤེས་དབྱེར་མེད་ཐམས་ཅད་མཁྱེན། །སོ་སོར་ཀུན་རྟོག་མི་ཕྱེད་སོ་སོར་གསལ། །བྱ་བ་གྲུབ་པས་འབྲས་བུ་མངོན་དུ་གྱུར། །སྐུ་ལྔ་བསྟན་པས་དགོངས་སྤྱོད་མཁའ་ལ་གྲོལ། །མཚན་མ་སྤྲོས་བྲལ་ཐ་སྙད་ཚིག་ལས་འདས། །ཉིན་ནུབ་མི་འོང་ཉིན་མཚན་གཉིས་སུ་མེད། །འཁོར་འདས་གཉིས་འཛིན་བསམ་པ་སྐྱེ་མི་སྲིད། །ཁྲེགས་ཆོད་ལྟ་བའི་རྩི་ཡིས་ཟིན་པར་གཅེས། །(༡༥༣)སངས་རྒྱས་བསྟན་འཛིན་འཇིག་རྟེན་སྒྲོན་མའི་མཆོག །མི་གཡོ་རྒྱ་མཚོ་དྭངས་སུ་འཇུག་པའི་ཁྲིད། །ཉིན་མཚན་གསུམ་ན་རྟགས་འབྱུང་ཐེ་ཚོམ་མེད། །རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད། ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་རྣལ་འབྱོར་གྱི་དབང་ཕྱུག་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ་རྫོགས་སོ།། །།

རིག་པ་མངོན་སུམ་མ་སྦྱངས་ན། །བར་དོའི་ཡེ་ཤེས་བདུད་དུ་ལྡང་། །རིག་པ་སྒྱུ་ལུས་སེམས་འཛིན་གྱིས། །རང་ལ་རང་འཇིགས་ལུས་ངན་ལེན། །དགོངས་སྤྱོད་མངོན་དུ་གྱུར་པ་ན། །སྒྱུ་མའི་ལུས་འདི་འོད་གསལ་ལྷ། །རིག་པའི་དོན་ནི་དེ་བཞིན་ཉིད། །རྟག་པར་ནམ་མཁའི་མཐའ་ལ་ལྟ། །ཆོས་ཉིད་མཁའ་ལ་ཉི་ཤར་འདྲ། །དགོངས་པ་ཆུ་བོ་གང་གཱའི་རྒྱུན། །ལུས་མེད་ལུས་དེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་ཆོས་སྐུར་རྟོགས། །བསམ་མེད་སེམས་སྤངས་སེམས་ཀྱི་མཆོག །ངག་མེད་སྨྲ་བརྗོད་ཡུལ་ལས་གྲོལ། །བརྗོད་མེད་སྟོང་པ་ཆོས་ཀྱི་སྒྲ། །གདུལ་བྱ་རྣམ་དག་ཆོས་ཉིད་ཞིང་ཁམས་ན། །ཐམས་ཅད་མཁྱེན་པའི་ཚུལ་གནས་པ། །མ་རིག་སེམས་ཅན་གདུལ་དཀའ་འདུལ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདུལ། །འཁོར་བའི་སེམས་ཅན་ཆོས་སྐུར་གྲོལ། །ཡིད་བཞིན་རིན་ཆེན་རང་སར་གྲོལ། །ཞེས་གསུངས་སོ། །དགེའོ།། །།

བསམ་གཏན་མིག་གི་སྒྲོན་མ།

༄༅༔ བསམ་གཏན་མིག་གི་སྒྲོན་མ་བཞུགས་སོ༔

༄༅༔ ཧཱུཾ༔ རང་རིག་རྡོ་རྗེ་སེམས་དཔའ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ཨེ་མ་སངས་རྒྱས་འབྲས་བུ་ཚེ་འདིར་བསྒྲུབ་པ་ཡིས༔ སྐལ་ལྡན་སྙིང་པོ་དོན་དུ་གཉེར་བ་དེས༔ ཆོས་ཉིད་མངོན་སུམ་གནད་ལ་འབེབས་པའི་ཕྱིར༔ སྤྱོད་པའི་གནད་དུ་འཁོར་འདས་རུ་ཤན་དབྱེ༔ དུར་ཁྲོད་ལུང་སྟོང་དག་ཏུ་རྒྱུ་བར་བྱ༔ བསྒོམ་པའི་གནད་དུ་འདུག་སྟངས་རྣམ་གསུམ་བསྟུན༔ ལུས་ངག་ཡིད་གསུམ་དལ་བ་རབ་ཏུ་གཅེས༔ ལྟ་བའི་གནད་དུ་མི་འགུལ་གཟེར་གསུམ་གདབ༔ ལུ་གུ་རྒྱུད་ལ་རྟག་ཏུ་འདྲིས་པར་བྱ༔ མིག་གི་གསལ་བྱེད་སྨན་སྦྱར་སྔགས་༼པུ་ཛཿཧཱུཾ་༽ཉིད་བསྒྲང༔ ཆོས་༼ཉག་གཅིག་༽ཀྱི་སྐུ་དང་དབང་པོ་༼མིག་༽ཞལ་མཇལ་བས༔ རིག་པ་ཚད་ཕེབས་འཁྲུལ་སྣང་སངས་རྒྱས་ཏེ༔ ཕུང་(༡༥༤)པོ་ལྷག་མེད་སྟོང་གསུམ་འཇས་བཀང་ནས༔ མཐོང་ཐོས་ཐམས་ཅད་འཁོར་བ་ཕྱིར་བསྙིལ་ཅིང༔ ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་གྱུར༔ བདག་འདྲ་བྱེ་མ་མུ་ཏྲ་ཉིད་ཀྱིས་ཀྱང༔ ཕྱི་ནང་གསང་བ་བླ་མེད་མཆོག་ཉིད་ཀྱི༔ ཡང་གསང་སྙིང་གི་ཐབས་མཆོག་རྣམས་ལ་འབད༔ རིག་འཛིན་ཆེན་པོར་འགྱུར་རོ་ཕྱི་རབས་སྙིང་བུ་རྣམས༔ དེ་ལ་དང་པོ་ནས་ཡོ་གིའི་མིག་གསལ་བར་བྱ་བའི་ཕྱིར༔ མིག་བསྲོ་ཞིང་བཀུ་མཉེ་བྱ༔ མིག་ཤེད་བསྐྱེད་ཅིང་གསལ་བ་ལ༔ ཨ་རུ་ར་རྒྱ་གར་མ༔ གོ་སྙོད༔ རྩྭ་ཨ་ཝ་དང༔ སྔོ་རྟག་ཏུ་ངུ་༔ སྦྲུལ་ཤ་རྣམས་རྩི་བཞིན་བཏགས་ཏེ༔ སྦྲང་རྩི་དང་སྦྱར་ནས་ལྟོ་སྟོང་ལ་དུམ་རེ་ཟོས་ན༔ མིག་ཤེད་ཆེ་ཞིང་རིག་པ་ལུ་གུ་རྒྱུད་གསལ་བར་འགྱུར་རོ༔ ཡང་འོ་མ་དང་སྐྱེར་པའི་བར་ཤུན་གྱི་ཁནྜ་དང༔ གཟི་ནག་ཁྲ་རྙིང་པ་བརྡུངས་པའི་ཕྱེ་མ་དང་བྱ་ནག་མོའི་སྒོ་ངའི་སེར་མོ་དང་བཞི་སྦྱར་ཏེ༔ ཚེས་གཅིག་དང་གནམ་སྟོང་དང་ཉའི་ཉིན་པར་ཐོ་རངས་ཁ་སྔོན་དུ་ཆུ་གྲང་མོས་མིག་དང་གདོང་དག་པར་བཀྲུས་ཏེ༔ དེ་ནས་དེ་ཀུན་ལྡེ་གུས་མིག་ལ་བཀུས་ནས༔ དེ་ནངས་པར་བཞིན་བ་སེར་མོའི་འོ་མ་བཀོལ་བའི་ནང་དུ་ཤིང་མངར་བཏབ་སྟེ་འཐུང་ན༔ མིག་འགྲིབ་པར་མི་འགྱུར་ཞིང་རིག་པ་ལུ་གུ་རྒྱུད་གསལ་ལོ༔ རྡོ་སྦུར་ལེན་རྩི་བཞིན་བཏགས་ལ༔ སྦྲང་དཀར་དང་སྦྱར་ནས་མིག་ལ་བྱུགས་ན་སྐྱ་རིབ་སེལ་བར་འགྱུར་རོ༔ ཡང་ཤེལ་དང༔ ཐོད་ལེ་ཀོར་དང༔ ག་པུར་དང༔ གླ་རྩི་རྣམས་རྩི་བཞིན་སྦྱངས་ལ༔ བུ་ཁྱེའུ་འཐུང་བའི་འོ་མ་དང་སྦྱར་ལ་མིག་ལ་བྱུགས་ན་རིག་པ་ལུ་གུ་རྒྱུད་གསལ་བར་འགྱུར་རོ༔ ཡང་སྨན་སྨུག་པོ་སྦལ་རྒྱབ་དང༔ རམ་རྩ་སྐམ་པོ་དང༔ ཞུན་ཐིག་ལེ་དང༔ སག་རམ་ཙི་དང་དེ་རྣམས་རྩི་བཞིན་བཏགས་ཏེ་བུ་འཐུང་བའི་འོ་མ་དང་སྦྱར་ལ༔ མིག་ལ་ཡང་ཡང་བྱུགས་ན༔ ཞག་བདུན་ན་མིག་འགྲིབ་པ་བྱེད་དེ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལོ༔ ཡང་རག་ཐལ་དང༔ ཐོད་ལེ་ཀོར་དང་གཉིས་ཞིབ་པར་བྱས་ཏེ༔ འོ་སྤྲིས་དང་སྦྱར་ཏེ་མིག་ལ་བྱུགས་ན༔ སྐམ་ཚག་དང༔ དམར་ཚིག་དང་སྐྱ་རིབ་སོས་ཏེ་རིག་པ་(༡༥༥)གསལ་ལོ༔ དགོང་མོ་ལྟེ་ཁུང་དུ་མར་བྱུགས་ཀྱིན་མཉེས་ན༔ མིག་སྐམ་ཚག་དང་མཆུ་རེངས་པ་སོས་སོ༔ ཡང་གོ་སྙོད་དང༔ གླ་རྩིའི་ཆུས་དགོང་མོ་ལྟེ་ཁུང་དུ་བྱུགས་ན་མིག་གསལ་ཞིང་གངས་ལ་ཕྱིན་ཀྱང་ཕྱིད་པར་མི་འགྱུར་རོ༔ དུས་རྒྱུན་དུ་ཞོགས་པར་རླུང་བཟུང་སྟེ༔ ལག་མཐིལ་གཉིས་ཀྱིས་མིག་གཉིས་དྲག་པར་འཕུར་ནས༔ ཆུ་གཙང་མས་ཁྲུས་བྱས་ན༔ མིག་གི་སྒྲིབ་ཤ་བཅད་ཅིང༔ བཀྲུས་པ་ཞེས་བྱ་སྟེ༔ སྐྱ་རིབ་མི་འབྱུང་ཞིང་གསལ་བར་འགྱུར་རོ༔ ཡང་མིག་ལ་ཤ་འཛེར་བྱུང་ན༔ ལྟོ་སྟོང་ལ་ཟན་དྲོན་མོ་དུམ་གཅིག་གི་ནང་དུ་མར་དུམ་གཅིག་བཅུག་སྟེ༔ དེའི་རླངས་པ་མིག་ན་བ་ལ་བདུག་ལ༔ ངག་ཏུ༔ ཨ་སྲིན་ལོང༔ བྱ་བ་ཉི་ཤུ་རྩ་གཅིག་བྱས་ཏེ་ཁར་བཅུག་ན་སོས་པར་འགྱུར་རོ༔ ཡང་མིག་ལ་ལིང་ཐོག་བྱུང་ན༔ གླ་རྩི༔ ཀ་ར༔ ཅུ་གང༔ ཞུན་ཐིག་ལེ་རྣམས་རྩི་བཞིན་བྱས་ཏེ༔ མིག་ལ་ཟི་ཙམ་རེ་གདབ་སྔགས་འདི་ཅི་མང་དུ་བཟླས་ཏེ་ཕུག་རོན་གྱི་དང་རུའི་རྩེ་མོས་ལྕེ་རྩེ་ནས་བླངས་ལ་མིག་ལ་བླན་པས་སོས་པར་འགྱུར་རོ༔ ཨ་ལྷིང་ལྷིང་ཐོག་ཐོག་ཨ་ཙི་ལི་སྭཱ་ཧཱ༔ ཡང་མིག་ཏུ་རྡུལ་དང་གྲ་མ་སོང་ན༔ སྔགས་འདིས་ཕྱིན་པར་འགྱུར་རོ༔ ཨ་ཡ་མ་དན་ཏིང་སྭཱ་ཧཱ༔ ཡང་དུས་གཉེན་པོའི་དུས་སུ་མིག་ལ་ཟན་བསྒྲེས་ལ་བརྒྱ་རྩ་གཅིག་བཏང་ན་མིག་ལོང་བར་མི་འགྱུར་རོ༔ ཡང་རྩ་ཨ་བ་དང༔ ཅོང་ཞི་དང༔ བྲག་ཞུན་དང༔ སྦྲུལ་སྔོན་པོའི་ཤ་དང༔ འབྲས་བུ་གསུམ་དང༔ དོམ་མཁྲིས་དང༔ ཁྱི་ནག་པོའི་མཁྲིས་པ༔ སྤྲེའུའི་མཁྲིས་པ༔ རྟ་ནག་པོའི་མཁྲིས་པ༔ མིའི་མཁྲིས་པ༔ འུག་པའི་མཁྲིས་པ༔ སྔོ་རྟག་ཏུ་ངུ་༔ དེ་རྣམས་སྦྲང་རྩི་དང་སྦྱར་ཏེ༔ ལྟོ་སྟོང་ལ་ཟླ་བ་གསུམ་ཟོས་ན་ཤའི་སྤྱན་དང་ལྡན་ཞིང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་བར་འགྱུར་རོ༔ ཡང་སྲིན་བུ་མེ་ཁྱེར་དང༔ ལྷང་མ་ལྷང་ཚེར་དང༔ དེ་མོ་ནག་མོའི་སྒོ་ང་དང་སྦྱར་ལ༔ མིག་གི་སྟེང་དུ་བླན་ཅིང་ཕྱིན་ན་འོད་སྣ་ཚོགས་པ་འཆར་བར་འགྱུར་ངེས་སོ༔ སྔགས་འདི་ཡང་འབུམ་ཚོའམ་ཅི་མང་དུ་ཡི་དམ་བྱས་ཏེ་བཟླས་(༡༥༦)ན༔ འོད་ཀོར་ཕོར་པ་ཙམ་དུ་འཕེལ་བར་འགྱུར་རོ༔ ཨ་ཆེན་ཀོང་ཆེན་བྷ་ཧ་ན་ཞུན་ཆེན་ཞུ་ཧ་ན་གྷ་མི་སྟོན་ཡཾ༔ དེས་ནི་ཡེ་ཤེས་ཀྱི་སྤྱན་གསལ་ཞིང་རྒྱས་པར་འགྱུར་རོ༔ རྩ་ལམ་ཐམས་ཅད་བྱང་ཞིང་རིག་པ་འཕེལ་བར་འགྱུར་རོ༔ ལར་མིག་ལ་ཕན་པའི་སྨན་རྣམས་སྦྱར་ཞིང༔ སྔགས་ལ་ཡང་འབད་པར་བྱའོ༔ མན་ཤེལ་དང༔ རིན་ཆེན་དང༔ སཱུརྱ་དང༔ ཙནྡྲ་དང༔ ཨཱ་ལོ་ཀེ་ཐབས་སྣ་ཚོགས་ལ་བསླབ་ཅིང༔ རིག་པ་དངོས་ཀྱི་འཕེལ་རྩི་བར་བྱའོ༔ ཀྱེ་མ་རིག་པ་དངོས་ཉིད་ལྟ་བའི་སྐྱེས་བུ་རྣམས༔ སྒྲོན་གསལ་མན་ངག་འདི་ལ་ནན་ཏན་མཛོད༔ དངོས་པོའི་གཤིས་ཀྱི་གནས་ལུགས་ལུ་གུ་རྒྱུད༔ འདི་ལས་ཆོས་གཞན་ཡོད་རེ་ན་ར་ཀན༔ བྱས་ཆོས་ཚེ་འདིར་ཤོར་བའི་གང་ཟག་རྣམས༔ བྱར་མེད་གནས་ལུགས་བལྟས་ན་མི་ལེགས་སམ༔ འདི་མེད་ཆོས་ལ་འབུངས་ཀྱང་སངས་རྒྱས་རིང༔ དེ་ཕྱིར་ཉག་གཅིག་བསྒོམས་ན་མི་ལེགས་སམ༔ རིག་འཛིན་ལྷག་མེད་འགྲུབ་པ་རྣམས་དང་ནི༔ དབྱེར་མེད་གཅིག་ཏུ་བསྲེས་ན་མི་ལེགས་སམ༔ དུས་གསུམ་སངས་རྒྱས་འདི་དང་ཞལ་མཇལ་ནས༔ འབྲས་བུ་ཕྱི་དུས་རེ་བས་ག་ནས་འོང༔ ཟག་བཅས་སྒྱུ་ལུས་ཁོལ་པོ་གཏན་མི་ནུས༔ རྡོས་བཅས་ད་རེས་ཆོད་ཅིག་སྲིན་བུ་ཚོ༔ བསམ་གཏན་མིག་གི་སྒྲོན་མ་ཞེས་བྱ་བ༔ པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔

བླ་མ་དམ་པ་ཀུ་མ་རཱ་ཛའི་གདམས་པ༔ བྱར་མེད་ཀློང་ཡངས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ནན་ཏན་དུ་ཞུས་པ་ རྒྱ་རྒྱ་རྒྱ༔ དགེའོ༔

༈ ཉེ ༼རྟེན་འབྲེལ་བསྡུས་པའི་སྒྲོན་མ་དང་། ཉོ ༼རྡོར་སེམས་དམིགས་དྲུག་རྩ་བ་བཅས་དཔེ་མངོན་ན་སླར་འདིར་འཇུག

ལྕེ་བཙུན་གྱི་མགུར།

༄༅༔ ལྕེ་བཙུན་གྱི་མགུར་བཞུགས་སོ། །

༄༅༔ སངས་རྒྱས་ལ་ཡིད་ཆེས་སྐྱེས་ཙམ་ན༔ བརྒྱུད་པའི་བྱིན་རླབས་འབྱུང་བར་ངེས༔ གོང་མ་ལ་མོས་པ་སྐྱེས་ཙམ་ན༔ ཐུགས་རྗེའི་བྱིན་རླབས་འབྱུང་བར་ངེས༔ བླ་མ་ལ་གདུང་བ་སྐྱེས་ཙམ་ནག༔ ཉམས་དང་བྱིན་རླབས་སྐྱེ་བར་ངེས༔ སྣང་སྲིད་ཆོས་སྐུར་ཤེས་ཙམ་ན༔ ཉོན་མོངས་རང་སར་གྲོལ་བར་ངེས༔ ཡེ་གྲོལ་ཅེར་བཞག་གིས་རྒྱས་ཐེབས་ན༔ སངས་རྒྱས་དགོངས་པ་ཡིན་པར་ངེས༔ ལུས་ངག་བདེ་བ་རྙེད་ཙམ་ན༔ བླ་མའི་བྱིན་རླབས་ཡིན་པར་ངེས༔ འཁྲུལ་པ་ཕྱི་རོལ་གྱི་སྣང་བ་འགགས་ཙམ་ན༔ རང་གི་རྩོལ་བ་ཡིན་པར་ངེས༔ དེ་ལྟར་རྟོགས་པའི་རྣལ་འབྱོར་བདག༔ འཁོར་འདས་(༡༥༧)རུ་ཤན་ཕྱེད་པས་བདེ༔ ཞེས་ལྕེ་བཙུན་གྱི་མགུར་རོ༔ ཛ་ཡནྟུ༔

༄། །བི་མ་སྙིང་ཐིག་གི་སྤྲོས་མེད་དབང་དཀྱིལ་ནི་གཞི་མཐིང་ག་མཐར་འོད་ལྔའི་ར་བས་བསྐོར་བའི་དབུས་སུ་བུམ་པ་བསྣོལ་མ་གཉིས་ཀ་དམར་པོ་མགུལ་ཆིངས་དར་ལྗང་ཁུ་པདྨ་དམར་པོ་ཤིང་ལོས་བརྒྱན་པ་ཞབས་གཉིས་ལ་སྣ་ཚོགས་པད་གདན་སྟེང་མའི་ཞབས་མདུན་དང་འོག་མའི་ཞབས་ལྷོར་བསྟན་ཏོ། །ཞབས་གཉིས་མཚམས་སུ་ཐིག་ལེ་དཀར་པོ། དེ་བཞིན་ལྷོ་ནུབ་ཏུ་སེར་པོ། ནུབ་བྱང་དམར་པོ། བྱང་ཤར་ལྗང་གུ་སོ་སོ་ལ་འོད་ལྔས་འདི་ལྟར་བསྐོར་ཏེ་ཐམས་ཅད་ཀྱང་རེག་ཐུག་མེད་པར་བྲི། སྤྲོས་མེད་དཀྱིལ་འཁོར་འདི་ལ་བྲི་ཚུལ་མི་འདྲ་བ་ཡོད་ཀྱང་ཀུན་མཁྱེན་ཆེན་པོའི་ཡིག་ཆ་ལས་འབྱུང་བ་ལྟར་ཡིན་པས་ཡིད་ཆེས་ཀྱི་གནས་ཡིན་ལ། འདིའི་ཐིག་འདེབས་ཚུལ་ཟབ་མོ་ཡང་ཐིག་ཏུ་ཡོད་གསུངས། འདི་ཤིན་ཏུ་སྤྲོས་མེད་ཀྱི་གོང་དུ་དགོས།། །།

༈ བི་མ་སྙིང་ཐིག་སྤྲོས་བཅས་དཀྱིལ་འཁོར་བྲི་ཚུལ་རྟ་བབས་སོགས་མཁའ་འགྲོ་སྙིང་ཐིག་དང་འདྲ། རྩིག་པ་དང་རྟ་བབས་སྣམ་བུའི་ཁ་དོག་སོགས་ཀྱང་ཁྱད་མེད། ལྷ་གནས་ལ་དབུས་སུ་པད་འདབ་བརྒྱད་ལྟེ་བ་མཐིང་ག་ཟེའུ་འབྲུ་སེར་པོ་ཅན། དབུས་སུ་རྣམ་སྣང་ཡབ་ཡུམ་མཐིང་ག་ཡབ་འཁོར་དྲིལ། པད་འདབ་ཤར་དུ་རྡོར་སེམས་ཡབ་ཡུམ་གཞན་གསུམ་ལའང་ཡབ་ཡུམ་༼པད་ཟླའི་གདན་ལ་བཞུགས་པའོ། །༽རིགས་འགྲེས་ཡབ་ཐམས་ཅད་གཡས་རང་རྟགས་ཕྱག་མཚན་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་ཐམས་ཅད་ལོངས་སྤྱོད་རྫོགས་སྐུ། ཡུམ་རྣམས་སྐུ་མདོག་ཡབ་ལྟར་གྲི་ཐོད་འཛིན་པའོ། །ཞབས་རྡོར་སྐྱིལ། མཚམས་ཀྱི་འདབ་བཞིར་ཤར་ལྷོར་ལཱ་སྱེ་དཀར་མོ་མེ་ལོང་། ལྷོ་ནུབ་མཱ་ལེ་མཐིང་ག་རིན་པོ་ཆེའི་ཕྲེང་བ། ནུབ་བྱང་གཱིརྟི་དམར་མོ་པཱི་ཝཾ། བྱང་ཤར་ནཱིརྟི་ལྗང་གུ་གར་གྱི་ཕྱག་རྒྱ་ཅན་པད་ཉིའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ། པདྨ་བྲི་ཚུལ་ལ་ཕྱོགས་བཞི་ནང་མ་རྣམས་ཤར་དཀར་ལྷོ་(༡༥༨)སེར་ནུབ་དམར་བྱང་ལྗང་ཕྱི་རིམ་མཐིང་ག །མཚམས་བཞིའི་ནང་མ་དམར་སྐྱ་ཕྱི་མ་ལྗང་གུ་ཡིན་ནོ། །འདོད་སྣམ་ལ་མཆོད་པའི་ལྷ་མོ་སྤྱི་ལྟར་རོ། །སྒོ་བ་ཡབ་ཡུམ་མེད། ཕྱི་རོལ་ཏུ་རྡོ་ར་དང་དེ་ཕྱིར་མེ་རི་ལྔ་ལྡན་གྱིས་སྤུད་དགོས། དུར་ཁྲོད་དང་པད་ཕྲེང་མེད། ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་བཞིན་གཏེར་ཆེན་བླ་མ་མཆོག་གི་དཀྱིལ་ཐང་ལ་ཞིབ་ཏུ་བལྟས་ནས་ཇི་ལྟ་བ་བཞིན་བྲིས་པ་ཡིན། ཀུན་མཁྱེན་ཆེན་པོའི་ཕྱག་ལེན་རྒྱུན་འཁྲུལ་མེད་ཡིན་གསུངས། ༼འགྱུར་མེད་སྐལ་བཟང་ཁུ་དབོན་གྱི་ཕྱག་བྲིས་ལས་བཤུས་སོ། །༽དགེའོ།། །།

བླ་མའི་རིམ་པ་ཚིག་དོན་བཅུ་པ་ཞེས་བྱ་བ།

༄༅༔ བླ་མའི་རིམ་པ་ཚིག་དོན་བཅུ་པ་ཞེས་བྱ་བ་བཞུགས་སོ༔

༄༅༔ རྒྱ་གར་སྐད་དུ༔ གུ་རུ་ཀྲ་མ་མཧཱ་སནྡྷི་ཨུ་པ་དེ་ཤ་ནཱ་མ༔ བོད་སྐད་དུ༔ བླ་མའི་རིམ་པ་རྫོགས་པ་ཆེན་པོ་གནད་ཀྱི་མན་ངག་ཅེས་བྱ་བ༔ བླ་མ་དམ་པ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ལོ༔ བླ་མའི་རིམ་པ་བསྟན་པ་ལ་དོན་བཅུ་སྟེ༔ བླ་མའི་མཚན་ཉིད་བསྟན་པ་དང༔ བླ་མའི་རང་བཞིན་བསྟན་པ་དང༔ བླ་མ་ཇི་ལྟར་བཀུར་བའི་རིམ་པ་དང༔ གསོལ་བ་ཇི་ལྟར་བཏབ་པ་དང༔ དེ་ལ་བྱིན་རླབས་འབྱུང་བས་ཡིད་ཆེས་བསྐྱེད་པའི་མཚན་ཉིད་བསྟན་པ་དང༔ བླ་མའི་བྱེ་བྲག་བསྟན་པ་དང༔ བླ་མ་ཇི་ལྟར་མཉེས་པར་བྱ་བའི་རིམ་པ་དང༔ བླ་མ་ལ་ལོག་པར་བལྟས་ཤིང་མཉེས་པར་མ་བྱས་པའི་ཉེས་དམིགས་(༢)དང༔ དེ་ལ་བཤགས་པའི་ཚད་དང༔ ཡོན་ཏན་ལ་དམིགས་ནས་བསྟན་པའི་ཁྱད་པར་དང་བཅུའོ༔

དེ་ལ་དང་པོ་བླ་མའི་མཚན་ཉིད་བསྟན་པ་ལ་གཉིས་ཏེ༔ རང་བཞིན་གྱི་མཚན་ཉིད་དང༔ བརྟགས་པའི་མཚན་ཉིད་དོ༔ རང་བཞིན་གྱི་མཚན་ཉིད་ནི༔ རང་བཞིན་གྱི་གཟུང་འཛིན་ཆུང་བ་དང༔ རྣམ་རྟོག་ཆུང་བ༔ ཅི་ལའང་ཡངས་པ༔ ལུས་ངག་ལ་ལྷོད་ཡོད་པའོ༔ བརྟགས་པའི་མཚན་ཉིད་ནི༔ བཀོད་པ་ཆེན་པོ་ལས༔ མཁས་ཤིང་བྱ་བ་དང་བྲལ་བ༔ ཆོས་ཉིད་དོན་ལྡན་ཚད་ཕེབས་པ༔ འདོད་པའི་དོན་ལ་རྨོངས་པ་མེད༔ གསང་སྔགས་བླ་མའི་མཚན་ཉིད་དོ༔ ཞེས་གསུངས་པས༔ ཡང་དག་པར་བརྟགས་ན༔ མཁས་ཤིང་བྱ་བ་དང་བྲལ་བ་ཞེས་པ་ལ་བཞི་སྟེ༔ ཡངས་ཤིང་རྒྱུད་ལ་མཁས་པ་དང༔ གོམས་ཤིང་གསང་སྔགས་ཀྱི་སྒྲུབ་ཐབས་ལ་མཁས་པ་དང༔ རྟོགས་ཤིང་ལྟ་བ་ལ་མཁས་པ་དང༔ ཉམས་སུ་བླང་ཞིང་ཉམས་མྱོང་ལ་མཁས་པའོ༔ དང་པོ་ཡངས་ཤིང་རྒྱུད་ལ་མཁས་པས་གསང་སྔགས་ཀྱི་རྒྱུད་མ་ལུས་པའི་དོན་བླ་མ་གོང་མ་རྣམས་ལས་ཐུགས་ལེགས་པར་སྦྱངས་པས༔ སློབ་མ་ལ་འཁྲུལ་པ་མེད་པར་སྟོན་ཤེས་པ་དེ་ཡང་རས་ཆོད་དང་གཟུ་ལུམས་ལ་སོགས་པའི་ཚུལ་མ་ཡིན་པ་སྟོན་ཤེས་པའོ༔ གོམས་ཤིང་སྒྲུབ་པ་ལ་མཁས་པས་བསྙེན་སྒྲུབ་ཡན་ལག་བཞིའི་དོན་སྡེབས་ཤེས་པའོ༔ རྟོགས་ཤིང་ལྟ་བ་ལ་མཁས་པས་སྤྱིར་ཐེག་པ་མཐའ་དག་གི་དོན་ལ་ལྟ་བའི་དོན་ཤེས་པས་གཞན་གྱི་སྒྲོ་འདོགས་ཆོད་པ་དང༔ བྱེ་བྲག་ཏུ་ཆོས་ཉིད་མངོན་སུམ་གྱི་དོན་ལ་མཁས་པ་ཡིད་དཔྱོད་ཚིག་གི་སྤྱོད་པ་ལས་གྲོལ་བའོ༔ ཉམས་སུ་བླངས་ཤིང་ཉམས་མྱོང་ལ་མཁས་པ་ནི་རང་གིས་ཉམས་སུ་བླངས་པས་ཤེས་བྱ་ནང་གི་སྒྲོ་འདོགས་ཆོད༔ ཉམས་མྱོང་ལ་མཁས་པས་སྐལ་ལྡན་གཞན་གྱི་རྒྱུད་གྲོལ་བར་(༣)ནུས་པའོ༔ བྱ་བ་དང་བྲལ་ཞེས་པ་ནི༔ དེ་ཡང་བླ་མ་དེ་འཇིག་རྟེན་གྱི་བྱ་བ་དང་བྲལ་ནས་རི་ཁྲོད་དམ་དགོན་པ་བརྟེན་ཅིང་འཁོར་མང་པོ་དང་འདུ་འཛི་སྤངས་པ་ནི་ཆོས་ཉིད་བྱ་བ་དང་བྲལ་བ་རྒྱུད་ལ་བརྟེན་པའི་རྟགས་སོ༔ ཆོས་ཉིད་དོན་དང་ལྡན་ཞེས་པ༔ ཆོས་ཉིད་དོན་དང་ལྡན་པས་འཇིག་རྟེན་གྱི་རྩིས་གདབ་ལས་འདས་པའོ༔ ཚད་ཕེབས་ཞེས་པ༔ ཆོས་ཚིག་ཕྱིར་མ་སོང་ལག་ཏུ་བླང་རྒྱུའི་ཆོས་ཐམས་ཅད་ཚད་ལ་ཕེབས་པས༔ ཉམས་སྐྱེས་པ་དང༔ འདོད་པའི་དོན་ལ་རྨོངས་པ་མེད་ཅེས་པ༔ སློབ་མ་དེས་གང་འདོད་པའི་ཆོས་ཀྱི་དོན་ལ་རྨོངས་པ་མེད་པར་སྟོན་ཞེས་པ་ནི་སྔོན་སྦྱངས་པའི་རྟགས་ཡིན་ནོ༔ ཡང་ན་གཏེར་ཆེན་པོ་ལ་ལོངས་སྤྱོད་པའི་རྟགས་སོ༔ དེ་ལྟར་མཚན་ཉིད་ལྔ་དང་ལྡན་ན་བླ་མའི་མཚན་ཉིད་ལྡན་པའོ༔

སྤྱི་དོན་གཉིས་པ་བླ་མའི་རང་བཞིན་ནི༔ ལུས་ཀྱི་སྤྱོད་པ་དལ་ཆགས་པ་དང༔ ངག་གི་སྤྱོད་པ་དྲང་པོར་སྨྲ་བ་དང༔ སེམས་ཀྱི་སྤྱོད་པ་ཏིང་ངེ་འཛིན་མ་ཡེངས་པའོ༔ དེ་ལྟ་བུའི་རང་བཞིན་དང་ལྡན་ན་བླ་མ་རྡོ་རྗེ་འཛིན་པ་ཞེས་བྱའོ༔

སྤྱི་དོན་གསུམ་པ་བླ་མ་ཇི་ལྟར་བཀུར་བའི་རིམ་པ་ནི༔ བླ་མ་མཐོང་བའི་ཚེ་ན་མཐོང་ཕྱག་འཚལ་བས་ནི༔ སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་བྱེད་པའི་དགོས་པ་ཡོད༔ བླ་མ་ལ་དུས་རྟག་ཏུ་མཎྜལ་ཕུལ་བས་བྱང་ཆུབ་སེམས་དཔའི་ས་ལ་སྤྱོད་པའོ༔ དུས་རྟག་ཏུ་ལུས་གུས་པ་དང་བཅས་པས་ཕྱག་བཙལ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་དང་མཉམ་མོ༔ དུས་རྒྱུན་དུ་བསྐོར་བ་བྱས་ན་འགྲོ་བ་ཐམས་ཅད་བྱམས་ཤིང་ཀུན་གྱིས་ལེགས་པ་སྟེར་བར་འགྱུར་རོ༔ དུས་རྟག་ཏུ་དྲིལ་ཕྱིས་བྱས་ན་རྡོ་རྗེའི་མིག་དང་ལྡན་པར་འགྱུར་རོ༔ དྲི་ཞིམ་པོའི་ཐིག་ལེ་བྱས་ན་བདེ་བ་འབའ་ཞིག་ལ་ལོངས་སྤྱོད་དོ༔ བླ་མ་ལ་རང་གི་ལུས་ཕུལ་ཏེ་བླ་མའི་བྱ་བ་ལ་མཁས་པར་བྱས་ན༔ འགྲོ་བ་ཐམས་ཅད་བྲན་དུ་ཁོལ་བར་འགྱུར་རོ༔ ངག་གི་བསྟོད་པ་སྣ་ཚོགས་པས་བསྟོད་ན་དབྱངས་ཀྱི་སྙན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་རོ༔ བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པ་ལན་ཅིག་བྱས་ན་ཚེ་འདི་ལ་བྱ་བ་རྣམས་ལེགས་པར་འགྲུབ་ཅིང་མ་འོངས་དུས་ན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བར་འགྱུར་རོ༔ ལན་གཉིས་བྱས་ན་ཚེ་འདི་ལ་ཉེས་པ་སྤང་ཞིང་མ་འོངས་པའི་དུས་ན་སྟོང་ས་འཛིན་གྱི་རྒྱལ་པོར་འགྱུར་རོ༔ ལན་གསུམ་(༤)བྱས་ན་ཚེ་འདི་ལ་ཀུན་གྱིས་སྙན་པ་སྒྲོག་ཅིང་མཆོད་པའི་གནས་སུ་འགྱུར་བ་དང༔ མ་འོངས་པའི་དུས་ན་མཁའ་སྤྱོད་ཀྱི་སིདྡྷི་འཐོབ་པར་འགྱུར་རོ༔ ལན་བདུན་བྱས་ན་འདི་ཉིད་ལ་དོན་ཇི་ལྟར་བསམས་པ་ལྟར་འགྲུབ་ལ་འདི་ནས་ཤི་འཕོས་མ་ཐག་ཏུ་རིག་འཛིན་རྒྱལ་པོ་ཆེན་པོར་གྱུར་ནས༔ འགྲོ་བ་རྣམས་ཀྱི་ཁ་ལོ་གྱེན་ལ་བསྒྱུར་བའོ༔ རང་གི་ལོ་གྲངས་ཤིག་བྱས་ན་འདི་ཉིད་ལ་ཚེ་ལ་དབང་བའི་རིག་འཛིན་གྲུབ་པས་ཇི་སྲིད་གནས་པ་བཞིན་དུ་གནས་པ་དང༔ སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྟོག་པ་སེལ་ཞིང་རྫུ་འཕྲུལ་སྣ་ཚོགས་ཀྱིས་འགྲོ་བ་བཏུལ་ནས་ཐ་མ་ཟག་བཅས་མི་སྣང་བར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཡང་རང་གི་བླ་མ་ལ་འདུན་རྣམ་པར་དག་པའི་སྒོ་ནས་རས་ཡུག་ཅིག་ཙམ་ཕུལ་བས་ཀྱང་མ་འོངས་པའི་དུས་ན་ནོར་བུའི་བང་མཛོད་ལ་ལོངས་སྤྱོད་པར་འགྱུར་རོ༔ དེ་ལྟར་ཡང་བདུད་རྩིའི་རྒྱ་མཚོ་འབྱུང་བའི་རྒྱུད་ལས༔ ནམ་མཁའ་གང་བའི་སངས་རྒྱས་ལ༔ སྣ་ཚོགས་རིན་ཆེན་སྤྲས་པ་ཡིས༔ སྟོང་གསུམ་གང་བ་ཕུལ་གྱུར་པས༔ བླ་མའི་བ་སྤུ་ཉག་རེ་ལ༔ མར་གྱི་ཐིག་པ་གཅིག་བྱུགས་པ༔ བརྒྱ་ཕྲག་མང་པོའི་ཆར་མི་ཕོད༔ ཐ་མ་སྤྱོད་ལམ་དུ་མའི་སྒོ་ནས་བླ་མ་མཉེས་པར་བྱས་ཏེ༔ བླ་མ་བཞེངས་པའི་དུས་སུ་ལངས་པ་དང༔ ཐལ་མོ་སྦྱར་བ་དང༔ བཞུགས་པའི་དུས་སུ་སྟན་བཏབ་པ་དང༔ མཎྜལ་ཕུལ་བ་དང༔ རང་བླ་མའི་དྲུང་དུ་སྦྲིད་པ་ལུ་བའི་དུས་སུ་ཁ་ལ་ལག་པས་དགབ་པ་དང༔ མདོར་ན་བག་མ་གསར་པའི་ཚུལ་དུ་བྱས་པས་སྤྲུལ་པའི་ཞིང་ཁམས་སུ་དབུགས་འབྱིན་པར་འགྱུར་རོ༔ དེ་ཡང་བླ་མ་དེ་རང་ལ་གཅེས་པའི་བུ་ལྟར་ཡིད་ལ་ཁུར་བས་བྱིན་རླབས་འདོད་འཇོའི་བ་ལྟར་འབྱུང་བ་དང༔ དུས་ཀྱི་ལྟོ་བཞིན་དུ་ཡིད་ལ་བྱས་པས་བྱིན་རླབས་བཀྲེས་སྐོམ་པ་ལ་བཟའ་བཏུང་ཟོས་འཐུངས་པ་ལྟར་འབྱུང་བ་དང༔ ནད་པས་སྨན་པ་བརྟེན་པ་ལྟར་གཡེང་བ་མེད་པར་ཁུར་བས་བྱིན་རླབས་རྟག་ཏུ་བདེ་བ་ལ་ལོངས་སྤྱོད་པའོ༔ དེ་བཞིན་འཇིགས་སར་ལམ་གྱི་སྐྱེལ་མ་བཞིན་དང༔ མུན་ཁང་གི་སྒྲོན་མ་བཞིན་དང༔ ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཐབས་སྣ་ཚོགས་ཀྱི་བླ་མ་བརྟེན་པར་བྱའོ༔

སྤྱི་དོན་བཞི་པ་གསོལ་བ་ཇི་ལྟར་གདབ་པ་ནི༔ བཀོད་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱུད་ལས༔ བླ་མ་རྡོ་རྗེ་འཛིན་པ་ནི༔ ཁམས་གསུམ་འཁོར་བའི་གཉེན་གཅིག་པོ༔ (༥)འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས༔ ཐར་པའི་ལམ་སྐས་ཆེན་པོ་སྟེ༔ མ་རིག་སེལ་བའི་སྒྲོན་མེ་ལ༔ མུན་པའི་ཚོགས་བདག་སྐྱབས་སུ་མཆི༔ འཁོར་བའི་འདམ་གྱི་ཚོགས་དག་ཏུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དུག་གསུམ་མེ་ཡིས་བརླན་བྲལ་བས༔ སྡུག་བསྔལ་སྐམ་ལ་གནས་པ་ལ༔ ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕོབ༔ རྩུབ་འགྱུར་དམྱལ་བའི་མེ་ཆེན་འབར༔ རང་བྱུང་བརླན་གྱིས་བསིལ་བར་མཛོད༔ བླ་མ་རྡོ་རྗེ་འཆང་བའི་ལྷ༔ ལྷ་ཡི་ལྷ་ཁྱོད་ཕྱག་འཚལ་ལོ༔ བདག་ནི་བསྐལ་པ་ཐོག་མ་ནས༔ ལུས་ཀྱིས་བཅིངས་པའི་སེམས་ཅན་དག ༔འབྱུང་བའི་སྣོད་དང་བྲལ་གྱུར་ལ༔ འོད་གསལ་དྲི་མེད་ལུས་ལྡན་ཤོག༔ སྨྲ་བ་ངག་གིས་བཅིངས་པ་ལ༔ འཁྲུལ་པའི་གཏམ་རྒྱུད་ཟུངས་ཟད་ནས༔ བརྗོད་དུ་མེད་པའི་དོན་ལྡན་ཤོག༔ འགྱུར་མེད་སེམས་ཀྱི་རྟོག་པས་བཅིངས༔ མི་རྟོག་གསལ་བའི་སྣང་མཐོང་ནས༔ བསམ་འདས་འཕྲོ་འདུ་ཆད་པར་ཤོག༔ དེ་ལྟར་ལུས་ངག་ཡིད་གསུམ་ལ༔ བྱིན་གྱིས་བརླབས་ནས་སྐུ་གསུམ་གྱི༔ འབྲས་བུ་ཚད་ལ་ཕེབས་པར་མཛོད༔ ཅེས་གསུངས་པས༔ དེ་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་གསོལ་བ་བཏབ་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བརྗོད་ཀྱིས་མི་ལངས་པ་འབྱུང་བ་ནི་རང་གི་སྤྱི་བོའི་གཙུག་ཏུ༔ འོག་ཟླ་བ་སྟེང་ཉི་མ་དེ་གཉིས་གྭའུ་ཁ་སྦྱར་བ་ལྟ་བུའི་ནང་ན་ཨ་ཡོད་པ་ལས༔ དེ་ལས་འོད་དཔག་ཏུ་མེད་པ་འཕྲོས་པས་རང་གི་བླ་མ་སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ཏེ༔ བླ་མ་སྐྱིལ་ཀྲུང་ཕྱེད་པས་གདན་སྟེངས་སུ་བཞུགས་པ་ལ་གསོལ་བ་བཏབ་པས༔ བླ་མ་བདེ་བའི་ངོ་བོར་ཞུ་ནས་ཞབས་གཡས་པའི་མཐེ་བོང་ལས་བྱང་སེམས་ཀྱི་ཐིག་ལེ་སྲན་མའི་གྭའུ་ཙམ་ཡུངས་འབྲུ་ཙམ་ཕྲམ་ཕྲམ་བྱུང་སྟེ་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་པ་དག་ནས་ལུས་བདེ་བའི་ངོ་བོར་ཞུ༔ དེ་ནས་མགྲིན་པར་བསླེབས་པས་ལུས་ངག་ཡིད་གསུམ་བདེ་བའི་ངོ་བོར་ཞུ་ནས༔ བདེ་བ་རྒྱ་ཆེན་པོར་འཕེལ་བའི་གནས་པ་ལ་བློ་ཡི་སེམས་གནས་པར་བྱའོ༔ འདི་དུས་ན་བདག་ཇི་བཞིན་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་གྱུར་པ་ལ་བློ་གནས་པར་བྱའོ༔ དེ་ལྟར་ཉིན་ལན་གསུམ་དང་མཚན་ལན་གསུམ་བྱས་ན་བླ་མའི་བྱིན་རླབས་དངོས་སུ་འབྱུང་བ་ལ་ཐེ་ཚོམ་མེད་དོ༔ དེ་ལྟར་འཇིག་རྟེན་འདིར་ཡང་ལེགས་(༦)པ་ཐམས་ཅད་འགྲུབ་ཅིང་ཉེས་པ་ཐམས་ཅད་སྤངས་པར་འགྱུར་རོ༔ མ་འོངས་པའི་དུས་ན་ཚོགས་གཉིས་རྫོགས་པས་སྐུ་གཉིས་འགྲུབ་པའོ༔ རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས༔ ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས༔ བླ་མའི་སྐུ་བསྒོམས་བསོད་ནམས་འཕགས༔ དེས་ན་བླ་མའི་སྐུ་འདི་རིན་ཐང་ཆེ༔ རྫོགས་རིམ་བསྒོམ་པའི་སྔོན་འགྲོ་དམ་པའོ༔ ཞེས་པའོ༔ ཡང་བཀོད་པ་ཆེན་པོ་ལས༔ ཡི་དམ་ལྷ་ཡི་སྐུ་བསྒོམས་ཀྱང༔ བླ་མའི་སྐུ་ལ་དམིགས་པ་མ་ལོག་ན༔ བརྒྱ་ཕྲག་སྟོང་གི་ཆར་ཡང་མི་འགྲོའོ༔ བསྙེན་སྒྲུབ་བཟླས་པ་ས་ཡ་བས༔ བླ་མའི་གསོལ་ཚིག་ལན་གསུམ་བརྗོད་པ་ནི༔ ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ༔ རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང༔ འདུ་འཛི་སྤངས་ནས་བསྒོམས་པ་བས༔ བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ༔ སྟོང་ཕྲག་ཉི་ཤུ་ཆར་ཡང་མི་ཕོད་དོ༔ དེས་ན་བླ་མ་བསྒོམས་དང་བསྟོད་དང་བསམ་པ་ཡིས༔ སངས་རྒྱས་འབྲས་བུ་གཅིག་ཆར་འགྲུབ་པར་ངེས༔ ཞེས་སོ༔

སྤྱི་དོན་ལྔ་པ་བྱིན་རླབས་འབྱུང་བས་ཡིད་ཆེས་བསྐྱེད་པའི་མཚན་ཉིད་བསྟན་པ་ནི༔ བླ་མ་བརྟེན་པས་བྱིན་རླབས་འབྱུང༔ བྱིན་རླབས་འབྱུང་བས་བླ་མ་ལ་གདུང་བ་འདི་ལྟར་སྐྱེ་སྟེ༔ སྐྱེས་བུ་མེ་འོབས་སུ་ཚུད་པའི་སྡུག་བསྔལ་ལས་གྲོལ་བར་འདོད་པ་ལྟར་བླ་མ་ཡིད་ལ་འདོད་པ་དང༔ རྒྱ་མཚོའི་གླིང་ལ་གྲུ་པ་འདོད་པ་ལྟར་བླ་མ་ཡིད་ལ་འདོད་པ་དང༔ རྒྱལ་པོའི་བཙོན་དུ་ཚུད་པ་འདོན་པར་འདོད་པ་ལྟར་བླ་མ་ཡིད་ལ་འདོད་པ་དང༔ གཤེད་མའི་ཁུང་དུ་ཚུད་པ་ལས་ཐར་པར་འདོད་པ་ལྟར་བླ་མ་ཡིད་ལ་འདོད་པའོ༔ དེའི་རྟགས་སུ་འཇིག་རྟེན་གྱི་ཟང་ཟིང་དང༔ ཨ་ཀྱང་ཆེས་ཏེ་རང་གི་མགོ་དང་ཡན་ལག་དང་ལུས་རྣམས་ཀྱང་བླ་མ་ལ་གཏོང་བར་ནུས་པ་དག་འབྱུང་ངོ་༔ རྡོ་རྗེ་བཀོད་པའི་རྒྱུད་ལས་ཀྱང༔ རྒྱ་མཚོའི་གླིང་དང་མེ་ཆེན་འོབས༔ རྒྱལ་པོའི་བཙོན་རར་ཚུད་པས་ཀྱང༔ བླ་མ་དྲན་ན་གྲོལ་བར་ངེས༔ ཞེས་སོ༔

སྤྱི་དོན་དྲུག་པ་བླ་མའི་བྱེ་བྲག་བསྟན་པ་ནི༔ བླ་མ་དང་སློབ་དཔོན་གཉིས་ཏེ༔ སློབ་དཔོན་ལ་ཡང་གཉིས༔ འཇིག་རྟེན་པའི་སློབ་དཔོན་དང༔ འདས་པའི་སློབ་དཔོན་ནོ༔ འཇིག་རྟེན་པའི་སློབ་དཔོན་མིང་དུ་བཏགས་པ་དེ༔ སྨན་དང༔ རྩིས་དང༔ བཟོ་དང༔ ཟས་ནོར་འཚོལ་བའི་ཡོན་ཏན་སློབ་པའི་སློབ་དཔོན་ནོ༔ འདས་པ་ཡང་དག་པའི་སློབ་དཔོན་ལ་དྲུག་སྟེ༔ སྤྱིའི་སློབ་དཔོན་ཡུལ་མི་སྤྱིའི་སློབ་དཔོན་དུ་ཁུར་བའོ༔ སྔགས་པ་སྤྱིའི་སློབ་དཔོན་དུ་ཁུར་བ་དང་གཅིག་ཡིན༔ འདྲེན་པའི་སློབ་དཔོན་ཆོས་སྒོར་འཛུད་པ་དེ་ཡིན༔ དམ་ཚིག་དབང་གི་སློབ་དཔོན་ནི་དབང་བསྐུར་ཞིང་དམ་ཚིག་དང་སྡོམ་པ་འབོགས་པའོ༔ ཉམས་ཆག་སྐོང་བའི་སློབ་དཔོན་ནི་རང་དམ་ཚིག་གི་སེལ་བྱུང་བ་དེ་ལ་སྐོང་བ་ཞུས་པ་དང༔ ཚེ་དབང་བསྐུར་ནས་རང་ལ་སྐྱོབ་པར་བྱེད་པའོ༔ ཤེས་རྒྱུད་གྲོལ་བའི་སློབ་དཔོན་ནི༔ གྲུབ་པའི་མཐའ་རྣམས་སློབ་པའོ༔ མན་ངག་ལུང་གི་སློབ་དཔོན་ནི་ལུང་འབོགས་པ་དང་མན་ངག་སྟོན་པའོ༔ དེ་ལྟར་སློབ་དཔོན་དྲུག་པོ་དེ་ཡང༔ དམ་ཚིག་ས་མ་ཡ་བཀོད་པའི་རྒྱུད་ལས༔ སྤྱི་དང་འདྲེན་དང་ཉམས་ཆག་སྐོང༔ཤེས་རྒྱུད་གྲོལ་དང་དམ་ཚིག་དབང༔ མན་ངག་ལུང་གི་སློབ་དཔོན་ལ༔ ཁུ་བོ་ཕ་དང་མ་དང་མིག༔ སྙིང་བས་ལྷག་པའི་ཚུལ་བལྟ་སྟེ༔ སྒོ་གསུམ་ཟོལ་ཟོག་སྒྱུ་མེད་པས༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་སོ༔ བླ་མ་ལ་གཉིས་ཏེ༔ རྩ་བའི་བླ་མ་དང༔ ཡན་ལག་གི་བླ་མའོ༔ རྩ་བའི་བླ་མ་ནི༔ བཞི་དང་ལྡན་ཏེ༔ དབང་བསྐུར༔ རྒྱུད་བཤད༔ ལུང་འབོགས༔ མན་ངག་བསྟན༔ ཞེས་པས༔ རང་ཡང་དེའི་ཆོས་ཉམས་སུ་ལེན་པ་དང་བཞི་འཛོམ་ན༔ རྩ་བའི་བླ་མའོ༔ ཡན་ལག་གི་བླ་མ་ནི་གཅིག་ལྡན་གཉིས་ལྡན་གསུམ་ལྡན་བཞི་ལ་སོགས་པའོ༔ དེ་ཡང་རྩ་བའི་བླ་མ་དང་ཡན་ལག་གི་བླ་མ་ཚོགས་བསགས་པའི་ཞིང་ཁྱད་པར་ཆེ་སྟེ༔ སྟོབས་བདུན་འགྱུར་དུ་ཡོད་པས་གཅིག་ལྡན་པས་གཉིས་ལྡན་ཆེ༔ དེ་བདུན་པས་གསུམ་ལྡན༔ དེ་གསུམ་ཀ་འབུམ་ཕྲག་བདུན་ལ་དགེ་བའི་རྩ་བ་བསྐྱེད་པ་བས་རྩ་བའི་བླ་མ་གཅིག་པོ་ལ་ཚོགས་བསགས་པ་བསོད་ནམས་ཆེའོ༔ ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས༔ ཡན་ལག་བླ་མ་འབུམ་ཕྲག་བདུན༔ གསེར་ནི་རང་ལུས་ཙམ་མཆོད་ཀྱང༔ རྩ་བའི་བླ་མ་སྲང་གཅིག་གིས༔ ལེགས་པར་མཆོད་པའི་དངོས་གྲུབ་ནི༔ སངས་རྒྱས་ཀྱིས་ཀྱང་བརྗོད་པར་དཀའ༔ ཞེས་སོ༔ ཡང་ཁ་སྦྱོར་ཐིག་ལེའི་རྒྱུད་ལས༔ སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད༔ གདུགས་དང་རྒྱལ་མཚན་ལ་སོགས་པས༔ ཁྱད་པར་གྱི་མཆོད་བཀུར་བྱས་པས༔ བླ་མའི་བ་སྤུའི་ཁུང་གཅིག་ལ༔ མཆོད་པར་བྱས་པས་བསོད་ནམས་ཆེ༔ ཞེས་སོ༔

སྤྱི་དོན་བདུན་པ་ཇི་ལྟར་མཉེས་པར་བྱ་བ་ནི༔ གང་ཟག་རབ་ཀྱིས་ཇི་ལྟར་མཉེས་པར་བྱ་བ་དང༔ འབྲིང་གིས་ཇི་ལྟར་མཉེས་པར་བྱ་(༨)བ་དང༔ ཐ་མས་ཇི་ལྟར་མཉེས་པར་བྱ་བའོ༔ དེ་ལ་རབ་ཀྱིས་མཉེས་པར་བྱ་བ་ལ་བཞི་སྟེ༔ དད་པས་མཉེས་པར་བྱ་བ་དང༔ ཤེས་རབ་ཀྱིས་མཉེས་པར་བྱ་བ་དང༔ བརྩོན་འགྲུས་ཀྱིས་མཉེས་པར་བྱ་བ་དང༔ ཏིང་ངེ་འཛིན་གྱིས་མཉེས་པར་བྱ་བའོ༔ དེ་ལ་དད་པས་མཉེས་པར་བྱ་བ་ནི༔ མགོ་མཇུག་ཐམས་ཅད་དུ་འཕོ་འགྱུར་དང་སྐྱོ་ངལ་མེད་པའོ༔ དེ་ལྟར་ཡང༔ དཔལ་འཁོར་ལོ་ཆུབ་པར་རོལ་པའི་རྒྱུད་ལས༔ ཡོན་ཏན་ནང་ནས་དད་པ་མཆོག༔ སྟོང་གསུམ་གང་བའི་སངས་རྒྱས་ལ༔ མཆོད་པས་སྟོང་གསུམ་བཀང་མཆོད་པས༔ འདི་ཡི་མཆོད་པའི་ཆར་མི་ཕོད༔ ཅེས་སོ༔ ཤེས་རབ་ཀྱིས་མཉེས་པར་བྱ་བ་ནི༔ བླ་མའི་གསུང་སྒྲོས་ལྷག་ཆད་མེད་པར་སྟོན་ཤེས་པ་སྟེ་བླ་མའི་བསྟན་པའི་སྲོལ་མ་ཉམས་པར་བྱེད་པའོ༔ དེ་ལྟར་ཡང་འཁོར་ལོ་ཆུབ་པར་རོལ་པ་ལས༔ ཤེས་རབ་མཆོག་གིས་བླ་མ་ལ༔ རང་གིས་མཉེས་པར་བྱས་པ་ནི༔ སངས་རྒྱས་རྣམས་ཀྱིས་གསུང་བའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོར་ཡང༔ སུ་ཡིས་བཀླགས་ཤིང་བརྗོད་པ་ལས༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ ཞེས་སོ༔ བརྩོན་འགྲུས་ཀྱིས་མཉེས་པར་བྱ་བ་ནི༔ འཇིག་རྟེན་གྱི་བྱ་བ་སྤངས་ནས༔ རི་ཁྲོད་ལ་སོགས་པར་བསྒྲུབས་པས་ལུས་ངག་གི་རྟགས་མང་པོ་བསྟན་ནས༔ སེམས་ཅན་ལམ་ལ་འཇུག་པར་འགྱུར་བས་བླ་མ་མཉེས་པའོ༔ དེ་ཡང་ཆུབ་པར་རོལ་པ་ལས༔ བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས༔ བླ་མ་མཉེས་པའི་བསོད་ནམས་ནི༔ བདག་གིས་སྤོབས་པ་མ་ཡིན་ནོ༔ ཞེས་སོ༔ ཏིང་ངེ་འཛིན་གྱིས་མཉེས་པར་བྱ་བ་ནི༔ ༼བར་འདིར་ཏིང་ངེ་འཛིན་གྱི་མཉེས་པར་བྱ་ཚུལ་ཆད་འདུག༔༽ གང་ཟག་འབྲིང་རྣམས་ཀྱིས་མཉེས་པར་བྱ་བ་ནི༔ ལུས་ཀྱིས་མཉེས་པར་བྱ་བ་སྟེ༔ བླ་མའི་ལས་དང་བྱ་བ་རྣམས༔ བྱས་ལ་མཉེས་པར་བྱ་བ་དང༔ སྲོག་གི་མེལ་ཚེས་མཉེས་པར་བྱ་བ་དང༔ ཚེ་ཡི་བར་གཅོད་མེ་དང་ཆུ་དང་གཞན་ཡང་རྒྱལ་པོའི་ཆད་པ་འབྱུང་བའི་དུས་ན་བདག་གིས་བླ་མའི་དོད་པོར་འགྲོ་ནུས་པ་དང༔ མི་གཞན་གྱིས་བླ་མའི་སྐུ་ལ་བར་ཆད་བྱེད་ན་བདག་གིས་དེའི་སྲོག་སླར་གཅོད་ནུས་པ་དང༔ དོན་གྱི་བདག་པོ་བླ་མའི་དོན་དུ་སྲོག་གཏོང་ནུས་པའོ༔ དེ་ཡང་དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས༔ གལ་ཏེ་བླ་མ་ལ་གནོད་པའི༔ མ་རུངས་སེམས་ཀྱིས་བཅོམ་པ་ལ༔ བདག་ཉིད་ཀྱིས་ནི་གསད་བྱ་ནི༔ སེམས་ཅན་འབུམ་གྱི་སྲོག་བཏོན་པས༔ བསོད་(༩)ནམས་འདི་ཡི་ཆར་མི་ཕོད༔ དེ་ཡི་ཕྱིར་ན་བསོད་ནམས་ཞེས༔ དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས༔ ལུང་དུ་བསྟན་པ་ཁོ་ནའོ༔ བླ་མའི་བྱ་བ་རྫོགས་བྱས་ན༔ འདི་ཡང་དེ་དང་མཉམ་པའོ༔ ཞེས་སོ༔ གང་ཟག་ཐ་མས་བླ་མ་ཇི་ལྟར་མཉེས་པར་བྱ་བ་ནི༔ རྫས་དང་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བ་དང༔ རྒྱལ་སྲིད་འཁོར་རྣམས་ཕུལ་ནས་མཉེས་པར་བྱ་བ་དང༔ འཁོར་གསུམ་ཡོངས་སུ་དག་པར་བྱས་ཏེ་ཅི་ཡོད་པས་མཉེས་པར་བྱ་བའོ༔ དོན་གྱི་ཅི་ཡང་རུང་བའི་ཐབས་སྣ་ཚོགས་ཀྱིས་མཉེས་པར་བྱ་བའོ༔ དེ་ཡང་བཀོད་པ་ཆེན་པོའི་རྒྱུད་ལས༔ ཆེ་དང་ཆུང་བའི་བྱེ་བྲག་གང༔ བླ་མ་མཉེས་པར་གྱུར་པ་ཡིས༔ བསོད་ནམས་བརྗོད་པར་ཤིན་ཏུ་དཀའ༔ ཞེས་པས༔ བླ་མ་ཅི་དང་ཅིའི་སྒོ་ནས་མཉེས་པར་བྱ་བའོ༔

སྤྱི་དོན་བརྒྱད་པ་བླ་མ་ལ་ལོག་པར་བལྟས་པ་དང༔ བརྙས་པར་བྱས་པའི་ཉེས་དམིགས་ནི་བརྗོད་ཀྱིས་མི་ལང་ངོ་༔ གཞན་དག་ལྟ་ཅི་སྨོས་ཏེ༔ རྨི་ལམ་དུ་བླ་མ་ལ་བརྙས་པ་བྱས་པ་ཙམ་ལ་ཡང་འདི་ཙམ་འབྱུང་སྟེ༔ དམ་ཚིག་ས་མ་ཡཱ་བཀོད་པའི་རྒྱུད་ལས༔ རྨི་ལམ་དུ་ནི་ལུས་ངག་ཡིད༔ གལ་ཏེ་རྡོ་རྗེ་སློབ་དཔོན་ལ༔ ཉེས་པ་ཕྲ་མོ་ཙམ་བྱས་ན༔ ཁྱི་ཡི་སྐྱེ་བ་བརྒྱར་བླངས་ནས༔ སྨེ་ཤ་ཅན་དུ་སྐྱེ་བར་འགྱུར༔ དེ་ནས་སེམས་ཅན་དམྱལ་བ་ཡི༔ ཚ་གྲང་གཉིས་ཀའི་སྡུག་བསྔལ་ཉིད༔ ཉམས་སུ་མྱོང་བ་ཁོ་ནའོ༔ ཞེས་སོ༔ རྨི་ལམ་དུ་མི་དད་པའམ་མི་གུས་པའམ་མི་མོས་པ་སྐྱེས་པ་ཙམ་ལ་ཉེས་པ་དེ་ཙམ་ཡོད་ན༔ དངོས་སུ་བྱས་ན་བརྗོད་ཀྱིས་མི་ལང་ངོ་༔ དེ་ཡང་མཆོད་རྟེན་མངོན་པར་རྟོགས་པའི་རྒྱུད་ལས༔ སློབ་དཔོན་སྐུ་ལ་བརྙས་པ་ན༔ ཆོས་སྐུ་བཤིག་པས་སྡིག་པ་ཆེ༔ བླ་མའི་གྲིབ་མ་འགོང་བྱས་ན༔ སངས་རྒྱས་སྐུ་བཅོམ་སྡིག་པ་ཆེ༔ བླ་མའི་གསུང་ལ་སྒྲོས་བཏགས་ན༔ ལྕེ་ཡི་དབང་པོ་བརྒྱད་པར་འགྱུར༔ བླ་མའི་གསུང་ལ་སྐུར་བཏབ་ན༔ དམ་པའི་ཆོས་དང་རྟག་ཏུ་འབྲལ༔ བླ་མའི་ཐུགས་ལ་སྨོད་པ་ན༔ རང་གི་སྒྲོན་མ་རང་གསོད་འདྲ༔ ཞེས་སོ༔ གལ་ཏེ་བླ་མ་ལ་ལུས་ཀྱི་སྒོ་ནས་བརྙས་པ་བྱས་པའམ༔ ཉེས་པ་བྱས་ན་ཤི་འཕོས་མ་ཐག་ཏུ་རྡོ་རྗེ་དམྱལ་བར་འགྲོ༔ ངག་གི་ཉེས་པ་བྱས་ན་གནོད་སྦྱིན་གྱི་ལུས་བླངས་ནས་དེ་ནས་རྡོ་རྗེའི་དམྱལ་བའི་གནས་སུ་འགྱུར་རོ༔ སེམས་ཀྱི་སྒོ་ནས་ཉེས་པ་བྱས་ན་ཚེ་གསུམ་གྱི་འོག་ཏུ་སེམས་ཀྱི་སྣང་བ་དམྱལ་(༡༠)བ་དུཿཁ་རུ་འཁྲུལ་ནས་འགྲོ་བ་ངེས་སོ༔ དེ་ཡང་སྤྱན་རས་གཟིགས་སྙིང་རྗེ་ཕུར་པའི་རྒྱུད་ལས༔ སློབ་དཔོན་ལས་ནི་དངོས་གྲུབ་ཐོབ༔ གལ་ཏེ་དེ་ལ་བརྙས་བྱེད་ན༔ དམྱལ་བའི་སྡུག་བསྔལ་རབ་ཏུ་འཐོབ༔ གལ་ཏེ་དེ་ནས་ཐར་ན་ཡང༔ བསྐལ་པ་བྱེ་བ་བརྒྱ་སྟོང་དུ༔ དམ་ཆོས་མིང་ཡང་མི་ཐོས་སོ༔ ཞེས་སོ༔ རྡོ་རྗེ་ཐིག་ལེ་འབྱུང་བའི་རྒྱུད་ལས༔ དངོས་གྲུབ་འབྱུང་བའི་དོན་དུ་ནི༔ རྟག་ཏུ་སློབ་དཔོན་བརྟེན་པར་བྱ༔ དེས་ནི་འདོད་པའི་འབྲས་བུ་སྟེར༔ དེ་ལ་བརྙས་ན་སྡུག་བསྔལ་ཐོགས༔ ཞེས་སོ༔ ཡང་བླ་མ་སྨད་པའི་ཉེས་པ་ནི༔ སྒྱུ་འཕྲུལ་དྲ་བའི་རྒྱུད་ལས༔ བླ་མ་ལ་ནི་སྨོད་པ་དང༔ ཐུགས་དཀྲུགས་པ་ཡི་ཉེས་པས་ནི༔ ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ༔ ཆུ་དེ་སྐྲ་ཡིས་གཏོར་ནུས་པ༔ དེ་ཡི་ཚད་དུ་སྡུག་བསྔལ་མྱོང༔ རྡོ་རྗེ་དམྱལ་བར་གྲགས་པ་ཡིན༔ ཞེས་སོ༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ སློབ་དཔོན་སྨད་པར་མི་བྱ་སྟེ༔ འདི་ནི་སངས་རྒྱས་ཀུན་དང་འདྲ༔ སློབ་དཔོན་ལ་ནི་གང་སྨོད་པ༔ ཚེ་འདི་ཉིད་ལ་སྡུག་བསྔལ་འབྱུང༔ རིམས་དང་དུག་དང་དབྱིག་དུག་དང༔ ཌཱཀྐི་རྣམས་ཀྱིས་གཙེས་པ་དང༔ གདོན་དང་ལོག་འདྲེན་གཏུམ་པོ་ཡིས༔ བསད་ནས་སེམས་ཅན་དམྱལ་བར་ལྟུང༔ ཞེས་སོ༔ གཞན་ཡང་བླ་མའི་གོས་ཆས་ལ་སོགས་དང༔ སྐུ་ཡི་གྲིབ་མ་ལ་མི་འགོང༔ ཡུམ་ལ་མི་སྤྱད༔ བླ་མ་ལ་ཅོ་འདྲི་བར་མི་བྱའོ༔ དེ་སྐད་དུ་ཡང༔ བཛྲ་ཌཱཀྐིའི་རྒྱུད་ལས༔ སློབ་དཔོན་གྱི་ནི་མལ་སྟན་དང༔ མ་དང་གདུགས་དང་ན་བཟའ་སོགས༔ མཉེས་པའི་བཙུན་མོ་ལོངས་སྤྱོད་དང༔ གྲིབ་མ་འགོང་བར་མི་བྱ་ཞིང༔ ཅོ་འདྲི་བར་ནི་མི་བྱ་ཞིང༔ གལ་ཏེ་བྱས་ན་དུས་ཀུན་ཏུ༔ དེ་ནི་ཀུན་ཏུ་གཟིར་འགྱུར་ཞིང༔ དོན་ཉམས་ལེགས་པ་རིང་དུ་འགྱུར༔ ཞེས་སོ༔

སྤྱི་དོན་དགུ་པ་ཉེས་པ་བྱས་ན་བཤགས་པའི་ཚད་བསྟན་པ་ནི༔ ཉེས་པ་ལན་གཉིས་ནས་བཞི་དང་བཅུ་ལ་སོགས་རྣམས་བཤགས་པར་བྱས་པས་འདག་ལ༔ རང་གི་ལོ་གྲངས་ཙམ་ལས་འདས་ན་ནི་བཤགས་པས་མི་འདག་གི༔ དེ་ལྟར་ཡང༔ ས་མ་ཡཱ་བཀོད་པ་ལས༔ གལ་ཏེ་བླ་མ་བརྙས་པའི་མིས༔ ལན་གྲངས་བདུན་ནམ་བཅུ་དག་ལ༔ འགྱོད་པ་བྱས་པས་བཤགས་པས་འབྱོངས༔ རང་ལོ་འདས་ནས་བཤགས་པའི་ཡུལ༔ རྡོ་རྗེ་སེམས་དཔས་མ་གནང་ངོ་༔ ཞེས་གསུངས་སོ༔ དེ་ཡང་དུས་ཐམས་ཅད་དུ་བླ་མའི་(༡༡)སྐྱོན་དོར་ཞིང་ཡོན་ཏན་ཅི་འདུག་པ་ལ་བསམ་ཞིང་བླ་མ་བརྟེན་པས༔ རྣལ་འབྱོར་པ་རྣམས་ཀྱིས་འདོད་པའི་དོན་འགྲུབ་པར་ངེས་སོ༔ དེ་ཡང་ཐལ་འགྱུར་གྱི་ལེའུ་དང་པོ་ནས༔ མཚན་ཉིད་རྫོགས་པའི་བླ་མ་ནི༔ ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན༔ རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ༔ ཞེས་སོ༔

སྤྱི་དོན་བཅུ་པ་ཡོན་ཏན་ལ་དམིགས་ནས་དུས་ཐམས་ཅད་དུ་བླ་མ་བརྟེན་པ་ལ་ཡོན་ཏན་ཇི་ལྟར་འབྱུང་བར་བསྟན་པ་ནི༔ ཡང་ཐལ་འགྱུར་ལས༔ བརྟེན་པ་དེ་ལ་ཡོན་ཏན་ནི༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ འདོད་འཇོའི་བ་དང་འདྲ་བ་ལས༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ༔ དེ་ལ་དམིགས་ཏེ་བླ་མ་བརྟེན༔ འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ༔ ཞེས་གསུངས་སོ༔ དེར་མ་ཟད་ཐུན་མོང་གི་སིདྡྷི་ཡང་བླ་མ་མཉེས་པ་ལས་འབྱུང་ངོ་༔ དེ་སྐད་དུ་ཡང༔ དམ་ཚིག་ཆེན་པོ་མཆོག་གི་རྒྱུད་ལས༔ དངོས་གྲུབ་འདོད་པའི་དད་པ་ཅན༔ དངོས་གྲུབ་བླ་མ་མཉེས་ལས་འབྱུང༔ ཞེས་སོ༔ གཞན་ཡང་མཆོད་པ་ཐམས་ཅད་སྤངས་ལ༔ བླ་མ་མཆོད་པས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་ཡང་འཐོབ༔ རྡོ་རྗེ་སེམས་དཔའ་མཆོད་པ་ཡང་ཡིན༔ བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱང་དུས་གཅིག་ལ་བསགས༔ ཆོས་ཕྱོགས་ཀྱི་དཀའ་ཐུབ་ཐམས་ཅད་ཀྱང་དེས་བརྟེན་ཅིང་སྤྱད་པ་ཡིན་ཏེ༔ དེ་བས་བྱ་བ་ཆེ་བཞག་ཆུང་བཤོལ་ལ་བླ་མ་ཇི་ལྟར་མཉེས་པའི་ཐབས་ལ་འབད་པར་བྱའོ༔ དེ་སྐད་དུ་ཡང༔ དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས༔ མཆོད་པ་ཐམས་ཅད་ཡོངས་སྤངས་ལ༔ བླ་མའི་མཆོད་པ་ཡང་དག་བརྩམ༔ དེ་མཉེས་པས་ནི་ཀུན་མཁྱེན་པའི༔ ཡེ་ཤེས་མཆོག་དེ་འཐོབ་པར་འགྱུར༔ བླ་མེད་མཛད་པའི་སློབ་དཔོན་ནི༔ རྡོ་རྗེ་སེམས་དཔའ་རབ་མཆོག་གི༔ དེ་ཡི་བསོད་ནམས་མ་བསགས་ཤིང༔ དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད༔ ཅེས་སོ༔ ཡང་གསང་སྔགས་ཀྱི་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་མཆོད་ཅིང་མཉེས་པར་བྱས་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དེས་མཆོད༔ དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱང་དེས་མཆོད༔ ཉེ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་དེས་མཆོད༔ ཉེ་བའི་དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ་རང་གི་ཡི་དམ་ལྷ་མཉེས་པ་སྨོས་ཅི་དགོས༔ ཐུན་མོང་གི་ཉེས་པ་སོ་སོར་ཐར་པའི་སྡོམ་པ་ཉམས་(༡༢)པ་དང༔ མི་དགེ་བ་བཅུ༔ མཚམས་མེད་པོ་ལྔ་ལ་སོགས་པ་དང༔ ཁྱད་པར་གྱི་ཉེས་པ་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཡང་འདག་པར་འགྱུར་རོ༔ དེ་སྐད་དུ་ཡང༔ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྩ་བའི་རྒྱུད་ལས༔ དབང་ཕྱུག་ལོངས་སྤྱོད་ལྔ་མཆོད་ན༔ དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན༔ ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས༔ ཉེས་པ་ཐམས་ཅད་དག་པར་འགྱུར༔ ཞེས་སོ༔ མདོར་ན་བླ་མ་བརྟེན་ཅིང་མཆོད་ན་ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ ཐུགས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལས༔ དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་དང༔ བསྙེན་བཀུར་བྱས་པ་བས༔ བླ་མའི་བ་སྤུའི་བུ་ག་གཅིག་ལ་བསྙེན་བཀུར་བྱས་པའམ༔ བ་སྤུའི་བུ་ག་གཅིག་ཙམ་མཉེས་པར་བྱས་ན༔ བསོད་ནམས་ཆེའོ༔ ཞེས་སོ༔ ཟབ་འདུས་དོན་འདྲིལ་སྤྱི་དོན་བཅུ་པ་ཞེས་བྱ་བ༔ བླ་མ་སྒྲུབ་པའི་རིམ་པ༔ སྐལ་ལྡན་གྱི་དོན་དུ་སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏིས་བཀའ་འདིའི་བྱ་ར་གྱིས་ཤིག༔ སྐལ་ལྡན་དང་འཕྲད་པའི་དུས་སུ་ལུང་ཁྲོལ་ཅིག༔ སྡོང་གྲོགས་གྱིས་ལ་དངོས་གྲུབ་བྱིན་ཅིག༔ སྣོད་མིན་གྱི་ལག་ཏུ་ཤོར་ར་རེ༔ སྲུངས་ཤིག་ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཤརྦྱ།།།ཅ།།སྠཉྵ༔ མངྒཱ་ལཾ་བྷ་ཝནྟུ༔

ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ།

༄༅༔ ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ་བཞུགས་པ་ལགས་སོ༔

༄༅༔ དཔལ་ལྡན་རྡོ་རྗེ་འཆང་ཆེན་དང༔ བླ་མ་དང་ནི་ཡི་དམ་ལྷ༔ མཁའ་འགྲོ་བདེ་བ་འབྱིན་པ་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པའི༔ སྟོན་པ་ཀུན་ཏུ་བཟང་པོས༔ ཆོས་ཀྱི་སྐུ་འོད་གསལ་བའི་ངང་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་བྱོན་ཏེ༔ གདུལ་བྱ་འགྲོ་བའི་རྒྱུད་ཐ་དད་ཀྱང༔ འདིར་སྐལ་ལྡན་གང་ཟག་ཅིག་འཚང་རྒྱ་བར་བྱེད་པ་ལ་ཚིག་དོན་བཅུ་གཅིག་སྟེ༔ དང་པོ་རྟོགས་ཏེ་སངས་རྒྱས་མ་བྱུང༔ མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན༔ གཞི་དངོས་(༢)པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས་པ་དང་གཅིག༔ དེ་ལྟར་གནས་པ་དེ་ལ་འཁྲུལ་པ་ཇི་ལྟར་བྱུང་བའི་ཚུལ་གཏན་ལ་དབབ་པ་དང་གཉིས༔ འཁྲུལ་ཀྱང་སེམས་ཅན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འམ་ས་བོན་ཇི་ལྟར་གནས་པ་དང་གསུམ༔ དེ་ཉིད་གནས་པའང་གང་ན་གནས་བསྟན་པ་དང་བཞི༔ དེ་ལྟར་གནས་པའི་ཡེ་ཤེས་ལམ་གང་ནས་བྱུང་བསྟན་པ་དང་ལྔ༔ དེ་ཉིད་སྒོ་གང་ནས་འཆར་བསྟན་པ་དང་དྲུག༔ དེ་ཡུལ་གང་ན་སྣང་བ་དང་བདུན༔ དེ་ལྟར་ཉམས་སུ་བླང་བ་དང་བརྒྱད༔ ཉམས་སུ་མྱོང་བའི་ཚད་བཟུང་བ་དང་དགུ༔ གལ་ཏེ་ཉམས་སུ་མ་ལོན་པར་ཚེའི་དུས་བྱས་པ་ན་ཆོས་ཉིད་བར་དོ་ཇི་ལྟར་འཆར་བ་དང་བཅུ༔ ཐ་མ་གྲོལ་བ་ཆེན་པོ་དང་བཅུ་གཅིག་གོ༔ དེ་ལ་དང་པོ་ནི་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་༼ཀ་དག་ལྷུན་གྲུབ་འདོད་ན་བདུན་ནོ་༽གྲུབ་མཐའི་རྗེས་སུ་འབྲངས་པ་དང༔ ལམ་རྗེས་སུ་འཛིན་པའི་གང་ཟག་གཉིས་ལས༔ ༼དེ་དགག་པའི་གཞུང་ངོ་༔༽ འདིར་ལམ་རྗེས་སུ་འཛིན་པའི་སྟེ༔ དེ་ཡང་རེ་ཞིག་ཚིག་གིས་གཏན་ལ་དབབ་པ་ནི༔ ༼འཁོར་འདས་གཉིས་ཀྱི་དེ་དགག་པའི་གཞུང་ངོ༔༽ ཐོག་མའི་གཞི་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ༔ དེ་ཡང་ངོ་བོ་སྟོང་ལ་རང་བཞིན་གསལ་བ༔ ཐུགས་རྗེ་འགག་པ་མེད་པའོ༔ དེ་ཡང་ངོ་བོ་སྐུ་༼གཞིའི་དུས་ན་༽རུ་གནས༔ རང་བཞིན་གསུང་དུ་གནས༔ ཐུགས་རྗེ་ཐུགས་སུ་གནས་པའོ༔ དེ་ཡང་ངོ་བོ་རྒྱན་དང་གདན་ཁྲི་མེད་པའི་སྐུ་༼འབྲས་བུའི་དུས་ན་ཡོད་གཞིའི་དུས་ན་མེད་༽རུ་གནས༔ རང་བཞིན་ཁ་དོག་སྣ་ཚོགས་སུ་འབར༔ ཐུགས་རྗེ་འཆར་གཞི་འགག་མེད་དུ་གནས་པས་ཀུན་ལ་ཁྱབ་བོ༔ དེ་ཡང་ངོ་བོ་སྟོང་པས་རྟག་པའི་ཕྱོགས་སུ་མ་ལྷུང༔ རང་བཞིན་གསལ་བས་ཆད་པའི་ཕྱོགས་སུ་མ་ལྷུང༔ དེ་ཀུན་ལ་ཁྱབ་པའི་ངོས་ནས་བེམ་པོའི་ཕྱོགས་སུ་མ་ལྷུང་བའོ༔ ཡང་ངོ་བོ་འཁྲུལ་པར་མི་གནས༔ ཐུགས་རྗེ་འཁྲུལ་༼ངོ་བོ་ཀ་དག་ལྷུན་གྲུབ་རང་བཞིན་ལྷུན་གྲུབ་༽པར་མི་སྲིད་པའོ༔ ༼ཐུགས་རྗེ་ཀུན་ཁྱབ་བོ༔༽ དེ་ཡང་ངོ་བོ་སྐུ་ཡིན་པས་མི་འགྱུར༔ རང་བཞིན་འོད་ཡིན་པས་རང་གསལ༔ ཐུགས་རྗེ་ཡེ་ཤེས་ཡིན་པས་མཁྱེན་པའི་ཆ་མ་འགགས་པར་སོ་སོར་གསལ་ལོ༔ དེ་ཡང་མཁྱེན་པའི་ཆ་གཞི་གནས་པའི་ཡེ་ཤེས་གསུམ་དུ་བཞུགས་སོ༔ དེ་ནི་ཐོག་མ་ཇི་ལྟ་བའི་གནས་ལུགས་སོ༔

༈ ད་ནི་གཉིས་པ་དེ་ལས་འཁྲུལ་པ་ཇི་ལྟར་བྱུང་བའི་ཚུལ་བསྟན་པ་ནི༔ ངོ་བོ་རིག་པ་ཡེ་ཤེས་ཀྱིས་འཁྲུལ་གཞིའི་རྒྱུ་བྱས་ནས་བདག་ཉིད་གཅིག་པའི་མ་རིག་པར་གྱུར༔ རང་བཞིན་གྱིས་འཁྲུལ་པའི་རྐྱེན་བྱས་པས་འཕེན་པའི་ལས་ཀྱི་རླུང་ལངས་ཏེ་དེ་ལ་ཁ་དོག་ཏུ་གསལ་བས་ལྷན་ཅིག་སྐྱེས་པའི་མ་རིག་པར་སོང༔ ཐུགས་རྗེ་འཁྲུལ་པའི་འབྲས་བུ་བྱས་ཏེ་ཞི་གནས་ཀྱི་ཡེ་ཤེས་ལས་ཀུན་ཏུ་བརྟགས་པའི་མ་རིག་པར་གྱུར༔ ད་ལྟ་རིག་མ་རིག་ལག་པའི་ལྟོ་རྒྱབ་རྟོགས་པ་ལྟར་མ་ཤེས་པས་རིག་པ་ལ་ལྟོས་པའི་མ་རིག་པ་མ་འཁྲུལ་པ་ལ་ལྟོས་པའི་འཁྲུལ་པ༔ དེ་ལ་བརྟགས་པས་མིང་གི་ཚོགས་སུ་ཤར་ཏེ༔ འདི་ནི་རིག་པ་ཡེ་ཤེས་སོ༔ འདི་ནི་མ་རིག་པའམ་འཁྲུལ་པའོ༔ ཞེས་མིང་དུ་མ་བཏགས་པས་ཀུན་ཏུ་བརྟགས་པའི་མ་རིག་པར་གྱུར༔ དེ་ལ་ཡུལ་དང་ཡུལ་ཅན་དུ་འཛིན་པ་དཔེར་ན་སྐྱེས་བུའི་བྱད་དང་འདྲ་བས༔ འཁྲུལ་པའི་རྒྱུ་བྱས་པས་རྒྱུའི་རྐྱེན་ཞེས་པ་མ་རིག་པ་གསུམ་མོ༔ དེ་ལ་དམིགས་པའི་རྐྱེན་ཞེས་པ་ཡུལ་ལ་དམིགས་པ་སོར་སོར་ཤར་བས་མེ་ལོང་ལྟ་བུའོ༔ ང་བདག་དང་གཟུང་འཛིན་སྣ་ཚོགས་པ་བདག་པོའི་རྐྱེན་གསུམ་དུས་མཚུངས་པས་མཚུངས་པའི་རྐྱེན་ཞེས་པ་མ་དག་པ་དངོས་སུ་སོང་བ་ནི་དཔེར་ན་མིང་མེད་པ་མིང་དུ་སོང་བ་དང་འདྲའོ༔ དེ་ལྟར་ངོ་མ་ཤེས་ཤིང་འཁྲུལ་པས་འགྲོ་བའི་ཡུལ་དང་ལས་དང༔ དབང་པོ་དང༔ ཉོན་མོངས་པ་དཔག་ཏུ་མེད་པ་འབྱུང་ངོ༔

༈ ད་ནི་གསུམ་པ་དེ་ལྟར་འཁྲུལ་ཀྱང་སེམས་ཅན་རྣམས་སངས་རྒྱས་སྙིང་པོས་ཇི་ལྟར་ཁྱབ་ཚུལ་ནི༔ འགྲོ་བ་གཅིག་གི་ལུས་ལ༔ སྐུ་ལྔ༔ རིགས་ལྔ༔ ཡེ་ཤེས་ལྔ༔ རླུང་ལྔ༔ ཤེས་རབ་ལྔ༔ འོད་ལྔ་སྟེ༔ རིག་པའི་ཡེ་ཤེས་ལྔ་ཚན་དུ་གནས་པས༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པ་དང༔ རང་ལུས་རྡོ་རྗེ་སངས་རྒྱས་ཉིད༔ རང་གི་ལུས་ལ་(༤)སངས་རྒྱས་བཞུགས༔ གཞན་ནས་སངས་རྒྱས་བསྟན་དུ་མེད༔ ཅེས་པའོ༔ དེ་ཡང་རིག་པའི་ཡེ་ཤེས་ཉིད༔ རྣམ་པ་ཡུལ་དེ་ཉིད་ལ་རིག་པའི་ཡེ་ཤེས་སྣང་བས༔ རྣམ་པར་སྣང་མཛད་སྐུ་རང་བྱུང་བས་དེ་ཉིད་གཞན་ནས་བཙལ་མ་དགོས་པའོ༔ རྡོ་རྗེ་ནི་རིག་པའི་ངོ་བོ་མི་འགྱུར་བ་དེ་ལ་རྣམ་རྟོག་གིས་མི་བསྐྱོད་པས༔ རིག་པ་ཉིད་རྡོ་རྗེ་མི་བསྐྱོད་པའི་སྐུར་བྱུང་བའོ༔ ཡང་རིག་པའི་ཡེ་ཤེས་དེ་ཉིད་ལས་ཉམས་གོང་འཕེལ་གྱི་སྣང་བ་ལ་སོགས་ཏེ༔ ཡོན་ཏན་གྱི་འཕེལ་སྒོ་དཔག་མེད་བྱུང་བས༔ རིན་ཆེན་འབྱུང་ལྡན་དུ་རང་བྱུང་བའོ༔ ཡང་རིག་པའི་གསལ་ཆ་འོད་ཟེར་མཐའ་ཡས་པར་སྣང་བས༔ སྣང་བ་མཐའ་ཡས་འོད་དཔག་མེད་དུ་རང་ཤར་བའོ༔ ཡང་རིག་པ་ཡེ་ཤེས་ཉིད་ཡེ་ཤེས་ཀྱི་ངོ་བོར་ཡོད་ལ༔ དེ་ཉམས་སུ་བླངས་པས་འགྲུབ་ངེས་ན༔ དོན་ཡོད་གྲུབ་པར་རང་བྱུང་བའོ༔ དེ་ལྟར་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ཡི་དམ་གྱི་ལྷ་གཞན་ནས་བཙལ་ཞིང་བསྒོམ་དུ་མེད་དེ༔ ཚི་ཆད་པའི་ནད་དང་བྲལ་བའོ༔ ཡང་རང་གི་སེམས་ཉིད་རིགས་ལྔར་འབྱུང་སྟེ༔ རིག་པ་སྐྱེ་མེད་ཀྱི་དབྱིངས་སུ་རྩལ་འགག་མེད་གཤེགས་ཤིང་ཐིམ་པས་ན༔ དེ་བཞིན་གཤེགས་པའི་རིགས་ཡིན་ལ༔ དེའི་ངོ་བོ་རྐྱེན་གྱིས་མི་འགྱུར་བས་རྡོ་རྗེའི་རིགས་སོ༔ དེ་ལ་ཡོན་ཏན་ཐམས་ཅད་རང་རྫོགས་སུ་གནས་པས་རིན་པོ་ཆེའི་རིགས་ཡིན་ལ༔ དེའི་ངོ་བོ་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་གྱི་ལས་སུ་འདུག་པས་ལས་ཀྱི་རིགས་ཞེས་བྱའོ༔ དེ་ཡང་རིག་པ་ཉིད་ཡེ་ཤེས་ལྔར་ཡང་གནས་ཏེ་ཆོས་སྤྱི་དང་རང་གི་མཚན་ཉིད་དམ༔ གཟུགས་ཅན་ཐམས་ཅད་རིག་པའི་ངང་ལས་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཆོས་ཅན་སྣ་ཚོགས་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ དེ་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཆ་མ་འདྲེས་པར་སོ་སོར་གསལ་བས་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་སོ༔ དེ་ཡང་འབད་རྩོལ་གྱིས་བསྒྲུབ་མི་དགོས་ཏེ༔ ཡེ་ནས་རང་གསལ་ལྷུན་གྲུབ་ཏུ་གནས་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་ཐམས་ཅད་ཀྱང་ཐ་དད་པ་མ་ཡིན་ཏེ༔ ཆོས་ཉིད་སྟོང་ཉིད་དུ་རོ་གཅིག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ རང་རིག་པ་ཉིད་འོད་ལྔར་ཡང་བྱུང་སྟེ༔ རིག་པ་(༥)ཉིད་ལ་ལས་དང་ཉོན་མོངས་ཀྱིས་མ་གོས་པས་དཀར་པོ་ལྟར་ཡང་སྣང་ངོ༔ ཡོན་ཏན་རྫོགས་པའི་ཕྱིར་སེར་པོ་ལྟར་ཡང་སྣང་ངོ༔ ཐམས་ཅད་རིག་པ་དབང་དུ་འདུས་པས་དམར་པོ་ལྟར་ཡང་སྣང་ངོ༔ རྩོལ་བ་ལས་འདས་པས་ལྗང་གུའོ༔ སྣ་ཚོགས་སུ་ཤར་ཡང་ངོ་བོ་ལ་འགྱུར་བ་མེད་པས་མཐིང་ག་ལྟར་ཤར་བའོ༔ རིག་པ་ཉིད་རླུང་ལྔར་ཡང་འབྱུང་སྟེ༔ རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱ༔ འཁོར་འདས་ཀུན་གྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་ངོ༔ དབང་པོ་དང་ཡུལ་དང་ཁ་དོག་ལ་སོགས་པར་འབྱེད་པས་ན་དྭངས་སྙིགས་འབྱེད་པའི་རླུང་ངོ༔ འཁོར་འདས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང༔ འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་འཕེན་པས་ན་སྙིང་རྗེ་མེད་པ་ལས་ཀྱི་རླུང་ཞེས་བྱའོ༔ རིག་པ་ཉིད་ཤེས་རབ་ལྔར་ཡང་གནས་ཏེ༔ འཁོར་འདས་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པ་འབྱེད་པ་མེད་པའི་ཤེས་རབ་བོ༔ རང་རིག་པའི་ངང་ལས་མ་འདས་པས་སྡུད་པར་བྱེད་པའི་ཤེས་རབ་བོ༔ དེ་ཐམས་ཅད་ཀྱི་ངོ་བོར་བྱུང་བས་ཁྱབ་པར་བྱེད་པའི་ཤེས་རབ་བོ༔ དེ་ཉིད་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་སྤྱོད་པས་ན་སྐྱོད་པའི་ཤེས་རབ་བོ༔ འཁོར་འདས་གཉིས་ཀའི་སྒྲོ་འདོགས་གཅོད་པས་ན་སྒྲོ་འདོགས་གཅོད་པའི་ཤེས་རབ་ཏུ་གནས་པའོ༔ དེ་ལྟར་རིག་པ་ཉིད་ལས་གཞན་མེད་པས་ན་རང་བྱུང་གི་ཡེ་ཤེས་ཞེས་བྱ༔ དེ་ཡང་ངོ་བོའི་ཆ་ལ་སྐུར་གནས་པ་མཉམ་གཞག་གི་དུས་ན་ཆོས་སྐུ་ཉིད་ལ༔ མཉམ་རྗེས་གཉིས་མེད་དུས་ན་ལོངས་སྐུའོ༔ རྗེས་ཀྱི་དུས་ན་སྤྲུལ་པའི་སྐུའོ༔ རང་བཞིན་འོད་དུ་གསལ་བས་གཞི་ལ་རང་གསལ་དུ་གནས་ཏེ༔ རྟགས་སྒྲོན་མ་ལ་གསལ་བའོ༔ ཐུགས་རྗེའི་ཆ་ཡེ་ཤེས་སུ་གནས་པའོ༔ དེ་ལྟར་ཐམས་ཅད་ཀྱི་གཞིར་གནས་པས་སངས་རྒྱས་བཙལ་མི་དགོས་ཏེ༔ རང་སེམས་ཡེ་ནས་སངས་རྒྱས་ཡིན་པའི་གཏན་ཚིགས་སོ༔

༈ ད་ནི་བཞི་པ་རིག་པའི་ཡེ་ཤེས་དེ་གནས་པ་གང་ན་གནས་བསྟན་པ་ནི༔ དེ་ཡང་ལུས་ཀྱི་དཀྱིལ་ན་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་ཏེ༔ ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ༔ དེ་ཡང་སྐུ་ཡུངས་འབྲུ་ཙམ་ཞེས་པ་ནི༔ ཕྲ་ཞིང་(༦)རྟོགས་པར་དཀའ་བའི་ཆ་ནས་བཞག་ལ༔ སྤྱན་ཕུལ་ཐག་ཙམ་ལ་ཞེས་པ་ཉམས་ལེན་ཕྲ་མོ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་ལ་དགོངས་པའོ༔ དེ་ཡང་ངོ་བོ་སྐུ་རུ་གནས་པ་བུམ་སྐུ་ལྟ་བུའོ༔ རང་བཞིན་འོད་དུ་གནས་པ་ནི་བུམ་ནང་གི་མར་མེ་ལྟ་བུའོ༔ ཐུགས་རྗེ་ཟེར་དུ་གནས་པས་སྒྲོན་མའི་གོ་མ་འགགས་པར་གསལ་བའོ༔ དེའི་ཞར་ལ་མ་རིག་པ་དང༔ ཉོན་མོངས་པ་དང༔ ལས་དང་བག་ཆགས་དང་རྣམ་པར་རྟོག་པ་ལ་སོགས་ཀྱང་ལས་ཀྱི་རླུང་གིས་སྟོབས་བྱས་ནས་གློ་བ་ན་གནས་པའོ༔

༈ ད་ནི་ལྔ་པ་དེ་ལྟར་གནས་པའི་རིག་པའི་ཡེ་ཤེས་དེ་ལམ་གང་ནས་བྱུང་བསྟན་པ་ནི༔ རྩ་རྣམས་ནས་འབྱུང་བ་སྟེ༔ དེ་ཡང་རྩའི་མཚན་ཉིད་ཤེས་པར་བྱེད་པ་ལ་ལུས་ཀྱི་མཚན་ཉིད་ཤེས་དགོས་ཏེ༔ དེ་ཡང་ལུས་ཆགས་པའི་མཚན་ཉིད་མ་ཤེས་ན༔ དེ་ན་གནས་པའི་མཚན་ཉིད་མི་ཤེས༔ དེ་མ་ཤེས་ན་ཐ་མ་ལུས་འཇིག་པའི་མཚན་ཉིད་མི་ཤེས༔ དེ་ལྟར་མ་ཤེས་ན་རྩ་ཡི་གནས་ལུགས་མི་ཤེས་སོ༔ དེ་ཡང་ལུས་ཆགས་པའི་མཚན་ཉིད་སྐྱེ་བ་སྔ་མ་འདས་ནས་བར་མ་དོ་ཡིད་ཀྱི་ལུས་ཅན་དེ་ཤེས་པ་ཕྱ་ཕྱོ་ཡད་ཡུད་དུ་གནས་པ་ལས༔ ཕོ་མོ་འཁྲིག་པ་སྤྱོད་པའི་དྲུང་དུ་སྔོན་གྱི་ལས་ཀྱིས་བརྡས་པ་ཤ་གསར་ལ་སྦྲང་བུ་འདུ་བ་ལྟར་སྤུང་སྟེ༔ ལ་ལའི་སྲོག་ཀྱང་འཆད་པའོ༔ དེས་ན་ལས་བཟང་ངན་གྱིས་སྐྱབས་གནས་སུ་མཐོང་ནས༔ བཤང་བའི་ལམ་ནས་ཞུགས་ཏེ༔ མའི་མངལ་གྱི་རྒྱར་འཐུམས་ནས༔ རླུང་སེམས་གཉིས་དང་ཁུ་ཁྲག་འདྲེས་ཏེ༔ དེ་ལྟར་རྒྱུ་རྐྱེན་ཁུ་ཁྲག་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་ཀྱིས་བྱེད་པ་རྐྱེན་དུ་འགྱུར༔ རླུང་སེམས་གཉིས་ལས་དོན་དམ་གྱི་འབྱུང་བ་བཞིའི་བྱེད་པ་ཅན་དུ་སོང་བས༔ ཞག་དང་པོ་ལ་ཆུའི་བྱེད་པའི་ལས་ཀྱིས་བཞི་པོ་དེ་དག་གཅིག་ཏུ་བསྡུས་པ་ལས༔ མེར་མེར་པོའི་གཞི་ཡུངས་འབྲུ་ལ་བརྒྱར་གཤགས་པའི་ཆ་ཙམ་དུ་བྱས༔ ཞག་གཉིས་པ་ལ་སའི་བྱེད་པའི་ལས་ཀྱིས་དེ་དག་གཅིག་ཏུ་གནས་ཤིང་བརྟན་པར་བྱས་ཏེ་ཉུང་འབྲུའི་བཅུ་ཆ་ཙམ་དུ་བྱས༔ གསུམ་པ་ལ་མེའི་བྱེད་པའི་ལས་ཀྱིས་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུར་འཕར་ཞིང་གཞན་དང་མ་འདྲེས་པར་ཉུང་འབྲུ་སུམ་ཆ་ཙམ་དུ་བྱས༔ བཞི་པ་རླུང་གི་བྱེད་པས་ལས་(༧)ཀྱིས་ཐིག་ལེ་ཕྲ་མོ་དེ་དག་ཀྱང་བརྒྱ་སྟོང་དུ་འཐོར་ནས༔ སླར་དངུལ་ཆུ་བཞིན་བསྡུས་ནས་ཉུང་འབྲུ་ཕྱེད་ཚལ་ཙམ་དུ་གནས་པར་བྱས་སོ༔ དེ་ནས་ལྔ་པ་ལ་ཆུས་དྭངས་སྙིགས་བསྡུས་པས་འདུས་ཤིང་བརྟན་པར་བྱས་པས་ཉུང་འབྲུ་ཙམ་དུ་སྨིན་ནོ༔ དེ་ནས་དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་སོ་སོར་གསལ་བའི་ལས་བྱས་པས་ཉུང་འབྲུ་ཉིས་འགྱུར་དུ་འགྱུར་ཏེ༔ བདུན་པ་ལས་ཉུང་འབྲུ་ཉིས་འགྱུར་ཙམ་པའི་ཐིག་ལེ་མེར་མེར་པོའི་ནང་དུ་མིག་ཆུང་ཤིན་ཏུ་ཕྲ་བ་གཉིས་ཆགས༔ འདི་དུས་ན་འབྱུང་བ་བཞིའི་བྱེད་པའི་ལས་འཁྲུགས་ཏེ༔ ཆུའི་བརླན་གྱིས་བཤིགས༔ སའི་ལྗིད་ཀྱིས་མནན༔ མེའི་དྲོད་ཀྱིས་བསྲེགས༔ རླུང་གིས་སྒྲོན་མ་སྐྱེད་པར་བྱེད་དོ༔ དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད༔ རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད་དོ༔ མིག་ཏུ་རྒྱང་ཞགས་ཆུའི་སྒྲོན་མ་དང༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་རྣམས་སྨིན་པར་བྱེད་དོ༔ འབྲས་བུ་དབྱིངས་ཡེ་ཤེས་སུ་འདུ་འབྲལ་མེད་དོ༔ རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་གནས༔ ཆོས་ཉིད་ཀྱི་ཐིག་ལེ་ནི་དེ་ལས་ཉམས་སྐྱེས་པའི་དུས་ན་གནས༔ དེ་ཉིད་བརྟན་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ་དང༔ སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ༔ དེ་ལས་འཕེལ་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ༔ དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ༔ ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ༔ དེས་ལམ་གང་ནས་བྱུང་བསྟན་པའོ༔

༈ དྲུག་པ་སྒོ་གང་ནས་འཆར་བསྟན་པ་ནི༔ སྒོ་ནི་མིག་ལ་འཆར༔ དེ་ཡང་ལྟེ་བ་དང་སྙིང་ཁར་འབྲེལ༔ སྙིང་ཁ་ནས་མགྲིན་པར་འབྲེལ༔ དེ་ནས་ཀླད་པ་དུང་ཁང་དུ་གཡས་སུ་འཁྱིལ་བའི་རྩ་འདབ་བཞི་ལས་དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་རྩ་གཅིག་རྩེ་མོ་ལྔར་གྱེས་ནས་སྒོ་ལྔ་པོའི་རྟེན་བྱེད༔ དེ་ལ་སྐྱོན་ཡོན་དབང་པོ་དྭངས་འབྱེད་རྩ་ཞེས་བྱ༔ ཁ་ཆེ་ལ་རྩ་བ་ཕྲ་བ་བ་མན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གི་ཨ་འབྲས་ཀྱི་དྭངས་མ་ལ་བརྟེན་ནས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་འཛིན་པས་ན༔ དཀར་ནག་ཕྱེད་མ་ཆུའི་རང་བཞིན་དུ་བྱུང༔ རྒྱང་ཞགས་ཆུའི་སྒྲོན་མ་ཞེས་དངོས་(༨)མིག་ལ་བྱའོ༔ དེ་ལ་བརྟེན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་འཆར་རོ༔ དེའི་གདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུར་འཆར་རོ༔ དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་པའི་རྩལ་དུ་མར་འཆར་རོ༔ སྤྱི་བོ་ཚངས་པའི་བུ་ག་ནས་རིག་པ་རྟོག་པ་མེད་པའི་སྐུ་དངོས་སུ་འཆར་རོ༔ དེ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ད་ལྟ་ཉིད་དུ་གཏན་ལ་དབབ་ཏུ་བཏུབ་པའོ༔ དེ་བས་ན་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་མི་དགོས་ཏེ༔ ཡིད་དཔྱོད་འཛིན་པའི་ལྟ་བ་ལས་འདས་པ་ཆོས་ཉིད་མངོན་སུམ་གྱི་གནད་དོ༔

༈ བདུན་པ་དེ་ཉིད་ཡུལ་གང་ལ་སྣང་བ་བསྟན་པ་ནི༔ ཡུལ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ་སྣང་སྟེ༔ དེ་ཡང་ཡུལ་སྟོང་པ་ལ་རིག་པ་སྟོང་པ་འཆར་བའི་གཞི་ཡིན་པས་སོ༔ དེ་ལྟར་ཡང་སྡུད་པ་ལས༔ དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས༔ ཞེས་པ་དང༔ ནམ་མཁའ་ཆེ་ལས༔ ནམ་མཁའ་སྟོང་པ་སྐྱེ་མེད་ཅིང༔ རྣལ་འབྱོར་ནམ་མཁའི་བྱ་ལམ་གནས༔ ཞེས་པ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་གསུངས་སོ༔ ནང་གི་དབྱིངས་ནི་རྣམ་པར་དག་པའི་སྒྲོན་མའི་ནང་དུ་འཆར་བའོ༔ དེ་ལྟར་ཡང༔ ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས༔ རྣམ་པར་དག་པའི་སྤྱོད་ཡུལ་ལ་སངས་རྒྱས་སེམས་ཅན་གཉིས་མེད་དེ༔ ལམ་གྱིས་བཅོས་སུ་ག་ལ་ཡོད༔ ཅེས་པ་ལ་སོགས་པ་དུ་མ་བཤད་དོ༔ དེ་ཡང་སྣང་ལུགས་ཇི་ལྟར་སྣང་ན༔ དབྱིངས་རིག་འདུ་འབྲལ་མེད་པར་སྣང་བས་ཟུང་འཇུག་དབྱེར་མེད༔ གསལ་སྟོང་དབྱེར་མེད༔ ཡུལ་སེམས་གཉིས་མེད༔ དོན་གཉིས་མུ་མཐའ་དང་བྲལ་བའི་ལྟ་བ་ཞེས་བྱའོ༔ དེ་ཡང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་འདབ་འབྱོར་དུ་སྣང་བ་དང༔ དབྱིངས་གསལ་དག་པའི་སྒྲོན་མ་གཉིས་མིག་གིས་མངོན་དུ་སྣང་ལ༔ ཤེས་རབ་ཀྱིས་སྤྱོད་ཡུལ་མ་ཡིན་པས་ན༔ ཆོས་ཉིད་འདི་ནི་མངོན་པར་ཤེས་པ་དང༔ མངོན་སུམ་པ་དང་རྒྱབ་ནས་འབྱུང༔ ཞེས་པ་ལ་སོགས་དཔག་ཏུ་མེད་པ་གསུངས་སོ༔

༈ དོན་བརྒྱད་པ་ཉམས་སུ་ཇི་ལྟར་བླང་བ་ནི༔ འདི་ཉམས་སུ་ལེན་དོན་དུ་རྟེན་ཁྱད་པར་ཅན་བསྒྲུབ་པ་སྟོན་ཏེ༔ དེ་ལ་དང་པོ་གསང་སྔགས་ཀྱི་ལུགས་ཀྱིས་མ་(༩)སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོས་ཏེ༔ དབང་བསྐུར་བ་ལ་བླ་མ་མཚན་ཉིད་དང་ལྡན་པ་དགོས༔ དེ་ཡང་བླ་མ་ལྟ་བ་ཡངས་ཤིང་རྒྱུད་ལ་མཁས་པ༔ སྤྱིར་གསང་སྔགས་རྒྱུད་སྡེ་མང་དུ་ཤེས་ཤིང་ཁྱད་པར་དུ་རྒྱུད་ཀྱི་ཕུར་པ་འདོན་ཅིང་རྒྱུད་ཚིག་ལག་ལེན་དུ་སྟོན་ཤེས་པ༔ གོམས་ཤིང་སྒྲུབ་པ་ལ་མཁས་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ལག་ལེན་དུ་སྟོན་པ༔ འབོད་རྦད་བསད་པའི་སྔགས་ཀྱི་སྲུང་བཟློག་མཁས་ཤིང་ནུས་པ་ཐོན་པ༔ རྟོགས་ཤིང་ལྟ་བ་ལ་མཁས་པ་སྟེ༔ ཕྱིའི་ལྟ་བ་ཐེག་པ་རིམ་པ་དགུའི་དོན་རྟོགས་པ༔ ནང་གི་ལྟ་བ་ལ་མཁས་པས་ཆོས་ཉིད་མངོན་སུམ་དུ་མཐོང་བ༔ བསྒོམས་ཤིང་ཉམས་མྱོང་ལ་མཁས་པ་སྟེ་འཇིག་རྟེན་གྱི་བྱ་བ་བཏང་ནས་ཉམས་སུ་ལོན་ཅིང་གཡེང་བ་སྤངས་ནས་རི་ཕུག་དང་དགོན་པ་བསྟེན་པ༔ རང་ཡང་ཉམས་སུ་ལེན་ཞིང་གཞན་ལ་ཡང་ཉམས་སུ་ལེན་དུ་འཇུག་པ༔ དེ་ཉམས་སུ་མྱངས་པས་ཐུན་མོང་མ་ཡིན་པ་སྐྱེས་ཤིང་སྙིང་རྗེ་བྱང་སེམས་དང་ལྡན་པའོ༔ སློབ་མ་ཡང་དད་པ་ཆེ་བ༔ འཁོར་བའི་བྱ་བ་སྤངས་ནས་ཆོས་མིན་ཡིད་ལ་མི་བྱེད་པ༔ གཏོང་ཕོད་ཆེ་སྟེ་བདོག་པ་ཐམས་ཅད་ཀྱིས་བླ་མ་མཆོད་པ༔ ཤེས་རབ་ཆེ་སྟེ་ཐེག་པ་ཆེན་པོ་ལ་མོས་པ༔ མོས་གུས་ཆེ་སྟེ་བླ་མ་དང་རྟག་ཏུ་མི་འབྲལ་བ༔ འཁོར་བ་ལ་ཞེན་པ་ལོག་སྟེ་བློ་མི་འཇུག་པ༔ བརྩོན་འགྲུས་ཆེ་སྟེ་ཉམས་ལེན་ལ་བརྩོན་པ༔ སྔོན་སྦྱངས་པ་ཆེ་བས་རྫོགས་པ་ཆེན་པོའི་སྣོད་དུ་རུང་བའོ༔ རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་ནི༔ རྣམ་རྟོག་བག་ཆགས་ཤས་ཀྱིས་ཆུང་བ༔ སྤྱོད་པ་ཡངས་པ༔ གཟུང་འཛིན་བགས་ཀྱིས་ཆུང་བ༔ ལུས་ངག་ལ་དལ་ཆགས་ཤིང་ལྷོད་ཡོད་པ༔ དཀའ་སྤྱད་ལ་སྡུག་བསྔལ་དུ་མི་ལྟ་བ༔ ཁྱད་པར་དུ་ཆོས་ཉིད་དང་བླ་མ་ལ་མོས་པ་ནི་སྣོད་དུ་རུང་བས་དེ་ལྟར་སློབ་མ་སྣོད་ལྡན་དེས༔ བླ་མ་མཚན་ལྡན་དེ་ལ་བདག་ལ་ལོ་གསུམ་མམ་བདུན་ནམ་གཅིག་ལ་དབང་བསྐུར་བར་ཞུའོ༔ ཞེས་རིན་པོ་ཆེ་གསེར་ལ་སོགས་པའི་མཎྜལ་ཕུལ་ལ་གསོལ་བ་གདབ་བོ༔ དེ་ནས་བླ་མས་གནང་ན་དེའི་དུས་སུ་རང་གི་ཆ་རྐྱེན་སྟ་གོན་དུ་བྱས་ལ༔ དེ་ནས་དང་པོ་བླ་མས་སྤྲོས་བཅས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་(༡༠)བསྐུར་བའོ༔ དེའི་དམ་ཚིག་དང་སྡོམ་པ་འབོགས༔ དེ་ནས་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་དབང་བསྐུར༔ དེའི་དུས་སུ་ལུང་འབོགས༔ དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་བརྡ་ལ་བརྟེན་ནས་དབང་བསྐུར༔ དེའི་དུས་སུ་ལུས་ཀྱི་གནད་བསྟན་པའོ༔ དེ་དག་གི་དུས་ན་བླ་མ་ལ་ཡོན་དབུལ་ཞིང་དགའ་སྟོན་ཆེན་པོ་བྱས་ཏེ༔ དེ་ལྟར་ཡང༔ མན་ངག་ལུང་གི་སློབ་དཔོན་ལ༔ ཁུ་བོ་ཕ་དང་མ་དང་མིག༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་པ་དང༔ འདིའི་དུས་ན་སྟོན་མོ་ཡང་གལ་ཆེ་སྟེ༔ སྙིང་རྗེ་ཆེན་པོ་དགའ་སྟོན་ཆེ༔ ཞེས་གསུངས་པའོ༔ དེ་ལྟ་བུའི་དབང་བཞི་པོ་ལོ་ཟླས་བར་དུ་ཆོད་ཀྱང་མི་འགལ༔ དུས་གཅིག་ལ་བསྐུར་ཡང་འགལ་བ་མེད་དོ༔ དེ་ནས་དབང་ལ་བརྟེན་པའི་དམ་ཚིག་བསྲུང་དགོས་ཏེ༔ སྤྱིར་གསང་སྔགས་ཀྱི་རྒྱུད་ནས་བཤད་པ་ཐམས་ཅད་བསྲུང་ཞིང༔ ཁྱད་པར་དུ་འདིའི་དམ་ཚིག་རབ་འབྱེད་བཞིན་བསྲུང་ངོ༔ དེ་ལྟར་བླ་མ་དམ་ཚིག་དང་ལྡན་པས་སློབ་མ་དམ་ཚིག་དང་ལྡན་པ་ལ་དབང་བསྐུར་བྱིན་རླབས་དང་ལྡན་པ་གསུམ་ཚོགས་པས་སངས་རྒྱས་ཀྱི་འབྲས་བུ་ཐོགས་པ་མེད་པར་འབྱུང་ངོ༔ དེས་ན་བླ་མ་མཚན་ཉིད་དང་ལྡན་པ་ཁོ་ན་གལ་ཆེ་སྟེ༔ ཡོན་ཏན་ཆུང་ལ་རང་བཞིན་ངན་པའི་བླ་མས་ནི་འབྲས་བུ་མི་འབྱུང་སྟེ་ངན་སོང་དུ་འཁྲིད་པར་བྱེད་དོ༔ ཡེ་ཤེས་གསང་བའི་རྒྱུད་ལས༔ དམ་ཚིག་མི་ལྡན་རྡོ་རྗེ་ནི༔ བེའུ་སྦྲེལ་གཡང་ལ་ལྷུང་བ་བཞིན༔ བདག་གཞན་རྡོ་རྗེའི་ཁབ་ཏུ་འགྲོ༔ ཞེས་གསུངས༔ རང་ཤར་ལས༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་པས་དང་པོ་བརྟགས་པ་གལ་ཆེའོ༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཞེས་པས་བླ་མའི་ཡོན་ཏན་མ་མཐོང་བར་སྐྱོན་ལ་རྟོག་པ་ནི་སྤང་བར་བྱའོ༔ དེས་རྟེན་ཁྱད་པར་ཅན་དུ་སྒྲུབ་པ་དང༔ གཞི་མ་སྨིན་པ་སྨིན་པར་བྱེད་པའོ༔

ད་ནི་སྨིན་པ་གྲོལ་བར་བྱེད་པ་ལ༔ བླ་མའི་མན་ངག་འབོགས་ཏེ༔ དཔེར་ན་ཞིང་ས་གཤིན་པོ་སོ་ནམ་ལེགས་པར་བྱས་ན་འབྲས་བུ་སྨིན་པ་དང་འདྲ་བ་དང༔ རང་རྒྱུད་རྣམ་པར་དག་པ་ལ་དབང་བསྐུར་ཞིང་དམ་ཚིག་མ་ཉམས་པ་ལ་བསྟེན་ན་འབྲས་བུ་འབྱུང་བའོ༔ དེ་ཡང་(༡༡)འབྲས་བུ་ནས་ལ་སོགས་པ་དེ་གར་བཞག་པས་ཆོག་པ་མ་ཡིན་ཏེ༔ བཙས་མ་བརྔས་ནས་འབྲུ་བརྡུངས་པ་དང༔ རྔོས་པ་དང༔ བཏགས་པ་ལ་སོགས་པ་བྱས་པས་བཟའ་རྒྱུ་རུང་བ་དང་འདྲ་བར་བླ་མའི་གདམས་ངག་དེ་རྐྱེན་མེད་པའི་གནས་སུ་ཉམས་སུ་བླངས་ནས་ཉམས་ཐུན་མོང་མ་ཡིན་པར་སངས་རྒྱས་ནས་འབྲས་བུ་འཚང་རྒྱ་བའོ༔ དེ་ཡང་ཉམས་སུ་བླང་སྟེ༔ སྤྲང་པོའི་ཚུལ་དུ་བསྒྲུབ་པ་དང༔ རི་དྭགས་ཀྱི་ཚུལ་དུ་བསྒྲུབ་པའོ༔ དང་པོ་ནི་ངོ་མི་ཤེས་པའི་ཡུལ་དུ་ཐ་མལ་པར་བརྫུས་ནས་ཅི་ཤེས་ཆ་མེད་པར་བསྒྲུབ་ཅིང་བསྡམ་སྟེ༔ རང་གི་ཡོན་ཏན་གཞན་ལ་མི་ངོམ་པ་ནི་ཞེ་འདོད་དང་རློམ་སེམས་མེད་པའི་རྟགས་ཡིན༔ གཞན་གྱི་གྲུབ་མཐའ་ལ་སོགས་པའི་དྲི་བརྡ་མི་བྱེད་པ་ནི་རང་གི་མན་ངག་ལ་ཐེ་ཚོམ་མེད་པའི་རྟགས་ཡིན་ནོ༔ རི་དྭགས་ཀྱི་ཚུལ་དུ་བསྒྲུབ་པ་ནི༔ རི་ཁྲོད་དམ་དུར་ཁྲོད་ལ་སོགས་པ་ཡུལ་རྐྱེན་གྱིས་མི་གནོད་པའི་སར་ཕྱིན་ལ་བྱ་བ་གསུམ་བཏང་ལ་བསྒྲུབ་བོ༔ དེ་ཡང་ཕྱི་ལུས་ཀྱི་བྱ་བ་ལས་དང་སོ་ནམ་ལ་སོགས་པ་གཏང་བའོ༔ དེས་ལུས་དལ་བས་རྩ་དལ༔ རྩ་དལ་བས་རླུང་རང་ལུགས་སུ་འབྱུང༔ དེས་རྣམ་པར་རྟོག་པ་མི་རྒྱུའོ༔ ངག་གི་བྱ་བ་སྨྲ་བ་མང་བ་རྣམས་བཏང་སྟེ༔ སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རང་གི་རྒྱུད་ལ་སྐྱེའོ༔ སེམས་ཀྱི་བྱ་བ་རྣམ་པར་རྟོག་པ་མཐའ་དག་སྤང་སྟེ༔ དབྱིངས་རིག་ལ་གཏད་པས་ཆོས་ཉིད་མངོན་སུམ་དུ་མཐོང་བའོ༔

དེ་ཡང་ཇི་ལྟར་ཉམས་སུ་བླངས་ན་བློ་རིག་གཉིས་ཏེ༔ དམིགས་པ་ཡུལ་གྱི་བློ་ཅན་གྱིས་ཉམས་སུ་བླང་བ་དང༔ རིག་པ་རང་སྣང་གི་བློ་ཅན་གྱིས་ཉམས་སུ་བླང་བའོ༔ དང་པོ་ནི་རྣམ་གྲངས་དང་གོ་རིམ་ལ་བསྟན་པ་ནི༔ དེ་ལ་སྤྱོད་པའི་རྣལ་འབྱོར་དང༔ སྒོམ་པ་དང༔ ལྟ་བ་དང༔ འབྲས་བུ་ལ་རྒྱུན་དུ་སྤྱོད་པའི་རྣལ་འབྱོར་རོ༔ དང་པོ་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ནི༔ སྣང་བ་དབང་སྡུད་ཀྱི་སྤྱོད་པ༔ དེའི་མན་ངག་ཏུ་སྣང་བ་གཅེར་བཞག་གི་ཐབས་ཏེ༔ དེ་ལ་དགོངས་པ་ཇི་ལྟ་བུ་ཞིག་སྐྱེ་ན་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པའོ༔ དེས་ཉོན་མོངས་གནས་འགྱུར་བའོ༔ (༡༢)དེ་ལྟ་བུའི་སྤྱོད་པ་ལ་གསུམ་སྟེ༔ ལས་དང་པོའི་སྤྱོད་པ་མི་དགེ་བ་བཅུ་ལ་འཛེམ་ཞིང་ཆོས་སྤྱོད་བཅུའི་རིམ་པ་ཉམས་སུ་ལེན་པའོ༔ དེ་ནས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་ཡིད་གསུམ་ཚད་ལ་འབེབས་པའོ༔ བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་ཉེར་གཅིག་ཡོད་ཀྱང་འདིར་བདུན་དུ་འདུས་ཏེ༔ དེ་ཡང་དང་པོ་སྒོ་མོ་ཀུན་ནས་བསྡུར་བ་བུང་བ་ཚང་འཚོལ་བ་ལྟ་བུའི་སྤྱོད་པས་ཐོས་པའི་ཆོས་དང་ཆོས་མ་ཡིན་པ་རྣམས་འབྱེད་ཅིང་སྤང་བྱ་དང་གཉེན་པོ་ངོས་འཛིན༔ དེ་ནས་བསམ་པས་ཉོན་མོངས་པ་མགོ་གནོན༔ བསྒོམས་པས་ཉོན་མོངས་པ་རྩ་བ་དྲུངས་ནས་འབྱིན་པའོ༔ དེའི་གྲོགས་སུ་ཐེ་ཚོམ་མེད་པ་བྱ་ཐི་བ་ཚང་ནང་དུ་འཇུག་པ་ལྟ་བུ་ནི༔ བྱ་ཐི་བ་དེ་ཚང་དུ་འཇུག་པའི་དུས་སུ༔ སྔོན་དུ་མིའི་སྒྲོ་འདོགས་བཅད་ནས་དེ་ནས་འཛལ་འཛོལ་མེད་པར་ཞུགས་པ་ལྟར༔ སྔོན་དུ་ཐོས་པས་སྒྲོ་འདོགས་བཅད་ནས༔ དེ་ནས་རང་ཡིད་ཆེས་པའི་གདམས་ངག་ཅིག་ཡི་དམ་དུ་བཟུང་ནས་ཉམས་སུ་ལེན་པའོ༔ དེའི་གྲོགས་སུ་ཀུན་གྱིས་སྤྱོད་ཡུལ་མ་ཡིན་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་ནི་རི་དྭགས་རྨས་མ་དེ་རྨ་ཡི་གནོང་གིས་རི་ལ་བྲོས་ཏེ་ཅི་ནས་ཀྱང་ལུང་ཕུག་གམ་རི་རྩིབས་ལ་རང་གཅིག་པུར་གནས་པར་བྱེད༔ རྣལ་འབྱོར་པ་དེ་ཡང་འཁོར་བ་ལ་འཇིགས་པའི་དབང་གིས་ཅི་ནས་ཀྱང་མི་མི་རྒྱུ་བའི་གནས་དུར་ཁྲོད་ལ་སོགས་པར་གཅིག་པུར་གནས་པར་བྱའོ༔ དེའི་དུས་སུ་སྨྲ་བརྗོད་བྲལ་བ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི༔ ལྐུགས་པ་སྨྲ་བ་མེད་པ་ལྟར་སྨྲ་བ་བཅད་དེ་ཅི་ཡང་མི་སྨྲ་བར་བྱའོ༔ དེ་ལྟར་བྱས་པས་ངེས་མེད་སྨྱོན་པ་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ སྨྱོན་པའི་ཚིག་བཞིན་འབྲེལ་མེད་འཛིན་པ་ཞིག་པའི་གཏམ་རང་རྡོལ་དུ་འབྱུང་བའོ༔ དེའི་དུས་སུ་གཙང་སྨེ་མེད་པར་ཁྱི་ཕག་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ ཟས་དང་བཟང་ངན་མེད་པ་འབྱོལ་ཉོག་ཏུ་སྤྱོད་པ་འབྱུང་ངོ༔ དེ་ཀུན་རྫོགས་པ་ལ་ཟིལ་གྱིས་མི་གནོན་པ་སེངྒེ་ལྟ་བུའི་སྤྱོད་པ་འབྱུང་སྟེ༔ སེངྒེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་དང་འདྲ་བར་རྣལ་འབྱོར་པ་ལ་ཡང་སྣང་བ་ལ་སོགས་པའི་རྣམ་པ་དང་བྲལ་ནས་སྣང་བ་ལ་དབང་བསྒྱུར་ནུས་པ་འབྱུང་ངོ༔ སྤྱོད་པ་དེ་དག་ལ་མིང་དུ་བཏགས་ན་ནང་སྣང་(༡༣)བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱ་བ་གཞན་གྱི་མི་དད་པ་སྒྱུར་ནུས་པ་དང༔ བསད་པ་གསོ་ནུས་པ་དང་རྫུ་འཕྲུལ་དང་འབྱུང་བཞི་དབང་དུ་འདུ་བ་ལ་སོགས་པ་འབྱུང་ངོ༔ དེའི་མན་ངག་ཏུ་སྣང་བ་གཅེར་བཞག་གི་ཐབས་ནི་ཆོས་ཅན་ཕྱིའི་སྣང་བ་བསླབས་པས་རང་བཞིན་ཡོངས་སུ་དག༔ ཆོས་ཅན་དུམ་བུ་ལ་བསླབས་པས་གཟུགས་བརྙན་ཡོངས་སུ་དག་པའོ༔ དང་པོ་ནི་གང་སྣང་ཚད་ཀྱི་སྟེང་དུ་ནི་ཅེར་བཞག་པ་ལས་བྱུང་བའོ༔ འདིའི་དུས་སུ་དགོངས་པ་ནི་སྣང་སྲིད་གཞིར་བཞེངས་ཞེས་བྱ་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབས་པ་མེད་ཀྱང་བློ་ཐོག་ཏུ་དུངས་ཀྱིས་འབྱུང་བའོ༔ དེ་ལྟར་བྱུང་བའི་དུས་ན་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་འགྱུར་བ་དང༔ ཕུང་པོ་ལྔ་རིགས་ལྔར་གནས་པར་འགྱུར་ཏེ༔ དཔེར་ན་སྣམ་བུ་ཁ་དོག་བསྒྱུར་བ་དང་འདྲའོ༔ དེས་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྟན་པའོ༔ སྒོམ་པ་ལ་རྒྱུན་དུ་བྱེད་པ་ལ་གསུམ་སྟེ༔ སྒོམ་པ་ཉིན་མཚན་ཁ་སྦྱོར་དང༔ དེའི་མན་ངག་ཏུ་རྒྱ་མཚོ་ཅོག་གཞག་གི་ཐབས་དང༔ དེའི་དུས་ན་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པའོ༔ དེའི་ཚེ་ཉོན་མོངས་པ་ནི་རྒྱས་གདབ་པའོ༔ དེ་དག་ཉམས་སུ་བླང་བ་ལ་གསུམ་སྟེ༔ ལྷ་དང་མིའི་སེམས་འཛིན་པ་དང༔ བྱང་ཆུབ་སེམས་དཔའི་བསམ་གཏན་དང༔ བདེ་བར་གཤེགས་པའི་དགོངས་པའོ༔ བྱང་ཆུབ་སེམས་དཔའི་བསམ་གཏན་ལ་གསུམ་སྟེ༔ རང་བཞིན་གྱི་བསམ་གཏན་ལུང་མ་བསྟན་ཕལ་པ་རྣམས་ལ་ཡང་སྐྱེ་སྟེ༔ མདའ་སྲོང་གི་མིག་ལ་ཡོད་པ་དང༔ རི་བོང་དང་ཁྲ་ཚང་ལ་ཉལ་བའི་མིག་ལ་ཡོད་པ་དང༔ སེམས་རྣམ་ཤེས་བག་ལ་ཞ་སྟེ་ཡེངས་པའི་དུས་སུའོ༔ ས་ལ་གནས་པའི་བསམ་གཏན་ནི་ས་དང་པོའི་བདེན་པ་མཐོང་ནས་ས་བཅུ་རྒྱུན་གྱི་ཏིང་འཛིན་ཚུན་ཆད་སོ་སོའི་བསམ་གཏན་རེ་རེ་ཡོད་པའོ༔ བཅོས་པའི་བསམ་གཏན་ནི༔ ཉལ་བའི་རྣལ་འབྱོར་པའོ༔ རྣལ་འབྱོར་པ་དེ་ལ་གནོད་པའི་རྐྱེན་གཉིས་ཏེ༔ འཕྲལ་དུ་ཟས་གོས་གཉིས་ཀྱིས་གནོད་ལ༔ ཕུགས་སུ་རྨི་ལམ་དང་བག་ཆགས་ལ་བརྟེན་ནས་ཁམས་གསུམ་དུ་འཇུག་པས་གནོད་པའོ༔ དེའི་གཉེན་པོ་བསམ་གཏན་གྱི་ཐུན་བཞི་ལ་བསླབ་སྟེ༔ ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང༔ གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང༔ རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་དང༔ བག་ཆགས་ཀྱི་(༡༤)ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ནོ༔ དེ་ཡང་དང་པོ་ཟས་ཀྱི་ཞེན་པ་བཅད་པ་ནི༔ བཅུད་ལེན་སྣ་ཚོགས་ལ་བརྟེན་པ་དང༔ རྟེན་འབྲེལ་ཟབ་མོ་ལ་བརྟེན་པའོ༔ དང་པོ་ནི་འབྱུང་བ་རྒྱུན་གཅོད་རླུང་ཟས་སུ་ཟ་བ་སྟེ་སྟེང་འོག་གི་ནད་དང༔ འབྱུང་བ་རོ་སྙོམས་པ་ས་ཆུ་མེ་རླུང་ནམ་མཁའི་བཅུད་ལེན་དང༔ བདུད་རྩི་དང་རིན་པོ་ཆེའི་བཅུད་ལེན་ལ་སོགས་པའོ༔ གཉིས་པ་རྟེན་འབྲེལ་ནི༔ ཤ་སྦྱོར་དང༔ རྡོ་སྦྱོར་དང༔ རྩི་སྦྱོར་དང༔ སྔོ་སྦྱོར་ལ་སོགས་པའོ༔ དེ་དག་གི་ཡོན་ཏན་སོ་སོའི་སྐབས་ན་གསལ་ལོ༔ གོས་ཀྱི་ཞེན་པ་བཅད་པ་ལ་གཉིས་ཏེ་རྟེན་འབྲེལ་རྫས་དང་ཏིང་འཛིན་རླུང་ངོ༔ དང་པོ་ཚ་བ་གསུམ་དང༔ གཡག་རོག་མཁྲིས་པ༔ བུ་རམ་བསྐོལ་བ་བཏབ་ནས་བཏུང་ན་དྲོད་སྐྱེའོ༔ གཉིས་པ་ནི་ལུས་ཙོག་པུར་འདུག་ནས་རླུང་ནང་དུ་དྲངས་ཏེ་ཕོ་བ་ཚ་མེར་གྱིས་དགང་ཞིང་མེ་ལ་དམིགས༔ དེ་ནས་ཕྱིར་སྣ་ནས་དལ་བུས་བཏང་བའོ༔ དེས་དྲོད་སྐྱེས་པས་མི་རྟོག་པ་སྐྱེ་བ་དང༔ སྲོག་ཆགས་མི་འབྱུང་བའོ༔

རྨི་ལམ་གྱི་ཞེན་པ་བཅད་པ་ནི༔ བརྟག་པའི་གནད་དང༔ བསྒོམ་པའི་གཉིས་ལས༔ བརྟག་པ་ནི་ཉི་མ་འགའ་དལ་བར་བྱས་ལ་ལུས་བསྐུ་མཉེ་བག་ཙམ་བྱའོ༔ དེ་ནུབ་འགའ་ཙམ་དུ་རྨི་ལམ་བརྟག་པར་བྱའོ༔ དེ་ཡང་སྔར་ཞེན་གྱི་བག་ཆགས་ཤས་ཆེར་རྨིས་ན༔ སྔར་ཞེན་ཆགས་ཚན་ཆེ་བ་ཡིན་ཏེ་འབྲིང་པོ་ཡིན༔ ད་ལྟ་ཅི་བྱས་ཤས་ཆེ་བ་རྨིས་ན་ཤིན་ཏུ་སླ༔ སྔར་མ་ཕྱིན་པའི་ཡུལ་དང་ངོ་མི་ཤེས་པ་དང་འཕྲད་པ་ལ་སོགས་པ་ནི་གཅད་དཀའོ༔ གསུམ་ཀ་ཆལ་ཆོལ་དུ་རྨིས་ན་བག་ཆགས་གསུམ་འདུས་ཤིན་ཏུ་ཡང་དཀའ་འོ༔ དེ་ནས་སྒོམ་པ་ནི༔ གཟུང་ཞིང་སྦྱོང་བ་དང༔ བསྒྱུར་བ་དང་གཅད་པའོ༔ དང་པོ་ནི་འདུན་པ་སྔོན་དུ་བཏང་ནས༔ ཅི་རྨིས་རྨིས་རྨི་ལམ་དུ་ངོ་ཤེས་པར་བྱ་ཞིང༔ སྣང་གྲགས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་བསྒོམ༔ དེ་ལ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ༔ བསྒྱུར་བ་ནི་སྣང་བ་ཐམས་ཅད་ཡི་དམ་ལྷར་བསྒྱུར་ཞིང་བསྒོམ༔ གཅད་པ་ནི་རིག་པའི་གནད་བསྒོམས་པས་རྨི་ལམ་ཆད་པ་ནི༔ དེ་ཡང་རབ་རྨི་ལམ་རྒྱུན་བཅད༔ འབྲིང་རྨི་ལམ་ཟིན་ཅིང༔ ཐ་མ་དགེ་བའི་བག་ཆགས་རྨིས་པ་ནི་འབྱོངས་པའི་ཚད་དོ༔

གཞི་བག་ཆགས་ཀྱི་ཞེན་པ་གཅད་པ་ནི༔ ཡོད་པ་ཆེད་དུ་མི་སྤང༔ མེད་(༡༥)པ་ཆེད་དུ་མི་བཙལ༔ ཡོད་པ་ལ་མངོན་པར་མི་ཞེན༔ དེ་ཡང་འདས་པའི་རྗེས་མི་གཅད༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟར་གྱི་བག་ཆགས་གཉེན་པོ་དང་བཅས་པ་ཐམས་ཅད་རྒྱུད་ལ་མི་བརྟེན་པས༔ སྣང་བ་སྣང་བར་གྲོལ་བས་དངོས་པོ་འཛིན་པ་རང་སར་དག༔ དེ་ཡང་སྣང་བ་ཉིད་སྣང་ཐོག་ཏུ་གྲོལ་བར་བྱེད་པ་བྱིའུ་ཁྲས་ཁྱེར་བ་ལྟ་བུའོ༔ འགྱུ་བ་འགྱུ་ཐོག་ཏུ་གྲོལ་བ་བར་སྣང་གི་སེར་བུ་ལྟ་བུའོ༔ སྣང་ཤེས་གཉིས་མེད་དུ་ཐིམ་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ༔ དེས་ན་བག་ཆགས་འཁྲུལ་པའི་ཡུལ་ལས་འདས་པ་བདག་ཏུ་ལྟ་བའི་ཞེན་པ་ཆོད་པའོ༔ བདེ་བར་གཤེགས་པའི་དགོངས་པ་ནི༔ ཐུན་མཚམས་ལས་འདས་པས་ཉིན་མཚན་དང་མཉམ་རྗེས་མེད་པའོ༔ ལྷ་དང་མིའི་སེམས་འཛིན་བསྒོམ་པ་ནི༔ སྙིང་གཟེར་ནས་ཉེར་གཅིག་བསྟན་ཀྱང༔ འདིར་བདུན་བསྒོམ་སྟེ༔ དེ་ཡང་བརྩོན་འགྲུས་དང་ལྡན་པའི་གང་ཟག་གིས་སྔོན་དུ་བླ་མ་མཉེས་པ་ལ་སོགས་པའི་སྒོ་ནས་ཚོགས་བསགས་ལ༔ དེ་ནས་དགོངས་པ་ཡིད་ལ་མཐུན་པར་སྟན་བདེ་བ་ལ་སྐྱིལ་ཀྲུང་དུ་འདུག་སྟེ༔ མཚན་མ་ཨ་དཀར་ལ་སེམས་གཏད་པ་ནི༔ རང་གི་སྣ་ཡི་རྩེ་མོ་ལ་ཡི་གེ་ཨ་དཀར་པོ་གཅིག་བསྒོམ་རླུང་ཕར་འགྲོ་བའི་དུས་ཨ་དེ་རྒྱངས་ཀྱིས་སོང་བ་ལ་གནས་པར་བྱའོ༔ ནང་དུ་བསྡུ་བའི་དུས་ན་ཨ་དཀར་ཧྲིལ་གྱི་སྣ་ཡི་རྩེ་མོ་ལ་གནས་པ་ལ་སེམས་གཏད༔ དེ་ཡང་བདག་གིས་ལུས་ལ་ཚད་པའི་ནད་ཡོད་ན་གྲང་རེག་དང་ལྡན་པར་བསྒོམ༔ གྲང་བའི་ནད་ཡོད་ན་ཚ་རེག་དང་ལྡན་པར་བསྒོམ༔ དེ་ལྟར་ཐུན་ཆུང་ཞིང་གྲངས་མང་བ་ལ་བསླབ༔ དེ་ནས་ཉིན་མཚན་ཕྱེད་མར་བསྒོམས་པས༔ སྐྱེ་མེད་བསམ་ངོ་དང་བྲལ་བས་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ བར་གཅོད་སེལ་བའི་ཡི་གེ་ཕཊ༔ དྲག་པོ་ལ་སེམས་གཟུང་བ་ནི༔ ལུས་སེམས་གོང་ལྟར་སེམས་གློད་ལ་ཤེས་པ་དར་ཅིག་རང་སར་བཞག་ལ༔ དེ་ནས་རབ་ཏུ་དྲག་པོས་ཕཊ་ཅེས་བརྗོད་པས་དེ་ཉིད་ལས་ཤེས་པ་ཧད་པ་ཞིག་འོང་སྟེ༔ དེའི་དུས་ན་ཡེ་ཤེས་ངོས་གཟུང་ཞིང༔ ཡང་ནས་ཡང་དུ་ཕཊ་ཀྱིས་ཤེས་པ་གསལ་གདབ་པར་བྱའོ༔ དེ་ཉིན་མཚན་ཕྱེད་མར་ཉམས་སུ་བླངས་པས༔ རང་བཞིན་ཡོངས་སུ་དག་པའི་ཉམས་སུ་མྱོང་བ་(༡༦)མི་འཆར་མི་སྲིད་དོ༔ དེ་ལ་མ་མོས་ན་ཁྲོ་བོ་འགྱེད་པའི་གད་མོ་ལ་སེམས་གཟུང་བ་ནི༔ ཡང་ལུས་ལ་སོགས་པ་གོང་ལྟར་བྱས་ལ་ངག་ཏུ་ཧ་ཧ་ཞེས་དྲག་ལ་ཐུང་བར་བརྗོད་ཤེས་པ་ཧ་ལ་གཏད༔ རྣམ་རྟོག་ལ་སོགས་པ་སེམས་ལ་མི་བདེ་བ་གང་བྱུང་ཡང་ངག་ཏུ་ཧ་དྲག་ཏུ་བརྗོད་ཅིང་ངག་དང་ཤེས་པ་རླུང་གསུམ་བསྲེ་བ་ནི་གནད་དོ༔ དེ་ལྟར་དུས་ཐམས་ཅད་དུ་བསྒོམས་པས་ཆོས་ཉིད་དག་པ་ངོས་གཟུང་དང་བྲལ་བའི་ཉམས་སྐྱེ་བ་ལ་ཐེ་ཚོམ་མེད་དོ༔ དེ་ལྟར་ངག་ལ་བརྟེན་པའི་དུས་ན༔ ཤེས་པ་སྣ་མི་བསྐྱིལ་མི་ལྟེབ་ཅིང་ངག་གིས་བརྗོད་པ་མ་ཉམས་པར་གལ་ཆེ་གསུངས་སོ༔ ཡང་དེ་ལ་མ་མོས་ན་ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི༔ ཡང་ལུས་ལ་སོགས་པ་གོང་ལྟར་བྱས་ལ༔ རི་མཐོན་པོའི་བྲག་གི་སྟེང་ལ་སོགས་པར་འདུག་ལ༔ མགོ་དང་ལུས་པོ་དལ་གྱིས་བསྒྲིལ་ལུས་ཀྱང་དང་པོ་བསྐྱོད་དལ་གྱིས་བསྒྲིལ༔ ལུས་ཀྱང་ཉི་མ་གསུམ་བཞི་ཙམ་དུ་བྱའོ༔ དེ་ནས་དྲག་ཏུ་བསྒྲིལ་དེ་ནས་ཁམས་ཀྱིས་ཐུབ་ཐང་དུ་བསྒྲིལ་ལོ༔ དེ་ལྟར་བསྒུལ་བསྐྱོད་ཕྱག་རྒྱ་ལས་མ་འདས་པར་བྱས་ལ་ཕྱིའི་སྣང་བ་འགགས་ནས་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་འབྱུང་ངོ༔ དེ་ལ་མཐོང་སྣང་རང་གྲོལ་བའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔ དེའི་དུས་སུ་རླུང་ལ་ཤིས་པའི་ཁ་ཟས་བརྟེན་པར་བྱའོ༔ ལྟེ་བར་ཡི་གེ་རཾ་ལ་སེམས་གཏད་པ་ནི་གནད་དོ༔ དེ་ལ་མ་མོས་ན་རྣམ་པར་རྟོག་པ་ཧཱུྃ་གིས་དེད་པ་དེ་ལ་སེམས་གཟུང་བ་ནི༔ ངག་ཏུ་ཧཱུྃ་ཞེས་རབ་ཏུ་རིང་བར་དབྱངས་དང་ལྡན་པར་བརྗོད་དོ༔ རླུང་དང་བསྲེ་བ་ནི་གནད་དོ༔ དེ་ཡང་ཧཱུྃ་ཞེས་སྐབས་སུ་ཐུང་བར་ཡང་བརྗོད་དོ༔ དེ་ལྟར་མི་དལ་བར་ཡུན་རིང་བར་བྱས་ན་རྣམ་པར་རྟོག་པ་ཆོས་ཉིད་ལ་འཆར་བའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ༔

དེ་ལ་མ་མོས་ན་སྟོང་པ་ཉིད་རིམ་གྱིས་པ་ལ་སེམས་གཟུང་བ་ནི༔ ཡང་ལུས་གནད་ལ་སོགས་གོང་ལྟར་བྱས་ལ༔ དང་པོ་ལུས་ཀྱི་བྱེ་བྲག་མང་པོར་བསིལ་ལ་མིང་དུ་མ་ལ་སོགས་པར་གཞིག་སྟེ༔ མིང་དོན་སོ་སོར་བཏགས་པས་ལུས་དངོས་པོར་གྲུབ་པ་མེད་པར་ཤེས་པར་བྱའོ༔

དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་(༡༧)ལ་དེ་ལྟར་མིང་དོན་དུ་མ་བཙལ་ཞིང་བཏགས་པས་གང་དུ་ཡང་གྲུབ་པ་མི་རྙེད་དེ༔ དེ་ལྟར་མིང་གིས་བཏགས་པ་ཐམས་ཅད་སྟོང་པར་གོ་བ་དང༔ དངོས་པོ་ཡང་སྟོང་པར་འགྱུར་བའོ༔ དེ་ནས་རིམ་གྱིས་ཆོས་ཉིད་སྟོང་པ་ཉིད་དུ་མི་འགྲོ་མི་སྲིད་དོ༔ ཡང་དེ་ལ་མ་མོས་ན་སྣང་བའི་གཟུགས་གང་འདུག་པ་ལ་ཤེས་པ་བཅུག་ཅིང༔ དེ་ཉིད་སྐད་ཅིག་གིས་སྟོང་སང་སང་ལ་བློ་གནས་པར་བྱས་ལ༔ དུས་དེ་ཙམ་ན་གང་ལ་བལྟས་བལྟས་སྟོང་པར་ཁྲོལ་གྱིས་འགྲོ་བ་འབྱུང་ངོ༔ དེ་ལྟར་ཡུན་དུ་བསྒོམས་པས་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་སྟོང་ཧད་ཀྱི་མི་འགྲོ་མི་སྲིད་དོ༔ དེ་ཡང་དང་པོ་སྣང༔ གཉིས་པ་སྟོང༔ གསུམ་པ་དངོས་པོ་གང་ལ་ཡང་མ་གྲུབ་པའོ༔ དེ་ལྟ་བུ་བསྒོམ་དེ་ལ་མིང་དུ་བཏགས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱ་སྟེ༔ ཉིན་མོ་འདས་པའི་ཆ་མཚན་མོ་འཁོར་བའི་ཆ་ཡིན་པས༔ འདིའི་དུས་སུ་འཁོར་འདས་ཁ་སྦྱར་བས་ཡུལ་དངོས་པོ་གང་དུ་ཡང་མ་གྲུབ་པའི་ཆོས་ཉིད་ཅེས་བྱ་སྟེ༔ དེ་ཙ་ན་ཉིན་མོ་སྒོམ་གསལ་རྒྱུ་མེད༔ མཚན་མོ་མི་གསལ་བའི་རྒྱུ་མེད་པར་སྦྲེལ་སོང་བ་ལ་བྱའོ༔

དེའི་མན་ངག་ཏུ་རྒྱ་མཚོའི་ཅོག་བཞག་ནི༔ མིག་ཆུའི་རང་བཞིན་ཡིན་པས་རྒྱ་མཚོ་ཞེས་བྱ་སྟེ༔ གང་བསྒོམས་ཀྱང་མིག་རང་སོར་ཅོག་གིས་འཇོག་པ་གནད་ཡིན་ནོ༔ མི་བསྒོམས་ན་མི་སྒོམ༔ སྒོམ་ཞིག་བྱེད་ཕན་ཆད་མིག་མི་འཛུམ་པ་གནད་ཡིན་ནོ༔ དེ་ལྟར་བྱས་པས་དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་གཟའ་དང་རྒྱུ་སྐར་ལ་སོགས་པའི་གཟུགས་བརྙན་ཐམས་ཅད་བཀྲ་སལ་ལེ་སྣང་ཡང་རྒྱ་མཚོ་ལ་གོས་པ་མེད་ཅིང་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་གྲུབ་པ་མེད་པར་སྣང་བ་ལྟར༔ འདི་ལྟར་བསྒོམས་པའི་དུས་ན་ཕྱིའི་སྣང་བ་ཉམས་སྣང་ངོར་ཤར་ལ༔ བདེན་ངོར་མ་གྲུབ་པས་ཤེས་པ་ཕྱིར་སྣང་ཐོག་ཏུ་མ་ཤོར༔ སྣང་བ་ཤེས་པས་གང་དུ་ཡང་མ་བཅད་པར་རང་སར་འདུག་པ་ལ་སྒོམ་པ་ཞེས་བྱའོ༔ གལ་ཏེ་བསྒོམས་པའི་དུས་སུ་ཚོགས་དྲུག་འགགས་ནས་དྲན་མེད་དུ་སོང་ན་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བ་ཞེས་བྱ་བ་སྟེ་སྒོམ་པའི་གོལ་སར་འདུག་པའོ༔ དེ་ལྟར་ཤེས་པ་ལ་སྣང་བས་མ་གོས་(༡༨)སྣང་བ་ལ་ཤེས་པས་མ་དཔྱད་པར་རང་ས་ལ་གསལ་བའོ༔ དེས་དགོངས་པ་སྣང་སྲིད་གཞིར་བཞག་ལ་གནས་པ་ཞེས་བྱ་སྟེ༔ དེ་གོང་དུ་གཞིར་བཞེངས་ཞེས་ཚིག་མཐའ་ལ་རྟོག་བརྗོད་སྐྱེས་པ་དེ༔ འདིར་ཚིག་གི་སྤྲོས་པ་ཆོད་པ་དེ་ཚོགས་ཐམས་ཅད་གཞི་ལ་བཞག་ནས་རང་སར་གྲོལ་བ་ནི་སྣང་ཞིང་སྲིད་པའི་ཆོས་དང་མིང་དང་ཡི་གེའི་ཚོགས་སུ་ཤར་བ་རྣམས་རང་སར་བཞག་པས་ཚིག་ལ་མི་གནས་པར་རང་སར་གྲོལ་བ་ལ༔ གཞི་དངོས་པོའི་གནས་ལུགས་ལ་བཞག་པ་ཞེས་བྱའོ༔

དེའི་དུས་ན་ཉོན་མོངས་པ་ཉིད་རྒྱས་གདབ་པས་དེའི་སྙིང་པོ་ཡེ་ཤེས་སུ་ཤར་ཏེ༔ དཔེར་ན་འཇིམ་པ་ལ་བསྐོས་ཕོར་བཏབས་པས་ཚྭ་ཚྭར་ཀྲོང་གིས་འོངས་པ་དང་འདྲ་བར༔ སྣང་བཏགས་ཀྱི་ཆོས་སྣ་ཚོགས་པ་ཆོས་སྐུར་ཀྲོང་གིས་འཆར་བར་ངེས་སོ༔ དེའི་དུས་ན་གང་ཟག་དེ་ལ་མིང་དུ་བཏགས་ནས་ཆོས་ལ་གནས་པའི་དུས་ཞེས་བྱའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གིས་བློ་ཐོག་ན་གནས་པས་དེ་ཉིད་མ་ཕྱེ་མི་འབྱེད་རང་སར་གནས་པ་ལ་སྒོམ་པ་ཞེས་བྱའོ༔ འདི་དག་ནི་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ནས་བཤད་པའོ༔ ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ནི་དེ་ལ་སྤྱིའི་ལྟ་བ་དང༔ རང་གི་ལྟ་བ་གཉིས་སོ༔ སྤྱིའི་ལྟ་བ་ནི་ཐེག་པ་རིམ་པ་དགུ་སོ་སོར་འདོད་ལུགས་མི་འདྲ་བ་རྣམས་སོ༔ འདི་དག་ནི་ཚིག་གི་ལྟ་བ་ཡིད་དཔྱོད་འཛིན་པ་ཡིན་ནོ༔ རང་གི་ལྟ་བ་རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྲུབ་ཀྱི་ལྟ་བ་སྟེ་ཕྱིའི་ཆོས་ཅན་ལ་བལྟས་པས་རང་བཞིན་མེད་པར་མཐོང༔ ནང་ཆོས་ཉིད་ལ་བལྟས་པས་སྐྱེ་བ་མེད་པར་མཐོང༔ གསང་བ་རང་རིག་ལ་བལྟས་པས་རིག་པ་མངོན་སུམ་དུ་མཐོང་བའོ༔

དེ་ཡང་མཐོང་ལུགས་ཇི་ལྟར་མཐོང་ན༔ ཆོས་ཅན་དུམ་བུ་པ་ལ་རྡོ་རྗེའི་མིག་གིས་བལྟས་པས་མཐོང་ལུགས་ཆོས་ཅན་གྱི་སྣང་བ་སྒྱུ་མའམ༔ མདང་སུམ་རྨིས་པའི་རྨི་ལམ་ལྟར་མཐོང་བས༔ འཁྲུལ་པ་ཡང་དག་ཏུ་གྲུབ་པ་མེད་པར་རྟོགས་ཏེ༔ ད་ཁམས་གསུམ་དུ་བཟློག་པ་མེད་པས་བློ་བདེའོ༔ ཆོས་ཅན་བྱེ་བྲག་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས༔ ཀུན་རྫོབ་ཀྱི་དོན་རྣམ་པར་སྣང་ལ་རང་བཞིན་(༡༩)མེད་པར་སྒྱུ་མ་ལྟ་བུར་མཐོང་བས་ཆོས་ཉིད་ལ་ངོས་བཟུང་མེད་པར་རྟོགས་པས་རིག་པ་ལས་དང་བག་ཆགས་ཀྱི་རྟེན་མེད་པས་བློ་བདེའོ༔ ནང་ཆོས་ཉིད་ལ་ཡེ་ཤེས་ཀྱི་མིག་གིས་བལྟས་པས་རིག་མཉམ་ཐ་དད་མེད་པར་མཐོང་བས་ཆོས་ཉིད་རང་ལ་ཡང་བདེན་པ་རང་རྒྱུད་དུ་འཛིན་པ་མེད་དེ༔ སྤྲོས་བྲལ་རྣམ་དག་ཏུ་རྟོགས་པས་ཆོས་ཉིད་རང་བཞིན་མེད་པར་ཤེས་པ་སྟེ༔ རང་གིས་གྲུབ་མཐའ་ཞིག་ནས་ཆོས་ཟད་པས༔ ད་ཆོས་སུ་འཛིན་པའི་ཞེན་པ་དང་བྲལ་ནས་བློ་བདེ་བའོ༔

གསང་བ་རང་རིག་ལ་ཆོས་ཉིད་རྣམ་པར་དག་པའི་མིག་གིས་གཅེར་བཞག་ཏུ་བལྟས་པས་མཐོང་ལུགས་རང་གི་རིག་པ་ཉིད་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཚིག་གིས་འཚང་མི་རྒྱ་བར་རྟོགས་ཏེ་ཡིད་དཔྱོད་ཚིག་ལ་གདེང་དུ་མི་འཛིན་པས་བློ་བདེ་བ་ནི་ཆོས་ཉིད་དབང་པོའི་སྤྱོད་ཡུལ་དུ་མཐོང་བའི་གནད་ཀྱིས་སོ༔ དེ་དག་རྣམས་ལ་མིང་དུ་བཏགས་ན་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ༔ མངལ་གྱི་གྲོང་ཁྱེར་རྒྱུན་བཅད་ནས་ཁམས་གསུམ་དུ་མི་ལྡོག་པའི་ལྟ་བས་ཏེ༔ དེ་ནས་བརྩོན་འགྲུས་ཅན་རབ་ཚེ་འདི་ཉིད་ལ་ཟག་བཅས་མི་སྣང་བར་འཚང་རྒྱ༔ འབྲིང་གིས་བླ་མའི་གདམས་ངག་ཡོད་པས་དུམ་རེ་ཉམས་སུ་བླངས་ཀྱང་ཐང་ཆད་ནས་ཉམས་སུ་བླང་ལོང་མ་བྱུང་བ་ནི་ཆོས་ཉིད་བར་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་འཚང་རྒྱ༔ ཐ་མས་རྒྱུའི་གདམས་ངག་ནི་ཞུས༔ འདི་ལ་ལེ་ལོས་ཉམས་སུ་བླང་ལོང་མ་བྱུང་བ་ནི་ཆོས་ཉིད་བདེན་པའི་བྱིན་རླབས་ལ་བརྟེན་ནས༔ རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ་བརྫུས་ཏེ་སྐྱེས་ནས་དེ་ཉིད་ལ་འཚང་རྒྱ་བར་ངེས་པས་གྲོང་ཁྱེར་རྒྱུན་གཅོད་ཅེས་བྱའོ༔ དེའི་མན་ངག་རི་ཅོག་བཞག་གི་ལྟ་བ་སྟེ༔ དཔེར་ན་དབུས་ཀྱི་རི་བོ་མཆོག་རབ་ཀྱི་སྟེང་དུ་ཕྱིན་ན༔ གླིང་བཞི་དུས་གཅིག་ལ་མཐོང་བ་ལྟར་རྫོགས་པ་ཆེན་པོའི་སྟེང་ནས་བལྟས་པས་ཐེག་པ་རིམ་པ་དགུའི་འདོད་པ་རང་ལུགས་རྟོགས་པའོ༔ ཐེག་པ་གཞན་གྱིས་ནི་རྫོགས་པ་ཆེན་པོའི་འདོད་པ་མི་མཐོང་ངོ༔ དེ་ཉིད་མི་འགྱུར་བའི་ངོས་ནས་ཀྱང་རི་བོ་ཅོག་བཞག་གོ༔ དེ་ལ་དགོངས་པ་ནི་ཁམས་(༢༠)གསུམ་ཡོངས་སུ་གྲོལ་བའི་དགོངས་པ་སྟེ༔ དེ་ལྟར་རྫོགས་པ་ཆེན་པོ་རྟོགས་པའི་རྣལ་འབྱོར་པས་བལྟས་ན་མ་གྲོལ་བ་གཅིག་ཀྱང་མེད་དོ༔ དེ་ལྟར་རྟོགས་པའི་ཚེ་ན་འགྲོ་དྲུག་རང་སར་གྲོལ་བ་ཞེས་བྱའོ༔ དེའི་ཚེ་ཉོན་མོངས་པ་གནས་སུ་དག་སྟེ༔ མཁའ་ལ་སྤྲིན་དེངས་པའི་རྣམ་པའམ༔ ཆུའི་རྙོགས་མ་དྭངས་པ་ལྟ་བུར་རང་སར་དེངས་པ་ནི་དང་པོ་འཁྲུལ་མ་མྱོང༔ ད་ལྟའི་འཁྲུལ་པ་ལ་མི་གནས༔ ཐ་མ་འཁྲུལ་མི་སྲིད་པའི་གནད་ལས་བྱུང་བའོ༔ དེའི་དུས་ན་ཆོས་བོར་བའི་གང་ཟག་ཅེས་མིང་དུ་བཏགས་པ་ནི་ཡོངས་ལ་བྱེད་པའི་ཆོས་མེད་པའོ༔ འབྲས་བུ་ལམ་དུ་བྱེད་པ་ནི་དོན་གྱི་འབྲས་བུ་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ དེ་ཡང་འདི་དུས་ན་རྒྱལ་པོས་གདན་ས་ཟིན་ཏེ་མི་འགྱུར་བ་ནི་དཔེར་ན་རྒྱལ་རིགས་ཀྱི་ཕྲུ་གུ་སྤྱི་བོ་ནས་དབང་བསྐུར་ནས་རྒྱལ་ས་ཟིན་ཏེ་མི་འགྱུར་བ་བཞིན་རིག་པ་ཉིད་རང་སར་ཟིན་པའོ༔ འབངས་ཆམ་ལ་འབེབས་ཏེ་མི་འགྱུར་བ་ནི་རྒྱལ་པོ་གཅིག་གིས་འབངས་ཆམ་ལ་ཕབ་པ་དེ་རྒྱལ་སྲིད་དུ་གནས་པ་བཞིན་དུ་སྒོ་ལྔའི་རྣམ་ཤེས་འཆར་བའི་གཞི་སྟོང་པས་འཁོར་བའི་མིང་མེད་པའོ༔ བློན་པོ་བཙོན་དུ་བཟུང་སྟེ་མི་འགྱུར་བ་ནི༔ དཔེར་ན་རྒྱལ་པོའི་བཀའ་བློན་བཙོན་དུ་བཟུང་ན་རྒྱལ་པོ་ཡང་ཉེན་པ་བཞིན༔ ཡིད་ཀྱི་རྣམ་པར་རྟོག་པ་འགྱུ་བ་ཆད་པས་རིག་པ་རང་དབང་ཐོབ་པའོ༔ འབྲས་བུ་དེ་ལ་མིང་དུ་བཏགས་ན༔ རང་བཞིན་རྣམ་དག་གི་འབྲས་བུ་ཞེས་བྱའོ༔ བྱས་པའི་རྩོལ་བ་ལས་བྱུང་བ་མ་ཡིན་ཏེ༔ ཡེ་ནས་དག་པའི་དོན་རྒྱུད་ལ་སྐྱེས་པས་འབྲས་བུ་ཞེས་ཐ་སྙད་དུ་བྱའོ༔ དེའི་མན་ངག་ནི་རིག་པ་ཅོག་བཞག་གིས་དེ་ལྟར་འབྲས་བུ་དེ་གང་ལས་བྱུང་ན༔ རིག་པ་ཉིད་གང་སྣང་གང་ཤར་གྱི་སྟེང་དུ་བཞག་པ་ལས་བྱུང་བའོ༔ དེའི་དགོངས་པ་ནི་སྲིད་གསུམ་ཀ་དག་ཅེས་བྱ་བ་རང་གི་ལུས་ངག་ཡིད་གསུམ་ལ་ལས་དང་བག་ཆགས་དང་རྟོག་པ་གང་ཡང་མི་གནས་པས་སྲིད་གསུམ་ཀ་དག་གོ༔ འདིའི་དུས་ན་ཉོན་མོངས་པ་ནི་རང་གྲོལ་དུ་སོང་སྟེ་དཔེར་ན་སྦྲུལ་གྱི་མདུད་པ་ཉིད་བྱ་ལོང་མེད་པར་གྲོལ་བ་དང་འདྲའོ༔ དེ་བཞིན་དུ་ཉོན་མོངས་པ་སྐྱེ་ལོང་མེད་པར་ཆོས་ཉིད་དུ་རང་(༢༡)སར་གྲོལ་བའོ༔ དེའི་དུས་ན་གང་ཟག་དེ་ཆོས་ལས་འདས་པ་ཞེས་བྱའོ༔ འཁོར་འདས་གང་དུ་འཛིན་པའི་ཤེས་པ་དང་བྲལ་བའོ༔ དེ་དག་གིས་ནི་དམིགས་པའི་ཡུལ་ཅན་གྱི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བྱ་སྟེ༔ དོན་གྱི་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུའོ༔

ད་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བ་སྟོན་ཏེ་དེ་ལ་གཉིས༔ ཁྲེགས་ཆོད་དང༔ ཐོད་རྒལ་ལོ༔ ཁྲེགས་ཆོད་ནི་སྣང་བ་དང་མ་འབྲེལ་བ་འདི་ཉིད་ལ་རྟོགས་པ་མངོན་སུམ་དུ་སྐད་ཅིག་གིས་གྱུར་པའི༔ ཐོད་རྒལ་ཉམས་སུ་བླང་བ་ནི་སྔོན་དུ་དབང་བཞི་ཡོངས་སུ་རྫོགས་པར་བྱས་ལ༔ དེ་ནས་གོང་གིས་བསྒྲུབ་ལུགས་གཉིས་པོ་གང་ཡང་རུང་བས་མན་ངག་ལ་སྔོན་འགྲོ་དངོས་གཞི་གཉིས་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་གསུམ་བྱ་བ་ནི༔ དང་པོ་ལུས་རུ་ཤན་དབྱེ་བའི་སྤྱོད་པ་བྱ༔ དེའི་རྟགས་ཚད་ལ་ཕེབས༔ ངག་རུ་ཤན་དབྱེ་བའི་སྤྱོད་པ་བྱ༔ དེའི་རྟགས་ཚད་ལ་ཕེབས་ནས་སེམས་རུ་ཤན་དབྱེ་བའི་སྤྱོད་པ་བྱའོ༔ དེ་དག་ལ་མཆོག་གི་དགོས་པ་དང༔ ཐུན་མོང་གི་དགོས་པ་གཉིས་གཉིས་ཏེ་དྲུག་གོ༔ དེ་ནས་རྣལ་དུ་དབབ་པ་གསུམ་བྱ་སྟེ༔ ལུས་རྣལ་དུ་ཕེབས་པས་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བྱང་སེམས་རྒྱས་པའི་དགོས་པ་ཡོད་དོ༔ དེ་ནས་ངག་རྣལ་དུ་ཕེབས་པས་བརྗོད་པ་མ་བཅོས་པའི་དོན་དུ་འགྱུར་ཞིང་ཚིག་གི་རྟོག་དཔྱོད་ཟད་པར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནས་སེམས་རྣལ་དུ་ཕེབས་པས་བསམ་པའི་ཞེན་ཡུལ་ལས་གྲོལ་བའི་དགོས་པ་ཡོད་དོ༔ དེ་ནས་དངོས་གཞི་ཟག་པ་མེད་པའི་དོན་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་བརྟེན་པ་ལ་བཞི་སྟེ༔ སྔོན་དུ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང༔ དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་དོན་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་བརྟེན་པ་དང༔ དེས་སྣང་བ་ཇི་ལྟར་འཆར་བ་དང༔ མཐའ་རྟེན་གྱི་མན་ངག་གོ༔ དང་པོ་ལུས་ཀྱི་གནད་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ༔ དེ་ཡང་ལུས་ལ་རིག་པའི་ཡེ་ཤེས་གནས་ཏེ༔ ལུས་ཀྱི་གནད་མ་གཟིར་ན་མངོན་སུམ་དུ་མི་སྣང་སྟེ༔ དཔེར་ན་སྦྲུལ་གྱི་རྐང་ལག་ཡོད་པ་དེ་མ་གཅུན་པས་མི་མཐོང་བ་བཞིན་ནོ༔ དེ་ནས་ངག་སྨྲ་བ་བཅད་དེ༔ དེ་ཡང་ངག་བསླབ་པར་བྱ་བའི་རིམ་པ་དང་པོ་ཐུན་ཆུང་བ་ལ་བསླབ་དེ་ནས་ཐུན་རིང་བ་ལ་བསླབ༔ (༢༢)སྐབས་སུ་སྨྲ་རྒྱུ་མེད་ཀྱང་སྨྲ་བའོ༔

དེ་ནས་ངག་གནས་པ་ནི༔ རང་གི་ངག་སྔགས་དང་མཆོད་བསྟོད་མདོ་ལ་སོགས་པ་མི་དགག༔ གཞན་ལ་ཚིག་ཟུར་ཙམ་ཡང་མི་བརྗོད་དོ༔ དེའི་དུས་ན་ལུས་ཀྱིས་བརྡ་ཙམ་ཡང་མི་བྱའོ༔ དེ་ལྟར་བྱས་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་ངེས་སོ༔ མཁས་པ་བི་མ་ལ་ཡི་ཞལ་ནས༔ རྣལ་འབྱོར་པས་ངག་གཅོད་ནུས་ན༔ ཆོས་བྱེད་ནུས་པ་ཡིན་གསུངས་སོ༔ སེམས་ཀྱི་གནད་དུས་ཐམས་ཅད་དུ་གནད་གསུམ་དང་མི་འབྲལ་བར་བྱའོ༔ དེ་ཡང་སྒོའི་གནད་དུ་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱའོ༔ ཡུལ་གྱི་གནད་དུ་ཕྱིའི་དབྱིངས་ནམ་མཁའ་དང་མི་འབྲལ་བར་བྱའོ༔ ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་རིག་པ་གཏད༔ རླུང་གི་གནད་དུ་ཅི་ནས་ཀྱང་དལ་བར་བརྟེན་ཅིང་ཕྱིར་རྒྱང་རིང་པོར་འཕེན་པ་གནད་ཡིན་ནོ༔ རིག་པའི་གནད་དུ་ལུ་གུ་རྒྱུད་བཙོན་དུ་བཟུང་བའོ༔ དེ་ཡང་ལུགས་གསུམ་སྟེ༔ དང་པོ་བླ་མས་སློབ་མ་ལ་འདེབས་པའི་དུས་ན༔ ངོ་འཆི་ཀ་མ་ལ་སྤྲོད་པའི་ལུགས་དང༔ ཁྲིད་དུ་བྱ་བ་དང༔ ཚང་སྤྲུགས་སུ་གདབ་པའོ༔ དེ་ལ་ཁྲིད་དུ་བྱས་པས་ཟླ་བ་ཕྱེད་དང་གཉིས་ན་འབྱོངས་པ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ༔ གཉིས་པ་ཐུན་བསྐྱེད་པ་ལ་རྒྱུན་བསྲིང༔ དེ་ནས་ཉིན་མཚན་ཕྱེད་མར་ཉམས་སུ་བླངས་པས་སྣང་བ་བཞི་འཆར་ཏེ༔ དེའི་རྟགས་ཚད་གཞན་དུ་ཤེས་སོ༔ དེ་ཡང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ བླ་མས་ལུས་ཀྱི་གནད་འདི་གྱིས་ལ༔ ངག་གནད་འདི་ལྟར་གྱིས་ཤིག༔ སེམས་གནད་འདི་ལ་གཏོད་ཅིག༔ ཅེས་ཚིག་གསུམ་བསྡུས་ནས་བསྟན་ནས༔ དེ་ཉིད་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཚིག་གི་སྤྲོས་པ་དང་བྲལ་བའོ༔ ཡུལ་ནམ་མཁའི་སྟོང་པ་ལ་ཆོས་ཉིད་མངོན་སུམ་དུ་རྣམ་རྟོག་གང་གིས་ཀྱང་མ་བསླད་པར་མཐོང་བ་དེ་ཉིད་དོ༔ དེ་ལྟར་ཉམས་སུ་བླངས་པས་དུས་ཚོད་ཅི་ཙམ་ཞིག་ན༔ ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ༔ དེ་ནས་ཡེ་ཤེས་ལྔའི་མདོག་དང་དབྱིབས་ལས་ཐིག་ལེ་སྐུ་དང་བཅས་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ༔ དེ་ཡང་ཁ་དོག་ལྔ་གྱེན་ལ་འགྲེང་བ་དང༔ རྩིབས་ལ་ཤར་བ་དང༔ རེ་ལྡེ་དང༔ (༢༣)གྲུ་ཆད་དང༔ ཡུལ་གྲུ་ཙམ་ལ་སོགས་པའོ༔ དབྱིབས་ནི་མཆོད་རྟེན་བརྩེགས་པ་དང༔ པདྨ་སྟོང་ལྡན་དང༔ གུར་ཁྱིམ་དང༔ མིག་མངས་རིས་དང༔ མིག་ཚགས་དང༔ དྲྭ་བ་དང༔ དྲྭ་བ་ཕྱེད་པ་ལ་སོགས་པ་རྣམས་སོ༔ དེ་ནས་སྐུ་ལྔ་ལྔར་སྣང་བའི་དུས་ན་རིག་པ་ཚད་ལ་ཕེབས་པའོ༔ དེ་ནས་དེ་དག་གིས་འཕེལ་ཟད་ནས་འཛིན་པའི་བློ་རང་སར་གྲོལ་བ་ནི་ཆོས་ཉིད་ཟད་པའི་སྣང་བའོ༔ དེ་ལྟར་སྣང་བ་བཞི་མཐར་ཕྱིན་པའི་དུས་ན་སྐལ་ལྡན་དེ་ཟག་པའི་ཕུང་པོ་མི་སྣང་བར་འཚང་རྒྱ་ངེས་སོ༔ བཞི་པ་མཐའ་བརྟེན་གྱི་མན་ངག་ནི༔ མི་འགུལ་བ་གསུམ་ལ་གཞི་བཅའ་བ་དང༔ སྡོད་པ་གསུམ་གྱིས་ཚད་གཟུང་བ་དང༔ ཐོབ་པ་གསུམ་གྱིས་གཟེར་གདབ་པའོ༔ དེ་དག་ནི་གོང་མའི་རྒྱབ་རྟེན་དུ་འབྱུང་བའོ༔ དེ་དག་གིས་ནི་ཉམས་སུ་བླང་བའི་ཐབས་བསྟན་པའོ༔

༈ ད་ནི་དགུ་པ་ཉམས་སུ་བླང་བའི་ཚད་བསྟན་པ་ནི༔ སེམས་ཀྱི་ཚད་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱངས་ཀྱང་བག་ཚ་བ་མེད་པ་སྟེ༔ ཡེ་ནས་འཁྲུལ་མ་མྱོང་བས་རིག་པ་ལ་དམྱལ་བའི་སྡུག་བསྔལ་གྲུབ་མི་སྲིད་པར་རྟོགས་པའོ༔ མྱ་ངན་ལས་འདས་པ་ལ་རེ་བ་མེད་པ་ནི༔ རང་སེམས་སངས་རྒྱས་སུ་འདུག་པས་ལོགས་ནས་བཙལ་དུ་མེད་པའོ༔ སངས་རྒྱས་ལ་བྲོད་པ་བསྐྱེད་དུ་མེད་དེ༔ རིག་པ་ཡེ་སངས་རྒྱས་པ་ལ༔ ད་བསྐྱར་ནས་སངས་རྒྱས་རྒྱུ་མེད་པའི་དོན་རྟོགས་པའོ༔ ལུས་ངག་གི་ཚད་ནི༔ ལུས་གླེན་པ་ལྟོ་བ་འགྲངས་པ་བཞིན་དུ་སོང་བ་དང༔ ངག་འབྲེལ་མེད་ཀྱི་གཏམ་ཆལ་ཆོལ་དུ་བྱུང་བ་དང༔ སེམས་གང་གཏད་དུ་གནས་པ་ལ་སོགས་པའོ༔ རིག་པ་རང་སྣང་གི་ཚད་ནི༔ ཕྱིའི་འཁྲུལ་སྣང་འགགས་ནས་དག་སྣང་དུ་ཤར་བ་དང༔ གསང་བ་རིག་པའི་ཚད་རང་སྣང་རང་ཤར་རང་གྲོལ་དུ་ཤེས་པའོ༔

༈ ད་ནི་བཅུ་པ་སྐྱེས་བུ་དེ་ཉིད་ལ་བླ་མའི་གདམས་ངག་ཡོད་ཀྱང་ལེ་ལོས་གཡེང་ནས་ཉམས་སུ་བླངས་པ་རྩལ་རྫོགས་པར་བླང་ལོང་མ་བྱུང་བ་རྣམས་ལ༔ ཆོས་ཉིད་བར་དོ་ལ་ཇི་ལྟར་གྲོལ་ལུགས་བསྟན་པ་ནི༔ དེ་ལ་བར་དོའི་དབྱེ་བ་དང༔ ཆོས་ཉིད་དང༔ ས་མཚམས་དང༔ སྣང་ལུགས་སོ༔ དབྱེ་བ་ནི་བཞི་སྟེ༔ རང་བཞིན་གནས་པའི་བར་དོ་དང༔ འཆི་ཀའི་(༢༤)བར་དོ་དང༔ ཆོས་ཉིད་བར་དོ་དང༔ སྲིད་པའི་བར་དོའོ༔ ཆོས་ཉིད་ལ༔ རང་བཞིན་གནས་པའི་བར་དོའི་ཆོས་ཉིད་ནི༔ ཕུང་པོ་ལྔས་བཅིངས་པས་སྐུའི་སྣང་བ་རང་འགགས་པ་དང༔ ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས༔ འོད་ཁ་དོག་གི་སྣང་བ་རང་འགགས་པ་དང༔ ལས་དང་ཉོན་མོངས་པས༔ ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་པའོ༔ འཆི་ཁ་མའི་བར་དོའི་ཆོས་ཉིད་ནི༔ ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ལ་སེམས་བྱུང་ཚོར་གྱི་ལམ་གཏོར་ནས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་དང༔ འཛིན་ཆགས་ཞེན་པའི་མཚང་རྡོལ་བས་ལུས་སེམས་འབྲེལ་བ་རྟེན་བྲལ་གྱི་དོགས་པས་སྡུག་བསྔལ་ཏེ་དོན་ཤི་ཡི་དོགས་པའི་འདུ་ཤེས་ལ་གནས་པའོ༔ ཆོས་ཉིད་བར་དོའི་ཆོས་ཉིད་ནི༔ ཕུང་པོ་བདག་འཛིན་གྱི་རྟེན་བོར་ནས་སྐུ་དང་ཡེ་ཤེས་ཀྱི་དོན་ཉིད་མངོན་དུ་སྣང༔ ལས་དང་བག་ཆགས་ཀྱི་འབྲེལ་བ་ཆད་པས༔ རང་བཞིན་གྱིས་ཆོས་ཉིད་ཀྱི་བསམ་གཏན་ལ་སྤྱོད༔ དངོས་པོ་འཛིན་བྱེད་ཀྱི་ཡུལ་སྟོང་པས་རང་སྣང་རྣམ་པར་དག་པའི་ཆོས་ཉིད་ལ་སྤྱོད་པའོ༔ སྲིད་པ་བར་དོའི་ཆོས་ཉིད་ནི༔ ཕྱིའི་ལུས་ཀྱི་སྲིད་པ་ཡིད་ཀྱི་ཡུལ་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་ལྡན༔ ནང་སེམས་ཀྱི་སྲིད་པ་ཆོས་ཅན་དུ་མ་ལ་སྙམ་སེམས་འདུན་ཅིང་རྟོག༔ ལུས་སེམས་གཉིས་འདུས་པས་སྲིད་པ་ཐོགས་པ་མེད་པར་འགྲོ་ཞིང་ཐམས་ཅད་ལ་རྟོག་ཅིང་འཇུག་པའོ༔ དེ་དག་གི་སྣང་ལུགས་ནི༔ རང་བཞིན་གནས་པའི་བར་དོ་ནི་སྣང་ལུགས་ལ༔ གང་ཟག་དགོས་བཙན་དང༔ ཁམས་གསུམ་སྤྱི་ཚན་ལ་སོགས་པའི་སྣང་ལུགས་ཐ་དད་དུ་མར་སྣང་སྟེ༔ དེ་ཡང་གང་ཟག་དགོས་བཙན་ནི༔ མིག་སེར་གྱི་ནད་ཀྱིས་བཏབ་པ་ལ་དུང་སེར་པོར་སྣང་བའོ༔ འདུས་པའི་ནད་ཀྱིས་བཏབ་པ་ལ་རི་དང་ཁང་ཁྱིམ་འཁོར་ལ་སོགས་པའོ༔ སྤྱི་ཚན་འགྲོ་དྲུག་སོ་སོ་ལ་ཆུ་ལ་བདུད་རྩིར་སྣང་བ་བཅུ་བདུན་དུ་སྣང་བའོ༔ འཆི་ཀ་མ་ཡི་སྣང་ལུགས་ནི༔ ཞེ་འཚིག་ཅིང་འདུ་ཤེས་ནང་དུ་འཁུམས་ཏེ༔ སྤང་བ་མ་ཡིན་པར་སྣང་བ་ཟ་ཟི་ཡམ་ཡོམ་ལ་སོགས་པར་སྣང་བའོ༔ (༢༥)ཆོས་ཉིད་བར་དོའི་སྣང་ལུགས་ནི༔ ཞེ་འཚིག་ཅིང་སྒྲ་དང་གཟུགས་སུ་སྣང་བ་དང༔ སྐུ་དང་ཡེ་ཤེས་སུ་སྣང་བའོ༔ སྲིད་པ་བར་དོའི་སྣང་ལུགས་ནི༔ འབྱུང་བ་ལྔའི་སྣང་ཚུལ་དང་ཡད་ཡུད་ཕྱད་ཕྱོད་དུ་སྣང་བའོ༔ ས་མཚམས་ནི༔ རང་བཞིན་གནས་པའི་བར་དོ་ནི་མའི་མངལ་ནས་འཆི་རྐྱེན་བཏབ་པ་ཚུན་ཆད་ཆོས་ཉིད་ཀྱི་བར་དོའོ༔ དེ་ནས་དབུགས་ཁྲོག་གི་ཆད་ཚུན་ཆད་འཆི་ཁའི་བར་དོའོ༔ དེ་ནས་ནང་དབུགས་ཆད་ནས་ལྷུན་གྲུབ་ཚུན་ཆད་ཤར་བ་དེ་ཡང་མངལ་གྱི་གྲོང་ཁྱེར་ལ་བསླེབས་པ་ཚུན་ཆད་སྲིད་པ་བར་དོའོ༔ དེ་བཞིའི་གདམས་ངག་ནི༔ རང་བཞིན་གནས་པའི་བར་དོ་ལ་ཤེས་བྱའི་གྲས་ཐག་བཅད་དེ༔ དང་པོ་ཐོས་པས་བློ་སྦྱང་བ་དང༔ བར་དུ་བསམ་པས་ཐག་བཅད་པ་དང༔ ཐ་མ་བསྒོམས་པས་ལ་བཟླ་བ་རྣམས་བྱ་སྟེ༔ དེ་གསུམ་ལ་བློ་སྦྱངས་པས༔ ཕྱི་ཤེས་བྱ་ཡུལ་གྱི་གྲས་ཐག་ཆོད་པས༔ སྣང་བ་སྒྱུ་མ་རྨི་ལམ་ལྟར་ཤེས་ཏེ་འཁོར་བ་ལ་བློ་ལྡོག་པའི་དགོས་པ་ཡོད༔ ནང་འདུ་བའི་སེམས་ལ་གྲས་ཐག་ཆོད་པས་རང་སེམས་དངོས་མེད་ངོས་གཟུང་དང་བྲལ་བར་རྟོགས་པས་འབྲས་བུ་སངས་རྒྱས་པའོ༔ སྣང་སེམས་གཉིས་མེད་ལ་ཤེས་བྱའི་གྲས་ཐག་ཆོད་པས་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་སངས་རྒྱས་ནས༔ མཛད་པའི་ཕྲིན་ལས་ཕྱོགས་མེད་དུ་ཤར་བའོ༔ དེ་ཡང་བླ་མ་མཚན་ཉིད་ལྟ་བ་དང་ལྡན་པ་དང་འཕྲད་པ་གལ་ཆེའོ༔ འཆི་ཁའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་མན་ངག་ལ་ཟེར་ཐིག་གདབ་པར་བྱའོ༔ དེ་ཡང་རྣལ་འབྱོར་པ་དེ་རྐྱེན་གྱིས་ནད་ཀྱིས་བཏབ་ནས་འཆི་རྟགས་ཉེར་གཅིག་བརྟགས་པས༔ བཟློག་པའི་ཆོ་ག་ཡང་ནས་ཡང་དུ་བྱས་ཏེ༔ དེས་མི་བཟློག་པའི་རྟགས་བྱུང་བའི་ཚེ༔ དེ་ཡང་ལུས་ཉིད་ཐོག་མ་ཡང་འབྱུང་བཞི་ལས་གྲུབ་པ་ཐ་མ་ཡང་འབྱུང་བ་བཞིའི་བྱེར་ཟུག་གིས་ཚེའི་དུས་བྱེད་པའོ༔ དེ་ཡང་ས་ས་ལ་ཐིམ་པའི་དུས་ན༔ ལུས་ལྕི་ཞིང་ལྡང་མི་ནུས༔ ཆུ་ཆུ་ལ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་བོར་བ་གཅིག་ཕྱིར་ཐོན་ནས་དེ་ནས་སྐམ༔ མེ་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་ཐང་ཁོབ་བཞི་རྐང་ལག་བཞིའི་དྲོད་འཆོར་ཏེ༔ (༢༦)དེའི་དུས་སུ་ལུས་ཀྱི་བཀྲག་དང་གཟི་མདངས་ཀྱང་འཆོར་རོ༔ དེ་ནས་རླུང་རླུང་ལ་ཐིམ་པའི་དུས་སུ་དབུགས་བརྩེགས་མ་འབྱུང་ཞིང་ལུས་ཀྱི་སྟོབས་འཆོར་རོ༔ འདིའི་དུས་སུ་གདམས་ངག་གསལ་གདབ་པ་ནི༔ རང་ལ་ཆོས་ཉིད་བར་དོ་ལ་སྣང་བ་འདི་ལྟ་བུ་འཆར་བས༔ འདིའི་དུས་ན་རང་གི་སྣང་བ་ཡིན་པར་ངོ་ཤེས་པར་བྱའོ་སྙམ་པའི་དྲན་པ་བརྟེན་ན་དེས་ཆོག༔ དེ་ལྟར་མི་གསལ་ན་རང་གི་བླ་མ་ཡོད་ན་བཟང་སྟེ༔ ཚོགས་བསགས་པའི་ཡན་ལག་ཅི་རིགས་པ་ཞིག་བྱས་ཏེ༔ དེ་ནས་བླ་མས་ནད་པ་དེའི་རྣ་བུག་གཡོན་པ་ནས་སྙུག་མའི་སྦུབས་སམ་ཤོག་གུའི་དབྱིབས་ཀྱི་ནང་ནས་མར་ལན་གསུམ་བཏབ་པས་ཆོས་ཉིད་བར་དོ་ལ་མི་ཐེབས་པ་མི་སྲིད་དོ༔ དཔེར་ན་མི་བརྟན་པོ་གཅིག་ལ་ཐན་བརྡ་བས་ཡུལ་རྟ་འགོ་གང་དུ་སོང་ཡང་ངེས་པར་ཐན་འཇལ་བ་དང་འདྲ་སྟེ་ཆོས་ཉིད་བར་དོ་ལ་ངེས་པར་རྙེད་པར་འགྱུར་རོ༔ གལ་ཏེ་བླ་མ་མི་བཞུགས་ན་རང་གི་རྡོ་རྗེ་སྤུན་སྲིང་དམ་ཚིག་སེལ་མེད་པ་ལྟ་སྤྱོད་མཐུན་པ་ཞིག་གིས་གདབ་བོ༔ གལ་ཏེ་ནད་པ་དེ་བརྟེན་པ་ཉམས་པས་དབུགས་ཆད་ན་ནི་རླུང་སྦྱང་བྱ་ཞིང་ལུས་ངག་གསོ་བའི་གནད་འདི་ལྟར་བྱ་སྟེ༔ ནད་པ་དང་རང་གི་སྒོ་གསུམ་སྤྲད་དེ༔ རང་གི་རླུང་ཕྱི་ནས་ཕུལ་ཏེ༔ དེ་ལ་བསྟིམས་པས་འཕངས་ལན་གསུམ་བྱའོ༔

དེ་ལྟར་བྱས་པས་ཁོའི་ལུས་ཚ་མེར་གྱི་དྲོས་ཏེ་ཧཱུྃ་ཞེས་པས་རང་ཁའི་ནང་ན་དྲོངས༔ ཨ་ཞེས་པས་སྣ་བུག་གཡས་སུ་དྲོངས༔ ཨ་ཞེས་པས་སྣ་བུག་གཡོན་དུ་དྲོངས༔ དེ་ལྟར་བྱས་པས༔ མིག་རྩ་ཧྲིག་ཡོང་སྟེ༔ དེ་ལྟར་བྱུང་ཙ་ན་སྔར་བཞིན་གདམས་ངག་བཏབ་པས་ཐེབ་ངེས་སོ༔ དེ་ནས་རླུང་རྣམ་ཤེས་ལ་ཐིམ་པས་ཤེས་པ་བུན་གྱིས་འགྲོ་སྟེ༔ ནང་དབུགས་ཆད་རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ལུས་སེམས་གཉིས་ཀྱི་འབྲེལ་ཐག་ཆད་དེ༔ དབུགས་བར་སྣང་ལ་བུན་གྱིས་ཡལ་ལུས་གདོས་པ་ཅན་བེམ་པོར་ལིངས་ཀྱིས་སོང༔ རིག་པ་མེ་སྟག་ཡར་བའི་རྣམ་པ་ལྟར་ཆོས་ཉིད་བར་དོ་ལ་སོང་བའི་གནས་སྐབས་ན༔ ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ ཕྱི་ས་རྡོ་(༢༧)རི་བྲག་གི་རྣམ་པ་ནི་འགགས༔ ནང་འོད་གསལ་ཆོས་ཉིད་ཀྱི་སྣང་བ་ནི་ཤར་ནས༔ སྣང་བ་ཐམས་ཅད་འོད་ཁ་དོག་ལྔའི་སྣང་བ༔ མནན་ན་ནེམ་པ་སྙམ་པ༔ བཏེག་ན་འཕར་བ་སྙམ་པའི་སྣང་བ་འཆར་ཏེ༔ འདི་དུས་ཀྱི་གནད་དེ་འཇུག་པ་ཤེས་པའི་གནད་དང༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ༔ འཇུག་པ་ཤེས་པའི་གནད་ལ་གཉིས་ཏེ༔ འོད་རིག་པ་ལ་འཇུག་པ་དང༔ རིག་པ་འོད་ལ་འཇུག་པའོ༔ འོད་རིག་པ་ལ་འཇུག་པ་ནི༔ འོད་སྣང་དེ་དག་སྐུ་ལྔ་ལྔའི་སྣང་བ་སྟེ༔ དེ་དག་གི་ཐུགས་ཀ་ནས་འོད་ཤིན་ཏུ་ཕྲ་བ་ཟེར་ཐག་སྒྲིལ་བ་ལྟ་བུ་རེ་རེ་རང་གི་སྙིང་ཁར་ཟུག་པ་རྣམས་འཆར་ཏེ༔ འདིའི་དུས་སུ་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱུར་ཏོ༔

གྲོལ་བའི་ལུགས་ནི༔ འདིའི་དུས་ན་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་དེངས་པས་ལུས་འོད་སྐུར་གྲོལ་བས་ཆོས་ཉིད་སང་ངེ་ལ་གནས་པས་འབྱུང་བ་ཕྲ་རགས་ཀྱིས་གདོས་བཅས་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ་ལོ༔ ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་ཉིད་མ་ལ་བུ་ཐིམ་དུ་གྲོལ་ལོ༔ མཐར་ཕྱིན་པའི་དུས་ན༔ ཡིད་ཆེས་པའི་གནད་གསུམ་སྐྱེ་སྟེ༔ ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་དྲན་པས༔ སྔར་འདྲིས་པའི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ༔ སྒྲོ་འདོགས་ཆོད་པ་ལྟ་བུ་རང་སྣང་དུ་ངོ་ཤེས་པའོ༔ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པ་སྟེ༔ དཔེར་ན་མི་གཅིག་ལ་སྙིང་རླུང་ཞུགས་པ་ན་སྨན་པ་མཁས་པས་ཐུར་མང་གིས་ལམ་དུ་འདྲེན་པ་ལྟར་ཆོས་ཉིད་རྣམ་དག་གི་ལམ་འགྱུར་མེད་དུ་ཡིད་ཆེས་པས་ཏིང་ངེ་འཛིན་སྐྱེའོ༔ དེ་ཡང་འདིའི་དུས་ན་ཡེ་ཤེས་བཞི་སྦྱོར་རང་གི་སྙིང་ཁར་འཆར་བ་ནི༔ སྔོན་དུ་འོད་དཀར་པོའི་སྣམ་བུ་དཀར་པོ༔ དེའི་སྟེང་དུ་སེར་པོ༔ དེའི་སྟེང་དུ་དམར་པོ༔ དེའི་སྟེང་དུ་མཐིང་ཀ༔ དེའི་སྟེང་དུ་ཐིག་ལེ་མེ་ལོང་ཁ་སྦུབས་པ་ལྟ་བུ་དགུ་བརྩེགས་སམ་ལྔ་བརྩེགས་སུ་འཆར་རོ༔ འདི་ནི་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱའོ༔

དེ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་(༢༨)ལྟ་བུའི་དྲན་པ་ནི༔ མདའ་དེ་ཉིད་དྲག་པོའི་ཤུགས་དང་བཅས་པས་དངོས་པོ་ཐམས་ཅད་ལ་འབིག་པ་ལྟར༔ རིག་པ་ཉིད་ལྷུན་གྲུབ་རིན་པོ་ཆེའི་ལུས་ལ་ཐིམ་པའི་ཚེ༔ སྐད་ཅིག་མ་དང་པོ་ལ་མངོན་པར་ཤེས་པ་དྲུག་ཕྲག་དྲུག་འཆར་རོ༔ གཉིས་པ་ལ་ཐད་ཀར་རིགས་ལྔའི་གཙོ་འཁོར་ཚོམ་བུར་གསལ་བ་ལ༔ མར་འགྲོ་བ་རིགས་དྲུག་གི་སྐྱེ་གནས་དང་ལས་དང་སྡུག་བསྔལ་དང་ཚེ་ཚད་ལ་སོགས་གསལ༔ ཡར་མང་པོའི་འདུག་ཚུལ་གསལ་ཏེ༔ རྗེས་སུ་དྲན་པ་དྲུག་ལས་འབྱུང་བའོ༔ སྐད་ཅིག་མ་གསུམ་པ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་ཏེ༔ རང་སྣང་དུ་ངོ་ཤེས་པས་ལྷུན་གྲུབ་རིན་པོ་ཆེ་ལ་ངེས་པ་རྙེད་དེ༔ ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བའོ༔ དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ༔ དཔེར་ན་ཉི་མ་རྒས་པའི་དུས་ན་ཟེར་འདུས་པ་ལྟར༔ རིགས་དྲུག་གི་སྣང་ཆ་རང་ལ་འདུས་པས༔ མ་དག་པ་འཁྲུལ་པའི་མིང་མེད་དེ་གཟུགས་སྣང་ལས་འདས་པའོ༔ འོད་ལ་འོད་ཐིམ་པ་ནི༔ ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་ཁ་དོག་མཚན་མའི་རིས་མེད་དེ་སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག༔ སྐུ་སྐུ་ལ་ཐིམ་པ་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བ༔ མཚན་མ་ཞལ་ཕྱག་གི་རིགས་ཅན་དུ་མེད་པར་རང་སྣང་རྣམ་པར་དག༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་ཞུགས་པ་ལྟ་བུ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ་གཉིས་ཉམས་སུ་འདྲེས་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་ཆུ་ལ་ཆུ་ཐིམ་པ་ལྟར་ངོ་བོ་མཉམ་པ་རིས་མེད་དུ་གྱུར་པའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་སྟོང་པ་སྣང་བའི་ཡུལ་མེད་པའོ༔ དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པ་སེང་གེས་གངས་ཟིན་པ་ལྟ་བུ་ཉམ་ང་བག་ཚ་དང་བྲལ་བའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ཏུ་འདུས་པའོ༔ འདི་དུས་ན་སངས་རྒྱས་ཀྱི་ཡོན་ཏན་དང་ཕྲིན་ལས་དཔག་ཏུ་མེད་པ་འབྱུང་ཞིང་འཆར་བ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ནས་བཤད་པའོ༔ འདིའི་བརྩོན་(༢༩)འགྲུས་ཐ་མ་གཅིག་གིས་དབང་པོའི་ཁ་འཆལ་ནས་སྲིད་པ་བར་དོའི་ཆ་ཙམ་དུ་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ༔ ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ནས་ཆོས་ཉིད་བར་དོ་མེད་པར་ཡང་དག་པར་རྫོགས་པར་འཚང་རྒྱའོ༔ དེ་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ༔ རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར༔ ནུབ་པདྨ་བརྩེགས་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སྤྲུལ་པ་འོད་དཔག་མེད་ཀྱིས་ལུང་སྟོན༔ བྱང་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལས་ཀྱི་རིགས་ཀྱི་སྤྲུལ་པ་དོན་གྲུབ་ཀྱིས་ལས་དང་བག་ཆགས་ཀྱི་མཐའ་ཟད་པར་བྱས་པས༔ དེ་ཉིད་དུ་གྲོལ་ནས་འཚང་རྒྱའོ༔ ཆོས་འདི་ཉིད་ཀྱི་སྒོ་མ་མཐོང་བའི་འགྲོ་བ་ཕལ་པ་རྣམས་ནི་དེ་ལས་སྲིད་པ་ལས་ཀྱིས་ཁ་འཆལ་ཏེ༔ སྲིད་པའི་བར་དོ་ལས་མཐའ་བོར་ནས༔ དེ་ཡིད་ཀྱི་ལུས་ཅན་དབང་པོ་ཀུན་ཚང་བ་ལ༔ གང་ལ་ཡང་ཐོགས་པ་མེད་པའི་ལུས་དང་ལྡན་པས༔ ནམ་མཁའ་ལ་བྱ་སྒྲོ་རླུང་གིས་དེད་པ་ལྟར་ཕྱད་ཕྱོད་ཡལ་ཡོལ་དུ་ཀུན་ལ་རྟོག་ཅིང་འཇུག་པར་བྱེད༔ འདི་ཡི་དུས་ན་རང་གིས་གཟུགས་མི་མཐོང་སྟེ༔ དཔེར་ན་རྨི་ལམ་གྱི་ལུས་ལྟ་བུའོ༔ གཟུགས་ཀྱིས་གཟུགས་མི་མཐོང་སྟེ༔ དཔེར་ན་སྐར་ཁུང་གི་ཉི་ཟེར་གྱི་རྡུལ་ལྟར་སྣང་ངོ༔ འདིར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུ་བག་ཆགས་ཀྱི་མཚམས་སྦྱོར་བ་ནི༔ ལས་བཟང་པོ་བསགས་པ་རྣམས་ནི་གནས་མཐོ་བར་སྐྱེ་ལ༔ ངན་པ་རྣམས་ནི་ངན་སོང་གསུམ་ལ་སོགས་པའི་ལུས་ལེན་ནོ༔

དེ་ལྟ་བུའི་བར་དོ་དེ་ལ་དོན་ཉི་ཤུས་སྟོན་པ་ལ༔ དང་པོ་གཟུགས་ཀྱི་ཁྱད་པར་ནི༔ བར་དོར་ཇི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་ལ༔ ཕྱེད་ཕྱི་མའི་གཟུགས་ཏེ༔ དེ་ཡང་ཤ་ཁྲག་གདོས་པ་མེད་དེ་རྨི་ལམ་འདྲའོ༔ གཉིས་པ་སྐྱེ་མཆེད་ནི༔ (༣༠)ཡིད་ཀྱི་ལུས་གཟུང་བར་དཀའ་བ་གང་ཡང་ཐོགས་པ་མེད་པའོ༔ གསུམ་པ་འོད་ཀྱི་ཁྱད་པར་ནི༔ ལས་དག་པ་རྣམས་དཀར་པོ་དཔག་ཚད་གཅིག་ཏུ་གསལ་ལ༔ མ་དག་པ་རྣམས་ལ་འོད་མོག་མོག་པོ་འདོམ་གང་དུ་གསལ་ལོ༔ བཞི་པ་སྐྱེ་གནས་ཀྱི་ཁྱད་པར་ནི༔ སྐྱེ་གནས་བཞི་ལས་བརྫུས་སྐྱེས་སོ༔ ལྔ་པ་མགོ་ལྟ་ཕྱོགས་ཀྱི་ཁྱད་པར་ནི༔ ལྷ་མི་གཉིས་གྱེན་ལ་ཡོད་པ་སྙམ་བྱེད༔ ལྷ་མིན་བྱོལ་སོང་ཕྲེད་ལ༔ དམྱལ་བ་ཡི་དྭགས་ཐུར་ལའོ༔ དྲུག་པ་ཚེ་ཚད་ནི༔ ཞག་བདུན་གྱི་སྐད་ཅིག་མ་དེར་ཤི་ནས་གཉིས་པ་ལ་སྐྱེ་སྟེ༔ བདུན་ཕྲག་བདུན་དུ་དེ་ལྟར་བྱེད་དོ༔ བདུན་པ་མངོན་ཤེས་ཀྱི་ཁྱད་པར་ནི༔ སྐད་ཅིག་ཙམ་ལ་སྟོང་གསུམ་གཅིག་གམ་གཉིས་ལ་སོགས་པ་མཐོང་སྟེ༔ ཟག་བཅས་ཀྱི་མངོན་ཤེས་དེ་བག་ཆགས་ཚན་ཆེ་བའི་སྟོབས་ཀྱིས་དེ་ནས་ནུབ་བོ༔ བརྒྱད་པ་ལུས་ཚད་ནི་བྱིས་པ་ལོ་བརྒྱད་དམ་བཅུ་དྲུག་པའི་ཚད་ཀུན་ལ་བལྟ་ཞིང་འཇུག་སྙིང་འདོད་པའོ༔ དགུ་པ་སྤྱོད་ལམ་ནི༔ སྔར་གྱི་ཆོས་ཉིད་བདེན་པའི་སྟོབས་ནུབ་ནས༔ སྔ་མའི་བག་ཆགས་ལངས་པས་སྔར་གང་ལ་ཞེན་པ་དེ་གཙོར་བྱེད་དོ༔ བཅུ་པ་མིང་གི་ཁྱད་པར་ནི༔ འབྱུང་བ་བཞིའི་ས་བོན་གྱི་བག་ཆགས་ལས༔ སྔོན་གཟུགས་སྲིད་པའི་ཤ་གཟུགས་ཅན་དུ་འབྱུང་བའོ༔ བཅུ་གཅིག་པ་རྫུ་འཕྲུལ་གྱི་ཁྱད་པར་ནི༔ དབང་པོ་མཆོག་ཏུ་གསལ་བ་དང༔ ཡན་ལག་ཚང་ཞིང་རགས་པ་དང༔ ཤེས་པ་གང་དུ་གཏད་སར་ཚུགས་པ་དང༔ ཀུན་ལ་ཐོགས་ཆགས་མེད་དེ་གང་དུ་བསམ་སར་བརྟོལ་བའོ༔ བཅུ་གཉིས་པ་ལས་སོགས་མི་སོགས་ཀྱི་ཁྱད་པར་ནི༔ སྔར་གྱི་ལས་དཀར་ནག་གི་ཚན་ཆེ་ཆུང་གིས་འདིར་ཡང་ཕྱི་མ་ལས་ཐམས་ཅད་དེ་ལྟར་སོགས་པའོ༔ བཅུ་གསུམ་པ་ཁ་དོག་གི་ཁྱད་པར་ནི༔ ལྷ་མིར་སྐྱེས་ན་དཀར་པོ་དང༔ ལྷ་མིན་བྱོལ་སོང་སེར་པོ་དང༔ ཡི་དྭགས་དམྱལ་བ་ནག་པོའོ༔ བཅུ་བཞི་པ་ངེས་ཚིག་ནི༔ སྔར་ལོངས་སྐུའི་སྣང་བ་དང་རིགས་དྲུག་གི་བར་ཡིན་པས་བར་ཞེས་བྱ༔ མ་ནི་གང་ཉིད་ཀྱི་བདེན་པའི་སྟོབས་མ་ཤེས་པས༔ དེའི་ངང་ནས་ཕྱིས་སྲིད་པ་ཆགས་པས་སོ༔ དོ་ཞེས་པ་དེ་གཉིས་ཀྱི་བར་དུ་མ་(༣༡)རིག་པ་གནས་པས་སོ༔ བཅོ་ལྔ་པ་དགེ་སྡིག་གི་ཁྱད་པར་སྔར་དགེ་བ་བྱས་པའི་ཤེས་པ་ནི་གསལ༔ མི་དགེ་བ་བྱས་པ་ནི་མི་གསལ་རྨུགས་པར་གནས་པའོ༔ བཅུ་དྲུག་པ་ཁམས་གསུམ་ལས་གང་དུ་གཏོགས་ན༔ གཟུགས་མེད་ཁམས་སུ་གཏོགས་པའོ༔ བཅུ་བདུན་པ་ཕྱི་མའི་ལུས་དང་འབྲེལ་བ་ནི༔ བར་དོའི་ལས་རྫོགས་པའི་དུས་ན༔ མངལ་གྱི་སྐྱབས་གནས་སུ་འཇུག་སྟེ༔ ཚུད་པའི་རྟགས་ནི༔ ལྷ་ཁང་གི་ཡང་སྟེང་ངམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད་ན་ལྷ་རུའོ༔ མགལ་མེའི་འཁོར་ལོ་བསྐོར་བ་ལྟར་འདུག་ན་ལྷ་མིན་དུའོ༔ གྲོང་བ་སྙམ་བྱེད་ན་མི་ལུས་ཙམ་པོའོ༔ ནམ་རྨུགས་པའི་ནང་དུ་འདུག་ན་མི་ལུས་གཙང་མའོ༔ སྐྱེ་བོ་མང་པོའི་ནང་དུ་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་ནང་དུ་ཚུད་པའོ༔ བྱ་སྐྱིབས་སམ་ན་བུན་ལང་ལིང་གི་གསེབ་ན་འདུག་པ་སྙམ་བྱེད་ན་བྱོལ་སོང༔ གྲོག་པོ་ཕུགས་རྡུག་ལ་སོགས་པའི་ནང་དུ་འདུག་པ་སྙམ་བྱེད་ན་ཡི་དྭགས་སོ༔ དམྱལ་བ་ནི་སྲིད་པ་བར་དོར་མི་གནས་སོ༔ བཅོ་བརྒྱད་པ་ཕྱི་མའི་ལུས་དང་ཉོན་མོངས་ཀྱི་འབྲེལ་བ་བསྟན་པ་ནི༔ འདིར་ཞེ་སྡང་སྐྱེས་པའི་རྐྱེན་གྱིས་གཟུགས་ཁམས་སུ་སྐྱེའོ༔ འདོད་ཆགས་ཀྱིས་འདོད་ཁམས་སུ་སྐྱེའོ༔ གཏི་མུག་གིས་གཟུགས་མེད་ཁམས་སུ་སྐྱེའོ༔ བཅུ་དགུ་པ་འཁོར་ཚུལ་ནི༔ འགྲོ་བ་རིགས་དྲུག་གཅིག་ནས་གཅིག་ཏུ་བརྒྱུད་པ་ཤིང་རྟའི་འཕང་ལོའམ་ཟོ་ཆུའི་འཁོར་མོ་དང་འདྲའོ༔ ཉི་ཤུ་དཔེ་ཉེ་བར་མཚོན་པ་ནི༔ དཔེ་ནི་ལས་འཕེན་པ་གཞུ་མོའི་སྲད་བུ་དང་འདྲ༔ ལེན་པ་རྡོ་ཁབ་ལེན་དང་འདྲ༔ དེར་བག་ཆགས་ཀྱི་དབང་གིས་མངལ་གྱིས་ཡིད་འཛིན་པའོ༔ དེ་ནས་ལས་ཀྱི་དབང་གིས་དགའ་ལྡན་དང༔ རྩོད་ལྡན་དང༔ ཆ་མཉམ་དང༔ མྱོས་ལྡན་དང༔ བྲོས་ལྡན་དང༔ སྡུག་བསྔལ་ཆེན་པོ་དང་ལྡན་གནས་སུ་སྐྱེའོ༔ སྲིད་པ་བར་དོའི་ལུས་དེ་ཡང་ཡི་དམ་ལྷའི་སྒྱུ་ལུས་བཟུང་བའོ༔ གདམས་ངག་གནད་རབ་ཏུ་ཆེའོ༔ དེ་དག་གིས་བར་དོའི་མཚན་ཉིད་འཕྲོས་པ་དང་བཅས་པ་བསྟན་པའོ༔

༈ ད་ནི་ཚིག་དོན་བཅུ་གཅིག་པ་གྲོལ་བ་ཆེན་པོ་གང་ཡིན་པ་བསྟན་པ་ནི༔ དེ་ལྟར་བར་དོའམ་དེ་ཉིད་(༣༢)ལས་གྲོལ་བའི་དུས་ན་གྲོལ་ལུགས་ཇི་ལྟར་གྲོལ༔ ཡང་དག་པར་འཚང་རྒྱ་བའི་དུས་ན་ཇི་ལྟར་འགྱུར༔ སྔར་བས་འདས་པའི་སངས་རྒྱས་དང༔ ཕྱིས་སངས་རྒྱ་བ་གཉིས་ལ་ཁྱད་པར་ཅི་ཡོད༔ སྙམ་ན༔ དེ་དག་རྣམས་ནི་གཉིས་མེད་རིས་དང་བྲལ་བས་ངོ་མཉམ་པ་རང་རྫོགས་ཆེན་པོར་བཞུགས་ཏེ༔ ཁྱད་པར་གང་ཡང་མེད་པས་འཛིན་མེད་ཕྱོགས་བྲལ་དུ་བཞུགས་སོ༔ དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ དེ་ཡང་དཔེར་ན་བུམ་པའི་ནང་གི་ནམ་མཁའ་ལྟར་ཁྱབ་བྱེད་སེམས་ལ་རང་བཞིན་གྱིས་གནས༔ བར་གྱི་འབྲེལ་ཐག་ནི་ནམ་མཁའ་ལྟ་བུར་སྒྲོན་མ་བཞིའི་མཚམས་སྦྱར་ཕྱི་རོལ་གྱི་ནམ་མཁའ་ལྟ་བུར་ཆོས་ཀྱི་དབྱིངས་སྟོང་ཉིད་སྤྲོས་དང་བྲལ་བའོ༔ དེ་ཡང་བུམ་པ་ཆག་པས་ནམ་མཁའི་ཕྱི་ནང་བར་གསུམ་ལ་དབྱེ་བ་མེད་པ་བཞིན་དུ༔ རིག་པ་ཕྱི་ནང་མེད་པར་འདྲེས་ཤིང་རྫོགས་པའོ༔ དེ་ཡང་འབྲས་བུ་རེ་ཞིག་ཚིག་ཏུ་བརྗོད་ན་བློ་འདས་ངོ་བོ་ཉིད་ཀྱི་ཆོས་སུ་གནས་པས་ཆོས་སྐུ་ཞེས་བྱ༔ ཟག་མེད་ཀྱི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པས་ལོངས་སྐུ༔ གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུ་ཞེས་བྱ༔ དེ་ཡང་ངོ་བོ་ཐ་དད་མེད་པས་སྐུ་གསུམ་རོ་གཅིག་ཏུ་གནས་པའོ༔ དེ་དག་སྟོང་པ་ངོས་གཟུང་མེད་པས་མཐའ་དང་བྲལ་བའི་ཆོས་ཉིད་ཅེས་བྱ༔ འདི་ཡིན་དང་འདི་མིན་གྱི་རིས་མེད་པས་དབྱེར་མེད་ཡོངས་སུ་རྫོགས་པ་ཞེས་བྱ༔ ཆོས་ཉིད་རྣམ་པ་དང་ཡུལ་ལས་འདས་པས་གཟུང་འཛིན་མཐའ་སྟོང་སྟེ༔ མཐའ་བྲལ་ཡོངས་རྫོགས་ཀྱི་སྐུ་ཞེས་བྱ༔ དེ་ཡང་བྱས་པ་དང་བྱུང་བ་མེད་པའི་ཆོས་ཉིད་ཡིན་ལ་ལྟོས་པ་དང་བྲལ་བས༔ རིས་མེད་མཉམ་པའི་བདག་ཉིད་ཆེན་པོ་ཞེས་ཀྱང་བྱའོ༔ དེ་ལྟ་བུའི་སངས་རྒྱས་དེ་ལ་ཆོས་ཀྱི་སྐུའི་གནས་སྐབས་ན་ཡེ་ཤེས་གསུམ་གཞི་ལ་ཚང་བ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས༔ རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས༔ དེ་ཡང་དེ་དག་མཚན་ཉིད་རིས་ཅན་དུ་མ་ཡིན་ནོ༔ ལོངས་སྐུའི་གནས་སྐབས་ན་སོ་སོའི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སོ་སོར་གསལ་ཏེ༔ དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ མེ་ལོང་ལྟ་བུའི་ཡེ་ཤེས༔ མཉམ་པ་ཉིད་ཀྱི་ཡེ་ཤེས༔ (༣༣)སོ་སོར་རྟོགས་པའི་ཡེ་ཤེས༔ བྱ་བ་གྲུབ་པའི་ཡེ་ཤེས༔ དེ་དག་ཀྱང་ཡུལ་དང་ཡུལ་ཅན་དུ་ནི་མ་ཡིན་ནོ༔ སྤྲུལ་སྐུའི་དུས་ན་མཁྱེན་པའི་ཡེ་ཤེས་གཉིས་སུ་གནས་ཏེ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་གཉིས་སོ༔ དེ་དག་ཀྱང་བྱ་བ་དང་བྱེད་པ་དང་བཅས་པ་ནི་མ་ཡིན་ནོ༔ དེ་ལྟ་བུ་སྐུ་ལྔ་པོ་དེ་ལ་སྟོབས་བཅུ་དང༔ མི་འཇིགས་པ་བཞི་དང༔ ཚད་མེད་པ་དང༔ དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡོན་ཏན་གྱི་རྣམ་གྲངས་དཔག་ཏུ་མེད་ཅིང་བརྗོད་ལས་འདས་པའོ༔ གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་ཉི་མ་སྣང་བྱེད་ལས༔ རིན་པོ་ཆེ་ཟངས་ཀྱི་ཡི་གེ་ཅན་གྱི་ཕྱི་མོ༔ མན་ངག་གི་རྒྱལ་པོ་ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ་རྫོགས་སོ༔ འདི་བཀོད་དགེ་བ་གང་བསགས་དེས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ རང་སྣང་དག་པའི་ཡེ་ཤེས་ལ༔ ཆོས་ཉིད་བདེན་པ་མཐོང་བར་ཤོག༔ མཁས་པ་བི་མ་ལ་ཡི་ཐུགས་བཅུད༔ ས་མ་ཡཱ༔ གྷུ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་བྱར་མེད་ཀློང་ཡངས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བྲིས་པ་འདིས༔ སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ཅིག༔ མངྒ་ལཾ༔

རྫོགས་པ་ཆེན་པོ་བི་མ་སྙིང་ཏིག་མ་བུའི་སྔོན་འགྲོ་ཚོགས་བསགས་ཀྱི་དམིགས་རིམ་ངག་འདོན་མདོར་བསྡུས་གདོད་མའི་གསེང་ལམ་ཞེས་བྱ་བ།

༄༅། །རྫོགས་པ་ཆེན་པོ་བི་མ་སྙིང་ཏིག་མ་བུའི་སྔོན་འགྲོ་ཚོགས་བསགས་ཀྱི་དམིགས་རིམ་ངག་འདོན་མདོར་བསྡུས་པ་གདོད་མའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བྷྱཿ། འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་བཅུད་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་བཀའ་སྲོལ་ལས་བྱུང་བའི་གསང་བ་སྙིང་ཏིག་མ་བུའི་ཁྲིད་རིམ་ཟབ་མོའི་རྒྱུད་སྨིན་པའི་གང་ཟག་གིས། སྔོན་འགྲོའི་རིམ་པ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་བས་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་པ་དང་ཆབ་ཅིག་ཏུ་རང་གི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ། མོས་གུས་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག །དེ་ནས་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་སོགས་བློ་སྦྱོང་གི་རིམ་པས་ངེས་འབྱུང་དང་། སྙིང་རྗེ་དང་། དད་པ་ཤུགས་དྲག་ཏུ་བསྐྱེད་ཅིང་། རྣམ་པར་མི་རྟོག་པའི་བསམ་གཏན་གྱི་ངང་ནས་ཚོགས་བསག་གི་རིམ་པ་ལ་འཇུག་པར་བྱ་སྟེ།

དེ་ལ་དང་པོ་སྐྱབས་སུ་འགྲོ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས། རང་གི་མདུན་དུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ་ལ་བརྒྱུད་པའི་བླ་མ་རྣམས་དང་། མདུན་གྱི་ཡལ་གར་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཡས་སུ་སྟོན་པ་ཐུབ་པའི་དབང་པོར་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་སྐྱབས་སུ་འགྲོ་བའི་མོས་པས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་བརྒྱ་སྟོང་སོགས་ཅི་ནུས་ཀྱི་མཐར། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་དག་པའི་ཞིང་དུ་འུར་གྱིས་སོང་བར་བསམ། ཚོགས་ཞིང་རྣམས་དབུས་ཀྱི་བླ་མ་ལ་ཐིམ་ཞིང་། དེ་ཡང་རང་ལ་བསྟིམས་ཏེ་གནས་ལུགས་དོན་གྱི་སྐྱབས་འགྲོའི་ངང་དུ་ངལ་བསོ། །

གཉིས་པ་སེམས་བསྐྱེད་ནི། དོན་དམ་པར་གཟོད་མ་ནས་རྣམ་པར་དག་ཀྱང་། ཀུན་རྫོབ་འཁྲུལ་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབྲས་བསམ་གྱིས་མི་ཁྱབ་པ་ལ་རྟག་པར་ལོངས་སྤྱོད་པའི་མ་རྒན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པ་འཇུག་པ་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་ཏུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ཅི་ནུས་དང་། མཐར་སྤྲོ་ན་དབུགས་འགྲོ་འོང་ལ་བརྟེན་ནས་བདེ་སྡུག་གཏོར་ལེན་གྱི་དམིགས་པ་དང་། འཁོར་གསུམ་རང་བཞིན་མེད་པར་ཤེས་པའི་དོན་དམ་སེམས་བསྐྱེད་ཀྱི་ངང་དུ་མཉམ་པར་བཞག །

གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཨ་ལས་རྡོ་རྗེ་སེམས་དཔའ་དཀར༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེས་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲ྇་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མཧཱ་ས་མ་ཡཱ་སཏྭ་ཨཱཿ། ཞེས་ཅི་ནུས་དང་། ཨོ་བཛྲ་སཏྭ་ཧཱུྃ། ཞེས་པའང་ཇི་ལྟར་རིགས་པ་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ་ལ་དམིགས་མེད་ཀྱི་ངང་དུ་བློ་འཇོག །

བཞི་པ་མཎྜལ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་ལེགས་པར་བཤམས་པའི་མཎྜལ་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱིས་ཕུལ་བར་མོས་ཏེ། ཐོག་མར་སྤྲུལ་སྐུའི་མཎྜལ་ལ་ཚོམ་བུ་སོ་བདུན་འགོད་ཅིང་། རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་སྣོད་བཅུད་ཀྱི་འབྱོར་པ་མཐའ་ཀླས་པར་བསམ་ལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ། ལོངས་སྐུའི་མཎྜལ་ལ་ཚོམ་བུ་དགུའམ་བདུན་བཀོད་ལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་ཤིང་མཆོད་པའི་ལྷ་མོ་མཐའ་ཡས་པའི་སྤྲིན་འཕྲོ་བར་བསམ་ལ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ། ཆོས་སྐུའི་མཎྜལ་ལ་ཚོམ་བུ་ལྔའམ་གཅིག་བཀོད་ནས། ཆོས་ཀྱི་དབྱིངས་རང་བཞིན་འོད་གསལ་བའི་ཞིང་ཁམས་ཆེན་པོར་སྐུ་དང་ཐིག་ལེའི་རིག་གདངས་འབྱམས་ཀླས་པར་བསམ་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ།

ལྔ་པ་བླ་མའི་རྣལ་འབྱོར་ནི། སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། །རང་མདུན་ནམ་མཁའ་ཡེ་ཤེས་འོད་ལྔའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་། །མཐའ་བསྐོར་མཆོག་གསུམ་མཁའ་འགྲོ་ཆོས་སྲུང་ཚོགས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བར་གྱུར། །ཅེས་གསལ་བཏབ་ལ།

ༀ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་། །བདེ་ཆེན་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་དང་། །དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་དང་། །རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་དང་། །བློ་མཆོག་མངའ་བ་ཤྲཱི་སིཾ་ཧ་དང་། །དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །མཁས་གྲུབ་ཆེན་པོ་བི་མ་མུ་དྲ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་དང་། །ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཆེན་པོ་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་དང་། །ཐར་གླིང་སྣང་ཕྱེད་ལྡང་མ་ལྷུན་རྒྱལ་དང་། །འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །ཆོས་ཉིད་མི་གཡོ་རྒྱལ་བ་ཞང་སྟོན་དང་། །གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་དང་། །དམ་ཆོས་རྒྱས་མཛད་གུ་རུ་ཇོ་འབེར་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །གཟུང་འཛིན་འཁྲུལ་ཞིག་སེངྒེ་རྒྱབ་པ་དང་། །དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་དང་། །རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །འོད་གསལ་སྒྱུ་མ་ཀློང་ཆེན་རབ་འབྱམས་དང་། །མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་དང་། །སྤྲུལ་པའི་སྐུ་མཆོག་གྲགས་པ་འོད་ཟེར་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །འཁྲུལ་ཞིག་ཆེན་པོ་སངས་རྒྱས་དབོན་པོ་དང་། །རྒྱལ་བའི་གདུང་འཚོབ་ཟླ་བ་གྲགས་པ་དང་། །གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །སྙིང་པོའི་མངའ་བདག་རྒྱལ་མཚན་དཔལ་བཟང་དང་། །རྒྱལ་བས་ལུང་བསྟན་སྣ་ཚོགས་རང་གྲོལ་དང་། །འཁོར་འདས་རྒྱ་གྲོལ་བསྟན་འཛིན་གྲགས་པ་ལ། །གསོལ་བ༴། །ཀ་དག༴། །ད་ལྟ། །ཤེས་བྱ་ཀུན་གཟིགས་མདོ་སྔགས་བསྟན་འཛིན་དང་། །གསང་བདག་དཔའ་བོ་འཕྲིན་ལས་ལྷུན་གྲུབ་དང་། །བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་བླ་མ་ལ། གསོལ་བ༴། །ཀ་དག༴། །ད་ལྟ༴། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་དང་། མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་དང་། །ཐམས་ཅད་མཁྱེན་པ་ཨཽ་ཌི་ཡཱ་ན་ལ། །གསོལ་བ༴། །ཀ་དག༴། །ད་ལྟ༴། །རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་དང་། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་དང་། །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །རེ་དོགས་བློ་ཟད་འཁོར་འདས་ཆོས་སྐུར་གྲོལ། །ལྷུན་གྲུབ་འོད་གསལ་ཟང་ཐལ་རིག་པར་ཤར། །སྐུ་གསུམ་རྩལ་རྫོགས་འཕོ་འགྱུར་མེད་པར་རྟོགས། །བདག་གཞན་ཡོངས་གྲོལ་ཀུན་བཟང་ཐོབ་པར་ཤོག །ཅེས་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་པས་གསོལ་བ་གདབ་ཅིང་། སླར་ཡང་རྩ་བའི་བླ་མ་ལ་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། ཀྱེ་བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པས་མོས་གུས་ཀྱི་ཉམས་མ་སྐྱེས་བར་དུ་གསོལ་བ་བཏབ་པའི་མཐར་དབང་བླང་བ་ནི། འཁོར་གྱི་ལྷ་ཚོགས་རྣམས་རྩ་བའི་བླ་མའི་སྐུ་ལ་ཐིམ་པས་བླ་མ་སྔར་བས་ཀྱང་གཟི་བྱིན་ཆེར་འབར་བའི་གནས་གསུམ་དུ་ཨ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། གུ་རུའི་སྤྱི་བོའི་ཨ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །

སླར་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བཏབ་པས་བླ་མ་འོད་ལྔའི་གོང་བུར་གྱུར་པ་རང་གི་ཚངས་བུག་ནས་སིབ་ཀྱིས་ཐིམས་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་གྱུར་པར་བསམ་ལ་བློ་འདས་གཉུག་མའི་རང་ཞལ་ལྟ་བས་མཚམས་སྦྱར་ཏེ་གནས་ལུགས་གཏན་ལ་དབབ་པའི་སྔོན་འགྲོ་དང་། ཁྲེགས་ཆོད་དང་ཐོད་རྒལ་གྱི་སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་སོགས་ལ་ཇི་ལྟར་རིགས་པར་འཇུག་གོ། །བླ་མའི་རྣལ་འབྱོར་འདི་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ལྟར་ཉམས་སུ་བླང་ནའང་ཤིན་ཏུ་ལེགས་སོ། །གང་ལྟར་ཡང་ཐུན་ལས་ལྡང་བ་ན། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རིགས་གསུམ་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སུ་ལམ་དུ་ཁྱེར་ཞིང་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལྟར་རྫོགས་པ་ཆེན་པོ་བི་མ་སྙིང་ཏིག་གི་སྔོན་འགྲོ་ཚོགས་བསག་གི་ངག་འདོན་གཙོ་བོར་བཏོན་ཅིང་དམིགས་རིམ་ཅུང་ཟད་དང་བཅས་པ་འདི་ཡང་། རང་གཞན་ལམ་འདིར་འཇུག་པར་འདོད་པའི་བློ་གྲོས་དམན་པ་རྣམས་ལ་ཕན་པའི་བསམས་པས། རྗེ་གཏེར་ཆེན་བླ་མ་འགྲོ་འདུལ་གཏེར་བདག་གླིང་པ་ཡབ་སྲས་ཀྱི་བཞེད་པ་ལྟར། རྒྱལ་ཁམས་ཉུལ་བའི་ད་རི་དྲཱ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གངས་རིའི་ཁྲོད་ཀྱི་ཤམྦྷ་ལ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཟིན་བྲིས་སུ་བགྱིས་པའི་དགེ་བས་འགྲོ་ཀུན་ནང་གསལ་གཞོན་ནུ་བུམ་སྐུའི་དབྱིངས་སུ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

བླ་མ་རྒྱལ་བ་ཞང་ཆེན་པོའི་རྣམ་པར་ཐར་པ།

༄༅། །བླ་མ་རྒྱལ་བ་ཞང་ཆེན་པོའི་རྣམ་པར་ཐར་པ་བཞུགས་སོ། །

༄༅། །བརྗོད་བྲལ་སྟོང་པའི་ཀློང་དཀྱིལ་ནས། །འོད་འབར་རྒྱལ་བ་ལོངས་སྤྱོད་རྫོགས། །ཐུགས་རྗེས་སྤྲུལ་པའི་བརྒྱུད་འཛིན་པ། །བླ་མ་མཆོག་ལ་གུས་ཕྱག་འཚལ། །

བླ་མ་རྒྱལ་བ་ཞང་ཆེན་པོ་འདི་ཉིད། ཡུལ་ཡར་འབྲོག་སྒང་གི་སྒྲུབ་མཚོ་གླིང་དགུ་བླ་དོ་ཞེས་བྱ་བར་ཡབ་ཞང་སྲས་རྡོ་རྗེ་དངོས་གྲུབ་དང་། ཡུམ་ཞུ་མོ་ཉེ་རེ་ལྕམ་གཉིས་ཀྱི་སྲས་མཚན་བརྗོད་པར་དཀའ་བའི་བཀྲ་ཤིས་རྡོ་རྗེ་ཞེས་བྱ་བ་འཁྲུངས་ཏེ། དགུང་ལོ་བཅུ་གཅིག་ཕན་ཆད་ཡུམ་གྱི་རྩར་བཞུགས་ནས། དེ་ནས་ཡུམ་དེ་སྡང་བས་ཨ་ནེ་མ་ཇོ་ཞིག་གི་རྩར་རིང་དུ་ཁྲིད་ནས་ཕྱིན་པའི་དུས་སུ་(༢)བླ་མ་ལྕེ་སྒོམ་ནག་པོ་དང་མཇལ་བའི་དུས། བླ་མ་དགྱེས་ནས་འདི་ལ་སངས་རྒྱས་ཀྱི་སྤྲུལ་པ་གཅིག་འོངས་པ་ཡིན་པས་འདི་ང་ལ་ཕུལ་དང་གསུངས་ནས་ཁོང་གི་སྤྱན་སྔར་ལོ་གཅིག་བཞུགས། དེ་ནས་ཆོས་ཀྱི་རྒྱ་མཚོ་ཆེན་པོར་ཤེས་རབ་ཀྱི་པདྨ་རྒྱས་པར་འཁྲུངས་པས། འདུལ་བ་མདོ་སྡེ་དབུ་ཚད་གསན་པ་དང་སྔགས་གསར་རྙིང་གི་བླ་མ་མཁས་ཤིང་གྲུབ་པ་ཐོབ་པའི་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བརྟེན་ནས། མཁྱེན་པ་ཆེ་ཞིང་། དགུང་ལོ་ཉི་ཤུ་རྩ་གཅིག་གི་བར་ལ་ཐོས་བསམ་མཛད་དོ། །དེ་ནས་ཉང་སྟོད་སྣ་ཁུ་ཡུལ་ན་བཞུགས་པའི་དུས། ཐོ་རངས་སྒྲ་ཆེན་པོ་གཅིག་གྲགས་ཏེ། བཞེངས་ནས་གཟིགས་པས་ནམ་མཁའ་འཇའ་དང་འོད་དུ་འཁྲུགས་པའི་དཀྱིལ་ན། དཔའ་བོ་དང་དཔའ་མོ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་དང་། སྔོན་གྱི་བླ་མ་རྣམས་ཀྱིས་ལུང་བསྟན་པ། ཀྱཻ་ཨེ་མ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བའི་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་སྐོར་བྲག་སེང་གེ་དང་འདྲ་བ་ལ་ཡོད་ཀྱི། དེ་ཐོན་ལ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་གྱིས་ཤིག །འཕྲད་ཆོག་གི་ཆོས་ནི་ངོ་མཚར་ཨེ་མ། ཞེས་ལུང་བསྟན་ཏེ་མི་སྣང་བར་གྱུར་ཏོ། །དགུང་ལོ་བཅོ་བརྒྱད་ཀྱི་དུས་སུ་ལུང་བསྟན་ངོ་མ་ཤེས་གསུངས། དེའི་སྲོད་ལ་བསམ་མནོ་བཏང་བའི་རྗེས་ལ་མི་ཞྭ་དཀར་པོ་གྱོན་པ་ཞིག་ན་རེ། དངོས་གྲུབ་སྦྱིན་གྱིས་འདོངས་གསུངས་ནངས་པར་ཐོ་རངས་ཀྱང་བྱུང་ནས་འདོངས་གསུངས་ནས་ཕྱིན་པས། ཉང་སྨད་པ་ཚབ་ཉི་མ་མདར་སླེབས་པའི་ནུབ་མོ་བན་དྷེ་མང་པོ་ཚོགས་ནས་སེར་ལྷ་གསོལ་ཞིང་འདུག་ནས་བཟའ་བཅའ་མང་པོ་བྱིན་པས་དེའི་ལོ་(༣)མུ་གེ་ཆེན་པོ་ཡོད་པས་དངོས་གྲུབ་དེ་ལ་ཟེར་རམ་སྙམ་པའི་ནམ་ལངས་ཁར་འདོངས་ཟེར་བ་ལ། བན་དྷེ་དེ་རྣམས་ཀྱིས་ཆང་མང་པོ་དྲངས་ཆོས་གཏམ་ཡང་མང་དུ་བྱས་ཏེ་ཤེས་རབ་དང་ཐོས་བསམ་ལ་མགུ་བ་ཡིན་སྐད། དེ་ནས་ཉི་མ་དྲོས་པ་ལ་ཁར་ལ་ལ་བྱོན་ནས་ལམ་ངོ་མ་ཤེས་ཙམ་ན། ཡང་དགེ་བསྙེན་ཞྭ་དཀར་ཅན་གྱིས་སྣ་དྲངས་ནས་ཕྱིན་ཏེ། སྟག་ཐབས་སུ་བསླེབས་པའི་ནུབ་མོ་ཁང་སྟོང་ཞིག་ཏུ་ཉལ་ཙམ་ན། ཁོ་ན་རེ། འདིར་མ་བསྡད་ད་ལྟ་འདོངས་ཟེར་ཙ་ན་སྒོར་ཐོན་མ་ཐག་ཏུ་ཁང་སྟོང་དེ་འགྱེལ་ལོ། །དེའི་ནུབ་ཆར་ཆེན་པོ་བྱུང་ནས་བྲག་ཁུང་ཞིག་ཏུ་བསྡད་པའི་ནུབ་མོ་ཁོའི་སྤྲུལ་པས་བཟའ་བཏུང་མང་པོ་ཁྱེར་བྱུང་། དེ་ནས་ནངས་པར་ར་ལག་ཚུགས་བརྒལ་ནས་འོ་ཡུག་མདའ་ན་མར་འཁྲུག་པ་ཡོད་ཀྱང་ཁོའི་སྤྲུལ་པས་འཇིགས་པ་མེད་པར་འོ་ཡུག་བར་བརྟོལ་བའི་ཉིན་པར་ཤིན་ཏུ་བཀྲེས་པ་བྱུང་བ་ལ་ཤིང་ཐུན་མ་ཀུན་གྱིས་བཟའ་བཏུང་བྱིན་ནས་ཕྱིན་པས་བྲག་སེང་གེ་དང་འདྲ་བའི་རྩར་སླེབས་པ་དང་། ཁོ་སྟོར་ནས་མ་རྙེད། སྤྱན་གྱིས་ཀུན་ཏུ་གཟིགས་ཀྱང་མ་རྙེད། ཕྱིར་ལོག་ཏུ་མ་བཏུབ་གནས་པ་ལས། ཁ་བྱང་དུ་བལྟས་པས་རྩྭ་བཟང་པོ་སྐྱེས་པའི་སྒོ་གཅིག་འདུག་ནས། ལག་ན་མཚོན་རྣོན་ཞིག་ཡོད་པ་དེ་བརྒྱབ་པས་ནང་དུ་ཁྲོལ་གྱི་སོང་ནས། ནང་དུ་ཕྱིན་པས་བྲག་ཕུག་གི་དབུས་ན་དཀྱིལ་འཁོར་གཅིག་གི་དབུས་ན་ཉི་མ་ཤར་ནས་འདུག་པ་ལ། མཚོན་རྣོན་གྱིས་སྔོགས་པས། སྦྲུལ་དང་སྦལ་བ་ཤིག་ཤིག་འདུག་ནས་རིམ་པ་བཞིན་དུ་བསལ་ནས་སྟེང་དུ་བཏོན་ཏེ་བལྟས་པས་ཐུགས་ལ་ཆོས་ནི་ང་རང་མཁས། ནོར་ཞིག་བྱུང་ན་དགའ་བ་ལ་སྙམ་བལྟས་པས། དེ་ནས་ཁ་བྱང་བརྒྱ་རྩ་བརྒྱད་བྱུང་ནས་རབ་ཏུ་དགའ་ནས་བྲོ་འཁྲབས་སོ། །དེ་ནས་འབྲེང་ཞགས་གཅིག་གིས་གྲིལ་ནས་ལུང་གི་ཕུག་ཅིག་ཏུ་བལྟས་པས། ས་རུབ་ནས་མ་མཐོང་བར་ཡོད་ཙ་ན། ཡང་དགེ་བསྙེན་ཞིག་གིས་མར་མེ་དང་བཟའ་བཏུང་ཁྱེར་ནས་དཔེ་ལ་བལྟ་ཡིན་ཡོད་ཙ་ན། སྐད་གདངས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་སྒོ་དྲུང་དུ་བྱུང་བ་དང་། ཁོས་འདི་ལུང་བསྟན་(༤)པའི་སྤྲུལ་པ་དེ་ཡིན་པར་ཨ་ལྕེས་མ་རིག །ཅེས་སྨྲས་པ་དང་། ངས་ཨ་ལྕེ་ཁྲིད་ནས་འོང་གི་ཟེར་བ་དང་། དེ་ནས་ཅི་ཞིག་ཙམ་ན་སྐད་ཤིན་ཏུ་འཇིགས་པ། ཕུག་པ་རྡིབ་པ་སྙམ་བྱེད་ནས། སྤྱན་བཏེག་བྱས་པས་སྒོ་དྲུང་ན་མིག་སླ་ང་ཙམ་ཡོད་པ་ཁ་ཁྲག་ཏུ་ཁོལ་བ་གཅིག་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་ཞིག་འདུག་པ་དང་བྲེད་དེ། འདི་དང་འཕྲད་པ་ཅི་ཆེ་ན་སྙམ་པ་དང་། ཡང་གོང་དུ་ལུང་བསྟན་པ་ཨ་ལྕེས་མ་རིག་བྱས་པས། དེའི་ཞལ་ནས། ང་ནི་ཨེ་ཀ་ཛཱ་ཏི་ཡིན། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་ཐོང་། །ལོ་གསུམ་བར་དུ་མ་བཤད་ཅིག །ཅེས་གསུངས་ནས་བཞུད། དགེ་བསྙེན་ཞྭ་དཀར་ཅན་དེ་ནི་དགེ་བསྙེན་རྡོ་རྗེ་ལེགས་པའོ། །དེ་ནས་ཕུག་པའི་སྒོ་བཀག་ནས། གཡུ་ཆུང་ཞིག་ཡོད་པས་མི་གཅིག་གིས། བའི་ཤ་དང་ནས་ཁལ་གསུམ་ལ་ཚོགས་བརྒྱ་རྩ་བརྒྱད་བཏང་ངོ་། །དེ་ནས་ཉང་སྟོད་ཁུ་ཡུལ་ནས་ཤོག་བུ་དང་ཡོ་བྱད་བསྣམས་ནས་བྱོན། ཉང་རྟག་རྗེད་དུ་ཤག་མོ་དཀར་མཚོ་བྱ་བ་ཡོན་བདག་མོ་དད་པ་ཅན་ཞིག་གིས་ཞབས་ཏོག་ཆེར་མཛད་ནས་དཔེ་རྣམས་ཚང་བར་བྲིས། ལོ་གསུམ་གསང་བ་མ་ཐུབ་གསུངས་དེ་ནས་དགུང་ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན་ནས། སྐྱི་སྒང་དུ་གནས་ཆུང་གཅིག་བརྩིགས། དེ་ནས་གཙང་དུ་བྱོན་ནས་ཤག་མོ་དཀར་མཚོ་དང་འགྲོགས་ནས་ཤངས་དང་རྟ་ནག་ནས་ཡར་ལ་བྱོན་པས་དེར་ཟམ་ཁ་གཅིག་ཏུ་གྲུབ་ཐོབ་སེང་གེ་དབང་ཕྱུག་དང་མཇལ་ནས། དོན་སྐུ་གསུམ་དབྱེར་མེད་དུ་གཏན་ལ་ཕབ། ཆོས་རྣམས་ཀྱི་རྗེས་གནང་བྱིན་ནས་མི་སྣང་བར་གཤེགས་སོ། །

དེ་ནས་དབུས་སུ་བྱོན་བླ་མ་ལ་སྟོད་པ་ལ་སོགས་ཏེ་གྲུབ་ཐོབ་མང་པོ་དང་མཇལ་ནས་གདམས་པ་མ་ལུས་པའི་ཞུན་ཐར་ཆོད་པར་མཛད་དོ། །ཆགས་ཞེན་འཁྲི་བ་བཅད་པ་ལ་དགོངས་ཏེ་ཡོ་བྱད་སྤོང་དག་མཛད་ཅིང་ཆོས་ཀྱི་རྒྱ་མཚོའི་ནང་ནས་ཡིད་བཞིན་ནོར་བུ་གསང་བ་བླ་ན་མེད་པ་སྤྱན་སྔར་འཚོགས་ཤིང་འདུས་པ་རྣམས་སྨིན་ཅིང་གྲོལ་ཏེ་སངས་རྒྱས་པར་མཛད་དེ། དེ་ནས་དུས་སྐབས་ཤིག་ཏུ་སློབ་དཔོན་གཉེར་སྒོམ་གྱིས་མཚུར་ཁུངས་སུ་གདན་དྲངས་པའི་དུས་སུ་(༥)ཚོགས་འཁོར་མཛད་པའི་ཐོ་རངས་ཁ་བི་མ་ལ་དང་མཇལ་ནས་བྱིན་རླབས་དང་རྗེས་གནང་མཛད་དེ། མཁའ་ལ་གཤེགས་ཏེ་མི་སྣང་བར་གྱུར་ཏོ། །དེའི་ཚེ་དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་པ་ཡིན་ནོ། །དེའི་ལོ་ལ་བདག་ཅག་གི་མ་ཡུམ་དང་རྟེན་འབྲེལ་མཛད་ནས་སྒོམ་ཁང་དུ་བཞུགས། ཚོགས་པ་ཡང་རྒྱ་ཆེར་འདུས། ཆོས་འཁོར་མང་པོ་མཛད། བདག་ཅག་ལྕམ་སྲིང་གསུམ་འཁྲུངས་ནས་སྒོམ་ཁང་དུ་ཞིང་དང་མཁར་ལས་ལ་སོགས་པ་ཅི་རིགས་པ་མཛད། དེའི་དུས་སུ་བླ་མའི་ཞལ་ནས་བདག་གིས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་འོང་བ་ཡིན་ཏེ་གསུངས། སྐུ་ལུས་ལ་གྲིབ་མ་མེད་པ་དང་། སྐབས་སུ་རིགས་ལྔར་གསལ་བ་དང་། རྫོགས་པ་ཆེན་པོའི་ཆོས་གསུངས་པའི་དུས་སུ་འཇའི་གུར་ཕུབ་པ་ཀུན་གྱིས་མཐོང་། དེའི་ཚེ་རང་གི་བུ་ཆེན་རྣམས་བསྡུས་ནས། བླ་མ་གཞུང་པས་དབུ་མཛད་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཅི་བདོག་པ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་མཛད་དོ། །དེ་ནས་དགུང་ལོ་བདུན་ཅུ་དོན་གཅིག་ཕག་གི་ལོའི་ལུག་གི་ཟླ་བའི་ཉི་ཤུ་གཉིས་ཀྱི་ནམ་ཕྱེད་ན་སྐུ་གཤེགས་པའི་ཚུལ་བསྟན་ཏེ། ཤར་ཕྱོགས་སུ་སྒྲ་ཆེན་པོ་བདུན་བསྒྲགས་སོ། །ས་ཆེན་པོ་གསུམ་བཏུད་དུ་གཡོས་སོ། །ནམ་མཁའ་ལ་སིལ་སྙན་དང་དྲི་ཞིམ་གྱི་ངང་དུ་གྱུར། འཇའ་ཚོན་སྣ་ལྔའི་གདུགས་ཕུབ། འོད་ཕུབ་ཆུང་ཙམ་ནི་ནམ་མཁའ་ལ་གཅལ་དུ་བཀྲམ་སྟེ། ཞང་ཆེན་པོ་མྱ་ངན་ལས་འདས་སོ། །དེའི་ཕྱིར་ནུབ་པུར་ཁང་བརྩིགས་ཏེ་པུར་སྦྱངས་པས་སྐུ་ལྔའི་ཚབ་ཏུ་རིང་བསྲེལ་ལྔ་བྱོན། ས་བཅུ་དྲུག་ནོན་པའི་རྟགས་སུ་གདུང་ཤ་རཱི་རམ་བཅུ་དྲུག་བྱོན། མེ་ཏོག་གི་ཆར་བབས། དེར་འདུས་པའི་མི་རྣམས་ལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་སོ། །ས་ཆེན་པོ་ལ་འཁོད་པར་བྱས་སོ། །ཀྱེ་མ་ཀྱི་ཧུད་རྒྱལ་བ་ཞང་། །འཛམ་གླིང་ཆོས་ཀྱི་འོད་ནུབ་ན། །རྗེས་འཇུག་མུན་པ་གང་གིས་སེལ། །བླ་མ་ཁྱེད་ཀྱི་ཐུགས་རྗེ་ཡིས། །ཆུ་བུར་མིག་གི་སྒོ་སོལ་ལ། །ཡེ་ཤེས་སྒྲོན་མ་བསྟན་དུ་གསོལ། །རྫོགས་སོ།། །།

ཞང་ཉི་འབུམ་གྱི་རྣམ་ཐར།

༄༅། །ཞང་ཉི་འབུམ་གྱི་རྣམ་ཐར་བཞུགས་སོ། །

༄༅། །དྲི་མེད་མཆོག་གི་བརྒྱུད་པ་བླ་མའི་སྐུ། །སྡེ་སྣོད་ཀུན་གྱི་མངའ་བདག་རྒྱལ་བའི་སྲས། །ཡེ་ཤེས་ཉི་འོད་འགྲོ་ཀུན་ཁྱབ་མཛད་པའི། །རྩོད་མེད་བླ་མ་ཉིད་ལ་གུས་པས་འདུད། །རྩ་བའི་རྒྱུད་སྒྲ་ཐལ་འགྱུར་ལས་ལུང་བསྟན་པའི་ལག་ན་རྡོ་རྗེའི་སྤྲུལ་པ་ཞང་ཉི་མ་(༦)འབུམ་ཞེས་བྱ་བའི་ལོ་རྒྱུས་ཟུར་ཙམ་ནི་ཡབ་མཚན་བརྗོད་པར་དཀའ་བ་རྒྱལ་བ་ཞང་སྟོན་དང་། རྒྱལ་མོ་༼ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་ཤར་བ་རྨིས་ནས་ཡབ་ལ་ཞུས་པས་གསང་བ་བླ་ན་མེད་པ་འདིས་སེམས་ཅན་མང་པོའི་དོན་བྱེད་པར་འོངས་པའི་རྟགས་ཡིན་ཁྱོད་ཐེ་ཚོམ་ཟ་མི་འཚལ་གསུངས་༽གཡང་དེ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ་དེའི་དུས་སུ་ཡབ་ཀྱིས་མཚན་གསོལ་བ་སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་སེལ་བའི་ཉི་འོད་དུ་འགྱུར་བར་འདུག་པས་ཉི་མ་འབུམ་ཞེས་བྱ་བར་ཐོགས་ཤིག །གསུངས་ནས་མཚན་གསོལ་སྐད། དེ་ནས་དགུང་ལོ་གསུམ་སོང་ཙ་ན་ཁོང་རང་གིས་སོ་ཕོ་རྒྱ་སྟོན་ལུང་གྲོ་བས་ཕུར་པ་དང་། ཡང་དག་གི་སྒྲུབ་པ་མང་དུ་མཛད་དེ། བྱིན་གྱིས་བརླབས་ཤིང་བར་ཆད་བསལ་ལོ། །དགུང་ལོ་ལྔ་ནས་བདུན་བརྒྱད་ཀྱི་བར་ལ་ཡབ་ཉིད་ཀྱིས་གསང་བ་བླ་ན་མེད་པའི་དབང་གདམས་ངག་དང་བཅས་པ་དང་། རྒྱུད་བཅུ་བདུན་གྱི་ལུང་རྫོགས་པར་མཛད་དོ། །དགུང་ལོ་དགུ་ལ་བླ་མ་ཉིད་སྐུ་འདས། དེའི་དུས་སུ་འགྲོ་མགོན་ཞང་གཡུ་གྲགས་པ་གདན་དྲངས་ནས། བཀའ་རྒྱས་འབྲིང་རྣམ་གསུམ་ཕྱག་ཏུ་བཏང་སྟེ་ཚིག་གིས་ཕུལ་ཞིང་ས་བདེ་འཇམ་ལ་བཀོད་དོ། །དགུང་ལོ་བཅུ་ནས་བཅོ་ལྔ་མན་ཆད་ལ་རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང་། རྒྱུད་བཅུ་བདུན་གྱི་བཤད་པ་ཚར་བར་མཛད་དོ། །ཆེ་སར་སྟོན་དུས་བུ་སློབ་རྣམས་ལེགས་པར་བསྡུས་ཏེ། རྒྱུད་གདམས་ངག་དང་བཅས་པ་བཤད་པས་བུ་སློབ་ཀུན་ངོ་མཚར་སྐྱེས་ཤིང་དད་པར་གྱུར། བཅོ་བརྒྱད་ལ་སློབ་དཔོན་གྱི་སྤྱན་སྔར་དབང་གོང་མ་ཞུས། དགུང་ལོ་ཉི་ཤུ་ཐམ་པ་ལ་བླ་མ་རྔོག་རྒྱལ་ཚ་རྡོར་སེང་གི་སྤྱན་སྔར་བྱོན་ཏེ། སྔགས་གསར་མའི་རྒྱུད་གདམས་ངག་དང་བཅས་པ་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། (༧)དགུང་ལོ་ཉི་ཤུ་རྩ་བདུན་ལ་ས་སྐྱའི་འཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བའི་སྤྱན་སྔར་བྱོན་ཏེ། རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མལ་གྱོ་ལུགས་ཞུས། ཉི་ཤུ་རྩ་དགུ་ལ་ཇོ་མོ་སེང་རྒྱན་ཁབ་ཏུ་བཞེས། དགུང་ལོ་སུམ་ཅུ་ལ་ཁ་རག་བོན་འབྲུག་གི་བླ་མ་སྐྱི་སྟོན་གྲགས་པའི་སྤྱན་སྔར་བྱོན། བདེ་མཆོག་ལྷན་སྐྱེས་ཨ་ཕྱིའི་ལུགས་དང་། རྗེ་བཙུན་མ་རྭ་ལུགས་དང་། མགོན་པོ་བྱ་རོག་མ་དང་ཚལ་པའི་ཆོས་སྐོར་ཞུས། ལར་ནི་མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་མང་དུ་བསྟེན་ཅིང་གདམས་ངག་མང་དུ་ཞུས་ཏེ་ཐུགས་དགོངས་ལོན་པར་མཛད་དོ། །རྒྱུད་ཀྱི་བཤད་པ་དང་གདམས་ངག་གི་ཁྲིད་ལ་སོགས་པའང་མང་དུ་མཛད་དེ་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་བཀོད་དོ། །དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ་སྐུ་འདས་པའི་ཚུལ་བསྟན་ཏེ་པུར་ལ་བཀོད་དེ། གདུང་ཤ་རཱི་རམ་དང་ཉ་རཱི་རམ་དང་ཆུ་རཱི་རམ་དང་། པཉྩ་རམ་ལ་སོགས་པ་ཁ་དོག་མ་འདྲེས་པ་ལྔ་བྱོན་ཏེ་བླ་མ་ཉི་འབུམ་ཆེན་པོ་དབྱིངས་སུ་ཡལ་ལོ། །ཀྱེ་མ་ཀྱི་ཧུད་ཉི་མའི་མཚན་ཅན་རིན་པོ་ཆེ། །རིགས་དྲུག་འཁོར་བའི་མུན་པའི་སྨག་རུམ་དུ། །གསལ་དག་ཡེ་ཤེས་སྤྱན་གྱིས་གཟིགས་པ་ལས། །ལྔ་ལྡན་འོད་ཀྱི་སྒྲོན་མེ་ཡིས། །སྟོང་ཞིང་འཐིབས་པའི་མུན་པ་འདི། །སྐད་ཅིག་ཉིད་ལ་གསལ་བར་མཛད་དོ། །རྫོགས་སོ།། །།

ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར།

༄༅། །ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར་བཞུགས་སོ། །

༄༅། །སྤྲིན་བྲལ་ནམ་མཁའི་ཀློང་ནས་ཐུགས་རྗེའི་ཉི་མ་ཤར། །མ་རིག་རྨོངས་པའི་ལིང་ཐོག་ཀུན་བསལ་ནས། །རྟག་ཆད་གཉིས་མེད་ངང་ནས་རིག་པ་འོད་དུ་འབར། །སྐལ་ལྡན་སངས་རྒྱས་ས་ལ་ཚེ་འདི་ཉིད་ལ་བཀོད། །ཆོས་བདག་གུ་རུ་ཉིད་ལ་གུས་པས་བསྟོད། །དེ་ལ་ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར་མདོ་ཙམ་འདིའོ། །དེ་ལ་ཡབ་ནི་བླ་མ་མཁས་པ་ཉི་འབུམ་གྱི་གཅུང་པོ་ཟླ་བ་འབུམ་དང་། ཡུམ་རྒྱལ་མོ་ཨ་ལུ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། དགུང་ལོ་བདུན་མན་ཆད་ལྐུགས་པ་དང་འདྲ་བ་ཞིག་ཡོད། བདུན་ནས་ཤེས་རབ་ཐོགས་མེད་དུ་རལ་ཏེ་(༨)ཅི་ལ་ཡང་ཐོགས་རྡུགས་མེད་པ་ཞིག་བྱུང་། དགུང་ལོ་བརྒྱད་ནས་བཅོ་བརྒྱད་ཀྱི་བར་ལ་ཨ་ཁུ་དྲིན་ཆེན་ཞང་ཉི་འབུམ་ལས་གསང་བ་བླ་མེད་ཀྱི་དབང་གདམས་ངག་དང་བཅས་པ་དང་། རྒྱུད་རྣམས་མ་ལུས་པ་ཚང་བར་གསན་ནས་སྒྲ་ཐལ་འགྱུར་གྱི་བཤད་པ་བྱས། དགུང་ལོ་བཅུ་དགུ་ནས་ཉི་ཤུའི་བར་ལ་ཆོས་རྗེ་ས་སྐྱ་ལོཙྪ་བ་ལས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང་། བདེ་མཆོག་མལ་གྱོ་ལུགས་གསན། དེ་ནས་དགེ་བཤེས་ཆུ་མིག་པ་ལས་ཚད་མ་བཏུས་པ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ལ་བླ་མ་ཁྲོ་ཕུ་པ་ལས་གྲུབ་ཐོབ་མི་ཏྲ་ཛྭ་ཀིའི་གདམས་པ་རྣམས་གསན། བལ་པོ་གྲགས་པ་འབུམ་མེ་ལས་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་གསན། ལར་ནི་ཐོས་བསམ་གྱི་ལས་ཚར་ཞིང་ཐུགས་ཐག་ཆོད་པ་དགུང་ལོ་སུམ་ཅུ་སོ་དྲུག་གི་བར་ལ་མཛད་དོ། །ཆོས་འབྲེལ་ཙམ་གྱི་བླ་མ་ཇོ་བོ་བཟང་ཞིང་ཆོས་ལ་མཁས་པ་མང་པོ་བརྟེན་པ་ལགས་སོ། །ལྷའི་ཞལ་གྱི་རྣམ་པ་ལ་ལྷའི་ཐང་སྐུ་འདི་ཀུན་དང་ལྡེར་ཚོ་དང་རག་སྐུ་མང་པོ་མཐོང་གསུངས་ནས་ཞལ་དུ་གསུངས། འོན་ཀྱང་གསལ་བར་གསུངས་པ་ལ། ལྷ་ས་རུ་ཇོ་བོ་ལ་མར་མེ་འབུལ་དུ་ཕྱིན་ནས་གསོལ་བ་བཏབ་པས། ཇོ་བོའི་ཞལ་ནས་འཇའ་ཚོན་སྣ་ལྔས་བསྐོར་ནས་འདུག་པ་དེའི་གསེབ་ནས་ཕར་ལ་ཐིག་ལེ་བཞི་ལྔ་ཙམ་གྱི་ནང་ན་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཡང་ལན་གཅིག་ཐོ་རངས་ཁ་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་ཞིག་འཇའ་ཚོན་དང་ཐིག་ལེ་ཤིག་ཤིག་པ་ཞིག་ཞལ་མཐོང་། དེའི་ཡོན་ཏན་ཡིན་པ་འདྲ། ངེད་ཀྱང་ཚེ་རིང་རྒྱུད་ཁོ་ནའང་མིན་ཏེ། ང་རང་ལེགས་པར་བྱུང་། དེ་མིན་རང་བྱུང་སྒྲོན་མ་འོད་གསལ་གྱི་ངང་ཡིན་མོད། ངེད་རང་ཕ་སྤད་ཚོས་འདི་འདྲ་བ་ཡོད་པས་འཚེ་བ་མེད་གསུངས་ནས། སྐུ་འགྱུར་མེད་བདེ་ཆེན་གྱི་ངང་ལ་བཞུགས། གསུང་འགགས་མེད་ངེས་དོན་གྱི་ཆོས་གསུངས། ཐུགས་གསལ་སྟོང་མཐའ་བྲལ་དུ་བློ་བདེའོ། །ཡོས་ལོ་སྟོན་ཟླ་ར་བའི་ཉ་ལ་སྐུ་གཤེགས་ཏེ། ཞག་བདུན་དུ་འཇའི་དྲ་བར་འབྲེལ། རིང་བསྲེལ་དང་ཨཱཿཧཱུྃ་ལ་སོགས་པ་བྱོན་(༩)ནོ། །ཨེ་མ་ངོ་མཚར་རྨད་དུ་ཆེ་ཞིང་དར་རྒྱས་ཆོས། །རིགས་དྲུག་དག་ཏུ་སྐྱེ་བར་རྒྱུན་བཅད་མི་ཚེ་འདིར། །འཁོར་འདས་གཉིས་ཀྱི་རེ་དོགས་བྲལ་བར་སྐད་ཅིག་མས། །ངེས་དོན་མཆོག་གི་བརྒྱུད་འཛིན་གུ་རུ་རིན་པོ་ཆེ། །མངའ་བདག་ཆེན་པོ་ཁྱོད་ཀྱིས་ཡེ་ཤེས་སྣང་བ་སྟོན། །རྫོགས་སོ།། །།

འཁྲུལ་ཞིག་སེང་གེ་རྒྱབ་པའི་རྣམ་ཐར།

༄༅། །འཁྲུལ་ཞིག་སེང་གེ་རྒྱབ་པའི་རྣམ་ཐར་བཞུགས་སོ། །

༄༅། །ན་མོ་གུ་རུ་བྷྱཿ། ཨེ་མ་༼ངོ་མཚར་༽ཆོས་ཉིད་༼ཐེག་དགུའི་༽མཁའ་ལ་ཐུགས་རྗེའི་༼སྐལ་ལྡན་ཕོ་མོ་ལ་༽ཉི་འོད་ཤར། །༼རྗེས་འཇུག་གི་༽མ་རིག་ལིང་ཐོག་སྐྱེ་མེད་མཁའ་ལ་ཡལ། །༼ཀུན་ལ། ༽འཛིན་མེད་སྤྲོས་བྲལ་༼ཆོས་ཀྱི་༽དབྱིངས་སུ་མཉམ་༼རོ་གཅིག་༽ཉིད་པའི། །༼རེ་ས།༽ འགྲོ་མགོན་༼དྲིན་ཆེན་༽བླ་མ་རྣམས་ལ་༼གུས་པས་༽ཕྱག་འཚལ་བསྟོད། །༼བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས།༽ཨ་ཨཱཿཧཱུྃ། འཁྲུལ་ཞིག་༼རྗེས་འཇུག་གི་དོན་དུ་མེ་ལོང་རྡོ་རྗེས་ཞུས་པ་༽བླ་མའི་ལོ་རྒྱུས་ཟུར་ཙམ་ནི། །ཡུལ་ལ་ཁྱད་འཕགས་གཡུ་རུ་གྲྭ་ཡི་ནང་། །(༢)ཡབ་༼ཤངས་པའི་རྣལ་འབྱོར་པ་བཟང་པོ་ཡིན་སྐད་༽ཡུམ་བཀྲ་ཤིས་དངོས་གྲུབ་གཉིས་ཀྱི་སྲས། །༼ཡུམ་སོ་བ་འབྲང་དུ།༽སྐུ་འཁྲུངས་ངོ་མཚར་༼ཉི་མ་ཤར་བ་དང་རི་རྩེ་ལ་ཕྱིན་པ་དང་འཇའ་ཡིས་བསྐོར་བ་༽རྟགས་ལྡན་ཀུན་རྣམས་མོས། །༼སྐྱེ་བ།༽སྔོན་དུ་ཆོས་ཀྱི་འབྲེལ་བས་ལས་འཕྲོ་སད་༼པས་འདིར་བླ་མ་བཟང་པོའི་དབོན་པོར་འཁྲུངས༽། །ལོ་དགུའི་༼བླ་མ་ཀུན་ལ་༽དུས་སུ་གསོལ་འདེབས་མོས་གུས་༼སྲོད་ཐོ་རངས་བསྐྱངས་༽བསྐྱངས། །ལོ་བཅུ་ལོན་ནས་ངེས་འབྱུང་དད་པ་སྐྱེས། ། ༼ཐུན་མོང་མ་ཡིན་པ།༽འཇིག་རྟེན་ཚེ་འདི་༼འི་ཕྱོགས་སུ་གཏོང་རེ་དབུ་སྙུང་བཞེས་༽དག་ལ་བློ་མ་ཞུགས། །ཐམས་༼བྱམས་པ་༽ཅད་འཇིག་པའི་ཆོས་ཅན་༼མིག་ཅེར་རེ་༽མི་བདེན་རྫུན། །སྒྱུ་མ་ལྟ་བུར་༼སངས་རྒྱས་ཀྱིས་མདོ་རྒྱུད་རྣམས་སུ་༽གསུངས་ནས་འདུག་པ་ལ། །༼མ་གཏོགས་པ་འདི་རྣམས།༽བདེན་བདེན་རྟག་རྟག་འདྲ་བ་འདི་ལྟ་བུ། །སེམས་༼འཁོར་བ་འདི་ལ་༽ཤིང་འཇིགས་པས་ཤུམ་ཤུམ་ཟིང་ཟིང་༼སྐུ་ལུས་ཀྱི་སྤུ་༽བྱས། །བཅུ་གཉིས་ལོན་དུས་༼མི་ལ་གུས་པའི་བཟའ་བཅའ་ལ་མཐོ་འགྲོགས་བྱས་པ་༽གཞན་གྱི་སྤྱོད་པ་ལ། །ཐུགས་མུག་སྐྱོ་བ་དྲག་པོ་༼ཡུལ་མི་སྐྱེས་པ་དེ་རྣམས་༽གཏིང་ནས་སྐྱེས། ། ༼དུས་དེ་ན།༽མཐོ་འགྲོགས་ཁྱད་གསོད་མི་བྱེད་དམ་བཅའ་མཛད་༼པས་མཐར་འཁྱོལ༽། །བཅུ་གསུམ་ལོན་ཚེ་མཚན་༼མནལ་ལམ་ཆུ་མིག་གཙང་མ་རྡོལ་བ་དང་༽ལྟས་༼ཉི་མ་ཤར་བ་ཟླ་བ་ཤར་བ་སོགས་ལྟས་བཟང་པོ་བྱུང་༽ལུང་བསྟན་ནི། །ཐུགས་རྗེ་ཆེན་པོས་མཛད་ཅིང་རྫོགས་༼དེའི་དུས་སུ་༽ཆེན་གཏད། །སྤྱན་རས་གཟིགས་ཀྱིས་བྱིན་བརླབས་ཐུགས་རྗེ་ངེས། །ངན་ཞིང་༼མི་གང་༽དབུལ་ཞིང་༼སྤྲང་པོ་དང་ངན་ལོང་རྣམས་ལ་༽ཤིག་དང་ལྗི་བ་ལ། །སྙིང་རྗེ་མ་བཟོད་༼དུས་རྒྱུན་དུ་༽སྐྱོང་བའི་དམ་བཅའ་མཛད་༼པ་མཐར་ཡང་འཁྱོལ་བ་ཡིན༽། །བཅོ་(༣)བརྒྱད་ལོན་ཚེ་༼འཁོར་འདས་སྣང་སྲིད་ཀྱིས་བསྡུས་སྣང་བ་ཐམས་ཅད་༽བདེན་མེད་ཁོང་དུ་ཚུད། །༼སྣང་བ་ལ་གཟིགས།༽གཏད་མེད་སྨྱོན་པའི་སྤྱོད་༼བྲང་དང་བརླ་དང་ཚང་ར་ལ་ཁྱད་མེད་པར་རྟོགས་པའི་སྒོ་ནས་སྐབས་སུ་བྲང་ཨན་རེ་བརྡུངས་༽པས་༼ཡང་དུས་གཅིག་གི་ཚེ་ཨ་མ་ན་རེ་ཁྱོད་ཀྱིས་གསོལ་མཆོད་གྱིས་ཟེར་ནས་ཟན་གཡག་གཏད་པ་རྒྱལ་པོ་མཆོད་བསེན་མོ་མཆོད་བྱས་པས་ཁྱོད་འདྲའི་བུ་འོང་བ་སྐྱེ་བ་ཟེར་༽མི་སྣང་བཟློག །སེམས་ཀྱིས་སེམས་བལྟས་དངོས་མེད་༼ཆོས་ཐམས་ཅད་༽སྟོང་པར་༼སྟོང་པ་ཉིད་དུ་ངེས་༽གོ། །མཐའ་༼ཞིང་མུ་༽བྲལ་སྙིང་པོའི་དོན་དེ་ཁོང་དུ་ཆུད་༼པར་གྱུར༽། །དགུང་ལོ་ཉི་ཤུ་༼རྩ་ལྔ་ཟེར་༽ལོན་ནས་༼ཚེ་འདིའི་བྱ་བ་བློས་བཏང་ནས་༽ཆོས་ལ་བྲོས། །ལེའུ་སྒང་༼པའི་མཁན་པོ་༽དང་བཀྲ་ཤིས་སྒང་༼སྟེ་མཁན་སློབ་གཉིས་པོ་༽པ་ཡིས། །མཁན་༼བདག་གི་༽སློབ་མཛད་དེ་༼ཐུབ་པའི་བསྟན་པ་༽བསྟན་ལ་རབ་ཏུ་བྱུང་༼བ་བྱས་སོ། །༽དམ་༼པའི་༽ཆོས་འདུལ་བའི་༼བསྲུང་བྱ་དང་བསླབ་བྱའི་དོན་༽བསླབ་པ་ལེགས་པར་ནོས། ། ༼ལུང་།༽དེ་ནས་བླ་མའི་༼དྲིན་ཅན་༽སྤྱན་སྔར་བྱོན་ཏེ་༼སེང་གེ་རྒྱབ་ཏུ་༽བཞུགས་༼ནས་ཆོས་སྒོ་ཕྱེ༽། །གཏིང་ཕྱུང་དབང་ནས་ཁྲིད་༼སྟེ་ཞང་མཚལ་པའི་ཆོས་སྐོར་༽རྣམས་རྫོགས་པར་ཞུས། །ཡུལ་༼དེ་ནས་༽ཞིང་བཙོང་ནས་འཁོར་གསུམ་དག་པར་བྱས། །མཁན་སློབ་ཉི་ཟླ་ཟུང་གཅིག་ཙཱ་རི་བ། ། ༼རྗེ་བཙུན་མ་དང་། ཀ་རི་ཀ་དང་། པོད་རྣམས་ཞུས། སེངྒེ་མཇིང་བསྣོལ་ཞུས།༽རས་པ་དྲི་༼རས་ཆུང་བའི་ཨ་ཐུང་༽མེད་༼ཞི་བྱེད་སྤྱོད་སྐབས་དང་པོ་དང་། འབྲིང་པོ་ཤོག་དྲིལ་བཞི། འཕོ་བ་སྤྱི་རྟོལ་པ་གསེར་སྲང་མ། དམ་པའི་སྒྲུབ་པ་དང་པོ་ལུགས་༽ལྷ་རི་དཔལ་དང་ནི། །སྤྲུལ་སྐུ་གཞོན་འབུམ་སྟོན་ཕྱར་བྱུང་༼གཏུམ་མོ་གསང་སྒྲུབ་བདེ་མཆོག་ནམ་མཁའ་དང་མཉམ་པ་དང་༽ཡོན་དང་། །མཁས་བཙུན་ཁྱད་འཕགས་སློབ་དཔོན་ཇོ་སྲས་རྣམས། ། ༼ཆོས་སྐྱོང་ཞུས།༽མྱུར་ཟབ་གདམས་པའི་གནད་ཞུས་བླ་མ་བརྒྱད། །ཁྱད་འཕགས་༼ཆོས་བདག་གུ་རུ་ཇོ་འབེར་གྱི་ཐུགས་ཀྱིས་བཟུང་ནས་༽གུ་རུ་གཙུག་གི་རྒྱན་གཅིག་པོ། །དབང་རྫོགས་༼རྫོགས་པ་ཆེན་པོ་སྙིང་ཏིག་ཡོངས་སུ་༽མན་ངག་དཔེ་རྒྱུད་རྗེས་གནང་བཅས་༼པ་མ་ལུས་པ་དང་༽། །གསང་བ་༼དེ་ལྟར་གསང་བ་༽སྙིང་ཏིག་རྒྱལ་བའི་དགོངས་པ་སྟེ། །ཡིད་སྤྱོད་༼ཚུལ་ཇི་ལྟར་གསུངས་ན་༽ཚིག་(༤)ལ་མ་བརྟེན་མངོན་སུམ་དུ། །མཐའ་བྲལ་ནམ་མཁའི་མཐོང་ནས་འོད་ཟེར་འཕྲོ། །ཞི་ཁྲོ་རང་གསལ་བསྟན་པའི་དྲིན་ཅན་ལགས་༼མི་འདིའི༽། །ལར་ནི་ཆེ་དག་སྤངས་ཏེ་དམན་ས་༼རྒྱུན་དུ་༽བཟུང་། ། ༼མཆོག་གི།༽ སྒྲུབ་པ་ལྷུར་༼དུས་རྒྱུན་དུ་༽བླངས་རི་ཁྲོད་དབེན་༼ཞང་གི་བཞུགས་གནས་ཁྲོ་བོ་མ་དང་༽ས་བརྟེན། །ཆེ་འབྲེལ་༼ཚེ་འདི་ལ་སངས་རྒྱ་༽ཆུང་འབྲེལ་སྙིང་པོའི་༼ཐབས་རྡུགས་ཀྱང་སྤྲུལ་སྐུའི་ཞིང་༽དོན་དང་སྤྲད། ། ༼ཞེ་འདོད་མེད་པའི་གནད།༽འགྱོད་པ་མེད་དོ་རྗེས་༼བུ་སློབ་རྣམས་༽འཇུག་གོ་བ་ལོངས། ། ༼དུས་ངན་སེམས་ཅན་ལ།༽ སྐྱོ་ཤས་༼ཚེ་འདི་པ་རྣམས་༽ཡི་མུག་ལམ་ཁྱེར་ཞིང་ཁམས་བལྟ། །འདི་༼སྣང་བ་མི་བསྟུན་ཐིག་ལེ་༽ལ་གོམས་པ་སུ་བྱེད་ང་དང་གཅིག །སངས་རྒྱས་༼དུས་གསུམ་གྱི་༽ཡོན་ཏན་༼ཐམས་ཅད་ཀྱང་༽རྫོགས་ཏེ་ཨ་༼སྐུ་གདུང་འབར་བ་ནས་གསུངས་པ་བཞིན་ཆོས་ཟད་ཀ་དག་ཏུ་༽ཏིའི་ངང་། །ཨ་༼ཡེ་ཇི་བཞིན་པ་༽ཀྱེ་མ་འཁྲུལ་ཞིག་དྲིན་ཅན་སངས་རྒྱས་དབོན་པོ་ཀྱེ། །དྲེད་པོ་གནོད་པའི་གདུང་ཤུགས་༼དུས་རྒྱུན་དུ་༽འོ་དོད་འབོད། །༼བརྒྱུད་པའི།༽བླ་མའི་བླ་མ་དྲིན་ཅན་༼འཁྲུལ་ཞིག་༽རིན་པོ་ཆེ། །མི་ལུས་སྙིང་པོའི་དོན་ཅན་༼གོང་མ་ལ་ལྟོས་ནས་༽དོང་དུ་ལྷུང་། །འབྲལ་མེད་༼བླ་མ་དང་༽ཐུགས་རྗེའི་ཐག་པ་༼དུས་༽རྒྱུན་དུ་ཐོངས། །ཐེག་ཆེན་ཞིང་༼སྔགས་གསར་རྙིང་གཉིས་༽ལ་ཉམས་ལེན་ཐེངས་པ་བྱུང་། །མོས་༼བླ་མ་རྣམས་ལ་༽གུས་བྱས་སོ་བྱིན་རླབས་ཆུ་རྒྱུན་ཕོབས། །སྙིང་༼ལེ་ལོ་ཅན་༽མེད་པོ་ཡིས་ཉམས་ལེན་ཕྱི་༼ཟླ་བ་ཕྱི་མ་དང་སང་ཕོད་དུ་༽བཤོལ་བྱས། །ཉམས་༼མཆོག་ཐུན་མོང་༽རྟོགས་གློ་བུར་༼རྐྱེན་ཅི་ལ་ཡང་བརྟེན་ནས་གཏད་མེད་དུ་༽སྟོན་ཅིག་རྩ་བ་༼བླ་མ་ཡི་དམ་མཁའ་འགྲོ་༽གསུམ། །འཁྲུལ་ཞིག་སེང་གེ་རྒྱབ་པའི་རྣམ་ཐར་རྫོགས་སོ། །དགེའོ།། །།

གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར།

༄༅། །གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་བཞུགས་སོ། །

༄༅། །ༀ་ཨཱཿཧཱུྃ། ༼སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ།༽ ལུང་བྱང་ལས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཁྱོད། །ད་དུང་སྐྱེ་བ་འགའ་ཞིག་བརྒྱུད། །འགྲོ་དོན་མི་བྱེད་སྦས་ཚུལ་བྱེད། །ལན་གཅིག་སྐྱེ་བ་ལྔ་བརྒྱའི་དུས། །ཆོས་ཉིད་མངོན་དུ་གྱུར་པ་ཡིས། །ཀློང་རྡོལ་མི་ཡི་སེང་གེ་ནི། །མེ་ལོང་མིང་དུ་བཏགས་པ་འབྱུང་། །དེ་རྗེས་ཨོ་རྒྱན་ཡུལ་(༥)དུ་མཆི། །འདི་ཐོས་སེམས་ཅན་སྨིན་གྲོལ་འགྱུར། །ཞེས་ཨོ་རྒྱན་གྱི་ལུང་བྱང་ཆེན་མོ་ནས་གསུངས་སོ། །ༀ་ཨཱཿཧཱུྃ་ཧྲཱིཿ། ༼སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས།༽ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ༼ཡི་དམ་གྱི་སྙིང་པོ།༽ དུས་གསུམ་༼འདས་མ་འོངས་ད་ལྟ་༽བདེ་གཤེགས་༼ཆོས་ཀྱི་དབྱིངས་༽མཆོག་གི་༼ཀུན་གྱི་༽ནོར་བུ་༼དགོས་འདོད་ཐམས་ཅད་འབྱུང་བས་༽བླ་མ་རྗེ། །འགྲོ་༼ཐུགས་རྗེས་༽དྲུག་སེམས་ཅན་སྐྱབས་གནས་༼དྲི་མེད་༽ཉི་ཟླ་ལྟ་བུའི་སྐུ། །དུག་ལྔའི་ནད་༼ནད་ཀུན་༽སེལ་༼བྱེད་༽སྨན་༼གདམས་ངག་༽མཆོག་བདུད་༼ཟབ་མོ་༽རྩི་༼མོས་གུས་ཅན་ལ་༽སྟེར་མཛད་པའི། །དྲིན་༼འཁོར་བ་ནས་བཏོན་པས་༽ཅན་བླ་མ་རྣམས་༼མ་ལུས་པ་༽ལ་གུས་༼ཡིད་༽པས་༼སྐུ་གསུང་ཐུགས་ལ་༽ཕྱག་འཚལ་བསྟོད། །གསལ་༼སྐུ་༽སྟོང་༼ངོ་བོ་༽ཟུང་༼གཉིས་མེད་༽འཇུག་ངང་ནས་དགོས་འདོད་༼ཅི་བསམ་པ་༽ཕུན་སུམ་ཚོགས། །ཞི་རྒྱས་དབང་དྲག་བཞི་ཡིས་༼འཕྲིན་ལས་༽འགྲོ་བ་༼གདུལ་དཀའ་བ་༽འདུལ་བའི་སྐུ། །སྨིན་༼དབང་༽གྲོལ་༼བསྐྱེད་རྫོགས་༽བྱིན་རླབས་ཆེན་པོས་གཞན་སྣང་༼ཆོས་ལ་༽བསྒྱུར་མཛད་པའི། །ཡི་དམ་མཁའ་འགྲོའི་༼གསང་སྔགས་ཀྱི་ལྷ་༽ཚོགས་༼མ་ལུས་༽ལ་གུས་༼ཡིད་༽པས་༼སྐུ་གསུང་ཐུགས་ལ་༽ཕྱག་འཚལ་བསྟོད། །གཏིང་༼ཟབ་པ་༽གསལ་ཡེ་ཤེས་ཆེན་པོའི་རིག་པ་འོད་པོ་ཆེ། །རང་༼གཞན་ན་མེད་༽ཤར་དྲི་མེད་༼དག་གི་༽མདངས་ལྡན་༼སྣ་ལྔ་༽རིགས་ལྔ་ཡབ་ཡུམ་སྐུ། ། ༼ལོངས།༽ བྱར་མེད་༼ལྷུན་གྱིས་གྲུབ་པ་༽སྟོང་༼དངོས་པོ་མེད་༽ཉིད་ངང་དུ་འཁོར་འདས་ཀ་དག་པའི། །སེམས་༼རང་སེམས་༽ཉིད་ཀུན་ཏུ་བཟང་ལ་གུས་པས་ཕྱག་འཚལ་བསྟོད། །ཀྱེ་བདག་གུས་དད་༼མེ་ལོང་ལ་༽ལྡན་༼སྐྱོ་ངལ་མེད་པ་༽སྙིང་གི་བུ་རྣམས་སྤྲོ་ཕྱིར་དུ། །རྣམ་ཐར་གསལ་བྱེད་རྫུན་༼བདེན་པོ་བཤད་ཀྱང་༽གྱི་མེ་ལོང་བྲི་༼ཆོས་པའི་དོན་དུ་༽བར་བྱ། །མཉམ་༼སྤྲང་སྨྱོན་ཟླ་བ་མུན་སེལ་༽མེད་སྦས་པའི་རྣལ་འབྱོར་ཐུགས་ཀྱི་སྤྲུལ་པ་ནི། །ས་གཙང་རི་མཐོ་སྒྲགས་ནང་འགྲོ་མགོན་གདན་ས་རུ། ། ༼ཞང་རིན་པོ་ཆེའི་དར་ཕུག །༽མ་འབར་འཁྲུལ་༼ཡུམ་གྱི་ལྟོ་ན་ཡོད་ཙམ་ན། རྨི་ལྟས་བཟང་པོ་དཔག་ཏུ་མེད་གསུངས་༽ཞིག་༼ཡབ་༽བསམ་ཡས་སྲས་སུ་འཁྲུངས། ། ༼དར་ཕུག་ཏུ།༽ ཆུང་ངུའི་དུས་ན་༼ལོ་གཉིས་ནས་གཏོར་མ་གཏོང་༽དགེ་(༦)རྟགས་དཀར་༼གསོལ་འདེབས་ཕྱག་དང་ཆོས་སྤྱོད་༽པོའི་ཆོས་སྤྱོད་གཙོ། ། ༼བཤད་པ།༽ སྔོན་༼ཆོས་ལ་༽སྦྱངས་སྒྲིབ་གཡོགས་ཆུང་བས་མངོན་ཤེས་ཕྲ་༼འདི་འོང་བྱ་བ་དང་༽མོ་དང་། །ཆུ་ཤུལ་༼ཟླ་བ་མུན་སེལ་༽སྤྲང་པོའི་རྒྱུ་མཚན་དུས་དེ་ཉིད་ནས་གསལ། །སྔོན་དུ་༼རྒྱ་གར་དུ་༽བསོད་ནམས་༼བསོག་པའི་༽འཇུར་གེགས་༼ཁ་ནས་ཕྲིས་༽བྱས་པའི་༼བླ་གཅིག་ཕྱིར་བསྲིངས་པའི་༽རྣམ་སྨིན་གྱིས། །སྐྱེ་དམན་མ་ཡི་བཏུབ་ཚད་༼འཁོས་ཆུང་བས་༽བྱམས་པར་བྱས་ལགས་ཀྱང་། །མི་སྒོ་འགྲིམས་པས་རྒྱ་གད་ཤིག་གི་སེར་བ་བབས། ། ༼སྡུག་པོ་རང་བྱས།༽ དྭ་ཕྲུག་༼བཤེས་མེད་པར་ཉུང་མ་དང་ཐལ་བ་ཀུར་བས་རྩ་གཉིད་ལོག་ཏུ་སོང་བ་དང་༽ཐན་ཆེན་ཆོས་པས་མ་མྱོང་དགུ་གཅིག་མྱོང་། ། ༼དཀོར་ཆོས་མེད་པར་ནས་བྲེ་གསུམ་གྱིས་ཟླ་བ་གཅིག་ཐུབ་པ་བྱས།༽ དེ་དུས་འཆི་བ་དྲན་ནས་༼གསོལ་བ་མང་པོ་བཏབ་སྟེ་ཁ་ལ་༽ཉིན་མཚན་མེད་པར་དུས། །གྲུབ་ཐོབ་༼མཆེད་གཉིས་༽ཟ་ལུང་༼དྲིན་ཅན་གཅིག་ཡིན་ཞི་བྱེད་ལམ་གསུམ་ཕག་མོ་ར་ལུགས་ཨིནྡྲ་བྷུ་ཏིའི་ཐབས་ལམ་དམ་པ་འཕྱར་ཆུང་གི་གསང་སྒྲུབ་ཕག་ནག་བཀའ་མ་ཞུས་༽པ་དང་མཁན་ཆེན་སེ་ལུང་པས། །ལོ་དགུའི་༼ངོ་བཅུ་༽དུས་སུ་བཙུན་༼ཞང་པོ་སྒོམ་ཆེན་པ་གཅིག་གིས་ཁྲིད་ནས་༽ཆུང་བྱས་ཏེ་འདུལ་ཁྲིམས་༼ལོ་བཅུ་བདུན་ཚུན་ཆད་༽བསྲུངས། །དེ་དུས་༼དབྱར་དགུན་ལྔ་ཙམ་༽ཟངས་མཚོར་སྒོམ་ལོ་བྱས་པའི་ཚེ། །འདྲེ་རྟོག་ཆོ་འཕྲུལ་ཆེན་༼བན་དྷེ་གཅིག་གིས་དངོས་སུ་ཆིར་ཆིར་མནན་༽པོ་བྱུང་བའི་ལོ་རྒྱུས་དང་། །ཕྱི་ནང་༼ནམ་མཁའ་༽སྟོང་༼སེམས་༽པར་རྟོགས་པས་༼ལུས་པོ་འདི་མེད་ན་གཅིག་ཏུ་འདུག་པ་སྙམ་ནས་༽ཤི་ན་དགའ་སྙམ་བྱུང་། །དབྱངས་༼ཉམས་༽བླངས་མཆེད་གྲོགས་ཀུན་གྱིས་ཁ་༼དུས་ལ་མ་བབས་ཟེར་༽དགག་ཏིང་༼སྔར་སྟོང་ཉིད་༽འཛིན་འགྲིབས། །བཅོ་ལྔ་ལོན་པའི་དུས་སུ་སེང་གེ་རྒྱབ་༼གྲུབ་ཐོབ་ཟྭ་ལུང་པའི་ཞལ་ནས་ཁྱོད་རང་གི་བླ་མ་བན་རྒན་ཡིན་པས་བགྲེས་ཡོད་པར་འདུག་སོང་གསུང་༽ཏུ་ཕྱིན། །བརྩེ་བས་ཐུགས་ཀྱིས་བཟུང་ནས་གཙུག་གི་རྒྱན་༼འབྲལ་མེད་༽གཅིག་མཛད། །ཟླ་བཞི་༼གཟིམ་ཁང་བླ་ཡེར་༽འབྲལ་མེད་བརྟེན་ནས་ཟླ་དྲུག་ལོན་ཚེ་གཤེགས། ། ༼ཟླ་བ་གཉིས་སྙུང་། ལུག་ཟླའི་ཚེས་བཅུ་བཞི་ལ།༽དྲན་མཆོག་༼དྲིན་ཆེན་པོས་༽མོས་གུས་༼རྨི་ལམ་དུ་ཆོས་མང་པོ་གསུངས་བསླབ་བྱ་མང་པོ་མཛད་ཨོ་རྒྱན་ན་ཡོད་གསུང་༽ཐོབ་པས་རྟེན་རྣམས་ལག་ཏུ་བྱོན། །(༧)བཅུ་དྲུག་ལོན་ཚེ་ཞོགས་༼རྒན་མོ་ཐུགས་རྗེ་ཟེར་བ་གཅིག་གིས་བྱས་པས་གཉིས་ཀ་འཚེངས་༽སྟེང་བརྒྱ་ཚར་༼གླེགས་ལམ་༽བྱས་ལགས་པས། །བཀའ་ཡི་དོན་༼མཐའ་བྲལ་སྟོང་པ་༽རིག་རང་སེམས་ནམ་མཁའ་ལྟ་བུར་རྟོགས། །དྲན་སྣང་༼ཡིད་ལ་དྲན་པ་ལ་ལྷག་མ་བཞག་པར་༽དབྱངས་སུ་བླངས་ཤིང་སྨྱོན་པའི་སྤྱོད་པ་བྱས། །སྟག་སྒོ་མཁར་ཆུ་རི་བྲག་གཉེན་ཁྲོད་དབེན་ས་བརྟེན། །ཆུ་འཐུང་རྡེའུ་འབྲུ་ཆེན་བདུད་རྩིའི་བཅུད་ལེན་༼ལོ་མང་པོ་༽བྱས། །ནས་བྲེ་གང་གིས་༼གཡུ་ཐག་དང་དུང་ལུང་དུ་༽ཟླ་གཅིག་ཉི་ཤུ་ཐུབ་པར་བྱས། ། ༼ལོ་ཉི་ཤུ་རྩ་ལྔ་ཕན་ཆད་ལ།༽ ཁྱི་ལྤགས་གདན་རེ་རས་རྐྱང་རེ་ལ་བརྟེན་པ་དང་། །དཀའ་༼ང་མ་ཤིའི་བར་དུ་ནས་ཁལ་གཉིས་ལས་མང་བ་ཚག་མི་བྱེད་པ་དང་མཚམས་དང་ཐེམ་སྤངས་དང་འདག་ཆར་དང་སྨྲ་བཅད་བྱས་ནས་སྒྲུབ་པ་ལ་འབུངས་པ་ཡིན་༽སྤྱད་སྡུག་སྲན་བསྐྱེད་ནས་ཆོས་ཀྱི་ཕྱོགས་སུ་འབུངས། །བཅོ་བརྒྱད་ལོན་ཚེ་འགྲན་མེད་སངས་རྒྱས་དབོན་༼རྒྱལ་མཚན་༽པོ་ཡིས། །རྫོགས་ཆེན་སྙིང་ཐིག་ངོ་སྤྲད་ཆོས་ཉིད་མངོན་སུམ་བསྟན། །༼སེང་གེ་རྒྱབ་ཏུ།༽ ཡིན་ལོ་༼ཡིད་དཔྱོད་ལ་༽ཙམ་ལ་མ་བརྟེན་སྐུ་གསུམ་རྗེན་པར་མཐོང་། ། ༼རྡོ་རྗེ་སེམས་དཔའ་དངོས་སུ་མཐོང་།༽ མཐོང་ལོ་ཙམ་དུ་༼གོ་བར་མ་ཤོར་༽མ་གྱུར་སྣང་སྲིད་༼དབྱིངས་རྣམ་པར་དག་པའོ་༽གཞལ་ཡས་ཁང་། །དེ་འཛིན་༼ཞེན་པ་མེད་༽སྟོང་པར་རྟོགས་པས་འཁོར་འདས་བརྗོད་༼ཚིག་གི་༽གཞི་བྲལ། །རྫོགས་ཆེན་བརྒྱུད་པ་རྣམས་དང་རྨི་ལམ་ནང་དུ་མཇལ། །གདུང་ཤུགས་དགའ་བའི་སེམས་ཀྱིས་བརྒྱུད་པའི་གསོལ་འདེབས་བྱས། །རྩ་གསུམ་ལོན་ཚེ་༼གུང་ཐང་དར་ཆུང་དར་ཕུག་ཏུ་༽མཉམ་མེད་སངས་རྒྱས་རས་པ་ལ། །རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མ་ལུས་པ། ། ༼ལུང་མང་པོ་ཞུས།༽ འཁྲུལ་གཅོད་བཀའ་རྒྱ་མ་དང་གདམས་ངག་དཔག་མེད་ཞུས། །དགོས་འདོད་ཆོས་ཀྱི་གཏེར་རྙེད་འཕོངས་པའི་དབུལ་བ་བསལ། ། ༼གཞན་ལ་ཚོལ་མ་དགོས།༽ དབྱར་དགུན་གསུམ་ཙམ་བརྟེན་ནས་བླ་མ་དགུང་ལ་གཤེགས། ། ༼སྦྲུལ་ལོའི་ཚེས་བཅུ་ལ།༽ འབྲལ་མེད་སྙིང་༼རྨི་ལམ་དུ་མཇལ་ནས་ཆོས་མང་པོ་གསུངས་ཕག་མོ་ཀླུ་འདུལ་གྱི་ལུང་གནང་། ཕྱིས་ཀྱང་མཇལ་བ་ཡིན་གསུངས་༽ལ་བཅངས་པས་བྱིན་རླབས་རྒྱུན་(༨)ཆད་མེད། །རྩ་བཞི་ལོན་ཚེ་ཡེ་ཤེས་ཕག་མོ་ཉིད་དང་མཇལ། ། ༼ཀ་བ་ཅན་དུ་སྦྱིན་སྲེག་བྱས་པས་བྲག་ཕུག་འོད་ཀྱིས་བཀང་རྡོ་ལ་རྗེས་བྱུང་།༽ ཟོག་པོའི་རྫུན་རྐྱལ་༼རྫུན་ཡིན་ཟེར་ཏེ་རྫུན་ལ་ཟད་པ་མེད་དེ་བསྡུས་ལ་ཐོང་རྗེས་བཀྲ་རི་མོ་ཆེ་མཐོང་ཆུང་མཐོང་༽རྡོལ་བ་ཀུན་གྱི་ཐུགས་ལ་གསལ། །འོན་ཀྱང་བསྟན་གཙོ་སྒྲོལ་མ་ཐུགས་༼དད་ན་སྤྲོ་ཕྱིར་ཀ་བ་ཅན་དུ་འཁོར་བ་དོང་སྤྲུགས། ཕྱག་སྟོང་སྤྱན་སྟོང་། ཀ་བ་ཅན་དུ་ཀུན་བཟང་ཡབ་ཡུམ་དང་། ཨོ་རྒྱན་དམ་པ་དབུ་རྗེ་པ། ཇོ་མོ། ཞང་རིན་པོ་ཆེ། སེང་གེ་རྒྱབ་པ། སངས་རྒྱས་རས་པ། ཟ་ལུང་བ། ཞིག་པོ་ཤེས་རབ། རྒོད་ཚང་པ། རི་བོ་སྒང་པ། ཕ་རྒན་བསམ་ཡེ། ཞིག་མོ་རང་གྲོལ་རྣམས་མཐོང་༽རྗེ་ཆེན་པོ་དང་། །ལྷན་སྐྱེས་རྟ་མགྲིན་མཁའ་འགྲོ་བླ་མ་བཅུ་གསུམ་རྣམས། །གསལ་དག་འཇའ་འོད་དཀྱིལ་ན་དངོས་སུ་བཞུགས་པ་མཐོང་། །མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་བཏབ་པའི་ཚེ། །ཨེ་མ་༼ནམ་མཁའ་ནས་གསུངས་༽བློ་བྲལ་སེམས་ཀྱི་གནས་ལུགས་བརྗོད་གཞི་བྲལ། །ལྟ་སྒོམ་སྤྱོད་འབྲས་མེད་པར་སེམས་ཐག་ཆོད། །སྐལ་ལྡན་སྙིང་པོ་རྟོགས་པས་རྒྱལ་བའི་སྲས། །ཚུལ་ཆོས་འཛིན་པ་ཐོངས་ཤིག་རྣལ་འབྱོར་པ། །ཞེས་གསུངས་མི་སྣང་ནམ་མཁའི་དབྱིངས་སུ་ཡལ་ནས་ཐལ། །བླ་མའི་བཞུགས་གནས་༼སེངྒེ་རྒྱབ་༽དུང་ལུང་ཉིད་དུ་བསྡད་པའི་ཚེ། །ཡིད་འོང་བུ་མོ་གཞོན་པའི་གསུང་དབྱངས་སྙན་པོ་ཡིས། །གཟུགས་མེད་ཨཱཿཧཱུྃ་སྒྲ་ཡིས་བར་སྣང་ཁམས་རྣམས་གང་། ། ༼ནམ་ཕྱེད་ཡོལ་ཙམ་ན།༽ ཡང་དུས་ཚེས་༼ཆོས་རྫོང་དུ་༽བཅུ་གཅིག་གི་ཐོ་རངས་སྒྲ་གཅིག་གྲགས། །གཉིད་སད་མཁའ་ལ་བལྟས་ཚེ་མཁའ་འགྲོ་སྡེ་བཞི་ཡིས། །མགྲིན་གཅིག་བསྡེབས་ཏེ་སྙན་པའི་གསུང་དབྱངས་འདི་ལྟར་ཐོས། །ཨེ་མ་བློ་བདེའི་མལ་དུ་ཆོས་ཉིད་༼རྫོགས་ཆེན་སྙིང་ཏིག་༽དོན་བལྟས་པས། །སྐྱེ་རྒྱུན་༼མངལ་སྒོ་མི་འགྲིམ་༽འདིས་ཆོད་ནམ་མཁའི་རྣལ་འབྱོར་པ། །བསྒྲུབ་༼མཁའ་འགྲོའི་༽རིམ་སྲོག་འཕྲོག་སྙིང་པོ་༼འབྲུ་ལྔའི་༽རྒྱུན་བཟླས་པས། །འབྲལ་༼ཞལ་བཞེས་༽མེད་སྟོང་གྲོགས་བྱ་ཡིས་སྙིང་གི་བུ། །ཞེས་གསུངས་ཏིང་གི་སྒྲ་༼འུར་འུར་༽ལྟར་ལུང་༼ཐག་ཆོད་༽བསྟན་དངོས་སུ་ཐོབ། །ཡང་༼ཉིན་ཕྱེད་ཡོལ་ཙམ་ན་(༩)གཉིད་དུ་སོང་བའི་རྨི་ལམ་དུ་མཐོང་བས་ལུས་སྦྲིད་གླད་སད་ཙ་ན་ནམ་མཁའ་ལ་༽ཅིག་ཀ་བ་ཅན་དུ་ཚེས་གྲངས་བཅུ་གཉིས་ལ། །ཕག་མོ་༼ཞལ་དངོས་སུ་མཐོང་༽དམར་མོ་༼དང་༽གྲུབ་ཐོབ་ཟ་ལུང་པ། །གཉིས་མེད་ནམ་མཁའི་དཀྱིལ་དུ་འོད་དུ་འབར་བ་མཐོང་། །ཞེན་མེད་མཆོག་གི་དངོས་གྲུབ་སྤྲང་པོ་ཉིད་ཀྱིས་ཐོབ། །བླ་མའི་༼སངས་རྒྱས་རས་པ་༽གཤེགས་ཤུལ་དར་ཆུང་ཉིད་དུ་བསྡད་པའི་ཚེ། །རྨི་ལམ་༼ཚེས་བཅུ་གསུམ་གྱི་ནུབ་མོ་༽ཕག་མོ་འཁོར་བཅས་སྙིང་པོ་༼འབྲུ་ལྔ་༽སྒྲོག་ཅིང་བྱོན། །དེ་དུས་ས་གཡོས་གཉིད་སད་༼དམར་པོ་ཕུབ་ཙམ་པའི་དཀྱིལ་དུ་འོད་ཁྲུ་གང་བ་གཅིག་བྱུང་༽འོད་ཀྱི་ཕག་མོ་མཐོང་། །རྒྱལ་བའི་༼མི་ལས་༽སྲས་པོ་འཇའ་༼རང་གི་བུ་ཆུང་སྐྱེས་པའི་དུས་༽ཚོན་རིང་བསྲེལ་སྒྲ་རུ་བཅས། །གནས་༼སྤྲང་པོ་༽མཆོག་དཔལ་གྱི་སྐྱབས་གནས་རྫོང་དུ་བསྡད་པའི་ཚེ། །བླ་མ་རྣམ་༼བླ་མ་སྐུ་གཤེགས་ཟ་ལུང་པ། སངས་རྒྱས་རས་པ། སངས་རྒྱས་དབོན་པོ། བླ་མ་གུ་རུ་པ་༽ལྔ་འཁའ་འགྲོ་རྡོ་རྗེ་སེམས་དཔའ་ཡིས། ། ༼ཚེས་བཅོ་ལྔའི་ནུབ་མོ་མཁའ་འགྲོ་སྡེ་ལྔ་རྡོ་རྗེ་སེམས་དཔའ།༽ རྨི་ལམ་༼ཁྱད་འཕགས་༽རྫོགས་ཆེན་དཀྱིལ་འཁོར་ཞལ་ཕྱེ་༼བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབང་ཚིག་དབང་རིན་པོ་ཆེ་བཞི་པའི་དབང་ངོ་། །༽བཞི་རྫོགས་དབང་། །བརྡ་དོན་ཟབ་མོས་ངོ་སྤྲད་རིགས་ལྔ་ཡབ་ཡུམ་མཐོང་། །བར་ཆད་རྐྱེན་རྣམས་མང་ཀྱང་རྟགས་༼བསྡད་དུ་མ་བྱུང་ཡང་བར་ཆད་མང་བས་རིག་པ་འུར་ཏེ་ཐོན་རྗེས་ཕུར་པ་ཆུ་བྲག་མེ་ལ་བརྟུལ་ཞུགས་སོ་༽ལ་བསམ་མི་ཁྱབ། །ཨེ་མ་༼སྔགས་གསར་རྙིང་༽གདམས་པའི་གནད་ཡོད་རྗེས་འཇུག་༼དད་ཡོད་རྣམས་༽ཡ་མཚན་སྐྱེ། །རྩ་དྲུག་ལོན་ཚེ་༼ཤཱནྟི་པའི་དབང་བཞི་རྫོགས་པ་༽རི་ཁྲོད་འཁྲུལ་༼མཆུ་སྣོམ་མ་བུ་ཚོགས་དྲུག་ལ་སོགས་པ་༽ཞིག་དར་མ་ལ། །གསང་སྔགས་ཐབས་ལམ་གནད་ཞུས་ཅི་བྱས་ཆོས་སུ་བཏང་། །ཚེ་འདིར་མི་ཁ་ཟ་༼སྐུར་བ་༽ཡང་རང་ཉིད་དོན་དང་ལྡན། །སྤྲུལ་སྐུ་རྒྱ་མཚོའི་མཚན་ཅན་༼ཆོས་ཀྱི་འབྲེལ་བའི་བླ་མ་༽གྲུབ་ཐོབ་གཞོན་ནུ་འབུམ། །ཐེག་ཆེན་སྙིང་པོའི་དོན་གསུང་དུག་རྣམས་ཟས་སུ་གྱུར། །ལྷ་༼འགྲོ་བའི་མགོན་པོ་༽རི་དབང་ཕྱུག་ཕག་༼ཆོས་རྗེ་འབྲུག་པའི་གདམས་ངག་༽སྣ་རྡོ་རྗེ་གདན་པ་དང་། །མཁས་བཙུན་གྲུབ་ཐོབ་བརྟེན་ནས་གདམས་ངག་དཔག་མེད་ཞུས། །ལར་ནི་མཚན་ཉིད་ལྡན་པའི་བླ་མ་བཅུ་(༡༠)གསུམ་བརྟེན། །འགྲན་ཟླ་རྩོད་པ་བྲལ་བའི་བླ་མ་རྣམ་གསུམ་༼སེངྒེ་རྒྱབ་པ། སངས་རྒྱས་རས་པ། གྲུབ་ཐོབ་ཟ་ལུང་པ་༽ལགས། །ཁྱད་འཕགས་༼རྫོགས་ཆེན་འདི་ལས་ལྷག་པ་མེད་༽དྲན་མཆོག་བླ་མ་གུ་རུ་ལ། །གསང་བ་སྙིང་ཏིག་རྒྱུད་རྣམས་ཕ་པད་གཉིས་ཀྱིས་ཞུས། །ད་ལྟ་སུམ་ཅུ་ལོན་ནས་མ་ཤིའི་བར་དུ་ཡང་། །འཇིག་རྟེན་སྒྱུ་མའི་ནོར་ལ་ཞེན་པ་སྤུ་ཙམ་མེད། །སྨྱོན་༼འདི་མི་བྱེད་བྱ་བ་མེད་པ་༽སྤྱོད་བྱིས་པའི་རྣམ་ཐར་ངོ་ཚ་སྦ་༼ཁ་ནས་ཐོན་ཚད་དང་༽གསང་བྲལ། །ལྷ་སྐུ་༼ཞལ་མང་པོ་མཐོང་༽འབུམ་ཕྲག་ཞལ་༼ཞི་ཁྲོའི་ལྷ་ཚོགས་༽མཐོང་དེར་འཛིན་བློ་སེམས་སྟོར། ། ༼ང་རྒྱལ་མེད།༽ ཁྲོས་མའི་སྙིང་རླུང་ཞུགས་པས་གཞན་༼འུར་འགྲོགས་༽དབང་༼ཁོང་ན་ཞེ་བཅད་ཡོད་པས་༽གཅིག་མི་གཏོང་། །བྱིན་རླབས་ཉམས་༼རྨི་ལམ་ཙམ་སྒྱུ་མ་ཙམ་བྲག་དང་ཆུ་དང་མེ་དང་མཚོན་༽མྱོང་འུར་ན་ཐམས་ཅད་རྫུན་པོ་ཡིན། །འདི་ཡིན་༼ཟླ་བ་མུན་སེལ་ནམ་འཆི་མི་རྟག་༽བདེན་པ་མེད་དོ་དོན་རང་ངོ་བོས་སྟོང་། ། ༼སེམས་ནམ་མཁའ་ལྟ་བུ།༽ འབྲལ་༼མོས་གུས་ཅན་༽མེད་བྱིན་རླབས་འབྱུང་གི་རྗེས་འཇུག་༼དོན་གཉིས་༽བསྒྲུབ་ལ་རེམ། །མེ་ལོང་༼ཟོག་མ་བྱས་༽བསླུས་པ་མེད་༼གདམས་ངག་ཟབ་ཆོས་བཤད་༽དོ་བསམ་མནོ་ལེགས་པར་ཐོངས། ། ༼གཏན་དུ་མི་འགྲོགས།༽ སྒྱུ་ལུས་༼མགོ་ཟེར་འདི་༽གཡར་པོ་ཡིན་པས་འབྱུང་བ་བཞི་ལ་གཏོད། །ལས་སུ་༼དམིགས་མེད་༽ཆོས་རང་བྱས་པས་དཔའ་བོ་མཁའ་འགྲོས་བསུ། །བླ་མ་༼རང་རིག་༽སེམས་སུ་བྱོན་པས་དབྱིངས་༼གཉིས་གཅིག་ཡིན་ཆུ་ལ་ཆུ་ཐིམ་༽སུ་དབྱེར་མི་ཕྱེད། །འཇའ་དང་འོད་༼དཀར་སེར་སྣ་ལྔ་༽དང་སྒྲ་དང་རྟགས་རྣམས་༼སྐུ་གདུང་འབར་བ་ལས་བཤད་པ་བཞིན་༽མ་ལུས་པ། །མཐོང་༼མིག་གིས་༽ཐོས་༼རྣ་བས་༽དྲན་༼ཡིད་ཀྱིས་༽པར་གྱུར་པའི་ཡོན་༼ཆོས་འདི་བདེན་པའི་༽ཏན་བློར་མི་ཤོངས། ། ༼སེམས་ཅན་ལས་ངན་པར།༽ འོན་ཀྱང་༼བྱིན་རླབས་ཀྱིས་༽མ་ལུས་ཀུན་བཟང་ཀློང་དུ་ཉེ་བར་འགྱུར། །འདི་བྲིས་དགེ་བས་འགྲོ་དྲུག་མ་ལུས་པ། །རྣམ་དག་ཡེ་ཤེས་ཀློང་དུ་སྒྱུ་ལུས་དག་གྱུར་ནས། །གཉིས་མེད་ཆོས་༼མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་ཏེ་བདེ་བ་ཆེན་པོ་ལ་འཁོད་དོ། །༽ཀྱི་དབྱིངས་སུ་མྱ་ངན་འདའ་གྱུར་ཅིག །མེ་ལོང་རྡོ་རྗེའི་རྣམ་ཐར་གསལ་བྱེད་རྫུན་གྱི་མེ་ལོང་ཞེས་བྱ་བ། དད་གུས་ཅན་གྱི་དཔོན་ཀུན་གྱིས་ཡང་ཡང་བསྐུལ་ནས། བྱ་ལོ་ཟླ་བ་(༡༡)དང་པོའི་ཚེས་བཅོ་ལྔ་ལ་ཚར་བར་བྲིས་པ་ལགས་སོ། །ཨ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ཨ་ཨཱཿཧཱུྃ་ཧྲཱིཿ། འབར་ཁའི་མི་ཁ་བསྡུས་ཀྱང་ཨེ་མ་གཡས་རེ་ཆུང་། ཧེ་ཧེ་ཧེ། བླ་མ་དམ་པ་དེས་འདས་རྗེས་གསུངས་པ། །ང་འགྲོ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འགྲོ། །རྫོགས་ཆེན་རྣལ་འབྱོར་དུད་ཡལ་ནམ་མཁའ་འདྲ། །སྟོང་ཉིད་སད་ཆེན་འཁྲུལ་རྟོག་སྤྲིན་ཚོགས་གཏོར། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །སྙིང་ཏིག་རྣལ་འབྱོར་བར་སྣང་འཇའ་ཚོན་འདྲ། །རང་རིག་ཤེལ་སྒོང་ཁྲི་གདུགས་འོད་དང་མཇལ། །ལོངས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །འཁོར་འདས་ཀུན་ཁྱབ་གང་མོས་དེར་སྣང་སྟོན། །སྤྲུལ་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ངོ་བོ་སྟོང་པའི་དབྱིངས་ནི་བསམ་བརྗོད་བྲལ། །དེ་ལ་ང་ཐིམ་དགེ་བས་ཕན་མ་བཏགས། །རང་བཞིན་འོད་ལྔའི་དབྱིངས་ནི་ཞི་ཁྲོར་གསལ། །དེ་ཉིད་ང་ཡིན་སྡིག་པས་གནོད་མ་བསྐྱལ། །ཐུགས་རྗེ་འགག་མེད་དབྱིངས་ནི་སྣ་ཚོགས་ལྡན། །དེ་ལ་ངས་ཁྱབ་འབྲལ་མེད་སྐུ་གསུམ་ངང་། །སྤྲང་པོ་ཡེ་ཤེས་ལུས་སུ་གྱུར་པ་ལ། །མེད་སྙམ་མ་སེམས་འབྲལ་མེད་ཉག་གཅིག་ལྟོས། །དོན་མེད་རགས་སྐུ་མ་བྱེད་སྒྲུབ་ལ་འབུངས། །གང་འབྱོར་བླ་མའི་གསུང་ཡིན་ཕྱོགས་མེད་མཆོད། །སྐྱོན་རྟོགས་འཐབ་རྩོད་མ་བྱེད་ཁྱི་ཕྱུགས་སྤོངས། །ངས་བཤད་གདམས་པ་ཉམས་ལོངས་གསོལ་བ་ཐོབ། །ཆགས་སྡང་རྗེས་ཆོད་ཐིག་ལེ་ཉག་གཅིག་ལྟོས། །ཞེན་མེད་རྣམ་ཐར་ཡིན་ནོ་ལད་མོ་ཟློས། །རི་ཁྲོད་ཕ་ཡུལ་ཡིན་ནོ་བྱ་བ་ཐོང་། །དེ་ལྟར་བྱས་ན་སྐྱིད་འབྱུང་མངོན་འཚང་རྒྱ། །ཞེས་ཕྱི་རབས་ཀྱི་དོན་དུ་སྣང་བར་བྱས་སོ། །རྒྱ་རྒྱ། དགེའོ།། །།

གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་དྲི་ལོག་མ།

༄༅། །གྲུབ་ཐོབ་མེ་ལོང་རྡོ་རྗེ་རྣམ་ཐར་དྲི་ལོག་མ་བཞུགས་སོ། །

༄༅། །ༀ་ཨཱཿཧཱུྃ། ཆོས་སྐུའི་བླ་མ་དམིགས་མེད་ངང་། །ལོངས་སྐུའི་བླ་མ་འོད་གསལ་སྐུ། །སྤྲུལ་སྐུའི་བླ་མ་ཐུགས་རྗེ་ཅན། །བླ་མ་གསུམ་ལ་གསོལ་བ་འདེབས། །དུག་གསུམ་གྲོལ་བར་བྱིན་གྱིས་རློབས། །ཆོས་དབྱིངས་བླ་མ་མི་རྟོག་ངང་། །མེ་ལོང་བླ་མ་གསལ་དག་ལྟ། །མཉམ་ཉིད་བླ་མ་མཐོ་དམའ་མེད། །སོར་རྟོགས་བླ་མ་མ་འདྲེས་གསལ། །བྱ་གྲུབ་བླ་མ་རིགས་འཁོར་བཅས། །བླ་མ་ལྔ་ལ་གསོལ་བ་འདེབས། །དུག་ལྔ་གྲོལ་བར་བྱིན་གྱིས་རློབས། །ཨ་ཨཱཿཧཱུྃ། བྱིན་རླབས་རྟོགས་པས་འཁོར་(༢)མཛད་བླ་མ་དང་། །བསྒྲུབ་པས་དངོས་གྲུབ་འབྱུང་བ་ཡི་དམ་ལྷ། །འུར་བས་གཞན་སྣང་ཐུལ་བ་མཁའ་འགྲོའི་ཚོགས། །བྱིན་གྱིས་རློབས་ཤིག་རྗེས་འཇུག་ཐུགས་རྗེས་ཟུངས། །མོས་པས་ཐུགས་དགོངས་གཅིག་གྱུར་ཆོས་མཛད་དང་། །རྟོགས་པས་དགོངས་དོན་གྲོལ་བ་དམ་པའི་ཆོས། །དམ་ཚིག་གཙང་བས་བསྒྲུབས་པའི་ཆོས་སྐྱོང་རྣམས། །བསྟན་པ་སྲུངས་ཤིག་བར་ཆད་རྐྱེན་རྣམས་སོལ། །ༀ་ཨཱཿཧཱུྃ། ཕྱེན་སྭཱ་ཧཱ། སྒྲགས་ནང་རྟུག་པ་མེ་ལོང་ལ། །འཕྲེང་པོའི་སྟོན་པ་དབང་ཕྱུག་ཁོང་། །དྲི་ལོག་རྣམ་ཐར་ཞུའོ་ཟེར། །ཤོག་བུར་འཆལ་གཏམ་ཁ་གཅིག་ལོངས། །ༀ་ཨཱཿཧཱུྃ། དེ་ལྟར་ཉོན་མོངས་ལ་དམིགས་སུ་མེད་པ་ཆོས་སྐུ་མེ་ལོང་གི་རྣམ་ཐར། ༼རང་རྒྱུད།༽རྩུབ་ལ་སྟོང་པ་ཆོས་སྐུ་མེ་ལོང་གི་རྣམ་ཐར། ༼འདུ་ཤེས།༽འདུས་ལ་མཐའ་དང་བྲལ་བ་ཆོས་སྐུ་མེ་ལོང་གི་རྣམ་ཐར། དེ་གསུམ་ཆོས་སྐུ་མེ་ལོང་གི་རྣམ་ཐར། ༀ་ཨཱཿཧཱུྃ། མཐའ་བྲལ་གཅིག་ཏུ་བསྡུས་པ་ལོངས་སྐུ་མེ་ལོང་གི་རྣམ་ཐར། ༼གཅིག་གི་ཡེ་ཤེས་ལྔ།༽སྟོང་པ་མདངས་དང་ལྡན་པ་ལོངས་སྐུ་མེ་ལོང་གི་རྣམ་ཐར། ཅང་མེད་༼ཞི་ཁྲ་༽སྐུ་རུ་གསལ་བ་ལོངས་སྐུ་མེ་ལོང་གི་རྣམ་ཐར། དེ་གསུམ་ལོངས་སྐུ་མེ་ལོང་གི་རྣམ་ཐར། ༀ་ཨཱཿཧཱུྃ། མ་བྱིན་པར་གཞན་གྱི་ཆུང་མ་ལ་རྐུ་བ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། མི་ཚངས་པ་རང་གི་བུ་མོ་ལ་སྤྱོད་པ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། རྫུན་བླ་མ་ལ་གཏོང་བ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། སྲོག་གཅོད་རང་གི་བུ་ཕྲུག་གསོད་པ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། འགྲོགས་གཞུང་ཡོན་བདག་དང་རྩོད་པ་སྤྲུལ་སྐུ་མེ་(༣)ལོང་གི་རྣམ་ཐར། མཇེ་ཨ་མ་ལ་སྟོན་པ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། མི་ངས་ཆུང་མ་ལ་བྱེད་པ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། རང་རེའི་བླ་མ་རང་རེས་ཆོག་པ་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར། དེ་རྣམས་སྤྲུལ་སྐུ་མེ་ལོང་གི་རྣམ་ཐར་བསྡུས་པའོ། །ༀ་ཨཱཿཧཱུྃ། བླ་མ་རྣམས་དང་རྨི་ལམ་དུ་མཇལ་བ་རྫུན་རྐྱལ་མེ་ལོང་གི་རྣམ་ཐར། བསྟན་གཙོ་དང་ཐུགས་རྗེ་ཆེན་པོ་དང་ཕག་མོ་དང་ལྷན་སྐྱེས་དང་རྟ་མགྲིན་རྣམས་ཀྱི་ཞལ་མཐོང་བ་རྫུན་རྐྱལ་མེ་ལོང་གི་རྣམ་ཐར། རྫོགས་པ་ཆེན་པོ་སྙིང་ཏིག་ཟབ་པའི་ཡོན་ཏན་གྱིས་བདག་དང་འབྲེལ་ཚད་དོན་དང་ལྡན་པ་རྫུན་རྐྱལ་མེ་ལོང་གི་རྣམ་ཐར། དེ་གསུམ་རྫུན་རྐྱལ་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། རྡོ་ལ་རྡོག་རྗེས་བདུན་བརྒྱད་བྱུང་བ་ཟོག་པོ་མེ་ལོང་གི་རྣམ་ཐར། བྲག་རྒོད་མཆེ་བ་ལ་གཡུང་དྲུང་རིས་དང་ལག་རྗེས་རྒྱབ་པ་ཟོག་པོ་མེ་ལོང་གི་རྣམ་ཐར། རྨང་སྤུས་རྒྱལ་བསེན་ཐུབ་པ་ཟོག་པོ་མེ་ལོང་གི་རྣམ་ཐར། དེ་གསུམ་ཟོག་པོ་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། འཁོར་བའི་ཉེས་དམིགས་དྲན་པ་ཆོས་པ་མེ་ལོང་གི་རྣམ་ཐར། རྟག་ཏུ་འཆི་བ་དྲན་པ་ཆོས་པ་མེ་ལོང་གི་རྣམ་ཐར། བླ་མ་མཚན་ལྡན་འཚོལ་བ་ཆོས་པ་མེ་ལོང་གི་རྣམ་ཐར། མོས་གུས་གསོལ་བ་འདེབས་པ་ཆོས་པ་མེ་ལོང་གི་རྣམ་ཐར། རྒྱུ་འབྲས་ལ་ཐུབ་ཚད་འཛེམ་པ་ཆོས་པ་མེ་ལོང་གི་རྣམ་ཐར། དག་སྣང་བཏུབ་ཚད་ཀྱིས་སྦྱངས་པ་ཆོས་པ་མེ་ལོང་གི་རྣམ་ཐར། བླ་མ་ཕྱོགས་མེད་ལ་མོས་གུས་བྱེད་པ་ཆོས་པ་མེ་ལོང་གི་རྣམ་ཐར། གདམས་ངག་ཟབ་མོ་ཞུ་བ་ཆོས་པ་མེ་ལོང་གི་རྣམ་ཐར། དེ་ཚོ་ལ་འབྲེལ་བ་དུམ་རེ་འཇོག་པ་ཆོས་པ་མེ་ལོང་གི་རྣམ་ཐར། དེ་རྣམས་ཆོས་པ་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། ཞེན་ལོག་དགོས་མེད་དུ་འབྱོངས་པ་རི་ཁྲོད་མེ་ལོང་གི་རྣམ་ཐར། དབེན་གནས་བྲག་ཕུག་འཛིན་པ་རི་ཁྲོད་མེ་ལོང་གི་རྣམ་ཐར། འཕོང་ལ་ཚེར་མ་ཟུག་པ་བཞིན་བྱེད་པ་རི་ཁྲོད་མེ་ལོང་གི་རྣམ་ཐར། དེ་གསུམ་རི་ཁྲོད་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། དཀའ་ཐུབ་སྣ་ཚོགས་བྱེད་པ་ལྟོགས་བརྐམ་མེ་ལོང་གི་རྣམ་ཐར། རས་རྐྱང་གྱོན་ཞིང་ཁྱི་ལྤགས་འདིང་བ་ལྟོགས་བརྐམ་མེ་ལོང་གི་རྣམ་ཐར། བླ་མ་རྣམས་ལ་གདམས་ངག་ཞུ་(༤)བའི་ཕྱག་རྟེན་དང་ཚོགས་འཁོར་དུ་བ་ལ་བྱེད་པ་ལྟོགས་བརྐམ་མེ་ལོང་གི་རྣམ་ཐར། དེ་གསུམ་ལྟོགས་བརྐམ་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། རྒྱ་ནད་དང་ཤིག་ནད་ཞུགས་པ་དབང་ཆུང་མེ་ལོང་གི་རྣམ་ཐར། སློང་མོས་བཞད་གད་དུ་གྱུར་པ་དབང་ཆུང་མེ་ལོང་གི་རྣམ་ཐར། རྔན་ཆེན་རྒྱུན་ཆད་མེད་པ་དབང་ཆུང་མེ་ལོང་གི་རྣམ་ཐར། དེ་གསུམ་དབང་ཆུང་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། བླ་མ་རྣམས་ཀྱི་ཐུགས་རྗེས་བཟུང་བ་གྲུབ་ཐོབ་མེ་ལོང་གི་རྣམ་ཐར། མི་འགྱུར་ཕག་མོས་བཅུག་པ་གྲུབ་ཐོབ་མེ་ལོང་གི་རྣམ་ཐར། དུས་ངན་གྱི་སྣང་བ་བདེ་ཤོས་སུ་འདུག་པ་གྲུབ་ཐོབ་མེ་ལོང་གི་རྣམ་ཐར། དེ་གསུམ་གྲུབ་ཐོབ་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། ངོ་བོ་སྟོང་ཉིད་དུ་རྟོགས་པ་རྟོགས་ལྡན་མེ་ལོང་གི་རྣམ་ཐར། རང་བཞིན་ཡེ་ཤེས་ལྔ་ལྡན་དུ་རྟོགས་པ་རྟོགས་ལྡན་མེ་ལོང་གི་རྣམ་ཐར། ཐུགས་རྗེས་སྐུ་གསུམ་ཀུན་ཁྱབ་ཏུ་རྟོགས་པ་རྟོགས་ལྡན་མེ་ལོང་གི་རྣམ་ཐར། དེ་གསུམ་རྟོགས་ལྡན་མེ་ལོང་གི་རྣམ་ཐར་རོ། །ༀ་ཨཱཿཧཱུྃ། ཆོས་སྐུ་མེ་ལོང་གི་རྣམ་ཐར་གྱིས། །རང་གི་ངོ་བོ་རྟོགས་པར་མཛོད། །ལོངས་སྐུ་མེ་ལོང་གི་རྣམ་ཐར་གྱིས། །རང་གི་རང་བཞིན་རྟོགས་པར་མཛོད། །སྤྲུལ་སྐུ་མེ་ལོང་གི་རྣམ་ཐར་གྱིས། །མཚང་ངན་ཕྱི་རུ་ཕྱིན་པར་མཛོད། །རྫུན་རྐྱལ་མེ་ལོང་གི་རྣམ་ཐར་གྱིས། །ང་རྒྱལ་དབྱིངས་སུ་དག་པར་མཛོད། །ཟོག་པོ་མེ་ལོང་གི་རྣམ་ཐར་གྱིས། །ཆགས་སྡང་རང་སར་དག་པར་མཛོད། །ཆོས་པ་མེ་ལོང་གི་རྣམ་ཐར་གྱིས། །མི་ཚེ་བཟང་ལ་སྐྱེལ་བར་མཛོད། །རི་ཁྲོད་མེ་ལོང་གི་རྣམ་ཐར་གྱིས། །ཞེན་ཆགས་གཏིང་ནས་མེད་པར་མཛོད། །ལྟོགས་བརྐམ་མེ་ལོང་གི་རྣམ་ཐར་གྱིས། །ཆོས་ཕྱོགས་སྡུག་བསྲན་ཐུབ་པར་མཛོད། །གྲུབ་ཐོབ་མེ་ལོང་གི་རྣམ་ཐར་གྱིས། །གང་ཡིན་མགོ་ནི་ཐོན་པར་མཛོད། །རྟོགས་ལྡན་མེ་ལོང་གི་རྣམ་ཐར་གྱིས། །སངས་རྒྱས་ཚེ་འདིར་འགྲུབ་པར་མཛོད། །ༀ་ཨཱཿཧཱུྃ། སྤྲང་པོ་མེ་ལོང་རྡོ་རྗེ་ཡི། །རྣམ་ཐར་བཅུ་གཅིག་བརྩམ་ཡིག་མ། །སྟོན་པ་དབང་ཕྱུག་ཐུགས་དགྱེས་མཛོད། །སྒྲགས་ནང་རྟུག་པ་མེ་ལོང་གི་རྣམ་ཐར་དྲི་ལོག་མ་ཞེས་བྱ་བ་རྫོགས་སོ། །ཤུ་བྷྃ། ཛ་ཡནྟུ།། །།

རིག་འཛིན་ཆེན་པོ་ཀུ་མ་རཱ་ཛའི་རྣམ་ཐར་ལོ་རྒྱུས་དང་བཅས་པ།

༄༅། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛའི་རྣམ་ཐར་ལོ་རྒྱུས་དང་བཅས་པ་བཞུགས་སོ། །

༄༅། །ༀ་ཨཱཿཧཱུྃ། བཅོམ་ལྡན་ཀུན་བཟང་སངས་རྒྱས་ཀུན་གྱི་རྗེ། །རྒྱལ་བ་རིགས་གསུམ་རིག་འཛིན་ཆེན་པོ་དང་། །སྙན་ཁུང་བརྒྱུད་པའི་བླ་མ་དམ་པ་རྣམས། །བདག་སོགས་འགྲོ་བ་ཡོངས་ལ་བྱིན་གྱིས་རློབས། །ཁྱད་པར་བདག་བློའི་མུན་སེལ་རིན་པོ་ཆེ། །ཐུགས་དགོངས་ཀློང་ཡངས་ཀུན་ཏུ་བཟང་དང་མཉམ། །རྣམ་ཐར་མཛད་སྤྱོད་དམ་པ་རིན་ཆེན་ཉིད། །སྐུ་དྲིན་མི་འཁོར་དྲིན་ཅན་ཉིད་ལ་འདུད། །ཡི་དམ་ལྷ་ཚོགས་མ་དང་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་སྐྱོང་བཀའ་སྲུང་(༢)ཕོ་མོས་བར་ཆད་སོལ། །ཀྱེ་མ་བདག་འདྲའི་བན་ལྡོམ་གཞོན་རྒྱལ་གྱི། །ལོ་རྒྱུས་བྲི་བར་འོས་པ་མ་ཡིན་ཀྱང་། །གུས་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ཕྱིར། །ཅལ་ཅོལ་འགའ་ཞིག་འབྲི་འོ་བྱིན་གྱིས་རློབས། །

དེ་ལ་སྤྱིར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས། ཁྱད་པར་དུ་ལྷོ་འཛམ་བུ་གླིང་གསེར་གྱི་བྱེ་མ་བརྡལ་བ་ལྟ་བུ་འདིར་སྐུ་གསུང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ་འདི་དར་བར་མཛད་པ་པོ་སྟོན་པ་ཉིད་དང་མཚུངས་པ་དཔག་ཏུ་མེད་པ་བྱོན་ཞིང་། ཁྱད་པར་དུ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་མུན་པའི་སྨག་འཐིབས་པ་དང་འདྲ་བ་འདིར། ཆོས་ཀྱི་རྗེ་རིན་པོ་ཆེ་གསུམ་གྱི་སྐུ་དྲིན་ལ་བསྟན་པ་འཛིན་སྐྱོང་སྲུང་བར་མཛད་པ་སྤྲུལ་པའི་སྐུ་གྲངས་ལས་འདས་པ་བྱོན་ཞིང་། དེ་དག་གི་རྣམ་པར་ཐར་པ། ཤློ་ཀ་རེས་ཀྱང་ཡིད་ཚིམ་པ་དག་གི་མཛད་པ་ལ། ཡིད་ཕྲོགས་པས་བྲི་བར་མི་ནུས་ཏེ། སྟོན་པ་དང་བསྟན་པའི་རིམ་པ་རྣམས་ལ་མོས་གུས་ཅུང་ཟད་ཡོད་པ་ཡི་གེར་བཀོད་པ་ཡིན་གྱི། དད་པ་ཅན་སྒྱིད་མི་ལུག་པའི་ཕྱིར། དེ་ལ་བོད་ཀྱི་ཡུལ་དུ་རྡོ་རྗེ་གདན་ལྟ་བུ་དཔལ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བསམ་ཡས་དང་ཉེ་བའི་འོན་ཞེས་བྱ་བ་དགེ་བཅུ་ཚང་བའི་དབུས་མདའ་བར་གསར་ཞེས་བྱ་བ། ཨོ་རྒྱན་པདྨ་རིན་པོ་ཆེ་ནས་བརྒྱུད་པའི་སྔགས་པའི་རིགས་རྒྱུད་ངོམ་ཞེས་བྱ་བ། ཕ་ཇོ་སྲས་བསོད་ནམས་དཔལ་ཞེས་བྱ་བ་དང་། ཤཱཀྱ་ཁྲི་མགོན་ཞེས་བྱ་བ། ཨག་ཚར་ཅན་གྱི་བུ་མོ་ཁྱོར་ཚ་འབུམ་མེ་ཞེས་བྱ་བ་གཉིས་ལ་ངེད་བུ་ཚ་མིང་སྲིང་ལྔ་ལས། ཆེ་བ་ནི་ཨ་ལྕེ་ལྡན་ནེ། དེ་འོག་ཕུ་བོ་བསོད་ནམས་འབུམ་བྱ་བ་ཁྱིམ་འཛིན་དུ་བཅུག་པས། ཆོས་བྱས་ཏེ་བྱ་བྲལ་ཅིག་བྱུང་(༣)བ་ལ་ཏི་སེ་ལ་བྲོས་སོ། །དེ་འོག་བདག་ཐར་པ་རྒྱལ། དེ་འོག་ནུ་བོ་འཚོ་བྱེད། དེ་འོག་སྲིང་མོ་འབེར་མོ་བྱ་བ་ཡིན། བདག་ཆུང་བའི་སྐབས་སུ་གསོ་ཤིན་ཏུ་དཀའ་བ་བྱུང་ཟེར། ཨ་ཁུ་དགེ་བའི་བཤེས་གཉེན་མཁས་པ་བར་གསར་པའི་ཚ་བོ་ཡིན། ལོ་བཞི་ཙམ་ལོན་དུས་ལུག་གི་བལ་བྲེག་པ་ལ་ཁོང་གི་གོས་མ་བཤུ་ཞེས་སྨྲ་དད་པ་དང་། སྙིང་རྗེ་ཅུང་ཟད་ཡོད། ལོ་དྲུག་བདུན་ལོན་ཙམ་ན། ཕས་ཞག་འགའ་ཡི་གེ་ཁྲིད་པས་འབྱོར་ཀློག་ཚུན་ཆད་བསླབ། རྗེས་ང་རང་གིས་སྐྱོང་བས་ཤེས་སོ། །གཤར་མ་དཔེ་གོག་ཁྱེར་ནས་བལྟས་ཤིང་བྲིས་པ་དང་མཚུངས་པར་ཤེས་པར་བྱུང་། རྩམ་ཡིག་ངོ་ཡ་གཅིག་ཤེས་ཏེ། ཕྱིས་མཁས་པ་གཞན་ཅུང་ཟད་བསྟེན་ནས་བསླབ། ལས་ལ་དཔེ་གོག་འདྲ་བ་ཁྱེར་ནས་ཡི་གེའི་རི་མོ་སྦྱངས། གཙུག་ཏོར་ལ་སོགས་པའི་མདོ་ཕྲན་ཅུང་ཟད་བཏོན། ཕོ་མཆིན་གྱི་ནད་བུ་ཅུང་ཟད་ཀྱི་རྐྱེན་གྱིས་ཞང་པོ་སློབ་དཔོན་གཅིག་ཡོད་པས། གཏུམ་མོ་ཅུང་ཟད་བསྒོམ་པ་དང་། བདེ་མཆོག་ཡིག་བདུན་གྱི་བསྙེན་པ་དུམ་རེ་བྱས་པས་རྟགས་ཕྲན་དེ་འདྲ་མཐོང་། དེར་མ་སྡུག་མ་ཤི་ནས་ཕས་ཀོང་པོ་ན་མར་ཁྲིད་དེ། འོ་ཤོད་ཀྱི་མཐོ་སྟེང་དགོན་པར་བླ་མ་དགྱེས་རྡོར་བྱ་བ་ལས་ཀྱི་རྡོར་དབང་བདེ་མཆོག་གི་དབང་ཐོབ།

དེ་ནས་ཡར་ལ་ལོག་ནས་ཕ་བུ་གསུམ་གྱིས་གཡེ་དང་སྒོམ་བར་འཁྱམས། ངས་གཡེར་སྔགས་པ་གཅིག་གི་འཕགས་པ་བརྒྱ་ཚར་གཅིག་བཏོན། བླ་མ་ནུབ་བྱ་བ་བགྲེས་པོ་གཅིག་ལ་རྟ་མགྲིན་ལྷ་བཞིའི་དབང་ཞུས། ཁོང་ཕ་བུ་གཉིས་ཀྱིས་གཡེར་མ་བསྡད་པར་སྒོམ་པོ་སྟོད་དུ་སོང་ཡོད་པས་རྗེས་སུ་སྙགས། ཕས་རྩིག་གཟོ་འདྲ་བྱེད་ཀྱིན་འདུག །ངས་ལོ་དགུ་ལོན་དུས་ནས་འོན་གྱི་དགོན་པར་མཁན་པོ་གཙང་པོ་བྱ་བ་འདུལ་བ་དང་། སྤྱོད་འཇུག །བརྟག་གཉིས་ལ་སོགས་པ་མཁྱེན་པ་གཅིག་ལ། ཡོངས་རྫོགས་ཀྱི་དགེ་བསྙེན་བྱས་བཙུན་པར་བསྲུངས། སློབ་དཔོན་དགེ་སློང་གཅིག་ལས་རྡེའུའི་དཀའ་ཐུབ་དང་། སྤྱན་རས་གཟིགས་གང་བར་ཕུག་མོ་ཆེ་ནས་ཐོན་པའི་ལུང་བག་ཙམ་ཞུས། རྡེའུའི་དཀའ་ཐུབ་བྱས་པས་ཤིག་ནད་(༤)ཚབས་ཆེ་ལ་དར་དྲག་པ་ཁོང་ནས་ཤིག་ཁ་ནས་ཡར་བྱུང་། གོས་རས་གླེགས་གཅིག་གི་ཤན་འགག་རན་པ་ཞིག་ལས་མེད་པས་ཅུང་ཟད་ཉེན་ན་ཡང་ཆོས་ཁོ་ན་ལ་མོས་པས་ལེགས་པར་བྱུང་། དེར་ཕ་འདས་པས་ལྟས་བཟང་པོ་བྱུང་། ང་ལོ་བཅུ་གཅིག་ལོན་པ་ཞིག་གིས་ནུ་བོ་ལོ་དྲུག་ལོན་པ་ཞིག་སྐྱོང་དགོས་པ་བྱུང་། དེ་དུས་རྗེ་ཨོ་རྒྱན་པ་ཨེ་ན་ཕྱགས་ཕེབས་ཡོད་པ་ཐོས་པས། ང་རང་གཅིག་པུས་མཇལ་དུ་ཕྱིན་པས། གཉལ་སྟོད་ཀྱི་ལུང་ལག་གཅིག་གི་ཕུར་རྗེས་སླེབས། ཆོས་འབྲེལ་ཙམ་ཐོབ། ཞག་གཅིག་བསྡད་ནས་ནུ་བོ་ཁྲིད་ནས་ཞང་པོ་ཅན་དུ་བསྐྱལ། བདག་སློབ་དཔོན་ཚུལ་རྒྱལ་བྱ་བ་ཞིག་གིས་ཁྲིད་ནས་གདན་ས་ཕག་མོ་གྲུར་ཕྱིན། དེ་དུས་ལོ་བཅུ་གཉིས་ཙམ་ལོན། མཁན་པོ་ཡེར་པ་དང་སློབ་དཔོན་མངའ་རིས་པ་གཉིས་ལས་དགེ་ཚུལ་གྱི་བསླབ་པ་བླངས། བླ་མ་ལྷ་ཁང་པ་བྱ་བས། ཕག་མོ་ཁམས་གསུམ་མའི་བརྡ་བཞིའི་བྱིན་རླབས་ཀྱི་ཆོས་སྒོ་ཕྱེ་རིན་པོ་ཆེ་གྲགས་ཡེར་པ་དཔལ་ཕག་མོ་གྲུབ་པའི་སྤྲུལ་པ་དེ་ལས་རྗེ་ནཱ་རོ་པའི་ཆོས་དྲུག་རྙིང་མ་དང་། ཆོས་རྗེ་འབྲི་གུང་པའི་འཁྲུངས་ཆོས་ཟབ་ཆོས་དང་བཅས་པ་ལོ་ལྔའི་བར་ལ་ཞུས། དེའི་བར་སྐབས་སུ་བླ་མ་འཚེར་སྟོངས་པ་བྱ་བ་ཞིག་ལས་བརྟག་གཉིས་རྔོག་ལུགས་ཤེས་པ་ཙམ་དུ་སྦྱངས། བླ་མས་གསུངས་པ་ནི་མིན། ངའི་རྟོགས་པ་བསྐྱེད་རྫོགས་ལ་འབྱམས་པས། དེ་གཉིས་བསྡུར་ན་སྐད་ཅིག་མའི་རྟོགས་པ་བསྐྱེད་རིམ། དེའི་རང་བཞིན་མི་དམིགས་པ་དེ་རྫོགས་རིམ་དུ་འདུག་སྙམ་པ་ཞིག་བྱུང་སྟེ་རྟོགས་པ་མ་སྐྱེས་སོ། །དེའི་གོང་དུ་ཡུལ་ན་ཡོད་དུས་ཆུང་དུས་ཨ་ནེ་སློབ་དཔོན་མ་ཞིག་ཡོད་པར་འདུག་པའི་བེའུ་བུམ་གཅིག །ཕས་ཁྱེར་བྱུང་བས་འཁོར་འདས་དབྱེར་མེད་བྱ་བ་གཅིག་འདུག་ནས་དེ་ལ་བསམ་པས་རྟོགས་པ་ཞིག་འཆར་ལ་ཁད་པ་ཞིག་བྱུང་བ་ལ། དེ་ནས་ཐེ་ཚོམ་གྱིས་སོང་། བྱིས་པ་རྣམས་རྩེ་བའི་སར་བསམ་གཏན་སྒོམ་པ་གང་བཟང་འགྲན་ནོ་བྱས། ལུང་བའི་ཕུར་ཤིང་ལེན་དུ་ཕྱིན་པས། བྲག་ཕུག་གམ་བྱ་སྐྱིབས་འདུག་པ་དེར་བསྡད་ན་རི་ཁྲོད་ཀྱི་བག་ཆགས་གཅིག་གདའ། གཞན་ཡང་བླ་མ་ལ་ཀྱཻ་རྡོར་གྱི་ཕྲན་བུ་འདྲ་བ་དང་། རྩ་ལྟུང་དང་། བླ་མ་ལྔ་(༥)བཅུ་པ་ལ་སོགས་འགའ་རེ་ཞུས། སྐབས་སུ་དཔོན་སངས་ཞེས་བྱ་བ་ལྷ་མཁས་ལ་དད་པ་ཆེ་བ་ཞིག་གི་སར་ལྷ་བསླབས་མ་ཎི་ཡིག་དྲུག་རེ་མང་དུ་བསྒྲངས་པས། ནམ་མཁའ་ནི་མིན་ས་གཞི་ལ་ཁང་བུ་ལེགས་པོའི་ནང་ན་སྤྱན་རས་གཟིགས་ཕྱག་བཞི་པ་ཞིག་བཞུགས་པའི་དྲུང་དུ་མཇལ་བ་ཡང་རྨིས། དེའི་བར་སྐབས་གཅིག་ཏུ་སློབ་དཔོན་བྱ་སྟོན་བྱ་བའི་ཕྱག་ཕྱི་ལ། གྲ་ཕྱིར་བླ་མ་ཁྱུང་ནག་ཤཱཀྱ་དར་ལས་ཕུར་པ་རྩར་ཐུང་ཇོ་མོ་ལུགས་དང་། གཤིན་རྗེ་གཤེད་དང་། དགྲ་ནག་ཚེ་བདག་ཀུན་གྱི་དབང་རྒྱུད་གདམས་ངག་ལས་ཀྱི་གཤིན་རྗེའི་ཞལ་གྱི་ངོ་སྤྲོད་ཚུན་ཆད་ཐོབ། ཕྱག་རྡོར་རས་ཆུང་པའི་ལུང་བག་ཙམ་ཡང་ཕག་མོ་གྲུར་ཞུས། ཡང་དེ་དུས་སེ་གསོ་པ་མཁན་རིན་པོ་ཆེ་དང་མཇལ། སློབ་དཔོན་རྗེ་ཚབ་བྱ་བ་ལས་མགོན་པོ་ཕྱག་བཞི་པ་རྒ་ལོའི་ལུགས་ཞུས། ཕག་མོ་གྲུར་ཡང་ཕག་མོ་གྲུ་པའི་ཞལ་མྱུར་ལྟ་དང་། དར་དམར་མ་ཟབ་ཆོས་སུ་སྒྲུབ་སྐོར་དང་དབང་འགའ་ཞུས། བླ་མ་རྔོག་པའི་ཀྱེ་རྡོར་གྱི་ཡུམ་བཀའ་དེ་དཀོན་པ་ཡིན་ཟེར། མཆེད་གྲོགས་མང་པོའི་ཟླ་ལ་ཞུས། མ་ཡཱ་རྔོག་ལུགས་ཆོས་དྲུག་དང་། མཁའ་སྤྱོད་མ་དཀར་མོ་ཞུས། ཆོས་རྗེ་རང་གིས་བསྐོས་པའི་གདན་ས་པ། བླ་མ་དར་མ་མགོན་ལས་རྒྱལ་བ་རྒྱ་མཚོ་དང་། སྐུ་གསུམ་ངོ་སྤྲོད་ཞུས། སློབ་དཔོན་དབོན་པོ་བསོད་ནམས་རྡོ་རྗེ་ལས་ཀུན་རིགས་ཆགས་ལོ་ལུགས་དང་། སྨན་བླའི་མདོ་ཆོག་དང་། དོན་ཞགས་དང་དངུལ་ཆུའི་གདམས་པ་དྲང་སྲོང་གཞུང་སྐྱེས་ཀྱིས་མཛད་པ་ཞུས། སློབ་དཔོན་རྒྱལ་སྟོན་ལས་ནཱ་རོ་པའི་འགྲེལ་ཆེན་གྱི་ལུང་ཞུས། བླ་མ་རས་པ་དང་སློབ་དཔོན་མཁས་པ་བསོད་ནམས་རྡོ་རྗེ་ལས་དྲག་སྒྲུབ་དང་རྩ་རླུང་གི་གདམས་པའི་གནད་གཅིག་ཞུས། ཆོས་རྗེ་པ་ལས་རྒྱུད་བླ་མའི་ལུང་དང་། རས་ཆུང་བསྙེན་སྒྲུབ་ལག་ལེན། དོ་ཧ་ལ་སོགས་ལུང་མང་དུ་ཞུས། དེའི་བར་སྐབས་གཅིག་ཏུ་འོན་དུ་ཡོང་བ་གཅིག་དང་ཕྱིས་དབྱར་གཅིག་གླང་པོ་སྒང་དུ་བསྡད་པ་གཅིག་སྟེ་གཉིས་ལ་སོགས་པས་ལོ་བདུན་བསྡད་ཀྱི་རིང་ལ་ལམ་འབྲས་ཞ་ལུགས་ཁྲིད་ཀྱི་ལུང་ནས་ཞི་བྱེད་སོ་ལུགས། ཕྱག་རྒྱ་ཆེན་པོ་གོ་ཆ་གཉིས་མ། ཞལ་གྱི་བདུད་རྩི་དམ་ལ་སོགས་མི་གཡོ་བ་སྐོར་གསུམ། འདུལ་བ་(༦)མིན་པ་མཁྱེན་ཚོ་མའི་བར་ཞུས། དེ་ནས་མཚུར་ཕུར་བསྡད་ཡོད་དུས་སུ་ཆོས་རྗེ་པ་འཁྲུངས་པའི་ཡ་མཚན་ཐེངས་གཅིག་གཉིས་ཐོས། དེ་ནས་གྲ་པའི་ཞི་བྱེད་པ་ཏི་སེ་ལ་ཕྱིན་པ་དཔོན་གཡོག་གཉིས་ཀྱིས་གླང་གོར་དུ་ཆོས་རྗེ་པ་ལོ་བདུན་ལོན་པ་ཞིག་དང་མཇལ་ནས། ཆོས་གསུངས་རྣམ་ཐར་རྒྱས་པ་གཅིག་འདུག་པ་དེ་ཁོང་ལ་བསྐུར་ནས་སྟོད་ལུང་མདོ་བར་སོང་ཞིག་གསུངས་པ་འདུག་པ་ལས། ཁོང་གཉིས་བྱུང་རྣམ་ཐར་ལ། ལ་ལས་དད་ལོག་བྱས། བདག་སྔར་ནས་མོས་པའི་སྟོབས་ཀྱིས་ནམ་ལ་བྲིས། ཁོང་གཉིས་ཞག་གསུམ་ལས། བསྡད་དུ་མ་བཙུད་པར་ཕུད། ངེད་རྣམ་ཐར་ལ་བལྟས་ཤིང་མོས་པ་དྲག་པོ་སྐྱེས་པས། རྨི་ལམ་ངོ་མཚར་ཅན་བཏུད་མ་མང་པོ་བྱུང་ནས། ང་རང་གིས་དང་བླངས་བྱས་ཏེ་ལ་སྟོད་དུ་ཕྱིན་དིང་རི་གླང་འཁོར་བལྟས། བྷུ་ཏྲར་ཕྱིན་དགེ་ཚུལ་མཛད་མ་ཐག་དང་མཇལ། གྲུབ་ཆེན་པ་དང་། ཆོས་རྗེ་པ་གཉིས་ལ་བླ་མའི་ཞུ་ཡིག་དང་ཕྱག་རྟེན་ཡོད་པ་རྣམས་ཕུལ་ཐུགས་ལ་འདོག་པ་མཛད། དྲུང་སིབ་བསྙུང་བའི་བསྙུང་གཡོག་པ་བདག་གིས་བྱས། ང་རང་ལའང་འགོས་ནས་མིག་དེ་ཤོར་བྱུང་། ད་རེས་ནམ་ཟླ་སོས་ཀ་ཡིན་པ་དང་། ན་བས་ཆོས་མ་ཐོབ། དེ་ནས་མཚུར་ཕུར་ཕྱིན་ལན་སྦྱར། བླ་མ་ཨོ་རྒྱན་པ་གོང་དུ་གདན་དྲངས་པའི་ཞར་ལ་མཚུར་ཕུར་ཚུར་བྱོན། གཉན་རས་ལ་དྲུང་གིས་སྙིང་ཏིག་ཞུས་པའི་ཞར་ལ་ཐོབ་སྟེ་མཁས། དྲུང་ནས་གཡོར་པོ་གུང་གསལ་དུ་གདན་དྲངས་པའི་ཕྱགས་ཕྱི་ལ་ཡོད་པ། བླ་མ་སྒོམ་པ་བྱ་བའི་བཟང་པོ་དེ་ལ་ངས་མདོ་སྡེ་རྒྱན་གྱི་ལུང་དང་། རྨི་ལམ་འབྲེལ་བ་གསུམ་ལྡན་ཞུས། མཚུར་ཕུར་བསླེབས་པའི་དུས་སུ་དྲིན་ཅན་མེ་ལོང་པའི་ཐུགས་རྗེའི་ཐག་པས་བཟུང་སྟེ་ལྷོ་བྲག་མཁར་ཆུ་ནས་འབྲི་གུང་གཅུང་རིན་པོ་ཆེའི་སློབ་མ་སྒོམ་ཆེན་གསུམ་ལ། རི་མོ་དེ་ལ་ནན་ཆག་གཅིག་སློབས་ལ་ང་ཅན་དུ་ཤོག་གསུང་བྱུང་ཡང་། ཆོས་རྗེ་པ་སྐུ་ལུས་མ་རྒྱས། ཁོང་དྲག་ཤོས་འགའ་ཆགས་སྡང་བྱས་པས་ཁོང་བློས་མ་ཐེངས་པར་ལོ་གཅིག་ལྷག་ལུས། ལར་མཚུར་ཕུ་ལ་སྟོད་དང་། ས་སྐྱར་ཡུག་གཅིག་བསྡད་པ་བརྩིས་པས་ལོ་བཅུ་གཅིག་ཙམ་ཐོས་བསམ་ལས་སྒོམ་པ་ཆེར་མ་བྱུང་། གྲུབ་ཆེན་པ་དང་ཆོས་རྗེ་པ་གཉིས་(༧)མཇལ་འདོད་པ་རྐྱེན་གཅིག་གིས་མ་མཇལ། དེ་ནས་ཤམ་པོ་གངས་སུ་དྲིན་ཅན་མེ་ལོང་པ་དང་མཇལ། ཡར་ཀླུང་དུ་བསླེབས་ནས། གྲ་ཕྱིར་བླ་མ་དགེ་སློང་སྔར་ནས་ཟབ་ཆོས་ཞུས་པ་གཅིག་ཡོད་པས། དགོན་ཆུང་ཞིག་ཏུ་དགུན་ཐོག་གཅིག་བསྡད་དེ་ཆོས་ལྷག་མ་ཞུས། ཡར་ཀླུང་དུ་བླ་མ་ནམ་མཁའ་པ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་ཞུས། སྐལ་ལྡན་དགོན་པར་བླ་མ་རིན་པོ་ཆེ་ཆོས་ཀྱི་སེང་གེ་ལས་ཀྱང་། སློབ་དཔོན་རིན་ཆེན་སེང་གེ་ནས་བརྒྱུད་པའི་གསང་བའི་གནད་ཀྱི་ངོ་སྤྲོད་དང་། མཁར་ཆུ་དམ་པའི་ཧཱུྃ་སྐོར་ལ་སོགས་པ་ཟབ་ཆོས་ཞུས། དེ་དུས་ཡང་དྲིན་ཅན་གྱི་ཐུགས་རྗེས་བཟུང་སྟེ། གསུངས་ཤོག་རྟེན་དང་བཅས་པ་བསྐུར་ནས་བླ་མ་སྐལ་ལྡན་པ་འབྱོན་པའི་ཟླ་ལ་ཅིས་ཀྱང་ཤོག་གསུངས་ནས་ཕྱིན། དེ་ནས་ཐུགས་རྗེས་བཟུང་ནས་ལྟོ་གོས་ཆོས་གསུམ་གྱིས་བསྐྱངས། རྫོགས་པ་ཆེན་པོ་སྙིང་ཏིག་གི་གཙོས་པའི་ཟབ་ཆོས་དང་ཕྱག་དཔེ་བཞུགས་སོ་ཅོག་གི་ལུང་མཛད་དེ། ཤིན་ཏུ་ཐུགས་རྗེས་བཟུང་། བླ་མ་མདོ་རས་པས་བཞེངས་པའི་འབུམ་ཆུང་གི་ཁང་པའི་ནང་ལ་དབྱར་རིལ་པོ་གཉིས་སུ་རི་མོ་བྱས་པས་མཁར་ཆུ་གནས་བཟང་པོར་འདུག་པས་ཁམས་འདུས་བག་ཙམ་ཡང་བྱུང་། ཁྱད་པར་དུ་ཤིག་ནད་དྲག་པོ་དགུན་ཐོག་གཅིག་བྱུང་། དེ་དུས་གོས་ཀྱང་རི་འགག་ཟད་པོ་གཅིག །ཟླ་གམ་ཞན་པ་གཅིག །རས་ཐང་ཐེད་པོ་ཞིག་དང་གསུམ་ལ་ཉིན་གོས་མཚན་གོས་ཡིན། རྟོགས་པའི་ཐ་ལོ་གོ་ཡུལ་ཐེབས་གཅིག་ཀྱང་སྐྱེས། ཡི་གེ་དུམ་གཅིག་བྱས་ནས་གཟིགས་སུ་ཕུལ་བས། བླ་མ་ཀུན་དགའ་བས་ཁྱོད་ཞིབ་པར་འདུག་གསུངས་ནས་མཉེས། དེ་ནས་བདག་གིས་བླ་མེད་ཆེན་པོ་འདི་སྟེར་བར་མི་ཡོང་། སྒོམ་ཆེན་པ་ཆོས་ཀྱིས་ཕོངས་པ་རེ་རེ་ཙམ་བྱུང་ན། ཁྲེགས་གཅོད་འདི་བྱེད་པར་ཞུས་པས། ཁྱེད་འོང་བ་ཀུན་གྱིས་བྱས་པས་ཆོག་པ་ལ་མི་བྱེད་མི་འོང་བ་ཀུན་གྱིས་བྱེད་པར་འདུག་གསུངས་ནས་རྗེས་གནང་ཡང་ཐུགས་རྗེས་བཟུང་། དུས་སྐབས་གཅིག་ཏུ་ཆོས་ཞུ་ཚོ་གཅིག་འདུག་པའི་དབང་ཞར་ལ་མཚམས་ལ་ཡོད་པ་ལ་ཤོག་གསུངས་ནས་དབང་ཚར་བས་ཚོགས་ཀྱི་རྗེས་ལ། ལ་ལ་གྱེས་སོང་བ་ཞིག་ལ། བླ་མ་རིན་པོ་(༨)ཆེའི་དབུའི་སྟེང་གི་ནམ་མཁའི་ཐད་སོར་ཟུར་ན་མགོན་པོ་ཕྱག་བཞི་པ་ཆུང་ངུ་ཞིག་བཞུགས་པ་མཐོང་། དེ་དང་དུས་མཚུངས་སུ་གཟིམ་ཁང་གི་སྒོའི་ཐད་ན་ཡར་གཟིགས་པས་བཞུགས་གདན་ལེགས་པོ་མ་དྲན། མ་སྔགས་ཀྱི་སྲུང་མ་དཔལ་ཨེ་ཀ་ཛ་ཊི་མཐིང་མོ་ཞིང་དབྱུག་དང་སྤྱང་མོ་བསྣམས་པ། སྐུ་ཐོག་གཉིས་བརྩེགས་དང་མཉམ་པ་གཅིག་བཞུགས་པ་མཐོང་།

དེ་ནས་ཡུག་གཅིག་ན་སྒོའི་ཕྱི་རོལ་གྱི་སྒོ་ཕུག་གི་འོག་ན་ལས་མཁན་ཁྲག་རལ་ཅན་གཉིས་ཀ་མར་བལྟས་ནས་ཁྲག་གི་མཚོ་ཆུང་གཅིག་ནས་ལག་པ་གཉིས་ཀྱིས་བཅུས་ནས་འཐུང་བ་མཐོང་། དེ་ཀུན་ཞུས་པས་གོང་མ་གཉིས་ལ་ཅི་ཡང་མི་གསུང་། ཕྱི་མ་དེ་ལ་དམ་ཉམས་གཅིག་འཆི་བའི་རྟགས་ཡིན་གསུངས། གཞན་ལྷ་ཞལ་དང་ཉག་ཉོག་ར་རིམ་མཐོང་། ལྷ་ཆེ་ཤོས་དེ་བག་ཙམ་མཐོང་བ་ལགས། ད་རེས་ལོ་ལྔ་བླ་མ་འདུ་འབྲལ་མེད་པར་བསྟེན། སྔར་ལོ་གསུམ་དང་བརྒྱད་བསྟེན། དེ་དུས་མཁར་ཆུའི་ནུབ་ངོས་སྨད་ན་ཨོ་རྒྱན་གྱིས་བཞུགས་པའི་སྙུག་ཚལ་སྦུག་བྱ་བ་དཀྱིལ་འཁོར་ཟླ་གམ་ཡོད་པ་ཞིག་འདུག །དེ་ལམ་ལ་ཅུང་ཟད་ཉེ། དེའི་ཞོགས་གཅིག་ན་བར་ཆད་བྱེད་པ་ཆུ་འཕྱར་ནས་འབབ་པ་ལ་རླུང་བརྒྱབ་པས་སྐད་ཤིན་ཏུ་འཇིགས་པ་སྣ་ཚོགས་འོང་བ། ནགས་ཚལ་འཐུག་པོ་ཡོད་པ་མི་མ་ཡིན་གྱི་སྐད་ཉིན་མོ་ཡང་སྒྲ་སྒྲོག་པ་ཞིག་ཏུ་དགུན་ཐོག་གཅིག་ང་རང་གཅིག་པུས་དགེ་སྦྱོར་བྱས་པས་དགེ་སྦྱོར་ཡང་འཕེལ་བར་བྱུང་། བཅོམ་ལྡན་འདས་མའི་རྟགས་ཀྱང་འགའ་ཟུང་བྱུང་། ཤེས་རབ་ཀྱི་རྩ་ཁ་ཡང་སྐྱེས་ནས་མགུར་མའང་འགའ་བྱས། དེ་ནས་དྲིན་ཅན་བླ་མ་མ་གཤེགས་ཙམ་ལ་ཡར་ཀླུང་དུ་འོང་། ཚར་སྟེང་གི་དགོན་ཆུང་དེ་བཏབ། དེའི་དགུན་སྟོད་ལ་ལས་ཡུར་མ་ཐོན། ལ་ལས་མགོ་ལས་བྱེད་པ་དེ་ལ་སྐུ་གཤེགས་པ་སེམས་ཀྱིས་ཚོར་ཏེ། ང་རང་གཅིག་པུས་མཁར་ཆུར་སླེབས་ལ་ཁད་དུ་ཕྱིན། གྲོང་པའི་ལྷོ་བྲག་སྟོད་ལས་མ་ཐོས། མར་ལ་ཕྱི་པས་ས་སྟེགས་ཀྱི་ཐད་ཁར་བླ་མའི་སྲས་པོས་མཁར་ཆུའི་བྱ་བ་ཚར་ནས་སྒྲགས་ངོས་སུ་བྱོན་པ་དང་མཇལ་ནས་གྲའི་ཕུ་ཚུན་ཆད་ཕྱགས་ཕྱིར་འོང་། སྙུང་ལུས་པུར་སྦྱངས་པས་རྟེན་བྱོན་པ། ཞལ་ཆེམས་ཚན་པ་གཉིས་ལ་སོགས་པ་གནང་། ཡར་(༩)ལུང་དུ་དགོན་ཆུང་དེར་ཟླ་མཆོད་གཅིག་བཙུགས་ཏེ་བསྡད། དེ་ནས་ཡུན་མི་རིང་བ་ལ་སྐྱོ་བ་སངས་པ་ལ་གནས་གཏད་ལ་ཙཱ་རི་རྙིང་མར་གནས་ཆེན་དུ་བདག་རང་གཅིག་པུར་བསྒྲོད་དེ་ཕྱིན། ལར་གཡུ་མཚོ་བསྐོར་བར་ཁྲལ་དང་དད་འབུལ་བསྡུས། ལམ་སྣ་བ། འགྲོ་མགོན་དཀོན་གཉེར། གཏོར་གཉེར། མ་རྒན། གླིང་སྒྲུབ་ལ་སོགས་ཆུ་གདན་ཆུ་གོས་དུམ་དང་བཅས་པས་བསྐོར་བར་གདའ། བདག་རང་གཅིག་པུས་ཆུ་སྟན་ཆུ་ཞྭ་གཅིག་ཡོད། ཙཱ་རི་ཡུལ་ཆུང་ཚུན་ཆད་སྟོན་པ་གྲོགས་པོ་གཅིག་ཡོད། དེ་ནས་ལ་ཆུང་གཅིག་བརྒལ་བ་ན་ཀྲིག་མོ་ལྷའི་ནེ་རིང་བྱ་བའི་ལུང་པ་ན། རང་བྱུང་རྡོ་སྐུའི་མཆོད་རྟེན་ཆུང་ཆུང་གཅིག་གདའ་བ་ལ་འཇའ་ཚོན་ཟུག་པ་མཐོང་། འགྲོ་དོན་ནམ་དེ་ཡོང་ཟེར་བ་གདའ། དེ་ནས་ཀ་ལ་དུང་མཚོ་བྱ་བ་ནས་ལ་ཆུང་བརྒལ་བ་ན་ལྷ་མོ་ཁ་བྱ་བའི་གཤམ་ན། དཔལ་ལྷ་མོ་རང་བྱུང་རྒྱལ་མོ་རེ་མ་ཏི་ཆུའི་ཞལ་ཁེབས་ཡོད་པ་མཐོང་། དེ་ནས་དཔལ་ཤེལ་གྱི་རི་བྱ་བའི་གངས་འདབས་ཤིག་ལ་འཛེགས་ཕྱིན་པས་ལམ་ཅུང་ཟད་ནོར་ནས་ཆར་ལྷགས་ཀྱིས་ཅུང་ཟད་ཉེན། དེ་ནས་མ་མགོན་གྱི་བླ་མཚོ་དང་མཚོ་མོ་འོད་འབར་བ་བྱ་བ་འདུག །རྒྱུས་མེད་པས་བྲག་ཕུག་ཡོད་པ་མ་རྙེད་པར་ཞག་གཅིག་ལ་གནས་ཀྱིས་ཅུང་ཟད་ཉེན། དེ་ནས་ལ་ཆུང་གཅིག་བརྒལ་བའི་སར་གཡུ་མཚོ་ཟླུམ་པོ་བྱ་བ་གྲགས་པ་ཅན་དེར་སླེབས། དེར་ལས་དག་པ་ཀུན་གྱིས་མཐོང་སྣང་གཟིགས་སྣང་མང་པོ་འཆར་བར་ཡོད་པར་གདའ། བན་ལྡོམ་བདག་ལ་ནམ་མཁའ་རྣམ་དག་སྣ་སྤྲིན་གྱིས་མ་བསྒྲིབས་པ་སྟོན་ཁའི་ནམ་མཁའ་ལྟ་བུ། འོག་ན་མཚོ་ཤིན་ཏུ་དྭངས་པ་རྙོག་པ་དང་ཉ་ལྕིབས། སྔོ་ལྡུམ་འབག་འབོག་ལ་སོགས་པ་མེད་པར་ཤིན་ཏུ་དྭངས་པ་ལ་མེ་ལོང་གཡའ་དག་པའི་ནང་ལྟ་བུ། དེ་གཉིས་ཀྱི་བར་རམ་མཚོའི་ནམ་མཁའ་ལ་འཇའ་ཚོན་ཤིན་ཏུ་དྭངས་པ་རི་མོ་གཅིག་ཐུར་ལ་ཟུག་པ་དེ་གསུམ་དུས་གཅིག་ལ་དེར་སླེབས་མ་ཐག་གི་ཉི་མ་སྔ་དྲོ་དང་པོ་ལ་མིག་གི་ཡུལ་དུ་མངོན་སུམ་དུ་མཐོང་ངོ་། །དེར་ཕུག་པ་གཅིག་ཏུ་བར་ཞག་གསུམ་བསྡད་ཅུང་ཟད་གཉན་པར་འདུག །བདུན་ལ་སོགས་པ་ཞག་འགའ་བསྡད་སྙམ་པ་ལ། (༡༠)རྒྱགས་ཕྱེ་མ་ཐེག་པས་ལམ་ནོར་ན་སྙམ་མ་བསྡད། དེ་ནས་གཡུ་མཚོ་སྐྱོག་མོ་དང་། སྟག་ཚང་རོང་བྱ་བ་ཤིན་ཏུ་གཉན་ཟེར་བ་ཞིག་ཏུ་བར་ཞག་གཅིག་བསྡད། ཡང་ལམ་དུམ་གཅིག་ནོར་བས་གངས་ཡོད་པའི་ལུང་ཆུང་གཅིག་ཏུ་ཉི་མ་འཕྱིས་པས་ཕུག་པ་མ་རྙེད་པར་མཚན་ཡལ་ལེ་ཆར་པས་ཉེན། དེ་ནས་དོམ་ཚང་རོང་བྱ་བ་ནས་དཀྲིག་མོ་ལྷའི་ནེ་རིང་དུ་ཞག་གཅིག་བསྡད།

དེ་ནས་སྔར་གྱི་ཐམས་ཅད་དགུན་བཞུགས་བྱེད་པའི་གཞི་ཆེན་མོར་སླེབས། ཞག་བཅུ་ལྷག་ཙམ་བསྡད། དེ་ནས་བྱར་སྨད་དུ་ཕྱིན། བླ་མ་དྷརྨཱ་བྱ་བ་བདག་གི་བླ་མའི་མཆེད་གཅིག་འདུག་པ་དེས་ཐུགས་ལ་བཏགས། མཛོའམ་སྐྱེ་དམན་མི་བརྟེན་པ་གཅིག་བྱ་སྙམ་པ་ལགས་ཞུས་པས་མི་འཐད་པའི་ཆོས་རྗེ་ཡབ་སྲས་དྲི་གསུང་བ་ཡན་ཆད་བྱོན། དེ་འདྲ་སོགས་ཀྱི་བསླབ་བྱ་མཛད། དེ་ནས་ཚར་སྟེང་དུ་གཞི་བྱས། མཚུར་ཕུ་དང་སེ་གསོབ་ཏུ་མཁན་པོ་རིན་པོ་ཆེའི་དྲུང་དུ་ཕྱིན། སྙིང་ཏིག་སྤྱོད་གཟེར་ལྔ་རྣམས་ལ་མཉེས་པའི་གསུང་བྱོན་པས་དཔེ་བྲིས་ལུང་དང་བཅས་པ་ཕུལ། མཚུར་ཕུར་ཆོས་རྗེ་ལ་རྒྱུད་བཅུ་བདུན་ལ་སོགས་ཀྱི་ལུང་བྱས། སྐབས་ཞིག་ལ་སྟོད་དུ་གྲུབ་ཆེན་པ་དང་མཇའ་བ་ལ་ཕྱིན་པའི་ལམ་ཁ་ནས་ཆ་ཤངས་སུ་ཐེ་བའི་ལང་འགྲོ་བྱ་བའི་ཡུལ་ན། ལོ་བརྒྱད་ཅུ་ཙམ་བཞེས་པའི་ལྷ་ཆེན་འཁོར་བན་བྱ་བའི་སྔགས་པ་གཅིག་ལས། གཤིན་རྗེ་ཚེ་བདག་གི་སྐོར་དང་སྣ་འགའ་ཞུས། དེ་ནས་ཡར་ནུབ་ཕྱོགས་ལ་ཆུང་ཞིག་བརྒལ་བ་ན། ཚར་བྱ་བའི་ལུང་ཆུང་ཞིག་ཏུ་གསང་སྐོར་གྱི་བདག་པོ་ལྕེ་སྒོམ་ནག་པོར་གྲགས་པ་དེའི་ཡང་ཚ་ཡོད་པར་འདུག་པ་དང་། ལམ་འཛོལ་ནས། ཁང་ལྕེ་སྒོམ་གྱི་སྣག་ཚའི་བརྒྱུད་པའི་ཞལ་ངོ་སློབ་དཔོན་སྒོམ་པ་བྱ་བ་བསྒྲེས་པོ་ཞིག་ལས་གསང་སྐོར་སྙན་བརྒྱུད་ངོ་སྤྲོད། མཁས་པ་བི་མ་ལའི་བསམ་གཏན་མིག་གི་སྒྲོན་མེའི་ཁྲིད་རྫོགས་པ་དང་། རྩ་བའི་རྒྱུད་ལྔ་ནས་འཕྲོས་པའི་ལྷ་རྒྱུད་འདྲེ་རྒྱུད་ཡན་ཆད་ཀྱི་དཔེ་བྲིས་ལུང་ཐམས་ཅད་མ་ལུས་པར་ཞུས། དེ་ནས་ལ་སྟོད་དིང་རི་སྣ་མར་དུ་སླེབས། ལ་སྟོད་གཞོན་དགའི་གདུང་བརྒྱུད། དབོན་པོ་དབང་སྒྲུབ་བྱ་བ་ལས། ཡང་དགོན་པའི་རི་ཆོས་དང་གསང་སྐོར་(༡༡)གྱི་མན་ངག་བསམ་གཏན་མིག་གི་སྒྲོན་མེ་ཐིག་ལེ་ཕྱི་ནང་ལ་སློབ་པ་ཡོད་པ་རྣམས་ཞུས་ཤིང་གནང་། ལ་སྟོད་དུ་ཐེངས་གཉིས་པོ་དེ་ལས་མ་ཕྱིན། མར་ལམ་གཙང་གྲམ་པ་ས་སྐྱ་པའི་ཐད་ན་བླ་མ་བཀྲ་ལུང་པ་བྱ་བ་བཟང་པོ་གཅིག་ལ་ཕྱིན། ཡང་ལན་གཅིག་དེར་གཏད་ནས་ཕྱིན་པས་ལན་གཉིས་ལ། ཆོས་བཅོམ་ལྡན་འདས་གཤིན་རྗེ་དགྲ་ནག་གི་དབང་རྫོགས་པ། རྒྱུད་གདམས་ངག་མ་ལུས་པ། རབ་ཏུ་གནས་པའི་ཆོ་ག་ཚེ་དཔག་མེད་མདོ་ལུགས་ཀྱི་ཆོ་ག །བླ་མ་གཉན་ཚོམ་བུའི་སྤྱན་རས་གཟིགས་ཀྱི་སྙན་བརྒྱུད། སྙན་བརྒྱུད་ཡི་གེ་བཞི་པ། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་ལ་སོགས་པ་ཟབ་པ་འགའ་ཞིག་ཞུས། ཡང་གཙང་གི་རྒྱང་གྱིང་དཀར་བྱ་བ་ཡོད་པས་རྒྱང་དཀར་གྱི་དགོན་པར་གསང་སྐོར་སྙན་བརྒྱུད་ཀྱི་རྩ་བ་ཁོང་དུ་འདུག་པས། ཡང་སློབ་དཔོན་ཡེ་ཤེས་མགོན་ལ་བརྒྱུད་པ་གཏུགས་སོ། །སྙེ་མ་དོར་རྗེ་རིན་པོ་ཆེ་སྐུ་མཆེད་གསུམ་འཛོམ་པ་ལས་བརྒྱུད་པ་ཕྱི་མོའི་དབང་གི་གདམས་པ། རྒོད་ཚང་པའི་ཁྲིད་ཆེན་བརྒྱད། བླ་མ་ཀུན་དགའ་བ་ལས་ཀུན་བྱེད་རྒྱུད་གསུམ་བརྒྱུད་པ་ལྡེ་མིག་ཆ་བཞི་ལ་སོགས་པ་ཞུས། དོལ་གྱི་སྤོང་རར། སློབ་དཔོན་གཞོན་ནུ་ལས་སྔགས་ཀྱི་སྔགས་གནད། མདོ་བྱེ་རུ་བླ་མ་སངས་རྒྱས་འབུམ་ལས་ཨ་རོའི་ཁྲིད་མོ་ཆེར་གྲགས་པའི་གདམས་ངག །འཁོར་བ་རྩད་གཅོད་མ་ལུས་ཞུས། རྒྱང་དུ་སློབ་དཔོན་བོན་སྟོན་ལས་སྔགས་སྲུང་སྔགས་གནད་བུ་རོན་བཅུ་གསུམ། རྫོགས་ཆེན་བོན་ལུགས་ལུང་དྲུག་རྣམས་ཞུས། དེ་ནས་གཞི་འཚལ་སྟེང་ནས་ཆོས་རྗེའི་གསུང་གིས་ང་ཡང་ཀོང་པོར་གདན་འདྲེན་ཡོད་ཁྱོད་ཀྱང་ཤོག་གསུངས་ནས་འཕྲལ་དུ་མཇལ་འཕྲད་བྱས། རྩ་རི་གསར་མར་ངེད་གཉིས་ཀྱིས་གནས་སྐོར་གཅིག་བྱས། གཡུ་མཚོ་ལ་དགུན་གཞུག་ལྟ་བུ་སྟོན་ཁ་ནས། ཟླ་བ་རིལ་པོ་བདུན་ངོ་གཅིག་དང་བརྒྱད་གདན་ཐོག་གཅིག་ཏུ་སྐད་ཐོས་ཀྱིས་བསྐོར་ནས་མི་གཅིག་མེད་པར་གཅིག་པུར་བསྡད། འདྲེ་རྟོག་གི་ཆོ་འཕྲུལ་ཉམས། རྨི་ལམ་གསུམ་མང་བར་བྱུང་། འཛམ་བྷ་ལས་དངོས་གྲུབ་ལྟ་བུའི་ལྟས་ཕྱག་གཡས་པས་དེ་བྱིན། གཞི་བདག་འདྲ་བར་འདུག་པ་གཅིག་གི་རྒྱབ་ཕྱོགས་ངོས་སུ་བདག་ལ་རལ་གྲི་(༡༢)རྣོན་པོ་ཤུབས་དང་བཅས་པ་རྐུ་ཐབས་སུ་བྱིན་ནས་ཆོས་ཀློད་དེ་གྱིས་བྱ་བ་ཞིག་བྱུང་། དགོང་མོ་སྦྱིན་བསྲེག་ཅུང་ཟད་བྱས་པའི་ནུབ་མོ་གཞི་བདག་གྷ་ཡ་དྷ་རས་ཁོང་རང་གིས་ཁུལ་དང་། ཕོ་བྲང་གཅིག་འདུག་པར་ངེད་གསུམ་ལ་བསྙེན་བཀུར་བྱས། ཁོ་རང་གི་རྟས་ཚུན་ཆད་བསྟན་དེའི་ཀླུ་བསེན་མོ་གཅིག་ཕོ་རིགས་གཅིག་གིས་དངོས་སུ་བར་ཆད་དྲག་པོ་བརྩམས། མཚོ་ལྔ་ཡོད་པའི་ལྷོ་ཕྱོགས་ཀྱི་མཚོ་ཆེ་བ་ཞིག་གི་སྟེང་དུ་འོད་ལྔའི་ལྦུ་བ་སེར་པོ་ཕུབ་ཙམ་པ་གཅིག་ཡར་དེད་མར་དེད་ཕར་དེད་ཚུར་དེད་གཅིག་ལ་གཅིག་ཐིམ། ཡང་ཐུགས་རྗེ་དེ་དང་འབྲེལ་བ་འགའ་མཐོང་། དེ་ནས་མཚམས་ཕྱིར་ཐོན་ནས་གླང་པོ་སྒང་དང་། གནས་པའི་རི་ཁྲོད་རྣམས་སུ་བླ་མ་དབོན་པོས་དབུ་མཛད་རི་པ་ཕལ་མོ་ཆེ་རྣམས་ལ་གསང་བ་སྙིང་ཏིག་གིས་མགོ་བྱས་པ་མང་དུ་བཤད་ནས་ཡར་དྭགས་པོར་འོངས། སྔར་ལམ་རྒྱ་བཏང་ན་ཡང་འཐད་ཟེར་བ་བྱུང་ཡང་མ་བརྟགས་པའི་ལས་གཉེན་མི་འཐད་པར་འདུག་པས་མ་བྱས། ད་རེས་མཐོང་ཟེར་ནས་བདག་རྐྱེན་ཅུང་ཟད་བྱེད་མི་འདྲ་བྱུང་བས། ཐོག་མར་ཡུ་བ་ཐང་ལ་བྱ་བའི་མི་ངན་གྱི་གདུག་རྩུབ་ཀྱིས་བགྲོད་དཀའ་བས། དེ་ལ་ལམ་རྒྱ་བཏང་། དེ་ནས་རིམ་གྱིས་དྭགས་པོའི་ལུང་པ་དང་། ཨེ་རོང་ཚུན་ཆད་ལ་ལོ་གསུམ་དང་ཟླ་བ་བཞི་བཏང་། གཙོ་བོར་བླ་མའི་བྱིན་བརླབས་དང་རང་གི་སྨོན་ལམ་དང་དམ་ཅན་མཐུ་ཆེན་རྣམས་ཀྱི་བྱིན་རླབས་ལས་ལེགས་པར་བྱུང་། དེ་དག་གི་གོང་དུ་ཡོན་བདག་གི་སྐྱེ་མཆེད་ལ་བརྟེན་ནས། དགོན་པར་གཞིས་ཁ་པས་དམག་བརྒྱབ་ནས་བཅོམ་ཡང་། སློབ་གྲོགས་བསྡུས་ནས་མཐུ་གཏད་ཀྱང་ཆེར་མ་བྱས། ཤམ་པོ་གངས་ལ་བསྡད་དགེ་སྦྱོར་འཕེལ་སྐྱིད་ནས་ཡོད་ཙམ་ན། རྩེ་ཞིང་པའི་སྲས་མོ་ཨ་འབུམ་གྱིས་རྩེ་ཞིང་དུ་བོས། རམ་གྱི་ཕུ་དང་བྲག་ལོག་སྙུག་ལོག་གཅིག་ལ་ཞག་ཉི་ཤུ་ཙམ་སྡོད་དགོས་པ་བྱུང་། དབོན་མོ་ཕག་མོ་དེ་དྲིན་ཅན་རིན་པོ་ཆེའི་སློབ་མའང་ཡོན་བདག་གི་རྩ་བ་ཡིན་པས། སློབ་དཔོན་རི་པ་གཅིག་དང་གཉིས་ཀྱིས་བོས་ཞག་གཅིག་གཙང་ཁང་དུ་བསྙེན་བཀུར་བྱས་གསེར་ཞོ་གང་བྱིན་ནས་རྒྱངས་པ་གཅིག་ཏུ་བྱོན་དང་ཟེར་ནས་རིག་པ་ཅན་མ་ཡིན་ཡང་། ཡར་ནུབ་ཕྱོགས་སུ་སྤྱན་(༡༣)གཡས་པའི་མཧཱ་རི་གཡར་ནས་ལོ་ཤས་སྡོད་གཞི་བྱས། ཁོང་ཡོན་མཆོད་གཉིས་ཀྱིས་ཐུགས་ལ་བཏགས་པས་ད་དུང་འབྲེལ་ཟབ་པ་དེ་ལགས་སོ། །ནུབ་ཕྱོགས་སུ་ཡང་རི་ཁྲོད་འགའ་བཏབ་པ་ལ། བྱང་ས་པའི་བདེ་ཆེན་སྟེང་ལ་སོགས་པར་ཡུན་དུ་སྡོད་ས་མ་བྱུང་ཡང་རི་ཁྲོད་འགའ་ཟུང་བཏབ། ཀོང་པོ་ན་ཡང་གྲུབ་སྨད་ཀྱི་མཐོང་སྨོན་ལ་སོགས་པ་འགའ་བཏབ་པ་དང་། དྭགས་པོ་སྟོད་ན་ཡང་བསམ་གྲུབ་གླིང་ལྷུན་གྲུབ་རྫོགས་ལ་སོགས་པ་བཏབ། སེམས་ཅན་ལ་ཕན་ཅི་ཐོགས་ཁོ་ན་བྱས་པ་ལགས་མོད། ཡང་མཧཱ་རི་ན་སྡོད་དུས་དཔོན་གཡོག་བདུན་ཙམ་གྱིས་འབྲི་གུང་གི་རྒྱབ། ཏི་སྒྲོའི་ཨོ་རྒྱན་རིན་པོ་ཆེའི་བཞུགས་གནས་ཀྱིས་གཙོ་བྱས་པའི་རི་ཁྲོད་ལུང་སྟོང་འགའ་བསྐོར་ཏེ། ཇོ་མོ་གངས་དང་ཇོ་མོ་ཁ་རག་དང་། ཤངས་ཀྱི་ཟབ་བུའི་གཏེར་ཁུང་མན་ཆད་བསྐོར་བས་དེ་ལོ་ཁམས་ཤིན་ཏུ་བཟང་བ་གཅིག་བྱུང་། དེ་ཡན་ཆད་ནི་ཆོས་ཕྱོགས་སུ་དད་པའི་ངལ་དུབ་ཀྱིས་ཅུང་ཟད་དཀའ་བར་བྱུང་ཡང་། དལ་འབྱོར་གྱི་ལུས་ཆུད་མི་ཟ་བར་བྱ་བ་དང་། ཐེག་པ་ཆེན་པོའི་ཚུལ་མི་འདོར་བར་མོས་པར་བྱས་པའི་རྣམ་གཞག་ཡིན་མོད། འདི་ལྟར་བཀོད་པའི་དངོས་དོན་སློབ་མ་རྣམས་ཀུན་ལ་ཚེ་འདིའི་འབྲེལ་ཐག་འཁྲི་བ་བཅད། བླ་མ་དཀོན་མཆོག་གི་ཕྱོགས་སུ་བློ་སྣ་ཀྱུར་གྱིས་བསྒྱུར་བས་ཆོས་ལས་མ་བྲལ་བར། གོང་མའི་རྣམ་ཐར་ལ་ཡིད་སྨོན་པས་སྡོད་ས་རི་ཁྲོད་དང་། ལུང་སྟོངས་སུ་བྱེད་པ། ཚེ་འདིའི་དྲི་མ་ངན་པས་མ་གོས་པས་ཆོས་བརྒྱད་དང་བྲལ་བ། སྙིང་པོ་དོན་གྱི་དགོངས་པའི་དྲན་འཛིན་ལས་མ་ཡེངས་པར། ཆོས་སྤྱོད་ཁྱད་དུ་མི་གསོད་པར་སེམས་བསྐྱེད་ཀྱི་རྗེས་མཐུན་སེམས་ཅན་ཉེ་རིང་མེད་པ་ལ་ཕན་ཅི་ཐོགས་བྱེད་པ་དང་། དོན་ཆེན་པོ་ཡལ་བར་མི་འདོར་བར་བརྩོན་པ། གོང་མའི་གདུང་གསོབ་པ། ཚེ་འདིའི་མཐུན་འཇུག་སྤོང་བ་ལ་སོགས་པའི་ཆོས་ཕྱོགས་སུ་གཞོལ་བ་རེ་ཙམ་འང་སྲིད་མཐའ་མ་བཀག་པས་དེ་ལྟ་བུའི་རྐྱེན་བསྐུལ་དུ་སོང་ན་ལེགས། ལོག་སྲེད་ཅན་གྱི་ལག་ཏུ་འགྲིམས་ནས་ལོག་པར་བལྟས་པས་སྐྱབས་གནས་འདོར་བའི་ཉེས་པ་སྤོང་བའི་ཕྱིར་སྦ་བར་རིགས་སོ། །དཔལ་(༡༤)ཀུན་ཏུ་བཟང་པོ་ནས་དངོས་ཅག་བདག་ཡོན་མཆོད་དམ་ཉམས་ཀྱི་དྲི་མས་གོས་པ་མེད་ཅིང་། བརྒྱུད་པ་སྐྱོན་ལྔའི་སེལ་མེད་པས་དམ་ཚིག་འདི་ལ་བརྩོན་པས་སྒྲིམས་མཛོད། ཚེ་འདིའི་ཆོས་ལྟར་བཅོས་པའི་བྱ་བ་རྩོལ་བ་ཆེན་པོས་ལྡེར་སོ་ལ་སོགས་སྐུ་གཟུགས། གསུང་རབ་ལ་སོགས་བཞེངས། བསོད་ནམས་མང་པོ་བསགས་ན། རང་ཉིད་ལྷུན་གྲུབ་ཆོས་སྐུར་སོན་ནས། སྤྲུལ་པ་དུ་མས་འགྲོ་དོན་རྒྱུན་མི་ཆད་པས། སྨིན་གྲོལ་མཛད་པར་གདའ་བས། དབེན་པའི་གནས་སུ་སྐབས་དོན་གལ་ཆེན་དེ་ལ་དོན་དུ་གཉེར་ན། རང་གཞན་གྱི་དོན་ལྷུན་གྲུབ་ཏུ་གཟིགས་གདའ་བས་དེ་རྣམས་ཀྱིས་ཐུགས་དགྱེས་པར་མཛད་འཚལ། བདག་འདྲའི་བན་ལྡོམ་ཀུ་མ་རཱ་ཛ་ལ། ཀུན་དགས་ཡང་དང་ཡང་དུ་བསྐུལ་བ་དང་། གཞན་ཡང་རེ་རེ་གཉིས་གཉིས་དེ་སྐད་ཟེར་བ་དང་། ད་ལོའི་སྐབས་སུ་རྩར་སྡོད་ཅིང་གཡོག་པོ་གུས་པར་བྱེད་པ་རིན་རྒྱལ་གྱིས་ཡང་ཡང་བསྐུལ་ནས་བྲིས་པའོ། །

འདི་འདྲའི་ཡི་གེ་འཁྱམས་པ་ན། །མོས་གུས་མི་བྱེད་སྡིག་པ་བསོགས། །དད་ཅན་སུན་འབྱིན་སྐྱོན་བསལ་ཡིན། །འདི་བྲིས་དགེ་བ་ཅི་ཡོད་པས། །སེམས་ཅན་སངས་རྒྱས་ཉིད་དུ་ཤོག །ཅལ་ཅོལ་རིང་མོ་ཞེས་བྱ་བ་མོས་གུས་ཅན་གྱིས་གཙོ་བོར་བསྐུལ་བའི་ཕྱིར། སྟག་ལོ་དབྱར་ཟླ་ར་བའི་ཡར་ཚེས་བརྒྱད་ཀྱི་ཉིན་མོར་བྲིས་པ་འདི་ཡོངས་སུ་རྫོགས་སོ། །དགེའོ།། །།

༈ བླ་མ་དམ་པ་ཀུ་མ་རཱ་ཛ་དེ་ཉིད། དྭགས་པོ་དང་ལུང་གི་ཕུར་སྐུ་འདས་པའི་ཚུལ་བསྟན་པའི་ཚེ། ཕྱི་རབས་ཀྱི་དོན་དུ་འདས་རྗེས་གསུངས་པ། ཡི་གེར་བཏབ་པ་ནི། ༀ་ཨཱཿཧཱུྃ༔ སྤྲང་པོ་བྱ་བྲལ་གཞོན་ནུ་རྒྱལ་པོས་གདམས་པ་ནི། །ཨེ་མ་ངས་ནི་ངོ་བོ་སྐྱོང་འདེད་རང་རིག་རྩ་གདར་བཅད། །དམིགས་མེད་སྤྲོས་བྲལ་མཐའ་དང་བྲལ་བར་རྟོགས། །ཆོས་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །རང་བཞིན་དབྱིངས་ལ་ལྟ་སྟངས་རིག་པ་གཅུན། །ཞི་ཁྲོའི་དཀྱིལ་འཁོར་ཐིག་ལེ་ཉག་གཅིག་རྟོགས། །ལོངས་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །ཐུགས་རྗེས་སེམས་ཅན་གཞན་ཕན་གཙོ་བོར་བྱས། །ཤར་གྲོལ་རིག་པ་ཆོས་ཉིད་མ་དང་འཕྲད། །(༡༥)སྤྲུལ་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །ཡེ་ཐོག་དང་པོའི་སངས་རྒྱས་དྲི་མ་མེད། །གཞིར་སྣང་རང་གདངས་དང་པོའི་བྱུང་སར་ཐིམ། །ལྷུན་འགྲུབ་སྦུབས་སུ་ཀུ་མ་རཱ་ཛ་འཆི། །ང་ཡི་ཟབ་དོན་སྙིང་པོའི་གདམས་པ་རྣམས། །བཅུད་དུ་དྲིལ་ནས་ཉམས་ལེན་སྙིང་པོར་བསྟན། །བདག་གི་རྗེས་འཇུག་སྐལ་ལྡན་སྙིང་གི་བུ། །ཇི་ལྟར་བསྒྲུབས་ཀྱང་ཆོས་དང་མཐུན་པར་མཛོད། །ང་ཡི་གཏམ་བཞུགས་འགྲོ་ཁའི་ཚིག་འདི་རྣམས། །ཕྱི་རབས་དོན་དུ་སྙིང་ནས་མོས་ལ་སྟོན། །ཏིག་ཏིག་གང་ལ་ཡང་མི་འདུག །ལར་སྣང་བ་འདི་གཏད་པ་མེད་པ་གཅིག་ཡིན། སྐྱག་པ་ངས་དྲིན་ཆེན་རིན་པོ་ཆེ། ཕཊ་ཕཊ། ཧ་ཧ་ཕཊ། ཅེས་གསུངས་ནས་ཐུགས་འཕོ་བའི་ཚུལ་བསྟན་ཏེ། ས་ཆེན་པོ་འདི་རབ་ཏུ་གཡོས། ནམ་མཁའ་ལ་སིལ་སྙན་གྱི་སྒྲ་རང་གྲགས། འཇའ་ཚོན་གྱི་གུར་ཕུབ་སྟེ་འགྲོ་བ་རྣམས་ངོ་མཚར་གྱི་ས་ལ་བཀོད། །། །།

༈ ༀ་ཨཱཿཧཱུྃ༔ གུ་རུ་ཀུ་མ་རཱ་ཛ་ལ་ན་མོ། །གདོད་མའི་མགོན་དང་རྣམ་དབྱེར་མི་ཕྱེད་ཅིང་། །རིག་འཛིན་ཆེན་པོ་བི་མ་མི་ཏྲ་དངོས། །ཡོན་ཏན་རྒྱ་མཚོ་ནམ་མཁའི་མཐའ་དང་མཉམ། །ཆོས་རྗེ་ཀུ་མ་རཱ་ཛའི་ཞབས་ལ་འདུད། །དཔལ་ལྡན་ཚོགས་གཉིས་ཡོན་ཏན་རྫོགས་པའི་གཙོ། །འཇིག་རྟེན་གསུམ་མགོན་ཆོས་རྗེ་བླ་མ་ལ། །དད་པའི་གདུང་ཤུགས་གཡོ་བའི་ཕྱག་འཚལ་ཞིང་། །སྙིང་ནས་མཆི་མ་འཁྲུགས་པས་སྐྱབས་སུ་མཆི། །སྐུ་ཚེ་སྔ་མའི་སྔ་མ་དཔག་མེད་ནས། །མཐའ་ཡས་འགྲོ་ལ་ཐུགས་རྗེའི་སྤྱན་དབྱེ་བས། །དེ་རིང་འགྲོ་བ་ཀུན་གྱི་གཉེན་གྱུར་ཅིག །འདིར་ཡང་ས་སྟེང་འཇིག་རྟེན་རྒྱན་གྱུར་མཆོག །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་མཛད་ཅིང་། །རླབས་ཆེན་སྤྱོད་པ་དམ་པའི་ཁུར་བསྣམས་ཏེ། །སྣ་ཚོགས་མཛད་པས་འགྲོ་ཀུན་བདེ་ལ་བཀོད། །གྲགས་དཀར་ཡོན་ཏན་ཕྲེང་བས་གནམ་ས་ཁྱབ། །སླར་ཡང་རྟག་པར་འཛིན་རྣམས་གདུལ་བྱའི་ཕྱིར། །ཐ་མའི་མཛད་པས་ཤར་ཕྱོགས་དང་ལུང་དུ། །ཆུ་མོ་ལུག་ལོའི་སྟོན་ཟླ་ཐ་ཆུང་ལ། །མི་རྟག་མྱ་ངན་འདའ་ཚུལ་བསྟན་པར་གྱུར། །རྒྱན་གྱུར་འཇིག་རྟེན་བླ་མ་དེ་གཤེགས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་དབྱིངས་སུ་སྟོར། །(༡༦)བསྟན་པ་རིན་ཆེན་དཔག་བསམ་ཤིང་ཆག་སྟེ། །གྲུ་ཆེན་འཇིག་རྟེན་བླ་མ་དེ་རིང་ཞིག །རྣམ་པ་ཀུན་ཏུ་ལྷ་རྫས་ཆར་འབབ་ཅིང་། །འོད་ཟེར་ལྔ་ལྡན་ཡེ་ཤེས་སྣང་བ་གསལ། །ལྷར་བཅས་འཇིག་རྟེན་ངོ་མཚར་ཡིད་གཡོས་ཏེ། །མཁའ་འགྲོས་མཆོད་སྤྲིན་སིལ་སྙན་སྒྲ་བསྒྲགས་ཏེ། །སྔོན་མེད་སྣང་བ་ངོ་མཚར་དཔག་མེད་ཅིང་། །སྤོས་བསུང་དྲི་དང་དུས་མིན་རོལ་མོས་གང་། །ཉིན་མཚན་ཁོར་ཡུག་འོད་ལྔའི་མདངས་ཤར་བས། །བྱང་ཆུབ་སྙིང་པོ་འགྲོ་བ་འདྲེན་པར་མཛད། །ས་འདི་རིར་བཅས་ཞི་བས་ཆེར་གཡོས་ཤིང་། །ནགས་ཚལ་ལྗོན་ཤིང་འདུད་པས་ཕྱག་ཀྱང་འཚལ། །མེ་ཏོག་ཆུ་གཙང་འཛུམ་པའི་མདངས་གསལ་ཞིང་། །བྱ་དང་རི་དྭགས་སྒྲ་འབྱིན་སྐྱབས་སུ་འགྲོ། །མཁའ་འགྲོའི་སྤྲིན་ཕུང་འདུ་བས་སྔུན་བསུས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་པར་གྱུར། །བསྟན་པའི་ཉི་མ་དེ་རིང་འདིར་ནུབ་སྟེ། །འཚོ་བྱེད་སྨན་གྱི་རྒྱལ་པོ་གཤེགས་ཀྱིས་མེད། །ཐར་ལམ་དེད་དཔོན་དམ་པ་ཞིག་གྱུར་ཅིང་། །བདེ་ལེགས་ཀུན་འབྱུང་ཡིད་བཞིན་ནོར་བུ་སྟོར། །ཀྱེ་མ་ཀྱི་ཧུད་འཇིག་རྟེན་སྟོང་གིས་མེད། །དཀར་ཕྱོགས་ཡེ་ཤེས་ཉིན་བྱེད་ནུབ་གྱུར་ཅིང་། །བདུད་རིགས་མུན་པའི་ཚོགས་རྣམས་རྒྱས་གྱུར་ཏེ། །རྒྱལ་ཁམས་ཀུན་ཏུ་དུས་ཚིགས་ཡོལ་བར་གྱུར། །ཞིང་འདིའི་སྣང་བ་དམ་པའང་ནུབ་གྱུར་ལ། །ལྷ་མིའི་འཇིག་རྟེན་མ་རིག་མུན་པས་ལྡོངས། །ཐར་གླིང་ས་མཁན་ཆེན་པོ་དེ་མེད་པས། །ད་ནི་འགྲོ་བ་མྱ་ངན་བྱ་བའི་རིགས། །རྒྱལ་བ་དྲན་དང་མྱ་ངན་འདའ་བསམ་པས། །ཞི་བའི་གླིང་འགྲོ་ཡོན་ཏན་བསམ་མི་ཁྱབ། །ཆོས་དེ་ཚད་མེད་ལེགས་པར་གསུངས་པ་སྟེ། །དེ་བས་ཆེས་ལྷག་དགེ་ཚོགས་རྣམས་འཕེལ་འགྱུར། །ཀྱེ་མ་ཀྱི་ཧུད་ཐུགས་རྗེའི་དབྱིངས་རུམ་ནས། །མགོན་མེད་བདག་གི་གདུང་བའི་ཚིག་འདི་གསོན། །སྣ་ཚོགས་སྡུག་བསྔལ་མང་ལྡན་འཁོར་བ་པ། །མགོན་མེད་དཔུང་གཉེན་བྲལ་བའི་ཚོགས་རྣམས་དང་། །བདག་ཅག་དད་ལྡན་ལྟོས་པའི་སྐྱེ་དགུ་རྣམས། །ད་ནི་ཅི་བྱ་སུ་ལ་(༡༧)རེ་བར་བྱ། །བསྟན་ལ་མངོན་པར་ལྷགས་པའི་ལྷ་རྣམས་དང་། །དད་ལྡན་མི་རྣམས་མྱ་ངན་མེས་གདུངས་ཤིང་། །དུས་འདིར་ཕན་བཞེད་བྱེད་པའི་ལྗོན་ཤིང་ཆག །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་གྱུར། །བདག་ཅག་གདུལ་བྱའི་བསོད་ནམས་མཚོ་བསིལ་སྐམ། །ཞི་གྱུར་རིན་ཆེན་བླ་མ་དབྱིངས་སུ་ཡལ། །ཆོས་ཀྱི་གླང་པོ་དེ་རིང་གཟིམས་པར་གྱུར། །རང་བཞིན་འོད་གསལ་ཡེ་ཤེས་ཉི་མ་ནུབ། །ཕན་བདེའི་འོད་དཀར་ནུབ་རིའི་རྒྱབ་ཏུ་ཡོལ། །ལྷ་མིའི་བདེ་འབྱུང་བུམ་པ་བཟང་པོ་ཆག །ས་མཁན་དེད་དཔོན་རིག་འཛིན་བླ་མ་གཤེགས། །གླིང་བཞི་འཇིག་རྟེན་རྒྱན་གྱུར་སྟོངས་སོ་ཀྱེ། །ཐུགས་རྗེ་ཅན་ཡང་བརྩེ་བ་སྤོངས་པ་བཞིན། །བདག་ཅག་བོར་ནས་ཞིང་ཁམས་གཞན་དུ་གཤེགས། །མགོན་མེད་སྐྱེ་དགུ་རེ་ཞིང་ལྟོས་པ་རྣམས། །རང་བཞིན་དོར་ནས་ཡལ་བར་འདོར་ཕོད་དམ། །དུས་མིན་ཉི་ཟླའི་འགྲོས་ཀྱང་མ་ལོག་ལ། །ས་དང་བར་སྣང་དག་ཀྱང་མ་འཆོལ་ན། །བདག་ཅག་རྣམས་ལ་དུས་ཚིག་འདི་ལྟ་བུ། །མྱ་ངན་གདུངས་པས་སྙིང་ལ་ཁྱབ་པར་གྱུར། །གང་དུ་བསམས་ཀྱང་དེད་དཔོན་བླ་མ་དྲན། །རི་རྩེ་ནགས་ཀྱི་མཐོངས་དང་གངས་རིའི་འདབས། །སྒྲུབ་པའི་གནས་མཆོག་སྔོན་ཆད་དགྱེས་དགྱེས་པས། །ས་ཕྱོགས་གང་ནའང་དེང་ནས་ཡོངས་མི་བཞུགས། །ཉེ་འཁོར་ཉེ་བར་སྤྱད་པའི་ཚོགས་མཐོང་ནས། །དགྱེས་པའི་སྤྱན་མཆོག་གཟིགས་པར་མཛད་དེའང་གྲོངས། །འོད་གསལ་རིན་ཆེན་ཆོས་ཉིད་བསྒོམ་བསམ་ཡང་། །དམ་པའི་གསུང་རྣམས་དྲན་ནས་མཆི་མ་ཤོར། །ལྷར་བཅས་འགྲོ་བའི་བསོད་ནམས་དཔག་བསམ་ཤིང་། །ཕན་བདེའི་ཡལ་འདབ་རྒྱས་པར་མི་མཛད་པར། །དུས་མིན་མེ་ཏོག་འབྲས་བུས་སྐོམ་གྱུར་ཏེ། །གདུལ་བྱའི་བྱ་ཚོགས་ད་ནི་གང་དུ་བསྟེན། །འཁོར་བ་མི་བཟད་སྡུག་བསྔལ་དུ་མའི་འཕྲང་། །བསྒྲོད་དཀར་ཞུགས་ལ་བརྩེ་བས་མི་གཟིགས་པར། །འཇིགས་པའི་འཕྲང་ལས་སྐྱེལ་མས་བསླུས་པ་བཞིན། །བདག་ཅག་དོར་ནས་མགོན་པོ་གང་དུ་གཤེགས། །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་ཅིང་། །དཔག་མེད་མཛད་པས་འགྲོ་བའི་ཁ་ལོ་བསྒྱུར། །མཐོང་(༡༨)ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་བ། །ཡོན་ཏན་རྒྱ་མཚོའི་བླ་མ་གང་དུ་གཤེགས། །བརྩེ་བའི་ཐུགས་རྗེ་གཞན་ལས་ལྷག་གྱུར་ཅིང་། །མཛད་པའི་ཕྲིན་ལས་གནས་རིགས་ཁྱབ་པར་འཇུག །སྤྱན་དང་མངོན་ཤེས་སྤང་རྟོགས་ཕུན་སུམ་ཚོགས། །འཕགས་པའི་བླ་མ་དེ་རིང་གང་དུ་གཤེགས། །ཐུགས་རྗེའི་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ཏེ། །ཕྱི་ནང་གསང་བའི་ཆོས་ཆེན་ཆར་འབེབས་པས། །མ་ལུས་འགྲོ་བའི་རེ་བ་སྐོང་མཛད་པ། །མཆོག་གྱུར་བསྟན་པའི་རྩ་ལག་གང་དུ་གཤེགས། །མགོན་པོ་གངས་རིའི་དཀྱིལ་འཁོར་རྒྱས་པ་ལ། །ཐུགས་རྗེ་ཞི་བ་བསིལ་བའི་རྒྱུན་བབས་པས། །འགྲོ་ཀུན་ཉོན་མོངས་མེ་ཚོགས་ཞི་མཛད་པ། །ས་འཛིན་འཇིག་རྟེན་གསུམ་མགོན་གང་དུ་གཤེགས། །ཚོགས་གཉིས་པད་རྫིང་ཡན་ལག་བརྒྱད་ལྡན་ནས། །དད་ལྡན་བུང་བ་མང་པོའི་ཚོགས་རྣམས་ལ། །ཞི་བདེའི་དགའ་སྟོན་དམ་པ་མི་བགྱིད་པར། །རྣམ་གྲོལ་ཡོན་ཏན་ཚོགས་ཆེན་གང་དུ་གཤེགས། །ས་གསུམ་སྐྱེ་དགུ་ཞི་ལ་བཞག་གོ་ཞེས། །ཕན་བདེའི་འོད་སྟོང་དྲ་བ་འགྱེད་མཛད་ཅིང་། །འགྲོ་བའི་ལམ་ཡངས་དཀར་པོར་མཛད་པ་ཅན། །དགེ་ལེགས་ཉིན་མོའི་དབང་ཕྱུག་གང་དུ་གཤེགས། །འཁོར་ཚོགས་དབུས་ན་ཆ་ཤས་གསལ་བའི་སྐུ། །བྱམས་པའི་ཞལ་བཟང་ལྟ་བས་མི་ངོམས་ལ། །ཐུགས་རྗེའི་ཕྱག་གཉིས་འགྲོ་ལ་རྐྱོང་མཛད་པ། །མགོན་པོ་སྟོན་ཟླའི་དཀྱིལ་འཁོར་གང་དུ་གཤེགས། །འཁོར་བའི་ཆུ་གཏེར་ཤིན་ཏུ་བརྒལ་དཀའ་ལས། །སྲིད་གསུམ་རྒྱ་མཚོའི་ཕ་རོལ་སྒྲོལ་མཛད་ཅིང་། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །གྲུ་ཆེན་མཉན་པའི་རྒྱལ་པོ་གང་དུ་གཤེགས། །ཐོགས་མེད་དུས་ནས་ཉེ་བར་གོམས་པ་ཡིས། །འཁོར་བའི་གཅོང་ནད་ཤིན་ཏུ་སྦྱངས་དཀའ་བར། །ཞི་མཛད་བདུད་རྩིའི་གསོས་སྨན་ཀུན་གྱི་བདག །འཚོ་བྱེད་སྨན་པའི་རྒྱལ་པོ་གང་དུ་གཤེགས། །ཉི་ཟླའི་སྣང་བས་གསལ་བར་མ་ནུས་པའི། །གཏི་མུག་མུན་པ་རྨད་བྱུང་སེལ་མཛད་ཅིང་། །གདུལ་བྱའི་མཁའ་ལ་མཁྱེན་བརྩེའི་རྣམ་གྲོལ་ཅན། །སྔོན་མེད་(༡༩)ནམ་མཁའི་ནོར་བུ་གང་དུ་གཤེགས། །རླབས་ཆེན་མཛད་པ་ཐུགས་རྗེའི་རང་བཞིན་ནི། །ཆུ་སྲིན་འཛིན་པ་ཁྲི་ཡིས་མི་བསྐྲུན་པ། །འབྱུང་པོ་འཛིན་མ་འདི་ན་མཚུངས་པ་མེད། །དཔག་ཡས་སྐྱེ་དགུའི་བླ་མ་གང་དུ་གཤེགས། །མི་གཡོ་དྭངས་པ་རྒྱ་མཚོའི་རང་བཞིན་ལ། །འདོད་འབྱུང་ནོར་བུའི་གདེངས་ཅན་གཙུག་གི་རྒྱན། །ས་སྟེང་རྒྱན་གྱུར་མཚུངས་མེད་ཆོས་ཀྱི་རྗེ། །གཞན་ལས་ཆེ་མཆོག་བླ་མ་གང་དུ་གཤེགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །མཐོང་བ་ཙམ་གྱིས་དད་པའི་རླབས་གཡོ་ཞིང་། །འགྲོ་ཀུན་བསོད་ནམས་ཞིང་གི་མཆོག་གྱུར་པ། །ལྷར་བཅས་འཇིག་རྟེན་མཆོད་སྡོང་གང་དུ་གཤེགས། །འཁོར་གྱི་ཁྱམས་སུ་ཚངས་དབྱངས་སེང་གེའི་སྒྲ། །དམ་ཆོས་རིན་ཆེན་ཆར་པ་འབེབས་མཛད་ཅིང་། །མ་རིག་ཐེ་ཚོམ་དྲ་བ་གཅོད་ལ་མཁས། །ཡེ་ཤེས་རྔ་སྒྲའི་བླ་མ་གང་དུ་གཤེགས། །ཆོས་ཉིད་མི་གཡོ་ཏིང་འཛིན་ཡངས་པའི་ཀློང་། །འོད་གསལ་ཉི་ཟླ་དགོངས་ཀློང་རྒྱ་ཆེ་ཞིང་། །མཉམ་རྗེས་དབྱེར་མེད་རྟག་ཏུ་ཆོས་སྐུའི་ངང་། །དབྱིངས་རིག་མཐར་ཕྱིན་བླ་མ་གང་དུ་གཤེགས། །དཔག་མེད་དུས་ནས་མཁྱེན་བརྩེ་རླབས་ཆེ་ཞིང་། །ལུང་རིགས་མན་ངག་སྙིང་པོའི་གངས་ཆེན་མཚོ། །བྱིན་རླབས་དངོས་གྲུབ་རིན་ཆེན་འབྱུང་བའི་གནས། །ཡོན་ཏན་རྒྱ་མཚོའི་བླ་མ་གང་དུ་གཤེགས། །ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་བརྙེས་ཤིང་། །རླབས་ཆེན་མཛད་པས་གདུལ་བྱ་གང་དུ་སྐྱོང་། །འོད་གསལ་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པ། །སྟོབས་ཆེན་རྒྱལ་བའི་རྣམ་འཕྲུལ་གང་དུ་གཤེགས། །བདག་ཅག་དད་ལྡན་འགྲོ་ལ་མི་གཟིགས་པར། །གདོད་མའི་དབྱིངས་སུ་ཞི་ལ་ཐུགས་གཞོལ་བ། །བརྩེ་ཆེན་ཐབས་མཁས་ཐུགས་རྗེ་གང་དུ་གཤེགས། །སླན་ཆད་ཁྱེད་ཞལ་མཐོང་བའི་སྐབས་མཆིས་སམ། །ཐ་མའི་མཛད་པ་མངོན་པར་སྐྱོང་བའི་གནས། །དགེ་བའི་འཇིག་རྟེན་སྟོང་ལ་མི་གཟིགས་སམ། །སྡུག་བསྔལ་མང་ལྡན་མེ་ཚོགས་སྤུངས་པ་འདིར། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་མི་སྦྱོང་ངམ། །མགོན་གྱུར་དག་(༢༠)ཀྱང་རེ་བ་མེད་མཛད་ན། །བདག་ཅག་རྣམས་ལ་སུ་ཞིག་སྐྱབས་སུ་གྱུར། །ཀྱེ་མ་སྐྱབས་མཆོག་བླ་མ་ཐུགས་རྗེ་ཅན། །ཞི་བའི་དབྱིངས་ནས་ཐུགས་རྗེས་ཕྱག་རྐྱོངས་ལ། །བདག་ཅག་འགྲོ་ཀུན་དེ་རིང་དྲང་དུ་གསོལ། །འཁོར་བའི་རྒྱ་མཚོ་སྟོངས་པར་མཛད་དུ་གསོལ། །དེ་ལྟར་གདུང་བས་ཉིན་མཚན་གསོལ་བ་འདེབས། །གུས་པས་ཕྱག་འཚལ་རྟག་ཏུ་སྐྱབས་སུ་མཆི། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །དུས་རྣམས་རྟག་ཏུ་འདྲེན་མཆོག་མཛད་དུ་གསོལ། །མཐའ་ཡས་ཞིང་དང་འགྲོ་བ་ཇི་ཙམ་པར། །བློ་ཡིས་མངོན་སྤྲུལ་དེ་དག་ཐལ་སྦྱོར་ཏེ། །དད་བརྒྱའི་འདབ་སྟོང་གཡོ་བས་ཕྱག་འཚལ་ཞིང་། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །རྒྱན་གྱུར་འཇིག་རྟེན་བླ་མ་དེང་ཤར་དེ། །འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བར། །འགྲོ་ལ་ཕན་གཟིགས་ཐ་མའི་མཛད་པ་ཡིས། །ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །སྟོན་ཁའི་ཟླ་བ་དང་པོ་ཞི་བ་ཡིས། །ནགས་ཁྲོད་དམ་པར་སྐུ་ཚེ་གཏོང་བ་ལས། །སླར་ཡང་བྱིན་རླབས་ཐུགས་རྗེས་རྨད་དུ་བྱུང་། །རྒྱལ་བའི་མཛད་པར་མཚུངས་ལ་གུས་ཕྱག་འཚལ། །གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །དེ་ཚེ་ས་དང་ནགས་ཚལ་བཅས་པ་གཡོས། །དུས་མིན་སྒྲ་དང་སིལ་སྙན་དཔག་མེད་འཁྲོལ། །ལྷ་རྫས་མཆོད་པས་མཛེས་ལ་གུས་ཕྱག་འཚལ། །ཕྱོགས་རྣམས་སྟོན་ཁའི་མདོག་བཟང་མཛེས་པ་ལས། །དད་པའི་མཁའ་དབྱིངས་འོད་ལྔའི་བླ་རེ་བྲེས། །དྲྭ་བ་དྲྭ་ཕྱེད་ཟླུམ་འཁྲིགས་ཟ་འོག་རིས། །རབ་འཁྱིལ་སྣང་བ་ཤར་ལ་གུས་ཕྱག་འཚལ། །སྐུ་གདུང་མཆོད་ལས་ཉིན་མཚན་ཕྱེད་པར་ཡང་། །མཁའ་འགྲོའི་སྒྲ་དང་སིལ་སྙན་གླིང་བུ་དང་། །ལྷ་རྫས་རོལ་མོ་འོད་ལྔའི་སྣང་བར་བཅས། །ཡ་མཚན་མཆོད་སྤྲིན་མཐོང་ལ་གུས་ཕྱག་འཚལ། །གང་ལ་སྐུ་གདུང་ཞུགས་ཀྱིས་འབར་བ་ན། །འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང་། །འགྲོ་(༢༡)ཀུན་མི་རྟོག་བསམ་གཏན་ས་ལ་གནས། །ངོ་མཚར་སྣང་བས་ཁྱབ་ལ་གུས་ཕྱག་འཚལ། །དེ་ཚེ་མཁའ་ལ་སྙན་པའི་སྒྲ་གྲགས་ཤིང་། །དུས་སྤྲིན་རྩེ་ལ་འོད་ཟེར་ཚོགས་ཤར་བས། །ནམ་མཁའི་དབྱིངས་ཁྱབ་ཁྱད་པར་ནུབ་ཕྱོགས་གསལ། །འགྲོ་བའི་ཡིད་རབ་གཡོ་ལ་གུས་ཕྱག་འཚལ། །ཐབས་ཀྱི་སྐུ་གདུང་རྒྱས་པར་མཛད་པ་ལས། །དབུ་ཐོད་རིལ་བུ་འོད་ལྔའི་དཀྱིལ་འཁོར་དུ། །རང་བྱོན་འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །ངོ་མཚར་རྟེན་དུ་གྱུར་ལ་གུས་ཕྱག་འཚལ། །རིལ་བུའི་གདུང་གཞུག་མཆོད་རྟེན་བཞེངས་པ་ནའང་། །འོད་ལྔའི་གདུགས་དང་བླ་རེས་རྒྱལ་མཚན་མཆོག །ནམ་མཁའི་དབྱིངས་ན་སྣང་བས་མཛེས་གྱུར་པ། །བསོད་ནམས་ཞིང་དུ་གྱུར་ལ་གུས་ཕྱག་འཚལ། །དམ་པ་རྣམས་ཀྱི་ཚུལ་འདི་བསམ་མི་ཁྱབ། །སྲིད་པ་ཇི་སྲིད་ཕན་བདེ་མཛད་པ་སྟེ། །འདི་ཡི་རླབས་ཆེན་སྤྱོད་པ་མཐའ་ཡས་པ། །འདི་ལྟ་འོ་ཞེས་བསམ་པའི་ཡུལ་ལས་འདས། །ལ་ལར་གཤེགས་དང་ལ་ལར་བལྟམས་པ་དང་། །ལ་ལར་མཉམ་གཞག་ལ་ལར་ཞིང་རྣམས་སྦྱོང་། །

ལ་ལར་དོན་མཛད་ལ་ལར་བདུད་རྣམས་འདུལ། །དབྱིངས་ལས་མི་གཡོ་སྤྲུལ་པ་རྒྱུན་མི་ཆད། །དེ་སླད་བདག་ཅག་དོན་ལྡན་འགྲོ་བ་རྣམས། །འཁོར་བའི་གནས་ནས་ཞི་བའི་ནགས་འདབས་སུ། །འདི་ཡི་ཐུགས་རྗེས་མྱུར་དུ་འདྲེན་ངེས་པས། །དུས་མེད་རྒྱུན་དུ་གུས་པས་གསོལ་བ་འདེབས། །དམ་པ་འདི་དང་འགའ་ཞིག་འཕྲད་གྱུར་ཏེ། །གསུང་ཙམ་ཐོས་དང་ཞལ་མཐོང་སྐྱེ་དགུ་རྣམས། །ངན་སོང་རྣམས་ཆད་ཐར་ལམ་བྱང་ཆུབ་རྙེད། །དེ་སོགས་ཡོན་ཏན་བརྗོད་ཀྱིས་ཡོངས་མི་ལངས། །ལྷར་བཅས་འགྲོ་བའི་དེད་དཔོན་བླ་མ་ལ། །བདག་གཞན་མ་ལུས་གུས་པས་ཕྱག་འཚལ་ཞིང་། །ནམ་མཁའི་མཐའ་ཀླས་ཏིང་འཛིན་སྤྲིན་ཚོགས་ཀྱིས། །མངོན་པར་བཀང་སྟེ་བླ་མེད་མཆོད་སྤྲིན་བགྱི། །ལུས་དང་ངག་ཡིད་སྡིག་ཀུན་ཅི་མཆིས་པ། །ཐུགས་རྗེའི་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ལས་དང་ཉོན་མོངས་མེ་ཚོགས་ཇི་སྙེད་ཀུན། །ཡེ་ཤེས་ཆུ་བོས་ཞི་བར་མཛད་དུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཁྱེད་ཀྱིས་རྣམ་གྲོལ་ཐུགས་རྗེས་ཕྱག་རྐྱོངས་ལ། །འཁོར་བ་ངན་སོང་སྡུག་བསྔལ་མི་འབྱུང་ཞིང་། །ཐེག་པ་དམན་(༢༢)ལ་བསྐྱབ་པར་མཛད་དུ་གསོལ། །རྟག་ཏུ་བཤེས་གཉེན་དམ་པ་བརྟེན་བྱེད་ཅིང་། །འོད་གསལ་ཡེ་ཤེས་ས་དང་ལམ་རྫོགས་ནས། །བྱང་ཆུབ་ཞི་བ་ཐོབ་པར་མཛད་དུ་གསོལ། །བདག་ཅག་གང་དུ་སྐྱེ་བ་རྣམ་ཀུན་ཏུ། །ཁྱེད་དང་མི་འབྲལ་བསྒྲོད་པ་གཅིག་པུ་ཡིས། །གཞན་དོན་རླབས་ཆེན་ཕྲིན་ལས་རྫོགས་པར་ཤོག །ཐུགས་རྗེའི་སྤྱན་མཆོག་དམ་པ་དཀྱུས་རིང་བས། །དུས་རྣམ་ཀུན་ཏུ་བདག་ཅག་གཟིགས་མཛོད་ལ། །ཉེས་ཀུན་རྣམ་སེལ་ལེགས་དགུ་ལྷུན་གྲུབ་ནས། །འདོད་དགུའི་རེ་བ་རྫོགས་པར་མཛད་དུ་གསོལ། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མཛད་དུ་གསོལ། །མགོན་དང་བཤེས་དང་ས་མཁན་མཛད་དུ་གསོལ། །ཡེ་ཤེས་འོད་གསལ་སྒྲོན་མེ་སྦར་དུ་གསོལ། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་བདག་བློ་མོས་པའི་གདུང་ཤུགས་ཀྱིས། །མཆོག་ཏུ་གུས་པས་གསོལ་བ་བཏབ་པ་ཡི། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་མེད་མྱ་ངན་མེད་པའི་གནས་ཐོབ་ཤོག །བླ་མ་དམ་པ་ཀུ་མ་རཱ་ཛ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། གདུང་བའི་ཡིད་དང་སྨྲེ་ངག་གི་སྒོ་ནས་གསོལ་བ་འདེབས་པའི་རབས་པདྨ་སྟོང་ལྡན་ཞེས་བྱ་བ། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་། བདེ་བར་གཤེགས་པའི་གསུང་རབ་ཕལ་པོ་ཆེ་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་ལེགས་པར་སྦྱངས་པ། ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །ཤུ་བྷཾ། སརྦ་མངྒ་ལཾ།། །།

ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན།

༄༅། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་བཞུགས་སོ། །

༄༅། །ༀ་སྭསྟི། སརྦ་མཾ་ག་ལ་སིདྡྷི་ཕ་ལ་ཧོ། བླ་མའི་རྣམ་ཐར་མཐོང་བ་དོན་ལྡན་ཞེས་བྱ་བ། བརྒྱུད་པ་གསུམ་གྱི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གང་གི་ཐོག་མར་འགྲོ་དོན་ཐུགས་བསྐྱེད་ནས། །བར་དུ་གྲངས་མེད་དབུ་ལ་ཁུར་ཆེན་ཁྱེར། །ཐ་མར་བྱང་ཆུབ་མངོན་པར་སངས་རྒྱས་ནས། །ལྷ་མཛེས་སྲས་མཆོག་ལུམྦིའི་ཚལ་བལྟམས་བཞིན། །སྐྱེས་མཆོག་འདི་ཡང་དེ་ཡི་རྗེས་འགྲོ་བའི། །སྔོན་རོལ་བསྐལ་པ་མང་པོར་ཚོགས་བསགས་(༢)ནས། །བར་དུ་བརྩོན་པའི་གོ་ཆ་མཐའ་ཡས་ཤིང་། །ཐ་མར་དོན་གཉིས་མཛད་དེ་གཙུག་གིས་མཆོད། །བདག་ཉིད་ཆེན་པོ་དྲི་མེད་འོད་ཟེར་གྱི། །རྣམ་ཐར་ནམ་མཁའི་མཐའ་དང་རྒྱ་མཚོའི་ཁྱོན། །ཚུ་རོལ་བློ་ཡིས་རྟོགས་པར་དཀའ་ན་ཡང་། །བཀའ་དྲིན་དྲན་དང་ཕྱི་རབས་དོན་དུ་སྤྲོ། །ཆུར་ཉལ་ཚལ་ན་རྟ་བདུན་ཤར་བ་ཡིས། །རྐང་དྲུག་དགའ་སྟོན་འཕེལ་བར་གྱུར་པ་ལྟར། །བདག་བློའི་སྙིང་གི་པདྨོ་ཁ་ཕྱེས་ལ། །འཆད་རྩོད་རྩོམ་པའི་སྤོབས་པ་བསྐྱེད་དུ་གསོལ། །

༈ དེ་ཡང་འདིར་སྐྱེས་མཆོག་དེའི་བཀའ་དྲིན་མི་འདོར་བ་དང་། ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ། ཆོས་རྗེ་རིན་པོ་ཆེའི་རྣམ་ཐར་མཐོང་བ་དང་། ཐོས་པ་དང་། རྟོགས་པའི་ཚུལ་མདོ་ཙམ་ཞིག་ཡི་གེར་འགོད་པ་ལ། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་ཀྱིས་སྡོང་གྲོགས་མཛོད་ཅིག །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུའི་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་སྐུ་ལ་ཞིང་ཁམས་ཐམས་ཅད་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཕྱག་གཉིས་མཉམ་གཞག་གི་མཐིལ་ན། ལྷུང་བཟེད་སྤོས་ཆུས་གཏམས་པར་མེ་ཏོག་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ། ཐུགས་ཀ་དཔལ་གྱི་བེའུའི་ཐད་པདྨའི་ཟེའུ་འབྲུ་གཅིག་གི་སྟེང་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ། ཐུབ་པའི་དབང་པོ་འདིའི་གདུལ་ཞིང་འཛམ་གླིང་བྱེ་བ་ཕྲག་བརྒྱར་གནས་པ་ལ། གླིང་བཞི་ལས་ལྷོ་ཕྱོགས་འཛམ་གླིང་། སའི་ལྟེ་བ་རྡོ་རྗེ་གདན་ལས་དཔག་ཚད་བརྒྱ་ལྷག་གིས་བགྲོད་པའི་ས་ཕྱོགས་གཡོ་རུ་གྲ་ཕུ་སྟོད་གྲོང་ཞེས་བྱ་བར། སློབ་དཔོན་ཆེན་པོ་པདྨའི་དངོས་སློབ། དཔལ་རྟ་མགྲིན་གྱི་(༣)གྲུབ་ཐོབ་གདུང་རུས་ངན་ལམ་མཚན་བཙུན་པ་རྒྱལ་བ་མཆོག་དབྱངས་ཞེས་བྱ་བ་དེའི་གདུང་རུས་ཀྱི་བརྒྱུད་པ་ཟམ་མ་ཆད་པ་དེའི་མི་རབས་ཉི་ཤུ་རྩ་ལྔ་སོང་བ་ན། ཨ་མྱེས་ལྷ་སྲུང་ཞེས་བྱ་བ་བདུད་རྩི་སྨན་གྱི་གྲུབ་པ་ཐོབ་པ། དགུང་ལོ་བརྒྱ་དང་ལྔ་ཐུབ་པ་སློབ་དཔོན་བསྟན་པ་སྲུང་ཞེས་བྱ་བ་གཅིག་དང་། ཡུམ་མཁའ་འགྲོའི་སྤྲུལ་པ་འབྲོག་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་པའི་ལྟས་ལ། ཡུམ་གྱི་རྨི་ལམ་དུ་སེངྒེ་ཆེན་པོ་གཅིག་གི་དཔྲལ་བར་ཉི་མ་གཉིས་དུས་གཅིག་ལ་ཤར་བ་འོད་ཟེར་ཁྱིལ་ཁྱིལ་མོ་རང་གི་ལུས་ལ་ཐིམ་པ་རྨིས་ཏེ། དུས་ཚོད་ས་ཕོ་སྤྲེའུའི་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད། སྐར་མ་རྒྱལ་འཛོམས་པ་ལ་སྐུ་བལྟམས་པའི་ཚེ། བུད་མེད་ནག་མོ་རལ་གྲི་ཐོགས་པ་བཞིན་དང་མཆེ་བ་གཉེར་བ་ཞིག་ན་རེ། ངས་བསྲུངས་པ་ཡིན་ཟེར་ནས་ཕྱག་ཏུ་བླང་། སླར་ཡུམ་ལ་གཏད་དེ་མི་སྣང་བར་གྱུར་ཏོ། །དེ་ནི་ནམ་གྲུ་རེ་མ་ཏཱིའོ། །ཡང་ལན་གཅིག་ཡུར་མ་བྱེད་དུས། མུ་ཁར་བསྙལ་ནས་ཡོད་པའི་ཚེ། ཡུམ་བྱ་བ་གཅིག་གིས་བྲེལ་ནས་ཡོད་དུས། སེར་བ་བབས་པས་བུ་ཆུང་བརྗེད་ནས་ནང་དུ་ཕྱིན་པ་དང་། དྲན་ནས་ཞིང་ཁར་བལྟས་པས་བུ་ཆུང་མི་འདུག་ནས། ངུ་ཞིང་ནང་དུ་ཡོང་བ་དང་། སྔར་གྱི་བུད་མེད་ནག་མོ་དེས། བུ་ཆུང་མཛོད་ནས་ཁྱེར་བྱུང་སྟེ། རལ་གྲི་བརྡེག་ལ་ཁད་བྱས་ནས་སྤྲུལ་པའི་སྐུ་ལ་བརྙས་པ་བྱེད་པ་ཟེར་ནས་མི་སྣང་བར་གྱུར་ཏོ། །རང་བཞིན་དུས་ཐམས་ཅད་དུ། ནམ་གྲུ་རེ་མ་ཏཱི་གཟུགས་ཐ་དད་པའི་སྒོ་ནས་འབྲལ་བ་མེད་པར་ཞབས་ཏོག་བྱས་སོ། །དེ་ཡང་སྤྲུལ་པའི་སྐུ་ཡིན་པར་པདྨའི་བཀའ་ཆེམས་ལས་ལུང་བསྟན་ཟིན་པ་ཡིན་ཏེ། དུས་ཀྱི་ཐ་མ་ལ་རྒྱལ་བ་མཆོག་དབྱངས་ཀྱི་རིགས་རྒྱུད་ཀྱི་ཐ་མ་ལ་འཇམ་དབྱངས་ཀྱི་སྤྲུལ་པ་གཅིག་གིས་སྔགས་ཀྱི་བསྟན་པ་དར་བར་བྱེད་ཅིང་། དེ་ནས་ཡང་བརྒྱུད་པ་གཉིས་ཀྱི་བར་དར་བར་བྱེད་པ་ཡིན་ཏེ།

༈ ལུམྦིའི་ཚལ་ན་དོན་གྲུབ་བལྟམས་པའི་ཚེ། །ལྷ་དབང་ཀླུ་ཡི་རྒྱལ་པོས་ཁྲུས་གསོལ་ནས། །དར་དཀར་སླེ་འུས་བླངས་ནས་ཤིས་པ་བརྗོད། །དགའ་བའི་མདངས་ཕྱུངས་ལེགས་པར་མཆོད་པ་ལྟར། །(༤)སྐྱེས་མཆོག་འདི་ཡང་བལྟམས་པར་གྱུར་པའི་ཚེ། །ནམ་གྲུ་རེ་མ་ཏཱི་ཡི་ཕྱག་གཉིས་ཀྱིས། །ལེགས་པར་བླངས་ནས་བསྲུང་ཞིང་སྐྱོབ་བོ་ཞེས། །སླར་ཡང་ཡུམ་ལ་གཏད་ནས་མི་སྣང་གྱུར། །ཞེས་པ་ནི་བལྟམས་པའི་ཚིགས་སུ་བཅད་པའོ། །

དེ་ལྟར་ཆུང་ངུ་ནས་དད་པ་དང་། སྙིང་རྗེ་དང་བློ་གྲོས་ཆེ་ཞིང་དགུང་ལོ་༼ཆུ་ཕོ་བྱི་བ་༽ལྔ་ནས་འབྲི་ཀློག་ཞིབ་པར་མཁྱེན། ༼ཤིང་སྟག་༽བདུན་ལ་ཡབ་ལས་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུའི་ཕྲིན་ལས་གཞུང་། སྨན་རྩིས་ལ་སོགས་པ་མཁྱེན་པར་མཛད། དགུང་ལོ་༼མེ་འབྲུག་༽དགུ་ལ་གྲྭ་ཕྱི་ཚོང་འདུས་སུ། ཉི་ཁྲི། བརྒྱད་སྟོང་པ་གཉིས་བརྒྱ་ཚར་བཏོན་པས་ཐུགས་ལ་ཆུད། དགུང་ལོ་༼ས་མོ་ལུག་༽བཅུ་གཉིས་ལ་བསམ་ཡས་སུ་མཁན་པོ་བསམ་རིན་པ་དང་། སློབ་དཔོན་ལྷ་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་ནས་ཚུལ་ཁྲིམས་བློ་གྲོས་ཞེས་མཚན་གསོལ་ཏེ། འདུལ་བ་བསླབས་ཤིང་། བཅུ་གཉིས་ལ་གྲྭ་སྐོར་དང་བཤད་པ་མཛད་དོ། །ཟས་གཙང་སྲས་པོ་ཁབ་ནས་མངོན་ཕྱུང་སྟེ། །རྣམ་དག་དྲུང་དུ་རབ་བྱུང་བསྙེན་པར་རྫོགས། །འཁོར་བའི་ཉེས་དམིགས་གཟིགས་པའི་ཚུལ་བསྟན་ནས། །འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བར་མཛད། །དེ་ལྟར་དམ་པ་འདི་ཡང་བསམ་ཡས་སུ། །བསྟན་པའི་གཞི་མ་འདུལ་བ་ཡིན་དགོངས་ནས། །ཉན་ཅིང་བཤད་ནས་ཕུལ་དུ་ཕྱིན་པར་མཛད། །ཐུབ་ཆེན་རྗེས་འགྲོ་དེ་ལ་གུས་པས་འདུད། །

༈ དེ་ནས་དགུང་ལོ་བཅུ་དྲུག་ལ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལ། ལམ་འབྲས་གཉིས་དང་། ཆོས་དྲུག་གཉིས་དང་། ཕག་མོའི་ཆོས་དྲུག་དང་། བདེ་མཆོག་དྲིལ་བུ་པའི་དབང་དང་བཅས་པ། ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང་གདམས་པར་བཅས་པ་ཞུས་ཤིང་། སློབ་དཔོན་དབང་ཡེས་ལས་དུས་འཁོར། གསར་མའི་རྒྱུད་འབུམ་ལ་སོགས་རྒྱུད་སྡེ་མང་པོ་དང་། ཟ་ལུང་རིན་པོ་ཆེ་ལས་ཞང་ཚལ་པའི་ཆོས་སྐོར། རྒོད་ཚང་པའི་ལམ་ཁྲིད། དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ། མ་ཅིག་གི་གཅོད་རྣམ་དྲུག་ལ་སོགས་པ་གསན་ཅིང་། དགུང་ལོ་བཅུ་དགུ་༼མེ་ཕོ་སྟག་༽(༥)ལ་གསང་ཕུར་བྱོན་ནས། མཁས་པའི་ཕུལ་དུ་ཕྱིན་པ་བླ་བྲང་པ་ཆོས་དཔལ་ལྡན་རྒྱལ་མཚན་པ། ཆོས་གྲགས་གཉིས་ཀྱི་དྲུང་དུ། བྱམས་པའི་ཆོས་ལྔ། ཚད་མ་རྣམ་འགྲེལ། ཚད་བཏུས་རྣམས་ཀྱི་ཉན་བཤད་ལོ་དྲུག་ཞུན་ཐར་ལེགས་པར་བཅད་དེ། མགོན་པོ་བྱམས་པའི་རྒྱུད་བླ་མར། རྣམ་རྟོག་ལས་གཞན་དེ་དག་གི། །སྤང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་མཐུན་པར་དམ་པ་དེ་ཉིད་ཀྱིས། །ཐོས་བསམ་གནས་ལ་བློ་གྲོས་ལེགས་སྦྱངས་ནས། །མི་ཤེས་མུན་སེལ་རྨོངས་པའི་ཚང་ཚིང་བསྲེགས། །ཤེས་བྱ་རབ་གཟིགས་མཁས་པའི་ཕ་མཐར་ཕྱིན། །ཅེས་པ་འདི་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེ་ནས་སྐབས་འགའ་ཞིག་ཏུ། མི་གཡོ་བ་དང་དབྱངས་ཅན་མ་ཤེས་རབ་གསལ་བྱེད་ལ་སོགས་པའི་སྒྲུབ་པ་མཛད་པས། ལྷ་སོ་སོའི་ཞལ་གཟིགས་ཤིང་གསུང་ཐོས་པ་དང་། ཁྱད་པར་དབྱངས་ཅན་མ་དང་མཇལ་དུས། དབྱངས་ཅན་གྱི་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་གཟིགས་སོ། །དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་རྩ་ཁ་ཕྱེ་སྟེ་བློ་གྲོས་ཕྱོགས་མེད་དུ་རྒྱས་ཏེ། གསང་ཕུ་ལ་སོགས་པའི་རིག་གྲྭར་བསམ་ཡས་པ་ལུང་མང་བ་ཞེས་གྲགས་སོ། །གཞན་ཡང་སྐད་གཉིས་སྨྲ་བ་བློ་གྲོས་བསྟན་པའི་དྲུང་དུ་ཚད་མ་སྡེ་བདུན་གྱི་རྣམ་བཤད་དང་། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་གྱི་བཤད་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའི་ཟབ་མོ་མདོ་ལྔའི་བཤད་པ་དང་། སྙན་ངག་མེ་ལོང་གཞུང་འགྲེལ་ལ་སོགས་པ་མང་དུ་གསན་ནོ། །དེ་ལྟར་ལུང་དང་མན་ངག་དང་། རིག་པ་དང་སྙན་ངག་དང་། སྡེབ་སྦྱོར་ལ་དབང་འབྱོར་པས་ཕྱོགས་ཐ་དད་དུ་བྱོན་ནས། མཁས་གྲུབ་ཀྱི་བླ་མ་དུ་མ་ལས་མདོ་དང་རྒྱུད་དང་མན་ངག་རྣམས་མང་དུ་ཞུས་ཤིང་། སློབ་དཔོན་གཞོན་ནུ་དོན་གྲུབ་ལས་རྙིང་མའི་རྒྱུད་འབུམ། འདུས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་ལ་སོགས་པ་མང་དུ་གསན་ནོ། །

སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་བཀའ་དང་པོ་བདེན་(༦)པ་བཞིའི་འགྲེལ་པ་གཏམ་གྱི་ཚོགས་དང་། བར་པ་མཚན་ཉིད་མེད་པའི་འགྲེལ་པ་རིག་པའི་ཚོགས་དྲུག་རྩ་བ་ཤེས་རབ། རིག་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་འཐག་པ། རྩོད་པ་བཟློག་པ། ཐ་མ་དོན་དམ་ངེས་པའི་ཚོགས་འགྲེལ་པ་ཆོས་དབྱིངས་བསྟོད་པ་ལ་སོགས་པའི་བསྟོད་ཚོགས་ཞུས་ཤིང་། སློབ་དཔོན་གཞོན་ནུ་རྡོ་རྗེ་ལས་སྤྱོད་འཇུག་བསླབ་བཏུས་ཇོ་བོའི་བཀའ་གདམས་སྐོར། སྙན་བརྒྱུད་མང་དུ་ཞུས་ཤིང་། མཁན་པོ་ལས་ཁྲོ་ཕུ་བའི་ཆོས་སྐོར། སྒྲུབ་ཐབས་རྒྱ་མཚོ། མཁའ་འགྲོ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། ཆོས་འབྱུང་བརྒྱ་རྩ། འདུལ་བ་ལུང་། མདོ་སྡེ་རྒྱས་འབྲིང་བསྡུས་གསུམ། རྡོ་རྗེ་གཅོད་པ། སྡུད་པ། ཤེས་རབ་སྙིང་པོ། ཤེས་རབ་ཁྲི་པ། ཚུལ་ལྔ་བཅུ་པ་ལ་སོགས་པའི་ལུང་མང་པོ་གསན་ཞིང་། ཆོས་རྗེས་ཀརྨ་པ་རང་བྱུང་རྡོ་རྗེ་ལས་སྦྱོར་དྲུག་གེགས་སེལ་དང་བཅས་པ། ནཱ་རོ་ཆོས་དྲུག །སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། གསང་འདུས། སམ་བྷུ་ཊི། མཧཱ་མ་ཡཱ། གཤེད་དམར་ནག་རྣམས་གསན་ཞིང་། སློབ་དཔོན་དབང་ཡེས་ལས་སྦྱོར་དྲུག་བསྙེན་སྒྲུབ་ཡི་དམ་དམར་ཁྲིད། སངས་རྒྱས་ཐོད་པ། མཁའ་འགྲོ་གུར། འཇིགས་བྱེད་རྭ་ལུགས་ཀྱི་རྒྱུད་རྟོག་པ་བདུན་པ་དང་། གསུམ་པ་དབང་གདམས་ངག་རྫོགས་རིམ་དང་བཅས་པ། རླུང་འཁོར་ཛཾ་བྷ་ལ་དང་། ཀུ་རུ་ཀུལླེ། ཐུབ་པ། ཡུམ་སྒྲུབ། བྱམས་པ། གནས་བརྟན་བཅུ་དྲུག །སྨན་ལྷ་སོགས་ཀྱི་སྒྲུབ་ཐབས་མང་དུ་ཞུས་ཤིང་། ཤུག་གསེབ་རིན་པོ་ཆེ་ལས། དོ་ཧ་སྐོར་གསུམ། རི་ཆོས་སྐོར་གསུམ། རྟེན་འབྲེལ་བརྒྱ་རྩ་ཞུས་ཤིང་། སློབ་དཔོན་སྟོད་ཚུལ་ལས་དྲང་སྲོང་གཞུང་སྐྱེས་ཀྱི་དངུལ་ཆུའི་བཅུད་ལེན་དང་བྱེ་མའི་བཅུད་ལེན་ཞུས་ཤིང་། བླ་མ་འཇམ་དབྱངས་པ་ལས། དུས་འཁོར་ས་རིས། མེ་མཁའ་རྒྱ་མཚོའི་ལྔ་བསྡུས། ཉི་ཟླ་གཟའ་འཛིན། བརྟག་གཉིས། རྡོ་རྗེ་རྩེ་མོ། འཇམ་དཔལ་རྩ་རྒྱུད། རྡོ་རྗེ་འབྱུང་བ། ཀུན་དཀའ་སྙིང་པོའི་འགྲེལ་པ། དེ་ཁོ་ན་ཉིད་བསྡུས་པ་ཏ་ཐ་སཾ་ཧ། སྦྱོང་རྒྱུད། རྡོ་རྗེ་དབྱིངས། ཀུན་རིག །རབ་གནས་དོན་གསལ་ལ་སོགས་(༧)པ་ཞུས་ཤིང་། ས་སྐྱ་པའི་བླ་མ་བདག་ཉིད་ཆེན་པོའི་དྲུང་དུ། ཐུགས་བསྐྱེད་ཆེན་མོ། རྒྱུད་གསུམ་གྱི་གདམས་པ་ཁ་ཚང་ཞུས་ཤིང་། བླ་མ་ཁྲོ་ཕུ་བ་ལས། རྡོ་རྗེ་ཕྲེང་བ་གུར་མགོན་དྲེགས་མགོན་ལ་སོགས་པ་ཞུས་ཤིང་། བླ་མ་འཚོགས་འདུས་པ་ལས། ཆོས་དབང་ལུགས་ཀྱི་གསང་བ་ཡོངས་རྫོགས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། འཁོར་བ་དོང་སྤྲུགས། བླ་མ་གསང་འདུས། མགོན་པོ་མ་ནིང་། བཅུད་ལེན་བརྒྱ་རྩ། རྒྱ་མཚོ་དུ་རུ་ཀའི་གཏད་རྒྱ། བཟོ་ཡིག་པ་ཏྲ། མེ་སྒྱོགས་ཆུ་སྒྱོགས། དཔག་ཆེན་དཔག་ཆུང་། ཁྲོམ་སྒྲུབ་པ་ལ་སོགས་ཞུས་ཤིང་། ཁང་དམར་པ་ལས། ཚེ་བདག་པཱ་ལ་པ་ཏྲ། ཚ་ཚ་སྙོན་པ། ཙིཏྟ་དམར་པོ། མ་མོ་དུག་གི་སྤུ་གྲི། དུ་བ་རླུང་ཞོན། འབུམ་པ་ནག་པོ། མུ་སྟེགས་ལྷ་བདུན། རྡོ་རྗེ་གཅོད་པ། སེར་བ་སྲུང་འབེབས་ལ་སོགས་པ་ཞུས་ཤིང་། གཉོས་མཐིས་མ་པ་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ། གནམ་ལྕགས་ཨུར་མོ། ཕུར་པ་གཏེར་མ། ཌཱཀྐི་གསང་བ་ཡེ་ཤེས། མགོན་པོ་ལེ་བདུན་མ། སྟག་ཞོན། བྱ་ཞོན། སེང་ཞོན་སྒྲུབ་ཐབས་ལ་སོགས་པ་ཞུས་ཤིང་། དེ་ཡང་སྔར་གསང་ཕུར་བཞུགས་དུས། ཁམས་པ་རྣམས་ཀྱིས་གནས་ཁང་གཅིག་ནས་གཅིག་ཏུ་ལན་བདུན་ཕུད་པས། ཁྲོ་ཕུ་བ་དཀོན་མཆོག་དཔལ་དང་ལྷན་ཅིག་བཞུགས་ཤིང་ཡོད་པ་ལ། དགུང་གཅིག་གི་སྐབས་སུ། བླ་བྲང་པ་ཆོས་དཔལ་བཟང་པོས་ཁྲོ་ཕུ་བ་ལ་ཤོག་གསུངས་ནས། དགེ་བཤེས་བསམ་ཡས་པ་འདི་འདིར་ཆགས་ན་གྲྭ་ས་འདི་ལ་ཕན་པ་ཞིག་འོང་བ་འདུག་སྟེ། ཁམས་པ་ངན་པ་འདི་རྣམས་ཀྱིས་སྡོད་དུ་མི་འཇུག་པ་འདུག་པས། ཇ་འདི་ཁྱེར་ལ་ཁོང་གལ་ཆེ་བ་རྣམས་ལ་དྲོངས། སྣམ་བུ་འདི་གཉིས་ཐོང་། ཁྱེད་ཀྱིས་ལབ་ལབ་གྱིས། ངའི་ཡང་ལབ་ཡིན་གྱིས་གསུངས་ནས། ཇ་ཞོ་ཕྱེད་དང་སྣམ་བུ་གཉིས་བསྐུར་བ་ཁྱེར་ནས། སློབ་དཔོན་པས་འདི་སྐད་གསུང་། ཇ་འདི་འཐུང་བྱས་པས། ཇ་སང་བཏུང་བས་ཆོག །དོ་དགོང་མི་ཁོམ་པར་ཡོད་ཟེར་ནས་གཤེགས་སོ། །ཕྱིར་ནངས་ཐོ་རངས་(༨)ཁྲེས་པོ་བསྒྲོགས་ནས་ངེད་འགྲོ་བ་ཡིན། ངའི་ཤུལ་ན་ཁོང་རྣམས་ཟོ་ཞིག་གསུངས་ནས་བཞུད་དོ། །གྲོགས་པོ་གཅིག་ཡར་བྱུང་བ་དང་ལོཙྪ་བ་ཆེན་པོའི་སྐུ་འབུམ་རྩར་འཕྲད་བྱུང་བས། ཁྱོད་འགྲོ་བ་ཨི་ཡིན་ཟེར་བས། ང་ཁམས་པའི་ཐད་དུ་སྡོད་ས་མི་འདུག་པས་འགྲོ་ཟེར། ཁྱོད་རྩོམ་པ་ལ་ནི་ཐོགས་པ་མེད། ཁོང་རྣམས་ལ་ངན་སྨྲས་ཀྱི་ཚིགས་བཅད་ཅིག་འཇོག་རྒྱུ་ཡིན་ནམ་ཟེར་བས། ཤོག་བུ་བྲེ་ཁ་གང་ལ་ཤོངས་ཐང་ཞིག་བྲིས་ནས་ཆོས་ཁྲིར་བསླན་ཡོད། ད་དུང་འདི་ནས་དུམ་གཅིག་བསྐུར་བས། འདི་ཁྱེར་ཅིག་གསུངས་ནས་རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ་མཛད་ནས་ཡར་བསྐུར། ཁོང་རྣམས་ཀྱིས་ཆོས་ཀྱི་ཁྲིའི་ཡིག་ངན་དེ་དར་དུ་མ་སྟེར། ཀ་ཁ་སུམ་ཅུ་འདི་རྒྱ་ཡུལ་ཡན་ཆད་དུ་དར་བར་གྱུར་ཏོ། །དེ་ནས་སྐབས་གཅིག་ཏུ་དབུར་སྟོད་ལ་ཡར་བསོད་སྙོམས་ལ་བྱོན་པ་ལ། ན་བཟའ་ལ་ཡང་ཆོས་ཤམ་སྟོད་ཐུང་བོད་ཕྲུག་དུར་ཁའི་ཕྱམ་ཙེ་ཐོ་རེ་བ་ཞིག་དང་མཐའ་གཉིས་སུ་མ་ལྷུང་བ་ཙམ་ལས་མེད། ཆ་མདའི་ཡུལ་ཁང་ཞིག་ཏུ་བཞུགས་པའི་ནུབ་མོ་དབུས་སྟོད་ནས་ཡོང་བའི་དགེ་བཤེས་གཅིག་ཀྱང་དེར་བསྡད་འདུག་པ་དེ་ན་རེ། ཁྱོད་གང་ནས་ཡིན་ཟེར། ང་གསང་ཕུ་ནས་ཡོང་བ་ཡིན་བྱས་པས། སློབ་གཉེར་ཅི་བྱས་ཟེར་བས། འདུལ་བ་དང་། བྱམས་ཆོས་ལྔ། ཚད་མ་ལ་སོགས་པ་ཤེས། ཁྱེད་གང་ནས་ཡིན་གསུངས་པས། ང་རྒྱ་མ་ནས་ཡིན། ཡུལ་ནི་ཟོལ་ཕུག་པ། བཙུན་པ་ནི་བྱ་ཡུལ་དུ་བྱས། སློབ་གཉེར་ནི་དབུ་མ་འཇུག་པ་ལེགས་པོ་ཞིག་ཤེས་ཟེར་བས། འོ་ན་རྒྱ་མ་ན་གྲུབ་ཐོབ་ལྕོག་ལའི་སྒྲུབ་ཁང་བྲག་ཁུང་ཞིག་ཡོད་ཟེར་བ་དེ་ཅི་འདྲ་ཞིག་ཡོད་གསུངས་པས། བྲག་ཁུང་ལེགས་པོ་ཞིག་ཡོད་ཅི་བྱེད་ཟེར། བསོད་སྙོམས་ལ་ནས་རྐྱལ་པ་བཟང་བ་གང་རྙེད་ན། དེར་དགུན་བཞུགས་གཅིག་བྱས་ན་བསམས་གསུངས་པས། འོ་ན་ང་ཡང་དགུན་དེར་འདུག །ང་ལ་སྐོར་འདི་ན་ཆར་ནས་བསྡུ་རྒྱུ་འགའ་ཞིག་ཡོད། ངས་ཞབས་ཏོག་བྱེད་ཟེར། གྲོང་དེར་སྔགས་པ་བུ་ཕྲུག་མ་སོས་པ་ཞིག་འདུག་པས། ཁྱེད་ཀྱིས་རྟ་མགྲིན་ནག་པོའི་སྦྱིན་བསྲེགས་ཨེ་ཤེས་ཟེར། ཤེས་གསུངས་པས། འོ་ན་(༩)ང་ཅན་བྱོན་ཟེར་ནས་སྦྱིན་བསྲེགས་མཛད་པས། ནས་རྐྱལ་པ་བཟང་བ་གང་ཕུལ། དེ་ནས་དགེ་བཤེས་དེ་དང་བསྡོངས་ནས་ལྕོག་ལའི་བྲག་ཁུང་དུ་བྱོན། ཟླ་བ་བརྒྱད་དུ་མཚམས་བྱེད་པའི་དམ་བཅའ་མཛད། མུན་ཁང་ཞིག་མཛད་ནས་བཞེས་པ་དེར་དྲངས། ཐོ་རངས་ཀྱི་ཐུན་ལ་དགེ་བཤེས་དེ་ལ་ཕར་ཕྱིན་ཐུན་ཆེ་བ་རེ་གསུང་། ཟླ་བ་ལྔ་སོང་བའི་ཐོ་རངས་ཁར། ནམ་མཁར་སིལ་སྙན་གྱི་སྒྲ་དང་། གླུ་དབྱངས་སྙན་པོ་གསན་ནས་གཟིགས་པས། ལུང་པའི་མདའ་ན་བྱེ་མའི་རི་ཆུང་དང་། འབབ་ཆུ་གཅིག་ཡོད་པའི་ས་ནས་ཡར། རྟ་གསེར་ཁྲབ་དང་དྲིལ་བུ་གཡེར་ཁས་བརྒྱན་པ་ཞིག་ལ། བུད་མེད་ལོ་བཅུ་དྲུག་མའི་ན་ཚོད་ཙམ་ཟ་འོག་གི་གོས་དང་། གསེར་གཡུས་བརྒྱན་པ། གསེར་གྱི་པ་ཏྲས་གདོང་གཡོགས་པ་གཅིག་ཞོན་ནས་བྱོན་པའི་ཐུ་བ་ལ་འཇུས་ནས་འཕགས་མ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། རིན་པོ་ཆེའི་དབུ་རྒྱན་གཅིག་འདུག་པ་དེ་ཕུད་ནས་ཁོང་གི་མགོ་ལ་བསྐོན་ནས། དུས་འདི་ནས་བཟུང་སྟེ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྦྱིན་པར་བྱའོ། །ཞེས་གསུངས་ནས། དེའི་བྱིན་རླབས་ཀྱིས་ཟླ་བ་གཅིག་གི་བར་དུ། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཕྱམ་བརྡལ་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དང་མཇལ་བའི་ལུང་བསྟན་ཡང་ཐོབ། དེ་ནས་མཚམས་བཀྲོལ་ནས་ཡབ་ཡུམ་གྱི་དོན་དུ་ཀུན་རིག་གི་ཆོ་ག་བརྒྱ་རྩ་བརྒྱད་མཛད། སློབ་དཔོན་ལ་བསྟན་ཚུལ་གྱི་ཆོ་ག་ཡང་འདི་ཙམ་མཛད་པས་བྱིན་རླབས་ཡོད་ངེས་སྙམ་ནས་དབང་ཞུས་པའི་ཞུ་བ་བྱས། དེས་ཆོས་གསུངས། སློབ་དཔོན་ཆུ་ལེན་དུ་སོང་རིང་། ཚོན་རྩི་ཆོས་མོངས་དང་། རྩིག་པ་བྱ་ལྕག་མ་བྱེད་པའི་ལྕགས་ཀྱི་ལྡེལ་ཀ་དང་བཅས་པས་དཀྱིལ་འཁོར་ལེགས་པ་གཅིག་བཞེངས་ཚར་འདུག་ན་སྔགས་པ་ཕྱུག་པོ་བཟའ་ཚང་འཁོར་གཅིག་དང་། ཕོ་མོ་སུམ་ཅུ་ཙམ་གྱིས་དབང་ཞུས་སོ། །ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན། །མི་མངོན་དབྱིངས་ནས་བདག་ལ་གཟིགས་མཛོད་ལ། །ངག་གི་དབང་པོའི་མཁྱེན་རབ་འོད་སྟོང་གིས། །བདག་བློའི་སྙིང་གི་མུན་པ་མྱུར་དུ་སོལ། །

དེ་ནས་དགུང་ལོ་ཉེར་བདུན་ལ། རིག་འཛིན་(༡༠)ཆེན་པོའི་དྲུང་དུ་འབྱོན་པ་ལ་བསམ་ཡས་ན་མར་བྱོན་པས། གཡག་སྡེ་པཎ་ཆེན་དང་འཕྲད་པས། ད་ཁྱོད་གར་འགྲོ་ཐམས་ཅད་ཆོས་རྗེ་ཀརྨ་པ་ལས་ཆོས་ཞུ་བ་ལ་ཡར་འཚོགས་པས་དེར་འགྲོ་ན་འཐད་ཟེར་བ་ལ། ང་ཡར་སྟོད་རྒྱམ་གྱི་ཕུ་ན་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་བཞུགས་ཟེར་བ་ལ་མཇལ་དུ་འགྲོ་བ་ཡིན་གསུངས་ནས། རྒྱམ་ཕུར་བྱོན་པས་རིག་འཛིན་ཆེན་པོ་དཔོན་སློབ་རྣམས་སྦྲ་ཆ་ཐེར་བདུན་ཅུ་ཙམ་མཛད་ནས་བཞུགས་པ་དང་མཇལ། བླ་མའི་ཞལ་ནས་མདང་ལྷའི་བྱ་ཡིན་ཟེར་བའི་བྱ་ཡ་མཚན་ཅན་གཅིག་ལ་བྱ་བྲན་སྟོང་གིས་བསྐོར་ནས་ངའི་དཔེ་ཆ་ཁྱེར་ནས་ཕྱོགས་ཐ་དད་དུ་སོང་བ་རྨིས། དེ་ཁྱེད་ལ་ལྟ་བ་ཡིན་པར་འདུག །ངའི་ཆོས་འདིའི་བརྒྱུད་པ་འཛིན་པ་ཞིག་ཡོང་བར་འདུག་གསུངས་ནས་དགྱེས་ཚོར་ཆེན་པོ་མཛད། འདི་དུས་དགུང་ལོ་ཉེར་བདུན་འགྲོ་གསུངས། དཔྱིད་ཀ་དེར་ལུང་སྟོང་གཅིག་ནས་གཅིག་ཏུ་ལན་དགུ་འཕོ་སྐྱས་བྱས་ནས་གཞི་རེ་ཟིན་དུས་སྐྱས་རེ་བྱས་པས་ལུས་ངག་ལ་གཟན་པར་བྱུང་། གོས་ངན་པས་ཉེ་གནས་བཙུན་ཆུང་འགའ་ཡོད་པ་དང་། བསྐོར་ཁྱི་ཡང་སྡང་བར་བྱུང་། ཁྲིད་སང་ཉིན་འཛུགས་པའི་དོ་དགོང་ཁྲིད་གཉེར་པ་གཉིས་ཀྱིས་ཚོགས་བྲེ་ཆེན་པོ་ཞིག་ཁྱེར་ནས། དགེ་བཤེས་བསམ་ཡས་པའི་ཆོས་ཁྲལ་གར་ཡོད་དབང་གང་རྒྱུད་དང་བཅས་པ་ཞུ་བ་ལ་ནས་ཁལ་བདུན་རེ་དགོས་པ་ཡིན་ཟེར་བས། ང་ལ་ནི་བྲེ་གང་ཡང་མེད་ཆོས་ཐོབ་པར་བྱེད་པ་ཡིན་གསུངས་པས་བསྡད་པ་ཡིན་བྱས་པས། ཁྲིད་པ་འདི་ཙམ་གཅིག་གི་ཆོས་ཁྲལ་སུས་འཇལ་ཟེར་བ་དང་། སྐྱེ་བ་སྔ་མ་ཚོགས་མ་བསགས་པས་དཀའ་ལས་དེ་ཙམ་ཞིག་བྱས་པས། ཆོས་ཁྲལ་ལ་སྡུག་ནས་འགྲོ་དགོས་པ་འདུག་པས། མི་ལ་ངོ་ཚ་ནམ་ལངས་ཙ་ན་ལུང་པ་འདིའི་མདོར་སླེབས་པ་བྱེད་དགོངས་ནས་ཐོ་རངས་བཞེངས་ཀྱིན་ཡོད་ཙ་ན། དགེ་བཤེས་བསམ་ཡས་པ་ཁྱེད་ལ་ད་ལྟ་ཆོས་རྗེའི་དྲུང་དུ་ཤོག་གསུངས་ཟེར་བས། ངེད་རང་འགྲོ་རྩིས་ཡིན་ཡང་གསུང་བཅག་ན་མི་ཉན་དགོངས་ནས་ཞབས་དྲུང་དུ་ཕྱིན་པས། ཞལ་འཛུམ་མཛད་ནས། སྤྲ་སྤྲོ་མ་བྱེད་པར་(༡༡)བཞུགས་ལ་ཇ་འཐུང་གསུང་། ཁྲིད་གཉེར་པ་གཉིས་ལ་ཤོག་གྱིས་གསུངས་ནས། ཚ་བ་གནང་བའི་བྲལ་དུ་དགེ་བཤེས་འདིའི་ཆོས་ཁྲལ་ནང་ནས་འདེབས་པ་ཡིན་ཁོང་མ་གཙེར། ང་ལ་ད་རེས་ཀྱི་ཆོས་ཉན་འདི་ཚོ་ཐམས་ཅད་ལས་ཁོང་དགའ་བ་ཡིན་གསུང་། ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་ཚུལ། །ཆོས་འཕགས་དྲུང་དུ་རྟག་ངུ་མཇལ་བ་དང་། །བྱམས་མགོན་དྲུང་ན་ཐོགས་མེད་མཇལ་བ་ལྟར། །དམ་པས་དམ་པ་བརྟེན་པ་འདི་ནི་མཚར། །

ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་གསོལ་བ་མཛད་ཅིང་། ཁ་བ་བབས་དུས་སྒྱེ་ནང་དུ་བཞུགས་ནས། གོས་གདན་གཉིས་ཀའི་གོ་བཅད་ཅིང་། ཆོས་ཕྱོགས་སུ་དཀའ་བ་མང་དུ་སྤྱད་ནས། བླ་མའི་དྲུང་དུ་ཆོས་བཀའ་ཡང་མང་བར་གསན་ནས། གཏེར་མ་ཉང་ལུགས་ཀྱི་གུ་རུ་ཞི་དྲག་བྱིན་རླབས་ལུ་གུ་རྒྱུད། བཀའ་བརྒྱད་ཕག་ནག་དམར་མོ་ལ་སོགས་ཀྱི་སྒྲུབ་ཐབས་མང་པོ་དང་། ཀུན་བྱེད་རྒྱལ་པོ། ཨ་རོ་ནམ་མཁའ་རླུང་འབྱམས། ཀུན་བཟང་ཆེ་བ་རང་གནས། སྲིད་པའི་འབེབས་ཆེན་མོ། ཀློང་ཆེན་རབ་འབྱམས་ཀྱི་ཤེས་བྱ་མཐའ་གཅོད། ཕྱི་སྐོར་ནང་སྐོར་གསང་སྐོར་གྱི་རྒྱུད་མང་པོ་དང་། ཁྱད་པར་གསང་བ་བླ་ན་མེད་པའི་དབང་བཞི། ཟབ་མོ་པོད་བཞི་ཕྲན་དང་བཅས་པ། རྒྱུད་བཅུ་བདུན་ཊཱི་ཀ་དང་བཅས་པ། མན་ངག་བརྒྱ་དང་བཅུ་དགུ་ཕྲན་ཚེགས་དང་བཅས་པ། བཀའ་སྲུང་ཨེ་ཀ་ཙ་ཏིའི་སྒྲུབ་ཐབས་ལེགས་ལྡན་ལྕམ་དྲལ། གཟའ་བདུད་དང་། དམ་ཅན་གྱི་སྒྲུབ་ཐབས་སྐོར་དང་བཅས་པ་ལ་སོགས་ཞུས་ཤིང་། བསྟན་པ་དམ་པའི་ཆ་ལུགས་མ་ལུས་པ། བཀའ་ཡི་བསྟན་པའི་བབས་རྗེས་གནང་དང་བཅས་ནས། གནང་བར་མཛད་དེ་བསྟན་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས། ཆོས་ཀྱི་རྒྱལ་པོར་གྱུར་ཅིང་གང་གིས་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་ཐམས་ཅད་གདོད་མའི་ས་ལ་འགོད་པའི་མཐུ་ཆེན་པོ་མངའ་བ་ཡིན་ནོ། །གདོད་(༡༢)མའི་མགོན་དང་རྣམ་དབྱེར་མི་ཕྱེད་ཅིང་། །འགྲོ་བའི་དོན་དུ་ཐུགས་རྗེས་ཐབས་ཆེན་འགྱེད། །ཐེག་མཆོག་སྙིང་པོའི་ཆར་རྒྱུན་རྒྱ་ཆེ་བས། །སྐལ་བཟང་ལྟ་སྤྱོད་ལོ་ཏོག་རྒྱས་མཛད་བསྟོད། །

དེ་ནས་མཆིམས་ཕུར་ལོ་བདུན་གྱི་བར་དམ་བཅའ་སྒྲུབ་པ་མཛད་དུས། ལྷུན་གྲུབ་སྒང་དུ་ཕག་མོ་ནག་མོའི་ཞལ་བདུན་མཐོང་། དེ་ནས་ཨོ་རྒྱན་དྲག་སྒྲུབ། ཆེ་མཆོག་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་ཞེ་གཉིས་པ་ལ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྩ་ལྔས་བསྐོར་བ་སྐབས་སྐབས་སུ་གཟིགས་སོ། །གནོད་སྦྱིན་ཛམ་ལྷས་ནོར་བུ་གཅིག་ཕུལ་བ་དང་། རྡོ་རྗེ་གཡུ་སྒྲོན་མས་ཞལ་བསྟན་ནས། རང་གི་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་བླ་ན་མེད་པ་དང་བཅས་པའི་སྒྲུབ་ལུགས་ཕུལ་ལོ། །དགེ་འུ་གོང་དུ་བཞུགས་དུས་གུ་རུ་ཞི་བའི་ཞལ་གཟིགས། མཁའ་སྤྱོད་དུ་བྱོན་ནས་མཁའ་འགྲོ་མ་རྣམས་ཀྱིས་ཆོས་འཆད་ལུགས་རྣམ་ཐར་རྣམས་གཟིགས་ཤིང་། བཀྲ་ཤིས་མེ་ཏོག་འཐོར་བ་དང་། འབྱོན་དུས་མཁའ་འགྲོ་མ་རྣམས་ཀྱིས་སྐྱེལ་ཐུང་བྱས་ཏེ། མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་ཕུལ་ལོ། །དགེ་འུར་བཞུགས་དུས་ཕག་མོ་དམར་མོ་དང་། རྡོ་རྗེ་སེམས་དཔའ་དང་། རྟ་མགྲིན། སྒྲོལ་མ། ཚེ་དཔག་མེད་བཞེངས་སྟབས་རྣམས་འོད་དཀྱིལ་ནས་ཞལ་གཟིགས་སོ། །དུར་ཁྲོད་དུ་བཞུགས་དུས་ལས་ཀྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་སྤྱན་གཅིག་མ། སྤྱང་མོ་ཞིང་དབྱུག་ཅན་མཐིང་མོ། གཟའ་བདུད། རྡོ་རྗེ་ལེགས་པ་རྣམས་གཟིགས་སོ། །བྱ་འུག་ལྷ་ཁང་དུ་མགོན་པོ་ཕྱག་བཞི་པ། རྡོ་རྗེ་བདུད་འདུལ། དགེ་བསྙེན་ཉེར་གཅིག་གཟིགས་སོ། །ཆོས་ཁམས་དགེ་བ་རྒྱ་མཚོའི་གོས་ཅན་གཞིར། །བྱང་ཆུབ་སེམས་མཆོག་བཟང་པོའི་ས་ལུད་བྲན། །སྨོན་དང་འཇུག་པའི་ས་བོན་ལེགས་བཏབ་ནས། །དགེ་བཅུའི་ལོ་ཐོག་གསར་དུ་སྨིན་མཛད་བསྟོད། །

དེའི་དཔྱིད་སོར་ཇོ་བོ་མཇལ་དུ་བྱོན་པས་ཇོ་བོའི་མཛོད་སྤུ་ནས་འོད་ཟེར་སྤྲོས་པ་ཉིད་ཀྱི་མཛོད་སྤུར་ཐིམ་པས། བྱ་རྒོད་ཕུང་པོའི་རི་དང་། ལིའི་ཡུལ་དང་། པཎྜི་ཏ་མཧཱ་མུ་ཏྲ་བྱ་བར་སྐུ་འཁྲུངས་པ་དང་། རྒྱ་གར་དུ་མཁྱེན་པའི་ཆོས་གསར་(༡༣)རྙིང་ལ་སོགས་པ་ཐུགས་ལ་བཀྲ་ལམ་པ་ཞིག་གསལ་བས། སྔར་བས་ཐུགས་རྟག་ཏུ་བདེ་བ་ཞིག་བྱུང་། དན་ཕག་ཏུ་བྱོན་ནས་གསང་སྙིང་གསན་ཏེ་མར་ལམ་རེས་མོ་དགོན་པར་བྱོན་ནས། བླ་མ་རེས་མོ་བ་དང་གསུང་གླེང་མཛད་པར། བུད་མེད་ནག་མོ་གཅིག་གིས་པོ་ཏི་གཅིག་ཁྱེར་བྱུང་ནས་གཟིགས་པས། ཌཱཀྐི་ཙིཏྟ་བྱ་བ་གཅིག་འདུག་དེའི་འཕྲོ་ལ་མི་སྣང་བར་གྱུར་ཏོ། །དེ་ལ་བླ་མ་རེས་མོ་བ་ངོ་མཚར་སྐྱེས་ནས་ཆོས་ཞུས་པས། མཆིམས་ཕུར་སྙིང་ཐིག་གསུང་བའི་ཞལ་བཞེས་མཛད་ནས་བྱོན་ནོ། །དགུང་ལོ་ཉི་ཤུ་རྩ་བརྒྱད་༼བཞེས་པ་འབྲི་ཁུང་ཆོས་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས་པ་དང་དུས་མཚུངས་པ་མེད་པ་མེ་ཕག་ལོ་ཡིན་ནམ་དཔྱད་དགོས། མཐོང་སྣང་འོད་དྲ་ལས་དགུང་ལོ་སོ་གཉིས་ལ་གསུངས་པ་མཛད་འདུག །དེ་ལྟར་ན་ས་མོ་ཡོས་ཡིན་༽ལ་རི་མོ་ཅན་དུ་སྙིང་ཐིག་གསུངས་པས་ཆོས་འཛུགས་པའི་སར་མེ་ཏོག་གི་ཆར་བབས། སྤྲོས་བཅས་ཀྱི་ཚེ་འོད་མཐིང་ཀས་ཐམས་ཅད་བརྡལ་བར་ཁྱབ་ཅིང་། སྤྲོས་མེད་ཀྱི་དགོང་མོ་འོད་ཟེར་ཁ་དོག་ལྔས་ཁྱབ་ཅིང་། ཨོ་རྒྱན་སྐུ་མདོག་མཐིང་ཁ་དང་། ཡེ་ཤེས་མཚོ་རྒྱལ་དམར་མོ་ཕྱག་ན་བུམ་པ་བསྣམས་ནས། ཁོང་རང་ལ་དབང་བསྐུར་དུས་ནམ་མཁའ་ལས་འོད་དང་སྒྲ་དང་། སིལ་སྙན་དང་། ངོ་མཚར་བ་མང་པོ་བྱུང་ཞིང་། དཀྱིལ་འཁོར་གྱི་རྩར་བུ་མོ་ལོ་བཅུ་དྲུག་ཙམ་གཡུ་ལྟར་སྔོ་བ་བདུན་བྱུང་ནས། བྲོ་འཁྲབ་པས་ཆེད་དུ་དགྱེས་པ་དང་མི་དགྱེས་པ་ལ་སོགས་པ་མ་མཛད་གསུང་། འདིའི་དུས་སུ་ཨོ་རྒྱན་ཡབ་ཡུམ་འཁོར་དང་བཅས་པས་མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་། ལྷ་རིང་བྲག་དང་ཨོ་རྒྱན་རྫོང་དང་། ཞྭའི་ལྷ་ཁང་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་ལུང་བསྟན་ཡང་ཐོབ། མཚན་ཡང་ཨོ་རྒྱན་གྱིས་དྲི་མེད་འོད་ཟེར་བཏགས། ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་གསོལ་ལོ། །དེ་ཡང་ཨ་ཏི་བཀོད་པ་ཆེན་པོ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ནས། དེ་འོག་བློ་གྲོས་མཆོག་གིས་འཛིན། །ཞེས་པ་ནི་ཆོས་རྗེ་རིན་པོ་ཆེར་བཞེད། བཀའ་ཆེམས་ལས། བློ་གྲོས་མིང་ཅན་ཐོགས་མེད་བྱ་བཞིན་རྒྱུ། །ཞེས་གསུངས་སོ། །སྐྱེས་བུ་འདི་ནི་འཕགས་ཆེན་(༡༤)མཆོག་ལ་དབང་། །རྒྱལ་བས་ལུང་བསྟན་ཆོས་བདག་རྣམས་ཀྱིས་བསྟོད། །མཁའ་འགྲོ་རྣམས་ཀྱིས་ཟབ་གཏེར་བདག་པོར་བསྐོས། །འདི་འདྲའི་མཁས་གྲུབ་དམ་པ་གཞན་སུ་ཞིག །

དེ་ནས་གངས་རི་ཐོད་དཀར་གྱི་མགུལ་དུ་བྱོན་ནས་བསྟན་མ་བཅུ་གཉིས་ལྷ་རབས་མཆེད་དགུ་རྣམས་ཀྱིས་བསུ་བ་མཛད་པའི་སྣང་བ་བྱུང་ངོ་། །ལོ་གསུམ་སྒྲུབ་པ་མཛད་ཅིང་བཞུགས་དུས། ཐོ་རངས་ཁ་གཅིག་རྨི་ལམ་ན་བླ་མ་ཀུ་མ་རཱ་ཛ་བྱོན་ནས་སྡིགས་མཛུབ་གཅིག་མཛད་དེ། ཅི་ཡང་མི་གསུངས་པས་དབང་གི་བརྡ་རུ་གོ་བ་དང་། འདི་དུས་གཤེགས་རྟགས་བྱུང་ཡང་། ཏིང་ངེ་འཛིན་གཅིག་གིས་ཚེ་འཕེལ་བ་ཡིན་གསུང་། དེའི་ཉི་མ་རྩེ་ཤར་ལ་མངོན་སུམ་གཟིགས་དུས། ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཞིག་གྲགས་པ། དེའི་དུས་ནམ་མཁར་གཟིགས་པས། འོད་ཀྱི་དཀྱིལ་འཁོར་ཚོམ་བུ་དང་བཅས་པའི་དཀྱིལ་དུ་ཀུན་བཟང་ཡབ་ཡུམ་དང་། ཞི་ཁྲོའི་དཀྱིལ་འཁོར་མང་པོ་ས་གཞི་བར་སྣང་སྟེང་འོག་ཕྱོགས་མཚམས་གང་བར་གཟིགས་པ་དང་། བི་མ་ལ་སྐུ་མདོག་ལྗང་སེར་དང་མཁའ་སྤྱོད་ཀྱི་བླ་མ་བཞི། བླ་མ་ཀུ་མ་རཱ་ཛ་ལོངས་སྤྱོད་རྫོགས་པའི་ཆ་བྱད་དང་། ཨོ་རྒྱན་པདྨ་རྒྱལ་པོའི་ཆ་བྱད་ཅན་གཟིགས་པ་དང་། དེ་ནས་བཟུང་ནས་ལྷའི་ཞལ་མང་པོ་རྒྱུན་ཆད་མེད་པར་གཟིགས་གསུངས། དེ་ནས་བོད་ཀྱི་རི་བོ་རྩེ་ལྔར་བྱོན་དུས་འཇའ་དང་འོད་ཀྱི་གུར་མང་པོ་ཕུབ་ནས་ཡ་མཚན་གྱི་རྟགས་མང་པོ་བྱུང་ཞིང་། སྒྱུ་འཕྲུལ་སྐོར་གྱི་ཆོ་ག་མཛད་པས་ཞི་ཁྲོའི་དཀྱིལ་འཁོར་ནམ་མཁའ་དང་བྲག་ལ་སོགས་པ་ཐམས་ཅད་དུ་ཚོམ་བུ་གསལ་བར་ཀུན་གྱིས་མཐོང་བ་དང་། དར་ཅིག་སྣང་བ་འགྱུར་ནས། ཤར་ལྷོའི་མཚམས་སུ་གཟིགས་པས། ནམ་མཁར་བི་མ་ལ་བཞུགས་ནས་ཕྱག་མཛུབ་ཤར་ལྷོ་མཚམས་སུ་བསྟན་པ་གཟིགས་པ་དང་། ལྷ་ཁང་གསོ་བའི་སྔར་གྱི་ལུང་བསྟན་རྗེས་སུ་དྲན་ནོ། །དེ་ལྟའི་སྐྱེས་བུ་ཁྱུ་མཆོག་དེའི་ཡོན་ཏན་བརྗོད་པ། ཁྲོམ་ནས་ཆོས་བཤད་གངྒཱའི་ཆུ་རྒྱུན་འདྲ། །རིག་གྲྭར་རྩོད་དུས་འབྲུག་སྒྲ་སྒྲོགས་པ་འདྲ། །(༡༥)བསྟན་བཅོས་རྩོམ་དུས་རི་གཟར་འབབ་ཆུ་འདྲ། །མཉམ་པར་འཇོག་དུས་རྣལ་འབྱོར་མངོན་སུམ་འདྲ། །ཞེས་པའི་དོན་ལ་གནས་པའོ། །

འདི་དུས་གཏེར་ལུང་ལས། ཨོ་རྒྱན་གྱི་སློབ་དཔོན་གྱིས། འབྲི་གུང་སྒོམ་པ་ཀུན་རིན་ལ། །འབྲི་ཞེས་བྱ་བའི་ས་ཕྱོགས་སུ། །ཀུན་དགའི་མིང་ཅན་བདུད་ཀྱི་བུ། །ལུས་ལ་མཚོན་ཆའི་རི་མོ་ཡོད། །ཤི་ནས་དམྱལ་བར་སྐྱེ་བར་འགྱུར། །ལྷོ་ཡི་ཕྱོགས་ནས་འཇམ་དབྱངས་ཀྱི། །སྤྲུལ་པ་གཅིག་གིས་ཐུལ་གྱུར་ན། །མནར་མེད་གནས་ནས་ཐར་པར་འགྱུར། །ཞེས་པ་དེ་སྒོམ་པ་ཀུན་རིན་གྱིས་མཐོང་བ་དང་། ལུས་ལ་བལྟས་པས་རྒྱབ་ཀྱི་སྒལ་གཞུང་གཡས་སུ་རལ་གྲི་འདྲ་བའི་ཤ་མཚན་ཞིག་འདུག་པས་ངས་དབུས་གཙང་འཁྲུགས་པ་ཞིག་བྱ་དགོས་བསམ་པ་ཡོད་ཀྱང་། དམྱལ་བར་འགྲོ་ན་བྱེད་དོན་ཆུང་བས། བླ་མ་དཔལ་མཆོག་པ་ལ་འཇམ་དབྱངས་ཀྱི་སྤྲུལ་པ་གཅིག་འཚོལ་ལ་ཤོག་ངས་ཆོས་ཞུ་བ་ཡིན་གསུངས་པ་དང་། བླ་མ་དཔལ་མཆོག་པས་དབུས་གཙང་དུ་འཚོལ་དུ་བྱོན་པས། དབུས་གཙང་ན་བླ་མ་རྒྱལ་སྲས་པ་ལས་ཐུགས་རབ་ཆེ་བ་མི་འདུག་པས། སྒོམ་པ་ཀུན་རིན་ལ་ཀུན་མཁྱེན་པ་གདན་དྲངས་བྱས་པས། ཁྱེད་དད་པ་སྐྱེས་པ་ན་ང་དད་པ་སྐྱེ་བ་ཡིན་པས་དེ་ལྟར་བྱའོ་གསུངས་སོ། །དེ་ནས་འབྲི་གུང་དུ་འབྱོན་པར་ཞལ་བཞེས་མཛད་དུས། མནལ་ལམ་དུ་སེང་གེ་བཞིའི་ཁྲིའི་སྟེང་ན་བི་མ་ལ་བཞུགས་ནས་ང་ནི་ཀུ་མ་རཱ་ཛའི་སྤྲུལ་པ་ཡིན། པདྨ་བརྩེགས་པའི་ཞིང་དུ་འགྲོ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས་ཤིག་གསུངས། ཡང་དེའི་སང་དགོང་ཕག་མོ་ལྕགས་གདོང་མ། ཁོང་གི་གཟིམས་སའི་མདུན་གྱི་རྒྱ་མཐོངས་ཁར་བྱོན་པ། བླ་མ་ཀུ་མ་རཱ་ཛའི་སྤྲུལ་པ་ཡིན་པར་མཁྱེན་པ་དང་། ཡང་བསྟན་པའི་གཉེར་གཏད་དོ། །འདིའི་དུས་སུ་མྱ་ངན་འདས་ཆུང་མཛད་དོ། །འཁོར་གསུམ་ཡོངས་སུ་དག་པ་ལན་གཉིས་སུ་འབུལ་བ་ལྔ་དང་བདུན་གྱིས་བླ་མའི་གཤེགས་རྫོང་མཛད་ཀྱང་། བླ་མའི་ཕྱི་རྟེན་ནང་རྟེན་ལ་འོད་གསལ་སྙིང་པོའི་བསྟན་པ་མི་ནུབ་པར་བྱ་བའི་ཕྱིར་དུ། ཐེག་མཆོག་རིན་པོ་ཆེའི་མཛོད་བརྩམས་(༡༦)པ་དང་། དེ་དུས་སྔགས་བདག་གཟའ་དང་དམ་ཅན་རྣམས་དང་དངོས་སུ་མི་དང་མི་ལབ་པ་བཞིན་བྱུང་བ་དང་། ལས་སྒྲུབ་པ་དང་ལུང་བསྟན་པ་དང་བཀའ་སྲུང་བ་ལ་སོགས་པ་ཡང་མཛད་དོ། །ཇི་ལྟར་མཚན་མོ་དྭངས་པའི་ནམ་མཁའ་ལས། །རི་བོང་འཛིན་པ་ཤར་བས་ཀུ་མུ་ཏ། །དགོད་པ་བཞིན་དུ་ཁ་བྱེ་ལྷག་གེར་གསལ། །ཞར་ལ་རྒྱུ་སྐར་ཚོགས་རྣམས་དམན་པར་གྱུར། །སྙིགས་མའི་དུས་འདིར་འཇམ་དབྱངས་སྤྲུལ་པ་མཆོག །ཀུན་མཁྱེན་བྱོན་པས་སྐལ་ལྡན་མཆོག་ཏུ་རྒྱལ། །ཞར་ལ་བླ་མའི་གཟུགས་བརྙན་རྣམས་ཀྱང་ཉམས། །ཡོན་ཏན་མཆོག་གིས་དམན་རྣམས་ཟིལ་གྱིས་གནོན། །

དེ་ལྟར་སྔར་བསམ་ཡས་སུ་བཞུགས་དུས་ཡ་བོ་དབང་རྒྱལ་ཞེས་བྱ་བས་གདན་དྲངས་ནས་ཞག་བདུན་དུ་ཀུན་རིག་གི་དབང་ཞུས། སྙིང་ཏིག་གི་ཁྲིད་ཞུས་པའི་སྔ་ཤོས་གླུ་མཁན་པ་བསོད་ནམས་སེང་གེས་བྱས། ཕྱོགས་ཀྱི་དགེ་བའི་བཤེས་གཉེན་འདུས་པ་རྣམས་ཀྱི་སྔ་ཤོས་སློབ་དཔོན་གཞོན་ནུ་སངས་རྒྱས་ཀྱིས་བྱས་ཏེ། ཡོན་བདག་ལ་སྔ་ཤོས་ཡ་བོ་དབང་རྒྱལ། བུ་སློབ་ཀྱི་སྔ་ཤོས་གླུ་མཁན་པ་བསོད་ནམས་སེང་གེ། དགེ་བའི་བཤེས་གཉེན་འདུ་བའི་སྔ་ཤོས་སློབ་དཔོན་དཔལ་མཆོག་ཅེས་བྱ་བར་གྲགས་ཤིང་། རྒྱ་མ་བ་དཀོན་གཉེར་གྱིས་གླུ་མཁན་བསོད་ནམས་སེང་གེ་ལ། ཁྱོད་ཀྱིས་མ་བསྐོར་བའི་ས་ཆ་མེད་པས་རྫོགས་ཆེན་ལ་སུ་མཁས་པར་འདུག །ངས་ཞུ་འདོད་པ་ཡིན་ཞེས་ཟེར་བ་ལ། ངས་དབུས་གཙང་གི་བླ་མ་མ་མཇལ་བ་མེད། རྫོགས་ཆེན་པ་ཡང་མང་པོ་སྣང་སྟེ། ངེད་རང་དང་ཉེ་བའི་ས་ཕྱོགས་ཤིག་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཁྱད་པར་དུ་རྫོགས་པ་ཆེན་པོ་ལ་མཁས་པ་གཅིག་བཞུགས་ཟེར་བས། ཁོང་གདན་འདྲེན་པ་ལ་བཏང་ནས་རྒྱ་མའི་གནས་སུ་གདན་དྲངས། རྒྱ་མ་སྒང་པའི་དགེ་བའི་བཤེས་གཉེན་པ་རྣམས་དང་། དཀོན་གཉེར་གྱིས་སྙིང་ཏིག་ཞུས་པའི་ཚེ། ཁོང་རྣམས་དྲི་བ་ལ་རྒྱུགས་ནས་བགྲོ་གླེང་བྱེད་པར་ཞུས་པས། དེ་དེ་ལྟར་བགྱི། རིག་གྲྭ་སོགས་ཟླ་བ་གཅིག་གི་བར་དུ་ཁྱེད་རྣམས་ལ་རྩོད་རྒྱུ་ཡོད་པ་ཡིན། ཞག་བཅུ་(༡༧)ཙམ་གྱི་བར་དུ་མདོ་རྒྱུད་དཔང་པོར་བཞག་ནས་ལུང་རིགས་ཀྱི་རྩོད་པ་བྱེད་གསུངས་པས། ཁོང་རྣམས་སྤོབས་པ་མེད་པར་གྱུར་ནས་ངེད་རྣམས་ཀྱིས་མ་གོ་བར་འདུག་པས། ཆོས་ཐུགས་ལ་འདོག་པར་ཞུ་ཟེར་ཞིང་ཐམས་ཅད་འདུན་པར་གྱུར། དབུས་སྟོད་དུ་སྒོམ་པ་ཀུན་རིན་གྱིས་གདན་དྲངས་ནས། བྱོན་པ་དང་གྲོག་གི་མདར་ཕྱགས་ཕེབས་དུས། ཏི་སྒྲོའི་ལས་ཀྱི་ཌཱཀྐིས་བསུ་བ་མཛད་ཅིང་ཨོ་རྒྱན་དགོན་པ་ཕུལ་ལོ། །དེ་ནས་ཞྭའི་ལྷ་ཁང་དུ་བྱོན་དུས། མི་དཀར་པོ་ཞྭ་དཀར་པོ་ཅན་ཞིག་བྱུང་ནས་ཞྭ་ཕུད་དེ་ཕྱག་བྱས་ཤིང་། ཞྭའི་ལྷ་ཁང་ལ་སྡིགས་མཛུབ་གཅིག་མཛད་༼དགུང་ལོ་ཞེ་གཉིས་བཞེས་པ་ས་མོ་གླང་གི་ལོ་ཡིན་བྱ་བ་རྩིས་ཀྱི་ཡི་གེ་ཞིབ་མོར་བྲིས་འདུག་༽ཅིང་འདུག་གོ། །ཚེས་བཅུའི་དུས་སུ་མཁའ་འགྲོ་འདུ་ཚོགས་མང་བར་གཟིགས་སོ། །

དེ་ནས་ཞྭའི་ལྷ་ཁང་གསོ་དུས་དབུ་རྩེའི་རྒྱབ་ནས་གསེར་འགུ་ཚེ་གང་བཅུས་ནས། གཙུག་ལག་ཁང་བཞེངས་པའི་ཆ་རྐྱེན་དང་ལྷ་རྣམས་ཀྱི་སྐུ་གསེར་བྱས། གཏེར་ཁ་མང་བར་འདུག་ཀྱང་རྒྱ་མཐོངས་འོག་ནས་སྔགས་བག་རེ་ཙམ་དང་། སྒྲུབ་ཐབས་ཐོར་བུ་དང་། གཟོ་ཡིག་པ་ཏྲ་དང་། བསྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་དང་། དམ་ཅན་གྱི་སྒྲུབ་ཐབས་ཙམ་ལས་གཞན་མ་བླངས་གསུངས། ས་རྡོ་བསལ་དུས་མནན་པའི་ཐོད་པ་མང་པོ་འཕར་ཞིང་བྱུང་བ། ན་བཟས་གཡབ་པས་བཟུང་ཞིང་སླར་གནོན་པ་དང་། དེའི་དུས་ལེགས་ཉེས་ཀྱི་གཏམ་མི་དགོས་གཟའ་དང་རྡོ་རྗེ་ལེགས་པས་མང་དུ་བཤད་པ་བྱུང་། ཉིན་བཞིན་དུ་བུ་ཚ་གཡུ་རྣ་ཅན་ལོ་བརྒྱད་པ་ཙམ་ཞིག །གཟོ་རིག་པ་རྣམས་ཀྱི་རྩར་སླེབས་ནས་གྲོའི་སྐབས་སུ་གར་སོང་ཆ་མེད་ལ་འགྲོ་ཡིན་འདུག་པར། ཐམས་ཅད་ཀྱིས་ཅི་ཡིན་བགྲོས་ཏེ་སང་ཉིན་གྲོའི་དུས་ན་གར་སོང་བལྟ་དགོས་ཞེས་ཐམས་ཅད་མཐུན་པར་སྨྲས་སོ། །གྲོ་ལ་འགྲོ་བའི་དུས་སུ་བསྲུངས་པས། རྩིག་པའི་གསེབ་ཏུ་ཐིམ་ནས་གར་སོང་ཆ་མེད། འདི་ན་དཔལ་ལྡན་བླ་མ་དམ་པའི་ཐུགས་རྗེས་གཙུག་ལག་ཁང་བཞེངས་པའི་སྟོང་གྲོགས་དམ་ཅན་རྡོ་རྗེ་ལེགས་པས་མཛད་(༡༨)པར་མངོན་ནོ། །ལུང་པ་ནས་བྲག་ལ་བརྐོས་པའི་རྡོ་རིང་ཆེན་པོ་མཉམ་པ་གཉིས་ཡོད་པ་ལ། གཅིག་ཅུང་ཟད་ཆག་ནས་གཉིས་ཀ་ལ་ཞྭའི་ས་ཆའི་ཐོབ་རིགས་གཟོང་གིས་བརྐོས་ནས་ཡོད་པ་ལས། ཕྱིས་གཙུག་ལག་ཁང་བཞེངས་དུས་རྩ་བ་འགྱེལ་པ་ལ་སོང་ནས། ཤིང་བཟོའི་འཕྲུལ་དང་། མི་ལག་གདངས་པའི་ཐག་འགྱོགས་འདེབས་པའི་འཕྲུལ་ཅི་བྱས་ཀྱང་བསླངས་མ་ནུས། ཆོས་རྗེ་ཉིད་ཀྱིས་གཏོར་མ་ཞིག་མཛད་བདེན་པའི་ཚིག་བརྗོད་ནས། སྐུ་ཆོས་ཀྱི་གཡབ་མོ་བརྡལ་བས་རྡོ་རིངས་བསྲངས་པར་གྱུར་ཏེ། ངོ་མཚར་བའི་ཆོ་འཕྲུལ་དུ་མ་བསྟན། དེ་ནས་མཐའ་དམག་གི་འབྱུང་པོ་ཐམས་ཅད་ཡུན་རིང་དུ་མནན་ནས་སྔར་གྱི་མནན་པའི་སེམས་ཅན་རིགས་མི་གཅིག་པ་མང་པོའི་ཐོད་པའི་ནང་གི་ལིངྒ་གསོ་དགོས་པ་རྣམས་གསོས། མནན་པ་མཛད་པའི་གྲབས་མཛད་པའི་ཚེ་ས་རྡོའི་ཆར་བབས་རླུང་ནག་གི་འཚུབ་མ་གཡོས་ཏེ་རྩུབ་འགྱུར་ཆེར་བྱུང་བས། མི་རྣམས་སྐྲག་ཅིང་བརྒྱལ་ནས་མནན་པ་བྱེད་པའི་གྲོགས་མ་བྱུང་། ཆོས་རྗེ་པ་ཉིད་ཀྱིས་ཧེ་རུ་ཀའི་གར་དང་སཾ་ཀྲ྇་ཏའི་སྐད་མང་པོ་མཛད་པའི་ཚེ། ཐོད་པ་རྣམས་ས་ལས་འཕར་བ་གཅིག་ལ་གཅིག་བརྡབས་པའི་སྐད་བྱུང་། ཐོད་པ་ཆེ་ཤོས་གཅིག་ནམ་མཁའ་འཕར་ཞིང་འདུག་པ། ཞབས་གཡོན་པས་མནན་ནས། གར་དགུའི་ཉམས་དང་ལྡན་པར་མཛད་པའི་ཚེ། ཀུན་མཁྱེན་བསོད་ནམས་བཟང་པོས་གུ་རུ་དྲག་པོའི་སྐུར་མཐོང་ནས། ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན་ནོ། །སྟོབས་ཆེན་འདི་ཡི་མཛད་པ་མཐའ་ཡས་ཀྱིས། །དྲག་པོས་འདུལ་ལ་ཁྲོ་ཞིང་གཏུམ་པར་སྟོན། །ཞི་བས་འདུལ་ལ་དགྱེས་པའི་ཞལ་བཟང་འཛུམ། །མདོར་ན་རྫུ་འཕྲུལ་ཆོ་འཕྲུལ་དཔག་ཏུ་མེད། །

དེ་ནས་རབ་གནས་མཛད་པའི་དུས་སུ་ཀུན་ཏུ་བཟང་པོའི་སྐུར་གྱུར་ནས་འདུག་པ་དང་། ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོས་པ་ལས། འོད་ཟེར་རེ་རེའི་རྩེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་གྲངས་མེད་པ་བཞུགས་པ་ལས་ཅན་གྱི་སློབ་མ་འགའ་ཡིས་མཐོང་བ་དང་། ལ་སྟོད་དབང་རིན་བྱ་བས་མེ་ཏོག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གཏོར་བ་ཡང་མཐོང་ངོ་། །ཁོང་རང་གི་ཐུགས་ཉམས་ལ། བཅོམ་ལྡན་འདས་ཐུབ་པ་དང་། བྱམས་པ་དང་། གནས་བརྟན་བཅུ་དྲུག་རྣམས་ཞལ་འཛུམ་ལྷག་ལྷག་(༡༩)མཐོང་གསུང་ངོ་། །བྱམས་པས་ཕྱག་མཛུབ་གདེངས་ནས་ལུང་བསྟན་པ། ཁྱེད་སྐྱེ་བ་གཉིས་འདས་པའི་འོག་ཏུ། པདྨ་བརྩེགས་པའི་ཞིང་དུ་བྱང་ཆུབ་སེམས་དཔའ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་པའི་ལུང་བསྟན་ཐོབ་བོ། །སྐྱེ་བ་སྔོན་ནས་རྒྱལ་བ་རྒྱ་མཚོ་ལ། །ཚོགས་ཆེན་རབ་བསགས་ལྷག་པར་མཉེས་བགྱིས་པས། །ཚེ་འདིར་སངས་རྒྱས་བསྟན་པའི་ཁུར་ཁྱེར་ནས། །རྒྱལ་བས་ལུང་བསྟན་མཛད་ལ་ཕྱག་འཚལ་ལོ། །

སྤྲེའུ་ལོའི་ཚེས་བཅུ་མཛད་པའི་ཚེ། ནམ་མཁར་འོད་ཕུང་གི་དཀྱིལ་དུ་ཨོ་རྒྱན་སྐུ་མདོག་དཀར་པོ་ཌཱཀྐི་སྡེ་ལྔས་བསྐོར་བ་ལས་འོད་ཟེར་འཕྲོ་བ་ཞིག་གཟིགས་སོ། །མི་ཁྲི་བཞི་སྟོང་འདུས་པ་ལས། ཏི་སྒྲོའི་མཁའ་འགྲོ་མ་རྣམས་དེར་ལྷགས་ནས། མཁའ་འགྲོ་བབས་པ་བཅུ་ཕྲག་ལྔ་བཅུ་བྱུང་ནས་ལེགས་ཉེས་ཐམས་ཅད་སྨྲ་བ་དང་། མོན་བུམ་ཐང་དུ་འབྱོན་པར་ཡང་ལུང་བསྟན་ནོ། །དེར་ཞྭ་པདྨ་དབང་ཆེན་གྱི་རབ་གནས་ཚར་ནས། ཏི་སྒྲོ་ལ་བྱོན་ནས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ནས་བསྐང་གསོ་བརྒྱ་རྩ་མཛད་དེ། བར་སྐབས་སུ་མ་ཇོ་གཉིས་དམ་སེལ་བྱས་པས་གནས་དེ་ཉམས་འདུག་པ་གསོས། མིས་མི་ཐར་བའི་བྲག་ལ་ཆོས་རྗེ་ཉིད་ཀྱིས་རྒྱལ་མཚན་དང་ཅོད་པཎ་བཙུགས་སོ། །

དེ་ནས་ཤུག་གསེབ་ཏུ་བྱོན་ནས་བཞུགས་དུས། གསལ་སྣང་གཅིག་ལ་ཇོ་མོ་ཁ་རག་གི་རྒྱབ་ནས་ལུས་པོ་མེད་པའི་ཁྲོ་བོའི་མགོ་བོ་རི་བས་ཆེ་བ་ཞིག་མིག་འཕྲུལ་འཕྲུལ། ཁ་ནས་གློག་འཁྱུགས་པ་ཞིག་འདུག་པ་དང་། ཡར་ཀླུངས་ཟོ་ཐང་གོང་པོ་རི་ནས། དེ་ལས་ཆེ་བའི་མགོ་བོ་ནག་པོ་གཅིག་བྱུང་ནས་མིག་འཕྲུལ་ཞིང་ཁ་ནས་འོད་འཕྲོ་བས། འོད་དེ་ཇོ་མོ་ཁ་རག་གི་མགོ་དེའི་ཐད་ནས་ཡར་སོང་བ་དང་། ཁ་རག་གི་མགོ་བོ་དེ་མེད་པར་འོད་དེ་ལ་སྟོད་ནས་ཡལ་སོང་བས། བོད་ཁམས་ཀུན་སེར་བ་དང་། རྡོའི་ཆར་པ་དང་། གློག་དང་། འོད་ཀྱི་ཁྱོམ་ཁྱོམ་འདུག་པ་དང་། དུས་མི་བདེ་བ་ཡོང་མཐར་འབྲོས་པ་ཡིན་(༡༩)གསུངས་ནས། ཡེར་པ་ལ་སོ་ནམ་ཞིག་བྱ་བསམ་པ་དང་། ལྷ་སར་མཎིའི་ཁང་བུ་ཞིག་བརྩིག་བསམས་པ་ཡིན་ཏེ། ད་རེས་མི་འགྲུབ་པར་གདའ་བས། ངེད་རང་དཔོན་སློབ་ཚོ་བུམ་ཐང་དུ་འགྲོ་གསུངས་ནས་ཞལ་ཏ་མང་དུ་མཛད་དོ། །དབུས་གཙང་འདི་ན་ནད་མུག་མཚོན་གསུམ་དར། །འདི་འདྲའི་ས་ཆར་སྡོད་པར་མི་རིགས་པས། །ལུང་བསྟན་བཞིན་དུ་གློ་མོན་འདུལ་བར་དགོངས། །དུས་གསུམ་རྣམ་མཁྱེན་དེ་ལ་གུས་ཕྱག་འཚལ། །

དེ་ནས་ལྷ་སར་བྱོན་དུས། འདི་འབྲི་གུང་པའི་རྩ་བའི་བླ་མ་ཡིན་ཟེར་ནས། ཡར་ཀླུང་པས་བཀྲོང་པའི་རྩིས་བྱས་དམག་གིས་བསྐོར་ནས་བཀྲོང་པར་བརྩམས་པ་ལ་ཐུན་མོང་གི་དངོས་གྲུབ་བརྒྱད་ཀྱི་ཡ་གྱལ་མི་སྣང་བའི་རྫུ་འཕྲུལ་མཛད་པས། བཙལ་བྱུང་ཞིང་མ་མཐོང་ནས། དེར་བྲོས་ནས་མི་འདུག་ཟེར་ཞིང་། ཁོང་རྣམས་ཀྱིས་གླགས་མ་རྙེད་དོ། །སྐྱེས་ཆེན་འདི་ནི་དངོས་གྲུབ་གཟུགས་སྤྲིན་ཆེ། །རྫུ་འཕྲུལ་ཐོགས་མེད་ཆོས་སྐྱོང་ལས་རྣམས་བསྒྲུབས། །དེ་འདྲའི་མཛད་སྤྱོད་སུ་ཡིས་འགྲན་པར་ནུས། །རྩོད་མེད་གྲུབ་ཆེན་དེ་ལ་གུས་ཕྱག་འཚལ། །

ལྷ་སའི་བར་ཁང་ན་བཞུགས་པའི་མཚན་མོ་ཇོ་བོའི་མདུན་དུ་བཞུགས་པ་ལས། ཇོ་བོའི་སྐུ་ལས་གསེར་ལྟ་བུའི་འོད་ཟེར་འཕྲོ་བ་དང་། ཇོ་བོའི་དབུའི་སྟེང་ན་འོད་ཀྱི་ནང་ན་སངས་རྒྱས་རབས་བདུན། སྨན་བླ་སྒྲོལ་མ་དཀར་སྔོན་བདེ་མཆོག །དགྱེས་རྡོར་སྤྱན་རས་གཟིགས་རྒྱལ་པོ་ལུགས་ཕྱག་སྟོང་སྤྱན་སྟོང་། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་མཐའ་ན། མགོན་པོ་བེར་ནག་ཅན་དང་། རྒྱལ་ཆེན་བཞི་དང་། མགོན་པོ་སེང་གདོང་། དཔལ་ལྡན་ལྷ་མོ་རྣམས་བཞེངས་ནས། ནམ་མཁར་གཟིགས་ཤིང་འདུག་པ་གཟིགས་སོ། །དེའི་ཉིན་པར་བྲག་ལྷ་ཀླུ་ཕུག་ཏུ་བྱོན་ནས། ཉིན་དང་མཚན་དུ་རིན་པོ་ཆེ་གཅིག་ཐུགས་ལ་ཝལ་ཝལ་བྱུང་ནས། མཚན་མོ་མནལ་ལམ་དུ་གངས་ཏི་སེ་དང་། ཙཱ་རི་ཤེལ་རི་རྣམས་སུ་བྱོན་ནས་ལེགས་པར་གཟིགས་པ་ཞིག་རྨིས་གསུང་། དེ་ནས་ལྷོ་རུ་བྱོན་དུས། ཕོ་མ་སྐྱོང་ཐང་དུ་དགེ་བསྙེན་ཉེར་(༢༡)གཅིག་དང་། དམུ་རིས་བསུ་བ་བྱས། སྤྱན་གཟིགས་དྲངས་པ་ཡང་བྱུང་། ཡང་བུམ་ཐང་དུ་བྱོན་དུས་དགེ་བསྙེན་ཉེར་གཅིག་གིས་བསུ་བ་བྱས། འཇའི་གུར་ཕུབ། འོད་ཟེར་དྲ་བ་འབྲེལ། སྐྱེས་མཆོག་དམ་པ་མི་ཡི་སེངྒེ་དེས། །སངས་རྒྱས་བསྟན་ལ་སྟོན་པའི་བྱ་བ་མཛད། །ཆེར་འབག་ཆེར་འཚེངས་ཆུང་འབག་ཆུང་ངུ་འཚེངས། །ཐར་ལམ་སྟོན་མཛད་དེ་ལ་གུས་ཕྱག་འཚལ། །

གཞན་ཡང་གདུལ་བར་དཀའ་བའི་ཕྱོགས་ཀློ་མོན་དགེ་སྡིག་མི་ཤེས་ཤིང་། གསོད་གཅོད་ལ་དགའ་བ་ཆོས་མ་དར་བའི་ས་ཕྱོགས་རྣམས་སུ་ཡང་། འགྲོ་བ་སེམས་ཅན་རྣམས་རྗེས་སུ་འཛིན་པའི་སླད་དུ། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དེ་དག་ཟིལ་གྱིས་མནན་ནས། རི་རྒྱ་དང་། ཀླུང་རྒྱ་དང་། ལམ་རྒྱ་མཛད་ནས། ཐམས་ཅད་བདེ་འཇམ་གྱི་ལམ་ལ་བཀོད་དེ། བྱང་ཆུབ་ཀྱི་ས་བོན་ཐེབས་པར་མཛད་དོ། །བྱམས་པ་ལྷ་ཁང་དུ་ཕྱགས་ཕེབས་པ་དང་། ཐར་པའི་གླིང་དུ་གཟིགས་པས། རི་རྩེ་ལ་འོད་ཀྱི་འཁོར་ལོ་ཞིག་གཟིགས། ཐར་པའི་གླིང་དུ་བཞུགས་དུས། ལྷོ་ཕྱོགས་ཀྱི་མཚོ་ནག་པོ་གཅིག་གི་ནང་ནས། གཡག་རོག་པོ་གཅིག་ཐོན་བྱུང་བས། རི་བོ་འདེགས་པ་དང་དུ་བ་འཐུལ་བ་ལ་སོགས་པའི་ཆོ་འཕྲུལ་བྱུང་བས། ས་འདུལ་བའི་རྟེན་འབྲེལ་མང་པོ་མཛད། མོན་བུམ་ཐང་ཆོས་ཀྱི་སྒྲ་མི་གྲགས་པའི་ས་རྣམས་སུ། ཚོགས་པ་འབུམ་ཕྲག་འདུ་བའི་དགེ་འདུན་གྱི་སྡེ་བཙུགས། ཐར་པ་གླིང་དུ་མིང་བཏགས། སློབ་དཔོན་དཔལ་མཆོག་གི་གཅུང་པོ། སློབ་དཔོན་སངས་རྒྱས་ཀུན་དགའ་ཞེས་བྱ་བ་བླ་མར་བསྐོས། ཐམས་ཅད་དམ་པའི་ཆོས་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་བཀོད་དོ། །མངོན་པར་རྫོགས་སངས་རྒྱས་ཀྱང་བཤེས་གཉེན་མཆོག་ཏུ་བསྟེན། །སྤངས་རྟོགས་ཕུན་སུམ་ཚོགས་ཀྱང་སེམས་ཅན་དོན་ལ་བརྩོན། །རང་དོན་ཆོས་སྐུ་བརྙེས་ཀྱང་གཞན་དོན་གཟུགས་སྐུའི་མཛོད། །སྔོན་མེད་ནམ་མཁའི་ནོར་བུ་དེ་ནི་གཙུག་གིས་མཆོད། །

དེ་ནས་ལྷོ་བྲག་དང་། ཡར་འབྲོག་པ་ལ་སོགས་པའི་གདན་འདྲེན་བྱུང་ནས། ནན་གྱིས་ཞུས་པས། མཁན་ཆེན་དགེ་འདུན་རྒྱལ་མཚན་(༢༢)གྱི་ཞབས་སུ་དགེ་འདུན་ལྔ་བརྒྱ་འདུ་བ་དང་། བླ་མ་སྤུས་གོང་པ་ལ་དགེ་འདུན་སུམ་བརྒྱ་ལྷག་འདུས་པ་རྣམས་ལ་འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་བསྟན་ནས་སྨིན་གྲོལ་ལ་བཀོད་དོ། །

དེ་ནས་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་པས་གདན་དྲངས་ནས་ཡར་འབྲོག་ཏུ་ཆོས་གསུང་དུས། དབུར་སྟོད་ནས་བླ་མ་ཨོ་རྒྱན་པ་དང་། རྒྱལ་སྲས་བཟོད་པ་དགེ་སློང་གཞོན་ནུ་བཀྲ་ཤིས་ལ་སོགས་པ་རྣམས་མཇལ་དུ་བྱོན། དབུས་སུ་འབྱོན་པའི་ཞུ་བ་བྱས། ཁོང་རྣམས་ཚུར་འབྱོན་ཁར། རྒྱལ་སྲས་བཟོད་པ་ལ། དོ་དགོང་ངའི་ཆ་ཐེར་འོག་ཏུ་ཤོག །དོ་ནུབ་ལྷན་དུ་སྡོད་པ་ཡིན་གསུང་། དེར་བྱོན་པས་གསོལ་ཇ་བ་ཆོས་དཔལ་རྒྱལ་མཚན་ལ། ངེད་དཔོན་སློབ་ལ་ཟས་སྣ་བཟང་པོ་གྱིས་ལ་དྲོངས། ཇ་བཟང་པོ་གཅིག་ཀྱང་བཀོལ་གསུངས་ནས་དགྱེས་ཚོར་ཆེན་པོ་མཛད། དབུས་པ་རྣམས་འགྲོ་ཆུག །སུ་ལ་ཡང་མ་སྨྲ། ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་མཁའ་འགྲོ་སྙིང་ཏིག་གི་ཞུ་བ་བྱས་པས་བཤད་པར་བྱས་ནས་ཡོད། ཁྱོད་མཁའ་འགྲོ་སྙིང་ཐིག་འཚོལ་བ་ལ་ཀོང་པོར་ཆོས་(༢༣)རྒྱལ་རིན་ཆེན་གླིང་པའི་རྩར་འགྲོ་བ་ཡིན་ཟེར་ཞིང་འདུག་པ། དེ་ལྟར་གྱིས་བྱས་ནས་བཏང་བ་ཡིན། ཀོང་པོ་ན་རིན་ཆེན་གླིང་པ་དང་། དྭགས་པོ་བྱར་ན་གཏེར་སྟོན་གྱི་དངོས་སློབ་སྤྲུལ་སྐུ་ལེགས་ལྡན་པ་གཉིས་ལ། མཁའ་འགྲོ་སྙིང་ཐིག་ཞུས་ནས་འདུག་པ་ལེགས། ད་གདོད་རྒྱུད་དག་མ་དག་གི་གཏམ་མི་ཡོང་བ་ཡིན། དོན་དམ་པར་ཆོས་འདིའི་བདག་པོ་ང་ཡིན། ཉམས་སྣང་དང་རྨི་ལམ་ལ་ཆོས་འདིའི་བདག་པོ་ཁྱོད་ཡིན་གསུང་བ་དང་། དངོས་སུ་ཆོས་བདག་གི་མཁའ་འགྲོ་རྣམས་ཀྱིས་མངོན་སུམ་དུ་ང་ལ་གཏད་པ་ཡིན། ཁྱོད་རང་རིངས་རྒྱུ་མེད་ན་སྡོད་ལ་ཆོས་འདི་ཉོན། ཕོག་ནི་ནང་ནས་སྟེར། གླུ་གང་མཁས་བྲོ་རར་བཅུག་ན་གསལ་བྱ་བ་ཡིན་པས། ཁོང་གཉིས་དང་གང་མཁས་ཡིད་ཆེས་སྐྱེ་བ་ཡིན་གསུང་། རྒྱལ་སྲས་རིན་པོ་ཆེས་བླ་མ་ཨོ་རྒྱན་པ་ལ་མཁའ་འགྲོ་སྙིང་ཐིག་གསུང་བ་འདྲ་བས་ཁྱེད་རང་བཞུགས་ན་འཐད་གསུངས་པས། ཁོང་ན་རེ། བི་མ་སྙིང་ཐིག་ཚར་མང་ཞིག་ཐོབ། མཁའ་འགྲོ་སྙིང་ཐིག་ལ་ཡང་དེ་ལས་ལྷག་པ་མེད་ལས་ཆེ་ངེད་འགྲོ་(༢༣)བ་ཡིན་གསུང་། འོ་ན་དེ་ལྟར་མཛོད་བྱས་ཁོང་རྣམས་བཞུད། འབྲོག་ཁྲི་དཔོན་པས་གཙོ་མཛད་དཔོན་གཡོག་བཅུ་གསུམ་དགེ་སློང་དཔལ་འབྱོར་བཅས་བསྡད་པ་དང་། བླ་མ་དང་དཔོན་སློབ་ཡོངས་དྲིལ་དཔོན་གཡོག་བཅོ་ལྔ་ལ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་གསུངས། གཏེར་ནས་བྱོན་འཕྲལ་མཁའ་འགྲོའི་ཁ་རླངས་ཐུ་ལེ་བའི་ཆོས་ཡིན་པས་དམ་དོགས་ཆེ་བར་མཛོད། ཀུན་ཏུ་བཟང་པོ་སངས་རྒྱས་མི་གཟུགས་ཅན། །ཆོས་མཆོག་ཟབ་གཏེར་མཁའ་འགྲོ་སྙིང་ཐིག་སྟེ། །སྲས་ཀྱི་ཐུ་བོ་རྒྱལ་སྲས་བཟོད་པ་ལ། །ཐུགས་ཀྱི་དཀྱིལ་དུ་དགོངས་པས་དགྱེས་པར་གནང་། །བསྙེལ་བ་མི་མངའ་ཐུགས་རྗེའི་བདག་ཉིད་ཅན། །ཁྱེད་ཀྱི་རྗེས་འཇུག་རྣམས་ལ་ཐར་པའི་ལམ། །ཚེ་གཅིག་སངས་རྒྱས་ལག་ཏུ་གཏོད་མཛད་པའི། །བཤེས་གཉེན་དམ་པ་དེ་ལ་ཕྱག་འཚལ་ལོ། །

དེ་ནས་གཡོར་པོ་གཞུང་དུ་གདན་དྲངས་པ་ལ་སྡང་དགྲར་འཛིན་ཅིང་ཡོད་ནའང་། མཛད་པ་དང་འདུ་བ་ལ་དད་པར་གྱུར་ནས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྔོན་ལ་ཇ་འདྲེན། རྟིང་ལ་ཇ་སིག་གཅིག །ནས་ཁལ་ལྔ་བཅུ། དེའི་ཤ་མར་ཐུད་རྣམས་ཕོག་བཏབ། ན་བཟའ་ཆ་ཚང་གཅིག་འབུལ་བར་བྱས། དེ་ནས་སྙན་པ་དང་གྲགས་པ་དང་གདུལ་བྱ་ཆེ་ཞིང་། འཆད་རྩོད་རྩོམ་པའི་ཡོན་ཏན་ལ་དད་དེ། སངས་རྒྱས་དཔལ་རིན་གྱིས་དཔོན་སློབ་ཀྱི་མཚམས་སྦྱར། གོང་དཀར་དུ་ཕྱགས་ཕེབས། སི་ཏུ་བས་གཙོ་མཛད་རྣམས་ལ་ཨོ་རྒྱན་དྲག་པོའི་དབང་དང་བྱིན་རླབས་གནང་བས་མོས་པ་ཐོབ་སྟེ། རྗེས་གཤེགས་པའི་རྗེས་སུའང་གདུང་འབུལ་གྱིས་མཉེས་པར་བྱས་པའོ། །

དེ་ནས་ཁྲིད་བཙུགས་ཏེ་སྟོང་ཕྲག་ཡོད་ཟེར་བའི་ཚོགས་པ་འདུས། དབུར་སྟོད་ནས་ཀྱང་བླ་མ་དམ་པ་རྒྱལ་སྲས་བཟོད་པ་དང་། དགེ་སློང་གྲགས་པ་དཔལ་གྱིས་ཐོག་དྲངས་ཆོས་ཉན་མང་རབས་ཆོས་གསན་དུ་བྱོན། ཚོགས་པ་ཆེས་པས་ཆོས་ཉན་ལ་ཕྱག་དམ་འགྱེད་དགོས་པ་བྱུང་། དེར་ཚོགས་པ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དེའི་དུས་སུ་ཆོས་རྗེ་བླ་མ་རྒྱལ་མཚན་དམ་པའི་དྲུང་ནས། འཕན་ཡུལ་བའི་སློབ་(༢༤)མ་ཐུན་མོང་བ་ཞིག་ལ། བླ་མ་དམ་པ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་བཞེད་ཚུལ་ཅི་འདྲ་བ་ཡིན་ཞུས་པ་ལས། གཞི་ལམ་འབྲས་བུའི་བཞེད་ཚུལ་ཚིག་ཉུང་ལ་དོན་འགྲིལ་བ་ཞིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཕུལ་བའི་རྒྱབ་ཡིག་ལས། རབ་གསལ་སྙན་པར་སྨྲ་བའི་ངག་འདི་ནི། །འཆད་རྩོད་རྩོམ་པའི་གནས་ལ་མ་རྨོངས་ཤིང་། །ལུང་རིགས་མན་ངག་དུ་མའི་བློ་མིག་ཅན། །སྙིང་པོའི་དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །གཞུང་རི་རིན་ཆེན་བརྩེགས་པའི་གནས་ནས་ཕུལ། །ཅེས་པའི་ཞུ་ཡིག་ཕྱག་ཏུ་ཕུལ་བས། ཆོས་རྗེ་བསོད་རྒྱལ་བ་བསམ་ཡས་སུ་བཞུགས་པས། ཆོས་རྗེ་ངོར་དུ་ཕྱག་ཐེགས་པའི་ཤུལ། གཟིམས་ཆུང་གི་གློ་ཕུག་ཏུ་ལུས་ནས་འདུག་པ་བསམ་ཡས་ཀྱི་དཀོར་གཉེར་དེས། རྫོགས་ཆེན་པའི་སྒོམ་ཆེན་གཅིག་ལ་ཁྱེད་ཀྱི་བླ་མ་རྫོགས་ཆེན་པའི་གསུང་སྒྲོས་ཞིག །ཆོས་རྗེ་བསོད་རྒྱལ་བ་ཕྱག་ཐེགས་པའི་གཟིམས་ཆུང་དུ་ལུས་ནས་འདུག་ཟེར་བས། དེ་ང་ལ་ཨེ་སྟེར་བྱས་པས་ཆོག་ཟེར་ནས་བྱིན། དོ་རེད་ས་རྩ་སྨག་དུས་སྒོ་དྲག་པོ་བརྡུང་ཞིང་འདུག་པ་བལྟས་པས། དཀོར་གཉེར་དེས་སྦྱིན་པས་ཆོག་ལེ་མ་རེད། གསུང་ཤོག་མཛད་ནས་ཉེ་གནས་ལེན་དུ་བཏང་འདུག་པ་ལ་ད་ལྟ་རང་སྐུར་གསུང་། སྐྱིལ་སྨད་པའི་ཟུལ་ཕུ་བ་སྟོན་གྲགས་ཀྱིས་ཁྲིད་གཞི་ལ་ནས་ཁལ་སུམ་བརྒྱ་ཕུལ། སྐྱོར་མོ་ལུང་པ་དེས་ནས་ཁལ་ཉིས་བརྒྱ་འབུལ་ཟེར་བ་དང་། གཞན་ཡང་བརྒྱ་འབུལ་བ་ཁ་ཡར་བྱུང་། དེ་དུས་དབུས་སྟོད་ནས་ཏཱའི་སི་ཏུ་ཤཱཀྱ་བཟང་པོས་ཐོག་དྲངས། སློབ་མ་རྣམས་ཀྱིས་གདན་འདྲེན་ཡང་བྱུང་། སྐབས་ཤིག་ལ་ཞུ་བ་ནན་ཆེས་པས་འབྱོན་པར་མཛད། ཕྱག་འཇོག་ཁ་རང་དུ་གཞུང་ནས་ཀུན་མཁྱེན་པའི་སློབ་མ་སྔར་མཚན་ཉིད་པོ་ཏི་འགའ་ཡར་ཤེས་པ་གཅིག་གིས་དྲུང་དུ་ང་རང་མཇལ་ནས་ཆོས་ཞུ་བ་མང་ཚད་ཡོད་ནའང་། ལོ་བདུན་དུ་མཚམས་ཀྱི་དམ་བཅའ་བྱས་ཡོད་པས་ཡོང་བའི་ཐབས་མ་བྱུང་། ཆོས་ཀྱི་དྲི་བ་འདི་རྣམས་ཀྱི་ལན་གསལ་པོ་ཐུགས་ལ་འདོགས་པ་ཞུ་ཟེར་ནས། ཞུ་(༢༥)ཡིག་དང་འབུལ་བ་བྱུང་ནས། ཉིན་པར་ནི་ཆོས་དང་འཇལ་མཁན་གྱིས་བྲེལ་བས་ཐུགས་མ་སྐབས། ནུབ་མོ་བླ་མ་དམ་པ་བཟོད་པས། ཕྱག་བྲིས་མཛད་ནས། དྲིས་ལན་དོན་གྱི་རབ་འབྱེད་ཅེས་བྱ་བ་བསྐུར། དེ་ནས་བྱོན་པས་ལམ་དུ་ཞབས་ཏོག་པ་མང་བས་ཞག་སྦྲེལ་འགོར། ཚུ་རི་ཕ་རི་རྣམས་སུ་སྐྱེལ་བསུ་བ་ནི་ཚོ་འཁྲུགས། ཚུར་རིའི་གཙང་འགྲམ་ན་ཆོས་ཁྲི་བརྩེགས་ནས་གསང་ཕུ་གླིང་སྟོད་པའི་སློབ་དཔོན་ཡེ་རྒྱལ་གྱིས་ཐབ་ཁྱོགས་ནས་ཇ་གསོལ་བའི་རིང་ལ། ཆོས་ཀྱི་དྲི་བ་ཚིག་རེ་ཞུས་པ་ལ་མདའ་ཚད་མང་རབས་རེའི་ལན་གསུངས། དེ་ནས་ཆོས་ཀྱི་དྲི་བ་ཞུ་བའི་སྤོབས་པ་མེད་པར་གསང་ཕུ་བ་ལ་ངེད་རང་འདྲ་བ་གཞན་མེད་པས། སྐྱོང་བྲན་ཐུགས་ལ་འདོགས་པར་ཞུས། ཡང་དགོས་སུ་ངེད་རང་གླིང་སྟོད་པ་ཉམས་ནས་ཡོད་ཞུས་པས། ཁོང་ལ་ཇ་བཟང་པོ་གདུམ་གཅིག །སྲབ་ཆམ་གཅིག །གསེར་སྲང་བཅུ། གླིང་སྟོད་པ་སྤྱི་ལ་ཇ་སིག་ལྔ། ཀླད་ཡོད་ཆེན་མོ་གཅིག །ཐེར་རས་ཕྲུག་གསུམ། དགུ་ཚན་གཅིག་གནང་། ཨེ་མ་ཚོགས་གཉིས་བསགས་པའི་འབྲས་བུ་དུས་འདིར་སྨིན། །ནམ་མཁའ་མཛོད་ལ་མངའ་བརྙེས་ཕྲིན་ལས་ཅན། །སྦྱིན་པ་རྣམ་བཞིས་སེམས་ཅན་ཚིམ་མཛད་ཅིང་། །རེ་བ་སྐོང་མཛད་དེ་ལ་ཕྱག་འཚལ་ལོ། །

དེ་ནས་ཡར་མོ་ཆེ་བའི་ཇོ་གདན་རྣམས་ཀྱིས་རོལ་ཆ་དང་བཅས་ལྦུ་བ་གདོང་ནས་བསུ་བ་བྱས། ར་མོ་ཆེར་ཕེབས་ཇ་ཞུ་ཞིང་ཡོད་པའི་སྐབས་སུ། རྨེ་རུ་བའི་ཇོ་གདན་རྣམས་མཇལ་བ་དང་། སེར་སྦྲེངས་ལ་བྱུང་བ་ལ་མཇལ་ཁ་མ་བྱུང་། ཟླ་བ་ཕྱེད་ནི་ལྷ་སར་བཞུགས་པ་ལྷ་ས་དང་། ར་ས་གཉིས་ཀྱི་བར་དུ་ཁྲི་མཐོན་པོ་བརྩིགས་ཏེ་ཐུགས་བསྐྱེད་གསུངས་པས། ས་ཕྱོགས་དེ་ཆོས་ཉན་གྱིས་གང་། གསང་མཚུར་སྡེ་གསུམ་གྱི་དགེ་བཤེས་ང་རྒྱལ་ཅན་མང་པོས་ཆོས་ཉན་སར་ལྟད་མོ་བལྟས་པས། ལས་རྒྱུ་འབྲས་ཀྱི་ཆོས་བཤད་མཛད་པའི་རྟིང་ན། ཁོང་རྣམས་དད་པ་སྐྱེས་ནས། འདི་འདྲ་ཞིག་ཡིན་པ་ཟེར་ཞིང་ཕྱག་བཙལ་ཏེ་ཆོས་ཉན་གྱི་གྲལ་ལ་འཁོད། ཆོས་ཚར་ནས་ར་མོ་ཆེར་འབྱོན་ཞིང་ཡོད་པ་ལ། སི་ཏུ་(༢༦)ཤཱཀྱ་བཟང་པོས་ཞུ་ཡིག་དང་གདན་འདྲེན། གཞན་ཡང་བླ་མ་དཔོན་སྐྱ་མང་ཚད་ཅིག་གིས་སླེབས་ནས་བྱུང་། ཡར་འབྱོན་པར་ཞལ་གྱིས་བཞེས། དེ་ནས་སྙིང་ཐིག་གི་ཁྲིད་གསུང་བ་ལ། སྙེ་ཕུ་ཤུག་གསེབ་ཏུ་བྱོན། ཁྲིད་ཉན་སྟོང་ཕྲག་ཚོགས་པས་ཁྲིད་ཞུ་ཚོ་འདི་ཙམ་མང་འདུག་པས། ཁྲིད་གཞིས་མི་ལྕོགས་པར་འདུག་ཅིང་ཁྲིད་གཞི་རྒྱུ་ཁྲིད་གཉེར་བ་ལ་འབུལ་བར་ཞུ་ཞུས་པས། ཆོས་ཉན་རྣམས་ཀྱིས་མི་ལྕོགས་ན་ཁས་མི་ལེན་པ་ཡིན་ཟེར་བ་ལ། ཆོས་རྗེའི་དྲུང་དུ་ཁྲིད་གཞིའི་ནས་མང་པོ་ཕུལ་བས་མཉེས་པ་ཆེ་བ་ཨེ་ཡིན། ང་གར་འགྲོ་མཁའ་འགྲོ་ཆོས་སྐྱོང་གིས་བྱ་བ་སྒྲུབ་ཅིང་ཡོད་པས། ཚོགས་འཁོར་ལ་མི་ཐོགས་གསུངས་ནས། ཕྱག་དམ་བཀྱེ་ནས་ཆོས་གསུང་། དགེ་སློང་དཔོན་གྲགས་པས་དབུར་སྟོད་དུ་ཡར་འགྲོ་བའི་ཞུ་བ་བྱས་པས། དེ་བཞིན་མཛོད་གསུང་། ངའི་རྟ་བཙོང་ནས་མེད་པས་ལྷ་ས་བར་དུ་ཆིབས་པ་ཞིག་གཡར་པོ་ཞུ་ཞུས་པས། རྟ་མེད་ན་ཁྱེད་གར་ཐོན་རྟ་ཁྱེར་བས་ཆོག་གསུང་། ནངས་པར་ཚ་བ་གནང་ནས། ཆིབས་པ་རྔམ་པ་སྒྲ་སྒྲོགས་བཏང་། རྟ་བསྒྱུར་བ་ལ་རྟོགས་ལྡན་གྱད་ཐུང་ཟེར་བ་བཏང་། ལམ་རིང་ཐུང་གཉིས་ཡོད་པའི་ཐུང་བ་དེས་གཟར་བས་རིང་བ་དེ་སྐོར་གསུངས། ཕྱག་དབང་ཞུས་ཤིང་ཡོད་ཀྱང་ལྡབས་ནས་གསུངས། ཞལ་ཏའི་ལུགས་བཞིན་རྟོགས་ལྡན་གྱིས་བྱེད་བྱས་པས། ཐུགས་ཀྱིས་གཟིགས་ཆ་ཡིན། ངས་མི་ཚེ་རྟ་ལ་བསྐྱལ་བས་ཨའུ་ཙི་ཉེ་ས་ལ་འགྲོ་བྱས་པས། རྟས་བརྡབས་རྩིབ་མ་གཉིས་བཅགས། རྟོགས་ལྡན་རྟ་བཟློག་ནས་འགྲོ་དུས། རྟས་བརྡབས་པ་མ་ཞུ་བཀའ་བཀྱོན་ཐུགས་ཁྲེལ་ཡོང་ཟེར་ནས་ངག་བསྡམས་ཤུག་གསེབ་ཏུ་སླེབས་དུས་ཆིབས་རྟ་ཀ་བ་ལ་གཏོད། དྲུང་དུ་ཕྱག་འཚལ་བ་ལ་སོང་བས། ངན་པ་རྣམས་བྱས་པ་ལ་མི་ཉན་དེ་ཨེ་མ་བྱུང་གསུང་། དགེ་སློང་དཔོན་གྲགས་པར་ར་མོ་ཆེར་སྨན་དཔྱད་རིམ་གྲོ་ཆེན་པོ་དགོས་པ་བྱུང་། དེས་ན་ཐོགས་པ་མེད་པའི་མངོན་པར་ཤེས་པ་ཡོད་པར་ཡིད་ཆེས་སོ། །མི་ཡི་ཁྱུ་མཆོག་ཆོས་ཀྱི་འཁོར་ལོ་བསྐོར། །སྨྲ་བའི་ཟླ་བ་མངོན་ཤེས་སྤྱན་དང་ལྡན། །འཕགས་པའི་གང་ཟག་(༢༧)འདི་འདྲ་གཞན་སུ་ཞིག །དུས་གསུམ་རྣམ་མཁྱེན་དེ་ལ་གུས་ཕྱག་འཚལ། །

དེ་ནས་དབུར་སྟོད་དུ་བྱོན་ནས། སི་ཏུས་མཁར་བ་རིར་གདན་དྲངས། ཞག་གསུམ་དུ་བཞུགས་དབྱར་གནས་ཀྱི་ཕོགས་བཏབ་ནས། ཡར་ཨོ་རྒྱན་དུ་བྱོན་ཚོགས་པ་རྒྱ་མཚོ་ལྟ་བུ་འཚོགས། ཨོ་རྒྱན་གྱི་རྫ་འདབས་མན་ཆད། ཕ་རའི་བྲག་རྩ་དེ་ཡན་ཆད། ཆ་ཐེར་དཀར་ནག་ཁྲ་གསུམ་གྱིས་བཀང་། ཆོས་ཉན་རྙེད་པ་ལས་སུམ་ལོག་གིས་མང་། གསར་པའི་ཆོས་ཉན་གྱི་དྲག་པ་དུས་འཁོར་བ་དགེ་འདུན་དཔལ་གྱིས་ཐོག་དྲངས། ཆོས་འཆད་པའི་བླ་མ་སློབ་དཔོན་ཡང་བཞི་བཅུ་ལ་སླེབས་ཙམ་འདུག །འབྲི་གུང་པའི་ཁུལ་གྱི་བླ་མ་སློབ་དཔོན། དཔོན་སྐྱ་མང་པོ་འཚོགས་པ་ལ། འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཟླ་བ་བཞི་པའི་ཚེས་བཅོ་ལྔའི་ཉིན་པར་བཙུགས་ནས། ཚེས་བརྒྱད་གཅིག་ལ་འཚོགས་པ་ལ་འགྱེད་ཆེན་གཅིག་མཛད། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ་འཕན་ཡུལ་ཡན་ཆད་རྩེ་མོ་རྒྱལ་ཕྱིན་མན་ཆད་ཚོགས་པ་རྒྱ་མཚོ་ལྟ་བུ་ལ་ཚེས་བཅུའི་མཆོད་པ་གྱ་ནོམས་པ་མཛད། སྔར་སྙིང་ཐིག་གི་ཁྲིད་ཞུ་བའི་དུས་ཆོས་ཁྲལ་ལ་མ་ཐོགས་པས་ད་གཟོད་ང་ལ་ཆོས་བཤད་པའི་དུས་བྱུང་ན། ཆོས་ཁྲལ་ལ་བཅད་ཐང་མི་བྱེད་པ་དང་། དད་རྫས་ཕྱག་ཏུ་ཅི་བྱུང་བའི་སུམ་གཉིས་ཚེས་བཅུ་དང་ཚེས་བརྒྱད་ལ་བཏང་ཞིང་སུམ་ཆ་གཅིག་གིས་འཕྲལ་དགོས་འཚོ་བ་དང་། བུ་སློབ་གཟིགས་སྐྱོང་མཛད་པའི་དམ་བཅའ་བརྟན་པོ་མཛད། དད་ཟས་ཆུད་མི་གསོན་པའི་ཆེད་དུ། ཚེས་བཅུ་དང་། ཚེས་བརྒྱད་ཀྱི་ཟན་ཡང་སིངས་པོ་དང་དར་བས་བརྫི་ཞིང་། སྤྱན་ལམ་དུ་འབྱུང་བའི་བཟའ་བཏུང་དངོས་པོ་མཆོད་པ་གཉིས་ལ་དམིགས་སྒོམ་བྱས་པ་ལ། ཆེ་བཙུན་གལ་པོ་ཆེར་བྱས་པ་སུ་བྱུང་ཡང་། འདི་ཟོངས་པས་མི་འཇུ་གསུངས་ནས་མི་གནང་། འགྱེད་མཛད་དུས་གྲལ་མཐོ་བ་རྣམས་ཀྱི་སྐལ་བ་ཆད་དོགས་མེད་གསུངས་ནས། གྲལ་གཞུག་ནས་ཡར་ལ་འགྱེད། བཀུར་སྟི་དགེ་འདུན་ལ་དགོས་པ་ཡིན། སྡིག་ཅན་རྣམས་ལ་མི་དགོས་གསུངས་ནས་སྐྱེ་ནག་ལ་མི་གནང་། ཆེན་པོར་འདོད་པ་རྣམས་ལ་གདན་མི་འདིང་། བཀུར་སྟི་མི་(༢༨)མཛད་པ་ནི་ཐུགས་ཀྱི་དམ་བཅའ་ཡིན། འབྱོར་ལྡན་ཕྱུག་པོ་རྣམས་ཀྱི་ཚོགས་གསོག་དང་འབུལ་བ་ཅི་ཙམ་བྱས་ཀྱང་། ཆོས་དད་གུས་ཀྱི་སྒོ་ནས་བསྒྲུབས་པ་ཡིན། ཕྱག་བྱེད་བཟང་། ཐུགས་ལ་བཏགས་ཞལ་དུ་མི་འདོན། བརྡབ་ལན་དང་གནང་སྦྱིན་མི་མཛད། བྱས་ན་ཚོང་དུ་འགྲོ་བས་ཁོང་རང་གི་དངོས་པོ་དེ་ཆུད་ཟོས་ཡིན། ཤཱཀྱ་ཐུབ་པ་ལ་རས་ཡུག་གསེར་སྲང་སྟོང་རི་བ་ཕུལ་ཡང་། བསྔོ་བ་མཛད་པ་མ་གཏོགས་པ་གནང་སྦྱིན་མཛད་པའི་སྲོལ་མེད། ཚོགས་བསགས་དང་ཆོས་འདོན་ལ་སོགས་པ་ཡོན་བདག་གིས་བྱ་རྒྱུ་ཡིན། ཡོན་མཆོད་གོ་ལོག་ན་ནན་ལྟར་མི་བཟང་གསུང་། འདུལ་བ་ལུང་ལ་སོགས་གཏམ་རྒྱུད་ལུང་འདྲེན་མང་བར་མཛད། སྤྲང་པོ་ལ་སོགས་པ་ཉམ་ཆུང་གིས་སྐྱོ་ར་ནག་པོ་གཅིག་དྲངས་ན་ཡང་ཞིམ་ཞིམ་ལྟར་གསོལ། མདོ་བསྔོ་དང་ཡོན་བཤད་རྒྱས་པ་རེ་མཛད། ཚོགས་གཉིས་མཁའ་ལ་སྒྲིབ་གཉིས་ཆུ་འཛིན་བྲལ། །མཁྱེན་པའི་ཉི་གཞོན་འོད་སྟོང་ལྷག་གེ་བས། །སྐལ་ལྡན་རྣམས་ཀྱི་འདབ་སྟོང་རྒྱས་པ་དང་། །མཉམ་དུ་སྐྱེ་དགུའི་རྐང་དྲུག་ཚིམ་མཛད་བསྟོད། །

དེ་ནས་ཚོགས་པ་ལ་དབང་ཁྲིད་ཤིན་ཏུ་རྒྱས་པར་མཛད་ནས། རྒྱབ་ཆོས་གསུང་བའི་ཉིན་གཅིག་གི་སྐབས་ན། རྒྱལ་སྲས་བཟོད་པས་སྤོས་ཕོར་དང་བཅས་ནང་དུ་གདན་དྲངས་པའི་ཚེ་ཡང་། ཁྱོད་ལ་བྲེལ་བ་མེད་ན། མཁའ་འགྲོ་སྙིང་ཐིག་གི་དྲས་ཁའི་ཤོག་བུ་འགའ་དྲོས་གསུངས་ཚར་བ་དང་སྐས་དེ་ཕར་བསྒྱུར་ལ་སུ་ཡང་མ་བཏང་བར་སྨྱུག་གུ་ཚུགས་གསུངས་ནས། ཞལ་ཆེམས་དྲི་མ་མེད་པའི་འོད་སྤྲད་པའི་སྐབས་སུ། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཚེ་ཟད་ལས་ཟད་སྨོན་ལམ་འཕེན་པ་ཟད། །གསུང་བའི་སྐབས་སུ་རྒྱལ་སྲས་བཟོད་པ་སྤྱན་ཆབ་ཀྱིས་བརྣང་བཞིན་དུ། ཕྱག་བཙལ་ནས་གསོལ་བ་བཏབ་ཅིང་རྟེན་འབྲེལ་ངན་པ་འདི་འདྲ་བ་མི་གསུང་བར་ཞུ་ཞུས་པས། རྟེན་འབྲེལ་ངན་རྒྱུ་ཅི་ཡོད། ད་ལྟ་དལ་བའི་དུས་སུ་བྱས་པས་ད་གཟོད་བྲེལ་བའི་དུས་སུ་ཕན་པ་ཡིན་གསུངས་ནས། བུ་སློབ་སྤྱི་ལ་ཞལ་ཆེམས་དྲི་མ་མེད་པ་འོད་(༢༩)དང་དགོས་སུ་སྙིང་ཐིག་པ་རྣམས་ལ་ཞལ་ཆེམས་གནད་ཀྱི་མེ་ལོང་གཉིས་མཛད་ནས། མཁའ་འགྲོ་སྙིང་གི་པོ་ཏིའི་ནང་དུ་བཅུགས། འདི་འདྲ་བྱས་སུ་ལ་ཡང་མ་སྨྲ་གསུངས་སོ། །གཤེགས་པར་དགོངས་ནས་སྲས་ཀྱི་ཐུ་བོ་ལ། །ཞལ་ཆེམས་བཞག་ནས་མངོན་ཤེས་ཡོད་པར་བསྟན། །མཐོང་སྤངས་མ་རིག་ཚོགས་ལས་དབེན་པ་ཡིན། །འཇམ་དབྱངས་དངོས་སུ་བསྟན་ལ་གུས་པས་བསྟོད། །

དེ་ནས་ཆོས་ཉན་འབྲེལ་བ་ཡོད་པ་རྣམས་སོ་སོར་གྱེས། བླ་མ་སློབ་དཔོན་རྣམས་དང་ཆོས་ཉན་གྲྭ་པ་རྣམས་ཀྱིས་དབང་གོང་མ་ལ་སོགས་པའི་ཞུ་བ་བྱས་པས། འདི་གུ་རུ་ཇོ་འབེར་གྱིས་ཀྱང་མ་གནང་བའི་ཆོས་ཡིན་མི་འོང་གསུང་། ནན་གྱིས་ཞུས་པས། འོ་ན་ཁྲིད་གཉེར་ངན་པ་དེ་རྣམས་ཀྱིས་སྤྱང་ཀི་བྱེད་པར་ཡོད་འདུག །ཁྲིད་གཉེར་བ་བརྗེས་གསུངས་ནས། དབང་ཞུ་བ་རྣམས་ལ་དམིགས་པ་ཕོག་ནས་རི་ལ་བཏང་སྟེ། རིམ་པ་བཞིན་དུ་དབང་མཛད། རྒྱུད་བཅུ་བདུན། ཐེག་མཆོག་རིན་པོ་ཆེའི་མཛོད། ཡང་ཏིག་ཡིད་བཞིན་ནོར་བུ་དང་བཅས་པ་རྫོགས་པར་གསུང་ཆོས་ཐོན་པའི་ཚོགས་འཁོར་གྱི་ནངས་པར་རང་རེ་དཔོན་སློབ་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཚོགས་ཀྱི་དགའ་སྟོན་བྱེད་པ་ཡང་ད་ནངས་ཙམ་དུ་གདའ་འོ། །ཁྱེད་རང་གཞན་དོན་ནུས་པ་རྣམས་ཀྱིས་སྐལ་བ་དང་ལྡན་པའི་སློབ་མ་གང་བྱུང་ལ་རང་འདོད་ཀྱིས་འཁྲིས་མེད་པར་དབང་བསྐུར། རྒྱུད་ཤོད་མན་ངག་སྟོན། དམ་ཆོས་ཉམས་སུ་ལེན་པ་རྣམས་འཇིག་རྟེན་གྱི་བྱ་བ་དོན་དུ་མ་གཉེར་བར། ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ལ་མཉམ་པར་ཞོག །མ་གོ་བའི་སྐབས་བྱུང་ན་ཁོ་བོས་བྱས་པའི་ཡང་ཐིག་ཡིད་བཞིན་ནོར་བུ་འདི། ནོར་བུ་བསམ་འཕེལ་དང་འདྲ་བ་ཡིན་པས་བལྟ་རྟོག་ཞིབ་མོ་གྱིས་ལ་སྒོམས་དང་། འཁོར་བ་ཟད་སར་བསྐྱལ་ནས་མྱང་འདས་ཀྱི་ས་ལ་སླེབ་པར་འགྱུར་རོ། །ཞེས་ལེགས་པར་གདམས་སོ། །གནམ་གཡོགས་བྲལ་བའི་མཁའ་ལ་མཐའ་དབུས་མེད། །ལྟ་སྒོམ་རྫོགས་ལ་སྲིད་ཞི་མཉམ་པ་ཉིད། །ཟད་སར་(༣༠)བསྐྱལ་བས་ཀུན་བཟང་དགོངས་པ་རྫོགས། །ཆོས་རྗེ་ཀློང་ཆེན་རབ་འབྱམས་དད་བརྒྱས་མཆོད། །

དེ་ནས་ཞྭའི་ལྷ་ཁང་གི་གཙུག་ལག་ཁང་གི་ཉམས་གསོས་རྣམས་མཛད་པ་དང་། མཆོད་པ་འབུལ་བ་ལ་འབྱོན་པའི་སྐབས་སུ། ཆོས་སྐྱོང་ལ་གསོལ་ཀ་མཛད་ཁྲོམ་ལ་ཆོས་གསུང་བའི་ཚེ་མེ་ཏོག་གི་ཆར་རྩོད་པ་མེད་པར་བབས། ཐམས་ཅད་ལ་ཐར་པའི་ས་བོན་ཐེབས་པར་མཛད། ཆུ་བོ་རིར་ཕྱགས་ཕེབས་པ་དང་། ཨོ་རྒྱན་དུ་བྱོན་ནས། རྟེན་འབྲེལ་རྣམས་འཆུག་ཡོན་བདག་རྣམས་ལ་ཡང་མི་འཐད་པ་འགའ་རེ་འབྱུང་བར་འདུག །ཁོ་བོས་ཁྱེད་རྣམས་ལ་མྱ་ངན་མི་འཇོག་གསུང་། དེ་ནས་བསམ་ཡས་པའི་དུད་གཏོང་དྲུག་གི་གདན་འདྲེན་བྱུང་བས། རྒྱ་མར་ཞག་ཤས་གཅིག་བཞུགས་ནས་ལ་ལ་བྱོན་པའི་ཐོ་རངས་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་པ་ལ་སོགས་པ་བླ་མ་སློབ་དཔོན། ཡོན་བདག་བུ་སློབ་དང་བཅས་པས་སྐྱེལ་ཐུང་བྱས་ནས། རྒྱ་མ་ཡུན་ཐང་དུ་ཕྱགས་ཕེབས་པས་ཆིབས་ལས་གཞོལ་ནས། ས་འཇའ་ལིའི་སྟེང་ན་བཞུགས་ཏེ། ད་ཁྱེད་རང་རྣམས་ཕྱིར་ལོག་འཕྲེང་བ་ལས་མི་ཡོང་། ཁྱེད་རྣམས་ཀྱིས་ཀྱང་ད་ནངས་ནས་ང་མཐོང་བ་མིན། ཁྱེད་རང་རྣམས་ཆོས་ལ་འབུངས། ངེད་དུམ་པ་ཞིག་འདིར་འདུག་གསུངས་པས། ཐམས་ཅད་ཀྱི་གདོང་མཆི་མས་ཁེབས་ཏེ་སོ་སོར་གྱེས། དེ་ནས་ལ་ལ་བྱོན་ནས་མཆིམས་ཕུར་ཕྱགས་ཕེབས་པའི་ཉིན་པར། འོ་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་གྱི་དོད་པོ་ཡིན་པས། གཞན་དུ་སྐྱེས་པ་བས་འདིར་ཤི་བར་དགའ་བར་བཤད། ངའི་སྒྱུ་ལུས་ཀྱི་ཕུང་པོ་འདི་ཡང་མཆིམས་ཕུའི་དུར་ཁྲོད་ཆེན་པོ་འདིར་འཇོག །བསམ་པ་གཅིག་ཀྱང་ཐོག་ཏུ་ཕེབས་པ་ཡིན་གསུང་། དུད་གཏོང་དྲུག་གིས་ཐོག་དྲངས་པའི་ཕྱོགས་ནས་འདུས་པའི་ཚོགས་པ་རྣམས་ལ་ཁྲིད་བཏབ། ཚོགས་པ་ཆེས་པས་སྤྲོས་མེད་ཀྱི་དབང་ལ་ཞག་གྲངས་མང་རབས་ཤིག་སོང་བའི་སྐབས་སུ། བསྙུངས་པའི་ཚུལ་བསྟན་ཡང་ནུབ་རེ་བཞིན་དབང་མཛད་བཅུ་དྲུག་གི་ཉིན་པར་(༣༡)མཆོད་གཏོར་ཤོམ་དབང་བྱེད་གསུངས་པས། སྐུ་བསྙུངས་པས་འོ་བརྒྱལ་ཞག་གསུམ་སྐུ་ངལ་གསོ་བར་མཛད་པ་ཞུས་པས། དེ་མི་དགོས་དབང་འདི་ཚར་བ་ཞིག་བྱེད་གསུང་བ་ལ་ནན་གྱིས་ཞུས་པས་དབང་འདི་ཚར་བ་ཞིག་བྱེད་བསམ་པ་ཡིན་ཏེ། ཁྱེད་རྣམས་མི་ཉན་པར་འདུག་གསུངས་ནས་སྟེང་དུ་བཞུད། དེ་ནས་ཆུ་མོ་ཡོས་ཀྱི་ལོ་༼ལྔ་བཅུ་རྩ་དྲུག་བཞེས་པ་ལ་༽རྒྱལ་གྱི་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་དྲོ་ཁར་སོང་བ་དང་། གུ་རུ་བ་དང་། སློབ་དཔོན་ཀུན་དཔལ་ལ་སོགས་པ་འགའ་ཞིག་དྲུང་དུ་ཡོད་པ་ལ་མཆོད་པ་གཅིག་ཤོམ་ལ་ཁྱེད་རང་རྣམས་མདོར་སོང་གསུང་། ངེད་རྣམས་མི་འགྲོ་འདིར་འདུག་པར་ཞུ་ཞུས་པས། འོ་ན་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས། ཁྱེད་རང་རྣམས་ཞད་མི་དགོས། ཅ་ཅོ་མ་བྱེད་པར་མཉམ་གཞག་ལ་སྡོད་གསུངས་ནས་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། །ཀྱེ་མ་ཀྱི་ཧུད་སྐྱབས་གནས་ཐུགས་རྗེ་ཅན། །རྒྱ་མཚོའི་གོས་ཅན་འདི་དག་དང་མཚུངས་སུ། །ད་ནི་མི་བཞུགས་གདོད་མའི་སར་གཤེགས་པ། །བདག་ཅག་སྐལ་བ་ལྡན་རྣམས་འདོར་ཕོད་དམ། །བཤེས་བྲལ་དམུས་ལོང་ཐང་ཆེན་དབུས་ལྷུང་ལྟར། །མགོན་པོ་ཁྱེད་མིན་བདག་ཅག་སུ་ལ་རེ། །བྱང་ཆུབ་ལྗོན་ཤིང་རྐང་འཐུང་ཆག་གྱུར་པས། །སྡུག་བསྔལ་ཚད་པས་གདུངས་ལ་བསིལ་བྱེད་སུ། །དཔལ་ལྡན་ཡོན་ཏན་དཔག་མེད་འབྱུང་བའི་གནས། །མྱ་ངན་འདས་པའི་འབྲོག་དགོན་དེར་གཤེགས་པས། །ལྷར་བཅས་རྣམས་ཀྱི་གཙུག་རྒྱན་རིན་པོ་ཆེ། །ཡེངས་མ་སྐབས་ལ་སྟོར་ཞིང་མགོན་མེད་གྱུར། །སྨྲ་བའི་སེང་གེ་སྐྱེས་མཆོག་ཆེན་པོས་ཀྱང་། །བས་མཐའི་ནགས་སུ་དེད་དཔོན་སྟོང་པ་ལྟར། །དེ་རིང་བདག་སྙིང་མྱ་ངན་ཆེན་པོས་གདུངས། །ད་ནི་དབྱིངས་ནས་ཐུགས་རྗེས་གཟིགས་འཚལ་ལོ། །ཞེས་པ་སྨྲེ་སྔགས་ཀྱི་ཚིགས་སུ་བཅད་པའོ། །

དེ་ནས་རྒྱལ་གྱི་ཟླ་བ་དང་། ཆོ་འཕྲུལ་གྱི་རིང་ལ་ཉིན་མཚན་མེད་པར་འཇའི་གུར་ཕུབ། མེ་ཏོག་གི་སིལ་མ་བཀྲམ། འཁྱགས་པ་རྣམས་རང་ཞུ་སེ་བའི་དུང་ལོ་རྒྱས། དེར་ཚོགས་པའི་སྐལ་ལྡན་འགའ་ཞིག་ལ། འོད་གསལ་གྱི་སྣང་བས་ཕྱམ་བརྡལ་བར་གྱུར། ཞག་(༣༢)ཉི་ཤུ་རྩ་ལྔའི་བར་སྐུ་གདུང་བཞུགས་པ་ལ། ཙནྡན་དང་། ག་པུར་གྱི་དྲི་ཟིལ་གྱིས་ནོན་པའི་དྲི་ངད་བཟང་པོས་ཁྱབ་པར་གྱུར། ཞལ་ཏ་ལ་གདུང་ཁང་གསར་པ་མ་བརྩིག་པར། རྙིང་པ་ཞིག་ཏུ་ཁྱེར་ལ་བཞུས་གསུངས་པས། མཆོད་པའི་སྤྲིན་ཕུང་མང་པོ་དང་བཅས་ནས་གདུང་ཁང་རྙིང་པ་ཞིག་ཏུ་གདན་དྲངས་པའི་ཚེ། ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་། འུར་འུར་ཆེམ་ཆེམ་པའི་སྒྲ་ལན་བདུན་དུ་གྲགས་པར་གྱུར་ཏོ། །ཐུབ་པའི་དབང་པོ་ཀུ་ཤའི་ཚལ་གཟིགས་ཚེ། །ཉན་ཐོས་རྣམས་ཀྱང་མྱ་ངན་གྱིས་གདུངས་ལྟར། །དྲི་མེད་འོད་ཟེར་མཆིམས་ཕུར་གཟིགས་པའི་ཚེ། །མཐོང་ཐོས་རྣམས་ཀྱང་མྱ་ངན་ཟུག་རྔུས་གཟིར། །མཁའ་ཀློང་ཡངས་པའི་དབྱིངས་ཀྱང་མ་རྡིབས་ལ། །འབྱུང་བ་འཛིན་མ་འདི་ཡང་མ་ཆགས་ན། །ཆུ་གཏེར་ཆེན་པོ་འཁྲུགས་པར་མ་གྱུར་ཅིང་། །བདག་ཅག་རྣམས་ལ་འདི་ལྟར་གྱུར་འདི་ཅི། །

དེ་ནས་བཞུས་པའི་ཚེ། ཐུགས་ལྗགས་སྤྱན་གསུམ་གདུང་ཁང་ནས་འཕར་ཏེ། སྐལ་བ་དང་ལྡན་པའི་པང་དུ་བྱོན་པ་དང་། རིགས་ལྔའི་རང་བཞིན་ཐོབ་པའི་རྟགས་སུ། ཤ་རཱི་རཾ་ལ་སོགས་པ་གདུང་རིགས་ལྔ་དང་རིང་བསྲེལ་ཕྲ་མོ་གྲངས་ལས་འདས་ཤིང་འཕེལ་གདུང་དུ་གྱུར་ནས། རེ་རེ་ལ་ཡང་བརྒྱ་ཕྲག་འཕེལ་ཞིང་ད་ལྟའི་བར་དུ། འཕེལ་བ་ཀུན་གྱིས་མཐོང་ཞིང་རྩོད་པ་མེད་དོ། །འདི་ནི་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ཏེ། གདུལ་བྱའི་ཁམས་དང་མོས་པ་ཇི་ལྟ་བ་བཞིན་དུ་འཆད་རྩོད་རྩོམ་གསུམ་ལ་སྤོབས་པ་ཐོགས་པ་མེད་པར་འཇུག་སྟེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་རྒྱུ་དང་འབྲས་བུའི་ཐེག་པ་བསམ་གྱིས་མི་ཁྱབ་པ་དག་ལས། དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁོ་བོ་ཅག་གི་ཁོང་དུ་ཆུད་པའི་དོན་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་རྟོགས་པར་སླ་བའི་ཕྱིར་བསྟན་བཅོས་སུ་བཀོད་པ་ལ། ཕྱིའི་གནས་དང་ནང་གི་གནས་དང་དེ་ཁོ་ན་ཉིད་ཀྱི་གནས་གསུམ་དུ་རྣམ་པར་བཞག་པ་ལ། དང་པོ་ནི་གསུང་རབ་ལ་འཇུག་པའི་ཐེམ་སྐས་སམ་ཐུན་མོང་དུ་གྱུར་པ་དག་གི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་ལ། ༡ཡི་གེའི་སྡེབ་སྦྱོར་ལ་འཇུག་པ་རིན་ཆེན་སྙེ་མ་ཆེ་(༣༣)ཆུང་༢གཉིས། ༣རིག་པ་ཀློག་པའི་དོན་བསྡུས། ༤སྒྲ་བཞིའི་མཚམས་སྦྱོར། ༥ཀློག་གི་བསྟན་བཅོས་ཟླ་བ་གསལ་བྱེད། ༦སྡེབ་སྦྱོར་ལ་འཇུག་པ་ཉི་མའི་ཤིང་རྟ། ༧ལྕི་ཡང་གི་གནས་པ་རིན་པོ་ཆེའི་ལྡེ་མིག །༨མངོན་བརྗོད་ལ་འཇུག་པ་མེ་ཏོག་གི་འཁྲི་ཤིང་། ༩སྙན་ངག་གི་བསྟན་བཅོས་མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ། ༡༠དཔེར་བརྗོད་ཀྱི་གནས་ངེས་པ་ཀླུ་ཤིང་གི་མེ་ཏོག །༡༡སྤེལ་མའི་གནས་ལ་འཇུག་པ་ཚངས་པའི་གསུང་དབྱངས་ཏེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྣམ་པར་དབྱེ་བ་དང་། ཐམས་ཅད་སྤེལ་མར་སྟོན་པ་འཕྲོས་པ་ཡན་ལག་གི་བསྟན་བཅོས་ལ། ༡༢མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར། ༡༣གཞོན་ནུ་ཞི་བའི་རྟོགས་པ་བརྗོད་པ་མེ་ཏོག་གི་ཆུན་པོ། ༡༤བློ་གསལ་རི་བོང་གི་རྟོགས་བརྗོད། ༡༥ལེགས་པར་གདམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། ༡༦པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། ༡༧ལེགས་པར་སྦྱར་བའི་སྙན་ངག་ཟླ་བའི་འཁྲི་ཤིང་རབ་ཏུ་བཟང་པོ། ༡༨མེ་ཏོག་གི་ར་བ། ༡༩ནགས་ཀྱི་གཏམ་པདྨ་དཀར་པོ། ༢༠ནགས་ཀྱི་གཏམ་གངས་རིའི་རྒྱན། ༢༡ནགས་ཀྱི་གཏམ་ཀུན་ཏུ་བཟང་པོ། ༢༢ནགས་ཀྱི་གཏམ་ཀུ་མུ་དའི་འཁྲི་ཤིང་། ༢༣ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། ༢༤ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ། ༢༥ཆོས་བཞི་རིན་པོ་ཆེའི་ཕྲེང་བ། ༢༦སློབ་དཔོན་བརྟག་པའི་རབ་ཏུ་བྱེད་པ། ༢༧རང་བྱུང་བརྟག་པའི་རབ་ཏུ་བྱེད་པ། ༢༨སྐྱེ་བ་བརྟག་པའི་རབ་ཏུ་བྱེད་པ། ༢༩མཁས་བླུན་བརྟག་པའི་རབ་ཏུ་བྱེད་པ། ༣༠བཤེས་གཉེན་བརྟག་པའི་རབ་ཏུ་བྱེད་པ། ༣༡ཆོས་དང་ཆོས་མིན་བརྟག་པའི་རབ་ཏུ་བྱེད་པ། ༣༢ཤིན་ཏུ་བྱ་དཀའ་བའི་གནས་ཀྱི་དཔེར་བརྗོད་ཡི་གེར་བཀོད་པ། ༣༣དབྱངས་ངེས་པ་ཅན་གྱི་རྒྱན། ༣༤དུས་ལ་མངོན་པར་སྐྱོ་བའི་རབས། ༣༥རང་ལ་གྲོས་སུ་བཏབ་པའི་རབས། ༣༦ཐར་པ་ལ་བསྐུལ་བའི་རབས། ༣༧བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བའི་རབས། ༣༨ཕྱོགས་ཀྱི་སྡེ་སྣོད་འཛིན་པ་རྣམས་ལ་གཏམ་དུ་བྱ་བའི་རབས། ༣༩བླ་མ་དམ་པ་ལ་ཞུ་བ་ཞུ་ཡིག་རིན་ཆེན་གསེར་གྱི་མཆོད་སྡོང་། ༤༠ཞུ་ཡིག་པདྨ་སྟོང་ལྡན། ༤༡ཞུ་ཡིག་ནོར་བུའི་དྲ་བ། ༤༢ཞུ་ཡིག་རྨ་བྱའི་ང་རོ། ༤༣ཕྱོགས་ཀྱི་སློབ་མ་ལ་བསྔགས་(༢༤)པ་ལྷའི་རྔ་སྒྲ། ༤༤སྦྱིན་བདག་ལ་བསྔགས་པ་རིན་པོ་ཆེའི་བང་མཛོད། ༤༥དྲི་བ་ཉི་ཤུ་པའི་ལན་རྒྱ་ཆེར་བཤད་པ། ༤༦སེམས་དང་ཡེ་ཤེས་ཀྱི་དྲི་བའི་ལན་རྒྱ་ཆེར་བཤད་པ། ༤༧མཁས་གྲུབ་དམ་པ་རྣམས་ཀྱི་མྱང་འདས་ཆེ་ཆུང་། ༤༨བསྟན་པ་སྙིགས་པའི་སྐྱོ་བ་བསམ་པ། ༤༩རྒྱུ་ལ་ཁམས་འདུས་པ་མེ་ཏོག་ཕྲེང་ལྡན། ༥༠རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ། ༥༡གཉིས་ཀ་ལ་ཁམས་འདུས་པ་དྲན་པའི་མེ་ལོང་། ༥༢སྐྱེ་བོ་དགའ་བ་སྐྱེད་པ་གླུ་གར་གྱི་རྩེད་མོ། ༥༣བྱིས་སྦ་བཞད་གད་སློང་བ་སྤྲེའུའི་ཟློས་གར། ༥༤འཇིག་རྟེན་ལུགས་ལ་འཇུག་པ་མཛངས་ཀྱི་འཕྲུལ་ཡིག །༥༥བདེ་བར་གཤེགས་པ་ལ་བསྟོད་པ་རྔ་བོ་ཆེའི་དབྱངས་སྙན། ༥༦ཡུམ་ལ་བསྟོད་པ་ཡིད་བཞིན་ནོར་བུ། ༥༧ཡོན་ཏན་ཚད་མེད་པར་བསྟོད་པ། ༥༨བསམ་གྱིས་མི་ཁྱབ་པར་བསྟོད་པ། ༥༩དཔེ་ལས་འདས་པར་བསྟོད་པ། ༦༠སྤྱན་རས་གཟིགས་ལ་བསྟོད་པ་ལྷའི་སིལ་སྙན། ༦༡རྟ་མགྲིན་ལ་བསྟོད་པ་གློག་གི་ཕྲེང་བ། ༦༢འཇམ་དཔལ་དཀར་པོ་ལ་བསྟོད་པ་མུ་ཏིག་གི་ཕྲེང་བ། ༦༣དམར་པོ་ལ་བསྟོད་པ་མིའམ་ཅིའི་དབྱངས་སྙན། ༦༤སེར་པོ་ལ་བསྟོད་པ་དྲི་ཟའི་རྒྱུད་མངས། ༦༥སྔོན་པོ་ལ་བསྟོད་པ་སྤྲིན་གྱི་ང་རོ། ༦༦འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་མཆོག་དགའི་དབྱངས་ཀུ་མུ་ཏའི་ཕྲེང་བ་པདྨའི་དྲ་བ། ༦༧འཕགས་མ་ནོར་རྒྱུན་མ་ལ་བསྟོད་པ་གསེར་གྱི་སྤྲིན་ཕུང་། ༦༨ཀུ་རུ་ཀུལླེ་ལ་བསྟོད་པ་དབང་པོའི་རྒྱུད་མངས། ༦༩དུག་སེལ་མ་ལ་བསྟོད་པ་ཀླུའི་གཙུག་རྒྱན། ༧༠འོད་ཟེར་ཅན་མ་ལ་བསྟོད་པ་འཇིགས་པ་ཀུན་སེལ། ༧༡དཔལ་མོ་ལ་བསྟོད་པ་དབང་པོའི་མེ་ཏོག །༧༢ཕག་མོ་དཀར་མོ་ལ་བསྟོད་པ་དཔལ་གྱི་ཕྲེང་འཛིན། ༧༣དམར་མོ་ལ་བསྟོད་པ་དུས་ཀྱི་ཕྲེང་བ། ༧༤ནག་མོ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང་། ༧༥མི་གཡོ་དཀར་པོ་ལ་བསྟོད་པ་མལླི་ཀའི་ཕྲེང་བ། ༧༦དམར་པོ་ལ་བསྟོད་པ་དུས་མཚམས་ཀྱི་སྤྲིན། ༧༧སྔོན་པོ་ལ་བསྟོད་པ་འབྱུང་པོ་ཀུན་འདུལ། ༧༨སྒྲོལ་མ་ལ་བསྟོད་པ་དཔྱིད་ཀྱི་ང་རོ། ༧༩ཚོགས་བདག་ལ་བསྟོད་པ་ནོར་བུའི་བང་མཛོད། ༨༠དབང་ཕྱུག་ལ་བསྟོད་པ་ལྷའི་མེ་ཏོག །༨༡ཁྱབ་འཇུག་ལ་བསྟོད་པ་ཀླུའི་ང་རོ། ༨༢དབུ་མ་ལ་བསྟོད་པ་ཀུ་མུ་ཏའི་གཉེན། ༨༣ཚངས་པ་ལ་བསྟོད་པ་རྒྱ་མཚོའི་རྦ་(༣༥)རླབས། །༨༤དུས་ཀྱི་ལྷ་ལ་བསྟོད་པ་དཔྱིད་ཀྱི་ཐིག་ལེ། ༨༥རི་དང་རྒྱ་མཚོ་ལ་བསྟོད་པ་ཕྱོགས་ཀྱི་ང་རོ། ༨༦མཆིམས་ཕུའི་གནས་ལ་བསྟོད་པ་དུས་བཞིའི་མེ་ཏོག །༨༧ཡེར་པའི་གནས་ལ་བསྟོད་པ་པདྨའི་ཕྲེང་བ། ༨༨གངས་རི་ཐོད་དཀར་གྱི་གནས་ལ་བསྟོད་པ་རོལ་མོའི་དབྱངས་སྙན། ༨༩ལུམ་པའི་གཙུག་ལག་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས། ༩༠བསམ་ཡས་ཀྱི་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་གངས་རིའི་རྒྱན། ༩༡གསང་ཕུའི་ཆོས་གྲྭ་ལ་བསྔགས་པ་ཡོན་ཏན་ཕྲེང་ཚོགས། ༩༢ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་བསྟོད་པ་རོལ་མོའི་སྤྲིན་ཕུང་། ༩༣དཀར་ཆག་རྒྱས་པར་རྩིས་ཀྱི་ཡི་གེ་ཞིབ་མོ། ༩༤བསྡུས་པ་ངོ་མཚར་དྲན་བྱེད། ༩༥གསོལ་འདེབས་དང་རྒྱན་གྱི་མེ་ཏོག་ལ་སོགས་པ་ཕྲ་མོའི་གནས་དཔག་ཏུ་མེད་པ་ཞིག་སྐྱེ་བོ་ཆོས་ལ་འཇུག་པའི་ཆེད་དུ་སྦྱར་བ་ཡིན་ནོ། །སྙན་ངག་མཚོ་ཆེན་སྡེབ་སྦྱོར་པདྨའི་ཚལ། །མངོན་བརྗོད་གེ་སར་འདབ་སྟོང་རབ་རྒྱས་ཏེ། །ཚིག་དོན་རྣམ་བཀྲའི་རང་བཞིན་བཀོད་ལེགས་པ། །བློ་གསལ་རྐང་དྲུག་ལྡན་རྣམས་དགའ་བར་མཛོད། །འདི་རྣམས་ཕྱིའི་གནས་དང་མཐུན་པའི་བསྟན་བཅོས་ཀྱི་དཀར་ཆག་སྟེ་དང་པོའོ། །

དེ་ནས་ནང་གི་གནས་རྒྱ་ཆེར་བཤད་པ་ལ། རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ལས། རེ་ཞིག་མཚན་ཉིད་ཐེག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་ལ། ༩༦བྱམས་པའི་ཆོས་ལྔའི་སྤྱིའི་དོན་འགྲེལ་དུས་ལམ་གྱི་རྣམ་པར་བཞག་པ་རིན་ཆེན་ཐེམ་སྐས་༩༧རྩ་འགྲེལ་དང་བཅས་པ། ༩༨མངོན་རྟོགས་རྒྱན་གྱི་ལུས་རྣམ་བཞག་གི་གསལ་བྱེད་རྒྱན་གྱི་སྣང་བ། ༩༩འདུལ་བ་ཀ་རི་ཀའི་གསལ་བྱེད་འོད་ཀྱི་སྙེ་མ། ༡༠༠རང་རྒྱུད་ཤར་གསུམ་གྱི་དོན་བསྡུས་དེ་ཁོ་ན་ཉིད་ལ་འཇུག་པ། ༡༠༡དབུ་མ་ཐལ་འགྱུར་གྱི་གནས་གསལ་བ་རབ་ཏུ་མི་གནས་པའི་དོན་བསྡུས། ༡༠༢བདེ་བ་གཉིས་རབ་ཏུ་བྱ་བ་ལ་འཇུག་པ། ༡༠༣དེའི་མན་ངག་ལམ་རིམ་གསལ་བ། ༡༠༤སེམས་སྤྱོད་དོན་གྱི་སྙིང་པོ། ༡༠༥ལུང་སྦྱོར་རིན་པོ་ཆེའི་ཕྲེང་བ། ༡༠༦སེམས་བསྐྱེད་རིན་པོ་ཆེ་གསེར་གྱི་མེ་ཏོག །༡༠༧བསླབ་བྱ་རྒྱལ་སྲས་ལམ་བཟང་། ༡༠༨ཟབ་མོ་མདོ་ལྔའི་དོན་(༣༦)བཤད། ༡༠༩སྨོན་ལམ་རྒྱ་མཚོའི་སྙིང་པོ། ༡༡༠གཅོད་ཡུལ་དག་པའི་ལམ་ཁྱེར། ༡༡༡ཕུང་པོ་གསུམ་པའི་ཉམས་ལེན། ༡༡༢འདའ་དཀའ་ཡེ་ཤེས་ཀྱི་སྒོམ་ཐབས་ལ་སོགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་དང་མཐུན་པའི་གནས་དུ་མ་རྒྱུ་འབྲས་ཟབ་མོའི་ལམ་ལ་བརྟེན་ནས་ཐར་པ་འདོད་པ་དག་གི་དོན་དུ་ལེགས་པར་བཀོད་པ་ཡིན་ནོ། །ཟབ་ཅིང་རྒྱ་ཆེའི་གསུང་རབ་གངས་ཆེན་མཚོ། །རྒྱལ་བ་རྒྱལ་སྲས་གདེངས་ཅན་དབང་པོའི་གནས། །ཡོན་ཏན་ཡིད་བཞིན་འབྱུང་གནས་ཕྱོགས་གསལ་བས། །དད་ལྡན་ཐར་པ་འདོད་རྣམས་དགའ་བར་མཛོད། །

དོན་གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་ལ། རྒྱུད་སྡེ་བཞིའི་གནས་ཟབ་ཅིང་རྒྱ་ཆེ་བར་བསྟན་པ་ལས། ༡༡༣བཤད་པའི་གནས་གསལ་བར་བསྟན་པ་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ། ༡༡༤འགྲེལ་པ་པདྨ་དཀར་པོ་དང་བཅས་པ། ༡༡༥སྒྱུ་འཕྲུལ་དྲ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་ཡིད་ཀྱི་མུན་སེལ། ༼གསང་འགྲེལ་ཕྱོགས་བཅུ་མུན་སེལ་ཡིན་ནམ།༽ ༡༡༦བསྡུས་དོན་མ་རིག་མུན་སེལ། ༡༡༧རིགས་ལྔ་ཡེ་ཤེས་སྣང་བ་རྣམས་དང་། ༡༡༨ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ཀྱི་བཤད་འགྲེལ་བྱང་ཆུབ་ལྗོན་ཤིང་། ༡༡༩རྒྱུད་སྡེ་བཞིའི་སྤྱི་དོན་བཤད་པ་རྡོ་རྗེ་འབྱུང་བ། ༡༢༠དམ་ཚིག་གསུམ་བཀོད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། ཕྲིན་སྒྲུབ་ཆོ་གའི་སྐོར་ལ། ༡༢༡སྒྱུ་འཕྲུལ་ཞི་ཁྲོའི་སྐོངས་བཤགས་ཀྱི་ཆོ་ག་རྒྱས་པ། ༡༢༢དེའི་ལེའུ་ལག་བསྡུས་པ། ༡༢༣བླ་མའི་ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ། ༡༢༤ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ཆོ་ག་པདྨ་ཅོད་པཎ། ༡༢༥ཀུན་རིགས་རྩ་བའི་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་ག །༡༢༦རྡོ་རྗེ་སློབ་དཔོན་གྱི་ལས་རིམ་རྒྱས་པ། ༡༢༧སློབ་མའི་ལས་རིམ་བསྡུས་པ། ༡༢༨རབ་ཏུ་གནས་པའི་ཆོ་ག་ཀུན་ཏུ་བཟང་པོ། ༡༢༩ཆ་གསུམ་རྒྱས་པ་འོད་ཀྱི་སྙེ་མ། ༡༣༠བསྡུས་པ་རིན་པོ་ཆེ་སྙིང་པོ། ༡༣༡སྲེག་སྦྱོང་དོན་རབ་གསལ་བ། ༡༣༢ཐིག་རྩ་འོད་ཀྱི་ཕྲེང་བ། ༡༣༣སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་(༣༧)བདེ་ལེགས་ཀུན་འབྱུང་། ༡༣༤ཁྲི་མུན་ལས་ཐར་པའི་ཆོ་ག་ཡིད་བཞིན་ནོར་བུ། ༡༣༥འཇིགས་པ་བརྒྱད་སྐྱོབ་ཀྱི་ཆོ་ག་པདྨའི་དྲ་བ། ༡༣༦འཕགས་མ་དུག་སེལ་གྱི་ཆོ་ག་བདུད་རྩིའི་ལྗོན་ཤིང་། ༡༣༧འཕགས་མ་དབྱངས་ཅན་མའི་ཁྲུས་ཀྱི་ཆོ་ག་རིན་ཆེན་ནོར་བུ། ༡༣༨རྣམ་པར་རྒྱལ་བའི་ཆོ་ག་ཡིད་བཞིན་ཕྲེང་བ། ༡༣༩སྨན་བླའི་ཆོ་ག་ཡོན་ཏན་ཕྲེང་ཚོགས། ༡༤༠གནས་བརྟན་བཅུ་དྲུག་གི་ཆོ་ག་གཞན་ཕན་ནོར་བུ། ༡༤༡ཁ་འབར་མའི་གཏོར་ཆེན་བར་ཆད་ཀུན་སེལ། ༡༤༢ཁྲོ་བོ་བཅུའི་སྲུང་བཟློག་གི་ཆོ་ག་གནམ་ལྕགས་འཁོར་ལོ། ༡༤༣གཙུག་ཏོར་ཆོ་ག་བགེགས་དཔུང་ཞི་བྱེད། ༡༤༤དྲེགས་པ་སྤྱིའི་བསྐང་གསོ་དངོས་གྲུབ་ཀུན་འབྱུང་། ༡༤༥སྤྱི་གསོལ་ཆེན་མོ། ༡༤༦ཕུད་རབས་རྒྱས་པ། ༡༤༧བརྔན་ཡིག་ཆེན་མོ། ༡༤༨བྱེ་བྲག་མ་མོའི་བསྐང་གསོ་ཁྲག་མཚོ་ཁོལ་མ། ༡༤༩གཟའ་ཡི་བསྐང་གསོ་དགྲ་ལས་རྣམ་རྒྱལ། ༡༥༠གནོད་སྦྱིན་དམར་ནག་གི་བསྐང་གསོ་རི་རབ་བརྩེགས་པ། ༡༥༡དམ་ཅན་གྱི་བསྐང་གསོ་ལས་བཞི་ལྷུན་གྲུབ། ༡༥༢མ་མགོན་སྤྱིའི་བསྐང་གསོ་ཡིད་བཞིན་ལྷུན་གྲུབ་རྣམས་དང་། བསྐྱེད་རིམ་གཙོ་བོར་བཏོན་པ་སྒྲུབ་ཐབས་ཀྱི་སྐོར་ལ། ༡༥༣བླ་མའི་སྤྱི་སྒྲུབ་དངོས་གྲུབ་འབྱུང་གཏེར། ༡༥༤བྱེ་བྲག་བི་མ་ལའི་སྒྲུབ་པ་དངོས་གྲུབ་ཆར་འབེབས། ༡༥༥པདྨ་ཞི་བར་སྒྲུབ་པ་རིན་ཆེན་ཁང་བརྩེགས། ༡༥༦པདྨ་དྲག་པོར་སྒྲུབ་པ་གནམ་ལྕགས་འབར་བ། ༡༥༧ཡི་དམ་ཞི་ཁྲོ་སྤྱི་སྒྲུབ་ཡང་དག་དོན་གྱི་སྙིང་པོ། ༡༥༨རྟ་མགྲིན་དྲེགས་པ་མཐར་བྱེད། ༡༥༩ཕུར་པ་སྐུ་གསུམ་འདུས་པ། ༡༦༠བདེ་མཆོག་ཡིད་བཞིན་འཁོར་ལོ། ༡༦༡འཇམ་དཔལ་བདུད་རྩི་འབྱུང་བ་རྣམས་དང་། ༡༦༢མཁའ་འགྲོ་མ་སྤྱིའི་སྒྲུབ་ཐབས་གསེར་གྱི་དྲ་བ། ༡༦༣བྱེ་བྲག་གཙོ་བོ་རྐྱང་པར་སྒྲུབ་པ་ཐབས་ཀྱི་འཁོར་ལོ། ༡༦༤དཔའ་བོ་རྐྱང་པར་སྒྲུབ་པ་ཤེས་རབ་འཁོར་ལོ། ༡༦༥སྦྲག་མར་སྒྲུབ་པ་བདེ་ཆེན་འཁོར་ལོ། ༡༦༦གསང་བ་སྙིང་གི་སྒྲུབ་པ་གནད་ཀྱི་ཕྲེང་བ། ༡༦༧ཡང་གསང་ཐོད་རྒལ་དུ་སྒྲུབ་པ་སྲོག་གི་ཐིག་པ་རྣམས་དང་། ༡༦༨ཕྲ་མོའི་སྒྲུབ་པ་ལ་ཚེ་སྒྲུབ་བདུད་རྩིའི་བུམ་པ། ༡༦༩འཆི་མེད་དབང་པོའི་ཕྲེང་བ། ༡༧༠ངན་སོང་སྦྱོང་བ་ལྷ་ལྔའི་སྒྲུབ་ཐབས་ཟླ་བའི་ནོར་བུ། ༡༧༡རྣམ་སྣང་གི་སྒྲུབ་ཐབས་ངན་སོང་(༣༨)ཀུན་སྦྱོང་། ༡༧༢རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ། ༡༧༣མི་འཁྲུགས་པའི་སྒྲུབ་ཐབས་ངན་སོང་རྣམ་སྦྱོང་། ༡༧༤ཤཱཀྱ་ཐུབ་པའི་སྒྲུབ་ཐབས་འོད་ཟེར་ཀུན་འབྱུང་། ༡༧༥བྱམས་པའི་སྒྲུབ་ཐབས་པདྨ་བརྩེགས་པ། ༡༧༦འཇམ་དཔལ་དཀར་པོའི་སྒྲུབ་ཐབས་ཤེས་རབ་གསལ་བྱེད། ༡༧༧སྨྲ་བའི་སེང་གེའི་སྒྲུབ་ཐབས་བློའི་མུན་སེལ། ༡༧༨ཨ་ར་པ་ཙ་ན་དཀར་པོའི་སྒྲུབ་ཐབས་ཤེས་རབ་འཁོར་ལོ། ༡༧༩སེར་པོའི་སྒྲུབ་ཐབས་འོད་ཀྱི་སྣང་བ། ༡༨༠མི་གཡོ་དཀར་པོའི་སྒྲུབ་ཐབས་སྙིང་གི་མུན་སེལ། ༡༨༡ཕག་མོ་དཀར་མོའི་སྒྲུབ་ཐབས་འོད་ཀྱི་སྙིང་པོ། ༡༨༢རལ་གཅིག་མ་དཀར་མོའི་སྒྲུབ་ཐབས་དགའ་བ་བསྐྱེད་པ། ༡༨༣དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། ༡༨༤དམར་མོའི་སྒྲུབ་ཐབས་ཉི་མའི་འདོད་འཇོ། ༡༨༥ཀུ་རུ་ཀུལླེའི་སྒྲུབ་ཐབས་རིན་པོ་ཆེའི་མེ་ཏོག །༡༨༦ཚོགས་བདག་དམར་པོའི་སྒྲུབ་ཐབས་ནོར་བུའི་བང་མཛོད། ༡༨༧རྣམ་ཐོས་ཀྱི་སྒྲུབ་ཐབས་རྒྱལ་མཚན་རྩེ་མོ། ༡༨༨ཛམ་ལྷ་སེར་པོའི་སྒྲུབ་ཐབས་གསེར་གྱི་ཁང་བརྩེགས། ༡༨༩ནག་པོའི་སྒྲུབ་ཐབས་འབྱོར་པ་རྒྱ་མཚོ། ༡༩༠ནོར་རྒྱུན་མའི་སྒྲུབ་ཐབས་གཏེར་གྱི་བུམ་པ། ༡༩༡ཨཾ་གུ་ལིའི་སྒྲུབ་ཐབས་ཉི་མའི་དཀྱིལ་འཁོར་། ༡༩༢འོད་ཟེར་ཅན་གྱི་སྒྲུབ་ཐབས་ཟླ་བའི་འཁོར་ལོ། ༡༩༣ལྷ་མོ་གཟུངས་ཀྱི་སྙེ་མའི་སྒྲུབ་ཐབས་དཀར་མོའི་ཕྲེང་བ། ༡༩༤དབང་ཕྱུག་གི་སྒྲུབ་ཐབས་འཇིག་རྟེན་གསུམ་སྣང་། ༡༩༥ཁྱབ་འཇུག་གི་སྒྲུབ་ཐབས་གྲོང་ཁྱེར་སུམ་བརྩེགས་རྣམས་དང་། ༡༩༦གཞན་ཡང་དྲེགས་པ་སྤྱིའི་སྒྲུབ་ཐབས་རི་ནག་སྤུངས་པ། ༡༩༧བྱེ་བྲག་མ་མགོན་ལྕམ་དྲལ་གྱི་སྒྲུབ་ཐབས་དུས་ཀྱི་མཚོན་ཆ། ༡༩༨འཇིགས་པ་མ་མོའི་སྒྲུབ་པ་སྲོག་གི་སྤུ་གྲི། ༡༩༩དྲག་པོ་གཟའི་སྒྲུབ་ཐབས་འཇིག་རྟེན་ཕུང་བྱེད། ༢༠༠ཤན་པ་གནོད་སྦྱིན་གྱི་སྒྲུབ་ཐབས་རོ་ལངས་སྐང་མདའ། ༢༠༡སྐྱེས་བུ་དམ་ཅན་གྱི་སྒྲུབ་ཐབས་གིང་ཆེན་འབར་བ། ༢༠༢ཆོ་འཕྲུལ་གནམ་ལྕགས་ཀྱི་སྒྲུབ་པ་ལྟས་ངན་འཕྲུལ་གྱི་བང་མཛོད། ༢༠༣འགལ་བྱེད་ཁྲམ་ལ་འདེབས་པ་རྒྱ་མཚོ་དུ་རུ་ཀའི་གཏད་ཁྲམ་ལ་སོགས་ཏེ་ཕྲིན་ལས་རྣམ་བཞིས་བསྟན་པ་ཡུན་རིང་དུ་གནས་པའི་ལས་རིམ་སྒྲུབ་པ་རྣམས་དང་། ངེས་(༣༩)དོན་རྫོགས་རིམ་མཐར་ཐུག་སྙིང་པོའི་དོན་ལ་སྒྱུ་འཕྲུལ་རིམ་པ། ཡང་གསང་ཐིག་ལེའི་གནད་ཡིག་བསྟན་པ་ལ། ༢༠༤ཡང་དག་བྱང་ཆུབ་སྙིང་པོའི་རྫོགས་རིམ་ཡེ་ཤེས་འཁོར་ལོ། ༢༠༥བདེ་མཆོག་རིམ་པ་ལྔ་པའི་ཟབ་དོན་སྙིང་པོའི་ཡང་ཞུན། ༢༠༦གསང་འདུས་རིམ་པ་ལྔ་པའི་ཟབ་དོན་འོད་གསལ་འཁོར་ལོ། ༢༠༧སྦྱོར་བ་ཡན་ལག་དྲུག་གི་བསྡུས་དོན་དེ་ཉིད་འདུས་པ། ༢༠༨ལམ་འབྲས་བུ་དང་བཅས་པའི་རིམ་གཉིས་འཁོར་ལོ། ༢༠༩ཆོས་དྲུག་གི་སྙིང་པོ་ཡང་ཞུན། ༢༡༠བསྡུས་པ་འོད་གསལ་རྣམ་སྦྱོང་། ༢༡༡ཐབས་ལམ་ཟབ་མོའི་དོན་བསྡུས་གསང་བའི་དེ་ཉིད། ༢༡༢ཤེས་རབ་ཀྱི་ལམ་རིམ་སེམས་ཁྲིད་སྙིང་པོར་བསྟན་པ། ༢༡༣ཕྱག་རྒྱ་ཆེན་པོའི་ལམ་རིམ་གྱི་ཟབ་དོན་རྣལ་འབྱོར་བཞིའི་སྙིང་པོ། ༢༡༤ཅིག་ཅར་བའི་ཟབ་དོན་ཐོག་བབས། ༢༡༥དམར་ཁྲིད་གཉིས་ཀའི་ཆ་རྐྱེན་སྐུ་གསུམ་དོན་ཁྲིད་ནམ་མཁའ་སྐོར་གསུམ། ༢༡༦མེ་ལོང་བཞིའི་གནས་ལུགས། ༢༡༧སེམས་ཀྱི་རྡོ་རྗེའི་གླུ། ༢༡༨སྣང་བ་ལམ་ཁྱེར་འཁོར་འདས་ཁ་སྦྱོར། ༢༡༩རྐྱེན་སྣང་རང་གྲོལ་ཟབ་དོན་འདུས་པ་རྣམས་དང་། གཞན་ཡང་༢༢༠ཞི་བྱེད་དོན་གྱི་སྙིང་པོ། གཅོད་ཡུལ་གནས་ལུགས་རང་བབས་ལ་སོགས་ཏེ། བོད་འདིར་གྲགས་སོ་ཅོག་གི་ཟབ་དོན་རྫོགས་རིམ་རྣམས་བླ་མ་ལས་ཐོས་པའི་དོན་ཤེས་རབ་གསུམ་གྱིས་ངེས་པར་བྱས་པ་རྣམས་ལས་སྙིང་པོའི་ཡང་ཞུན་དུ་བསྡུས་ཏེ་བཀོད་པ་ཡིན་ནོ། །

ཡང་ཟབ་འབྲས་བུ་ཡིད་བཞིན་འོག་མིན་གནས། །ཐམས་ཅད་བདེ་ཆེན་སྐུ་གསུམ་གཞལ་ཡས་ཁང་། །ཡེ་ཤེས་རྔ་སྒྲ་མཛེས་པའི་འོད་གསལ་བས། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ལེགས་པར་སྦྱར་བ་བསྟན་བཅོས་ཀྱི་དཀར་ཆག་ལས་ནང་གི་གནས་བསྟན་པ་སྟེ་གཉིས་པའོ། །

དེ་ནས་དེ་ཁོ་ན་ཉིད་ཀྱི་བསྟན་བཅོས་རྒྱ་ཆེར་བཤད་པ་ལ། གསང་བའི་གནས་མདོ་སྤྱིར་བསྟན་པ་དང་། གསང་ཆེན་བླ་ན་མེད་པའི་གནས་བྱེ་བྲག་ཏུ་བཤད་པ་གཉིས་ལས། རེ་ཞིག་གི་སྤྱིར་བསྟན་པ་ལ། ཐེག་པ་མཐའ་དག་གི་དོན་རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་སྔོན་འགྲོའི་ཐབས་ལམ་ཙམ་དུ་ཤེས་པར་བྱ་བའི་ཕྱིར་(༤༠)ཀུན་དང་མཐུན་ལ་གོང་དུ་འདྲེན་པའི་ལམ་འབྲས་བུ་དང་བཅས་སྟོན་པའི་བསྟན་བཅོས་ཀྱི་གནས་ལུགས་གསལ་བ། ༢༢༡མན་ངག་རིན་པོ་ཆེའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། ༢༢༢དེའི་འགྲེལ་པ་ཤིང་རྟ་ཆེན་པོ། ༢༢༣བསྡུས་དོན་ཉི་མའི་སྙིང་པོ། ༢༢༤ཆོས་འབྱུང་ཤེས་རབ་གསལ་བྱེད། ༢༢༥ཁྲིད་ཡིག་འཁོར་བ་དོང་སྤྲུགས། ༢༢༦རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ། ༢༢༧དེའི་འགྲེལ་པ་ཤིང་རྟ་རྣམ་དག །༢༢༨བསྡུས་དོན་ཟླ་བའི་སྙིང་པོ། ༢༢༩ཁྲིད་ཡིག་ཐར་གླིང་གསལ་བྱེད། ༢༣༠རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ། ༢༣༡དེའི་འགྲེལ་པ་ཤིང་རྟ་དྲི་མེད། ༢༣༢ཁྲིད་ཡིག་ངེས་དོན་སྙིང་པོ་རྣམས་དང་། ༢༣༣སེམས་སྡེ་སྤྱིའི་དོན་བཤད་ལ། ༢༣༤བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སེམས་འགྲེལ་ཉི་མའི་འོད་ཟེར། ༢༣༥ཁྲིད་ཡིག་ནམ་མཁའ་ཀློང་གསལ། ༢༣༦མན་ངག་གི་དོན་འགྲེལ་རང་གྲོལ་སྐོར་གསུམ་ལ། ༢༣༧རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། ༢༣༨འགྲེལ་པ་ཆེན་པོ་འོད་ཀྱི་འཁོར་ལོ།༢༣༩ ཁྲིད་ཡིག་ཆོས་སྐུ་རང་ཤར། ༢༤༠རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། ༢༤༡འགྲེལ་པ་འོད་ཀྱི་སྙེ་མ། ༢༤༢ཁྲིད་ཡིག་ཆོས་སྐུ་རང་བབས། ༢༤༣རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། ༢༤༤འགྲེལ་པ་འོད་ཀྱི་དྲ་བ། ༢༤༥ཁྲིད་ཡིག་ཆོས་སྐུ་ལྷུན་གྲུབ་རྣམས་དང་། ཀློང་སྡེ་སྤྱིའི་དོན་བཤད་ལ། ཀློང་གསུམ་སྤྱིའི་དོན་བཤད་ཆིངས། ནམ་མཁའ་རབ་འབྱམས་འགྲེལ་པ་ཡངས་དོག་མེད་པའི་རྒྱ་གྲོལ། ༢༤༦མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེའི་མཛོད། ༢༤༧འགྲེལ་པ་ཆོས་དབྱིངས་གསལ་བ། ༢༤༨ཁྲིད་ཡིག་ཁྱབ་བརྡལ་ཀློང་ཡངས་རྣམས་དང་། མན་ངག་གི་སྡེ་སྤྱི་དོན་བཤད་པ་ལ། ༢༤༩སྐུ་དང་ཡེ་ཤེས་རྒྱས་པ་ལྷུན་གྲུབ་སྙིང་པོ། ༢༥༠འགྲེལ་པ་མི་ནུབ་རྒྱལ་མཚན། ༢༥༡མཚན་དཔེ་སྐུ་གསུམ་ལག་ཁྲིད། ༢༥༢མན་ངག་གི་དོན་འགྲེལ་ཀུན་འདུས་རིག་པའི་གལ་མདོ། ༢༥༣ཀུན་གསལ་སྙིང་གི་དོན་འགྲེལ། ༢༥༤བར་དོ་འོད་ཀྱི་སྙེ་མན་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་གནས་བསྟན་པ་ལགས་སོ། །ཡང་ཟབ་ཆོས་མཆོག་ངེས་དོན་སྙིང་པོའི་མཁར། །སྐུ་དང་ཡེ་ཤེས་ཉི་མའི་འོད་བརྡལ་བས། །བླ་མེད་བསྟན་པའི་པད་ཚལ་རྒྱས་པ་དང་། །(༤༡)མཉམ་དུ་གདུལ་བྱའི་བྱ་ཚོགས་དགའ་བར་ཤོག །

དོན་གཉིས་པ་གསང་ཆེན་བླ་ན་མེད་པའི་གནས་མདོ་སྤྱི་དང་བྱེ་བྲག་ཏུ་བཤད་པ་ལ། སྤྱིའི་ཆིངས་རྒྱ་ཆེར་བསྟན་པ་དང་། བྱེ་བྲག་ཟབ་དོན་སྙིང་པོ་བསྡུ་བ་གཉིས་ལས། རེ་ཞིག་གསང་ཆེན་ངེས་པ་ཐེག་པའི་རྒྱལ་པོའི་རྣམ་བཞག་ཡོ་གའི་ཕྱོགས་ཀྱི་དོན་དུ་ཕབས་པའི་གནས་གསལ་བྱེད། ༢༥༥གྲུབ་མཐའ་རིན་པོ་ཆེའི་མཛོད། རྒྱུ༢༥༦ད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་དོན་འགྲེལ་ཐེག་མཆོག་རིན་པོ་ཆེའི་མཛོད། ༢༥༧ལམ་ཁྱེར་གནད་ཀྱི་དོན་འགྲེལ་ཚིག་དོན་རིན་པོ་ཆེའི་མཛོད། ༢༥༨ཆིངས་ངེས་པ་མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། བྱེ་བྲག་ཟབ་དོན་སྙིང་པོར་བསྡུ་བ་ལ། ༢༥༩ཁྲིད་ཀྱི་ཡི་གེ་སེམས་སྦྱོང་བདུན་པ། ༢༦༠སངས་རྒྱས་མཉམ་སྦྱོར། ༢༦༡ཁྱུང་ཆེན་གཤོག་རྫོགས། ༢༦༢མན་ངག་གི་ལུང་རྫོགས་པར་སྟོན་པ་བླ་མ་ཡང་ཐིག་ཡིད་བཞིན་ནོར་བུ་ཆོས་སྡེ་ལྔ་བཅུ་རྩ་བཞི་པ། ༢༦༣དེ་ལས་ཤིན་ཏུ་ཟབ་པའི་གནས་བསྡུས་པ་ཟབ་མོ་ཡང་ཏིག་ཆོས་ཚན་སུམ་ཅུ་རྩ་ལྔ་པ་རྣམས་ནི་བླ་མ་སྙིང་ཏིག་བྱིན་རླབས་ལག་ཁྲིད་ཀྱི་སྐོར་དང་། ཁྱད་པར་དུ་སྨོན་ལམ་ལུང་བསྟན་དང་འབྲེལ་བ་མཁའ་འགྲོ་སྙིང་ཐིག་གི་སྐོར་ལ། མན་ངག་དུས་ལ་བབས་པ། ༢༦༤མཁའ་འགྲོ་ལུང་བསྟན་གྱི་བབས་ལུགས་ངོ་བོ་ལག་ཁྲིད་དུ་བསྟན་པ། ༢༦༥དབང་ཁྲིད་གདམས་པའི་མཚོན་ཚུལ། ༢༦༦བྱིན་རླབས་སེམས་ལ་ཤར་བ་ངེས་དོན་སྙིང་པོའི་གདམས་པ་སྟེ་གནད་གསུམ་ཆོས་སྡེ་ལྔ་བཅུ་རྩ་ལྔར་གཏན་ལ་ཕབ་པ་ནི། མཁའ་འགྲོ་ཡང་ཏིག་གི་ཆོས་ཀྱི་རྣམ་གྲངས་སོ། །ཞར་ལ་༢༦༧ཆོས་སྤྱོད་ལས་རིམ་གསོལ་འདེབས་དྲུག་པ། ༢༦༨སྙིང་པོ་དོན་གྱི་མགུར། ༢༦༩རྡོ་རྗེའི་གླུ་སུམ་ཅུ་དང་བཅས་པ་རྣམས་ནི་དེ་དག་གི་ཆ་ལག་ཏུ་བསྟན་པ་སྟེ། ཤིན་ཏུ་ཟབ་པའི་ཡང་ཟབ་ངོ་མཚར་རྨད་དུ་བྱུང་བའི་སྐོར་དུ་གཏོགས་པ་རྣམས་ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ་བུམ་ཐང་ཐར་པ་གླིང་དུ་དཀར་ཆག་ལ་བཏབ་པ་གུ་རུའི་ལུགས་སུ་ཆོས་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་བསྟན་པའི་ཕྱིར་རྣམ་པར་ཐར་པ་གསལ་(༤༢)བར་བཀོད་པ་ཡིན་ནོ། །

ངག་གི་དབང་པོས་འཆད་ལུགས་མཐོང་ཙ་ན། །སྐུ་མཆེད་གསུམ་པོའི་ཆོས་འཆད་དིག་དིག་པོ། །ཀློང་ཆེན་རབ་འབྱམས་རིགས་གྲྭར་རྩོད་ཙ་ན། །ཕྱ་གཙང་དན་གསུམ་རྩོད་པ་རྐྱང་རྐྱང་པོ། །ཀུན་མཁྱེན་ཆེན་པོའི་རྩོམ་པ་མཐོང་ཙ་ན། །བུ་དོལ་ཤེར་གསུམ་རྩོམ་པ་མོག་མོག་པོ། །སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། །ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུ་ཡུ་པོ། །འཕན་པ་བཟང་པོའི་མཛད་སྤྱོད་མཐོང་ཙ་ན། །ཆེན་པོར་འདོད་པའི་སྤྱོད་པ་དམན་དམན་འདྲ། །པདྨ་ལས་འབྲེལ་ཡོན་ཏན་མཐོང་ཙ་ན། །རྟོགས་ལྡན་མིང་བཏགས་རྣམས་ཀྱང་བླུན་བླུན་པོ། །གུ་ཡངས་བློ་བདེའི་བྱ་བྲལ་མཐོང་ཙ་ན། །བཟང་པོ་ཞིག་པོའི་སྤྱོད་པ་དམན་དམན་འདྲ། །དྲི་མེད་འོད་ཟེར་གཞན་དོན་མཐོང་ཙ་ན། །ཆེན་པོར་རློམ་རྣམས་གཞན་དོན་ལད་མོ་འདྲ། །ཞེས་པ་འདི་ཡང་བདག་ཉིད་ཆེན་པོ་འདི་གཞན་ལས་ཆེས་མཆོག་ཏུ་གྱུར་པའོ། །ཚོགས་གཉིས་རྦ་རླབས་ཡེ་ཤེས་ཆུ་གཏེར་ཅན། །མཁྱེན་བརྩེའི་ལྦུ་ཕྲེང་རི་དབང་བརྩེགས་ངོགས་རོལ། །དབང་བཞིའི་ཆུ་རྒྱུན་སྐྱེ་དགུའི་དྲི་མ་སྦྱོང་། །བདེན་གཉིས་དལ་འབབས་དེ་ལ་གུས་པས་བསྟོད། །ཐུགས་རྗེ་ཀླུ་དབང་མཁྱེན་བརྩེའི་གདེངས་ཀས་མཛེས། །ནུས་སྟོབས་གྲུ་ཆར་སྐྱེ་རྒུའི་ཞིང་སར་གཤིམ། །བྱམས་པའི་ཕུད་སྒྲ་ཕྱོགས་ཀྱི་མཐར་ཁྱབ་པ། །སྐྱབས་ཆེན་ཆུ་ལྷ་དེ་ལ་གུས་པས་བསྟོད། །ཆོས་ཀྱི་ལྷུན་པོ་ཐོས་བསམ་བང་རིམ་ཅན། །བཤེས་གཉེན་འདོད་ལྷའི་ཚོགས་ཀྱི་བསྟི་གནས་མཆོག །གནས་ལུགས་འགྱུར་མེད་རྟོགས་པའི་ལྷུན་འཐུག་པ། །ཆོས་ཀྱི་རི་བོ་དེ་ལ་མཆོག་ཏུ་བསྟོད། །མཛད་པའི་ཉི་གཞོན་ཕྲིན་ལས་འོད་སྟོང་ཅན། །སྐལ་ལྡན་རྣམས་ཀྱི་པད་མཚོར་ཤར་བ་ལས། །བསླབ་གསུམ་གེ་སར་མཆོག་ཏུ་རྒྱས་པ་ཡིས། །རྗེས་འཇུག་རྐང་དྲུག་བཅུད་ཀྱིས་རྒྱས་མཛད་བསྟོད། །སྦྱིན་པ་རྣམ་བཞིས་གཞན་རྒྱུད་ཚིམ་མཛད་ནས། །ཚུལ་ཁྲིམས་(༤༣)གསུམ་གྱིས་རང་རྒྱུད་མཛེས་པར་གཏམས། །བཟོད་པ་གསུམ་གྱིས་དཀའ་ཐུབ་མཐར་ཕྱིན་ནས། །རྒྱུད་གསུམ་ཐུགས་དགོངས་རྫོགས་མཛད་དེ་ལ་བསྟོད། །བརྩོན་འགྲུས་གསུམ་གྱིས་དོན་གཉིས་ལེགས་གྲུབ་ནས། །བསམ་གཏན་གསུམ་གྱིས་རིགས་དང་མངོན་ཤེས་གྲུབ། །ཤེས་རབ་གསུམ་གྱིས་ཨ་ཏིའི་རྩེ་མོར་སོན། །ཀུན་བཟང་ཆོས་ཀྱི་རྗེ་དེར་དད་བརྒྱས་བསྟོད། །རིམ་གཉིས་ཐབས་ཀྱིས་ཡེ་ཤེས་སྟོབས་དང་ལྡན། །དུས་གསུམ་དགེ་བ་འཁོར་གསུམ་དག་པར་བསྔོ། །གནས་ལུགས་ཇི་ལྟར་ཤེས་བྱ་ཇི་སྙེད་མཁྱེན། །འཇམ་དབྱངས་དངོས་སུ་བྱོན་དེར་གུས་པས་བསྟོད། །བྱམས་པའི་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །སྙིང་རྗེས་སྡུག་ཕོངས་རྣམས་ལ་རྟག་ཏུ་སྐྱོང་། །དགའ་དང་དགྱེས་པས་འགྲོ་རྣམས་སྲིད་མཚོར་སྒྲོལ། །དགྲ་དང་བུ་མཉམ་འགྲོ་དོན་གཡེལ་བ་མེད། །ཚད་མེད་བཞི་ལྡན་དེ་ལ་གུས་པས་བསྟོད། །ཆོས་དང་ཟང་ཟིང་གཡབ་མོས་གདུལ་བྱ་འབོད། །སྙན་སྨྲའི་གསུང་གིས་ངེས་པའི་ཆོས་ལ་སྦྱོར། །དོན་མཐུན་ཆོས་ལ་བགས་ཕབ་ཨ་ཏིར་སྦྱོར། །བསྡུ་བ་བཞི་ཡིས་འགྲོ་དོན་མཛད་ལ་བསྟོད། །ཐོས་པས་སྡེ་སྣོད་རྒྱུད་སྡེའི་དོན་ལ་མཁས། །བསམ་པས་ཟབ་དོན་སྙིང་ཏིག་ཡིན་པར་རྟོགས། །བསྒོམས་པས་ཀུན་ཏུ་བཟང་པོའི་ས་ལ་སླེབས། །སངས་རྒྱས་བཤེས་གཉེན་གཟུགས་སུ་སྤྲུལ་ལ་བསྟོད། །ཅེས་པ་འདི་ནི་སྒོ་གསུམ་གུས་པའི་སྒོ་ནས། ཆོས་རྗེ་རིན་པོའི་མཁྱེན་རབ་ཕྲིན་ལས་ཀྱི་མཛད་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་དད་པའི་རླབས་གཡོ་བས་མངོན་པར་བསྟོད་ཅིང་གཙུག་ཏུ་ཁུར་བའོ། །གྲྭ་ཕུ་བསམ་ཡས་གསང་ཕུ་སྐྱམ་གྱི་ཕུ། །ལྷ་རིང་བྲག་དང་ཤུག་གསེབ་ཨོ་རྒྱན་རྫོང་། །རྒྱ་མ་གྲོང་དང་གཡོར་པོ་གཞུང་རྣམས་དང་། །ལྷོ་བྲག་མོན་ཡུལ་རྣམས་སུ་ཞབས་ཀྱིས་བཅགས། །སྐལ་ལྡན་རྣམས་ལ་ཐར་པའི་ས་བོན་བཏབ། །ཆོས་འཁོར་བསྐོར་ཞིང་སྨིན་གྲོལ་རྒྱ་ཆེར་མཛད། །ཐ་མའི་མཛད་པ་མཆིམས་ཕུར་མྱང་འདས་མཛད། །(༤༤)སྐྱེས་མཆོག་བཞུགས་པའི་གནས་རྣམས་ལ་ཕྱག་འཚལ། །དེ་ལྟར་ལེགས་པར་སྦྱར་བའི་ཆོས་རྗེ་རིན་པོ་ཆེའི་རྣམ་པར་ཐར་པ་འདི་ནི། ལུང་རིགས་འཛིན་པ་སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ་དང་། དད་དང་གུས་པར་ལྡན་པས་མཉེས་པ་གསུམ་བསྒྲུབས་པ། དམ་ཚིག་དང་ལྡན་པའི་སློབ་དཔོན་བློ་གྲོས་བཟང་པོ་དཔོན་སློབ་གཉིས་ཀྱིས་ཡང་དང་ཡང་དུ་ནན་གྱིས་བསྐུལ་བས་རང་གིས་རྟོགས་ཚོགས་དང་། རྒྱལ་སྲས་རིན་པོ་ཆེ་བཟོད་པ་སྐུ་ལུས་གྲིབ་མ་བཞིན་དུ་བརྟེན་པས། གསུང་སྒྲོས་དང་མཛད་ཚུལ་རྣམས་ལེགས་པར་ཞུས་ནས། འཕྲི་བསྣན་དང་ལྷག་ཆད་མེད་པར་ཡི་གེར་བཏབ་པའོ། །

རྟ་བདུན་རྒྱལ་པོའི་འོད་ཀྱིས་མ་གསལ་ཞིང་། །ཆུ་གཏེར་ཆེན་པོའི་རླབས་ཀྱིས་མ་གཤེར་བ། །སངས་རྒྱས་རབས་བདུན་གྱིས་ཀྱང་མ་ཐུལ་བའི། །གདུལ་དཀའ་འདུལ་མཛད་སྐྱེས་མཆོག་རྣམ་ཐར་འདི། །སྒྲོ་སྐུར་སྤངས་ནས་ལེགས་པར་བཀོད་པ་ཡིན། །ཟས་གཙང་སྲས་པོ་མཚན་དཔེས་བརྒྱན་པ་ཡི། །ཞབས་པད་ཉི་གཞོན་ལྟ་བུར་དམར་བ་ལ། །གཙུག་ཏུ་ཁུར་བའི་ལྷ་ཆེན་གདོང་བཞི་དང་། །མེ་ཏོག་པདྨོའི་གཉེན་ལ་སོགས་པའང་། །མཐོང་བ་དོན་ལྡན་འདི་ཉིད་རྟོགས་གྱུར་ན། །དགྱེས་པའི་སྤྱན་འབྱེད་བཟང་པོས་མདངས་ཕྱུང་ནས། །མངོན་པར་བསྟོད་ཅིང་དགའ་སྟོན་འགྱེད་པར་ངེས། །དྲི་མེད་འོད་ཟེར་འོད་སྟོང་འགྱེད་པ་འདྲ། །གསང་བ་སྙིང་ཐིག་དབང་གི་རྒྱལ་པོ་བཞིན། །དགོས་འདོད་ཀུན་འབྱུང་སྲིད་ཞིའི་དབུལ་བ་སེལ། །འདི་དོན་རྟོགས་པར་འདོད་པ་མང་ན་ཡང་། །སྟོན་ཀའི་མཚན་མོ་དྭངས་པའི་མཁའ་དབྱིངས་སུ། །རི་བོང་འཛིན་གཟུགས་འོད་དཀར་ཅན་ཤར་བས། །དམན་པའི་སྐར་ཚོགས་ཁ་དོག་ཉམས་བྱས་ལྟར། །ཁོ་བོ་འཆད་རྩོད་རྩོམ་གསུམ་རབ་རྒྱས་པས། །རྡོ་རྗེ་ཕ་ལམ་རིན་ཆེན་འབིགས་པ་ལྟར། །ཚིག་དོན་རྣམ་བཀྲ་བསམ་འཕེལ་ཕྲེང་སྤེལ་ནས། །ལེགས་བཤད་སྲད་བུར་བརྒྱུས་པའི་ཕྲེང་བ་འདི། །རྣམ་ཐར་ནོར་བུ་ཆུ་དྭངས་ཇི་བཞིན་དུ། །སེམས་(༤༥)ཀྱི་རྙོག་པ་མ་ལུས་སེལ་བྱེད་ཡིན། །དྲི་མེད་འོད་ཟེར་བལྟ་བའི་མེ་ལོང་མཆོག །ཚུལ་ཁྲིམས་བློ་གྲོས་ཡོན་ཏན་རྒྱས་པར་བསྟན། །སྔ་རབས་བྱོན་ནས་མ་འོངས་སླད་ཀྱིས་འབྱོན། །སུས་ཀྱང་མ་རྟོགས་རྟོགས་པར་མི་འགྱུར་རོ། །ཁོ་བོའི་བློ་གྲོས་ནམ་མཁའ་ཡངས་པ་ལ། །ཐོས་བསམ་ཆུ་འཛིན་རབ་ཏུ་རྒྱས་པ་ཡིས། །ལུང་དང་རིགས་པའི་གློག་ཕྲེང་གར་བྱེད་པས། །རྟོགས་པའི་འབྲུག་སྒྲ་ཆེམ་ཆེམ་སྒྲོགས་པ་དང་། །མཉམ་དུ་དམ་ཆོས་ཆུ་རྒྱུན་འབེབ་པ་ཡིན། །དགེ་བཅུའི་ལོ་ཐོག་སྨིན་པར་བྱེད་པ་ལ། །སྐྱེ་བ་སྔོན་ནས་སྦྱངས་པའི་ཤེས་རབ་ཅན། །རིགས་དང་སྤྱོད་ཡུལ་བཟང་པོའི་རྣམ་གྲོལ་ཅན། །སློབ་མའི་མཆོག་གྱུར་བཀའ་བཞི་འཛིན་པ་པོ། །རང་བཞིན་དཔལ་འབྱོར་བཟང་པོ་འབྱུང་བའི་གནས། །དམ་ཆོས་རྒྱ་མཚོས་འགྲོ་བ་སྨིན་མཛད་པའི། །རྫོགས་ཆེན་བསྟན་པ་འཛིན་པའི་སྐྱེས་བུ་དང་། །བློ་གྲོས་རྣམ་པར་དཀར་བའི་ངུར་སྨྲིག་འཛིན། །བཟང་པོའི་སྤྱོད་ཡུལ་སྡོམ་གསུམ་དམ་ཚིག་ལྡན། །ཐོས་བསམ་དོན་གཞོལ་བླ་མ་ཅི་མཉེས་བྱེད། །རྡོ་རྗེ་སྙིང་པོའི་བརྟུལ་ཞུགས་འཛིན་པ་དང་། །དཔོན་སློབ་གཉིས་ཀྱིས་ཡང་ཡང་བསྐུལ་བའི་ངོར། །རྣམ་ཐར་མཐོང་བ་དོན་ལྡན་འདི་སྤྲོས་པས། །འགྲོ་བའི་རྨོངས་པ་མ་ལུས་རབ་བསལ་ནས། །རྫོགས་པ་ཆེན་པོའི་དོན་ལ་སྤྱོད་པ་དང་། །དོན་གཉིས་ཕུན་ཚོགས་འགྲུབ་པའི་རྒྱལ་པོར་ཤོག །ཡི་གེ་པ་ནི་སྐྱེ་བ་སྔོན་རོལ་ནས། །ཆོས་ལ་སྦྱངས་པའི་བསོད་ནམས་དཔལ་ལྡན་ཅན། །བློ་གསལ་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ། །ཨ་ཏི་ཡོ་ག་འཆང་བས་ལེགས་པར་བྲིས། །དགེ་བ་དཔག་ཡས་རིན་ཆེན་གྲུ་བོ་ཆེས། །འགྲོ་དྲུག་མ་རྣམས་སྲིད་པའི་མཚོ་བསྒྲལ་ནས། །མི་གཡོ་རིན་ཆེན་གླིང་དུ་རབ་སོན་ཏེ། །དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །བཀྲ་ཤིས་གང་ཞིག་སྐུ་བཞིའི་གངས་རི་ལས། །དམ་ཆོས་ཡན་ལག་བརྒྱད་ལྡན་ཆུ་ཀླུང་གིས། །འགྲོ་བའི་ཚ་གདུང་མ་ལུས་ཞི་བ་དང་། །མཉམ་དུ་དགེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་སྲས་དྲི་མེད་འོད་ཟེར་གྱི། །(༤༦)རྣམ་ཐར་མཐོང་བ་དོན་ལྡན་འདི། །བྱང་ཕྱོགས་གངས་ཀྱི་རི་ཁྲོད་དུ། །བྱར་མེད་བརྟུལ་ཞུགས་འཛིན་པ་ཡི། །ཆོས་གྲགས་བཟང་པོ་མདོ་ཁམས་པ། །ཕ་ཡི་བུ་མཆོག་དེ་ཡིས་བཀོད། །ལེགས་པར་ལྟོས་ལ་ཞིབ་མོར་དཔྱོད། །འདི་ནི་ཚངས་པའི་རྔ་ཆེན་དང་། །རབ་དགའི་རྒྱུད་མངས་ལས་འཕགས་ཤིང་། །མཁས་པའི་འདུན་སར་འཇུག་པར་སྤྱོད། །འདི་སོགས་དགེ་བ་རབ་དཀར་དྲི་མེད་དེས། །སྤངས་རྟོགས་ཡོན་ཏན་དུ་མའི་མཛོད་འཛིན་པའི། །དེད་དཔོན་བླ་མ་རྣམས་ནི་མཉེས་བྱས་ནས། །ཀུན་བཟང་གདོད་མའི་ས་ལ་རབ་གནས་ཤོག །ཤུ་བྷཾ། དགེའོ། །དགེའོ། །དགེའོ།། །།

རིན་པོ་ཆེ་འོད་གསལ་རང་གྲོལ་གྱི་རྣམ་པར་ཐར་པ་ཞེས་བྱ་བ།

༄༅། །རིན་པོ་ཆེ་འོད་གསལ་རང་གྲོལ་གྱི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ། །

༄༅། །དེ་ལྟར་ངོ་མཚར་མཆོག་གིས་བརྒྱན་པ། ཕྱམ་བརྡལ་རྫོགས་པ་ཆེན་པོའི་ངང་ལས་སྐད་ཅིག་གཡེལ་བ་མེད་ཅིང་པདྨོ་རྒྱས་པར་མཛད་པའི་བླ་མ་དམ་པ། སྣ་ཚོགས་རང་གྲོལ་ཆེན་པོ་དེ་ཉིད་ལ། ཁོ་བོས་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམས་ཕྱིན་ཅི་མ་ལོག་པར་ཞུས་ཏེ། ཐོས་བསམ་བསྒོམ་གསུམ་དང་། ལུས་ངག་ཡིད་གསུམ་གྱིས་ཅི་མཉེས་སུ་བསྒྲུབས་ཏེ། དེའང་ཁོ་བོའི་ཡུལ་ནི་གཡུ་རུ་གཞུང་འབེ་ཞེས་བྱ་བར། ཡབ་དཔལ་མགོན་དར་ཞེས་བྱ་བ་དང་། ཡུམ་སེ་མོ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ། ཆུང་ངུའི་དུས་ནས་དད་(༢)པ་དང་། ངེས་འབྱུང་སྐྱོ་ཤས་དྲག་པོ་ཐུན་མོང་མ་ཡིན་པ་སྐྱེ་བ་ཞིག་ཡོད་ཅིང་། ལོ་དགུ་ལོན་པའི་དུས་སུ། ཨ་ནེ་ཞིག་གི་གོ་ན་བསྡད་པའི་དུས་སུ། བྱ་བྲལ་བ་ཁྱི་ལྤགས་སྐེད་ལ་དཀྲིས་པ་གཅིག་ང་སྨྱོ་བ་ནི་མིན། འབོག་པ་ནི་མིན། བླ་མ་ལ་གསོལ་བ་འདེབས་ཟེར་བ་ཞིག་མཐོང་བ་ཙམ་གྱིས་ངེས་འབྱུང་སྐྱེས་པས། ང་ཕྱགས་ཕྱིར་འཁྲིད་པར་ཞུ་ཞུས་ནས། ཟླ་ཤས་ཀྱི་བར་ཕྱི་ལ་འབྲངས་ཏེ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་སྐོར་རྣམས་ཞུས་ནས་ཡིག་དྲུག་བགྲངས་པས། ཉམས་སམ་རྨི་ལམ་གྱི་སྣང་བ་ལ་བྱིན་གྱིས་རླབས་སྙམ་བྱེད་པ་བྱུང་དུས། འགྲོ་བ་ལ་བྱམས་པ་དང་། སྙིང་རྗེའི་སྣང་བ་དཔག་ཏུ་མེད་པ་སྐྱེས། གཞུང་གི་ཕུར། བླ་མ་བསོད་ནམས་རྒྱལ་མཚན་པ་ལ་དགེ་བསྙེན་དང་ཡོངས་རྫོགས་ཞུས་ཤིང་། ཕྱག་ན་རྡོ་རྗེ་གཏུམ་པོ། འགྲོ་བཟང་། བདེ་མཆོག་ལྷན་སྐྱེས་རྣམས་ཞུས་ནས་བསྙེན་པ་ཅུང་ཟད་བྱས་པས་རྟགས་རྣམས་མཚོན་པ་བྱུང་། དེ་ནས་ཉི་ཤུ་རྩ་ལྔ་ན་ཟུལ་ཕུར་ཕྱིན་ཏེ། མཁན་ཆེན་ཟུལ་ཕུ་བ་དང་། སློབ་དཔོན་ཤཱཀྱ་དོན་གྲུབ་གཉིས་ལས་དགེ་སློང་ཆིག་རྫོགས་ཞུས་ནས། སློབ་དཔོན་ཤཱཀྱ་དོན་གྲུབ་ལས་འདུལ་བ་གཞི་སྟོང་བསླབས། བླ་མ་དམ་པ་ཤཱཀྱ་ཤེས་རབ་ལས་ལྷན་ཅིག་སྐྱེས་སྦྱོར། ཏིལླི་པའི་བརྡའི་ཆོས་བཞི། གཏུམ་མོ་ཞག་བདུན་མ། མི་ལའི་གཏུམ་མོ་གཞུང་ཁྲིད། རི་ཆོས་སྐོར་གསུམ། བདེ་མཆོག་ལྷ་བཅུ་གསུམ་མ་བླ་མ་སྒྲུབ་པ། དམུས་ལོང་སྦས་པ་མིག་འབྱེད་ཀྱི་དབང་རྣམས་ཞུས་ནས། ཟང་ཟིང་གི་ཡོན་འབུལ་རྒྱུ་མེད་པས། ཟླ་བ་བདུན་(༣)གྱི་བར་དུ་སྒྲུབ་པའི་མཆོད་པ་ཕུལ་ནས་བསྒོམས་པས། སེམས་སྤྲོས་བྲལ་གྱི་ངོ་བོ་མཐོང་ཞིང་། བླ་མ་ཤིན་ཏུ་མཉེས་ནས་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་གསུང་སྟེ། དགྱེས་ཚོར་ཆེན་པོ་མཛད། དེ་དུས་འབྲུ་ཆན་དང་། བཅུད་ལེན་ཐན་ཐུན་ལ་བརྟེན་ཅིང་། གོས་ཀྱང་ཁྱི་ལྤགས་རེ་དང་བེར་པོ་གཅིག་ལ་བརྟེན་ནས་སྒྲུབ་པ་སྙིང་པོར་བྱས་ཤིང་། བླ་མ་དམ་པ་ལྷ་སར་འབྱོན་པའི་ཕྱགས་ཕྱི་ལ་ཕྱིན་ཏེ། ཆུ་འཐུང་ཞུས་ཏེ་ཆུ་དབྱར་གཅིག་འཐུངས་པས་སྙིང་རུས་ཆེ་གསུངས་ནས་ཤིན་ཏུ་ཐུགས་རྗེས་བཟུང་སྟེ། དད་པ་ཐུན་མོང་མ་ཡིན་པ་སྐྱེས་པས། བླ་མ་སྤྲུལ་པའི་སྐུར་འདུག་སྙམ་ནས་གསོལ་བ་བཏབ་པ། ཀྱེ་ཀྱེ་མགོན་པོ་སྤྲུལ་པའི་སྐུ། །བདག་སོགས་རིགས་དྲུག་སེམས་ཅན་རྣམས། །ཐོག་མཐའ་མེད་པའི་དུས་ཉིད་དུ། །ཉིང་འཁྲུལ་ཟོ་ཆུའི་འཁོར་ལོ་བཞིན། །བཟོད་མེད་སྡུག་བསྔལ་ཆས་ཀྱིས་བརྒྱན། །ཐར་མེད་ཡུན་རིང་མནར་བ་ལ། །ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ། །ཆུ་བཟང་དུ་བླ་མ་དམ་པ་གྲགས་པ་བཤེས་གཉེན་པ་ལ། རྫོགས་ཆེན་བླ་མ་གཞུངས་ནས་བརྒྱུད་པ། ནི་གུ་ཆོས་དྲུག་ཆོས་སྐྱོང་ཕྱག་དྲུག་པ། མཁའ་སྤྱོད་ཀྱི་སྐོར་རྣམས་ཞུས། ཚེ་འདིའི་དབང་དུ་མ་གྱུར་ཙམ་པའི་འདུན་པ་བྱས་ཤིང་། སྲིན་པོ་རི་རུ་སློབ་དཔོན་གྲགས་པ་ཤེས་རབ་ལས་ཕར་ཕྱིན། བརྟག་གཉིས། རྣམ་འཇོམས་ཤོལ་པོ་ལུགས། ས་སྐྱ་པའི་དཔའ་བོ་གཅིག་པ། ཆོས་སྐྱོང་སེང་ནག་རྣམས་ཞུས། ཀུན་རིག་གཞན་ཕན་རྣམ་གཟིགས་རྣམས་བསླབས་ཤིང་ལུས་ངག་ཡིད་གསུམ་སེལ་མེད་ཀྱི་སྒོ་ནས་མོས་གུས་རྣམ་པར་དག་པའི་མཆོད་པ་ཕུལ། བྱེ་རྫིང་པའི་མཁན་པོ་བསོད་ཤེའི་དྲུང་དུ་སྟོན་པའི་ལུགས་ཀྱི་སྦྱོར་དྲུག་ལུང་ཐོབ་ཙམ་དང་། སྒྲོལ་མ་བཅུ་བདུན་མའི་དབང་ལས་ཁ་ཚར་དང་བཅས་པ། སྨན་བླའི་མདོ་ཆོག །རྣམ་འཇོམས་དཔའ་བོ་གཅིག་པ། སྨེ་བརྩེགས་རྣམས་ཞུས་ཤིང་ཐུགས་རྗེས་ཤིན་ཏུ་འཛིན་པར་མཛད། མཁན་པོ་ཨ་དགེ་བ་ལས་བཀའ་གདམས་ལམ་རིམ། བློ་སྦྱོང་གི་དབང་ཞི་བྱེད་རྨ་སོ་ཀམ་གསུམ་རྣམས་དང་། མགོན་པོ་ཨ་གྷོ་རའི་རྗེས་(༤)གནང་དང་བཅས་པ་ཞུས། ལྷོ་བྲག་ཤར་དུ་ཕྱིན་ཏེ། ཆོས་རྗེ་རྒོད་ཚང་པའི་སྐྱེ་བ་བླ་མ་ན་ལུང་པའི་དྲུང་དུ། རྒོད་ཚང་པའི་ལྷན་ཅིག་སྐྱེས་སྦྱོར། ཁྲིད་ཆེན་བརྒྱད། རྟེན་འབྲེལ་སྙིང་པོ་རྣམས་ཞུས་ནས་ཟླ་བ་བདུན་དུ་ཉམས་ལེན་རྩེ་གཅིག་ཏུ་བྱས་ཏེ། འཚོ་བ་ཡང་སྐྱོ་ཚ་ཕོར་རེ་ལས་མེད་པ་ལ་གསོལ་བ་ཁོ་ན་བཏབ་ཅིང་། ཚེ་འདིའི་འདུན་པ་ཐོངས་པར་བྱ་སྙམ་པའི་ཞེ་བཅད་དྲག་ཏུ་སྐྱེས། ལྷོ་བྲག་མཁར་ཆུར་གནས་སྐོར་ལ་ཕྱིན་ཏེ། བླ་མ་འགའ་ཞིག་གི་དྲུང་དུ་ཆོས་འབྲེལ་ཙམ་ཞུས། ལྷ་མོ་ནང་དུ་བླ་མ་ལྷ་མོ་འཁར་བ་བྱ་བ་དགུང་ལོ་བརྒྱད་ཅུ་རྩ་ལྷག་བཞེས་པའི་དྲུང་དུ། ཟླ་བ་ལྔ་བསྡད་ནས་ཞི་བྱེད་སོ་སྐོར་དང་། གཞན་ཡང་ཕན་བྱའི་སྐོར་མང་དུ་ཞུས། འཚོ་བ་ཡང་རྟག་ཏུ་ངུའི་རིལ་བུ་ཚོ་གཅིག་ལ་བརྟེན་ཅིང་ཡུལ་ཕྱོགས་སུ་མི་ལོག་པར། བླ་མའི་དྲུང་འདི་ཉིད་དུ་ཉམས་ལེན་ཁོ་ན་ལ་བརྩོན་པར་བྱེད་ལ། ཚེ་འདིའི་འདུན་མ་ལ་དོན་མེད་སྙམ་པ་རྒྱུད་ལ་སྐྱེས་ཤིང་། ལྷན་ཅིག་འཛོམ་པའི་སྒྱུ་ལུས་འདི་ཡང་ནམ་བོར་ཆ་མེད་པར་འདུག་སྙམ་པ་དང་། གཉེན་ཉེ་དུའི་བརྩེ་གདུང་ལ་ཡང་རྒྱབ་ཀྱིས་ཕྱོགས་པའི་འདུན་པ་སྐྱེས་ཤིང་གྲོ་བོ་ལུང་དུ་གནས་སྐོར་ལ་ཕྱིན་ཏེ། མར་པའི་གདན་ས་བླ་མ་དཀོན་མཆོག་རྒྱལ་མཚན་དང་མཇལ། ནཱ་རོའི་ཆོས་དྲུག་ཞུས་ནས། མི་ལ་ཕུག་པར་ཟླ་བ་ལྔ་ཙམ་བསྒོམས་ཤིང་། ཆོས་དྲུག་གི་རྟགས་དུམ་པ་བྱུང་བས། བླ་མ་མཉེས་ནས་ལྷ་ཁང་གསར་པའི་དགོན་གཞི་དང་བཅས་ཁྱོད་ལ་སྟེར་བ་ཡིན། གདན་ས་བྱེད་དགོས་གསུང་པ་ནན་ཆེར་མཛད། བདག་འདྲའི་སྤྲང་པོ་འཁྱམས་པོས་གོང་མའི་གདན་ས་མི་ཡོང་ལགས་པས་བཀའ་བཀྱོན་མི་གནང་བར་ཞུ་ཞུས་པས། ཁྱོད་དགེ་སྦྱོར་ལ་བློ་འགྲོ་བར་འདུག་པ་འདི་ལ་དཀའ་ལས་ཅི་ཡང་མེད་པར་གྱིས་གསུངས་ཀྱང་། བཀའ་གཅོག་པར་མི་འོས་ནའང་། སྐུ་དྲིན་ལ་དགེ་སྦྱོར་ཅི་ནུས་བྱེད་པར་ཞུ་ཞུས་ནས་མི་ལ་ཕུག་པར་བསྡད་དུས། བྱ་བྲལ་བ་གནས་སྐོར་ལ་བྱུང་བ་ཞིག་དང་འཕྲད། ཙཱ་རིའི་ལམ་ཡིག་རིམ་པ་གཉིས་ཙམ་ཁོ་བོའི་ལག་ན་འདུག་པས། དེ་རྣམས་ལ་(༥)ལྟད་མོ་བྱས་དུས། ཙཱ་རིའི་ཆེ་བའི་ཡོན་ཏན་དང་བསྔགས་པ་ཕུན་སུམ་ཚོགས་པ་འདུག་པས། སྐད་ཅིག་ལ་བློ་འགྱུར་ནས། ཚེ་འདི་བློས་བཏང་ནས་ཅི་ནས་ཀྱང་ཙཱ་རི་ལ་འགྲོ་སྙམ་པའི་འདུན་པ་དྲག་པོ་སྐྱེས་ཤིང་། དེ་ཡང་ཙཱ་རིའི་གནས་སྒོ་ལྷ་ས་ནས་འབྱེད་དགོས་བཅུ་གཅིག་ཞལ་གྱི་དྲུང་དུ་གསོལ་བ་འདེབས་དགོས་བྱ་བ་འདུག་པས། ལྷ་སར་ཕྱིན་ཏེ་དཀོར་གཉེར་ལ་ཞུ་བ་བྱས་ནས་གསོལ་བ་ཞག་འགའ་བཏབ་དུས། རྨི་ལམ་དུ་མི་དཀར་པོ་ཤེལ་གྱི་མདོག་ལྟ་བུ་གཅིག་གིས་བདུད་རྩིའི་རིལ་བུ་ཡིན་ཟེར་བ་སྦྱིན་པ་རྨིས་པས། ལུས་ངག་ཡིད་གསུམ་བདེ་བ་སྙམ་བྱེད་ཅིང་། གཉིད་སད་པ་དང་རྟོག་པ་དང་བྲལ་བའི་བདེ་གསལ་མི་རྟོག་པའི་ཉམས་ཞག་གཉིས་ཀྱི་བར་དུ་བྱུང་ཞིང་། དེ་དུས་སུ་སྐོར་བ་དང་གསོལ་བ་འདེབས་པ་ཞག་འགའ་བྱས་དུས། ལ་སྟོད་རྡོར་གླིང་པ་ཙཱ་རིར་འབྱོན་པ་དཔོན་སློབ་སུམ་ཅུ་སྐོར་བྱུང་བ་དང་བསྡོངས་ནས་ཕྱིན་དུས་ཙཱ་རི་རྙིང་མར་སླེབས་ཏེ། དགྱེར་སྒོམ་ཞིག་པོས་བཏབ་པའི་གནས་རྫ་ཁྲོད་ནུབ་བྱ་བར་བསྡད་ནས། གཡུ་མཚོ་བསྐོར་ཞིང་ལུས་ངལ་ལ་སྟོབས་མེད་པར་གྱུར་ཀྱང་། མར་རྒན་བྱས་ན་སྒྲིབ་པ་འདགས་པའི་སྟོབས་ཆེ་ཟེར་བས་མར་རྒན་བྱས་དུས། འཁོས་ཀ་ཆུང་བས་ལུས་ངག་ལ་སྐྱོ་དུབ་ཆེར་བྱུང་ཡང་བཟོད་པར་བྱས་ཤིང་། མོས་གུས་དང་དག་པའི་སྣང་བས་མཆེད་གྲོགས་རྣམས་མཉེས་པར་བྱས་པས། མཐོང་སྣང་ལ་སོགས་རབ་རིབ་གསལ་བ་རྣམས་ཀྱང་རང་སེམས་དག་པའི་རྟེན་འབྲེལ་ཁོ་ནར་འདུག་སྙམ་པ་དང་། རེ་གོང་པའི་དབུ་མཛད་བཟང་པོ་གཅིག་ལ་ནི་གུ་ཆོས་དྲུག་དང་། བླ་མ་མགོན་པོ་དབྱེར་མེད། བྱིན་རླབས་ཅན་གྱི་ནཱ་རོ་པའི་རྒྱན་དྲུག་ཐོད་པ་མཚན་ལྡན་རྣམས་ཨ་ཕོ་རྡོར་འཛིན་ལ་གཡར་པོ་ཞུས་ཏེ། བཀའ་དང་བཅས་པ་རྫོགས་པར་ཞུས་ནས་ཉམས་སུ་བླངས་པས། མི་རྒོད་གཏུམ་མོ་སྒོམ་དུས་རས་ཐུབ་ཙམ་བྱུང་ལ། སྒྱུ་ལུས་བདེན་མེད་ཁོང་དུ་ཆུད། །རྨི་ལམ་འདུན་པའི་ཡིད་དང་བྲལ། །བར་དོའི་ཞིང་ཁམས་མངོན་དུ་འགྱུར། །འཕོ་བ་འཕོ་བྱེད་རྟེན་དང་བྲལ། །འགྲོ་དྲུག་སྐྱེ་སྒོ་ཆོད་དམ་སྙམ། །(༦)ངེས་པའི་ཤེས་པ་གཏིང་ནས་སྐྱེས། །དེ་དུས་ལོ་གསུམ་གྱི་དམ་བཅའ་བྱས། ལུང་ཕྲན་ན་བཞུགས་པའི་བླ་མ་འགའ་ཞིག་ལས་ཆོས་འབྲེལ་ཞུས་ཤིང་། ལོ་གསུམ་བསྡད་དུས་ལ་བར་སྐས་མགོ་བྱ་བ་ན། ཡོན་བདག་མོ་དད་པ་ཅན་རྡོར་རྒྱན་བྱ་བ་ཞིག་གིས། རྟ་རྒོད་མ་གཅིག་ཕུལ་བ་ལ་བརྟེན་ཏེ། ལག་ན་ཡོད་པའི་གཏོར་ཆ་དང་ཆས་རྣམས་གྲོགས་མཆེད་གཅིག་ལ་འཚོང་དུ་བཅུག་ནས། ཙཱ་རི་རས་པ་བརྒྱད་བརྒྱ་ལ་ཚོགས་ཀྱི་འཁོར་ལོ་བསྒྲུབས་ནས། ཆགས་ཞེན་གྱི་འཁྲི་བ་བཅད། ཟང་ཟིང་རྣམས་དོན་ཡོད་པར་བྱས་ཏེ། ལུང་ཕྲན་འགའ་ཞིག་ཏུ་ཆུ་འཐུང་ཞིང་སྒྲུབ་པ་བྱས་པས། གེགས་ཆེན་པོ་བྱུང་ནས་ཆུ་དང་ཁར་མ་བྱུང་བར། ལུས་ཀྱི་ཉམས་སྟོབས་རྣམས་བྲི། ལྟ་བའི་མིག་འབྲས་ཀྱང་ཁོང་དུ་རྡིབ་ཅིང་ཡས་བཅིབས་མས་བཅིབས་གཉིས་ལ་འཇག་མའི་ཀ་བ་བཙུགས་ཏེ་ཕྱེས། སྨྲ་བའི་ལྕེ་ཡང་མི་འགྱུར་བ་ལ། ལུས་རྒུད་རྩིབ་མ་རྒྱུ་མ་ལ་ཟུག །དེ་དུས་བེམ་རིག་བྲལ་བར་གྱུར་ཀྱང་འགྱོད་མེད་ངང་ལ་ཉལ་ནས་བསྡད། ཞག་བདུན་ལོན་ནས་གེགས་སེལ་ཏེ། འཐུང་ཆུ་འོ་མ་ལྟ་བུར་གྱུར། ཆུ་སྒྲ་ཐོས་དུས་བཅུད་རྣམས་ལོན་པ་སྙམ། ལུས་ཀྱང་ཤིང་བལ་ལྟ་བུར་ཡང་། མིང་ཡང་བླ་མ་ཆུ་པར་གྲགས། དེ་ནས་བཟུང་སྟེ་གྲོགས་མཆེད་རྣམས་ལ་ཆུ་འཐུང་གི་ལུང་དང་། སྦ་བཞིའི་འཁྲུལ་འཁོར་ལ་སོགས་པ་མང་དུ་བསྟན་ཏེ་ཕན་པ་འགའ་རེ་ཙམ་གྱིས་མཉེས་པར་བྱས་སོ། །གནས་བཟང་པོ་འདིར་སྒྱུ་ལུས་མ་བོར་བ་ལ་དགེ་སྦྱོར་ཁོ་ན་ལ་བརྩོན་པ་ཆེར་བྱེད་དགོས་སྙམ་ནའང་། བླ་མ་ཁ་རག་པ་བྱ་བ་ཆོས་འབྲེལ་ཡོད་པ་ཞིག་གི་གསུངས་ནས། ཅིས་ཀྱང་ཡར་ཕྱོགས་ལ་ཕྱིན་པ་འཐད་པས་འདེངས་གསུངས་ནས་སྟོད་ཕྱོགས་ལ་འོངས་ཤིང་། ཆུ་བོ་རིར་བླ་མ་ཤཱཀྱ་ཤེས་རབ་སྐུ་གཤེགས་པའི་པུར་དང་མཇལ་ཙམ་གཅིག་བྱུང་། དེ་དུས་བཀའ་དྲིན་དྲན་པས་གདུང་གི་དྲུང་དུ་ཞག་བཅུ་གཅིག་གི་བར་ལ་གསོལ་བ་འདེབས་ཀྱིན་བསྡད་པས། ངེས་འབྱུང་དང་སྐྱོ་ཤས་དྲག་པོ་གཅིག་སྐྱེས་ཏེ། སྟོད་རྩེའམ། ལྷོ་མོན་སོགས་དགེ་སྦྱོར་འཕེལ་བ། དཀའ་ཐུབ་དང་བཅུད་ལེན་གྱི་རྫས་མང་ལ་ཆུ་བཟང་ས་གཅིག་ཏུ་འགྲོ་(༧)དགོས་བསམ་ཙ་ན། གྲོགས་མཆེད་མང་པོ་ཞིག་ལྷོ་མོན་ལ་འབྱོན་ཟེར་བས། དེ་རྣམས་དང་ལྷན་ཅིག་ཏུ་ཟང་ཟིང་ཆ་ཅི་ཡོད་རྣམས་ལྷན་དུ་ཟ་ལ། དགེ་སྦྱོར་ཡང་མཉམ་དུ་བྱེད་ཅིང་སྐྱིད་སྡུག་ཅི་བྱུང་བསྲེ་བ་ཡིན་ཟེར་བ་ཁ་འཆམ་དུ་བྱས་ཏེ་ཕྱིན་པ་ལས། མོན་ཁར་སླེབས་དུས་སྒྲུབ་པ་རྩེ་གཅིག་ཏུ་བྱེད་པའི་འདུན་པ་དང་ཅུང་ཟད་བྲལ་ཏེ། གྲོགས་མཆེད་ལ་ལ་དངོས་པོ་ཁོ་ནའི་ཆེད་དུ་སོང་། རེ་ཞིག་ཆོས་འདོན་དང་རིམ་གྲོ་འདྲ་བྱེད་དུ་སོང་སྟེ། དགུན་ལོ་དེར་ང་རང་གཅིག་པུས་བུམ་ཐང་རྒྱ་ལེ་མཁར་བྱ་བའི་བྲག་ལ་སྒྲུབ་པ་ཁོ་ན་བྱེད་ཀྱིན་བསྡད།

དེ་ནས་མོན་ནུབ་ཕྱོགས་སྔ་ལོང་བྱ་བར་ཕྱིན་པས་ནགས་དང་པ་རྣམས་ན་རེ། བླ་མ་གུ་རུ་བཟང་པོ་ཡིན་ཟེར་བས། གུ་རུའི་མིང་དུ་གྲགས། དེའི་དུས་གསོན་པོའི་དགེ་བ་འབུལ་བ་ལ། རྟ་དང་། སྟག་གཟིག་དང་། ནས་དང་འབྲས་ལ་སོགས་པ་མང་པོ་བྱུང་ཞིང་། བླ་མ་དམ་པ་ཀུན་མཁྱེན་པ་བུམ་ཐང་དུ་ཕེབས་ཟེར་བའི་སྙན་གྲགས་ཆེ་བ་ལ་བརྟེན་ཏེ། མཇལ་དུ་འགྲོ་བསམ་པའི་འདུན་པ་སྐྱེས་པ་ལ། མོན་ཡུལ་ནུབ་ཕྱོགས་པ་རྣམས་ཀྱིས་བསོད་ནམས་དང་དགེ་བ་ཡང་འཕེལ་དུ་བསྒྱུར་བ་དང་། བདག་གི་དད་པའི་གདུང་ཤུགས་མ་ལོག་པ་ལ་བརྟེན་ནས། སྔ་ལོང་དུ་ཕྱགས་ཕེབས། ཡུལ་དེ་ན་འཁྲུག་པ་ཆེན་པོ་ཡོད་ཅིང་། མི་སྤྱོད་ཤིན་ཏུ་རྩུབ་པ་ལས་མེད་ནའང་། ཆོས་རྗེའི་དྲུང་དུ་མཇལ་དུ་ཕྱིན་པས། ཆོས་རྗེའི་གསུང་གིས་ཡུལ་ཁམས་འདི་ན་གཡུལ་ངོ་དྲག་པོ་ཡོད་དམ་གསུང་། ནང་འཁྲུག་བྱེད་ཅིང་གདའ་ལགས་ཞུས་ཤིང་། ངེད་ཀྱི་ཚེས་བཅུ་གཅིག་གི་ཉིན་འདེགས་པས། ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཡུལ་ཁམས་ན་འཁྲུག་ལོངས་ཆེན་པོ་འདུག་པས། མི་མང་པོ་འདུས་ནས་འཁྲུག་རྩོད་འབྱུང་དོགས་ཡོད་གསུངས་པས་ངེད་ཀྱི་གྲོང་དཔོན་རྣམས་ཀྱི་སར་ཕྱིན་ནས་འཁྲུག་པ་མི་ཡོང་བའི་གཉའ་བྱེད་ལགས། ཁོ་རང་རྣམས་ལ་ཡང་འབུལ་བ་ཅི་ཡོད་ཁྱེར་ཤོག་ཟེར་བ་བྱས་པས་ཆོག་ལགས་ཟེར་བ་ཞུས་ཏེ། གོང་བཞིན་དུ་མི་རྣམས་ལ་གཉའ་ཁྲིགས་རྣམས་བྱས་ནས་འདམས་ལྷ་ཁང་བྱ་བའི་ནག་ཆེན་པོ་གཅིག་ཏུ་ཚེས་བཅུ་མཛད་དེ། དེའི་ཞབས་ཏོག་རྣམས་བསྒྲུབས་ཤིང་། འཁོར་གསུམ་ཡོངས་དག་(༨)གི་སྤྱད་པ་རྣམས་ཕུལ་ནས་དགྱེས་པར་མཛད་དོ། །ཡུལ་ཁམས་དེའི་མི་སྐྱ་ཕོ་མོ་མ་ལུས་པ་འདུས་པས་འབུལ་བ་རྟ་དང་གསེར་གཡུ་དར་རས་འབྲས་ནས་ལ་སོགས་དཔག་ཏུ་མེད་པ་ཕུལ། དེ་ཉིད་འཁྲུག་རྩོད་མེད་ཅིང་། འགྲོ་བ་རྣམས་ཐར་པའི་ས་ལ་འགོད་པར་མཛད། དེའི་དུས་ངེད་ཀྱི་ཕྱི་ལ་འདེངས་གསུངས་ནས། མོན་མེན་ལོག་ཀུན་བཟང་གླིང་དུ་ཕེབས་དུས་སྙིང་ཐིག་གི་ཁྲིད་གསུངས་ཏེ། ཁྲིད་པ་ཤིན་ཏུ་མང་བ་གཅིག་གི་སྤྲོས་བཅས་ཀྱི་དབང་བཞི་བྱས། ཁྲིད་རྗེས་གནང་དང་བཅས་པ་ཐུགས་ལ་བཏགས་ཏེ་གནང་། ཨོ་རྒྱན་གླིང་བྱ་བའི་དགོན་ཆུང་གཅིག་ཆོས་རྗེས་བཏབ་ནས་འདིར་སྡོད་གསུངས་པས་བཀའ་མ་ཆོག་པར་ལོ་གཅིག་གི་བར་ལ་བསྡད། བུམ་ཐང་དུ་གཤེགས་དུས་འདིར་ཡང་བསྡད་པར་མི་འཐད་པར་འདུག་འདེངས་གསུངས་པས།

དེ་ནས་བཟུང་ནས་ཕྱགས་ཕྱིར་འབྲེངས་ཤིང་ལུས་ངག་གི་ཞབས་ཏོག་རང་སེམས་ཀྱིས་མ་ཁྲེལ་བར་བསྒྲུབས་ཤིང་། བོད་ཀྱི་གདན་འདྲེན་རིམ་པར་བྱུང་བས། བོད་ལ་ཕྱགས་འདེགས་པའི་ཕྱགས་ཕྱི་ལ་ལུས་དང་གྲིབ་མ་བཞིན་དུ་བྱས་ཏེ། དབང་ཁྲིད་ཀྱི་གདམས་པ་བཅས་པ་ཟབ་པ་དང་རྒྱ་ཆེ་བའི་མན་ངག་སྤྱི་དང་བྱེ་བྲག་ཏུ་གྱུར་པ་རྣམས་རྫོགས་པར་གནང་སྟེ། འབྲི་གུང་དུ་ཕྱགས་ཕེབས། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་དཀར་མོ་ཅོད་པཎ་ལ་སོགས་ཀྱི་མཆོད་པས་མཉེས་པར་མཛད། དེ་དུས་སྙུན་གཞི་དུམ་གཅིག་བྱུང་བ་ལ་བརྟེན་ནས། ཞལ་ཆེམས་ལ་སོགས་པའི་ཡིག་རིགས་སོགས་ཀྱང་མཛད་དེ། མཆིམས་ཕུར་འགྲོ་གསུང་བ་ལ་སྟོན་སོ་མཆིམས་ཕུར་ཕྱགས་ཕེབས། ཁྲིད་པ་ཤིན་ཏུ་མང་བ་གཅིག་འཛོམ་སྟེ་ཁྲིད་ཀྱི་སྒང་ལ་སོང་དུས། ཆོས་རྗེ་ཉིད་གདོད་མའི་དབྱིངས་སུ་སྐུ་འཕོ་བའི་ཚུལ་བསྟན་ཏེ། རྗེས་ཀྱི་གཤེགས་རྫོངས། ཁྲིད་འཕྲོ་ལ་སོགས་པ་རྣམས་དང་། ཕྱི་རྟེན་ནང་རྟེན། ཟླ་བ་བྱུང་ངོ་ཅོག་གི་དུས་སུ་མཆོད་པ་དང་བཅས་པ་བསྒྲུབས་ཤིང་། མཆིམས་ཕུ་རིན་པོ་ཆེའི་གནས་དེ་ཉིད་དུ། རི་མིའི་འབེབ་དམ་བཅས་ཏེ་སྒྲུབ་པའི་མཆོད་པས་བླ་མ་མཉེས་པར་བྱ་སྙམ་པ་ལ། བླ་མ་དེ་ཉིད་ཀྱི་འཕྲིན་ལས་(༩)རྣམ་པར་དག་པ་དང་། སྔོན་གྱི་ལས་སྨོན་དག་པའི་འཕེན་པས། རེས་འགའ་ཆོས་རྗེའི་ཕྱག་སྲོལ། གཞན་དོན་ལ་དམིགས་ཏེ་དོན་གཉེར་གྱི་སློབ་མ་རྣམས་ལ་ཁྲིད་ཀ་རེ་ཙམ་བསྟན། རེས་འགའ་རང་དོན་གྱི་སྒྲུབ་པ་ལོ་རེ་ཙམ་ཡང་བྱས་ལ། བར་སྐབས་རྣམས་སུ་ཡང་སོས་དལ་དང་ལེ་ལོར་མ་བསྡད་པར། ཆོས་ཀྱི་རྗེས་རྒྱལ་མཚན་དམ་པ་འཁོན་ས་སྐྱ་པ་འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ། དུས་འཁོར། སྦྱོར་དྲུག་གཉིས། དམར་ཁྲིད། སེམས་བསྐྱེད་ཆེན་མོ། བརྟག་གཉིས། གཟེར་ལྔ་སྨན་དཔྱད་མ། གཤེན་དམར་ལྷ་ལྔ་མའི་རྫོགས་རིམ་སྤྲོས་མེད་ཀྱི་ཁྲིད། ལྷ་བཅུ་གསུམ་མའི་རྫོགས་རིམ། རྣལ་འབྱོར་བཞིའི་ཁྲིད་རྣམས་ཞུས། བླ་མ་ཤཱཀྱ་རཏྣ་ལས་སྦྱོར་དྲུག་སྟོན་པ་ལུགས། བདེ་མཆོག་ལུས་དཀྱིལ། ནཱ་རོ་མཁའ་སྤྱོད་ཀྱི་རྗེས་གནང་དང་བཅས་པ། བླ་མ་བུདྡྷ་ཤྲཱི་ལས། མཁའ་འགྲོ་སྙིང་ཏིག་གུ་རུ་ཚེ་བརྟན་གྱི་སྐོར། བླ་མ་བློ་གྲོས་པ་ལས་སེལ་དང་བཅས། ནཱ་རོ་ཆོས་དྲུག །འཆི་མེད། ལམ་འབྲས་འཁྲུལ་(༡༠)འཁོར་ཀྱཻ་རྡོར་གྱི་བཀའ། འཇིགས་བྱེད་ལྷ་བཅུ་གསུམ་མ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་བཀའ་བསྐྱེད་རྫོགས་དང་བཅས་པ། གཤེན་དམར་ལྷ་ལྔ་མའི་བཀའ། ལྷ་བཅུ་གསུམ་མའི་བཀའ། རྣམ་སྲས་རྟ་བརྒྱད་མའི་བཀའ་རྗེས་གནང་དང་བཅས་པ་ཞུས། དེ་ལྟར་ལུས་ངག་ཡིད་གསུམ་ལ་རང་དོན་གྱི་འཁྲིས་མེད་པར་བྱས་ཏེ། ངམ་ཤོད་ལྷོ་བྱང་ས་ཆ་སྟོད་སྨད་ཀྱི་དད་པ་ཅུང་ཟད་ཐོབ་པ་རྣམས་ཐར་པའི་ལམ་སྣ་ཙམ་ལ་བཀོད་ཅིང་། ཟང་ཟིང་གི་དངོས་པོ་ཐན་ཐུན་བྱུང་བ་རྣམས་རང་གཞན་ཚོགས་བསགས་པར་བྱ་བའི་ཆེད་དུ། ཇོ་བོ་མཆེད་གཉིས་ཀྱི་ཐོག་དྲངས་པ། སྐུ་གསུང་ཐུགས་ཀྱི་རྟེན་ལྷ་ས། བསམ་ཡས་ན་བཞུགས་པ་རྣམས་ལ་གསེར་ཆབ་དཀར་མེ་ཅོད་པཎ་བསམ་ཡས་སྡེ་དགོན་ན་བཞུགས་པའི་དགེ་འདུན་ཆོས་བྱེད་ཀྱི་རིགས་སུ་གྱུར་པ་རྣམས་ལ་ཚོགས་འཁོར་འབུལ་ནོད་ལ་སོགས་པ་བསྒྲུབས་ཤིང་། མདོར་ན་ནད་ཀྱིས་གཙེས་པའི་ཉམ་ཐག་པ་གཅིག་ཡན་ཆད་ལ་ཕན་པའི་བསམ་པས་ཟིན་པར་བྱས་ཏེ། དད་མོས་ཀྱི་ས་ལ་འཁོད་པ་ཙམ་དུ་བྱས་པ་ལ་བདག་མ་གཏོགས་པའི་བླ་མ་གོང་མ་རྣམས་ནི་རིག་འཛིན་གྱི་བླ་མ་དངོས་སུ་བྱོན་པ་ཡིན་ཞིང་། བདག་ལྟ་བུའི་གང་ཟག་གིས་རྗེས་སུ་དཔག་པར་མི་ནུས་ཀྱང་། བཤེས་གཉེན་དམ་པ་ཤེས་རབ་རྒྱ་མཚོ་ཡིས། །གུས་པའི་ཚུལ་གྱིས་ཡང་ཡང་བསྐུལ་བའི་ངོར། །བསམ་ཡས་མཆིམས་ཕུར་དཔལ་གྱི་རི་ཁྲོད་དུ། །སྤྲོ་བའི་སེམས་ཀྱིས་མདོ་ཙམ་བརྗོད་པ་ལ། །ནོངས་པ་མཆིས་ན་མཁས་རྣམས་བཟོད་པར་གསོལ། །དགེ་བ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །ཟབ་ཡང་རྡོ་རྗེའི་རྩེ་མོར་རབ་ཕྱིན་ཏེ། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །བླ་མ་དམ་པ་འོད་གསལ་རང་གྲོལ་གྱི་རྣམ་པར་ཐར་པ་མདོར་བསྡུས་པ། ཕྱི་རབས་ཀྱི་དོན་དུ་བཀོད་པ་རེ་ཞིག་རྫོགས་སོ།། །།

འཁྲུལ་ཞིག་སངས་རྒྱས་དབོན་པོའི་རྣམ་ཐར་ཉིད་ཀྱིས་མཛད་པ་ནོར་བུའི་གསལ་བྱེད་ཅེས་བྱ་བ།

༄༅། །འཁྲུལ་ཞིག་སངས་རྒྱས་དབོན་པོའི་རྣམ་ཐར་ཉིད་ཀྱིས་མཛད་པ་ནོར་བུའི་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །

༄༅། །དགོངས་ཀློང་མཁའ་ལྟར་དག་པ་ཆོས་སྐུའི་ནམ་མཁའ་ལ། །རང་བཞིན་ལྷུན་གྱིས་གྲུབ་པ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་པའི་འོད་ཀྱིས་འགྲོ་བའི་མུན་པ་སེལ་མཛད་པ། །སྐུ་གསུམ་མངོན་གྱུར་དྲིན་ཅན་བླ་མ་རྒྱལ་གྱུར་ཅིག །

ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འཁྲིད་པར་མཛད་པའི་དེད་དཔོན་དམ་པ་དེ་ལས། ཁོ་བོས་ཡང་ཟབ་བླ་ན་མེད་པའི་གདམས་པ་མ་ལུས་པ་ཐོབ་ཅིང་། ཉམས་སུ་ལེན་ཅིང་སྐལ་བ་དང་ལྡན་པའི་གདུལ་བྱ་གཅིག་གཉིས་ཙམ་(༢)ལ་གདམས་པའི་དོན་གནང་བར་བྱེད་ཀྱིན་ཡོད་པའི་ཐད་དུ། དད་མོས་དང་ལྡན་པའི་བུ་སློབ་འགའ་ཞིག་གིས། ཁོ་བོའི་རྣམ་ཐར་ཅུང་ཞིག་བྲིས་གསུང་བ་ལ་བརྟེན་ནས། ཁོ་བོའི་རྣམ་ཐར་ལ་སོགས་བཀོད་པའི་འོས་ཅན་མ་ཡིན་ཞིང་། ལོག་ལྟ་ཅན་རྣམས་ཀྱིས་སྒྲིབ་པ་བསགས་པའི་རྐྱེན་དུ་གྱུར་ཀྱང་། ཁོང་རྣམ་པའི་ནན་མ་ཐུབ་པ་ལ་བརྟེན་ནས། ཁོ་བོའི་རྣམ་ཐར་ནོར་བུའི་གསལ་བྱེད་བཀོད་པ་ལ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱིས་བཟོད་པར་གསོལ་ལ་ཐུགས་རྗེས་འཛིན་པར་ཞུ་ཞིང་། འདིར་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཞེངས་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་མ་ག་དྷ་རྡོ་རྗེ་གདན་དང་། གཉིས་སུ་མེད་པའི་ཡུལ་བྱང་དཀར་གྱི་ལྷ་སྡིངས་ཞེས་བྱ་བ་ནི། ཁོ་བོའི་ཡུལ་ཡིན། ཁོ་བོའི་སྐྱེ་བ་སྔ་མའི་སྐྱེ་ས་གཙུག་ལག་ཁང་ཆེན་པོ་འདིའི་བྱང་ཕྱོགས་ན། སངས་རྒྱས་མ་ཆགས་པདྨ་ཅན་གྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་བསྐྱེད་གླིང་ཞེས་བྱ་བའི་བྱ་འདབས་གླིང་འོག་ཅེས་བྱ་བར། ཕ་ནི་སྦ་ཀུན་དགའ་རྒྱལ་མཚན་ཞེས་བྱ་བ་དང་། མ་ནི་དམ་མོ་དད་པ་སྐྱེད་ཅེས་བྱ་བའི་བུར་སྐྱེས་ཤིང་། དེར་ཡང་ལས་ཀྱི་དབང་གིས་ཆོས་ལ་མི་ཚུད་པའི་རིགས་སུ་འདུག་པ། དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ལོ་བདུན་བརྒྱད་ཀྱི་དུས་སུ་ཚེའི་དུས་(༣)བྱས་ཏེ། ཡང་དེ་ཁའི་གོང་ལ་གདངས་འབྲེལ། ཕ་དགེ་བསྙེན་པདྨ་སྐྱབས་བྱ་བ་དང་། མ་འབྲོམ་མོ་སྐྱིད་པ་ལེགས་ཞེས་བྱ་བའི་བུར་སྐྱེས་ནས། བུ་ཁོ་བོ་གཅིག་པུ་ལས་མེད་པའི་སྟབས་ཀྱིས་ཆོས་སྒོར་མི་འཇུག་ཅིང་། འཇིག་རྟེན་གྱི་བྱ་བ་ལ་འཇུག་བསམ་པ་ཡོད་ན་ཡང་ང་རང་ཚེ་སྔོན་གྱི་ལས་བསམ་པ་རྣམ་པར་དག་པ་དང་། དྲིན་ཅན་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས། ལོ་ལྔའི་སྟེང་དུ་ཁྱི་སྨྱོན་གྱིས་ཉི་མ་གུང་མཐིལ་ལ་རྨུགས་པས། ཁོ་བོ་བསྟན་པའི་སྒོར་འཇུག་པའི་འདྲེན་པའི་བླ་མར་དེ་བྱུང་ཞིང་། གཞན་ཡང་ཁོ་བོ་ཆུང་ངུ་ནས། དད་མོས་ལྡན་པ་ཞིག་ཡོད་པ་ལ་བརྟེན་ཏེ། དབྱར་གྱི་དུས་སུ་གཙུག་ལག་ཁང་ཆེན་པོར་ཕྱོགས་ནས་གདན་དྲངས་པའི་མཁན་པོ་དུང་སྟོང་བཞི་ལ་སོགས་པ་རྣམས་ཀྱིས་གཏོར་མ་གཏོང་བའི་གཏོར་སྐད་བཏང་བ་དེ་ཐོས་པ་ལ་བརྟེན་ནས། ཁོ་བོས་ཡང་དྲན་པ་སད་པ་སྙམ་བྱེད་དེ། ཕོར་ཆུང་རེར་ཆུ་ཐིགས་པ་རེ་དང་། རྩམ་པ་ཕུམ་རེ་བླུགས་ནས་དགོང་མོ་ས་རུབ་མཚམས་སུ་ནམ་མཁའ་ལ་གཏོར། གཏོར་མ་ལ་འབྱོན་པར་ཞུ་ཟེར་བའི་སྐད་རིང་གསུམ་གསུམ་ནམ་མཁའ་ལ་གཏོང་དུས། ནམ་མཁའ་ལ་བླ་མ་ཡི་དམ་མཁའ་འགྲོ་བཞུགས་པ་སྙམ་བྱེད་ཅིང་། རེས་འགའ་གདུག་འདྲེ་ཨེ་ཡིན་བསམ། འཇིགས་ཞུམ་པ་ཞུད་ཚིལ་པ་ཡང་བྱུང་། དེའི་དུས་དད་པ་མོས་གུས་དང་། སྙིང་རྗེ་ཆེན་པོ་ཡང་བོངས་ལ་བསྟུན་པའི་ཆེན་པོ་ཡོད་པ་ལ་བརྟེན་ནས། ལོ་བདུན་གྱི་སྟེང་དུ་མཁན་ཆེན་ཤེས་རིན་དང་། སློབ་དཔོན་ལྷ་ཤེས་རབ་རྒྱལ་མཚན་པའི་དྲུང་དུ་དགེ་ཚུལ་གྱི་བསླབ་པ་བླངས་ཤིང་། བསྟན་པའི་སྒོར་ཞུགས་ནས་དད་པ་དང་ཤེས་རབ་འཐད་རབ་ཡོད་པ་ལ། ཁོ་བོའི་སློབ་ཆུང་གཅིག་གི་སྤུན་ལ་དབང་ཕྱུག་ཟེར་བ་ཞིག་ལ་མཛེ་བྱུང་ནས། དེའི་གཡོག་བྱུག་པ་ལ་སོགས་ཐམས་ཅད་བྱས་པས། ཁོ་བོའི་དད་པ་དང་། ཤེས་རབ་ཐམས་ཅད་དེས་འགྲིབ་ནས། ཤེས་རབ་སྙིང་པོ་འཛིན་པ་ལ། ཟླ་བ་གསུམ་གྱི་བར་དུ་སློབ་དཔོན་གྱིས་རྒྱུགས་བླངས། ཁོ་བོས་རྒྱུགས་མ་འཕྲོད་པར། སློབ་དཔོན་གྱིས་བརྡུངས་པའི་སྐྱེལ་མ་ཡང་མཛེ་ཕོ་དེས་བྱས་པས། ཤེས་རབ་ཇེ་ཆུང་ལ་སོང་ཞིང་། དེ་དུས་ཕར་ཕྱིན་ལ་སློབ་གཉེར་ཞིག་བྱས་པས་ཀྱང་། ཤེས་རབ་མེད་པའི་སྟོབས་ཀྱིས། རང་སྦྱོང་ལ་མི་མ་མགུ་བ་ཞིག་བྱུང་ལགས་ཤིང་། དེ་དུས་བླ་མ་ཤཱཀྱ་རིན་ཆེན་པའི་དྲུང་དུ། འཇམ་དབྱངས་དཀར་པོ་དཔའ་བོ་གཅིག་པ་དང་། དབྱངས་ཅན་མ། མི་གཡོ་བ་དཀར་པོ། འཇམ་དཔལ་སྨྲ་སེང་དང་བཅས་པ་རྣམས་ཀྱི་ལུང་ཞུས་ནས་བྲང་འཇམ་དབྱངས་དཀར་པོ་ལ་མོས་པ་བྱུང་སྟེ། དེ་ལ་བསྙེན་པ་བྱས་པས། དེས་བྱིན་གྱིས་བརླབས་པའི་རྟགས་ལ། སྔར་མེད་པའི་བྱམས་པ་དང་། སྙིང་རྗེ་རྒྱུད་ལ་དུངས་པ་སྐྱེ་བ་དང་། ནུབ་གཅིག་གི་རྨི་ལམ་ན་ཡང་། མི་དཀར་པོ་ཞིག་གིས་ཤེལ་གྱི་ཕྲེང་བ་དང་། པོ་ཏི་བྱིན་པ་དང་། ལྡུམ་ར་ཞིག་གི་ནང་ན་མེ་ཏོག་ཙམ་པ་ཀ་དཀར་ལ་དྭངས་པའི་ཁྲོད་ནས། མེ་ཏོག་ཕོར་པ་ཙམ་འཐུ་བ་ལ་སོགས་པ་རྨིས་པ་དང་། ཁོ་བོས་ཡིག་ཆ་འཛིན་པ་ལ་ཚིག་རྐང་གཉིས་གཉིས་ཙམ་ལས་མི་ཟིན་པ་དེ་ལ། ཡུག་ཁ་གྲས་ཀྱིས་ཡིག་ཕྲེང་བདུན་ཕྲེང་གི་ཤོག་ལོག་རེ་ཙམ་ཟིན་པ་བྱུང་བས། དེ་ལ་བརྟེན་ནས་སློབ་གཉེར་ལ་ཅི་ནུས་སུ་བྱེད་ཀྱིན་ཡོད་པའི་ཐད་ནས་ཡི་དམ་དེའི་ཐུགས་རྗེ་ལ་བརྟེན་ནས། སྙིང་རྗེ་དང་དག་སྣང་ཆེན་པོ་རྒྱུད་ལས་སྐྱེས་པའི་མཐུས། བསྟན་པ་རིན་པོ་ཆེའི་རྩ་ལག་མཁན་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པ་དང་། མཁན་ཆེན་རིན་པོ་ཆེ་བསོད་ནམས་བཟང་པོ་དཔོན་སློབ་གཉིས་ཀྱི་དྲུང་དུ། ཕར་ཕྱིན་དང་། སྤྱོད་འཇུག་དང་། འདུལ་བ་ལ་སོགས་པ་རྣམས་ཀྱང་ཉན་ཅིང་། གཞན་ཡང་རྟ་མགྲིན་དང་སྒྲོལ་མ་ལ་སོགས་པ། བཀའ་གདམས་ལྷ་བཞི་ལ་སོགས་པའི་ལུང་དང་། མདོར་ན་བྱ་སྤྱོད་ཀྱི་ལྷ་མང་རབས་ཀྱི་ལུང་ཐོབ་ཅིང་། མཁྱེན་རབ་དང་ཐུགས་རྗེའི་བདག་ཉིད་མཁན་ཆེན་རིན་པོ་ཆེ་བུ་སྟོན་ཁ་ཆེའི་དྲུང་དུ། སློབ་དཔོན་གཞོན་བཟང་གིས་ཞུས་པའི་ཞར་ལ། ས་སྐྱ་པའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་། ཡུམ་ཆེན་མོའི་སྒྲུབ་ཐབས་དང་། ཐུགས་རྗེ་ཆེན་པོ་(༥)དཔལ་མོ་ལུགས། འཇམ་དཔལ་སྨྲ་སེང་། ཡུམ་དུ་སྒྲུབ་པ་དང་བཅས་པ་རྣམས་ཐོབ་ཅིང་བླ་མ་ཤཱཀྱ་རིན་ཆེན་པའི་དྲུང་དུ། སྔ་ཕྱི་བར་གསུམ་དྲིལ་ཏེ་ཐོབ་པ་ལ། ཀྱེ་རྡོ་རྗེའི་དབང་བསྐུར། གཤེད་དམར་ལྷ་ལྔའི་དབང་བསྐུར། རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྩ་དབུ་མའི་ཁྲིད་དང་བཅས། བཅོམ་ལྡན་འདས་ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས། རྟ་མགྲིན་དྲག་པོ་སུམ་སྦྲགས་ཀྱི་སྒྲུབ་ཐབས། ཕྱག་རྡོར་རས་ཆུང་ལུགས་ཀྱི་དབང་སྒྲུབ་ཐབས་དང་བཅས་པ། སྦྱོར་བ་ཡན་ལག་དྲུག་གི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་དང་བཅས་པའི་ཁྲིད། ཀུན་མཁྱེན་རིན་པོ་ཆེ་ཇོ་ནང་པའི་ལུགས་ཀྱི་ཁྲིད་ལུང་དང་། སྤྱོད་ཡུལ་སྲས་བརྒྱུད་ཀྱི་སྐོར་ལ་སྟོད་པ་དབང་རྒྱལ་གྱི་ཁྲིད་ལུང་ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་གེགས་སེལ་གདམས་པ་དང་བཅས་པ་མ་ལུས་པ་ཐོག་གཞན་ཡང་བསྐྱེད་རིམ་རྫོགས་རིམ་ལ་སོགས་པ་མང་དུ་ཐོབ། བླ་མ་ཡེ་རྒྱལ་བའི་དྲུང་དུ། སྤྱོད་ཡུལ་ཆོས་ཁ་ཚང་བ་དང་གཞན་ཡང་ངེས་དོན་གྱི་ཁྲིད་དང་། ཡི་དམ་ལྷའི་ལུང་མང་དུ་ཐོབ། མཁན་ཆེན་རིན་པོ་ཆེ་གཞོན་ནུ་མགོན་པོའི་དྲུང་དུ། ཁྲོ་ཕུ་བའི་ལུགས་ཀྱི་མན་ངག་བརྒྱ་རྩ། ཆོས་ཆུང་བརྒྱ་རྩ། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་དང་། སྨན་ལྷའི་མདོ་ཆོག །ཇོ་བོའི་ལུགས་ཀྱི་གཏོར་ལུང་རྒྱ་མཚོ་ལ་སོགས་པའི་མན་ངག་དུ་མ་ཐོབ་ཅིང་། མཁན་ཆེན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པའི་དྲུང་དུ། ཕར་ཕྱིན་དང་། འདུལ་བ། སྤྱོད་འཇུག །པར་ཎ་ཤ་ཝ་རི། ལྷ་མོ་འོད་ཟེར་ཅན་དང་། རྗེ་བཙུན་མ་སྒྲོལ་མ། དཔལ་དོན་ཡོད་ཞགས་པ། ཨ་མོ་གྷ་པཱ་ཤའི་རྒྱུད་དང་བཅས་པ། རྣམ་ཐོས་སྲས་ཀྱི་རྗེས་གནང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད། བློ་སྦྱོང་ལ་སོགས་པ་མང་དུ་ཐོབ་ཅིང་། གཞན་ཡང་དེའི་དུས་བདག་ལ་ཤེས་རབ་ཅུང་ཟད་སྐྱེས་པའི་མཐུས། ནན་ཏན་ལ་གཙོ་ཆེར་བྱས་ནས། ཆོས་རྗེ་འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་པའི་དྲུང་ནས། ཆོས་འཁོར་ཆེན་པོའི་གསོས་རྣམས་ཞབས་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པ་ལེགས་པར་བསྒྲུབས་ནས། བྱ་ལོ་ཟླ་བ་དང་པོའི་(༦)ཚེས་གསུམ་ནས་སྟ་གོན་བཙུགས་ཤིང་། ཚེས་བཅོ་ལྔའི་ཉིན་པར་རབ་ཏུ་གནས་པའི་དངོས་གཞི་མཛད། ཚེས་བཅུ་བདུན་ལ་མཇུག་གི་ཆོ་ག་ལེགས་པར་རྫོགས་པར་མཛད་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་པར་ཆོས་ཀྱི་རྗེ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་པས་གཙོ་མཛད་ཅིང་། བསྟན་པའི་གསལ་བྱེད་བླ་མ་གུང་པ་ལ་སོགས་པ། དཔལ་ལྡན་ས་སྐྱ་པ། གཙང་ཕྱོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་པ་བཟང་རིགས་ཐམས་ཅད་འཚོགས་པ་དང་། མཁན་ཆེན་རིན་པོ་ཆེ་ཟུལ་ཕུ་བ་དང་། དགའ་ལྡན་པ་བློ་གྲོས་སེང་གེས་དབུ་མཛད་དབུ་རུ་སྟོད་སྨད་ཀྱི་དགེ་བའི་བཤེས་གཉེན་པ་བཟང་རགས་འཚོགས་པ་དང་སྤྱན་མངའ་གྲགས་པ་རྒྱལ་མཚན་པས་གཙོ་མཛད་དབུ་རུ་ལུང་པའི་དགེ་བའི་བཤེས་གཉེན་བཟང་རགས་ཚོགས་པ་མདོར་ན་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ། ཕ་རོལ་ཏུ་ཕྱིན་པ་ལ་ཐོས་པའི་བྱ་བའི་ཆེ་བ་དབྱུང་ཞིང་། ཉན་བཤད་བྱེད་པའི་དགའ་སྟོན་ལ་དམིགས་ཏེ། བདག་ཅག་ལ་བཟུང་འཆང་ལ་སོགས་པ་ཆེར་མེད་ཀྱང་། དྲིན་ཅན་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། མཆེད་གྲོགས་གོང་མ་ཉེ་འབྲེལ་རྣམས་ཀྱིས་ཐུགས་ལ་བཏགས་པ་ལ་བརྟེན་ནས། མང་ཇ་འབུལ་ནོད་དང་བཅས་པ་ལེགས་པར་བསྒྲུབས་ནས། ཉན་བཤད་བྱེད་པ་ལ་དམིགས་ནས། ཆོས་གྲྭ་ཆེན་པོ་རྩེ་ཐང་དུ་ཕྱིན་ཏེ། དྲུང་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་པའི་དྲུང་དུ། ཕར་ཚད་འདུལ་བ་མངོན་པ་ལ་སོགས་པ་ཉན་ཅིང་། སློབ་དཔོན་དཔལ་རྒྱལ་བ་དང་། སློབ་དཔོན་པཎྜི་ཏའི་དྲུང་དུ། ཕར་ཕྱིན་ཉན་པས། ཕར་ཕྱིན་གྱི་དོན་ཐམས་ཅད་ལྷོངས་པར་གོ་བ་ཡང་བྱུང་། ཆོས་རྗེ་རིན་པོ་མོན་ཕྱོགས་ནས་ཡར་འབྲོག་ཏུ་ཕྱགས་ཕེབས། ལྷོ་ཕྱོགས་ནས་ཕེབས་པའི་སྐུ་སྐྱོས་ལ་སྐྱི་གཡོར་ལ་སོགས་པའི་དགོན་སྡེ་རྣམས་སུ། མང་ཇ་འབུལ་ནོད་ལ་སོགས་པ་མཛད་ནས། དེ་རྣམས་འགྲུབ་པའི་གཏམ་སྙན་སྐྱེལ་བ་ལ་འགྲོ་དུས་དགེ་བཤེས་ཀུན་དགའ་དཔའ་བོ་རྣམས་ཀྱིས། ངེད་ལའང་། ཆོས་རྗེ་མཇལ་བ་ལ་འགྲོ་བ་འཐད་གསུངས་ནས། ངེད་ཀྱིས་ཀྱང་མཇལ་བ་ལ་ཕྱིན། ངེད་རང་གི་བཤད་(༧)གསར་བྱས་པའི་སྐུ་སྐལ་དང་། ཕྱགས་ཕེབས་པའི་ཤངས་ལེན་ལ། སྐུ་འཁོར་སུམ་བརྒྱ་ཙམ་དུ་འདུག་པ་ལ། མང་ཇ། ཆོས་རྗེའི་དྲུང་དུ་འབུལ་བ། གཞན་ཡང་གང་འོས་ཀྱི་འབུལ་བ་དང་། དགེ་འདུན་སོ་སོའི་ཕྱག་ཏུ་དར་ཁ་རེའི་འགྱེད་དང་བཅས་པ་བསྒྲུབས་ནས་བསྡད་ཡོད་དུས། བླ་མ་བཟོད་པས་དབུ་མཛད། གྲོས་ལ་དབང་བ་རྣམས་ཀྱིས་ངེད་ལ་ཞལ་ཏ་བྱོན་པ་ལ། ད་ལྟ་ཤ་བ་རྭ་ཅོའི་འབོགས་མཚམས་སུ་འདུག་པས། ཁྱོད་ཀྱིས་ཆོས་རྗེའི་ཉེ་གནས་གྱིས། ཤ་ཡང་ཁྱོད་རང་ཚ་བ་ཡིན་གསུང་བ་ལ། ངེད་ཀྱིས་ཞུ་བ་བྱས་ནས། མི་ལྟོག་གི་གཅེས་ཕྲུག་གང་ཡང་མི་ཤེས། མཐོང་གོམས་ལ་སོགས་ཅི་ཡང་མེད་པའི་སྐྱིད་དེ་བར་བསྡད་པས། འདི་འདྲའི་ཞབས་ཏོག་མི་ཡོང་ལགས་ཤིང་། ངའི་མགོ་འདོན་བྱས་པ་མི་ཡོང་བར། མགོ་སྨོད་པ་འདྲ་བ་ཞིག་ལས་མི་ཡོང་བས་ཁྱེད་རྣམས་ཀྱིས་ཞུ་ནས། ང་རང་རྒྱགས་ཁ་སེ་མདའ་རེ་ཙམ་ཁྱེར་ནས། ཕྱགས་ཕྱིར་འབྲང་ནས་གདམས་ངག་གི་ཞུན་ཐར་ཆོད་པ་ཞིག་བྱུང་ན་ཐུགས་ལ་བཏགས། དེ་མ་བྱུང་ན། དད་པ་ཅན་གྱི་དཀོར་ཟས་ཀྱིས་ཚོས་ནས་སེམས་ལ་འདྲེ་ཞུགས་ནས། ལུས་ངག་ཡིད་གསུམ་གྱིས་བྱ་བ་གང་མིན་བྱས་ནས། མ་ཇོ་བཙུན་མ་ལ་སོགས་པ་ལ་བྱི་ཕྲུག་བཏོན་པ་ལ་སོགས་པ་བྱུང་ན། ཆོས་རྗེ་རིན་པོ་ཆེའི་ཞབས་འདྲེན། ངེད་རང་གི་མགོ་སྨད་དུ་སོང་ནས་འདི་ཕྱི་གཉིས་ཀའི་འདུན་མ་འཆོར་བ་ལས་མི་ཡོང་བས། དེ་འདྲ་མི་གསུང་བར་ཞུ་བྱས། ང་རང་གིས་ཐག་བཅད་མ་ཉན་པ་དང་། ཆོས་རྗེ་རིན་པོ་ཆེའི་དྲུང་ནས་ཀྱང་ཐུགས་རྗེས་བཟུང་ནས་དེ་མི་འཐད། ན་སོ་གཞོན་པས་ད་དུང་སློབ་གཉེར་གྱིས་གསུངས་ནས་ཞལ་ཏ་བཟང་པོ་དང་། དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་སྤྱན་རས་གཟིགས་ཀྱི་སྐུ་ལི་མ་གཅིག །གདུང་ཁང་པད་སྤུངས་དང་བཅས་པ་གཅིག །ཕར་ཕྱིན་གྱི་གཞུང་། བརྒྱད་སྟོང་འགྲེལ་ཆེན་དབུ་ཞྭ་ན་བཟའ་བཞུགས་གདན་དང་བཅས་པ་གནང་ནས། ན་སོ་གཞོན་པ་ལ་སློབ་གཉེར་གྱིས་མཚན་ཉིད་པ་འདི་དད་པ་ཆུང་བས་བློ་ཆུད་ཟོས་ལ་མ་སོང་བར་མིག་མར་ལྟ་མ་བྱེད་པར་ཡར་ལྟ་གྱིས་ལ་བློ་ཆོས་དང་མཐུན་པར་གྱིས། དེ་ལྟར་བྱས་ན་(༨)རང་ལ་ཁེབས་ཆེ་ཞིང་གཞན་ལ་ཕན་པར་ཡོད་གསུང་། དེ་དུས་ཆོས་རྗེའི་དྲུང་དུ། རྫོགས་པ་ཆེན་པོ་གསང་བ་ཐིག་ལེའི་སྐོར། ཁྲིད་རྒྱབ་ཆོས་སུ་སྙན་བརྒྱུད་ཡི་གེ་ཅན་དང་ཡི་གེ་མེད་པ་ལ་སོགས་པའི་རྒྱུད་མན་ངག་དང་བཅས་པ་མ་ལུས་པར་ཟླ་བ་གསུམ་གྱི་བར་དུ་གནང་།

གཞན་ཡང་ཡང་དབེན་པའི་དབོན་པོ་ཡིན་ཟེར་བ་ཞིག་གི་ཞར་ལ་ཤོག་གསུངས་ནས། ཚོགས་བདག་དམར་པོ། ཚོགས་བདག་སྤྲེལ་གདོང་མ་དང་བཅས་པ་རྣམས་མ་ལུས་པར་ཐུགས་ལ་བཏགས། སློབ་གཉེར་བྱེད་པ་ལ་འདི་ཚོ་ལ་གསོལ་བ་ཐོབ་གསུངས་ནས་མི་གཡོ་བ་དཀར་པོ། སྔོན་པོ་པུས་བཙུགས། འཇམ་དབྱངས་ཨ་ར་པ་ཙ་ན། སྨྲ་སེང་། ཕག་མོ། ཤེས་རབ་གསལ་བྱེད་རྣམས་ཀྱི་ལུང་དང་རྗེས་གནང་། བྱིན་རླབས་དང་བཅས་པ་མ་ལུས་པར་གནང་། གཞན་ཡང་ཐུགས་རྗེ་ཆེན་པོ་རྒྱལ་པོའི་ལུགས་དང་། ཐུགས་རྗེ་ཆེན་པོའི་སྐོར་མ་ལུས་པ་དང་། ཨོ་རྒྱན་རིན་པོ་ཆེ་སངས་རྒྱས་མཉམ་སྦྱོར་དང་། ཀུན་བྱེད་རྒྱལ་པོ་ལ་སོགས་སེམས་སྡེའི་སྐོར་མང་དག་ཏུ་གནང་ཞིང་། (༩)གཞན་ཡང་གུ་རུའི་ཐུགས་སྒྲུབ་དབང་དང་བཅས་པ། རྫོགས་ཆེན་མཉམ་ཉིད་རང་གྲོལ་ལ་སོགས་མ་ལུས་པ་ཐུགས་ལ་བཏགས། ཕ་རྒན་དང་བསྡོངས་ནས་བསམ་ཡས་སུ་སླེབས། དེའི་དཔྱིད་སོ་རྒྱལ་ནང་དུ་གྲུབ་ཐོབ་ནམ་མཁའི་སྙིང་པོའི་སྒྲུབ་ཁང་གི་ཞོལ་དུ། ཟླ་བ་གསུམ་གྱི་བར་དུ་འཕགས་མ་དབྱངས་ཅན་མ་ལ་གསོལ་བ་བཏབ་པས། རྨི་ལམ་དུ་བྱིན་གྱིས་བརླབས་པའི་མཚན་མ་འདྲ་བྱུང་ཞིང་། དེའི་བསྙེན་པའི་ཁ་སྐོང་ལ་སྦྱིན་སྲེག་གཅིག་ཉི་ཤུ་དགུའི་ཉིན་པར་བྱས་པས། ནམ་མཁའ་གཡའ་དག་པ་ལ་སྦྱིན་སྲེག་བྱེད་པའི་སྟེང་དུ། འཇའ་ཚོན་བླ་རེས་ཕུབ་པ་འདྲ་བ་བྱུང་བས་དེ་དུས་བླ་མ་ཤཱཀྱ་རིན་ཆེན་པ་བཞུགས་པས། རྟེན་འབྲེལ་ལེགས་པོ་ཡིན་གསུངས་ནས། དེ་ནས་བཟུང་ནས་ཤིན་ཏུ་ཐུགས་ལ་འདོགས་པ་ཞིག་བྱུང་། ལར་ནི་དེ་དུས་རྨི་ལམ་གྱི་རྟགས་མཚོན་པ་དེ་དང་། སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས། བྱམས་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ་ཞིག་བྱུང་། དེའི་དབྱར་སོ། རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་པ་མཇལ་ནས། ཐེག་པ་ཆེན་པོ་བློ་སྦྱོང་གི་(༩)ཁྲིད་དང་། སྙིང་པོ་དོན་གསུམ་གྱི་ཁྲིད། དེ་ལ་སོགས་པའི་བསྐྱེད་རིམ་དང་། རྫོགས་རིམ་གྱི་ལུང་མ་ལུས་པ་ཐུགས་ལ་བཏགས། དེའི་དུས་སུ་བྱམས་པ་དང་། སྙིང་རྗེ་ངེས་འབྱུང་གི་སྐྱོ་ཤས་དྲག་པོ་ཞིག་སྐྱེས་ནས། ཁོང་གི་དྲུང་དུ་ཆང་མི་འཐུང་བ་དང་། རྡོར་ནག་བསྲུང་བ་དང་། ལུས་སྐྱེས་སེམས་ཅན་ཕྱིར་མི་འདོར་བ་དང་། མདོར་ན་ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་ཕྲན་ཚེགས་ལ་སོགས་པའི་དམ་བཅའ་དུ་མ་དག་ཏུ་ཕུལ་བས། བློ་མི་རྟག་པ་རྒྱུད་ལ་སྐྱེས་པ་དང་། བློ་སྣ་བཙན་ཐབས་སུ་ཐུང་བ་བྱུང་བས། སློབ་གཉེར་གྱིས་ཀྱང་འཆི་ཁར་མི་ཕན་པར་འདུག་བསམས་ནས་སློབ་གཉེར་ལ་ཡང་བློ་གཞོལ་དུ་སོང་ཞིང་། གཟུངས་ཀྱི་དཔལ་བའི་དྲུང་དུ། རྣམ་རྒྱལ། རྣམ་འཇོམས། ཆོས་སྐྱོང་གུར་མགོན། བདེ་མཆོག །དུས་ཀྱི་འཁོར་ལོའི་དབང་བསྐུར། མདོར་ན་ཕྲན་ཚེགས་ཀྱི་ཡི་དམ་ལྷའི་སྒྲུབ་ཐབས་མ་ལུས་པ་ཐོབ། ཆོས་རྗེ་རིན་པོ་ཆེ་རང་བྱུང་རོལ་པའི་རྡོ་རྗེའི་དྲུང་དུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལུང་དང་། སྐུ་གསུམ་ངོ་སྤྲོད་ལ་སོགས་པ། མདོར་ན་མང་དུ་ཐོབ། མཁན་ཆེན་བསོད་ནམས་རིན་ཆེན་པའི་དྲུང་དུ། མདོ་བཀའ་འགྱུར་གྱི་ལུང་དང་། ས་སྐྱ་པའི་རྒྱལ་སྲས་ལམ་བཟང་ལ་སོགས་པ་མདོར་ན་མ་ལུས་པ་ཐོབ། བླ་མ་ཀུན་གཞོན་པའི་དྲུང་དུ་སྐུ་གསུམ་ངོ་སྤྲོད། ནཱ་རོ་ཆོས་དྲུག །འཕགས་པ་བསྐལ་པ་བཟང་པོ། མདོ་དྲིན་ལེན་བསབ་པ་ལ་སོགས་པ་མང་དག་ཏུ་ཐོབ་ཅིང་། བླ་མ་བཟོད་པའི་དྲུང་དུ་ཆོས་རྗེ་རིན་པོ་ཆེས་མཛད་པའི་དངུལ་ཆུའི་བཅུད་ལེན་གྱི་ཐོག་དྲངས། གསུང་སྒྲོས་ཁ་འཐོར་ཐམས་ཅད་ཐོབ། ཆོས་རྗེ་པཎ་ཆེན་པའི་དྲུང་དུ། ཕྱག་རྒྱ་ཆེན་པོའི་ཡི་གེ་བཞི་པ། རོ་སྙོམས་སྒང་དྲིལ། ཞང་ཚལ་པའི་གཟེར་ལྔ། ཐོག་བབས། ཚེ་དཔག་མེད་རས་ཆུང་ལུགས་ཀྱི་སྒྲུབ་ཐབས། དབང་ཆོག་དང་བཅས་པ་ཚང་བར་ཐོབ། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་སྒྲུབ་ཐབས་དང་བཅས་པ། གསར་མ་ལུགས་ཀྱི་བཅོམ་ལྡན་འདས་ཀྱི་སྐྱེས་རབས། བླ་མ་མར་སྟོན་གྲགས་རྒྱལ་གྱི་དྲུང་དུ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྲམ་ཟེ་(༡༠)ཆེན་པོ་ས་ར་ཧའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཐོབ། རྫོགས་ཆེན་ཨ་རོའི་ཁྲིད་མོ་ཆེ། ཕྱག་རྒྱ་ཆེན་པོ་གག་མ་ལ་སོགས་མང་དག་ཏུ་ཐོབ། བླ་མ་རྟོགས་ལྡན་ཤེས་རབ་མགོན་པོའི་དྲུང་དུ། ཕྱག་རྒྱ་ཆེན་པོ་བསམ་གཏན་ཐུན་ཆོག །སྐུ་བཞིའི་ངོ་སྤྲོད། མཁའ་འགྲོ་གསང་ཁྲིད། རི་ཆོས་མའི་ལུས་སྦྱོང་། གཏུམ་མོ་ལུས་སྦྱོང་ཉི་ཤུ་པ། རྒྱུན་གཅོད་རྟག་ངུ་། འབྲུ་ཅན་རྡེའུ་ལ་སོགས་པའི་དཀའ་ཐུབ། བཅུད་ལེན་གྱི་བེ་བུམ་ཆེན་མོ་ཐོབ། དེ་ནས་ཆོས་རྗེ་རིན་པོ་ཆེ་ཉིད་འབྲི་གུང་ན་བཞུགས་པ། གདན་འདྲེན་ཕྱིན་ནས་བསམ་ཡས་སུ་ཕྱགས་ཕེབས་དུས་ཁྲིད་མགྱོགས་པར་ཚུགས་ན་ཡོངས་གསུངས་ནས། སྟག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་ཁྲིད་བཙུགས་ནས། ཚེས་བཅོ་བརྒྱད། ཕྱི་ཚེས་བཅུ་བདུན་གྱི་ཉི་མ་ཕྱེད་ཙམ་པ་ལ་གཤེགས་དུས། ནམ་མཁའ་འཇའ་དང་འོད་ཀྱིས་ཁེངས། གཟིམས་ཁང་ལ་འཇའི་གུར་ཕུབ་སྣང་སྲིད་ཐམས་ཅད་འཇའ་འོད་ཟེར་གསུམ་གྱིས་ཁེངས། ས་གཡོས་ཆེན་པོ་ལན་མང་དག་ཏུ་བྱུང་། པུར་སྦྱོང་དུས། ས་གཞི་ཐམས་ཅད་རིང་བསྲེལ་སྤྱན་ལྗགས། ཐུགས་སྐུ་གཟུགས་ཡི་གེ་ལྔ་ལ་སོགས་པ་གཅལ་བཀྲམ་ནས་མི་རྣམས་ངོ་མཚར་གྱིས་ས་ལ་བཀོད་པའི་དུས། དྲུང་དུ་བཞུགས་པ་རྣམས་ཀྱིས་ཞལ་ཏ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཞལ་ཏ་མང་པོས་ཅི་བྱེད། དངོས་པོ་གང་འདུག་གི་མདའ་༼མི་མོ་སྐྱིད་པ་ལགས་ཞེས་པ་འདི་ལ་སྤྲུལ་སྐུ་གྲགས་པ་འོད་ཟེར་བ་འཁྲུངས་རྒྱུ་ཡིན་པས་༽བྱེད་པ་ཡིན་མོད་གསུངས་ནས་ཞལ་ཏ་གཞན་མ་གནང་ཞིང་། ལར་ཁྱེད་ཚོའི་ལྷག་བྱུང་ན་སྐྱིད་པ་ལགས་ལ་ཉེར་ལེན་གཅིག་ལྟོས་གསུང་བ་དང་། དགེ་བཤེས་དེ་ག་ན་འདུག །འདུག་ན་འདིར་ཤོག་གྱིས་གསུང་བའི་ཞལ་ཏ་ཐེངས་གཉིས་གསུམ་དུ་གནང་བ་ཡིན་ནའང་དྲུང་ན་བཞུགས་པའི་མཁན་སངས་རྡོར་དང་། དགེ་བཤེས་ཀུན་དགའ་དཔལ་ལ་སོགས་པ་རྣམས་ཀྱིས། བླ་མ་ཤཱཀྱ་རིན་ཆེན་པའི་ཕྱོགས་འདིར་བྱས་ནས་ངེད་ལ་ནི་ཞལ་ཏ་མ་བསྒྱུར། དེ་སྟེང་སྟོད་སྨད་ཀྱི་ཡོན་བདག་གྲྭ་པ་བུ་སློབ་ཡོད་(༡༡)པ་གྲོས་ལ་དབང་བ་རྣམས་འདུས་པའི་དུས་སུ། ངེད་རང་ལའང་རྔན་ཆེན་ཆེ་བ་ལ་ལ་སོགས་བསམ་ཡས་པ་རྣམས་ཀྱིས་བྱས་པས། གཞན་རྣམས་ཀྱིས་དེ་བཞིན་དུ་བྱས་བྱུང་བས། མི་གོ་མ་ཆོད་ཐིང་ངེ་བ་ལས་མེད་ལགས་ཤིང་། ཐམས་ཅད་ཀྱིས་ལྐུགས་ནག་ཟེར་བའི་དུས་སུ་ང་རང་གི་རྟོག་པ་ལ་དཔལ་ཀུན་ཏུ་བཟང་པོའི་རྒྱལ་ཚབ་ཆོས་ཀྱི་རྗེ་རིན་པོ་ཆེ་ལ་འདི་ལྟ་བུ་བྱུང་ནས། ང་ལ་གཞན་གང་གིས་ཀྱང་ཅི་བྱེད། འཇིག་རྟེན་གྱི་བྱ་བ་ཐམས་ཅད་བཏང་ནས། མི་ཁྱུ་ནས་བུད་པ་བྱས་ཏེ། ངོ་མི་ཤེས་པའི་ས་ཕྱོགས་སུ་ཕྱིན་ནས། དཔོན་པོར་བླ་མ་དཀོན་མཆོག་སྤྱི་བོར་ཁུར། ཁ་དྲག་ཏུ། ཁ་ཉེན་དབང་ཆུང་ལ་རྒྱབ་གཏད། དམའ་མོའི་ས་བཟུང་། ཧྲུལ་པོའི་གོས་གྱོན་ནས། སྤྲང་པོ་ལྟར་གང་གིས་ཀྱང་མཐོང་ཚོར་མེད་པར་བྱས་ཏེ། ཚེ་གཅིག་གི་སྒྲུབ་པ་ནན་ཏན་སྙིང་པོར་མ་བྱས་ན། གཞན་གང་གིས་ཀྱང་ཕན་པར་མི་འདུག་པ་ལ། ད་ང་འདི་ཚོའི་གསེབ་ཏུ་ཅི་བྱེད་བསམ་པ་བྱུང་བས། ཁོང་རྣམས་ཀྱི་ཁྲོད་དུ་མ་བཞུགས་པས། འདིས་ལོག་མན་ཡིན་པ་འདྲ་བའི་ཐུགས་དགོངས་བྱུང་ནས། ང་ལ་ཤོག་གསུངས་པའི་ཞལ་ཏ་འབྱོན་གྱིན་འདུག་པས། ཡང་བློ་གཅིག་སྐྱེས་ཏེ། གལ་ཏེ་ཁོང་རྣམ་པའི་ཐུགས་དང་འགལ་བ་བྱས་པས་ཀྱང་མི་ཡོང་། ལར་ངས་དེར་ཕྱིན་ཀྱང་གཞན་གྱི་ཞབས་ཏོག་ནི་མི་ཡོང་སྟེ། པུར་གྱི་ཞབས་ཏོག་ཙམ་ཞིག་བྱུང་ན་བསམས་ནས། ཁོང་རྣམ་པའི་ཁྲོད་དུ་ཕྱིན། མི་ང་རང་ལ་བློ་གྲོས་དང་དངོས་པོ་ལ་སོགས་པ་འདོན་རྒྱུ་ཡོད་པ་དེར་ནི་མི་འདུག །འདིར་ཡོང་བ་ལ་པུར་གྱི་ཞབས་ཏོག་ཙམ་ཞིག་བྱུང་ན། ཐུགས་ལ་འདོགས་པར་ཞུ་ཟེར་བ་ཞུས་པས་བླ་མ་རིན་པོ་ཆེ་གུ་རུ་བ་དང་། བླ་མ་རིན་པོ་ཆེ་རྩེ་དཔོན་སློབ་གཉིས་དང་། ཟུལ་ཕུ་གནས་ཀྱི་ཨ་ཁུ་སྟོན་པ། སྟོན་པ་གྲགས་རྡོར་ལ་སོགས་པ་མདོར་ན་སྟོད་སྨད་ཀྱི་ཡུས་པོ་ཆེ་རྣམས་ཞབས་ཏོག་བྱེད་ཟེར། ཁོང་རྣམ་པ་ཡང་མ་འཆམ་པའི་སྐབས་སུ། ཨ་ཁུ་སྟོན་པས་ཁ་རྡོལ་བྱས་ནས། ད་འདི་རིགས་ལ་མི་འཆམ་པ་བྱས་པས་ཀྱང་མི་ཡོང་། སུས་ཞབས་ཏོག་བྱས་(༡༢)ཀྱང་བྱིན་རླབས་མ་གཏོགས། བཟའ་ཡོང་བ་དེ་ཡང་མིན་པས་འདིའི་འཐད་འོས་སུས་བལྟས་ཀྱང་། ཁོ་རང་དབོན་པོའི་འོས་ཡིན་པས་ཁོ་རང་བྱེད་དུ་ཆུགས་གསུངས་ནས་ཁ་ཕུད་བྱུང་བས། ང་རང་གི་ལུས་སེམས་ལ་ཡང་ས་དང་པོ་ཐོབ་པའི་བདེ་བ་ཙམ་རྙེད་བྱུང་བ་དང་། ཁོང་རྣམ་པ་ཚོ་མ་འཆམ་པ་དེ་བདག་གི་གྲོགས་སུ་བྱུང་ནས། པུར་གྱི་ཞབས་ཏོག་བྱ་ཆོག་པ་བྱུང་བས། དེའི་བྱིན་བརླབས་ཀྱིས་ངེད་རང་ལ་གྲོགས་མེད་ནའང་། ད་བར་སྐྱིད་པོ་བྱས་པ་ཡིན། དེ་ནས་ཆོས་རྗེ་རིན་པོ་ཆེའི་གཤེགས་རྫོངས། ཕྱོགས་ཀྱིས་ཇ་བཀོལ་རྣམས་བསྒྲུབས་པའི་བར་དེར། བདག་གི་ཕ་རྒན་ཡུན་རིང་། ཟུག་གཟེར་ཆེ་བ་བྱས་ནས། ཅིས་ཀྱང་ཕན་མ་ཐོགས་པར་འདས། ཁོ་བོས་ཤུལ་དུ་དགེ་བ་དགེ་གཞུག་ལ་སོགས་མི་ལ་ངོ་མི་ཚ་ཙམ་བསྒྲུབས། ངེས་འབྱུང་དང་སྐྱོ་ཤས་མི་རྟག་པ་སྙིང་ནས་ཚེ་འདིའི་ཞེན་པ་ལོག་པ་ཙམ་ཞིག་བྱུང་། དེའི་བར་དེར་ཆོས་རྗེ་རིན་པོ་ཆེའི་ནང་རྟེན། མཆོད་ཁང་སོགས་བཞེངས་པ་ལ། ལུས་ངག་ཡིད་གསུམ་ལ་ཟོལ་མེད་ཀྱི་ཐིལ་བླངས་ནས། ཞབས་ཏོག་ལ་འབུངས་ཏེ་བརྩིགས་པ་ལས། སྡིག་པ་དག་པའི་རྟགས་ལ་སོགས་པ་ཡང་མང་དག་ཏུ་བྱུང་། ལུས་སེམས་ལ་ཡང་ཚེ་འདིའི་སྣང་བ་ལོག་པའི་ཉམས་ཐན་ཐུན་ཡང་སྐྱེས། ནང་རྟེན་མཆོད་ཁང་དང་བཅས་པ་བར་ཆད་མེད་པར་གྲུབ། དེའི་དུས་སུ་ཡང་། བདག་གི་མ་རྒན་མོ་ཡང་གཅོང་ནད་དྲག་པོ་ཞིག་གིས་ཟིན་ནས། ཟླ་བ་དྲུག་ཙམ་གྱི་བར་དུ་ནད་པ་སྐ་རགས་ཅན་ཉམ་ཐག་པ་བྱུང་ཞིང་།

དེ་ནས་ཟླ་བ་བདུན་གྱི་བར་དུ་གདན་ལ་འབྱར་ནས་བསྒུལ་བསྐྱོད་ལ་སོགས་པ་གང་ཡང་མི་ཤེས་པ། ཁ་རུ་སིང་པོ་ཕྱེ་བཏབ་པ་ཧུབ་རེ་མ་གཏོགས་པ་གང་ཡང་མི་འགྲོ་བ། དེ་ཡང་འཐུང་མི་ཤེས་པར་ཁོ་བོས་སྙུག་སྦུབས་རིང་པོ་བཅས་ནས། དེ་ཁར་བཅུག་ནས་བྱིན་པས་ཤེས་ཙམ་བྱུང་། དེའི་དུས་སུ་ངེད་རང་ལ་སྤུན་ཟླ་དང་ཨ་ལྕེ་སྲིང་མོ་མེད་པར་མི་གཅིག་པོ་ལག་གཅིག་ཏུ་སོང་བས། ལུས་ངག་གི་ཐོག་ཏུ་ཉིན་མཚན་གཉིས་ཁ་སྦྱོར་སྤྱོད་རེ་ཆེ་བྱུང་ཡང་། སེམས་ཐོག་ཏུ་ཁྱོད་འདྲ་བ་ཡོང་བ། ལུས་ལ་ན་ཚ་ནི་མེད། རང་བཞིན་གྱིས་(༡༣)གཡོག་བྱས་པས་ཆོག་པ་འདི་ལ་ཁྱོད་སྡུག་བསྔལ་འདི་འདྲ་ཡོང་བས། སྙིང་མི་བཟོད་པ་འདུག་ལར་སྐྱོན་ཆེ་མ་རྒན་མོ་འདིའི་ཁོང་པའི་ནང་དུ་ཟླ་བ་དགུ། ངོ་དང་བཅུའི་བར་དུ་ཁུར་སྦྱོང་སྤྱོད་དཔག་ཏུ་མེད་པ་བྱས། སྐྱེས་ནས་ཀྱང་སྣབ་ཁས་འཕྱི་བ་དང་། ཤུ་ཤུ་ལག་པས་འཕྱི་བ་ལ་སོགས་པ་བྱས། གསོས་བསྐྱངས་བྱས་པའི་དྲིན་ཅན་ཡིན་པ་ལ། ད་འདི་འདྲའི་སྐྱོ་ངལ་མི་བཟོད་པ་ཁྱོད་འདྲ་བ་ཡོད་པ་བསམས་ནས། དེས་རྐྱེན་བྱས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་ཆེན་པོ་སྐྱེ་བའི་རྐྱེན་བྱས་པས་མ་རྒན་མོ་དེ་དྲིན་ཆེ་བར་བྱུང་། དེ་ནས་མ་རྒན་མོ་འདས་ནས་རྗེས་ཀྱི་བྱ་བ་རྣམས་བསྒྲུབས། ལྕགས་ཟད་བརྡར་ཟད་ལ་སོང་བའི་སྟབས་ཀྱིས་པུར་དེ་སྦྱིན་སྲེག་ཅིག་བྱེད་རྒྱུ་ཡང་མ་བྱུང་། པུར་དེ་དུར་ཁྲོད་དུ་གདན་དྲངས་དུས་ལྟས་ཁྱད་པར་ཅན་བྱུང་། བླ་མ་རྡོར་བསམ་དེར་བཞག་ནས། ཁྱེད་ཀྱིས་ཁྱི་བྱུང་ན་སྲུངས། བྱས་ཟོས་ཟིན་པ་དང་རུས་པ་དུམ་ཞིག་ཁྱེར་བྱོན། ཚ་ཚའི་ཁྲོད་དུ་གཏོང་བ་ཡིན་བྱས་ཁོང་གིས་ཐོད་པ་དུམ་བུ་གཅིག་ཁྱེར་བྱོན། ཟླ་མཆོད་ཀྱི་དུས་ལ་བབས་པས། དེ་དུས་བླ་མ་རས་པ་བཞུགས་པས། ཚ་ཚ་འདེབས་པ་ལ་ཐོད་པ་དེ་ཁོང་གིས་བསྲེགས་ནས་ཐོད་དེ་བ་ཚིག་ནས་བསྟན་བྱུང་བས། འདི་ཚ་ཚའི་ཁྲོད་དུ་གཏོང་བ་མི་དྲག་པར་འདུག་རྡོ་རྗེ་ཕག་མོའི་སྐུ་བྱོན་འདུག་པ་གསུང་། བལྟས་པས་ཕག་མོའི་སྐུ་ཡ་མཚན་པ་གཅིག་བྱོན་འདུག་ཚ་ཚ་བཏབ་ནས་གདུང་རུས་ནི་དེའི་ཁྲོད་དུ་མ་བཏང་། ཆོས་རྗེ་རིན་པོ་ཆེ་གཤེགས། ཕ་རྒན་དང་མ་རྒན་གཉིས་འདས་པས། བློ་སྣ་བཙན་ཐབས་སུ་ལོག་པ་ཁ་འདྲ་གཅིག་ཀྱང་བྱུང་། ཡང་མི་ཐམས་ཅད་ཀྱིས་ཁ་གསག་ལ་སོགས་པ་ཡང་བཏང་བས། འཚེ་བ་འདྲ་བ་ཞིག་ཀྱང་བྱུང་བས། མྱ་ངན་བསངས་པའམ། ཕ་མ་གཉིས་ཀྱི་དགེ་བ་ལ་དམིགས་ནས་གསེར་ཞོ་གང་གི་མར་ཁྱེར། ལྷ་སར་ཇོ་བོ་རིན་པོ་ཆེ་མཇལ་བ་ལ་ཕྱིན། ལྷ་ས་ར་མོ་ཆེའི་བཞི་སྡེ་ཁང་ན་ཞང་རིན་པོ་ཆེའི་སྐུ་འདྲར་གཅིག་ཡོད་པའི་དྲུང་དེར་ཉལ་ས་བྱས་ཀྱིན་མཚན་དུས་གསོལ་བ་བཏབ། ཉིན་ཇོ་ཤཱཀ་རྣམ་གཉིས་ལ་(༡༤)གསོལ་བ་བཏབ། མར་མེ་ཕུལ། བསྐོར་བ་བྱས་དུས། ནུབ་གཅིག་གི་རྨི་ལམ་ན། ཇོ་བོ་མི་བསྐྱོད་རྡོ་རྗེའི་ཕྱག་གཡས་པའི་ཕྱག་མཛུབ་གཅིག་ལ་འཇིབས་པས། འོ་མ་ལྟ་བུའི་བདུད་རྩིའི་རྒྱུན་ལྷུག་ལྷུག་བྱུང་བས། ལུས་སེམས་བདེ་ལ་སེམས་གཟུང་འཛིན་དང་བྲལ་བའི་ཉམས་ཁྱད་པར་ཅན་བྱུང་བ་དེའི་ངང་ལ་གཉིད་སད་དུས་ཡང་། ཡུན་རིང་པོར་དེའི་ཉམས་དེ་དང་མ་བྲལ་བ་ཞིག་བྱུང་། དེའི་བྱིན་རླབས་ཡིན་པ་འདྲ། བླ་མ་དགེ་བའི་བཤེས་གཉེན་པ་རྣམས་ཀྱི་དྲུང་དུ་ཟབ་དོན་གྱི་ཆོས་ཞུ་བ་ལ་དཀའ་ལས་ཆེན་པོ་མ་དགོས་ཤིང་། དེ་ནས་བསམ་ཡས་སུ་སླེབས་ཏེ། དགོས་མེད་རྒྱུད་ལ་སྐྱེ་བ་སྙམ་པ་ཞིག་བྱུང་བས། སྟོན་བསོད་སྙོམས་ལ་ཡང་མི་འགྲོ་བའི་གྲབས་གཅིག་བྱས་ཙ་ན། གྲོགས་མཆེད་གཅིག་ན་རེ། བསོད་སྙོམས་ལ་ཕྱིན་པ་དྲག་ཟེར་རྡོ་ཡན་བསམ་ཡས་མན་ལ་ཕྱིན་པས། ནས་ཁལ་ལྔ་ཙམ་གཅིག་རྙེད། དེས་མིའི་ལོངས་སྤྱོད་བྱས་ནས། ད་ཡུལ་ལ་ཞེན་པ་བྱས་ཀྱང་དགོས་པ་མེད་པས། རྒྱུས་མེད་ཀྱི་ས་ཆར་འགྲོ་དགོས་བསམས་ནས། ལ་ཕར་རྒྱབ་ལ་འགྲོ་བའི་ལམ་ལ་ཞུགས་དུས། གྲོགས་མཆེད་རྣམས་ན་རེ། ཟླ་བོ་མེད་པར་མ་འགྲོ་བསྡད་པ་དྲག་ཟེར་དུས། དང་པོ་ཨ་མའི་དེ་ནས་ཡོང་ཙ་ན་ཡང་ཟླ་བོ་དང་གོས་མེད་དུ་ཡོང་བ་ཡིན། ད་བཞག་འཆི་བའི་དུས་སུ་ཡང་ཟླ་བོ་དང་གོས་མེད་གཅིག་པུར་འགྲོ་བ་ཡིན་པ་ལ། ཟླ་བོས་གན་ལངས་བྱས། རས་ཀྱི་གླང་རུ་གཅིག་ཡོད་པ་དེ་ཁུར་ནས་ཕྱིན་པའི་སྒོ་འགག་ཏུ་ཤར་སྒོ་པའི་ཡོན་བདག་དགེ་བསྙེན་གྱི་ནུ་བོ་དོན་ཡོད་བཟང་པོ་ཟེར་བ་དེ་ཕྱེ་རྐྱལ་པ་ཆེན་པོ་ཁུར་ནས་བྱུང་བ་དང་ཏུག་འཕྲད། རྟེན་འབྲེལ་ཤིན་ཏུ་བཟང་བྱས་ནས་དབུར་སྟོད་ངོས་ལ་ཕྱིན་ནས། གྲོག་ནང་དུ་སླེབ་དུས། བླ་མ་ཨོ་རྒྱན་པའི་དྲུང་དུ་མཇལ་དུ་འགྲོ་དགོས་སྙམ་པ་ལ། བླ་མ་ཨོ་རྒྱན་པ་འབྲི་གུང་ལ་བཞུད་ནས། མི་བཞུགས་ཟེར་བ་གཅིག་ཐོས་པས། དེར་ཨོ་རྒྱན་ལ་མ་ཕྱིན་པར། ཆོས་རྗེ་པཎ་ཆེན་པའི་དྲུང་དུ་འགྲོ་བསམས་ནས། ལ་གཅིག་ལ་འཛེག་དུས། སྟོད་ཡ་གི་ནས་མར་ལ་བྱིས་པ་སིལ་པོ་ཁུར་བ་གཅིག་བྱུང་བས་རྟེན་འབྲེལ་གཅིག་བརྟག་དགོས་བསམས་ནས་བལྟས་ཙ་ན། སིལ་པོ་དེ་(༡༥)ཡང་གཅི་བ་གསེར་ཁ་མ་གཅིག་གིས་ལྟེམ་གྱིས་ཁེངས་འདུག་ཁྱོད་ལ་མིང་ཅི་ཟེར་བྱས་པས། གུ་རུ་སྐྱབས་ཟེར་བ་ཡིན་ཟེར་བས། རྟེན་འབྲེལ་བཟང་བསམས་ནས་ཡར་འཛེགས་ལ་ཁ་དེར་སླེབས་དུས། དགོན་པ་ཡང་མཐོང་། མོས་གུས་ཐུན་མོང་མ་ཡིན་པ་ཞིག་དེར་སྐྱེས་ནས་ཡར་ཕྱིན་དུས། ངེད་རང་གི་གྲོགས་མཆེད་རྩེ་ཐང་པ། སྔོན་ལ་སླེབས་པ་ཚོས་ངོ་ཤེས་ནས། ཆོས་ཉིད་རང་གྲོལ་ཟེར་བ་གཅིག་ཡོད་པ་བསུ་བ་ལ་བཏང་བྱུང་བས། རྟེན་འབྲེལ་བཟང་སྙམ་སེམས་སྤྲོ་སིང་བ་ཞིག་བྱུང་། གྲོགས་མཆེད་རྣམས་ཀྱིས་ཀྱང་ཆོས་རྗེ་མཇལ་མ་ཟིན་པར་འདུག་པས། ང་མ་སླེབས་པ་དང་དགོང་ཇའི་ཐོག་ཏུ་མཇལ་བ་ལ་ཕྱིན་པས་ཆོས་རྗེའི་དྲུང་ནས་དགྱེས་ཚོར་ཆེན་པོ་ཡང་མཛད། གང་དགོས་ཀྱི་ཆོས་ལ་སོགས་པ་དང་། སྒོས་སུ་ཕག་མོ་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས། རྗེས་གནང་དང་བཅས་པ་ཐུགས་རྗེས་བཟུང་། དེ་ནས་ཨོ་རྒྱན་དུ་ཕྱིན། བླ་མ་རིན་པོ་ཆེ་ཨོ་རྒྱན་པ་མཇལ། དགྱེས་ཚོར་ལ་སོགས་པ་ཆེན་པོ་མཛད། དེ་དུས་སྟོད་སྨད་ཀྱི་གྲྭ་པ་ཐམས་ཅད་བསོད་སྙོམས་དང་། དོན་གཉེར་ལ་སོང་ནས། དགོན་པ་སོ་གསོད་པར་འདུག་པས། བསྙེན་སྒྲུབ་གཅིག་བྱས་ན་བསམ། བཅོམ་ལྡན་འདས་ཕག་མོའི་བསྙེན་སྒྲུབ་ཟླ་བ་གསུམ་གྱི་བར་དུ་བྱས་པས་ཐུགས་རྗེས་འཛིན་པའི་རྟགས་རྨི་ལམ་དུ་ཅུང་ཟད་ཙམ་ཡང་བྱུང་། མཚམས་དེ་ཐོན་ནས། རིན་པོ་ཆེ་ཨོ་རྒྱན་པས་དགུན་དེར་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཁྲིད་གསུང་། ད་ལན་ཁྱོད་ཡོད་པས་ལྷག་ལུས་མེད་པར་གནང་དགོས་གསུངས་ནས། ལྷག་མ་མ་ལུས་པ་རྫོགས་པར་གནང་ཞིང་། དེ་རྗེས་དབང་གོང་མ། རྒྱབ་ཆོས་ཡང་ཏིག་དང་བཅས་པ་ཡང་གནང་བསྐང་གསོའི་ལུང་དང་ལས་བྱང་གི་ལུང་། ལར་ན་རྫོགས་པ་ཆེན་པོའི་ཆ་ལག་མ་ལུས་པ། རྗེས་གནང་བྱིན་རླབས་དང་བཅས་པ་ཐུགས་རྗེས་བཟུང་། དཔལ་ནཱ་རོ་པའི་ཆོས་དྲུག །རྒོད་ཚང་པའི་ཁྲིད་ཆེན་བརྒྱད། ཟབ་མོ་ལྔ་ལྡན་གྱི་ཁྲིད། གཞན་ཡང་ཆོས་རྗེ་འཇིག་རྟེན་མགོན་པོའི་འཁྲུངས་ཆོས་ལ་སོགས་པ་མང་དག་ཏུ་གནང་། ཆོས་རྗེ་འབྲུག་པའི་ཐུབ་ལྔ་དང་། (༡༦)དབུ་མའི་ཚིག་ལ་སོགས་པ་དབུ་མའི་ལུང་མང་དག་ཏུ་ཡང་གནང་ཞིང་། ཟླ་བ་ལྔའི་བར་ལ་དངུལ་ཆུ་རིལ་བུའི་བཅུད་ལེན་བྱས་པས། བཅུད་ལེན་ཡང་འབྱོངས་པོ་བྱུང་བའི་སྟོབས་ཀྱིས་ལུས་ལ་ན་ཚ་མེད་ཅིང་། སེམས་གཟུང་འཛིན་གྱི་རྟོག་པ་དང་བྲལ་བའི་ངང་ནས་ལར་སྔར་ཕན་ཆད་མི་ཚེ་དོན་མེད་ལ་བསྐྱལ་འདུག །ད་ཕྱིན་ཆད་ཚེ་འདིའི་བྱ་བ་སྣབས་བཞིན་དུ་རྒྱང་བཏང་ནས། ཕྱི་མའི་བྱ་བ་ལ་གཏིང་བསྙབ་བྱས་ནས་གཅིག་པུར་དབེན་པ་བརྟེན་ཏེ། ཆེ་འདོད་དང་། གྲགས་འདོད་དང་། ཚོང་སོ་ནམ་ཁེ་སྤོགས་ལ་སོགས་པ། མདོར་ན་ཆོས་དང་མི་མཐུན་པ་ཐམས་ཅད་སྐྱུར་ལ། ཚེ་འདི་བློས་བཏང་ནས་མི་མང་གི་གྲལ་འགོ་དང་། གཞན་གྱི་ཤ་ཚ་གྲོས་འདེབས་དང་། མདོར་ན་འཇིག་རྟེན་འདིའི་བྱ་བ་བྱེད་རེ་ཤི་སྙམ་པའི་ཞེ་མནའ་གཏིང་ནས་བསྐྱལ་ནས།

ད་ཡུལ་ལ་ལོག་པའི་དོན་ཀྱང་མི་འདུག་གངས་ཏི་སེ་ལ་ཕྱིན་ནས་མི་ཚེ་ཐེབ་པོར་གྱི་སྒྲུབ་པ་གཅིག་བྱེད་དགོས་སྙམ་པ་བྱུང་ནས། བླ་མ་ཨོ་རྒྱན་པའི་དྲུང་དུ་ཞུས་པ་འབྲི་གུང་པའི་སྟོད་རིའི་ཐེམས་ཀྱི་ཁྲོད་དུ་འགྲོ་བར་ཞུ་ཞུས་པས། འགྲོ་བ་མི་དྲག་གསུངས་ནས་ཁོང་གིས་བཏང་དུ་མ་ཉན་པས། ད་བླ་མའི་བཀའ་བཅགས་པས་མི་ཡོང་བསམ་ནས། ཏི་སེ་ལ་མ་ཕྱིན་པར་སྐྱིད་སྨད་ལ་ཡོང་ནས། འཕན་ཡུལ་ལུང་པ་མན་ཆད་ཀྱི་རི་ཁྲོད་དགོན་པ་རྣམས་སུ་གནས་གཏད། གནས་འབྲེལ་འཇོག་དགོས་བསམས་ནས་རྒྱལ། ཉན་པོ་ལ་སོགས་པའི་འཕན་ཡུལ་ལུང་པའི་དགོན་པ་རྣམས་ལྟད་མོ་ལྟ་ཡིན། གནས་འབྲེལ་རེ་ཙམ་བཞག་བླ་མ་རྣམས་ལའང་བླ་མའི་རྣལ་འབྱོར་རེ་རེ་ཙམ། ཁོང་རང་རྣམ་པའི་དགོན་པའི་ཆོས་ལུགས་དང་མཐུན་པའི་ཆོས་འབྲེལ་རེ་ཙམ་ཞུས། དེ་ནས་དགེ་མོར་ཆོས་རྗེ་རིན་པོ་བསམ་གཏན་པའི་དྲུང་དུ། བླ་མའི་རྣལ་འབྱོར་ངོ་སྤྲོད་དང་བཅས་པ། གྲུབ་ཐོབ་གཅེར་གྱི་རྣམ་ཐར་འཁྲུངས་ཆོས་དང་། ཆོས་རྗེ་རྒྱ་བྲག་པ་དང་། སངས་རྒྱས་སྒོམ་པ་གཉིས་ཀྱི་རྣམ་ཐར་དང་བཅས་པ་ཞུས། དེ་ནས་ཆུ་འཐུང་མ་གཅིག་ལ་ཆུ་འཐུང་གི་ལུང་ཞུས་ནས་བསམ་ཡས་(༡༧)སུ་སླེབས་དུས། བླ་མ་ཤཱཀྱ་རིན་ཆེན་པའི་དྲུང་དུ་མཇལ་བ་ལ་མཆིམས་ཕུར་ཕྱིན་པས་ཁྱོད་སླེབས་པ་དེ་བཟང་། ད་ལོ་དབྱར་འདིར་སྡོད་གསུང་ཞལ་ཏ་བཟང་པོ་གནང་། སྡོད་པའི་ཚིག་བྱས་ནའང་། ང་རང་ལ་ནི་ནས་ལ་སོགས་རྡོག་པོ་གཅིག་ཀྱང་མེད། འབྲེལ་ཅན་རྣམས་ཀྱང་ནས་ཀྱི་སྐད་ངན་འདོན་གྱིན་འདུག་པས། ང་ལ་སྟེར་དགོས་པ་བྱུང་གིས་དོགས་པ་ཡིན་པ་འདྲ་བསམ་པའི་རྣམ་རྟོག་ཅིག་སྐྱེས། དེ་བས་ཀྱང་ང་རང་ཆུ་འཐུང་བ་གྲག་བསམ། ཡང་དབེན་གནས་ཀྱི་གཟིམས་ཁང་རྙིང་པ་རུ། ཟླ་བ་ཧྲིལ་པོ་གསུམ་ལ་ཆུ་འཐུང་བས། ཆུ་འབྱོངས་པོ་བྱུང་། ངེས་འབྱུང་དང་སྐྱོ་ཤས་དཔག་ཏུ་མེད་པ་སྐྱེ་བ་ཅིག་བྱུང་། ལུས་ལ་བལྟས་ཙ་ན་ཡང་རང་བཞིན་གྱིས་དྭངས་ལ་སྣུམ་བག་དང་ལྡན་པ་དང་། ལག་པ་ལ་བལྟས་པས་ཕྱི་གསལ་ནང་གསལ་ལྟ་བུ་གཅིག་བྱུང་ནས། དགེ་སྦྱོར་ཤིན་ཏུ་འཕེལ་བ་སྐྱིད་པ་ཅིག་བྱུང་། དེ་ནས་དགུན་སོ་དེར་བླ་མ་ཤཱཀ་རིན་པའི་ཞལ་ཏ་ལ་འདིར་སྡོད་ལ། རིན་པོ་ཆེ་གུ་རུ་པའི་དྲུང་དུ། ད་ལོ་ཆོས་ཉོན་གསུང་། ཞལ་ཏ་གནང་བས། རིན་པོ་ཆེ་གུ་རུའི་དྲུང་དུ་རྫོགས་ཆེན་སྙིང་ཁྲིད་ཉན་ཅིང་། སག་ཡ་བྲག་ཕུག་ཏུ་བསྡད་པ་ལ་མཐུན་རྐྱེན་ཆེར་མེད་པས་ནམ་ཟླ་གྲང་བ་དང་། མི་མངས་ཀྱི་ཁྲོད་དུ་འགྲོ་བ་དང་། དཀའ་ཐུབ་བཅུད་ལེན་བྱེད་པ་མི་འགྲུབ་པར་འདུག་སྙམ་པས་དེར་ཚོགས་ཆུང་རེ་ཙམ་བྱུང་བའི་ཟན་སྐམ་རྣམས་ལ་མཁན་པོ་བྱས་ནས། ཟན་རྡོག་རེ་ལ་ཚལ་དྲུག་དྲུག་ཏུ་བྱས་ནས། ཞག་གསུམ་གྱི་འཚོ་བ་བྱས་ཚོགས་འཁོར་ཚོགས་ཆང་དང་བཅས་པ་རྣམས་ཀྱིས་འཕྲལ་ཕྱིར་ནས། ཟན་སྐམ་རྐྱལ་ཆུང་ཙམ་བྱུང་ཞིང་། ཆོས་ཐོན་ནས་ཟན་སྐམ་རྐྱལ་ཆུང་གང་དང་། གཏོར་ཕྱེ་འགྱེད་མཁན་བྱུང་བ་བསགས་པས་རྩམ་པ་དུམ་གཅིག་ཡོད་པ་ལ་དམིགས་རྟེན་བྱས་ནས། དེར་མཚམས་དམ་པོ་བྱས་ནས་བསྡད་པ་དྲག་པར་འདུག་སྙམ་པ་བྱུང་། སྡོད་ས་མི་ཚོང་སིར་བྱས་ན། ཁོང་རྣམ་པའི་ཕུད་ལ་ཕར་འབོད་ཚུར་འབོད་དང་། བཟའ་བཏུང་གི་ལན་མཇལ་རེས་རྣམས་མཐོང་ནས་(༡༨)དུད་འདྲེ་ཏེ་ཡང་ལྡང་སྟེ། དགེ་སྦྱོར་གྱིའང་སད་དུ་འགྲོ་བ་འདུག་སྙམ་ནས། དེར་མཚམས་དམ་པོ་ཞིག་བྱས་ནས་ཟླ་བ་གསུམ་གྱི་བར་དགེ་སྦྱོར་ལ་ཞུགས་པས། དགེ་སྦྱོར་འཕེལ་ཞིང་ཉམས་རྟོགས་རྣམས་ཀྱང་ཅི་རིགས་པ་བྱུང་། ཁྱད་པར་ནུབ་གཅིག་གི་རྨི་ལམ་ན་གཙང་པ་བྲོ་པ་ཤིང་རྩེད་བྱེད་པའི་ཤིང་བཙུགས་པའི་ཐག་པ་གཅིག་ལ་འཇུས་པ་སྙམ་བྱེད་པ་ཞིག་ལ་སྐྱེ་དམན་མང་པོ་ཞིག་གིས་ཐག་པ་དེ་ནས་འཐེན་པས་ནམ་མཁའ་ལ་ཡེར་ཁྱེར་བ་སྙམ་བྱེད་པ་ཞིག་ལ། ནམ་མཁའ་ལ་ཕྱག་ན་རྡོ་རྗེའི་སྐུ་ཡིན་སྙམ་པའམ། རེས་འགའ་སངས་རྒྱས་སྟོང་བཞུགས་པའི་ཐང་ཁ་གཅིག་ཡིན་པ་སྙམ་བྱེད་པ་གཅིག་ལ། ལུས་སེམས་ལ་བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེས། དེའི་མོད་ལ་གཉིད་སད་བྱུང་ལུས་ལ་བདེ་བས་ཁྱབ་ཅིང་། སེམས་ལ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་རང་སར་དག་པའི་ངང་ནས། བྲག་ཕུག་དེ་འོད་གསལ་གྱིས་ལྟེམས་ཁེངས་འདུག་པའི་ངང་ནས་དར་ཅིག་ནས་དྲན་པ་རྙེད་ཙ་ན། རྨི་ལམ་དེ་ཡང་བཟང་། ནང་གི་འོད་གསལ་འདི་ཡང་ལེགས་སྙམ་ནས། སེམས་ལ་དགའ་བྲོད་ཀྱི་འཛིན་པ་ཞིག་ཞུགས་འདུག་པས། དེ་ཉིད་ཀྱི་ངང་ལ་དེ་ཉིད་བླ་མར་ཤར་ནས། ཨ་ཕ་ཁྱོད་འདྲ་བ་ཡོད་པ་མདངས་སུམ་རྨི་ལམ་གྱི་ཉམས་དུམ་པ་ཤར་བ་དང་། ད་ལྟ་འོད་གསལ་གྱི་སྣང་བ་ཅུང་ཟད་ཤར་བ་འདི་ལ་དེ་ཙམ་གྱི་ཞེན་ཆགས། ལར་ཆོས་རྗེ་བླ་མ་རིན་པོ་ཆེའི་སྐུ་དྲིན་ལ་བརྟེན་ནས། ཆོས་སྐུ་ཀ་དག་ཆེན་པོའི་ཀློང་ཡངས་ནས། ལོངས་སྐུ་དྭངས་ཞིང་ཁམས་ཀྱི་སྣང་བ་དང་། སྤྲུལ་སྐུ་འགག་མེད་ཆེན་པོའི་ངང་ལས། གང་ཤར་འཛིན་མེད་དུ་རང་གྲོལ་ཞིང་ཐུགས་རྗེ་བྱམས་དང་སྙིང་རྗེ་མ་བུ་གཅིག་པ་ལ། བརྩེ་བ་ལྟ་བུའི་སེམས་ཀྱིས་འགྲོ་ལ་ཕན་པ་རྒྱ་ཆེར་བསྒྲུབས་ཤིང་། མདོར་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་དུས་ཐམས་ཅད་དུ་འབྲལ་མེད་ཉམས་སུ་ལེན་པ་འདི་འདྲའི་དོན་རྟོགས་ནས།

དེ་ལྟ་བུའི་ཉམས་ལེན་གྱི་ལྷ་རེ་མཐོང་བ་ལ་དགའ་བྲོད་རང་འཆའ་ཅི་དགོས། ལར་(༡༩)སྐྱིད་པ་ཡིན་སྣང་སྲིད་འོད་གསལ་དུ་ཤར་བ་འདི་སྐྱིད་པ་ཡིན། གང་ཤར་སྐུ་གསུམ་དུ་མཐོང་བ་འདི་སྐྱིད་པ་ཡིན། བླ་མ་རིན་པོ་ཆེའི་སྐུ་དྲིན་ལ་འཁོར་ཐབས་མི་འདུག་པ་སྙམ་ནས། བླ་མ་ལ་མོས་གུས་དཔག་ཏུ་མེད་པ་གཅིག་ཀྱང་སྐྱེས། ད་ཅི་བྱས་ཆོས་ཡིན། གང་ཤར་ལམ་ཡིན། སྣང་སྲིད་བླ་མར་ཤར་བ་འདི་ལྟ་བུའི་དོན་རྟོགས་པས། ཅི་བྱས་བདེ་བར་འདུག་སྙམ་པའི་རྟོགས་པ་ཁྱད་པར་ཅན་ཞིག་ཀྱང་སྐྱེས། དེ་ནས་ཞག་ཕྱི་མའི་ཐོ་རངས་ཀྱི་རྨི་ལམ་ཞིག་ན། ནམ་ལངས་པ་དང་ཉི་མ་རྩེ་ཤར་བ་དང་། ནམ་མཁའ་ནས་འབྲུའི་ཆར་པ་སི་ལི་ལི་བབས་པ་ཞིག་རྨིས་པའི་མོད། སེམས་ཀྱི་ཐོག་ཏུ་བདེ་ཡ་ལེ་བའི་རྣམ་པ་ཞིག་ལ། ངོ་བོ་དེ་དགའ་བར་ཤར་བའི་རིག་འདྲ་བ་འདུག །དེ་མོད་ལ་གཉིད་སད་ཙམ་ན་ཡང་། དགའ་ཡ་ལེ་ཁ་འདྲ་འདུག་པས། དེའི་མོད་ལ་དགའ་བྲོད་ཀྱི་བདུད་ཞུགས་པ་མ་ཚོར་བ་འདུག་པ་སྙམ་པའི་ངང་དེ་ལ། སྐྱག་དད་མེད་དགའ་བྲོད་ཀྱི་བདུད་ཡིན་དུ་ཆུག་ཅི་བྱས་ཆོས། གང་ཤར་ལམ། སྣང་སྲིད་བླ་མར་ཤར་དུས། བདེ་སྡུག་ཅི་བྱུང་ཡང་ཁྱད་པར་སྤུ་ཙམ་ཞིག་ཀྱང་མེད་པར། ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་ཡིན་པར་གདིང་ཆོས། དེ་ནས་དེ་ཁའི་རྗེས་ལ་ཅི་བྱུང་ཡང་འདྲ་བ་ཡིན་པ་ལ། ཉི་མ་ཤར་བ་དེ་ཉིད་གནས་སྐབས་སུ་སྡིག་པ་འདག་པའི་རྟགས་ཡིན་པར་གོ། །འབྲུའི་ཆར་བབས་པ་དེ་ཉིད་འབྲས་བུ་ལམ་དུ་བྱེད་པའི་རྟགས་ཡིན་པར་འདུག་པས། བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ཡིན་སྙམ་པའི་མོས་གུས་དུངས་པ་ཞིག་ཀྱང་སྐྱེས། དེ་ནས་བཟུང་ནས་ལོ་དྲུག་གི་བར་ལ། ཆོས་རྗེ་རིན་པོ་ཆེ་གུ་རུ་པའི་དྲུང་གི་ཐུགས་རྗེས་བཟུང་ནས། དགེ་སྦྱོར་འཕེལ་ཞིང་སྐྱིད་པ། མི་སུ་ལའང་ཤེས་འབྲེལ་ལ་སོགས་མེད་ཅིང་། དམའ་བའི་ས་བཟུང་ནས་བེམ་པོས་རྟག་ཧྲལ་གྱིས་ཕྱིའི་འཕྱོར་ཆས་དང་། ནང་གི་དགེ་སྦྱོར་བྱེད་པའི་གོས་ཀྱི་གོ་བཅད་ཅིང་དེ་བར་གྱི་འཚོ་བ་དེ། ཚོགས་འཁོར་ཚོགས་ཆུང་རྣམས་ལ། ཞུས་སོ་བྱས། དེས་མ་ལྕོགས་པའི་བར་སྐབས་རྣམས་སུ་དངུལ་ཆུའི་བཅུད་ལེན་(༢༠)དང་། རྟག་ཏུ་ངུ་གཉིས་ཀྱི་བཅུད་ལེན་ལ་སོགས་རྣམས་ལ་བརྟེན་ནས་བསྡད་པས། ང་རང་སྐྱིད་པའི་དགེ་སྦྱོར་འཕེལ་བ་དང་། ཕྱི་ལྟར་དུ་སྙིང་རྗེའི་གནས་དང་། ཉམ་ཐག་པ་ལྟ་བུ་བྱུང་། དེའི་དུས་གཞན་གྱི་གྲལ་འགོར་མི་སྡོད་པ་ལ་སོགས་པ་བྱས་དུས། བླ་མ་རིན་པོ་ཆེ་གུ་རུ་པའི་དྲུང་ནས་ཀྱང་བཀའ་བཀྱོན་དང་། བླ་མ་བཀྲས་དཔལ་བ་ལ་སོགས་རྣམས་ཀྱིས་དམན་པའི་ཆོས་བརྒྱད་འདི་འདྲས་ཅི་བྱེད་ཟེར་ནས་བཀའ་བཀྱོན་བྱུང་ཡང་། ང་རང་ལ་དགེ་སྦྱོར་འཕེལ་བར་བྱུང་བས་དེ་འཐད་པར་བྱུང་།

དེ་ནས་རི་མོ་ཅན་དང་། བློན་པོ་འགོས་དང་། བྱ་འུག་ལྷ་ཁང་ལ་སོགས་པ་རྣམས་སུ་ཡང་དཀའ་ཐུབ་བྱེད་ཅིང་། སྒྲུབ་པ་ནན་ཏན་སྙིང་པོ་བྱས་དུས། རྨི་ཉམས་དང་ཤེས་ཉམས་དང་། སྣང་ཉམས་རྣམས་ཐན་ཐུན་བྱུང་བ་རྣམས་ཡི་གེ་གཞན་དུ་ཤེས་པར་བྱ། དེ་ནས་རིན་པོ་ཆེ་སྤྲུལ་སྐུ་པའི་དྲུང་ལྷོ་བྲག་ནས་ཕྱགས་ཕེབས་ཏེ་མཇལ་བ་ལ་རིན་པོ་ཆེ་གུ་རུ་པ་བྱོན་པའི་ཕྱགས་ཕྱི་ལ་ཕྱིན་ནས། རིན་པོ་ཆེ་གུ་རུ་པའི་དྲུང་དུ་ཡང་གསང་བ་བླ་ན་མེད་པའི་སྙིང་ཐིག་གི་ཐོག་དྲངས་དབང་གང་བརྒྱུད་ཐེག་མཆོག་གུ་རུའི་ཐུགས་སྒྲུབ་ཚེ་བརྟན་ལུགས། དེ་ལ་སོགས་པའི་ཨོ་རྒྱན་གྱི་གཏེར་ཆོས་མང་དག་ཏུ་ཞུས་ཤིང་ཐུགས་ལ་བཏགས། རིན་པོ་ཆེ་སྤྲུལ་སྐུ་པའི་དྲུང་དུ་ཡང་། ཡང་ཟབ་མཁའ་འགྲོ་སྙིང་ཐིག །ཕྱག་ན་རྡོ་རྗེ་མདོ་ལུགས། ཕྱག་ན་རྡོ་རྗེ་གཏུམ་པོ་ཁྲག་ཐོག །ཆོས་རྗེ་རིན་པོ་ཆེའི་གསུང་སྒྲོས་ཁ་ཐོར་མང་དག་ཏུ་ཐུགས་ལ་བཏགས་ཤིང་། བདག་གི་ཕྱི་མའི་བླ་མ་དང་འཇིག་རྟེན་འདིས་ཕའི་གོ་བཅད་ནས། ཐུགས་རྗེས་བུ་བཞིན་དུ་སྐྱོང་། དེའི་དུས་སུ་བླ་མ་རིན་པོ་ཆེ་སྟག་ཚང་པ་མཆིམས་ཕུར་བྱོན་དུས། ཆོས་རྗེ་ཡང་དགོན་པའི་ལུགས་ཀྱི་ལྷན་ཅིག་སྐྱེས་སྦྱོར། གཏུམ་མོ་ཞག་བདུན་མའི་ཁྲིད། ཆོས་ཀྱི་རྡོ་རྗེའི་སྦ་བཤད། བར་དོ་གནད་ཕྲེང་གི་བྱིན་རླབས་དང་བཅས། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ལྷ་བཅུ་མའི་དབང་བསྐུར་སྒྲུབ་ཐབས་དང་བཅས་པ། གཞན་ཡང་རི་ཆོས་ཀྱི་ཆ་ལག་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཆོས་མང་དག་ཏུ་ཐུགས་ལ་བཏགས། བླ་མ་རི་ཁྲོད་(༢༡)པ་བྱ་བྲལ་བ་ལ། རྒྱུད་ཕྱིའི་ངོ་སྤྲོད། གདམས་པ་དར་ཚགས་ཀྱི་མགོ་བྱས། རྒྱུད་ཕྱི་མ་ཆ་ལག་དང་བཅས་པ་རྣམས་ཀྱི་པོད་ལུང་ཞལ་གདམས་དང་བཅས་པ་གནང་། ཆོས་ཀྱི་རྗེ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་པའི་དྲུང་ནས་མཁན་པོ་མཛད། སློབ་དཔོན་མཉྫུ་ཤྲཱི་པའི་དྲུང་ནས་སློབ་དཔོན་མཛད། མཁན་ཆེན་བཀྲས་སངས་པའི་དྲུང་ནས་གསང་སྟོན་མཛད། ལོ་བཅོ་བརྒྱད་ཀྱི་ཐོག་ཏུ་བསྙེན་པར་རྫོགས་པ་ཐོབ་ཅིང་། གཞན་ཡང་ཆོས་རྗེ་རིན་པོ་ཆེ་པའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོ། བརྟག་གཉིས། གུར། སམ་བྷུ་ཊི། སྡུད་པ་རྩ་འགྲེལ། སྦྱོར་བ་ཡན་ལག་དྲུག །དྲུང་པ་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་རྫོགས་པ། གཟེར་ལྔ་ལམ་འབྲས་རྣལ་འབྱོར་བཞི། ཤིན་ཏུ་སྤྲོས་མེད། སྤྱོད་ཡུལ་དྲུང་པ་ཉིད་ཀྱིས་མཛད་པའི་དམར་ཁྲིད། བདེ་མཆོག་ལུགས་ཀྱི་དབང་མངོན་རྟོགས་དང་བཅས་པ། ཆོས་རྗེ་རྒྱལ་སྲས་ཐོགས་མེད་པས་མཛད་པའི་བླ་མའི་རྣལ་འབྱོར། གསོལ་འདེབས་དང་བཅས་པ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་དཀར་མོ། དམར་མོ། ཙརྩི་ཀའི་སྒྲུབ་ཐབས་ལ་སོགས་པ་དང་། ཆོས་རྗེ་འཕགས་པས་མཛད་པའི་མཎྜལ་འབུལ་ཆོག་གསོལ་འདེབས་དང་བཅས་པ། བླ་མ་ཤཱཀ་རིན་པའི་དྲུང་དུ། ཨུ་རྒྱན་བསྙེན་སྒྲུབ་གེགས་སེལ་དང་བཅས་པ། རི་ཆོས་སྐོར་གསུམ་དང་བཅས་པ་མང་དག་ཏུ་ཐོབ་ཅིང་། མདོར་ན་དཀའ་ཐུབ་དང་ཆུ་འཐུང་གི་ལྟོ་གོ་བཅད་ཅིང་། བེར་བོ་སྟག་རལ་གྱིས་གོས་གོ་བཅད་ནས་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱས་པ་ལ་ལྕགས་རི་མུ་ཁྱུད་ཀྱི་ནང་དུ། གསང་སྤྱོད་དཔྱིད་ལོ་གཅིག་བསྐྱངས་པ་ལ། དགེ་སྦྱོར་ཤིན་ཏུ་འཕེལ་ཞིང་ལུས་སེམས་བདེ་བའི་ཐད་ནས། བསམ་ཡས་བར་ཁང་དུ་ཉལ་དུས་ནུབ་གཅིག་རྨི་ལམ་དུ། དབུ་རྩེ་སྟོད་པདྨ་ཅན་གྱི་སྟེང་ན་ཡོད་པ་སྙམ་བྱེད་པ་ལ། མདུན་གྱི་ནམ་མཁའ་ལ་འོད་ཀྱི་ལྷ་མོ་གསུམ་གར་བྱེད་ཅིང་སྙན་པའི་གླུ་དབྱངས་སྒྲོགས་པའི་ནང་ལ་རིགས་ཀྱི་བུ་སྔ་མ་ལྟར་གྱིས་ཤིག །ལན་གསུམ་གསུངས་ནས། འཇའ་ལྟར་ཡལ་བར་གྱུར་པའི་མོད་ལ་(༢༢)གཉིད་སད་བྱུང་ནས། ལུས་ལ་བདེ་སྟོང་གི་ཉམས་ཁྱད་པར་ཅན་དང་། སེམས་རྟོག་མེད་ཀྱི་ངང་དུ་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་གྱུར། ལྷ་སར་ཕྱིན་དུས་གཅིག་ཙ་ན། བླ་མ་ཤཱཀ་རིན་པའི་དྲུང་ནས། ངེད་དཔོན་སློབ་གཉིས་ཀྱིས་ཇོ་བོ་རིན་པོ་ཆེའི་ལྕགས་སྒོའི་མདུན་དུ། བླ་མ་བརྒྱུད་པ་དང་། ཞི་ཁྲོའི་བསྐང་བཤགས་བྱས་དུས། སྟེང་གི་གདུང་གསེབ་ནས། གོས་ཆེན་ཁ་དོག་གསུམ་བསྣོལ་བའི་མེ་ཏོག་ལ་མུ་ཏིག་བརྒྱུས་པ་གཅིག །བདག་གི་སྤྱི་བོའི་གཙུག་ཏུ་རང་བཞིན་གྱིས་བབས་བྱུང་བས། བླ་མ་རིན་པོ་ཆེ་ཤཱཀ་རིན་པའི་གསུངས་ནས། འདི་རྟེན་འབྲེལ་ལེགས་ཤིང་། ལ་ཉེ་བཟང་བ་ཡིན་གསུངས་ནས་དགྱེས་ཚོར་ཆེན་པོ་མཛད། ངེད་རང་ལའང་དེས་འཕྲོད་པ་བཞིན་བྱུང་བས། མཁན་ཆེན་རིན་པོ་ཆེ་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་དུ། བླ་མའི་རྣལ་འབྱོར་དང་། སྦྱོར་བ་ཡན་ལག་དྲུག་གི་ངོ་སྤྲོད་དང་བཅས་པ། ཡི་གེ་བརྒྱ་པའི་ལུང་། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལུང་དང་བཅས་པ་རྣམས་གནང་། ཆོས་རྗེ་ཀུན་གཞོན་པའི་དྲུང་དུ། བླ་མའི་རྣལ་འབྱོར་ངོ་སྤྲོད་དང་བཅས་པ། སྐྱེས་མཆོག་ཆོས་རྗེའི་གསུང་སྒྲོས་ཁ་འཐོར་བ་ཡང་འགའ་གནང་། མཁན་ཆེན་དྷརྨཱ་ཤྲཱི་པའི་དྲུང་དུ། བློ་སྦྱོང་ཐུན་གཅིག་པ་སྙིང་པོ་དོན་གསུམ། གསུམ་པ་ལོཙྪ་དང་མཁའ་འགྲོའི་བརྡའི་ངོ་སྤྲོད་གསུང་སྒྲོས་དང་བཅས་པ་རྣམས་གནང་། སྐྱིད་སྡུག་ལམ་ཁྱེར། སྒྲོལ་མ་མཎྜལ་བཞི་པ། སྒྲོལ་མ་དཀར་མོ་ནང་སྒྲུབ་ཏུ་བྱ་བའི་ལུང་ཐོབ། སློབ་དཔོན་གཞོན་ནུ་རྡོལ་གྱི་དྲུང་དུ། ཡེ་ཤེས་ཁྱུང་ཁྲའི་ལུང་ཐོབ། གནོད་སྦྱིན་ཨ་པ་ར་ཙིཏྟའི་སྒྲུབ་ཐབས། གཞན་ཡང་གཅོད་ཡུལ་གྱི་གདམས་པའི་སྐོར་མང་དུ་ཐོབ། བླ་མ་བསོད་ཤེ་པའི་དྲུང་དུ་རི་ཆོས་ཀྱི་ཟབ་པའི་དབུགས་བཞི་བར་དོའི་གདམས་པ། བར་དོ་བྱང་ཆུབ་སེམས་ཀྱི་ཁྲིད། ཀུན་ཏུ་བྱང་ཆུབ་སེམས་ཀྱི་ཁྲིད། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཁྲིད། གཏུམ་མོའི་གཞུང་ཁྲིད། སྦ་བཞིའི་ངོ་སྤྲོད། སྦ་བཞིའི་འཁྲུལ་འཁོར། ཆོས་རྗེ་ཡང་(༢༣)དགོན་པའི་བཀའ་ཤོག །གཏུམ་མོའི་འཁྲུལ་འཁོར་ཉི་ཤུ་པ་ལ་སོགས་གདམས་པ་མང་དག་ཏུ་གནང་། རིན་པོ་ཆེ་ཆོས་དབྱིངས་པའི་དྲུང་དུ། སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད། ཤོག་དྲིལ་བཞིའི་ལུང་རྒྱབ་ཆོས་ནོར་བུའི་ཕྲེང་བ། ཕྱག་རྒྱ་ཆེན་པོའི་སྒང་དྲིལ། ཞང་རིན་པོ་ཆེའི་བཀའ་འབུམ་པོ་ཏི་གཉིས། ཛམ་བྷ་ལ་སེར་པོ། ནག་པོ། མགོན་པོ་ཕྱག་བཞི་པ། གཟེར་ལྔ་ཞལ་ཀྱལ་མ་དང་བཅས་པ་གནང་། དེ་ལ་སོགས་པའི་མཁས་གྲུབ་ཀྱི་བླ་མ་དམ་པ་རྣམས་མང་དུ་བསྟེན་ཅིང་། ལྗགས་ཀྱི་པད་མོ་དང་། གསུང་གི་བདུད་རྩི་མྱངས་ནས། ཨུ་རྒྱན་ཨེ་ཝཾ། ཡེར་པ། ལྷ་ས་པོ་ཏ་རི། སྒྲགས་རི་བོ། བྱམས་སྡིངས། ཡར་འབྲོག་ཞལ་དྲོ་དགོན་པ། རྒྱལ་ནང་རས་ལྕགས་མཚོ། མཁའ་རི་མཚོ་ལ་སོགས་པའི་དབེན་གནས་དང་། ཨོ་རྒྱན་པདྨ་དང་། སྔར་གྱི་གྲུབ་ཆེན་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་། ལྟོ་གོས་ལ་གྱོང་བསྐུར། དམའ་བའི་ས་བཟུང་། ཧྲུལ་པོའི་གོས་གྱོན་ནས། སྤྱིར་གྱི་བསྟན་པ་རིན་པོ་ཆེ་དང་སྒོས་ཀྱི་རྫོགས་པ་ཆེན་པོའི་ཞབས་འདྲེན་དུ་མ་སོང་བ་བྱེད་པའི་ཁུར་ཆེན་པོ་ཁུར་ནས་སྒྲུབ་པ་ནན་ཏན་སྙིང་པོར་བྱས་དུས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་བྱིན་རླབས་ཞུགས་ཤིང་། ཐུགས་རྗེས་བཟུང་བ་ལ་བརྟེན་ནས་ལུས་ངག་ལའང་ཉམས་དང་རྟོགས་པ་མཚོན་རེ་བྱུང་བ་ལ་དགའ་བྲོད་ལ་སོགས་པའི་བདུད་དུམ་པ་རེ་ཞུགས་དུས། དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས། བདུད་དེ་ངོས་ཟིན་དུས། བདུད་དེ་ཁ་ལམ་དུ་སློང་ནས། དགེ་སྦྱོར་གྱི་བོགས་རྒྱངས་པ་རེ་ཡོད་པ་བྱུང་ཞིང་། ཁྱད་པར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་གཉིས་ཀྱིས་ཐོག་དྲངས་པའི་གྲུབ་ཆེན་ཉི་ཤུ་རྩ་ལྔས་བྱིན་གྱིས་བརླབས་པའི་དབེན་གནས་མཆིམས་ཕུ་དགེའུ་དགེ་གོང་བློན་པོ་མགུལ། སག་མ་བྲག་ཕུག །རི་མོ་ཅན་རྣམས་སུ་དྲིན་ཅན་རིན་པོ་ཆེ་འོད་གསལ་རང་གྲོལ་གྱི་ཐུགས་རྗེས་གཟིགས། ཞབས་ལ་བཏུད། ལོ་དྲུག་གི་བར་སྒྲུབ་(༢༤)པའི་རྒྱལ་མཚན་བཙུགས་ཤིང་། ལོ་དྲུག་གི་བར་ལ་ཇོ་བོ་བཟང་ནས་འབུལ་མཁན་མེད། སྙིང་རྗེ་ནས་སྟེར་མཁན་མེད་པས་ང་རང་གིས་ཀྱང་ལྟོ་གོས་ཀྱི་ཕྱིར། སྡུག་དོགས་ནས་བསོད་སྙོམས་ལ་སོགས་པ་དང་། མདའ་ན་མར་ལ་འདོད་ཡོན་གཉེར་པ་ལ་སོགས་པ་མ་བྱས་པར་འདག་འབྱར་དང་རི་ལས་མི་འབེབས་བྱེད་པ་ལ་དཀའ་ཐུབ་བཅུད་ལེན་ཚོགས་སུ་བྱུང་བའི་སྐལ་བ་རྣམས་ལ་བརྟེན་ཅིང་། གོས་བེར་པོ་རྟག་ཧྲལ་ཤ་འགག །གཉལ་ཚོས་དཀར་པོར་སོང་བ་གཅིག་ལ་བརྟེན་ནས་བསྡད། དེ་དུས་རིན་པོ་ཆེ་གུ་རུ་པས་ཐུགས་ལ་བཏགས་ཀྱང་། བདག་གི་དཀོར་ལྕིའི་དོགས་ནས་རྩམ་ནས། ན་བཟའ་ལ་སོགས་པ་ཅི་གནང་ཀྱང་མ་ཞུས་པ་ཡིན། སྒྲུབ་པ་ནན་ཏན་སྙིང་པོར་བྱས་དུས། སྦྱོར་དྲུག་གི་གེགས་དང་། ཤིག་གེགས་ལ་སོགས་པ་བྱུང་ཡང་། དེ་རྣམས་ཐམས་ཅད་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་། ང་རང་གི་མོས་གུས་ལ་བརྟེན་ནས་ལམ་གྱི་བོགས་སུ་སོང་ནས། རིན་པོ་ཆེ་པ་དང་། བླ་མ་ཤཱཀ་རིན་པ་བླ་མ་ཏེ་རྩེ་བ་རྣམས་ཀྱིས་དབུ་མཛད། དགེའུ་ན་བཞུགས་པའི་གྲྭ་རོགས་གྲོགས་མཆེད་ཡོན་བདག་ཕོ་མོ་དང་བཅས་པ་ཐམས་ཅད་ཀྱིས་ཐུགས་རྗེས་གཟིགས། བྱམས་པོ་བྱས་པ་ལ་བརྟེན་ནས། ཨན་དགེ་སྦྱོར་མི་འཕེལ་ཞིང་སོ་མ་གསོད་པར་བྱུང་བས། ངེད་རང་གྲོགས་མཆེད་ཀྱིས། བྱ་ཆུ་མིག་ལ་སོགས་པའི་རི་བྲག་དུམ་པ་བརྟེན་ཅིང་། ལྷག་པར་བྱ་ཆུ་མིག་ཏུ་བསྡད་དུས་ལོ་ལྔ་ཙམ་གྱི་བར་ལ། དགེ་སྦྱོར་འཕེལ་ཞིང་སྒྱུ་ལུས་བདེ་བ། ཉམས་དང་རྟོགས་པ་ལ་སོགས་ཀྱང་ངང་གིས་འཕེལ་བར་བྱུང་བའི་ཐད་ནས་ཡོན་བདག་ཕོ་མོ་ལ་སོགས་པ་ཐན་ཐུན་གྱིས་ཚོར་ནས། སེམས་ལ་ཕན་པའི་གདམས་ངག་ཀྱང་ཐན་ཐུན་སྟོན་དགོས་པ་བྱུང་ཞིང་། དེ་དག་གི་ཐད་དུ་ལག་ན་ཅི་ཡང་མེད་དུས། ཆོས་རྗེ་རིན་པོ་ཆེའི་བཅོ་བརྒྱད་མཆོད་པ་བྱེད། གཞན་ལ་སྟེར་རྒྱུ་མ་བྱུང་ཙ་ན། ང་རང་གི་སྤོལ་ཏ་ཕོར་པ་ཁ་མཐོ་བ་དང་། སྐྱོ་ཚ་ཚྭ་བྲོ་བ་དང་། གཏོར་མ་ཕོར་པ་རེ་ལ་བརྟེན་ནས་མཆོད་པའི་གོ་བཅད་ཅིང་། དེ་རིང་ཡོན་བདག་ཕོ་མོ་རྣམས་ཀྱིས་ཕུལ་བའི་(༢༥)སྤྱད་པ་རྣམས་ཆུད་ཟོས་ལ་མ་སོང་ཞིང་། དོན་ཡོད་པར་བྱ་བའི་ཕྱིར་དུ་ཟླ་བ་བྱུང་ངོ་ཅོག་གི་བཅོ་བརྒྱད་མཆོད་པ་ལ། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་དང་། རི་ཁྲོད་ན་བཞུགས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ཤིང་། གཞན་ལོ་དུས་ཀྱི་བཅྭོ་བརྒྱད་མཆོད་པ་ལ། ང་རང་གང་ཡོད་དུ་སོ་སོའི་ཕྱག་ཏུ་གྲལ་འགྱེད་དང་བཅས་པ་བསྒྲུབས་པའི་བྱིན་རླབས་ཀྱིས་ཅུང་དྲག་ཏུ་སོང་ནས། ཐན་ཐུན་བྱུང་བ་རྣམས་བསམ་ཡས། དུས་འཚོགས་སུ་ལོ་བཅག་མའམ། ལོ་རེ་བཞིན་དུ་དགེ་འདུན་ཚོགས་པ་རྒྱ་མཚོ་ལྟ་བུ་ལ་བསྙེན་ཅིང་བཀུར་བ་དང་། དེ་སྟེང་རིན་པོ་ཆེ་གུ་རུ་པའི་དྲུང་ནས་ལ་གསོལ་བ་མ་ཐེབས་པའི་དུས། ཆོས་རྗེ་རིན་པོ་ཆེ་དེ་ཉིད་ཀྱི་ཐུགས་དགོངས་ལ། སྐྱིད་སྨད་ལ་སོགས་པའི་ཆོས་སྡེ་རྣམས་སུ། མང་ཇ་འབུལ་བ་དང་བཅས་པ་ཞིག་བསྒྲུབ་ན་དགོངས་པ་ཡོད་པ་ལ་ཐུགས་དགོངས་མ་རྫོགས་པར་གཤེགས།

ད་ང་རང་གི་རིན་པོ་ཆེའི་ཞབས་ཏོག་གཞན་འགྲུབ་པ་དེར་ནི་མི་འདུག་ཆོས་རྗེ་རིན་པོ་ཆེ་དྲི་མེད་པའི་ཕྱག་སྲོལ་མི་ཉམས་པ་དང་། དྲུང་པ་དེ་ཉིད་ཀྱིས་ཀྱང་ཐུགས་དགོངས་ལ་མ་ལུས་དེ་འདྲ་བར་དེ་རྫོགས་པར་བྱ་བའི་ཕྱིར་དུ། བསམ་ཡས་སུ་བླ་ཆེན་པས་གཙོ་མཛད་ཚོགས་པ་རྒྱ་མཚོ་ལྟ་བུ་ལ་ཚར་འགྱེད་དང་བཅས་པ། བླ་མ་བཀྲ་ཤིས་དཔལ་བས་དབུ་མཛད་མཆིམས་ཕུ་པ་རྣམས་ལ་ཚོགས་ཀྱི་འཁོར་ལོ། བྱམས་སྡིངས། རི་བོ་བྱ་ཆུ་མིག་རྣམས་སུ་ཡང་ཚོགས་འཁོར་འགྱེད་དང་བཅས་པ། སྐྱིད་སྨད་ཀྱི་ཆོས་སྡེ་རྣམས་སུ་མང་ཇ་འགྱེད་འབུལ་ནོད་དང་བཅས་པ། གུང་ཐང་མེ་ཏོག་མཆོད་པ་རྩེ་ཐང་གཉིས་སུ་མང་ཇ་འབུལ་ནོད་དང་བཅས་པ་བསྒྲུབས་ནས། དད་པས་སྦྱིན་པ་ཆུད་མ་ཟོས་པ་བྱས་ཤིང་། དེའི་ཁུལ་ནས་ང་རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བསྐུལ་བ་དང་། སེམས་ཅན་ལ་ཕན་ཅི་ཐོགས་མདོར་ན་སྟོད་སྨད་ཆུ་ལྷོ་བྱང་རྣམས་སུ་ཐ་ན་གཏོར་མ་ཕོར་པ་རེ་ཙམ་གྱིས་སེམས་ཅན་ལ་ཕན་པ་ཅི་འགྲུབ་བྱས་ཤིང་། རང་ལས་ཅུང་ལྷག་པ་རྣམས་ལ་འདུན་པ་ཆེན་(༢༦)པོས་མོས་པ་དང་། གུས་པ་དཔག་ཏུ་མེད་པས་སངས་རྒྱས་སུ་བསྒོམས་པ་དང་། རང་དང་མཉམ་པར་གྱུར་པ་རྣམས་ལའང་མཐོས་གནོན། ཆགས་སྡང་འགྲན་སེམས་སྤངས་ནས་དག་པའི་སྣང་བ་ཁོ་ན་བསྒོམས། བླ་མའི་འདུ་ཤེས་སུ་དམ་བཅས་པ་དང་། རང་ལས་དམན་པར་གྱུར་པ་རྣམས་ལའང་ཞེ་སྡང་བ་དང་། ཁྱད་དུ་གསོད་པ་ཐམས་ཅད་སྤངས་ནས་བྱམས་པ་དང་། སྙིང་རྗེ་ཕྱོགས་རིས་མེད་པས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕན་པ་ཅི་འགྲུབ་བགྱིས་ཤིང་། མདོར་ན་དམའ་བའི་ས་བཟུང་། ཧྲུལ་པོའི་གོས་གྱོན། དཀའ་ཐུབ་དང་བཅུད་ལེན་ལ་བརྟེན་གྱིན། ཕྱོགས་མཐའ་དག་ཏུ་བླ་མ་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་གསུམ་བཞུགས་ཟེར་བ་རྣམས་ཀྱི་ཞབས་དྲུང་དུ་ཕྱིན་ནས་གདམས་པའི་རྩ་གདར་བཅད་ཅིང་། མཆིམས་ཕུ་ལ་སོགས་པའི་དབེན་གནས་ཁྱད་པར་ཅན་རྣམས་སུ་སྒྲུབ་པ་ནན་ཏན་སྙིང་པོར་བྱས་པས། དེ་དང་མཐུན་པའི་བྱིན་རླབས་དང་ཡོན་ཏན་ཀྱང་མཚོན་རེ་སྐྱེས་པ་ལགས་པས། ད་ཕྱིན་ཆད་བདག་གི་རྗེས་སུ་འཇུག་པའི་བུ་སློབ་རྣམས་ཀྱང་། ཡར་བླ་མ་དཀོན་མཆོག་ལ་མོས་གུས། མཉམ་པར་གྱུར་པ་རྣམས་ལ་དག་པའི་སྣང་བ། དམན་པར་གྱུར་པ་རྣམས་ལ་ཕ་མའི་འདུ་ཤེས་ཀྱིས་ཕྱོགས་རིས་མེད་པའི་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་སེམས་ཟུང་དུ་ཆུད་པའི་སྒོ་ནས་ཕན་པ་རྒྱ་ཆེར་སྒྲུབ་པ་དང་། གཞན་ཡང་བླ་མ་དང་ཆོས་ལ་ཕྱོགས་རིས་དང་བདག་བཟུང་མི་མཛད་པར། མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དམ་པ་རྣམས་བསྟེན། ཐོས་པས་ཕྱིའི་སྒྲོ་འདོགས་གཅོད། བསམ་པས་ནང་གི་སྒྲོ་འདོགས་གཅོད་ཅིང་། སྒོམ་པས་ཕྱི་ནང་གསང་གསུམ་གྱི་སྒྲོ་འདོགས་ཐམས་ཅད་ཆོད་པར་བྱས་ནས། དབེན་པའི་གནས་སུ་སྒྲུབ་པ་ནན་ཏན་སྙིང་པོར་མཛོད་ཅིག །དེ་ལྟར་མཛད་པས་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས། ཡི་དམ་མཁའ་འགྲོས་བྱིན་གྱིས་བརླབས་པའི་དུས་སུ་གཞན་དོན་བྱེད་པ་ལ་ལུས་ངག་ཡིད་གསུམ་གྱི་གྱོང་དང་། སྐྱེ་བོ་ལོག་སྒྲུབ་ལ་སོགས་བཟོད་པ་དང་། རང་དོན་གྱི་འཁྲིས་མ་ཞུགས་པ་མཛད་ནས། (༢༧)བསྟན་པ་རིན་པོ་ཆེའི་ཁུར་ཆེན་པོ་བསྣམས་པ་དང་། བླ་མ་དམ་པ་རྣམས་ཀྱི་ཕྱག་སྲོལ་མི་ཉམས་ཤིང་། ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་ཚེ་འདིའི་ཆོས་དང་མི་མཐུན་པའི་བྱ་བ་ཅི་དང་ཅི་ཡིན་པ་ཐམས་ཅད་རིང་དུ་དོར་བ་དང་། ཆོས་དང་མཐུན་པའི་བྱ་བ་གང་ལའང་བརྩོན་པས་སྐྱོ་ངལ་དང་། ཕྱོགས་རིས་མེད་པའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བརྩོན་པ་ཐུགས་ལ་འདོགས་པར་ཞུ། ཚུལ་འདི་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནམ་མཁའི་སྙིང་པོས་བྱིན་གྱིས་བརླབས་པའི་ཀུ་སུ་ལུའི་བྱ་བྲལ་བ་ཤེས་རབ་རྒྱ་མཚོས། བླ་མ་རྡོར་བསམ་བླ་མ་ནམ་རིན་བླ་མ་སངས་རྒྱས་རྒྱལ་མཚན་རྣམས་ཀྱིས་བསྐུལ་བའི་ངོར། སྟག་གི་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་བབས་པ་སངས་རྒྱས་མྱ་ངན་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་ཉི་ཤུ་རྩ་དྲུག་སོང་བའི་དུས་ན། ཆུ་མིག་དཔལ་གྱི་དབེན་གནས་སུ་སྦྱར་བའོ།། །།

ཆོས་ཀྱི་རྗེ་མཚུངས་མེད་གྲགས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ།

༄༅། །ཆོས་ཀྱི་རྗེ་མཚུངས་མེད་གྲགས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༄༅། །གང་ཞིག་དབྱིངས་ལས་མི་གཡོ་གདོད་མའི་མགོན། །རང་བྱུང་ལྷ་ནི་ཀུན་བཟང་ཡབ་ཡུམ་དང་། །རྡོ་རྗེ་འཆང་སོགས་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལྷག་པའི་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དངོས་གྲུབ་རྣམ་པ་གཉིས་སྩོལ་བར་ཆད་སོལ། །བདག་ཉིད་དད་པའི་ཡིད་རབ་གཡོས་པ་ལས། །དད་ལྡན་སློབ་མའི་དང་བ་འདྲེན་བྱེད་དུ། །དཔལ་ལྡན་བླ་མའི་རྣམ་ཐར་མདོ་ཙམ་བྲི། །དེ་ལ་(༢)ནོངས་པ་མཆིས་ན་བཟོད་མཛད་རིགས། །

དེ་ལ་འདིར་བདག་གི་བླ་མ་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད། དང་པོ་ཡུལ་མཆོག་ཏུ་གྱུར་པ་རིགས་རུས་ཀྱི་ཆེ་བར་སྐུ་བཞེངས་ཚུལ། གཞོན་ནུའི་ཚེ་ནས་ཆོས་ཀྱི་སྐལ་བ་ཡོད་ཚུལ། དེའི་སྟོབས་ཀྱིས་ཆོས་ཀྱི་སྒོར་ཆུད་ཚུལ། དེ་ལས་མཁས་གྲུབ་ཀྱི་བླ་མ་བརྟེན་ཚུལ། དེ་རྣམས་ལས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པ་མཛད་ཚུལ། དེ་ནས་གྲྭ་བུ་སློབ་དང་སེམས་ཅན་སྤྱི་ལ་ཕན་པ་མཛད་ཚུལ། བར་ཆད་དང་ལོག་འདྲེན་བཏུལ་ཚུལ། ཡི་དམ་ལྷའི་སྣང་བ་ཐོབ་ཚུལ། བླ་མ་རྣམས་ཀྱིས་ལུང་བསྟན་ཐོབ་ཚུལ། ཐ་མ་དག་པའི་དབྱིངས་སུ་གཤེགས་ཚུལ་སོགས་དོན་བཅུས་བསྟན་པ་ལས།

དང་པོ་ལྟར། ཡུལ་ནི་དམ་ཆོས་དར་ཞིང་དགེ་བཅུ་ལ་སྤྱོད་པའི་གནས་གྲ་གཙོ་བོར་གྲོང་། ཡབ་ནི་ཀུན་དགའ་འབུམ་ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནས་བརྒྱུད་པའི་འབྲོམ་གྱི་རིགས། སྙེ་མོ་གཞུ་ཀུན་དགའ་ར་བ་ཀ་བ་བརྒྱད་ཅུའི་བདག་པོ་བུ་རེ་སྐྱེས་པ་དང་འབུམ་ཚར་རེ་བཞེངས། གཙུག་ལག་དེར་གདན་འདྲེན། རབ་གནས་བུའི་རྐང་ཚུགས་བྱེད་པས། མིང་ལ་འབུམ་ཞེས་པའང་དེ་ཡིན་པར་འདུག །ཡུམ་ནི་སངས་རྒྱས་རིན་ཆེན་གྱི་བུ་མོ་བསམ་འགྲུབ་འབུམ་གཉིས་ལས། སྲས་ནི་གསུམ་ཡོད་པ་ལས། དྲུང་པ་ཉིད་འབྲིང་པོར་འཁྲུངས་པར་འདུག །

གཉིས་པ་ལྟར་ན། སྐུ་ན་གཞོན་ནུའི་དུས་ནས། ཆོས་ལ་མོས་པ་དད་པ་ངེས་འབྱུང་ཡོད་པས་(༣)སེར་གཟུགས་ལ་དགའ་བ། མ་ཎི་སོགས་ཞར་འདོན་ཕྲན་ཚེགས་ལ་བརྩོན་པ། ཁྱད་པར་ཡི་གེ་འབྲི་ཀློག་ལ་ཐུགས་སོང་ནས། སློབ་དཔོན་ལ་གཏུག་རྒྱུ་མ་བྱུང་ནའང་། ངེད་རང་གི་དྲུང་པ་ཨ་ཁུ་ཕ་ཇོ་ལ་ཀ་ཁ་འདྲ་བྲིས་ནས་གང་ཤེས་བསླབས། དེ་ནས་ཆོས་ཤོག་ཚལ་པ་དང་ཡན་པ་ཁྱེར་ནས་ལས་ཀའི་ཞར་ལ་བསླབས་པས་བརྡའ་འཇོལ་བ་བྱུང་གསུངས། ཇོ་བོ་ཆེ་བ་ཧོར་འདྲ་བྱེད་པས་ཡི་གེ་ལ་ནན་དུ་བསླབས། བདག་གིས་གཡོག་གི་ཞར་ལ་བསླབས་པ་མ་གཏོགས་མ་བྱུང་སྟེ། ཞར་གྲབ་པ་ཙམ་བྱུང་བས། ཨ་མས་ཀྱང་ཁོ་བོས་ཞར་ལ་བྱས་པ་འདི་དྲག་པ་འདུག་ཟེར་ནས། ང་རང་སློབ་བཅུག །ཇོ་ཇོ་ལ་གཡོག་འཆོལ་བ་ཡང་དུ་མ་རེ་བྱས་དུས། དེ་རྣམས་ཀྱི་གཟུགས་ཀྱག་ཀྱོག་བྲིས་པས་དུམ་པ་ཤེས། རྟིང་དུ་ཇོ་ཇོ་ཡི་གེ་སློབ་པར་བཏང་ནས། བདག་གིས་རྩམ་པ་སྐྱེལ་ཕྱིན་པས། ཇོ་ཇོ་ཡུལ་དུ་བྲོས་འདུག །ང་རང་གིས་ཁྱེར་བའི་རྩམ་པ་མ་ཟད་པར་ཞང་པོ་ལས་ཡི་གེ་བསླབས། ཞག་བརྒྱད་བསྡད། དེ་ནས་ཞང་པོ་ལ་རྩམ་པ་སྐྱིས་སྡོད་བསམ་པ། ཨ་མས་འཐབ་དོགས་ཡུལ་ལ་ཕྱིན། དཔེ་ཆ་འབྲི་ཐུབ་ཙམ་པའི་ཡི་གེ་འདི་དེ་ཡིན་གསུངས།

གསུམ་པ་ལྟར་ན། ཞང་པོ་ལ་བཙུན་པ་གཅིག་བྱེད་བསམ་པ་ཡིན་བྱས་པས། དེ་ག་དྲག་ཟེར། ང་རང་ཡང་བློ་ཡུལ་དུ་དེ་ཁ་བཅངས་ནའང་། མ་སྐྱུར་མ་ཕོད་པ་དང་། ནུ་བོ་ཡང་ཆུང་། ཇོ་ཇོ་ནང་སོར་བསྡད་པས། མས་གང་ཡང་མི་ལྕོགས་པར་འདུག་པས་ལོ་གཉིས་འགྱངས། དེ་ནས་འདི་ཚོ་ལ་ཟིན་པའི་དུས་མི་འདུག །ཏིག་པོ་མེད། ང་རང་ཆོས་ལ་འགྲོ་བསམ། ཡོ་བྱད་འདྲ་བ་ལྐོག་ཏུ་མཚོན་པ་བསགས། ཇོ་ཇོ་ལ་གྲོས་ཤིག་འདེབས་དགོས་པས་མ་དོལ་གཞིས་ཁར་ཕྱིན་པས། གྲོས་མེད་པའི་སྟེང་དུ། ངུ་ཞིང་འདི་འདྲ་ཕོད་པ་ཟེར། མི་ཤི་བ་ཁད་ཟེར་ནས། ངའི་ཕྱི་ལ་ཡུན་རིང་དུ་བྱུང་། མ་བྱེད་ཟེར་བས། གདོང་དུ་(༤)དེ་ཁ་ལགས་བྱས། ཁོང་དང་བྲལ་ནས་ཐག་རིང་དུ་སོང་ནས་ཁྱོད་ལ་ཏིག་ཏིག་མེད། ང་རང་བཙུན་པ་རང་བྱེད་བསམ། དེ་ནས་ཡུལ་དུ་སླེབ་ཨ་མ་ཇོ་ཇོ་འདི་སྐད་ཟེར། ཁྱོད་ཅི་བསམ་པ་ཡིན། ངས་ནི་ཆོས་ཤིག་དང་འཕྲད་ན་རང་ལ་དགའ་ཞིང་ཁྱོད་ལའང་ཕན་ཐོགས་པ་ཡོང་ཟེར་བ་སོགས་ཁེ་ཉེན་མང་དུ་ལབ་ཀྱང་ང་ཤི་བ་ཁད་ཟེར་ཞིང་ངུ་བ་ཡང་བྱེད་པས། ཁྱོད་འབྱུང་མེད་མ་ཞིག་འདུག །ང་འགྲོ་བླ་མ་དེ་ནི་སངས་རྒྱས་དངོས་ཡིན། ཁྱོད་རང་ཡང་བཙུན་མ་བྱེད་ན་སང་ཤོག་བྱས། མ་དང་གཉེན་བཤེས་ལ་འདུན་པ་བོར་རོ། །ཚེ་འདི་ལ་ཕྱི་མིག་མ་བལྟས་པར་ཡོང་དུས། སྒོར་བསླེབས་པས་ནང་སོ་དྲུང་བྱང་སེམས་བུ་འདྲེན་དཔལ་བ་དེ། ཐུགས་ལ་འདོགས་པས་རིབ་ཙམ་མཇལ་དུ་འགྲོ་བསམ། ཕྱི་ནས་འདི་ལྟར་འགྲོ་ཞུས་པས། མི་དྲག་ཨ་མ་ཉིན་མོ་སྙིང་རྗེ་གསུངས། ཅིས་ཀྱང་འགྲོ་བའི་ལམ་ཡིན། ཨ་མ་ཡང་གཞན་བྱས་པ་ནི་མིན་ཆོས་བྱས་ནས་སྙིང་མི་རྗེ་ཞུས་པས། འོ་ན་ཆོས་མགོ་ཐོན་པར་གྱིས། འདི་ལ་འཐུད་ཀྱིས་གསུང་སྣམ་བུ་གཅིག་ཇ་སྦྱོར་གཉིས་ཙམ་གཅིག་གོས་ཁ་གང་རྣམས་གནང་བྱུང་དེ་ཚོ་ཡར་ཁྱེར་ཕྱིན། བྱམས་སྡིངས་སུ་བསླེབས་པ་ཙམ་གྱིས་སེམས་ལ་དགའ་བ་དཔག་ཏུ་མེད་པ་བྱུང་། དེ་དགོང་ཞང་བོས་སྙན་ཞུས་ཕུལ། སང་ཞོགས་དེ། ང་རང་གི་ལོ་ཉི་ཤུ་རྩ་གསུམ་བྱི་བ་ལོ་ཟླ་བ་ཡར་ངོའི་གྲལ་ཚེས་བཟང་པོ་ལ། མཁན་སློབ་སྤྲུལ་སྐུ་རིན་པོ་ཆེ་དང་། འཁྲུལ་ཞིག་རིན་པོ་ཆེ་རྣམ་གཉིས་དགེ་འདུན་དང་བཅས་པའི་དྲུང་དུ་རབ་ཏུ་བྱུང་སྟེ། མིང་ཡང་མཚན་གཉིས་ཀ་ནས་སྦྱར་ཏེ། གྲགས་པ་རྒྱ་མཚོ་ཞེས་གནང་བས་དུས་དེ་ནས་འཇིག་རྟེན་ལ་སྤྲོ་བ་བཅད་དམ་པ་ཆོས་ཀྱི་སྒོར་ཚུད་པ་ཡིན་གསུང་། ཁྱེད་ཚོ་ཆོས་བྱེད་པ་ལ་གེགས་མེད་པར་བྱས་ཆོག་པ་དགའ་མོ་རང་ཡིན། སློབ་གཉེར་བཞིན་ལ་འབུངས། ང་བཙུན་པ་བྱེད་པ་ལ་དཀའ་བ་དེ་ཙམ་བྱུང་གསུང་།

བཞི་པ་ལྟར་ན། རྩ་བའི་བླ་མ་མཐར་ཐུག་ཞེན་ཆེ་ཞིང་། གཙུག་གི་ནོར་བུ་བཞུགས་པ་རིན་པོ་ཆེ་སྤྲུལ་སྐུ་བ། འཁྲུལ་ཞིག་རིན་པོ་ཆེ་བྱ་བཏང་ཆོས་རྗེ་གུ་ཡངས་(༥)ཡན་པ་བློ་བདེ། མཁས་གྲུབ་དཔལ་ལྡན་རིན་ཆེན་ཆོས་རྗེ་གྲགས་དོན་པ། མཁས་གྲུབ་པདྨ་བཟང་པོ་རྣམས་ཡིན་གསུངས། ངེད་རང་ཡང་དེ་གོ་རྒྱུན་གྱི་ཕྱག་མཆོད་བསྡུས་པ་ཙམ་ལ། དེ་རྣམས་ལ་མཛད་པ་འདུག་པས། གཞན་ཡང་ཆོས་ཀྱི་རྗེ་རིན་པོ་ཆེ་བསོད་ནམས་བཟང་པོ་སོགས་ཀྱིས་ཁྲིད་མ་བུ་ཚང་བར་གནང་བས་གྲོལ་བ་ཆེར་ཐོབ་པ་དང་། རྟོགས་ལྡན་རིན་པོ་ཆེ་དཀོན་མཆོག་རྡོ་རྗེ་ལ་སོགས་ཀྱིས་ཞེན་མེད་ཀྱི་སྤྱོད་པས་བློ་སྣ་བསྒྱུར་བ་དང་། ཆོས་རྗེ་བཀྲས་དཔལ་སོགས་ལ་གསང་སྔགས་ཀྱི་དབང་བཀའ་དང་། ཕ་རོལ་ཕྱིན་པའི་ལུང་སྣ་འགའ་ཟུང་གིས་འབྲེལ་བའི་བླ་མ་དམ་པ་མང་དུ་ཡོད་པ་ཞབས་ཏོག་གསུམ་གྱིས་མཉེས་པར་བྱས་ནས་བསྟེན་པ་ཡིན་གསུང་། ཞབས་ཏོག་གསུམ་ལ་སྒྲུབ་པའི་ཞབས་ཏོག་ཉམས་ལེན་སྒོམ་པ་མཛད་པའི་སྐབས་སུ་འབྱུང་བ་ལགས། ཡོ་བྱད་ཀྱིས་མཉེས་པ་ཆེར་མ་བྱུང་ནའང་། བསྟན་པ་རིན་པོ་ཆེའི་ཞབས་ཏོག་བླ་མའི་བཀའ་དྲིན་གསོ་བྱེད་ཕ་མའི་དྲིན་ལན་ཁེལ་བྱེད་ངེད་རང་གི་དགེ་སྦྱོར་གྱི་བར་ཆད་ཞུ་བའི་ཕྱིར་དུ། དང་པོ་བསོད་སྙོམས་བྱས་པའི་ནས་མཚོན་པ་གཅིག་ལ་བརྟེན། བྱམས་སྡིངས་སུ་ཁྲིད་ཆེན་མོའི་ཚོགས་མ་བུ་ཕྱག་རྟེན་གང་འོས་དང་བཅས་པ་ཆོས་རྗེ་རིན་པོ་ཆེ་ཞང་དབོན་པས་གཙོ་མཛད། ཆོས་ཞུ་ཕྱེད་དང་ཉིས་བརྒྱ་ཙམ་ལ་ཞུས། དང་པོ་ཆོས་ཞུ་བའི་རྐང་བྱས་གཞན་མའི་རྒྱུ་ཆ་རྐྱེན་གྱིས་ལྕོགས་ཀྱང་སྙིང་གིས་མ་ཆུན་པ་དཀའ་ཙམ་བྱུང་བ་ལ། བདག་གིས་བྱས་པས་བླ་མ་མཆེད་གྲོགས་དང་བཅས་ཤིན་ཏུ་མཉེས་མགོ་ལེགས་ཏེ། རྟིང་དུ་མང་དུ་བྱས་ཆོག་པ་བྱུང་གསུང་། རིན་པོ་ཆེ་གྲགས་དོན་པས་གྲ་ཐང་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་བསྟན་འགྱུར་དང་བཅས་པ་གནང་དུས་ཆོས་ཉན་རྣམས་ལ་ཚོགས་འཁོར་གཅིག་གཉིས་དང་གཟིམས་ཁང་དུ་གདན་མང་དུ་ཞུས། དྲུང་དུ་ན་བཟའ་སོགས་འབུལ་བས་མཉེས་པར་བྱས། དེ་ནས་དཔལ་སྡིངས་སུ་ཕེབས། རྡོ་རྗེ་ཕྲེང་བའི་དབང་གནང་དུས་དབང་ཞུ་རྣམས་ལའང་། དབང་ཁྲལ་གྱི་དད་བསྐུལ་མཚོན་པ་(༦)བསྡུས། ངེད་རང་གི་གཞི་གང་འདུག་བླངས་དུས། དང་པོ་འཛུགས་སྟོན་བཟང་པོ་གཅིག་བྱས། དབང་ཞག་རེ་ཚོགས་དང་། ཐོན་པའི་ཉིན་ཚོགས་ཕུན་སུམ་ཚོགས་པ་དང་། དྲུང་དུ་དབུ་ཞྭ་ན་བཟའ། སྣམ་བུ་འཇམ་པོ་སོགས་དགུ་ཚན། ནས་རྒྱབ་དགུ་ཤ་ཁོག་བཅུ་གཅིག་མར་དུམ་གཅིག་རྣམས་ཕུལ། གངས་ཁྲོད་དགོན་པར་གསང་སྔགས་གསར་རྙིང་གི་རྒྱུད་འབུམ་གཉིས་གནང་དུས་རྒྱུད་མཆོད་ཚོགས་འབུལ་བ་སོགས་ཞུས། ཡང་དེ་གར་རྒྱུད་སྔ་ཕྱི་བར་གསུམ་གྱི་ཆོས་ཞུས་དུས་ཀྱང་འབུལ་བ་ཚོགས་རྣམས་ཞུས། མདོར་ན་ཆོས་དབང་གདམས་པ་གང་དང་ཅི་ལ་གང་འཚམས་ཀྱི་འབུལ་བ་དབང་སྟོན་ཆོས་སྟོན་གྲོགས་མཆེད་རྣམས་ལ་ཚོགས་ཕལ་ཆེར་བྱས། བྱ་བཏང་བྱས་དུས་ངེད་རང་ལ་བྱེད་རྒྱུ་མེད་པར་ཕན་གཟན་བཀལ་བ་ཡང་དུམ་བུ་བྱུང་གསུང་། གཞན་ཡང་དབོན་པོ་ཆོས་དཔལ་དང་ངག་དབང་རྣམ་རྒྱལ་སྤུན་གཉིས་ཀྱི་བཤད་གསར་སོགས་ལ་ང་རང་གི་རྒྱུ་རྣམས་བཏོན། རྩེ་ཐང་དུ་མང་ཇ་སྟོང་མཆོད་འབུལ་བ་སོགས་ལན་གཉིས་དང་། གྲ་ཐང་བྱམས་གླིང་རྣམས་སུ་ཚར་འགྱེད་དང་བཅས་པ་རེ་བྱས། སྟེང་དུ་ངེད་རང་གི་ཐབ་ཀྱང་འགྲོས་སྒོ་ཆེས་པ་དང་། སྐྱོང་དགོས་ཀྱང་མང་བས་ལེན་མ་གཏོགས། ཆོས་ཕྱོགས་ལ་གཏོང་བའི་འདོད་ཆེན་པོ་ཡོད་དེ་དཀའ་མོ་འདུག་གསུང་། དང་པོ་དེ་དུས་ང་རང་གི་ཁ་མིན་པ་སྐྱོང་དགོས་མེད་པས་ཕ་མ་ལ་ཡང་ཡོག་མི་ཡོང་ཙམ་བྱས། ཨ་མ་འདས་དུས་མ་ཤི་ཙམ་ནས་དམིགས་པ་དང་འཕོ་བ་གང་ཤེས་ཡོད། ཤི་ནས་དེ་མ་ཐག་གསུང་སྒྲོགས་པ་བཞག །དཀོན་མཆོག་ལ་མཆོད་པ་ཕུལ། དགོན་པ་ནས་གང་དགོས་ཀྱི་ཡོ་བྱད་བླངས། ཇོ་ཇོ་ཉེ་རིང་གི་མ་སླེབས་གོང་དུ་བླ་མ་མཆོད་གནས་སོགས་བཟང་རིགས་སྤྱན་དྲངས། འདས་ནས་ཞག་གསུམ་སོང་དུས་ཆོ་ག་ཚུགས་ཞག་ལྔ་སྦྲེལ་ཙམ་དུ་བྱས། ཡུལ་མི་དང་དགོན་པ་ནས་དགེ་འདུན་རྣམས་ལ་འགྱེད་མི་ལ་མི་འཆོར་བ་གཅིག་བྱས། བདུན་ཚིགས་ཟླ་མཆོད་སོགས་ང་རང་གིས་བཟུང་ནས་མ་ཆག་ཙམ་ལོ་མཆོད་རྟེན་བཞེངས་(༧)ཚུན་ཆད་ལ་བཅོམ་ལྡན་འདས་སྨན་བླའི་ཕོ་བྲང་དར་ཆ་དང་ཚོན་གྱིས་ངོམས་པ་འདི་བཞེངས་པ་ཡིན། སྡེ་པ་ཆེན་པོ་མིན་པ་གཞན་གྱིས་འདྲས་དར་ཆ་ཡང་དཀའ་གསུང་། བླ་མ་རྣམས་གཤེགས་རྗེས་སུ་དུས་མཆོད་རེ་ཙམ་འཛིན་པ། ཨོ་རྒྱན་གྱི་ཚེས་བཅུ་རེ་བྱེད་པ་ངེད་རང་གི་དགོན་པ་ཕན་ཚུན་དུ་སྒྲུབ་མཆོད་རེ་གསོ་བ། མ་ཎི་པ་རྣམས་ལ་ཚ་བ་རེ་འདྲེན་པ་སོགས་གང་ལྕོགས་ཀྱི་དགེ་བ་དང་། བླ་མའི་ཕྱོགས་ལ་གཏོང་བས། མིས་ཅི་བསམས་ཀྱང་། ངེད་རང་བློ་བདེ་བ་དང་འཕྲལ་ཡང་སྐྱིད་པར་བྱུང་གསུང་། བདག་གིས་ཀྱང་ཙག་ཙག་ཅུག་མཛད་ཀྱང་མཛད་པ་ཆེ་བ་ལ་གཞན་དང་མི་འདྲ་བའི་ཐུགས་ཤོགས་ཆེ་བ་གསུངས་པ་བཞིན་ཡིན་པར་གོ། ལུས་ངག་གི་ཞབས་ཏོག་ལ་སྤྱིར་གྱི་བླ་མའི་ཞབས་ཏོག་ལ་དགེན་བཅུད་མ་བྱས། ཁྱད་པར་གང་གིས་གསུང་བ་ལ་གསུང་བཅག་པ་མེད། དེ་ལས་ཀྱང་བྱམས་སྡིངས་སོགས་སུ་ནང་པའི་འདྲེན་འགུགས་དགོངས་པ་རྣམས་ལ་རྒྱགས་པ་དང་། དང་གདོས་པའི་དཔེ་ཐུབ་པ་བྱས། བྱ་བཏང་ཆོས་རྗེའི་ཐུགས་བཞེད་ལ་ཚར་གཅིག་བཞེས་འདུག་པས། བསོད་སྙོམས་བྱས་ནས་གང་དེས་བསྒྲུབས་ནས་འབུལ་དགོས་བསམ། འཕན་ཡུལ་དུ་བཙལ་བས་མ་རྙེད། བྱང་སྟག་ལུང་དུ་འགྲོ་དགོས་བྱུང་ཡང་དམ་བཅའ་མཐར་སྐྱེལ་བསམ་སྟེ་བཙལ་བས་རྙེད་དེ་ཕུལ་བས་ཐུགས་མཉེས་པར་བྱུང་། བླ་མ་གང་མཉེས་དེ་ལག་ན་ཡོད་ན་འབུལ། མེད་ན་བཙལ་ནས་རིན་གྱིས་བསླུ་བ་དད་པ་ཅན་ལ་འདུག་ན་བསྐུལ་བ་སོགས་བྱས་པ་ཡིན་གསུང་ཡང་རྫོང་དུ་ཁྲིད་ཀ་གསུང་བ་ལ་ཕྱག་དཔེ་སྐྱིད་སྨད་དུ་ལུས་ནས་མེད་གསུང་བ་ལ། གཞན་མ་རྣམས་ཨ་མདོ་བ་སོགས་ཀྱིས་ལམ་ལ་འཇིགས་ནས་འགྲོ་ཟེར་བ་མ་བྱུང་། ཆོས་ཐུགས་རྗེས་འཛིན་ན་ངས་འགྲོ་ཞུས་པས། དེ་ལ་ཟླའོ་གཅིག་དགོས་གསུང་། མི་དགོས་ཞུས་པས། གཞན་མ་འདྲ་ཡང་ཡོད་གསུང་། ངེད་གཉིས་ཕྱིན་ཕྱག་དཔེ་རྣམས་ངས་ཁུར་ཁོས་དར་དང་ཤ་དང་ལོ་ཆས་རྩམ་པ་རྣམས་ཁུར་ཡར་ཡོང་དུས། བྱེ་མ་ཀླུང་གྲོང་དུ་རྟ་པ་བཅུ་དང་ཐུག །རྒྱུག་པ་རིང་པོ་(༨)གཅིག་ཡོད་པས་རྟའི་སྣ་གོང་ལ་བརྒྱབ་སྟེ་གདོང་བླངས། ཁོ་འབྲོས་སུ་བཅུག་པས་ཆད་ནས་འབྲོས་པ་ཡང་མ་བྱུང་བར་འགྱེལ་ནས་ལུས་ཏེ། དྲ་བ་ན་གང་འདུག་དང་ལུས་ཆས་ཀྱང་ཤོར། ངས་རྟ་པ་གཉིས་གན་རྐྱལ་སྒྱེལ་རི་ཟུར་དེ་ལ་འཛེགས་པས་ཕྱག་དཔེ་རྣམས་དྲངས་ཏེ། དྲུང་དུ་ལོ་རྒྱུས་ཞུས་པ། གོས་རྣམས་ངས་ཁུར་གཞན་མ་ཁོང་ལ་བསྐུར་ན་འཚེངས་པ་ཞུས་པས། ཉིད་དེ། འདི་ཀ་གོ་བཅད་གཞན་མ་རྣམས་ཤོར་ཀྱང་ངའི་དཔེ་ཆ་མ་ཤོར་བ་ལེགས་གསུང་མཉེས་པ་ཆེར་མཛད། དེ་ལ་སོགས་ཏེ་བླ་མའི་གསུང་བྱུང་ན་ཕྱིས་ཀྱང་མི་དོར་བར་ཕྱིན་པ་མང་གསུང་། གཞན་རྟེན་གསུམ་བཞེངས་པ། གུང་ཐང་དང་། གྲ་ཐང་དང་། ཞང་སྟེངས་སོགས་ཀྱི་མཆོད་རྟེན་ཞིག་གསོས་བྱེད་པ་ལ་ལུས་ཀྱིས་གང་ལྕོགས་འབུངས་པས་སྒྲིབ་པ་དག་པའི་རྟགས་རེ་ཙམ་བྱུང་བ་ཡོད་གསུང་། ངས་ནི་གང་གསུང་བསྒྲུབས་པ་ལས། བླ་མའི་བཀའ་གཅོག་མ་མྱོང་། ཁྱེད་ཚོས་བླ་མའི་བཀའ་བཅག་ན་སྐྱིད་པོ་མི་ཡོང་གསུང་།

ལྔ་པ་ལྟར་ན། བླ་མ་རྣམས་ལས་གདམས་ངག་ཐོབ་ཚུལ་གསན་ཡིག་ལྟར་ལགས། ཉིད་ཀྱིས་ཐོས་བསམ་ལ་སྦྱངས་པ་མཛད་ཚུལ་ནི། ང་རྒན་ཞུགས་ལྟ་བུ་ཡིན་པས་འཛིན་ཡངས་རྒྱུ་མེད། དང་པོ་རྫོགས་ཆེན་གྱི་གཏོར་མ་ཆོས་སྤྱོད་གསོལ་འདེབས། བླ་མའི་ལས་བྱང་ཆོས་སྐྱོང་བསྐང་གསོ། ཞི་ཁྲོའི་བསྒོམ་ཁོག་དོན་ཕྲིན། བསྐང་བཤགས་རྣམས་ཉིན་ནུབ་ཁ་སྦྱར་ཏེ་བཟུང་ནས་བསླབས། དེ་ནས་སྤྱོད་འཇུག །ཐེག་གསུམ་གསལ་བྱེད་རྣམས་བློ་ལ་ཆུ་རྒྱུག་པ་འདྲ་བྱས། དོན་ཡང་གང་ཤེས་གོ་བར་བསླབས། རྡོར་དབྱིངས་ལག་ལེན། ས་ཆོག་རྒྱས་པ། མཆོད་གར་ལ་སོགས་ཆ་ལག་ཚང་བ་དང་། ཚེ་དཔག་མེད་གྲུབ་རྒྱལ་མ། ལྷ་དགུ་མ། ཀུན་རིག་གཞན་ཕན་འོད་ཟེར་ཆ་ལག་དང་བཅས། རྒྱུད་སྡེ་ལྔའི་སྒྲུབ་མཆོད་བྱེད་ལུགས་རྒྱས་པ། བདེ་མཆོག་ལུ་ཧི་པ་རྣམས་ཁ་ཡོད་ལག་ཡོད་ཙམ་དུ་བསླབས་པ་(༩)ཡིན་གསུང་། གཞན་ཡང་སྨན་ལྷ་ཀཾ་ཀ་ནི་སོགས་ཟ་ཆོས་དང་། སྨྱུང་གནས་ཆོས་སྐྱོང་སྐོར་ལག་ལེན་དང་། མདོ་ཕྲན་ཚེགས་སྨན་དཔྱད་སྐོར་ཕན་བྱ་དང་སྒྲའི་མཚམས་སྦྱོར་དུམ་གཅིག་སོགས་གང་ཤེས་འཛིན་ལ་ཁྱེར་ཁ་མེད་ནའང་། སྒྱིད་ལུག་མ་བྱས་པར་དཀའ་བ་སྤྱད་དེ་བསླབས། ཁྱོད་འཛིན་ཡངས་དུམ་པ་འདུག །སློབ་གཉེར་བྱེད་པ་ལ་རྩམ་པ་སྐྱེལ་མཁན་དང་གེགས་མེད་པར་བྱས་ཆོག་པ་རྣམས་འབུང་རྒྱུ་ཡིན། ང་འདྲ་བ་ཤི་ནས་དགོན་ཁོག་འདི་ཚོ་འཛིན་པ་དང་། མིའི་སྣ་ངོས་བསྟུན་བསྟུན་གྱིས་མི་འོང་གསུངས་པས་བདག་ལ་ཇི་ལྟར་གསུང་གསུངས་པ་བཞིན་བྱུང་། ད་ཉམས་ལེན་མཛད་ཚུལ་ནི་ཁྱེད་སྒོམ་བྱེད་འདོད་ན་འདི་འདྲ་པས་མི་ཡོང་། ངེད་ཚོ་དང་པོ་ཆོས་ལ་བློ་སོང་ཙ་ན་སྤྱིར་གྱིས་ཆོས་སྒོར་ཞུགས་ནས་དགོན་པ་དང་མ་བྲལ་ཙམ་དུ་བྱས་དུས་གལ་ཏེ་ཀླུངས་སུ་ཕྱིན་ནའང་། ཁྱིམ་པའི་ནང་དུ་མི་འགྲོ་བར་ཞག་རེ་ཙམ་ལུས་ནའང་ཅོག་པུ་སོགས་འགོལ་བར་སྡོད་པ། ཁྱད་པར་བྱམས་སྡིངས། ཞུལ་གང་པོ། རྫ་སྤོ་མཐོ། ཚལ་མིན་རི་ཁྲོད། དཔལ་སྡིངས་ཀྱི་སངས་རྒྱས་སྒོམ་ཁོང་། རི་བོ་བསམ་གཏན་གླིང་། ཆོས་ལུང་གི་བྲག་ཕུག་ཞར་མ། ཡང་རྫོང་ལྷན་རྫོང་། སྤང་པོ་སྡིངས། རི་བོ་བདེ་ཆེན་ལ་སོགས་ཏེ་བླ་མ་གོང་མའི་སྒྲུབ་གནས་དང་རི་བྲག་རྣམས་སུ་གོས་བེམ་དུག་དང་། ཁྱི་ཐུལ་རེ་དང་། རས་རྐྱང་བྱས་དུས་རས་ལ་བརྟེན། ལྟོ་འབྲུལ། རྟག་ཏུ་ངུ་། བདུད་རྩི་རིལ་བུ། དབང་ལག །ཆུ་སོགས་ལ་བརྟེན། དཀའ་ཐུབ་བཅུད་ལེན་མ་བྱས་དུས། རྒྱགས་ལ་སྲིས་སྲི་ཡགས་བྱས་ནས་མུན་ཁང་འདག་འབྱར། རི་མི་འབེབས་ཐབ་སྤངས་ལ་སོགས་མང་དུ་བྱས་པ་ཡིན། ཆོས་བྱེད་པ་ལ་ལྟོ་གོས་ལ་གྱོང་རེ་ཙམ་འགེལ་དགོས་པ་ཡིན། ཁྱེད་ཚོས་དཀའ་ཐུབ་སོགས་ཅིའང་། ཆོས་ཉན་པའི་དུས་འདིར་དེ་རིང་གི་གྲོའི་རྐྱེན་མི་ཐེག་པར་ཆོས་ཐུན་ཆེ་ཙམ་བྱུང་ན་ང་ལ་འཐབ་ཚད་ཚད་ཡོད་པར་འདུག །དེ་ལ་བྱང་ཁ་བ་འདི་ཚོ་ཐབས་རྡུགས་པར་འདུག །དེ་འདྲས་མི་ཡོང་། གོང་(༡༠)གི་བཞིན་དགོས་པ་ཡིན་གསུང་། ང་དང་པོ་ནས་དཀའ་ཐུབ་སོགས་བྱེད་པ་ལ་བློ་འགྲོ་བས་གཞན་གྱིས་བྱེད་ཀྱི་ཟེར་བ་ལ་འགྲན་སེམས་སྐྱེས་པས། གྲོགས་མཆེད་གཅིག་བདུད་རྩི་རིལ་བུ་བྱེད་ཟེར་བ་ཐོས་པས་ང་རང་ཡང་ཟ་དགོས། དེ་རིང་རང་ཚོད་གཅིག་ལྟ་བསམ་ནས་ངེད་རང་གི་དྲི་མ་གཅིག་བཏང་ནས་དེ་ལ་གཡམ་པའི་ཐུར་མ་བཙུག་ཁྱུར་མིད་བྱས་པས། འདི་ལས་སྨན་སོགས་སྦྱར་བས་བཞིན་ཏེ་ཞིམ་བསམ་སྤྲོ་བ་སྐྱེས་གསུང་། རྟིང་དུ་བཅུད་ལེན་སོགས་ཀྱི་ལུང་ཐོབ་ནས། ཞུ་ལར་རྒྱུད་ཕྱིའི་བསྙེན་པར་བྱེད་པའི་རིལ་བུ་བྱས་ཟས་གཞན་གྱི་འཁྲི་བ་བཅད་ནས། སྔོན་དུ་ཟླ་བ་དྲུག །རྟིང་དུ་ཟླ་བ་བཞི་བྱས་པས་ཤིན་ཏུ་འཇམ་པར་བྱུང་། བྱམས་སྡིངས་སུ་དབྱར་ཟླ་བ་དྲུག་ཐབ་སྤངས་བྱས། རྩམ་ཁལ་ཕྱེད་དང་གཉིས་ལ་བརྟེན་ནས། དགེ་སྦྱོར་སྨར་བར་བྱུང་། ཡང་བྱམས་སྡིངས་སུ་ལོ་མཚམས་གཅིག་གི་ཁོངས་སུ། རྒྱུད་སྡེ་ལྔའི་སྒྲུབ་མཆོད་བསྙེན་པ་བྱས་པས་བར་ཆད་ཀྱི་སྣང་བ་དུམ་གཅིག་བྱུང་བ་བསྐྱེད་རིམ་དང་ལྟ་བས་ཟིན་ཏེ་དགེ་སྦྱོར་གྱི་གྲོགས་སུ་སོང་བ་བྱུང་བས་དགེ་སྦྱོར་འཕེལ་བར་བྱུང་གསུང་། དེ་ལ་སོགས་ཏེ་བྱམས་སྡིངས་སུ་སྔ་ཕྱི་དྲིལ་བས་ལོ་བཞི་ལྔ་ཙམ་མཚམས་བྱས་བསྡད་པས་སྐྱིད་པར་བྱུང་གསུང་། ཚལ་མིན་རི་ཁྲོད་དུ་མུན་ཁང་བྱས་དུས་རྟོགས་ལྡན་ཆོས་དཔལ་དང་ལྷན་ཅིག་ཏུ་ཕྱི་སྒོ་གཅིག །ནང་སྒོ་ཐ་དད་དུ་ཡོད་པས་ཁོང་ཉམས་གཅིག་འུར་བས་དེས་རྐྱེན་བྱས་ངེད་རང་ཡང་འུར་བས་རྡོ་ཆུང་ཆིག་བརྩེགས་བྱས་པའི་བླ་གཡེལ་དེའི་རྩིག་ཁར་རྒྱུག་པས་རྡོ་བྲུལ། ངེད་རང་གཉིས་མ་འགྱེལ་བས་མི་རྣམས་ཀྱིས་ཡ་མཚན་ཙམ་བྱས། གཞན་ཡང་སྦྱོར་དྲུག་གི་རྟགས་རྣམས་ལེགས་པོ་རང་བྱུང་གསུང་། དཔལ་ལྡན་སྡིངས་སུ་ཨ་ཁུ་བཀྲས་དཔལ་གྱིས་གོང་གིས་ཕུག་དེར་དབྱར་གཅིག་ཟླ་བ་གསུམ་ཟན་སྐམ་རྐྱལ་ཆུང་གང་ལ་བརྟེན་ནས་ལྕང་ལྷ་བ་ལ་ཟན་སྐམ་རྡོག་པོ་དང་པོར་བདུན་མ་བཏབ། དེ་ནས་སྔ་མ་དེ་ལ་ཞག་རེ་བྱས་བསྡད་པས་ཉམས་རྟོགས་ཀྱི་ཤུལ་དུམ་པ་བྱུང་། ཡིད་ཀྱང་སྟོང་པ་འདྲ་(༡༡)བས་དབྱར་ནི་ལོ་མ་དང་ཟན་སྐམ་འདིས་ཆོག །དགུན་ནི་འབྲུ་མ་རིལ་བུ་སོགས་བྱས་ཆོག །དགེ་སྦྱོར་སོགས་ནི་འཕེལ་བར་འདུག །བསོད་སྙོམས་སོགས་ལྟོ་གོས་ཀྱི་འདུན་མ་མི་བྱེད་པར། དགེ་སྦྱོར་ཁོ་ནས་དུས་འདས་པ་བྱེད་བསམ་བྱུང་གསུང་། བྲག་ཕུག་ཞར་མི་ཤར་དེར་རས་པ་བསམ་ཤེ་དང་ངེད་གྲོགས་མཆེད་གཉིས་ཀྱིས་བསྡད། འབྲུ་ཆན་བྱས་ནས་བྲེ་གསུམ་ལ་ཟླ་བ་གསུམ་ཐུབ་པའི་རྩིས་བྱས་པས་ཁོང་བཅུད་ལེན་ཟླ་བ་གཅིག་བསྡད། ངས་ཆན་ཐུར་མ་རེ་འགམས་པས་ཆན་ཕོར་པ་གང་གི་རྒྱགས་ལྷག་ཡང་བྱུང་། དགེ་སྦྱོར་ཡང་འཕེལ་བ་རང་གཅིག་བྱུང་། ངེད་གཉིས་ཀྱི་བྲག་སྐྱིབས་ཆུང་བས། ཤིང་ཐོག་སྐལ་བ་ལ་ཐིགས་པ་བྱུང་བ་ལ་ལེན་དུ་ཕྱིན། ཁོང་གི་འདུག་ས་ལ་ཡང་ཡོད་ཚད་འདུག་ཕད་ཆུང་གཅིག་སས་བཀང་ཁྱེར་ཏེ་ཤོད་དེ་ནས་ཐོགས་དེར་སྐྱུར་བས་རང་རེའི་འདི་འདྲ་འཇིགས། ཁྱེད་རང་གི་ཆོས་ཡོང་བ་འདུག །ང་འདྲས་མི་ཡོང་བ་འདུག་གསུང་བྱུང་། ཆོས་རྗེ་དཀོན་རྡོར་བ་ལ་རས་ཆུང་སྙན་བརྒྱུད་དང་། གཏུམ་མོ་གསང་སྒྲུབ་ཀྱི་སྒོ་ནས་རས་རྐྱང་ཞུས། རི་བོར་ལོ་སར་ཟླ་བའི་གྲང་སྒང་ལ་ཁ་ནས་ལུད་པ་འདོར་དུས་ནམ་མཁའ་ལ་ཁྱགས་ཏེ། ས་ལ་འཐོར་འགྲོ་བའི་དུས་དེར་ངེད་གྲོགས་མཆེད་གསུམ་བཞི་ཞིག་གིས་རས་འབུད་བྱས། ངེད་གཉིས་དྲག་པ་བྱུང་སྟེ། དྲོད་ཀྱིས་རས་ཐུབ་པ་བྱུང་བས་རྩ་བཟང་གསུང་ཆོས་རྗེ་ཡང་མཉེས་པ་ཙམ་བྱུང་། དེ་ནས་བཟུང་སྟེ་འཁྲུལ་འཁོར་གྱི་ཁྲིགས་མ་ཆགས་པར་བྱས་པས། ལུས་སྔར་དང་ཡང་མི་འདྲ་བར་ཡང་བ་སོགས་ཡོན་ཏན་དུམ་པ་བྱུང་། རྟིང་དུ་ཆོས་དྲུག་གི་ཕྱི་ནང་གསང་བ་འཁྲུལ་འཁོར་ཉི་ཤུ། ལམ་འབྲས་ཀྱི་ཕྲིན་ལས་སུམ་ཅུ་རྩ་གཉིས། སྦ་བཞི་འཆི་མེད་འཁྲུལ་འཁོར་སོགས་མ་ཆགས་པར་བྱས་པས། བོག་ཆེར་འཕེལ་བས་ཡིད་ཆེས་ཏེ་བྱེད་སྤྲོ་བར་བྱུང་གསུང་། སྤངས་པོ་སྡིངས་ན་ཆོས་རྗེ་པ་སྟོད་ལུང་དུ། བླ་མ་གཅིག་གི་ཆོས་ཞུར་གདན་འདྲེན་དུ་བྱུང་བས་ཆོས་བཀའ་མང་དུ་ཞུ་སྒྲོས་(༡༢)སུ་འདུག་པས། ཕྱགས་ཕྱིར་བདག་ཀྱང་འཁྲིད་པར་ཞུས་པས་ཆོས་ལ་ཚུད་དེ། གཞི་པ་ལ་གཟན་པས་བསྡད་པ་འཐད་གསུང་། ཆོས་ལ་ཚུད་ན་གཞི་པའི་ཆ་དེ་འཐུང་དགོས་པ་འདྲ། གཞན་ཐིགས་མ་གཅིག་མི་ཟ་བར་དམ་བཅའ་འབུལ། ངེད་རང་ལ་གསེར་འདབ་གཅིག་ཀྱང་ཡོད། བདུད་རྩི་རིལ་བུ་རྐྱལ་ཆུང་གང་ཡང་ཡོད། ཁར་སོང་ནས་ཀྱང་རིལ་བུ་བྱས་པ། འདི་གཉིས་ཟད་ནས་གཏོར་ཆ་ཏིང་ཤགས་ཀྱང་ཡོད། ཅིས་ཀྱང་འཁྲིད་པར་ཞུས་པས། འོ་ན་གཞན་མས་མིག་ལྟོས་ལོངས་ཁྱེད་རང་སྔོན་ལ་སོང་ལ་ངའི་སྒུག་སྡོད་གྱིས་གསུང་། གཞན་མས་མ་ཚོར་ཙམ་བྱས་ཕྱིན་ནས། ལམ་ལ་ཆུ་སྐོར་འདྲར་ཙམ་བསླངས་པས། ནས་ཁལ་ཕྱེད་དང་གཉིས་ཚོད་ཅིག་བྱུང་། དེ་ལ་གཞི་མ་བྱས་རིལ་བུ་ཡང་དུམ་པ་ཟོས་གསེར་དེ་ཡང་ནད་པ་དེས་ཉོས། ཆོས་ཀྱི་དགོས་ཆ་བྱས། ཆོས་ཐོབ་ཆེ་བ་ཡང་བྱུང་། རིལ་བུ་ཟ་བ་གཞན་གྱི་ཚོར་བས་བཀྲེས་མཐོང་གི་དུམ་པ་སྟེར་བ་ཡང་བྱུང་བས་རྒྱགས་ཀྱང་མང་བར་ཡང་བྱུང་གསུང་། ཆོས་ཞུ་བ་ལ་ཡང་རྒྱགས་སོགས་མ་ཐོགས་ཁྱེར་རྒྱུའམ། ལྟོ་གོས་ལ་གྱོང་ཐུབ་པ་དཀའ་བ་དེར་འདུག །ངས་ནི་ལྟོ་གོས་སོགས་ཡོད་ན་ཁྱེར་མེད་ན་གང་བྱུང་ལ་བརྟེན་ལོ་ཉི་ཤུ་རྩ་གསུམ་ནས་བཞི་བཅུ་ཞེ་གསུམ་བར་དཔལ་ལྡན་སྡིངས་ཀྱི་དགོན་པ་མ་བྱུང་རིང་སྤྲང་པོ་རྒྱལ་ཁམས་པ་བྱས། བླ་མ་རྣམས་དང་མཇལ་ཐུབ་ཚད་མཇལ། གདམས་ངག་ཞུ་ཐུབ་ཚད་ཞུས། ཉམས་སུ་བླངས་པ་དེ་སྒོམ་ཐུབ་ཚད་བསྒོམས། མདོར་ན་ལྟོ་གང་བྱུང་གོས་རས་རྐྱང་། དེ་མིན་ཁྱི་ཐུལ་ལ་བརྟེན་པས་བླ་མ་རྣམས་ཐུགས་ལ་འདོགས་པ། ཆོས་དབང་ཐོབ་ཆེ་བ། གྲོགས་མཆེད་རྣམས་དང་མཐུན་པ། དྲག་ཞན་ཉེ་རིང་སུ་ལའང་བསྟུན་མི་དགོས་པ། གང་དུ་བསྡད་ཀྱང་ཆགས་སྡང་མི་དགོས་པས། དགེ་སྦྱོར་འཕེལ་བ་སྐྱིད་པ་རང་བྱུང་གསུང་། དཔལ་ལྡན་སྡིངས་ཀྱི་བླ་མ་འདི་བྱས་ནས་བྱེད་དཀའ་རུ་སོང་ནས་དཔོན་པོ་སོགས་དྲག་ཞན་གྱི་སེམས་འཛིན། གྲྭ་པ་དམུ་རྒོད་ཀྱི་ལོག་སྒྲུབ། གྲོགས་པོ་མཉམ་མཉམ་གྱིས་མཐོ་གནོན། ཤ་ཚ་གཡོག་བྱེད་ཀྱི་སྣ་ངུར། ཡོན་བདག་ཕོ་མོའི་བྱོན་གཤེགས། ཡུལ་མི་ངན་པ་རྣམས་ཀྱིས་འཚེ་བ་སོགས་མ་སྐྱིད་པའི་མགོ་དོད་པ་འདྲས་བྱུང་། ཆོས་སོགས་ཞུ་ཡང་བླ་མའི་མིང་འདྲ་བ་དེས་མི་རེ་དགུ་རེ་ཆེ་བས་དཀའ་བ་ཙམ་བྱུང་སྟེ། བླ་མ་ཚུར་དགོན་པར་གདན་འདྲེན་པ། ཕར་ངེད་རང་འགྲོ་བ་སོགས་སྟབས་གང་འགྲིགས་བྱས་ནས། གྲྭ་བུ་སློབ་དང་ཡོན་བདག་ཕོ་མོ་རྣམས་ལ་ཡང་ཕན་པ་དང་། ཞར་ལ་ཚངས་པར་བྱས་པ་ཡིན་གསུང་། ཁྱེད་རང་ཚང་ལ་གང་ཡོད་འདི་ཚང་མར་ཞུས་ན་དེས་ཆོག་པ་ཡོད། ངས་ཁོང་པ་འདི་ཆོས་ཀྱིས་ཚིལ་ནག་བརྐྱངས་པ་བཞིན་བྱས་ནས་ཡོད་པ་ཡིན་ཏེ། ཆེད་གཉེར་ཆེར་མི་འདུག །དེ་ནས་བླ་མའི་མིང་གོག་བྱས་ནས་གཞན་ལ་ཞུ་བ་ལ་རྒྱུ་ཆ་རྐྱེན་མང་དུ་དགོས། དཔོན་སློབ་ཀྱི་རྟེན་འབྲེལ་འཛོམ་པ་ཡང་དཀའ་བས། དེ་ལས་འདིར་བྱས་ཆོག་པ་ནི་བྲོད་པ་ཡིན་པས། ད་ལྟ་ཞུ་ན་དགའ་གསུང་། ཁྱེད་རང་ཚོ་རོ་ཉལ་ཉལ་རང་མི་བྱེད་པར་རྒྱུན་དུ་བླ་མའི་རྣལ་འབྱོར་གསོལ་འདེབས་རེ་ཡང་བྱེད། ཡི་དམ་གྱི་ལྷ་གཅིག་ཀྱང་གཙོ་བོར་བཟུང་སྟེ་བསྙེན་པ་བྱེད། ཆོས་སྐྱོང་གཅིག་ལ་གཏོར་མ་མ་ཆགས་ཙམ་རེ་བྱེད་དགོས་པ་ཡིན། ངེད་ནི་ཐོ་རངས་བླ་མ་དམ་པ་རྣམས་ཀྱི་རྣལ་འབྱོར་སྤྱི་འདུས་རེ་སྒོམ། རྫོགས་པ་ཆེན་པོའི་ལམ་ཟབ་བླ་མའི་གསོལ་འདེབས། བི་མ་ལའི་གསོལ་འདེབས་སྐུ་བཞིའི་གསོལ་འདེབས་ཕོ་ཉ་མྱུར་མགྱོགས། རང་གི་བློས་བྱས་པའི་གསོལ་འདེབས། བརྒྱུད་པ་གང་ནས་བརྒྱུད་པའི་ཆོས་དེ་འཆད་དུས་དང་། སྒོམ་དུས་དེའི་གསོལ་འདེབས་མ་ཆགས་ཙམ་བྱས་པས། བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། ལུས་སེམས་བདེ་བ་དང་ཆོས་རེ་ཙམ་བཤད་ཀྱང་བར་ཆད་ཉུང་ཙམ་བྱུང་། སློབ་མ་ཡང་སྒོམ་པ་རྣམས་ལ་བློ་ཡུལ་དུ་བབས་ནས་ཕན་པ་ཡང་དུམ་པ་བྱུང་བས། བླ་མ་ལ་གསོལ་བ་འདེབས་པའི་ཡོན་ཏན་ཡིན་བསམ་པ་ཡོད་གསུང་། དང་པོ་གུ་རུ་དྲག་སྒྲུབ། ཕྱག་ན་རྡོ་རྗེ་ཨུ་ཙརྱ། ཁྲོས་ནག །རྟ་མགྲིན་ཡང་གསང་ཁྲོས་པ། རྟ་མགྲིན་ལྕགས་རལ་ཅན་ལ་སོགས་པ་དྲག་པོའི་ལྷ་མང་དུ་བསྒྲུབས་པས་རྟགས་ཐོན་པ་བྱུང་། རྒྱལ་པོ་ལ་སོགས་གནོད་པ་ལ་དྲག་སྒྲུབ་འདི་བསྔགས་པར་འདུག་པས། ད་ལྟ་བསྐྲད་པ་སོགས་བྱེད་པ་ནི་དེ་ཡིན་གསུང་། དཔལ་བདེ་མཆོག་འཁོར་ལོའི་དབང་དང་ལུང་རྣམས་ཐོབ་ནས་གྲངས་བསྙེན་དང་དེ་ནས་ཞག་རེ་བཞིན་ཡི་གེ་བདུན་མ་ཁྲི་ཚོ་རེ། གཞན་མ་གང་ལྕོགས་རེ། ཚེ་དཔག་མེད་གྲུབ་རྒྱལ་མ་ལ་ཁྲི་ཚོ་རེ། ལྷ་དགུའི་སྙིང་པོ་དང་ཡང་སྙིང་ལ་ཁྲི་ཚོ་རེ། གཟུངས་གང་ལྕོགས་རེ་དེ་བར་བསྒྲངས་པས་བྱིན་རླབས་ཞུགས་པ་འདྲ་ཡང་བྱུང་། ཁྱད་པར་དུ་ཕོ་ལོ་བདུན་ཅུ་ལ་ཟིན་འདུག །བར་དུ་ནད་དྲག་པོ་གཉིས་གསུམ་བྱུང་སྟེ་རྐྱེན་བྱས་ནས་མི་ཤི་བར་བསྡད་ཆོག་པ་ཡི་དམ་རྣམས་ཀྱི་ཐུགས་རྗེ་ཡིན་གསུང་། ཆོས་སྐྱོང་ཡང་དམ་ཅན་སྡེ་ལྔ་ལ་བསྐང་གསོ་དང་། རྒྱུན་གཏོར་བྱས་པས་རང་ལ་ཡང་འཁོར་བ་དང་། ཆོས་འཆད་དུས་ལོངས་སྤྱོད་རེ་ཙམ་འདུ་བའི་ཡོན་ཏན་དང་། གནོད་པ་རེ་ཙམ་བྱུང་ན་མ་འབད་ཀྱང་རྟགས་རེ་ཡོང་བ་འདྲ་འདུག །གཟའི་སྒོ་ནས་ནད་པའི་གཏོར་མ་རེ་ཙམ་བྱས་པས་ཕན་པར་བྱུང་། ཁྱོད་རང་ཡང་འདིའི་ཚིག་བརྒྱུད་མ་འདི་ཉོན་སྟེར་བ་ཡིན་གསུང་། ནི་གུ་དང་འབྲེལ་ནས་མགོན་པོ་ཕྱག་དྲུག་པ་འཁོར་བཅས་ལ་གཏོར་མ་དང་བསྙེན་པ་ཡང་དུམ་རེ་བྱས་པས་བར་ཆད་རེ་ཙམ་སེལ་བའི་རྣམ་པ་དང་། རྨི་ལམ་དུ་ཡང་སྣང་བ་ཐོབ་པའི་རྣམ་པ་བྱུང་གསུང་། དགོན་གོག་འཛིན་པ་དང་ཆོས་རེ་ཙམ་འཆད་སློབ་མ་རེ་ཙམ་པའི་མི་ཡིན་ན། ཆོས་སྐྱོང་རྣམས་ལ་གཏོར་མ་རེ་བྱེད་པ་ནི་དགོས་བྱེད་ཆེན་པོའི་རིགས་སུ་འདུག །མཐུ་རང་མི་བྱེད་ཀྱང་ལྕགས་རི་དང་། ཆོས་འཆད་དུས་ཡེ་ཤེས་པ་རྣམས་གཏོར་མས་མཉེས་པར་བྱས་པས་བར་ཆད་སེལ་བ་ཨ་ཅང་ཆེ་སྟེ། དེ་རྣམས་ཀྱི་འཁོར་གྱི་འཇིག་རྟེན་པ་ཚོ་མ་མགུ་ནའང་བར་ཆད་བྱེད་པ་གཅིག་ཡིན་པར་འདུག །ང་དཔལ་སྡིངས་སུ་ལོ་གཉིས་གསུམ་དུ་བྱས་པས་ཁྲིད་པ་ཡང་མང་དུ་བྱུང་། དེའི་ནང་ནས་མུན་ཁང་ལ་ནན་ཏན་བྱས་པས་མཚམས་བྱེད་པ་དང་། རྟགས་ཐན་ཐུན་བྱུང་བ་ཡང་མང་དུ་བྱུང་(༡༥)བས་ཕན་པ་ཡང་ཆེར་བྱུང་། ལོ་སྟེང་གཅིག་བྱས་པས་ཁྲིད་པ་མང་པོ་བྱུང་། ཉིན་གཅིག་གྲགས་པ་དཔལ་ལྡན་ལ་ཇོ་ནང་བསྟན་མ་ཡིན་ཟེར་བ་གཅིག་བབས་པ་འདྲ་འདུག་པས། ཁྱོད་ཀྱིས་སོང་ལ་གཏོར་མ་ལ་ཆེད་གཉེར་མ་བྱས་ངས་འབུངས་པ་ཡིན་ཟེར་བས་ངེད་རང་གིས་ཀྱང་ཆེད་གཉེར་ཡང་ཆེ་ཆུང་བྱས། ཁ་ལ་ང་ཁྱོད་འདྲས་མ་འབུངས་ཀྱང་མ་འབུངས་བྱས་པས། དེ་ག་ཡིན་ང་འགྲོ་ཁྱོད་ཀྱིས་གྱིས་ཟེར་བས། དེའི་རས་ལེགས་པོ་བྱུང་ནའང་སྟེང་དུ་སྦྱོར་དྲུག་ཡེ་མ་ཚུགས་པར་ལོ་མང་པོ་སོང་རྗེས་བྱས་པས་འཛེར་བ་ཙམ་བྱུང་བས། དེས་ན་ཁྱེད་ཚོ་ཡང་ཆོས་རེ་ཙམ་འཆད་པ་བྱུང་ན་གཏོར་མ་ལ་ནན་ཏན་རེ་ཙམ་དགོས་པ་འདུག་གསུང་།

དྲུག་པ་ལྟར་ན། ངེད་རང་གིས་བཟུང་བའི་དགོན་པ་བཞི་པའི་གྲྭ་པ་བགྲེས་གཞོན་གཅོང་ཅན་ཉམ་ཆུང་ཡན་གཙོ་བོར་ཆོས་ཀྱིས་བསྐྱངས་ཏེ་ཁྲིད་ཁ་རེ་ཙམ་ཚུགས་པར་བྱས། ལུང་ཕྲན་དབང་སོགས་གང་དགོས་ཀྱི་སྒོ་ནས་ཕན་སེམས་མ་དོར་བར་བྱས་པ་ཡིན་གསུང་། གཞན་ཡང་ཆོས་ཀྱི་ཕན་པ་སྣ་རེ་ཙམ་བྱས། སྨན་དང་སྨན་དཔྱད་གང་ཤེས་འདིས་ནད་པ་སོགས་ལ་གང་ཕན་བྱས། མདོར་ན་ཚེ་འདས་གཅིག་གི་ཆོ་ག་དབང་བསྐུར་ལ་ཕྱིན་ཀྱང་། འདི་ངས་ཅིས་ཀྱང་འདྲོངས་པར་བྱེད་པའི་བསམ་པས་བྱེད་པ་ཡིན། དེ་འདྲའི་དོན་བྱེད་པ་ལ་བསམ་པ་དེ་ཅི་ནའང་གཙོ་ཆེ་བ་ཡིན་རིགས་སུ་འདུག །ཕ་ཇོ་ཕུར་བཀྲས་འདས་ནས་བདུན་ཚིགས་ཀྱི་ཆས་མཚོན་པ་གཅིག་ཤུལ་མ་རྣམས་ཀྱིས་བསྐྱལ་ཁྱེད་རང་གི་ཨ་ཁུ་ཕ་ཇོ་འདས། ཁྱོད་ཀྱིས་འབུངས་ཟེར་བས་དེ་ཙུག་བྱེད་བྱས། རྒྱུད་སྡེ་ལྔའི་སྒྲུབ་མཆོད་བཙུགས་འདུན་པ་དྲག་པོ་བྱས་པས། རྨི་ལམ་ལ་ཕ་ཇོ་མི་གཞན་ཞིག་གི་ཟླ་ལ་མུན་ནག་ཡོད་པའི་མཐའ་འདྲ་ཞིག་ལ་སོང་བས། ངས་རི་རྩེ་ཞིག་ལ་ཁྲིད་བདེ་བ་ཅན་གྱི་ལམ་བསྟན་པས། དེ་ཕྱོགས་ལ་འཕུར་སྙམ་བྱེད་པ་ཞིག་བྱུང་། གཞན་ཡང་བློ་བཟང་པོ་འགའ་རེ་ལ་བྱུང་གསུང་། མདོར་ན་བསྟན་པ་ཨ་ཅང་ཆེ། གཞན་མ་མི་དང་གྲོག་སྦུར་ཡན་ལ་ཟན་ཁམ་བུ་རེ་སོགས་ཀྱིས་ཕན་ན་བསམ་པ་བྱས། ངེད་རང་སངས་རྒྱས་(༡༦)སྒྲུབ་པ་ལ་སྡིག་པ་ཡང་ཆུང་ངུས་གནོད། དགེ་བ་ཡང་ཆུང་ངུས་ཕན་པ་ཡིན། ཁྱེད་རང་ཚོ་ཡང་ཕོར་པ་གང་གི་སྟེང་ནས་ཀྱང་ཕུད་ཀྱིས་དཀོན་མཆོག་མཆོད། ལྷག་དེ་ནས་ཁྱི་ཟན་བཅངས་པ་རེ་བྱེད་དགོས་པ་ཡིན་གསུངས།

བདུན་པ་ལྟར་ན། གཟུགས་ཅན་གཟུགས་མེད་ཀྱི་ལྷ་འདྲེ་གློ་བུར་གྱི་ལྷ་འདྲེ་སོགས་ཀྱིས་ཆེར་མ་ཚུགས། བྱ་བཏང་བྱས་དུས་ལམ་དགྲ་དང་ཇག་པ་བྱུང་བ་མང་སྟེ། དགྲ་བྱེད་པ་ཚུར་བྱུང་སྟེ་བར་གཟན་བཀལ་བ་རྐྱང་ཡིན། དགོན་པ་རྣམས་བཟུང་ནས་ཉམ་ཆུང་ལ་གནོད་པ་རེ་ཙམ་དང་། རྐུན་མ་རེ་ཙམ་བྱུང་བ་རྣམས་མཐུ་གཏད་ངན་པ་མ་བྱས་ཀྱང་། ཐབས་གང་མཁས་ཀྱི་སྒོ་ནས་བཏུལ་བས། ཕར་ཞུ་རང་འབུད་མི་དགོས་པ་འདི་ཡིན་གསུང་། ངན་པ་རང་བྱས་པ་གཅིག་ལ་གཏོར་མ་སོགས་མ་བྱས་ཀྱང་ཆོས་སྐྱོང་རྣམས་ཀྱིས་ཤགས་འབྱེད་རེ་ཙམ་བྱུང་བ་འགའ་རེ་བྱུང་གསུང་། བྱམས་སྡིངས་སུ་རྒྱུད་སྡེ་ལྔའི་བསྙེན་པ་བྱས་དུས་སྤྱིལ་པོ་དེའི་སྒོ་དེ་མཐོན་པོར་འདུག་སྟེ་ནང་བཙུན་པ་འདྲ་བའི་གདོང་མཆུ་དམར་ཞིང་རས་ཀྱམ་དང་ཞྭ་ཐེབས་གྱོན་པའི་གཟུགས་ནམ་མཁའ་ལ་སྙེགས་པ་གཅིག་གཉིད་ལ་སོང་བའི་རྨི་ལམ་དུ་འདུག་པས། དང་པོ་སྐྲག་དངངས་ཀྱང་བྱུང་། དེ་ནས་དྲག་སྒྲུབ་ཀྱི་བསྐྱེད་རིམ་འཁོས་ཆེ་བ་ཙམ་དུ་བྱས། རྨི་ལམ་དེ་ཡང་ཟིན་བྱུང་བས་བདེན་མེད་ཀྱི་ལྟ་བས་ཀྱང་ཟིན། གཉིད་སད་དུས་ནང་དེ་འོད་གསལ་དུ་མེར་རེ་འདུག །དེ་ཁའི་ངང་དུ་བཞག་པས་ཕྱི་སྣང་བ་ཐམས་ཅད་ཀྱང་འོད་གསལ་དུ་སོང་བསམ་པའི་ཉམས་ཤིག་བྱུང་ནས། བདེན་མེད་ཀྱི་ཚིག་མང་པོ་ཁ་ནས་འདོན། ལུས་གར་ཐབས་སུ་བྱེད་པའི་ཡུན་རིང་དུ་འཁྲབ་པ་ཞིག་བྱུང་གསུང་། དཔལ་སྡིངས་སུ་མཚམས་གཅིག་ཀྱང་བྱས། དཔེ་ཆ་འདྲ་བཞེངས་བྱེད་ཀྱི་གཟིམས་ཁང་དུ་དབྱར་གཅིག་དེར་བསྡད་ཙ་ན་ཐོག་སྨད་དགུ་ངེད་རང་ཉལ་ཡོད་པའི་ཐོག་གོང་མ་དེ་ངེད་རང་གི་ཐད་དེ་ཁ་ཡིན་པར་འདུག །ཉལ་བའི་སྟེང་གི་ཐོག་དེ་ནས་འདོམ་དོ་ཙམ་འཁྱོག་འདུག་པས་བབ་དུས་ཡུག་གཅིག་བརྒྱལ་འདུག་དེ་ནས་གཞོབ་དྲི་དང་མེ་དྲི་ཆེན་པོ་འདུག་སོང་དེའི་ཁང་པ་དེའི་བཞི་ཐོག་ཕུག །མཛོ་མོ་གཅིག་དང་བ་ཆུང་(༡༧)གཅིག་ཤིང་རང་ལ་ཅང་མ་བྱུང་བས་རྟིང་དུ་འཇིགས་པ་ཙམ་གྱིས་དཀོན་མཆོག་གི་ཐུགས་རྗེ་ཡིན་པར་གོ། །དེ་ནས་གནང་གཞེས་ཙམ་ལ་བུ་འདྲེན་འཛམ་ཟེར་བ་གཅིག་ཡང་ཁ་ན་ཡོད་པ་དེ་ལ་ཨོ་རྒྱན་གྱི་མཆོད་གནས་རྒྱ་མཚོ་འབེབས་ཀྱི་ཡོད་པས་མོ་བབ་ནས། དགོན་པའི་སློབ་དཔོན་ཡ་གི་དང་ལྷ་འདྲེ་རྣམས་འཁྲུགས་པས་སློབ་དཔོན་རྒྱལ་ཟེར་བ་བྱུང་གསུང་། སྡིངས་པོ་ཆེར་ཁྲིད་གཅིག་བཙུགས་པས་ཁྲིད་ཀྱི་སྒང་རང་ལ་སོང་དུས་གདན་ལ་བཞུགས་པ་ལ་སྐྲང་འབུར་གཅིག་བྱུང་ནས་ཟུག་ཆེན་པོ་རང་བྱས་སྡོད་པ་ལའང་ཆོས་ཐུན་གྱི་ཚེར་ཟུག་ཚད་བྱུང་བས། སྒྲུབ་པ་མོ་གཡུ་གང་མ་ན་ཡོད་པས། ངེད་ན་ཟེར་བ་ལབ་ལབ་མང་དུ་བྱེད་པས། རྒྱ་སྐད་མང་པོ་ལབ་བྱེད་པས། ཁྱོད་གང་ནས་ཡིན་ཅི་ན་བྱས་པས། རྒྱ་གར་ནས་ཡིན་རྡོ་རྗེ་གདན་དུ་ཚོགས་འཁོར་ལ་འགྲོ་དགོས་པ་ཡོད། ང་འགྲོ་ཟེར་ང་ལ་ཤུག་སྟེ་བྱས་ནས་གཅིག་པུ་ན་ཟེར་ནས་འདི་ལ་ཅི་ཕན་བྱས་པས། དམ་ཚིག་གི་སེལ་དུམ་ཙམ་པ་གཅིག་གིས་ལེན་པ་ཡིན། ད་ཆོས་ཉན་འདི་ཚོ་ལ་ཡམས་རིམས་གཅིག་ཡོང་བ་ཡོད། དེ་ནས་དྲག་འགྲོ་ཨའུ་རྩི། ཆོས་ཤོད་ཕྲིན་ལས་འདྲ་བྱེད་ཟེར་བ་བྱུང་གསུངས། ཡང་སྡིངས་པོ་ཆེའི་གཟིམས་ཁང་དེ་ན་ཀླུ་བདུད་གཅིག་འདུག་པས་འཁོར་དང་ཕྱུགས་ལ་གནོད་པ་དུམ་རེ་བྱས་བྱུང་ནུབ་གཅིག་རྨི་ལམ་ན་ཉལ་བའི་སྟེང་གི་གདུང་གསེབ་དེ་ན་སྡིག་པ་རྩིག་བུ་ཆེ་ཤོས་ཙམ་གཅིག་འདུག་པས་རྨི་ལམ་དེ་ཟིན་བྱུང་བ་དང་། ཕག་རྒོད་མཛོ་ཙམ་གཅིག་ཏུ་སྤྲུལ་ནས་ཁྱུར་མིད་བྱས་པས་རྨི་ལམ་འཚུབ་པ་དང་གནོད་པ་རྣམས་ཆད་བྱུང་། གཞན་ཡང་དེ་འདྲའི་རིགས་མང་དུ་གསུང་བ་རྣམས་དྲན་པར་རི་ཙམ་ལས་མི་གསལ་བར་འདུག་པས་མ་བྲིས་པ་ལགས། བྱམས་སྡིངས་སུ་མུན་ཁང་དང་ཐབ་སྤངས་དབྱར་གཅིག་བྱས། དེ་ཐོན་རྟིང་ལུས་ཐམས་ཅད་སྦྲིད་པ་བྱུང་། མིག་དམར་པོར་སོང་རྩ་ཆུར་ཡང་འགྱུར་བྱུང་བས། བརྟག་པ་བྱས་དུས་མཛེ་རང་དུ་ཤེས་བྱུང་། ད་དེ་ཡང་ན་རྒྱལ་ཁམས་ལ་ཕྱིན་རྒྱུས་མེད་ཀྱི་ཡུལ་དུ་ལམ་ཟན་ལ་བརྟེན་ནས་འདི་ཐོན་ན་རབ། (༡༨)མ་ཐོན་ཀྱང་དགེ་སྦྱོར་གང་ནུས་བྱེད་ཡང་ན་ནི་མི་མེད་པའི་རི་ཁྲོད་ཅིག་ཏུ་འཆིས་བྱེད། ད་ངེད་རང་མི་ཁྲོད་དུ་མི་ཚུད་པར་འདུག་བསམ་བྱུང་བ་ལས། སྔ་སོར་འདི་ཁར་མཚམས་ཞིག་བགྱིས་དང་བསམ། ཕྱག་རྡོར་ཨུ་ཙརྱའི་བསྙེན་པ་ཡང་དུམ་རེ་བྱས། རྫས་ཆེན་རྣམས་པགས་བྱུག་བྱས་པས། བྱུག་པ་བྱས་ཀྱིས་ལོང་དུ་རང་སོང་བྱུང་། ད་འདི་འདྲ་སྲོག་ལ་རྒོལ་བར་འདུག་བསམས་ནས་ཐལ་ཐུལ་དང་ཆེར་མེད་གང་ཡོད་རྣམས་ཀྱི་མཐོ་རྩེ་གཅིག་ཞང་པོ་ལ་བཅོལ། ང་ཤི་འདུག་ཟེར་ན་འདི་ཚོ་ཐོང་ཟེར་བ་བྱས། ལུས་ངག་ཁྱེར་རྒྱལ་ཁམས་ལ་ཕྱིན། ལྷ་རྗེའི་གྲལ་སྐོར་གཅིག་བྱས་ནས་འཆོས་ཤེས་པ་ཡོང་བ་ཡང་སྲིད། ཀླུ་སོགས་ཀྱི་གནོད་པ་ཡིན་ན། གཉན་ས་གང་འདུག་ཏུ་གཅོད་རེ་ཙམ་བྱས་ན་ཐོན་པ་ཡང་སྲིད་བསམ། གལ་ཏེ་མ་ཐོན་ཀྱང་དགེ་སྦྱོར་གང་འཕེལ་བྱེད། ཤི་ཡང་ལ་ཁའི་བྱ་རོ་དང་ཆུ་ཁའི་ཉ་རོ་བྱེད་བསམ་ཕྱིན་པས་ལྷ་རྗེ་ལ་ཅི་ཡིན་ཟེར་བ་བྱས་པས། ལ་ལ་ཅི་ཡིན་ཟེར། ལ་ལ་གང་ཡིན་ཟེར་བ་ལས། ཐིངས་པ་རང་མ་བྱུང་། དོལ་གྱི་ལྕོགས་ཕུག་པས་ཐིངས་ཏེ། སའི་བམ་ལུས་ལ་རྒྱུག་པ་ཡིན། མཛེ་རང་མིན་མཛེ་རྟགས་ཙམ་ཡིན་པས། དྲག་གཟེར་བ་ཡིན་གསུང་བས། ངེད་རང་གི་ཡིད་ཡུལ་དང་མཐུན་པར་བྱུང་། སའི་བམ་ཡིན་པ་ཡང་ཐབ་སྤངས་བྱས་དུས་སོགས་སྣེའི་འོག་དེ་རུལ་འདུག་པས་དེ་གོ་ཁོང་གི་བྱུག་པ་མང་པོ་ཡང་བསླབ། ངེད་རང་གིས་ཀྱང་དྲོད་བཅོས་སྐོར་གྱི་བྱུག་པ་བྱས། རླུང་དང་འཁྲུལ་འཁོར་མང་དུ་བྱས་པས་ཟླ་བ་གཅིག་ནས་སྐྱེད་ཆེར་བྱུང་སྟེ་ཐོན་པ་ཡིན་གསུང་། སྡིངས་པོ་ཆེར་བླ་མ་གད་འོར་པས་དུག་གཅིག་བྱུང་བ་ལས། མ་བྱུང་གོང་དུ་རྨི་ལམ་དང་མོ་མ་སོགས་ཀྱི་དུག་ཡོད་ཟེར་བ་ལ། ངེད་རང་རྟོག་པ་རྩིངས་པས། ཁོས་ཞོ་གཅིག་ལ་ཕྱེ་གཅིག་བཏབ་ནས་བྱིན་པས། ཕ་རོལ་ལ་འགྲོ་རྩིས་གྲབས་བྱས། གང་ཡོད་ལ་སྤང་ཐག་དང་། དཔལ་ལྡན་སྡིངས་ཀྱི་ཚང་ཁང་འདི་ཡང་བཞེངས། མི་རྣམས་ཕལ་ཆེར་ལ་ང་འཆི་བྱས། ཁོང་རྣམས་ན་རེ་འཆི་བ་རང་མི་འོང་དུག་ཡིན་ན་ཨེའི་ཆུ་ཚན་ཕན་ཟེར་བས་འགྲོ་དགོས་བསམ་ཡོད་པ་ལ། རྨི་ལམ་ལ་ཡང་(༡༩)ཕྱིན་ན་བསམ་པ་གཅིག་བྱུང་བ་ཕྱིན་པས་ཉེས་མེད་དུ་འཁོར་དེ་ནས་ཆུ་ཚན་གྱི་ཡོན་ཏན་དང་དཀོན་མཆོག་གི་ཐུགས་རྗེ་ལས་ནད་ཀྱང་སྐྱེད་ཆེར་བྱུང་། འཆི་རྩིས་རང་ལ་མ་ཤི་ཙམ་བྱུང་སྟེང་དུ་དཔལ་སྡིངས་སུ་སྐེ་དང་། ཁྱད་པར་ལྕེ་ཁའི་ནང་དུ་མི་ཤོངས་ཚད་བྱས། ལབ་ཀྱང་ཡེ་མི་ཤེས་པ་གཅིག་བྱུང་བས། གཞན་མ་དང་ངེད་རང་བྱིངས་ཀྱིས་འཆི་བར་གཟུང་། ལྷ་རྗེས་ཀྱང་ཐོག་དེར་སྲིན་བྱའི་སྐད་བྱུང་བ་ཐོས་འདུག་པ་དང་བཅས་པས། ལྷ་རྗེས་ཁ་གཏམ་དེ་བྱས། ད་དཀོན་མཆོག་མིན་པ་རེ་ས་མེད་བསམ་སྟེ། བླ་མ་དཀོན་མཆོག་ཤི་བ་ལེགས་སམ། མ་ཤི་བ་ལེགས་གང་ལེགས་པ་ཐུགས་རྗེས་ཟུང་ཐུགས་རྗེས་སྐྱོབ་པའི་དུས་སུ་འདུག་བསམ་ནས་གསོལ་བ་དྲག་ཏུ་བཏབ་པས། ནམ་མཁའ་ནས་སྒྲ་བྱུང་སྟེ་དབང་བཞི་བསྐུར་བ་རྣམས་རིམ་པ་བཞིན་དུ། དང་པོ་ཉིད་དག་པ་གཞིའི་དབང་། གཉིས་པ་ཡེ་ཤེས་རྒྱུན་མི་ཆད་པའི་དབང་། གསུམ་པ་འཁོར་ལོ་བདེ་བ་ཆེན་པོའི་དབང་། བཞི་པ་དག་པ་ཡེ་ཤེས་ཀྱི་དབང་ཟེར་བ་བྱུང་། དེའི་གོ་བ་ལེན་གྱིན་དབང་གཅིག་བླངས། དེ་ནས་ཡུག་གཅིག་སོང་བ་ན། དུས་མིན་འཆི་བར་མི་འགྱུར་ཏེ། །སྐྱེས་བུའི་ཚེ་ལོ་བརྒྱད་ཅུ་ཡིན། །ཟེར་རོ། །དེ་ནས་ཡུག་གཅིག་སོང་བ་དང་། བསྟན་པ་ཆགས་པ་དྲུག་སྟོང་སུམ་བརྒྱ་ཡིན། །གནས་པ་འཇིག་པའང་དྲུག་སྟོང་བརྒྱ་རེ་ཡིན། །ཟེར་བ་ཡང་བྱུང་བས་ཡིད་ཉམས་སོས་བྱུང་། བྱམས་སྡིངས་སུ་ཐོག་འོག་ཏུ་ཚུད། ཡང་ཁའི་གྲུའང་བྱིང་ལ་ཁད་པ་ཡང་ཁ་ནས་དགོན་པར་ཕྱི་ཕྱི་གཅིག་འོང་བས། ལམ་འཛོལ་བ་ཁ་འདྲས་བྱས། གད་པ་རྟ་ཞོན་མདུང་བཟུང་གི་ཚོད་གཅིག་ལ་བྲུལ། ཡུག་གཅིག་བརྒྱལ་དྲན་པ་བྱུང་བ་དང་ཉམས་གཅིག་ལྷན་ཅིག་བྱུང་འདུག་པས་དེའི་ངང་ལ་དགོན་པར་འཁྱོལ་འདུག །དེ་ནས་ཉམས་དེ་སད་ཙ་ན་ཙུག་ཙམ་མི་ཡོང་བར་འདུག །དེ་ལ་སོགས་ཏེ་རྐྱེན་དྲག་པོ་མང་པོས་ངེད་རང་ཡང་འཆི་བར་ཐག་བཅད་པ་མང་པོ་བྱུང་སྟེ། ད་ཚུན་བླ་མ་དཀོན་མཆོག་གི་ཐུགས་རྗེས་ལེགས་པོ་རང་བྱུང་ལགས་(༢༠)ཏེ། དེ་ནས་ཁོས་གཅིག་སྐྱེལ་གསུང་། ད་ལྟའི་མི་འདི་ཚོ་ན་ཡང་མི་འཆི་གཞན་འཆི་བ་འདུག་པ་མཐོང་ཡང་ངེད་རང་མི་འཆི་བསམ་པའི་མི་རིགས་མང་པོ་འདུག །ཁྱེད་རྣམས་ལ་བར་ཐར་ཡང་ཨེ་ཡོང་ངམ། ད་ཡང་དེ་འདྲའི་གྲབས་རེ་ཙམ་དགོས་པ་ཡིན་གསུང་།

བརྒྱད་པ་ལྟར་ན། སྐུ་ན་ཆུང་ངུའི་དུས་སུ་མ་ཎི་རེ་ཙམ་བགྲངས་པས། བྲག་འབྲུ་གུ་གཤོངས་ཀྱི་བྲག་ཕུག་ཅིག་ན་ཐུགས་རྗེ་ཆེན་པོའི་སྐུ་ངོ་མཚར་ཅན་ཞིག་འདུག་པ་ལ་ཕྱག་དང་མཆོད་པ་བྱས་པས། བྱིན་གྱིས་བརླབས་པ་བྱུང་གསུང་། རལ་གྲི་གོང་དུ་འུ་ལག་སྐྱེལ་ཕྱིན། གཡུལ་ཁང་ནང་འདྲ་ཞིག་ཏུ་བསྡད། ཨོ་རྒྱན་གྱི་རྟགས་བསྟོད་ཅིག་ཤེས་པ་མང་དུ་བྱས་པས་རྨི་ལམ་དུ་གུ་རུའི་སྐུ་གཅིག་ནམ་མཁའ་དེ་ལ་བཞུགས་འདུག་པ་ལ། གསོལ་བ་བཏབ་པས་འོད་ཟེར་གྱི་རྣམ་པ་ངེད་རང་ལ་ཚུར་བྱུང་ནས། དེ་ནས་ནམ་མཁའ་ལ་ཇེ་མཐོར་སོང་མི་མཐོང་བ་ཙམ་དུ་ཡལ་བར་རྨིས་ཆུ་བོ་རིར་ཚེ་ཆུ་ལ་ཕྱིན་པས། ལྕང་སར་མདའ་ནས། སྲིན་པོ་རིའི་གཙུག་ལག་ཁང་མཐོང་བྱུང་བས། བཅོམ་ལྡན་འདས་ལ་དད་པ་གཅིག་ཆེར་སྐྱེས། བདག་བསྐྱེད་མདུན་བསྐྱེད་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དང་། ཁ་ནས་གང་ཤེས་ཀྱི་མཆོད་པ་དང་བསྟོད་པ་བྱས་པས། དེ་དགོང་གངས་དཀར་ཞོལ་དུ་བསྡད་པས། རྨི་ལམ་དུ་སྲིན་པོའི་རི་ངོས་ལ་ཕྱིན་པས། གཙང་པོ་ཐོན་པའི་གླིང་ཁའི་དཀྱིལ་དུ་སླེབ་ཙ་ན། བཅོམ་ལྡན་འདས་དཔའ་བོ་གཅིག་པ་རིན་པོ་ཆེ་དང་རུས་པས་བརྒྱན་པ་སྐུ་མདོག་ནམ་མཁའ་ལྟར་དྭངས་པ་གཅིག་དང་མཇལ་བྱུང་བས་ཕྱག་དང་སྐོར་བ་མང་དུ་བྱས་པས་ཞལ་ནས་བདུད་རྩིའི་རྒྱུན་བྱུང་བ་འཐུང་བས་ལུས་སེམས་བདེ་བས་ཁྱབ་པ་རིགས་ཀྱི་བུ་ཞེས་ལན་གསུམ་བྱོན་པས་གསུང་གི་སྣང་བ་དང་བཅས་པ་བྱུང་གསུང་། དཔལ་སྡིངས་དགོན་རྩེར་ཕྱག་དྲུག་པའི་ལས་བྱང་གཏོར་ཆོག་རྒྱས་བསྡུས་རན་པ་ཞིག་བྱེད་དགོས་བསམ་པ་ཡོད་པས་དགོང་གཅིག་རྨི་ལམ་དུ་ཡེ་ཤེས་མགོན་པོའི་སྐུ་ཤིན་ཏུ་ཆེ་བ་ཞིག་བྱོན། ལས་བྱང་བྱེད་བསམ་ན་གྱིས་གསུང་བ་བྱུང་བས། དེ་ནས་བྱས་(༢༡)ཆོག་པར་གོ་ནས་བྱས་པ་ཡིན་གསུང་།

དགུ་པ་ལྟར་ན། བྱིས་སྦའི་དུས་སུ་ཡང་ཁའི་རྒྱལ་སྒོ་གདོང་དུ་ཕྱིན་པས། བླ་མ་དུང་ལོང་དང་། ཨང་ག་རག་གསོལ་ནས། ཆང་དང་ཟམ་ནོར་ཕྲན་ཚེགས་ལྡང་ལ་སློང་གསུང་། མེད་ཞུས་པས་འདི་ན་འདུག་གཞན་ལུགས་འདི་བཞིན་འདུག་རྫུན་མ་ཟེར་གསུང་། གང་ཡོད་ཐིངས་པའི་མངོན་ཤེས་ཅན་ཞིག་བྱུང་བས། ང་གཟིགས་འཕྲལ་དུ་ཆོས་ཀྱི་སྐལ་བ་བཟང་པོ་ཡོད། ཆོས་གྱིས་གསུང་བ་བྱུང་གསུང་། འཁྲུལ་ཞིག་རིན་པོ་ཆེ་ལ་གདམས་ངག་རེ་ཙམ་ཞུས་དུས་བྱེད་དགོས། ཁྱེད་ཀྱིས་འགྲོ་དོན་རེ་ཙམ་ཡོད་པར་འདུག་པས་གསུང་། ངེད་རང་གི་མགྲོན་པོ་དང་ཅི་ཡོང་ཞུས་པས། དེ་རིང་སོང་ཙ་ན་ཡོང་བ་ཡིན་བློ་མ་ལད་པ་གྱིས་ལ་འབུངས་གསུང་། གཅིག་བརྒྱུད་ཀྱི་དབང་རྗེས་གནང་སོགས། ཉེ་གནས་དང་མི་གཞན་སྐུ་མདུན་ན་མེད་དུས་ཤོག་གསུང་མང་དུ་གནང་གསུང་། བྱ་བཏང་ཆོས་རྗེས་གཅིག་གནང་བའི་རྗེས་ལ་མ་ཎི་བརྒྱ་རྩ་རེ་བསྐུལ་བ་ཕྱག་ལེན་དུ་མཛད་པ། བདག་ལ་བླ་མ་རས་པ་ཁྱོད་དཔལ་སྡིངས་སུ་ཆོས་འཆད་ཙ་ན་མ་ཎི་འདི་བསྐུལ་གསུངས་པ་དང་། གཞན་ཡང་ཁྱོད་རང་ཡང་དགོན་པ་འཛིན་ཙ་ན་འདུག་གྱིས་གསུང་མང་དུ་གསུངས་པས། ང་འདྲས་དགོན་པ་དང་ཅི་ཟིན་བསམ་པ་ལས། སྟེང་དུ་དགོན་པ་འཛིན་ལོ་ཆོས་འཆད་པ་ལོ་རེ་ཙམ་བྱས་དུས། དྲུང་པ་ཉིད་ལ་མངོན་མཁྱེན་གཅིག་མངའ་བར་གོ་གསུང་། ཆོས་ཀྱི་རྗེས་མ་ཎི་འདི་ཁྱེད་ཚོས་ཀྱང་ཆོས་དང་འཆད་པ་བྱུང་ན་གྱིས་གསུང་།

བཅུ་པ་ལྟར་ན། ལོ་གཅིག་གཉིས་ཙ་ན། ང་རྒད་པོ་ད་ལོ་སོང་རེས་ཀྱི་མི་གསུངས་པ་དང་། ཆོས་བཞིན་ཞུ་ན་ད་ལྟ་ཞུས་པ་དྲག །དེ་ནས་ངེད་ཀུན་ཨེ་སྡོད་མི་ཤེས་གསུང་། ང་ཤི་ན་ཡང་ཁྱེད་རང་སྤུན་གཉིས་འདི་ཟུང་། སྤྱད་པ་འདི་ཚོ་ཁྱེད་རང་ཚོ་བདག་རྒྱུ་ཡིན། འདི་ཚོ་རྗེས་ལ་གཏོང་རྒྱུ་ཡིན་ཟེར་བ་སོགས་མང་དུ་བྱོན། ཉིན་གཅིག་གློ་བུར་དུ་ངེད་མིང་སྲིང་རྣམས་ལ་འདི་འདྲ་བདག་རྒྱུ་ཡིན་གྱི་ཡི་གེ་རེ་མཛད་ནས་འདི་རྣམས་ཁྱེད་ཚོས་གྱིས། གཞན་མ་གང་འདུག་ང་རང་གི་རྗེས་ལ་ཐོང་གསུང་། ངས་ཕྱོགས་གཅིག་ནས་བསླེབས་དུས་ཡི་གེ་རྣམས་སྟོན་མཛད་པ་ལས། བློ་དང་མ་བདེ་བྱ་བ་ནི་(༢༢)མེད་བསམ་པ་གཅིག་བྱུང་། དེ་ནས་ཆོས་ལུང་དུ་དགུན་བི་མ་ལའི་ཁྲིད་གནང་བ་ལས། གནངས་གཞེས་ཙམ་ཐོན་རྒྱུའི་དོ་དགོང་དེར་ཛཾ་བྷ་ལའི་ཕའི་ཆོ་ག་ལ་ཐེག་པས། ཁོ་དམ་ཉམས་དེར་སོང་བས། དེའི་སྐྱོན་གྱིས་དེ་དགོང་དེར་ཤིན་ཏུ་བསྙུང་སྟེ་དེ་ཁར་འགྲོང་འདྲ་བསམ་པ་ལས། མ་གྲོངས་ཙམ་ལ་སོང་དེ་དགོན་པར་ཕེབས་པའི་དགོང་མོ་དེ། ཁྲོ་བོ་རི་རི་ཏིའི་ཕྱག་རྒྱ་གྱིས། བགེགས་བསྲུང་བ་ཡིན་གསུང་བ་ཞིག་བྱུང་གསུང་། ཡང་ཡུག་གཅིག་ན། མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་གཅིག་བྱོན་ད་ལོ་ལ་མི་འཆི་ཙམ་ཡོང་བ་འདྲ་གསུང་། ད་རེས་དེ་གསོལ་བ་མི་ཐེབས་ལ་ཁད་པ་ལས། བདག་སོགས་ལ་ཐུགས་རྗེས་གཟིགས་ནས་སྐུ་ཁམས་ཀྱང་དྭངས། ད་ཞག་ཀྱང་ཡང་ཆོས་ལུང་དུ་དེའི་དགུན་མཁའ་འགྲོ་སྙིང་ཐིག་བཙུགས་བར་ཆད་ཀྱང་མེད། བཀའ་ལུང་སྙིང་ཐིག་མ་གཉིས་ཀྱི་ལྷག་ལུས་འདྲ་ཡོད་པ་རྣམས་ཀྱང་རྫོགས་པར་གནང་། ཁྱད་པར་བཀའ་སྡོད་རྗེས་གནང་པོད་ལུང་རྣམས་ཐུགས་རྗེས་བཟུང་ནས་འདི་ཚོ་ཁྱེད་སྤུན་ལ་འཕྲོད་པས་བློ་བདེ་གསུང་། བཀའ་ལུང་ཡང་བཟང་པོ་གནང་། དེ་ནས་དཔྱིད་ཁ་དེ་ཆོས་ལུང་ནས་སྐུ་ཁམས་མགོ་མ་ཨན་ཙམ་མཉེལ་ནས། དཔལ་སྡིངས་སུ་ཕེབས་ནས་ཀྱང་མཉེལ་བ་ཟླ་བ་གཉིས་ཙམ་བྱུང་། དེ་ནས་བདག་གིས་སླེབ་ནས་མཉེལ་བ་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ལ། ལུས་ཚགས་ཀྱང་འགྲོལ་རྒྱུ་མེད་པར་བསྙུང་གཡོག་ཞབས་ཏོག་བྱས་པས་བསྙུང་ཟུག་ཆུང་བའི་བར་ལ། ཁྲིད་འདི་འཆད་པ་ལ་འདི་གྱིས་གསུངས་པ་དང་། ཁྱད་པར་རྫོགས་ཆེན་ཆོས་བརྒྱུད་ཡིན་པས། གཞན་ཚོས་སྙིང་ཐིག་མ་གཉིས་མཁོ་བ་ཡོང་བས་འདི་བཞིན་བྱེད་རྒྱུ་ཡིན་སོགས་མང་དུ་གནང་། དེ་ནས་སྤྱིར་གྱི་གྲྭ་བུ་སློབ་དང་། དགོས་ངེད་རང་སྤུན་དང་བཅས་པའི་བསོད་དེས་མ་ཟིན་པའི་རྣམ་པས་མི་བཞུགས་པར་རིགས་པས། ཀླུངས་ལ་འཚོལ་འཚོལ་འདྲ་བྱེད་པ་ལ་ཕྱིན། དེ་དགོང་སླེབས་རྩིས་མ་སླེབ་པས། བློ་དང་ནི་མ་བདེ་དོན་མ་ཆོད་པ་བྱས་པས་ནི་མ་བྱུང་། དེའི་དགོང་མོ་དེར་གཉིད་ཆེར་ནི་མ་བྱུང་། ཐོ་རངས་རིག་པ་(༢༣)གཅིག་བྱུང་དུས། ཁྱོད་རང་ག་ལེ་གྱིས་དྲུང་པ་ལགས། བསྒུགས་ནས་བཞུགས་ཡོད་ཟེར་བས་སེམས་མི་འཚབ་ཙམ་བྱུང་། དེ་ནས་དེའི་དགོང྄་མོ་འཕྱི་འཕྱི་གཅིག་ཡར་ཡོང་དུས་མ་སླེབ་གོང་དུ་ཇོ་ཇོ་གསུང་བ་མང་དུ་བྱོན། ཁོ་སླེབ་མ་བྱུང་ངམ་གསུང་པར་བྱུང་འདུག །དེ་སླེབ་དུས་ཅི་འདྲ་བྱུང་ཞེས་ཤོད་དུ་དྲིས་པས་མ་ཐེགས་ཙམ་བྱུང་ཟེར་བས་ཡིད་ཀྱང་སོས་པ་ལས། སྐུ་མདུན་དུ་སླེབ་པས་ཇོ་ཇོ་གསུང་བས་ལགས་ཞུས་པས་སླེབ་པ་དགའ་གསུང་། དེ་ནས་ཅང་མི་གསུང་བར་སྙུང་ཟུགས་ཀྱང་ཆུང་དུ་སོང་བས་ཐུགས་དམ་ལ་བཞུགས་ཏེ། ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུ་དགུའི་ཐོ་རངས་གདུལ་བྱ་དག་པའི་དབྱིངས་སུ་གཤེགས་པ་ལས། ད་ངེད་འདྲ་བའི་མིའི་བསོད་ནམས་ཀྱི་སྐལ་བ་ཐམས་ཅད་དུས་འདིར་ནུབ་སོང་བསམ་སྟེ། ཡིད་ཕམ་ཀྱང་ཆེར་སྐྱེས་མཆི་མ་སོགས་མང་དུ་བྱུང་སྟེ། ཨ་ཁུ་དགེ་སྦྱོང་དང་། ཞང་པོ་བློ་རྒྱལ་གཉིས་ལ་རིབ་པ་བྱས་ནས་མ་བྱུང་བ་ཙུག་བྱས། ཡིད་ཀྱི་སྒོ་ནས་གསོལ་བ་འདེབས་པ་དང་། སྨོན་ལམ་མང་དུ་བྱས་པ་རྣམས་ཟིན་པ་དང་། ནམ་ཡང་ལངས་བྱུང་ནས་ཚད་པ་ཡང་ཚ་བས། སྐུ་གདུང་དེ་བཞུགས་ལུགས་བྱས། ཙན་དན་ག་བུར་གྱིས་བྱུགས་བདག་གིས་བྱང་ཁར་ཕྱིན་པས། གྲང་ཡུལ་སོགས་ཀྱི་བསམ་བློ་དང་བློ་གཏིང་ནས་ཀྱང་མ་བདེ་བས་མ་མཐོང་བར་འདུག །སྦྱིན་པ་སོགས་ཀྱི་ལྟས་པ་རྣམས་ཀྱིས་ནམ་མཁའི་གཞི་མ་དྭངས་པ་ལ། འཇའ་སྣ་ལྔ་དང་འཇའ་དཀར་གྱིས་ཁེངས་འདུག་ཟེར་དེ་ལྟར་གཤེགས་ནའང་། ཐུགས་དགོངས་རྫོགས་ཐབས་རྣམས་བསྒྲུབས་པ་ལ་ལག་ན་འདོན་རྒྱུ་ཡང་ཆེར་མི་འདུག །གདན་ས་པ་ཡང་ན། སྦྱིན་པ་ཡང་སྟབས་མ་བདེ་བ་འདྲས་བྱས། ངེད་རང་ལ་ཡང་མིའི་ཁྱེར་ཁ་ཆེར་མེད་པའི་སྟེང་དུ། མི་གཅིག་ལག་གཅིག་ཏུ་སོང་བྱུང་ནའང་། དྲུང་པ་ཉིད་ཀྱི་ཐུགས་རྗེ་ལ་བརྟེན་ནས། མི་ལ་ངོ་མི་ཚ་ཙམ་འགྲུབ་བྱུང་། ལོ་དུས་སུ་སྐུ་གདུང་དེ་བཞུ་བས་རྟེན་སོགས་མ་བྱོན་ཀྱང་། གདུང་ལྕགས་ཆོད་མང་དུ་བྱོན། དེ་ཁ་དང་མཚུངས་པར་ནང་རྟེན་ཚེ་དཔག་མེད་གཅིག་བཞེངས་པས་སྲོག་ཤིང་རང་ལུགས་སུ་ཡོད་པ་དང་། མར་མེ་འཛིན་པ་སོགས་བྱོན་རྟིང་དུ་བྱང་ཆུབ་ཆེན་(༢༤)པོའི་སྐུ་འབུམ་བཞེངས་དུས། ཡོ་བྱད་སོགས་འབད་མེད་བྱུང་སྟེ། རབ་གནས་ཀྱང་ཤིན་ཏུ་ལེགས་ཏེ་མཐོང་བའི་ཡུལ་ཕྱོགས་ཀྱང་ལོ་ལེགས་པའི་དགེ་མཚན་ཡང་ཡོད་པ་དང་། དཔལ་ལྡན་སྡིངས་རང་དུ་ཡང་བྱིན་རླབས་ཆེ་བ་དང་། བཀྲ་ཤིས་པའི་རྟགས་མང་དུ་བྱུང་། ཁྱད་པར་བྲེའི་ནང་ན་དབུ་ཐོད་རིལ་པོར་བྱོན་པ་དེ་རིན་པོ་ཆེས་བཀང་ནས་ཡོད་པའི་དེའི་ཡོན་ཏན་གྱིས་དཔལ་ལྡན་སྡིངས་པ་རྣམས་ཡར་འཕེལ་རང་ལ་སོང་བྱུང་བ་ཐུགས་རྗེ་ཡིན་པར་འདུག །དེ་ལ་སོགས་ཏེ་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བའི་དཔལ་ལྡན་བླ་མ་དམ་པ་དེ་ཉིད་དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ངེད་རང་ལ་གསོལ་བ་འདེབས་པའི་བུ་སློབ་རྣམས་ཐུགས་རྗེས་མི་འདོར་བར་གོ་སྟེ། བདག་གིས་ཕྱག་རྒྱ་ཆེན་པོའི་ཆོས་དེ་འཆད་ལོ་བྱས་དུས། གཞན་མས་མ་རིག་པར་འདུག །ང་རང་འཆད་པའི་ཚིག་སྒྲོས་གཅིག་ལ་བློ་ཐིངས་པ་ལས་དེ་དགོང་དེ་རྨི་ལམ་དུ་བྱོན་ཏེ། འདི་ཡིན་གསུངས་པ་དང་གཞན་ཡང་དགོན་པ་ཕན་ཚུན་དུ་ལེགས་ཉེས་རེ་ཙམ་ཡོད་ན། ལེགས་པ་ལ་དགྱེས་པ་དང་། ཉེས་པ་ལ་མི་དགྱེས་པ་སོགས་རྨི་ལམ་དུ་ཡོང་བ་འདྲས་འདུག་པས། དེས་ན་གསོལ་བ་བཏབ་ན་ཐུགས་རྗེས་འབྲལ་མེད་དུ་གཟིགས་པར་འདུག་པས། མོས་གུས་ལྟེམ་ཀྱང་མེད་པའི་སྒོ་ནས། གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་། གོང་དུ་བཀོད་པའི་ཆེ་བ་ཡོན་ཏན་གྱི་རྣམ་པར་ཐར་པ་རྣམས་ལ་ཡིད་ཆེས་ཤིང་སྣ་རེ་ཙམ་ལས་མ་བྱུང་ཡང་ཕྱག་ལེན་ལ་ཐེབས་པར་མཛད་པར་ཞུ་ཞུ། འདིར་ཡང་གསུང་བ་རྣམས་ཕལ་ཆེར་ཆོས་གནང་དུས་གསུངས་པ་དང་། དཔོན་སློབ་འགྲོལ་དུས་གསུངས་པ་དང་། སྐབས་གཞན་དུ་ཡང་དམ་དུམ་གསུངས་པ་རྣམས་བདག་གི་དྲན་པ་ལ་བཟུང་བར་བགྱིས་ཏེ། གསུང་ཇི་ལྟ་བ་བཞིན་ལ་རང་བཟོའི་ལེགས་ལེགས་འདྲའི་ལྷན་པ་སོགས་ཀྱིས་མ་བསླད་པར་བྱས་ཤིང་། དད་ཅན་རྣམས་དང་བ་འདྲེན་བྱེད་དང་། བདག་ཉིད་ཀྱང་བླ་མ་དམ་པ་རྗེས་སུ་དྲན་པའི་ཡིད་གསོ་བའི་(༢༥)ཕྱིར་དང་། བརྒྱུད་པའི་བླ་མ་དམ་པ་རྣམས་ལ་རྣམ་ཐར་རེ་མཛད་པར་འདུག་པས། འདིར་ཡང་འདི་ལྟ་བུ་ཞིག་དགོས་པར་གོ་ནས་བགྱིས་པ་ལགས་པས། མོས་གུས་ཅན་རྣམས་བླ་མའི་ཕྱག་ལེན་ལ་ཡིད་ཆེས་པར་བྱ་བའི་ཕྱིར་གཟིགས་པར་ཞུ་ཞིང་། སྐབས་གཞན་དུ་སྒྲིབ་པའི་ས་བོན་བསོག་པས་དད་པ་ཙམ་མེད་ལ་སྦ་བར་རིགས་སོ། །དེ་ལས་བླ་མའི་རྣམ་པར་ཐར་པ་ལ་མོས་པ་ཅན་རྣམས་དང་བ་འདྲེན་པའི་གསུང་། མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། མཚན་ལྡན་བླ་མའི་གདུང་འཛིན་ཤཱཀྱའི་དགེ་སློང་ངག་དབང་རྣམ་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། སྟག་གི་ལོ་ཟླ་བ་བརྒྱད་པའི་ཚེས་ཉེར་གཅིག་གི་སྐར་མ་མགོའི་ཉིན་དགའ་ལྡན་བྱམས་པ་སྡིངས་ཀྱི་ཆོས་རྗེ་རིན་པོ་ཆེའི་གཟིམས་ཁང་དམ་པར་སྦྱར་བའི་ཡི་གེ་པ་ནི་བློ་དང་ལྡན་པའི་འཇམ་དཔལ་བློ་གྲོས་ཀྱིས་སོ། །འདིས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སེམས་ཉིད་ཡེ་ནས་སངས་རྒྱས་པ་ཉིད་དུ་ཤེས་ཏེ། ཕྱམ་གཅིག་པར་བླ་མའི་དྲིན་ལས་ཇི་ལྟ་བར་རྟོགས་པ་ཉིད་དུ་གྱུར་ཅིག །

༈ བླ་མའི་རྣམ་ཐར་ཟླ་བའི་དཀྱིལ་འཁོར་ལས། །གང་གསུང་ཆ་ཤས་རྫོགས་པའི་འོད་ཟེར་ཏེ། །བདག་བློའི་མཁའ་ལ་ཤར་ཏེ་བཀོད་པ་ལས། །དད་ལྡན་ཀུན་དའི་ཚལ་རྣམས་དགྱེས་པར་མཛོད། །དེ་ལས་བྱུང་བའི་དགེ་བ་རྒྱ་མཚོ་ལས། །འགྲོ་ཀུན་བུང་བ་ཆོས་ཀྱིས་ཚིམ་བྱས་ནས། །མཐར་ཡང་བླ་མའི་གོ་འཕང་བསྒྲོད་པར་ཤོག །གཞན་ཡང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དམ་པས་མ་བཞིན་བརྩེ་བས་རྗེས་བཟུང་སྟེ། །གང་གསུང་སྒྲུབ་བྱེད་ཐུགས་ཀྱི་བུ་གཅིག་པུ། །དམ་ཆོས་ནུ་ཞོ་ངོམས་པ་ཉིད་གྱུར་ཅིག །དགེ་བ་དང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཕུན་སུམ་ཚོགས་པ་མངའ་བས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

མཁའ་འགྲོ་སྙིང་ཐིག་གི་ཁ་བྱང་།

༄༅། །མཁའ་འགྲོ་སྙིང་ཐིག་གི་ཁ་བྱང་བཞུགས་སོ༔

༄༅༔ ཌནཱག༔ ཨེ་མཿ བདག་འདྲ་མཚོ་རྒྱལ་བུད་མེད་བློ་དམན་ཡང༔ བླ་མ་སྤྲུལ་པའི་སྐུ་ཡི་ཐུགས་རྗེས་བཟུང༔ གསང་སྔགས་ཟབ་མོ་རྫོགས་ཆེན་ལམ་ལ་ཞུགས༔ ཁྱད་དུ་འཕགས་པ་སྙིང་ཐིག་གདམས་པ་གནང༔ དེ་ཡི་ཆོས་བཀའ་ཚང་བར་བྱ་བའི་ཕྱིར༔ མ་བུའི་དཀར་ཆག་ཕྱི་རབས་དོན་དུ་བྲི༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

ཡང་གསང་ཁྱད་འཕགས་གདམས་སྐོར་དང་པོ་ལ༔ བཏགས་གྲོལ་རྒྱུད་ཀྱི་མ་བུ་བསྟན་པ་ནི༔ བཏགས་གྲོལ་དང་ནི་གཅིག་ཤེས་ཀུན་གྲོལ་དང༔ ཡང་ཏིའི་རྒྱུད་དང་སངས་རྒྱས་སྲས་གཅིག་དང༔ རང་བྱུང་རྒྱུད་(༢)དང་ཡོངས་རྫོགས་ཆེན་པོའི་རྒྱུད༔ རྒྱུད་དྲུག་མ་ཡིན་བུ་ནི་རྣམ་པ་དྲུག༔ བཏགས་གྲོལ་ཏི་ཀ་གསལ་བྱེད་དོན་སྙིང་དང༔ ཀུན་གྲོལ་ཏི་ཀ་གསལ་བྱེད་མེ་ལོང་དང༔ ཡང་ཏིའི་ཏི་ཀ་གསལ་བྱེད་ཤེལ་སྙིང་དང༔ སྲས་གཅིག་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང༔ རང་བྱུང་ཏི་ཀ་གསལ་བྱེད་དུང་སྤར་ཁབ༔ ཡོངས་རྫོགས་ཏི་ཀ་གསལ་བྱེད་དྲི་མེད་དང༔ དེ་ལྟར་མ་བུ་བཅུ་གཉིས་དག་གིས་བཏགས་གྲོལ་རྒྱུད་འགྲེལ་རྫོགས༔ དེ་ཡི་ཕྲན་ལ་ལོ་རྒྱུས་རྩལ་དབང་དང༔ རྒྱུད་ཀྱི་བཅང་ཐབས་གཞན་དོན་རྟགས་བསྟན་དང༔ ཡོན་ཏན་བྱུང་ཚུལ་ཆེ་བ་བསྟན་པ་དང༔ འདས་རྗེས་གསུམ་དང་དོན་ཁྲིད་བཅས་པ་སྟེ༔ བཅུ་གཉིས་བཅུ་གཅིག་ཕྲན་དང་བཅས་པ་དང༔ དུམ་བུ་ཉེར་གསུམ་དག་གིས་བཏགས་གྲོལ་མ་བུ་ཚང༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རྒྱ་རྒྱ་རྒྱ༔

དབང་དང་ལག་ལེན་དག་གི་མ་བུ་ནི༔ རིགས་ལྔ་ཕྱི་ནང་གཉིས་ཀྱི་སྒྲུབ་པ་དང༔ སྤྲོས་བཅས་བུམ་པའི་དབང་དང་གསུམ་པའི་ལག་ལེན་དང༔ དབང་གསུམ་ས་བཅད་ཌཱཀྐིའི་མངོན་རྟོགས་དང༔ དབང་གི་རྒྱབ་ཡིག་ཁྱད་པར་དབང་ལྔ་དང༔ མཆོད་འབུམ་ལས་བྱང་གཉིས་ཏེ་མ་བཅུ་ཡིན༔ དེ་ཡི་བུ་ནི་དབང་སྒྲུབ་བུམ་སྒྲུབ་དང༔ དཀྱིལ་འཁོར་རྣམ་དག་ཚོགས་མཆོད་གཏོར་མ་དང༔ ཌཱཀྐིའི་ཚོགས་མཆོད་དབང་གསུམ་ཐོ་ཡིག་དང༔ གསང་དབང་ཤེས་རབ་དབང་གི་ལྷན་ཐབས་དང༔ ཌཱཀྐི་སྲོག་ཏིག་སྤྱི་གནད་བླ་རྡོ་དང༔ ཌཱཀྐི་ནོར་སྒྲུབ་དང་ནི་དུམ་བུ་བཅུ་གསུམ་སྟེ༔ དེ་ལྟར་ཉེར་གསུམ་དག་གིས་ལག་ལེན་མ་བུ་གྲུབ༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རྒྱ་རྒྱ་རྒྱ༔

ཁྲིད་ཀྱི་མ་བུ་གཉིས་ཀྱི་གྲངས་བསྟན་པ༔ ཐོད་རྒལ་(༣)ལམ་ཁྲིད་ནོར་བུའི་སྙིང་པོ་དང༔ དེ་ཡི་ཏི་ཀ་གསལ་བྱེད་སྒྲོན་མེ་དང༔ ཁྲིད་རྒྱབ་ལུང་གི་ཕྲེང་བ་མ་གསུམ་ཡིན༔ དེ་ཡི་བུ་ནི་ལག་ཁྲིད་རྟགས་ཚད་དོ༔ མ་གསུམ་བུ་གཉིས་ཁྲིད་ཀྱི་ལག་ལེན་གྲུབ༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རྒྱ་རྒྱ་རྒྱ༔

དེ་དག་རྣམས་ཀྱི་རྒྱབ་ཆོས་བསྟན་པ་ནི༔ སྙིང་ཐིག་ཆེན་མོ་དོན་གསལ་མེ་ལོང་དང༔ རྣལ་འབྱོར་བཞི་དང་ཞུས་ལེན་ཌཱཀྐིའི་ཞལ་གདམས་སོ༔ དེ་ཡི་བུ་ནི་ངོ་སྤྲོད་ལམ་འབྲས་དང༔ ཞལ་གདམས་གནད་ཐིག་རྡོ་རྗེ་ཆུ་འཐུང་དང༔ མ་ལྔ་བུ་བཞིས་ཆོས་ཀྱི་རྒྱབ་ཡིག་ཚང༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རྒྱ་རྒྱ་རྒྱ༔

བར་དོ་དག་གི་མ་བུ་བསྟན་པ་ནི༔ ཞི་བ་བར་དོ་ཁྲོ་བོ་བར་དོ་དང༔ འཆི་ལྟས་ངོ་སྤྲོད་ལམ་ཁྱེར་རྣམ་པ་གསུམ༔ མ་གཉིས་བུ་གསུམ་དག་གིས་བར་དོ་གྲུབ༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ རྒྱ་རྒྱ་རྒྱ༔

འདི་ཡི་ཆ་ལག་གཏུམ་མོའི་གདམས་པ་དང༔ རྡོ་བཅུད་བདུད་རྩི་རྡོ་ཡི་བཅུད་ལེན་གཉིས༔ ལྟོ་གོས་ཞེན་པ་གཅོད་ཕྱིར་དགོས་པ་ཡིན༔ བཀའ་སྲུང་སྲོག་སྒྲུབ་རྒྱུད་དང་གདམས་པ་དང༔ འགྱུ་དུས་ཐུན་དྲུག་བླ་རྡོ་ཆོ་འཕྲུལ་དང༔ དེ་དག་རྣམས་ལ་ལྷག་ཆད་མེད་པ་ཡིས༔ མཁའ་འགྲོ་སྙིང་ཐིག་གདམས་པའི་ཁ་བྱང་རྫོགས༔ སྙིང་ཐིག་ཟབ་མོའི་གདམས་པ་འཆལ་དོགས་པས༔ ལྷག་ཆད་མེད་པར་ཁ་བྱང་ཉིད་ལ་མནན༔ སྐལ་ལྡན་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༄༅༔ ཨེ་མ་ཧོ་ཨོ་རྒྱན་པདྨ་ང༔ ཕ་མེད་མ་མེད་མེ་ཏོག་པདྨའི་བུ༔ རུས་མེད་རིགས་མེད་རྒྱ་མཚོའི་གཏིང་དུ་སྐྱེས༔ ཕྱི་མེད་ནང་མེད་འོད་གསལ་ངང་དུ་གནས༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ༔ མཁས་པ་ཤྲཱི་སིང་ཧ་ལ༔ བཅོ་བརྒྱད་རྒྱུད་དང་དེ་འགྲེལ་དང༔ རྫོགས་ཆེན་གདམས་པ་བཅས་པ་ཞུས༔ བློ་ཅན་མྱ་ངན་འདའ་དོན་དུ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ ལྷ་ལྕམ་མནྡ་ར་བ་ལ༔ སྒྲུབ་སྡེ་མོ་ནི་བཅོལ་ནས་སུ༔ འདི་ཉིད་བསྒོམས་པས་ཟག་བཅས་ཀྱི༔ སྒྱུ་མའི་ཕུང་པོ་ཡལ་ནས་ཀྱང༔ ཟག་མེད་སྒྱུ་མའི་སྐུ་འདི་ལ༔ རང་བཞིན་མ་གྲུབ་སྐྱེ་ཤི་བྲལ༔ རྒྱུད་ཀྱི་ཁོང་སྙིང་(༤)གདམས་པར་ཕྱུང༔ གཡའ་རི་གོང་དུ་ཡི་གེར་བཏབ༔ རྒྱུད་དང་གདམས་པ་ཀུན་ཁྱེར་ནས༔ འགྲོ་བའི་དོན་དུ་བོད་དུ་འོང༔ མངའ་བདག་རྒྱལ་པོ་ལ་སོགས་པའི༔ སྐལ་ལྡན་སློབ་བུ་མང་ལགས་ཀྱང༔ ཚིག་ཙམ་རླུང་ཕྱོགས་ཟག་པ་མེད༔ བི་མ་མི་ཏྲ་འབྱོན་དགོངས་ནས༔ སྙིང་ཐིག་བསྟན་པ་ཁོང་གིས་སྐྱོང༔ གདུལ་བྱ་ཁོང་གི་དུས་ལ་བབ༔ བདག་ནི་ལྷ་སྲིན་འདུལ་དུས་བབ༔ པདྨ་བདག་གི་སྙིང་ཐིག་བསྟན་པ་ནི༔ ཚེ་ལོ་ལྔ་བཅུ་ཁ་རལ་གྱི་དུས་སུ་སྙིང་ཐིག་སྔ་འགྱུར་འཆལ་ཏེ་ནུབ་ཏུ་ཉེ་བའི་དུས་ན༔ མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི༔ ལོ་བརྒྱད་ལ་ཚེའི་དུས་བྱས་པའི་དུས་ན༔ སྙིང་ཐིག་གི་བསྭེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པས་མོའི་ཆོས་སྐལ་དུ་སྦེད་དགོས་གསུངས་ཏེ༔ མོ་སྐྱེ་བ་འགའ་ཞིག་བརྒྱུད་པའི་ཐ་མ་ལ་མི་ལུས་ལེན༔ དེ་ནས་བདག་གི་གསུང་གི་སྤྲུལ་པས་རྗེས་སུ་འཛིན༔ སྐྱེ་བ་དེའི་རྟིང་མ་ལ༔ སྙིང་ཐིག་མན་ངག་གི་གཏེར་མ་དང་མཇལ་དེའི་དུས་སུ་འགྲོ་དོན་རྒྱ་ཆེན་པོ་མི་འོང་ཀྱང༔ འབྲེལ་ཚད་དོན་ལྡན་ཡིན༔ འོན་ཀྱང་ཆོས་དང་སྨོན་ལམ་འབྲེལ་བ་བདུན་ཅུ་འོང༔ ཟབ་མོའི་གནད་འབྲེལ་བདུན་གསུམ་འབྱུང་སྟེ༔ དེ་མིན་མི་འབྱུང་ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ མཚོ་རྒྱལ་ཁྱོད་ལ་གཏད་པ་ཡི༔ ཀུ་སུ་ལུ་ཡི་གདམས་སྐོར་འདི༔ ཏི་སྒྲོའི་བྲག་ལ་ཡི་གེར་བཏབ༔ དང་ལུང་ལྡང་ལྷའི་བྲག་ལ་གཏེར་དུ་གཏམས༔ པདྨ་ལས་འབྲེལ་རྩལ་གྱིས་གཏེར་སྒོ་འབྱེད༔ དེ་དུས་འགྲོ་དོན་རྒྱ་ཆེན་མི་འབྱུང་ཡང༔ ཕྱི་མ་འགྲོ་དོན་དཔག་ཏུ་མེད་པ་འགྲུབ༔ ཀུན་ཏུ་བཟང་པོ་ཀློང་གསལ་ཉི་མ་དང༔ བཅོ་བརྒྱད་རྒྱུད་དང་གདམས་པར་བཅས་པ་རྣམས༔ བུམ་ཐང་སེང་གེའི་རྫོང་ལ་གཏེར་བུ་སྦེད༔ དྲི་མེད་འོད་ཟེར་གཏེར་དེའི་སྒོ་དབྱེ་སྟེ༔ བསྟན་པ་ལོ་ནི་བདུན་ཅུ་དོན་གསུམ་སྐྱོང༔ དེ་སྲས་ཟླ་བ་གྲགས་པས་ཀྱང༔ བསྟན་པ་ལོ་ནི་དགུ་བཅུ་སྐྱོང༔ དེ་ནས་སྤྲུལ་པ་ཆོས་དབྱིངས་སྡུད༔ སྨོན་ལམ་འབྲེལ་བ་སྟོང་རྩ་བརྒྱད༔ ཟབ་མོའི་གནད་འབྲེལ་བརྒྱ་རྩ་བརྒྱད༔ འགྲོ་དོན་སྐྱོང་བ་སུམ་ཅུའོ༔ གཏེར་ཁ་གྲངས་ཀྱང་མང་བར་འབྱེད༔ སྐྱེ་བ་དེ་ལ་མངོན་རྫོགས་ནས༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ ཨུ་རྒྱན་ང་ཡི་སྤྱན་སྔར་ནི༔ ལྷག་མ་མེད་པ་མངོན་སུམ་དུ༔ སྐྱེ་བ་དེ་ལ་འཚང་རྒྱའོ༔ (༥)ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཆོས་གཏེར་ཁ་བྱང་བསྟན་པར་བྱ༔ ལྗོངས་ཁ་བ་ཅན་གྱི་རྒྱལ་ཁམས་སུ༔ གཏེར་ཁ་བྱེ་བ་དགུ་ཁྲི་སྦས༔ ཕྲ་མོ་རྩིས་ལས་འདས་པ་སྦས༔ ཆོས་གཏེར་ཁྲི་དང་ཉེར་ལྔ་སྦས༔ ནོར་གཏེར་བརྒྱ་དང་རྩ་བརྒྱད་སྦས༔ གཏེར་ཆེན་བརྒྱ་དང་རྩ་བརྒྱད་སྦས༔ ཐུགས་གཏེར་ལྔ་ལ་སོགས་པ་ཡི༔ གཏེར་ཁ་ཇི་སྙེད་སར་སྦས་ཀྱང༔ གདམས་པའི་མཐར་ཐུག་ཡང་དག་པ༔ འདི་མིན་སྦས་རེ་ན་ར་ཀན༔ སྙིགས་དུས་རྩུབ་འགྱུར་དུས་བྱུང་ཚེ༔ འཕྲད་ཆོག་མན་ངག་སྙིང་ཐིག་འདི༔ ང་ཡི་ཐུགས་སྲས་ཤེས་རབ་བློ་དང་ལྡན༔ པདྨ་ལས་འབྲེལ་རྩལ་དང་འདི་འཕྲད་ཤོག༔ དྭགས་པོ་དང་ལུང་ཞེས་བྱ་བའི༔ ཕུ་ཤར་མདའ་ནི་བྱང་དུ་བལྟ༔ དེ་ལྟ་བུ་ཡི་ལུང་ཕུ་ན༔ ལྡང་ལྷ་ཞེས་བྱའི་བྲག་རི་ནི༔ ནག་པོ་ཁ་ནི་ནུབ་ཏུ་བལྟ༔ དེ་མདུན་བྲག་བོད་གསུམ་ཡོད་དེ༔ བོ་དོ་གསུམ་གྱི་དབུས་མ་ལ༔ རིན་ཆེན་ཆོས་ཀྱི་གཏེར་སྒོ་ནི༔ མཁའ་འགྲོ་སྙིང་ཐིག་ཅེས་བྱ་བའི༔ སྐད་ཅིག་རིག་པ་མངོན་སུམ་གྱི༔ སྣང་བ་འཕྲལ་དུ་ཚད་ཕྱིན་ཡོད༔ འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད༔ འདི་ནི་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༄༅༔ བཏགས་གྲོལ་སྐོར་ལ་མ་བུ་ཉི་ཤུ་གསུམ༔ དབང་གི་སྐོར་ལ་མ་བུ་ཉི་ཤུ་གསུམ༔ ཁྲིད་ཀྱི་སྐོར་ལ་མ་བུ་རྣམ་པ་ལྔ༔ རྒྱབ་ཆོས་སྐོར་ལ་མ་ལྔ་བུ་བཞི་འོ༔ བར་དོ་མ་གཉིས་བུ་གསུམ་དག་གིས་རྫོགས༔ ཐམས་ཅད་མདོར་དྲིལ་དྲུག་ཅུ་རྩ་ལྔ་ཡིས༔ མཁའ་འགྲོ་སྙིང་ཐིག་གདམས་པ་མ་ལུས་འགྲུབ༔ དེ་ཡི་བཀའ་སྲུང་སྲོག་སྒྲུབ་ནག་མོ་ལ༔ ཆ་རྐྱེན་དྲུག་གི་དེ་ཉིད་ལྷག་ཆད་མེད༔ སྐལ་ལྡན་དང་འཕྲད་ལྷག་མེད་འགྲུབ་པར་ཤོག༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རོང་བན་གྱིས་གདན་དྲངས་པའོ༔

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་བླ་མ་བརྒྱུད་པའི་ལོ་རྒྱུས།

༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་བླ་མ་བརྒྱུད་པའི་ལོ་རྒྱུས་བཞུགས་སོ༔

༄༅༔ ཐྱ།ཏ།སནཱ༔ བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར༔ བླ་མ་བརྒྱུད་པའི་ལོ་རྒྱུས་མདོ་ཙམ་བཤད་པར་བྱ་སྟེ༔ དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་(༢)པས༔ ཇི་ལྟར་བརྒྱུད་པའི་ལོ་རྒྱུས་ནི༔ རྒྱུད་འདི་ཉིད་ལས༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉིད་ལས་མི་གཞན་སེམས་དཔའི་སྣོད༔ བྱིན་གྱིས་བརླབ་ཀྱིས་བདག་ཉིད་ལ༔ གཏད་པས་གཅིག་ཤེས་ཆོས་ཀུན་གྲོལ༔ བཅིངས་དང་གྲོལ་བའི་མཐའ་ལས་འདས༔ རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས༔ རང་བྱུང་དགའ་རབ་ཐུགས་ལ་ཤར༔ སེངྷ་ཉིད་ལ་རྒྱུད་གཏད་པ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ ལྔ་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་པས༔ དེ་ཡང་མཁའ་ཀློང་རྣམ་པར་དག་པ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ ཆོས་ཀྱི་སྐུ་དྲི་མ་དང་བྲལ་བ༔ ཅིའི་ངོ་བོར་ཡང་མ་གྲུབ་པ་ལས༔ སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ནས༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས༔ འོག་མིན་གྱི་གནས་སུ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད༔ ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྡོ་རྗེ་སེམས་དཔས་དུར་ཁྲོད་མེ་རི་(༣)འབར་བའི་གཞལ་ཡས་ཁང་དུ༔ བཞུགས་པ་མིའི་ཡུལ་ན་བཞུགས་ཀྱང༔ དགོངས་པ་སངས་རྒྱས་དང་མཉམ་པའི་སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ལ་ཚིག་ཙམ་དུ་བཤད༔ དེས་སློབ་དཔོན་ཤྲཱི་སེངྷ་ལ་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན༔ དེས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་ཞེས་བྱ་བ༔ རྡོ་རྗེ་ལྟ་བུའི་སྐུ་སྐྱེ་ཤི་འདས་གྲོངས་དང་བྲལ་བ་དེ་ལ༔ དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་བསྟན༔ དེས་ཌཱཀྐི་མ་ཐམས་ཅད་ཀྱི་ལུང་བསྟན་དང་སྣང་བ་ཐོབ་པའི་མཁར་ཆེན་བཟའ་མཚོ་རྒྱལ་ལ་བཞོ་སྟོད་ཏི་སྒྲོའི་བྲག་ཏུ་གླེན་སྒམ་ཡིད་དཔྱོད་མུན་འཐུམས་དང་བྲལ་ནས་ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས༔ དེས་རྒྱལ་པོའི་ལྷ་ལྕམ་པདྨ་ལས་འབྲེལ་རྩལ་ལ་མཆིམས་ཕུ་དཔལ་གྱི་གནས་མཆོག་ཏུ་ལྔ་ལྡན་བརྒྱུད་པའི་ཚུལ་དུ་བྱིན་གྱིས་བརླབས་ཀྱིས་བསྟན༔ དེ་ཉིད་ཀྱིས་བྱར་པོ་གྲོང་པོ་དགོན་པར་སྤྲུལ་པའི་སྐུ་ལེགས་ལྡན་ཆེན་པོ་ལ་བཀའ་ལུང་ཡོངས་རྫོགས་སུ་གཏད༔ དེ་ཉིད་ཀྱིས་ཙཱ་རི་དཔལ་གྱི་གནས་སྒོ་རུ༔ ཆོས་ཉིད་དོན་གྱི་རྣལ་འབྱོར་པ་བདེ་ལེགས་པ་ལ༔ འོད་གསལ་རྒྱ་ཡན་ལྷུག་པ་ཕྱོགས་མེད་མཐའ་གྲོལ་ཆེན་པོར་གཏན་ལ་ཕབ་ནས་གསུངས༔ དེ་ཉིད་ཀྱིས་ཐར་གླིང་དཔལ་གྱི་གནས་མཆོག་ཏུ༔ དྲིན་ཆེན་བྱ་བཏང་ཆོས་རྗེ་ལ་དབྱིངས་རིག་འདུ་འབྲལ་མེད་པར་དབང་པོའི་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས༔ དེ་ཉིད་ཀྱིས་སྨན་རྩེ་དབེན་ཞིང་སྤྲོ་བའི་གནས་མཆོག་ཏུ༔ བྱམས་དང་སྙིང་རྗེ་འབྱོངས་པའི་བྱམས་སེམས་གྷུ་ན་ལ༔ ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འབྲེལ་ཅིང༔ སྐུ་གསུམ་འདུ་འབྲལ་མེད་པར་གཏན་ལ་ཕབ་ནས་གསུངས༔ བདག་འདྲ་མཁར་ཆེན་བཟས་བསྡུ་བ་པོ་མཛད་ནས༔ མ་འོངས་ལས་ཅན་གྱི་ཐུགས་སུ་བརྒྱུད་པར་བྱིན་གྱིས་བརླབས་ཏེ༔ ཌཱཀྐི་མ་ལ་གཏད་དེ༔ རིན་པོ་ཆེའི་གཏེར་དུ་སྦས་སོ༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ བླ་མ་བརྒྱུད་པའི་རིམ་པ༔ ཐ།ན།ཏ།ཐ།༔ བྱ།ཅཱ།ནྱ།ཧ༔ དགེའོ༔

བཏགས་གྲོལ་གྱི་རྒྱུད་དྲུག་བཞུགས་པའི་དབུ།

༄༅། །བཏགས་གྲོལ་གྱི་རྒྱུད་དྲུག་བཞུགས་པའི་དབུའོ༔

༄༅༔ ཐཱཁྱབྱཉྲམྲཤྭགྲ༔ ཊྒགྲངཨཏྲཐྭམཀྲ༔ བཏགས་གྲོལ་སྙིང་པོའི་རྒྱུད་བཞུགས་སོ༔ ཨོ་(༤)རྒྱན་གྱི་སྐད་དུ༔ པྲཱད་དྷ་ཀྸཱ་ནཱི་ར་ཨ༔ བོད་སྐད་དུ༔ བཏགས་གྲོལ་སྟོང་གསལ་ཏི་ལ་མཐའ་དབུས་བྲལ༔ རང་བྱུང་དབྱིངས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཆོས་དབྱིངས་གསལ་མདངས་ཀློང་དཀྱིལ་ནས༔ རང་བྱུང་རང་ཤར་རྒྱུད་གསུངས་པ༔ ཨེ་མཿརང་བྱུང་རིག་པའི་འཁོར་རྣམས་གསོན༔ སྲིད་པའི་རྩ་བ་བདག་འཛིན་ཉིད༔ ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ༔ སྟོང་གསལ་མདངས་ལྔའི་སྒོ་ཕྱེ་སྟེ༔ ཏི་ལ་གསལ་སྟོང་མཐའ་བྲལ་ཉིད༔ རྐྱེན་མེད་རྩོལ་བྲལ་ལྷུག་པར་བཞག༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ བཏགས་གྲོལ་ཉིད་དུ་བུདྡྷ་འོ༔ ཚིག་བདུན་རྒྱུད་ཀྱི་ཡང་སྙིང་འདི༔ བཏགས་གྲོལ་བཅངས་པས་འཁོར་བ་སྟོངས༔ ཀུན་བཟང་ཡབ་ཡུམ་ཀློང་ནས་རང་བྱུང་བ༔ བཏགས་གྲོལ་སྙིང་པོའི་རྒྱུད་ཚིག་བདུན་པ་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད་དོ༔ ཐ།རྕ།རྨ།༔ ཅ།།ཧྲམྲ༔ ཤཟ།ཅགཀ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གཅིག་ཤེས་ཀུན་གྲོལ་གྱི་རྒྱུད།

༄༅། །གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་བཞུགས་སོ༔

༄༅༔ ཏྭམཱསྱ།བྲ།ཐྲཐ།ཤ༔ བུདྡྷ་ཌཱཀྐིའི་སྐད་དུ༔ ཨེ་ག་དུ་པ་ར་དྷེ་ཤ་ཨྐ༔ བོད་སྐད་དུ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད༔ ཏི་ལ་མཐའ་གྲོལ་དབྱིངས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉག་གཅིག་ཀློང་ནས་བཀའ་སྩལ་པ༔ མ་འགགས་རིག་མདངས་འཁོར་རྣམས་གསོན༔ ཨེ་མ་ཧོ༔ སྟོང་གསལ་ཏི་ལ་ཉག་གཅིག་འདི༔ འཁོར་འདས་ཀུན་གྱི་རྩ་བ་ཡིན༔ རང་བྱུང་ཡེ་ཤེས་དོན་རྟོགས་ན༔ གཅིག་ཤེས་ཀུན་ལ་མཁས་པར་འགྱུར༔ ཉག་གཅིག་གསལ་མདངས་ཡེ་ཤེས་ལྔ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས༔ ས་ལམ་ཐེག་པའི་བྱེ་བྲག་ཀུན༔ རྩ་བ་ཏི་ལ་གཅིག་ལས་གྱེས༔ བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན༔ སྡེ་གསུམ་རིམ་གསུམ་ཨ་ཏིར་འདུས༔ ཨ་ཏི་ཕྱི་ནང་གསང་བའི་སྐོར༔ ཡང་གསང་བླ་ན་མེད་ལ་སོགས༔ གཅིག་ཤེས་ཀུན་ལ་མཁས་པར་རྫོགས༔ ཤེས་བྱའི་རྒྱུད་རྣམས་ཐམས་ཅད་ཀུན༔ ལྟ་སྤྱོད་ཏིང་འཛིན་དབང་དང་ནི༔ དམ་ཚིག་དཀྱིལ་འཁོར་ལྷ་མཆོད་སྔགས༔ ཕྲིན་ལས་ཉམས་རྟོགས་ས་ལམ་རིམ༔ གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན༔ ཉག་གཅིག་ཀློང་དུ་རྟོགས་གྱུར་ན༔ རྒྱུད་དོན་ཀུན་ལ་མཁས་འགྱུར་ཞིང༔ ཏི་ལ་(༥)ཉག་གཅིག་ཀློང་དུ་གྲོལ༔ འདི་ཉིད་བཅངས་ཤིང་དོན་རྟོགས་པས༔ གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར༔ འདི་ནི་རེག་པ་ཙམ་གྱིས་ཀྱང༔ ཀུན་བཟང་བདེ་ཆེན་དབྱིངས་ལ་འཁོད༔ ཆོས་སྐུ་ཏི་ལ་ཉག་གཅིག་ཀློང་ནས་རང་བྱུང་བ༔ ཡང་སྙིང་བཅུད་ཀྱི་ཐིགས་པ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད་དོ༔ འཅྱ།ཁུཏྱ།༔ ཨཏྱ།ཥྴ།ཤ༔ བུ།ཐསགྴ༔ རྒྱ་རྒྱ་རྒྱ༔ དགེའོ༔

ཡང་ཏི་གསེར་གྱི་འབྲུ་གཅིག་པའི་རྒྱུད།

༄༅། །ཡང་ཏི་གསེར་གྱི་འབྲུ་གཅིག་པའི་རྒྱུད་བཞུགས་སོ༔

༄༅༔ གྒ།ཞྭ།ཧྱ།།༔ ཡང་དག་སྐད་དུ༔ ཨ་ཏི་ཀང་ཙ་མ་ཎ་དྷ་ལ༔ བོད་སྐད་དུ༔ གསེར་གྱི་འབྲུ་གཅིག་པའི་རྒྱུད༔ མི་འགྱུར་ལྟ་བའི་ཀློང་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ མི་འགྱུར་དབྱིངས་ནས་བཀའ་སྩལ་པ༔ ཉོན་ཅིག་སྟོང་གསལ་རིག་མདངས་འཁོར༔ ཨེ་མ་ཧོ༔ ཏི་ལ་ཉག་གཅིག་ཡེ་ཤེས་དོན༔ སྟོང་གསལ་མི་འགྱུར་མཐའ་དང་བྲལ༔ ཡང་ཏི་སྙིང་པོ་ཇི་བཞིན་ནོ༔ མི་དམིགས་དབྱིངས་ནས་རང་བྱུང་བ༔ ཡང་ཏི་སྙིང་པོའི་རྒྱུད་འདི་ཉིད༔ བཅངས་ཤིང་མཐོང་ཐོས་རེག་པས་ཀྱང༔ གསལ་མདངས་ཀློང་དུ་བུདྡྷའོ༔ ཡང་ཏི་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱའོ༔ ཨ།ཏྱ།ཏྱེེ།།༔

ཐོ།གམཱ༔ མྱརྐྱ།སྭ༔ རྒྱ་རྒྱ་རྒྱ༔

སྲས་གཅིག་ས་བོན་གྱི་རྒྱུད།

༄༅། །སྲས་གཅིག་ས་བོན་གྱི་རྒྱུད་བཞུགས་སོ༔

༄༅༅༔ བྱ།ཅ།ཏྴ།སླ༔ ཀ་ལ་པིང་ཀ་འཛོ་ཡོ་གི་ནིའི་སྐད་དུ༔ བུདྡྷ་གུཏྲྠ་ཀྵཱ་ཨྨྣེ༔ བོད་སྐད་དུ༔ སངས་རྒྱས་སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད༔ རང་བྱུང་དོན་གྱི་ཀློང་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ རང་བཞིན་ཀློང་ནས་བཀའ་སྩལ་པ༔ གནས་ལུགས་རང་རྩལ་འཁོར་རྣམས་གསོན༔ ཉག་གཅིག་རང་བྱུང་ཡེ་ཤེས་འདི༔ སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན༔ ཏི་ལ་སྟོང་པས་ལས་ཀུན་བྱེད༔ ཀུན་ཏུ་བཟང་པོའི་ས་བོན་ནོ༔ ཐམས་ཅད་འདི་ལས་བྱུང་ཞིང་གྲོལ༔ རང་བྱུང་ཉག་གཅིག་རྒྱུད་འདི་ནི༔ མཐོང་ཐོས་བཅངས་པས་འཚང་རྒྱའོ༔ སྲས་གཅིག་ས་བོན་གྱི་རྒྱུད་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད་དོ༔ བྦ།སྲཐྷྲ ཐྱ།གྲརྕ།མ།གྲདྭཉ༔ རྒྱ་རྒྱ་རྒྱ༔

རང་བྱུང་རིག་པའི་རྒྱུད།

༄༅། །རང་བྱུང་རིག་པའི་རྒྱུད་བཞུགས་སོ༔

༄༅༔ ཏྱ།ཏཅུ།སྭའམྭས༔ ཡང་དག་གསང་བའི་སྐད་དུ༔ མ་མ་ཀུ་ལི་ས་མནྟ༔ བོད་སྐད་དུ༔ རང་བྱུང་རིག་པའི་རྒྱུད༔ རང་བྱུང་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ རང་བྱུང་རིག་པའི་རྒྱུད་གསུངས་པ༔ ཨེ་མ་རང་རིག་འཁོར་རྣམས་གསོན༔ རང་བྱུང་ཡེ་ཤེས་ཉག་གཅིག་དོན༔ རང་ཤར་ལྷུག་པ་གཟའ་གཏད་བྲལ༔ དེ་ཡི་མཐར་འཛིན་གྲོལ་གྱུར་ན༔ འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང༔ རང་བྱུང་རིག་རྩལ་ཀློང་དུ་གྲོལ༔ འདི་ལ་བཏགས་གྲོལ་སངས་རྒྱས་ཞེས༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཀུན་བཟང་རིག་པའི་ཀློང་ནས་རང་བྱུང་བ༔ རང་བྱུང་རིག་པའི་རྒྱུད་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱའོ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ རྱ།གཐཱར༔ ཏྱ།རྒབི༔ ཙ།རྱ།ཏྱཱམཱ།༔ རྒྱ་རྒྱ་རྒྱ༔

འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད།

༄༅། །འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་བཞུགས་སོ༔

༄༅༔ ཐྭམཉྲཐདྷ།མཏ།།༔ རྒྱ་གར་སྐད་དུ༔ ཐ།ཊཨཏ།གཨ༔ བོད་སྐད་དུ༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད༔ རང་བྱུང་རང་ཤར་ཉིད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན༔ མཐོ་དམན་ཕྱི་ནང་མེད་གནས་སུ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ ཡབ་ཀྱི་དགོངས་པ་ཀུན་ཏུ་བཟང༔ ཨ་ཏི་རང་ཤུགས་ཚིག་ཏུ་བྱོན༔ ཨེ་མ་འདི་འཛིན་སྐལ་བ་ཆེ༔ འདི་ནི་རང་བྱུང་ཆེན་པོའོ༔ ཏྱ།ག།རྱ།ཐ།ཏ།ཊྱརྒ༔ ཨེ་མ་ཀི་རི་ཀི་རི༔ མས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུནྡྷ་ལི་མ་སུ་མ་སུ་མ༔ ཨེ་ཀ་རི་ལི་སུ་བྷ་ས་ཏ་ཡེ༔ ཙ་ཀི་རང་བྱུང་བྷུ་ཡི་ཏ་ལི་ཀོ་ཏ༔ ལྕེ་ཡེ་ས་མུན་ཏ༔ ཙཏྱ་སུ་གྷ་བི་ཏེ་ཡེ༔ བྷི་ཏ་ས་ན་བྱང་གྷུ་ལི༔ ཀེ་ས་ཀེ་ར་བྷུ་ཀ་ན༔ མཧཱ་ཏ་རི་བེ་ཏ་ནི༔ ཕ་བྲས་ར་ལི་ཧི་ལ༔ ཧ་སི་ན༔ སམ་བྷུད་ར་ཏ༔ མེ་ག་ཙ་ར་ཏ་བ༔ སུཏྱ་བྷ་ཏྲ་ས༔ ཨྱེ་བ་ཤ་ན་ཡ་བ༔ རན་བྷ་ཏི་ས༔ གུ་ལི་ཏ་ཡ་ཐ༔ གྷུ་ར་གྷུ་ར་པ་ག༔ ཁ་རག་ན་ལམ༔ ན་ར་ན་ར་ཨི་ཐ་ར༔ བྷུདྡྷ་བྷུདྡྷ་ཆི༔ ཤས་ཀྱེ་ལམ༔ ས་ར་རི་རི་ལ་ཁྱེ༔ ས་ཏྲལ་སིར་སྒ༔ བྷེ་ས་བྷེ་ས་རས་པ་ལམ༔ ཨི་ཨི་མ་མ་རཱ་རཱ་ཨ་ཨ་ཨཱཿཧཱུྃ༔ ཡབ་ཀྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་པོའོ༔ གྶཏརྒདྱ།མྭ༔ དེ་ནས་ཡུམ་ཆེན་(༧)ཀུན་བཟང་གིས༔ དགོངས་པ་རང་བྱུང་བཀའ་སྩལ་པ༔ ཨ་ཨཱཿཧཱུྃ༔ ཨེ་མ་ཀི་རི་ཀི་རི་སྨས་ཏ་བྷ་ལི་བཱ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་ཏ་ལི་མ་སུ་མ་སུ༔ ཨི་ཀ་རི་ལི་བྷ་ཡེ༔ ཙ་ཀི་ར་བྷུ་ལི་ཏ༔ ལྕེ་ཡེ་ས་མུན་ཏ༔ ཙཏྱ་སུ་གྷ་བྷི་ཏི༔ ས་ན་བྷ་ཡ་གྷུ་ཡེ༔ ཀེ་རི་དྷ་ཀེ་རི༔ དྷ་ཧ་ཀ་མཧཱ་རི་བི༔ ཧ་ན་པ་རི་ལི་ཧི༔ པ་ནམ་ཁ་ར་ཏ་ཀྴེ་ལ་ན༔ སམ་བྷུད་ར་ཏ་མེ་ཀ་ཙ་ར་ཏ་མ༔ དྷ་པ་སུརྱ་གྷ་ཏར་ཨ༔ མ་ཤ་ན་ས་ར་བྷི་ཧི༔ ཏི་ས་གྷུ་ར་ལ༔ མ་སྨིས་ཡ་གྷུ་ཏི་ལ་ཏ༔ ཡ་གྷུ་ར་གྷུ་ར༔ བརླང་ག་ཁ་ཀ་ལ་ར་ན༔ ལམ་པ༔ ཨི་ཐ་ར་པ་ཏ་ལམ༔ སིར་སྣ་བྷེ་ས་ར་ལ་ས་གེ་ལམ༔ མ་ས་སཱ་རི་རི་ལི་ལི་ཨི་མ་མ་རཱ་རཱ༔ ཏྭ།ཐ།རྦ།ཏི།༔ ཡུམ་གྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་མོའོ༔ དེ་ནས་ཡབ་ཡུམ་གཉིས་མེད་འཁྲིལ༔ དགོངས་པ་གཅིག་ཏུ་བཀའ་སྩལ་པ༔ ཡོན་ཏན་ཀུན་རྫོགས་མཚོན་བྱེད་ཕྱིར༔ ཡི་གེ་ཉི་ཤུ་རྩ་ལྔས་བསྟན༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨ་རཪྵ་གྷི་ཧཾ་ཏི༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་གྷ་ར་ན་སོ་གད་གླིང༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ པུཤྚ་རི་ལ་བྷ་དྷུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རམ་པ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་བཅད་པའི་ཕྱིར༔ མ་ཏ་ཕར་ཕར་སས་མི་ཏ༔ འདུས་ཚོགས་སྣང་བ་ངོས་བཟུང་ཕྱིར༔ ཐ་ཁ་ཊ་རེཀྞ་ས་མིག་གླུང༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨ་ཁེ་ར་ན་བྷེ་ཙག་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་བཅད་ཕྱིར༔ སང་རི་མུ་ཏ་སང་གུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་སྟུང་པ་ས་མ་ཡཱ༔ འཁོར་བ་དོང་ནས་བཏོན་པའི་ཕྱིར༔ མ་མ་ཀོ་ལི་ས་མནྟ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རི་ཡམ་པ་རིམ་མ་ཏི༔ རོ་ཡི་ཡུལ་ཁུངས་སྤུར་བའི་ཕྱིར༔ བུ་ག་སིངྷ་ཕང་གྷ་ལ༔ ཞེན་པའི་ཕྲེང་ཐག་བཅད་པའི་ཕྱིར༔ ར་མི་པི་སི་ཁ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ ཙིག་པ་ཁུམ་ལ་པ་ཏམ་ནི༔ ལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར༔ ས་མ་ཉི་ཁ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་པའི་ཕྱིར༔ བཛྲ་སཏྭ་ཏྲི་ཏོ་མེ༔ ས་ལམ་དུས་གཅིག་བཅད་པའི་ཕྱིར༔ གྷེ་བྷ་ཡུ་གྷར་རྣམ་མ་ཡེ༔ ཡིད་དཔྱོད་ལྟ་བ་ཁུངས་བཅད་ཕྱིར༔ དྷརྨ་པ་ཏི་སི་གྷུ་ལི༔ (༨)སྐུ་གསུམ་ལམ་དུ་བླང་བའི་ཕྱིར༔ ར་མ་སམ་ག་གད་པོ་ཚེ༔ སྣང་བ་དངོས་སུ་བླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལམ༔ སྒྲ་ཡི་ཞེན་པ་བཅད་པའི་ཕྱིར༔ ང་ཏིང་པ་ལ་ཡང་ཀི་ལིས༔ བསམ་གཏན་ཆེན་པོའི་ས་ནོན་ཕྱིར༔ གྷ་ཙ་པ་ལ་ཨ་ཏམ་ས༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨ་ཨེ་ཀ་ཨ་ནུ་པ༔ སངས་རྒྱས་ཞེན་པ་བཟློག་པའི་ཕྱིར༔ སང་ཏྲི་མ་མ་ཀརྨ་ཏ༔ རྒྱལ་སྲས་རྣམས་ཀྱི་ས་ནོན་ཕྱིར༔ ང་ལ་ངེས་པ་ཀི་ལི་ས༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དགོངས་པ་ཀུན་ཏུ་བཟང་པོའོ༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཅི།སྭཐ༔ གྱིགྭཅྭ༔ མྭ།དྣ།བོ༔ ས་མ་ཡ༔ དགེའོ༔

བཏགས་གྲོལ་རྒྱུད་དྲུག་གི་ཏི་ཀ

༄༅། །བཏགས་གྲོལ་རྒྱུད་དྲུག་གི་ཏི་ཀ་བཞུགས་སོ༔

༄༅༔ བྱ།རྱ།མྱཏྱ༔ བཏགས་གྲོལ་སྙིང་པོའི་ཏི་ཀ་བཞུགས་སོ༔ རང་རིག་རྟོགས་པའི་གདིང་ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་སྙིང་པོའི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲའི་སྐད་ཤན་སྦྱར་བ་དང༔ མཚན་དོན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་ཤན་སྦྱར་བ་བསྟན་པ་ནི༔ ཨོ་རྒྱན་སྐད་དུ༔ པྲཱད་དྷ་ཀྸཱ་ནིར་ཨ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས༔ རྒྱུད་ཀྱི་མཚན་བཏགས་གྲོལ་ཞེས་བྱ་བར་འབྱུང་བའོ༔ གཉིས་པ་མཚན་གྱི་དོན་བསྟན་པ་ནི༔ རང་གི་སེམས་ཀྱི་གནས་ལུགས་འདི་བརྟགས་པས༔ དེའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཙ་ན་གྲོལ་བར་བསྟན་པའམ༔ ཡང་ན་འདི་ཉིད་ཀྱི་རྒྱུད་རྣམས་གླེགས་བམ་དུ་བྲིས་ཏེ༔ ལུས་ལ་བཅངས་པ་ཙམ་གྱིས་གྲོལ་བར་བསྟན་པའོ༔

གསུམ་པ་ཕྱག་བཙལ་བ་ནི༔ སྟོང་གསལ་ཏི་ལ་མཐའ་དབུས་བྲལ༔ ཞེས་པ་ནི༔ ཀུན་ཁྱབ་ཀྱི་རིག་པ་ཐིག་ལེ་ཉག་གཅིག་ཀུན་བཟང་ཡབ་ཡུམ་མོ༔ རང་བྱུང་དབྱིངས་ལ་ཕྱག་འཚལ་ལོ༔ ཞེས་པ་ནི་རང་རིག་ཐིག་ལེ་ཉག་གཅིག་པོ་འདི༔ ཡེ་ནས་རང་བྱུང་དབྱིངས་ཁྱབ་ཏུ་ཐམས་ཅད་ལ་བཞུགས་པས་དེ་ཉིད་ལ་ཕྱག་འཚལ་ལོ༔ ཞེས་པའི་དོན་ནོ༔

གཉིས་པ་རྒྱུད་ཀྱི་གཞུང་དོན་ལ་བཞི་སྟེ༔ སྟོན་པ་གང་གིས༔ (༩)གནས་གང་དུ༔ འཁོར་གང་ལ༔ རྒྱུད་ཀྱི་གཞུང་དོན་གང་གསུངས་པའོ༔ སྟོན་པ་ནི་རྒྱུད་ལས༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས་ཞེས་པས༔ སྟོན་པ་ནི་ཆོས་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ༔ གནས་ནི༔ ཆོས་དབྱིངས་གསལ་མདངས་ཀྱི་ཀློང་དུ༔ རང་བྱུང་རང་ཤར་གྱི་རྒྱུད་འདི་ཉིད་རིག་པའི་འཁོར་རྣམས་ལ་ཀུན་ཁྱབ་ཏུ་གདལ་བར་གསུངས་པའོ༔ ཇི་ལྟར་གསུངས་ནས་སྲིད་པའི་རྩ་བ་བདག་འཛིན་ཉིད༔ ཅེས་པས༔ འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་སྟོང་ཞིང་ཅིར་ཡང་མ་གྲུབ་པ་ལ༔ སྟོང་པའི་རང་བཞིན་གསལ་མདངས་སྣ་ཚོགས་སུ་འཆར་བའི་ཕྲ་མོ་འདི༔ སྟོང་གསལ་དུ་མ་ཤེས་པའི་བདག་འཛིན་ཕྲ་མོ་འདིས༔ རང་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཕེལ་ཞིང༔ སྲིད་པའི་རྩ་བ་བྱས་པས་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པའོ༔ ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ༔ ཅེས་པ་ནི༔ ཉོན་མོངས་པའི་རྩ་བ་བདག་འཛིན་ཕྲ་མོ་འདི་ཇི་སྲིད་དུ་བརྟགས་ཏེ༔ ཕྱི་སྣོད་ནང་བཅུད་ལུས་ཀྱི་ཕྱི་ནང་མགོ་མཇུག་ལ་སོགས་པའི་གནས་གང་ནས་བྱུང༔ གང་དུ་འགྲོ༔ ཇི་ལྟར་གནས་པར་འདུག་བརྟགས་པས་ཀྱང་དེ་དག་གང་ནས་ཀྱང་མ་བྱུང༔ གར་ཡང་མ་སོང༔ གང་དུ་ཡང་མི་གནས༔ ཇི་ལྟར་ཡང་མ་མཐོང་བས་ན༔ དེ་ལྟ་ཞིང་གཞིག་བྱེད་ཀྱི་རིག་པ་ཉིད་ལ་བལྟས་ཀྱང་རང་བཞིན་དུ་གྲུབ་པ་རྡུལ་ཙམ་ཡང་མི་འདུག་སྟེ༔ རང་བཞིན་གྱི་སྟོང་པར་འདུག་པས་བདག་འཛིན་རང་སར་གྲོལ༔ དེ་ལྟར་བདག་འཛིན་རང་སར་གྲོལ་ཙ་ན་རྩ་བ་བདག་འཛིན་ལས་གྱེས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་རང་ཞིག་ཏུ་གྲོལ་བར་ངེས་ཏེ༔ དཔེར་ན་རྩ་བ་བཅད་པའི་སྡོང་པོ་ལ༔ ལོ་འདབ་ངང་གིས་འགྱེལ་བ་ལྟར་རོ༔ ཉི་ཟླ་ཁ་སྦྱོར་ལས༔ དམིགས་པས་སྣང་བའི་ཡུལ་རྣམས་ལ༔ རང་བཞིན་མེད་པར་སུས་རྟོགས་པ༔ འདི་ལ་སྣང་སྟོང་གཉིས་སུ་མེད༔ ཚོགས་དྲུག་མ་འགག་ལྷུག་པ་འོ༔ ཞེས་པ་དང༔ ཀློང་གསལ་ལས༔ སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར༔ རིག་པ་སྟོང་པ་ཉིད་དུ་གྲོལ༔ དབང་དང་རྒྱལ་པོ་ཇི་བཞིན་ནོ༔ ཞེས་པའོ༔ སྟོང་གསལ་མདངས་ལྔའི་སྒོ་ཕྱེས་ཏེ༔ ཞེས་པ་ནི༔ རིག་པའི་ངོ་བོ་སྟོང་པ་ཉིད་དེའི་རང་བཞིན་(༡༠)གསལ་བའི་མདངས་ཡེ་ཤེས་རྣམ་པ་ལྔ་པོ་དེ༔ མ་རིག་པ་ལས་གྲུབ་པའི་འབྱུང་བཞིའི་ལུས་ཀྱི་སྦུབས་ན་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན་གནས་ཏེ༔ མུ་ཏིག་ཕྲེང་བ་ལས༔ གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ༔ ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་མ་འགགས་པར་གནས་ཏེ༔ རིག་པ་རང་ཤར་ལས༔ ཡེ་ཤེས་རྣམ་དག་ངོ་བོ་ལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན༔ ཞེས་སོ༔ ནོར་བུ་ཕྲ་བཀོད་ལས༔ ཆོས་ཉིད་རང་གི་ངོ་བོ་ནི༔ གནས་ལུགས་རྣམ་པ་གསུམ་ལ་ཐུག༔ ཅེས་སོ༔ སྒོ་ནི་ཙིཏྟ་ནས་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ན་ཡར་བྱུང་སྟེ༔ མུ་ཏིག་ཕྲེང་བ་ལས༔ ལམ་ནི་རྩ་བཞི་འགྱུ་བྱེད་རླུང༔ ཞེས་སོ༔ སྒོ་དངོས་ནི༔ དབང་པོ་བྲེ་གུར་ནས་གསལ་ཏེ༔ ཡང་དེ་ཉིད་ལས༔ འཆར་བྱེད་སྒོ་ནི་མིག་ལ་སོགས༔ ཞེས་སོ༔ ཏི་ལ་གསལ་སྟོང་མཐའ་བྲལ་ཉིད༔ ཅེས་པ་ནི༔ ཐིག་ལེ་གསལ་སྟོང་རྟག་ཆད་ཀྱི་མཐའ་ལས་འདས་པ༔ དབང་པོས་མངོན་སུམ་དུ་མཐོང་བ་འདི་ཉིད་དོ༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ ཞེས་པ་དང༔ རང་གྲོལ་ལས༔ མཐའ་གཉིས་དྲི་མ་རང་སངས་ཉིད༔ ཅེས་སོ༔ རྐྱེན་མེད་རྩོལ་བྲལ་ལྷུག་པར་བཞག༔ ཅེས་པ་ནི་དེ་ལྟར་དབང་པོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཟང་ཐལ་དེ༔ ཡུལ་རྐྱེན་མེད་པ་དང༔ ས་མཐོ་བའི་གནས་སུ་ལུས་ངག་ཡིད་གསུམ་བྱ་བ་དང་བྲལ་བ༔ འབོལ་ལེ༔ ཤིག་གེ༔ ལྷོད་དེ་བའི་ངང་དུ་རྒྱ་ཡན་དུ་བཞག་པའོ༔ དེ་ལས་རྒྱུན་དུ་མི་འབྲལ་བར་བྱའོ༔ དེ་ཡང༔ ཀློང་གསལ་ལས༔ ངོ་བོ་ཉིད་ལ་རྒྱུན་པར་གནས༔ ཞེས་སོ༔

༈ ད་མཇུག་གི་དོན་ལ་གསུམ་སྟེ༔ རྒྱུད་འདི་བཏགས་ཤིང་བཅངས་པས་གྲོལ་བར་བསྟན་པ་དང༔ གྲངས་དང་རྒྱས་གདབ་པའོ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ བཏགས་གྲོལ་ཉིད་དུ་བུདྡྷའོ༔ ཞེས་པ་ནི་གོང་གི་གསུམ་པོ་དེ་ཐབས་ཀྱིས་བཏགས་ཤིང་རང་གྲོལ་དུ་སངས་རྒྱས་པ་ཡིན་ཏེ༔ ངོ་བོ་སྐུ་རུ་སངས་རྒྱས༔ རང་བཞིན་འོད་དུ་སངས་རྒྱས༔ ཐུགས་རྗེ་ཟེར་དུ་སངས་རྒྱས་པའོ༔ ཐལ་འགྱུར་ལས༔ གནད་ཀྱིས་གྲོལ་བས་འབད་རྩོལ་ཟད༔ ཡེ་ནས་གྲོལ་བས་བསྐྱར་མི་དགོས༔ རང་གྲོལ་ཡིན་པས་གཉེན་པོ་མེད༔ ཅེར་གྲོལ་ཡིན་པས་མཐོང་སར་ཡལ༔ ཡོངས་སུ་གྲོལ་(༡༡)བས་རང་སར་དག༔ དུས་ཀྱིས་གྲོལ་བས་བསྒོམ་མི་དགོས༔ རང་བཞིན་གྲོལ་བས་མ་བཅོས་སོ༔ གྲོལ་ཞེས་ཐ་སྙད་ཙམ་དེ་ཉིད༔ རྟོགས་དང་མ་རྟོགས་སུ་ཡིས་འཆོས༔ དེ་ལ་གྲོལ་ཞེས་སུ་ལ་དམིགས༔ ཁམས་གསུམ་འཇུག་པ་ག་ལ་སྲིད༔ སྲིད་མཐའ་བྲལ་བའི་ཆོས་ཉིད་དོ༔ ཞེས་སོ༔ ཚིག་བདུན་རྒྱུད་ཀྱི་ཡང་སྙིང་འདི༔ བརྟགས་ཤིང་བཅངས་པས་འཁོར་བ་སྟོངས༔ ཞེས་པ་ནི་རྒྱུད་ཚིག་བདུན་པོ་འདིའི་དོན་བརྟགས་ཤིང་གོ་བས་སམ༔ བྲིས་ནས་བཅངས་པས་ཀྱང་གྲོལ་བར་འགྱུར་ཏེ༔ ཀློང་གསལ་ལས༔ མཐོང་ཐོས་བཅངས་པས་སངས་རྒྱས་འགྲུབ༔ ཅེས་སོ༔ ཀུན་བཟང་ཡབ་ཡུམ་ཀློང་ནས་རང་བྱུང་བ༔ བཏགས་གྲོལ་སྙིང་པོའི་རྒྱུད་ཚིག་བདུན་པ་ཅེས་པ་ནི༔ རྒྱུད་འདི་ཉིད་ཆོས་ཀྱི་ཀློང་ནས་རང་བྱུང་ཞིང༔ ཀུན་གྱི་སྙིང་པོ་རྒྱུད་ཚིག་བདུན་པོ་འདིར་འདུས་པའོ༔ ཐལ་འགྱུར་ལས༔ ཀུན་གྱི་སྙིང་པོ་འདི་ལ་བསྡུས༔ ཞེས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཞེས་པ་ནི༔ སྣོད་དང་མི་ལྡན་པ་ལ་གསང་སྟེ༔ ཀློང་གསལ་ལས༔ སྣོད་དང་མི་ལྡན་གདམས་པ་སྤེལ༔ རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར༔ ཞེས་སོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་ཀྱི་ཏི་ཀ༔ གསལ་བྱེད་དོན་གྱི་སྙིང་པོ་འདི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐདརྒ།༔ ཁྱཐམྱ༔

གཅིག་ཤེས་ཀུན་གྲོལ་གྱི་ཏི་ཀ

༄༅༔ གཅིག་ཤེས་ཀུན་གྲོལ་གྱི་ཏི་ཀ་བཞུགས་སོ༔

༄༅༔ ཐམཤགདྷ།ཐུཐཱ༔ རང་གྲོལ་རིག་པའི་སྐུ༔ ཀུན་བཟང་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་ཡང་སྙིང་བཅུད་ཀྱི་ཐིགས་པ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲའི་སྐད་ཤན་སྦྱར་བ་དང༔ མཚན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་ཤན་སྦྱར་བ་བསྟན་པ་ནི༔ བུདྡྷ་ཌཱཀྐིའི་སྐད་དུ༔ ཨེ་ཀ་དུ་པར་དྷེ་ཤོ་ཨ་ཀ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས༔ རྒྱུད་ཀྱི་མཚན་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བར་བྱུང་བའོ༔

གཉིས་པ་མཚན་གྱི་དོན་བསྟན་པ་ནི༔ གཅིག་ཤེས་ཀུན་གྲོལ་ཞེས་པས་འཁོར་འདས་ཐམས་ཅད་ཀྱི་རྩ་བ་རང་བྱུང་རིག་པ་འདིའི་(༡༢)གནས་ལུགས་གཅིག་པུ་འདི་ཤེས་ཙ་ན༔ ཀུན་གྱི་རྩ་བ་དེ་ལ་ཐུག་པ་གཅིག་པོ་འདི་ཤེས་པས་ཀུན་གྲོལ་ཅེས་པའོ༔

གསུམ་པ་ཕྱག་འཚལ་བ་ནི༔ ཏི་ལ་མཐའ་གྲོལ་དབྱིངས་ལ་ཕྱག་འཚལ་ལོ༔ ཞེས་པ༔ རང་རིག་ཐིག་ལེ་ཉག་གཅིག་མཐའ་གྲོལ་ཆེན་པོ་འདི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཡིན་པས༔ དེ་ལ་དབྱིངས་ཁྱབ་གདལ་དུ་ཕྱག་འཚལ་ལོ༔ ཞེས་པའི་དོན་ནོ༔

༈ གཉིས་པ་རྒྱུད་ཀྱི་གཞུང་དོན་དངོས་ལ་བཞི་སྟེ༔ སྟོན་པ་གང་གིས༔ གནས་གང་དུ༔ འཁོར་གང་ལ༔ རྒྱུད་ཀྱི་གཞུང་དོན་གང་གསུངས་པའོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉག་གཅིག་ཀློང་ནས་བཀའ་སྩལ་པ༔ མ་འགགས་རིག་པའི་འཁོར་རྣམས་གསོན༔ ཞེས་པའི་སྟོན་པ་ནི་ཆོས་ཀྱི་སྐུའོ༔ གནས་ནི་ཉག་གཅིག་ཀུན་ཁྱབ་ཀྱི་ཀློང༔ འཁོར་ནི་མ་འགགས་ཀུན་རིགས་འཁོར༔ ད་རྒྱུད་ཀྱི་དོན་གང་གསུངས་ན༔ སྟོང་གསལ་ཏི་ལ་ཉག་གཅིག་འདི༔ འཁོར་འདས་ཀུན་གྱི་རྩ་བ་ཡིན༔ ཞེས་པ་ནི༔ རང་རིག་པའི་ངོ་བོ་འདི་སྟོང་པ༔ སྟོང་པའི་གདངས་འགག་མེད་དུ་གསལ་བ༔ ཇི་ལྟར་གསལ་ཡང་གཉིས་སུ་མ་གྲུབ་སྟེ༔ ངོ་བོ་ཐིག་ལེ་ཉག་གཅིག་པོ་འདིའི་ངོ་བོ་དེ་གཞི་མི་འགྱུར་བས་ཐིག་ཅེས་བྱ༔ རྒྱ་ཆད་ཕྱོགས་ལྷུང་མེད་པས་ལེ་ཞེས་བྱ༔ རང་བཞིན་མ་གྲུབ་པས༔ ཕྲ་མོའི་ངོས་ནས་ཉག་ཅེས་བྱ༔ འདིར་མ་འདུས་པ་མེད་པས་གཅིག་ཅེས་བྱ༔ འཁོར་འདས་ཀུན་གྱི་རྩ་བའམ༔ ས་བོན་ལྟ་བུ་འདི་ལས་གྱེས་པའོ༔ རང་བྱུང་ཡེ་ཤེས་དོན་རྟོགས་ན༔ ཞེས་པ་ནི༔ གོང་གི་དེ་ལྟ་བུའི་ཉག་གཅིག་པོ་དེ༔ རང་བྱུང་བས༔ རང་བྱུང་ཞེས་བྱ༔ དེ་ཡང་རང་ལས་གསར་དུ་བྱུང་བའམ་རྙེད་པ་མ་ཡིན་ཏེ༔ འཁོར་འདས་ཙམ་དུ་མ་ཕྱེ་བའི་གོང་ནས་གནས་པའི་དོན་རྟོགས་པས་ན་ཡེ་ཤེས་ཞེས་བྱའོ༔ དེ་ཡང་ཀློང་གསལ་ལས༔ ཉག་གཅིག་འཁོར་འདས་ཀུན་གྱི་གཞི༔ རང་བྱུང་ཡེ་ཤེས་རང་ལས་བྱུང༔ དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད༔ ཅེས་སོ༔ དོན་རྟོགས་ན༔ ཞེས་པ་ནི༔ རང་བྱུང་ཡེ་ཤེས་དེའི་དོན་བལྟས་པས༔ གཞི་མེད་རྩ་བྲལ་ངར་འཛིན་རང་གྲོལ་བ༔ འཁྲུལ་མ་མྱོང་བའི་ཆོས་ཉིད་དེ་རྟོགས་པའི་དུས་ན༔ གཅིག་ཤེས་ཀུན་(༡༣)ལ་མཁས་པར་འགྱུར༔ ཞེས་པས༔ ཆོས་ཐམས་ཀྱི་རྩ་བ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདི་རྟོགས་ཤིང་ཤེས་པའི་དུས་ན༔ ཆོས་ཀུན་ལ་མཁས་པར་འགྱུར་ཏེ༔ དེ་ཅིའི་ཕྱིར་ཞེ་ན༔ ཆོས་ཐམས་ཅད་རིག་པའི་རང་རྩལ་ལས་གྱེས་པའི་ཕྱིར་རོ༔ ཇི་ལྟར་གྱེས་ན༔ ཉག་གཅིག་གསལ་མདངས་ཡེ་ཤེས་ལྔ༔ ཞེས་པས༔ རྩ་བ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ སྟོང་པའི་ངང་གདངས་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་མ་འདྲེས་པར་རང་གསལ་དུ་འདུག་པས་མེ་ལོང་ལྟ་བུའི་ཡེ་ཤེས༔ ཡེ་ཤེས་དེ་རྣམས་རྩ་བ་གཅིག་ལ་མིང་སོ་སོར་བྱུང་བས་སོ་སོར་རྟོགས་པའི་ཡེ་ཤེས༔ ཡེ་ཤེས་དེ་རྣམས་རང་བྱུང་རང་གསལ་དུ་གཅིག་ཅིང་དབྱེར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ དེ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་བསམ་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བས་བྱ་བ་ནན་ཏན་གྱི་ཡེ་ཤེས༔ རྩ་བ་ཡེ་ཤེས་ལྔ་པོ་དེ་ལས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་ཏེ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས༔ ས་ལམ་ཐེག་པའི་བྱེ་བྲག་ཀུན༔ རྩ་བ་ཏི་ལ་གཅིག་ལས་གྱེས༔ ཞེས་པས༔ རྩ་བ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདི་ལ༔ རིག་པའི་རང་མདངས་ཡན་ལག་གི་ཡེ་ཤེས་བཞིར་གྱེས༔ བཞི་པོ་རེ་རེ་ལས་ཆོས་སྒོ་ཉི་ཁྲི་ཆིག་སྟོང་གྱེས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་པའོ༔ དེ་ལས་ས་དང༔ ལམ་དང༔ ཐེག་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཁོ་ན་ལས་གྱེས་པའོ༔ ཀློང་གསལ་ལས༔ ཆོས་རྣམས་མ་ལུས་ཐམས་ཅད་ཀུན༔ རྩ་བ་ཐིག་ལེ་གཅིག་ལས་གྱེས༔ ཞེས་སོ༔ ཆོས་སྒོ་ཐམས་ཅད་མཐའ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདིར་འདུས་ནས་གྲོལ་ཚུལ་བསྟན་པ་ནི༔ བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན༔ སྡེ་གསུམ་རིགས་གསུམ་ཨ་ཏིར་འདུས༔ ཨ་ཏི་ཕྱི་ནང་གསང་བའི་སྐོར༔ ཡང་གསང་བླ་མེད་ལ་སོགས་པ༔ གཅིག་ཤེས་ཀུན་ལ་མཁས་པར་རྫོགས༔ ཞེས་པས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས༔ སེམས་ཅན་གྱི་ཉོན་མོངས་པའི་གཉེན་པོར་(༡༤)ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་བསྡུ་ན་སྐུ་གསུམ་གྱི་བསྟན་པར་འདུས་ཏེ༔ སྤྲུལ་སྐུའི་མཚན་ཉིད་སྡེ་གསུམ༔ ལོངས་སྐུའི་ཀྲི་ཡོག་སྡེ་གསུམ༔ ཆོས་སྐུའི་བསྐྱེད་རྫོགས་རིམ་གསུམ་ལ་འདུས༔ དེ་ཡང་བསྐྱེད་རྫོགས་ཨ་ཏིར་འདུས་ཏེ༔ ལུང་ལས་ཀྱང༔ བླ་མེད་དོན་རྟོགས་ཐེག་པ་འདི་ནང་དུ༔ རྣམ་པར་ཐར་པའི་ཐེག་པ་ཐམས་ཅད་འདུས༔ ཞེས་གསུངས་སོ༔ ཨ་ཏི་ལ་ཡང༔ ཕྱི་སྐོར༔ ནང་སྐོར༔ གསང་སྐོར་ཇི་སྙེད་ཅིག་བཞུགས་ཀྱང༔ ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོ་སྙིང་ཐིག་གི་སྐོར་དུ་འདུས༔ སྙིང་ཐིག་ལ་ཡང་ཕྱི་ནང་གསང་བ་ཡང་གསང་ཇི་སྙེད་ཅིག་བཞུགས་ཀྱང་ཡང་གསང་མཐར་ཐུག་ཆེན་པོ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་དོན་རང་བྱུང་ཚིག་གཅིག་མ་འདིར་འདུས༔ དེ་ཡང་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདིར་འདུས་སོ༔ ཡང་ཏིའི་རྒྱུད་ལས༔ ཐ་མ་ཐིག་ལེ་ཉག་གཅིག་ཏུ་རྫོགས༔ ཞེས་གསུངས་སོ༔ རྒྱུད་འདིའི་དོན་ཁོང་དུ་ཆུད་ཅིང་ཤེས་པས་ཐེག་པ་ཐམས་ཅད་ཀྱི་དོན་ལ་མཁས་ཤིང་ཤེས་པར་འགྱུར་ལ༔ བྱ་བ་ཚིག་རྒྱུད་ཐམས་ཅད་རྩོལ་བ་ལས་གྲོལ་ནས་བྱར་མེད་སེམས་རྒྱུད་ལ་རྟོགས་པའི་གདིང་ཐོབ་པའོ༔ ཀློང་གསལ་ལས༔ ཐེག་པའི་ཆོས་རྣམས་ངོ་བོར་རྫོགས༔ ངོ་བོ་ཆོས་རྣམས་ཀུན་གྱི་དོན༔ དེ་མེད་ཚིག་སོགས་དོན་མེད་འགྱུར༔ ཞེས་སོ༔ བྱེ་བྲག་ཏུ་རང་བྱུང་རིག་པའི་རྒྱུད་འདི་ཤེས་པས༔ ཐུན་མོང་དང་ཁྱད་པར་དུ་གྲགས་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པའི་ཤེས་བྱ་རྒྱུད་ཀྱི་དངོས་པོ་ཐམས་ཅད་ཀྱི་དོན་ལ་མཁས་ཤིང་གྲོལ་བར་བསྟན་པ་ནི༔ རྒྱུད་ཀྱི་དོན་ཐམས་ཅད་བསྡུ་ན་དོན་བཅོ་ལྔ་པོ་འདིར་འདུས་ཏེ༔ ཤེས་བྱའི་རྒྱུད་རྣམས་ཐམས་ཅད་ཀུན༔ ལྟ་སྤྱོད་ཏིང་འཛིན་དབང་དང་ནི༔ དམ་ཚིག་དཀྱིལ་འཁོར་ལྷ་མཆོད་སྔགས༔ ཕྲིན་ལས་ཉམས་རྟོགས་ས་ལམ་རིམ༔ གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན༔ ཉག་གཅིག་ཀློང་དུ་རྟོགས་གྱུར་ན༔ རྒྱུད་དོན་ཀུན་ལ་མཁས་འགྱུར་ཞིང༔ ཏི་ལ་ཉག་གཅིག་ཀློང་དུ་གྲོལ༔ ཅེས་པས༔ རང་བྱུང་གི་ཡེ་(༡༥)ཤེས་མ་འགགས་ཕྱོགས་རིས་མེད་པས་རིག་པ་ཡེ་ཤེས་ཟང་ཐལ༔ བལྟ་བྱ་དང་ལྟ་བྱེད་ནི༔ མངོན་སུམ་གྱི་དོན་མཐོང་བའི་ལྟ་བྱེད་དོན་ལ་མཁས་ཏེ༔ ཕྱོགས་རིས་ཀྱི་འཛིན་པ་མེད་པར་རང་གྲོལ་ཆེན་པོའོ༔ ཀློང་གསལ་ལས༔ མ་འགགས་ཡེ་ཤེས་ཆེན་པོ་ཉིད༔ རང་གསལ་ཕྱོགས་རིས་འཛིན་པ་བྲལ༔ ཞེས་སོ༔ རང་བྱུང་གི་ཡེ་ཤེས་རང་ཤར་དུ་འཛིན་པ་མེད་པར་སྤྱད་ཅིང་འདོད་པའི་ཡོན་ཏན་རྒྱན་དུ་ཤར་བའི་སྒོ་ནས་སྤྱོད་པའི་དོན་ལ་མཁས་ཏེ་བླང་དོར་གཉིས་སུ་མེད་པའི་གསང་སྤྱོད་རང་སར་གྲོལ་བའོ༔ རྒྱུད་ལས༔ ཡེ་ཤེས་རང་ཤར་ཀུན་སྤྱོད་རང་གྲོལ་སྤྱོད༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་ཏི་ལ་མངོན་སུམ་དུ་གསལ་བ་ལ་འཛིན་པ་དང་བྲལ་བ༔ མ་ཡེངས་ཡིད་སྒོམ་དུ་མེད་པ༔ བསྒོམས་པའི་དོན་ལ་མཁས་ཏེ་གསལ་འགྲིབ་གཉིས་སུ་འཛིན་པའི་ཡིད་སྒོམ་རང་སར་གྲོལ་བའོ༔ ཀློང་གསལ་ལས༔ སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ༔ སྒོམ་པ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་སོ༔ རང་བྱུང་ཡེ་ཤེས་ཀྱི་དོན་དེ་རྟོགས་པས་རིག་པ་ལ་རང་གི་རྩལ་དབང་བསྐུར་བ་ནི༔ དབང་ལ་བསྐུར་ཐོབ་ཀྱི་འཛིན་པ་དང་བྲལ་བས་དབང་ཐམས་ཅད་ཀྱི་དོན་ལ་མཁས་ཏེ༔ ཞུ་བསྐུར་དང་དབང་ཡོན་གྱི་རྩོལ་བ་རང་གྲོལ་བའོ༔ རྒྱུད་ལས༔ རང་རིག་རྟོགས་པ་དབང་གི་མཆོག༔ ཞུ་དང་བསྐུར་བའི་ཐབས་ལས་འདས༔ ཞེས་སོ༔

རང་བྱུང་གི་ཡེ་ཤེས་ལ་ཉམས་པ་དང་ཆག་བྱེད་གཉིས་སུ་མ་གྲུབ་སྟེ༔ བསྲུང་བྱ་དང་སྲུང་བྱེད་གཉིས་སུ་མེད་པས་ཡེ་བསྲུངས་ཆེན་པོའི་དོན་ལ་མཁས་ཏེ་སྲུང་སྡོམ་གྱི་རྩོལ་བ་འཛིན་མེད་རང་སར་གྲོལ་བའོ༔ ལུང་ལས༔ ཆོས་ཉིད་དོན་ལ་བསྲུང་མཚམས་གཉིས་སུ་མེད༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་ལ་མཐའ་དང་དབུས་དང་ཕྱོགས་སུ་མ་གྲུབ་སྟེ་སྐུ་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་རྩོལ་བྲལ་གྱི་དོན་ལ་མཁས་ཏེ༔ གཙོ་འཁོར་གྱི་བསྐྱེད་ཆོག་བྱེད་མ་དགོས་པས་རང་སར་གྲོལ་བའོ༔ ལུང་ལས༔ ལྷུན་གྲུབ་ཐིག་ལེ་ཚོམ་བུ་རང་བྱུང་སྨིན༔ དེ་ལ་གཙོ་འཁོར་འཛིན་པ་རང་སར་གྲོལ༔ ཅེས་སོ༔ རང་བྱུང་ཡེ་ཤེས་རིག་མདངས་སྐུར་རྫོགས་ཏེ་གསལ་སྟོང་རང་སར་གྲོལ་བས་ལྟ་སྒོམ་གྱི་དོན་ལ་མཁས་ཏེ་བསྐྱེད་རྫོགས་གཉིས་སྣང་གི་རྩོལ་སྒོམ་རང་(༡༦)སར་གྲོལ་བའོ༔ ལུང་ལས༔ རིག་པ་གསལ་སྟོང་བསྐྱེད་རྫོགས་རང་སར་གྲོལ༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་ལ་འདོད་པའི་ཡོན་ཏན་ལྷུན་གྲུབ་ཏུ་གནས་པས་མཆོད་བྱ་དང་མཆོད་བྱེད་ཀྱི་འཛིན་པ་རང་སར་གྲོལ་བས་མཆོད་པའི་དོན་ལ་མཁས་ཏེ༔ ཕྱི་ནང་རྩོལ་སྒྲུབ་ཀྱི་རྫས་མཆོད་རང་སར་གྲོལ་བའོ༔ ལུང་ལས༔ རང་བྱུང་རང་ཤར་མཆོད་པའི་དོན༔ རེ་དོགས་རང་གྲོལ་མཆོད་པའི་མཆོག༔ ཅེས་སོ༔ རང་བྱུང་ཡེ་ཤེས་ཀྱི་སྙིང་པོའི་རང་སྒྲ་ཐམས་ཅད་གྲགས་སྟོང་དུ་གནས་པས་སྒྲ་ཐམས་ཅད་བརྗོད་དུ་མེད་པ་གྲགས་སྟོང་སྙིང་པོའི་དོན་ལ་མཁས་ཏེ༔ སྒྲ་བརྗོད་བྱ་དང་རྗོད་བྱེད་ཀྱི་འཛིན་པ་རང་སར་གྲོལ་བའོ༔ ལུང་ལས༔ བརྗོད་མེད་སྙིང་པོ་རང་སར་གྲོལ༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་ཡེ་གྲོལ་ཆེན་པོ་འགྲོ་དོན་རྒྱ་ཆད་ཕྱོགས་ལྷུང་མེད་པར་ལྷུན་གྱིས་གྲུབ་པས༔ སྒོ་གསུམ་གྱི་ཐབས་རྣམས་རྩོལ་བ་དང་བྲལ་ནས་ཕྲིན་ལས་ཀྱི་དོན་ལ་མཁས་ཏེ༔ ཞི་རྒྱས་དབང་དྲག་ལ་སོགས་པའི་ཕྲིན་ལས་རང་སར་གྲོལ་བའོ༔ ལུང་ལས༔ རང་བྱུང་དོན་རྟོགས་ཕྲིན་ལས་རྩོལ་བ་བྲལ༔ ཞེས་སོ༔ རང་གི་ཡེ་ཤེས་མི་རྟོག་བདེ་བ་ཆེན་པོར་གནས་པས༔ བདེ་གསལ་འཛིན་པ་མེད་པའི་ལྷུག་པ༔ ཉམས་རྟོགས་ཀྱི་དོན་ལ་མཁས་ཏེ༔ འཁྲུལ་སྣང་དང་འཕེལ་འགྲིབ་བཟང་ངན་དུ་རྟོག་པ་རང་སར་གྲོལ་བའོ༔ ལུང་ལས༔ རང་བྱུང་ཡེ་ཤེས་མི་རྟོག་འཛིན་པ་གྲོལ༔ ཅེས་སོ༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཏུ་རང་རྫོགས་པས་སྦྱང་བགྲོད་ཀྱི་རྩོལ་བ་མེད་པར་ཡེ་ནས་མཐར་ཕྱིན་པས་ས་ལམ་གྱི་དོན་ལ་མཁས་ཏེ༔ གོང་འོག་དང་མཐོ་དམན་གྱི་རིམ་པ་རང་སར་ཡེ་ནས་གྲོལ་བའོ༔ ལུང་ལས༔ རང་བྱུང་དོན་ལ་ས་ལམ་དབྱེ་བ་མེད༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་ཀུན་གཞི་ཡེ་ནས་རྣམ་པར་དག་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་གཞི་ཡི་དོན་ལ་མཁས་ཏེ༔ གཟུང་འཛིན་དང་སྲིད་རྩེའི་རྣམ་རྟོག་རང་སར་གྲོལ་བའོ༔ ལུང་ལས༔ ཀུན་གཞི་རྣམ་པར་དག་ཤེས་ནས༔ གཞི་དོན་མངོན་གྱུར་རང་སར་གྲོལ༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་འདི་མི་གཡོ་ཞིང་འགྱུ་བྱེད་རང་སར་དག་པས་འཁྲུལ་(༡༧)པ་དང་འཁོར་བའི་རྟོག་པ་རང་སར་ཞིག་ནས་རྩོལ་བྲལ་ལམ་གྱི་དོན་ལ་མཁས་ཏེ༔ ལམ་ཉེ་རིང་དང་སྦྱང་བགྲོད་ཀྱི་འཛིན་པ་རང་སར་གྲོལ་བའོ༔ ལུང་ལས༔ ཡེ་ཤེས་མངོན་གྱུར་ལམ་གྱི་རྩོལ་བ་གྲོལ༔ ཅེས་སོ༔ རང་བྱུང་གི་ཡེ་ཤེས་རང་བྱུང་རང་གྲོལ་བས་གཉིས་འཛིན་དང་རེ་དོགས་ཀྱི་རྩོལ་བ་རང་སར་དག་པས་འབྲས་བུ་ལྷུན་གྲུབ་ཀྱི་དོན་ལ་མཁས་ཏེ༔ སྐུ་གསུམ་དང་སྐུ་ལྔར་འཛིན་པ་རང་སར་གྲོལ་བའོ༔ ལུང་ལས༔ རང་གྲོལ་ཆེན་པོ་འབྲས་བུ་རེ་དོགས་གྲོལ༔ ཅེས་སོ༔ དེ་ལྟར་རང་བྱུང་གི་ཡེ་ཤེས་དེ་ཤེས་པའི་ཚེ་ན་འབྲས་བུ་སྐུ་གསུམ་གཞན་ནས་བྱུང་ཞིང་ཐོབ་པར་མི་འདོད་དེ༔ རང་རིག་སྤྲོས་བྲལ་ཆོས་ཀྱི་སྐུར་གྲོལ༔ རིག་རྩལ་འགག་མེད་ལོངས་སྐུར་གྲོལ༔ ཅིར་སྣང་རང་ཤར་སྤྲུལ་སྐུར་གྲོལ༔ རྒྱུད་ལས་ཀྱང༔ སྐུ་གསུམ་དོན་ནི་ལྷུན་གྱིས་གྲུབ༔ ཅེས་པས༔ དེ་ལྟར་རང་ངོ་ཤེས་པས༔ དོན་རང་གནས༔ སྤྲོས་པ་རང་ཆོད༔ མཚན་མ་རང་གྲོལ༔ ཤེས་པའི་དོན་ཁོང་དུ་ཆུད་པས་རིག་པ་ཁྲེགས་ཆོད༔ འབྲས་བུ་ལྷུན་གྲུབ་ཏུ་རང་རྫོགས་པའོ༔ གཅིག་ཤེས་ཀུན་ལ་མཁས་ཤིང་ཀུན་ཤེས་གཅིག་ཏུ་གྲོལ་བར་བསྟན་པའོ༔

༈ གསུམ་པ་མཇུག་གི་དོན་ལ་གསུམ་སྟེ༔ རྒྱུད་འདི་བཅངས་ཤིང་རྟོགས་པའི་ཡོན་ཏན་དང༔ ཇི་ལྟར་བྱུང་བ་དང་རྒྱས་གདབ་པའོ༔ འདི་ཉིད་བཅངས་ཤིང་དོན་རྟོགས་པས༔ གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར༔ འདི་ནི་རེག་པ་ཙམ་གྱིས་ཀྱང༔ ཀུན་བཟང་བདེ་ཆེན་དབྱིངས་ལ་འཁོད༔ ཅེས་པས༔ རྒྱུད་འདི་འགྲོ་བ་གང་གིས་འཆི་ཁར་དབུགས་ལ་སླེབ་ནས་བཅངས་ཀྱང་བར་དོ་དང་པོ་ཆོས་ཉིད་ཀྱི་བར་དོ་ལ་གྲོལ་བར་འགྱུར༔ ཞེས་པའོ༔ རྒྱུད་འདིའི་དོན་ལ་མཁས་ན༔ གཅིག་ཤེས་ཀུན་ལ་མཁས་པར་འགྱུར་རོ༔ ཆོས་སྐུ་ཏི་ལ་ཉག་གཅིག་གི་ཀློང་ནས་རང་བྱུང་བ་ཡང་སྙིང་བཅུད་ཀྱི་ཐིགས་པ་གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་ཅེས་པ་ནི༔ རྒྱུད་འདི་ཆོས་སྐུ་ཐིག་ལེ་ཉག་གཅིག་ལས་རང་བྱུང་དུ་ཤར་བ་ཡིན་ནོ༔ རྒྱུད་ཐམས་ཅད་ཀྱི་སྙིང་པོ་འདི་གཅིག་པུ་ཤེས་པས་ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་བསྟན་པའོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཞེས་པ་ནི་(༡༨)སྣོད་དང་མི་ལྡན་པ་ལ་རྒྱུད་འདི་བསྟན་དུ་མི་རུང་ཞེས་པའོ༔ ཡང་སྙིང་བཅུད་གྱི་ཐིགས་པ༔ ཀུན་གྲོལ་རྒྱུད་ཀྱི་ཏི་ཀ༔ གསལ་བྱེད་དོན་གྱི་མེ་ལོང་ཞེས་བྱ་བ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁསཧ།བྷབྱ༔ སསྭཏྱ།༔ ཨཆུརྠརྦ྅།བྱ༔

ཡང་ཏི་གསེར་གྱི་འབྲུ་གཅིག་ཏི་ཀ

༄༅༔ ཡང་ཏི་གསེར་གྱི་འབྲུ་གཅིག་ཏི་ཀའོ༔

༄༅༔ རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་ཡང་ཏི་གསེར་གྱི་འབྲུ་གཅིག་པའི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲའི་སྐད་ཤན་སྦྱར་བ་དང༔ མཚན་དོན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་སྐད་ཤན་སྦྱར་བ་བསྟན་པ་ནི༔ ཡང་དག་སྐད་དུ༔ ཨ་ཏི་ཀ་ད་ཙ་མཎ་དྷ་ལ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས༔ རྒྱུད་ཀྱི་མཚན་ཡང་ཏི་གསེར་གྱི་འབྲུ་གཅིག་པའི་རྒྱུད་ཅེས་བྱ་བར་བྱུང་བའོ༔

གཉིས་པ་མཚན་གྱི་དོན་བསྟན་པ་ནི༔ ཡང་ཏི་གསེར་གྱི་ཞེས་པས༔ རང་གི་རིག་པ་རང་བྱུང་གི་ཡེ་ཤེས་འདི་དཔེ་གསེར་གྱི་ཡང་ཏི་དང་འདྲ་བར་འགྱུར་བ་མེད་པའོ༔ འབྲས་བུའི་རྒྱུད་ཅེས་པ་ནི༔ འཁོར་འདས་ལ་སོགས་པ་གཉིས་གཉིས་རིག་པའི་ཡེ་ཤེས་ལ་གནས་ཀྱང༔ ངོ་བོ་ལ་ཆོས་མི་འགྱུར་ཏེ༔ འབྲུ་གཅིག་པར་བསྟན་པའོ༔

གསུམ་པ་ཕྱག་འཚལ་བ་ནི༔ མི་འགྱུར་ལྟ་བའི་ཀློང་ལ་ཕྱག་འཚལ་ལོ༔ ཞེས་པ་ནི་མི་འགྱུར་བ་རིག་པའི་ཡེ་ཤེས༔ ལྟ་བའི་ཀློང་ནི་མངོན་སུམ་མཐའ་བྲལ༔ ཕྱག་བཙལ་བ་ནི༔ སྟོན་པ་དང་རང་རིག་གཉིས་སུ་མེད་པ་ལ་འདུད་པའོ༔

༈ གཉིས་པ་རྒྱུད་ཀྱི་གཞུང་དོན་ལ་བཞི་སྟེ༔ སྟོན་པ་གང་གིས༔ གནས་གང་དུ༔ འཁོར་གང་ལ༔ རྒྱུད་ཀྱི་དོན་གང་གསུངས་པའོ༔ སྟོན་པ་ནི༔ རྒྱུད་ལས༔

སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཞེས་པ་གསལ་སྟོང་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་སོ༔ གནས་ནི༔ མི་འགྱུར་དབྱིངས་ནས་བཀའ་སྩལ་པ༔ ཅེས་པས༔ ཀ་དག་གི་ཀློང་དུ་རང་བཞིན་ལྷུན་གྲུབ་ཏུ་བཀའ་སྩལ་པའོ༔ འཁོར་ནི༔ ཉོན་ཅིག་སྟོང་གསལ་རིག་མདངས་འཁོར༔ ཞེས་པས༔ ཐུགས་རྗེ་ཀུན་ཁྱབ་ཏུ་རང་བྱུང་དུ་གསུངས་པའོ༔ རྒྱུད་ཀྱི་དོན་(༡༩)དངོས་བསྟན་པ་ནི༔ ཏི་ལ་ཉག་གཅིག་ཡེ་ཤེས་དོན༔ ཞེས་པ་ནི༔ རང་གི་རིག་པའི་ངོ་བོ་འདི༔ ༼ཐིག་ལེ་༽སྟོང་༼པའི་སྒྲོན་མ་དང་བཅས་༽ལ་ལུ་གུ་རྒྱུད་༼ཕྲ་བས་༽ཉག་གཅིག༔ ཡེ་ཤེས་ཀྱི་རང་མདངས་ཐིག་ལེ་སྟོང་པའི་སྒྲོན་མ་དང་བཅས་པའོ༔ མུ་ཏིག་ཕྲེང་བ་ལས༔ ༼ངོ་བོ་༽སྟོང་གསལ་༼ཐིག་ལེ་༽རིག་༼ལུ་གུ་རྒྱུད་༽ཅིང་༼དོན་ལ་༽འགྱུར་བ་མེད༔ ཅེས་སོ༔ སྟོང་གསལ་མི་འགྱུར་མཐའ་དང་བྲལ༔ ཞེས་པ་ནི༔ ངོ་བོ་སྟོང་པས་མི་འགྱུར་བ༔ དཔེ་ནི་ནམ་མཁའ་ལྟ་བུའོ༔ རང་བཞིན་གསལ་བས་མི་འགྱུར་ཏེ༔ དཔེར་ན་ཉི་མ་ལྟ་བུའོ༔ ཐུགས་རྗེ་ཀུན་ལ་ཁྱབ་ཀྱང་དོན་ལ་མི་འགྱུར་ཏེ༔ མཐའ་དང་བྲལ་བའོ༔ ཡང་ཏི་སྙིང་པོ་ཇི་བཞིན་ནོ༔ ཞེས་པ་ནི་དཔེར་ན་རྒྱུ་གསེར་གྱི་ཡང་ཏི་ལ་རྐྱེན་མགར་བས༔ ལྷ་སྐུ་དང༔ སྨེ་བཙོག་གི་སྣོད་བྱས་ཤིང་བཟང་ངན་དུ་ཕྱེ་ཡང་གསེར་རྒྱུ་གཅིག་ཅིང་མི་འགྱུར་བ་ལྟར༔ རང་བྱུང་གི་ཡེ་ཤེས་ལ་གང་ཟག་གི་འཛིན་རྟོག་དུ་མར་བྱུང་ཡང་གནས་ལུགས་ལ་འགྱུར་བ་མེད་པའོ༔

༈ གསུམ་པ་མཇུག་གི་དོན་ལ་གསུམ་སྟེ༔ རྒྱུད་འདིའི་ཡོན་ཏན་དང༔ གྲོལ་ཚུལ་དང༔ རྒྱས་གདབ་པའོ༔ མི་དམིགས་དབྱིངས་ནས་རང་བྱུང་བའི༔ ཡང་ཏི་སྙིང་པོའི་རྒྱུད་འདི་ཉིད༔ བཅངས་ཤིང་མཐོང་ཐོས་རེག་པས་ཀྱང༔ གསལ་མདངས་ཀློང་དུ་བུདྡྷའོ༔ ཞེས་པས༔ རང་བྱུང་ཆོས་ཉིད་ཀྱི་རྒྱུད་འདི༔ འགྲོ་བ་གང་གིས་རྟོགས་སམ༔ མཐོང་ངམ༔ ཐོས་སམ༔ རེག་པས་ཀྱང་གསལ་སྟོང་གི་ངང་དུ་སངས་རྒྱས་པར་འགྱུར་ཏེ༔ ཀློང་གསལ་ལས༔ སྙིང་པོའི་རྒྱུད་འདིར་སུ་འཕྲད་པ༔ རྫོགས་སངས་རྒྱ་བར་ཐེ་ཚོམ་མེད༔ ཅེས་སོ༔ ཡང་ཏི་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད་དོ༔ ཞེས་པ་ནི༔ སྣོད་དང་མི་ལྡན་པ་ལ་འདི་རླུང་ཕྱོགས་ཙམ་དུ་ཡང་བསྟན་དུ་མི་རུང་སྟེ༔ རྒྱུད་ལས༔ མཐར་ཐུག་སྙིང་པོའི་རྒྱུད་འདི་ནི༔ གང་དགར་བརྗོད་ན་ན་རག་ལྟུང༔ ཞེས་སོ༔ འབྲས་བུ་ཡོངས་རྫོགས་ཡང་ཏི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ཤེལ་གྱི་སྙིང་པོ་འདི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨུ།ཁུ།།༔ མསྪབྱ༔

སྲས་གཅིག་ས་བོན་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང་བ།

༄༅༔ སྲས་གཅིག་ས་བོན་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང་བ་བཞུགས་སོ༔

༄༅༔ ཐ།ཐམཊྭམ།༔ རང་བྱུང་གི་ཡེ་ཤེས་ཀུན་བཟང་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་སྤྱོད་པ་ས་བོན་གྱི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲའི་སྐད་ཤན་སྦྱར་བ་དང༔ མཚན་དོན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་སྐད་ཤན་སྦྱར་བ་ནི༔ ཀ་ལ་པིང་ཀ་འཛོ་ཡོ་ཀི་ནིའི་སྐད་དུ༔ བྷུདྡྷ་གུཏྲྠ་ཀྭཱཨྨྣེ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས༔ རྒྱུད་ཀྱི་མཚན་སངས་རྒྱས་སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བར་བྱུང་བའོ༔

གཉིས་པ་མཚན་དོན་བསྟན་པ་ནི༔ སངས་རྒྱས་སྲས་གཅིག་ཅེས་པ་ནི༔ རྩ་བ་རང་བྱུང་གི་ཡེ་ཤེས་འདིས༔ སངས་རྒྱས་ཐམས་ཅད་ཀྱི་རྒྱུད་འཛིན་པས་སྲས་གཅིག༔ ཅེས་པའོ༔ སྤྱོད་པ་ཅེས་པ་ནི་སྲས་དེས་དགྲ་ང་བདག་གི་འགོང་པོ་གཅོད་པས་སོ༔ ས་བོན་གྱི་རྒྱུད་ཅེས་པ་ནི༔ ཀུན་ཏུ་བཟང་པོའི་རྩ་བ་ཡིན་པས་ས་བོན་ཞེས་པའོ༔ དེ་ཐམས་ཅད་ལ་གནས་པས་རྒྱུད་ཅེས་བྱའོ༔ རང་བྱུང་གི་ཡེ་ཤེས་དེ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྲེལ་ཞིང་རིག་པའི་རྩལ་ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་ཅེས་བྱའོ༔

གསུམ་པ་ཕྱག་འཚལ་བ་ནི༔ རང་བྱུང་དོན་གྱི་ཀློང་ལ་ཕྱག་འཚལ་ལོ༔ ཞེས་པས༔ རང་བྱུང་གི་རིག་པ་དོན་མི་འགྱུར་བ༔ ཀློང་ནི་ཆོས་ཉིད་དོན་ལ་ཕྱག་འཚལ་བའོ༔

ད་རྒྱུད་ཀྱི་གཞུང་དོན་ལ་བཞི་སྟེ༔ སྟོན་པ་གང་གིས༔ གནས་གང་དུ༔ འཁོར་གང་ལ༔ རྒྱུད་ཀྱི་དོན་གང་གསུངས་པའོ༔ སྟོན་པ་ནི༔ རྒྱུད་ལས༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཞེས་པས༔ རང་བྱུང་རིག་པའི་ཡེ་ཤེས་སོ༔ གནས་ནི༔ རང་བཞིན་ཀློང་ནས་བཀའ་སྩལ་པ༔ ཅེས་པས༔ ཆོས་ཉིད་ཀྱི་ཀློང་དུ་འགག་མེད་དུ་གསུངས་པའོ༔ འཁོར་ནི༔ གནས་ལུགས་རང་རྩལ་འཁོར་རྣམས་གསོན༔ ཅེས་པས༔ གནས་ལུགས་ཀྱི་དོན་མ་འགགས་པའི་རིག་པས་ཉོན༔ ཅེས་པའོ༔ རྒྱུད་ཀྱི་དོན་དངོས་བསྟན་པ་ནི༔ ཉག་གཅིག་རང་བྱུང་ཡེ་ཤེས་འདི༔ ཞེས་པས༔ རང་བྱུང་གི་ཡེ་ཤེས་ཉག་གཅིག་རིག་པ་ལུ་གུ་རྒྱུད་(༢༡)གསལ་ལ་རང་བཞིན་མ་གྲུབ་པ་འདིའོ༔ རང་བྱུང་གི་ཡེ་ཤེས་དེ་རྒྱུད་དོན་ཚིག་གཅིག་གིས་མཚོན་ནས༔ ངོ་རང་ཐོག་ཏུ་སྤྲད་པས་གང་ཟག་དབང་པོ་རབ་གཅིག་སྦྲུལ་མདུད་ནམ་མཁའ་ལ་སྐྱུར་བ་ལྟར་རྩོལ་མེད་དུ་སྣང་བ་རང་གྲོལ་ལ་འགྲོ་སྟེ༔ དཔེར་ན་ཆབ་རམ་ཆུའི་ནང་དུ་ཞུ་བ་ལྟར་གང་སྣང་ཆོས་ཉིད་དུ་ཤར་ནས་བདེ་སྡུག་གྲོགས་སུ་འཆར་རོ༔ ཡི་གེ་མེད་པ་ལས་ཀྱང༔ ཀྱེ་མ་རང་བྱུང་གི་ཡེ་ཤེས་འཁྲུལ་པ་ཀ་ནས་དག་པས་ཡིན་མིན་གྱི་མཐའ་ལས་འདས་པ་ཉིད་དོ༔ ཞེས་པ་དང༔ ཀློང་གསལ་ལས༔ དེ་ལྟ་བུའི་ཡེ་ཤེས་དེ་ངོ་རང་ཐོག་ཏུ་སྤྲད་པས༔ གང་ཤར་སྦྲུལ་མདུད་བཞིན་དུ་གྲོལ༔ ཅེས་སོ༔ སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན༔ ཞེས་པ་ནི༔ དེ་ལྟ་བུའི་དོན་རང་ངོ་ཤེས་པ་དེ་སངས་རྒྱས་ཀུན་གྱི་གདུང་འཛིན་པས༔ སྲས་གཅིག་ཡིན་ཞེས་པའོ༔ རྒྱུད་ལས༔ དོན་རྟོགས་སངས་རྒྱས་ཀུན་གྱི་སྲས༔ ཞེས་སོ༔ ཏི་ལ་སྟོང་པས་ལས་ཀུན་བྱེད༔ ཅེས་པ་ནི༔ རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་མཐར་ཕྱིན་པའི་སྲས་དེས༔ འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་ནུས་པའོ༔ ཐལ་འགྱུར་ལས༔ ཐིག་ལེ་མཐར་ཕྱིན་འགྲོ་བ་འདྲེན༔ ཞེས་སོ༔ ཀུན་ཏུ་བཟང་པོའི་ས་བོན་ནོ༔ ཞེས་པ་ནི༔ འགྲོ་བ་ཐམས་ཅད་ལ་རང་བྱུང་གི་ཡེ་ཤེས་འདི་བསྣན་འཕྲི་མེད་པར་གནས་པའོ༔ ལུང་ལས༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་སོ༔ ཐམས་ཅད་འདི་ལས་བྱུང་ཞིང་གྲོལ༔ ཅེས་པ་ནི༔ ཀུན་ལ་ཁྱབ་པའི་རང་བྱུང་གི་རིག་པ་འདི་ལ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མ་བྱུང་བ་མེད་དོ༔ འདི་རྟོགས་པས་མ་གྲོལ་བ་མེད་དོ༔ ཀློང་གསལ་ལས༔ ཀུན་འབྱུང་སྲིད་རྩ་རྟོགས་པས་གྲོལ༔ ཅེས་སོ༔

ད་མཇུག་གི་དོན་ལ་གཉིས་ཏེ༔ རྒྱུད་འདི་བཅངས་པའི་ཡོན་ཏན་དང༔ བཀའ་རྒྱས་གདབ་པའོ༔ རང་བྱུང་རིག་པའི་རྒྱུད་འདི་ནི༔ མཐོང་ཐོས་བཅངས་པས་འཚང་རྒྱའོ༔ ཞེས་པས༔ རང་བྱུང་གི་ཡེ་ཤེས་འདི་རྟོགས་ན་ཨ་ཅང་ཡང་ཆེས་ཏེ༔ རྒྱུད་འདི་ལ་རེག་པ་དང་མཐོང་བ་དང༔ ཐོས་པས་ཀྱང་སངས་མི་རྒྱ་མི་སྲིད་དོ༔ ལུང་ལས༔ རྒྱུད་འདི་ཐོས་པས་སངས་རྒྱས་ས༔ ངེས་པར་(༢༢)ཐོབ་པར་གདོན་མི་ཟ༔ ཞེས་སོ༔ སངས་རྒྱས་སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད་རྫོགས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད༔ ཅེས་པ་ནི་སྣོད་དང་མི་ལྡན་པ་ལ་ཚིག་ཙམ་ཡང་མི་བརྗོད་དེ༔ ལུང་ལས༔ སྣོད་མིན་སྙིང་པོ་བསྟན་ན་ལྟུང༔ ཞེས་སོ༔ སྲས་གཅིག་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང་བ་འདི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏྱགྲམ༔ ཨམཏྱ།།༔ ཏྱ།ཏྱ།།པྱ།༔

རང་བྱུང་རིག་པའི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དུང་གི་སྤར་ཁབ།

༄༅། །རང་བྱུང་རིག་པའི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དུང་གི་སྤར་ཁབ་བཞུགས་སོ༔

༄༅༔ གྭ།ཐམྱཏྭ།༔ རང་བྱུང་ཡེ་ཤེས་མངོན་དུ་གྱུར༔ རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་རང་བྱུང་རིག་པའི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲ་སྐད་ཤན་སྦྱར་བ་དང༔ མཚན་དོན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་སྐད་ཤན་སྦྱར་བ་བསྟན་པ་ནི༔ ཡང་དག་གསང་བའི་སྐད་དུ༔ མ་མ་ཀུ་ལི་ས་མནྟ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས་རྒྱུད་ཀྱི་མཚན་རང་བྱུང་རིག་པའི་རྒྱུད་ཅེས་བྱུང་བའོ༔

གཉིས་པ་མཚན་གྱི་དོན་བསྟན་པ་ནི་རང་བྱུང་ཞེས་པ་ནི༔ རང་གི་རིག་པའི་ཡེ་ཤེས་རྒྱུ་རྐྱེན་ལ་རག་མ་ལུས་པར་རང་བྱུང་བས་རང་བྱུང་ཞེས་བྱའོ༔ རིག་པའི་རྒྱུད་ཅེས་པ་ནི༔ རང་བྱུང་རིག་པ་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྲེལ་བས་རྒྱུད་ཅེས་བྱའོ༔

གསུམ་པ་ཕྱག་འཚལ་བ་ནི༔ རང་བྱུང་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ༔ ཞེས་པས་རང་བྱུང་གི་རིག་པའི་ཡེ་ཤེས་རྒྱུན་ཆད་མེད་ལ་ཕྱག་འཚལ་བ་ནི་གཉིས་སུ་མེད་པའོ༔

ད་རྒྱུད་ཀྱི་གཞུང་དོན་དངོས་ལ་བཞི་སྟེ༔ སྟོན་པ་གང་གིས༔ གནས་གང་དུ༔ འཁོར་གང་ལ༔ རྒྱུད་ཀྱི་དོན་གང་གསུངས་པའོ༔ སྟོན་པ་ནི༔ རྒྱུད་ལས༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཞེས་པས༔ སྟོན་པ་ནི་ཆོས་སྐུ་སྐྱེ་བ་མེད་པའོ༔ གནས་ནི༔ རང་བྱུང་རིག་པའི་རྒྱུད་གསུངས་པ༔ ཅེས་པས༔ རང་བྱུང་གི་དབྱིངས་སུ་རིག་པ་མངོན་སུམ་པའི་རྒྱུད་གསུངས་པའོ༔ འཁོར་ནི༔ ཨེ་མ་རང་རིག་འཁོར་(༢༣)རྣམས་གསོན༔ ཅེས་པས༔ རང་བྱུང་གི་ཡེ་ཤེས་དེ་རྟོགས་པར་བྱེད་པའི་རྩལ་ནི་འཁོར་རོ༔ ད་རྒྱུད་ཀྱི་གཞུང་དོན་དངོས་བསྟན་པ་ནི༔ རང་བྱུང་ཡེ་ཤེས་ཉག་གཅིག་དོན༔ ཞེས་པ་ནི༔ རང་བྱུང་ཞེས་པ་རིག་པ་རྒྱུ་རྐྱེན་ལས་གྲོལ་བ་སྟོང་གསལ་ལྷུན་གྱིས་གྲུབ་པ་འདིའོ༔ ཡེ་ཤེས་ཞེས་པ་ནི༔ དེའི་དོན་འགག་མེད་དུ་གསལ་བ་འདིའོ༔ ཉག་གཅིག་དོན་ཞེས་པ་ནི༔ གསལ་ཡང་རང་བཞིན་མ་གྲུབ་སྟེ་དབྱེར་མེད་པའོ༔ ཐལ་འགྱུར་ལས༔ ཡེ་ཤེས་རང་ངོར་གནས་པ་ལ༔ གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔ ཞེས་སོ༔ རང་ཤར་ལྷུག་པ་གཟའ་གཏད་བྲལ༔ ཞེས་པ་ནི༔ གོང་དུ་བསྟན་པའི་རིག་པའི་ཡེ་ཤེས་དེ༔ རང་བྱུང་རང་ཤར་རྟོགས་པའི་ཚེ་ན་ཅིར་སྣང་གཟའ་གཏད་བྲལ་བའི་ལྷུག་པ༔ གྲོལ་ལེ༔ བུན་ནེ༔ ཕྱད་དེ་བ་ཞིག་འབྱུང་བའོ༔ ཀློང་གསལ་ལས༔ རིག་པ་རྟོགས་ཚེ་འཛིན་པ་གྲོལ༔ ཅེས་སོ༔ དེ་ཡི་མཐར་འཛིན་གྲོལ་གྱུར་ན༔ ཅེས་པས༔ གོང་གི་འཛིན་མེད་རང་གྲོལ་དེ་ལའང༔ ད་རང་གྲོལ་དུ་སོང་སྙམ་པ་ཙམ་གྱི་ང་རྒྱལ་རང་སར་གྲོལ་ཏེ༔ འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང༔ རང་བྱུང་རིག་རྩལ་ཀློང་དུ་གྲོལ༔ ཅེས་པས༔ གོང་ལྟར་གྲོལ་བའི་ཚེ་ན༔ རྩ་བ་རང་བྱུང་གི་ཡེ་ཤེས་ལས་གྱེས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རིག་པའི་རྩལ་གྱི་ཀློང་དུ་ཀུན་རང་གྲོལ་དུ་གྲོལ་བའོ༔ རང་ཤར་ལས༔ འཁོར་འདས་ཆོས་ཀུན་རིག་པར་གྲོལ༔ ཅེས་སོ༔

གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ རྒྱུད་ཀྱི་ཡོན་ཏན་དང་བཀའ་རྒྱས་གདབ་པའོ༔ ཡོན་ཏན་བསྟན་པ་ནི༔ འདི་ལ་བཏགས་གྲོལ་སངས་རྒྱས་ཞེས༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཞེས་པས༔ རྒྱུད་འདིའི་དོན་རྟོགས་ན་ཨ་ཅང་ཆེས་ཏེ༔ བཅངས་པ་དང་རེག་པ་ཙམ་གྱིས་སངས་རྒྱ་བའི་རྒྱུད་འདི་ནི་དུས་གསུམ་དུ་མི་འབྱུང་ངེས་སོ༔ རང་ཤར་ལས༔ མཚན་མར་འཛིན་པའི་འཁོར་བ་སངས༔ ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས༔ སངས་རྒྱས་ཞེས་ཀྱང་དེ་ལ་བྱ༔ ཞེས་སོ༔ རྒྱས་གདབ་པ་ནི༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད༔ ཅེས་པ་ནི༔ སྣོད་དང་མི་ལྡན་པ་ལ་གསང་བའི་(༢༤)དོན་ཏེ༔ ལུང་ལས༔ གསང་སྔགས་སྣོད་མིན་རྣམས་ལ་གསང༔ ཞེས་སོ༔ འབྲས་བུ་ཡོངས་རྫོགས་རང་བྱུང་རིག་པའི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དུང་གི་སྤར་ཁབ་འདི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱས་ཨཱུ༔ བུ།ཐཨ།༔ །ངཐ།མྭ༔ །བྦགམྦ༔

འབྲས་བུ་ཡོངས་རྫོགས་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དྲི་མེད་སྙིང་པོ།

༄༅། །འབྲས་བུ་ཡོངས་རྫོགས་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དྲི་མེད་སྙིང་པོ་བཞུགས་སོ༔

༄༅༔ བྦབྦཅུཐཤ།༔ དོན་ཐམས་ཅད་རྫོགས་པའི་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་འདི་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་ལ་གསུམ་སྟེ༔ སྒྲའི་སྐད་ཤན་སྦྱར་བ་དང༔ མཚན་དོན་བསྟན་པ་དང༔ ཕྱག་འཚལ་བའོ༔ དང་པོ་ནི༔ རྒྱ་གར་སྐད་དུ༔ ཞེས་པ་ནི༔ སངས་རྒྱས་ཀྱི་ཞིང་ཁམས་གདུལ་བྱ་རྒྱ་ཤིན་ཏུ་ཆེ་བས་ན་རྒྱ༔ རྒྱ་ཆེ་བའི་ཆོས་གར་གསུངས་པས་ན་གར་སྐད་གང་ལས་བསྒྱུར་ཕྱིར་སྐད་ཅེས་བྱའོ༔ གདུལ་བྱ་རྒྱ་ཆེ་བ་ཆོས་ལ་དཀར་བ་ལ་རྒྱ་དཀར༔ རྒྱ་ཆེ་བ་ཆོས་ལ་གནག་པ་ལ་རྒྱ་ནག་ཅེས་བྱའོ༔ ཆོས་བསྒྱུར་བའི་སྐད་རིགས་ཉི་ཤུ་རྩ་གསུམ་ལས་བསྒྱུར༔ ཕལ་ཆེར་བསྒྱུར་བ་ནི་ཡང་དག་གསང་བའི་སྐད༔ ཌཱཀྐི་མའི་སྐད༔ ཨོ་རྒྱན་གྱི་སྐད༔ མ་རུ་རྩེའི་སྐད༔ དྷ་ན་ཀཱོ་ཤ་གླིང་པའི་སྐད༔ སང་ཀྲ྇་ཏའི་སྐད༔ ཀ་ལ་པིང་ཀ་འཛོ་ཀི་ཡོ་ནའི་སྐད༔ སྤྲིན་འཛུ་རྩེའི་སྐད༔ བརྒྱད་ལས་བསྒྱུར་རོ༔ དེ་ལ་འདིར་པཎྜི་ཏ་ལྷའི་སྐད་དུ༔ གྷ་ཏ་པ་ན༔ ཨ་ཏྲི་ཡ་ཏན་ཏྲ༔ ཞེས་པའི་སྒྲ་དེ་བོད་སྐད་དུ་བསྒྱུར་བས༔ རྒྱུད་ཀྱི་མཚན་འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་ཅེས་བྱ་བར་བྱུང་བའོ༔ འཁོར་འདས་ཀུན་ལ་འབྲེལ་བས་རྒྱུད་ཅེས་བྱའོ༔

གཉིས་པ་མཚན་གྱི་དོན་བསྟན་པ་ནི༔ ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འདིར་རྫོགས་ཤིང་འདིའི་གོང་ན་གཞན་མེད་པར་བསྟན་པའོ༔ རང་བྱུང་རང་ཤར་ནི་ཐམས་ཅད་ཀུན་ཏུ་བཟང་པོ་ལས་བྱུང་ཞིང་འགག་མེད་དུ་རང་ཤར་བའོ༔

གསུམ་པ་ཕྱག་བཙལ་བ་ནི༔ གཉིས་པོ་དབྱེར་མེད་དུ་འདོད་པའོ༔

རྒྱུད་ཀྱི་གཞུང་དོན་དངོས་ལ་ལྔ་སྟེ༔ སྟོན་པ་གང་གིས༔ གནས་གང་དུ༔ (༢༥)འཁོར་གང་ལ༔ དུས་གང་གི་ཚེ༔ རྒྱུད་དོན་གང་གསུངས་པའོ༔ དང་པོ་སྟོན་པ་ནི༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ ཞེས་པས༔ སྟོན་པ་རང་བྱུང་ཆེན་པོ་ལྷུན་གྲུབ་ཆོས་ཀྱི་སྐུ༔ རྟོག་པ་ཐམས་ཅད་ལས་འདས་པའི་གནས་འོག་མིན་ཆོས་ཀྱི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བར༔ འཁོར་རིགས་ལྔའི་སྟོན་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་དང་དབྱེར་མེད་པ་རྣམས་ལ༔ དུས་ནི་གང་དུ་རྒྱུད་ལས༔ འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན༔ ཞེས་པས་སྟོན་པ་གནས་འཁོར་གསུམ་འཛོམ་པའི་དུས་འདིར་བསྟན༔ ཅེས་པའོ༔ རྒྱུད་ཀྱི་དོན་གང་གསུངས་ན༔ ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པ་རྫོགས་པ་ཆེན་པོ་འདི་ཉིད་བྱིན་རླབས་ཀྱིས་རྩོལ་མེད་རང་བྱུང་དུ་གསུངས་པའོ༔ ཇི་ལྟར་གསུངས་ན༔ ཨེ་མ་འདི་འཛིན་སྐལ་བ་ཆེ༔ འདི་ནི་རང་བྱུང་ཆེན་པོ་འོ༔ ཞེས་པས་ལུས་ཅན་ཐམས་ཅད་ལ༔ ཀུན་ཏུ་བཟང་པོའི་དགོངས་པ་རང་བྱུང་དུ་ཁྱབ་ཅིང་ཁྱད་པར་རང་གི་ལུས་ལ་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་གནས་སོ༔ དེ་ཡང་ལུས་གྲུབ་པ་དང་རྩ་གྲུབ༔ དེ་དང་དུས་མཉམ་དུ་རླུང་དང་ཐིག་ལེ་ཡེ་ཤེས་གྲུབ་པའོ༔ ལུས་འདི་འབྱུང་བ་བཞི་འདུས་པ་ལས་གྲུབ་སྟེ༔ ས་ལས་ཤ་རུས་པ་པགས་པ་གྲུབ༔ ཆུ་ལས་ཁྲག་དང་ཆུ་སེར་ཐིག་ལེ་གྲུབ༔ མེ་ལས་དྲོད་གྲུབ༔ རླུང་ལས་དབུགས་གྲུབ༔ དེ་ལྟར་འབྱུང་བ་བཞི་འདུས་པ་ལས་ཡན་ལག་དབང་པོ་དང་དོན་སྙིང༔ རྩའི་གཙོ་བོ་དང་འཁོར་ལོ་ལྔ་ལ་སོགས་པ་རྣམས་གྲུབ་བོ༔ དེ་ཡང་ལུས་གྲུབ་པས་རྩ་གྲུབ་པ་ནི་རྩའི་གཙོ་བོ་ལ་ལྔ་སྟེ༔ ཐབས་ཀྱི་དབུ་མ་ནི་ཡར་སྣ་ཀླད་པ་ལ་ཟུག༔ མར་སྣ་གསང་གནས་སུ་སླེབ་པ༔ ཨ་བ་དྷཱུ་ཏི་ཞེས་བྱ་སྟེ༔ ཁ་དོག་དཀར་གསལ་སྦོམ་ཕྲ་མདའ་སྙུག་ཙམ་དུ་གནས༔ ཐ་མལ་པ་རྣམས་རྒྱུངས་པ་ཞེས་ཟེར༔ ཤེས་རབ་ཀྱི་དབུ་མ་ནི་ཀུན་དྷ་ར་མ་ཞེས་བྱ་སྟེ༔ ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ མར་སྣ་གསང་གནས་སུ་ཟུག་པ༔ ཁ་དོག་དམར་གསལ་སྦོམ་ཕྲ་མདའ་སྙུག་ཙམ་དུ་གནས་སོ༔ ཐ་མལ་དུ་མིང་སྲོག་རྩ་ཞེས་ཟེར་རོ༔ ཐབས་ཤེས་དབྱེར་མེད་ཀྱི་དབུ་མ་ནི་སྒལ་ཚིགས་ཀྱི་མདུན༔ སྲོག་རྩའི་རྒྱབ་ན་ཡར་གནས་ཏེ་ཡར་སྣ་སྤྱི་བོའི་ཚངས་བུག་ལ་(༢༦)ཟུག་པ༔ མར་སྣ་གསང་གནས་ལ་ཟུག་པ༔ ཁ་དོག་ཕྱི་དཀར་ལ་ནང་དམར་བ༔ ཁྲག་དང་ཆུ་སེར་མེད་པ༔ ནང་སྟོང་པ་གྲོ་སོག་གི་སྦུ་གུ་ལྟ་བུ༔ སྦོམ་ཕྲ་དར་དཀར་ཀྱི་སྐུད་པ་ཙམ་གནས༔ དེ་ནི་ཐབས་ཤེས་རབ་དབྱེར་མེད་དོན་དམ་པའི་དབུ་མའོ༔ དེ་རྣམས་ཀྱི་གཡས་གཡོན་ན་གནས་པའི་རྩ་ནི་ཡར་སྣ་ཀླད་པའི་ནང་ནས་མར་གུག་སྣ་བུག་གཉིས་སུ་ཟུག༔ མར་སྣ་གསང་གནས་ན་ཟུག་པ༔ ཁ་དོག་གཡས་དམར་པོ་མིང་རོ་མ་ཞེས་ཟེར་རོ༔ གཡོན་ཁ་དོག་སེར་པོ་མིང་རྐྱང་མ་ཞེས་ཟེར་རོ༔ སྦོམ་ཕྲ་མདའ་སྙུག་ཙམ་དུ་གནས་སོ༔ རྩ་ལྔ་པོ་འདི་རྣམས་ལུས་ཀྱི་དཀྱིལ་ན་ཐིག་ལྟ་བུའམ་ཀ་བ་གཤིབ་པ་ལྟ་བུའམ༔ རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ལྟར་གནས་པས་རྡོ་རྗེའི་ལུས་ཞེས་བྱའོ༔ དེ་ཡང་གསང་རྒྱུད་ལས༔ རྩ་ལྔ་རྡོ་རྗེའི་དབྱིབས་ལྟར་གནས༔ རྡོ་རྗེའི་ལུས་ཞེས་དེ་ལ་བྱ༔ ཞེས་གསུངས་སོ༔ དེ་ལྟར་རྩ་ཡི་གཙོ་བོ་ལྔ་ལས༔ རྩ་ཕྲན་འཁོར་ལོ་ལྔར་གནས་ཏེ༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་གདུགས་ཀྱི་ཚུལ་དུ་གནས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་ཁྲིའུའི་ཚུལ་དུ་གནས༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་པད་མའི་ཚུལ་དུ་གནས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི༔ སྐྲ་ཤད་ལྟར་ཡན་མན་འཛིངས་ནས་གནས༔ གསང་གནས་བདེ་སྐྱོང་འཁོར་ལོ་ན༔ རྩ་འདབ་ཉི་ཤུ་རྩ་བརྒྱད་སྡོང་པོ་ལྟར་རྩ་བ་གཅིག་ཏུ་འདུས་ནས་གནས༔ དེ་ལས་རྩ་ཕྲན་བ་སྤུའི་གྲངས་དང་མཉམ་པར་ལུས་ཀུན་ལ་ཁྱབ་པར་གནས་སོ༔ དེ་ལྟར་རྩ་གང་ན་གནས་པ་ན་འབྱུང་བའི་དྭངས་མ་རྒྱུའི་ཐིག་ལེས་ཁྱབ་ནས་གནས༔ དེའི་ཆ་ཀུན་དང་ཡེ་ཤེས་དབྱེར་མེད་ཟང་ཐལ་དུ་གནས་སོ༔ དེ་ལྟར་ལུས་སྤྱི་ལ་ཟང་ཐལ་དུ་ཁྱབ་ཀྱང་ཁྱད་པར་དུ་སྙིང་ལ་གནས་སོ༔ དཔེར་ན་ཙན་དན་གྱི་སྡོང་པོ་ལ་དྲིས་ཀུན་ལ་ཁྱབ་ཀྱང་ཁྱད་པར་སྙིང་པོ་ལ་བཟང་བ་བཞིན་ནོ༔ ཇི་ལྟར་གནས་ན་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དབུས་ན་རིག་པ་ཡེ་ཤེས་ལྔ་ལྡན་ཐིག་ལེ་ལུ་གུ་རྒྱུད་གསལ་ལ་འཚེར་བ༔ མདངས་དང་ལྡན་པ་སྒེག་པ༔ སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་རྣམ་པར་གནས་སོ༔ དེ་དག་ཀྱང་གདན་ཁྲི་དང་རྒྱན་ཆ་དང་(༢༧)གཙོ་འཁོར་དང་བཅས་པ་ལ་ངོ་བོའི་ཆ་ནས་སྐུ་ཉུང་འབྲུ་ཙམ་ལ་ཡེ་ཤེས་ཀྱི་ཆ་ནས་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ༔ དེ་རྣམས་ཀྱི་རྩལ་ལས་རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་རྣམ་པར་བཞུགས་སོ༔ དེ་ཡང་ཡེ་ཤེས་ལྔའི་རང་འོད་དང་ལྡན་པ་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ༔ ཀློང་གསལ་ལས༔ སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ༔ དུང་ཁང་ཁྲོ་བོའི་ཚུལ་དུ་གནས༔ ཞེས་སོ༔ དེ་ལྟར་གནས་པ་དེ་འོལ་ཚོད་འདུས་བྱས་མ་ཡིན་ཏེ་ཡེ་ནས་ཀུན་ཁྱབ་རང་གསལ་དུ་གནས་སོ༔ རྒྱུད་ལས༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པ་དང༔ རྒྱུད་ལས༔ ཡེ་ནས་གཞི་ལ་གནས་གྱུར་ཀྱང༔ བར་དུ་རྐྱེན་མེད་རྐྱེན་གྱིས་གསལ༔ ཞེས་སོ༔ དེས་ཀུན་ཏུ་བཟང་པོའི་དགོངས་པ་ཡེ་ཤེས་ཟང་ཐལ་ཆེན་པོ་ལྷུན་གྲུབ་ཏུ་གནས་པ་བསྟན་པའོ༔ དེ་ནས་ཡུམ་ཆེན་ཀུན་བཟང་གི་དགོངས་པ་ནི༔ དེ་ནས་ཡུམ་ཆེན་ཀུན་བཟང་ཞེས་པ་ལ་སོགས་པ་གསུངས་ལ༔ དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་ཀུན་གྱི་གཞིར་གྱུར་པ་གཟུགས་དང་ཁ་དོག་དངོས་པོ་མཚན་མ་ཅན་གང་དུ་མ་གྲུབ་པ་ལ༔ ཡ་ཏ་རྒྱལ་བའི་དཀྱིལ་འཁོར་ནས༔ མ་ཐ་རིགས་དྲུག་དམྱལ་བ་ཡན་ཆོད་ལ་ཆུ་དང་རླན་ལྟ་བུར་ཁྱབ་ནས་གནས་ཏེ༔ དེ་ཡང་གཞན་ནས་འོངས་པའམ་འགྲོ་བ་ཅན་ཞིག་མ་ཡིན་ཏེ༔ དུས་ཐམས་ཅད་དུ་གནས་པ་དེ་ཉིད་གློ་བུར་དུ་བྱུང་བ་མ་ཡིན་པར་ཡེ་ནས་སྟོང་པས་ཡེ་སྟོང༔ གཞན་ལ་མ་ལྟོས་པས་གཞན་སྟོང་པ༔ ཀུན་གྱི་ངོ་བོ་སྟོང་པས་སྐུ་སྟོང་པ༔ དུས་གསུམ་སྔ་ཕྱི་མེད་པར་སྟོང་པས་མཉམ་པར་སྟོང་པ༔ ཕྱོགས་རིས་མེད་པར་སྟོང་པས་ཀུན་ཁྱབ་གདལ་བར་སྟོང་པའོ༔ དེ་ལྟ་བུའི་སྟོང་པ་ཉིད་དེ་མིག་གིས་མཐོང་དུ་མེད༔ ལྕེས་སྨྲ་རུ་མེད༔ ཡིད་ཀྱིས་དཔྱད་དུ་མེད༔ དཔེས་མཚོན་དུ་མེད་ཅིང་མཚོན་པ་ལས་འདས་མོད་ནའང༔ ཕྱོགས་ཙམ་བྲལ་བའི་དཔེས་མཚོན་པ་སྟོང་གསལ་ནམ་མཁའ་ལྟ་བུའོ༔ ནམ་མཁའ་དབྱར་གྱི་ན་བུན་སངས༔ དགུན་གྱི་འཚུབ་མ་མ་ལངས༔ ནམ་ལངས་ཉི་མ་ཤར་སད་(༢༨)བྱུང་བའི་དུས་དེ་ན་སྟོང་པ་ལ་གང་གིས་ཀྱང་མ་བསྒྲིབས་པ༔ གསལ་ལ་ངོས་བཟུང་དང་བྲལ་བ་དེ་ཉིད་སྟོང་ཉིད་མཚོན་པའི་དཔེའོ༔ དེ་ཡང་དཔེས་མཚོན་དུ་མེད་པ་དེ་ཉིད་དཔེས་མཚོན་པ་ཙམ་ལས་དངོས་འདྲ་བ་ནི་མ་ཡིན་ཏེ༔ ཕྱོགས་འདྲ་ཙམ་ཡིན་མོད༔ ཅིའི་ཕྱིར་ན༔ སྟོང་ཉིད་ནི་རིག་པ་ཅན་གྱི་སྟོང་པ་ལ༔ ནམ་མཁའ་ནི་རིག་པ་མེད་པའི་སྟོང་པའི་སྟོང་པའོ༔ དཔེར་ན་ཕྱོགས་འདྲ་བའི་དཔེ་མཚོན་པ་ཙམ་དུ་ཟད་དོ༔ དེ་ཡང་མཚན་ཉིད་མཚོན་པའི་ནམ་མཁའ་དཔེར་བཞག་ཀྱང༔ རེ་ཞིག་ཕྱོགས་ཙམ་དཔེར་བཞག་མཚོན་པ་སྟེ༔ སེམས་ཉིད་རིག་བཅས་སྟོང་པ་སྟེ༔ ནམ་མཁའ་རིག་མེད་སྟོང་པས་མཚོན་དུ་མེད༔ དེ་ཀུན་ཏུ་བཟང་མོ་ཡུམ་གྱི་དགོངས་པ༔ གཏད་མེད་ལྷུག་པ༔ རང་བཞིན་རྣམ་དག་ཆོས་ཉིད་འགྱུར་མེད་དུ་གནས་པའོ༔

དེ་ནས་ཡབ་ཡུམ་གཉིས་མེད་ཀྱི་དགོངས་པ་དབྱིངས་རིག་གསལ་སྟོང་དབྱེར་མེད་དུ་བསྟན་པ་ནི༔ དེ་ནས་ཡབ་ཡུམ་གཉིས་མེད་འཁྲིལ༔ དགོངས་པ་གཅིག་ཏུ་བཀའ་སྩལ་པ༔ ཅེས་གསུངས་པས་གསལ་བ་དང་སྟོང་པ་དབྱེར་མེད་ལྷུན་གྲུབ་ཏུ་གནས་ཏེ༔ སྐད་ཅིག་ཏུ་འདུ་འབྲལ་མེད་པར་སྟོང་པའི་དུས་ན་ཡང་རིག་པ་འོད་དང༔ འོད་ཁྱིམ༔ ཐིག་ལེ་དང་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་དེ་ལྟ་བུའི་རང་བཞིན་དུ་ཁྲ་ཆི་ལེ་གསལ་བར་གནས་སོ༔ གསལ་བའི་དུས་ནའང་ངོ་བོ་སྟོང་གསལ་དབྱེར་མེད༔ དེ་བཞིན་སྣང་སྟོང་དབྱེར་མེད༔ གྲགས་སྟོང་དབྱེར་མེད༔ ཚོར་སྟོང་དབྱེར་མེད༔ མྱོང་སྟོང་དབྱེར་མེད༔ རིག་སྟོང་དབྱེར་མེད་པར་གནས་སོ༔ ཡོན་ཏན་ཀུན་རྫོགས་མཚོན་བྱེད་ཕྱིར༔ ཞེས་པ་ནི༔ དེ་ལྟར་གོང་དུ་བསྟན་པའི་དབྱིངས་རིག་དབྱེར་མེད་དེ༔ རྩལ་རྫོགས་ཤིང་བརྟན་པ་ཐོབ་པར་བྱ་བའི་ཕྱིར་ཉམས་སུ་བླང་བ་ནི༔ འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས༔ གནས་འདུ་འཛི་མེད་པའི་ནམ་མཁའ་རྒྱ་ཆེ་བའི་སར་ཕྱི་ནང་གི་མཐུན་རྐྱེན་འཛོམ་པས༔ སྟན་བདེ་བ་ལ་རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་བསྲངས་ལ་མིག་སྨིན་མཚམས་སུ་གཏད༔ སྟེང་འོག་རླུང་བག་ཙམ་བཟུང་ལ་མ་ཡེངས་པར་རིག་པ་རྩེ་གཅིག་ཏུ་ནམ་མཁའ་ལ་བལྟས་པས༔ ཆོས་ཉིད་དབང་པོས་མངོན་(༢༩)སུམ་དུ་མཐོང་བར་འགྱུར་རོ༔ མངོན་སུམ་དུ་མཐོང་བ་དེ་ལས་ལུས་ངག་ཡིད་གསུམ་མ་འགུལ་བར་ཉམས་སུ་བླངས་པས༔ རིག་པ་ཡེ་ཤེས་རྩལ་རྫོགས་ནས༔ འཁྲུལ་པའི་རྟོག་པ་ནུབ་སྟེ་སྐུ་དང་ཞིང་ཁམས་སུ་ཤར་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ༔ ཡི་གེ་ཉི་ཤུ་རྩ་ལྔས་བསྟན༔ ཅེས་པ་ནི་ཉམས་ལེན་མཐར་ཕྱིན་དུས་སུ་དབང་པོའི་ཞེན་པ་བཟློག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས༔ ཕུང་པོའི་ཞེན་པ་ལོག་པས་འཁྲུལ་པའི་ལུས་དེ་མངལ་ཁ་སྟོངས༔ ཡུལ་ཀུན་ཞེན་པ་ལོག་པས་གཉིས་སུ་འཛིན་པ་ཞིག༔ སེམས་ཀྱི་དངོས་པོ་སྤུར་བས་མཚན་མ་རང་སར་གྲོལ༔ བྱུང་ཚོར་གནས་སུ་དག་པས་ངར་འཛིན་ཞིག༔ འདུ་ཚོགས་སྣང་བ་ངོས་བཟུང་བས་རང་རིག་ཡེ་ཤེས་སུ་ཤར༔ རིག་པ་བཙོན་རར་བཅུག་པས་འཁོར་བ་གཞི་མེད་དུ་རང་སར་དག༔ འཁྲུལ་པ་རང་རྒྱུད་ཁུངས་ཆོད་པས་སྲུང་མཚམས་རང་སར་དག༔ རིགས་དྲུག་རིམ་གྱིས་བསྒྲལ་བས་འགྲོ་དྲུག་གཡང་ས་ཆོད༔ འཁོར་བའི་དོང་ནས་ཐོན་པས་རང་རྒྱུད་དོན་ལ་གནས་ཏེ་ཕྱིར་མི་ལྡོག་པའི་ས་ཐོབ༔ ཆོས་ཅན་ཐུར་དུ་གཞུག་པས་ཆོས་ཉིད་དོན་གྱི་མཚན་མ་རྟོགས༔ རོའི་ཡུལ་ཁུངས་སྤུར་བས་ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་ཐོབ༔ ཞེན་པའི་ཕྲེང་ཐག་ཆོད་པས་བར་ཆོད་དབྱིངས་སུ་དག༔ ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པ་གཡོ་འགུལ་མེད་པར་གནས༔ ལྷའི་ཕྱག་རྒྱ་བལྟས་པས་རིག་པ་གསལ་འགྲིབ་མེད་པར་གསལ༔ ལྟ་སྒོམ་ལོག་པ་དག་པས་དྲི་མེད་ཆོས་སྐུ་ཐོབ༔ ས་ལམ་དུས་གཅིག་བཅད་པས་རྩོལ་བ་རང་སར་གྲོལ༔ ཡིད་དཔྱོད་ལྟ་བ་ཁུངས་བཅད་པས་སྙེམས་དང་བྲལ༔ སྐུ་གསུམ་ལམ་དུ་སློངས་པས་འཁྲུལ་པ་ཀ་ནས་དག༔ སྣང་བ་དངོས་སུ་སློངས་པས་རྟོགས་པ་མངོན་དུ་གྱུར༔ དགྲ་ཡི་ཞེན་མཐའ་བཅད་པས་བདུད་བཞི་ཆོས་ཉིད་དུ་ཆོམས༔ བསམ་གཏན་ཆེན་པོའི་ས་གནོན་པས་དམིགས་པའི་མཚན་མ་ཐམས་ཅད་དང་བྲལ༔ སངས་རྒྱས་མངོན་ཞེན་ལོག་པས་འབྲས་བུའི་རེ་དོགས་རང་སར་ཆོད༔ ཕྲིན་ལས་མཐའ་རུ་ཕྱིན་པས་གཟུགས་སྐུས་འགྲོ་དོན་ལྷུན་གྱིས་གྲུབ༔ རྒྱལ་སྲས་རྣམས་ཀྱི་ས་ནོན་པས་ཆོས་ཀྱི་དབྱིངས་ལ་ཟད་མི་ཤེས་པའི་ཡོན་ཏན་འགྱུར་(༣༠)མེད་དུ་ཐོབ་བོ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དགོངས་པ་ཀུན་ཏུ་བཟང་པོའོ༔ ཞེས་པ་ནི༔ གོང་དུ་བསྟན་པ་ཐམས་ཅད་རིག་པ་གསལ་སྟོང་དུ་འདུས་པའི་དོན་ཡིན་ནོ༔ ཡོངས་རྫོགས་ཏི་ཀ་གསལ་བྱེད་དྲི་མེད་སྙིང་པོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱས་ཨུ༔ བུ།༔ཏྶ༔ ཉཅ།།མྶ༔

མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས།

༄༅༔ མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་བཞུགས་པ་ལགས་སོ༔

༄༅༔ ཐཎསྱཤ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར༔ བླ་མ་བརྒྱུད་པའི་རིམ་པ་མདོ་ཙམ་བསྟན་པར་བྱ་སྟེ༔ དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་པས༔ ཇི་ལྟར་བརྒྱུད་པའི་ལོ་རྒྱུས་ནི༔ རྒྱུད་འདི་ཉིད་ལས༔ སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ ཉིད་ལས་མི་ཞན་སེམས་དཔའི་སྣོད༔ བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ༔ གཏད་པས་གཅིག་ཤེས་ཆོས་ཀུན་གྲོལ༔ བཅིངས་དང་གྲོལ་བའི་མཐའ་ལས་འདས༔ རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས༔ རང་བྱུང་དགའ་རབ་ཐུགས་ལ་ཤར༔ སེང་ཧ་ཉིད་ལ་རྒྱུད་གཏད་པ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ ལྔ་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་པས༔ དེ་ཡང་མཁའ་ཀློང་རྣམ་པར་དག་པའི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་དྲི་མ་དང་བྲལ་བ༔ ཅིའི་ངོ་བོར་ཡང་མ་གྲུབ་པ་ལས་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ནས༔ ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་འོག་མིན་གྱི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་གྱིས་བྱིན་གྱི་རླབས་ཀྱིས་བཤད༔ ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ དཔལ་རྡོ་རྗེ་སེམས་དཔས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་དུ༔ བཞུགས་པ་མི་ཡུལ་ན་བཞུགས་ཀྱང༔ དགོངས་པ་སངས་རྒྱས་དང་མཉམ་པའི་སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ལ་ཚིག་ཙམ་དུ་བཤད༔ དེས་སློབ་དཔོན་ཤྲཱི་སིངྷ་ལ་རྩུབ་འགྱུར་ཚུལ་གྱི་དུར་ཁྲོད་ཆེན་པོར་མངོན་སུམ་རང་(༣༡)ཐོག་ཏུ་གཏན་ལ་ཕབ་ནས་བསྟན༔ དེས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞེས་བྱ་བ༔ རྡོ་རྗེ་ལྟ་བུའི་སྐུ་སྐྱེ་ཤི་འདས་གྲོངས་དང་བྲལ་བ་དེ་ལ༔ དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་གནས་ལུགས་ཡིད་དཔྱོད་དང་བྲལ་ནས་བསྟན༔ དེས་ཌཱཀྐཱི་མ་ཐམས་ཅད་ཀྱི་ལུང་བསྟན་གནང་བ་ཐོབ་པའི་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གཞོ་སྟོད་ཏི་སྒྲོའི་བྲག་ཕུག་ཏུ་གླེན་སྒོམ་ཡིད་དཔྱོད་མུན་འཐུམས་དང་བྲལ་ནས་ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་རང་གསལ་བ་མངོན་སུམ་དུ་གཏན་ལ་ཕབ་ནས་བསྟན༔ བདག་འདྲ་མཁར་ཆེན་བཟས་བསྡུ་བ་པོ་མཛད་ནས་མ་འོངས་ལས་འཕྲོ་ཅན་གྱི་ཐུགས་སུ་བརྒྱུད་པར་བྱིན་གྱིས་བརླབས་ཏེ༔ ཌཱཀྐི་མ་ལ་གཏད་དེ་རིན་པོ་ཆེ་སའི་གཏེར་དུ་སྦས་སོ༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དམ་པར༔ ལྷ་གཅིག་པད་མ་གསལ་ལ་མངོན་སུམ་འོད་གསལ་གྱི་དགོངས་པ་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་བཞི་སྣང་འཆར་ཚུལ་དང་བཅས་པ་མ་ལུས་ཤིང་ཡོངས་སུ་རྫོགས་པར་གསུངས༔ གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས་སོ༔ དེ་ནས་ལྷ་གཅིག་དེ་ཉིད་སྐྱེ་བ་མང་ཞིག་བརྒྱུད་པའི་རྗེས་སུ༔ འབྲིན་ཐང་ཆོས་འབྱུང་དུ་ལྕགས་མོ་ཡོས་ལོ་ལ་སྐུ་འཁྲུངས་པའི་སྤྲུལ་པའི་སྐུ་ལས་དང་སྐལ་བར་ལྡན་པ་སྤང་སྒང་པ་རིན་ཆེན་ཚུལ་རྡོར་ཞེས་བྱ་དེར༔ དགུང་ལོ་བཅུ་དྲུག་ལ་ལུང་བསྟན་རྣམས་བྱུང་སྦྱངས་པའི་ལས་སད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ཆོས་སྐུར་རྟོགས་པའི་བླ་མ་དེ་ལ་གཏེར་གྱི་ཁ་བྱང་ལྡེ་མིག་རྣམས་ཕྱག་ཏུ་བྱོན་ནས་ཆུ་མོ་གླང་ལོའི་སྟོན་ཟླ་ཐ་ཆུང་གི༔ ཉེར་བདུན་གྱི་ཉིན་བླ་མ་ཡི་དམ་མཁའ་འགྲོ་བཀའ་སྲུང་གཏེར་བདག་ལ་ཚོགས་གཏོར་ཕུལ་ནས་གསོལ་བ་བཏབ་སྟེ༔ དང་ལུང་ཕྲ་མོ་བྲག་ནས་གཏེར་གདན་དྲངས༔ བླ་མ་སྤྲུལ་པའི་སྐུ་དེ་ལ་ལས་ཅན་གྱི་སློབ་མ་ཉེར་གཅིག་འབྱུང་བར་ཨོ་རྒྱན་པདྨས་ལུང་བསྟན་པ་ལ༔ ཤེལ་དཀར་བཟའ་མགོན་སྐྱིད་སྐྱེ་བ་བདུན་གྱི་ཐ་མ་ཤེ་པོར་འཁྲུངས་པའི་སེ་བ་ལུང་པ་རྒྱལ་སྲས་ལེགས་ལྡན་ལ་ཤོག་སེར་རྣམས་གཏད༔ དབང་གི་ཆུ་བོ་བཀའ་ལུང་རྗེས་གནང་དང་བཅས་པ་གནང་ནས༔ ཨོ་རྒྱན་ལུང་བསྟན་(༣༢)ཁྱེད་ལ་འདུག་ཅེས་གསུངས་སོ༔ གཞན་ཡང་ཕྲ་མོ་བྲག་གི་གཏེར་ཁའི་སྐོར་ལ༔ བླ་མ་ཡི་དམ་བཀའ་སྲུང་དྲེགས་པ་འཆི་བདག་འདུས་པའི་སྐོར་མངོན་སྤྱོད་བསམ་གྱིས་མི་ཁྱབ་པའི་བཀའ་ལུང་ཐམས་ཅད་རྫོགས་པར་གནང༔ དེ་ནས་རྒྱལ་སྲས་ལེགས་པས་མི་ལོ་བཅུ་གསུམ་བར་དུ་མ་སྤེལ༔ དེ་ནས་ཆོས་རྗེ་རང་བྱུང་དགུང་ལོ་སྤྲེལ་ལོ་པ་དྲུག་ཅུ་རྩ་གཅིག་བཞེས་པ་གཅིག་ཀོང་པོ་སྣང་རང་དགོན་གསར་ན་༼ལྷུན་གྲུབ་སྟེང་༽བཞུགས་དུས༔ བང་ཆེན་མི་གསུམ་བཏང་ནས་བླ་མ་༼སྤྲུལ་སྐུ་༽ལེགས་ལྡན་པ་གདན་དྲངས་ཞལ་མཇལ་མཉེས་ཚོར་ཆེན་པོ་མཛད༔ དེ་ནས་ཤོག་སེར་ཞལ་བསྟན་བཀའ་ལུང་རྗེས་གནང་ཐམས་ཅད་ཆོས་རྗེའི་༼རང་བྱུང་རྡོ་རྗེ་༽དྲུང་དུ་གཏད་དེ༔ ཆོས་རྗེ་རང་བྱུང་རྡོ་རྗེས་རྟོགས་ལྡན་དར་མ་རྡོ་རྗེ་ལ་བཀའ་ལུང་༼མ་ལུས་པར་༽ཐམས་ཅད་རྫོགས་པར་གནང༔ དེས་རྟོགས་ལྡན་ནམ་མཁའ་རྡོ་རྗེ་ལ་བཀའ་ལུང་༼མ་ལུས་པར་༽རྫོགས་པར་གནང༔ དེས་བླ་མ་ཚུལ་ཁྲིམས་༼ཤཱི་ལ་ལཀྵ་༽འབུམ་པ་ལ་བཀའ་ལུང་༼མ་ལུས་པར་༽རྫོགས་པར་གནང༔ དེས་བླ་མ་དྷརྨ་ལཀྵ་༼ཆོས་འབུམ་པ་༽ལ་བཀའ་ལུང་༼མ་ལུས་པར་༽རྫོགས་པར་གནང༔ དེས་བླ་མ་བུདྡྷ་ཤྲཱི་༼སངས་རྒྱས་དཔལ་༽ལ་བཀའ་ལུང་༼མ་ལུས་པར་༽རྫོགས་པར་གནང༔ དེས་༼ཁམས་ཀ༔ ཐོག་གི་༽བླ་མ་རིན་པོ་ཆེ་པུནྱ་ལཀྵ་༼བསོད་ནམས་འབུམ་༽ལ་བཀའ་ལུང་༼མ་ལུས་ཡོངས་སུ་༽རྫོགས་པར་གནང༔ དེའི་དྲུང་དུ་བདག་འཕགས་པ་༼ཆེན་བསོད་ནམས་དར་ཞེས་པ་དེས་༽དཔོན་པོ་དར་མ་བཟང་པོས་གནས་མཆོག་དཔལ་གྱི་ཙཱ་རི་ཡེ་ཤེས་ཀྱི་འཁོར་ལོའི༔ ཡུལ་སྨད་མཁའ་འགྲོའི་སྒྲུབ་གནས་དམ་པར་དཔལ་ལྡན་བླ་མའི་༼བསོད་ནམས་འོད་ཟེར་གྱིས་༽བཀའ་དྲིན་ལ་བརྟེན་ནས་༼རྡོའི་བཅུད་ལེན་དེ་མ་གཏོགས་པར་ཚང་བརཿ༽ཐོབ་པ་ལགས་སོ༔

སངས་རྒྱས་ཀྱི་འདས་རྗེས་གསུམ་པ།

༄༅༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ་བཞུགས་པ་ལགས་སོ༔

༄༅༔ སངས་རྒྱས་ཀྱི་འདས་རྗེས་དང་པོ་བཞུགས་སོ༔ ཏ།ཏ།ཀླ༔ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་དུ་ན་མ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསང་སྔགས་(༣༣)ཐམས་ཅད་ཀྱི་གནད་གཅིག་ཏུ་དྲིལ་ནས་ཉམས་སུ་འདི་ལྟར་ལོངས་ཤིག༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱངས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱངས་རུ་ཤན་དབྱེ༔ དེ་ནས་རྣལ་དུ་དབབ་པའི་ཕྱིར༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ གནས་བརྟན་གྲོལ་བའི་གདེང་ཐོབ་ནས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ གླང་སེང་དྲང་སྲོང་བཞུགས་སྟངས་བྱ༔ ངག་ནི་སྨྲ་བའི་རྒྱུན་བཅད་ལ༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་གནད༔ མངོན་སུམ་གནད་ལས་འབྲལ་མི་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྣང་བ་བཞི་ཡི་དྲོད་རྙེད་ནས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ ཁམས་གསུམ་དག་ཏུ་ལྡོག་རེ་ཀན༔ མྱ་ངན་འདའ་བར་ཐེ་ཚོམ་མེད༔ ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུང་བ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང་འོད་ཕུང་གི་ནང་ན་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་གཡས་པའི་མཐིལ་དུ་བབས་ཏེ༔ དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ཁ་བཻ་ཌཱུརྱ་ཞུན་མས་བྲིས་པ་བབས་པས༔ དགའ་རབ་རྡོ་རྗེ་རྟོགས་པའི་གདིངས་རྙེད་དོ༔ ཡང་སངས་རྒྱས་ཀྱི་བྱིན་བརླབས་ལས་རང་ཤར་བ་གསང་སྔགས་ཐམས་ཅད་ཀྱི་ཡང་བཅུད༔ བསྟན་པ་ཐམས་ཅད་ཀྱི་སྙིང་གཟེར༔ སངས་རྒྱས་ཀྱི་འདས་རྗེས་དང་པོ་རྫོགས་སོ༔ སྔགས་ཀྱི་རྒྱལ་མོ་སྲོག་སྒྲུབ་མས་སྲུངས་ཤིག༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༈ སངས་རྒྱས་ཀྱི་(༣༤)འདས་རྗེས་གཉིས་པ་བཞུགས་སོ༔ ཏཱ།ཅ།ཏ།མ༔ རྒྱ་གར་སྐད་དུ༔

བུདྡྷ་དེ་ཀ་ར་དྷུ་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་སྟོབས་ཀྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱངས༔ ལུས་དང་ངག་དང་སེམས་གསུམ་པོ༔ རུ་ཤན་ལེགས་པར་མ་ཕྱེད་ན༔ ཁམས་གསུམ་ཉིད་ལས་མི་གྲོལ་བས༔ སྔོན་འགྲོའི་གནད་ལ་མཁས་གྱུར་ན༔ མཆོག་ཐུན་དགོངས་པ་ལ་མཁས་འགྱུར༔ དབེན་པའི་གནས་སུ་གཅིག་པུར་འདུག༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང༔ སྤྱི་བོར་ཐལ་མོ་གནས་པར་བྱ༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་རྟོག་བར་ཆད་ཞི༔ ཞེན་པ་ལྡོག་ཅིང་སྡིག་པ་འདག༔ ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་འགྱུར་བའོ༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་སྤྱད༔ རྒྱས་གདབ་གནད་ལ་ཞག་གསུམ་བྱ༔ རྩལ་སྦྱང་མཉེན་བཙལ་ལམ་དུ་གཞུག༔ དེ་ལྟར་ངག་གིས་སུས་བྱས་པ༔ ཞེན་ལོག་ངག་གི་སྡིག་པ་འདག༔ མི་རྟོག་གཉིས་མེད་ལོངས་སྐུར་གྲོལ༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླངས༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་འཕྲད༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལྡོག་བར་ཆད་ཞི་བ་དང༔ སྒྲིབ་དག་ཁམས་གསུམ་ལྡོག་པ་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདས༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་འབེབས་པ་མཁས་པར་བྱ༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ དེ་ལྟར་སྔོན་འགྲོ་(༣༥)རྫོགས་བྱས་ནས༔ དེ་དག་བློ་ཡིས་བོར་ནས་ཀྱང༔ མངོན་སུམ་གནད་དུ་དབབ་པའི་ཕྱིར༔ ལུས་ངག་ཡིད་གསུམ་བྱ་བ་སྤངས༔ འདི་ནི་དུར་ཁྲོད་ཆེན་པོ་མེ་རི་འབར་བའི་ཤར་ཕྱོགས་ཌཱཀྐི་མ་སྣ་ཚོགས་འདུ་བའི་གནས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཏེ་བརྒྱལ་ནས་གདུང་བའི་སྨྲེ་སྔགས་ཕྱུང་བ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང་མདུན་གྱི་ནམ་མཁར་འོད་ཕུང་གི་དཀྱིལ་ན༔ ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས༔ བཻ་ཌཱུརྱ་མཐིང་ཁ་ཞུན་མ་ཉིད་ལ་རིན་པོ་ཆེ་སྣ་ལྔའི་ཡི་གེ་རང་བྱུང་དུ་བཀོད་པ་རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་དང་བཅས་པ་རང་བབས་བྱིན་རླབས་མཆོག་གི་ཡི་གེ༔ སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ་སྤྲུལ་པ་པོ་དགའ་རབ་རྡོ་རྗེ་རྗེས་སུ་གཟུང་བའི་དོན་དུ་གནང་བར་བྱས་པ་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་སྣ་ཁྲིད་དང་འདྲ་བ་བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པ་འབྲས་བུའི་མཆོག་དམ་པ་རྫོགས་སོ༔ ཁྱནཐ༔ དགེའོ༔

༈ སངས་རྒྱས་ཀྱི་འདས་རྗེས་གསུམ་པ་བཞུགས་སོ༔ བྱ།ཏཊ།མརཱ༔ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ༔ རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསོན༔ ལུས་འདི་མྱ་ངན་འདའ་འདོད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ འདི་ལྟར་སུ་ཡིས་བྱས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ངག་ནི་བསླབ་བྱའི་རིམ་པ་དང༔ གནས་པ་བརྟན་ཞིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའ༔ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་བཞི་གཟིར་བ་ཡིས༔ (༣༦)སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ མངོན་སུམ་གནད་ཐོག་ལྡོག་པ་མེད༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་སྣུབས༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་བཙལ་མི་དགོས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང༔ ཐོབ་པ་གསུམ་གྱི་གཟེར་ཐེབས་སོ༔ དེ་ལས་བསྟན་དུ་མེད་དོ་ས་མ་ཡཱ༔ བསྟན་པ་གང་བབས་རིན་ཆེན་གྱིས༔ ལེགས་བྲིས་མཆན་ཁུང་དག་ཏུ་བཅངས༔ བཀུར་སྟི་སུས་བྱས་གྲོལ་བར་ངེས༔ འཇའ་འོད་སྒྲ་དང་ས་གཡོ་དང༔ སད་སེར་མུ་གེ་གཟས་ཟིན་དུས༔ ཕྱོགས་བསྟུན་ལྕེ་ཡིས་འདི་བཀླག་ན༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བས་ཀྱང་འདི་དོན་ཆེ༔ བསྟན་པ་ཐམས་ཅད་ཀྱི་རང་རྩལ༔ རང་བྱུང་བྱིན་རླབས་ཀྱི་ཡི་གེ་འདི༔ རྒྱལ་པོ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོར༔ བྱ་རྒོད་ཕུང་པོའི་རི་ལ་སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་པས༔ དགའ་རབ་རྡོ་རྗེས་སྨྲེ་སྔགས་ཕྱུང་བ་ཡིས༔ རིན་པོ་ཆེ་སྣ་ལྔའི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ༔ སངས་རྒྱས་ཀྱི་འདས་རྗེས་ཐ་མ༔ བསྟན་པ་ཐམས་ཅད་ཀྱི་བུ་གཅིག་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏི།ཀརྒ༵༔

བཏགས་གྲོལ་དོན་ཁྲིད།

༄༅༔ བཏགས་གྲོལ་དོན་ཁྲིད་བཞུགས་པ་ལགས་སོ༔

༄༅༔ ཨཱརྨམྱཐྱབྱ༔ བཅོམ་ལྡན་འདས་འབྲས་བུ་མངོན་དུ་འབྱིན་ལ་ཕྱག་འཚལ་ལོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་སྙིང་པོའི་རྒྱུད་འདི་ལ་གསུམ་སྟེ༔ ཡིད་ཆེས་པར་བྱེད་པ་བརྒྱུད་པའི་ལོ་རྒྱུས་དང༔ མ་སྨིན་པ་སྨིན་པར་བྱེད་པ་དབང་དང༔ སྨིན་པ་གྲོལ་བར་བྱེད་པ་གདམས་པའོ༔ དང་པོ་བརྒྱུད་པའི་ལོ་རྒྱུས་མ་བཤད་ན་ཡིད་མི་ཆེས་ཏེ་རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ (༣༧)ལོ་རྒྱུས་དོན་གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་པས༔ བརྒྱུད་པའི་ལོ་རྒྱུས་སྔོན་དུ་བཤད༔ དེ་ནས་སྨིན་པར་བྱེད་པའི་དབང་བསྐུར་དགོས་ཏེ༔ ཐལ་འགྱུར་ལས༔ དབང་ནི་རྣམ་པ་བཞི་ཡིས་ཀྱང༔ སྐལ་བར་ལྡན་པ་སྨིན་པར་བྱ༔ ཞེས་པ་དང༔ སྤྲོས་བཅས་ཉིད་དང་སྤྲོས་མེད་དང༔ ཤིན་ཏུ་སྤྲོས་པ་མེད་པ་དང༔ དེ་བཞིན་རབ་ཏུ་སྤྲོས་པ་མེད༔ དབྱེ་བ་བཞི་ཡི་ཚུལ་གྱིས་ནི༔ དད་ལྡན་རང་རྒྱུད་སྨིན་པར་བྱ༔ ཞེས་པ་དང༔ སྙིང་པོའི་རྒྱུད་ལས༔ དེ་ནས་རིག་པའི་རྩལ་དབང་བསྐུར༔ ཞེས་པས༔ དབང་རྣམས་རིམ་པ་བཞིན་དུ་ཐོབ་པར་བསྐུར་དགོས་སོ༔ དབང་མ་ཐོབ་ན་མི་རུང་སྟེ༔ ཐོབ་མ་ཐོབ་ཀྱི་སྐྱོན་ཡོན་ནི༔ སྙིང་གི་མེ་ལོང་གི་རྒྱུད་ལས༔ གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉེན་པ་ལག་སྐྱ་མེད་པ་བཞིན༔ ཆུ་ཡི་ཕ་རོལ་སྒྲོལ་བར་ག་ལ་ནུས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབས་འགྲུབ༔ ཅེས་སོ༔ དབང་རྣམས་བསྐུར་ནས་དམ་ཚིག་སྲུང་དགོས་ཏེ༔ ཐལ་འགྱུར་ལས༔ དབང་བརྟེན་པ་ཡི་དམ་ཚིག་བཤད༔ བྱེ་བྲག་བརྗོད་ཀྱིས་མི་ལང་ཡང༔ མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང༔ ཞེས་པས་དམ་ཚིག་བསྲུང་ངོ༔

༈ བྲཌཱཏཅྱམྲ།༔ གྲོལ་བར་བྱེད་པའི་གདམས་པ་ལ་གསུམ་སྟེ༔ སྦྱོར་བ་དངོས་གཞི་མཇུག་གོ༔ དེ་ཡང་ཀློང་གསལ་ལས༔ གདམས་པ་སྦྱོར་དངོས་རྗེས་གསུམ་མོ༔ ཞེས་སོ༔ དེ་ལ་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་ལ་བསླབ་པར་བྱ་བ་ལ་བཞི་སྟེ༔ དེ་ཡང་འདས་རྗེས་ལས༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱངས༔ ཞེས་པས༔ དང་པོ་སློབ་བུ་དེ་ལ༔ དྲང་དོན་གྱི་ཆོས་ཀྱིས་དད་པ་བསྐྱེད་དེ༔ མི་རྟག་པ་སྒོམ་དུ་གཞུག་གོ༔ དེ་ནས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་དུ་གཞུག་གོ༔ དེ་ཡང་འདས་རྗེས་ལས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ ཞེས་སོ༔ དང་པོར་ལུས་འདི་མ་རིག་འཁྲུལ་པ་ལས་གྲུབ་པས་དེའི་དབང་གིས་ལུས་ལ་རིགས་དྲུག་གི་ས་བོན་གནས་ཏེ༔ ཀློང་གསལ་ལས༔ (༣༨)སྤྱི་བོ་མགྲིན་པ་སྙིང་ཁ་དང༔ ལྟེ་བ་གསང་བ་རྐང་མཐིལ་དུ༔ ཨ་པྲེ་ཏྲི་སུ་ནྲ྇་དུ་དྲུག༔ གནས་སོ་ཞེས་པས་ས་བོན་དེ་རྣམས་མ་དག་པས༔ དུས་རྒྱུན་དུ་རིགས་དྲུག་ཏུ་འཁྱམས་ཤིང་ཁམས་གསུམ་དུ་འཁོར་བས་སྡུག་བསྔལ་མྱོང་བས༔ ས་བོན་དེ་རྣམས་དག་པར་བྱ་བ་ནི༔ འདས་རྗེས་ལས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱངས་རུ་ཤན་དབྱེ༔ ཞེས་པས༔ དེ་ཡང་མ་རིག་པ་ལས་གྲུབ་པའི་ལུས་འདི༔ མ་རིག་པའི་ས་བོན་གྱིས་འཁོར་བར་འཁྱམས་ཀྱང་རིག་པ་སྐུ་གསུམ་དུ་གནས་པའི་ཕྱིར༔ ཨོཾ་ཨཱཿཧཱུྃ་གསུམ་ལྷུན་གྲུབ་ཏུ་གནས་ཏེ༔ དེས་མ་རིག་པའི་ས་བོན་སྦྱང་བ་ནི༔ རང་ཐ་མལ་པའི་གནས་དྲུག་ཏུ༔ ཡི་གེ་གསལ་བར་བསྐྱེད་ལ༔ བདག་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་ཁར་ཧཱུྃ་མཐིང་ནག་བསྒོམས་ཏེ༔ ཡི་གེ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས༔ རིགས་དྲུག་གི་ས་བོན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང༔ མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་གྱིས་ཚིག་པར་བསྒོམས་ཏེ༔ ཨ་ཨཱཿཧཱུྃ་ཞེས་འབུམ་ཚོ་བདུན་བཟླས་སོ༔ དེ་ལྟར་བྱས་པས་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་དབྱེ་བར་འགྱུར་ཏེ༔ དེ་ཡང་མ་ཕྱེ་ན༔ ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེ་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བཤད༔ ཅེས་སོ༔ ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་དབྱེ་བའི་དགོས་པ་ནི་གཉིས་ཏེ༔ ཐལ་འགྱུར་ལས༔ འདི་ལ་དགོས་པ་རྣམ་གཉིས་ཏེ༔ ཐུན་མོང་མཆོག་གི་དབྱེ་བས་བརྟགས༔ ཞེས་སོ༔ ད་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་ལས༔ རྣལ་དུ་དབབ་པ་དང་རང་སར་གྲོལ་བ་མངོན་སུམ་གྱི་གནད་གཟིར་བའོ༔ དེ་ནས་རྣལ་དུ་དབབ་པར་བྱ་སྟེ༔ སྒྲོན་མ་འབར་བ་ལས༔ འཁོར་འདས་རུ་ཤན་ཕྱེ་ནས་ནི༔ ལུས་ངག་ཡིད་ནི་རྣལ་དུ་དབབ༔ ཅེས་པ་དང༔ འདས་རྗེས་ལས༔ དེ་ནས་རྣལ་དུ་དབབ་པའི་ཕྱིར༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་(༣༩)གཞུག༔ ཅེས་སོ༔ དེ་ནས་ལུས་རྣལ་དུ་དབབ་པ་ནི༔ ཉན་ཐོས་ཀྱི་ལྟ་སྟངས་བྱ༔ ངག་རྣལ་དུ་དབབ་པ་ནི་སྨྲ་བ་བཅད༔ ཡིད་རྣལ་དུ་དབབ་པ་ནི༔ ཡིད་བརྟན་ལ་ཤེས་པ་ངོས་བཟུང་ངོ༔ ཀློང་གསལ་ལས༔ ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས༔ ལུས་ངག་ཡིད་གསུམ་རྣལ་དུ་ཕེབས༔ ཅེས་སོ༔ དེ་ནས་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་རྣལ་དུ་དབབ་སྟེ༔ ལུས་རྣལ་དུ་དབབ་པ་ནི༔ རྣམ་སྣང་གི་ཆོས་བདུན་བཅའ༔ ངག་རྣལ་དུ་དབབ་པ་ནི༔ སྨྲ་བའི་རྒྱུན་བཅད༔ ཡིད་རྣལ་དུ་དབབ་པ་ནི༔ མིག་རྩེ་སྣ་རྩེ་སེམས་རྩེ་གཅིག་ཏུ་དྲིལ་ལ་མཉམ་པར་གཞག་གོ༔ ཡང་དེ་ཉིད་ལས༔ བྷོ་དྷི་སཏྭའི་ལྟ་སྟངས་ཀྱིས༔ རྣལ་ཕེབས་བདེ་བ་ཉིད་འཐོབ་འགྱུར༔ ཞེས་སོ༔ དེ་ནས་ཁྲོ་བོའི་ལྟ་སྟངས་ཀྱིས་རྣལ་དུ་དབབ་སྟེ༔ ལུས་རྣལ་དུ་དབབ་པ་ནི༔ ཁྲོ་བོའི་ལྟ་སྟངས་བྱ༔ ངག་རྣལ་དུ་དབབ་པ་ནི་ཁྲོ་བོའི་གད་རྒྱངས་ཧ་ཧ་དང༔ ཧི་ཧི་ལ་སོགས་པ་བརྗོད་དོ༔ ཡིད་རྣལ་དུ་དབབ་པ་ནི༔ མིག་བར་སྣང་ལ་བགྲད་དེ་མི་འགུལ་བར་བལྟས་པས་རྣམ་རྟོག་ཟིལ་གྱིས་མནན་ནས་གསལ་སྟོང་གི་ཉམས་སྐྱེའོ༔ ཡང་ལུང་ལས༔ ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས༔ རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ༔ ཅེས་སོ༔ ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱ༔ བྷོ་དྷི་སཏྭའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ༔ ད་རང་སར་གྲོལ་བར་བྱ་བ་ནི༔ ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱ་སྟེ༔ དང་པོ་རྟོག་པ་རྩད་བཅད༔ དེ་ནས་སེམས་ཀྱི་མཚང་བཙལ༔ དེ་ནས་བྱུང་ས༔ གནས་ས༔ འགྲོ་ས་གསུམ་ལ་བརྟག༔ དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད༔ སེམས་སྟོང་པར༔ སྟོང་པ་སྣང་བར༔ སྣང་སྟོང་གཉིས་མེད༔ གཉིས་མེད་རང་གྲོལ་དུ༔ དུག་ལྔ་རང་གྲོལ་དུ༔ ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ༔ དེ་ཡང་བཏགས་གྲོལ་གྱི་རྒྱུད་ལས༔ ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ༔ ཅེས་པ་དང༔ ཐལ་འགྱུར་ལས༔ རང་རིག་རྟོག་པ་ཀུན་བྲལ་བས༔ གྲོལ་ལུགས་ཆེན་པོ་བཞི་དང་བཅས༔ ཡེ་ནས་གྲོལ་བས་བསྐྱར་གཞི་མེད༔ ངང་གིས་གྲོལ་བས་གཉེན་པོ་མེད༔ ཅེར་གྱིས་གྲོལ་བས་མཐོང་སར་ཡལ༔ ཡོངས་སུ་གྲོལ་བས་འབད་རྩོལ་མེད༔ (༤༠)ཅེས་སོ༔ ཡང་དེ་ཉིད་ལས༔ དེ་ལྟར་རང་སེམས་གྲོལ་གྱུར་ན༔ བར་དོ་མེད་པར་འཚང་རྒྱའོ༔ ཞེས་སོ༔ དེ་ལྟར་རྣལ་དུ་ཕབ་སྟེ༔ ཁྲེགས་ཆོད་ཀྱི་དོན་རྣལ་དུ་ཕེབས་ནས་ཐོད་རྒལ་གྱི་དོན་ལ་འཇུག་པར་བྱ་སྟེ༔ འདས་རྗེས་ལས༔ གནས་བརྟན་གྲོལ་བའི་གདེང་ཐོབ་ནས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ ཞེས་པས༔ དང་པོ་གོང་གི་ཁྲེགས་ཆོད་ལ་གདེང་ཐོབ་ནས༔ ལུས་ངག་ཡིད་གསུམ་བྱ་བ་དགུ་ཕྲུགས་སུ་བཏང་སྟེ༔ དབེན་ཞིང་རྐྱེན་དང་བྲལ་བའི་གནས་སུ་ཐོད་རྒལ་གྱི་དོན་གཏན་ལ་དབབ་པར་བྱ་སྟེ༔ དེ་ལ་ཡང་གཉིས༔ ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་དང༔ གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་དབབ་པའོ༔ དེ་ཡང་ཐལ་འགྱུར་ལས༔ མངོན་སུམ་གནད་ནི་ལུས་ངག་སེམས༔ སོ་སོའི་གནད་རྣམས་ངེས་པར་བསྟུན༔ དེ་ཡང་ལུས་འདི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ངག་ནི་བསླབ་དང་གནས་པ་དང༔ ལ་བཟླ་བ་ཉིད་བསྟན་པར་བྱའོ༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ གནད་གསུམ་མན་ངག་འབྲལ་མི་བྱ༔ དེ་ཡང་སྒོ་དང་ཡུལ་ཉིད་དང༔ རླུང་དང་རིག་པའི་གནད་ཉིད་བསྟུན༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་པ་དང༔ ཐལ་འགྱུར་ལས༔ གླང་སེང་དྲང་སྲོང་འདུག་སྟངས་བཅའ༔ ངག་ནི་སྨྲ་བའི་རྒྱུན་བཅད་ལ༔

སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་སྣང༔ ཞེས་པ་དང༔ ལུས་ལ་རིག་པའི་ཡེ་ཤེས་གནས་པ་དེ༔ ལུས་ཀྱི་གནད་མ་གཟིར་ན་མངོན་སུམ་དུ་མི་སྣང་བས༔ ལུས་གཟིར་བ་གལ་ཆེ་སྟེ༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ནི༔ ཁྱི་ཚུགས་མོར་བྱའོ༔ ལོངས་སྐུའི་བཞུགས་སྟངས་ནི་གླང་པོ་ཆེ་ཉལ་བ་ལྟར་བྱའོ༔ སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟར་བྱའོ༔ དེ་ལྟར་ལུས་ཀྱི་གནད་གཟིར་བས་རིག་པ་རང་བྱུང་གི་ཡེ་ཤེས་དབང་པོས་མངོན་སུམ་དུ་སྣང་བར་འགྱུར་ཏེ༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་(༤༡)བཞུགས་སྟངས་ཀྱི༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་རྣལ་ལ་ལོངས་སྤྱོད་དེ༔ པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཀྱི༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་རྣམ་པར་རང་སྤྲུལ་པས༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ ལུས་ཀྱི་གནད་ནི་རྣམ་གསུམ་སྟེ༔ སེང་གེའི་ཚུལ་དང་གླང་ཆེན་དང༔ དྲང་སྲོང་ལྟ་བུར་གནས་པར་བྱ༔ ཞེས་པས༔ ལུས་ཀྱི་གནད་དུ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱས་པས་རིག་པ་ཡེ་ཤེས་མངོན་སུམ་དུ་སྣང་ངེས་སོ༔ དེ་ནས་ངག་གི་གནད་གཟིར་བ་ནི༔ ཐལ་འགྱུར་ལས༔ ངག་ཉིད་བསླབ་དང་གནས་པ་དང༔ ལ་བཟླ་བ་ཉིད་བསྟན་པར་བྱ༔ ཞེས་པ་དང༔ འདས་རྗེས་ལས༔ ངག་གི་བསླབ་བྱའི་རིམ་པ་དང༔ གནས་པ་བརྟན་ཅིང་ལ་ཡང་བཟླ༔ ཞེས་པས༔ དང་པོ་བསླབ་པར་བྱ་བའི་རིམ་པ༔ སྨྲ་བཅད་ཡུན་ཐུང་བ་ལ་བསླབ༔ དེ་ནས་ཡུན་རིང་བ་ལ་བསླབ༔ དེ་ལས་གནས་པའི་རིམ་པ་ནི༔ རང་གི་དགེ་སྦྱོར་རྣམས་མི་དགག༔ གཞན་དག་ཚིག་གཅིག་ཀྱང་མི་སྨྲ༔ དེ་ནས་བརྟན་ཅིང་ལ་བཟླ་བ་ནི༔ བརྗོད་པ་ཐམས་ཅད་བཀག་ལ་ལྐུགས་པ་ལྟར་གནས་པར་བྱའོ༔ དེ་ལྟར་བྱས་པས་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་ངེས་སོ༔ དེ་ནས་ཡིད་ཀྱི་གནད་གཟིར་བ་ནི༔ ཐལ་འགྱུར་ལས༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཅེས་པ་དང༔ འདས་རྗེས་ལས༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་པས༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ༔ དབང་པོ་མདུང་ཚུགས་སུ་གཏད་པས་རིག་པ་སྟོང་པར་འཆར་ངེས་སོ༔ དེས་ནི་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བའོ༔ དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས༔ མངོན་སུམ་རང་ཐོག་ཏུ་དབབ་པ་ནི༔ ཐལ་འགྱུར་ལས༔ གནད་གསུམ་མན་ངག་འབྲལ་མི་བྱ༔ དེ་ཡང་སྒོ་དང་ཡུལ་ཉིད་དང༔ རླུང་དང་རིག་པའི་གནད་ཉིད་བསྟུན༔ ཞེས་པ་དང༔ འདས་རྗེས་ལས༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་སྣང༔ ཞེས་པ་དང༔ ཡང་དེ་ཉིད་ལས༔ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་(༤༢)མཁའ་རྐྱེན་བྲལ་ལ༔ སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་བཞི་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་པ་དང༔ བཏགས་གྲོལ་གྱི་རྒྱུད་ལས༔ སྟོང་གསལ་མདངས་ལྔའི་སྒོ་ཕྱེ་སྟེ༔ ཏི་ལ་གསལ་སྟོང་མཐའ་བྲལ་ཉིད༔ རྐྱེན་མེད་རྩོལ་བྲལ་ལྷུག་པར་འཆར༔ ཞེས་པས༔ དང་པོ་སྒོ་གནད་ནི༔ ཡེ་ཤེས་འཆར་བར་བྱེད་པའི་སྒོ་མིག་གཉིས་ཡིན་ཏེ༔ དེ་ཡང་རང་བྱུང་གི་ཡེ་ཤེས་རིག་པ་འདི༔ གནས་པ་ཙིཏྟའི་གཞལ་ཡས་ན་གནས་ཀྱང༔ ལམ་རྩལ་བརྒྱད་ནས་སྒོ་མིག་ལ་འཆར་ཏེ༔ དཔེ་བུམ་པའི་མར་མེ་ཁ་ལ་གསལ་བ་དང་འདྲའོ༔ མུ་ཏིག་ཕྲེང་བ་ལས༔

གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ༔ ལམ་ནི་རྩ་ལ་འགྱུ་བྱེད་རླུང༔ འཆར་བྱེད་སྒོ་ནི་མིག་སོགས་སོ༔ ཞེས་པ་དང༔ ཐལ་འགྱུར་ལས༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ མིག་གིས་ནམ་མཁའི་ཁམས་སུ་བལྟ༔ ཞེས་པས༔ མིག་འབྲས་མ་འགུལ་བར་གཟིགས་སྟངས་གསུམ་གང་རུང་གིས་བལྟ་སྟེ༔ མུ་ཏིག་ཕྲེང་བ་ལས༔ སྒོ་ནི་དེ་ཉིད་མི་འགུལ་དང༔ ཞེས་པ་དང༔ ཀློང་གསལ་ལས༔ ཙཀྵུ་ཟིམ་བུས་སཱུརྱར་བལྟ༔ ཤར་གྱི་རྒྱ་སྐར་བཞིན་དུ་གསལ༔ ཞེས་པས༔ ཕྱི་ནམ་མཁའ་སྟོང་པ་ལ་དབང་པོ་མདུང་ཚུགས་སུ་གཏད་པས་ཕྱི་དབྱིངས་མྱུར་དུ་མཐོང་བར་འགྱུར་རོ༔ དབང་པོ་སཱུརྱའི་ཕྱོགས་སུ་བལྟས་ཏེ༔ གཡས་གཡོན་ཟུར་གྱི་ཧྲིག་པོར་བལྟ་བའམ༔ ཟིམ་བུས་སཱུརྱ་ལ་བལྟས་པས་ནང་གི་དབྱིངས་རིག་པའི་སྒྲོན་མ་མྱུར་དུ་མཐོང་བར་འགྱུར་རོ༔ དེས་དབང་པོ་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཐམས་ཅད་ཞིང་ཁམས་སུ་འཆར་བར་འགྱུར་རོ༔ ཡུལ་གྱི་གནད་ནི་ནམ་མཁའ་དྭངས་ཤིང་སཱུརྱ་རྐྱེན་དང་བྲལ་བས་ཏེ༔ དེ་ལ་སྒོའི་གནད་གཅུན་པས་དཔེ་མེ་ལོང་དུ་བཞིན་ཤར་བ་ལྟར་ཡུལ་རྐྱེན་དང་བྲལ་བ་དེ་ལ༔ ནང་དབྱིངས་ཀྱི་སྒྲོན་མ་རིག་པ་མངོན་སུམ་དུ་གསལ་བར་འགྱུར་ཏེ༔ ཐལ་འགྱུར་ལས༔ ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ༔ ཞེས་པ་དང༔ འདས་རྗེས་ལས༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ (༤༣)ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས༔ ཞེས་པ་དང༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར༔ ཞེས་པ་དང༔ ཡུལ་ལ་གསལ་བའི་ཡེ་ཤེས་ནི༔ དཔེ་ཕྱི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བ་ལ༔ ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ༔ རྨ་བྱའི་མདོངས་དང་འདྲ་བ་ལ༔ བདག་པོའི་བྱད་ལྟར་གསལ་བར་ཤར༔ དེའི་ནང་གི་རིག་པ་ལུ་གུ་རྒྱུད་བདག་པོའི་སེམས་འདྲ་བ་ཞིག་འཆར་རོ༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་གི་སྒྲོན་མ་ལམ་དུའོ༔ ཞེས་པ་དང༔ སྒྲོན་མ་འབར་བ་ལས༔ རིག་པ་ཕྱི་ཡི་དབྱིངས་བཞག་པས༔ ནང་དབྱིངས་རང་སར་དག་སྟེ་གསལ༔ ཞེས་པ་དང་རང་ཤར་ལས༔ དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ༔ ཞེས་པ་དང༔ ཀློང་གསལ་ལས༔ རང་རིག་ལུག་རྒྱུད་འདི་བཞིན་གསལ༔ ཞེས་པ་དང༔ ཇི་ལྟར་གསལ་བ་ནི༔ རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ དེ་ཡང་འོད་དང་འགྲོ་བ་དང༔ འགུལ་བ་དང་ནི་འཕྲིག་པའོ༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང༔ ཕྲ་དང་འཁྱུག་དང་འགྱུ་བའོ༔ ཞེས་པ་དང༔ རྩལ་རྫོགས་ལས༔ རང་སྣང་རིག་པའི་དངོས་པོ་དེ༔ ཡེ་ཤེས་ལུ་གུ་རྒྱུད་དུ་གནས༔ ཞེས་པ་དང༔ ནོར་བུ་ཕྲ་བཀོད་ལས༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ༔ རིག་པ་ལུ་གུ་རྒྱུད་སྐུ་ཡོངས་སུ་གསལ་ལོ༔ དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ༔ དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ༔ རིག་པའི་རང་བཞིན་ཐབས་ཀྱི་སྐུ༔ འདུ་འབྲལ་མེད་པའི་ཚུལ་དུ་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ གསལ་སྟོང་འགག་མེད་ལུ་གུ་རྒྱུད༔ གསལ་བདེ་སྣང་རིག་སྟོང་པ་ཉིད༔ དབྱེར་མེད་གསལ་བ་མ་འདྲེས་གནས༔ ཞེས་པ༔ དབྱིངས་རིག་འདུ་འབྲལ་མེད་པ་བཙོན་དུ་བཟུང་དགོས་ཏེ༔ འདས་རྗེས་ལས༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ མངོན་སུམ་གནད་ལས་འབྲལ་མི་བྱ༔ ཞེས་པ་དང༔ སྒྲོན་མ་འབར་བ་ལས༔ དབྱིངས་ཀྱི་རིག་པ་རང་ཡུལ་འབྱེད༔ རྡོ་རྗེ་ཉིད་(༤༤)ནི་ལུ་གུ་རྒྱུད༔ འདི་ཉིད་ནང་དུ་གཞུག་པར་བྱ༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་གནད་ལུག་རྒྱུད་བཙོན་དུ་བཟུང༔ དངོས་སྣང་དལ་བ་ཉིད་ཀྱི་བརྟེན༔ ཞེས་པའོ༔ མངོན་སུམ་རང་སྣང་དབྱིངས་རིག་གཉིས་སུ་མེད་པ་སྟེ༔ ལུས་སྒོ་ཡུལ་གསུམ་གྱི་གནད་བསྟུན་ཏེ༔ རིག་པ་དང་མངོན་སུམ་གྱི་སྣང་བ་ལས་མི་འབྲལ་བར་བྱའོ༔ རླུང་གི་གནད་ནི༔ གོང་ལྟར་རིག་པ་མངོན་སུམ་གྱི་སྣང་བ་མཐོང་ནས༔ རླུང་ཤིན་ཏུ་དལ་བ་བརྟེན་དགོས་ཏེ༔ རླུང་མ་བཟུང་ན་རླུང་གིས་རྟོག་པ་གཡོས་པས་ཉམས་ལེན་ལ་མི་བརྩོན་པས༔ རླུང་དལ་བ་གལ་ཆེ་སྟེ༔ ཐལ་འགྱུར་ལས༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་པ་དང༔ འདས་རྗེས་ལས༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ ཅེས་པ་དང༔ རླུང་གནད་ནི་སོ་དང་མཆུ་མ་རེག་པར་བྱ་སྟེ༔ རླུང་དེ་སྣ་ལས་མི་བཏང་བར་ཁ་ལས་བཏང་སྟེ༔ དེ་ཡང་རླུང་ཕྱིར་འབྱིན་པའི་ཚེ་རིང་བར་བཏང༔ ནང་དུ་དལ་གྱིས་རྔུབས་ལ་ནང་དུ་མི་བཟུང་བར་ཕྱིར་འདུར་རོ༔ དེ་ལྟར་སྙོམས་པས་ཅི་ཙམ་ན༔ རླུང་གི་འགྲོ་འོང་འཆད༔ དེས་རྟོག་པ་ཆད་དེ་ཉམས་ལེན་ལ་བརྩོན་པར་འགྱུར་རོ༔

ད་མཇུག་གི་དོན་ལ་གསུམ་སྟེ༔ སྣང་བ་བཞི་འཆར་ལུགས་ཇི་ལྟར་འབྱུང་བ་དང༔ མཐའ་རྟེན་གྱི་མན་ངག་བསྟན་པ་དང༔ མཇུག་སྨོན་ལམ་དང་བཅས་པའོ༔ དང་པོ་སྣང་བ་བཞི་འཆར་ཚུལ་ནི༔ ཐལ་འགྱུར་ལས༔ དེ་ལས་སྣང་བ་བཞིར་འགྱུར་ཏེ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ཚིག་ལས་འདས༔ གོང་དུ་འཕེལ་བའི་ཉམས་སྣང་གིས༔ འཁྲུལ་པའི་སྣང་བ་ནུབ་པར་བྱེད༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ སྐུ་གསུམ་རྟོགས་པའི་ལམ་སྣང་འདས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད༔ ཅེས་པ་དང༔ འདས་རྗེས་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་(༤༥)ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ནས༔ མྱང་འདས་གཞན་ནས་བཙལ་དུ་མེད༔ ཅེས་སོ༔ དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ བླ་མས་སློབ་བུ་ལ༔ ལུས་ངག་ཡིད་གསུམ་གྱི་གནད་འཛུག་གྱིས་ལ༔ སྒོ་ཡུལ་རླུང་གི་གནད་འདི་ལ་གཏོད༔ ཅེས་བསྟན་པས༔ དབྱིངས་རིག་དང་ཐིག་ལེ་མངོན་དུ་གསལ་བ་ཡིད་དཔྱོད་ཚིག་གི་སྤྲོས་པ་དང་བྲལ་བའོ༔ ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་འདི༔ དབང་པོའི་སྒོ་ལ་ངེས་ཐོན་ཏེ༔ སྤྲིན་མེད་པ་ཡི་ནམ་མཁའ་གསལ༔ ཞེས་སོ༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་དེ་མཐོང་ནས༔ དེ་མན་ཆད་ཁམས་གསུམ་དུ་མི་ལྡོག་སྟེ༔ འདས་རྗེས་ལས༔ མངོན་སུམ་གནད་འདི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔

དེ་ནས་ཉམས་སྣང་གོང་འཕེལ་གྱི་སྣང་བ་ནི༔ ཤེས་ཉམས་དང༔ སྣང་ཉམས་གཉིས་ལས༔ ཤེས་ཉམས་ནི་བློ་ཡི་འཛིན་པ་ཡིན་ཏེ༔ གཏད་པའི་རྒྱུན་མེད་དེ་མི་རྟག་པའོ༔ ཀློང་གསལ་ལས༔ བློ་ནི་ཀུན་རྫོབ་འཁྲུལ་པར་ཤར༔ ཞེས་སོ༔ འདིར་ནི་སྣང་བའི་ཉམས་སྟོན་ཏེ༔ དེ་ཡང་མིག་གིས་ཉི་མའི་ཕྱོགས་སུ་བག་ཙམ་ཟིམ་བྱས་ཏེ༔ གཡས་གཡོན་དུ་ཁྲིད་པས་དང་པོ་སྨིན་ཕྲག་ཏུ༔ ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་བ་ཡིན་ནོ༔ དེ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ནས་བྲལ་བའི་དུས་སུ༔ ཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུད་ཆད་ཉམས་ཀྱི་སྣང་བ་གོང་འཕེལ་གྱི་སྣང་བའོ༔ ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནི༔ ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང༔ རིགས་པར་སྣང་བའི་ཡུལ་ལ་གསལ༔ ཞེས་སོ༔ ཉམས་ཀྱི་འཕེལ་ཟད་པའི་དུས་སུ༔ བར་དོའི་སྣང་བ་འདི་ཉིད་ལ་རྫོགས་པས་ཕྱིས་བར་དོ་མེད་དོ༔ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ གོང་གི་ཐིག་ལེ་རེ་རེའི་ནང་དུ༔ སྐུ་ལྔ་ལྔ་ཤར་བའི་དུས་ན་རིག་པ་ཚད་ལ་ཕེབས་ཏེ་མི་འགྱུར་བས་(༤༦)ཉམས་སུ་མ་བླངས་ཀྱང་ཆོག་པའོ༔ སྔ་མ་ལས༔ རིག་པ་ཚད་ཕེབས་སྣང་བ་ནི༔ ལོངས་སྐུའི་མཚན་དཔེར་གསལ་བ་ཡིས༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་གནས༔ དེ་ནས་ལྔ་ལྔ་ཟུང་དུ་བཅས༔ རབ་ཏུ་གསལ་བའི་ཐིག་ལེས་སྦྲེལ༔ ཡབ་ཡུམ་སྐུ་ཡི་སྣང་བ་ཅན༔ འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ༔ ཞེས་སོ༔ འབྱུང་བ་རང་སར་དྭངས་ནས་གདོས་བཅས་སུ་སྣང་བ་རང་སར་གྲོལ་ཏེ༔ ཡུལ་སྣང་གི་འཁྲུལ་པ་ཟད་ནས་ཐམས་ཅད་འོད་གསལ་དུ་ཤར་བའོ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་དེའི་འཕེལ་ཟད་ནས་ཉམས་ཀྱི་འཛིན་པ་རང་གྲོལ་དུ་སོང་བ་ཡིན་ཏེ༔ སྔ་མ་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོངས་ནས་ནི༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས༔ བརྗོད་གཞི་ཚིག་དང་བྲལ་བའོ༔ ཞེས་པས༔ ཉམས་རྟོགས་ཐམས་ཅད་རྫོགས་ནས་དེའི་འཛིན་པ་རང་སར་གྲོལ་བ་དེ་ལ་ནི༔ ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་དུ་བཏགས་པའོ༔ དེ་ལྟར་སྣང་བ་བཞི་མཐར་ཕྱིན་པའི་དུས་ན་སྐལ་ལྡན་དེ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱས་ཏེ༔ ཐལ་འགྱུར་ལས༔ དེ་ལ་མཐའ་རྟེན་ཡིད་ཆེས་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ ཞེས་པས༔ ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱའོ༔ མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱའོ༔ རིག་པ་ནི་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ༔ དེ་ནས་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ སྔ་མ་ལས༔ སྡོད་པ་གསུམ་གྱིས་ཚད་བཟུང་བས༔ རྨི་ལམ་ཟློག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་བའོ༔ ཞེས་པས༔ གོང་གི་མི་འགུལ་བ་གསུམ་གྱིས་ཉམས་སུ་བླངས་པས༔ དབྱིངས་རིག་གར་གཏད་དུ་སྡོད་པ་དང༔ ལུས་འགུལ་བ་མེད་པར་སྡོད་པ་དང༔ རླུང་སེམས་གཉིས་པོ་གར་བཞག་ཏུ་སྡོད་པའོ༔ དེ་ལྟར་སྡོད་པ་གསུམ་གྱིས་ཚད་ཟིན་པས་ཚད་རྨི་ལམ་གྱིས་ཟིན་པ་དང༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ༔ དེ་ལ་རྨི་ལམ་ནི་རྣལ་འབྱོར་པ་(༤༧)བརྩོན་འགྲུས་རབ་ལ་འཆད༔ འབྲིང་རྨི་ལམ་འོད་གསལ་དུ་འཆར་རོ༔ ཐ་མ་ཡང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང་ངོ༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ལ་བཅུ་གཉིས་ཏེ༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་དུས་སུ་རྟགས་ནི༔ ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགྱུར་རོ༔ ངག་ལྐུགས་པ་ལྟ་བུར་འགྱུར་རོ༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་འགྱུར་རོ༔ ཉམས་སྣང་གོང་འཕེལ་གྱི་སྣང་བ་མཐོང་བའི་དུས་ཀྱི་རྟགས་གསུམ་ནི༔ ལུས་སྐྱེས་བུ་ནད་ཀྱིས་གདུངས་པའི་རྣམ་པ་ལྟ་བུར་འགྱུར༔ ངག་སྨྱོན་པ་ལྟ་བུར་འགྱུར༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟ་བུར་འགྱུར་རོ༔ རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བའི་དུས་ཀྱི་རྟགས་གསུམ་ནི༔ ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་འགྱུར་རོ༔ ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་འགྱུར་རོ༔ སེམས་སྐྱེས་བུ་འབྲུམ་ནད་བྱང་པ་ལྟར་འགྱུར་རོ༔ ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་དུས་ཀྱི་རྟགས་གསུམ་ནི༔ ལུས་དུར་ཁྲོད་ཀྱི་རོ་ལྟར་འགྱུར་རོ༔ ངག་བྲག་ཆ་ལྟར་འགྱུར་རོ༔ སེམས་བར་སྣང་ལ་ན་བུན་ལྟར་འགྱུར་རོ༔ དེ་ནས་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི༔ ཐལ་འགྱུར་ལས༔ ཐོབ་པ་གསུམ་གྱི་གཟེར་གཏབ་པས༔ ཟག་བཅས་ཕུང་པོ་མི་སྣང་ངོ༔ ཞེས་པས༔ སྐྱེ་བ་ལ་རང་དབང་ཐོབ་པ་དང༔ འཇུག་པ་ལ་རང་དབང་ཐོབ་པ་དང༔ རླུང་སེམས་ལ་རང་དབང་ཐོབ་པའོ༔ དེ་ལྟར་ཉམས་སུ་བླངས་པས་རྟགས་ཚད་ནི༔ མུ་ཏིག་ཕྲེང་བ་ལས༔ ཚད་ནི་གདེང་བཞི་རྣལ་འབྱོར་ཉིད༔ ཅེས་པ་དང༔ རིན་ཆེན་སྤུངས་པ་ལས༔ མི་འགྱུར་ལྟ་བའི་གདེང་བཞི་ཡིས༔ མི་རྟོག་ཡེ་ཤེས་ཚད་ཀྱང་བཟུང༔ ཞེས་པས༔ ཡར་གྱི་གདེང་གཉིས་དང་མར་གྱི་གདེང་གཉིས་སོ༔ གདེང་དེ་དག་གི་མཐར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མངོན་པར་རྫོགས་པའི་སངས་རྒྱས་གཉིས་སོ༔ ཡང་དག་པར་སངས་རྒྱས་པ་ནི༔ ཕུང་པོ་ལྷག་མེད་དུ་སངས་རྒྱས་པའོ༔ མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ འོད་དང༔ སྒྲ་དང༔ སྐུ་དང༔ གདུང་དང༔ ས་གཡོ་བ་ལ་སོགས་ཕྱི་རྟགས་རྣམས་སྟོན་ཏེ་སངས་རྒྱས་པའོ༔ ད་སྨོན་ལམ་གྱི་མཇུག་བསྡུ་བ་ནི༔ ཨེ་མ་ཧོ༔ (༤༨)ཡང་གསང་སྙིང་ཏིག་མངོན་སུམ་མན་ངག་ནི༔ གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར༔ ཐེག་བརྒྱད་ཨ་ཏིའི་ཐིག་ལེ་སྐོར་གསུམ་གྱིས༔ འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ༔ མིང་སྟོང་ཤེས་རབ་གྲུབ་མཐའ་མང་པོ་དང༔ རྒྱུད་ལུང་མན་ངག་མང་ཡང་འདི་མི་མཐོང༔ དེས་ན་གཞན་དང་མི་འདྲ་ཡང་ཟབ་མངོན་སུམ་གནད༔ འདི་དངོས་བསྟན་ཅིང་བཤད་པ་ཅི་མ་ཚང༔ ཚིག་ཙམ་རླུང་གི་ཕྱོགས་སུ་བརྗོད་པ་མིན༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ འདི་ལ་རེག་ཚད་ལྷག་མེད་འགྲུབ་པར་ཤོག༔ བདེན་པ་ཁྱད་གསོད་མུ་སྟེགས་སྐྱེ་བོ་དམ་མེད་དང༔ ཐེག་ཆེན་ལ་སྨོད་བློ་ཆུང་རྣམས་ལ་འདི་མི་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡིས༔ མ་འོངས་སྐལ་ལྡན་དྲང་བའི་ཕྱིར༔ རྒྱུད་དང་མན་ངག་དོན་བསྡུས་ནས༔ བཏགས་གྲོལ་སྙིང་པོ་དོན་ཁྲིད་མཛད༔ ཤྲཱི་སེངྷ་དྲིན་ཅན་གྱིས༔ ཨོ་རྒྱན་པདྨ་བདག་ལ་གཏད༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་འཆང༔ ད་ལྟ་བསྟན་པའི་དུས་མིན་པས༔ བདག་སྙིང་ཕྱི་རབས་དོན་དུ་སྦོས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ དེ་ཡིས་འགྲོ་ཀུན་མུན་སེལ་ཤོག༔ བཏགས་གྲོལ་སྙིང་པོའི་དོན་ཁྲིད་མངོན་སུམ་སྙིང་ཐིག་གི་མན་ངག་རྫོགས་སོ༔ ཏྱ།ཏཅུ།།མྱ།༔ དགེའོ༔

བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ།

༄༅༔ བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ་བཞུགས་སོ༔

༄༅༅༔ ཅ།ཀསྭཏྲ།༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ རིགས་ལྔའི་ཕྱིའི་བསྒྲུབ་ཐབས་བསྟན་པར་བྱ་སྟེ༔ ཀློང་གསལ་ལས༔ ལུས་ཀྱིས་ཁྱབ་ཚད་ཐམས་ཅད་ལ༔ ཕུང་པོ་ལྔ་ནི་རིགས་ལྔ་དངོས༔ ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས༔ ཞེས་པས༔ རང་གི་ལུས་སེམས་འདི་རྒྱལ་བ་རིགས་ལྔའི་ངོ་བོར་ཡེ་ནས་གནས་ཀྱང༔ སེམས་མ་རིག་འཁྲུལ་པའི་དབང་གིས་རིགས་དྲུག་ཏུ་འཁོར་ཞིང་འཁྱམས༔ དེ་ལས་གྲོལ་བར་བྱེད་པ་ལ་རིགས་ལྔ་ཡབ་ཡུམ་གྱི་སྒྲུབ་ཐབས་བཤད་དེ༔ འདི་ལ་ཡང་གསུམ་སྟེ༔ རྣལ་འབྱོར་རྣམ་པ་གསུམ་གྱི་སྒོ་ནས་བསྒྲུབ་པར་བྱ་སྟེ༔ དེ་ལ་ལྷ་ཡི་རྣལ་འབྱོར་དང༔ སྔགས་ཀྱི་རྣལ་འབྱོར་དང༔ རྫོགས་རིམ་གྱི་རྣལ་འབྱོར་རོ༔ དང་པོ་ལྷའི་རྣལ་འབྱོར་བསྐྱེད་པ་ནི༔ སྐད་ཅིག་གིས་རང་ཐ་མལ་གྱི་སྤྱི་གཙུག་ཏུ་ཨཿདཀར་པོ་གཅིག་བསྒོམ༔ (༤༩)དེ་ལས་འོད་འཕྲོས་རང་གི་ལུས་འོད་དུ་ཞུ་བར་བསམ༔ འོད་ཟེར་ཕྱིར་འཕྲོས་ཕྱི་སྣོད་ཀྱི་འཇིག་རྟེན་ཡང་འོད་དུ་ཞུ་བར་བསམ༔ ༀ་ཨཱཿཧཱུྃ་མཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་བརྗོད་པས་ཐམས་ཅད་སྟོང་པ་ཉིད་དུ་བསམ༔ དྷརྨ་དྷརྟུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་བརྗོད་པས་ཀུན་ལ་ཁྱབ་པའི་ཚད་མེད་པའི་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་བཛྲ་ཙིཏྟ་ཧཱུྃ་ཞེས་པས་རང་གི་སེམས་ཉིད་ཡི་གེ་ཧཱུྃ་གཅིག་ཏུ་གྱུར༔ ཧཱུྃ་དེ་ལས་ཨེ་འཕྲོས་པས་ཐམས་ཅད་ནམ་མཁའ་སྟོང་པར་གྱུར༔ ཧཱུྃ་ལས་ཡཾ་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་གྱུར༔ ཧཱུྃ་ལས་བཾ་འཕྲོས་པས་ཡེ་ཤེས་ཀྱི་རྒྱ་མཚོར་གྱུར༔ ཧཱུྃ་ལས་ལཾ་འཕྲོས་པས་རཏྣའི་ས་གཞིར་གྱུར༔ ཧཱུྃ་ལས་བྷྲཱུྃ་འཕྲོས་པས་རཏྣའི་གཞལ་ཡས་ཁང་དུ་བསམ༔ བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲཱུྃ༔ ཞེས་བརྗོད་པས་གཞལ་ཡས་ཁང་གི་ནང་དུ་དབུས་སུ་སེངྒེའི་ཁྲི༔ ཤར་དུ་གླང་པོ་ཆེའི་ཁྲི༔ ལྷོར་རྟའི་ཁྲི༔ ནུབ་ཏུ་རྨ་བྱའི་ཁྲི༔ བྱང་དུ་ཤང་ཤང་གི་ཁྲི་བསྐྱེད་ལ་དེའི་སྟེང་དུ་ཉི་ཟླ་པདྨའི་གདན་ལྔ་བསྐྱེད་ལ་དེ་དག་གི་དབུས་ཀྱི་ལྟེ་བ་ལ་ཨཱཿ ཤར་དུ་ཧཱུྃ༔ ལྷོར་ཏྲཱྃ༔ ནུབ་ཏུ་ཧྲཱི༔ བྱང་དུ་ཨཱཿབསམ༔ ས་བོན་དེ་རྣམས་ལས་འོད་འཕྲོས་པས༔ འཕགས་པ་ཐམས་ཅད་ལ་མཆོད་པ་ཕུལ༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཚུར་འདུས་པས་ཕྱག་མཚན་ལ་ས་བོན་གྱིས་མཚན་པར་བསྒོམ༔ ཡང་ཡུམ་གྱི་ས་བོན་ཨེ༔ བཾ་ལཾ་རཾ་ཡཾ་དེ་ལས་འཕྲོས་འདུས་པ་ལས་མཚམས་བཞིར་ཡུམ་བཞི༔ དབུས་སུ་ཡུམ་གཙོ་བོ་དང་གཉིས་སུ་མེད་པར་བསྐྱེད་དོ༔ ཡུམ་བཞིའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿབཞི་ལས་འོད་འཕྲོས་པས་ཕྱོགས་བཞིར་སྒོ་མ་བཞི་བསྐྱེད་དོ༔ ཇི་ལྟར་བསྐྱེད་པ་ནི༔ ཞལ་གཅིག་ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བསྐྱེད་དོ༔ ཡུམ་གྱི་སྐུ་མདོག་དང་ཕྱག་མཚན་དབང་ཆོག་ལྟར་བསྐྱེད་དོ༔ སྒོ་མ་བཞི་ཡང་དབང་ཆོག་ལྟར་བསྐྱེད་དོ༔ ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་ཁར་ཧཱུྃ་མཐིང་ཁ་བསྒོམ་མོ༔ དེ་ནས་ༀ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས་སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེའི་དྲ་བས་ལུས་ཐམས་ཅད་གཏམས་པར་བསམ༔ དེ་ནས་སྙིང་ཁའི་(༥༠)རང་གི་ས་བོན་ལས་འོད་འཕྲོས་པས་རང་རང་གི་ཕྱོགས་ནས་ཡེ་ཤེས་སེམས་དཔའ་རང་རང་གི་ཚུལ་དུ་སྤྱན་དྲངས་ལ་ཡི་གེ་བཞིས་བསྟིམ༔ དེ་ནས་ཡབ་ཡུམ་རང་གི་ཐུགས་ཀར་ཉི་ཟླའི་སྟེང་དུ་རང་རང་གི་ས་བོན་ལས་རང་རང་གི་སྙིང་པོས་མཚན་པར་བསམ་ཏེ་བཟླས་པ་བྱས་པས༔ དེ་དག་ལས་འོད་དཔག་ཏུ་མེད་པ་འཕྲོས་པས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསམ་ཞིང་བཟླས་པ་བྱའོ༔ དེ་ཡན་ཆད་ནི་བསྐྱེད་པ་ལྷའི་རྣལ་འབྱོར་རོ༔

༈ ད་གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཨཱ་ཛྷི་ན་ཛྷིཀ༔ ལཾ་དེ་ཤྭ་ར་ཏེ་སྟྭཾ༔ ཧཱུྃ་བཛྲ་དྷྲཀ༔ མུཾ་ད་དུ་ཤྭ་རི་སྟྭཾ༔ སྭཱ་རཏྣ་དྷྲིཀ༔ མཾ་མོ་ཧ་ར་ཏི་སྟྭཾ༔ ཨཾ་ཨ་རོ་ལིཀ༔ པྱཾ་རཱ་ག་ར་ཏི་སྟྭཾ༔ ཧཱ་པྲཛྙཱ་དྷྲིཀ༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཛཿཧཱུྃ་བཾ་ཧོ་སི་ཏི་ཧཱུྃ༔ ཞེས་ཡབ་ཡུམ་འཁོར་བཞི་དང་བཅས་པའི་སྙིང་པོ་འདི་ནུས་ཚད་བཟླས་སོ༔ དེ་ནི་བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ༔ གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ ལྷ་ཐམས་ཅད་ས་བོན་ལ་བསྡུ༔ ས་བོན་མི་དམིགས་པར་ན་བུན་ཡལ་བ་ལྟར་གྱུར་ནས་སྟོང་པའི་ངང་ལ་བཞག་གོ༔ དེ་ནི་རྫོགས་རིམས་ཀྱི་རྣལ་འབྱོར་རོ༔ དེ་ལྟར་ཡི་དམ་བཅས་ན་ལུས་ལ་བདེ་བ་འབྱུང༔ ངག་ལ་ནུས་པ་འབྱུང༔ སེམས་ལ་རྟོགས་པ་འཆར༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་འདག༔ དུག་ལྔ་གནས་སུ་དག༔ དུག་གསུམ་རང་སར་གྲོལ༔ ཡེ་ཤེས་ལྔ་རང་བཞིན་གྱིས་འཆར༔ རབ་ཚེ་གཅིག་ལ་འཚང་རྒྱ༔ འབྲིང་བར་དོ་ལ་འཚང་རྒྱ༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་འཚང་རྒྱའོ༔ རིགས་ལྔ་ཕྱི་ལྟར་སྒྲུབ་པ་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

རིགས་ལྔ་ནང་གི་སྒྲུབ་པ།

༄༅༔ རིགས་ལྔ་ནང་གི་སྒྲུབ་པ་བཞུགས་སོ༔

༄༅༅༔ རིགས་ལྔ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ༔ རིགས་ལྔ་ནང་ལྟར་སྒྲུབ་པ་ནི༔ ཀློང་གསལ་ལས༔ སྟོང་གསལ་རིག་པ་ཡེ་ཤེས་ལྔ༔ ཐབས་ཤེས་ཟུང་འཇུག་རང་རིག་དངོས༔ ཞེས་པས༔ རང་རིག་མི་འགྱུར་བ་ནི་རྣམ་པར་སྣང་མཛད༔ ཀུན་ཏུ་བཟང་པོ་རིག་རྩལ་མ་འགགས་པ་ནི་རིགས་བཞི་ཡབ་ཡུམ་སྒོ་མ་བཞིར་ཤར་རོ༔ དེས་ན་ལོགས་ནས་བསྒྲུབ་ཏུ་མེད་དེ་རང་ལ་རང་གསལ་བཏབ་པས་ཆོག་པའི་ཕྱིར༔ སྐད་ཅིག་དྲན་རྫོགས་སུ་(༥༡)བསྐྱེད་པར་བྱ་སྟེ༔ རང་ཉིད་ཀུན་བཟང་ཡབ་ཡུམ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཀུན་བཟང་མོ་དང་གཉིས་མེད་འཁྲིལ༔ ཕྱག་མཚན་རྡོ་རྗེ་དྲིལ་བུ་འཛིན༔ སྐྱིལ་ཀྲུང་རིན་ཆེན་རྒྱན་གྱིས་བརྒྱན༔ ལོངས་སྐུ་མཚན་དཔེ་ལྡན་པར་བསྐྱེད༔ སྤྱི་བོར་རྡོ་རྗེ་སེམས་དཔའ་དང༔ མགྲིན་པར་རིན་ཆེན་འབྱུང་ལྡན་དང༔ སྙིང་ཁར་སྣང་བ་མཐའ་ཡས་ཉིད༔ ལྟེ་བར་དོན་ཡོད་གྲུབ་པ་བསྐྱེད༔ ཡན་ལག་བཞི་ལ་སྒོ་མ་བཞི༔ ཀུན་ཀྱང་ཡབ་ཡུམ་འཁྲིལ་སྦྱོར་ལ༔ སྐུ་མདོག་རིགས་ཀྱི་ཁ་དོག་འཛིན༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ སྐད་ཅིག་ཙམ་ལ་བསྐྱེད་ནས་ཀྱང༔ གསང་བའི་སྙིང་པོ་འདི་ཉིད་བཟླས༔ ༀ་ཨཱཿཧཱུཾ༔ ཨཱ་ཧཱུཾ་ཏྲཱཾ་ཧྲཱི༔ ཨཱཿསི་ཏི་ཕ་ལ་ཧཱུྃ་ཛ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ སྒྱུ་མ་ལྟ་བུར་ཤེས་བྱས་ལ༔ སྔགས་ནི་གྲགས་སྟོང་བཟླས་པར་བྱ༔ རྫོགས་རིམ་དབྱེར་མེད་ངང་ལ་བཞག༔ དེ་ལྟར་བསྒྲུབས་པའི་ཡོན་ཏན་ཡང༔ ཚེ་འདིར་ཡོན་ཏན་ཀུན་འབྱུང་ཞིང༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད༔ སྐུ་ལྔ་ཡེ་ཤེས་མངོན་དུ་འགྱུར༔ སྐྱེ་བ་འདི་ལ་རྫོགས་འཚང་རྒྱའོ༔ རིགས་ལྔ་ནང་ལྟར་སྒྲུབ་པ་ནི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དགེའོ༔