cover

ཀློང་ཆེན་པའི་གསུང་འབུམ། ཕ༽

གླེགས་བམ་བཅུ་བཞི་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྨིན་བྱེད་དོན་གསལ་སྒྲོན་མེ་ཞེས་བྱ་བ། སྤྲོས་བཅས་བུམ་པའི་དབང་།

༄༅༔ སྨིན་བྱེད་དོན་གསལ་སྒྲོན་མེ་ཞེས་བྱ་བ་སྤྲོས་བཅས་བུམ་པའི་དབང་བཞུགས་པ་ལགས་སོ༔

༄༅༔ བྱི།ཉཐཱདམྱ།༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིང་ཐིག་གསང་བ་བླ་མེད་ཀྱི༔ ཉམས་ལེན་སློབ་བུ་སྨིན་བྱའི་ཕྱིར༔ དབང་གི་ཆོ་གའི་རིམ་པ་བཤད༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ སྤྲོས་བཅས་བུམ་པ་ཕྱི་ཡི་དབང༔ སྤྲོས་མེད་ནང་གི་གསང་དབང་དང༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང༔ ཡོངས་སུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ༔ སྣོད་ལྡན་བུ་ལ་བསྐུར་ཕྱིར་རིམ་པར་བསྟན༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

ཀཐཀྲཨཱྃ༔ དེ་ཡང་སྤྲོས་བཅས་བུམ་པ་ཕྱིའི་དབང་བསྐུར་བ་འདི་ལ༔ སྔོན་འགྲོ༔ དངོས་གཞི༔ རྗེས་ཀྱི་བྱ་བ་དང་གསུམ་ལས༔ དང་པོ་སྔོན་འགྲོ་ལ་བཅུ་གཅིག་སྟེ༔ བླ་མའི་མཚན་ཉིད་བརྟགས་པ་དང་(༥༢)གཅིག༔ སློབ་མའི་མཚན་ཉིད་བརྟགས་པ་དང་གཉིས༔ གསོལ་བ་གདབ་པ་དང་གསུམ༔ བསྙེན་པ་བྱ་བ་དང་བཞི༔ སའི་ཆོ་ག་དང་ལྔ༔ སྟ་གོན་གྱི་ཆོ་ག་དང་དྲུག༔ ཐིག་གི་ཆོ་ག་དང་བདུན༔ ཚོན་གྱི་ཆོ་ག་དང་བརྒྱད༔ དཀྱིལ་འཁོར་སྒྲུབ་པའི་ཆོ་ག་དང་དགུ༔ དེ་ལ་མཆོད་པའི་ཆོ་ག་དང་བཅུ༔ སློབ་བུ་དལ་དུ་འཇུག་པའི་ཆོ་ག་དང་བཅུ་གཅིག་གོ༔ དངོས་གཞི་ལ་ཡང་བཅུ་སྟེ༔ རིགས་ལྔའི་དབང་ལྔ༔ ཀུན་ཏུ་བཟང་པོའི་དབང་དང་དྲུག༔ ཕྱག་རྒྱའི་དབང་དང་བདུན༔ བརྡའི་དབང་དང་བརྒྱད༔ དོན་གྱི་དབང་དང་དགུ༔ དམ་ཚིག་གི་དབང་དང་བཅུའོ༔ རྗེས་ལ་ཡང་གསུམ་སྟེ༔ ཡོན་འབུལ་བ་དང༔ བཀའ་བཞིན་བསྒྲུབ་པ་དང༔ སྐྱོན་ཡོན་བྱུང་ཚུལ་དང་གསུམ་མོ༔ རྒྱ་རྒྱ་རྒྱ༔

དེ་ནས་དབང་བསྐུར་བ་ལ་བླ་མ་མཚན་ཉིད་དང་ལྡན་པ་གཅིག་དགོས་ཏེ༔ ཀློང་གསལ་ལས༔ མཚན་ཉིད་མི་ལྡན་བླ་མས་ནི༔ དབང་བསྐུར་བྱས་ན་གཉིས་ཀ་ཕུང༔ ཞེས་པ་དང༔ རིག་པ་རང་ཤར་ལས༔ མི་ཤེས་ང་རྒྱལ་ཆེན་པོ་དང༔ བླུན་རྨོངས་ཚིག་ཕྱིར་འབྲང་བ་དང༔ གསང་སྔགས་དོན་ལ་མི་དགོངས་དང༔ གཞན་གྱི་ཞེ་གཅོད་ཁེངས་ཚིག་ལྡན༔ ལོག་པའི་ལམ་དུ་ཞུགས་པ་དང༔ དབང་གི་ད་ལ་ཞལ་མ་མཐོང༔ དམ་ཚིག་འཆལ་བར་གྱུར་པ་དང༔ དྲིས་པ་དག་ལ་ལན་མི་ཐེབས༔ ཐོས་ཆུང་ང་རྒྱལ་ཆེ་བ་དང༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ གསང་སྔགས་སྟོན་པའི་སློབ་དཔོན་མིན༔ རྫོགས་ཆེན་ཨ་ཏི་སྟོན་མི་ནུས༔ དེ་དང་འགྲོགས་པར་མི་བྱའོ༔ ཞེས་པས་གདམས་པ་སྣ་རེ་ཙམ་ལ་མཆོག་འཛིན་ཆེ་བ་དང༔ ཡོན་ཏན་མེད་པའི་བླ་མ་བསྟེན་པར་མི་བྱའོ༔ བསྟེན་ན་གཉིས་ཀ་ངན་སོང་དུ་འཁྲིད་པས་སྤང་བར་བྱའོ༔ དབང་བསྐུར་བ་དང་བསྟེན་པ་ལ་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་དགོས་ཏེ༔ ཀློང་གསལ་ལས༔ མཚན་ཉིད་ལྡན་པའི་བླ་མས་ནི༔ དབང་བསྐུར་བས་ནི་སྡུག་བསྔལ་གྲོལ༔ ཅེས་པ་དང༔ ཐལ་འགྱུར་ལས༔ མཚན་ཉིད་རྫོགས་པའི་བླ་མ་ནི༔ ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན༔ རྫོགས་པའི་བྱང་ཆུབ་གཞི་འཛིན་པ༔ རྩ་བ་ཡན་ལག་བླ་མ་གཉིས༔ སོ་སོའི་མཚན་ཉིད་ཚང་བ་དང༔ ཞེས་པས་སྤྱིར་ཐེག་པ་ཆེན་པོའི་ཚིག་དོན་ལ་མཁས་པ༔ ཕྱི་ནང་གསང་བའི་ལག་(༥༣)ལེན་ལ་མཁས་པ༔ བསྐྱེད་རྫོགས་བཟླས་གསུམ་ལ་རྟགས་ཐོན་པ༔ ལྟ་སྒོམ་སྤྱོད་གསུམ་ལ་དྲོད་ཐོན་པ༔ དབང་འཛིན་གྱི་ཞེན་པ་ཆུང་ཞིང་དབེན་པར་བཞུགས་པ༔ རང་ཉམས་སུ་ལེན་པ་ལ་བརྩོན་ཞིང་གཞན་ཡང་ཉམས་སུ་ལེན་པ་ལ་འཇུག་པ༔ ཉམས་རྟོགས་དང་ལྡན་པའི་བླ་མ་དེ་བསྟེན་པར་བྱའོ༔ བླ་མས་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ༔ ཀློང་གསལ་ལས༔ སྣོད་དང་མི་ལྡན་སློབ་མ་ནི༔ ཤེས་ཆུང་ཁ་གསག་གདོང་ལྟས་ཆེ༔ ཁ་མཁས་ལག་དམ་གཡོ་སྒྱུ་ཆེ༔ བླ་མའི་གསུང་གཅོག་དྲིན་ལ་རྩོད༔ ཡོན་ཏན་མི་མཐོང་སྐྱོན་ལ་རྟོག༔ རིགས་རྒྱུད་ངང་རྒྱུད་ངན་པ་དང༔ བཀའ་དྲིན་ཁྱད་གསོད་རང་གིས་རང་ལ་བསྟོད༔ སྡོམ་དང་དམ་ཚིག་ཉམས་ལེན་འཆལ༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཉམས་སུ་མི་ལེན་གང་ཟག་ལ༔ རྫོགས་པ་ཆེན་པོའི་དབང་དང་ནི༔ དོན་དང་གདམས་པ་བསྟན་མི་བྱ༔ ཞེས་པས༔ དེ་ལྟ་བུ་ལ་ནི༔ དབང་དང་གདམས་པ་མི་སྦྱིན་ནོ༔ སློབ་མ་མཚན་ཉིད་དང་ལྡན་པ་ནི༔ རིག་པ་རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ ཞེས་པས༔ དེ་ལྟ་བུའི་སློབ་མ་དུ་ཡོད་ལ༔ ཕྱི་དབང་བསྐུར་བར་བྱ་སྟེ༔ དེ་ཡང་ཐལ་འགྱུར་ལས༔ དབང་ནི་རྣམ་པ་བཞི་ཡིས་ཀྱང༔ སྐལ་བར་ལྡན་པ་སྨིན་པར་བྱ༔ ཞེས་སོ༔ དེ་ནས་བླ་མ་མཚན་ཉིད་དང་ལྡན་པས༔ དབང་སྐུར་བར་བྱེད་པའོ༔

གསུམ་པ་གསོལ་བ་གདབ་པ་ནི༔ མཚན་ཉིད་དང་ལྡན་པའི་བླ་མ་དེ་ལ༔ ལོ་གསུམ་མམ༔ གཉིས་སམ༔ གཅིག་ནས་དབང་བསྐུར་བར་ཞུ་ཞེས་པའི་ཞུ་བ་བྱས་ཏེ་ཚོགས་འཁོར་དང་གསེར་གྱི་མཎྜལ་ཕུལ་ལ་ཞུ་བ་བྱའོ༔ དེ་ནས་བླ་མས་ཀྱང་ཞལ་གྱིས་བཞེས་ནས་རང་གི་བྱ་བ་རྣམས་རྫོགས་པར་བྱའོ༔ དེ་ནས་དུས་ལ་བབ་པའི་དུས་སུ༔ སློབ་མ་ཚོགས་ཏེ་བླ་མའི་དྲུང་དུ་འོང་ལ་བླ་མས་སློབ་མ་རྣམས་ལ༔ དྲང་དོན་གྱིས་དད་པ་བསྐྱེད་དེ་སྐྱབས་སུ་འགྲོ་བ་ནས་ཅི་རིགས་སུ་ཆོས་མ་ཐོབ་པ་རྣམས་ལ་བསླབ་བྱའི་སྡོམ་པ་འབོག་གོ༔ ཐལ་འགྱུར་ལས༔ (༥༤)དེ་ནས་དབང་བསྐུར་ཆོ་ག་ཡང༔ ཉན་ཐོས་ཐེག་པ་ནས་བརྩམས་ཏེ༔ ཞེས་པ་དང༔ ཀློང་གསལ་ལས༔ སྐྱབས་འགྲོ་ཐུན་མོང་ནས་བརྩམས་ཏེ༔ དབང་བཞི་རྫོགས་པར་བསྐུར་བར་བྱ༔ ཞེས་སོ༔ དེ་ནས་དགའ་སྟོན་བྱ་བ་ནི༔ དཔོན་སློབ་རྣམས་ཚོགས་ཀྱི་འཁོར་ལོ་བཤམས་ལ༔ སློབ་མ་རྣམས་ཀྱིས་མེ་ཏོག་དོར་ལ༔ ཕྱག་གསུམ་བཙལ་ཏེ༔ ཀྱེ་ཀུན་བཟང་རྡོ་རྗེ་འཛིན་པ་ཆེ༔ ཡེ་ཤེས་ལྔ་ནི་འཐོབ་བྱའི་ཕྱིར༔ རིགས་ལྔའི་དབང་ཆོག་བཤད་དུ་གསོལ༔ ཅེས་ལན་གསུམ་ཞུའོ༔ དེ་ནས་བླ་མས་སློབ་མ་ལ༔ རིགས་ཀྱི་བུ་མཆོག་ཁྱེད་རྣམས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དང་ནི་རྡོ་རྗེ་སྤུན༔ ཚོགས་མཆོད་ཡོན་གྱིས་མཉེས་ནུས་སམ༔ ཞེས་བྱའོ༔ དེ་ནས་སློབ་མས་ལན་དུ༔ ཀྱེ་ཇི་ལྟར་ཐུགས་ཀྱིས་དགོངས་མཛད་པ༔ བདག་གིས་མ་ལུས་བསྒྲུབས་ལགས་པས༔ དཔའ་བོས་བདག་ལ་གནང་དུ་གསོལ༔ ཅེས་ཞུའོ༔ དེ་ནས་ཚོགས་ཀྱི་འཁོར་ལོ་དང་མཆོད་པ་བྱས་ལ༔ གླུ་གར་ལ་སོགས་པ་ཅི་དགར་བྱའོ༔ དེས་སྔོན་དུ་བར་ཆད་ཐམས་ཅད་སེལ་ཞིང་ཡོན་ཏན་དཔག་ཏུ་མེད་དེ༔ ཀློང་གསལ་ལས༔ དགའ་སྟོན་བར་ཆད་སེལ་བ་དང༔ ཡོན་ཏན་དངོས་གྲུབ་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ ཐལ་འགྱུར་ལས༔ འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན༔ ལུས་ངག་སྤྱོད་པས་མཉེས་པ་ཡིས༔ བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན༔ བསྟེན་པ་དེ་ལ་ཡོན་ཏན་ནི༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ འདོད་འཇོའི་བ་དང་འདྲ་བ་ཡི༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ༔ ཅེས་སོ༔ དེ་ལྟར་དགའ་སྟོན་བྱའོ༔

དགའ་སྟོན་མེད་པའི་སྐྱོན་ནི༔ ཀློང་གསལ་ལས༔ དགའ་སྟོན་ཚོགས་འཁོར་མེད་པ་ན༔ བར་ཆད་རྐྱེན་ནི་སྣ་ཚོགས་འབྱུང༔ དབང་གི་རྒྱལ་ས་ཞིག་པ་དང༔ དངོས་སྒྲུབ་མི་ཐོབ་ཡི་དྭགས་སྐྱེ༔ ཞེས་སོ༔ དེ་ནས་སློབ་མ་རྣམས་སྡིག་པ་སྦྱོང་དུ་གཞུག་པ་ནི༔ ཀློང་གསལ་ལས༔ རྒྱུད་ཀྱི་སྡིག་པ་སྦྱོང་བའི་ཕྱིར༔ སྔོན་འགྲོ་ཡིག་བརྒྱའི་བཟླས་བརྗོད་བྱ༔ ཞེས་པས་ཡི་གེ་བརྒྱ་པའི་བཟླས་བསྒོམ་ཕོག་ལ༔ ཞག་འགར་སྡིག་སྒྲིབ་སྦྱང་དུ་(༥༥)གཞུག་གོ༔ སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཀློང་གསལ་ལས༔ བར་ཆད་མི་ཞུགས་བསྲུང་བྱའི་ཕྱིར༔ ཧཱུྃ་གི་སྦྱོར་བས་སྲུང་མཚམས་བྱ༔ ཞེས་པས༔ དེ་ནས་སློབ་མ་རྣམས་ལ་སྙིང་ཁར་ཧཱུྃ་ལས་འོད་འཕྲོས་པས༔ ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་ཞུ་ལུབ་ཏུ་གྱུར་པར་བསམ༔ སློབ་མ་རྣམས་ལའང་སྒོམ་དུ་གཞུག་གོ༔ དེ་ནས་སློབ་མ་ཐམས་ཅད་ཀྱིས་ཧཱུྃ་གི་སྒྲ་དི་རི་རི་བཟླས་ཤིང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བར་གྱུར་པར་བསམ་ལ༔ བསྲུང་བ་བྱའོ༔ མ་བྱས་ནའང་དེ་ཉིད་ལས༔ དེ་ལྟར་སྲུང་བ་མ་བྱས་ན༔ བདུད་དང་བར་ཆད་རྐྱེན་དབང་འགྱུར༔ དངོས་གྲུབ་བྱིན་རླབས་ཕྲོག་ཅིང་ཡལ༔ ཞེས་སོ༔ དེ་ནས་ཀློང་གསལ་ལས༔ དམ་ཚིག་ཁས་ལེན་བྱུང་ན་སྦྱིན༔ ཞེས་པས༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ དམ་ཚིག་རྒྱུད་ལ་གནས་འདོད་ན༔ ཐབས་ཤེས་གཉིས་ཀྱི་དམ་ཚིག་ཏུ༔ མཚན་མ་ལ་ནི་མི་འགོམ་དང༔ རྡོ་རྗེ་སློབ་དཔོན་མལ་ཆ་དང༔ རྡོ་རྗེ་སྤུན་ལ་རྩོད་མི་བྱ༔ དེ་ལྟར་བསྲུང་བར་ནུས་གྱུར་ཏམ༔ ཞེས་བརྗོད་དེ་ནས་སློབ་བུ་ཡིས༔ ཀྱེ་སངས་རྒྱས་ཐམས་ཅད་འདུས་པ་ཡི༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བདག་ཅག་རྣམས་ཀྱིས་སྲུང་བར་བྱེད༔ ཅེས་བྱའོ༔ དེ་ལྟར་མ་བྱས་ན༔ ཡང་དེ་ཉིད་ལས༔ དམ་ཚིག་དེ་རྣམས་མ་བསྲུངས་ན༔ དབང་གི་ཡོན་ཏན་མི་འབྱུང་ཞིང༔ ཉམས་པས་དམྱལ་བ་ཉིད་དུ་ལྟུང༔ ཞེས་སོ༔ དེ་ནི་གསོལ་བ་གདབ་པའི་ཆོ་གའོ༔ དེ་ནས་བསྙེན་པ་བྱ་བ་ནི༔ མངོན་རྟོགས་བཞིན་ཤེས་པར་བྱའོ༔ དེ་ནས་སའི་ཆོ་ག་ཡང་གཞན་དང་མཐུན་པས་འདིར་མ་བྲིས་སོ༔ དེ་ནས་དཀྱིལ་འཁོར་སྟེགས་བུ་ཚད་དང་ལྡན་པ་སྐྱོན་ཡོན་གྱི་བྱེ་བྲག་རྣམས་གཞན་དང་མཐུན་པས་ཐུན་མོང་ཡིན་ནོ༔ དེ་ཡང་སྟེགས་བུའི་རྒྱུའམ་ཚད་ནི་ཀློང་གསལ་ལས༔ བཀྲ་ཤིས་རྫས་དང་ས་བཟང་ལ༔ རཏྣ་ས་བཟང་ལེགས་པར་བརྩིགས༔ རབ་ནི་ཇི་ལྟར་གྲུབ་པ་ལ༔ ཐ་མ་མདའ་གང་འདོམ་གང་ཚད༔ ཅེས་སོ༔ སྟེགས་བུ་དེ་ལ་བའི་རྣམ་ལྔ་དང་བདུད་རྩི་ལྔ་དང་དྲི་བཟང་པོས་བྱུགས་ལ༔ དེའི་སྟེང་དུ་རིགས་ལྔའི་ལྷ་ཚོགས་བསྐྱེད་རིམ་མངོན་(༥༦)རྟོགས་ལྟར་བསྐྱེད་ལ༔ མཆོད་བསྟོད་བྱ༔

གསོལ་བ་གདབ་པ་ནི༔ ཀུན་ཏུ་བཟང་པོ་སངས་རྒྱས་རིགས་ལྔའི་གཙོ༔ སློབ་བུ་རྣམས་ལ་ཕན་གདགས་ཕྱིར༔ དེང་འདིར་བདག་གིས་དཀྱིལ་འཁོར་བྲི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཅེས་བརྗོད༔ གཏོར་མ་ཕུལ་ལ་བསྔོ་བ་བྱ༔ དེ་ཡང་ལུང་ལས༔ གསོལ་བ་བཏབ་པས་བྱིན་རླབས་འབྱུང༔ ལྷ་བསྐྱེད་བསྟོད་དང་མཆོད་པ་ཡིས༔ བྱིན་གྱིས་བརླབས་པ་ཉིད་དུ་འགྱུར༔ ཞེས་པ་དང༔ མ་བྱས་པའི་སྐྱོན་ནི༔ དེ་ལྟར་བྱས་པར་མ་གྱུར་ན༔ དཀྱིལ་འཁོར་བྱིན་ཉིད་ཕེབས་མི་འགྱུར༔ ཞེས་སོ༔ དེ་ནས་སྟ་གོན་གྱི་ཆོ་ག་ནི༔ ཀློང་གསལ་ལས༔ རྡོ་རྗེ་སློབ་དཔོན་བྱ་བའི་ལས༔ བུམ་པ་ལྷ་དང་སྦྱིན་སྲེག་དང༔ སློབ་མ་སྟ་གོན་ཉེ་བར་བྱ༔ ཞེས་པས༔ དེ་ལ་དང་པོ་བུམ་པ་སྟ་གོན་བྱ་བ་ནི༔ རབ་རཏྣའི་བུམ་པ་ལ་བྱ༔ མེད་ན་རྫ་བུམ་ལ་བྱ༔ དེ་ཡང་བུམ་པ་ལྔ་རིགས་ལྔ་ཡབ་ཡུམ་གྱི་སྐུ་མདོག་ལྟར་མདོག་བསྒྱུར༔ ལས་བུམ་དཀར་པོ་བྱ༔ དག་པར་བཀྲུས་ལ་སྤོས་ཀྱིས་བདུག༔ ནང་དུ་རཏྣ་ལྔ་བདུད་རྩི་ལྔ༔ འབྲུ་ལྔ༔ སྨན་ལྔ༔ དྲི་ལྔ་ལ་སོགས་པ་བླུགས་ལ་བུམ་པའི་སུམ་གཉིས་ཆུ་གཙང་དང་བཅས་པས་དགང་ངོ་༔ དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ནོ༔ གོས་རས་ཀྱིས་མགུལ་པ་བཅིངས༔ ཡི་དམ་ཡབ་ཡུམ་གྱི་ཕྱག་མཚན་བུམ་པའི་ཕྱི་ལ་བྲི༔ བུམ་པ་བཅུའམ་ཡང་ན་དྲུག་ལ་བྱའོ༔ གཟུངས་ཐག་རྡོ་རྗེ་དང་བཅས་པ་མེ་ཏོག་ཚོམ་བུ་ཀུ་ཤའི་སྟེང་དུ་སྟེགས་མཐོ་བ་ལ་བཞག༔ བཀོད་པའི་རྒྱན་དང་ལྡན་པར་བྱས་ལ་བཞག་གོ༔ དེ་ནས་བུམ་པ་དེ་རྣམས་སྭ་བྷཱ་ཝས་བསངས་ལ༔ བྷྲཱུྃ་ལས་རཏྣའི་གཞལ་ཡས་ཁང་གི་ནང་དུ་བཾ་ལས་པདྨ་འདབ་མ་བརྒྱད་པའི་སྟེང་དུ༔ གཙོ་འཁོར་གྱི་ས་བོན་འོད་དུ་ཞུ་བ་ལས་གཙོ་བོ་ཡབ་ཡུམ་གསལ་བར་བསྐྱེད༔ དེ་དག་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་རྒྱལ་བ་ཐམས་ཅད་ལ་མཆོད༔ རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་ཡི་གེ་བཞིས་བསྟིམ༔ ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས༔ གོ་བཀོན༔ དབང་(༥༧)བསྐུར༔ མཆོད་པ་དང་བསྟོད་པ་ཅི་རིགས་སུ་བྱའོ༔ དེ་ནས་གཟུངས་ཐག་ལ་བཟུང་ནས་བཟླས་པ་བྱ༔ བཟླས་པའི་འོད་ཟེར་གཟུངས་ཐག་ལ་བརྟེན་ནས་སོང་བས་ལྷའི་ཐུགས་ཀར་ཕོག༔ གཙོ་འཁོར་རྣམས་བདུད་རྩིར་མེར་གྱིས་སོང་བར་བསམ་ལ་བཟླས་པ་ཅི་འགྲུབ་ཅིག་བྱའོ༔ བུམ་པ་ཐམས་ཅད་ལ་གཙོ་འཁོར་གྱི་རང་རང་གི་བཟླས་པ་དང་དམིགས་པ་འགྲེའོ༔ དེ་ནས་ལྷ་སྟ་གོན་དུ་བྱ་བ་ནི་མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་ལྷའི་གྲངས་དང་མཉམ་པ་བྱས་ལ་དེའི་སྟེང་དུ་ལྷའི་ས་བོན་རེ་རེ་བཀོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད་ལ༔ དེ་ལ་དམ་ཚིག་སེམས་དཔའ་བསྐྱེད༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཞུག༔ མཆོད་པ་དང་བསྟོད་པ་ཅི་རིགས་སུ་བྱས་ལ་གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ལ༔ ཧོ་དགོངས་སུ་གསོལ་ལོ༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས༔ སེམས་དཔའ་སེམས་མ་མ་ལུས་བདག་ལ་དགོངས༔ རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པ་དང༔ སློབ་བུ་ཁྱེད་ཀྱི་རྗེས་སུ་འཇུག་པའི་ཕྱིར༔ བདག་མིང་འདི་ཞེས་བགྱི་བས་ཀྱང༔ ནང་པར་རྒྱལ་བའི་དཀྱིལ་འཁོར་བྲི་བར་བྱ༔ ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ༔ གནས་འདིར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ༔ དེ་ནས་དཔོན་སློབ་རྣམས་ཀྱིས༔ བར་ཆད་ཞི་བ་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ༔ སྦྱིན་སྲེག་བྱ་སྟེ་མཎྜལ་དཀར་པོའི་སྟེང་དུ་ཞི་བའི་ཤིང་ཟླུམ་པོར་བརྩིགས་ལ༔ མེ་སྦར་དེའི་ནང་དུ་མེ་ལྷ་དམ་ཚིག་པ་བསྐྱེད༔ ཡེ་ཤེས་པ་བསྟིམ༔ མཆོད་བསྟོད་བྱ༔ མེ་ལྷའི་སྔགས་ལ་ཆེ་གེའི་སྡིག་པ་དང་བག་ཆགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མར་གྱི་དགང་བླུགས་དང༔ སྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ལན་བདུན་འབུལ་ལོ༔ དེ་ནས་སྐད་ཅིག་གིས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ལ་མཆོད་བསྟོད་ཅི་རིགས་པ་བྱ་སྟེ༔ གཙོ་བོ་ཡབ་ཡུམ་གྱིས་སྔགས་ལ་ཁ་བསྒྱུར་བཏགས་ལ་ཞལ་དུ་བདུད་རྩི་སིང་སིང་གསོལ་བར་བསམ་ཞིང་ཅི་འགྲུབ་འབུལ་ལོ༔ མཇུག་མི་དམིགས་པས་རྒྱས་གདབ་བསྔོ་བ་བྱའོ༔ རྩ་དེ་ནས་སློབ་མ་སྟ་གོན་བྱ་བ་ནི༔ (༥༨)བླ་མ་ཁྲི་ལ་བཞུགས་ཏེ༔ སློབ་མ་རྣམས་ཀྱིས་ཕྱག་བཙལ་ནས༔ ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༔ རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ༔ བདག་རྣམས་ཁྱེད་ཀྱི་རྗེས་སུ་འཇུག༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༔ སོ་ཐར་བྱང་སེམས་དམ་ཚིག་རྣམས༔ ཐར་པའི་གྲོང་དུ་འཇུག་པའི་ཕྱིར༔ མགོན་པོས་བདག་ལ་གནང་དུ་གསོལ༔ ཅེས་མེ་ཏོག་དོར༔ དེ་ནས་སློབ་དཔོན་གྱིས༔ ཀྱེ་མ་སྣོད་དང་ལྡན་པའི་བུ༔ གསང་སྔགས་ཆོ་ག་ཁྱེད་ལ་བསྟན༔ འདས་དང་མ་བྱོན་ད་ལྟར་གྱི༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱང༔ གསང་སྔགས་ཆོ་ག་འདི་མཁྱེན་པས༔ ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན༔ ཀུན་བཟང་རྒྱལ་བ་རིགས་ལྔ་ཡིས༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ༔ དེ་ལྟར་ཁྱོད་ཀྱིས་འཐོབ་བྱའི་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན་ནོ༔ དེ་ནས་བླ་མ་དང་སློབ་བུ་རྣམས་ཀྱིས་མདུན་གྱི་ནམ་མཁའ་ལ་རིགས་ལྔའི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ལ༔ བདུན་རྣམ་དག་གིས་ཚོགས་བསག་གོ༔ དེ་སྔར་མ་ཐོབ་པ་རྣམས་ཀྱིས༔ སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ༔ སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ༔ དམ་ཚིག་གི་སྡོམ་པ་མན་ཆད་རྒྱས་པར་བླང་ངོ་༔ རེ་ཞིག་བསྡུས་པ་ཚིགས་བཅད་ཙམ་དུ་ལེན་ན༔ བླ་མའི་མདུན་དུ་ཙོག་པུར་འདུག་སྟེ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྷོ་དྷི་སཏྭ་དང༔ བླ་མ་དང༔ ཡི་དམ་མཁའ་འགྲོ་རྣམས་གུས་པའི་ཡིད་ཀྱིས་སྤྱན་དྲངས་ལ༔ ལུས་ལོངས་སྤྱོད་མཆོད་པ་གཞི་རྫོགས་སུ་ཕུལ་ལ༔ ཕྱག་འཚལ༔ མེ་ཏོག་གཏོར༔ ཐལ་མོ་སྦྱར་ལ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོ་བདག་ལ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་ཐམས་ཅད་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང༔ ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ༔ བདག་ནི་གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་བྱ༔ དེ་ནས་ཡང༔ ཀུན་(༥༩)བཟང་རིགས་ལྔའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ གུས་པ་ཡི་ནི་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱའོ༔ དེ་ནས་ཡང༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་ཆུབ་སེམས་དཔའ་སློབ་དཔོན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱའོ༔ དེ་ནས་སོ་སོར་ཐར་པ་བླང་བ་ནི༔ ཡང་མདུན་དུ་འདུག་ལ༔ བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པ་ལས་ལྡོག་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་རྣམས༔ བདག་ནི་རྒྱུན་དུ་གནས་ཤིང་སྲུང༔ ཞེས་ལན་གསུམ་བྱའོ༔ དེ་ནས་སྨོན་པ་སེམས་བསྐྱེད་བླངས་ཏེ༔ ཧོ༔ བླ་མ་ཀུན་བཟང་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་བྱའོ༔ དེ་ནས་འཇུག་པ་བླང་བ་ནི༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོང་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་དགོད༔ ཅེས་ལན་གསུམ་བྱའོ༔ དེ་ནས་སྡོམ་པ་བཟུང་བ་ནི༔ དཀོན་མཆོག་གསུམ་བཟུང་མི་གཏོང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་གཏོང༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་(༦༠)པ་ཡིན༔ ཞེས་སོ༔ དེ་ནས་དམ་ཚིག་སྦྱིན་ཏེ༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ རྩ་བ་བཞི་ལས་འདའ་མི་བྱ༔ ཞེས་བཤད་དོ༔ རྩ་བའི་ཉེས་པ་བཤད་ལ་བསྲུང་དུ་གཞུག་གོ༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ ཡི་གེ་གསུམ་བཟླས་ཤིང༔ སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱའོ༔ ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ༔ དབང་བསྐུར༔ མཆོད་པ་དང༔ གཏོར་མ་དབུལ༔ བདུད་རྩི་ལྕེའི་སྟེང་དུ་བཞག་གོ༔

དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར༔ མེ་ཏོག་གི་ཚོམ་བུ་ལྔ་བཀོད་ལ༔ ཤིང་ལྕུག་མ་མཐོ་གང་བ་སྦོམ་ཕྲ་མདའ་ཙམ་ལ་སྙུག་གུ་ཁར་གཞོག་ལ༔ རྩེ་མོ་ལ་མེ་ཏོག་གི་ཕྲེང་བ་བཅིང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་སྲུང་མ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་ཀྱི་ལྟས་བསྟན་དུ་གསོལ་ལོ༔ ཞེས་སོས་བཟུང་ལ་མིག་བཙུམས་ཏེ་མཎྜལ་སྟེང་དུ་བསྐྱུར༔ ཕྱོགས་བཞི་དབུས་དང་ལྔར་བྱུང་ན་རིགས་དེའི་དངོས་གྲུབ་ཐོབ༔ མཚམས་བཞིར་དེའི་དངོས་གྲུབ་ཕྲན་ཚེགས་ཐོབ༔ སྟེང་དུ་བྱུང་ན་མཆོག་གི་དངོས་གྲུབ་ཐོབ༔ དེ་རྩ་བ་རང་ལ་བསྟན་འདུག་ན་སྐལ་བ་ཞན་པས་བལྡབས་ལ་བསྐྱུར༔

དེ་ནས་ཆོས་བཤད་པ་ནི༔ ཀྱེ་མ་རིགས་ཀྱི་བུ་རྣམས་གསོན་ཅིག༔ འདི་ལྟ་བུའི་དཀྱིལ་འཁོར་དུ་ཞུགས་པའི་རིགས་ཀྱི་བུ་ནི༔ ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བས་ཤིན་ཏུ་འབྱུང་བར་དཀའོ༔ དེ་བས་ཀྱང་གསང་སྔགས་ཀྱི་སྒོར་འཇུག་པ་ནི་ཤིན་ཏུ་དཀོན་ཏེ༔ འདི་ལྟ་བུ་ལ་ཞུགས་ནས་བསྐལ་པ་དཔག་ཏུ་མེད་པའི་སྡིག་སྒྲིབ་ཐམས་ཅད་དཀྱིལ་འཁོར་འདི་མཐོང་བ་ཙམ་གྱིས་བྱང་ཞིང་དག་པར་འགྱུར་ན་སྔགས་འདི་ལ་སྤྱོད་ཅིང་ཚུལ་ལ་གནས་ནས་བཟླས་པ་བྱས་ན་མྱུར་དུ་བླ་ན་མེད་པའི་གོ་འཕང་ཐོབ་པ་ལ་ཚེགས་མེད་པར་འགྱུར་རོ༔ ཞེས་སྤྲོ་བ་བསྐྱེད་པའི་ཆོས་ཅི་རིགས་སུ་བཤད་དོ༔ དེ་ནས་སྲུང་སྐུད་སྣ་ལྔ་དྲིལ་ལ་རྩ་སྔགས་བཟླས་ཏེ་མདུད་པ་ལྔ་བྱས་ཏེ༔ གྲུ་མོ་གཡོན་པ་ལ་བཅིང་ངོ་༔ དེ་ནས་ཀུ་ཤ་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ༔ སྔས་དང་གདན་དུ་བཏིང་སྟེ༔ ཁ་ཤར་དུ་གཏད་སེང་གེའི་ཉལ་སྟབས་བྱས་ཏེ་ཉལ་ལོ༔ བླ་མ་དང་རིགས་(༦༡)ལྔའི་ལྷ་ཚོགས་ཀྱིས་དགེ་བ་དང་མི་དགེ་བའི་རྨི་ལམ་བསྟན་དུ་གསོལ༔ ཅེས་གསོལ་བ་བཏབ་ལ་ཉལ་ལོ༔ ཚོགས་དང་གཏོར་མ་ཡང་བཏང་ངོ་༔ ནང་པར་རྡོ་རྗེ་སློབ་དཔོན་ལ་རྨི་ལམ་བཟླས་ཏེ༔ ངན་པ་བྱུང་བ་རྣམས་ལ་ཚོགས་གཏོར་གྱིས་བཟློག་པར་བྱའོ༔ སློབ་མ་སྟ་གོན་དུ་བྱ་བའོ༔

དེ་ནས་ཐིག་གི་ཆོ་ག་ནི༔ ཐལ་འགྱུར་ལས༔ སྟ་གོན་ཐིག་དང་ཚོན་དགྱེ་བ༔ ཞེས་པ་དང༔ ཀློང་གསལ་ལས༔ ཐིག་སྐུད་ཡེ་ཤེས་ལྔ་སྒྲིལ་བས༔ དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ༔ ཚངས་ཐིག་ཆ་ཆེན་དག་ཀྱང་གདབ༔ སྐད་ཅིག་དཀྱིལ་འཁོར་ལྷ་ཚོགས་བསྐྱེད༔ མཆོད་པ་དང་ནི་བསྟོད་པ་བྱ༔ དེ་ནས་དཀྱིལ་འཁོར་ཐིག་གདབ་པ༔ དཀྱིལ་འཁོར་སྤྱི་དང་མཐུན་པར་གདབ༔ དཀྱིལ་འཁོར་བཀོད་པ་ཤེས་པར་གྱིས༔ ཞེས་པས་ཐིག་སྐུད་ཁ་དོག་ལྔ་སྒྲིལ་ལ༔ སྦོམ་ཕྲ་རིང་ཐུང་གཞན་དང་མཐུན་པའོ༔ ཐིག་སྐུད་རིགས་ལྔ་ཡུམ་ལྔར་བསྐྱེད་ལ༔ ཡིད་ཀྱིས་ཡེ་ཤེས་གཞུག་མཆོད་བསྟོད་བྱས་ལ༔ སློབ་དཔོན་ཁ་ཤར་དུ་བལྟས་སློབ་མ་ཁ་ནུབ་ཏུ་བལྟས་ཐིག་སྐུད་བཟུང་ལ༔ དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ༔ ཡེ་ཤེས་ཀྱི་ཚངས་ཐིག་བཞིའམ་བཅུ་དྲུག་གདབ་ཅིང་གསོལ་བ་གདབ་པ་ནི༔ ཨེ་མ་རིགས་ལྔའི་སངས་རྒྱས་གཙོ༔ འགྲོ་དོན་དུ་ནི་འདི་ལགས་པས༔ ཀུན་ཏུ་བཟང་པོས་ཐིག་གདབ་མཛོད༔ རྩ་སྔགས་ལན་གསུམ་བརྗོད༔ དེའི་སྒྲས་བསྐུལ་ནས་རིགས་ལྔའི་དཀྱིལ་འཁོར་ལྷ་དང་བཅས་པ་སྐད་ཅིག་གིས་བསྐྱེད་དོ༔ དེ་ནས་ལྷ་ཚོགས་དེ་རྣམས་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་བྱོན་ཏེ༔ དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་བཞུགས་པར་བསམ་དེ་ལ་མཆོད་པ་དང་བསྟོད་པ་བྱས་ལ༔ མི་གཤེགས་པར་བཞུགས་སུ་གསོལ་ལོ༔ ཐིག་གདབ་པ་དངོས་ནི་ཆ་ཆེན་ས་དཀར་དང་དྲི་བཟང་པོའི་ཆུས་སྦངས་ལ་གདབ༔ མན་ངག་ཐིགས་དམར་གྱི་ཁུ་བས་སྦངས་ཏེ་གདབ༔ དེ་ཡང་གདབ་པ་སྤྱི་དང་མཐུན་པ་ལ༔ ཁྱད་པར་དུ་འདི་ཉིད་ཀྱི་དཀྱིལ་འཁོར་འོག་ནས་འབྱུང་བ་ལྟར་བལྟས་ལ་ཤེས་རབ་ཀྱིས་དཔྱད་པར་བྱའོ༔ ཐིག་སྐུད་ཀྱི་བསྐོར་ལུགས་སྐྱོན་ཡོན་གཞན་(༦༢)དང་མཐུན་པ་ཡིན་ནོ༔ ཐིག་གི་ཆོ་གའོ༔ དེ་ནས་ཚོན་གྱི་ཆོ་ག་ནི༔ ཚོན་རྩི་སྣ་ལྔ་བསགས་ཏེ༔ རབ་རཏྣ་ལྔ༔ འབྲིང་དུར་ཁྲོད་ཀྱི་ས་རྡོ་ལྔ༔ ཐ་མ་ཁ་དོག་ཚང་བའོ༔ དེ་དག་སྣོད་སོ་སོར་བླུགས་ལ༔ རིགས་ལྔའི་ས་བོན་སོ་སོར་བྲིས་ཏེ་དེ་ལ་དམ་ཚིག་སེམས་དཔའ་བསྐྱེད༔ ཡེ་ཤེས་སེམས་དཔའ་བསྟིམ་ཡིད་ཀྱིས་མཆོད་བསྟོད་ཙམ་བྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཤར་ནས་ཚོན་རྩི་ཐོགས་ཏེ༔ སངས་རྒྱས་རིགས་ལྔ་ཡེ་ཤེས་གཙོ༔ ཀུན་གྱི་དོན་རིག་བྱ་བའི་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་དགྱེའོ༔ ཞེས་རེ་ཁཱ་གཅིག་དྲངས༔ དེ་ཡང་སྦོམ་ཕྲ་ཞིང་གི་ཚད་ནི་ཀློང་གསལ་ལས༔ ཚོན་རེ་སྒོ་ཡི་ཉི་ཤུ་ཆ༔ དཔངས་ནི་མདའ་ཙམ་བྲི་བར་བྱ༔ ཞེས་སོ༔ སྐྱོན་ཡོན་ནི༔ ཡང་དེ་ཉིད་ལས༔ ཚོན་རྩ་ཕྲ་ལ་ཀྱོག་པ་དང༔ སྦོམ་ཕྲ་མི་སྙོམས་དངོས་གྲུབ་མེད༔ སྦོམ་ན་ནད་མང་ཕྲ་ན་ནོར་མི་འབྱུང༔ ཆད་ན་གཉིས་ཀ་འཆི་བ་ཡིན༔ ཞེས་སོ༔ དེ་ནས་སློབ་མས་བྲི་བར་བྱ་སྟེ༔ དབུས་མཐིང་ཁར་བྱ༔ པདྨ་འདབ་བཞི་ཕྱོགས་དང་མཐུན༔ ཞེས་སོ༔ མཚམས་བཞི་མཛེས་ཚོན་དུ་བྲི༔ དེའི་ཕྱི་མ་མཐིང་ཀ་དཀར་པོ་དམར་པོ་གསུམ་གྱི་མུ་ཁྱུད་བསྐོར༔ སྒོ་བཞི་ཕྱོགས་དང་མཐུན་པར་བྱ༔ འདིར་དུར་ཁྲོད་འདོད་པ་གཞན་དང་མཐུན་པར་བྲི༔ ས་ཚོན་ལྷག་མ་ལ་ཡེ་ཤེས་པ་གཤེགས་ལ་བསྡུའོ༔ དེ་ནི་ཚོན་གྱི་ཆོ་གའོ༔

དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི༔ ལས་ཀྱི་སློབ་དཔོན་གྱིས་བྲི་ཚར་བ་དང༔ རྡོ་རྗེ་སློབ་དཔོན་གྱིས་གཟིགས་ཏེ་སྤོས་ཐོགས༔ དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་པ་བཟླས་སོ༔ སྐོར་བ་བསྐོར་ཞིང་ལྷག་ཆད་རྣམས་གསོ་འབྱིད་བྱའོ༔ དེ་ནས་མེ་ཏོག་ཐོགས་ལ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་རབ་གནས་བྱའོ༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ༔ གོང་གི་ནམ་མཁའི་ལྷ་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ལ་བསྟིམས་ལ༔ མཆོད་པ་ལྔ་འབུལ་ལོ༔ དེ་ནས་དཀྱིལ་འཁོར་གྱི་རྒྱན་དགོད་པ་ནི༔ རྡོ་རའི་ཕྱི་ལོགས་སུ་མེ་རི༔ ཡེ་ཤེས་སྒོ་མ་བཞིའི་ཕུར་པ་སྒོའི་ཐད་དུ་གཟུགས་སོ༔ ཡུམ་བཞིའི་ཕུར་པ་བཞི་མཚམས་བཞིར་གཟུགས་སོ༔ དེ་ལ་ཡེ་ཤེས་ལྔའི་དྲུ་གུས་དྲུ་བ་རིས་སུ་སྦྲེལ༔ དར་སྣ་ལྔ་ལ་སོགས་པས་ལེགས་(༦༣)པར་བརྒྱན༔ ཡོལ་བ་ལ་སོགས་པ་བཀོད་པའི་བྱེ་བྲག་ལེགས་པར་བྱ༔ རྡོ་རྗེ་སློབ་དཔོན་གྱི་གཡས་ཕྱོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ༔ གཏོར་མ་ཆ་བཅུ་༼བཞིའམ་ཡང་ན་ཅི་འགྲུབ་ཏུ་༽བཤམས༔ ཕྱི་རོལ་གྱི་གཏོར་མ་ལ་སོགས་གང་དགོས་དཀར་རྒྱན་དམར་རྒྱན་ལ་སོགས་པས་བརྒྱན་པ་བཤམ༔ མདོར་ན་རྡོ་རྗེ་སློབ་དཔོན་གྱི་གཡས་ནས་དཀྱིལ་འཁོར་གྱི་མཚན་ན་མར་བཤམ༔ མཆོད་པའི་མཎྜལ་དང༔ བླ་མའི་མཎྜལ་རྣམས་དལ་གྱི་མདུན་ན་མར་བཤམ༔ མཆོད་པ་རྣམ་ལྔ་དང༔ བདུད་རྩི་ལྔ་ལ་སོགས་པའི་མཆོད་པ་ཐམས་ཅད་བླ་མའི་གཡོན་ན་མར་མགོ་བཙུགས་ལ་བཤམ༔ གོང་དེར་བླ་མའི་ཁྲི་བཀོད་པ་དང་ལྡན་པར་བཤམ་མོ༔ ཚོགས་ཀྱི་ཡོ་བྱད་ཀྱང་ཅི་ཆེར་བཤམས་ལ་བཞག་གོ༔ དེ་ནས་སྟ་གོན་གྱི་བུམ་པ་དེ་རྣམས་དལ་གྱི་སྟེང་དུ་སོ་སོའི་གནས་སུ་ཁྲིའུའམ་མཉྫིའི་སྟེང་དུ་བཞུགས་སོ༔ ལས་ཀྱི་བུམ་པ་ཤར་སྒོའི་ཕྱིར་གཞུག་གོ༔

དེ་ལྟར་དཀྱིལ་འཁོར་སྒྲུབ་པ་དངོས་ནི༔ བདག་ཉིད་དཔལ་ཀུན་ཏུ་བཟང་པོར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་དོ༔ དེའི་(༦༤)ཐུགས་ཀ་ནས་འོད་འཕྲོས་པས་བསྐྱེད་པ་ལ་སོགས་མངོན་རྟོགས་ལྟར་བྱའོ༔

དེ་ནས་མཆོད་པ་བྱ་བ་ནི༔ རྡོ་རྗེ་དང་དྲིལ་བུ་བཟུང་ནས༔ མཆོད་བསྟོད་གཞན་དང་མཐུན་པར་བྱའོ༔ དེ་ནས་དལ་བསྒྲུབས་པ་དང་མཆོད་པ་ཚར་ནས་བདག་རྡོ་རྗེ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་སྒོ་བཞི་ལ་བཞུགས་ནས་སྒོ་བ་བཞི་ལ་གསོལ་བ་བཏབ་ནས༔ ནང་དུ་ཕྱིན་ཏེ་ཡབ་ཡུམ་ཐམས་ཅད་ལ་དབང་ཞུས་པས༔ ༼སྐབས་འདིར་བདག་གི་ཆོ་ག་རྒྱས་པར་བྱས་ལ༔༽ དབང་བསྐུར་ནས་ཁྱོད་ཀྱིས་རིགས་ཀྱི་བུ་རྣམས་ལ་དབང་བསྐུར་བར་བྱའོ༔ ཞེས་གནང་བ་སྦྱིན་ནས་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་སློབ་མ་དལ་དུ་འཇུག་པ་ནི༔ ལས་ཀྱི་སློབ་དཔོན་གྱིས་ལས་བུམ་ཁྱེར་ལ་ཕྱིར་ཕྱིན་ཏེ༔ སློབ་མ་རྣམས་ལ་ཁྲུས་བྱས་ཏེ་མིག་དར་དམར་པོ་སྭ་བྷཱ་ཝས་བསངས་ལ༔ སློབ་མའི་མིག་ལ་དཀྲིས་ཏེ༔ ཐམས་ཅད་ལག་པ་སྦྲེལ་ནས་ལས་ཀྱི་སློབ་དཔོན་གྱི་ལག་ཏུ་རྡོ་རྗེ་བཟུང་སྟེ༔ དེ་ལ་སློབ་མས་བཟུང་ལ༔ ཚོགས་ཁང་ལ་སྐོར་བ་ལན་གསུམ་བྱས་ལ་ཕྱི་སྒོ་བཅད་པའི་དྲུང་ནས་གསོལ་བ་གདབ་པ་ནི༔ ཀྱེ་ཁྲོ་བོ་མི་བཟད་(༦༤)འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ༔ ཞེས་ལན་གསུམ་དུ་གསོལ་བ་གདབ་བོ༔ ནང་ནས་ཁྱེད་སུ་ཡིན་ཅི་བྱེད་ཅེས་བྱ༔ ཡང་ཕྱི་ནས་ལན་ཞུ་བ་ནི༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན༔ དཔལ་རིགས་ཀྱི་བདག་པོ་ལ་དབང་ཞུ་ཞེས་བྱའོ༔ དེ་ནས་དཀྱིལ་འཁོར་ཡོལ་བས་བསྒྲིབས་ལ༔ སློབ་བུ་རྣམས་ལ་ཆགས་པའི་འབྱུང་པོ་རྣམས་ལ་གཏོར་མ་བྱིན་ལ་སོང་ཞིག་ཅེས་པའི་བཀའ་བསྒོའོ༔ རྡོ་རྗེ་སློབ་དཔོན་གྱི་ཆ་ལུགས་དུར་ཁྲོད་ཀྱི་ཆས་བརྒྱད༔ རུས་པའི་རྒྱན་དྲུག་ལ་སོགས་པས་བརྒྱན་ལ་ཁྲོ་བོའི་ང་རྒྱལ་གྱིས་སྔགས་བཟླས་ཐུན་བཟུང་སྟེ༔ སྒོ་ཕྱེ་ལ་སློབ་བུ་ནང་དུ་ཡོང་བའི་དུས་སུ་དྲག་སྔགས་དང་ཐུན་བརྡེག༔ རོལ་མོའི་སྒྲ་ཐམས་ཅད་དུས་གཅིག་ལ་དཀྲོལ་ལོ༔ ཧཱུྃ་དང་ཕཊ་ལ་སོགས་པའི་སྒྲ་འབྱིན༔ གུ་གུལ་གྱི་དུད་པས་བདུག༔ སྒོ་སྲུང་རྣམས་ཀྱིས་ཁྲོ་བོའི་སྟངས་སྟབས་བྱ༔ ཕྱག་མཚན་གྱིས་བསྡིག་གོ༔ དེ་ནས་སློབ་བུ་ནང་དུ་རྫོགས་པ་དང་སྒོ་བཅད་ལ་སློབ་བུ་རྣམས་གྲལ་ལ་བཞག་རྡོ་རྗེ་སེམས་དཔའ་བསྒོམ་དུ་བཅུག་ལ་ཡི་གེ་བརྒྱ་པ་བགྲངས༔ བླ་མས་རྡོ་རྗེ་མེ་རི་ལ་སོགས་པས་མཚམས་བཅད་སྲིད་པའི་རླུང་གིས་ཀྱང་མི་ཐར་བར་བསམ་མོ༔ དེ་ནས་སློབ་བུ་རྣམས་ཀྱིས་བླ་མ་ཡི་དམ་ལ་མཎྜལ་དབུལ༔ དེ་ནས་ཡོལ་བའི་ནང་གི་སྒོ་བ་ལ་གསོལ་བ་གདབ་པ་ནི་མེ་ཏོག་བཟུང་ལ༔ ཀྱཻ་རིགས་ལྔའི་བདེ་བར་གཤེགས་པ་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས༔ སྒོ་ཕྱེ་ཐར་པའི་གྲོང་བསྟན་ཚལ༔ ཞེས་གསོལ་བ་གདབ༔ སྒོ་བ་བཞིས་སྒོ་ཕྱེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་སྤྱན་གྱིས་གཟིགས་པར་བསམས་ལ༔ ཕྱག་འཚལ་མེ་ཏོག་དོར་དེ་ནས་ཡོལ་བ་བཀྲོལ་ལོ༔

དེ་ནས་ནང་གི་གཙོ་བོ་ལ་གསོལ་བ་གདབ་པ་ནི༔ ཀྱཻ་བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་ན་མི་མངའ་པས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་སྩོལ༔ ཅེས་ལན་གསུམ་བརྗོད་པས་མེ་ཏོག་དོར༔ དེ་ནས་བླ་མས་འདི་སྐད་བྱ༔ ཀྱེ་མ་ཁྱེད་ནི་སྣོད་མཆོག་དམ་པ་སྟེ༔ (༦༥)ཁྱེད་འདོད་པ་ནི་བདག་གིས་སྦྱིན༔ ཞེས་བརྗོད་དོ༔ དེ་ནས་སློབ་མས༔ བདག་ནི་འབྲས་བུ་གསང་སྔགས་ཀྱི༔ དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས༔ སྨིན་ཅིང་གྲོལ་བར་འདོད་པས་ན༔ ཐུགས་རྗེས་བདག་ལ་གནང་བར་མཛོད༔ ཅེས་ཞུ་བ་ལན་གསུམ་བྱའོ༔ དེ་ནས་བླ་མས༔ ཨེ་མ་ཨེ་མ་རིགས་ཀྱི་བུ༔ ཁྱོད་ནི་ལས་སད་འཁྲུལ་པ་ཞིག༔ རིགས་ཀྱི་བུ་མཆོག་ཁྱོད་ཡིན་པས༔ ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི༔ དལ་དུ་འཇུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དངོས་གྲུབ་དཀྱིལ་འཁོར་འདི་དག་ནི༔ མ་མཐོང་བ་ལ་སྨྲས་པ་ན༔ དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང༔ རིགས་ལྔ་ཡེ་ཤེས་རྣམ་པ་ལྔ༔ ཁྱོད་ཀྱི་ཐུགས་ལ་ཞུགས་པ་སྟེ༔ འདི་སྨྲས་ཡེ་ཤེས་ལྷ་དང་དབྲལ༔ ཞེས་སོ༔ དེ་ནས་བདུད་རྩི་ལྕེ་ལ་བཞག་ལ༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ དམ་ཚིག་བདུད་རྩིའི་ཆུ་འདི་འཐུང༔ ཨོཾ་ཨ་མྲ྇་ཏ་དམ་ལས་མ་འདའ་སྭཱ་ཧཱ༔ འོ་ཁྱོད་ཀྱི་(༦༥)སྟོན་པ་རིགས་ལྔའི་སངས་རྒྱས་ང་ཡིན་པས་ངས་བཀའ་བསྒོ་བ་ལས་མ་འདའ་ཞིག༔ འདས་ན་རྡོ་རྗེའི་དམྱལ་བར་སྐྱེས་ནས་ཐོན་པའི་དུས་མེད་དོ༔ ཞེས་དམ་ཚིག་བསྒྲག་པར་བྱའོ༔ དེ་ནས་ཡེ་ཤེས་དབབ་པ་ནི་སློབ་བུ་གྲལ་ལ་བཞག་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ༔ སློབ་བུའི་སྙིང་གི་ནང་དུ་གཡུང་དྲུང་འཁྱིལ་པ་དམར་པོ་གཅིག་བསྒོམ༔ དེའི་ནང་དུ་ཟླ་བའི་སྟེང་དུ་ཡཾ་གཅིག་བསྒོམ༔ གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བཞི་བསམ༔ ཡཾ་དེ་ལས་རླུང་གིས་བསྐྱེད་པས་གཡུང་དྲུང་འཁྱིལ་པ་སྙིང་དང་བཅས་པ་གཡོན་དུ་འཁོར་བར་བསམ་ཞིང་མ་ཡེངས་བར་བྱའོ༔ འདི་དུས་སུ་བྱི་ལའི་བྲུན༔ རཀྟ༔ ཤ་ཆེན༔ གུ་གུལ་ནག་པོ༔ ཀླད་ཆེན༔ བདུད་རྩི་ལྔ༔ རའི་རྐང་ལག་བཞིའི་ཉྭ་ཤ༔ རང་རང་གི་སྐྲ༔ དེ་རྣམས་སྦྱར་ལ་སོལ་མེ་ལ་བསྲེག་ཅིང་མཆོད་གཡོག་པ་རྣམས་ཀྱིས་རོལ་མོ་ཐམས་ཅད་དཀྲོལ་ཞིང་རྩ་སྔགས་དྲག་པོ་བཟླས་པས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་(༦༦)དང་མཁའ་འགྲོ་ཐམས་ཅད་མཁའ་སྤྱོད་ནས་ཐིབ་ཐིབ་བྱོན་ནས་སློབ་བུའི་སྙིང་ནང་དུ་སིབ་སིབ་བྱོན་ནས་འཁྲབ་ཅིང་གར་བྱེད་པར་བསམ་མོ༔

ཡེ་ཤེས་ཕེབས་པའི་རྟགས་ནི་ལུས་ལ་ཕེབས་ན་ལྷ་འདི་ཡིན་སྔགས་འདི་ཡིན༔ ཞེས་ལུས་འཕར་བ་དང༔ འཁྲབ་པ་དང༔ འདར་བ་དང༔ བ་སྤུ་ཟིང་བ་ཡོད་དོ༔ ངག་ལ་ཕེབས་ནི་ངག་སྨྲ་བ་དང༔ ངུ་བ་དང༔ གླུ་ལེན་པ་དང༔ སཾ་སྐྲ྇་ཏའི་སྐད་སྨྲ་བ་ལ་སོགས་པ་ཡོད་དོ༔ སེམས་ལ་ཕེབས་ན་སེམས་གསལ་བ༔ བདེ་བ༔ མི་རྟོག་པ་སྐྱེའོ༔ མ་ཕེབས་ན་སྤོགས་པར་བྱའོ༔ ཡེ་ཤེས་དབབ་པའོ༔ དེ་ནས་ཡེ་ཤེས་ཕེབས་པ་དང་སློབ་བུ་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་ཁྲིད་དེ་ཕྱག་འཚལ་ལ༔ ཀྱེ་ཤར་སྒོ་སྲུང་བའི་སྒོ་མ་ལྕགས་ཀྱུ་མ༔ ཤར་གྱི་སྒོ་ནི་ཕྱེ་ལ་ནི༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཅེས་ཞུ༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་གོང་གི་འགྲེའོ༔ དེ་ནས་མེ་ཏོག་ཐོགས་ལ༔ ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་དོར་བས༔ འབྲེལ་པ་གང་ཡོད་ལྷ་དང་བདག་འཕྲད་ཤོག༔ པུཥྤ་སི་ཏི་སྟོན༔ ཅེས་དོར་ལ༔ མེ་ཏོག་ཕོག་པའི་ལྷ་དང་སྔགས་ངོ་སྤྲད་དོ༔ ལྷ་འདི་ཡིན༔ སྔགས་འདི་ཡིན༔ ཞེས་སོ༔ དེ་ནས་མིག་དབྱེ་བ་ནི༔ སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས༔ ཁྱོད་ཀྱི་མ་རིག་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཨོཾ་ཙཀྵུ་སྭཱ་ཧཱ༔ ཞེས་མིག་དར་བཀྲོལ་ལོ༔ དེ་ནས་བླ་མས༔ ཀྱེ་མ་རིགས་ཀྱི་བུ་རྣམས་ཀུན༔ ཁྱེད་རྣམས་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་ཐམས་ཅད་ཁྱེད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་བརྗོད་དོ༔ དེ་ནས་དཀྱིལ་འཁོར་དང་ལྷའི་རྣམ་དག་བཤད་པ་གཞན་དུ་ཤེས་པར་བྱའོ༔ དེ་ཡན་ཆད་སྔོན་འགྲོ་རྣམ་པ་བཅུ་གཅིག་གོ༔

དེ་ནས་དབང་བསྐུར་བ་དངོས་ལ༔ ཀློང་གསལ་ལས༔ (༦༧)མཎྜལ་ཡོན་དབུལ་གསོལ་བ་གདབ༔ མེ་ཏོག་གང་ལ་ཕོག་པ་ཡི༔ རིགས་སྦྱོར་རིག་པའི་དབང་ལྔ་བསྐུར༔ ཞེས་པས༔ ལས་ཀྱི་སློབ་དཔོན་གྱིས༔ ཀྱེ་དབང་ཞུ་བ་ཐམས་ཅད་ཀྱིས་བླ་མ་ལ་ཡོན་ཕུལ་ཞེས་བརྗོད་དོ༔ དེ་ནས་བླ་མ་ལ་མཎྜལ་དང་དབང་ཡོན་དབུལ་ལོ༔

དེ་ནས་གསོལ་བ་གདབ་པ་ནི༔ ཀུན་བཟང་ཡབ་ཡུམ་ཡེ་ཤེས་དབང༔ བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཞེས་ཕྱག་དང་མཆོད་པ་ལྔ་འབུལ་ལོ༔ དེ་ནས་སློབ་མ་དཀྱིལ་འཁོར་གྱི་ཤར་སྒོར་སེང་གེའི་ཁྲི་བརྩིགས་པའམ༔ བྲིས་པའམ༔ སྒོམ་པ་ལ་བཞུགས་ལ༔ མེ་ཏོག་༼དོར་བའི་དུས་ཀྱི་༽གང་ལ་ཕོག་པའི་ལྷ་བསྒོམ་དུ་བཅུག་ལ༔ མེ་ཏོག་༼ཅོད་པན་དེ་༽དེ་མགོའམ་དཔུང་པ་གཡོན་དུ་བཏགས་ལ༔ མེ་ཏོག་གང་ལ་ཕོག་པ་འདི༔ སྔོན་གྱི་ཁྱོད་ཀྱི་ཡི་དམ་ལྷ༔ རྟག་ཏུ་བསྒོམས་ལ་བསྒྲུབ་པར་གྱིས༔ ཨ་བཛྲ་པུཥྤ་སི་ཏི་སྟྭཾ༔ འོ་ཁྱེད་ཀྱི་ཡི་དམ་ལྷ་འདི་ཡིན་པས་དུས་རྒྱུན་དུ་བསྒོམས་ལ་སྙིང་པོ་འདི་༼ལྷའི་བསྐྱེད་རྫོགས་དང་བཟླས་པའི་ལུང་འབོག་དམིགས་པ་འདི་རིགས་དང་བསྟུན་ལ་ཐམས་ཅད་ལ་འགྲེས་སོ་བགྲང༔ རྫོགས་པའི་རིམ་པ་འདི་ལྟར་རྒྱས་ཐོབ་ལ་སྒོམས་ཤིག༔ ཞལ་གཅིག་ཕྱག་གཉིས་རཏྣའི་གདན་ལ་བཞུགས་པའི་ལྷ༔༽ དེས་དངོས་གྲུབ་དང་འབྲས་བུ་འདི་ཐོབ་པོ་ཞེས་ལྷ་རིགས་༼ལྔའི་༽དང་བསྟུན་ལ་བཤད་དོ༔ དེས་དབང་ལ་སྔ་བ་ལྷ་དང་འབྲེལ་བའི་དབང་ངོ་༔ རྒྱ་རྒྱ་རྒྱ༔

དེ་ནས་རིགས་ལྔའི་དབང་བསྐུར་བ་ནི༔ ཀློང་གསལ་ལས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་དག་གི་དབང་བསྐུར་བྱ༔ ཞེས་པས༔ དང་པོ་སྐུའི་དབང་ནི༔ སློབ་མ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རཏྣས་བརྒྱན་པ་གཡས་རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་༼དཔོན་སློབ་གཉིས་ཀས་༽བསྒོམས་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་གཅིག་བསྒོམ༔ བདག་དང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་དབང་བསྐུར་བས་དྲི་མ་ཐམས་ཅད་དག་༼པར་སློབ་མས་བསྒོམས་༽ནས་བླ་མ་རྡོ་རྗེ་སེམས་དཔའ་དབྱེར་མེད་(༦༨)དུ་སློབ་བུའི་སྤྱི་གཙུག་ཏུ་བཞུགས་པར་བསམ་མོ༔ དབྱངས་དང་བཅས་པས༔ ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་པའི༔ ཉོན་མོངས་ཞེ་སྡང་སྦྱོང་བྱེད་ཅིང༔ མེ་ལོང་ལྟ་བུའི་ཡེ་ཤེས་༼བླ་མའི་མེ་ལོང་ལྟ་བུའི་ཡེ་ཤེས་སློབ་མའི་རྒྱུད་ལ་ཕོག་པར་བསམ་མོ་༽ཀྱི༔ དཔལ་ལྡན་སྐུ་ཡི་དབང་བསྐུར་རོ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁྲུས་བྱེད་དུ་བཅུག་ལ༔ འོ་རིགས་ཀྱི་བུ་ཁྱོད་ལ་ཆུ་འདི་གཏད་ཅིང་བཀྲུས་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་འདིར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ༔ ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་འདི་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ནས་ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་དག་སྟེ༔ ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ནས་སངས་རྒྱས་རྡོ་རྗེ་རིགས་སྐུ་འགྱུར་བ་མེད་པ་ཐོབ་སྟེ༔ འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ་ཞེས་བྱའོ༔

དེ་ནས་གསུང་གི་དབང་བསྐུར་བ་ནི༔ སློབ་མ་སྣང་བ་མཐའ་ཡས་དམར་པོ་ཕྱག་ན་པདྨ་བསྣམས་པ་ལ་སོགས་གོང་དང་འདྲ་བ་ལས༔ ཧཱུྃ་འདུ་ཤེས་ཕུང་པོ་རྣམ་དག་པའི༔ ཉོན་མོངས་འདོད་ཆགས་སྦྱོང་བྱེད་ཅིང༔ སོ་སོར་རྟོགས་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་གསུང་གི་དབང་བསྐུར་རོ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་རྡོ་རྗེ་ལག་ཏུ་གཏད་ལ༔ འོ་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་རྡོ་རྗེ་འདི་གཏད་པ་ཙམ་གྱིས༔ འདིར་ངག་གི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཉིད་དུ་སངས་རྒྱས་ཏེ་མེ་ཁམས་ཀྱང་གོས་དཀར་མོ་ཉིད་དུ་དག་ནས་འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་ཉིད་དུ་གྲོལ༔ སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ༔ ཞེས་བྱའོ༔

དེ་ནས་ཐུགས་ཀྱི་དབང་བསྐུར་བ་ནི་སློབ་མ་རྣམ་སྣང་མཐིང་ཁ་ཕྱག་ན་ཙཀྲ་འཛིན་པ་གོང་དུ་འདྲ་བ་ལས༔ ཧཱུྃ་རྣམ་ཤེས་ཕུང་པོ་གནས་དག་པའི༔ ཉོན་མོངས་གཏི་མུག་རྣམས་སྦྱོང་ཞིང༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི༔ དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ༔ བུདྡྷ་ཨ་བྷི་ཥིཉྩ་ཨཱཾ༔ མེ་ཏོག་གང་ལ་ཕོག་པ་ལ་གྲས་པའི་མིང་བཏགས་ཏེ༔ འོ་(༦༩)རིགས་ཀྱི་བུ་ཁྱོད་ལ་མིང་ཆེ་གེ་ཞེས་བཏགས་པ་ཙམ་གྱིས་འདིར་ཡིད་ཀྱི་སྒྲིབ་པ་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ༔ རྣམ་པར་ཤེས་པ་ཡང་རྣམ་པར་སྣང་མཛད་དུ་སངས་རྒྱས་ཏེ་ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་དག་ནས་གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ༔ སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ༔ ཞེས་བྱའོ༔

དེ་ནས་ཡོན་ཏན་གྱི་དབང་བསྐུར་བ་ནི༔ སློབ་མ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་ཕྱག་གཡས་ན་རིན་པོ་ཆེ་བསྣམས་པ་གོང་དང་འདྲ༔ ཧཱུྃ་ཚོར་བའི་ཕུང་པོ་རྣམ་དག་པའི༔ ཉོན་མོངས་ང་རྒྱལ་སྦྱོང་བྱེད་ཅིང༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ དཔལ་ལྡན་ཡོན་ཏན་དབང་བསྐུར་རོ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་དབུ་རྒྱན་བསྐོན་ལ༔ འོ་རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས༔ འདིར་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པ་ཡིན་ནོ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་སངས་རྒྱས་ཏེ་སའི་ཁམས་ཀྱང་སངས་རྒྱས་སྤྱན་དུ་དག་ནས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་ནས༔ འགྲོ་བའི་དོན་བྱེད་པར་འགྱུར་རོ་ཞེས་བྱའོ༔

དེ་ནས་ཕྲིན་ལས་ཀྱི་དབང་བསྐུར་བ་ནི༔ སློབ་མ་དོན་ཡོད་གྲུབ་པ་ཕྱག་གཡས་ན་རལ་གྲི་བསྣམས་པ་གོང་དང་འདྲའོ༔ ཧཱུྃ་འདུ་བྱེད་ཕུང་པོ་རྣམ་དག་པའི༔ ཉོན་མོངས་ཕྲག་དོག་སྦྱོང་བྱེད་ཅིང༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས༔ དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿཞེས་རལ་གྲིའམ༔ དྲིལ་བུ་གཏད་ལ༔ འོ་རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་སྒྲིབ་པ་མ་ལུས་པ་ཐམས་ཅད་དག་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ༔ འདུ་བྱེད་ཕུང་པོ་ཡང་དོན་ཡོད་གྲུབ་པར་སངས་རྒྱས་ཏེ༔ རླུང་གི་ཁམས་ཀྱང་དམ་ཚིག་སྒྲོལ་མར་དག་ནས་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་(༧༠)རྒྱས་དོན་ཡོད་གྲུབ་པའི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ༔ ཞེས་བྱའོ༔ དེ་ནི་རིགས་ཀྱི་བདག་པོའི་དབང་ངོ་༔

དེ་ནས་ཀུན་ཏུ་བཟང་པོའི་དབང་བསྐུར་ཏེ༔ སློབ་མ་ཀུན་ཏུ་བཟང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྒོམས་ཏེ༔ བླ་མའི་རྟོགས་པ་སློབ་མའི་རྒྱུད་ལ་འཕོས་པར་བསྒོམ་ནས༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་ལ༔ ཨ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་ཅིང༔ སྣང་སྟོང་དབྱེར་མེད་འདི་བཟུང་ལ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི༔ ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས༔ འགྲོ་ཀུན་རྗེས་སུ་གཟུང་བར་བགྱི༔ འོ་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་གཏད་པ་ཙམ་གྱིས་ཐམས་ཅད་མཁྱེན་པའི་ས་བོན་ཐེབས་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ༔ རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ༔ འདི་ལྟར་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ ཞེས་བྱའོ༔

དེ་ནས་དབང་བསྐུར་བ་ཕྱག་རྒྱའི་དབང་ནི༔ བུམ་པ་བཅུའི་བདུད་རྩི་གཙོ་བོའི་བུམ་པར་བསྡུས་ཀྱང་རུང༔ རེ་རེ་ནས་བསྐུར་ཀྱང་རུང་སྟེ༔ ལྷ་ཐམས་ཅད་བདུད་རྩིར་ཞུ་སྟེ་བུམ་པ་ཁེངས་པར་བསམས་ལ༔ སློབ་བུའི་སྤྱི་བོར་བཞག་སྟེ༔ བུམ་པའི་བདུད་རྩི་སློབ་བུའི་སྤྱི་བོ་ནས་མར་བབས་པས་ལུས་བདུད་རྩིས་གང་ལུས་འདི་རྒྱལ་བ་རིགས་རྣམ་པ་ལྔའི་ངོ་བོ༔ ནང་གི་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པར་དཔོན་སློབ་གཉིས་ཀས་བསྒོམས་ལ༔ ཡང་འོད་ཟེར་ཕྱིར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལྷའི་གཞལ་ཡས་ཁང༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་བསྒོམས་ལ༔ ཧཱུྃ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས༔ མཱ་མ་ཀཱི་ཡི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ གོས་དཀར་མོ་ཡི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྣམ་པར་སྣང་(༧༡)མཛད་བཅོམ་ལྡན་འདས༔ ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས༔ སངས་རྒྱས་སྤྱན་མའི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ དམ་ཚིག་སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་ཨཱཿཧཱུྃ་གུ་རུ་ཌཱཀྐི་ནི་སིདྡྷི་ཧཱུྃ༔ ཨ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧ་རི་ནི་ས་ཨ་བྷི་ཥིཉྩ་བྷྲཱྃཿསི་ཏི་ཕ་ལ་ཧཱུྃ་ཨཱཿའོ་རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་བུམ་པའི་དབང་བསྐུར་བ་ཙམ་གྱིས་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཡིན་པས༔ ཕྱི་ནང་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་འགྱུར་བས་དག་སྣང་དང་མོས་པ་གྱིས་ལ་མཆོད་པ་དང་བསྟོད་པ་ལ་དགའ་བར་གྱིས་ལ་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད་ལ་བུམ་ཆུ་ཁོང་དུ་བཏང༔ ཟག་མེད་ཀྱི་ཡེ་ཤེས་སྐྱེས་པར་བསམ༔ ལྷག་མས་ཁྲུས་བྱའོ༔

དེ་ནས་བརྡའི་དབང་བསྐུར་བ་ནི༔ རིགས་ལྔའི་སྐུ་བསྟན་ལ༔ འོ་རིགས་ཀྱི་བུ་ཁྱོད་ལ་རིགས་ལྔའི་སྐུ་འདི་བསྟན་པ་ཙམ་གྱིས་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་གྱིས༔ དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བྱུང་བ་འདི་ཡང༔ སངས་རྒྱས་ཐམས་ཅད་ཀྱི་སྐུའི་དགོངས་པ་འདུས་ཤིང་ཉོན་མོངས་པ་ཞེ་སྡང་མི་མངའ་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་འོད་དཀར་པོར་ཡོད་པའི་བརྡ་ཡིན་ནོ༔ སྣང་བ་མཐའ་ཡས་སྐུ་མདོག་དམར་པོར་བྱུང་བ་འདི་ཡང༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དགོངས་པ་འདུས་ཤིང་ཉོན་མོངས་པ་འདོད་ཆགས་མི་མངའ་ཞིང་སོ་སོར་རྟོགས་པའི་ཡེ་ཤེས་འོད་དམར་པོར་ཡོད་པའི་བརྡ་ཡིན་ནོ༔ རྣམ་པར་སྣང་མཛད་སྐུ་མདོག་མཐིང་ཁར་ཡོད་པ་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་འདུས་ཤིང༔ ཉོན་མོངས་པ་གཏི་མུག་མི་མངའ་ཞིང༔ ཆོས་དབྱིངས་ཡེ་ཤེས་འོད་མཐིང་ཁར་ཡོད་པའི་བརྡ་ཡིན་ནོ༔ རིན་ཆེན་འབྱུང་(༧༢)ལྡན་སྐུ་མདོག་སེར་པོར་ཡོད་པ་འདི་ཡང༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཀྱི་དགོངས་པ་འདུས་ཤིང༔ ཉོན་མོངས་པ་ང་རྒྱལ་མི་མངའ་ཞིང་མཉམ་ཉིད་ཡེ་ཤེས་འོད་སེར་པོར་ཡོད་པའི་བརྡ་ཡིན་ནོ༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་འདུག་པ་འདི་ཡང༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དགོངས་པ་འདུས་ཤིང༔ ཉོན་མོངས་པ་ཕྲག་དོག་མི་མངའ་ཞིང༔ བྱ་བ་གྲུབ་པའི་ཡེ་ཤེས་འོད་ལྗང་གུར་ཡོད་པའི་བརྡའོ༔ དེ་ཡང་སོ་སོའི་ཡོན་ཏན་དང་བཅས་པ་འདི་ཡང་འཁོར་བ་ཐམས་ཅད་ཟིལ་གྱིས་གནོན་ཅིང་སྐྱོན་གྱིས་མ་གོས་པའི་བརྡ་ཡིན་ནོ༔ ཞབས་ཐམས་ཅད་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ནི༔ བདུད་ཀྱི་དམག་ཐམས་ཅད་ཀྱིས་མི་གཡོ་ཞིང་ཡང་དག་པར་རྫོགས་པར་སངས་རྒྱས་པའི་བརྡ་ཡིན་ནོ༔ རཏྣའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་དགོས་འདོད་ཐམས་ཅད་རང་ལས་འབྱུང་ཞིང་སྐུ་གསུམ་འདུ་འབྲལ་མེད་པའི་བརྡའོ༔ སྤྱན་ཐུར་དུ་གཟིགས་ཤིང་ཞལ་འཛུམ་པ་དང་ལྡན་པ་ནི་འགྲོ་བ་ཐམས་ཅད་ལ་བུ་བཞིན་དུ་བརྩེ་ཞིང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་བརྡ་ཡིན་ནོ༔ དེ་ཡང་རྡོ་རྗེ་སེམས་དཔའི་ཕྱག་ཆ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དེ་ཡང་གསལ་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ༔ སྣང་བ་མཐའ་ཡས་ཀྱི་ཕྱག་ཆ་པདྨས་ཡུ་བ་བྱས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་དེ་ཡང་བདེ་སྟོང་གཉིས་སུ་མེད་པའི་བརྡའ་ཡིན་ནོ༔ རྣམ་པར་སྣང་མཛད་ཀྱི་ཕྱག་ཆ་འཁོར་ལོས་ཡུ་བ་བྱས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་འདི་ཡང་རིག་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ༔ རིན་ཆེན་འབྱུང་ལྡན་གྱི་ཕྱག་ཆ་རཏྣས་ཡུ་བ་བྱས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་འདི་ཡང་ཤར་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ༔ དོན་ཡོད་གྲུབ་པའི་ཕྱག་ཆ་རལ་གྲིས་ཡུ་བ་བྱས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་འདི་ཡང་སྣང་སྟོང་གཉིས་སུ་མེད་པའི་བརྡ་ཡིན་ནོ༔ རིགས་ལྔ་ཡབ་ཡུམ་རེ་རེར་སྣང་བ་འདི་ཡང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བརྡ་ཡིན་ནོ༔ ཞེས་པའམ༔ ཡང་ན་རིགས་ལྔ་སྤྱི་རྣམ་པ་ཆ་ལུགས་གོང་ལྟར་འདུག་པ་ལྟར་སྤྲོས་པ་ཡང་བཤད་དོ༔

དེ་ནས་དོན་གྱི་དབང་བསྐུར་བ་ནི༔ ཀློང་གསལ་ལས༔ དེ་ལྟར་(༧༣)བརྡ་ཡིས་ངོ་སྤྲད་ཡང༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་ལུས་སེམས་འདི་ལ་ཚང༔ ཞེས་པས༔ འདས་མ་འོངས་ད་ལྟར་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རྒྱལ་བ་རིགས་རྣམ་པ་ལྔ་ལ་མ་འདུས་པ་མེད་དེ༔ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་བ་ན་རག་དམྱལ་བ་ཡན་ཆོད་དུ་འཁོར་འདས་ཐམས་ཅད་རིགས་ལྔ་ལས་མ་གྱེས་ཤིང་མ་འདུས་པ་མེད་དེ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཡེ་ཤེས་རྣམ་པ་ལྔ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་ལུས་སེམས་འདི་ལ་ཚང་སྟེ༔ ལུས་འབྱུང་བ་ལྔ་ལས་གྲུབ་པ་འདི་རིགས་ལྔ་ཡབ་ཡུམ་ལྔ་དངོས་ཡིན་ཏེ་ཆུ་ལས་ཁྲག་བྱུང་བས་མཱ་མ་ཀཱི་ཡིན༔ ས་ལས་ཤ་བྱུང་བས་སངས་རྒྱས་སྤྱན་ཡིན༔ མེ་ལས་དྲོད་བྱུང་བས་གོས་དཀར་མོ་ཡིན༔ རླུང་ལས་དབུགས་བྱུང་བས་དམ་ཚིག་སྒྲོལ་མ༔ ནམ་མཁའ་ལས་སེམས་བྱུང་བས་དེ་ཀུན་ཏུ་བཟང་མོ་ཆོས་ཀྱི་སྐུ་ཡིན་ནོ༔ དེ་ནས་ལུས་གྲུབ་པ་འདི་ལས་ཕུང་པོ་ལྔ་བྱུང་སྟེ༔ གཟུགས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་ཡིན༔ ཞེ་སྡང་གསལ་ལ་རང་བཞིན་མེད་པ་མེ་ལོང་ཡེ་ཤེས་ཡིན་ཏེ་ལོགས་ན་མེད་དོ༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཡིན་ཏེ༔ འདོད་ཆགས་བདེ་ལ་སྟོང་པ༔ སོ་སོར་རྟོགས་པའི་ཡེ་ཤེས་ཡིན༔ རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་ཡིན༔ གཏི་མུག་མི་རྟོག་དྲི་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཡིན༔ ང་རྒྱལ་སྣང་ལ་སྟོང་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་ཡིན༔ ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ༔ རང་གི་ལུས་སེམས་འདི་ལས་ལོགས་ན་མེད་པས་བདག་གིས་ཁྱེད་རྣམས་ལ་ཡེ་གདོད་མ་ནས་ཡོད་པ་དེ་ངོ་སྤྲད་པ་ཡིན་པས་རིགས་ལྔའི་སངས་རྒྱས་དང༔ ཡེ་ཤེས་ལྔ་དང༔ སྐུ་གསུམ་དང༔ སྐུ་ལྔ་ལ་སོགས་པ་ཐམས་ཅད་ཕྱིར་མ་ཚོལ་ཅིག༔ ཅེས་དོན་ངོ་སྤྲད་དོ༔

དེ་ནས་དམ་ཚིག་གི་དབང་ནི༔ ལྕེ་ལ་བདུད་རྩི་བཞག༔ སྤྱི་བོར་རྡོ་རྗེ་བཞག་སྟེ༔ ཀྱེ་རིགས་ཀྱི་བུ་དག་ཉོན་ཅིག༔ ཐུན་མོང་སྐྱབས་འགྲོ་ནས་བརྩམས་པའི༔ སོ་ཐར་བྱང་སེམས་བསླབ་བྱ་དང༔ (༧༤)རིག་འཛིན་སྔགས་ཀྱི་དམ་ཚིག་ཀུན༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྲོག་གི་ཕྱིར་ཡང་མ་བཏང་ཞིག༔ དམ་ཚིག་ཉམས་ན་བསྐལ་པ་རུ༔ ངན་སོང་གསུམ་ལས་ཐར་མི་སྲིད༔ དེ་ཕྱིར་སྲུངས་ཤིག་རིགས་ཀྱི་བུ༔ འོ་ཁྱེད་ཀྱིས་གསང་སྔགས་ཀྱི་དབང་ཐོབ་པ་ཡིན་པས་དད་པ་བྱ་ཞིང་དམ་ཚིག་བསྲུང་དགོས་སོ༔ དམ་ཚིག་ས་མ་ཡ་འབུམ་སྡེ་བཤད་ཀྱང༔ ཀློང་གསལ་ལས༔ དམ་ཚིག་ཤིན་ཏུ་མང་བཤད་ཀྱང༔ མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང༔ ཞེས་པས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་མ་འདུས་པ་མེད་དེ་སྐུའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ༔ ཡི་དམ་མཁའ་འགྲོ༔ མཆེད་ལྕམ༔ སྤུན་དང༔ སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་རང་གི་ལུས་ལ་སོགས་པ་ལ༔ མ་གུས་པ་དང་འཐབ་པ་དང་རྩོད་པ་དང༔ བརྡེག་བཙོག་དང༔ བརྐུ་འཕྲོག་དང༔ ངན་སྨྲས་དང༔ དག་སྣང་ལོག་པ་དང༔ མི་དགེ་བ་སྡིག་པར་འགྱུར་བ་ཐམས་ཅད་མི་བྱ་བར་དམ་ཚིག་བསྲུང་ངོ་༔ ཕྱི་སྣོད་ནང་བཅུད་རང་ལུས་ཐམས་ཅད་ཡི་དམ་ལྷར་མ་གྱུར་པ་མེད་པས་ན༔ དམ་ཚིག་མི་བསྲུང་བ་ཐབས་མེད་དོ༔ སྐུའི་རིགས་སུ་གྱུར་པ་ཐམས་ཅད་ལ༔ ཕྱག་དང་མཆོད་པ་བསྟོད་པ་གུས་པའི་སྒོ་ནས་དག་སྣང་ཕྱོགས་མེད་དུ་བྱའོ༔ གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཅི་གསུངས་པ་ལས་མི་འདའ༔ སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་རབ་ཡན་ཆད་ལ་བརྙས་པ་མི་བྱ༔ དག་སྣང་མོས་གུས་བྱའོ༔ འབྱུང་བ་དང་འགྲོ་བའི་སྐད་དུ་གྱུར་པ་ཐམས་ཅད་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ༔ ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་མོས་པ་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་ཆད་ཀྱང་སྤངས་ལ་དགེ་བ་བྱང་ཆུབ་ཀྱི་སེམས་དུས་རྒྱུན་ཆད་མེད་པར་བསྒོམ༔ འགྲོ་བ་ཐམས་ཅད་ལ་ཅི་ཕན་འབའ་ཞིག་ཏུ་བྱའོ༔ ཡང་སྐུའི་དམ་ཚིག་ཏུ་ཡི་དམ་བསྐྱེད་རིམ་རྒྱུན་ཆད་མེད་པར་བསྒོམས༔ གསུང་གི་དམ་ཚིག་ཏུ་སྔགས་ཀྱི་བཟླས་བརྗོད་དང་མ་བྲལ་བར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་སེམས་རྫོགས་པའི་རིམ་པ་དང་མ་བྲལ་བར་བྱའོ༔

དེ་ལྟར་དམ་ཚིག་བསྲུང་བའི་ཡོན་ཏན་(༧༥)ནི་གནས་སྐབས་དང་མཐར་ཐུག་གཉིས་སུ་འབྱུང་སྟེ༔ སྐུའི་དམ་ཚིག་བསྲུང་བས་གནས་སྐབས་སུ་ལུས་ལ་ན་ཚ་ལ་སོགས་པ་འབྱུང་བའི་ནད་ཐམས་ཅད་མི་འབྱུང༔ ལུས་ཀྱིས་སེམས་ཅན་ལ་ཕན་ཐོགས༔ ལུས་དེ་མཐོང་བ་དང༔ ཐོས་པ་དང༔ རེག་པ་དང༔ དྲི་མའམ་རྫི་ཕྱོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱང་བདེ་སྐྱིད་འབྱུང་མཐོ་རིས་སུ་སྐྱེ༔ ལུས་དེ་མཛེས་ཤིང་ཡིད་དུ་འོང་བ་ཀུན་གྱིས་བཀུར་བར་འོང་ངོ་༔ མཐར་ཐུག་ཏུ་ལུས་ལ་རྡོ་རྗེ་སེམས་དཔའི་རྟེན་འབྱོན་པ་དང༔ དེ་བཞུགས་པའི་ས་ལ་ཡང་བྱིན་རླབས་འབྱུང་བ་དང༔ ཚེ་འཕོས་ནས་སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་འགྱེད་ནུས༔ སྤྲུལ་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་འོད་འདོམ་གང་བ་ལ་སོགས་པ་སངས་རྒྱས་ཀྱི་སྐུའི་ཡོན་ཏན་རྫོགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འབྱུང་ཞིང་སངས་རྒྱས་པར་འགྱུར་རོ༔ དམ་ཚིག་མ་ཐུབ་ན་གནས་སྐབས་སུ་ནད་མང་ཚེ་ཐུང་བཞིན་མི་སྡུག་ཐམས་ཅད་དགྲར་ལྡང༔ འགྲོ་བ་གང་གིས་མཐོང་བ་དང༔ ཐོས་པ་དང༔ རེག་པ་ཐམས་ཅད་ངན་སོང་དུ་སྐྱེ༔ མཐར་ཐུག་ན་རག་དམྱལ་བར་ལྷུང་ནས་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལུས་ཀྱིས་མྱོང་ཞིང་ཐོན་པའི་དུས་མེད་དོ༔ གསུང་གི་དམ་ཚིག་བསྲུང་ན༔ གནས་སྐབས་སུ་ངག་སྙན༔ ཐམས་ཅད་ཀྱིས་བདེན་པར་བརྩི༔ ལྷ་འདྲེ་མི་གསུམ་བཀའ་ཉན༔ སྙན་ངག་དང་བསྟན་བཅོས་ལ་སོགས་པ་བརྩམ་ནུས༔ རྒྱུད་དང་མན་ངག་ཐམས་ཅད་ཤེས༔ ཆོས་ཐམས་ཅད་རང་རྡོལ་དུ་འབྱུང༔ གསུང་དེ་འགྲོ་བ་གང་གིས་ཐོས་པ་ཐམས་ཅད་ནད་དང་གདོན་ཐམས་ཅད་ཞི༔ ཚེ་དང་བསོད་ནམས་ཐམས་ཅད་འཕེལ༔ ཐམས་ཅད་མཐོ་རིས་སུ་སྐྱེ༔ གང་ལ་གསུང་གི་བྱིན་རླབས་བྱས་པ་ཐམས་ཅད་བསམ་པ་འགྲུབ༔ གང་ལ་ཆོས་བཤད་པ་ཐམས་ཅད་སྐྱེ་བ་གཅིག་ལ་གྲོལ་ལོ༔ མཐར་ཐུག་གསུང་གི་སྤྲུལ་པ་འགྲོ་བ་རེ་རེའི་མདུན་དུ་འགྱེད་ནུས༔ དེས་གང་ལ་གང་འདུལ་དུ་ཆོས་གསུང་ནུས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་ནུས་པར་འགྱུར་རོ༔ གསུང་གི་དམ་(༧༦)ཚིག་ཉམས་ན་གནས་སྐབས་སུ་ལྕེ་འབབ༔ མི་ཁ་ལྡང༔ ཁ་ཡོགས་དང་ཁ་མཆུ་མང༔ ཐམས་ཅད་ཀྱིས་བདེན་པར་མི་བརྩི༔ ཉན་མཁན་མི་ཡོང༔ གཏམ་གྱི་ཉེས་པས་རང་གཞན་ཐམས་ཅད་ལ་གནོད༔ དེའི་གཏམ་སུས་ཐོས་པ་ཐམས་ཅད་བཀྲ་མི་ཤིས་ངན་སོང་དུ་སྐྱེའོ༔ མཐར་ཐུག་དེའི་ལྕེ་ལ་རྨོ་དོར་ལྔ་བརྒྱ་བཙུགས༔ ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་མྱོང་བར་འགྱུར་རོ༔ ཐོན་པའི་དུས་མི་འབྱུང་ངོ་༔ ཐུགས་ཀྱི་དམ་ཚིག་བསྲུང་ན་གནས་སྐབས་སུ་ཏིང་ངེ་འཛིན་བཟང་པོ་སྐྱེ༔ བསམ་པའི་དོན་ཐམས་ཅད་འགྲུབ༔ དགེ་བའི་བསམ་པ་ཐམས་ཅད་སྐྱེ་ཞིང་མི་དགེ་བའི་བསམ་པ་གཏན་ནས་མི་སྐྱེའོ༔ དེས་བཞུགས་པའི་གནས་དེར་སུ་བསྡད་ཀྱང་བསམ་གཏན་སྐྱེ༔ ཡུལ་ཕྱོགས་དེའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེའོ༔ ཐུགས་ཀྱིས་གང་དགོངས་པ་ཐམས་ཅད་ལ་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འབྱུང༔ དེས་གང་ལ་ཐུགས་གཏད་པའི་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་ཞི་བར་ནུས་སོ༔ དེ་དང་ཐུགས་འདྲེས་པ་ཐམས་ཅད་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སོ༔ མཐར་ཐུག་ཐུགས་ཀྱི་སྤྲུལ་པ་འགྲོ་བ་རེ་རེའི་མདུན་དུ་འགྱེད་ནུས་སོ༔ ཐུགས་ཀྱི་དམ་ཚིག་ཉམས་ན༔ གནས་སྐབས་སུ་ཡིད་ཀྱི་སྒྲིབ་པ་ཐམས་ཅད་སོགས༔ མི་དགེ་བའི་བསམ་པ་འབའ་ཞིག་ཏུ་སྐྱེའོ༔ དེས་གང་ལ་བསམ་པ་གཏད་པ་ཐམས་ཅད་བཀྲ་མི་ཤིས་ནད་གདོན་མང༔ དུས་རྒྱུན་དུ་སེམས་མི་བདེ༔ སྙིང་རླུང་དང་སྨྱོ་འབོག་ཡོང༔ ཏིང་ངེ་འཛིན་མི་སྐྱེ༔ དེ་དང་འབྲེལ་བ་ཐམས་ཅད་ངན་སོང་དུ་ལྟུང༔ མཐར་ཐུག་དེའི་ཡིད་ཀྱིས་ངན་སོང་གི་སྡུག་བསྔལ་མྱོང་ཞིང་ཐོན་པའི་དུས་མ་མཆིས་སོ༔ དེ་ལ་སོགས་པའི་སྐྱོན་ཡོན་ཐམས་ཅད་སྤྲོས་ཏེ་བཤད་པར་བྱའོ༔ དེ་ནས་གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོས༔ དབང་བརྟེན་པར་བྱེད་པ་ལ་དམ་ཚིག་བསྲུང་དགོས་པས་སྤྱིར་གསང་སྔགས་ནས་བཤད་པའི་དམ་ཚིག་ཐམས་ཅད་བསྲུང༔ ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་མི་བསྲུང་ཁ་ཐབས་མེད་དེ༔ ཐལ་འགྱུར་ལས༔ དབང་(༧༧)བརྟན་པ་ཡི་དམ་ཚིག་བཤད༔ དབྱེ་ན་བརྗོད་ཀྱིས་མི་ལང་ཡང༔ མདོར་བསྡུས་སྐུ་དང་གསུང་དང་ཐུགས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར༔ དམིགས་པ་བླ་མ་རྡོ་རྗེ་མཆེད༔ སྲུང་བ་ཡུལ་གྱི་རྣམ་པ་དབྱེ༔ སྡོམ་པ་འདུས་དང་དབང་དུ་འདུས༔ རྟོག་པ་བཞི་གནས་བཟུང་བའོ༔ ཞེས་པ་དང༔ རིན་ཆེན་སྤུངས་པའི་རྒྱུད་ལས༔ དེ་ཉིད་བརྟན་པའི་ཡན་ལག་ཏུ༔ དམ་ཚིག་རྣམ་གསུམ་བསྲུང་བར་བྱ༔ འདི་དག་སྔོན་དུ་སོང་ནས་ནི༔ ཐེག་མཆོག་རྒྱལ་བའི་ནང་དུ་འཇུག༔ ཅེས་སོ༔ དེས་དམ་ཚིག་གི་དབང་བསྟན་ནོ༔

ད་ནི་རྗེས་ལ་རྣམ་པ་གསུམ་ལས༔ དང་པོ་ཡོན་དབུལ་བ་དང༔ དགའ་སྟོན་བྱ་བ་ནི༔ རིག་པ་རང་ཤར་གྱི་རྒྱུད་ལས༔ དེ་ལྟར་མན་ངག་སློབ་དཔོན་ལ༔ རང་ལུས་དང་ནི་ཏིང་འཛིན་རྫས༔ ཤིན་ཏུ་དཀོན་པ་དག་གིས་བརྟེན༔ ཞེས་པ་དང༔ རིན་ཆེན་གསེར་ནི་རང་ལུས་ཙམ༔ བླ་མ་ལ་ཡང་ཡོན་དུ་དབུལ༔ ཞེས་པ་དང༔ མན་ངག་ལུང་གི་སློབ་དཔོན་ལ༔ ཁུ་བོ་ཕ་དང་མ་དང་མིག༔ བུ་དང་ཆུང་མ་ནོར་གྱི་མཆོག༔ སྒོ་གསུམ་ཟོལ་ཟོག་མེད་པ་ཡིས༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་སོ༔ དགའ་སྟོན་བྱ་བར་གསུངས་པ་ཡང༔ ཀློང་གསལ་ལས༔ དབང་བསྐུར་ཐོག་མ་ཐ་མ་རུ༔ དགའ་སྟོན་མ་བྱས་དངོས་གྲུབ་མེད༔ ཅེས་པ་དང༔ སྟོན་མོ་མེད་ན་དོན་མི་འགྲུབ༔ དགའ་སྟོན་ཆེན་པོ་མཆོད་པ་ཡིས༔ བླ་མ་དང་ནི་དེ་ཡི་འཁོར༔ དེ་བཞིན་རང་གི་རྡོ་རྗེ་སྤུན༔ གཅིག་དང་གཉིས་དང་གསུམ་དག་དང༔ བརྒྱ་སྟོང་གྲངས་མེད་དག་ལ་ནི༔ ཚོགས་ཀྱིས་དགའ་བ་སུས་བྱས་པ༔ སྟོན་མོ་ཡོན་དང་བཅས་པ་ཡིས༔ རྣལ་འབྱོར་པ་རྣམས་མགུ་བྱས་ན༔ ལེགས་པ་ཐམས་ཅད་འགྲུབ་པ་དང༔ ཉེས་པ་ཀུན་ལས་གྲོལ་བར་འགྱུར༔ ཞེས་སོ༔ དེ་ནས་བླ་མ་དང་མཆེད་གྲོགས་ཐམས་ཅད་ཡོན་དང་ཚོགས་མཆོད་ཐམས་ཅད་ཀྱིས་མཉེས་པར་བྱས་ནས་མཆོག་དང་ཐུན་མོང་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་བོ༔ ཚེ་གཅིག་གིས་སངས་རྒྱས་ཏེ་འགྲོ་བའི་དོན་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ༔ ཡོན་དང་དགའ་སྟོན་མ་བྱས་ན་སྐྱོན་ནི༔ ཀློང་གསལ་ལས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ (༧༨)ཆོས་སྐྱོང་རྡོ་རྗེ་སྤུན་ལ་སོགས༔ ཚོགས་མཆོད་ཡོན་གྱིས་མ་མཉེས་ན༔ ནད་མང་ཚེ་ཐུང་བར་ཆད་འབྱུང༔ ཐུན་མོང་དངོས་གྲུབ་མེད་པ་དང༔ མཆོག་ལས་རིང་དུ་སོང་བ་དང༔ ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད༔ ཅེས་སོ༔ དེ་ནས་བླ་མ་ལ་དབང་ཡོན་གྲུབ་ཚད་དབུལ༔ ཡི་དམ་ཌཱཀྐི་ཆོས་སྐྱོང་རྡོ་རྗེ་སྤུན་ཐམས་ཅད་ལ་ཚོགས་འཁོར་དང་མཆོད་པས་མཉེས་པར་བྱའོ༔ ཡོན་དབུལ་ལོ༔

དེ་ནས་བཀའ་བཞིན་བསྒྲུབ་པ་ནི༔ ཀློང་གསལ་ལས༔ བླ་མ་དང་ནི་དབང་ཆོག་གི༔ གསུང་དང་གཞུང་ལས་འགལ་བ་ན༔ ན་རཀ་སྡུག་བསྔལ་མྱོང་བར་འགྱུར༔ ཞེས་སོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་ཏུ་བཟང་པོ་དངོས་ཡིན་པས༔ དེའི་གསུང་ལས་འགལ་བ་དང༔ མི་ཉན་པ་དང་བརྙས་པར་མི་བྱའོ༔ ཅི་གསུང་གི་བཀའ་ཚུལ་བཞིན་དུ་བསྒྲུབ་བོ༔ དབང་ཆོག་ནས་བྱུང་བའི་དགག་བྱ་དང་བསྲུང་བྱ་ཐམས་ཅད་ལས་མི་འགལ་བར་བསྒྲུབ་བོ༔ དེ་ལྟར་བསྒྲུབ་པའི་ཡོན་ཏན་ནི༔ ཀློང་གསལ་ལས༔ བཀའ་དང་མ་འགལ་ཡོན་ཏན་ནི༔ ཆོས་སྐུ་ཀུན་ཏུ་བཟང་པོ་འགྲུབ༔ འཕྲིན་ལས་བཞི་ལ་ཐོགས་པ་མེད༔ ཅེས་སོ༔ བཀའ་བཞིན་བསྒྲུབ་པའོ༔ རྒྱ་རྒྱ་རྒྱ༔

ད་དབང་མ་ཐོབ་པའི་སྐྱོན་དང༔ ཐོབ་པའི་ཡོན་ཏན་ནི༔ སྙིང་གི་མེ་ལོང་གི་རྒྱུད་ལས༔ གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉེན་པ་ལག་སྐྱ་མེད་པ་བཞིན༔ ཕ་རོལ་སྒྲོལ་བར་ག་ལ་ནུས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་སྒྲུབ་འགྲུབ༔ ཅེས་པ་དང༔ ཀློང་གསལ་ལས༔ དཔེར་ན་ཞིང་ས་གཤིན་པོ་ཡོད་གྱུར་ཀྱང༔ སོ་ནམ་རིམ་པར་མ་བྱས་ན༔ འབྲས་བུ་སྨིན་པར་མི་འགྱུར་ལྟར༔ སེམས་ལ་ཆོས་ཉིད་གནས་གྱུར་ཀྱང༔ དབང་གིས་སྨིན་པར་མ་བྱས་ན༔ རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ༔ ཅེས་སོ༔ ཡང་དེ་ཉིད་ལས༔ དབང་ཐོབ་རིགས་ཀྱི་བུ་དེ་ཉིད༔ ཚེ་འདིར་བསམ་ཀུན་འགྲུབ་པ་དང༔ ཕྱི་མ་མངོན་པར་རྫོགས་སངས་རྒྱས༔ ཞེས་པ་དང༔ དབང་མེད་འཁོར་བའི་མཐའ་སྙོགས་ཏེ༔ འདི་ཕྱིར་བདེ་བ་ཐོབ་པ་མེད༔ ཅེས་སོ༔ དེས་དབང་ཐོབ་མ་ཐོབ་ཀྱི་སྐྱོན་ཡོན་བསྟན་པའོ༔ དེ་ལྟར་བླ་(༧༩)མ་མཚན་ཉིད་དང་ལྡན་པས་དབང་བསྐུར་བས་སྐལ་བ་དང་ལྡན་པའི་སློབ་བུ་ལ༔ སངས་རྒྱས་ཀྱི་འབྲས་བུ་ཐོགས་པ་མེད་པར་འབྱུང་ངོ་༔ དཔེར་ན་ཞིང་ས་གཤིན་པོ་ལ་ས་བོན་བཏབ་ནས་སོ་ནམ་ལེགས་པོར་བྱས་ན་འབྲས་བུ་སྨིན་པ་དང་འདྲ་བར་རང་རྒྱུད་རྣམ་པར་དག་པ་ལ་དབང་བསྐུར་ནས་དམ་ཚིག་མ་ཉམས་པར་བརྟེན་པས་སེམས་ཆོས་ཉིད་དུ་འབྲས་བུ་སྨིན་པའོ༔ དཔེར་ན་འབྲས་ནས་ལ་སོགས་པ་སྨིན་པ་དེ་བཞག་པས་ཆོག་པ་མ་ཡིན་ཏེ༔ རྩས་མ་རྔས་འབྲས་བུ་བསྡུས་ནས་རྔོ་བཏག་ལ་སོགས་པ་བྱས་ནས་བཟའ་རུ་རུང་བ་དང་འདྲ་བར་སེམས་ཀྱི་འབྲས་བུ་སྨིན་པ་དེ་ཡང་གྲོལ་བར་བྱེད་པ་ལ༔ བླ་མའི་གདམས་པ་ཕྱིན་ཅི་མ་ལོག་པ་བརྟེན་དགོས་སོ༔ འོ་ན་སྨིན་པ་གྲོལ་ཅི་དགོས་ཞེ་ན༔ འབྲས་བུ་སྨིན་པ་དེ་མ་བརྔས་པར་བཞག་ན་དོན་ནས་བྱེད་མི་ནུས་པ་བཞིན་དུ་དབང་བསྐུར་རྒྱུད་ཡོངས་སུ་སྨིན་ཡང༔ བླ་མའི་གདམས་ངག་གིས་གྲོལ་བར་མ་བྱས་ན་དོན་མེད་དོ༔ དཔེར་ན་དབང་བསྐུར་བས་རྒྱུད་སྨིན་པ་ནི༔ གསེར་དངུལ་བཏུལ་ཏེ་ལྗོང་བར་སོང་བ་དེ་ལ༔ ལྷ་སྐུ་དང་ཡི་གེ་ལ་སོགས་པ་ཅི་བྱས་ཀྱང་ཉན་ལ༔ མ་བཏུལ་བ་ལ་ཅི་ཡང་མི་བཏུབ་པ་དང་འདྲ་བར་སེམས་འདི་ཡང་བག་ཆགས་དང་སྡིག་སྒྲིབ་ཐམས་ཅད་དབང་གིས་དག་པར་བྱས་ནས་རྒྱུད་དག་ཅིང་སྨིན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང༔ སྡིག་སྒྲིབ་མ་དག་ཅིང་རྒྱུད་མ་སྨིན་ན་ངན་སོང་དུ་འགྲོ་བའོ༔ དེས་རྟེན་ཁྱད་པར་ཅན་དུ་བསྒྲུབ་པར་བྱ་བའི་ཕྱིར་དབང་གྲོགས་དམ་ཚིག་དང་བཅས་པ་བསྟན་པའོ༔ རིག་པ་རང་གྲོལ་གྱི་རྒྱུད་ལས༔ དབང་བསྐུར་དཀྱིལ་འཁོར་རྫོགས་ནས་ནི༔ གདམས་ངག་རྒྱས་པར་གདབ་པར་བྱ༔ ཞེས་པས་གདམས་ངག་ལོགས་སུ་ཤེས་སོ༔ གཏེར་མ་འདི་ལ་དབང་བསྐུར་བའི་ལུང་མེད་ཅེས་མ་འོངས་པའི་དུས་ན་བླུན་པོ་འགའ་ཞིག་སྨྲ་བས༔ བརྒྱུད་པ་ལྔའམ་དྲུག་གང་རུང་གཅིག་དང་མི་ལྡན་ན་དབང་བསྐུར་དུ་མི་བཏུབ་སྟེ༔ གང་ཟག་སྙན་ཁུང་གི་བརྒྱུད་པ༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ༔ སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་དྲུག་གམ༔ (༨༠)ལྔ་ལས་གཏེར་མ་འདི་ལ་བརྒྱུད་པ་དྲུག་ཀ་ཚང་སྟེ༔ གཏེར་ལུང་ཆེན་མོ་ལས༔ སྤྲུལ་སྐུས་ཆོས་རྣམས་གསུངས་པ་ཡང༔ སྒྲ་ཚིག་དོན་ལས་ལོགས་ན་མེད༔ གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཕྱིར༔ དེ་ཡི་བརྗོད་ཚིག་སྒྲ་ཡང་ཡིན༔ དེ་ཉིད་གོ་བ་དོན་ཡིན་ནོ༔ ཞེས་པས༔ སྤྲུལ་སྐུས་གསུངས་པའི་སྙན་བརྒྱུད་ཀྱང༔ བླ་མ་དེས་གསུང་དེས་ཉན༔ ཉན་པ་དེས་གོ༔ གོ་བ་དེས་ཉམས་སུ་ལེན་པ་ལས་མེད་གཏེར་མ་ལ་ཡང༔ གཏེར་དཔེ་བླ་མ༔ དེའི་ནང་ན་བཞུགས་པ་དེ་གསུང༔ དེ་བལྟས་པས་གོ༔ གོ་བ་དེ་ཉམས་སུ་བླངས་པས་བླ་མ་སངས་རྒྱས་དང་རང་སེམས་དབྱེར་མེད་དུ་གྱུར་ཙ་ན་སྙན་བརྒྱུད་དམ་པའོ༔ ཅི་ནས་ཀྱང་སེམས་ཅན་སྐྲོག་པ་ལྟར་བླ་མ་ཡིན་ཟེར་བ་གཅིག་གིས་ཀུས་གདབ་མི་དགོས༔ དེ་མིན་ཡང་གཏེར་ལུང་ལས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ བླ་མ་བྱ་བ་ཡོད་མིན་ཏེ༔ དབང་བསྐུར་ཆོས་བཤད་བྱེད་མཁན་མེད༔ རང་སེམས་ཆོས་སྐུར་ཤེས་ཙ་ན༔ དུས་གསུམ་རྒྱལ་བའི་དབང་ལུང་ཐོབ༔ བརྒྱུད་པར་འཛིན་པ་རྟོག་པ་ཡིན༔ ཞེས་སོ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ་རྒྱལ་བ་རིགས་ལྔས་རིམ་པ་བཞིན་དུ་སྣོད་ལྡན་ལ་དགོངས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ༔ བདག་འདྲ་པདྨས་ཀྱང་མ་འོངས་པ་ལ་དགོངས་ནས་ཟབ་གཏེར་དབང་བཀའ་དང་བཅས་པ་སྦས་ནས་དེ་སུས་ཐོན་པ་ལ་རྒྱལ་བ་དགོངས་པའི་དབང་བཀའ་ཡོད་པའོ༔ རྒྱལ་བའི་གཏེར་ལུང་ལས༔ རྒྱལ་བ་དགོངས་པ་གཉིས་ཀྱི་ཚུལ༔ དགོངས་པ་བསམ་པ་དབང་གི་མཆོག༔ ཅེས་སོ༔ རིག་འཛིན་བརྡའི་བརྒྱུད་པ་ཡང་ཚང་སྟེ༔ ཀུན་ཏུ་བཟང་པོ་ནས་རིགས་ལྔའི་སངས་རྒྱས་གཅིག་ནས་གཉིས་སུ་བརྒྱུད་པ་ཐམས་ཅད་དུ༔ ཕྱག་རྒྱའི་བརྡ་བསྟན་པ་ཙམ་གྱིས་དབང་དང་དངོས་གྲུབ་ཐོབ༔ བདག་འདྲ་པདྨ་ངས་ཀྱང་མ་འོངས་པའི་སྣོད་ལྡན་ལ་དབང་བསྐུར་བ་འདི་བཞིན་གྱིས་ཞེས་པའི་གཏེར་དཔེ་བཞག་པས་སློབ་བུས་དེ་ལྟར་དུ་བསྐུར་བས་བྱིན་རླབས་དང་དངོས་གྲུབ་ཐོབ་སྟེ་དབང་བཀའ་ཡོད་པ་ཡིན་ནོ༔ རིག་པ་བདུན་པའི་རྒྱུད་ལས༔ བརྡ་དང་བརྡ་མཚོན་གོ་བ་ནི༔ དབང་གི་ནང་ནས་དབང་བཀའོ༔ ཞེས་སོ༔ ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ་ཡང་(༨༡)ཚང་སྟེ༔ ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་རིག་པ་ལ་དབང་ཐོབ་སྟེ་བདག་འདྲ་པདྨས་ཀྱང་མ་འོངས་དོན་དུ་ཟབ་པའི་གཏེར་དུ་སྦས་པས་དེ་སུས་ཐོན་པ་ལ་བྱིན་རླབས་ཞུགས་ཏེ༔ རིག་པའི་རྩལ་དབང་ཐོབ་ནས་སློབ་མས་ཀྱང་བསྐུར་ནུས་པས་ན་བྱིན་རླབས་ཀྱི་བརྒྱུད་པའོ༔ གཏེར་ལུང་ལས༔ གང་གི་བྱིན་རླབས་ཞུགས་པ་དེ༔ དབང་གི་དམ་པ་མཆོག་ཏུ་དབང༔ ཞེས་སོ༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་ཚང་སྟེ་ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་སྣོད་ལྡན་དང་མ་འཕྲད་ཀྱི་བར་དུ་རྒྱས་བཏབ་ནས་ཌཱཀྐི་མ་ལ་གཏེར་གཏད་དེ་སྣོད་མིན་ལ་བསྲུང་ལ་སྣོད་ལྡན་ལ་གཏོད་ཅེས་པས་དེས་རྒྱལ་བའི་བཀའ་བཞིན་དུ་གཏད་པས་དབང་ཐོབ་ནས་ཡང་དག་པར་སངས་རྒྱས་པ་བཞིན་དུ་བདག་འདྲ་པདྨས་ཀྱང་མ་འོངས་དོན་དུ་གཏེར་དུ་སྦས་ནས་མཁའ་འགྲོ་མ་དང་འཇིག་རྟེན་གྱི་ལྷ་འདྲེ་ལ་གཏད་ནས་སྣོད་ལྡན་འདི་ལ་གཏེར་འདི་གཏོད༔ སྣོད་མིན་ལེན་ན་དབང་པོ་སྣུབས༔ ཞེས་གཏད་པས་གཏེར་སྲུང་རྣམས་ཀྱིས་ཀྱང་སྣོད་དང་ལྡན་པ་ལ་གཏད་པས་དབང་གི་ལུང་ཐོབ་པ་ཡིན་ཏེ་གཏེར་ལུང་གཏད་རྒྱ་ལས༔ གཏད་རྒྱ་གང་ལ་གཏད་པ་ནི༔ སངས་རྒྱས་ཀུན་གྱི་དབང་འཛིན་པ༔ ཞེས་སོ༔ སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ་ཆོས་ཐམས་ཅད་སྨོན་ལམ་གྱི་མཐའ་བསྒྱུར་བས་སྨོན་ལམ་ནི་སངས་རྒྱས་ཀྱི་བདེན་པའི་བཀའ་ཡིན་ཏེ༔ བཀའ་ནི་མི་བསླུ་དབང་གི་མཆོག༔ ཅེས་པས༔ བདག་འདྲ་པདྨས་ཀྱང་གཏེར་དུ་གཏམས་ཚད་ལ༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་པས་དེའི་མཐུས་ལས་ཅན་རེ་དང་འཕྲད་པར་ངེས་པ་ཡིན་ཏེ་སྐལ་མེད་ཀྱི་ལག་ཏུ་མི་འབྱུང་ངེས་སོ༔ དབང་ཐམས་ཅད་ཀྱི་དམ་པ་སྨོན་ལམ་ཡིན་ཏེ་དེས་ན་སྨོན་ལམ་དབང་གིས་བཀའ་མ་ཆད་པ་འདི་ཉིད་དོ༔ གཏེར་ལུང་ལས༔ སྨོན་ལམ་དབང་ནི་དབང་བསྐུར་མཆོག༔ ཅེས་སོ༔ བརྒྱུད་པ་མེད་ཅིང་དབང་བཀའ་མེད་ཟེར་བའི་ཐེ་ཚོམ་བསལ་ལོ༔ མཁའ་འགྲོ་སྙིང་ཐིག་གི་ཕྱི་དབང་སློབ་བུ་ཐུན་མོང་དུ་སྨིན་པར་བྱེད་པ་དོན་གསལ་སྒྲོན་མེ་ཞེས་བྱ་བ་ཀློང་གསལ་ནས་བཏུས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་(༨༢)པར་ཤོག༔ ལྡང་ལྷས་བཀའ་འདི་སྲུང་ལ་བྱ་ར་གྱིས༔ སྣོད་དང་ལྡན་པ་དེ་ལ་གཏོད་ཅིག་ས་མ་ཡཱ༔ ཁ་ཐམ༔ ཐ།ཐསིུསུམཱིཝྱིཐུཀ༔ དགེའོ༔

དབང་ཁྲིད་ནོར་བུ་སྒྲོན་གསལ།

༄༅༔ དབང་ཁྲིད་ནོར་བུ་སྒྲོན་གསལ་བཞུགས་པ་ལགས་སོ༔

༄༅༔ གསང་དབང་བཞུགས་སོ༔ ཨམྱམ།ཏྲ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ རིགས་ལྡན་སྐྱེས་བུ་དག་ལ་ནི༔ མཁའ་འགྲོ་སྙིང་ཐིག་ཏི་ཀ་ཡི༔ དབང་བསྐུར་ལམ་དུ་འཇུག་པ་ནི༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ སྐལ་ལྡན་སྨིན་བྱེད་དབང་བསྐུར་བ༔ སྤྲོས་བཅས་དང་ནི་སྤྲོས་མེད་དང༔ ཤིན་ཏུ་ཡོངས་སུ་སྤྲོས་མེད་ཀྱི༔ སྐལ་བ་ལྡན་པ་སྨིན་པར་བྱ༔ ཞེས་པས༔ བུམ་དབང་བསྐུར་ཐབས་ལོགས་ན་ཡོད༔ འདིར་ནི་མཆོག་ཅན་འཇུག་པའི་ཕྱིར༔ གསང་དབང་མན་ཆད་བསྐུར་བའི་ཐབས༔ ཨོ་རྒྱན་པདྨ་བདག་གིས་བསྟན༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དཀྱིལ་འཁོར་སྟེགས་བུ་མཐར་རྫོགས་ནས༔ ཆོ་གའི་རིམ་པ་མ་ནོར་བར༔ བུམ་པའི་དབང་ཉིད་ཚར་རྗེས་སུ༔ དཀྱིལ་འཁོར་དེ་ཡི་ལྷོ་ཕྱོགས་སུ༔ དུས་ནི་སྲོད་ཀྱི་དུས་དག་ཏུ༔ བདུད་རྩི་རྣམ་པ་ལྔ་བཤམས་ལ༔ ངག་སྒྲིབ་དག་དང་ནུས་ལྡན་ཕྱིར༔ གསང་བའི་དབང་ནི་བསྐུར་བྱས་ཏེ༔ བླ་མ་མཚན་ཉིད་ལྡན་པ་ལ༔ སློབ་མ་མཚན་ཉིད་ལྡན་པ་ཡིས༔ ཕྱག་དང་གསེར་གྱི་མཎྜལ་དབུལ༔ གསང་བའི་དབང་གི་ཕྱག་རྒྱ་མོ༔ མཚན་དང་ལྡན་པའི་རིག་མ་ལ༔ ཁྲུས་བྱས་སྤོས་བལྟམས་རྒྱན་གྱིས་གདགས༔ བླ་མ་དག་ལ་དབུལ་བ་ནི༔ ཨེ་མ་ཧོ༔ ཁྱོད་ནི་བདེ་བ་ཆེ༔ བདེ་ཆེན་པདྨ་ཧེ་རུ་ཀ༔ བདེ་གཤེགས་རྣམས་ཀྱི་བདེ་ཆེན་ཡབ༔ བདེ་བའི་དབང་ཕྱུག་བདེ་རྩོལ་མཛད༔ བྱང་ཆུབ་སེམས་ཅན་ཡང་དག་དོན༔ རྣམ་དག་མཆོག་ནི་ཡང་དག་པའི༔ དྲི་མེད་བདུད་རྩི་དམ་པ་ཡིས༔ བླ་མེད་མཆོག་གི་དབང་བསྐུར་ལྟར༔ དེ་བཞིན་རིགས་ཀྱི་བུ་དག་ལ༔ འཁོར་བའི་སྡུག་བསྔལ་ཀུན་བསལ་མཛོད༔ དྲི་མེད་བདེ་ཆེན་བདུད་རྩི་ཡིས༔ མ་རིག་ཉེས་པའི་དྲི་མ་འཇོམས༔ བླ་མེད་བྱང་ཆུབ་བདེ་ཆེན་ཉིད༔ དུས་འདིར་བདག་གིས་ཐོབ་མཛོད་ཅིག༔ ཅེས་བརྗོད་བླ་མ་དག་ལ་དབུལ༔ དེ་ལྟར་གསོལ་བ་བཏབ་རྗེས་ལ༔ བླ་མས་མངོན་པར་རྟོགས་པ་བསྒོམ༔ གསོལ་(༨༣)བ་བཏབ་ཅིང་མཆོད་བསྟོད་བྱ༔ དེ་ནས་སློབ་མ་དག་ལ་ནི༔ དར་རམ་རས་ཀྱིས་གདོང་པ་བཅིངས༔ ལག་ཏུ་མེ་ཏོག་ཐོགས་ནས་ནི༔ སྐོར་བ་དང་ནི་ཕྱག་གསུམ་བྱ༔ བླ་མ་ཡབ་ཡུམ་གཉིས་ལ་དབུལ༔ དེ་ནས་བླ་མས་སློབ་མ་ལ༔ ཡེ་ཤེས་དག་ནི་དབབ་བྱ་སྟེ༔ བླ་མའི་མདུན་དུ་སློབ་མ་ནི༔ ལངས་ཏེ་རྐང་པའི་ལོང་བུ་གཤིབས༔ གུས་པས་ཐལ་མོ་སྙིང་ཁར་སྦྱར༔ དེ་ནས་བླ་མས་ཏིང་འཛིན་བརླབ༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ རང་ཉིད་སངས་རྒྱས་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་གསལ་བར་བསྒོམ༔ དེ་ལྟར་གསལ་བའི་ལྟེ་བ་རུ༔ ཆོས་འབྱུང་དམར་པོ་སུམ་བརྩེགས་བསྒོམ༔ དེ་ཡི་ལྟེ་བར་ཕག་མོ་ནི༔ ཤིན་ཏུ་ཆུང་ལ་གསལ་བར་བསྒོམ༔ དེ་ལྟར་དམིགས་པ་དྲག་ཏུ་གཏད༔ གསོལ་གདབ་བྱིན་དབབ་རོལ་མོ་དཀྲོལ༔ འཕར་འཁྲབ་བདེ་གསལ་ཉམས་མྱོང་སྐྱེས༔ བདེ་སྟོང་དབྱེར་མེད་ངང་དེ་ལ༔ མ་ཡེངས་པ་རུ་སྒོམ་དུ་གཞུག༔ དེ་ནས་གདོང་གཡོགས་བཀྲོལ་བྱས་ལ༔ བུམ་དབང་དུས་སུ་བསྟན་པ་ནི༔ རྡུལ་ཚོན་དག་གི་དལ་ཡིན་ཏེ༔ དེ་ནི་དཔེ་ཡི་མཚོན་བྱ་སྟེ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན༔ ཡེ་ནས་རང་ལུས་དཀྱིལ་འཁོར་དུ༔ གནས་པ་ངོ་ཡང་སྤྲད་པར་བྱ༔ འཁོར་ལོ་ལྔ་རུ་རིགས་ལྔ་ཡི༔ སངས་རྒྱས་ཡབ་ཡུམ་ལྔ་གནས་པ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ལྷ་ཡི་དཀྱིལ་འཁོར་ངོ་ཡང་སྤྲད༔ སློབ་མ་མེ་ཏོག་ཕོག་པ་ཡི༔ ལྷ་ཡི་མིང་ནི་འདི་ཡིན་ཞེས༔ སློབ་དཔོན་ཉིད་ཀྱིས་བསྟན་པར་བྱ༔ དེ་ནས་བླ་མའི་མདུན་དག་ཏུ༔ དར་གྱི་ཡོལ་བ་བྲེས་པའི་ནང༔ ཡུམ་ནི་ཕག་མོ་དངོས་སུ་བསྐྱེད༔ ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ༔ ཡི་གེ་པཾ་ལས་ཡུམ་གྱི་མཁའ༔ པདྨ་འདབ་མ་བརྒྱད་དུ་བསམ༔ བདེ་གཤེགས་བཞུགས་གནས་ངོ་བོར་བསྐྱེད༔ ཡི་གེ་ཧཱུྃ་ལས་ཡབ་ཀྱི་གསང༔ རྡོ་རྗེ་རྩེ་ལྔ་དག་ཏུ་བསྐྱེད༔ དེ་ཡང་བུདྡྷའི་ངོ་བོར་བསྐྱེད༔ ཐབས་ཤེས་ཡབ་ཡུམ་སྙོམས་འཇུག་བྱ༔ དེ་ནས་ཁམས་དང་སྐྱེ་མཆེད་ལྷ༔ སྦྱོར་བས་བསྐུལ་ཏེ་མཉེས་བྱས་ནས༔ ཁམས་ཀྱི་དྭངས་མའི་ཐིག་ལེ་ནི༔ ཡུམ་གྱི་བྷ་གར་ཕབ་བྱས་ཏེ༔ མེ་ལོང་དག་གིས་བླངས་ནས་སུ༔ མངར་གསུམ་རྩ་ལྡན་སྦྱར་བ་ནི༔ རང་ཉིད་ཏིང་(༨༤)འཛིན་ལྡན་པས་སུ༔ སློབ་མའི་ལྕེ་ཐོག་བཞག་བྱས་ནས༔ རྡོ་རྗེའི་ཚིག་འདིས་དབང་བསྐུར་བྱ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ དུས་གསུམ་རྒྱལ་བ་ཀུན་གྱིས་ནི༔ བྱང་ཆུབ་སྲས་པོ་དམ་པ་ལ༔ ཇི་ལྟར་དབང་བསྐུར་བྱས་པ་ལྟར༔ དེ་བཞིན་གསང་བའི་བྱང་སེམས་ཀྱིས༔ ད་ལྟ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་གུ་རུ་ཌཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བྷོ་དྷི་ཙིཏྟ་ཨ་མྲ྇་ཏ་པཉྩ་ཧཱུྃ༔ ཞེས་རྡོ་རྗེའི་གསུང་དེ་ལན་གསུམ་བརྗོད་དོ༔ དེ་རྟིང་དབུ་མ་གསལ་ཡང་གདབ༔ དབུ་མ་གསང་བའི་ནང་ན་མར༔ སོང་བས་བདེ་བ་རྒྱས་པར་བསྒོམ༔ དེ་ཉིད་ལྟོས་དང་ངོས་བཟུང་བྲལ༔ བདེ་དང་སྟོང་པ་དབྱེར་མེད་དེ༔ སྐལ་ལྡན་ཁྱོད་ཀྱིས་སྒོམས་ཤིག་བྱ༔ དེ་རྗེས་དམ་ཚིག་འབོག་པ་ནི༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི༔ གསང་བའི་དམ་ཚིག་ཆེན་པོ་ནི༔ ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ༔ དམར་ཆེན་ག་བུར་ཙནྡན་སྦྱར༔ རྡོ་རྗེའི་ཆུ་ནི་ཀུན་ཏུ་བསྲེ༔ དུས་གསུམ་རྒྱལ་བ་ཀུན་མཐུན་མཚུངས༔ འདི་དང་འདོད་པའི་ཡོན་ཏན་ལྔ༔ རྒྱུན་དུ་ཡང་དང་ཡང་དུ་བརྟེན༔ འདི་ནི་དམ་ཚིག་བླ་ན་མེད༔ (༨༤)མ་ཉམས་སྐལ་ལྡན་ཁྱོད་ཀྱིས་སྲུངས༔ རྡོ་རྗེའི་དམ་ཚིག་དེ་དབོག་བྱ༔ དེས་ནི་ངག་གི་སྒྲིབ་པ་དག༔ ངག་ཉིད་ནུས་པ་དང་ལྡན་འགྱུར༔ བརྟེན་བྱ་ཤ་ལྔ་བདུད་རྩི་ལྔ༔ རྫོགས་རིམ་བསྒོམ་པར་རྗེས་སུ་གནང༔ སྐལ་བ་ས་དགུ་དག་དང་མཉམ༔ ཕྲིན་ལས་དབང་གི་ལས་རྣམས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ སྐལ་ལྡན་སྨིན་བྱེད་གསང་བའི་དབང༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔

ཤེས་རབ་ཡེ་ཤེས་ཀྱི་དབང་།

༄༅༔ ཤེས་རབ་ཡེ་ཤེས་ཀྱི་དབང་བཞུགས་སོ༔

༄༅༔ ན།ཐཱདྱ།༔ དེ་ནས་ལས་ལྡན་བུ་ཉིད་ལ༔ ཤེས་རབ་ཡེ་ཤེས་དབང་བསྐུར་བ༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ ཡིད་སྒྲིབ་དག་དང་ནུས་ལྡན་ཕྱིར༔ དཀྱིལ་འཁོར་དེ་ཡི་ནུབ་ཕྱོགས་སུ༔ དུས་ནི་གུང་གི་དུས་དག་ཏུ༔ གསུམ་པའི་ཕྱག་རྒྱ་མཚན་ལྡན་མ༔ ཁྲུས་བྱས་རྒྱན་གྱིས་སྤྲས་ལ་བཞག༔ ཅེས་པས༔ རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱིས༔ ཤེས་རབ་ཡེ་ཤེས་དབང་བསྐུར་ཏེ༔ སློབ་མས་གསེར་གྱི་མཎྜལ་དབུལ༔ གུས་པས་ཕྱག་འཚལ་གསོལ་བ་གདབ༔ ཀྱེ་ཀྱེ་བཅོམ་(༨༥)ལྡན་བདེ་ཆེན་ཆོས་ཀྱི་དབྱིངས༔ རྣལ་འབྱོར་རྡོ་རྗེ་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་ནི་བྱུང༔ བདག་ཉིད་ཆེན་པོ་ཀུན་བདག་ཉིད༔ མངའ་བདག་ལ་ནི་དེ་ཉིད་སྩོལ༔ ཉོན་མོངས་འཁོར་བའི་འདམ་དུ་ནི༔ བྱིང་བའི་སྐྱབས་མེད་བུ་ལ་སྐྱོབས༔ ཞེས་ནི་གསོལ་བ་གདབ་པར་བྱ༔ དེ་ནས་དམ་ཚིག་སྦྱིན་པ་ནི༔ ཀྱེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི༔ དམ་ཚིག་བསྲུང་བྱ་སེམས་ལ་ཆོངས༔ བུད་མེད་མི་སྤངས་དང་དུ་བླང༔ ཚངས་སྤྱོད་དོན་ལ་གནས་པར་བྱ༔ ཡོན་ཏན་ཐམས་ཅད་འདི་ལས་འབྱུང༔ འདི་སྤངས་བདེ་བ་དངོས་གྲུབ་མེད༔ ཉམས་པ་མཁའ་འགྲོའི་ཆད་པ་ཡིས༔ ཚེ་འཕོས་དམྱལ་བ་དག་ཏུ་ལྟུང༔ ཞེས་ནི་ལན་གསུམ་བརྗོད་པ་ཡིན༔ དེ་ནས་སློབ་མས་འདི་སྐད་བརྗོད༔ ཤིའམ་སྲོག་ལ་བབ་གྱུར་ཀྱང༔ བྱ་དགའ་ཆེན་པོ་ཉིད་བྱུང་ཡང༔ དམ་ཚིག་བཀའ་ལས་འདའ་མི་བྱེད༔ ན་ར་ཀན་ཞེས་ཁས་བླངས་བསྲུང༔ མོས་པས་ཕྱག་དང་བསྐོར་བ་བྱ༔ དེ་ནས་བླ་མ་ཡི་དམ་བསྒོམ༔ སློབ་མ་དག་ལ་གདོང་གཡོགས་བཅིངས༔ དེ་ནས་ཡེ་ཤེས་དབབ་པར་བྱ༔ སྔར་བཞིན་ལངས་ཏེ་ཕག་མོ་བསྒོམ༔ བླ་མས་ཕག་མོར་གསལ་བ་ཡི༔ ཐུགས་ལས་ཕག་མོ་སྤྲོས་བྱས་ལ༔ སློབ་མའི་སྙིང་གི་དཀྱིལ་དུ་བསྟིམ༔ ཚིག་ཏུ་འདི་སྐད་བརྗོད་པར་བྱ༔ རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ༔ ཉུང་འབྲུ་ཙམ་དུ་གསལ་བ་ལ༔ བདེ་བས་མི་བཟོད་གར་བྱེད་པ༔ བ་སྤུའི་བུ་ག་ཀུན་ཏུ་གང༔ ཡང་ཡང་སྒོམས་ཤིག་རིགས་ཀྱི་བུ༔ ཞེས་བརྗོད་གདོང་གཡོགས་བཀྲོལ་བྱས་ལ༔ ཡུམ་ལ་བསྐོར་ཕྱག་མེ་ཏོག་དབུལ༔ ཡུམ་མཁའ་རྒྱལ་བ་ཐམས་ཅད་ཀྱི༔ གསང་བ་ཟབ་མོའི་དོན་ཡིན་པར༔ ལུང་དང་མཐུན་པར་ངོ་ཡང་སྤྲད༔ གུས་པས་ཕྱག་འཚལ་མེ་ཏོག་གཏོར༔ དེ་ནས་ཡུམ་གྱིས་འདི་སྐད་བརྗོད༔ ཧཱུྃ་ང་ཡི་བྷ་ག་གསང་ཆེན་འདི༔ གང་ཞིག་མོས་པས་སུས་བརྟེན་པ༔ ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང༔ བདེ་སྟོང་མཆོག་གི་དངོས་གྲུབ་ཐོབ༔ ཨོཾ་གུ་རུ་ཌཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨནྫ་ལི་ཧོ༔ ཞེས་ནི་ཡུམ་གྱིས་བརྗོད་པར་བྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཕྱག་རྒྱའི་སྲིན་ལག་གཡོན་བཟུང་ནས༔ ལས་ལྡན་(༨༦)བུ་ལ་འདི་སྐད་གཏད༔ ཧཱུྃ་ཡེ་ཤེས་ལྷ་མོ་བདེ་བའི་སྐུ༔ ཀུན་ཏུ་བདེ་བ་གནས་སྦྱིན་མ༔ དགའ་བ་གཟུགས་མཛེས་ཡིད་འོང་མ༔ འདི་ཁྱེར་དཔའ་བོ་སེམས་དཔའ་ཆེ༔ རྟག་ཏུ་གུས་པས་མཆོད་པར་གྱིས༔ ཨོཾ་མཧཱ་སུ་ཀ་ཧོ༔ ཞེས་བརྗོད་བླ་མས་ལག་ཏུ་གཏད༔ དེ་ནས་རྡོ་རྗེའི་ཚིག་འདི་བརྗོད༔ ཀྱེ་མ་ལས་ལྡན་རིགས་ཀྱི་བུ༔ ཁྱོད་ཉིད་པདྨ་ཧེ་རུ་ཀ༔ རྟ་མགྲིན་དབང་གི་སྐུ་རུ་སྒོམས༔ ཡུམ་ནི་རྡོ་རྗེ་ཕག་མོར་སྒོམས༔ གཉིས་ཀའི་ཕུང་ཁམས་སྐྱེ་མཆེད་རྣམས༔ དཔའ་བོ་མཁའ་འགྲོར་གསལ་བཏབ་ནས༔ བདག་དང་ཡུམ་གྱི་མཁའ་གསང་ནི༔ རྡོ་རྗེ་པདྨར་བྱིན་གྱིས་རློབས༔ ཡུམ་གྱི་པདྨར་རྡོ་རྗེ་དལ་གྱིས་བཅིང༔ འོ་བྱ་ལུས་སེམས་བདེ་བ་བསྐྱེད༔ བདེ་ལ་སེམས་བཟུང་དལ་བུས་བསྲུབ༔ བྱང་སེམས་འཆོར་བ་སྙོམ་བྱེད་ན༔ མི་རྟོག་སྟོང་པའི་རྒྱ་ཡིས་གདབ༔ སྟོང་པར་ཡལ་དུས་བསྲུབ་པ་ཡིས༔ ཡང་ཡང་བདེ་བ་སྤར་བར་བྱ༔ བདེ་སྟོང་གཉིས་མེད་དོན་དེ་ལ༔ དེར་འཛིན་མ་བྱེད་ངོ་ལ་ལྟོས༔ གཉིས་ཤོར་གཉིས་མཉམ་དུས་འདི་རུ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར༔ དེ་ནི་ངོ་ཡིས་ཟིན་པར་གྱིས༔ ཞེས་ནི་མན་ངག་ཉམས་ཀྱིས་བཤད༔ ལས་ཅན་རིགས་ཀྱི་བུ་དེས་ཀྱང༔ བླ་མའི་དྲུང་ངམ་གཞན་དག་ཏུ༔ ངོས་མ་ཟིན་གྱི་བར་དུ་གདབ༔ མ་ཟིན་བར་དུ་ངོ་སྤྲོད་བསྐྱར༔ དེས་ནི་དག་བྱ་གང་དག་ན༔ ཉོན་མོངས་ཡིད་ཀྱི་སྒྲིབ་པ་དག༔ ཡིད་ནི་མཐུ་དང་ལྡན་པར་འགྱུར༔ རྗེས་སུ་མཆོག་ཅན་ལས་ཀྱི་ནི༔ ཕྱག་རྒྱ་བརྟེན་དུ་རུང་བར་གནང༔ སྐལ་བ་ས་བཅུ་དག་དང་མཉམ༔ འབྲས་བུ་སྐྱེ་མེད་ཆོས་སྐུ་འཐོབ༔ གསང་བ་ཤེས་རབ་ཡེ་ཤེས་དབང༔ ཀུན་གྱི་ཐུན་མོང་མ་ཡིན་པས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

ཚིག་དབང་རིན་པོ་ཆེ།

༄༅༔ ཚིག་དབང་རིན་པོ་ཆེ་བཞུགས་པ་ལགས་སོ༔

༄༅༔ དེ་ནས་མཚན་ལྡན་བུ་ཉིད་ལ༔ བཞི་པའི་དབང་གི་བསྐུར་ཐབས་ནི༔ དེ་ཡང་ཀློང་གསལ་རྒྱུད་དག་ལས༔ ལུས་ངག་ཡིད་གསུམ་འཛིན་སྒྲིབ་དག༔ གསུམ་པའི་ནུས་པ་ཚད་ཕྱིན་ཕྱིར༔ དཀྱིལ་འཁོར་མཎྜལ་བྱང་ཕྱོགས་སུ༔ ཐོ་རངས་ཉི་མ་རྩེ་ཤར་དུས༔ ལས་དང་ལྡན་པའི་བུ་ལ་(༨༧)བསྐུར༔ ཞེས་པས༔ ཐོ་རངས་རྩེ་ཤར་དུས་སུ་ནི༔ སློབ་དཔོན་ཡབ་ཡུམ་ཀུན་ལངས་ཏེ༔ ཁྲུས་བྱས་རྒྱན་བཏགས་སྤྲོ་བ་བསྐྱེད༔ གསེར་གྱི་མཎྜལ་མེ་ཏོག་དབུལ༔ དལ་གྱི་བྱང་དུ་འདུག་ནས་ནི༔ ཐལ་སྦྱར་ཕྱག་བྱ་གསོལ་བ་གདབ༔ ཀྱེ་ཀྱེ་དུས་གསུམ་བླ་མ་རྗེ༔ ཡང་དག་ཡེ་ཤེས་ངོ་བོ་ཉིད༔ རིག་པའི་ངོ་བོ་ཡེ་ཤེས་ལ༔ བདག་ཉིད་ངེས་པའི་ཤེས་པ་སྐྱེད༔ གཉིས་མེད་ཡེ་ཤེས་མཆོག་འདི་ཉིད༔ འགྲོ་གཞན་དག་ལ་ཡོད་མ་ཡིན༔ དམ་ཆོས་བདུད་རྩི་མཆོག་འདི་ཉིད༔ འཐུང་ཕྱིར་བདག་ཉིད་བླ་མ་ལ༔ གུས་པའི་ཡིད་ཀྱིས་གསོལ་བ་འདེབས༔ གལ་ཏེ་དོན་དམ་བདག་གིས་འཚལ༔ རྣམ་པ་ཀུན་ཏུ་མཆོག་གྱུར་པའི༔ བཞི་པའི་དབང་བསྐུར་བདག་ལ་སྩོལ༔ དཔལ་ལྡན་བླ་མས་བཀའ་དྲིན་སྩོལ༔ ཅེས་པས་གསོལ་བ་གདབ་པར་བྱའོ༔ དེ་ནས་མཎྜལ་ཆང་གིས་བརླན༔ ཡི་དམ་བསྒོམས་ལ་མེ་ཏོག་དགོད༔ ཚོམ་བུ་དཔའ་བོ་ཡབ་ཡུམ་བསྐྱེད༔ བྱིན་རླབས་ཡེ་ཤེས་དགུག་གཞུག་བྱ༔ ཐོད་པ་བདུད་རྩི་ཆང་གིས་དགང༔ མཉྫིའམ་ཁྲིའུའི་སྟེང་དུ་བཞག༔ མེ་ལོང་ཆང་གིས་བྱུགས་པ་ཡི༔ སྟེང་དུ་སིནྡྷུ་ར་བཙགས་ལ༔ ཆོས་འབྱུང་ཡབ་ཡུམ་རྩ་སྔགས་བྲི༔ མཐའ་བསྐོར་རིག་འཛིན་མཚན་ཡང་བྲི༔ ཕྱི་ནང་གསང་བའི་མཆོད་ཚོགས་ནི༔ ཤིན་ཏུ་མང་ལ་བཟང་བར་བཤམ༔ གཏོར་མ་དག་ཀྱང་བཟང་བར་བཤམ༔ གསུམ་པའི་ཕྱག་རྒྱ་མཚན་ལྡན་མ༔ ལེགས་པར་རྒྱན་གྱིས་བརྒྱན་ལ་བཞག༔ དེ་ནས་བླ་མ་ཡི་དམ་བསྐྱེད༔ ཐོད་པའི་བདུད་རྩི་བྱིན་གྱིས་བརླབ༔ ཚོམ་བུའི་ཡབ་ཡུམ་མཆོད་ཅིང་བསྟོད༔ འོད་ཞུ་རྩ་བའི་ཡི་གེར་གྱུར༔ ཡི་གེ་བདག་གི་ཐུགས་ཀར་འདུས༔ ཐུགས་ལས་འོད་ཟེར་ལྔ་འཕྲོས་པས༔ མཆོད་པའི་ལྷ་མོ་ལྔ་རུ་གྱུར༔ ནམ་མཁའི་མཐའ་དང་མཉམ་པར་སྤྲུལ༔ མེ་ལོང་ལྷ་ལ་མཆོད་པ་དབུལ༔ དངོས་འབྱོར་བདུད་རྩིས་མཆོད་བསྟོད་བྱ༔ ཡབ་ཡུམ་ལྷ་ཚོགས་སྙོམས་པར་ཞུགས༔ བྱང་སེམས་ཐོད་པའི་བདུད་རྩིར་བབས༔ བདུད་རྩིས་བླ་མ་ཡི་དམ་མཆོད༔ ཚོགས་འབུལ་རོལ་མོའི་སྒྲ་སྒྲོག་ཅིང༔ བརྒྱུད་པ་རྣམས་ལ་གསོལ་བ་གདབ༔ (༨༨)དེ་ནས་བླ་མས་སློབ་མ་ལ༔ དམ་ཚིག་དག་ནི་དབོག་བྱ་སྟེ༔ ཨ་ཨཱཿཧཱུྃ་ཧྲཱིཿམ༔ བསྲུང་དུ་མེད་པའི་དམ་ཚིག་ནི༔ ཐམས་ཅད་རོ་སྙོམས་ཆོས་ཉིད་ངང༔ འཁོར་འདས་སྤང་བླང་བྲལ་བ་ཡི༔ གང་ཤར་ཆོས་ཉིད་རོལ་པ་ལ༔ མ་རིག་འཛིན་པས་མ་བསླད་བསྲུང༔ འདས་ན་འཁོར་བར་ལྡོག་གོ་ན་ར་ཀན༔ སློབ་མས་དམ་ཚིག་ཁས་ནི་བླང༔ དེ་ནས་ཡེ་ཤེས་དབབ་བྱ་སྟེ༔ སློབ་མ་རྣམ་སྣང་ཆོས་བདུན་བཅའ༔ སྨིན་ཕྲག་གཡུང་དྲུང་དམར་པོ་གཅིག༔ གཡོན་དུ་མྱུར་དུ་འཁོར་བ་ལ༔ མ་ཡེངས་གཏོད་དུ་གཞུག་བྱས་ལ༔ བྱིན་རླབས་ཆེན་པོས་ཡེ་ཤེས་དབབ༔ དེ་ཡིས་ཡེ་ཤེས་ཕེབས་པ་ན༔ དེ་ཡི་ངང་དུ་ཀློད་པ་ནི༔ བཅས་བཅོས་མེད་པར་ཀློད་ཅིག་བྱ༔ དེ་ཡི་ངང་ལ་དར་ཅིག་བཞག༔ བདེ་གསལ་མི་རྟོག་སོ་མ་ལ༔ འབོལ་ལེ་ཤིག་གེ་ལྷན་ནེ་བ༔ སྤྲིན་བྲལ་ནམ་མཁའ་ལྟ་བུ་འབྱུང༔ གཤིས་ཀྱི་གནས་ལུགས་འདི་ཡིན་པས༔ དེ་ནི་ཆོས་སྐུར་ངོ་ཡང་སྤྲད༔ དེ་ནས་བླ་མའི་མདུན་དག་ཏུ༔ སློབ་མ་ལངས་ཏེ་ཐལ་མོ་སྦྱར༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ཤར་དུ་ལྟོས༔ ཤར་གྱི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སྒོམས༔ ལྷོ་ནུབ་བྱང་ཕྱོགས་དེས་འགྲེའོ༔ འགྲོ་བར་བསམ་ན་འགྲོ་མཁན་མེད༔ གང་དུ་འགྲོ་སར་ཕྱིན་པ་མེད༔ འགྲོ་བར་བསམ་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི༔ སེམས་ནི་དང་པོ་གང་ནས་བྱུང༔ རྒྱུ་རྐྱེན་ཅི་ལས་བྱུང་ཞེས་དྲི༔ དེ་ཡང་བྱུང་ས་མེད་ཤེས་ན༔ དེ་ཉིད་དོན་དུ་ངོ་ཡང་སྤྲད༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས༔ རྒྱན་དང་ཆ་ལུགས་དུ་མར་སྣང༔ སྣང་བར་འཛིན་པ་རང་གི་སེམས༔ དེ་ལ་ལྟོས་དང་གཞི་རྩ་བྲལ༔ དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས༔ ཡུལ་ཉིད་གསལ་ལ་མཁན་པོ་སྟོང༔ དེ་ནི་གསལ་སྟོང་ཆོས་སྐུ་ཡིན༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཅང་ཏེའུ་དྲིལ་བུ་འཁར་རྔའམ༔ སེ་གོལ་གཡེར་ཁའི་སྒྲ་སྒྲོག་ལ༔ འདི་ཡི་སྒྲ་ནི་སྙན་མི་སྙན༔ སྒྲ་འདུག་མི་(༨༩)འདུག་བརྟག་ཏུ་གཞུག༔ དེ་ཡི་ངོ་བོ་མ་རྙེད་ན༔ དེ་ནི་གྲག་སྟོང་བྱ་བ་ནི༔ གྲགས་པ་སྒྲ་རུ་གྱུར་ཚད་ཀུན༔ གསལ་བར་གྲགས་ཀྱང་རང་བཞིན་སྟོང༔ སྐྱོན་ཡོན་ཤར་དུས་གཞི་མེད་རྩ་བྲལ་ཡིན༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྤོས་དང་སྨན་སོགས་དྲི་ཞིམ་དང༔ མི་སྡུག་དྲི་མ་བསྣམ་དུ་གཞུག༔ དེ་ཡི་དྲི་དོན་བརྟག་ཏུ་གཞུག༔ དེ་ལ་ཆགས་སྡང་སྐྱེས་པ་ན༔ དེ་ཡི་མཁན་པོ་རྩད་ཀྱང་བཅད༔ དེས་ནི་རྐྱེན་སྣང་ཤེས་པ་འདྲེས༔ གཉིས་འཛིན་ཤེས་པ་གློ་བུར་ཡིན༔ རྐྱེན་ཕྱིར་སྣང་ཡང་ངོ་བོ་སྟོང༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ བཟའ་བཏུང་རོ་མཆོག་མྱོང་བར་གྱིས༔ མངར་སྐྱུར་ལན་ཚྭ་ཚ་ཁ་བསྐ༔ རོ་དྲུག་མྱོང་བའི་མཁན་པོ་ལྟོས༔ བལྟས་པས་མི་རྙེད་སྐྱེ་བ་མེད༔ མཐའ་བྲལ་དབུ་མ་སྤྲོས་བྲལ་ངང༔ རང་གྲོལ་ཆོས་སྐུར་ཤེས་པར་མཛོད༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ ལུས་འདི་གཅེར་བུར་ཕྱུང་གྱིས་ལ༔ རེག་བྱ་འཇམ་རྩུབ་གང་ཡང་བརྟེན༔ དེ་ལ་ཆགས་སྡང་འདུག་གམ་དྲི༔ དེ་ལ་གཉིས་འཛིན་གང་སྐྱེས་ཀྱང༔ རྣམ་པར་གསལ་ལ་རང་བཞིན་སྟོང༔ རང་གི་སེམས་སུ་ངོ་ཡང་སྤྲད༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྐྱིད་སྡུག་སྡུག་བསྔལ་མཐའ་དག་སྒོམས༔ དེ་ལ་དགའ་དང་མི་དགའ་དྲི༔ གང་ལྟར་འདུག་ཀྱང་སེམས་ལས་བྱུང༔ བདེ་དང་སྡུག་བསྔལ་གང་བྱུང་ཡང༔ གསལ་ལ་ངོ་བོ་རིག་སྟོང་ཡིན༔ དཔེར་ན་ཆུ་ཟླ་ཇི་བཞིན་ནོ༔ དེ་སོགས་དུག་ལྔ་དུག་གསུམ་ཡང༔ རྐྱེན་གྱིས་སྐྱེར་གཞུག་ངོ་ཡང་སྤྲད༔ སེམས་ཀྱི་ངོ་བོ་སྟོང་པ་ལ༔ སྟོང་པའི་་གསལ་ཆ་རྟོག་པར་འཁྲུལ༔ ལུང་ལས༔ སེམས་ལ་དྲན་བསམ་འཆར་བའི་ཕྱིར༔ ངོ་བོ་ཉིད་ཀྱི་རྟོག་པས་སྦག༔ ཅེས་སོ༔ ཉོན་མོངས་པ་ཡི་མཚང་རྟོགས་ན༔ གཉེན་པོ་སྤང་བླང་མེད་པར་གྲོལ༔ དེ་ལྟར་ངོ་སྤྲོད་རྒྱས་པར་གདབ༔ དེས་ནི་དག་བྱ་གང་དག་ན༔ ལུས་ངག་ཡིད་གསུམ་འཛིན་སྒྲིབ་དག༔ གསུམ་ཀའི་ནུས་པ་ཚད་དུ་ཕྱིན༔ བརྟེན་བྱ་བདེ་སྡུག་སྤང་བླང་བྲལ༔ རྗེས་སུ་དབྱེར་མེད་(༩༠)བསྒོམ་པར་གནང༔ ས་ནི་བཅུ་གཅིག་ཀུན་ཏུ་འོད༔ ཕྲིན་ལས་བཞི་པོ་མངོན་དུ་གྱུར༔ འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཐོབ༔ ཚིག་དབང་ངོ་སྤྲོད་རིན་ཆེན་ཕྲེང༔ ཀུན་གྱི་ཐུན་མོང་མ་ཡིན་པ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

དེ་རྗེས་ཚོགས་རོལ་གླུ་གར་བྱ༔ ཐོད་རྒལ་ཉམས་ཀྱང་སྤྲོད་པར་བྱའོ༔ ཨེ་མ་ཧོ༔ ཕྱི་རབས་ལས་ཅན་སྐལ་བར་ལྡན༔ ཚེ་གཅིག་འདི་ལ་སངས་རྒྱ་བའི༔ དབང་བཞི་གནད་ཀྱི་ཕྲེང་བ་འདི༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ གཞན་དུ་བསྟན་པའི་གནས་མེད་ནས༔ ཕྱི་རབས་དོན་དུ་གཏེར་དུ་སྦེད༔ ཨོ་རྒྱན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ལྷ་དང་ཀླུ་དང་བཙན་གསུམ་གྱིས༔ རྒྱལ་བའི་བཀའ་འདི་དམ་དུ་སྲུངས༔ དུས་མིན་ལེན་ལ་དེ་ཡི་དབང་པོ་སྣུབས༔ དུས་ཀྱི་ཐ་མར་ལས་ཅན་ཅིག་ལ་གཏོད༔ དེས་ཀྱང་གཏེར་དུ་སྦེད་པའི་སྨོན་ལམ་འཚལ༔ དབང་ཁྲིད་ནོར་བུའི་སྒྲོན་གསལ་ཞེས་བྱ་བ་རྫོགས་སོ༔ ཟབ་རྒྱ༔ གྷུ་ཡ་རྒྱ༔ ས་མ་ཡཱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔

གསང་དབང་ལུས་དཀྱིལ་ངོ་སྤྲོད།

༄༅༔ གསང་དབང་ལུས་དཀྱིལ་ངོ་སྤྲོད་བཞུགས་སོ༔

༄༅༔ གསང་དབང་ལས༔ ཡེ་ནས་རང་ལུས་ད་ལ་རུ༔ གནས་པ་ངོ་ཡང་སྤྲད་པར་བྱ༔ ཞེས་པས༔ འོ་རིགས་ཀྱི་བུ་ཁྱོད་གསོན་ཅིག༔ ཕྱི་བུམ་པའི་དབང་གི་དུས་སུ༔ རྡུལ་ཚོན་གྱི་དལ་ལ་བརྟེན་ནས་དཔེའི་མཚོན་བྱེད་དུ་ངོ་སྤྲད་པ་ཡིན་གྱི༔ དོན་དམ་པར་སོང་ན༔ རང་གི་ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡིན་ཏེ༔ ཀློང་གསལ་ཉི་མའི་རྒྱུད་ལས༔ འབྱུང་བའི་དྭངས་ལས་གྲུབ་པ་ཡི༔ ལུས་འདི་བདེ་གཤེགས་ཕོ་བྲང་ཉིད༔ རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས༔ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ༔ ཞེས་པས༔ རང་གི་རིག་པ་འདི་ཐོག་མར་འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ནས་འོད་གསལ་བདེ་བ་ཆེན་པོར་བཞུགས་ཏེ༔ དེ་ཉིད་རང་ངོ་རང་གིས་མ་ཤེས་པས་རང་རིག་འབྱུང་བཞིའི་སྦུབས་སུ་ཚུད་པའི་ལུས་འདི་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་ཏེ༔ སྤྱི་བོ་བདེ་ཆེན་གྱི་ཙཀྲ་ན༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བཞུགས༔ མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ན༔ (༩༡)རིན་ཆེན་མཁའ་འགྲོ་ཡབ་ཡུམ་བཞུགས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ན༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་བཞུགས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ པདྨ་ཌཱཀྐི་ཡབ་ཡུམ་བཞུགས༔ གསང་གནས་བདེ་སྐྱོང་ཙཀྲ་ན༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་བཞུགས་པ་ཡིན་ནོ༔ ཕུང་པོ་ཐམས་ཅད་དཔའ་བོ༔ ཁམས་ཐམས་ཅད་ཌཱཀྐིའི་རང་བཞིན་ཡིན་ནོ༔ ཐ་མ་བ་སྤུའི་བུ་ག་ཡན་ཆོད་ལྷ་དང་ལྷ་མོའི་རང་བཞིན་དུ་བཞུགས་པ་ཡིན་ནོ༔ དེ་ཡང་ཀློང་གསལ་ལས༔ འབྱུང་བཞིའི་དཀྱིལ་འཁོར་སངས་རྒྱས་ཞིང༔ འཁོར་ལོ་ལ་ནི་རིགས་ལྔའི་གནས༔ ཕུང་ཁམས་ཐམས་ཅད་ལྷ་ཚོགས་ཉིད༔ སེམས་ནི་ཡེ་ཤེས་ཆེན་པོ་ཉིད༔ ཅེས་སོ༔ དེ་ལ་སོགས་པ་རྒྱས་པར་ནི་རྒྱུད་གཞན་ནས་ཀྱང་སྤྲོ་བར་བྱའོ༔ གསང་དབང་གི་ལྷན་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

ཤེས་རབ་ཡུམ་གྱི་མཁའ་ངོ་སྤྲོད།

༄༅༔ ཤེས་རབ་ཡུམ་གྱི་མཁའ་ངོ་སྤྲོད་བཞུགས་སོ༔

༄༅༔ ཤེས་རབ་ཡེ་ཤེས་དབང་ལས༔ ཡུམ་མཁའ་རྒྱལ་བ་ཐམས་ཅད་ཀྱི༔ གསང་བ་ཟབ་མོའི་དོན་ཡིན་པར༔ ལུང་དང་མཐུན་པར་ངོ་ཡང་སྤྲད༔ ཅེས་པས༔ དེའི་དོན་ལུང་གིས་སྤྲད་པ་ནི༔ ཀློང་གསལ་ལེའུ་བརྒྱད་པ་ལས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ བྷ་ག་དབྱིངས་ལས་རང་བྱུང་སྟེ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཡིན༔ ཞེས་པ་དང༔ ཡང་དེ་ཉིད་ལས༔ བྷ་ག་གསང་སྔགས་ཀུན་གྱི་གནས༔ བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན༔ འདི་ཉིད་མ་བརྟེན་ཐབས་གཞན་མེད༔ ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན༔ བདེ་ཆེན་འདི་བརྟེན་བདེ་བ་ཐོབ༔ ཡང་དག་སངས་རྒྱས་འདི་ལས་བྱུང༔ ཞེས་པས༔ གསང་སྔགས་ཀྱི་ཆོས་ཐམས་ཅད་འདིར་གསུངས༔ ལམ་སངས་རྒྱས་ཐམས་ཅད་ཀྱང་འདི་ལ་བརྟེན་ནས་སངས་རྒྱས༔ འཕྲལ་གྱི་བདེ་སྐྱིད་ཐམས་ཅད་ཀྱང་འདི་ལ་བརྟེན་ནས་བྱུང་བས་ཡུམ་གྱི་བྷ་ག་འདི་ལ་རྟག་ཏུ་ཁྱོད་མཆོད་པར་གྱིས་ཤིག༔ བུད་མེད་ཙམ་ལ་ཁྲོ་བ་སྤོངས་ཤིག༔ མཚན་ལྡན་ཡུམ་ལ་རྟག་ཏུ་གུས་པར་གྱིས་ཤིག༔ ཚེ་གཅིག་ལ་འཚང་རྒྱ་བའི་བདེ་བ་ནི་འདིས་སྟེར་བར་ནུས་ཀྱི་གཞན་གྱིས་མ་ཡིན་ནོ༔ ཞེས་བྱའོ༔ ཀློང་གསལ་ལས༔ (༩༢)བུད་མེད་བརྙས་ཤིང་མཁའ་ལ་གཤེ༔ བདེ་དང་བྲལ་ན་ན་རག་སྤྱོད༔ ཅེས་སོ༔ དེ་ལ་སོགས་པ་རྒྱུད་དང་ཆོས་གཞན་ནས་ཀྱང་ཆེ་བ་བརྗོད་པར་བྱའོ༔ ཤེས་རབ་ཡེ་ཤེས་ཀྱི་ལྷན་ཐབས་སུ་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

དབང་གི་རྒྱབ་ཡིག་ལག་ལེན།

༄༅༔ དབང་གི་རྒྱབ་ཡིག་ལག་ལེན་བཞུགས་སོ༔

༄༅༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ དབང་གི་རྒྱབ་ཡིག་བསྟན་པར་བྱ༔ དེ་ལ་དང་པོ་བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ གཅེར་བུ་རུས་པའི་རྒྱན་ཅན་ཞིག་བསྐྱེད༔ དེ་བསྐྱེད་པའི་སྤྱི་བོར་ཡི་གེ་ར་ལས་བཛྲ་དཔའ་བོ༔ མགྲིན་པར་ཙ་ལས་རཏྣ་དཔའ་བོ༔ སྙིང་ཁར་ཧྲཱི༔ལས་པདྨ་དཔའ་བོ༔ ལྟེ་བར་ཡ་ལས་ལས་ཀྱི་དཔའ་བོ༔ ཕྱག་མཚན་གཙོ་བོ་དང་མཐུན་པ་སྐུ་མདོག་རིགས་དང་མཐུན་པ་གསལ་བར་བསྐྱེད་དོ༔ བདག་དེ་ལྟར་བསྐྱེད་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་མཚན་གཡས་གྲི་གུག་བསྣམས་ཤིང་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཐོད་པ་བདུད་རྩིས་བཀང་བ་ཐོགས་པ་འཁྲིལ་ཞིང་སྦྱོར་བ་ཞལ་དང་ལྗགས་སྤྲད་དེ་དགྱེས་པའི་འཛུམ་མདངས་ཅན༔ མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་རང་དང་ཡབ་ཡུམ་གཉིས་བསྐྱེད་དོ༔ དེ་ལྟར་བསྐྱེད་པའི་ཡབ་ཡུམ་ཀྱི་སྤྱི་བོར་ཧ་ལས་རྡོ་རྗེ་ཌཱཀྐི་བསྐྱེད༔ མགྲིན་པར་རི་ལས་རིན་ཆེན་ཌཱཀྐི་བསྐྱེད༔ སྙིང་ཁར་ནི་ལས་པདྨ་ཌཱཀྐི་བསྐྱེད༔ ལྟེ་བར་ས་ལས་ལས་ཀྱི་ཌཱཀྐི་བསྐྱེད༔ ཕྱག་མཚན་ཡུམ་དང་མཐུན་པ་སྐུ་མདོག་ཕྱོགས་དང་མཐུན་པ་མཛེས་ཤིང་ཡིད་དུ་འོང་བ་བཅུ་དྲུག་ལོན་པའི་ལང་ཚོ་ལྟ་བུར་བསྐྱེད་དོ༔ དེ་ལྟར་བསྐྱེད་པའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་ཨོ་རྒྱན་པདྨ་སྐུ་མདོག་མཐིང་ནག་རྡོ་རྗེ་སེམས་དཔའི་ཆ་ལུགས་ཡབ་ཡུམ་ཞལ་སྦྱོར་དུ་བསྐྱེད་དོ༔ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱ་སྙམ་པ་བྱས་ལ་དེ་ནས་ཡུམ་དང་འཁྲིལ་ཏེ༔ ཡབ་ཀྱི་གསང་བའི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་པའི་ནང་དུ་ཕཊ་སེར་པོས་རྡོ་རྗེའི་བུ་ག་བཀག་གོ༔ (༩༣)མུ་ཏྲ་ཡུམ་དུ་བསྐྱེད་པའི་བྷ་ག་པྃ་ལས་པདྨ་འདབ་བཞིའི་དབུས་སུ་ཕཊ་སྔོན་པོས་བུ་ག་བཀག་པའོ༔ དེ་ནས་རྡོ་རྗེ་པདྨར་སྦྱར་ཏེ་གོང་གི་བསྐྱེད་པའི་ལྷ་དང་བླ་མ་ཡབ་ཡུམ་ཡང་སྦྱོར་བ་མཛད་པར་བསྒོམ༔ རྩའི་ཁམས་ཐམས་ཅད་དུ་དཔའ་བོ་ཌཱཀྐི་གྲངས་ལས་འདས་པ་ཐམས་ཅད་སྦྱོར་བ་བྱེད་པར་བསམ༔ དེ་ནས་འོ་དང་དམ་དུ་འཁྱུད་པའི་འཁྲུལ་འཁོར་གྱིས་དལ་བུས་བསྐྱོད་དོ༔ བདེ་བ་སྐྱེས་པ་ལྟར་གོང་གི་ལྷ་ཡབ་ཡུམ་ཡང་བདེ་བ་རྒྱས་ཤིང་བསྐྱོད་པས་སྦྱོར་མཚམས་ནས་དྭངས་མ་བབས་པས༔ རང་ལུས་བདུད་རྩིས་གང་བས་བདེ་བ་རྒྱས་ཤིང་ལུས་ཐམས་ཅད་དྭངས་མས་ལྟེམས་ཀྱིས་གང་བར་བསྒོམས༔ བདེ་བ་རྫོགས་ནས་མི་ཟིན་པའི་འགོ་མ་གཡོ་བ་ནས་བཟུང༔ བསྐྱོད་ཀྱིན་མི་བཟུང༔ བསྐྱོད་འཕྲོ་བཅད་ནས་བཟུང༔ ལས་དང་པོ་པས་ལུས་བདེ་མེར་བྱུང་བ་དང༔ གཅན་གཟན་ལྟ་བུའི་སྣོམ་གྱིས་རླུང་གཉིས་ནང་དུ་འཐེན༔ གླིང་བཞི་རི་རབ་ངོས་སུ་བསྡུ༔ སྦྲུལ་ཚང་བྲག་ལ་བསྐྱལ༔ འབྲང་ཟེ་ཁ་གཟེངས་བསྟོད༔ ལྷོ་སྤྲིན་དབྱིངས་སུ་བསྒྲིལ༔ བདེ་ཆེན་འཁོར་ལོ་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་གཏད༔ སྟེང་འོག་གི་རླུང་བསྡམས་ཏེ་བདེ་བ་ལ་སེམས་ལྟེམ་མེ་རེ་བཞག༔ དེ་ནས་བདེ་བ་ཆུང་ངུ་སོང་བ་དང༔ ཡང་སྐྱོད་ཀྱིན་དེ་གཙུག་བཟུང་བས༔ སྤྱི་བོ་ནས་དྭངས་མ་གཡོས་པས༔ བདེ་མེར་རེ་བ་དེ་དགའ་བའི་ཡེ་ཤེས༔ དེས་རྣམ་རྟོག་རགས་རིམ་རྣམས་སྤང་ངོ་༔ དྭངས་མ་སྙིང་ཁར་བསླེབས་པས་མཆོག་དགའི་ཡེ་ཤེས༔ དེས་བདག་ཏུ་འཛིན་པའི་རྟོག་པ་སྤང་ངོ་༔ དྭངས་མ་ལྟེ་བར་སླེབ་སྟེ༔ བདེ་བ་རྒྱས་པས་དགའ་བྲལ་གྱི་ཡེ་ཤེས༔ དེས་ཕྱག་རྒྱར་འཛིན་པའི་རྟོག་པ་སྤང་ངོ་༔ དྭངས་མ་གསང་བར་བསླེབས་པས་ལུས་ངག་ཡིད་གསུམ་བདེ་ལ་རྟོག་པ་མེད་པ་འབྱུང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེས་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་ཐམས་ཅད་སྤང་སྟེ༔ བདེ་བ་སྟོང་པ་གསལ་བ་ངོས་བཟུང་མེད་པའི་ཉམས་སྐྱེ་བས་དེ་ངོས་བཟུང་ལ་དུས་ཐམས་ཅད་དུ་ཉམས་བསྐྱངས་པས་བདེ་སྟོང་གི་རྟོགས་པ་མངོན་དུ་འགྱུར་རོ༔ སྙིང་རུས་ཀྱིས་དྭངས་མ་མི་གཏོང་བའི་དམ་བཅའ་བརྟན་པས་བཟུང་ལ་གོང་གི་ཡེ་ཤེས་མ་ཟིན་ཚེ་སྤྱོད༔ དེ་ནས་དྭངས་མ་ཟིན་པ་དྲང་བ་ནི༔ གསང་བའི་(༩༤)རྡོ་རྗེའི་བུ་གའི་ཧཱུྃ་སྔོན་པོ་དེ་དྭངས་མ་དང་འདྲེས་ནས་དྭངས་མཧཱུྃ་གི་རྣམ་པར་སྐར་མདའ་བཞིན་དུ་ལྟེ་བ་ནས་ཡར་རྒྱངས་ཀྱིས་བྱུང་བ་དང༔ དུས་མཉམ་དུ་ངག་ཏུ་ཧིག་ཅེས་སྒྲ་དང་བཅས་པས་དྲག་པོ་བར་མ་ཆད་པར་བགྲང་བར་བྱའོ༔ དེ་ནས་རྩ་ལ་དགྲམ་ཞིང་རླུང་དང་བསྲེ་བ་ནི༔ ཕྱག་རྒྱ་མ་དང་བྲལ་ལ་རང་ཁྱིའི་འདུག་སྟངས་ཀྱིས་མིང་མེད་ཀྱི་རྩར་མཐེབ་ཆེན་བཙུགས་ཏེ༔ ཁུ་ཚུར་བཅངས་ལ་ས་ལ་བཙུགས་ལ༔ ངག་ཏུ་ཧ་སིག༔ ཅེས་གཡས་ནས་ལན་གསུམ་དྲག་ཏུ་འཐེན་ལ་རླུང་བཟུང་སྟེ་གཡས་སུ་ལན་གསུམ་སྤྲུག༔ གཡོན་དུ་ཡང་དེ་བཞིན་དུ་བྱ༔ རླུང་བཟུང་སྟེ་ལུས་སྤྲུག་ཤར་ཤར་བ་ལན་གསུམ་བྱ༔ དེ་ནས་ཀློད་ལ་བཞག་གོ༔ དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ༔ ལས་དང་པོ་པས་གལ་ཏེ་མ་འདྲོངས་ན་རྟགས་ནི༔ རྡོ་རྗེའི་རྩ་བར་ཆུ་བསྲི་བ་སྙམ་བྱེད་དུ་ཡོད་པས་ཡང་ཡང་སྦྱོར་བས་དྲང་ཞིང་དགྲམ༔ དེས་ཀྱང་མ་འདྲོངས་ན༔ ལས་རྒྱའམ༔ ལག་གི་འདུ་བྱེད་ཀྱིས་གཏོང་ངོ་༔ དེ་མ་བཏང་ན་ནད་དུ་འགྲོའོ༔ དེ་ནས་ཕྱིས་མི་འདྲོངས་མི་སྲིད་དོ༔ འདྲོངས་ཤིང་ཁྲེམས་ཀྱང་བུད་མེད་བུ་མི་འོང་བའི་དུས་སུ་ཨེན་རེ་མ་བཏང་ན༔ ཕྱིས་རྡོ་རྗེ་ལས་སུ་རུང་དུ་མི་བཏུབ་པས་གཏོང་ངོ་༔ གཏོང་བའི་དུས་སུ་ཡང་པདྨའི་ནང་དུ་ཡི་དམ་གྱི་ལྷ་ཚོགས་བསྐྱེད་ལ་མཆོད་པར་བསམ་མོ༔ དྭངས་མའི་ལྷག་མ་བག་ཙམ་ཞིག་བཟུང་ལ་རང་གིས་མྱོང་ངོ་༔ དེས་བྱང་སེམས་སྤང་བའི་ལྟུང་བ་མི་འཕོག་པ་ཡིན་ནོ༔ དང་པོ་བདེ་བ་འགོ་མ་སྐྱེ་བ་དང་བཟུང༔ དེ་ལ་གོམས་པ་དང་རྡོ་རྗེའི་རྩ་བ་ནས་བཟུང་དེ་ལ་གོམས་པ་དང་རྐེད་པ་ནས་བཟུང༔ དེ་ལ་གོམས་པ་དང༔ བྷ་ག་རང་ནས་ཀྱང་འདྲོངས་པར་ཐེ་ཚོམ་མེད་དོ༔ སྙིང་རུས་དང་ལྡན་པའི་སྐྱེས་བུས་མི་འདྲོངས་མི་སྲིད་དོ༔ ཆགས་ཅན་ལམ་དུ་འཇུག་པ་ཡི༔ དབང་བཞི་གནད་ཀྱི་གདམས་པ་འདི༔ མ་འོངས་ལས་ཅན་དོན་དུ་ནི༔ ཨོ་རྒྱན་པདྨ་བདག་འདྲས་བཀོད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དབང་གི་རྒྱབ་ཡིག་གསང་བའི་དུམ་བུར་བཀོད་པའོ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཌཱཀྐིའི་རྒྱའོ༔ མདོར་ན་ཨོ་རྒྱན་ཡབ་ཡུམ་གྱི་དྭངས་མ་དེ་མ་འཛོམ་ན༔ བདུད་རྩི་ཨ་མྲ྇་ཏ་ལྕེ་ཐོག་ཏུ་བཞག་སྟེ་ཆོ་ག་ངོ་སྤྲོད་རྒྱས་པ་གལ་ཆེའོ༔

དབང་གོང་མ་གསུམ་གྱི་ས་མ་འགྲེལ་ལས༔

དང་པོ་གསང་དབང་གི་ས་མ་འགྲེལ།

༄༅༔ དབང་གོང་མ་གསུམ་གྱི་ས་མ་འགྲེལ་བཞུགས་པ་ལགས་སོ༔ དང་པོ་གསང་དབང་གི་ས་མ་འགྲེལ་བཞུགས་སོ༔

༄༅༔ ཐཱ།ལཀ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ ཕྱི་རབས་རྣམས་ཀྱི་དོན་ཆེན་དུ༔ གསུམ་པའི་དབང་གི་ལག་ལེན་ལས༔ འཁྲུགས་སྡེབ་ས་བཅད་བསྟན་པར་བྱ༔ དང་པོ་གསང་བའི་དབང་བསྐུར་འདི་ལ་དོན་གསུམ་སྟེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ དང་པོ་ལ་གསུམ་སྟེ༔ ཀླད་ཀྱི་༼ཆགས་ཅན་འཇུག་ཕྱིར་༽དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་རྒྱས་པར་བཤད་པ་ལ་དྲུག་སྟེ༔ ཕྱག་༼རིགས་ཀྱི་ཌཱཀྐི་ལ་༽འཚལ་བ༔ སྣོད་༼རིགས་ལྡན་༽བསྟན་པ་དང༔ མཚན་༼ཌཱཀྐའི་སྙིང་ཐིག་༽བསྟན་པ་དང༔ དོན་ཆེད་༼ཆགས་ཅན་འཇུག་ཕྱིར་༽བསྟན་པ་དང༔ བསྟན་ཆོས་མཛད་པ་པོ་༼ཨོ་རྒྱན་པདྨས་༽བསྟན་པ་དང༔ སྨོན་ལམ་གྱིས་མཇུག་༼ལས་ཅན་གཅིག་༽བསྡུ་བའོ༔ གཞུང་གི་དོན་ལ་གཉིས་༼གསང་དབང་༽ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ དང་པོ་ལ་གསུམ༔ ཀླད་དང༔ གཞུང༔ མཇུག་གོ༔ དང་པོ་ཀླད་ཀྱི་དོན་རྒྱས་པར་བཤད་པ་ལ་བརྒྱད་དེ༔ དང་པོ་༼བུམ་དབང་ཚར་རྗེས་༽སྐབས་བསྟན་པ་དང༔ ཕྱོགས་༼ལྟོའི་༽དང༔ དུས་༼སྲོད་ཀྱི་༽དང༔ རྫས་བསགས་པ་༼བདུད་རྩི་ལྔ་དང་ཕྱག་རྒྱ་༽དང༔ སློབ་དཔོན་༼མཚན་ཉིད་དང་ལྡན་པ་༽བསྟན་པ་དང༔ ༼གསེར་གྱི་༽མཎྜལ་དང༔ རིག་མ་དབུལ་ཞིང་༼བླ་མ་ལ་དབང་ཞུ་བའི་ཕྱིར་༽གསོལ་བ་གདབ་པའོ༔ གཞུང་དངོས་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ དང་པོ་མདོར་བསྟན་པ་ལ་བདུན་ཏེ༔ སྒོམ་པ་མཆོད་བསྟོད་རིམ་པ་དང༔ སློབ་མས་བྱ་བའི་རིམ་པ་དང༔ སློབ་མ་ལ་དམ་ཚིག་དཔོག་པ་དང༔ ཡེ་ཤེས་དབབ་པ་དང༔ ལུས་རྒྱལ་བའི་དཀྱིལ་འཁོར་དུ་ངོ་སྤྲད་པ་དང༔ ཡུམ་གྱི་བྱང་སེམས་དབབ་པ་དང༔ དབང་བསྐུར་བའོ༔

གཞུང་རྒྱས་པར་བཤད་པ་དང་པོ་ལ་གསུམ་སྟེ༔ མངོན་རྟོགས་༼ཌཱཀྐིའི་༽བསྒོམ་པ་དང༔ ༼བླ་མ་ལ་༽གསོལ་བ་གདབ་པ་དང༔ མཆོད་པ་༼བླ་མ་ཡི་དམ་ཌཱཀྐི་ལ་༽བྱ་བའོ༔ གཉིས་པ་༼སློབ་མས་བྱ་བའི་རིམ་པ་༽ལ་གསུམ་སྟེ༔ མེ་ཏོག་༼བླ་མ་ཡབ་ཡུམ་ལ་༽དོར་བ་དང༔ (༩༦)༼བླ་མ་ཡབ་ཡུམ་ལ་༽ཕྱག་འཚལ་བ་དང༔ ༼བླ་མ་ཡབ་ཡུམ་ལ་༽བསྐོར་བ་བྱའོ༔

གསུམ་པ་༼དམ་ཚིག་ཕོག་པ་༽ལ་གཉིས་ཏེ༔ བླ་མས་༼ཀྱེ་མ་༽དབོག་པ་དང༔ སློབ་མས༔ ༼དམ་ཚིག་༽བསྲུང་བའོ༔ བཞི་པ་༼ཡེ་ཤེས་དབབ་པ་༽ལ་ལྔ་སྟེ༔ ༼རས་ཀྱིས་༽གདོང་བཅིངས་པ་དང༔ དམིགས་པ་༼ཀྱེ་མ་༽བསླབ་པ་དང༔ དབབ་པ་༼གསོལ་བ་གདབ་༽དངོས་དང༔ ཕེབས་པའི་༼བདེ་སྟོང་༽རྟགས་ངོས་བཟུང་བའོ༔ ལྔ་པ་ལ་གསུམ་སྟེ༔ དཔེ་དོན་ངོ་༼བུམ་དབང་དུས་༽སྤྲད་པ་དང༔ ཡེ་ནས་༼འཁོར་ལོ་ལྔ་དང་༽གནས་པ་བསྟན་པ་དང༔ ལྷ་ངོ་བསྟན་པའོ༔ དྲུག་པ་༼ཡུམ་གྱི་བྱང་སེམས་༽ལ་བཞི་སྟེ༔ ཡུམ་དང་མཁའ་གསང་༼པཾ་ལས་པདྨ་༽བྱིན་གྱིས་བརླབ་པ་དང༔ ཡབ་དང་༼ཧཱུྃ་ལས་༽རྡོ་རྗེ་བྱིན་གྱིས་བརླབ་པ་དང༔ མཆོད་ཅིང་༼བདེ་བས་དྭངས་མ་༽དབབ་པ་དང༔ བྱང་སེམས་བླང་བའོ༔ ༼བྷ་ག་ནས་མེ་ལོང་གིས་༽བདུན་པ་ལའང་བཞི་སྟེ༔ ༼མངར་གསུམ་དང་༽བདུད་རྩི་ལྕེ་ལ་བཞག་པ་དང༔ རྡོ་རྗེའི་ཚིག་༼ཀྱེ་མ་༽གིས་བསྐུལ་བ་དང༔ ༼དབུ་མ་༽ཏིང་ངེ་འཛིན་བསྒོམ་པ་དང༔ དོན་ངོས་བཟུང་༼བདེ་སྟོང་གི་༽སྟེ་བསྒོམ་པའོ༔ མཇུག་གི་དོན་ལ་གཉིས་ཏེ༔ ༼དོན་༽མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ བསྡུས་པའི་དོན་ལ་གཉིས་ཏེ༔ ཡོན་ཏན་དང་༼མདོར་བསྟན་༽འབྲས་བུའོ༔ རྒྱས་པར་བཤད་པ་ལ་དགུ་སྟེ་སྒྲིབ་པ་གང་༼ངག་གི་༽དག་པ་དང༔ ངག་༼སྔགས་༽གི་ནུས་པ་དང་ལྡན་པ་དང༔ བརྟེན་བྱ་༼ཤ་ལྔ་བདུད་རྩི་ལྔ་༽གང་བསྟན་པ་དང༔ གང་རྗེས་སུ་༼བསྐྱེད་རྫོགས་༽གནང་བ་དང༔ ས་གང་༼དགུ་པ་༽ནོན་པ་དང༔ ཕྲིན་ལས་གང་༼དབང་གི་༽འགྲུབ་པ་དང༔ འབྲས་བུ་གང་༼ལོངས་སྤྱོད་རྫོགས་སྐུ་༽ཐོབ་པ་དང༔ སྨོན་ལམ་༼ལས་ཅན་ལ་༽གདབ་པའོ༔ གསང་དབང་གནད་ཀྱི་ས་མ་འགྲེལ༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ མ་འོངས་གོ་བ་སླ་ཕྱིར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་ས་མ་འགྲེལ།

༄༅༔ ཤེས་རབ་ཡེ་ཤེས་ཀྱི་ས་མ་འགྲེལ་བཞུགས་སོ༔

༄༅༔ ཨམབྱ།ཊ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་འདི་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ མདོར་(༩༧)བསྟན་པ་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་རྒྱས་པར་བཤད་པ་ལ་བཅུ་སྟེ༔ སྣོད་དང༔ ༼ལས་ལྡན་ཤེས་རབ་ཡེ་ཤེས་༽མཚན་དང༔ ལུང་༼ཀློང་གསལ་༽དང༔ དགོས་ཆེད་༼སྡིག་སྒྲིབ་༽དང༔ ༼ནུབ་༽ཕྱོགས་དང༔ དུས་༼སྲོད་༽དང༔ རྫས་༼ཕྱག་རྒྱ་༽དང༔ བསྐུར་བྱ་༼བླ་མས་༽དང༔ མཎྜལ་༼སློབ་མས་༽དང༔ གསོལ་བ་གདབ་པའོ༔ ༼ཀྱེ་ཀྱེ་བཅོམ་ལྡན་འདས་༽གཞུང་དངོས་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ མདོར་བསྟན་པ་ལ་བདུན་ཏེ༔ བླ་མས་དམ་ཚིག་དབོག་པ་དང༔ སློབ་མས་ཁས་བླངས་པ་དང༔ ཡེ་ཤེས་དབབ་པ་དང༔ ཡུམ་གྱི་བྷ་ག་རྒྱལ་བའི་ཡེ་ཤེས་འབྱུང་གནས་སུ་བསྟན་པ་དང༔ ཕྱག་རྒྱ་སློབ་མ་ལ་གཏད་པ་དང༔ ཏིང་ངེ་འཛིན་སྒོམ་དུ་གཞུག་པ་དང༔ ཡེ་ཤེས་ངོས་བཟུང་བའོ༔ རྒྱས་པར་བཤད་པ་དང་པོ་༼དམ་ཚིག་༽ལ་དོན་གཉིས་ཏེ༔ དམ་ཚིག་དབོག་པ་དངོས་༼ཤེས་རབ་ཡེ་ཤེས་༽དང༔ བསྲུང་བར་༼ཤིའམ་སྲོག་ལ་བབ་ཀྱང་༽ཁས་བླང་བའོ༔ གཉིས་པ་༼ཡེ་ཤེས་དབབ་པ་༽ལ་བཞི་སྟེ༔ གདོང་གཡོགས་༼དར་རམ་རས་༽བཅིངས་པ་དང༔ ལུས་གནད་༼ལངས་ཏེ་༽བསྟན་པ་དང༔ བླ་མས་༼ཕག་མོར་༽བསྒོམ་པ་དང༔ སློབ་མ་ལ་༼ཕག་མོར་༽དབོག་པའོ༔ གསུམ་པ་ལ་༼ཡུམ་གྱི་བྷ་ག་རྒྱལ་བའི་གནས་སུ་ངོ་སྤྲད་པ་༽བཞི་སྟེ༔ ཡུམ་ལ་༼བསྐོར་བའི་༽ཕྱག་འཚལ་བ་དང༔ བྷ་ག་ལུང་༼གསང་བ་ཟབ་མོ་༽གིས་གཏན་ལ་དབབ་པ་དང༔ དེ་ལ་གུས་པ་༼ཕྱག་དང་༽བྱ་བ་དང༔ ཡུམ་གྱིས་༼ཧཱུྃ་ང་ཡི་༽བརྗོད་པར་བྱ་བའོ༔ བཞི་པ་ལ་༼ཕྱག་རྒྱ་མ་དང་སློབ་མ་༽ལྔ་སྟེ༔ རིག་མ་བཟུང་སྟེ་༼རྡོ་རྗེ་སློབ་༽དམ་ཚིག་གཏད་པ་དང༔ ཡུམ་ལྷར་བསྐྱེད་༼ཕག་མོ་ཁྱོད་ཉིད་མད་༽པ་དང༔ ཕུང་ཁམས་༼དཔའ་བོ་ཌཱཀྐིར་༽བྱིན་གྱིས་བརླབ་པ་དང༔ མཁའ་གསང་༼རྡོ་རྗེ་དང་པདྨ་༽བྱིན་གྱིས་བརླབ་པ་དང༔ དབང་པོ་སྦྱར་ནས་བདེ་བ་༼ཡུམ་གྱི་པད་མ་༽བསྐྱེད་པའོ༔ ལྔ་པ་༼ཏིང་འཛིན་བསྒོམ་པ་༽ལ་གསུམ་སྟེ༔ བདེ་བ་བཟུང་ཞིང་བསྲུང་༼འཆོར་སྙམ་༽བ་དང༔ བདེ་བ་སྤར་༼སྟོང་པར་ཡལ་དུས་༽བ་དང༔ བདེ་སྟོང་གི་༼དེར་འཛིན་པ་༽དོན་ལྟ་བའོ༔ དྲུག་པ་༼སེམས་དང་ཡེ་ཤེས་ངོས་༽ལ་གསུམ་སྟེ༔ ཡེ་(༩༨)ཤེས་ཀྱི་དུས་གཉིས་ཤོར་བཟུང་བ་དང༔ ཡེ་ཤེས་དེ་ཉིད་དངོས་སུ་༼ལྷན་ཅིག་སྐྱེས་པའི་༽མྱོང་བ་དང༔ མ་ཟིན་པར་༼ཡང་ཡང་དུ་༽བསྐྱར་བའོ༔ ད་མཇུག་གི་དོན་ལ་གཉིས་ཏེ༔ མདོར་བསྟན་པ་དང་རྒྱས་པར་བཤད་པའོ༔ བསྡུས་པའི་དོན་ལ་གཉིས་ཏེ༔ ཡོན་ཏན་དང་འབྲས་བུའོ༔ རྒྱས་པར་བཤད་པ་ལ་བདུན་ཏེ༔ སྒྲིབ་པ་དང་༼ཡིད་ཀྱི་༽དག་པ་དང༔ གང་ནུས་པ་༼ཡིད་༽དང་ལྡན་པ་དང༔ བརྟེན་བྱ་གང་༼ཕྱག་རྒྱ་༽བརྟེན་པ་དང༔ ས་གང་༼བཅུ་༽ནོན་པ་དང༔ ཕྲིན་ལས་གང་༼རྒྱས་པའི་༽འགྲུབ་པ་དང༔ འབྲས་བུ་གང་༼སྐྱེ་མེད་༽ཐོབ་པ་དང༔ སྨོན་ལམ་གང་གིས་༼ཐུགས་ཀྱི་༽མཇུག་བསྡུ་བའོ༔ ཤེས་རབ་ཡེ་ཤེས་ས་མ་འགྲེལ༔ རྗེས་འཇུག་གོ་བ་གསལ་བའི་ཕྱིར༔ ཨོ་རྒྱན་པདྨ་བདག་འདྲས་བཀོད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏ།སཏཐ།༔ རྫོགས་སོ༔

གསུམ་པ་ཚིག་དབང་གི་ས་མ་འགྲེལ།

༄༅༔ ཚིག་དབང་གི་ས་མ་འགྲེལ་བཞུགས་སོ༔

༄༅༔ གསུམ་པ་ཚིག་དབང་རིན་པོ་ཆེ་འདི་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ མདོར་བསྟན་པ་ལ་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ཀླད་ཀྱི་དོན་རྒྱས་པར་བཤད་པ་ལ་བཅུ་སྟེ༔ སྣོད་དང༔ ༼དེ་ནས་༽མཚན་༼བཞི་བའི་༽དང༔ ལུང་༼ཀློང་གསལ་ལས་༽དང༔ དུས་༼ཐོ་རངས་༽དང༔ སྤྱོད་ལམ་༼སློབ་དཔོན་ཡབ་ཡུམ་༽དང༔ ཕྱོགས་དང༔ ༼ནུབ་༽རྫས་༼མེ་ལོང་ཆང་གི་རིག་མ་༽དང༔ ཆོ་ག་མཆོད་བསྟོད་དང༔ ༼བླ་མ་ཡི་དམ་བསྐྱེད་པ་ནས་གསོལ་བ་གདབ་པ་ཡན༔ གསེར་གྱི་༽མཎྜལ་དང༔ མེ་ཏོག་དབུལ་བ་དང༔ ༼ཀྱེ་བླ་མ་༽གསོལ་བ་གདབ་པའོ༔ གཞུང་དངོས་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་བསྟན་པ་དང༔ རྒྱས་པར་བཤད་པའོ༔ མདོར་བསྟན་པ་ལ་ལྔ་སྟེ༔ བླ་མས་དམ་ཚིག་དབོག་པ་དང༔ ཡེ་ཤེས་དབབ་པ་དང༔ གནས་ས༔ འགྲོ་ས༔ བྱུང་ས་བཙལ་བ་དང༔ ཚོགས་དྲུག་ངོ་བོར་སྡུད་པ་དང༔ དུག་ཚོགས་ཆོས་སྐུར་ངོ་སྤྲོད་པའོ༔ རྒྱས་པར་བཤད་པ་དང་པོ་ལ་གཉིས་༼དམ་ཚིག་འབོགས་པ་༽ཏེ༔ དམ་ཚིག་དབོག་པ་དངོས་༼བསྲུང་དུ་མེད་༽དང༔ བསྲུང་བར་༼སློབ་མས་༽ཁས་བླང་བའོ༔ གཉིས་པ་ལ་༼ཡེ་ཤེས་དབབ་༽བཞི་སྟེ༔ ལུས་༼རྣམ་སྣང་༽(༩༩)གནད་བཅའ་བ་དང༔ དམིགས་པ་༼གཡུང་དྲུང་༽བསླབ་པ་དང༔ ཡེ་ཤེས་༼བྱིན་རླབས་༽དབབ་པ་དངོས་དང༔ ཕེབས་པ་༼དེའི་ངང་ལ་༽དང༔ དོན་ངོ་སྤྲད་པའོ༔ གསུམ་པ་༼ཚོགས་དྲུག་ངོ་བོར་སྡུད་པ་ལ་༽ལ་བརྒྱད་དེ༔ དང་པོ་སེམས་ཀྱི་གནས་ས་ལ་༼དེའི་ངང་དུ་གློད་༽ངོ་སྤྲད་པ་དང༔ འགྲོ་ས་༼དམིགས་རྩེ་ཤར་གྱི་ལ་ངོ་༽སྤྲད་པ་དང༔ ༼སེམས་འདི་དང་པོ་༽བྱུང་ས་ལ་ངོ་སྤྲད་པ་དང༔ གཟུགས་ལ་༼རྒྱལ་བའི་སྐུ་༽ངོ་སྤྲད་པ་དང༔ སྒྲ་༼དྷ་དྲིལ་༽ལ་ངོ་སྤྲད་པ་དང༔ དྲི་༼སྤོས་དང་༽ལ་ངོ་སྤྲད་པ་དང༔ རོ་༼མངར་སྐྱུར་༽ལ་ངོ་སྤྲད་པ་དང༔ རེག་བྱ་༼འཇམ་རྩུབ་༽ལ་ངོ་སྤྲད་པ་དང༔ བདེ་སྡུག་༼སྐྱིད་སྡུག་༽ལ་ངོ་སྤྲད་པའོ༔ བཞི་པ་ལ་གསུམ་སྟེ༔ དང་པོ་དུག་ལྔ་རང་༼རང་སེམས་༽གྲོལ་དུ་ངོ་སྤྲད་པ་དང༔ དུག་གསུམ་༼རང་སེམས་༽སྐུ་གསུམ༔ ལུང་གིས་༼མུ་ཏིག་ཕྲེང་བ་༽གཏན་ལ་དབབ་པའོ༔ ད་མཇུག་གི་དོན་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ དང་པོ་ལ་གཉིས་ཏེ༔ ཡོན་ཏན་དང་འབྲས་བུའོ༔ རྒྱས་པར་བཤད་པ་ལ་བརྒྱད་དེ༔ སྒྲིབ་པ་གང་༼ལུས་ངག་ཡིད་ཀྱི་༽འདགས་པ་དང༔ གང་ནུས་པ་༼གསུམ་ཀ་༽དང་ལྡན་པ་དང༔ བརྟེན་བྱ་གང་བརྟེན་༼གང་ཡང་༽པ་དང༔ རྗེས་སུ་གང་༼ཐབས་ཤེས་༽སྣང་བ་དང༔ ས་གང་༼བཅུ་གཅིག་༽ནོན་པ་དང༔ ཕྲིན་ལས་གང་༼བཞི་ཀ་༽འགྲུབ་པ་དང༔ སྨོན་ལམ་༼ལས་ཅན་༽གང་གིས་མཇུག་བསྡུ་བའོ༔ ཚིག་དབང་རིན་ཆེན་ས་མ་འགྲེལ༔ མ་འོངས་བློ་དམན་དོན་གསལ་ཕྱིར༔ བདག་འདྲ་ཨོ་རྒྱན་པདྨས་བཀོད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ཅ།ཊཅ།ཐཐཐྭ། ས་མ་ཡ༔ རྒྱ་རྒྱ་རྒྱ༔

བདེ་གཤེགས་རིགས་ལྔའི་མཆོད་འབུམ།

༄༅༔ བདེ་གཤེགས་རིགས་ལྔའི་མཆོད་འབུམ་བཞུགས་སོ༔

༄༅༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ བསོད་ནམས་ཚོགས་ཆེན་མྱུར་རྫོགས་ཕྱིར༔ བདེ་གཤེགས་རིགས་ལྔའི་མཆོད་འབུམ་བྲི༔ དེ་ཡང་ཀློང་གསལ་རྒྱུད་དག་ལས༔ སངས་རྒྱས་རིགས་ལྔ་ཀུན་འདུས་གཙོ༔ རང་རིག་བླ་མ་ཀུན་ཏུ་བཟང༔ ཕྱི་ནང་གསང་བའི་མཆོད་འབུམ་ནི༔ དེ་ཡི་བསོད་ནམས་བརྗོད་མི་ལང༔ མཆོད་(༡༠༠)འབུམ་འདི་ལ་སྤྱི་དོན་བཅུ༔ དང་པོ་བཀའ་བསྒོ་བ་དང་གཅིག༔ མཚམས་བཅད་པ་དང་གཉིས༔ ཕྱག་རྒྱ་བཟུང་བ་དང་གསུམ༔ བྱིན་གྱིས་རློབ་པ་དང་བཞི༔ སྤྱན་དྲང་བ་དང་ལྔ༔ བཞུགས་སུ་གསོལ་བ་དང་དྲུག༔ ཕྱག་འཚལ་བ་དང་བདུན༔ མཆོད་པ་འབུལ་བ་དང་བརྒྱད༔ བསྟོད་པ་བྱ་བ་དང་དགུ༔ བཤགས་པ་བྱ་བ་དང་བཅུའོ༔ རྒྱ་རྒྱ་རྒྱ༔ དང་པོ་བགེགས་ལ་བཀའ་བསྒོ་ནི༔ འདི་སྐད་དོ༔ ཧཱུྃ་ང་ནི་ཀུན་བཟང་རིགས་ལྔའི་གཙོ༔ དུས་གསུམ་སངས་རྒྱས་ཀུན་མཆོད་ཀྱི༔ མཆོད་པའི་མདངས་འཕྲོག་བར་གཅོད་བགེགས༔ འདི་རུ་མ་གནས་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད༔ བགེགས་རྣམས་བསྐྲད་པར་བྱའོ༔ དེ་ནས་བགེགས་མཚམས་བཅད་པ་ནི༔ རབ་འཇིགས་ཁྲོ་བོའི་ང་རྒྱལ་གྱིས༔ ཧཱུྃ་ང་ནི་ཁྲོ་རྒྱལ་འདུས་པའི་སྐུ༔ དཔལ་ཆེན་བདུད་འདུལ་རྡོ་རྗེ་འཆང༔ སངས་རྒྱས་ཀུན་གྱིས་དབང་བསྐུར་ནས༔ གདུག་པ་འདུལ་བར་རབ་བསྔགས་པ༔ མེ་རི་མཚོན་ཆ་རྡོ་རྗེའི་རྭ༔ ཁྲོ་ཚོགས་འབར་བས་མཚམས་བཅད་དོ༔ རྃ་ཧཱུྃ་བྷྲཱུྃ་དྷི་ཧ་རཾ་བཛྲ་རཀྵ་ཕཊ༔ ཅེས་མཚམས་བཅད་དོ༔ དེ་ནས་ཕྱག་རྒྱ་བཟུང་བ་ནི༔ ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ལ༔ ཧཱུྃ་ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན༔ འདས་དུས་འགྲོ་རྣམས་སད་པའི་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ༔ བཛྲ་དྷརྨཱ་ཧཱུྃ་ཨཱཿདེ་ནས་མཆོད་པ་བྱིན་གྱིས་རློབ་པ་ནི༔ སྭ་བྷཱ་ཝའི་སྔགས་ཀྱིས་རྫས་རྣམས་བསངས༔ ཨ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཨ་ཨཱཿབཛྲ་དྷུ་པྤེ་ཧཱུྃ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བེ་ཏེ༔ ཨ་ཨཱཿབཛྲ་ཤཔྟ་ཧཱུྃ༔ ཞེས་བརྗོད་ཅིང་བྱིན་གྱིས་བརླབ་པར་བྱ༔ དེ་ནས་གཞལ་ཡས་ཁང་བསྐྱེད་པ་ནི༔ མངོན་རྟོགས་བཞིན་དུ་བསྐྱེད་ལ༔ སྤྱན་དྲང་བ་འདི་སྐད་དོ༔ ཧཱུྃ་དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ ཉོན་མོངས་ལྔ་དག་ཕུང་པོ་གནས་གྱུར་པའི༔ སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་ཚོགས༔ འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ༔ ཨ་གུ་རུ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཨཾ་གུ་ཤ་ཛཿཞེས་པས་ཐིབས་ཀྱིས་བྱོན་པར་བསམ༔ དེ་ནས་བཞུགས་སུ་(༡༠༡)གསོལ་བ་ནི༔ ཧཱུྃ་སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་ཁང༔ སྐྱོན་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཨ་མ་པདྨ་སཱུརྱ་ཙནྡྲ་ཀ་མ་ལེ་ཧཱུྃ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་སྐུ་གསུམ་མི་འགྱུར་ཀུན་ཏུ་བཟང༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དོན་ལ་གཡོ་བ་མི་མངའ་ཡང༔ ལོངས་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་ཁའི་མདངས་ལྡན་པའི༔ མཛེས་ལྡན་དྲི་ཞིམ་མེ་ཏོག་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཧཱུྃ་སྲིད་པར་གཏོགས་པའི་བདུག་སྤོས་ཇི་སྙེད་རྣམས༔ ཙནྡན་དུ་རུ་ཀ་དང་ཨ་ཀ་རུ་ལ་སོགས༔ དྲི་ཞིམ་བསུང་ལྡན་བདུག་སྤོས་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ རིག་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲེ་དྷཱུ་པེ་ཧཱུྃ༔ ཧཱུྃ་སྲིད་པར་གཏོགས་པའི་སྣང་གསལ་ཇི་སྙེད་རྣམས༔ འབྲུ་མར་རྩི་མར་ལ་སོགས་རྩྭ་ཤིང་འོད་ཀྱི་མདངས༔ དཀར་གསལ་མདངས་ཆེན་སྣང་གསལ་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ་སྲིད་པར་གཏོགས་པའི་དྲི་ཆབ་བདེ་བའི་མཆོག༔ ཙནྡན་གུར་གུམ་སི་ལ་ལྡེ་གུ་སོགས༔ རང་བྱུང་སྦྱར་བའི་བྱུག་པ་བདེ་བྱེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་གྷནྡྷེ་ཧཱུྃ༔ ཧཱུྃ་སྲིད་པར་གཏོགས་པའི་ཞལ་ཟས་ཇི་སྙེད་པ༔ རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་ཟས༔ གཡོས་མཆོག་གཙང་མའི་ཞལ་ཟས་སྣ་ཚོགས་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ནཻ་བེ་ཏེ་ཧཱུྃ༔ ཧཱུྃ་སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ རྔ་དུང་དྷ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་སོགས༔ འབྱུང་བའི་(༡༠༢)རང་སྒྲ་གླུ་གར་རོལ་མོའི་དབྱངས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ཤཔྟ་ཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཧཱུྃ་སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་གཟུགས༔ རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་རཱུ་པ་པྲ་ཏི་ཛ་ཧཱུྃ༔ ཧཱུྃ་སྣོད་བཅུད་སྣང་སྲིད་ཡིད་དུ་འོང་བའི་སྒྲ༔ རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ཤཔྟ་ཧཱུྃ༔ ཧཱུྃ་སྣོད་བཅུད་སྣང་སྲིད་ཡིད་འོང་དྲི་ཞིམ་སྤོས༔ རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་གྷནྡྷེ་ཧཱུྃ༔ ཧཱུྃ་སྣོད་བཅུད་སྣང་སྲིད་རོ་བརྒྱ་ལྡན་པའི་ཟས༔ རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ནཻ་བེ་ཏེ་ཧཱུྃ༔ ཧཱུྃ་སྣོད་བཅུད་སྣང་སྲིད་དབང་དུ་བདེ་བའི་རིག༔ རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་སྤར་ཤེ་ཧཱུྃ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཧཱུྃ་གསང་མཆོད་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ གསང་མཆོད་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ཨ་དར་ཤེ་ཧཱུྃ༔ ཧཱུྃ་གསང་མཆོད་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་རྔ་ཟླུམ་སྒྲ་སྒྲོག་མ༔ གསང་མཆོད་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་མུ་ར་ཛེ་ཧཱུྃ༔ ཧཱུྃ་གསང་མཆོད་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོག་མ༔ གསང་མཆོད་བདེ་བའི་མཆོད་པ་བཞེས་སུ་གསོལ༔ (༡༠༣)ཨ་ཨཱ་བཛྲ་བྱི་ནི་ཧཱུྃ༔ ཧཱུྃ་གསང་མཆོད་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོག་མ༔ གསང་མཆོད་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་ཝཾ་སེ་ཧཱུྃ༔ ཧཱུྃ་གསང་མཆོད་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ༔ གསང་མཆོད་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱ་བཛྲ་མི་དྷེ་ཀེ་ཧཱུྃ༔ ཞེས་གསང་མཆོད་འབུལ་ལོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་མཐའ་བྲལ་ལུ་གུ་རྒྱུད༔ ཅིར་མི་དགོངས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཞེ་སྡང་རྣམ་ཤེས་རང་གྲོལ་དབྱིངས༔ མེ་ལོང་ཡེ་ཤེས་དཀར་གསལ་སྐུ༔ ཆུ་ཁམས་རྣམ་དག་ཡབ་ཡུམ་རོལ༔ མི་བསྐྱོད་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་འདོད་ཆགས་འདུ་ཤེས་རྣམ་དག་དབྱིངས༔ སོར་རྟོགས་ཡེ་ཤེས་དམར་གསལ་སྐུ༔ མེ་ཁམས་རྣམ་དག་ཡབ་ཡུམ་རོལ༔ སྣང་མཐའ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་གཏི་མུག་གཟུགས་ཁམས་རང་གྲོལ་དབྱིངས༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་སྐུ༔ ནམ་མཁའ་རྣམ་དག་ཡབ་ཡུམ་རོལ༔ རྣམ་སྣང་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ང་རྒྱལ་ཚོར་བ་རྣམ་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་སེར་གསལ་སྐུ༔ ས་ཁམས་རྣམ་དག་ཡབ་ཡུམ་རོལ༔ རིན་འབྱུང་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཕྲག་དོག་འདུ་བྱེད་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ལྗང་གསལ་སྐུ༔ རླུང་ཁམས་རྣམ་དག་ཡབ་ཡུམ་རོལ༔ དོན་གྲུབ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་མ་འགགས་རིག་རྩལ་སྒོ་མ་བཞི༔ དཀར་སེར་དམར་ལྗང་རིགས་ཀྱི་མདོག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཅེས་པ་དང༔ ཧཱུྃ་བླ་མ་ཀུན་བཟང་རིགས་ལྔ་ནི༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་སྒེག་བཞད་ལྡན༔ ཡེ་ཤེས་རང་མདངས་ཕྱི་ནང་མེད༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བསྟོད༔ སྙན་ཏིང་འུར་ཆོམ་རང་བྱུང་སྒྲ༔ གྲགས་སྟོང་དབྱེར་མེད་ཀུན་ལ་ཁྱབ༔ རིགས་ལྔ་ཡབ་ཡུམ་གསུང་ལ་བསྟོད༔ ཡེ་ཤེས་ཐིག་ལེ་ལུ་གུ་རྒྱུད༔ རིག་སྟོང་མཐའ་བྲལ་རང་བྱུང་གསལ༔ རིགས་ལྔ་ཡབ་ཡུམ་ཐུགས་ལ་བསྟོད༔ བདེ་སྟོང་ཡེ་ཤེས་ཀུན་ཁྱབ་དབྱིངས༔ སྡུག་བསྔལ་རང་གྲོལ་བདེ་བ་རྒྱས༔ རིགས་(༡༠༤)ལྔ་ཡབ་ཡུམ་ཡོན་ཏན་ཕྱག་འཚལ་བསྟོད༔ རིག་མདངས་སྟོང་གསལ་ཀུན་ལ་ཤར༔ མ་འགགས་རྩལ་རྫོགས་ཕྲིན་ལས་མཛད༔ རིགས་ལྔ་ཡབ་ཡུམ་ཕྲིན་ལས་ཕྱག་འཚལ་བསྟོད༔ ཅེས་པ་དང༔ བསྟོད་པ་གཞན་ཡང་བྱའོ༔ དེ་ནས་བཤགས་པ་བྱ་བ་ནི༔ གནོང་འགྱོད་སེམས་ཀྱིས་ཐལ་མོ་སྦྱར༔ ཧཱུྃ་བླ་མ་ཀུན་བཟང་རིགས་ལྔ་སོགས༔ ཡི་དམ་ཌཱཀྐི་ཆོས་སྐྱོང་དགོངས༔ བདག་ཅག་མ་རིག་དབང་གིས་སུ༔ སྐུ་གསུང་ཐུགས་དང་ཡན་ལག་སོགས༔ དམ་ཚིག་ཉམས་པར་གྱུར་པ་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཀློང་ཡངས་ངང་དུ་བཟོད་པར་བཞེས༔ ཞེས་པས་ཡི་གེ་བརྒྱ་པ་བརྗོད་དོ༔ དེ་ནས་སྐབས་ལ་བབ་ན་ལྷ་གཤེགས༔ བསྔོ་བ་དང་སྨོན་ལམ༔ བཀྲ་ཤིས་ལ་སོགས་པ་བྱའོ༔ བདེ་གཤེགས་རིགས་ལྔའི་མཆོད་འབུམ་འདི༔ ཕྱི་རབས་བསོད་ནམས་བསགས་ཕྱིར་བཀོད༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

རིགས་ལྔའི་གཏོར་མའི་ལག་ལེན།

༄༅། །རིགས་ལྔའི་གཏོར་མའི་ལག་ལེན་བཞུགས་སོ༔

༄༅༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ༔ གཏོར་མ་འབུལ་བའི་རིམ་པ་ནི༔ སྣོད་ཐོད་པའམ་རཏྣར་གཏོར་མ་འབྲུ་ལྔ་ལ་སོགས་པ་ལས་བྱས་ཏེ༔ རྒྱན་དུ་དཀར་དམར་དང་སྤོད་སྣ་ཚོགས་པས་བྲན་ལ༔ ཅི་འབྱོར་དུ་བཤམས་ཏེ༔ སྭ་བྷཱ་ཝས་སྟོང་པར་སྦྱངས༔ གཏོར་མའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར༔ དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར༔ དེའི་སྟེང་དུ་ཀྃ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དེའི་སྟེང་དུ་ཨ་ལས་ཟླ་བའི་ཁ་བཀབ༔ དབུས་སུ་རྡོ་རྗེ་རྩེ་ལྔ་པ་ལ་ཨོཾ་ཨཱཿཧཱུྃ་ཨ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿ སྔགས་དེ་རྣམས་ཀྱིས་མཚན་པ་གཅིག་བསམ༔ དེ་ནས་བདག་ཡི་དམ་ལྷའི་ཐུགས་ཀ་ནས་ས་བོན་ལས་འོད་ཟེར་འཕྲོས་པས་ཡྃ་ལ་ཕོག་པས་རླུང་གཡོས༔ རླུང་གིས་མེ་སྤར༔ མེས་ཐོད་པའི་བདུད་རྩི་ཁོལ་ནས་རླངས་པ་སྐུ་གསུང་ཐུགས་དང་རིགས་ལྔའི་ས་བོན་ལ་ཕོག་པས་རིགས་ལྔ་ཡབ་ཡུམ་དུ་གྱུར་ནས་སྙོམས་འཇུག་མཛད་(༡༠༥)པའི་བྱང་སེམས་དཀར་དམར༔ ཟླ་བའི་ཁ་བཀབ་རྡོ་རྗེ་དང་བཅས་པ་བདུད་རྩིར་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་སུ་མེད་པར་བསམ༔ དེ་ནས་ངག་ཏུ་ཡི་གེ་གསུམ་དང་ལྔ་པ་བརྗོད་པས༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་མ་ཡི་དམ་ཌཱཀྐི་ཆོས་སྐྱོང་རྣམས༔ སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་བབས་པས༔ ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བསམ༔ དེ་དག་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས༔ སླར་མགྲོན་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་མཆོད་པར་བསམ་ཞིང༔ ངག་ཏུ་ཨོཾ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཚོགས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་དབྱེར་མེད་རིགས་ལྔའི་ཚོགས༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཡི་དམ་ལྷ་ཚོགས་མ་ལུས་དང༔ དཔའ་བོ་ཌཱཀྐི་ཆོས་སྐྱོང་བཅས༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བྷ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བླ་མའི་ཚོགས་རྣམས་མཆོད་པ་བཞེས༔ ཡི་དམ་ཚོགས་རྣམས་མཆོད་པ་བཞེས༔ ཌཱཀྐིའི་ཚོགས་རྣམས་མཆོད་པ་བཞེས༔ ཆོས་སྐྱོང་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་མཆོད་པ་བཞེས༔ ཡུལ་ལྷ་གཏེར་བདག་ཚོགས་རྣམས་མཆོད་པ་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཞི་དང་རྒྱས་དང་དབང་དང་དྲག༔ དགུག་བསྐྲད་མནན་གཟིར་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི༔ པདྨ་ཌཱཀྐི་ནི༔ ཨི་དཾ་བྷ་ལིཾ་ཏ་གྷྲ྇་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨེ་ཡཾ་རཾ་བཾ་ལཾ༔ ཧ་རི་ནི་ས༔ རཱ་ཙ་ཧྲཱི་ཡ༔

མཧཱ་ཀཱ་ལ༔ མ་མ་རཀ་མོ༔ ཡ་མ་ར་ཙ༔ དུ་ཏྲི་ཕུ་ཏྲི་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་དང༔ རང་རང་གང་བྱེད་ཐམས་ཅད་ལ༔ རྩ་སྔགས་ཀྱིས་ལན་གསུམ་(༡༠༦)མམ་བདུན་གྱིས་འབུལ་ལོ༔ ཕྱི་གཏོར་ཐམས་ཅད་གཞན་དང་མཐུན་ནོ༔ གཏོར་མའི་ལག་ལེན་རྫོགས་སོ༔

རིགས་ལྔའི་ཚོགས་མཆོད།

༄༅༔ རིགས་ལྔའི་ཚོགས་མཆོད་བཞུགས་སོ༔

༄༅༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས་པ་དང༔ བར་ཆོད་བསལ་དང་དངོས་གྲུབ་འབྱུང་ཕྱིར་དུ༔ ཚོགས་ཀྱི་མཆོད་པའི་ཆོ་ག་བསྟན་པར་བྱ༔ དེ་ཡང་ཀློང་གསལ་རྒྱུད་དག་ལས༔ ཚོགས་མེད་གང་ཡང་འགྲུབ་མི་འགྱུར༔ ཞེས་པས༔ ཆོ་གའི་བྱེ་བྲག་ལ་སྤྱི་དོན་བཞི་སྟེ༔ དང་པོ་ཚོགས་ཀྱི་བྱེ་བྲག་ཤ་ཆང་ལ་སོགས་པའི་ཟས་སྣ་དང་ཡོ་བྱད་དཔག་ཏུ་མེད་པ་བཤམས་ལ་སྭ་བྷཱ་ཝའི་ཆུས་བསངས་ཏེ༔ ཚོགས་ཀྱི་དངོས་པོའི་དྲི་མ་སྦྱང་བ་ནི༔ ཧཱུྃ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་རྣམས༔ འབྱུང་བ་མེ་ཆུ་རླུང་གསུམ་གྱིས༔ བག་ཆགས་བསྲེག་སྦྱང་གཏོར་བའི་ཕྱིར༔ རཾ་ཡཾ་ཁཾ་ལས་འོད་འཕྲོས་པས༔ མེ་ཡིས་བསྲེག་དང་ཆུ་ཡིས་བཤལ༔ རླུང་གིས་གཏོར་བས་ཐམས་ཅད་དག༔ རཾ་ཡཾ་ཁཾ༔ ཞེས་ལན་གསུམ་བརྗོད་པས་ཐམས་ཅད་དག་པར་བསམ་མོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཨ་ཨཱཿཧཱུྃ༔ ཨ་ཧཱུྃ་ཏྲཱྃ་ཧྲཱི༔ ཨཱཿཡི་གེ་གསུམ་དང་ལྔ་པ་ཚོགས་ཀྱི་ནང་དུ་འཕྲོས་པས་ཚོགས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཨ༔ ཨ་དཀར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་འདིར༔ རྣམ་སྣང་ཡབ་ཡུམ་འཁོར་བཅས་གཤེགས༔ མེ་ལོང་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཧཱུྃ༔ ཧཱུྃ་སྔོན་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་འདིར༔ མི་བསྐྱོད་ཡབ་ཡུམ་འཁོར་བཅས་གཤེགས༔ མཉམ་ཉིད་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཏྲཱཾ༔ ཏྲཱཾ་སེར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་འབྱུང་ཡབ་ཡུམ་(༡༠༧)འཁོར་བཅས་གཤེགས༔ སོར་རྟོགས་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཧྲཱི༔ ཧྲཱི་དམར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ སོར་རྟོགས་ཡེ་ཤེས་དཀྱིལ་འཁོར་འདིར༔ སྣང་མཐའ་ཡབ་ཡུམ་འཁོར་བཅས་གཤེགས༔ ནན་ཏན་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཨཱ༔ ཨཱ་ལྗང་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་འདིར༔ དོན་གྲུབ་ཡབ་ཡུམ་འཁོར་བཅས་གཤེགས༔ བླ་མ་ཀུན་བཟང་ཡབ་ཡུམ་དང༔ རིག་འཛིན་ཡབ་ཡུམ་བརྒྱུད་པར་བཅས༔ ཨོ་རྒྱན་པདྨ་ཡབ་ཡུམ་དང༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ ཞི་ཁྲོ་ཁྲག་འཐུང་ཌཱཀྐིའི་ཚོགས༔ ཆོས་སྐྱོང་ལྷ་སྲིན་འཁོར་དང་བཅས༔ གཞི་བདག་དཀར་ཕྱོགས་ཐེག་ཆེན་རིགས༔ ཐམས་ཅད་ཡབ་ཡུམ་འཁོར་དང་བཅས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཅེས་ཚོགས་བྱིན་གྱིས་བརླབས་ཤིང་ཡུལ་སྤྱན་དྲངས་པའོ༔ དེ་ནས་ཚོགས་མཆོད་ཅིང་བསྟབ་པ་དང་བཤགས་ཤིང་དངོས་གྲུབ་ཞུ་བ་ནི༔ ཨ་ཨཱཿཧཱུྃ༔ ཨ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཚོགས༔ སྤྲུལ་སྐུ་རིག་འཛིན་མཁའ་སྤྱོད་བཞུགས༔ ཚོགས་ཀྱི་མཆོད་འབུལ་དངོས་གྲུབ་ཞུ༔ ཐུགས་དམ་གཉན་སྐོང་ཉམས་པ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ རིགས་ལྔ་ཡབ་ཡུམ་ཡི་དམ་ཚོགས༔ ཌཱཀྐི་དཔའ་བོ་དམ་ཅན་རྣམས༔ རྒྱལ་ཆེན་རིགས་བཞི་ཕྱོགས་སྐྱོང་བཅུ༔ སྣང་སྲིད་ལྷ་སྲིན་བསྟན་མར་བཅས༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་རྣམས༔ ཚོགས་ཀྱི་མཆོད་འབུལ་དངོས་གྲུབ་ཞུ༔ ཐུགས་དམ་གཉན་སྐོང་ཉམས་ཆག་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཅེས་བརྗོད་ཅིང་ཚོགས་མཆོད་ཚར་བའི་རྗེས་ལ༔ ཨ་ཨཱཿཧཱུྃ་གུ་རུ་དྷཱཀྐི་ནི་ཨ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿབཾ་ལཾ་རཾ་ཡཾ༔ ཨེ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཤྲཱི་མཧཱ་ཀཱ་ལ་མ་མ་རཀྨོོ་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ག་ཎ་ཙཀྲ་པུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ (༡༠༨)མཧཱ་སུ་ར་ཁཱ་ཧི༔ མཧཱ་མཾ་ས་ཁཱ་ཧི༔ མཧཱ་རཀྟ་ཁཱ་ཧི༔ མཧཱ་ཙིཏྟ་ཁཱ་ཧི༔ མཧཱ་གོ་རོ་ཙ་ན་ཁཱ་ཧི༔ མཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མཧཱ་བ་སུ་ཏ་ཁཱ་ཧི༔ མཧཱ་བ་ལིཾ་ཏ་ཁཱ་ཧི༔ སི་ཏི་ཧཱུྃ༔ ཞེས་རོལ་མོ་དང་བཅས་པས་འབུལ་ལོ༔ དེ་ནས་ཚོགས་གཏོར་ཕུལ་ལ་རྣལ་འབྱོར་ཕོ་མོ་རྣམས་དགོངས་པ་དང་ལྡན་པས་ཚོགས་ལ་རོལ་བར་བྱའོ༔ ལྷག་ཆོག་གཞན་དང་མཐུན་ནོ༔ རྒྱ་རྒྱ་རྒྱ༔

རང་བཞིན་ལྷ་ཡི་དཀྱིལ་འཁོར་ལ༔ མཆོད་ཕྱིར་ཚོགས་ཀྱི་ལས་རིམ་འདི༔ བསོད་ནམས་ཚོགས་ཆེན་བསགས་ཕྱིར་བཀོད༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ཀུན་ཀྱང་བསོད་ནམས་ཚོགས་རྫོགས་ནས༔ ཐེག་ཆེན་ས་ལ་འཁོད་པར་ཤོག༔ ཚོགས་ཀྱི་ལག་ལེན་བསྡུས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

མཁའ་འགྲོའི་ལས་བྱང་ཚོགས་མཆོད་རྩར་ཕྲེང་།

༄༅༔ མཁའ་འགྲོའི་ལས་བྱང་ཚོགས་མཆོད་རྩར་ཕྲེང་བཞུགས་སོ༔ འདི་ལེགས་པ་རང་གཅིག་གདའོ༔

༄༅༔ ཐ།ཐམཅ།ཧི༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་མ་མོ་མཁའ་འགྲོ་ཡི༔ ལས་བྱང་ཚོགས་མཆོད་རིམ་པ་བྲི༔ འདི་ལ་སྤྱི་དོན་བཅུ་བཞི་སྟེ༔ དང་པོ་བགེགས་གཏོར་སྦྱིན་ནས་ནི༔ བཀའ་བསྒོ་མཚམས་གཅོད་རིམ་པ་ནི༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལུས་ངག་ཡིད་ལ་གནོད་པའི་བགེགས༔ བར་ཆད་འབྱུང་པོ་ཐམས་ཅད་ཀུན༔ འདི་རུ་མ་གནས་གཞན་དུ་དེངས༔ ཧཱུྃ་ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་འཇིགས་བྱེད་འབར་བའི་སྐུ༔ སྐུ་གསུམ་ཉིད་ཀྱང་འཇོམས་པར་བྱེད༔ ང་ཡི་བཀའ་ལས་འདས་གྱུར་ན༔ ཐལ་བའི་རྡུལ་བཞིན་བརླག་པར་འགྱུར༔ ཨོཾ་ཤྲཱི་བཛྲ་ཧྱ་གྷྲི་ཝ་ར་ཙ་ཧྲཱི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ བཛྲ་སེང་ཧ་སེང་གེའི་གདོང༔ བཛྲ་བྱ་ཀྲི་སྟག་གདོང་མ༔ མཐིང་ནག་མཚོན་ཆ་མེ་འོད་འཕྲོ༔ གཏི་མུག་དབང་བསྒྱུར་ལས་མཁན་མ༔ སྟེང་འོག་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཀ་ཀ་མུ་ཁ་བྱ་རོག་གདོང༔ དཀར་གསལ་མཚོན་ཆ་མེ་འོད་(༡༠༩)འཕྲོ༔ ཞེ་སྡང་དབང་བསྒྱུར་ལས་མཁན་མ༔ ཤར་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཧུ་ལུ་མུ་ཁ་འུག་གདོང་མ༔ ལྗང་ནག་མཚོན་ཆ་མེ་འོད་འཕྲོ༔ ཕྲག་དོག་དབང་བསྒྱུར་ལས་མཁན་མ༔ བྱང་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཤྭ་ན་མུ་ཁ་ཁྱི་གདོང་མ༔ དམར་ནག་མཚོན་ཆ་མེ་འོད་འཕྲོ༔ འདོད་ཆགས་དབང་བསྒྱུར་ལས་མཁན་མ༔ ནུབ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ་རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ སུ་ར་ཀེ་སེང་ཕག་གདོང་མ༔ སེར་ནག་མཚོན་ཆ་མེ་འོད་འཕྲོ༔ ང་རྒྱལ་དབང་བསྒྱུར་ལས་མཁན་མ༔ ལྷོ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཅེས་མཚམས་བཅད༔ སུམ་བྷ་ནི་བཟླས་སོ༔

དེ་ནས་སྤྱན་དྲང་བ་ནི༔ ཧཱུྃ་ཆོས་དབྱིངས་གསལ་མདངས་ཀློང་དཀྱིལ་ནས༔ རིག་འཛིན་བརྒྱུད་པ་གཤེགས་སུ་གསོལ༔ སྐུ་དང་ཞིང་ཁམས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྣང་སྟོང་ཐིག་ལེའི་གཞལ་ཡས་ནས༔ རྟ་མགྲིན་ཡབ་ཡུམ་གཤེགས་སུ་གསོལ༔ རྩེ་མོ་རྣམ་བཀོད་བདེ་བའི་ཞིང༔ སུམ་བརྒྱ་དྲུག་ཅུའི་གཞལ་ཡས་ནས༔ རྡོ་རྗེ་ཌཱཀྐི་ཡབ་ཡུམ་རྣམས༔ སུམ་བརྒྱ་དྲུག་ཅུ་གཤེགས་སུ་གསོལ༔ མགྲིན་པ་རོ་འདུས་ལོངས་སྤྱོད་ཞིང༔ བཅུ་དྲུག་བཀོད་པའི་གཞལ་ཡས་ནས༔ རིན་ཆེན་ཌཱཀྐི་ཡབ་ཡུམ་རྣམས༔ བཅུ་དྲུག་མ་ལུས་གཤེགས་སུ་གསོལ༔ དྲན་པ་རྣམ་བཀོད་ཆོས་ཀྱི་ཞིང༔ སུམ་ཅུ་རྩ་གཉིས་གཞལ་ཡས་ནས༔ སངས་རྒྱས་ཌཱཀྐི་ཡབ་ཡུམ་རྣམས༔ སུམ་ཅུ་རྩ་གཉིས་གཤེགས་སུ་གསོལ༔ སྐྱེད་བྱེད་དྲུག་ཅུ་སྤྲུལ་པའི་ཞིང༔ དྲུག་ཅུ་རྩ་བཞིའི་གཞལ་ཡས་ནས༔ པདྨ་ཌཱཀྐི་ཡབ་ཡུམ་རྣམས༔ དྲུག་ཅུ་རྩ་བཞི་གཤེགས་སུ་གསོལ༔ མྱོང་བྱེད་རྣམ་བཀོད་བདེ་བའི་ཞིང༔ ཉི་ཤུ་རྩ་བརྒྱད་གཞལ་ཡས་ནས༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་ནི༔ ཉི་ཤུ་རྩ་བརྒྱད་གཤེགས་སུ་གསོལ༔ རྩ་ཁམས་རང་བཞིན་གནས་པའི་ཞིང༔ བཀོད་པ་ལུས་ཀྱི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་བྱེ་བ་སྟོང༔ མ་ལུས་འཁོར་བཅས་(༡༡༠)གཤེགས་སུ་གསོལ༔ དེ་དག་ཀུན་གྱི་བཀའ་འཁོར་ན༔ ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ཆེན་བརྒྱད༔ སྟོང་གསུམ་འཇིག་རྟེན་ཁམས་དག་ན༔ གནས་བཞུགས་རིགས་བསྡུས་མ་སྲིང་ཚོགས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ས་མ་ཡ་བི་ཤྭ་ལོ་ཀ་ཌཱཀྐི་ནི་ས་མ་ཡ་ཛཿཧཱུྃ་བྃ་ཧོ༔ ཕཻཾ་ཕཻཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་སྤྱན་དྲང་ངོ་༔

དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགནས་ལྔ་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་དུ༔ ཐབས་ཤེས་ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་བདེ་གཤེགས་ཌཱཀྐིའི་ཚོགས་རྣམས་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་བཙལ་བ་ནི༔ ཧཱུྃ་དུས་གསུམ་བླ་མ་ཡི་དམ་ཌཱཀྐི་མ༔ ཆོས་ཉིད་རྣམ་དག་གཙོ་འཁོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཞེས་ཕྱག་བྱའོ༔

དེ་ནས་མཆོད་པ་འབུལ་བ་ནི༔ དང་པོ་ཕྱི་ཡི་མཆོད་པ་ལ༔ ཨ་ཨཱཿཧཱུྃ་ཧྲཱི༔ བླ་མ་བདེ་གཤེགས་ཌཱཀྐི་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ ཡིད་འོང་ཆབ་བསིལ་ཐུགས་ཁར་འབུལ༔ ཞལ་ཟས་རོ་མཆོག་ལྗགས་ལ་འབུལ༔ རོལ་མོ་སྣ་ཚོགས་སྙན་ལ་འབུལ༔ འགྲོ་བའི་དོན་དུ་མཆོད་དོ་བཞེས༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨ་ཨཱཿཧཱུྃ་ཧྲཱི༔ བླ་མ་བདེ་གཤེགས་ཌཱཀྐི་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་དྲི་ཡི་བདུག་སྤོས་མཆོད༔ ཞུན་ཆེན་སྣང་གསལ་མར་མེ་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་རྔ་དྲིལ་བུས་མཆོད༔ བྱང་སེམས་དཀར་དམར་བདུད་རྩིས་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ དུས་གསུམ་སྐུ་གསུང་ཐུགས་སུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཨ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ འཁྲིལ་(༡༡༡)སྦྱོར་བྱང་ཆུབ་སེམས་ཀྱིས་མཆོད༔ བདེ་བའི་རོ་སྙོམས་མཆོད་པར་བཞེས༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཨ་ཨཱཿཧཱུྃ་ཧྲཱི༔ བླ་མ་བདེ་གཤེགས་ཌཱཀྐི་ལ༔ ཡེ་ཤེས་མཆོད་པ་འབུལ་བ་ནི༔ བདེ་གསལ་རིག་པ་མི་རྟོག་སྣང༔ སྣང་བ་སྣ་ཚོགས་ཐམས་ཅད་ཀུན༔ བདེ་སྟོང་གསལ་སྟོང་རིག་པ་སྟོང༔ མི་རྟོག་སྣང་བ་རང་བཞིན་སྟོང༔ ཡེ་ཤེས་ལྔ་ལྡན་ངང་དུ་བཞེས༔ དེ་ནས་བདུད་རྩིའི་མཆོད་པ་ནི༔ ཨ་ཨཱཿཧཱུྃ་ཧྲཱི༔ བླ་མ་བདེ་གཤེགས་ཌཱཀྐི་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲ྇་ཏ༔ དུག་ལྔ་གནས་བསྒྱུར་ཡེ་ཤེས་བསྒྲུབ་པའི་རྫས༔ རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི༔ གསོལ་ལོ་མཆོད་དོ་འགྲོ་བའི་དོན་ལ་བཞེས༔ སརྦ་པཉྩ་ཨ་མྲ྇་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་གཏོར་མའི་མཆོད་པ་ནི༔ ཨ་ཨཱཿཧཱུྃ༔ བླ་མ་བདེ་གཤེགས་ཌཱཀྐི་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ ཞལ་ཟས་སྣ་ཚོགས་གཏོར་ཆེན་ལ༔ ཤ་ལྔ་བདུད་རྩི་ལྔ་རྒྱན་ལྡན༔ དྲི་མཆོག་རོ་བརྒྱ་ལྡན་པ་ཡི༔ བ་ལིཾ་རྒྱན་ཅན་གཏོར་མ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔

དེ་ནས་ཚོགས་ཀྱི་མཆོད་པ་ནི༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་གྱི་ཚོགས་མཆོད་འདི་ལ་བཅུར་གནས་པ་ལས༔ དང་པོ་ཕྲིན་གདགས་པ་ནི༔ ཧོ་གསན་ཅིང་དགོངས་སུ་གསོལ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང་དཀྱིལ་ནས༔ འགྲོ་བ་འདུལ་བའི་བཅོམ་ལྡན་འདས་དཔལ་ཆེན་རྟ་མགྲིན་ཡབ་ཡུམ་མཁའ་འགྲོ་འབུམ་ཚོ་ཡབ་ཡུམ་འཁོར་དང་བཅས་པ་མ་ལུས་གསན་ཅིང་དགོངས་སུ་གསོལ༔ ཅེས་བྱའོ༔ དེ་ནས་གཉིས་པ་ཚོགས་ཀྱི་དྲི་མ་སྦྱང་བ་ནི༔ ཚོགས་ལ་བསང་ཆུ་གཏོར་ལ༔ སྭ་བྷཱ་ཝའི་སྔགས་བརྗོད༔ ཧཱུྃ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་རྣམས་སྒྱུ་མར་རིག་བྱའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་ཀུན༔ ཡི་གེ་རཾ་ཡཾ་ཁཾ་གསུམ་གྱིས༔ བསྲེག་ཅིང་བཀྲུས་ཏེ་གཏོར་བར་བྱ༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཁཾ་ཡཾ༔ སྭཱ་ཧཱ༔ ཞེས་བརྗོད་པས་དག་པར་བསམ་མོ༔ ཨ་ཨཱཿཧཱུྃ་ཧྲཱིཿཏྲཱྃ༔ ཡེ་ཤེས་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ལྔ༔ ཡི་གེ་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་འོད་དུ་ལྟེམ་གྱིས་(༡༡༢)ཞུ༔ འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་བྱིན་གྱིས་བརླབ་བོ༔ གསུམ་པ་ཡུལ་སྤྱན་དྲང་བ་ནི༔ ལས་བྱང་གི་སྤྱན་འདྲེན་ལ༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཅེས་བཏགས༔ དབྱངས་རྟ་སྙན་པོས་སྤྱན་དྲངས་སོ༔ བཞི་པ་མཆོད་ཅིང་བསྟབ་པ་ནི༔ ཧཱུྃ་དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ རྟ་མགྲིན་ཡབ་ཡུམ་གཙོ་འཁོར་བཅས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་གཙོ་འཁོར་བཅས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དེ་སོགས་ཌཱཀྐིའི་རིགས་གྱུར་མ་ལུས་ཀུན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དམ་ཚིག་ཤ་ཟ་འཇིག་རྟེན་མཁའ་འགྲོ་ཚོགས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ འཇིག་རྟེན་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་མཧཱ་ཀཱ་ལ་མ་མ་རག་མོ་དུ་ཏྲི་ཕུ་ཏྲི་ཡ་མ་ར་ཙ་ག་ཎ་ཙཀྲ་པུ་ཙ་ཁཱ་ཧི༔ མཧཱ་ཙིཏྟ་ཁཱ་ཧི༔ མཧཱ་རཀྟ་ཁཱ་ཧི༔ མཧཱ་གོ་རོ་ཙ་ན་ཁཱ་ཧི༔ མཧཱ་བ་སུ་ཏ་ཁཱ་ཧི༔ མཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མཧཱ་པཉྩ་ཨ་མྲ྇་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་འབུལ་ལོ༔ ལྔ་པ་ཚོགས་ཀྱིས་བསྐང་བ་ནི༔ ཧཱུྃ་བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ དུས་གསུམ་བླ་མ་ཡི་དམ་ཡང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་ཡང༔ ཞལ་ཟས་ཚོགས་གཏོར་མཆོད་(༡༡༣)པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཌཱཀྐི་སྡེ་ལྔ་ཡབ་ཡུམ་འཁོར་བཅས་ཀྱང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ སྣང་གསལ་མཁའ་འགྲོ་མ་ལུས་ཐམས་ཅད་ཀྱང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཆོས་སྐྱོང་སྲུང་མ་མ་ལུས་འཁོར་བཅས་ཀྱང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ སྣང་སྲིད་ལྷ་འདྲེ་མ་ལུས་འཁོར་བཅས་ཀྱང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པ་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་བསྐང་ངོ་༔ དྲུག་པ་ཚོགས་ཀྱི་བཤགས་པ་བྱ་བ་ནི༔ གོང་གི་བཤགས་པ་ལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ ཞལ་ཟས་ཚོགས་གཏོར་མཆོད་པས་སོ་སོར་བཤགས༔ ཞེས་བཏགས་ལ་བཤགས་པ་བྱའོ༔ བདུན་པ་ལིངྒ་བསྒྲལ་བ་ནི༔ ཚོགས་ཕུད་ཆ་ཐ་མ་ལ་དགྲ་བགེགས་ཀྱི་ལིང་ག་བཅས་ལ་ལྕགས་ཀྱུའི་ཕྱག་རྒྱས༔ ཨ་མུ་ཀ་ནྲ྇་ཨཾ་གུ་ཤ་ཛ༔ ཞེས་པས་ཡུལ་གང་ཡིན་གྱི་རྣམ་པར་ཤེས་པ་བཀུག་ལ༔ བཛྲ་པཱ་ཤ་ཧཱུྃ༔ ཞེས་ཞགས་པའི་ཕྱག་རྒྱས་བཅིངས༔ བཛྲ་སྥོ་ཊ་བཾ༔ ཞེས་པ་ལྕགས་(༡༡༤)སྒྲོག་གི་ཕྱག་རྒྱས་བསྡམས༔ བཛྲ་གྷཎྜེ་ཧོ༔ ཞེས་དྲིལ་བུའི་ཕྱག་རྒྱས་གཟུགས་དང་རྣམ་ཤེས་དབྱེར་མེད་དུ་བསྲེའོ༔ དེ་ནས་ངག་ཏུ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་བདག་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ་སྟོད་གཞུང་དང་མཐུན་པ༔ སྨད་ཕུར་པ་ལྕགས་སོལ་མེ་ནས་བཏོན་པ་ལྟ་བུར་བསམ་ལ་འདི་སྐད་དོ༔ ཧཱུྃ་ང་ནི་རྟ་མགྲིན་ཡབ་ཡུམ་སྟེ༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཀུན་ཀྱང་མི་བཟད་འཇིགས་པའི་གཟུགས༔ དམར་ནག་མེ་ཡི་མཚོན་ཆ་འཕྲོ༔ ཁྲོ་བོའི་གཟུགས་ཀྱིས་ནམ་མཁའ་གང༔ སྟོད་ནི་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་ངར་མའི་ཕུར་པ་འདྲིལ༔ སྨད་ནི་ཡེ་ཤེས་ཕུར་པ་སྟེ༔ ནམ་མཁའི་མཐོངས་ནས་འདྲིལ་ཞིང་འདེབས༔ དྲག་པོར་བསྒྱུར་བའི་ཕུར་པ་སྟེ༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་དགྲ་བགེགས་སྨོས་ཅི་དགོས༔ གཟིར་བ་ཙམ་གྱིས་རྡུལ་དུ་རློག༔ ཧཱུྃ་ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ༔ ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་རྣམས༔ ཕྱག་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ རྒྱ་མདུད་རྩེ་ནས་འབྲུག་སྟོང་ལྡིར༔ ཆང་ཟུང་མཚམས་ནས་གློག་སྟོང་འཁྱུགས༔ ཆུ་སྲིན་ཁ་ནས་ཚ་ཚ་འཕྲོ༔ རྩེ་མོ་མཚོན་ཆ་འོད་ཟེར་འགྱེད༔ དགྲ་བགེགས་སྟེང་དུ་མཱ་ར་ཡ༔ ཨ་མུ་ཀ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླང་ངོ་༔

དེ་ནས་བརྒྱད་པ་བསྒྲལ་བ་དངོས་ལ་དྲུག་ལས༔ དང་པོ་ལྷ་དང་དབྱེ་བ་ནི༔ བྷྱོ་རྣ་ཉན་ཆེན་པོ་ཕྲ་མ་མཁན༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འགོ་བའི་ལྷ་དང་བྲལ་བར་གྱིས༔ ཆྒཻ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕཊ༔ གཉིས་པ་གཟུགས་ལ་དབབ་པ་ནི༔ བྷྱོ་ལས་མཁན་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རྣམ་ཤེས་སྲོག་ལ་རྣམ་པར་ཕོབ༔ ཨ་མུ་ཀ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ གསུམ་པ་བྱད་དུ་གཞུག་པ་ནི༔ བྷྱོ་འཆིང་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་སྡོམས་ཤིག་རྣམ་པར་ཆིངས༔ ཨ་མུ་ཀ་ཤྲི་ཀྲི་ཨ་ན་ཡ་ཧཱུྃ་(༡༡༥)ཕཊ༔ བཞི་པ་སྨྱོ་རུ་གཞུག་པ་ནི༔ བྷྱོ་སྨྱོ་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་ཡིད་གསུམ་སྨྱོས་པར་གྱིས༔ ཨ་མུ་ཀ་ཛ་ལ་ས་མ་ཡ་ཧཱུྃ་ཕཊ༔ ལྔ་པ་གཏུན་དུ་བརྡུང་བ་ནི༔ བྷྱོ་རྡུང་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རྡུངས༔ ཨ་མུ་ཀ་བྷིན་དྷ་ཡ་ཧཱུྃ་ཕཊ༔ དྲུག་པ་ཞལ་ཕྱེ་བ་ནི༔ བྷྱོ་གདུག་པ་སྒྲོལ་མཁས་ཌཱཀྐི་ཡུམ་གྱི་ཚོགས༔ དགྲ་བགེགས་ཤ་ནི་ཟན་བས་ཞིམ༔ དགྲ་བགེགས་ཁྲག་ནི་ཆང་བས་ཞིམ༔ དགྲ་བགེགས་རུས་པར་མར་བས་བཞུན༔ དུག་གསུམ་མཆོད་པ་འབུལ་བའི་ཕྱིར༔ མ་ལུས་འཁོར་བཅས་ཞལ་ཕྱེས་ཤིག༔ དེ་ནས་བདུན་པ་ཞལ་དུ་བསྟབ་པ་ནི༔ བྷྱོ་དགྲ་བགེགས་བསྒྲལ་བའི་དུག་གསུམ་མཆོད་པ་འདི༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་སྡེ་བཞི་ཡབ་ཡུམ་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ འཁོར་གྱི་མཁའ་འགྲོ་ལས་མཁན་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སྲུང་མ་སྡེ་བརྒྱད་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བསྒྲལ་བའི་མཆོད་པ་འདི་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ༔ རྐྱེན་དང་བར་ཆད་བཟློག་ཏུ་གསོལ༔ མཧཱ་རཱུ་ཏྲ་ཨུ་ཙ་ཏ་ཁཱ་ཧི༔ མཧཱ་མཾ་ས་ཁཱ་ཧི༔ རཀྟ་ཁཱ་ཧི༔ ཙིཏྟ་ཁཱ་ཧི༔ གོ་རོ་ཙ་ན་ཁཱ་ཧི༔ ཀིཾ་ནི་རི་ཏི་ཁཱ་ཧི༔ བ་སུ་ཏ་ཁཱ་ཧི༔ མཧཱ་པཉྩ་ཁཱ་ཧི༔ ཨ་མྲ྇་ཏ་ཁཱ་ཧི༔ བྷ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་འབུལ་ལོ༔ བཅུ་པ་ཚོགས་ལ་རོལ་ཅིང་ལྷག་མའི་ཆོ་ག་བྱའོ༔ བསྟོད་པ་བྱ་བ་ནི་མངོན་རྟོགས་བཞིན་ནོ༔

དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ་དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ ཡེ་ནས་བདག་དང་དབྱེ་བ་མེད་པ་ལ༔ མ་རིག་དབང་གིས་སྣང་སྟོང་གཉིས་སུ་འཐས༔ གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་བགྱིས་པ༔ རང་མདངས་རིག་པའི་ཀློང་དུ་(༡༡༦)མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་རྡོ་རྗེ་ཌཱཀྐི་ཡབ་ཡུམ་གཙོ་འཁོར་བཅས༔ སུམ་བརྒྱ་དྲུག་ཅུ་གསན་ཅིང་དགོངས་སུ་གསོལ༔ ལྟ་བ་མ་རྟོགས་ལོག་དང་རྟོགས་རྫུས་བཏབ༔ ཁ་ལྟ་བདུད་དབང་སོང་དང་ལོག་པར་བལྟས༔ ཡིད་དཔྱོད་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་བཅས༔ ཡབ་ཡུམ་བཅུ་དྲུག་གསན་ཅིང་དགོངས་སུ་གསོལ༔ མཉམ་བཞག་ཏིང་འཛིན་དོན་ལས་གཡེལ་གྱུར་ཏེ༔ མ་གསལ་མ་རིག་བསྐྱེད་རྫོགས་དོན་མ་བསྒོམས༔ གསལ་སྟོང་བདེ་ཆེན་ངང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་པདྨ་ཌཱཀྐི་ཡབ་ཡུམ་གཙོ་འཁོར་བཅས༔ དྲུག་ཅུ་རྩ་བཞི་གསན་ཅིང་དགོངས་སུ་གསོལ༔ དུས་ལ་མ་བབ་སྤྱོད་པ་ཆོས་དང་འགལ༔ མ་རིག་དབང་གིས་བཙོག་པར་ཅི་སྤྱད་པ༔ དམིགས་མེད་ཤར་གྲོལ་ཀློང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་བཅས༔ སུམ་ཅུ་རྩ་གཉིས་གསན་ཅིང་དགོངས་སུ་གསོལ༔ ཡང་དག་དོན་གྱི་གནས་ལུགས་མ་ཤེས་ཏེ༔ ཐེ་ཚོམ་དབང་གིས་འབྲས་བུའི་དོན་དང་འགལ༔ རེ་དོགས་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གཙོ་འཁོར་བཅས༔ ཉི་ཤུ་རྩ་བརྒྱད་གསན་ཅིང་དགོངས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་སྲུང་སྡོམ་དོན་མ་ཤེས༔ བྱ་བ་ཀུན་ནས་ལོག་པ་ཅི་བགྱིས་པ༔ ཀུན་མཁྱེན་གསལ་བའི་ཀློང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཀཻ་རཱི་མ་བརྒྱད་སེངྷ་ཕྲ་མེན་བརྒྱད༔ སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད༔ ལང་ཀ་བརྒྱད་དང་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་ཕོ་ཉ་དྲུག་ཅུ་བཞི༔ བསྟན་མ་ལོ་ཀ་ལས་ལ་གྲུབ་པ་སོགས༔ ཀུན་གྱི་ཐུགས་དང་འགལ་གྱུར་ཅི་མཆིས་པ༔ ཕྱི་ནང་གསང་བ་བདུད་རྩི་གཏོར་ཚོགས་དང༔ ལྟ་སྒོམ་སྤྱོད་པ་ཏིང་འཛིན་ཐུགས་དམ་བསྐང༔ (༡༡༧)ཐུགས་དམ་གཉན་སྐོང་ཉམས་བཤགས་དངོས་གྲུབ་ཞུ༔ བདག་གིས་བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ༔ ཅེས་ཡི་གེ་བརྒྱ་པ་བཟླས་སོ༔

དེ་ནས་ཕྱི་ནང་གི་མཁའ་འགྲོ་མ་ལ་ཕྲིན་ལས་བསྐུལ་བ་ནི༔ བྷྱོ་ཆོས་དབྱིངས་འགྱུར་མེད་བདེ་ཆེན་ཀློང༔ སྣ་ཚོགས་སྤྲུལ་པ་འགྲོ་བའི་ཞིང༔ སྟོང་གསལ་ལོངས་སྤྱོད་ཌཱཀྐི་མ༔ ལྕང་ལོ་དུང་ཁང་གཞལ་ཡས་ན༔ སུམ་བརྒྱ་དྲུག་ཅུའི་དཀྱིལ་འཁོར་ནི༔ འདབ་བཞི་ཆོས་འབྱུང་དཀར་གསལ་དབུས༔ ཐབས་ཤེས་པདྨ་ཉི་ཟླ་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ནི༔ གཙོ་འཁོར་སུམ་བརྒྱ་དྲུག་ཅུ་སྟེ༔ སྐུ་མདོག་དཀར་གསལ་མེ་ལོང་སྐུ༔ ཞེ་སྡང་འཇོམས་ཕྱིར་ཐོད་ཁྲག་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་ལྟ༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབ་མ་འཐོར༔ ཚོགས་གཏོར་མཆོད་པ་འདི་གསོལ་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ ཧཱུྃ་མགྲིན་པ་ལོངས་སྤྱོད་གཞལ་ཡས་ན༔ བཅུ་དྲུག་བཀོད་པའི་དཀྱིལ་འཁོར་ནི༔ འདབ་བཞི་ཆོས་འབྱུང་གེ་སར་དབུས༔ ཐབས་ཤེས་པདྨ་ཉི་ཟླ་ལ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་ནི༔ གཙོ་འཁོར་བརྒྱད་གཉིས་བཅུ་དྲུག་སྟེ༔ སྐུ་མདོག་སེར་གསལ་མཉམ་ཉིད་སྐུ༔ ང་རྒྱལ་འཇོམས་ཕྱིར་ཐོད་ཁྲག་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་ལྟ༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབ་མ་འཐོར༔ ཚོགས་གཏོར་མཆོད་པ་འདི་གསོལ་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ བྷྱོ་དྲན་པ་རྣམ་བཀོད་གཞལ་ཡས་ན༔ སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ནི༔ འདབ་བཞི་ཆོས་འབྱུང་མཐིང་གསལ་དབུས༔ ཐབས་ཤེས་པདྨ་ཉི་ཟླ་ལ༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ནི༔ གཙོ་འཁོར་སུམ་ཅུ་རྩ་གཉིས་ཏེ༔ སྐུ་མདོག་མཐིང་གསལ་ཆོས་དབྱིངས་སྐུ༔ གཏི་མུག་འཇོམས་ཕྱིར་ཐོད་ཁྲག་དཀྲུགས༔ སྤྱན་གསུམ་དགྲ་ལ་སྡང་མིག་ལྟ༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ (༡༡༨)ཤངས་ནས་ནད་ཀྱི་འཚུབ་མ་འཐོར༔ ཚོགས་གཏོར་མཆོད་པ་འདི་གསོལ་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ བྷྱོ་སྐྱེད་བྱེད་སྤྲུལ་པའི་གཞལ་ཡས་ན༔ དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ནི༔ འདབ་བཞི་ཆོས་འབྱུང་དམར་གསལ་དབུས༔ ཐབས་ཤེས་པདྨ་ཉི་ཟླ་ལ༔ པདྨ་ཌཱཀྐི་ཡབ་ཡུམ་ནི༔ གཙོ་འཁོར་དྲུག་ཅུ་རྩ་བཞི་སྟེ༔ སྐུ་མདོག་དམར་གསལ་སོར་རྟོགས་སྐུ༔ འདོད་ཆགས་འཇོམས་ཕྱིར་ཐོད་ཁྲག་དཀྲུགས༔ སྤྱན་གསུམ་དགྲ་ལ་སྡང་མིག་ལྟ༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབ་མ་འཐོར༔ ཚོགས་གཏོར་མཆོད་པ་འདི་གསོལ་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ བྷྱོ་མྱོང་བྱེད་བདེ་ཆེན་གཞལ་ཡས་ན༔ ཉི་ཤུ་རྩ་བརྒྱད་དཀྱིལ་འཁོར་ནི༔ འདབ་བཞི་ཆོས་འབྱུང་ལྗང་གསལ་དབུས༔ ཐབས་ཤེས་པདྨ་ཉི་ཟླ་ལ༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་ནི༔ གཙོ་འཁོར་ཉི་ཤུ་རྩ་བརྒྱད་དེ༔ སྐུ་མདོག་ལྗང་གསལ་བྱ་གྲུབ་སྐུ༔ ཕྲག་དོག་འཇོམས་ཕྱིར་ཐོད་ཁྲག་དཀྲུགས༔ སྤྱན་གསུམ་དགྲ་ལ་སྡང་མིག་ལྟ༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབ་མ་འཐོར༔ ཚོགས་གཏོར་མཆོད་པ་འདི་གསོལ་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ དེ་ནི་ནང་རིག་པའི་ལྷ་ལྔ་བརྒྱ་དང་བདུན་ཅུ་རྩ་གཉིས་ཕྲིན་ལས་ལ་བསྐུལ་བ་ཡིན་ནོ༔

ད་ནི་ཡབ་ཡུམ་སྐུའི་དཀྱིལ་འཁོར་གྱི་མཁའ་འགྲོ་འབུམ་ཚོ་ཉི་ཤུ་བསྐུལ་བ་ནི༔ བྷྱོ་དུར་ཁྲོད་རབ་འཇིགས་ནགས་མའི་གླིང༔ རྩུབ་འགྱུར་ལྕང་ལོ་ཅན་གྱི་གནས༔ རུས་དང་རྣག་ཁྲག་མཚོན་ཆའི་ཚལ༔ ཤ་ཟན་བྱ་སྤྱང་མང་པོའི་གནས༔ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང༔ ཕྱག་ན་རྡོ་རྗེ་སྐྱི་གཡའི་གནས༔ དེ་ལྟ་བུ་ཡི་གནས་མཆོག་ན༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ རྡོ་རྗེ་ཕག་མོ་ཡབ་ཡུམ་བཞུགས༔ ཡབ་(༡༡༩)ཡུམ་འཁྲིལ་བའི་སྤྱི་གཙུག་ན༔ ཕག་ཞལ་རྟ་གདོང་ལྗང་ནག་ལས༔ དགྲ་ལ་ཁྲག་ནད་གཏོང་བའི་མཁའ་འགྲོ་འབུམ༔ ཡབ་ཡུམ་ཁྲོ་ཞལ་གཉིས་མེད་སྦྱོར་བ་ལས༔ བདེ་གཤེགས་ལས་ལ་བསྐུལ་བའི་མཁའ་འགྲོ་འབུམ༔ ཡབ་ཡུམ་དབུ་ལ་ཐོད་ལྔས་བརྒྱན་པ་ལས༔ རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ ཡབ་ཡུམ་དབུ་ཡི་ཐོར་གཙུག་འཁྱིལ་པ་ལས༔ བདེ་གཤེགས་དགོངས་པ་བསྐུལ་བའི་མཁའ་འགྲོ་འབུམ༔ ཡབ་ཡུམ་ཕྱག་གཡས་གྲི་གུག་བསྣམས་པ་ལས༔ སྲོག་གཅོད་བདུད་ལེན་བྱེད་པའི་མཁའ་འགྲོ་འབུམ༔ གཡོན་གཉིས་བྷན་དྷ་ཁྲག་ཅན་བསྣམས་པ་ལས༔ ཁྲག་ནད་གཟེར་ཐབས་གཏོང་བའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་བཅུག་པ་ལས༔ ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ༔ དེ་ལ་རྡོ་རྗེ་རྩེ་ལྔས་བརྒྱན་པ་ལས༔ དོན་དམ་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ༔ ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས༔ སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ དར་གྱི་འཕུར་ལྕེ་རབ་ཏུ་མཛེས་པ་ལས༔ བདུད་ཀྱི་དམག་དཔུང་འཇོམས་པའི་མཁའ་འགྲོ་འབུམ༔ གསེར་གྱི་དྲིལ་བུ་རྔ་དུང་འཕྱང་བ་ལས༔ སྙན་བརྒྱུད་གདམས་པ་འཛིན་པའི་མཁའ་འགྲོ་འབུམ༔ ཡུ་བ་དཀར་པོ་དྲང་ཞིང་འདྲིལ་བ་ལས༔ ལྷ་མིན་གཡུལ་ངོ་བཟློག་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ་ལས༔ འདུ་བྱེད་ལྔ་བཅུ་ཟད་པའི་མཁའ་འགྲོ་འབུམ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ལས༔ ཕར་ཕྱིན་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ༔ ཡབ་ཡུམ་གཉིས་མེད་(༡༢༠)འཁྲིལ་བར་སྦྱོར་བ་ལས༔ རྟོག་མེད་བདེ་ཆེན་རྟོགས་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ གཅེར་བུ་སྐྲ་གྲོལ་འགྱིང་ཞིང་བརྗིད་པ་ལས༔ སྟོང་ཉིད་ཡེ་ཤེས་རྟོགས་པའི་མཁའ་འགྲོ་འབུམ༔ ཞབས་བཞི་བརྐྱང་བསྐུམ་རྩེ་གཅིག་བཞུགས་པ་ལས༔ ཕ་རོལ་ས་བཅུ་གནོན་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ རོ་ཡི་གདན་ལ་རབ་ཏུ་བཞུགས་པ་ལས༔ དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ལས༔ ཐབས་ཤེས་མཐར་ཕྱིན་མུན་སེལ་མཁའ་འགྲོ་འབུམ༔ སྐུ་ཡི་རྒྱན་རྣམས་རབ་ཏུ་རྫོགས་པ་ལས༔ ཆེ་བཙན་འགྲན་ཟླ་བྲལ་བའི་མཁའ་འགྲོ་འབུམ༔ བསྐལ་པའི་མེ་རི་རབ་ཏུ་འཁྲུགས་པ་ལས༔ མ་རིག་རྟོག་མཐའ་སྲེག་པའི་མཁའ་འགྲོ་འབུམ༔ འཁོར་དུ་ཌཱཀྐི་མང་པོས་བསྐོར་བ་ལས༔ སྣ་ཚོགས་ཕྲིན་ལས་མཛད་པའི་མཁའ་འགྲོ་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ དོ་ནུབ་སྡང་བའི་དགྲ་ལ་བྷྱོ༔ དོ་ནུབ་གནོད་པའི་བགེགས་ལ་བྷྱོ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཁའ་འགྲོ་འབུམ་ཚོ་ཉི་ཤུ་བསྐུལ་བའོ༔ འདི་གཉན་པས་ཚོགས་དང་གཏོར་མའི་དུས་མིན་པར་བྱ་མི་ཉན་ནོ༔

དེ་ནས་སྣ་ཚོགས་ཀྱི་ཌཱཀྐི་བསྐུལ་བ་ནི༔ བྷྱོ་མཁའ་དབྱིངས་བདེ་བ་ཆེན་པོ་ནས༔ ཡེ་ཤེས་ཌཱཀྐི་བྱེ་བ་འབུམ༔ རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ༔ རིན་ཆེན་མཁའ་འགྲོ་ས་མ་ཏི༔ པདྨ་མཁའ་འགྲོ་བདེ་ཆེན་མ༔ ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག༔ ཀུན་ཀྱང་ཆ་ལུགས་འདི་འདྲ་སྟེ༔ སྐུ་མདོག་གཅིག་ཏུ་མ་ངེས་ཏེ༔ དཀར་སེར་དམར་ལྗང་མཐིང་མུན་མདོག༔ སྔོ་སྐྱ་ཁྲ་མོ་ཐལ་བའི་མདོག༔ ཕྱག་མཚན་གཅིག་ཏུ་མ་ངེས་ཏེ༔ གྲི་གུག་ཁ་ཊྭཱཾ་ཐོད་པ་འཛིན༔ རྔ་ཆུང་རྟོག་འཇོམས་མཚོན་ཆ་ཐོགས༔ རོལ་མོའི་སྒྲ་དང་རྒྱན་ཆ་ཐོགས༔ བདུད་རྩི་མཆོད་པ་རོལ་ཞིང་སྟོབ༔ དུར་ཁྲོད་རྒྱན་(༡༢༡)ལ་མཛེས་པའི་གཟུགས༔ སྐེད་པ་དྲིལ་བུ་གཡེར་ཁས་བརྒྱན༔ དར་དཔྱངས་རུས་པའི་རྒྱན་དྲུག་གསོལ༔ སྙན་པའི་སྒྲ་སྒྲོག་སི་ལི་ལི༔ དབུ་རྒྱན་དར་གྱི་ཅོད་པན་ཅན༔ རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ མཁའ་ལ་ཐོགས་མེད་བུན་ནུ་ནུ༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཕྲིན་ལས་གཅིག་ཏུ་མ་ངེས་ཏེ༔ རྣམ་བཞི་སྣ་ཚོགས་ཉིད་མཛད་མ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ འདོད་པའི་ཕྲིན་ལས་མྱུར་དུ་སྒྲུབས༔

དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་ཞིང་སྐྱེས་མ་བསྐུལ་བ་ནི༔ ཧཱུྃ༔ གནས་མཆོག་ཉི་ཤུ་རྩ་བཞི་ན༔ མཁའ་འགྲོའི་གཙོ་མོ་ཉི་ཤུ་བཞི༔ མཁའ་འགྲོ་བྱེ་བ་འཁོར་དང་བཅས༔ གཙོ་མོ་མི་མངོན་དབྱིངས་ན་བཞུགས༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་མི་བཟད་འདི་འདྲ་སྟེ༔ ལ་ལ་བུད་མེད་རྒན་མོ་ལ༔ རོ་ཤུན་རྙིང་པའི་ན་བཟའ་གསོལ༔ སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན༔ ཞལ་ནས་ཧ་ཧི་ཧཱུྃ་ཕཊ་སྒྲོགས༔ རྐང་པ་འཁོར་ལོ་བཞི་ཡི་འགྲོས༔ ལག་པ་བེར་ག་ས་ལ་བཙུགས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྐྱེན་བཟློག་དགྲ་ཐུལ་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ལ་ལ་བུད་མེད་གཞོན་ནུ་ལ༔ བཅུ་དྲུག་གཟུགས་མཛེས་ལང་ཚོ་རྒྱས༔ སྣ་ཚོགས་རྒྱན་ལྡན་ཡིད་འོང་མ༔ རིགས་སྤྱོད་ཁ་དོག་སོ་སོ་ལ༔ ཁྲོ་གཉེར་མཛེས་འཛུམ་ལྡན་པའི་གཟུགས༔ ཕྲིན་ལས་རྣམས་ལ་བསྐུལ་མ་འདེབས༔ ཀུན་ཀྱང་ཆ་ལུགས་འདི་འདྲ་སྟེ༔ མཛེས་པའི་ཞལ་འཛུམ་གཟི་མདངས་ཅན༔ གཞོན་ནུའི་སྐུ་ལ་འགྱིང་བག་ལྡན༔ དབུ་ལ་རིན་ཆེན་ཅོད་པན་འཕུར༔ རང་གི་དཔའ་བོའི་ཞབས་ལ་འདུད༔ སྐེད་པ་གཡེར་ཁའི་དྲ་བ་ཅན༔ སིལ་སིལ་སྒྲ་སྒྲོག་སྐུ་ལ་སྦྱོར༔ ལག་པ་མཉེན་ལྕུགས་གདུ་བུ་ཅན༔ རང་གི་དཔའ་བོའི་མགུལ་ནས་འཁྱུད༔ སོར་མོ་གསེར་གྱི་སོར་གདུབ་ཅན༔ བརྡ་དང་བརྡ་ཡི་ལན་ལ་མཁས༔ ཞལ་ནི་པདྨའི་དུང་སོ་ཅན༔ འཛུམ་པའི་མདངས་ཀྱིས་སྙན་པར་སྨྲ༔ སྐད་སྙན་ཚངས་པ་རྡོ་རྗེའི་གསུང༔ སྙན་པའི་གླུ་ལེན་ཡིད་འཕྲོག་མ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྐྱེན་བཟློག་དགྲ་ཐུལ་དངོས་(༡༢༢)གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ལ་ལ་བུད་མེད་ཐ་མལ་གཟུགས༔ ལོ་ཀའི་སྤྱོད་པ་སྣ་ཚོགས་བྱེད༔ ཁྱེད་ནི་མི་སྤྱོད་གང་ཡང་མེད༔ ལ་ལ་སྒྱུར་བྱེད་ཚོས་མཁན་མོ༔ ལོག་པར་ལྟ་བའི་རྣམ་རྟོག་སྒྱུར༔ ལ་ལ་མྱོས་བྱེད་ཆང་འཚོང་མ༔ ལོག་ལྟའི་ཤེས་པ་མྱོས་པར་གྱིས༔ ལ་ལ་སྦྱོར་བྱེད་སྨད་འཚོང་མ༔ ཐབས་དང་ཤེས་རབ་སྦྱོར་བ་གྱིས༔ ལ་ལ་དག་བྱེད་ཁྲུས་མཁན་མོ༔ བག་ཆགས་དྲི་མ་དག་པར་གྱིས༔ ལ་ལ་གསོད་བྱེད་ཤན་པ་མོ༔ རྟོག་པ་སྐྱེ་མེད་དབྱིངས་སུ་སོད༔ ལ་ལ་དཀའ་ཐུབ་བྲམ་ཟེ་མོ༔ འཁོར་བའི་སྐྱོན་དང་བྲལ་བར་གྱིས༔ ལ་ལ་ལེན་བྱེད་ཆོམ་རྐུན་མོ༔ གཞན་སེམས་རང་དབང་མེད་པར་གྱིས༔ དེ་ལ་སོགས་ཏེ་མཐའ་ཡས་པ༔ རི་རབ་ལྷོ་ཡི་འཛམ་གླིང་ན༔ ཡུལ་གྲུ་ཉི་ཤུ་རྩ་བཞི་ན༔ སེམས་ཅན་དོན་ལ་བཞུགས་པ་རྣམས༔ མོས་པ་དུ་མའི་སེམས་ཅན་ལ༔ སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འདུལ༔ རཀྟའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་ཀྱི་ཉེས་པ་བཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ལོ༔

དེ་ནས་ལྷག་མའི་གཏོར་མ་འདི་སྐད་དོ༔ བྷྱོ་ལས་ཀྱི་མཁའ་འགྲོ་མི་སྲུན་མ༔ ཤིན་ཏུ་འཇིགས་པའི་ཀེང་རུས་གཟུགས༔ ཡན་ལག་རུས་པའི་འཁོར་ལོས་བརྒྱན༔ སྙིང་ཁྲག་འཐུང་ཞིང་རྐན་སྒྲ་རྡེབ༔ རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན༔ དམ་ཚིག་ཅན་གྱི་ལས་མཁན་མོ༔ དམ་ཉམས་རཱུ་ཏྲའི་སྲོག་གཅོད་ཡིན༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ དྲག་པོའི་ལས་མཛོད་བསྟན་པ་སྲུངས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ་འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན༔ སྲིན་མོའི་ལུས་ལ་ལྕེ་སྤྱང་གདོང༔ སྦྲུལ་ནག་ལྕེ་ལ་སྤྱན་མིག་ལྡོག༔ ཁ་རླངས་དུག་ལ་ང་རོ་འབྲུག༔ ཁྲོས་པས་སྨེ་ཁྲག་སེར་ཆེན་འབེབས༔ མི་ལྤགས་གཡང་གཞི་ཕྱོགས་བཅུར་རྡེབ༔ རྒྱུ་ཞགས་འདོམ་དགུ་དགྲ་ལ་ཆིངས༔ བ་སྤུ་མཚོན་ཆ་མེ་ལྟར་འབར༔ བྱེ་བ་དུང་ཕྱུར་འཁོར་དང་བཅས༔ དམ་ཚིག་ཅན་གྱི་ལས་(༡༢༣)མཁན་མོ༔ དམ་ཉམས་རཱུ་ཏྲའི་སྲོག་གཅོད་མ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ དྲག་པོའི་ལས་མཛོད་བསྟན་པ་སྲུངས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ་ཤ་ཟ་མཁའ་འགྲོ་ཡང་སྤྲུལ་ཚོགས༔ ཡི་དྭགས་ལུས་ལ་དུར་བྱའི་གདོང༔ དུར་ཁྲོད་སྐེད་ལ་ཐོད་པས་བརྒྱན༔ ལུས་ལས་ཁྲག་རུལ་ཆུ་སེར་འབེབས༔ སྨྲེ་སྔགས་ཚིག་ལ་ངུད་མོའི་དབྱངས༔ ཕྱི་ན་འདྲེ་འཚུབ་སྤྲིན་ལྟར་ལྡིང༔ རོ་ལངས་རྐང་ལ་དུར་ཁྲོད་ལུས༔ ཕུང་འདྲེའི་ལག་པ་གཟའ་སྲིན་མིག༔ དམ་ཚིག་ཅན་གྱི་ལས་མཁན་མོ༔ དམ་ཉམས་རཱུ་ཏྲའི་སྲོག་གཅོད་ཡིན༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ དྲག་པོའི་ལས་མཛད་བསྟན་པ་སྲུངས༔ ཁྱོད་ཀྱི་ཐུགས་དམ་དུས་བབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ་གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས༔ ལ་ལ་མྱུར་མགྱོགས་བསྟན་པ་སྲུང༔ བུ་ཆུང་ལུས་ལ་བྱ་རོག་མགོ༔ དབྱུག་གུའི་དབྱངས་ལ་ཐི་བྱའི་ཚིག༔ རི་གསུམ་འགྲིམ་ཞིང་ལུང་གསུམ་བསྐོར༔ ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ༔ ལྕེ་སྤྱང་ཕོ་ཉ་དྲི་རོ་སྣོམ༔ ད་ལའི་ཐ་མ་བསྐོར་ཞིང་ཉུལ༔ ལས་བྱེད་མི་སྡུག་འཁོར་དང་བཅས༔ དམ་ཚིག་ཅན་གྱི་ལས་མཁན་ཡིན༔ དམ་ཉམས་རཱུ་ཏྲའི་སྲོག་གཅོད་མ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ དྲག་པོའི་ལས་མཛོད་བསྟན་པ་སྲུངས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལྷག་གཏོར་བཏང་ངོ་༔ དེ་ནས་ཟོར་ལམ་དབྱེ་བ་གཞན་དང་མཐུན་ནོ༔ ཟོར་འཕེན་པ་ནི༔

བྷྱོ་ང་ནི་རྣལ་འབྱོར་སྔགས་འཆང་བདག༔ དགྲ་བགེགས་སྟེང་དུ་ཟོར་གཅིག་འཕེན༔ དགྲ་བགེགས་གདུག་པ་ཟོར་ཁ་ལོངས༔ དྲེགས་པ་རྟ་མགྲིན་ཡབ་ཡུམ་སྟེ༔ མཁའ་འགྲོའི་དམག་དཔུང་སྡེ་བརྒྱད་ཚོགས༔ ཀུན་ཀྱང་དྲག་པོའི་ཟོར་ཐོགས་ལ༔ དགྲ་བགེགས་སྟེང་དུ་ཟོར་ཁ་ཡ༔ ཟོར་མཱ་ར་ཡ་ཟོར་ཡཱ༔ ཞེས་འཕང་ངོ་༔ དེ་ནས་གཏོར་མ་བསྐྱང་བ་ནི༔ བྷྱོ་དཔལ་ཆེན་ཡབ་ཡུམ་(༡༢༤)བཀའ་ཉན་མ༔ ཤར་ནས་གཤེགས་པའི་མཁའ་འགྲོ་བདུན༔ དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས༔ གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ རྡོ་རྗེ་རིགས་ཀྱི་ཌཱཀྐི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱིས་ཞི་བའི་ཕྲིན་ལས་མཛོད༔ དེ་བཞིན་དུ༔ ལྷོ་ནས་གཤེགས་པའི་མཁའ་འགྲོ་བདུན༔ དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས༔ གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ རིན་ཆེན་རིགས་ཀྱི་ཌཱཀྐི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱིས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ནས་གཤེགས་པའི་མཁའ་འགྲོ་བདུན༔ དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས༔ གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ པདྨ་རིགས་ཀྱི་ཌཱཀྐི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱིས་དབང་གི་ཕྲིན་ལས་མཛོད༔ བྱང་ནས་གཤེགས་པའི་མཁའ་འགྲོ་བདུན༔ དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས༔ གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ ལས་ཀྱི་རིགས་ཀྱི་ཌཱཀྐི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱིས་དྲག་པོའི་ཕྲིན་ལས་མཛོད༔ དཔལ་ཆེན་ཡབ་ཡུམ་བཀའ་སྡོད་བཀའ་ཉན་ཚོགས༔ དབང་ཕྱུག་ཉེར་བརྒྱད་ཌཱཀྐི་སུམ་ཅུ་གཉིས༔ གིང་ཆེན་བཅོ་བརྒྱད་ལང་ཀ་དུར་ཁྲོད་བདག༔ མ་བདུན་སྲིང་བཞི་འབར་མ་ལྔ་བཅུ་བརྒྱད༔ དྲུག་ཅུ་བཞི་དང་འབུམ་ཕྲག་མཁའ་འགྲོར་བཅས༔ བཤེས་གཉེན་ཀློང་རྫོགས་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཀའ་ཡི་གཏོར་མ་ལོངས༔ ཞི་རྒྱས་དབང་དྲག་དགུག་བསྐྲད་མནན་གཟིར་སོགས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་བསྟན་མ་སྐྱོང་ངོ་༔

དེ་ནས་རྟ་བྲོ་བརྡུང་བ་ནི༔ གཏོར་གཞོང་འོག་ཏུ་ལིངྒ་བཅུག་ལ༔ བྷྱོ་དམར་ནག་གྲུ་གསུམ་མེ་ཡི་དཀྱིལ་འཁོར་ནས༔ འཇིགས་བྱེད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པའི་སྐུ༔ གཉིས་མེད་འཁྲིལ་སྦྱོར་རྡོ་རྗེ་ཕག་མོ་ཡུམ༔ ཐོད་སྦྲུལ་རྒྱན་ལྡན་གཡས་གཉིས་གྲི་གུག་བསྣམས༔ གཡོན་གཉིས་ཐོད་ཁྲག་ཏྲི་ཤུལ་རུས་པས་བརྒྱན༔ རྟ་མགོ་ཕག་ཞལ་དུར་མཚེར་ཕྱོགས་བཅུར་སྒྲོགས༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དམ་ལ་འདུས༔ སྡུག་བསྔལ་ནད་ཀྱི་ཚོམ་བུ་ལ༔ (༡༢༥)རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་བྲོ་འཁོར་གཅིག་དང་པོ་ལ༔ བདུད་འདུལ་འཇོམས་པ་ཆེན་པོའི་བྲོ༔ ང་རྒྱལ་འཇོམས་པའི་མཁའ་འགྲོ་མ༔ ཞིང་བཅུའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གཅིག་བར་མ་ལ༔ སྲིན་པོ་ཤ་ཟ་ལོངས་སྤྱོད་བྲོ༔ ཞེ་སྡང་འཇོམས་པའི་མཁའ་འགྲོ་མ༔ འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གཅིག་ཐ་མ་ལ༔ ཁམས་གསུམ་ཁྲག་འཐུང་ནད་ཀྱི་བྲོ༔ གཏི་མུག་འཇོམས་པའི་མཁའ་འགྲོ་མ༔ འཁོར་བའི་གཅོང་ནད་སྐྲན་ལ་རྡུངས༔ རྡུལ་དུ་རློག་ཅིག་དགྲ་དང་བགེགས༔ རྒྱ་མཚོའི་གཏིང་སྦ་རི་རབ་མནན༔ འཁོར་བསྐྱོན་ཆུ་སྲིན་ཁ་རུ་བོར༔ ཨ་ཨཱཿཧཱུྃ་སྟམ་བྷ་ཡ་ནན༔ ཅེས་རྟ་བྲོ་བརྡུང་ངོ་༔

དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨ་ཨཱཿཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ ཆོས་དབྱིངས་རྣམ་དག་ཀློང་ལ་མངའ་བརྙེས་པའི༔ བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དཀར་མོ་ཞི་མཛད་གར་སྒྱུར་སྒེག་པ་མོ༔ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ༔ འགྲོ་བའི་ལུས་ལ་དབང་སྒྱུར་མཁའ་འགྲོ་འབུམ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སེར་མོ་རྒྱས་མཛད་གར་སྒྱུར་སྒེག་པ་མོ༔ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་མ༔ འགྲོ་བའི་ཡོན་ཏན་དབང་སྒྱུར་གཏེར་གྱི་ཌཱཀྐི་འབུམ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དམར་མོ་དབང་མཛད་གར་སྒྱུར་སྒེག་པ་མོ༔ སོར་རྟོགས་ཡེ་ཤེས་པདྨ་མཁའ་འགྲོ་མ༔ འགྲོ་བའི་ངག་ལ་དབང་བསྒྱུར་གསུང་གི་མཁའ་འགྲོ་འབུམ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མཐིང་ཁ་ཆོས་མཛད་གར་སྒྱུར་སྒེག་པ་མོ༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་མ༔ འགྲོ་བའི་ཡིད་ལ་དབང་བསྒྱུར་ཐུགས་ཀྱི་མཁའ་འགྲོ་འབུམ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ལྗང་གུ་ལས་མཛད་གར་སྒྱུར་སྒེག་པ་མོ༔ ནན་ཏན་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མ༔ འགྲོ་བའི་ལས་ལ་དབང་སྒྱུར་ཕྲིན་ལས་མཁའ་འགྲོ་འབུམ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྣ་ཚོགས་མཁའ་འགྲོ་དུར་ཁྲོད་(༡༢༦)བརྒྱད་ཀྱི་བདག༔ ཚོགས་བརྒྱད་དབང་སྒྱུར་འཇིག་རྟེན་མཁའ་འགྲོ་མ༔ བཀའ་སྲུང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་གང་ལེགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བཀྲ་ཤིས་བརྗོད༔ ལྷ་གཤེགས་བསྔོ་བ་སྨོན་ལམ་བྱ༔ དབང་གི་དུས་ཡིན་ན་སྦྱིན་སྲེག་བྱ༔ དལ་བསྡུ༔ ཡིག་བརྒྱས་ལྷག་ཆད་ཁ་བསྐང༔ བསོད་ནམས་ཚོགས་ཆེན་རྫོགས་པ་དང༔ མ་སྲིང་ལས་ལ་བསྐུལ་བ་ཡི༔ ལས་བྱང་ཚོགས་མཆོད་རྩར་འཕྲེང་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་སོ༔

དབང་སྒྲུབ་དང་བུམ་པ་སྒྲུབ་ཐབས།

༄༅༔ དབང་སྒྲུབ་དང་བུམ་པ་སྒྲུབ་ཐབས་བཞུགས་སོ༔

༄༅༔ གདམས་པ་འདིའི་ཕྱི་སྒྲུབ་ནི༔ རིགས་ལྔ་ཡབ་ཡུམ་ཕྱི་ལྟར་བསྒྲུབས་ནས༔ བསྙེན་པ་བྱ་བ་ནི་ཕྱི་སྒྲུབ༔ ནང་སྒྲུབ་ནི༔ བདག་ཀུན་ཏུ་བཟང་པོར་བསྐྱེད་པའི་སྐུ་ལ་རིགས་ལྔ་ཡབ་ཡུམ་བཀོད་དེ་བསྒྲུབ་པ་ནི་ནང་སྒྲུབ༔ ཕྱི་སྒྲུབ་དང་ནང་སྒྲུབ་གང་མོས་ཀྱི་སྒྲུབ་པ་ཚད་དུ་བསྐྱལ་ཏེ་སློབ་མ་ལ་བུམ་དབང་བསྐུར་བ་ནི༔ གང་ཟག་ཐུན་མོང་དུ་སྨིན་པར་འགྱུར་བའོ༔ གསང་སྒྲུབ་མཁའ་འགྲོ་ཡབ་ཡུམ་མངོན་རྟོགས་ལྟར་བསྒོམ་ཞིང་བསྒྲུབས་པ་ནས་དབང་གསུམ་ནོར་བུ་ལུགས་སུ་བསྐུར་བར་བྱའོ༔ ཡང་གསང་བླ་ན་མེད་པའི་སྒྲུབ་པ་ནི་མངོན་སུམ་རང་ཐོག་ཏུ་ཕབ་སྟེ་རིག་པའི་རྩལ་དབང་རང་བྱུང་དུ་བསྐུར་བའོ༔ དེ་ལ་ཕྱི་ལྟར་ན་རིགས་ལྔ་ཡབ་ཡུམ་དུ་བསྒྲུབ་པ་ཕྱི་སྒྲུབ༔ རང་ཀུན་བཟང་ཡབ་ཡུམ་དུ་གསལ་ཏེ༔ རིགས་ལྔ་ལུས་ལ་བཀོད་པ་ནང་སྒྲུབ༔ རང་མཁའ་འགྲོ་ཡབ་ཡུམ་དུ་བསྐྱེད་ནས་འཁོར་ལོ་ལྔར་མཁའ་འགྲོ་ཡབ་ཡུམ་བསྐྱེད་དེ་སྒྲུབ་པ་ནི་གསང་སྒྲུབ་བོ༔ རང་རིག་གཅེར་མཐོང་དུ་ངོ་སྤྲད་ནས་ཉམས་སུ་ལེན་པ་ཡང་གསང་སྒྲུབ་པའོ༔ བུམ་དབང་གི་ཕྱི་སྒྲུབ་རིགས་ལྔར་བསྐུར་རོ༔ གསང་དབང་མན་ཆད་གསང་སྒྲུབ་པོ༔ མཁའ་འགྲོ་ལྔར་བསྐུར་བ་ཡིན་ཏེ་དེ་ནི་ཤིན་ཏུ་ཟབ་བོ༔ ཕྱི་ལྟར་ན་རིགས་ལྔ་ཡབ་ཡུམ༔ ནང་ལྟར་ན་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ དོན་གྱི་ངོ་བོ་ལ་གཅིག་པའི་ཕྱིར་རོ༔ རིན་ཆེན་དབང་གི་ཕྲེང་བ་འདི༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ ལས་ཅན་ཞིག་དང་(༡༢༧)འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ལས་འབྲེལ་རྩལ་གྱིས་ཆུ་མོ་གླང་གི་སྟོན་ཟླ་ཐ་ཆུང་གི་ཉེར་བདུན་ལ་དྭགས་ལུང་ཕྲ་མོ་བྲག་ནས་གཏེར་ནས་གདན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༄༅༔ བླ་མ་ཡི་དམ་མཁའ་འགྲོ་ལ་ན་མོ༔ དེ་ཡང་གོང་དུ་བསྙེན་པ་བྱས་ནས༔ དབང་བསྐུར་བའི་དུས་སུ༔ འབྲི་བའི་དཀྱིལ་འཁོར་རམ་ཚོམ་བུ་གང་འགྲུབ་ལ་དཀྱིལ་འཁོར་དང་ལྷ་ཚོགས་ཕྱི་སྒྲུབ་ལྟར་གསལ་བར་བསྐྱེད་དོ༔ ཕོ་བྲང་གི་ཕྱི་དུར་ཁྲོད་ལ་སོགས་པ་རྣམས་སུ་བླ་མ་དང་ཡི་དམ་དཔའ་བོ་ཌཱཀྐི་ཆོས་སྐྱོང་ལ་སོགས་པ་སྤྲིན་གཏིབས་པ་ལྟར་བསྐྱེད་དོ༔ དེ་ནས་བུམ་པའི་བཟླས་པ་བྱ་བ་ནི་སོ་སོའི་བུམ་པར་ཡབ་ཡུམ་གསལ་བར་བསྐྱེད་དོ༔ རང་ཀུན་ཏུ་བཟང་པོར་བསྐྱེད་པའི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་སྟེ་ལྷ་སོ་སོའི་ཐུགས་ཀར་ཕོག་པས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་དུ་བབ་པས་བུམ་པ་གང་བར་བསམ་ཞིང་བཟླས་པ་བྱའོ༔ མཇུག་ཏུ་ཡབ་ཡུམ་འོད་དུ་ཞུ་ནས་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་བསམ༔ དེ་ལྟར་བུམ་པ་ལ་དམིགས་པའི་བཟླས་པ་ཅི་འགྲུབ་ཏུ་བྱའོ༔ དེ་ཡང་བུམ་པ་རེ་རེ་ལ་ལྷ་སོ་སོའི་དམིགས་པ་དང་བཟླས་པ་བྱེད་དམ༔ བུམ་པ་གཅིག་ཏུ་བསྡུས་ཏེ་བཟླས་པ་བྱས་ཀྱང་བཏུབ་པོ༔ བུམ་པ་བསྒྲུབ་པའི་རིམ་པའོ༔ དགེའོ༔ ཁྠཾ༔

དཀྱིལ་འཁོར་རྣམ་དག

༄༅༔ དཀྱིལ་འཁོར་རྣམ་དག་བཞུགས་སོ༔

༄༅༔ ད་དཀྱིལ་འཁོར་གྱི་རྣམ་པར་དག་པ་བཤད་པ་ནི༔ འོ་རིགས་ཀྱི་བུ་དཀྱིལ་འཁོར་འདི་ལ་ལྟོས་ཤིག༔ དེ་ཡང་སེམས་ཅན་ཐམས་ཅད་དང་སངས་རྒྱས་རྒྱུ་གཅིག་པའི་རྟགས་སུ་དལ་འཇམ་ཞིང་སྲུབ་མེད་པའོ༔ ཕྱིན་ཅི་ལོག་གི་བདུད་རྣམས་སྲེག་པའི་རྟགས་སུ་མེ་འོད་ཀྱི་ཕྲེང་བའོ༔ ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་རྡོ་རྗེའི་ཕྲེང་བའོ༔ འགྲོ་བ་ཀུན་གྱི་ཡིད་བཞིན་དུ་འགྲོ་དོན་བྱེད་པའི་རྟགས་སུ་པདྨའི་ཕྲེང་བའོ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པའི་རྟགས་སུ་དུར་ཁྲོད་བརྒྱད་དོ༔ རིགས་ལྔའི་དགོངས་པ་ལམ་དུ་འཁྱེར་བའི་རྟགས་སུ་པཉྩ་རཱ་གའོ༔ རྣམ་པར་ཐར་པའི་ས་ནས་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་རྟགས་(༡༢༨)སུ་སྒོ་བཞི་རུ་བསྟན་པའོ༔ འདོད་ཡོན་ལྔ་མི་སྤངས་པའི་རྟགས་སུ་འདོད་ཡོན་གྱི་ལྷ་མོ་དང་སྣམ་བུའོ༔ ཆེ་བའི་ཡོན་ཏན་དང་ལྡན་པའི་རྟགས་སུ་རིན་པོ་ཆེའི་ཕ་གུའོ༔ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་རྟགས་སུ་དྲ་བ་དྲ་ཕྱེད་དོ༔ ཚད་མེད་པ་བཞི་སྒོམ་པའི་རྟགས་སུ་རྟ་བབས་སོ༔ སེམས་ཅན་ལ་ཆོས་སྟོན་པའི་རྟགས་སུ་ཆོས་ཀྱི་འཁོར་ལོའོ༔ རྣམ་རྟོག་གིས་དབེན་པའི་རྟགས་སུ་རི་དྭགས་སོ༔ བྱམས་པ་ཆེན་པོ་མངའ་བའི་རྟགས་སུ་གདུགས་ཕུབ་པའོ༔ མུ་ཁྱུད་གསུམ་དུ་བྱང་བ་ནི་སྐུ་གསུམ་འདུ་འབྲལ་མེད་པའོ༔ ཤར་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་ཡོད་པའི་རྟགས་སུ་ཤར་གྱི་པདྨ་དཀར་པོའོ༔ ལྷོ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོར་ཡོད་པའི་རྟགས་སུ་ལྷོའི་པདྨ་སེར་པོར་འདུག་པའོ༔ ནུབ་སྣང་བ་མཐའ་ཡས་དམར་པོར་ཡོད་པའི་རྟགས་སུ་ནུབ་ཀྱི་པདྨ་དམར་པོའོ༔ བྱང་དོན་ཡོད་གྲུབ་པ་ལྗང་གུར་ཡོད་པའི་རྟགས་སུ་བྱང་གི་པདྨ་ལྗང་གུའོ༔ དབུས་རྣམ་པར་སྣང་འཛད་མཐིང་ཁར་ཡོད་པའི་རྟགས་སུ་དབུས་མཐིང་ཁར་འདུག་པའོ༔ ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ་མཚམས་བཞི་མཛེས་ཚོན་དུ་འདུག་པའོ༔ བུམ་པ་ལྔ་ཟླུམ་པོར་བྱུང་བ་འདི་ཡང་ཆོས་སྐུ་མཐའ་དང་བྲལ་བའི་རྟགས་སོ༔ བུམ་པ་ཁ་དོག་ལྔ་རུ་བྱུང་བ་འདི་ཡང་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ༔ བུམ་པ་ཁ་རྒྱན་དང་ལྡན་པ་འདི་ནི་ཞི་ཁྲོ་འོད་ཟེར་ཚུལ་དུ་ཡོད་པའི་རྟགས་སོ༔ དེའི་གསེབ་ན་རྡོ་རྗེ་ཡོད་པ་འདི་ཡང་རང་རིག་ལ་འགྱུར་བ་མེད་པའི་རྟགས་སོ༔ མགུལ་ཆིངས་ལྔ་དང་ལྡན་པ་འདི་ཡང་ཉོན་མོངས་པ་ལྔ་སྣང་ཡུལ་དུ་དག་པའི་རྟགས་སོ༔ ཤེལ་དཀར་དང་མེ་ལོང་གཉིས་ནི་རིག་པ་ལ་དྲི་མ་མེད་ཅིང་སྟོང་གསལ་མ་འགགས་པར་ཡོད་པའི་རྟགས་སོ༔ རྨ་བྱའི་གདུགས་འདི་ནི་སྒྲོན་མ་བཞི་དབྱིངས་སུ་གསལ་བའི་རྟགས་སོ༔ གཟུངས་ཐག་ལྔ་སྒྲིལ་བཏགས་པ་འདི་ཡང་སྔགས་ཀྱི་འོད་ཟེར་ཡེ་ཤེས་ལྔའི་ཚུལ་གྱིས་ཐུགས་རྗེ་ཀུན་ཁྱབ་ཏུ་ཡོད་པའི་རྟགས་སོ༔ རྒྱལ་མཚན་དང་འཕན་དར་འདི་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་མི་ནུབ་ཅིང་སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས་པའི་རྟགས་སོ༔ མཆོད་གཏོར་དང་ཚོགས་རྒྱས་པར་བཤམས་པ་འདི་ནི་(༡༢༩)བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་མཉེས་པར་བྱེད་དགོས་པའི་རྟགས་སོ༔ གཞན་ཡང་མཆོད་པ་བཀོད་པའི་བྱེ་བྲག་རྒྱན་དང་ལྡན་པ་འདི་ཡང་དབང་བསྐུར་བ་ལྔ་ཕུན་སུམ་ཚོགས་པ་དང་ལྡན་དགོས་པའི་རྟགས་སོ༔ རྡོ་རྗེ་སློབ་དཔོན་རྒྱན་ཆ་དང་ལྡན་པ་འདི་ཡང༔ དབང་བསྐུར་བའི་བྱིན་རླབས་འཕེལ་བའི་རྟགས་སོ༔ ཞེས་གསེར་གྱི་ཐུར་མས་སློབ་བུ་རྣམས་ལ་ངོ་བསྟན་པར་བྱའོ༔ ལྷའི་རྣམ་དག་བརྡའི་དབང་དུ་ཤེས་པར་བྱའོ༔ འདི་ནི་དཀྱིལ་འཁོར་རྣམ་དག་བསྟན་པ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

སྙིང་ཐིག་གསང་བ་བླ་མེད་ཀྱི་དབང་དོན་གསལ་བའི་རྒྱབ་ཡིག་གསང་བ།

༄༅༔ སྙིང་ཐིག་གསང་བ་བླ་མེད་ཀྱི་དབང་དོན་གསལ་བའི་རྒྱབ་ཡིག་གསང་བའོ༔

༄༅༔ ང།ཅ།མྷ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྙིང་གི་ཏི་ཀ་ཡི༔ དབང་བསྐུར་ལམ་དུ་འཇུག་པ་ནི༔ ཞག་བདུན་ནམ་ཡང་ན་གསུམ་དུ་བྱ་བར་གསུངས༔ ནུབ་དང་པོ་ཡུལ་བདག་ལ་གཏོར་མ་བྱིན་ཏེ་ས་བསླང་ལ༔ སྟེགས་བུ་བརྩིགས་ཏེ་སྟ་གོན་གྱི་ཆོ་ག་བྱའོ༔ ནུབ་བར་མ་ལ་དལ་བྲིའོ༔ ནུབ་ཕྱི་མ་ལ་ད་ལའི་སྒྲུབ་པ་བྱའོ༔ ནུབ་བཞི་པ་ལ་སློབ་མ་དལ་དུ་གཞུག་སྟེ༔ བུམ་དབང་བསྐུར༔ མི་མང་པོ་ཡང་བཅུག་པས་ཆོག༔ དེས་གང་ཟག་ཐུན་མོང་དུ་སྨིན་པར་བྱེད་པ་ཡིན་ནོ༔ དེ་ནས་སྐལ་ལྡན་གཉིས་གསུམ་བཞི་ཡན་ཆད་ལ་དབང་གསུམ་པ་བསྐུར་ཏེ༔ བུམ་དབང་གི་དལ་ཉིད་མ་བསྡུས་པར་ཚོགས་རྒྱ་ཆེན་པོ་བཤམས་ནས༔ ནམ་ཕྱེད་ན་ད་ལའི་ལྷོར་གསང་དབང་བསྐུར༔ ནུབ་ཕྱི་མ་ལ་སྲོད་ལ་དལ་གྱི་ནུབ་ཕྱོགས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ༔ ནུབ་གསུམ་པ་ལ་ད་ལའི་བྱང་ཕྱོགས་སུ་ཐོ་རངས་རྩེ་ཤར་ལ་ཚེ་དབང་གི་ངོ་སྤྲོད་རྒྱས་པར་བྱའོ༔ དབང་དེ་དག་གསུམ་ཀ་ལ་ཚོགས་གཏོར་རྒྱས་པར་བྱའོ༔ ཡང་ན་ནུབ་གསུམ་དུ་བྱས་ཏེ༔ ནུབ་དང་པོ་ལ་དལ་བྲི༔ གཉིས་པ་ལ་བུམ་དབང་བསྐུར༔ གསུམ་པ་ལ་དབང་གསུམ་པ་བསྐུར་བའོ༔ ནང་པར་ཚོགས་ལ་རོལ༔ གླུ་གར་དང་རོལ་མོ་བྱ༔ དེ་ནས་བཀྲ་ཤིས་དང་བསྔོ་བ་སྨོན་ལམ་བྱ༔ དལ་བསྡུའོ༔ བདག་འདྲ་པདྨས་དབང་བཞི་ཐོ་ཡིག་ཏུ་བཀོད་པའོ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ (༡༣༠)དབང་གི་ཐོ་ཡིག་རྫོགས་སོ༔ རྒྱ་རྒྱ་རྒྱ༔

༄༅༔ ཁྱ།རྒྱཾ།གྲ༢འཏྱབྱ།། རིགས་ཀྱི་ཌཱཀྐི་ལྔ་ལ་ན་མོ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ དབང་གི་རྒྱབ་ཡིག་བསྟན་པར་བྱ༔ ཚད་མེད་བཞི་པོ་སྔོན་དུ་སོང་བས༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས༔ གཡས་གྲི་གུག་གཡོན་ཐོད་པ་བསྣམས་པ༔ གཅེར་བུ་རུས་པའི་རྒྱན་ཆ་ཅན་ཅིག་ཏུ་བསྐྱེད༔ དེའི་སྤྱི་བོར་ཡི་གེ་ར་ལས་བཛྲ་དཔའ་བོ༔ མགྲིན་པར་ཙ་ལས་རཏྣ་དཔའ་བོ༔ སྙིང་ཁར་ཧྲཱིཿལས་པདྨ་དཔའ་བོ༔ ལྟེ་བར་ཡ་ལས་ལས་ཀྱི་དཔའ་བོ༔ སྐུ་མདོག་ཕྱག་མཚན་རིགས་དང་མཐུན་པར་བསྐྱེད༔ བདག་དེ་ལྟར་བསྐྱེད་པའི་པང་དུ༔ ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཐོད་པའི་བདུད་རྩི་ཡབ་ལ་སྟོབས་པ༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་དུ་བསྐྱེད༔ དེ་ལྟར་བསྐྱེད་པའི་ཡུམ་གྱི་སྤྱི་བོར་ཧ་ལས་རྡོ་རྗེ་ཌཱཀྐི་བསྐྱེད༔ མགྲིན་པར་རི་ལས་རིན་ཆེན་ཌཱཀྐི་བསྐྱེད༔ སྙིང་ཁར་ནི་ལས་པདྨ་ཌཱཀྐི་བསྐྱེད༔ ལྟེ་བར་ས་ལས་ལུས་ཀྱི་ཌཱཀྐི་བསྐྱེད༔ སྐུ་མདོག་ཕྱག་མཚན་རིགས་དང་མཐུན་པར་བསྐྱེད༔ དེ་དག་ཀྱང་འཁྲིལ་སྦྱོར་ལ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་བཅུ་དྲུག་ལོན་པ་ལྟ་བུ་ལ་རྒྱན་དང་ལྡན་པར་བསྐྱེད་དོ༔ དེ་ལྟར་བསྐྱེད་པའི་སྤྱི་བོར༔ ཨོ་རྒྱན་པདྨ་བདག་ཉིད་མཐིང་ནག་རྡོ་རྗེ་སེམས་དཔའི་ཆ་ལུགས་ཡུམ་དང་འཁྲིལ་སྦྱོར་དུ་བསྐྱེད་དོ༔ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱ་སྙམ་དུ་སེམས་བསྐྱེད་ལ༔ དེ་ནས་ཡུམ་དང་འཁྲིལ་ཏེ༔ ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་བུ་ག་ཕཊ་སེར་པོས་དགག༔ མུ་ཏྲ་ཡུམ་དུ་བསྐྱེད་པའི་བྷ་ག་པྃ་ལས་པདྨ་འདབ་བཞི་བསྐྱེད་པའི་བུ་ག་ཕཊ་སྔོན་པོས་དགག་གོ༔ དེ་ནས་རྡོ་རྗེ་དང་པདྨ་སྦྱར་ཏེ་གོང་དུ་བསྐྱེད་པའི་ལྷ་ཐམས་ཅད་ཀྱང་སྦྱོར་བ་མཛད་པར་བསྒོམ༔ རྩ་ཁམས་ཐམས་ཅད་དུ་དཔའ་བོ་ཌཱཀྐི་ཐམས་ཅད་ཀྱིས་གང་བར་བསམ༔ དེ་དག་ཐམས་ཅད་ཀྱང་སྦྱོར་བ་མཛད་པར་བསྒོམ༔ དེ་ནས་(༡༣༡)འོ་དང་འཁྱུད་པའི་འཁྲུལ་འཁོར་གྱིས་དལ་བུས་བསྐྱོད༔ བདེ་བ་བསྐྱེད་པ་དང་གོང་གི་ལྷ་ཡབ་ཡུམ་བདེ་བས་དགྱེས་ཤིང་བསྐྱོད་པས༔ སྦྱོར་མཚམས་ནས་དྭངས་མ་བབ་པས༔ ལུས་བདུད་རྩིས་གང་བས་བདེ་བ་རྒྱས་པར་བསམས་ཤིང་བསྐྱོད་པ་ལ་གཟབ༔ བདེ་བ་རྫོགས་ནས་མི་ཟིན་འགོ་གཡོ་བ་ལ་བཟུང༔ བསྐྱོད་ཀྱིན་མི་བཟུང་འཕྲོ་འཐུད་ལ་བཟུང༔ ལས་དང་པོ་པས་ལུས་བདེ་མེར་གྱིས་བྱུང་བ་དང༔ གཅན་གཟན་སྣོམ་གྱིས་རླུང་ནང་དུ་འཐེན༔ གླིང་བཞི་རི་རབ་ངོས་ལ་སྦྱར༔ སྦྲུལ་ཚང་བྲག་ལ་བཅའ༔ འབྲོང་ཟེ་ཁ་ལ་བསྟོད༔ ལྷོ་སྤྲིན་དབྱིངས་ལ་སྒྲིལ༔ དར་ཆེན་གནམ་ཡོལ་བཅའ༔ བདེ་ཆེན་འཁོར་ལོ་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་གཏད༔ རླུང་གཉིས་བསྡམས་ཏེ་བདེ་བ་ལ་སེམས་མེ་རེ་བཞག༔ བདེ་བ་ཡལ་ནས་དེ་ཀ་ལྟར་བསྐྱོད་ཅིང་བཟུང་བས༔ སྤྱི་བོ་ནས་དྭངས་མ་གཡོས་པས་མགྲིན་པར་བབས་པས༔ ལུས་བདེ་མེར་བ་དེ་དགའ་བའི་ཡེ་ཤེས༔ དེས་རྣམ་རྟོག་རགས་རིམ་རྣམས་སྤང༔ དེ་ནས་དྭངས་མ་སྙིང་ཁར་བསླེབས་པ་མཆོག་དགའི་ཡེ་ཤེས༔ དེས་བདག་ཏུ་འཛིན་པའི་རྟོག་པ་སྤོང༔ དྭངས་མ་ལྟེ་བར་བསླེབས་ཏེ་བདེ་བ་རྒྱས་པས་དགའ་བྲལ༔ དེས་ཕྱག་རྒྱར་འཛིན་པའི་རྟོག་པ་སྤོང༔ དྭངས་མ་གསང་བར་བསླེབས་པས་བདེ་ལ་རྟོག་པ་མེད་པ་འབྱུང༔ དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས༔ དེས་འཛིན་པའི་རྟོག་པ་མཐའ་དག་གྲོལ་ཏེ༔ བདེ་གསལ་སྟོང་པ་ངོས་བཟུང་མེད་པའི་ཉམས་སྐྱེ་བས་དེ་ངོས་བཟུང་སྟེ༔ རྗེས་ཀྱི་ཤེས་པ་བསྐྱངས་པས༔ བདེ་སྟོང་གི་རྟོག་པ་མངོན་དུ་འགྱུར་རོ༔ སྙིང་རུས་ཀྱིས་དྭངས་མ་མི་གཏོང་བའི་དམ་བཅའ་དམ་པོར་བཟུང་ལ༔ དགའ་བཞིའི་ཡེ་ཤེས་ངོས་མ་ཟིན་ཚེར་བསྐྱོད༔ དེ་ལྟར་བཟུང་བའི་དྭངས་མ་དྲང་བ་ནི༔ གསང་བ་རྡོ་རྗེའི་བུ་གར་དྭངས་མཧཱུྃ་གི་རྣམ་པར་གྱུར་ཏེ༔ བདེ་བ་སྐར་མདའ་འཕངས་པ་བཞིན་དུ་སྤྱི་གཙུག་ཏུ་རྒྱང་གིས་སོང་བར་བསམ་པ་དང་དུས་མཉམ་དུ༔ ངག་ཏུ་ཧིག་ཅེས་སྒྲ་དང་བཅས་པ་དྲག་པོ་བདུན་བརྗོད་དེ༔ སྤྱི་བོ་དང༔ མགྲིན་པ་དང༔ སྙིང་ཁ་དང༔ ལྟེ་བར་ཆིལ་གྱིས་སོང་བར་བསམ་ཞིང༔ དེ་ལྟ་བུ་ལན་གསུམ་བྱའོ༔ དེ་ནས་རྩལ་བཀྲམ་ཞིང་རླུང་དང་བསྲེ་བ་ནི༔ རང་ཁྱིའི་འདུག་སྟངས་ཀྱིས༔ (༡༣༢)མིང་མེད་ཀྱི་རྩ་བར་མཐེ་བོང་བཙུགས་ཏེ༔ ཁུ་ཚུར་བཅངས་ཏེ་ས་ལ་བཙུགས་ལ༔ ངག་ཏུ་ཧ་སིབ་ཅེས་གཡས་ནས་ལན་གསུམ་དྲག་ཏུ་འཐེན་ལ༔ རླུང་བཟུང་སྟེ་གཡས་སུ་ལན་གསུམ་སྤྲུག༔ གཡོན་དུའང་དེའི་འགྲེའོ༔ དེ་ནས་ལུས་སྤྲུག་ཤར་ཤར་བ་རླུང་བཟུང་ལ་ལན་གསུམ་བྱ༔ དེ་ནས་གློད་ལ་བྱ་བྲལ་ངང་དུ་དར་གཅིག་བཞག་གོ༔ དེ་ནས་དེའི་དགེ་རྩ་བྱང་ཆུབ་ཏུ་བསྔོའོ༔ དེས་གལ་ཏེ་མ་འདྲོངས་ན་རྟགས་ནི༔ རྡོ་རྗེའི་སྐེད་པ་ནས་ཆུ་བྲོ་བ་སྙམ་བྱེད་འོང་བས༔ དེ་ལ་ཡང་ཡང་སྦྱོར་བས་དྲངས་ཤིང་དགྲམ༔ དེས་ཀྱང་མ་འདྲོངས་ན༔ ལས་རྒྱའམ་འདུ་བྱེད་ཀྱིས་གཏོང་ངོ་༔ མ་བཏང་ན་ནད་དུ་འགྲོའོ༔ དེ་ནས་ཕྱིས་མི་འདྲོངས་མི་སྲིད་དོ༔ དེ་ལྟར་འདྲོངས་ཤིང་ཁྲེམས་ནས་ཀྱང༔ བུད་མེད་བུ་མི་འབྱུང་བའི་དུས་སུ་ལན་རེ་མ་བཏང་ན༔ ཕྱིས་རྡོ་རྗེ་ལས་སུ་མི་རུང་ངོ་༔ གཏོང་བའི་དུས་སུ་བྷ་གར་ཡི་དམ་ལྷ་ཚོགས་བསྐྱེད་ལ༔ དེ་མཆོད་པར་བསམ༔ དྭངས་མའི་ལྷག་མ་བག་ཙམ་ཞིག་བཟུང༔ དེ་རང་གིས་མིད༔ དེས་བྱང་སེམས་སྤངས་པའི་ཉེས་ལྟུང་མི་འབྱུང་བའོ༔ དང་པོ་བདེ་བ་འགོ་སྐྱེས་པ་དང་བཟུང༔ དེ་ནས་རྡོ་རྗེའི་རྩ་བ་ནས་བཟུང༔ དེ་ནས་རྡོ་རྗེ་བུམ་པ་ནས་བཟུང༔ དེ་ནས་བྷ་ག་རང་ནས་དྲངས་ངེས་སོ༔ སྙིང་རུས་དང་ལྡན་ན་མི་འདྲོངས་མི་སྲིད་དོ༔ ཆགས་ཅན་ལམ་དུ་འཇུག་པ་ཡི༔ དབང་བཞི་གནད་ཀྱི་གདམས་པ་འདི༔ མ་འོངས་ལས་ཅན་དོན་དུ་ནི༔ ཨོ་རྒྱན་པདྨ་བདག་འདྲས་བཀོད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དབང་གི་རྒྱབ་ཡིག་གསང་བའི་དུམ་བུར་བཀོད་པའོ༔ ཟབ་རྒྱ༔ གཏེར་རྒྱ༔ ཌཱཀྐི་ནིའི་རྒྱའོ༔ ཏྲ།རྒྱ།དྭཌཏྲ༔ རྫོགས་སོ༔ བདག་ཨོ་རྒྱན་ཡབ་ཡུམ་གཉིས་ཀྱི་དྭངས་མ་ལྕེ་ལ་བཞག་སྟེ༔ དབང་དང་ངོ་སྤྲོད་རྒྱས་པར་གདམས་པ་གལ་ཆེའོ༔ བདག་རོང་བན་གྱིས་གཏེར་ནས་ཐོན་ཏེ་ཤོག་སེར་ལས་བཤུས་པ་ལགས་སོ༔

དབང་བཞིའི་གོ་རིམ་ཐོ་ཡིག

༄༅༔ དབང་བཞིའི་གོ་རིམ་ཐོ་ཡིག་བཞུགས་སོ༔

༄༅༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྙིང་ཐིག་ཏི་ཀ་ཡི༔ ཆགས་ཅན་ལམ་དུ་འཇུག་པ་ཡི༔ དབང་བསྐུར་བ་ཡི་ཆོ་ག་ནི༔ ཞེས་པས༔ དེ་ལ་ཞག་གསུམ་དུ་བྱས་ཏེ༔ ནུབ་དང་པོ་ལ༔ གཞི་(༡༣༣)བདག་ལ་གཏོར་མ་བྱིན་ལ་ས་བླངས་ལ༔ དཀྱིལ་འཁོར་སྟེགས་བུ་བརྩིག་སྟ་གོན་གྱི་ཆོ་ག་བྱའོ༔ ནུབ་བར་པ་ལ་ཉིན་མོ་དཀྱིལ་འཁོར་བྲི༔ ནུབ་མོ་སློབ་མ་དཀྱིལ་འཁོར་དུ་གཞུག་ནས་བུམ་པའི་དབང་བསྐུར༔ མི་གཞན་ཡང་བཅུག་པས་ཆོག་གོ༔ དེས་གང་ཟག་སློབ་བུ་ཐུན་མོང་དུ་སྨིན་པར་བྱེད་པའོ༔ ནུབ་ཐ་མ་ལ་གང་ཟག་མཚན་ཉིད་དང་ལྡན་པ་གསུམ་ལས་མི་མང་བར་བྱས་ལ་དཀྱིལ་འཁོར་མ་བསྡུས་པར་ཚོགས་མཆོད་གཏོར་མ་མང་དུ་བཤམས་ནས༔ སྲོད་ལ་དཀྱིལ་འཁོར་ལྷོར་གསང་དབང་བསྐུར༔ གུང་ལ་དཀྱིལ་འཁོར་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར༔ ཐོ་རངས་དཀྱིལ་འཁོར་བྱང་དུ་དབང་བཞིའི་ངོ་སྤྲོད་རྒྱས་པར་བྱས་ལ་ནམ་ལངས་ནས་ཚོགས་ལ་རོལ་ལོ༔ གླུ་གར་དང་རོལ་མོ་ཡང་བྱའོ༔ དེ་ནས་དཀྱིལ་འཁོར་གཤེགས༔ གཏོར་མ་བཏང༔ བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ཨོ་རྒྱན་པདྨ་བདག་གིས་དབང་བཞིའི་གོ་རིམ་ཐོ་ཡིག་ཏུ་བཀོད་པའོ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དགེའོ༔

དབང་གི་རིམ་པ་ཁྲིད་དུ་བསྐུར་ལུགས།

༄༅༔ དབང་གི་རིམ་པ་ཁྲིད་དུ་བསྐུར་ལུགས་བཞུགས་སོ༔

༄༅༔ སྨིན་བྱེད་དབང་གི་དོན་ཁྲིད་དུ་བསྐུར་ཏེ༔ དང་པོར་སློབ་བུ་ལས་དང་པོ་པ་རྣམས་ལ་བུམ་པའི་དབང་བསྐུར་ཏེ་ཡི་དམ་རིགས་ལྔའི་མངོན་རྟོགས་གསུམ་པོ་ལ༔ རྟགས་རྫོགས་པར་བསྙེན་པ་བྱེད་དུ་བཅུག་གོ༔ དེ་ནས་གསང་དབང་བསྐུར་ཏེ་གཏུམ་མོ་གང་རུང་བ་ལ་རྟགས་མ་རྫོགས་བར་དུ་བསྒོམ་དུ་གཞུག་གོ༔ དེ་ནས་ཤེས་རབ་ཡེ་ཤེས་བསྐུར་ཏེ་བདེ་སྟོང་དོན་ལ་ཐིག་ལེ་ལས་སུ་རུང་གི་བར་དུ་ཕྱག་རྒྱ་བརྟེན་དུ་གཞུག་གོ༔ དེ་ནས་ཚིག་དབང་བསྐུར་ཏེ་ཁྲེགས་ཆོད་ཀྱིས་དོན་ངོ་མ་འཕྲོད་བར་དུ་བསྒོམ་དུ་གཞུག་གོ༔ དེ་ནས་རྩལ་དབང་བསྐུར་ཏེ་ཐོད་རྒལ་ངོ་སྤྲད་ལ༔ སྣང་བ་བཞི་མ་རྫོགས་ཀྱི་བར་ལ་སྒོམ་དུ་གཞུག་གོ༔ ཐམས་ཅད་དུས་གཅིག་ལ་བསྐུར་ཡང་འགལ་བ་མེད་དོ༔ རིམ་པར་ཁྲིད་དུ་བྱས་ན་ཤིན་ཏུ་ལེགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

རྩལ་དབང་ཏི་ཀ་རིག་པའི་སྒྲོན་མ།

༄༅༔ རྩལ་དབང་ཏི་ཀ་རིག་པའི་སྒྲོན་མ་བཞུགས་སོ༔

༄༅༔ ཐན།རྦ།རྦ།གྣགྣཅ།ཅ།༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱིས་སྨིན་བྱེད་རིག་པའི་རྩལ་དབང་གསུངས༔ (༡༣༤)ཞེས་པས༔ སངས་རྒྱས་དགོངས་པ་འདུས་པ༔ བཀའ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བའི་ཐབས་འདི་ལ་གསུམ་སྟེ༔ སྦྱོར་བ་དངོས་གཞི་རྗེས་སོ༔ དེ་ཡང་མཚན་ཉིད་ལྡན་པའི་བླ་མ་ཡིས༔ སྐལ་བ་ལྡན་པའི་སློབ་བུ་ལ༔ རབ་འབྱམས་དབང་བསྐུར་གསུམ་དུ་བསྟན༔ ཅེས་པའོ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མེ་ཏོག་ལན་དང་བཅས་ཏེ་ཞུ༔ ཞེས་པས༔ དང་པོ་བླ་མ་ལྟ་དགོངས་མན་ངག་དང་ལྡན་པ་ལ༔ སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ༔ མེ་ཏོག་ཕུལ་ལ་དབང་གི་ཞུ་བ་ཡང་ཡང་བྱའོ༔ གཏོར་ཚོགས་བཞི་སྟེ་གསུང་རབ་བཀླག༔ ཅེས་པས༔ བླ་མས་དབང་བསྐུར་བར་ཞལ་གྱིས་བཞེས་ནས༔ ཌཱཀྐི་གཏོར་ཚོགས་ཆེན་པོ་བཏང༔ དེས་བར་ཆད་ཐམས་ཅད་སེལ་ལོ༔ དེ་ནས་དགེ་སློང་བཞི་སྡེ་བྱ༔ གསུང་ཤེས་རབ་ཕར་ཕྱིན་ལ་ཐུན་བཟུང༔ འབྱུང་པོ་ལ་གཏོར་མ་རྒྱ་ཆེན་པོ་བཏང་ངོ་༔ དེས་སྔོན་འགྲོའི་བར་ཆད་ཐམས་ཅད་སེལ་ལོ༔ རིན་ཆེན་སྨན་འབྲུའི་མཎྜལ་འབུལ་ཞེས་པས༔ དེ་ནས་བླ་མ་ལ་གསེར་གྱི་མཎྜལ་༼གཞི་སྙིང་པོའི་དོན་རྟོགས་པའི་དགོས་པ་ཡོད་༽ལན་བདུན་དབུལ༔ དེ་ནས་རཏྣ་ལྔའི་མཎྜལ་༼སྐུ་ལྔ་ཡེ་ཤེས་ལྔ་རྟོགས་པའི་དགོས་ཆེད་ཡོད་༽ལན་བདུན་དབུལ༔ དེ་ནས་སྨན་གྱི་མཎྜལ་༼ཉོན་མོངས་པ་དུག་ལྔ་དང་བྲལ་བའི་དགོས་ཆེད་ཡོད་༽ལན་བདུན་དབུལ༔ དེ་ནས་འབྲུའི་མཎྜལ་༼དབུལ་ཞིང་ཕོངས་པའི་སྡུག་བསྔལ་དང་བྲལ་བའི་དགོས་པ་ཡོད་༽ལན་བདུན་དབུལ༔ དེ་ནས་དབང་ཞུ་བའི་གསོལ་འདེབས་འདི་ལན་གསུམ་བྱའོ༔ སྨིན་གྲོལ་དོན་གྱི་ཞུ་བ་དབུལ༔ ཞེས་པས༔ ཀྱེ་ཀྱེ་བླ་མ་རྗེ་བཙུན་པ་རྣམས་ཀྱིས༔ བདག་སྨིན་པར་མཛད་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ༔ ཅེས་གསོལ་བ་དྲག་ཏུ་གདབ་པོ༔ དེ་ནས་རྩལ་དབང་སེམས་ལ་བསྐུར༔ ཅེས་པས༔ བླ་མས་སློབ་བུ་ལ༔ བོགས་འབྱིན༔ དབང་གི་ཡན་ལག་རིག་པའི་དབང་སེམས་ལ་བསྐུར་ཏེ༔ རིག་པའི་རྩལ་དབང༔ སློབ་དཔོན་གང་གིས་བསྐུར་ན༔ སློབ་དཔོན་སངས་རྒྱས་ཀྱི་ཆ་ལ་བཏགས༔ སློབ་མ་སེམས་ཅན་གྱི་ཆ་ལ་བཏགས་ཏེ༔ སེམས་རྟོགས་པས་ནི་སངས་རྒྱས་ཏེ༔ ཞེས་པས༔ སངས་རྒྱས་ཐམས་ཅད་(༡༣༥)ཀྱང་རང་བྱུང་གི་རིག་པ་རང་ཤར་གྲོལ་དུ་རྟོགས་པས་སངས་རྒྱས༔ སེམས་ཅན་ཀྱང༔ རང་བྱུང་གི་རིག་པ་རང་ཤར་དུ་རྟོགས་ན་འཚང་རྒྱ་བ་སྟེ༔ རང་གི་རིག་པ་སྟོང་པ་ངོ་བོ་ཀ་ནས་དག་པ༔ རང་བཞིན་སྣ་ཚོགས་འོད་དུ་གསལ་བ༔ ཐུགས་རྗེ་མ་འགགས་ཕྱོགས་རིས་མེད་པ༔ རང་བྱུང་གི་ཡེ་ཤེས་རང་རིག་རང་གསལ་བར་ངོ་ཤེས་ཙ་ན༔ བདེ་སྡུག་གི་རྟོག་པ་མ་འགགས་པའི་སྣང་བ་སྣ་ཚོགས་སུ་བྱུང་ཡང་རྩ་བ་ཁོ་ལས་བྱུང༔ ཆུ་ནང་གི་འཁྱགས་པའམ༔ བར་སྣང་གི་ན་བུན་བཞིན་དུ༔ ཐམས་ཅད་ཁོ་ལས་བྱུང་བས༔ གྲོལ་ཡང་ཁོ་རང་གི་ངང་དུ་རང་གྲོལ་བའོ༔ གང་ཤར་རིག་པའི་རྩལ་དུ་གྲོལ་ཅེས་པ་ནི༔ གོང་ལྟར་རྩ་བ་ཐག་ཆོད་པའི་དུས་སུ༔ སྣང་སྲིད་གཡོ་འགུལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དུ་ངོ་ཤེས༔ རང་རིག་པས་རང་ལ་དབང་ཐོབ་ཙ་ན༔ ཐམས་ཅད་བདག་གི་དབང་དུ་མ་གྱུར་པ་མེད་དེ༔ རང་རིག་རང་ཤར་རང་གྲོལ་དུ་སོང་བའི་དུས་ན༔ སངས་རྒྱས་ལ་རེ་བ་མེད་དེ་རིག་པ་རང་སངས་རྒྱས༔ ཡེ་ནས་གནས་པའི་དོན་རང་གིས་ངོ་ཤེས་ཐག་ཆོད༔ མ་ཁྱབ་པ་མེད་དེ་མཐའ་རྒྱས༔ འཁོར་བ་ལ་དོགས་པ་མེད་དེ་རིག་པ་རང་དག༔ འཁོར་འདས་རིག་པའི་རྩལ་དུ་གྲོལ༔ བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་རིག་པའི་རྩལ་དུ་རང་དག་ཅིང༔ རང་གྲོལ་བ་དེ་ཉིད་ནང་རྟོགས་ན་ནང་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་ཏེ༔ གང་ཤར་ཐམས་ཅད་རྩ་བ་རིག་པའི་ཀློང་དུ་རང་གྲོལ་བའོ༔ རང་རིག་དབང་ཐོབ་རེ་དོགས་བྲལ་ཞེས་པ་ནི༔ གོང་གི་དེ་ལྟར་རྟོགས་ཤིང༔ ཁོང་དུ་ཆུད་ན་རིག་པ་རྩལ་གྱི་དབང་རང་གི་རིག་པ་ལ་རང་གིས་དབང་ཐོབ་པ་ཡིན་ཏེ༔ དེ་ཙ་ན་ཅི་སྣང་ཅི་སྲིད་ཅི་དྲན་ཐམས་ཅད་རང་གི་རིག་པའི་ངོ་བོའི་རྩལ་དུ་ཤར་བས༔ དགག་སྒྲུབ་རེ་དོགས་ཀྱི་མདའ་ལས་གྲོལ་བའོ༔ སྣང་སྲིད་རང་གི་རྩལ་དུ་གྲོལ༔ ཅེས་པ་ནི༔ གོང་ལྟར་རེ་དོགས་བྲལ་བའི་ཚེ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དུ་མ་གྲོལ་བ་སྤུ་ཙམ་ཡང་མེད་པའོ༔ ཏི་ལ་མདངས་གསུམ་རྩལ་དབང་ཐོབ༔ ཅེས་པ་ནི༔ དོན་ཐིག་ལེ་ཉག་གཅིག་རིག་པའི་ངོ་བོ༔ ཡེ་ཤེས་ཀྱི་(༡༣༦)རང་མདངས་ཞལ་ཕྱེ་ལ་བསྟན་ནོ༔ དེས་ནི་རྩལ་གྱི་ཡང་རྩལ་རིག་པའི་དོན་དབང་གི་དབང་མཆོག་ཐོབ་པ་ཡིན་ནོ༔ ངང་དང་རང་བཞིན་བདག་ཉིད་ཆེ༔ ཞེས་པ་ནི༔ གོང་གི་དབང་དེ་ཐོབ་ཙ་ན༔ ངང་ནི་རང་རིག་པའི་ངང་དུ་ཆོས་ཀུན་འདུས་པས་ངོ་བོ་ཉིད་ལ་དབང་སྒྱུར༔ རང་བཞིན་ནི་རིག་པའི་རང་མདངས་ཐམས་ཅད་རང་རིག་ཡིན༔ བདག་ཉིད་ཆེན་པོ་ནི་བདག་ལས་གཞན་པའམ་བདག་ཏུ་མ་འདུས་པ་སྤུ་ཙམ་ཡང་མི་འདུག་པས༔ རང་རིག་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་པས་ན༔ རབ་འབྱམས་རིག་པའི་དབང་ཐོབ་པའོ༔ རིག་པའི་རྩལ་དབང་མ་ཐོབ་ན༔ འདུས་བྱས་ཆོ་གས་གྲོལ་མི་སྲིད༔ ཅེས་པ་ནི༔ རྡུལ་ཚོན་རིན་པོ་ཆེ་སྣ་ལྔའི་དཀྱིལ་འཁོར་མང་པོ་བསྟན༔ བུམ་ཁྲུས་ཀྱིས་ཤ་ལ་བསྐུར༔ ཅོད་པན་གྱིས་ཐིབས་སུ་བཅུག༔ ཚོགས་འཁོར་གྱི་འདམ་དུ་བཅུག་ཀྱང༔ རིག་པ་རྩལ་གྱི་དབང་མ་ཐོབ་ན༔ སངས་རྒྱས་ས་ལ་རྟ་རྔའི་འདྲེས་གང་གི་ཡང་ཉེར་མ་སོང་སྟེ༔ ཀློང་གསལ་ལས༔ རབ་འབྱམས་རིག་པའི་དབང་མེད་ན༔ འདུས་བྱས་དབང་གིས་སྨིན་མི་སྲིད༔ ཅེས་སོ༔ རང་རྒྱུད་མ་སྨིན་གཞན་མི་གྲོལ༔ ཅེས་པ་ནི༔ རང་རིག་པའི་རྩལ་དབང་མ་ཐོབ་པར༔ གཞན་ལ་བསྐུར་ཡང་གྲོལ་བར་མི་ནུས་ཏེ༔ རྒྱུད་ལས༔ བདག་མ་སྨིན་པར་གཞན་མི་གྲོལ་ཅེས་སོ༔ བོགས་རྣམས་དབང་གིས་འབྱིན་པར་བྱེད༔ ཅེས་པ་ནི༔ དེ་ལྟར་རིག་པའི་རྩལ་དབང་ཐོབ་ན༔ མ་རིག་པའི་སྒྲིབ་པ་ཐམས་ཅད་དབང་གིས་དག་ཅིང༔ བོགས་འབྱིན་པར་བྱེད་དོ༔ རྗེས་ནི་དབང་རྫོགས་པ་དང་བླ་མ་ཉིད་ལ་བཞེད་པ་མེད་ཀྱང༔ བདག་རྣམ་པར་དག་པར་བྱ་བའི་ཕྱིར༔ དབང་ཡོན་དབུལ་དགོས་ཏེ༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་འཐད་དང་ཡིད་འཐད་དབུལ༔ ཅེས་པས་རིན་པོ་ཆེ་གསེར་ལ་སོགས་པ་མང་དུ་དབུལ་དེའི་ཡོན་ཏན་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ༔ གཅེས་འཛིན་བློས་བཏང་བའི་ཕྱིར་རང་གི་བུ་དབུལ༔ དེའི་ཡོན་ཏན་རང་གི་རྒྱུད་ལ་བུདྡྷའི་རིག་འཛིན་འབྱུང༔ འགྲོ་བའི་དོན་ལྷུན་གྱིས་གྲུབ་པའི་ཕྱིར་གཞན་སུ་ལྡན་དབུལ༔ དེའི་ཡོན་ཏན་མི་མཆོག་ཕུལ་ན་དོན་མཆོག་འགྲུབ༔ ཅེས་སོ༔ (༡༣༧)ཆགས་སྲེད་འཛིན་པ་བཏང་བའི་ཕྱིར༔ རང་གི་ཆུང་མ་དབུལ༔ དེའི་ཡོན་ཏན་ཆོས་སྐྱེད་བདེ་བ་ཆེན་པོ་དངོས་སུ་འབྱུང་ངོ་༔ ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར༔ གཞན་གྱི་ཆུང་མ་དང་བུ་མོ་ཡིད་འཐད་པ་གསེར་གཡུས་བརྒྱན་པ༔ དར་ཟབ་ཀྱིས་སྤྲས་ལ་བླ་མའི་ལས་རྒྱ་ལ་དབུལ༔ དེའི་ཡོན་ཏན་ནི་སྒྲ་རིག་གཙང་མ་དག་པས་ཏེ༔ ཆོས་ཉིད་བདེ་བ་འགྲུབ་པའོ་ཞེས་སོ༔ དབྱིག་ནི་གཞན་དོན་མཐའ་དག་འགྲུབ་པའི་ཕྱིར། ནོར་སྣ་བསམ་གྱིས་མི་ཁྱབ་པའི་བརྒྱ་འབུལ་སྟོང་འབུལ་དུ་བྱའོ༔ དེའི་ཡོན་ཏན་ནི་བསྡུ་བ་བཞིའི་རྟེན་འབྲེལ་ལ་མཁས་པར་འགྱུར་རོ༔ རབ་ཏུ་གཅེས་དང་ནི༔ དེ་མ་ཡིན་པའི་རང་གི་གྲོགས༔ འཁོར་ཡུལ་ལ་སོགས་པ་ཡིད་འཐད་པ་ཐམས་ཅད་ནོར་གྱིས་བསླུས་ཏེ༔ བླ་མ་ལ་དབུལ་ལོ༔ དེ་ཡང་ལུང་ལས༔ དེ་ལྟར་དུས་ཚོད་མཉམ་པར་འགྲུབ༔ ཅེས་པས་དབང་ཚར་བ་དང་ཡོན་དབུལ་བ་དུས་མཉམ་དུ་བྱའོ༔ རང་རིག་རྩལ་གྱི་དབང་ཐོབ་ཚེ༔ ཆོས་རྣམས་སེམས་ལ་རྫོགས་ཕྱིར་གྲོལ༔ རབ་འབྱམས་བཀའ་ཡི་དབང་རྣམས་ཐོབ༔ ཅེས་པ་ནི༔ སྣོད་ལྡན་དེ་ཉིད་རིག་པའི་རྩལ་དབང་ཐོབ་པས༔ དབང་ཐམས་ཅད་ཐོབ་པར་བསྔགས་པ་བརྗོད་པར་བྱའོ༔ སྨིན་གྲོལ་དབང་གི་རྩལ་དབང་དེ་ལྟར་བསྐུར་བར་བྱའོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་ཀྱི་སྙིང་པོའི་དབང༔ དབང་ཐམས་ཅད་ཀྱི་རྩ་བ་རང་རིག་པའི་རྩལ་དབང་དུ་ངོ་སྤྲད་པ༔ རིག་པའི་སྒྲོན་མ་འདི༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨརཱ།ཐ།༔ སྲ།ནཀྲ༔ ཨཨསཱ༔ དགེའོ༔

ཐོད་རྒལ་ཁྱད་པར་དབང་ལྔ།

༄༅༔ ཐོད་རྒལ་ཁྱད་པར་དབང་ལྔ་བཞུགས་པ་ལགས་སོ༔

༄༅༔ ཤགཱཐརྒན༔ རང་རིག་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་གདུལ་བྱར་གྱུར་བ་ལ༔ སྤྲོས་བཅས་བུམ་པའི་དབང་དག་གིས༔ ཐུན་མོང་༼སྨིན་པར་བྱ་བའི་ཕྱིར་༽ལས་དང་པོ་ལ་བསྐུར༔ ལས་ཅན་གཅིག་གཉིས་གསུམ་བཞི་༼དེ་ལས་མང་དུ་མི་རུང་༽ལ༔ གསུམ་པའི་དབང་ཉིད་༼ཆགས་ཆེན་དོན་དུ་༽བསྐུར་བྱ་སྟེ༔ དབང་ཁྲིད་སོ་སོར་ཉམས་༼གསུམ་ཀ་ལ་རྟགས་ཐོན་ནས་༽རྙེད་ནས༔ སྐལ་ལྡན་སྙིང་དང་(༡༣༨)མིག་འདྲ་༼ཁྱད་པར་ཅན་༽ལ༔ ཀུན་ཏུ་སྤྲོས་པ་མེད་པའི་དབང༔ མངོན་སུམ་རང་ཐོག་དབབ་ཕྱིར་བསྐུར༔ རང་ལུས་དྲི་མེད་གཞལ་ཡས་སུ༔ སྨིན་བྱེད་ལྔ་ཡི་དབང་བསྐུར་བྱ༔ སྤྱི་གཙུག་སྙིང་ཁ་མགྲིན་པ་དང༔ ལྟེ་བ་གསང་གནས་ལྔ་རུའོ༔ ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ནི༔ དཀར་དམར་མཐིང་སེར་ལྗང་བ་ཡི༔ འདབ་བཞི་ཡེ་ཤེས་མུ་ཁྱུད་ཅན༔ སོ་སོའི་ཁ་དོག་གསལ་དཀྱིལ་དུ༔ ཡེ་ཤེས་ལྔ་ནི་གསལ་བྱས་ཏེ༔ སྤྱི་བོའི་ད་ལར་ཨོཾ་དཀར་བསྒོམ༔ འོད་འཕྲོས་རང་ལུས་ཨོཾ་དུ་གྱུར༔ ཨོཾ་ལས་འོད་ཚོགས་ཨོཾ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཨོཾ་དུ་གྱུར༔ བདག་གཞན་ལུས་སྒྲིབ་ཀུན་དག་བསམ༔ ཚོགས་གཏོར་མཆོད་རོལ་ཨོཾ་ཉིད་བཟླས༔ ལུས་ཀྱི་དྲི་མ་ཀུན་དག་ནས༔ སངས་རྒྱས་སྐུ་ཡི་དབང་རྣམས་ཐོབ༔ མགྲིན་པའི་ད་ལར་ཨཱཿདམར་བསྒོམ༔ འོད་འཕྲོས་རང་ལུས་ཨཱཿརུ་གྱུར༔ ཨཱཿལས་འོད་ཚོགས་ཨཱཿའཕྲོས་པས༔ སྣང་སྲིད་ཐམས་ཅད་ཨཱཿརུ་གྱུར༔ ཅ།མཱ༔ བདག་གཞན་ངག་སྒྲིབ་ཀུན་དག་བསམ༔ གཏོར་ཚོགས་མཆོད་རོལ་༼ཤ་ལྔ་རྩི་ལ་སོགས་༽ཨཱཿཉིད་བཟླས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་གསུང་གི་དབང་ཐོབ་བསམ༔ སྙིང་ཁའི་ད་ལར་ཧཱུྃ་མཐིང་བསྒོམ༔ འོད་འཕྲོས་རང་ལུས་ཧཱུྃ་དུ་གྱུར༔ ཧཱུྃ་ལས་འོད་ཚོགས་ཧཱུྃ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར༔ བདག་གཞན་ཡིད་སྒྲིབ་ཀུན་དག་བསམ༔ ཚོགས་གཏོར་མཆོད་རོལ་༼ཡབ་ཡུམ་བདེ་བས་༽ཧཱུྃ་ཉིད་བཟླས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཐུགས་ཀྱི་དབང་རྣམས་ཐོབ༔ ལྟེ་བའི་ད་ལར་ཏྲཱྃ་སེར་བསྒོམ༔ འོད་འཕྲོས་རང་ལུས་ཏྲཱཾ་དུ་གྱུར༔ ཏྲཱྃ་ལས་འོད་ཚོགས་ཏྲཱྃ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཏྲཱྃ་དུ་གྱུར༔ བདག་གཞན་ང་རྒྱལ་ཀུན་དག་བསམ༔ ཚོགས་གཏོར་མཆོད་རོལ་ཏྲཱཾ་ཉིད་བཟླས༔ ང་རྒྱལ་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཡོན་ཏན་དབང་རྣམས་ཐོབ༔ གསང་བའི་ད་ལར་ཕཊ་ལྗང་བསྒོམ༔ འོད་འཕྲོས་རང་ལུས་ཕཊ་དུ་གྱུར༔ ཕཊ་ལས་འོད་ཚོགས་ཕཊ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཕཊ་དུ་གྱུར༔ བདག་གཞན་ཕྲག་དོག་ཀུན་དག་བསམ༔ (༡༣༩)ཚོགས་གཏོར་མཆོད་རོལ་ཕཊ་ཉིད་བཟླས༔ ཕྲག་དོག་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཕྲིན་ལས་དབང་རྣམས་ཐོབ༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ སྤྲོས་བཅས་དབང་རྣམས་རྫོགས་བྱས་ནས༔ ཁྱད་པར་རིག་པའི་དབང་ལྔ་བསྐུར༔ དེ་ནས་མངོན་སུམ་རང་ཐོག་དབབ༔ ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར༔ ཅེས་པས༔ རིག་པའི་དབང་ལྔ་བསྐུར་རྗེས་སུ༔ མངོན་སུམ་རྩལ་དབང་བསྐུར་བ་ནི༔ རྐྱེན་བྲལ་དངས་མཐོ་དབེན་ས་རུ༔ ཟེར་གཉིས་དུས་སུ་མཆོད་པ་བཤམ༔ གསོལ་བ་མཆི་མ་འབྱུང་བ་གདབ༔ གན་རྐྱལ་ཟིམ་བུས་སཱུརྱ་བལྟ༔ ཐིག་ལེ་འཇའ་ཚོན་ལུག་རྒྱུད་འབྱུང༔ ཡང་ན་ཙོག་པུའི་འདུག་སྟངས་ཀྱིས༔ དབབ་ཟློག་ཟུར་ལ་མནན་པས་འབྱུང༔ དེ་ནི་ཀུན་བཟང་རིག་པའི་དབང༔ དེ་ལས་བྲལ་བར་མི་བྱའོ༔ ལྷག་མེད་ཀུན་བཟང་ཉིད་དུ་འགྱུར༔ ཁྱད་པར་རྩལ་དབང་རིམ་པའི་གནད༔ མངོན་སུམ་རང་ཐོག་དབབ་པ་ནི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ༔

ངོ་འཕྲོད་ནས་སྤྲོ་བ་བསྐྱེད་པའི་ཆོས་བཤད།

༄༅༔ ངོ་འཕྲོད་ནས་སྤྲོ་བ་བསྐྱེད་པའི་ཆོས་བཤད་བཞུགས་སོ༔

༄༅༔ མཧཱ་གུ་རུ་ན་མོ་ཧཱུྃ༔ བླ་མས་རིགས་ཀྱི་བུ་ལ་མངོན་སུམ་གྱི་ངོ་སྤྲད་ནས་འདི་སྐད་སྤྲོ་བ་བསྐྱེད་པར་བྱའོ༔ འོ་རིགས་ཀྱི་བུ་འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་དང༔ རིགས་ལྔ༔ བྷོ་དྷི་སཏྭ༔ བླ་མ༔ ཡི་དམ༔ ཌཱཀྐི་ཐམས་ཅད་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ༔ སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་བ་ཞེས་བྱའོ༔ ལས་དང་བག་ཆགས་དང་སྡིག་སྒྲིབ་མ་རིག་པ་ཐམས་ཅད་ཟད་པ་ཞེས་བྱའོ༔ ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ༔ ལས་དང་སྐལ་བར་ལྡན་པ་ཞེས་བྱའོ༔ བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ༔ སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ༔ དེ་ཡང་འོད་མཐིང་ཁར་གསལ་བས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང༔ ཉོན་མོངས་པ་གཏི་མུག་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར༔ དེ་བཞིན་རིགས་ལྔའི་ཁ་དོག་ཉོན་(༡༤༠)མོངས་པ་དག་ཚུལ༔ ཡེ་ཤེས་ཐོབ་ཚུལ་བཤད་དོ༔ འོ་དུས་དེ་རིང་ནས་སངས་རྒྱས་ཀུན་ཏུ་བཟང་པོ་དང༔ རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་རྡུལ་ཙམ་ཡང་མེད་དོ༔ ཞེས་བསྔགས་པ་བརྗོད་པར་བྱའོ༔

༄༅༔ ཡང་འདི་སྐད་ཅེས་སྤྲོ་བ་བསྐྱེད་པར་བྱའོ༔ འོད་འདི་ལྟར་མཐོང་བ་ནི་མཁའ་འགྲོ་ལྔའི་ཞལ་དངོས་སུ་མཐོང་བ་ཞེས་ཀྱང་བྱའོ༔ དེ་ཡང་འོད་མཐིང་ཁ་གསལ་བས་སངས་རྒྱས་ཌཱཀྐིའི་ཞལ་མཐོང༔ ཉོན་མོངས་པ་གཏི་མུག་དག༔ འོད་དཀར་པོ་མཐོང་བས་རྡོ་རྗེ་མཁའ་འགྲོའི་ཞལ་མཐོང་ཉོན་མོངས་པ་ཞེ་སྡང་དག༔ འོད་སེར་པོ་མཐོང་བས་རིན་ཆེན་མཁའ་འགྲོའི་ཞལ་མཐོང་ཉོན་མོངས་པ་ང་རྒྱལ་དག༔ འོད་དམར་པོ་མཐོང་བས་པདྨ་མཁའ་འགྲོའི་ཞལ་མཐོང་ཉོན་མོངས་པ་འདོད་ཆགས་དག༔ འོད་ལྗང་གུ་གསལ་བས་ལས་ཀྱི་ཌཱཀྐིའི་ཞལ་མཐོང་ཉོན་མོངས་པ་ཕྲག་དོག་དག་པའོ༔ ཡེ་ཤེས་ཀྱི་སྣང་བ་མཐོང་བ་ཞེས་བྱ་སྟེ༔ འཁོར་བ་དང་རྒྱབ་གྱེས་པ་ཞེས་བྱ་བའོ༔ དུག་ལྔ་ཡེ་ཤེས་སུ་ཤར་བའོ༔ ཉོན་མོངས་པ་མ་སྤངས་གནས་སུ་དག་པའོ༔ ལྷུན་གྲུབ་རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ༔ ཞེས་བསྔགས་པ་བརྗོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དགེའོ༔

པྲ་ཁྲིད་ཆོས་ཐུན་ཁྲིད་ཀྱི་ཞག་གྲངས།

༄༅༔ པྲ་ཁྲིད་ཆོས་ཐུན་ཁྲིད་ཀྱི་ཞག་གྲངས་བཞུགས་སོ༔

༄༅༔ བྱ།སམྱ།ཅ།༔ སྐུ་གསུམ་འདུ་འབྲལ་མེད་ལ་ཕྱག་འཚལ་ལོ༔ གསང་ཆེན་གནད་ཀྱི་གལ་མདོ༔ མངོན་སུམ་གནད་ཀྱི་མན་ངག༔ གཅེར་མཐོང་རིག་པའི་ལྕགས་ཀྱུ༔ སྐུ་གསུམ་ལམ་ཁྲིད་ཀྱི་ལག་ལེན༔ པྲ་ཁྲིད་དུ་བསྟན་པ་ནི༔ སྔོན་འགྲོ༔ དངོས་གཞི༔ རྗེས་གསུམ་ལས༔ དང་པོ་སྔོན་འགྲོ་ནི་གཉིས་ལས༔ དང་པོ་སྔོན་འགྲོའི་སྔོན་འགྲོ་རྣམ་པ་བརྒྱད་ལས༔ དང་པོ་ཆོས་འདི་སྟོན་དུ་རུང་བའི་སྣོད་ལེགས་པར་བརྟགས་ཏེ༔ རིགས་ཀྱི་བུ་དེ་གནས་མཚན་ཉིད་དང་ལྡན་པར་ཁྲིད་སྟེ༔ དུས་གནད་ཁྱད་པར་ཅན་ལ་གྲོགས་དམ་ཚིག་དང་ལྡན་པ་གཉིས་ནས་གསུམ་ཚུན་ཆད་ཀྱི་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ཏེ༔ བླ་མས་དྲང་དོན་གྱིས་དད་པ་བསྐྱེད༔ བརྒྱུད་པའི་ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་(༡༤༡)ལ༔ དབང་ཐམས་ཅད་རྫོགས་པར་བསྐུར༔ དེ་ནས་དངོས་གཞིའི་སྔོན་འགྲོ་ནས་བཟུང་ནས༔ དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ལ་ཞག་གཉིས་སུ་བསླབ་སྟེ༔ ལུས་ཀྱི་སྔོན་འགྲོ་ལ་ཞག་གཅིག༔ ལུས་ཀྱི་རྡོ་རྗེའི་སྐྱིལ་ཀྲུང་ལ་ཞག་གཅིག་སྟེ་ཞག་གཉིས་སུ་བྱའོ༔ དེ་ནས་ངག་གི་སྔོན་འགྲོ་ལ་ཞག་གཅིག༔ རྒྱས་གདབ་པ་གཉིས་ལ་ཞག་རེ་རེ༔ རྩལ་སྦྱོང་རྣམ་པ་གཉིས་ལ་ཞག་རེ་རེ༔ མཉེན་བཙལ་བ་ལམ་དུ་ཞུགས་པ་གཉིས་ལ་ཞག་རེ་རེ༔ ངག་གི་སྔོན་འགྲོ་ལ་ཞག་བདུན་དུ་བྱའོ༔ དེ་ནས་སེམས་ཀྱི་སྔོན་འགྲོ་ལ་ཞག་གཅིག༔ དེ་ནས་སེམས་ཀྱི་བྱུང་ས་ལ་ཞག་གཅིག༔ དེ་ནས་སེམས་ཀྱི་གནས་ས་ལ་ཞག་གཅིག༔ སེམས་ཀྱི་འགྲོ་ས་ལ་ཞག་གཅིག་སྟེ༔ སེམས་ཀྱི་སྔོན་འགྲོ་ལ་ཞག་བཞིར་བྱའོ༔ དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ལ་ཞག་བཅུ་གསུམ་དུ་བྱའོ༔ དེ་ནས་རང་ནང་གི་ལུས་ངག་ཡིད་གསུམ་རུ་ཤན་འབྱེད་པ་ལ་དམིགས་པ་དང་བཅས་པའི་ཡི་གེ་འབྲུ་གསུམ་ལ་ཞག་བདུན་བཟླས་པ་བྱའོ༔

དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ལ་ཕྱི་ནང་གཉིས་ལས༔ དང་པོ་ཕྱི་ནི་ལུས་ལ་ཞག་གཅིག༔ ངག་ལ་ཞག་གཅིག༔ ཡིད་ལ་ཞག་གཅིག་སྟེ༔ ཞག་གསུམ་དུ་བྱའོ༔ དེ་ནས་ནང་ནི༔ ལྟ་སྟངས་གསུམ་ལ་ཞག་རེ་རེར་བྱའོ༔ དེ་ནས་རྟོག་པ་རྩད་བཅད་པ་ལ་སོགས་ལ་ཞག་གསུམ་དུ་བྱའོ༔ རྣལ་དུ་དབབ་པ་ལ་ཞག་དགུ་བྱའོ༔ དེ་ནས་དངོས་གཞི་དང་པོ་ལ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་བ་ལ་ཞག་གསུམ་དུ་བྱའོ༔ དེ་ནས་བཞུགས་སྟངས་གསུམ་ལ་ཞག་རེ་རེ༔ ཞག་གསུམ་དུ་བྱའོ༔ དེ་ནས་གཟིགས་སྟངས་གསུམ་དང་སྒོའི་གནད་ལ་སོགས་པ་གནད་རྣམ་པ་གསུམ་མམ༔ བཞི་ནི་བཞུགས་སྟངས་དང་བསྟུན་ནོ༔ དེ་ལྟར་དངོས་གཞི་ལ་ཞག་དྲུག་གིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་དེ་ལས་མི་འབྲལ་བར་བྱས་ཏེ༔ སྣང་བ་བཞི་མ་རྫོགས་ཀྱི་བར་དུ་མཐའ་རྟེན་གྱི་རྒྱབ་བྱས་ཏེ་ཉམས་སུ་བླང་ངོ་༔ དེ་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ནི་ལོ་གསུམ་དང་ཟླ་བ་གཅིག་ནས་གྲོལ་བ་ཡིན་ནོ༔ ཐ་མ་ཡང་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་གྲོལ་བ་ཡིན་ནོ༔ ཁྲིད་དུ་བྱེད་པའི་དུས་སུ་(༡༤༢)ཡང་ལས་དང་ལྡན་པ་བདུན་ལས་མང་དུ་མི་རུང༔ མཁའ་འགྲོའི་བཀའ་ཆད་འབྱུང་ངོ་༔ དབང་ལེགས་པར་ཚར་ནས་ཁྲིད་བྱེད་པའི་དུས་སུ་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ གཏེར་སྲུང་ལ་ཟུར་གཏོར་རེ་བཅས་ཏེ་འབུལ༔ དེ་ནས་སྔོན་འགྲོ་ནས་མ་ཚར་བར་ལ་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ ཆོས་ཐུན་གྱི་དུས་སུ་ཆོས་སྐྱོང་དང་གཏེར་བདག་ལ་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ དེ་ནས་དངོས་གཞི་ལ་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ དེ་ནས་དངོས་གཞིའི་དོན་ངོ་འཕྲོད་ནས༔ གཏང་རག་གི་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བྱའོ༔ ཆོས་ཐུན་གྱི་དུས༔ མཁའ་འགྲོ་དང་གཏེར་གྱི་བཀའ་སྲུང་ལ་ཟུར་གཏོར་རེ་རེ་དབུལ༔ གཏེར་སྲུང་ལ་ཟུར་གཏོར་རེ་རེ་བཅས་ཏེ་དབུལ༔ དེ་ནས་སྔོན་འགྲོ་ནར་མ་ལ་ཚོགས་རྒྱ་ཆེན་པོ་བྱའོ༔ ཉམས་སུ་བླང་བའི་ཞལ་ཁྲིད་པྲ་ཁྲིད་དུ་བསྟན་པ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་སོ༔ ཁྠཾ༔ གགྭམྱ།།༔ དགེའོ༔

ཌཱཀྐིའི་གཏོར་མའི་རིམ་པ།

༄༅༔ ཌཱཀྐིའི་གཏོར་མའི་རིམ་པ་བཞུགས་སོ༔

༄༅༔ དེ་ནས་གཏོར་མ་བཏང་ཞིང་བཤམ་པ་ནི༔ ཐོད་པའམ་རཏྣའི་སྣོད་དུ་དབུས་སུ་ཆེ་བ་གཅིག་ལ་ཐ་མ་པདྨ་བརྒྱད་ཀྱིས་བསྐོར་བ་བྱའོ༔ ཤ་མར༔ ཁུར་བ༔ འབྲུ༔ སྒོག་གཙང༔ ཆང་དང༔ ཟས་ཀྱི་རྣམ་པ་ཅི་འབྱོར་པས་བརྒྱན་ཅིང་བཤམ་མོ༔ དེ་ནས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ་པ་གཞན་དང་མཐུན༔ སྟོང་གསུམ་གང་བར་སྤྲུལ་ལ་དབུལ་བ་ནི༔ ཨ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཌཱཀྐི་ནི་སིདྡྷི་ཧཱུྃ༔ ཧྲཱི་མ་ཧ་རི་ས་ར་ཙ་ཧྲི་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བུདྡྷ་ཌཱཀྐི་ནི་ཁཱ་ཧི༔ བཛྲ་ཌཱཀྐི་ནི་ཁཱ་ཧི༔ རཏྣ་ཌཱཀྐི་ནི་ཁཱ་ཧི༔ པདྨ་ཌཱཀྐི་ནི་ཁཱ་ཧི༔ ཀརྨ་ཌཱཀྐི་ནི་ཁཱ་ཧི༔ ས་མ་ཡ་ཌཱཀྐི་ནི་ཁཱ་ཧི༔ བྷི་ཤ་ཌཱཀྐི་ནི་ཁཱ་ཧི༔ སརྦ་ལོ་ཀཱ་ཌཱཀྐི་ནི་ཁཱ་ཧི༔ ཨོཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ལོ༔ དེ་ནས་གྱེར་སྒོམ་དུ་གསལ་གདབ་པའི་ཕྱིར༔ དབྱངས་དང་ལྡན་པས་ཐོད་རྔ་དཀྲོལ་ཞིང་འདི་སྐད་དོ༔ ཧཱུྃ་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་རྫུ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་དོན་མཛད་པའི་ཡེ་ཤེས་མཁའ་འགྲོ་མ༔ ཆགས་ཚུལ་འགྲོ་དོན་སྐུ་མདོག་དམར་མོར་བསྟན༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔ དུག་གསུམ་འཇོམས་མཛད་ཕག་མོའི་སྐུར་བསྟན་མ༔ སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་མ༔ ཕྱག་གཡས་གྲི་གུག་དུག་ལྔ་གཅོད་ཅིང་གཏུབ༔ ཕྱག་གཡོན་ཐོད་ཁྲག་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་ཁུང་བཟུང་ནས་དུག་གསུམ་སྒྲོལ༔ དབུ་སྐྲ་གྱེན་མཐུར་འཕྱང་བས་སྤྲུལ་པ་སྣ་ཚོགས་འགྱེད༔ རུས་རྒྱན་མེ་ལོང་རྒྱན་ཆས་མཁའ་འགྲོ་དབང་དུ་སྡུད༔ ཡེ་ཤེས་མེ་ཡིས་མི་ཤེས་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་དང་ཤེས་རབ་ངང༔ མ་རིག་མུན་སེལ་ཉི་ཟླའི་གདན་སྟེང་དུ༔ རྣམ་རྟོག་འཇོམས་པས་མི་རོའི་གདན་ལ་བཞུགས༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེ༔ ཡོན་ཏན་བྱེ་བས་བརྒྱན་པའི་སྐུ་མངའ་མ༔ ཡེ་ཤེས་ཌཱཀྐི་མ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་རིགས་ཀྱི་ཌཱཀྐི་ནི༔ ནམ་མཁའ་ལྟ་བུར་འདུས་མ་བྱས༔ སྐྱེ་བ་མེད་པའི་སྐུ་ལ་བསྟོད༔ རྡོ་རྗེ་རིགས་ཀྱི་ཌཱཀྐི་ནི༔ སྐྱེ་ཤི་མེད་དེ་རྡོ་རྗེའི་སྐུ༔ འགྱུར་བ་མེད་པའི་སྐུ་ལ་བསྟོད༔ རིན་ཆེན་རིགས་ཀྱི་ཌཱཀྐི་ནི༔ མི་ཟད་པ་ཡི་གཏེར་དང་ལྡན༔ ཡིད་བཞིན་ནོར་འདྲའི་སྐུ་ལ་བསྟོད༔ པདྨ་རིགས་ཀྱི་ཌཱཀྐི་ནི༔ ཆགས་པ་ལ་སོགས་སྐྱོན་དང་བྲལ༔ དྲི་མེད་ཡེ་ཤེས་སྐུ་ལ་བསྟོད༔ ལས་ཀྱི་རིགས་ཀྱི་ཌཱཀྐི་ནི༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ བདག་གཞན་དོན་རྫོགས་སྐུ་ལ་བསྟོད༔ དམ་ཚིག་རིགས་ཀྱི་ཌཱཀྐི་ནི༔ ཡེ་བསྲུངས་ཆེན་པོའི་ངོ་བོ་སྟེ༔ སྐྱོན་མེད་རྣམ་དག་སྐུ་ལ་བསྟོད༔ འཇིག་རྟེན་རིགས་ཀྱི་ཌཱཀྐི་ནི༔ ཆོས་མཛད་བསྟན་པ་སྲུང་མཛད་མ༔ ཐོགས་མེད་རྫུ་འཕྲུལ་སྐུ་ལ་བསྟོད༔ ཐམས་ཅད་མ་ལུས་ཌཱཀྐི་ནི༔ གང་འཚམས་ཕྲིན་ལས་སྒྲུབ་མཛད་མ༔ ཕྱོགས་མེད་ཡོན་ཏན་སྐུ་ལ་བསྟོད༔ ཤ་ཟ་རིགས་ཀྱི་ཌཱཀྐི་ནི༔ མི་བསྲུན་དྲག་མོའི་ཆ་བྱད་ཅན༔ དམ་ཉམས་སྲོག་གཅོད་སྐུ་ལ་བསྟོད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆོད་བཟློག་ཏུ་གསོལ༔ དགྲ་བགེགས་མ་ལུས་ཞི་བར་མཛོད༔ ཅེས་བསྐུལ་ཞིང་ཉམས་བསྐྱང་ངོ་༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ དེ་ལྟར་བསྒྲུབ་ཅིང་མཆོད་(༡༤༤)ན༔ རབ་ཞག་བདུན༔ འབྲིང་ཉེར་གཅིག༔ ཐ་མ་ཟླ་བ་གཅིག་ན་མཁའ་འགྲོའི་དངོས་གྲུབ་ཐོབ་ཅིང་ལུང་སྟོན་པར་འགྱུར་རོ༔ འདི་ལས་ཟབ་པའི་ཆོས་གཞན་ན་མེད༔ འདི་དང་སྙིང་ཐིག་གཉིས་སྦྲེལ་ན༔ གཡུ་ཡི་མཎྜལ་བཀོད་ལེགས་ལ༔ གསེར་གྱི་རྒྱན་གྱིས་སྤྲས་པ་འདྲ༔ བདག་གཞན་དོན་གཉིས་འགྲུབ་པ་སྟེ༔ འགྲོ་དོན་དཔག་མེད་འབྱུང་བའོ༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ གཅིག་ལས་སྤེལ་ན་སྙིང་ཁྲག་དེ༔ ཐང་ལ་ཕོས་ཤིག་མཁའ་འགྲོའི་ཚོགས༔ ཌཱཀྐི་སྒྲུབ་སྐོར་གཏོར་མ་དང་བཅས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔

ཌཱཀྐིའི་ཚོགས་མཆོད།

༄༅༔ ༔ཌཱཀྐིའི་ཚོགས་མཆོད་བཞུགས་སོ༔

༄༅༔ བྙཐྷནྱ།ག༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ཌཱཀྐི་ཡབ་ཡུམ་གྱི་ཚོགས་མཆོད་འདི་ལ་བཅུར་གནས་པ་ལས༔ དང་པོ་ཕྲིན་ལས་གདགས་པ་ནི༔ ཧོ་དགོངས་ཤིག་གསན་དུ་གསོལ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང་ནས༔ འགྲོ་བ་འདུལ་བའི་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡབ་ཡུམ༔ མཁའ་འགྲོ་འབུམ་ཚོགས་ཡབ་ཡུམ་འཁོར་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ༔ ཅེས་བྱའོ༔ དེ་ནས་གཉིས་པ་ཚོགས་ཀྱི་དྲི་མ་སྦྱོང་བ་ནི༔ ཚོགས་ལ་གསང་ཆུ་གཏོར་ལ་སྭ་བྷཱ་ཝའི་སྔགས་བརྗོད༔ ཧཱུྃ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་ཀུན༔ ཡི་གེ་རཾ་ཁཾ་ཡཾ་གསུམ་གྱིས༔ བསྲེག་ཅིང་བཀྲུས་ཏེ་གཏོར་བར་བྱ༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཁཾ་ཡཾ་སྭཱ་ཧཱ༔ ཞེས་བརྗོད་པས་དག་པར་བསམ༔ ཨ་ཨཱཿཧཱུྃ༔ ཧྲཱི་ཏྲཱྃ༔ ཡེ་ཤེས་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ལྔ༔ ཡི་གེ་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ༔ འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་བྱིན་གྱིས་བརླབས་སོ༔ གསུམ་པ་ཡུལ་སྤྱན་དྲང་བ་ནི༔ ལས་བྱང་གི་སྤྱན་འདྲེན་ལ༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཅེས་བཏགས་ལ་དབྱངས་སྙན་པོས་སྤྱན་དྲང་ངོ་༔ བཞི་པ་མཆོད་ཅིང་བསྟབ་པ་ནི༔ ཧཱུྃ་དུས་གསུམ་བདེ་གཤེགས་(༡༤༥)ཡི་དམ་ལྷ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་འཁོར་དང་བཅས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དམ་ཚིག་ཤ་ཟ་ལོ་ཀ་ཌཱཀྐིའི་ཚོགས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དེ་ལ་སོགས་པ་ཌཱཀྐིའི་རིགས་རྒྱུད་མ་ལུས་ཀུན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ལོ་ཀའི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང༔ དངོས་གྲུབ་བར་ཆད་བསལ་བའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཨ་ཨཱཿཧཱུྃ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ༔ མཧཱ་ཀཱ་ལ་མ་མོ་རཀ་མོ༔ དུ་ཏྲི་ཕུ་ཏྲི་ཡ་མ་རཱ་ཙ༔ ག་ཎ་ཙཀྲ་པུ་ཙ་ཁཱ་ཧི༔ མཧཱ་ཙིཏྟ་ཁཱ་ཧི༔ མཧཱ་རཀྟ་ཁཱ་ཧི༔ མཧཱ་ཀོ་རོ་ཙ་ན་ཁཱ་ཧི༔ མཧཱ་བ་སུ་ཏ་ཁཱ་ཧི༔ མཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ མཧཱ་པཉྩ་ཨ་མྲ྇་ཏ་ཁཱ་ཧི༔ མཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པ་ལན་བདུན་གྱིས་འབུལ་ལོ༔ ལྔ་པ་ཚོགས་བསྐང་ནི༔ ཧཱུྃ་བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ དུས་གསུམ་བླ་མ་ཡི་དམ་ཡང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་འཛིན་ཚོགས་ཀྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པའི་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་ཡང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་འཛིན་ཚོགས་ཀྱིས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པའི་དམ་ཚིག་ཐུགས་དམ་བསྐང༔ (༡༤༦)མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཌཱཀྐི་སྡེ་ལྔ་ཡབ་ཡུམ་འཁོར་བཅས་ཀྱང༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས་དམ་བསྐང༔ བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང༔ གླུ་གར་སྒྲུབ་པའི་དམ་ཚིག་ཐུགས་དམ་བསྐང༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་པས་བསྐང་ངོ་༔ དོན་དྲུག་པ་ཚོགས་ཀྱི་བཤགས་པ་བྱ་བ་ནི༔ གོང་གི་བཤགས་པ་ལ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ ཞལ་ཟས་ཚོགས་གཏོར་མཆོད་པས་སོ་སོར་བཤགས༔ ཞེས་བཏགས་ལ་བཤགས་པ་བྱའོ༔ བདུན་པ་ལིང་ག་བསྒྲལ་བ་ནི༔ ཚོགས་ཕུད་ཆ་ཐ་མ་ལ༔ དགྲ་བགེགས་ཀྱི་རཱུ་པ་བྱས་ལ༔ ལྕགས་ཀྱུའི་ཕྱག་རྒྱས་ཨ་མུ་ཀ་ནྲ྇་ཨཾ་གུ་ཤ་ཛ༔ ཞེས་པས་ཡུལ་གང་ཡིན་གྱི་རྣམ་པར་ཤེས་པ་བཀུག་ལ༔ བཛྲ་ཨ་བེ་ཤ་ཧཱུྃ༔ ཞེས་ཞགས་པའི་ཕྱག་རྒྱས་བཅིངས༔ བཛྲ་སྥོ་ཊ་བཾ༔ ཞེས་ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས༔ བཛྲ་གྷཎྜེ་ཧོ༔ ཞེས་དྲིལ་བུའི་ཕྱག་རྒྱས་གཟུགས་དང་རྣམ་ཤེས་དབྱེར་མེད་དུ་བསྲེའོ༔ དེ་ནས་ངག་ཏུ༔ ཧྲཱི་མ་ཧ་རི་ནི་ས༔ རཱ་ཙ་ཧྲཱི་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་བདག་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ་ལ༔ སྟོད་གཞུང་དང་མཐུན་པ་ལ༔ སྨད་ཕུར་བུ་ལྕགས་སོལ་མལ་ནས་བཏོན་པ་ལྟར་བསམས་ལ་འདི་སྐད་དོ༔ ཧཱུྃ་ང་ནི་རྟ་མགྲིན་ཡབ་ཡུམ་སྟེ༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཀུན་ཀྱང་མི་བཟད་འཇིགས་པའི་གཟུགས༔ དམར་ནག་མེ་ཡི་མཚོན་ཆ་འཕྲོ༔ ཁྲོ་བོའི་གཟུགས་ལ་གནམ་ས་གང༔ སྟོད་ནི་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་ངར་མའི་ཕུར་པ་འདྲིལ༔ སྨད་ནི་ཡེ་ཤེས་ཕུར་བུ་སྟེ༔ ནམ་མཁའི་མཐོངས་ནས་འདྲིལ་ཞིང་འདེབས༔ དྲག་པོར་གྱུར་པའི་ཕུར་པ་སྟེ༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་དགྲ་བགེགས་སྨོས་ཅི་དགོས༔ གཟིགས་པ་ཙམ་གྱིས་རྡུལ་དུ་རློག་༔ ཧྲཱི༔ ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ༔ ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་རྣམས༔ ཕྱག་གཉིས་གནམ་ལྕགས་ཕུར་བུ་འདྲིལ༔ རྒྱ་མདུད་རྩེ་ནས་འབྲུག་སྟོང་ལྡིར༔ ཆང་བཟུང་མཚམས་ནས་གློག་སྟོང་འཁྱུགས༔ ཆུ་སྲིན་ཁ་ནས་ཚ་ཚ་འཕྲོ༔ རྩེ་མོ་མཚོན་ཆ་འོད་ཟེར་འགྱེད༔ དགྲ་བགེགས་སྟེང་དུ་མཱ་ར་ཡ༔ ཨ་མུ་ཀ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླང་ངོ་༔ དེ་ནས་བརྒྱད་པ་བསྒྲལ་བ་དངོས་ལ་དྲུག་ལས༔ (༡༤༧)དང་པོ་ལྷ་དང་དབྱེ་བ་ནི༔ བྷྱོ༔ རྣ་ཉན་ཆེན་མོ་ཕྲ་མ་མཁན༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འགོ་བའི་ལྷ་དང་བྲལ་བར་གྱིས༔ ཆེ་གེ་མོ་ཏྲ་ག་རཱུ་ཏྲ་མཱ་ར་ཡ་ཕཊ༔ གཉིས་པ་གཟུགས་ལ་དབབ་པ་ནི༔ བྷྱོ༔ ལས་མཁན་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རྣམ་ཤེས་སྲོག་ལ་རྣམ་པར་ཕོབ༔ ཨ་མུ་ཀ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ གསུམ་པ་བྱད་དུ་གཞུག་པ་ནི༔ བྷྱོ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་སྡོམས་ཤིག་རྣམ་པར་འཆིངས༔ ཨ་མུ་ཀ་ཤྲི་ཀྲི་ཨ་ན་ཡ་ཧཱུྃ་ཕཊ༔ བཞི་པ་སྨྱོར་གཞུག་པ་ནི༔ བྷྱོ༔ སྨྱོ་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་ཡིད་གསུམ་མྱོས་པར་གྱིས༔ ཨ་མུ་ཀ་ཛ་ལ་ས་མ་ཡ་ཧཱུྃ་ཕཊ༔ ལྔ་པ་གཏུན་དུ་བརྡུང་བ་ནི༔ བྷྱོ༔ རྡུང་བྱེད་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རྡུངས༔ ཨ་མུ་ཀ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཞེས་བྱའོ༔ བྷྱོ༔ གདུག་པ་སྒྲོལ་མཁས་ཌཱཀྐི་ཡབ་ཡུམ་ཚོགས༔ དགྲ་བགེགས་ཤ་ནི་ཟན་བས་ཞིམ༔ དགྲ་བགེགས་ཁྲག་ནི་ཆང་བས་ཞིམ༔ དགྲ་བགེགས་རུས་ནི་མར་བས་ཞིམ༔ དུག་གསུམ་མཆོད་པར་འབུལ་བའི་ཕྱིར༔ མ་ལུས་འཁོར་བཅས་ཞལ་ཕྱེས་ཤིག༔ དེ་ནས་དགུ་པ་ཞལ་དུ་བསྟབ་པ་ནི༔ བྷྱོ་དགྲ་བགེགས་བསྒྲལ་བའི་དུག་གསུམ་མཆོད་པ་འདི༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་ཞལ་དུ་བསྟབ༔ གསོལ་ཞིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཌཱཀྐི་སྡེ་བཞི་ཡབ་ཡུམ་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ འཁོར་གྱི་ཌཱཀྐི་ལས་མཁན་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སྲུང་མ་སྡེ་བརྒྱད་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བསྒྲལ་བའི་མཆོད་པ་འདི་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ མཧཱ་རུ་ཏྲ་ཨུ་ཙ་ཏ་ཁཱ་ཧི༔ མཧཱ་མཾ་ས་(༡༤༨)ལ་ཁཱ་ཧི༔ མཧཱ་རཀྟ་ལ་ཁཱ་ཧི༔ མཧཱ་ཙིཏྟ་ལ་ཁཱ་ཧི༔ མཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧ་བ་སུ་ཏ་ལ་ཁཱ་ཧི༔ མཧཱ་པཱཉྩ་ཨ་མྲ྇་ཏ་ལ་ཁཱ་ཧི༔ ཞེས་ལན་བདུན་གྱིས་དབུལ་ལོ༔ བཅུ་པ་ཚོགས་ལ་རོལ་ཅིང་ལྷག་མའི་ཆོ་ག་བྱའོ༔ ཌཱཀྐི་ཡབ་ཡུམ་ཚོགས་མཆོད་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་སོ༔

དབང་གི་རྒྱབ་ཡིག

༄༅༔ དབང་གི་རྒྱབ་ཡིག་བཞུགས་སོ༔

༄༅༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ དབང་གི་རྒྱབ་ཡིག་བསྟན་པར་བྱ༔ དེ་ལ་བདག་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ གཅེར་བུ་རུས་པའི་རྒྱན་ལྡན་གཅིག་བསྐྱེད༔ དེར་བསྐྱེད་པའི་སྤྱི་བོར་ཡི་གེ་ར་ལས་བཛྲ་དཔའ་བོ༔ མགྲིན་པར་ཙ་ལས་རཏྣ་དཔའ་བོ༔ སྙིང་ཁར་ཧྲི༔ལས་པདྨ་དཔའ་བོ༔ ལྟེ་བར་ས་ལས་ལས་ཀྱི་དཔའ་བོ༔ ཕྱག་མཚན་གཙོ་བོ་དང་མཐུན་པར་བསྐྱེད་དོ༔ བདག་དེ་ལྟར་བསྐྱེད་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ༔ སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་གཡས་གྲི་གུག་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ན་ཐོད་པ་བདུད་རྩིས་གང་བ་ཐོགས་པ༔ འཁྲིལ་ཞིང་སྦྱོར་བ་ཞལ་གདངས་ལྗགས་སྤྲད་དེ་དགྱེས་པའི་འཛུམ་མདངས་ཅན༔ མཛེས་ཤིང་ཡིད་དུ་འོང་བ་གཅིག་ཏུ་རང་དང་ཡབ་ཡུམ་གཉིས་ཀ་བསྐྱེད་དོ༔ དེ་ལྟར་བསྐྱེད་པའི་ཡུམ་གྱི་སྤྱི་བོར༔ ཧ་ལས་རྡོ་རྗེ་དྷཱཀྐི་བསྐྱེད༔ མགྲིན་པར་ར་ལས་རིན་ཆེན་ཌཱཀྐི་བསྐྱེད༔ སྙིང་ཁར་ནི་ལས་པདྨ་ཌཱཀྐི་བསྐྱེད༔ ལྟེ་བར་ས་ལས་ལས་ཀྱི་ཌཱཀྐི་བསྐྱེད༔ ཕྱག་མཚན་ཡབ་དང་མཐུན༔ སྐུ་མདོག་ཕྱོགས་དང་མཐུན་ལ་མཛེས་ཤིང་ཡིད་དུ་འོང་བ་གཅིག་དང་ཡབ་ཡུམ་གཉིས་ཀ་བཅུ་དྲུག་ལོན་པའི་ལང་ཚོ་ལྟ་བུར་བསྐྱེད་དོ༔ དེ་ལྟར་བསྐྱེད་པའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ༔ ཨོ་རྒྱན་པདྨ་བདག་ཉིད་སྐུ་མཐིང་ནག་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་ཡུམ་དང་ཞལ་སྦྱོར་བ་གཅིག་ཏུ་བསྐྱེད་དོ༔ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་(༡༤༩)པར་བྱ་སྙམ་པ་བྱས་ལ༔ དེ་ནས་ཡུམ་དང་འཁྲིལ་ཏེ༔ ཡབ་ཀྱི་གསང་བའི་ཧཱུྃ་ལས༔ རྡོ་རྗེ་བསྐྱེད་པའི་ནང་དུ་ཕཊ་སེར་པོས་བུ་ག་དགག་གོ༔ མུ་དྲ་ཡུམ་དུ་བསྐྱེད་པའི་བྷ་ག་པཾ་ལས་པདྨ་འདབ་བཞིའི་དབུས་སུ་ཕཊ་སྔོན་པོས་བུ་ག་དགག་གོ༔ དེ་ནས་རྡོ་རྗེ་པདྨ་སྦྱར་ཏེ༔ གོང་གི་བསྐྱེད་པའི་ལྷ་ཐམས་ཅད་དང༔ བླ་མ་ཡབ་ཡུམ་ཡང་སྦྱོར་བ་མཛད་པར་བསྒོམ༔ རྩ་ཁམས་ཐམས་ཅད་དུ་དཔའ་བོ་ཌཱཀྐི་གྲངས་ལས་འདས་པ་ཐམས་ཅད་སྦྱོར་བ་བྱེད་པར་བསམ༔ དེ་ནས་འོ་དང་དམ་དུ་འཁྱུད་པའི་འཁྲུལ་འཁོར་གྱིས་དལ་བུས་བསྐྱོད༔ བདེ་བ་སྐྱེས་པ་ལྟར་གོང་གི་ལྷ་ཡབ་ཡུམ་ཡང་བདེ་བས་དགྱེས་ཤིང་བསྐྱོད་པས༔ སྦྱོར་མཚམས་ནས་དྭངས་མ་བབས་པས་རང་ལུས་བདེ་བས་རྒྱས་ཤིང་ལུས་སེམས་བདེ་བའི་དྭངས་མས་ལྟེམ་གྱིས་ཁེངས་པར་བསྒོམ༔ བདེ་བ་རྫོགས་ནས་མི་ཟིན་པས་འགོ་གཡོ་བ་ནས་བཟུང༔ བསྐྱོད་ཀྱིན་མི་བཟུང༔ བསྐྱོད་འཕྲོ་བཅད་ལ་བཟུང༔ ལས་དང་པོ་པས༔ ལུས་བདེ་མེར་བྱུང་བ་དང༔ གཅན་གཟན་ལྟ་བུའི་སྣོམ་གྱིས་རླུང་གཉིས་ནང་དུ་འཐེན༔ གླིང་བཞི་རི་རབ་ངོས་སུ་བསྡུ༔ སྦྲུལ་ཚང་བྲག་ལ་སྦྱར༔ འབྲོང་ཟེ་ཁ་གཟེང་བསྟོད༔ ལྷོ་སྤྲིན་དབྱིངས་ལ་སྒྲིལ༔ བདེ་ཆེན་འཁོར་ལོར་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་གཏད་སྟེང་འོག་གི་རླུང་བསྡམ་སྟེ༔ བདེ་བ་ལ་སེམས་མེ་རེ་བཞག༔ དེ་ནས་བདེ་བ་ཆུང་དུ་སོང་བ་དང༔ ཡང་བསྐྱོད་ཅིང་དེ་ཀ་བཞིན་བཟུང་བས༔ སྤྱི་བོ་ནས་དྲངས་མ་གཡོས་པས་བདེ་མེ་རེ་བ་དེ་དགའ་བའི་ཡེ་ཤེས་དེས་རྣམ་རྟོག་རབ་རིབ་རྣམས་སྤང༔ དྭངས་མ་སྙིང་ཁར་བསླེབས་པས་མཆོག་དགའི་ཡེ་ཤེས༔ དེས་བདག་ཏུ་འཛིན་པའི་རྟོག་པ་སྤང༔ དྭངས་མ་ལྟེ་བར་སླེབ་སྟེ༔ བདེ་བ་རྒྱས་པས་དགའ་བྲལ་གྱི་ཡེ་ཤེས༔ དེར་ཕྱག་རྒྱར་འཛིན་པའི་རྟོགས་པ་སྤང༔ དྭངས་མ་གསང་བར་སླེབ་པས༔ ལུས་ངག་ཡིད་གསུམ་བདེ་ལ་རྟོག་པ་མེད་པར་འབྱུང་བས༔ ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དེས་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་ཐམས་ཅད་སྤང་སྟེ༔ བདེ་བ་སྟོང་པ་གསལ་བ་ངེས་བཟུང་མེད་པའི་ཉམས་སྐྱེ་བས༔ དེ་ངོས་བཟུང་ལ་(༡༥༠)དུས་ཐམས་ཅད་དུ་ཉམས་བསྐྱངས་པས་བདེ་སྟོང་རྟོགས་པ་མངོན་དུ་འགྱུར་རོ༔ སྙིང་རུས་ཀྱི་དྭངས་མ་མི་སྤང་བའི་དམ་བཅའ་བརྟན་པོ་བཟུངས་ལ་དགའ་བཞིའི་ཡེ་ཤེས་ངོས་མ་ཟིན་ཚེ་བསྐྱོད་དོ༔

དེ་ནས་ཟིན་པ་དྲང་བ་ནི༔ གསང་བ་བུ་གའི་རྡོ་རྗེ་སྔོན་པོ་དེ་དྭངས་མ་དང་འདྲེས་ནས༔ དྭངས་མཧཱུྃ་གི་རྣམ་པ་སྐར་མདའ་བཞིན་དུ་ལྟེ་བ་དབུ་མ་ན་ཡར་རྒྱང་གིས་བྱུང་བ་དང་དུས་མཉམ་དུ༔ ངག་ཏུ་ཧི་ཏིག་ཅེས་སྒྲ་དང་བཅས་པ་དྲག་པོས་བདུན་བར་མ་ཆད་པས་དྲང་བར་བྱའོ༔ སྤྱི་བོ་དང༔ མགྲིན་པ་དང༔ སྙིང་ཁ་དང༔ ལྟེ་བར་ཆིལ་གྱིས་སོང་བར་བསམ་ཞིང༔ དེ་ལྟ་བུ་ལན་གསུམ་བྱའོ༔ དེ་ནས་རྩལ་དགྲམ་ཞིང་རླུང་དང་བསྲེ་བ་ནི༔ ཕྱག་རྒྱ་མ་དང་བྲལ་ལ་རང་ཁྱིའི་འདུག་སྟངས་ཀྱིས་མིང་མེད་ཀྱི་རྩར་མཐེབ་ཆེན་བཙུགས་ཏེ༔ ཁུ་ཚུར་བཅང་སྟེ་ས་ལ་བཙུགས་ལ་ངག་ཏུ་ཧི་ཏིག་ཅེས་གཡས་ནས་ལན་གསུམ་དུ་དྲག་ཏུ་འཐེན་ལ༔ རླུང་བཟུང་སྟེ་གཡས་སུ་ལན་གསུམ་སྤྲུག༔ གཡོན་དུ་ཡང་དེ་བཞིན་དུ་བྱ༔ རླུང་བཟུང་སྟེ་ལུས་སྤྲུག་པ་ཤར་ཤར་བ་ལན་གསུམ་བྱ༔ དེ་ནས་ཀློད་ལ་བཞག་གོ༔ དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ༔ ལས་དེ་དང་པོ་པས་གལ་ཏེ་མ་འདྲོངས་ན༔ རྟགས་ནི་རྡོ་རྗེའི་རྩ་བར་ཆུ་བྲོ་བ་སྙམ་བྱེད་པ་འོང་བས༔ ཡང་ཡང་སྦྱོར་བས་དྲངས་ཤིང་དགྲམ༔ དེས་ཀྱང་མ་འདྲོངས་ན་ལས་རྒྱའམ༔ ལག་གི་འདུ་བྱེད་ཀྱིས་བཏང་ངོ་༔ དེས་མ་བཏང་ན་ནད་དུ་འགྲོའོ༔ དེ་ནས་ཕྱིས་མི་འདྲོངས་མི་སྲིད་དོ༔ འདྲོངས་ཤིང་དགྲམ་ཀྱང་བུད་མེད་བུ་མི་ཡོང་བའི་དུས་སུ་དུམ་རེ་མ་བཏང་ན༔ ཕྱིས་རྡོ་རྗེ་ལས་སུ་རུང་དུ་མི་བཏུབ་པས་བཏང་ངོ་༔ གཏོང་བའི་དུས་སུ་ཡང་པདྨའི་ནང་དུ་ཡི་དམ་གྱི་ལྷ་ཚོགས་བསྐྱེད་པ་ལ་མཆོད་པར་བསམ་མོ༔ དྭངས་མའི་ལྷག་མ་བག་ཙམ་ཞིག་བཟུང་ལ་རང་གིས་མྱོང་ངོ་༔ དེས་བྱང་སེམས་སྤངས་པའི་ལྟུང་བ་མི་ཕོག་པ་ཡིན་ནོ༔ དང་པོ་བདེ་བ་འགོ་མ་སྐྱེས་པ་དང༔ དེ་ལ་གོམས་པ་དང༔ རྡོ་རྗེའི་རྩ་བ་ནས་བཟུང༔ དེ་ལ་གོམས་ནས་རྡོ་རྗེའི་སྐེད་པ་ནས་བཟུང༔ དེ་ལ་གོམས་ནས་བྷ་ག་རང་ནས་དྲོངས་པར་ཐེ་ཚོམ་མེད་དོ༔ སྙིང་རུས་དང་ལྡན་པའི་སྐྱེས་བུས་མི་འདྲོང་མི་སྲིད་དོ༔ ཆགས་ཆེན་ལམ་དུ་(༡༥༡)འཇུག་པ་ཡི༔ དབང་བཞི་གནད་ཀྱི་གདམས་པ་འདི༔ མ་འོངས་ལས་ཅན་དོན་དུ་ནི༔ ཨོ་རྒྱན་པདྨ་བདག་འདྲས་བཀོད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དབང་གི་རྒྱབ་ཡིག་གསང་བའི་དུམ་བུར་བཀོད་པའོ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ རྫོགས་སོ༔ དགེའོ༔

དབང་གི་ཐོ་ཡིག

༄༅༔ དབང་གི་ཐོ་ཡིག་བཞུགས་སོ༔

༄༅༔ རིགས་ཀྱི་ཌཱཀྐི་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྙིང་གི་ཏི་ཀ་ཡི༔ ཆགས་ཅན་ལམ་དུ་འཇུག་པ་ཡི༔ དབང་བསྐུར་བ་ཡི་ཆོ་ག་ནི༔ ཞག་གསུམ་དུ་བྱ་སྟེ༔ ནུབ་དང་པོ་ལ་ཡུལ་བདག་ལ་གཏོར་མ་བྱིན་ནས༔ ས་བླངས་ལ་དཀྱིལ་འཁོར་གྱི་སྟེགས་བུ་བརྩིག༔ སྟ་གོན་གྱི་ཆོ་ག་བྱའོ༔ ནུབ་བར་པ་ལ༔ ཉིན་མོ་དཀྱིལ་འཁོར་བྲི༔ ནུབ་མོ་སློབ་མ་དལ་དུ་བཅུག་ནས༔ བུམ་པའི་དབང་བསྐུར༔ མི་གཞན་ཡང་བཅུག་པས་ཆོག༔ དེས་གང་ཟག་སློབ་བུ་ཐུན་མོང་དུ་སྨིན་པར་བྱེད་པའོ༔ ནུབ་ཐ་མ་ལ་གང་ཟག་མཚན་ཉིད་དང་ལྡན་པ་གསུམ་ལས་མི་མང་བར་བྱས་ལ༔ དཀྱིལ་འཁོར་མ་བསྡུས་པར་ཚོགས་གཏོར་མ་མང་དུ་བཤམས་ནས༔ སྲོད་ལ་དཀྱིལ་འཁོར་ལྷ་ཚོགས་གསང་དབང་བསྐུར༔ གུང་ལ་དལ་དེའི་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར༔ ཐོ་རངས་དཀྱིལ་འཁོར་དེའི་བྱང་དུ་ཤེས་རབ་ཡེ་ཤེས་དེའི་ངོ་སྤྲོད་རྒྱས་པར་བྱས་ལ༔ ནམ་ལངས་ཚོགས་ལ་རོལ༔ གླུ་གར་དང་རོལ་མོ་ཡང་བྱའོ༔ དེ་ནས་དཀྱིལ་འཁོར་གཤེགས༔ གཏོར་མ་གཏོང༔ བཀྲ་ཤིས་དང༔ སྨོན་ལམ་དང༔ བསྔོ་བ་ཡང་བྱའོ༔ ཨོ་རྒྱན་པདྨ་བདག་གིས་དབང་བཞིའི་གོ་རིམ་ཐོ་ཡིག་ཏུ་བཀོད་པའོ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ དགེའོ༔

མཁའ་འགྲོ་སྙིང་ཐིག་གསང་དབང་གི་ལྷན་ཐབས།

༄༅༔ མཁའ་འགྲོ་སྙིང་ཐིག་གསང་དབང་གི་ལྷན་ཐབས་བཞུགས་སོ༔

༄༅༔ གྱཏ།རྒྱ།མབམྱ།༔ རིགས་ཀྱི་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ རིགས་ལྡན་སྐྱེས་བུ་གང་ལ་ནི༔ མཁའ་འགྲོ་སྙིང་ཏིག་ཏི་ཀ་ཡི༔ དབང་བསྐུར་ལམ་དུ་འཇུག་པ་ནི༔ ཀློང་གསལ་ཉི་མའི་རྒྱུད་དག་ནས༔ སྐལ་ལྡན་སྨིན་བྱེད་དབང་བསྐུར་བ༔ སྤྲོས་བཅས་དང་ནི་སྤྲོས་མེད་(༡༥༢)དང༔ ཤིན་ཏུ་ཡོངས་སུ་སྤྲོས་མེད་ཀྱིས༔ སྐལ་བ་ལྡན་པ་སྨིན་པར་བྱ༔ ཞེས་པས་བུམ་དབང་བསྐུར་ཐབས་ལོགས་ན་ཡོད༔ འདིར་ནི་ཆགས་ཅན་འཇུག་པའི་ཕྱིར༔ གསང་དབང་མན་ཆད་བསྐུར་བའི་ཐབས༔ ཨོ་རྒྱན་པདྨ་བདག་གིས་བསྟན༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དཀྱིལ་འཁོར་སྟེགས་བུ་མཐར་རྫོགས་ནས༔ ཆོ་གའི་རིམ་པ་མ་ནོར་བར༔ བུམ་པའི་དབང་ཉིད་ཚར་རྗེས་སུ༔ དཀྱིལ་འཁོར་དེ་ཡི་ལྷོ་ཕྱོགས་སུ༔ དུས་ནི་སྲོད་ཀྱི་དུས་དག་ཏུ༔ བདུད་རྩི་རྣམ་པ་ལྔ་བཤམས་ལ༔ ངག་སྒྲིབ་དག་ནས་ནུས་ལྡན་ཕྱིར༔ གསང་བའི་དབང་ཉིད་བསྐུར་བྱ་སྟེ༔ བླ་མ་མཚན་ཉིད་ལྡན་པ་ལ༔ སློབ་མ་མཚན་ཉིད་ལྡན་པ་ཡིས༔ ཕྱག་བྱ་རིན་ཆེན་མཎྜལ་འབུལ༔ གསང་བའི་དབང་གི་ཕྱག་རྒྱ་མོ༔ མཚན་དང་ལྡན་པའི་རིག་མ་ལ༔ ཁྲུས་བྱས་སྤོས་དང་རྒྱན་གྱིས་གདགས༔ བླ་མ་དག་ལ་འབུལ་བ་ནི༔ ཀྱེ་མ་ཧོ༔ ཁྱེད་ནི་བདེ་བ་ཆེ༔ བདེ་ཆེན་པདྨ་ཧེ་རུ་ཀ༔ བདེར་གཤེགས་རྣམས་ཀྱི་བདེ་ཆེན་ཡབ༔ བདེ་བའི་དབང་ཕྱུག་བདེ་སྩོལ་མཛད༔ བྱང་ཆུབ་སེམས་ཅན་གང་དག་དོན༔ རྣམ་དག་མཆོག་གི་ཡང་དག་པའི༔ དྲི་མེད་བདུད་རྩི་དམ་པ་ཡིས༔ བླ་མེད་མཆོག་གི་དབང་བསྐུར་ལྟར༔ དེ་བཞིན་རིགས་ཀྱི་བུ་དག་ལ༔ འཁོར་བའི་སྡུག་བསྔལ་ཀུན་བསལ་མཛོད༔ དྲི་མེད་བདེ་ཆེན་བདུད་རྩི་ཡིས༔ མ་རིག་ཉེས་པའི་དྲི་མ་འཇོམས༔ བླ་མེད་བྱང་ཆུབ་བདེ་ཆེན་ཉིད༔ དུས་འདིར་བདག་གིས་ཐོབ་མཛོད་ཅིག༔ ཅེས་བརྗོད་བླ་མ་དག་ལ་འབུལ༔ དེ་ལྟར་གསོལ་བ་བཏབ་རྗེས་ལ༔ བླ་མས་མངོན་པར་རྟོགས་པ་བསྒོམ༔ གསོལ་བ་བཏབ་ཅིང་མཆོད་བསྟོད་བྱ༔ དེ་ནས་སློབ་མ་དག་ལ་ནི༔ དར་རམ་རས་ཀྱིས་གདོང་བ་བཅིངས༔ ལག་ཏུ་མེ་ཏོག་ཐོགས་ནས་ནི༔ བསྐོར་བ་དང་ནི་ཕྱག་གསུམ་ནི༔ བླ་མ་ཡབ་ཡུམ་གཉིས་ལ་འབུལ༔ དེ་ནས་བླ་མས་སློབ་མ་ལ༔ ཡེ་ཤེས་དག་ནི་དབབ་བྱས་ཏེ༔ བླ་མའི་མདུན་དུ་སློབ་མ་ནི༔ ལངས་ཏེ་རྐང་པའི་ལོང་བུ་གཤིབས༔ གུས་པས་ཐལ་མོ་སྙིང་ཁར་སྦྱར༔ དེ་ནས་བླ་མས་ཏིང་འཛིན་སློབ༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ རང་ཉིད་སངས་རྒྱས་ཌཱཀྐི་མ༔ རྡོ་རྗེ་ཕག་མོར་གསལ་བར་བསྒོམ༔ དེ་ལྟར་གསལ་བའི་ལྟེ་བ་རུ༔ (༡༥༣)ཆོས་འབྱུང་དམར་པོ་སུམ་བརྩེགས་བསྒོམ༔ དེ་ཡི་ལྟེ་བར་ཕག་མོ་ནི༔ ཤིན་ཏུ་ཆུང་བ་གསལ་བར་བསྒོམ༔ དེ་ལྟར་དམིགས་པ་དྲག་ཏུ་གཏད༔ གསོལ་གདབ་བྱིན་དབབ་རོལ་མོ་དཀྲོལ༔ འཕར་འཁྲབ་བདེ་གསལ་ཉམས་སྐྱེ་སྟེ༔ བདེ་སྟོང་དབྱེར་མེད་ངང་དེ་ལ༔ མ་ཡེངས་པ་རུ་བསྒོམ་དུ་གཞུག༔ དེ་ནས་གདོང་གཡོགས་བཀྲོལ་བྱས་ལ༔ བུམ་དབང་དུས་སུ་བསྟན་པ་ནི༔ རྡུལ་ཚོན་དག་གི་ད་ལ་ཡིན༔ དེ་ནི་དཔེ་ཡི་མཚོན་བྱ་དེ༔ རང་ལུས་རྒྱལ་བའི་ད་ལ་ཡིན༔ ཡེ་ནས་རང་ལུས་ད་ལ་རུ༔ གནས་པ་ངོ་ཡང་སྤྲད་པར་བྱ༔ འཁོར་ལོ་ལྔ་རུ་རིགས་ལྔ་ཡི༔ སངས་རྒྱས་ཡབ་ཡུམ་ལྔ་གནས་པ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ལྷ་ཡི་ད་ལར་ངོ་ཡང་སྤྲད༔ ཅེས་པས༔ འོ་རིགས་ཀྱི་བུ་ཁྱོད་གསོན་ཅིག༔ ཕྱི་བུམ་པའི་དབང་གི་དུས་སུ་རྡུལ་ཚོན་གྱི་དལ་ལ་བརྟེན་ནས༔ དཔེས་མཚོན་བྱ་རུ་ངོ་སྤྲད་པ་ཡིན་གྱིས་དོན་དམ་པར་བྱས་པར་སོང་ན༔ རང་གི་ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡིན་ཏེ༔ ཀློང་གསལ་ཉི་མའི་རྒྱུད་ལས༔ འབྱུང་བའི་དྭངས་མ་ལས་གྲུབ་པའི༔ ལུས་ནི་བདེར་གཤེགས་ཕོ་བྲང་ཉིད༔ རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས༔ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ༔ ཞེས་པས༔ རང་གི་རིག་པ་འདི་ནི༔ ཐོག་མར་འཁོར་འདས་གང་དུ་ཡང་མ་གྲུབ་པའི་སྔོན་རོལ་ནས༔ སྟོང་གསལ་བདེ་བ་ཆེན་པོར་བཞུགས་ཏེ༔ དེ་ཉིད་རང་ངོ་རང་གིས་མ་ཤེས་པས༔ རང་གིས་འབྱུང་བཞིའི་སྦུགས་སུ་ཚུད་པའི་ལུས་འདི༔ སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་ཏེ༔ སྤྱི་བོར་བདེ་ཆེན་གྱི་ཙཀྲ་ན་རྡོ་རྗེ་ཌཱཀྐི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས༔ མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ན་རིན་ཆེན་ཌཱཀྐི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་སངས་རྒྱས་ཌཱཀྐི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན་པདྨ་ཌཱཀྐི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས༔ གསང་གནས་བདེ་ཆེན་ཙཀྲ་ན་ལས་ཀྱི་ཌཱཀྐི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པ་ཡིན་ནོ༔ ཕུང་པོ་ཐམས་ཅད་དཔའ་བོ༔ ཁམས་ཐམས་ཅད་དཔའ་མོའི་རང་བཞིན་ཡིན་ནོ༔ ཐ་མ་བ་སྤུའི་ཁུང་བུ་ཡན་ཆད་ལྷ་དང་ལྷ་མོའི་རང་བཞིན་དུ་བཞུགས་པ་ཡིན་ཏེ༔ ལུས་འདི་དཀྱིལ་འཁོར་གྱི་རྩིག་པ༔ (༡༥༤)བུ་ག་ཐམས་ཅད་དཀྱིལ་འཁོར་གྱི་སྒོ༔ སྐྲ་དང་བ་སྤུ་ཐམས་ཅད་མེ་རིའི་ཕྲེང་བའོ༔ དེ་ཡང་ཀློང་གསལ་ལས༔ འབྱུང་བཞིའི་ད་ལ་སངས་རྒྱས་ཞིང༔ འཁོར་ལོ་ལྔ་ནི་རིགས་ལྔའི་གནས༔ ཕུང་ཁམས་ཐམས་ཅད་ལྷ་ཚོགས་ཉིད༔ སེམས་ནི་ཡེ་ཤེས་ཆེན་པོ་ཉིད༔ ལུས་ཀྱི་ད་ལ་ཆེན་པོ་སྟེ༔ བུ་ག་སྐྲ་ནི་སྒོ་དང་མེ༔ ཞེས་སོ༔ དེ་ལ་སོགས་པ་རྒྱས་པར་ནི༔ རྒྱུད་གཞན་དག་ནས་ཀྱང་སྤྲོ་བར་བྱའོ༔ གསང་དབང་གི་ལྷན་ཐབས་སོ༔

ཌཱཀྐིའི་དུས་གནད༔ གནད་འབེབས་ཤི་ས་སྤྱི་གནད་བླ་རྡོ།

༄༅༔ ཌཱཀྐིའི་དུས་གནད༔ གནད་འབེབས་ཤི་ས་སྤྱི་གནད་བླ་རྡོ་བཞུགས་སོ༔

༄༅༔ ཀྲཁྱདཱཨ༔ ཌཱཀྐི་ལ་ན་མོ༔ འཁོར་བ་བློ་ཡིས་བཏང་བ་ཡི༔ རྣལ་འབྱོར་བརྟུལ་ཞུགས་ཅན་དག་གིས༔ ཌཱཀྐི་ཡབ་ཡུམ་སྒྲུབ་པ་ལ༔ རྟགས་དང་ཡོན་ཏན་མེད་པ་ན༔ ཌཱཀྐི་གནད་འབེབས་ཤི་ས་བསྟན༔ ཡབ་ཡུམ་བསྙེན་པ་ཐེམ་པར་བསྐྱལ༔ དེ་ནས་ཌཱཀྐི་གནད་ལ་བོར༔ འདི་ལ་སྤྱི་དོན་རྣམ་པ་གསུམ༔ སྔགས་དང་དམིགས་པ་དུས་གནད་གསུམ༔ དང་པོ་དུས་གནད་བསྟན་པ་ནི༔ ཚེས་གཅིག་ཚེས་དྲུག་བཅུ་གཅིག་དང༔ བཅུ་དྲུག་ཉེར་གཅིག་ཉི་ཤུ་དྲུག༔ རྡོ་རྗེ་ཌཱཀྐི་ཡབ་ཡུམ་དུས་གནད་ཡིན༔ ཚེས་གཉིས་ཚེས་བདུན་བཅུ་གཉིས་དང༔ བཅུ་བདུན་ཉེར་གཉིས་ཉི་ཤུ་བདུན༔ རཏྣ་ཌཱཀྐི་ཡབ་ཡུམ་དུས་གནད་ཡིན༔ ཚེས་གསུམ་ཚེས་བརྒྱད་བཅུ་གསུམ་དང༔ བཅོ་བརྒྱད་ཉེར་གསུམ་ཉི་ཤུ་བརྒྱད༔ པདྨ་ཌཱཀྐི་ཡབ་ཡུམ་དུས་གནད་ཡིན༔ ཚེས་བཞི་ཚེས་དགུ་བཅུ་བཞི་དང༔ བཅུ་དགུ་ཉེར་བཞི་དགུ་སྟོང་ནི༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་དུས་གནད་ཡིན༔ ཚེས་ལྔ་བཅུ་དང་བཅོ་ལྔ་དང༔ ཉི་ཤུ་ཉེར་ལྔ་གནམ་སྟོང་རྣམས༔ གཙོ་བོ་ཡབ་ཡུམ་དུས་གནད་ཡིན༔ དེ་ལྟར་དུས་གནད་དག་ལ་བསྒྲུབ༔ གནད་ལ་ཕབ་པས་འགྲུབ་པ་ཡིན༔ དེ་ནས་དམིགས་པའི་གནད་བསྟན་པ༔ སྤྱི་བོའི་ཡབ་ཡུམ་ཆུ་ཡི་ཁམས༔ མགྲིན་པའི་ཡབ་ཡུམ་ས་ཁམས་ཏེ༔ ལྟེ་བའི་ཡབ་ཡུམ་མེ་ཡི་ཁམས༔ སྙིང་ཁའི་ཡབ་ཡུམ་ནམ་མཁའི་ཁམས༔ གསང་བའི་ཡབ་ཡུམ་རླུང་ཁམས་སོ༔ སྤྱི་བོའི་ད་ལ་མེ་དཔུང་ནང༔ གཙོ་འཁོར་ཡབ་ཡུམ་གསལ་བ་ཡི༔ ཐུགས་ནང་གྲུ་གསུམ་མེ་ཡི་དབུས་དག་ཏུ༔ འཁོར་ལོའི་ཡིག་མགོ་བསྣོལ་མ་ལ༔ མཐའ་གཉིས་རཾ་གྱིས་བརྟེན་(༡༥༥)པར་བསམ༔ དེ་ཡང་གན་ལོག་བསྣོལ་མར་འཁོར༔ རཾ་ལས་མེ་སྦར་ས་བོན་གཉིས༔ ཚིག་ལ་ཁད་དུ་དམིགས་པ་གཏད༔ དེ་བཞིན་མགྲིན་པར་ཆུ་ནང་དུ༔ དམིགས་པ་གོང་བཞིན་བསྐོར་བར་བྱ༔ ལྟེ་བར་མེ་ལས་ནམ་མཁའ་སྟེ༔ གསང་བར་རླུང་ལས་འཁོར་ལོ་ཉིད༔ རིམ་པ་བཞིན་དུ་ཤེས་པར་བྱ༔ སྔགས་ཀྱི་གནད་ནི་དབུ་ཞབས་བཟློག༔ དུས་གནད་སོ་སོའི་སྐབས་སུ་བཟླས༔ འདི་ནི་ཤིན་ཏུ་རྩུབ་པས་ཏེ༔ རྣལ་འབྱོར་འགའ་ཡི་སྤྱོད་ཡུལ་མིན༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ སྨྱོ་དང་ལྕེབ་པའི་ཉེན་ཆེ་བས༔ མཁས་པས་ཚོད་དང་སྦྱར་ལ་བསྒྲུབ༔

སྤྱི་གནད་གཅིག་ཏུ་བསྟན་པ་ནི༔ རང་ཉིད་ཡབ་ཡུམ་ཐུགས་ཀ་རུ༔ རིགས་བཞིའི་འཁོར་ལོ་ཞལ་སྦྱར་ལ༔ ས་བོན་ཡིག་མགོ་བསྣོལ་མར་གསལ༔ ཕོ་འཁོར་གཡས་ལ་མོ་འཁོར་གཡོན༔ མུ་ཁྱུད་འབྱུང་བ་ལྔ་ཡིས་བསྐོར༔ དེ་དག་མྱུར་དུ་འཁོར་བ་ཡིས༔ རང་དབང་མེད་པར་དབང་འདུས་བསམ༔ གསང་སྔགས་དཀྲུགས་ཏེ་བཟླས་པར་བྱ༔ ཡོན་ཏན་འབྱུང་གནས་གཞུང་བཞིན་བྱ༔ མ་བྱུང་དེ་ལྟར་གནད་ལ་དབབ༔ འདི་ནི་གོང་བས་ཁེ་ཉེན་ཆུང༔ དེ་ལྟར་བསྒྲུབས་པར་གྱུར་པ་ན༔ ཌཱཀྐི་དབང་མེད་སྲོག་དང་འབྲལ༔ དབང་དུ་མི་འདུ་རང་དབང་མེད༔ ཌཱཀྐི་ཤི་ས་སྲོག་གི་གནད༔ བཅུད་ཀྱི་དུམ་བུ་ཏིག་པ་འདི༔ ཟབ་པས་ཀུན་ལ་བློས་མ་ཐོངས༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ གཅིག་ལས་གཉིས་སུ་སྤེལ་སྲིད་ན༔ བཀའ་ཆད་འཕྲལ་དུ་འབྱུང་སྲིད་པས༔ རང་སྲོག་དག་ལས་གཅེས་པར་གྱིས༔

རྟ་མགྲིན་རྡོ་རྗེ་ཕག་མོ་གཉིས༔ ང་ཡི་ཡི་དམ་ལྷ་ཡིན་པས༔ སྲོག་གི་ཕྱིར་ཡང་མི་གཏོང་སྟེ༔ ཌཱཀྐི་སྡེ་བཞི་ང་ཡི་གཡོག༔ བྱ་དགའི་ཕྱིར་ཡང་མི་གཏོང་སྟེ༔ བདག་སྙིང་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་ཐུགས་ཀྱི་དཀྱིལ་དུ་སྟིམས༔ བླ་རྡོ་རིན་ཆེན་ཐིགས་པ་བསྟན༔ ཡབ་ཡུམ་ཞལ་སྦྱོར་ལྟོ་བ་རུ༔ མུ་ཁྱུད་ལྟེ་བ་དང་བཅས་པའི༔ དབུས་སུ་ཡབ་ཡུམ་ས་བོན་བྲི༔ ཡབ་ཀྱི་ལྟོ་བའི་རྩིབས་བཞི་ལ༔ ཡབ་ཀྱི་ས་བོན་བཞི་པོ་བྲི༔ དེ་ཡི་ཕྱི་རོལ་མུ་ཁྱུད་ལ༔ བཛྲ་དཔའ་བོ་ལ་སོགས་བྲི༔ དངོས་གྲུབ་གང་འདོད་ཤམ་བུར་བསྒྱུར༔ ཡུམ་ལ་དབང་བཞི་གོང་དང་(༡༥༦)འདྲ༔ སོ་སོར་བྱང་སེམས་དཀར་དམར་བྱུག༔ རབ་གནས་བསྟིམས་ལ་ཞལ་སྦྱར་བྲི༔ རྟ་དང་ཕག་མོའི་སྙིང་གཤགས་ལ༔ ཞལ་སྦྱར་བར་དུ་ཙཀྲ་གཞུག༔ དབང་རྫས་སྣ་ཚོགས་དག་གིས་དྲིལ༔ ཚོན་སྐུད་བཅིངས་ལ་མགུལ་དུ་བཏགས༔ གང་འདོད་རྩ་སྔགས་ཤམ་བུར་བསྒྱུར༔ ཞག་བདུན་བསྒྲུབས་ན་དངོས་གྲུབ་ནི༔ གང་འདོད་འབྱུང་བ་ཐེ་ཚོམ་མེད༔ ཌཱཀྐི་ལུས་དང་གྲིབ་མ་ལྟར༔ འདི་ཉིད་སུ་ཡིས་བཅངས་ཀྱང་འབྱུང༔ རྟག་ཏུ་མགོན་སྐྱབས་སྟོང་གྲོགས་བྱེད༔ ཅི་བསམ་ཐམས་ཅད་འགྲུབ་པར་འགྱུར༔ ཌཱཀྐིའི་བླ་རྡོ་གནད་ཐེབས་འདི༔ རང་གི་སྲོག་བས་ཕངས་སོ་སྦ༔ གཅིག་ཆོག་ལས་ཀུན་འགྲུབ་བྱེད་གནད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ གསུམ་ལས་མང་དུ་སྤེལ་ན་སྙིང་ཁྲག་འཇིབས་ཤིག༔ ཌཱཀྐི་རྣམས་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནད་འབེབས་བླ་རྡོ་གེགས་སེལ་གྱི་གདམས་པ་རྫོགས་སོ༔ དགེའོ༔

མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ།

༄༅༔ མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ་བཞུགས་སོ༔

༄༅༔ རྦ།མཱརྦྱ།བཨ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ་ཞེས་བྱ་བ་འདི་བསྒྲུབ་པའི་རྫས་ལ༔ ཀ་པཱ་ལ་དུམ་བུ་གཅིག་པ༔ དབུས་ན་གཤོང་བུ་བཞི་འདུག་པ་ན་དེ་འདོད་འཇོའི་བ་ཡིན་ཏེ༔ མདུན་ན་གཤོང་བུ་གསུམ་འདུག་ན་ཡིད་བཞིན་གྱི་ནོར་བུ་ཡིན་ནོ༔ དཔག་བསམ་གྱི་ཤིང་ལ་འབྲས་བུ་ཆགས་པ༔ མདུན་ཟུར་མཐོ་བ༔ ལྟག་ཟུར་འཇམ་པ༔ དབྱིབས་ལེགས་པ་དེ་ལྟ་བུའི་ཐོད་པ་མཚན་ལྡན་ལ་ནང་དུ་པདྨ་འདབ་བརྒྱད༔ ལྟེ་བ་མུ་ཁྱུད་དང་བཅས་པ་བྲི༔ སྨན་སྣ་དང༔ བྱང་སེམས་སྦྱར་བས་པདྨ་འདབ་བརྒྱད་ལ་ཡབ་ཡུམ་བརྒྱད་ཀྱི་སྙིང་པོ་བྲི༔ མུ་ཁྱུད་ལ་སྒྲུབ་པའི་སྔགས་བྲི༔ ལྟེ་བ་གཙོ་བོའི་ས་བོན་དང་དངོས་གྲུབ་ཀྱི་སྤེལ་ཚིག་བྲི༔ དེའི་སྟེང་དུ་ཡབ་ཡུམ་རྣམས་སོ་སོར་བྲི༔ ཚོན་ལེགས་པར་བཀྱེས་ལ་སྤྲ་རྩིས་མནན་ལ་ཆུས་མི་འཇིག་པ་བྱའོ༔ དེའི་ནང་དུ་བདུད་རྩི་ལྔའི་རིལ་བུ་དང༔ དྲི་དང༔ སྨན་དང༔ རཏྣ་དང༔ འབྲུ་སྣ་དང༔ གོས་དང༔ ཟས་སྣ་ཚོགས་པས་བཀང་ལ་སྟེགས་བུ་ལེགས་པའི་སྟེང་དུ་བཞག༔ དར་དམར་པོས་དྲིལ་ལ་མི་ཕྱུག་པོ་གཡང་ཅན་གྱི་ཕྱུགས་ཀྱི་སྤུའི་ཐེ་གུས་གཟུངས་ཐག་བྱས་ལ་ཐོད་པ་ལ་(༡༥༧)དཀྲིས་ལ་གདག་གོ༔ དེ་ནས་ལྷ་བསྐྱེད་པ་ནི་ཐོད་པ་ཌཱཀྐིའི་གཞལ་ཡས་ཁང་དུ་བསྐྱེད་ལ༔ ནང་དུ་ལྷ་ཚོགས་ཐམས་ཅད་བསྐྱེད་ལ་རང་དཔའ་བོ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་ལ་སྔགས་བཟླས་སོ༔ ༀ་ཨཱཿཧཱུྃ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ བ་སུ་སིདྡྷི༔ ན་ན་ཁ་དྷེ་སིདྡྷི༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ་ཞེས་བཟླས་སོ༔ ཏིང་ངེ་འཛིན་ནི༔ བདག་དཔའ་བོ་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཐོད་པའི་ནང་གི་ལྷ་ཚོགས་ལ་འོད་འཕྲོས་པས༔ ཌཱཀྐི་མའི་སྲོག་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཌཱཀྐི་མ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས༔ སྲིད་པ་གསུམ་དང་གླིང་བཞིའི་ལྷ་འདྲེ་མི་གསུམ་གྱི་ནོར་བུར་གྱུར་པ་ཐམས་ཅད་དང༔ སྐུ་གསུང་ཐུགས་ཀྱི་རྟེན་དང་ལྷ་འདྲེ་མི་གསུམ་གྱི་སྲོག་དང༔ ཡོན་ཏན་ཐམས་ཅད་བསྡུས་ནས་ཐོད་པའི་ནང་གི་རྫས་ལ་བསྟིམ་མོ༔ གཞན་ཡང་དངོས་གྲུབ་ཀྱི་རྫས་ཟས་ཀྱི་རྣམ་པ་ཅི་མང་དུ་བཤམས་ཤིང་བསྟིམས་ལ༔ སྔགས་དང་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ནུས་ཚད་བྱའོ༔ གཏོར་མ་སྣ་ཚོགས་པ་ཅི་མང་དུ་བཤམས་ལ་ཌཱཀྐི་མ་ལ་འབུལ་ཞིང་བསྐང་ངོ་༔ དེ་ནས་ཌཱཀྐི་མ་ནོར་ལ་བསྐུལ་ཞིང་དངོས་གྲུབ་བླངས་ཏེ་འཁར་རྔ་དང༔ ཏིང་ཏིང་ཤགས་དང་ཐོད་རྔ་དཀྲོལ་ཞིང་དབྱངས་སྙན་པོས་འབོད་དོ༔

ཧཱུྃ་བཞེངས་ཤིག་མཁའ་འགྲོ་གནས་ནས་བཞེངས༔ མཁའ་འགྲོ་རིགས་ལྔ་གནས་ནས་བཞེངས༔ མཉམ་ཉིད་དབྱིངས་ནས་སྐུ་བསྐྱོད་འཚལ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་བུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རིན་ཆེན་དགོས་འདོད་སྤུངས་སེ་སྤུང༔ དངོས་གྲུབ་སྣ་ཚོགས་ཆི་ལི་ལི༔ ཕྱི་ནང་དངོས་གྲུབ་ཟད་མི་མངའ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བ་སུ་སིདྡྷི་ན་ན་ཁ་དྷེ་སིདྡྷི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ༔ ཞེས་བཟླས་སོ༔ ཧཱུྃ་བཞེངས་ཤིག་(༡༥༨)མཁའ་འགྲོ་གནས་ནས་བཞེངས༔ མཁའ་འགྲོ་སྡེ་དྲུག་གནས་ནས་བཞེངས༔ བདེ་ཆེན་གནས་ནས་སྐུ་བསྐྱོད་འཚལ༔ རིན་ཆེན་རྒྱན་ཆ་སོགས་གོང་གི་འགྲེས་སོ༔ ཨ་ཨཱཿཧཱུྃ་ཡ་ཧྲིཾ་མོ་ཧིང་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བ་སུ་སིདྡྷི་སིདྡྷི༔ ན་ན་ཁ་དྷེ༔ སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ༔ ཧཱུྃ་བཞེངས་ཤིག་མཁའ་འགྲོ་གནས་ནས་བཞེངས༔ ཁ་གདོང་ལ་སོགས་མཁའ་འགྲོ་རྣམས༔ སྒོ་བཞིའི་གནས་ནས་སྐུ་བསྐྱོད་འཚལ༔ རིན་ཆེན་ལ་སོགས་འགྲེའོ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བྃ་ཧོ༔ བ་སུ་སིདྡྷི་ལ་སོགས་འགྲེའོ༔ ཧཱུྃ་བཞེངས་ཤིག་མཁའ་འགྲོ་གནས་ནས་བཞེངས༔ མཁའ་འགྲོ་ཉེར་བརྒྱད་གནས་ནས་བཞེངས༔ དུར་ཁྲོད་གནས་ནས་སྐུ༴ རིན་ཆེན་༴ ཨ་ཨཱཿཧཱུྃ༔ ཧཱུྃ་མཾ་ཧྲཱི་ཧ༔ ཧཱུྃ་མ་ཧྲཱི་ཧ༔ བ་སུ་ལ་སོགས་འགྲེའོ༔ ཞེས་བསྐུལ་བས༔ མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་ཆར་ལྟར་ཕབ་པར་བསམ༔ གྲུབ་པའི་རྟགས་ནི༔ རབ་ཌཱཀྐི་མས་དངོས་གྲུབ་ཅི་འདོད་ཟེར་དུ་འོང༔ དཀར་མོ་བྱུང་ན་ཞི་བའི་དངོས་གྲུབ༔ སེར་མོ་བྱུང་ན་རྒྱས་པའི་དངོས་གྲུབ༔ སྨུག་མོ་བྱུང་ན་དབང་གི་དངོས་གྲུབ༔ ནག་མོ་བྱུང་ན་དྲག་པོའི་དངོས་གྲུབ་ཐོབ་བོ༔ འབྲིང་ཉམས་སུ་འོང་སྟེ་ཚེ་ཐོགས་པ་བྱུང་ན་ཚེའི་དངོས་གྲུབ༔ དར་ཐོགས་པ་བྱུང་ན་གོས་ཀྱི་དངོས་གྲུབ༔ རཏྣ་ཐོགས་པ་བྱུང་ན་ནོར་གྱི་དངོས་གྲུབ༔ མདའ་ཐོགས་པ་བྱུང་ན་མིའི་དངོས་གྲུབ༔ སྔགས་ཟློས་ཤིང་བྱུང་ན་ནུས་མཐུའི་དངོས་གྲུབ༔ པོ་ཏི་ཁྱེར་ནས་བྱུང་ན་ཆོས་ཀྱི་དངོས་གྲུབ༔ མེ་ལོང་སྟོན་ཅིང་བྱུང་ན་རྟོགས་པའི་དངོས་གྲུབ༔ ཐོད་པ་ཆང་གིས་བཀང་བ་བྱུང་ན་མཆོག་གི་དངོས་གྲུབ༔ ཐོད་པ་ཁྲག་གིས་བཀང་བ་བྱུང་ན་ཐུན་མོང་གི་དངོས་གྲུབ༔ ཐོད་པ་ལྕང་ལོ་ཅན་བདུད་རྩིས་བཀང་བ་ཁྱེར་བྱུང་ན་དངོས་གྲུབ་གཉིས་ཀ་འཐོབ་བོ༔ ཐ་མ་རྨི་ལམ་དུ་འོང་སྟེ་མ་རུ་བྱས་ནས་ཟས་ནོར་སྟེར་ན་མ་ལྟར་བྱམས་ཏེ་དངོས་གྲུབ་ཐོབ༔ སྲིང་མོ་ལྟར་བྱས་ཏེ་ཟས་ནོར་སྟེར་ན་སྲིང་ལྟར་གདུང་སྟེ་དངོས་གྲུབ་ཐོབ༔ ཆུང་མ་ལྟར་བྱས་ཏེ་ཟས་ནོར་སྟེར་ན་གྲོགས་ལྟར་བརྩེ་སྟེ་དངོས་གྲུབ་ཐོབ༔ མཛའ་མོ་ལྟར་བྱས་ཏེ་ཟས་ནོར་སྟེར་ན་གསང་ཐུབ་སྙིང་ཉེ་སྟེ་དངོས་གྲུབ་ཐོབ༔ བྲན་མོ་ལྟར་བྱས་ཏེ་ཟས་ནོར་སྟེར་ན་ཤིན་ཏུ་ཉན་པས་དངོས་གྲུབ་མྱུར་དུ་ཐོབ༔ བཙུན་མོར་བྱས་ན་དབང་དུ་འདུས་པར་དཀའ་སྟེ་ཆེ་བཙན་གྲགས་པའི་དངོས་གྲུབ་ཐོབ་བོ༔ རྗེ་མོར་བྱུང་ན་ལས་བཀོལ་དཀའ་སྟེ་བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་ཐོབ༔ ཡུགས་སར་བྱུང་ན་དམ་ཚིག་ཉམས་པ་དང་མི་གཙང་བ་ཡོད་པས་ཁྲུས་དང་བསྐང་བཤགས་བྱ༔ སྤྲང་མོར་བྱུང་ན་ཐུགས་དམ་(༡༥༩)མི་བསྐངས་པས་ཚོགས་གཏོར་གྱིས་ཐུགས་དམ་བསྐང་ངོ་༔ ཕོ་ཚོགས་སུ་བྱུང་ནས་དངོས་གྲུབ་སྟེར་ན༔ དངོས་གྲུབ་མྱུར་བར་འོང་སྟེ་བར་ཆད་ཡོང་ཉེན་ཡོད་པས་ཡི་དམ་བསྙེན་པས་དྲག་ཏུ་གཅུན་ནོ༔ མཁའ་འགྲོ་མའི་དངོས་གྲུབ་ནི༔ མི་འདུ༔ ནོར་འདུ༔ ཟས་འདུ༔ ཆོས་འདུ༔ ཌཱཀྐི་མས་བྱིན་གྱིས་བརླབ་སྟེ་ཆོས་ཀྱི་བདག་པོར་འགྱུར་རོ༔ མཁའ་འགྲོ་མའི་དངོས་གྲུབ་ཡོང་བར་གྱུར་ན༔ རང་དཔའ་བོ་ཡབ་ཡུམ་དུ་བསྒོམ༔ ཡུམ་གྱི་པདྨ་ལ༔ དབུས་ན་འདབ་མ་བཞི་ལ་མོ་ཡིག་བཞི་བསམ༔ ཡབ་ལ་དབུས་ན་ཧྲཱི༔ འདབ་མ་བཞི་ལ་ཕོ་ཡིག་བཞི་བསྒོམས་ལ༔ འགྲོ་བ་ལྷ་མི་ཐམས་ཅད་མཁའ་འགྲོ་ཕོ་མོར་བསྒོམ༔ དེ་དག་གི་སྙིང་པདྨ་འདབ་བཞི་ལ་ཕོ་ཐམས་ཅད་ལ་ཕོ་ཡིག་ལྔ་བསམ༔ མོ་ཐམས་ཅད་ལ་མོ་ཡིག་ལྔ་བསམ༔ སྙིང་ལ་འཁོར་ལོ་བསྐོར་བས་མི་ཐམས་ཅད་སྙིང་འགུལ་བར་བསམས་ལ༔ སྔགས་འདིས་མི་སྙིང་སྒུལ་ལོ༔ ཨ་ཨཱཿཧཱུྃ༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ སྒུལ་སྒུལ༔ མ་མ་ཧྲིང་ཧྲིང༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་སྡུས་སྡུས༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ཎྲི་ཨ་ཀར་ཤ་ཡ་ཛ༔ ཎྲི་ཨ་ཀར་ཤ་ཡ་ཧྲཱི༔ ཞེས་བཟླས་ཤིང་སྣང་བ་དབང་དུ་འདུས་པར་བསམ་མོ༔ ཌཱཀྐི་མ་ལ་ཤ་ལྔ་བདུད་རྩི་ལྔས་བརྒྱན་པའི་གཏོར་མ་འབུལ༔ རྒྱ་ཤུག་ལ་སོགས་པ་ལ་མེ་སྦར་ལ༔ ཕྱེ་མར་དང་ཟས་སྣ་ཚོགས་བསྲེག་ཅིང་མེའི་ནང་དུ་ཌཱཀྐི་ཡབ་ཡུམ་བསྐྱེད་ལ་ཞལ་དུ་མཆོད་པ་ཡང་ཡང་འབུལ༔ སྔགས་གོང་མ་བཟླས༔ ཟས་ནོར་འདུ་བར་འགྱུར་ན༔ ཟས་ཚོགས༔ གཏོར་ཚོགས་མེ་ཚོགས་བྱ༔ མི་ཕོ་མོ་ཐམས་ཅད་ཀྱི་སྙིང་འགུལ་ནས་འདུའོ༔ མཁའ་འགྲོ་མ་ཐམས་ཅད་མཚོ་ལ་ངང་ངུར་འདུ་བ་བཞིན་དུ་འདུ་འོང་ངོ་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱི་དོན་དུ་མཛད་པ༔ མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

༼རྩ་བའི་བསྙེན་པ་ཐེམ་ནས༔ རབ་ཀྱིས་ཞག་བདུན༔ འབྲིང་གིས་ཉི་ཤུ༔ ཐ་མས་ཀྱང་ཟླ་བ་གཅིག་ན་འགྲུབ་ངེས་སོ༔ གདོན་མི་ཟའོ༔༽

ཐོད་རྒལ་གྱི་དོན་ཁྲིད་ནོར་བུའི་སྙིང་པོ།

༄༅༔ ཐོད་རྒལ་གྱི་དོན་ཁྲིད་ནོར་བུའི་སྙིང་པོ་བཞུགས་སོ༔

༄༅༔ བྱམྱཎ།ཏབྱཏྱ།རྩ།༔ རྒྱ་གར་སྐད་དུ༔ ཀཱབྱམྱགཊཏྱ།༔ བོད་སྐད་དུ༔ སྙིང་ཐིག་གསང་བའི་ཡང་བཅུད༔ རང་རིག་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ༔ ཡང་གསང་གནད་ཀྱི་མན་ངག་སྐུ་གསུམ་གྱི་དོན་ཁྲིད་འདི་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་དུ་འགྲོ་བའི་བྱ་བ་ལ་བརྒྱད་དེ༔ ཆོས་འདིའི་སྣོད་བསྟན་པ་དང༔ གནས་བསྟན་པ་དང༔ དུས་བསྟན་པ་དང༔ གྲོགས་བསྟན་པ་དང༔ ཡོ་བྱད་བསྟན་པ་དང༔ ལོ་རྒྱུས་བཤད་པ་དང༔ དབང་བསྐུར་བ་དང༔ སྔོན་འགྲོ་རྣལ་དབབ་སོར་འཇུག་དང་བཅས་པ་བསྟན་པའོ༔ རྒྱ་རྒྱ་རྒྱ༔

ཏྱ།ཏྱ།ཏྱ།ཥྲཞྲཏ།༔ ཆོས་འདིའི་སྣོད་བསྟན་པ་ནི༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ ཅེས་པ་དང༔ ཀློང་གསལ་ལས༔ དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ༔ རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ༔ གསང་ཐུབ་ཉམས་ལེན་འགྱུར་བ་མེད༔ སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ༔ དེ་ནི་གསང་བའི་སྣོད་ཡིན་པས༔ བདུད་རྩིས་ཐིགས་པ་སྙིང་གི་ཡང་ཞུན་འདི༔ བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ༔ ཞེས་སོ༔ གནས་བསྟན་པ་ནི༔ ཀློང་གསལ་ལས༔ གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་དང་དྭངས་ཤིང་མཐོ་བའི་གནས༔ སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱེད་པའི་གནས༔ ཞེས་སོ༔ དུས་བསྟན་པ་ནི༔ ཡང་དེ་ཉིད་ལས༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན༔ ཞེས་སོ༔ གྲོགས་བསྟན་པ་ནི༔ རྒྱུད་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔ་ཤུགས་ཆུང་བློ་ལྡན་ཁོང་ཡངས་ཆེ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ ཞེས་སོ༔ ཡོ་བྱད་བསྟན་པ་ནི༔ ཀློང་གསལ་ལས༔ མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་པོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་མཐུན་པར་བྱ༔ ཞེས་སོ༔ དེ་ནས་ལོ་རྒྱུས་བསྟན་པ་ནི༔ ཉི་ཟླ་ཁ་སྦྱོར་ལས༔ ལོ་རྒྱུས་དོན་(༡༦༡)གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་སོ༔ དེ་ནས་སྨིན་པའི་དབང་བསྐུར་བ་ནི༔ ཐལ་འགྱུར་ལས༔ དབང་ནི་རྣམ་པ་བཞི་ཡིས་ཀྱང༔ སྐལ་བར་ལྡན་པ་སྨིན་པར་བྱ༔ སྤྲོས་བཅས་ཉིད་དང་སྤོས་མེད་དང༔ ཤིན་ཏུ་སྤྲོས་པ་མེད་པ་དང༔ དེ་བཞིན་རབ་ཏུ་སྤྲོས་པ་མེད༔ དབྱེ་བ་བཞི་ཡི་ཚུལ་གྱིས་ནི༔ དད་ལྡན་རང་རྒྱུད་སྨིན་པར་བྱ༔ ཞེས་སོ༔ དེ་ནས་སྔོན་འགྲོ་བསྟན་པ་ནི༔ འདས་རྗེས་ལས༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱང༔ ཞེས་སོ༔ ལུས་ཀྱི་སྔོན་དུ་འགྲོ་བ་ནི༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ ཅེས་པ་དང༔ ཐལ་འགྱུར་ལས༔ རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ༔ ལུས་སྦྱངས་སེམས་ལ་ཕན་པའོ༔ ཞེས་སོ༔ ངག་གི་སྔོན་འགྲོ་བྱ་བ་ནི༔ འདས་རྗེས་ལས༔ ངག་གི་སྔོན་དུ་འགྲོ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་སྤྱད༔ ཅེས་པ་དང༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་སྦྱང་ཉིད༔ གཉེན་བཙལ་ལམ་དུ་གཞུག་པ་ཡི༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་སོ༔ དེ་ནས་ཡིད་ཀྱི་སྔོན་དུ་འགྲོ་བ་ནི༔ འདས་རྗེས་ལས༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླངས༔ ཞེས་པ་དང༔ ཐལ་འགྱུར་ལས༔ སེམས་ནི་ཐོག་མར་བྱུང་ས་དང༔ བར་དུ་གནས་ས་ཐ་མར་འགྲོ༔ དེ་ལྟར་གསུམ་ལ་བརྟགས་དཔྱད་ན༔ སེམས་སྦྱངས་སེམས་ལ་ཕན་པའོ༔ ཞེས་སོ༔ དེ་ནས་ནང་གི་སྔོན་འགྲོ་ནི༔ འདས་རྗེས་ལས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ༔ ཞེས་སོ༔ དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ནི༔ ཐལ་འགྱུར་ལས༔ འདི་དུས་ལུས་ངག་ཡིད་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱ༔ ཞེས་པ་དང༔ འདས་རྗེས་ལས༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་འབེབས་པ་མཁས་པར་བྱ༔ ཞེས་པ་དང༔ (༡༦༢)ཡང་དེ་ཉིད་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་སོ༔ ད་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས༔ དབང་པོའི་མངོན་སུམ་དུ་འཆར་བར་བྱེད་པའི་དངོས་གཞི་ལ་གསུམ་སྟེ༔ དང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་བ་དང༔ ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་དང༔ གནད་རྣམ་པ་བཞི་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པའོ༔ དང་པོ་བྱ་བ་བཏང་བ་ནི༔ འདས་རྗེས་ལས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ ཞེས་སོ༔ ལུས་ཀྱི་གནད་གཟིར་བ་ནི༔ ཐལ་འགྱུར་ལས༔ དེ་ཡང་ལུས་ནི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ཞེས་སོ༔ ངག་གི་གནད་གཟིར་བ་ནི༔ སྔ་མ་ལས༔ ངག་ནི་བསླབ་དང་གནས་པ་དང༔ ལ་བཟླ་བ་ཉིད་བསྟན་པར་བྱ༔ ཞེས་སོ༔ ཡིད་ཀྱི་གནད་གཟིར་བ་ནི༔ ཡང་སྔ་མ་ལས༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཅེས་སོ༔

དེ་ནས་གནད་རྣམ་པ་བཞི་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི༔ དང་པོ་སྒོའི་གནད་ནི༔ འདས་རྗེས་ལས༔ སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ༔ ཞེས་སོ༔ ཡུལ་གྱི་གནད་ནི་སྔ་མ་ལས༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ ཞེས་སོ༔ རླུང་གི་གནད་ནི༔ ཡང་སྔ་མ་ལས༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ ཅེས་སོ༔ རིག་པའི་གནད་ནི༔ འདས་རྗེས་ལས༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ ཞེས་སོ༔ རྗེས་ལ་གསུམ་སྟེ༔ སྣང་བ་བཞིའི་འཆར་ལུགས་དང༔ མཐའ་རྟེན་གྱི་མན་ངག་དང༔ སྨོན་ལམ་གྱི་རྒྱས་གདབ་པའོ༔ སྣང་བ་བཞིའི་འཆར་ལུགས་ནི༔ འདས་རྗེས་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་སྣུབ༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་བཙལ་དུ་མེད༔ ཅེས་སོ༔ མཐའ་རྟེན་གྱི་མན་ངག་བཞི་ནི༔ མི་འགུལ་བ་གསུམ་ལ་གཞི་བཅའ༔ སྡོད་པ་གསུམ་གྱིས་ཚད་བཟུང༔ ཐོབ་པ་(༡༦༣)གསུམ་གྱིས་གཟེར་གདབ༔ གདིང་བཞིས་མཐར་ཕྱིན་པའོ༔ དང་པོ་མི་འགུལ་བ་གསུམ་ནི༔ ཐལ་འགྱུར་ལས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་རྣལ་དུ་ཕེབས་པའོ༔ ཞེས་སོ༔ སྡོད་པ་གསུམ་ནི༔ སྔ་མ་ལས༔ སྡོད་པ་གསུམ་གྱིས་ཚད་བཟུང་བས༔ རྨི་ལམ་ཟློག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངོས་བཟུང་བའོ༔ ཐོབ་པ་གསུམ་ནི༔ ཡང་སྔ་མ་ལས༔ ཐོབ་པ་གསུམ་གྱིས་གཟེར་བཏབ་པས༔ ཟག་བཅས་ཕུང་པོ་མི་སྣང་བའོ༔ གདེང་བཞི་ནི༔ མུ་ཏིག་ཕྲེང་བ་ལས༔ ཚད་ནི་གདེངས་བཞིའི་རྣལ་འབྱོར་ཉིད༔ ཅེས་སོ༔ མཇུག་སྨོན་ལམ་གྱིས་སྡུད་པ་ནི༔ ཨེ་མ༔ ཐེག་གསུམ་རིམ་དགུའི་ཆོས་རྣམས་ཀྱིས༔ འདི་ཉིད་དོན་ལ་རེག་པ་རྡུལ་ཙམ་མེད༔ ཐིག་ལེ་ཕྱི་ནང་གསང་བ་ཡང་གསང་སྐོར༔ རྒྱུད་སྡེ་མན་ངག་མང་པོའི་ནང་དུ་ཡང༔ འདི་དོན་གནད་དུ་བསྡུས་ཏེ་བསྟན་པ་ཉུང༔ བདག་འདྲ་པདྨས་ཕྱི་རབས་དོན་ཆེན་དུ༔ རྒྱུད་དང་གདམས་པའི་གནད་རྣམས་བཅུད་དུ་དྲིལ༔ ཡང་གསང་དོན་བསྡུས་མངོན་སུམ་འཕྱུགས་མེད་གནད༔ གསེར་གྱི་ཡང་ཞུན་ནོར་བུའི་སྙིང་པོ་འདི༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་སྦས༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལས་མེད་བློ་ཆུང་རྣམས་དང་མ་འཕྲད་པར༔ སྐལ་ལྡན་བུ་རྣམས་འགྲོ་བ་འདིས་དྲངས་ནས༔ ལྔ་ལྡན་ཐིག་ལེའི་རྩལ་རྫོགས་ཀ་དག་འཐོབ་པར་ཤོག༔ ཐོད་རྒལ་ལམ་གྱི་དོན་ཁྲིད་ནོར་བུའི་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏྱ།ཏྱ།ཐཐ༔ ཐམམྱ༔

སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བའི་ཁྲིད།

༄༅༔ སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བའི་ཁྲིད་བཞུགས་སོ༔

༄༅༔ རྒྱ་གར་སྐད་དུ༔ ཌཱཀྐི་ནི་ཙིཏྟ་ནཱ་མ༔ བོད་སྐད་དུ༔ མཁའ་འགྲོ་སྙིང་ཐིག་ཅེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་རིགས་ལྔའི་སངས་རྒྱས་དང༔ དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ༔ ཐེག་པའི་ཡང་རྩེ་རྫོགས་ཆེན་སྙིང་པོའི་བཅུད༔ རྒྱུད་ཀྱི་དོན་བསྡུས་ཡང་ཞུན་བླ་མེད་ཀྱི༔ ཉམས་ལེན་གནད་ཀྱི་གདམས་པ་བསྟན་པར་བྱ༔ རྒྱ་རྒྱ་རྒྱ༔

དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་(༡༦༤)ཆོས་ཀྱི་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ སྤྲུལ་པའི་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོ་དེས༔ གདུལ་བྱ་སེམས་ཅན་གྱི་ཉོན་མོངས་པའི་གཉེན་པོར་འདུལ་བྱེད་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༔ བསྡུ་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་བཀའ་རྫོགས་པ་ཆེན་པོར་འདུས༔ རྫོགས་པ་ཆེན་པོ་ལ་ཕྱི་ནང་གསང་བ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་བཞུགས་ཀྱང༔ ཡང་གསང་བླ་ན་མེད་པ་མངོན་སུམ་སྙིང་ཐིག་ཏུ་འདུས་ཏེ༔ ཀློང་གསལ་ལས༔ སྟོན་པ་ཐུགས་རྗེ་ཆེན་པོ་ཡིས༔ འདུལ་བྱེད་ཐེག་པ་མང་གསུངས་ཀྱང༔ ཡང་གསང་རྫོགས་པ་ཆེན་པོར་འདུས༔ ཞེས་སོ༔ དེ་ལ་སྤྱི་དོན་རྣམ་པ་གཉིས་ཏེ༔ གླེང་གཞི་དང་གདམས་པའོ༔ གླེང་གཞི་ལ་ཡང་རྣམ་པ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ ཐུན་མོང་ནི་གཞན་དང་མཐུན་པས་འདིར་མི་སྟོན་ནོ༔ དེ་ཡང་ཐལ་འགྱུར་ལས༔ ལུགས་ནི་གླེང་གཞི་རྣམ་པ་གཉིས༔ གཞན་ལས་ཁྱད་པར་འཕགས་དོན་དུ༔ ཐུན་མོང་མིན་པས་ཁྱད་པར་ཏེ༔ ཐེག་པ་ཀུན་ལས་འཕགས་པའི་རྟགས༔ ཐུན་མོང་གླེང་གཞི་རྒྱུ་དང་རྐྱེན༔ གཞན་དང་ལུང་ཙམ་སྒོ་བསྟུན་ཕྱིར༔ ཐུན་མོང་བ་ཞེས་གྲགས་པའོ༔ ཞེས་པས༔ ཐུན་མོང་མ་ཡིན་པའི་གླེང་གཞི་འདི་ལ་ལྔ་ལས༔ གནས་ཕུན་སུམ་ཚོགས་པ་དང༔ སྟོན་པ་ཕུན་སུམ་ཚོགས་པ་དང༔ འཁོར་ཕུན་སུམ་ཚོགས་པ་དང༔ དུས་ཕུན་སུམ་ཚོགས་པ་དང༔ ཆོས་ཕུན་སུམ་ཚོགས་པ་དང་ལྔའོ༔

དེ་ལ་ཡང་གསུམ་སྟེ༔ གཞི་འདུག་ཚུལ་གྱི་ཕུན་སུམ་ཚོགས་པ་ལྔ་དང༔ ལམ་ཉམས་སུ་ལེན་པའི་ལྔ་དང༔ མཐར་ཐུག་འབྲས་བུའི་ཕུན་སུམ་ཚོགས་པ་ལྔའོ༔ དང་པོ་གཞིའི་གནས་ནི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའོ༔ གཞིའི་སྟོན་པ་ནི་རང་བྱུང་གི་ཡེ་ཤེས་སོ༔ གཞིའི་འཁོར་ནི་སྐུ་དང་ཡེ་ཤེས་སོ༔ གཞིའི་བསྟན་པ་ནི་བདེ་ཆེན་འགགས་པ་མེད་པའོ༔ གཞིའི་དུས་ནི་ཐོག་མ་དང་མཐའ་མ་མེད་པའོ༔ སྤུངས་པ་ལས༔ མེད་པའི་སྟོང་གནས་ཆོས་འབྱུང་ལས༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས༔ རིག་དང་ཡེ་ཤེས་ཁྱད་པར་ལས༔ ཆོས་ཉིད་སྟོང་པའི་(༡༦༥)རང་སྒྲར་ནི༔ ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོག་མ་བར་དང་མཐའ་མེད་པར༔ ཞེས་སོ༔ གནས་པ་ལུས་ཀྱི་ཕུན་སུམ་ཚོགས་པ་ལྔ་ནི༔ ལུས་ཀྱི་གནས་ནི་ཙིཏྟ་དང་དུང་ཁང་ངོ་༔ དེར་གནས་པའི་སྟོན་པ་ནི་ངོ་བོ་ཀ་དག་གོ༔ དེའི་འཁོར་ནི་ལྷུན་གྲུབ་རང་གསལ་ལོ༔ དེའི་བསྟན་པ་ནི་རྩ་རླུང་ཐིག་ལེའི་ཡོན་ཏན་ནོ༔ དེའི་དུས་ལུས་ཀྱི་རྟེན་འབྲེལ་ཚང་བའོ༔ ཐལ་འགྱུར་ལས༔ འཁོར་དང་འདས་པའི་ཐོག་མ་ནི༔ རང་བྱུང་བྱས་པ་མེད་པ་ལས༔ འབྱུང་བ་འདུས་པའི་ཕུང་པོར་ཤར༔ ས་ཆུ་མེ་རླུང་རིན་ཆེན་གཞི༔ འདུས་ཤིང་བསྐྱེད་པའི་གཞལ་མེད་ན༔ རང་བྱུང་རིག་པ་བཅོས་མ་མེད༔ འཁྲུལ་པ་ཡོངས་སུ་དག་པ་ལ༔ བདེ་ཆེན་འདུས་པའི་འཁོར་གྱིས་བསྐོར༔ སྐུ་དང་ཡེ་ཤེས་ཤེས་རབ་རླུང༔ མི་འབྱེད་སྣ་ཚོགས་དམིགས་པ་ཡིས༔ རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས༔ སོ་སོའི་ཉམས་དང་མཐུན་པར་བཤད༔ འདས་དང་མ་འོངས་ད་ལྟར་མེད༔ མ་ཕྱེད་འབྱེད་པ་ཡོངས་སུ་མེད༔ ཐམས་ཅད་རང་བྱུང་ཡེ་ཤེས་སོ༔ ཞེས་སོ༔ ལམ་ཉམས་སུ་བླངས་པའི་གནས་ནི༔ ཕྱི་དབྱིངས་དང་ནང་དབྱིངས་སོ༔ ལམ་གྱི་སྟོན་པ་ནི་རྡོ་རྗེ་ལུ་གུ་རྒྱུད་དོ༔ དེའི་འཁོར་ནི་སྐུ་དང་ཐིག་ལེའོ༔ དེའི་བསྟན་པ་ནི་རང་རིག་མི་རྟོག་པའོ༔ དེའི་དུས་ལྟ་སྟངས་གཅིག་ལ་འཛོམ་པའོ༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཉིད་ཕྱི་དང་ནང་ཁྱད་ལས༔ རང་རིག་དངོས་བྱུང་སྟོན་པ་སྟེ༔ སྐུ་དང་ཡེ་ཤེས་ཐིག་ལེ་རྣམས༔ མི་རྟོག་རྣམ་གྲངས་འཁོར་དུ་འབྱུང༔ གདམས་པ་ཉམས་ལེན་བསྟན་པའི་ཚུལ༔ དེ་ཉིད་གོམས་པས་དུས་ཀྱང་ཡིན༔ ཅེས་སོ༔ མཐར་ཐུག་འབྲས་བུའི་གནས་ནི་ཆོས་དབྱིངས་སོ༔ དེའི་སྟོན་པ་རང་རིག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའོ༔ དེའི་འཁོར་ནི་སྐུ་དང་ཡེ་ཤེས་ལ་ལོངས་སྤྱོད་པའོ༔ དེའི་བསྟན་པ་ནི་ཟག་མེད་ཀྱི་བདེ་བའོ༔ དེའི་དུས་ནི་རྟོགས་པ་མངོན་དུ་གྱུར་པའོ༔ སྒྲོན་མ་འབར་བ་ལས༔ སྟོན་པ་ཉིད་ཀྱིས་གཞི་ཚད་མེད་པར་གསལ་བའི་ད་ལ་ནས༔ མི་འབྱེད་ཆེན་པོའི་འདུག་སྟགས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་སྣང་བ་ཆེན་པོ་རྣམ་པར་བཀོད་ཅིང༔ ཡེ་ནས་རང་གསལ་ཆེན་པོའི་སྤྱོད་པ་འགག་མེད་དུ་རང་ཤར་བའི་ཀློང་ནས༔ འགགས་པ་མེད་པའི་རིག་པ་རང་ཤར་(༡༦༦)ནས་བརྗོད་དུ་མེད་པའི་དོན་འདི་གསུངས་སོ༔ ཞེས་སོ༔ དེ་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱི་དོན་དུ་ཁྱད་པར་གྱི་གླེང་གཞི་ཟུར་ཙམ་བསྟན་པའོ༔ ཐལ་འགྱུར་ལས༔ གཞན་ལས་ཁྱད་པར་འཕགས་དོན་དུ༔ ཐུན་མོང་མིན་པས་ལུས་ལ་སྦྱར༔ བཅུད་རྣམས་སྙིང་པོར་བསྡུས་པའོ༔ ཞེས་སོ༔

༈ ད་གདམས་པ་ཉམས་སུ་བླངས་པའི་རིམ་པ་ལ་གསུམ་སྟེ༔ གཞི་དང༔ ལམ་དང༔ འབྲས་བུའོ༔ དང་པོ་གཞི་གཏན་ལ་དབབ་པ་ལ་གཉིས་ཏེ༔ ཤེས་བྱའི་གཞི་དང༔ གནས་ལུགས་ཀྱི་གཞིའོ༔ ཤེས་བྱའི་གཞི་ལ་རྫོགས་པ་ཆེན་པོ་ལ་འདོད་གཞུང་མི་འདྲ་བ་བསམ་གྱིས་མི་ཁྱབ་ཀྱང་འདིར་མི་སྤྲོའོ༔ རང་གྲོལ་ལས༔ བཤད་པའི་དོན་ནི་དབྱིངས་སུ་སྡུད༔ བཤད་པས་ལྟ་བར་ཐུག་པ་མེད༔ བཤད་པས་སྒོམ་པར་མི་གནས་ཤིང༔ བཤད་པའི་རྟགས་ལ་དུས་མཚམས་མེད༔ དེས་ན་བཤད་པའི་རིམ་པ་རྣམས༔ ཀུན་ལ་ངེས་མེད་ཤེས་པར་བྱའོ༔ ཞེས་སོ༔

ད་གནས་ལུགས་ཀྱི་གཞི་ལ་གསུམ་སྟེ༔ ཐོག་མའི་སྤྱི་གཞི་དང༔ དེ་ལ་མ་རིག་པའི་འཁྲུལ་གཞི་དང༔ དེ་ཉིད་རྟོགས་པའི་གྲོལ་གཞིའོ༔ ཐོག་མའི་སྤྱི་གཞི་ལ་གཉིས་ཏེ༔ ཡེ་ཐོག་གཞིའི་གནས་ལུགས་དང༔ རང་རིག་པའི་གནས་ལུགས་སོ༔ ཡེ་ཐོག་གཞིའི་གནས་ལུགས་ནི༔ ཐོག་མའི་ཀ་དག་ཅེས་བྱ་སྟེ༔ སྒྲོན་མ་འབར་བ་ལས༔ ཐོག་མའི་ཀ་དག་ཆེན་པོ་ལ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བར༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་པས་ཇི་ལྟར་ཡིན་ན་ཡི་གེ་མེད་པ་ལས༔ རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་དཔྱད་པའི་ཡུལ་མེད་དོ༔ སྔར་འདས་པ་མེད་དོ༔ ཕྱིས་འབྱུང་བ་མེད་དོ༔ ད་ལྟར་གནས་པ་གང་ཡང་མེད་དོ༔ ལས་མེད་དོ༔ བག་ཆགས་མེད་དོ༔ མ་རིག་པ་མེད་དོ༔ སེམས་མེད་དོ༔ ཤེས་རབ་མེད་དོ༔ འཁོར་བ་མེད་དོ༔ མྱ་ངན་ལས་འདས་པ་མེད་དོ༔ རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ༔ དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་༔ ཞེས་པས་ཅིར་ཡང་མ་གྲུབ་པའི་ཀ་དག་སྟོང་པ་ཉིད་དེ་ཡང་བེམ་སྟོང་མ་ཡིན་ཏེ༔ མུ་ཏིག་ཕྲེང་བ་ལས༔ གནས་ལུགས་རྣམ་པ་མང་བཤད་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ཞེས་པས༔ གསུམ་གང་ཞེ་ན༔ ཉི་ཟླ་ཁ་སྦྱོར་ལས༔ གཞི་གནས་ཀྱི་ཡེ་ཤེས་ལ་གསུམ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས་དང༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང༔ ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ༔ ཞེས་སོ༔ ཡེ་ཤེས་དེ་དག་གི་མཚན་ཉིད་ནི༔ ཀློང་གསལ་ལས༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ སྟོང་གསལ་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི༔ འགགས་མེད་སྣང་སྟོང་ཉིད་དུ་གནས༔ ཞེས་པ་དང༔ ཐུགས་ཀྱི་མེ་ལོང་ལས༔ ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་དང༔ ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ༔ སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་བསྒྱུར་དུ་བཏུབ༔ ཅེས་སོ༔ དེ་ཡང་སོ་སོ་མ་ཡིན་ཏེ༔ ཡི་གེ་མེད་པ་ལས༔ ཨེ་མ་ཧོ༔ ང་ལ་སྣང་བ་དང་སྟོང་པ་མ་སྤངས་པར་རྫོགས་སོ༔ ཞེས་སོ༔

དེ་ལྟར་གནས་པའི་ཡེ་ཤེས་གསུམ་པོ་དེའི་ངོ་བོ་ལ་འཁྲུལ་པ་མི་གནས་ཏེ༔ དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟར་ངོ་བོ་ལ་རིག་མ་རིག་དང་འཁྲུལ་མ་འཁྲུལ་ཙམ་དུ་གྲུབ་པ་མེད་དེ༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་པ་ཡང་ཅི༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་སོ༔ ཡེ་ཤེས་གསུམ་པོ་དེའི་རང་བཞིན་གསལ་བར་བཞུགས་པས༔ ཕྱོགས་ལྷུང་དང་བྲལ་ཞིང་རིས་སུ་མ་ཆད་དེ༔ རྒྱུད་ལས༔ སྟོང་དང་གསལ་དང་མི་འགག་ཕྱིར༔ རྒྱ་ཆད་ཕྱོགས་ལྷུང་མེད་པའོ༔ ཞེས་སོ༔ ཡེ་ཤེས་གསུམ་པོ་དེ་དག་གི་རང་བཞིན་ཐུགས་རྗེ་འགགས་མེད་ཀུན་ཁྱབ་ཏུ་བཞུགས་པས་ཆོས་ཀུན་དང་མཐུན་ཅིང་དུ་མ་དང་ཆ་ཤས་དང་བྲལ་ཏེ༔ རྒྱུད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ སྟོང་གསལ་རིག་ཅིང་འགྱུར་བ་མེད༔ ཅེས་སོ༔ ཡང་ཡེ་ཤེས་གསུམ་པོ་འདི་ངོ་བོ་སྟོང་པར་འདུག་པས་རྟག་པའི་ལྟ་བར་མ་ལྷུང༔ རང་བཞིན་གསལ་བར་འདུག་པས་ཆད་པའི་ལྟ་བར་མ་ལྷུང༔ ཐུགས་རྗེ་ཀུན་ལ་ཁྱབ་པས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བའོ༔ རང་གྲོལ་ལས༔ མཐའ་བཞི་(༡༦༨)དྲི་མ་རང་སངས་ཉིད༔ ཅེས་པ་དང༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ ཞེས་སོ༔ དེ་ཡང་ངོ་བོ་སྟོང་པ་ཆོས་སྐུའི་རང་མདངས་འགག་མེད༔ ཡེ་ཤེས་ལྔ་ལྡན་དུ་གསལ་བ་ལ་ལྷུན་གྲུབ་ཅེས་ཟེར༔ དེ་གཉིས་ཀྱི་རང་རྩལ་ཅིར་ཡང་སྣང་བ་ལ་ཀུན་ཁྱབ་ཀྱི་ཐུགས་རྗེ་ཞེས་ཟེར༔ དེ་ཡང་ཆོས་སྐུའི་ངོ་བོ་སྟོང་པ༔ ལོངས་སྐུའི་ངོ་བོ་གསལ་བ༔ སྤྲུལ་སྐུའི་ངོ་བོ་ཐུགས་རྗེའོ༔ སྟོང་པའི་རིག་པ་གསལ་བར་གནས་པའོ༔ གསལ་བའི་རིག་པ་སྐུ་རུ་གནས་པའོ༔ སྐུའི་རིག་པ་སྣང་སྟོང་དུ་གནས་པའོ༔ ཡང་གཞིའི་རིག་པ་ཀ་དག་ཆེན་པོ་ཡིན༔ ལྷུན་གྲུབ་ཀྱི་རིག་པ་སྐུ་དང་ཡེ་ཤེས་ཡིན༔ ཐུགས་རྗེའི་རིག་པ་མ་འགགས་ལུ་གུ་རྒྱུད་དོ༔ དེ་ཡང་རང་གི་རིག་པ་སྟོང་པ་འདི་ཆོས་སྐུའི་ཡེ་ཤེས་ཡིན༔ རང་གི་རིག་པ་འོད་དང་སྐུ་རུ་གསལ་བ་ནི་ལོངས་སྐུའི་ཡེ་ཤེས་ཡིན༔ རང་གི་རིག་པ་འགག་མེད་ཤར་གྲོལ་འདི་སྤྲུལ་སྐུའི་ཡེ་ཤེས་ཡིན་ནོ༔ ཐལ་འགྱུར་ལས༔ ཡེ་ཤེས་རང་ངོར་གནས་པ་ལས༔ གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔ ཞེས་སོ༔ དེ་ཡང་སྟོང་པ་ཆོས་སྐུ༔ གསལ་བ་ལོངས་སྐུ༔ ཐུགས་རྗེ་སྤྲུལ་སྐུའོ༔ དེ་གསུམ་ཡང་དབྱེར་མེད་དོ༔ ངོ་བོ་སྣང་སྟོང་དབྱེར་མེད༔ རང་བཞིན་གསལ་སྟོང་དབྱེར་མེད༔ ཐུགས་རྗེ་རིག་སྟོང་དབྱེར་མེད་དོ༔ ཡང་ངོ་བོ་རིག་སྟོང་དབྱེར་མེད༔ རང་བཞིན་སྣང་སྟོང་དབྱེར་མེད༔ ཐུགས་རྗེ་གསལ་སྟོང་དབྱེར་མེད་དོ༔ རྒྱུད་ལས༔ ཐོག་མ་ཐ་མ་བར་གསུམ་དུ༔ སྐུ་གསུམ་དབྱེ་བ་མེད་པ་རུ༔ སེམས་ཅན་ཀུན་གྱི་རྒྱུད་ལ་གནས༔ ཞེས་སོ༔ དེ་ཡང་ཡེ་ཤེས་གསུམ་གྱི་རང་རྩལ་ཚོགས་དྲུག་ཡུལ་སྣང་དུ་གང་ལྟར་ཤར་ཡང་ངོ་བོ་སྟོང་པ་ལས་མ་འདས་པས་མ་རིག་པ་དང་འཁྲུལ་པ་མེད་དོ༔ གང་ཟག་གིས་དེ་ལྟར་གོ་བས་ད་ལྟ་ཅི་བྱས་ཀྱང་འཁྲུལ་མི་སྲིད་དོ༔ ཡང་ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ རང་བཞིན་རྟག་ཏུ་འགག་པ་མེད༔ ཐུགས་རྗེས་ཀུན་ལ་རང་སྣང་ཞིང༔ ཞེས་སོ༔

དོན་ལ་ཧྲིལ་གྱིས་བསྡུས་ན༔ སྙིང་གི་མེ་ལོང་ལས༔ གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་(༡༦༩)ཤིག༔ ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག༔ རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག༔ ཐུགས་རྗེའི་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཤེས་པར་གྱིས་ཤིག༔ ཅེས་སོ༔ དེ་ལྟ་བུའི་ཡེ་ཤེས་གསུམ་པོ་དེ་ཀུན་ཏུ་བཟང་པོ་དང༔ སེམས་ཅན་འཇག་མིག་གི་སྲིན་བུ་ཡན་ཆད་ལ་བཟང་ངན་དང་མཐོ་དམན་དང་དབྱེ་བ་མེད་པར་ཁྱབ་སྟེ༔ ནོར་བུ་ཕྲ་བཀོད་ལས༔ ནམ་མཁས་གར་ཁྱབ་སེམས་ཅན་རྣམས༔ རིག་པའི་དོན་ཡང་དེ་ཙམ་མོ༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ ཡོངས་ལ་ཁྱབ་པའི་སེམས་གཅིག་པོ༔ ཞེས་པ་དང༔ སྙིང་གི་མེ་ལོང་ལས༔ སྐུ་གཅིག་ཀུན་ལ་ཁྱབ་པ་བདེ་གཤེགས་སྙིང་པོའི་སྐུ༔ ཞེས་པ་དང༔ བདེ་བཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་སོ༔ དེས་ཐོག་མའི་སྤྱི་གཞིའི་གནས་ལུགས་བསྟན་པའོ༔

༈ དེ་ལས་མ་རིག་པའི་འཁྲུལ་གཞི་ཇི་ལྟར་བྱུང་ཚུལ་བསྟན་པ་ལ་གསུམ་སྟེ༔ མ་རིག་པའི་རྒྱུ་གསུམ༔ རྐྱེན་གསུམ༔ འབྲས་བུ་གསུམ་མོ༔ ཀློང་གསལ་ལས༔ དང་པོར་མ་རིག་དྲུག་ལས་འབྱུང༔ ཞེས་པས༔ དེ་ལ་དང་པོ་མ་རིག་པའི་རྒྱུ་གསུམ་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ༔ ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་མ་བྱས་ཀྱང་འདི་གསུམ་རིག་པས་སངས་རྒྱས༔ ཁམས་གསུམ་གྱི་སེམས་ཅན་གྱིས་སྡིག་པ་སྤུ་ཙམ་མ་བྱས་ཀྱང་འདི་གསུམ་མ་རིག་པས་འཁོར་བར་འཁྱམས་ཏེ༔ ངོ་བོ་སྟོང་པ་མ་རིག༔ རང་བཞིན་གསལ་བ་མ་རིག༔ ཐུགས་རྗེ་སྣང་སྟོང་དུ་མ་རིག་པས་འཁོར་བར་འཁྱམས་པའོ༔ ཐལ་འགྱུར་ལས༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ ཞེས་སོ༔ འཁྲུལ་པའི་རྐྱེན་གསུམ་ནི༔ རྒྱུའི་རྐྱེན༔ དམིགས་པའི་རྐྱེན༔ དེར་འཛིན་གྱི་རྐྱེན་དང་གསུམ་མོ༔ དེ་ཡང་གོང་གི་ཡེ་ཤེས་གསུམ་པོ་དེ་ལ་འཁྲུལ་པའི་རྒྱུ་མེད་ཀྱང་དེར་མ་རིག་པའི་རྐྱེན་གྱིས་འཁྲུལ་ཏེ༔ དཔེར་ན་ཉི་མ་ལ་མུན་པའི་གཞི་དང་རྒྱུ་མེད་ཀྱང༔ བར་དུ་ན་བུན་གྱིས་འཁྲིགས་པ་དང་འདྲའོ༔ དེ་ལ་དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་ནི་ངོ་བོ་སྟོང་པའི་གསལ་ཆ་ཡེ་ཤེས་ཀྱི་(༡༧༠)རང་མདངས་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས༔ དེ་གསལ་སྟོང་དུ་མ་ཤེས་པར་དངོས་པོར་འདུག་སྙམ་པ་དེ་མ་རིག་པ་རྒྱུའི་རྐྱེན་ཞེས་བྱའོ༔ རྒྱུ་དེ་ལས་བདག་རྟོག་ཡུལ་ཅན་དངོས་སུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱའོ༔ ཡུལ་དུ་སྣང་བ་དེ་ལ་ཨ་འཐས་སུ་བཟུང་བས་འབྱུང་བ་ལྔ་མངོན་སུམ་དུ་གྲུབ་སྟེ་ལྷུན་གྲུབ་ཀྱི་རང་མདངས་ལྔ་ལས་འབྱུང་བ་ལྔ་གྲུབ་པའོ༔ དེ་ལས་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་མི་མཇེད་འཇིག་རྟེན་གྱི་ཁམས་ཆགས་སོ༔ ཕྱིའི་འབྱུང་བ་ལྔ་པོ་དེའི་དྭངས་མ་ལས་ནང་བཅུད་ཀྱི་སེམས་ཅན་ཆགས་སོ༔ ཆགས་ལུགས་ནི་ཌཱཀྐིའི་ཞལ་གདམས་ན་གསལ་ལོ༔ མདོར་ན་འཁྲུལ་པ་དེ་དག་ཀྱང་རྒྱུ་དང་གཞི་ལ་འཁྲུལ་པ་མེད་དེ༔ གཞིའི་གནས་ལུགས་མ་ཤེས་རང་སྣང་ཨ་འཐས་སུ་འཁྲུལ་པའོ༔ དཔེར་ན་རྒྱུ་ལ་མེད་བཞིན་དུ་སྣང་བར་འཛིན་པ་ཐག་པ་ལ་ནི་སྦྲུལ་དུ་སྣང་བའོ༔ དུང་ལ་སེར་པོར་སྣང་བ་ལྟ་བུ་གཞིའི་གནས་ལུགས་མ་ཤེས༔ རང་སྣང་ཨ་འཐས་སུ་འཁྲུལ་པའོ༔ མུ་ཏིག་ཕྲེང་བ་ལས༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་སོ༔

མ་རིག་པའི་འབྲས་བུ་གསུམ་ནི་འཁྲུལ་པའི་ལུས་ཀྱི་གྲུབ་ཚུལ༔ ཡེ་ཤེས་གསུམ་གྱི་འཁྲུལ་ཚུལ༔ འཁྲུལ་པའི་འབྲས་བུ་བྱུང་ཚུལ་ལོ༔ འཁྲུལ་པའི་ལུས་ཀྱི་གྲུབ་ཚུལ་ནི༔ མ་རིག་པའི་དབང་དེས་འབྱུང་བའི་གདོས་བཅས་ཀྱི་ཕུང་པོ་དངོས་སུ་གྲུབ་སྟེ༔ དེ་ལ་ཉོན་མོངས་པའི་སྒོ་ཐད་སོར་གྲུབ་ནས་ལས་ངན་པ་ལ་སྤྱོད་པའོ༔ དེ་ལ་བརྟེན་པའི་ཡེ་ཤེས་གསུམ་པོ་འདི༔ ངོ་བོ་རྟོག་པར་འཁྲུལ༔ རང་བཞིན་སེམས་སུ་འཁྲུལ༔ ཐུགས་རྗེ་ཚོགས་དྲུག་ཏུ་འཁྲུལ་ཏེ༔ ཉོན་མོངས་པའི་ལུས་མཐའ་དག་ཏུ་ཤར་བའོ༔ མ་རིག་པ་ཡོངས་སུ་རྫོགས་པའི་འབྲས་བུ་ནི༔ རང་ཤར་ལས༔ འདོད་དང་གཟུགས་དང་གཟུགས་མེད་ཀྱི༔ ཁམས་གསུམ་པོ་ནི་དེ་ལ་བརྟེན༔ ཡོད་མིན་མེད་མིན་ཅི་ཡང་མེད༔ རྣམ་ཤེས་ཅུང་ཟད་མེད་པ་ཡི༔ གཟུགས་མེད་རྣམས་ནི་དེ་ལས་སྐྱེས༔ གནས་གཙང་ལ་སོགས་གཟུགས་ཅན་ནི༔ གོང་ནས་གོང་དུ་ཐེགས་པའི་ཚུལ༔ འོག་མིན་ལ་སོགས་འདོད་པའོ༔ ལྷ་དང་ལྷ་མིན་མི་རྣམས་ནི༔ མངོན་མཐོ་དེ་ནས་(༡༧༡)གནས་གསུམ་ནི༔ བྱོལ་སོང་ཡི་དྭགས་དམྱལ་བ་དང༔ སེམས་ཅན་དེ་དག་སྐྱེ་བ་བཞི༔ དེ་ལྟར་འཇིག་རྟེན་གསུམ་པོ་ཉིད༔ ཕུང་པོ་ལྔ་དང་དབང་པོ་ལྔ༔ ཡན་ལག་ལྔ་དང་དོན་སྙིང་ལྔ༔ ཡུལ་ལྔ་དང་ནི་ཉོན་མོངས་ལྔ༔ སེམས་ལྔ་ཡིད་ལྔ་རྟོག་པ་ལྔ༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཅེས་སོ༔ དེ་ལྟར་འཁྲུལ་པའི་འགྲོ་བ་དེ་དག་གི༔ འཁྲུལ་པའི་རྒྱུ་རྐྱེན་འབྲས་བུ་གཅིག་ཀྱང༔ གཟུགས་དང་སྣང་བཞི་ཐ་དད་དེ༔ ཐལ་འགྱུར་ལས༔ ཕུང་པོ་རྣམས་དང་ཁམས་རྣམས་དང༔ སྐྱེ་མཆེད་ལས་ཀྱི་ཚོགས་པས་བསྡུས༔ ཉོན་མོངས་ལུས་ལ་དཔག་མེད་པས༔ འགྲོ་བའི་ལུས་ཀྱི་རྟོགས་ཚོགས་བསྡུས༔ རྟེན་འབྲེལ་ཚོགས་པ་དུ་མ་ལས༔ མི་མཐུན་གཟུགས་སོགས་བྱེ་བྲག་གོ༔ ཞེས་སོ༔

འཁྲུལ་པའི་འབྲས་བུ་དེ་ཡི་རྣམ་སྨིན་ནི༔ མུ་ཏིག་ཕྲེང་བ་ལས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ལས༔ གཟུང་འཛིན་དག་གིས་བཟུང་ནས་ནི༔ འཁོར་བ་ཉིད་ལ་ཡུན་རིང་གནས༔ ཁམས་གསུམ་པོ་ཡི་ཁོང་པ་རུ༔ མིང་དང་གཟུགས་ཀྱི་བཙོན་རར་ཚུད༔ མ་རིག་པ་ཡི་ལྕགས་ཀྱིས་བསྡམས༔ འཁོར་བའི་མུན་ནག་འཐུགས་པོས་གཡོགས༔ འདོད་ཆགས་ཚ་བའི་རོ་ལ་ཆགས༔ གཏི་མུག་ཞགས་པས་དམ་དུ་བཅིངས༔ ཞེ་སྡང་མེ་ཡི་ཚད་པས་གདུངས༔ ང་རྒྱལ་དག་གིས་མགོ་བཏུམས་ཏེ༔ ཕྲག་དོག་གཉིད་ཀྱི་སྒོ་མོ་འཁྲིགས༔ ཁོང་ཁྲོ་ལ་སོགས་དམག་གིས་བསྐོར༔ གཟུང་འཛིན་ཞགས་པས་རྐེ་ནས་བསྡམས༔ སྔ་ཕྱིའི་བག་ཆགས་འདམ་དུ་བྱིང༔ རྣམ་སྨིན་ཉིད་དང་ལག་སྦྲེལ་ཏེ༔ ལས་ཀྱི་མ་བུས་མཚམས་སྦྱར་ནས༔ གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན༔ བཟང་ངན་རིམ་པར་ལུས་བླངས་ཏེ༔ སོ་སོའི་གཟུགས་སུ་སྐྱེ་བར་བྱེད༔ ངར་འཛིན་རབ་ལ་འབོགས་ནས་ནི༔ སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང༔ ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང༔ རང་གིས་རང་བཅིངས་ཉོན་མོངས་དགྲ༔ དམྱལ་བ་རྣམས་ལ་མེ་ཆུར་སྣང༔ ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ༔ བྱོལ་སོང་རྣམས་ལ་ན་བུན་ལྟར༔ མི་རྣམས་ཕུང་པོ་ཁམས་དང་ནི༔ སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང༔ དེ་ཡང་བདེ་སྡུག་(༡༧༢)བཏང་སྙོམས་སོ༔ ལྷ་མིན་རྣམས་ལ་གོ་མཚོན་ཏེ༔ ལྷ་རྣམས་འདོད་པའི་ཡོན་ཏན་ནོ༔ དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆགས་འཁོར་བར་ཡུན་རིང་གནས༔ དེ་ལྟར་སྣང་བ་སྣ་ཚོགས་རྣམས༔ ཐག་པ་ལ་ནི་སྦྲུལ་མཐོང་བཞིན༔ དེ་མ་ཡིན་ལ་དེར་བཟུང་བས༔ ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས༔ དེ་ཡང་བརྟགས་ན་ཐག་པ་ཉིད༔ སྣོད་བཅུད་ཡེ་ནས་སྟོང་པ་ཉིད༔ དོན་དམ་ཀུན་རྫོབ་གཟུགས་ཅན་ནོ༔ ཞེས་སོ༔ དེས་མ་རིག་པའི་འཁྲུལ་གཞི་ཇི་ལྟར་བྱུང་བ་བསྟན་པའོ༔ ད་ནི་འཁྲུལ་པ་ལས་གྲུབ་པའི་ལུས་འདི་ལ་གྲོལ་གཞིའི་ས་བོན་ཇི་ལྟར་གནས་པ་བསྟན་པ་ནི་གསུམ་སྟེ༔ ལུས་འདི་ཡེ་ནས་སངས་རྒྱས་སུ་བསྟན་པ་དང༔ སེམས་ཡེ་ནས་སངས་རྒྱས་སུ་བསྟན་པ་དང༔ ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་ལ་ཚང་བར་བསྟན་པའོ༔

དང་པོ་ལུས་ཡེ་ནས་སངས་རྒྱས་སུ་བསྟན་པ་ནི༔ ཀློང་གསལ་ལས༔ ཐོག་མའི་རིག་རྩལ་ཡེ་ཤེས་ལྔ༔ མ་རིག་འཁྲུལ་པས་འབྱུང་བར་གྲུབ༔ དེས་ན་ལུས་འདི་སངས་རྒྱས་དངོས༔ ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད༔ ལུས་ཅན་ཀུན་ལ་བཟང་ངན་མེད༔ བདེ་གཤེགས་ངོ་བོ་འགྲོ་ཀུན་ལ༔ ཏིལ་ལ་མར་བཞིན་ཁྱབ་པར་གནས༔ མ་རིག་གྲོལ་ཚེ་འབྱུང་བའི་ལུས༔ ལྷག་མེད་ཡེ་ཤེས་ངང་དུ་ལྡོག༔ ཅེས་པས༔ ཐོག་མར་ཡང་ཡེ་ཤེས་ལྔའི་རང་མདངས་ལས༔ རྟག་པར་ལྟ་ཞིང་ཨ་འཐས་པས༔ འབྱུང་བ་འདུས་པའི་ཕུང་པོ་སྒྱུ་མ་ལྟ་བུའི་ལུས་སུ་གྲུབ་པ་འདི་དང་པོར་ཡེ་ཤེས་ལས་གྲུབ་པས༔ ད་ལྟ་ཡང་སངས་རྒྱས་དངོས་ཡིན་ཏེ་རང་ཤར་ལས༔ འགྲོ་བའི་ཕུང་པོ་སངས་རྒྱས་སྐུ༔ ཞེས་པ་དང༔ རྩལ་རྫོགས་ལས༔ ཕུང་པོ་ལྔ་ལ་སངས་རྒྱས་ལྔ༔ འབྱུང་བ་ལྔ་ལས་ཡུམ་ལྔར་རྟོགས༔ ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ༔ ཡུལ་ལྔ་ལ་ནི་འོད་ལྔའི་སྐུ༔ སྲིད་པ་གསུམ་ཉིད་སངས་རྒྱས་ཞིང༔ གཉིས་མེད་ལྟ་བའི་རང་ལུས་ཡིན༔ ཅེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རིགས་དང་རིགས་ཀྱི་བདག་པོར་གྲོལ༔ ཅེས་པ་དང༔ ཀློང་གསལ་ལས༔ སེམས་ཅན་ཀུན་རིག་དྲི་མ་མེད༔ ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ༔ (༡༧༣)རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས༔ སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས༔ ཞེས་པ་དང༔ ཐལ་འགྱུར་ལས༔ གཞན་ཡང་ཁམས་གསུམ་སེམས་ཅན་ཀུན༔ ལུས་ངག་ཡིད་ལས་མ་འདས་པས༔ སྐུ་གསུམ་གཞན་ནས་བཙལ་མི་དགོས༔ ཞེས་པ་དང༔ ཀློང་དྲུག་པ་ལས༔ སངས་རྒྱས་ཆོས་དང་དགེ་འདུན་ནི༔ ཡེ་རྫོགས་རང་གི་ལུས་ལ་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ༔ ཟླ་བ་བཅུ་ནི་ས་བཅུའི་ཚུལ༔ སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ༔ ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ༔ ཞེས་སོ༔ དེ་ལྟར་ཡིན་པར་ཅིས་ཤེས་ན༔ དང་པོར་ཡང་ལུས་ཡེ་ཤེས་ལས་གྲུབ་པས་ད་ལྟར་ཡང་སངས་རྒྱས་ཀྱི་བདག་ཉིད་དུ་གནས་ཐ་མ་ཡང་ཡེ་ཤེས་སུ་གྲོལ་བས་ལྷག་མེད་དུ་བུདྡྷའོ༔

ད་སེམས་ཡེ་ནས་སངས་རྒྱས་སུ་བསྟན་པ་ནི༔ རྒྱུད་ལས༔ སེམས་ཅན་རང་རྒྱུད་རྟོག་ཚོགས་ནི༔ བཞི་བཅུ་ཞེ་གཉིས་སངས་རྒྱས་ཏེ༔ ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ༔ དུག་ལྔ་སེར་སྣ་ཐུབ་པ་དྲུག༔ ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད༔ སྒོ་བཞི་སྒོ་བ་ཡབ་ཡུམ་བཞི༔ གཡས་གཡོན་ཉི་མ་ཟླ་བའོ༔ ཞེས་སོ༔ དེ་ལྟར་རིག་པའི་རང་རྩལ་སྐུ་དང་ཡེ་ཤེས་ལ་སོགས་པའི་ལྔ་ཚན་ཐམས་ཅད་རིག་པའི་ངོ་བོ་ལ་ལྷུན་གྲུབ་ཏུ་ཚང་བར་བསྟན་པ་ནི༔ ཀློང་གསལ་ལས༔ རང་བྱུང་རིག་པའི་རང་རྩལ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ རིགས་ལྔ་འོད་ལྔ་རླུང་ནི་ལྔ༔ ཤེས་རབ་ལྔ་ལ་སོགས་པར་གནས༔ ཞེས་པས་རིག་པའི་ཡེ་ཤེས་སྐུ་ལྔར་གནས་པ་ནི༔ ཡང་སྔ་མ་ལས༔ རང་གི་རིག་རྩལ་སྐུ་ལྔར་ཤར༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ སྣང་མཐའ་དོན་ཡོད་གྲུབ་པ་ཤར༔ ཅེས་སོ༔ ཡང་རང་གི་རིག་པ་ཉིད་ཡེ་ཤེས་ལྔར་ཡང་ཤར་ཏེ༔ ཐལ་འགྱུར་ལས༔ མེ་ལོང་མཉམ་ཉིད་སོ་སོར་རྟོགས༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ༔ ཞེས་སོ༔ ཡང་རང་གི་རིག་པ་ཉིད་རིགས་ལྔར་ཡང་ཤར་ཏེ༔ རང་ཤར་ལས༔ དེ་བཞིན་གཤེགས་པའི་རིགས་དང་ནི༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ ཞེས་སོ༔ ཡང་རང་གི་རིག་པ་ཉིད་འོད་ལྔར་ཡང་འབྱུང་སྟེ༔ ཀློང་གསལ་ལས༔ རིག་པའི་ཡོན་(༡༧༤)ཏན་འོད་ལྔར་གསལ༔ ཞེས་སོ༔ ཡང་རང་གི་རིག་པ་ཉིད་རླུང་ལྔ་ལྟར་ཡང་འབྱུང་སྟེ༔ རང་ཤར་ལས༔ རིག་པ་རླུང་ལྔའི་རང་བཞིན་དུ༔ སེམས་ཅན་ཀུན་ལ་གནས་པ་པོ༔ ཞེས་སོ༔ ཡང་རང་གི་རིག་པ་ཤེས་རབ་ལྔ་ལྟར་ཡང་འབྱུང་སྟེ༔ ཡང་སྔ་མ་ལས༔ དེ་ཡང་རིག་པའི་ངོ་བོ་ལས༔ ཤེས་རབ་ཡེ་ཤེས་ལྔ་དང་ལྡན༔ ཞེས་སོ༔ ཡང་རིག་པའི་ཡེ་ཤེས་གསུམ་ཚན་དུ་ཡང་གནས་པར་གསུངས་ཏེ༔ ཀློང་གསལ་ལས༔ རིག་པའི་རྩལ་ལས་ཡེ་ཤེས་གསུམ༔ ངོ་བོ་སྟོང་པའི་ཡེ་ཤེས་དང༔ རང་བཞིན་གསལ་བའི་ཡེ་ཤེས་དང༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ༔ ཞེས་སོ༔ ཡང་རིག་པའི་ངོ་བོ་ལས་སྐུ་གསུམ་དུ་ཤར་བ་ནི༔ རང་ཤར་ལས༔ རིག་པ་རྟོག་པ་མེད་པ་ཆོས་སྐུ་ཡིན༔ རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན༔ རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན༔ ཅེས་སོ༔ ཡང་རིག་པ་འོད་གསུམ་ལྟར་ཡང་ཤར་ཏེ༔ ཀློང་གསལ་ལས༔ དམིགས་སུ་མེད་པ་ཆོས་སྐུའི་འོད༔ མ་འགགས་གསལ་བ་ལོངས་སྐུའི་འོད༔ སྣང་བ་སྣ་ཚོགས་སྤྲུལ་སྐུའི་འོད༔ ཅེས་སོ༔ དེ་ཡང་སྐུ་དང་ཡེ་ཤེས་འོད་གསུམ་དབྱེར་མེད་གསུམ་བརྩེགས་སུ་གནས་ཏེ༔ རྩལ་རྫོགས་ལས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་པོ་ཡེ་ཤེས་གསུམ་བརྩེགས་སོ༔ ཞེས་སོ༔ མདོར་ན་དེ་དག་ཐམས་ཅད་རང་གི་ལུས་སེམས་ལས་ལོགས་ན་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ༔ མུ་ཏིག་ཕྲེང་བ་ལས༔ འདས་པ་དཀར་བའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ཐམས་ཅད་རྫོགས༔ ཞེས་སོ༔ ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ༔

༈ ད་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་སེམས་ལ་ཚང་བར་བསྟན་པ་ནི༔ རིག་པའི་རང་རྩལ་མི་དྲན་དགུ་དྲན་འདི་ལ་སེམས་ཞེས་བྱ་སྟེ༔ རགས་པ་དང་ཕྲ་བ་དང་ལུང་དུ་མ་བསྟན་པའི་རྟོག་པ་ཕྲ་མོ་ཐམས་ཅད་རང་སྣང་རིག་པའི་འཆར་ཚུལ་དུ་མ་འདུས་པ་མེད༔ དེ་ཡང་ངོ་བོ་རིག་སྟོང་ཝལ་པོ་རྗེས་མེད་རང་ཤར་རང་གྲོལ་ངོ་བོ་སྟོང་གསལ་ལས་མ་འདས་ཏེ༔ ཀློང་གསལ་ལས༔ སེམས་ནི་དྲན་བསམ་རིག་པའི་རྩལ༔ སྣང་ཤེས་དག་ཏུ་གྱུར་ཚད་(༡༧༥)ཀུན༔ རིག་པ་ཉིད་ལས་ལོགས་པ་མེད༔ ཅེས་སོ༔ མདོར་བསྡུས་ན༔ ལུས་སུ་གྱུར་ཚད་ལ༔ སངས་རྒྱས་ཀྱི་གཞིའམ་ས་བོན་ལྷུན་གྲུབ་ཏུ་གནས་ཏེ༔ རང་ཤར་ལས༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཞེས་པ་དང༔ ནོར་བུར་ཕྲ་བཀོད་ལས༔ ཏིལ་འབྲུའམ་ནི་ཉུང་འབྲུ་ལ༔ མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན༔ སེམས་ཅན་ལུས་ལྟར་སྣང་བ་ལ༔ དེ་བཞིན་གཤེགས་པའི་ས་བོན་ནི༔ མཐུན་པའི་འོད་དང་བཅས་པར་སྣང༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ འདས་པ་དཀར་པོའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ཐམས་ཅད་རྫོགས༔ ཞེས་པ་ལ་སོགས་པ་གསུངས་པས༔ དེས་ན་འཁྲུལ་པའི་ལུས་འདི་ལ་གྲོལ་བའི་གཞིའམ༔ བུདྡྷའི་ས་བོན་ཇི་ལྟར་གནས་པར་བསྟན་པའོ༔

༈ དེ་ལྟར་རིག་པའི་ཡེ་ཤེས་དེས་ལུས་ཅན་ཐམས་ཅད་ལ་ཁྱབ་ཀྱང༔ ཁྱད་པར་དུ་གནས་དངོས་གང་ན་གནས་པ་བསྟན་པ་དང༔ རིག་པའི་གནས་ལུགས་ཇི་ལྟར་གནས་པ་བསྟན་པ་དང༔ གནས་པའི་དཔེ་བསྟན་པའོ༔ དང་པོ་གནས་དངོས་བསྟན་པ་ནི༔ ཀློང་གསལ་ལས༔ སྙིང་དང་རྩ་དང་དུང་ཁང་དང༔ མིག་དང་བཞི་ཡི་གཞལ་ཡས་ན༔ ཡེ་ཤེས་ཆེན་པོ་དེ་ན་གནས༔ ཞེས་པ་དང༔ ཐལ་འགྱུར་ལས༔ སྤྱི་དང་ཙིཏྟ་རྩ་ནང་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་དང༔ དུང་ཁང་བྷན་དྷའི་གཞལ་ཡས་དང༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང༔ ལྟ་བྱེད་མིག་གི་གཞལ་ཡས་སོ༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ སེམས་ཅན་ཀུན་གྱི་ལུས་ཀྱི་ནང༔ ཙིཏྟ་དུང་ཁང་རྩ་ནང་སྒོ༔ དེ་ནི་རིག་པའི་གནས་ཡིན་ནོ༔ ཞེས་པས༔ ཙིཏྟ་སྙིང་གི་གཞལ་ཡས་དང༔ ཀླད་པ་དུང་ཁང་གི་གཞལ་ཡས་དང༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང༔ ལྟ་བྱེད་དབང་པོའི་གཞལ་ཡས་བཞི་བོ་འདི༔ རིག་པ་ཡེ་ཤེས་དངོས་གནས་པའི་གནས་ཡིན་ཏེ༔ རྒྱུད་ལས་བཤད་པའོ༔ ད་རིག་པ་ཉིད་(༡༧༦)ཀྱི་གནས་ལུགས་ཇི་ལྟར་གནས་པ་བསྟན་པ་ནི༔ ཀློང་གསལ་ལས༔ རིན་ཆེན་ལུས་ཀྱི་གནས་དེ་ན༔ ངོ་བོ་སྟོང་གསལ་སྐུ་རུ་གནས༔ རང་བཞིན་གསལ་སྟོང་ཏི་ལ་འོད༔ ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས༔ ཞེས་པས༔ ཕྱི་ལྟར་ན་རིག་པའི་ངོ་བོ་སྐུར་གནས་ཏེ༔ སྙིང་གི་ནང་ན་ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་རྩ་གཉིས༔ དེའི་རྩལ་ཀླད་པ་དུང་ཁུང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གནས་ཏེ༔ ཀློང་གསལ་ལས༔ རང་རིག་ངོ་བོ་སྐུར་གནས་ཏེ༔ གསལ་ལ་རང་བཞིན་མ་གྲུབ་པ༔ སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ༔ དུང་ཁང་ཁྲོ་བོའི་ཚུལ་དུ་གནས༔ ཞེས་པ་དང༔ ཐལ་འགྱུར་ལས༔ ཙིཏྟའི་ནང་ན་སྐུར་གནས་ཏེ༔ མདངས་ཀྱི་སྐུ་ནི་རྣམ་པ་ལྔས༔ སོ་སོའི་རིགས་ཀྱི་མཚན་ཉིད་འཛིན༔ ཅེས་པ་དང༔ རྩལ་རྫོགས་ལས༔ གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད༔ རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ༔ དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད༔ རིག་པ་ཡེ་ཤེས་ཁྲོ་བོའི་སྐུ་རུ་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ ཨེ་མ་རིག་པའི་གནས་ལུགས་ནི༔ རང་རང་ཙིཏྟའི་དཀྱིལ་ན་གནས༔ ཡབ་དང་ཡུམ་གྱི་ཚུལ་དུ་གནས༔ ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ༔ ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ༔ འོད་དང་འོད་ཟེར་ཚུལ་དུ་གནས༔ དབྱིངས་དང་རིག་པས་རབ་བརྒྱན་ཏེ༔ ལྷུན་རྫོགས་ཐིག་ལེ་ཆེན་པོའི་གནས༔ དེ་ནི་ཞི་བའི་བཞུགས་ཚུལ་ལོ༔ རང་རང་མགོ་ལ་ཁྲོ་བོར་གནས༔ ཡབ་དང་ཡུམ་དུ་མངོན་པར་སྣང༔ ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང༔ ཡེ་ཤེས་ལྔ་ལྔ་དག་དང་ལྡན༔ སྐུ་ཡི་ཡེ་ཤེས་རེ་རེ་ལ༔ དབུ་ཡི་ཡེ་ཤེས་ལྔ་ལྔའོ༔ ཞེས་སོ༔ དེ་དག་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་སྙིང་དགོངས་ཀྱི་རྒྱུད་ན་གསལ་ལོ༔

༈ ནང་ལྟར་ན་འཁོར་ལོ་ལྔ་ན་ཌཱཀྐི་ཡབ་ཡུམ་ལྟར་གནས་ཏེ༔ ཀློང་གསལ་ལས༔ ལུས་ལ་གནས་པའི་རིག་པ་ཡང༔ ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལ༔ ནང་ལྟར་ཌཱཀྐི་ཡབ་ཡུམ་མོ༔ ཞེས་སོ༔ ཇི་ལྟར་གནས་པ་ནི༔ མངོན་རྟོགས་ན་གསལ་ལོ༔ གསང་བ་ལྟར་ན་ཡི་གེ་ལྟར་གནས་ཏེ༔ ཡང་དེ་ཉིད་ལས༔ སྒྱུ་མ་ལུས་ཀྱི་རྩ་ནང་ན༔ རིག་པའི་ངོ་བོ་ཡི་གེར་གྲུབ༔ ཅེས་སོ༔ (༡༧༧)ཇི་ལྟར་གྲུབ་པ་ནི༔ ཌཱཀྐིའི་མངོན་རྟོགས་ན་གསལ་ལོ༔ ཡང་གསང་ལྟར་ན༔ ཐིག་ལེ་ཉག་གཅིག་ཏུ་གནས་ཏེ༔ ཡང་སྔ་མ་ལས༔ ཐམས་ཅད་རང་བྱུང་ཀ་དག་ཉིད༔ ཅེས་སོ༔ ད་རང་བཞིན་འོད་དང་ཐིག་ལེར་གསལ་བ་ནི༔ དེ་ཡང་ཁྲག་དང་ཆུ་སེར་མེད་པ༔ འཁོར་ལོ་ལྔ་དང༔ སྙིང་དང༔ བྷནྡྷ་དབང་པོའི་སྒོ་འབྲེལ་བའི་ནང་ན་གོང་གི་རིག་པའི་རང་མདངས་འོད་དང་ཐིག་ལེ་རྒྱ་སྐར་གྱི་ཉི་ཞུར་ལྟར་གནས་ཏེ༔ རྩལ་རྫོགས་ལས༔ སྲོག་འདུས་རིན་ཆེན་ཟུར་བཞི་མཛོད༔ རིག་པའི་ཡེ་ཤེས་ཐིག་ལེར་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས༔ ཆེ་བ་ནམ་མཁའི་མཐའ་དང་མཉམ༔ ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ༔ གསལ་བའི་ཚད་ནི་ཉི་ཟླའི་ད་ལ་འདྲ༔ དེ་ཡང་གསལ་འཚེར་གཟི་བརྗིད་ལྡན༔ འགྲོ་དང་འོང་དང་གནས་པའོ༔ ཞེས་པའོ༔ ཀློང་གསལ་ལས༔ རིག་པ་སྐུ་ཡི་རང་མདངས་ནི༔ རྩ་ཡི་ནང་ན་ཐིག་ལེ་དང༔ འོད་ཟེར་ལྟ་བུར་གནས་པའོ༔ ཞེས་སོ༔ ཐུགས་རྗེ་སྒྲོན་མར་གནས་པ་ནི༔ གང་གི་རིག་པ་སྐུའི་རང་མདངས་འོད་དང་ཐིག་ལེ་རྩའི་ནང་ན་ཡར་གསལ་བ་དེ༔ ལྟ་བྱེད་ཀྱི་མིག་གི་ཡུལ་དུ་སྒྲོན་མར་གནས་པ་སྟེ༔ རྩལ་རྫོགས་ལས༔ འགག་མེད་གསལ་བའི་སྒོ་གཉིས་མཛོད༔ དབྱིངས་དང་ལུ་གུ་རྒྱུད་དུ་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་པ་སྐུ་ཡི་རང་མདངས་འོད༔ རྩ་ཡི་ནང་ན་ཉི་ཟེར་བཞིན༔ དབང་པོའི་སྒོ་ནས་ངེས་ཐོན་ཏེ༔ ཐུགས་རྗེའི་སྒྲོན་མ་ནམ་མཁའི་མཐོངས་སུ་གསལ༔ ཅེས་སོ༔ ཇི་ལྟར་གསལ་བ་ནི་རིག་པ་རང་ཤར་ལས༔ སྒྲོན་མ་རྣམ་བཞི་འདི་ལྟ་སྟེ༔ ཐིག་ལེ་སྟོང་པའི་སྒྲོན་མ་དང༔ རིག་པ་དབྱིངས་ཀྱི་སྒྲོན་མ་དང༔ ཤེས་རབ་རང་བྱུང་སྒྲོན་མ་དང༔ རྒྱང་ཞགས་ཆུ་ཡི་སྒྲོན་མའོ༔ སེམས་ཅན་ཀུན་ལ་གནས་པའོ༔ ཞེས་སོ༔

ད་གོང་གི་དེ་རྣམས་ཇི་ལྟར་གནས་པའི་དཔེ་བསྟན་པ་ནི༔ ངོ་བོ་སྐུ་རུ་གནས་པའི་དཔེ༔ དཔེར་ན་བུམ་པའི་སྐུ་ལྟར་གནས་པའོ༔ རང་བཞིན་འོད་དུ་གསལ་བའི་དཔེ་བསྟན་པ་ནི༔ བུམ་པའི་ནང་མར་མེ་ལྟར་གནས་པའོ༔ ཐུགས་རྗེ་སྒྲོན་མར་གསལ་(༡༧༨)བའི་དཔེ༔ མེ་ལོང་ལྟར་གནས་པའོ༔ ཀློང་གསལ་ལས༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཐུགས་རྗེ་མེ་ལོང་དངོས་ལྟར་གསལ༔ ཅེས་སོ༔ ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས༔ ཡོན་ཏན་དང་ནི་ཕྲིན་ལས་སོ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ ཅེས་སོ༔ དེ་ཡང་འབྱུང་བཞི་ལུས་ཀྱི་དཀྱིལ་འཁོར་ལ༔ ཡེ་ཤེས་ཇི་ལྟར་གནས་པ་བསྟན་པའོ༔

ད་ཉམས་སུ་བླང་བའི་རིམ་པ་བསྟན་པ་ནི་གསུམ་སྟེ༔ ཡེ་ཤེས་འཆར་བའི་ལམ་བསྟན་པ་དང༔ འཆར་བྱེད་ཡུལ་གྱི་གནད་བསྟན་པ་དང༔ ཤར་བ་དེ་ལ་ཉམས་སུ་ཇི་ལྟར་བླངས་པ་བསྟན་པའོ༔ དང་པོར་རིག་པའི་ཡེ་ཤེས་འཆར་བར་བྱེད་པའི་ལམ་ནི་རྩ་ཡིན་ཏེ༔ དེ་ལ་རྩའི་དབང་དུ་བྱས་ན་ལུས་ལ་བ་སྤུའི་གྲངས་དང་མཉམ་པར་གནས་ཏེ༔ གྲངས་ཅན་གྱི་རྩ་མངོན་རྟོགས་ལྟར་ཤེས་པར་བྱའོ༔ དེ་ལ་རྩའི་གཙོ་བོ་བཞི་ནི༔ ཐལ་འགྱུར་ལས༔ རོ་མ་རྐྱང་མ་ཀུན་དྷརྨ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཅེས་སོ༔ དེ་ལས་སྙིང་པོར་གྱུར་བའི་རྩ་གསུམ་ནི༔ ཀློང་གསལ་ལས༔ འཁོར་ལོ་ལྔ་ཡི་དབུས་དག་ན༔ རོ་མ་རྐྱང་མ་ཀུན་དྷརྨ༔ དབང་པོའི་སྒོ་ལ་ཟུག་པར་གནས༔ ཞེས་སོ༔ དེ་ཡང་རྩ་གསུམ་པོ་གསང་གནས་ནས་ལྟེ་བར་འབྲེལ༔ ལྟེ་བ་ནས་སྙིང་གར་འབྲེལ༔ སྙིང་ག་ནས་མགྲིན་པར་འབྲེལ༔ མགྲིན་པ་ནས་རྩ་ཡི་གཙོ་བོ་སྲོག་ཤིང་གི་ཚུལ་དུ་ཚངས་བུག་ཏུ་འབྲེལ༔ རྩའི་འཁོར་གཉིས་ལས་ཡལ་ག་བདུན་དུ་གྱེས་ནས་རྩ་གཉིས་སྣ་གཉིས་ལ་ཟུག༔ རྩ་གཉིས་མིག་གཉིས་ལ་ཟུག༔ རྩ་གཉིས་རྣ་བ་གཉིས་ལ་ཟུག༔ རྩ་གཅིག་ལྕེ་ལ་ཟུག་པའོ༔ མར་གྱི་རྩ་གསུམ་ནི་མཚན་མ་དང་བཤང་ལམ་ལ་ཟུག་པའོ༔ རྩ་ཕྲན་ཐམས་ཅད་ནི་ལུས་སྤྱི་ལ་ཁྱབ་པར་ཡོད་དོ༔ རྩ་དེ་གསུམ་གྱི་དབུས་མ་ནས་དོན་དམ་པའི་ཐིག་ལེ་རྒྱུའོ༔ གཡས་ན་རླུང་རྒྱུ༔ གཡོན་ནས་ཐིག་ལེ་རྒྱུའོ༔ རྩ་རླུང་ཐིག་ལེ་གསུམ་པོ་དེས༔ སྒྲ་དང་དྲི་དང་རོ་དང་གཟུགས་དང་རེག་བྱ་དང༔ བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་དང་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ལམ་བྱེད་དོ༔ དེ་ལས་ཀྱང་ཁྱད་པར་དུ་ཡེ་ཤེས་འཆར་བའི་ལམ་(༡༧༩)ནི༔ རྩ་དར་དཀར་གྱི་སྐུད་པ་ཙམ་ལ་ཁྲག་དང་ཆུ་སེར་མེད་པ་དེ་མགྲིན་པའི་གྲེ་བ་ལས་ཐོན་ནས་ཀླད་པའི་ནང་ལ་ཚུར་བྱུང་སྟེ༔ རྩ་དེ་ཡང་རྩ་བ་ཕྲ་ལ་རྩེ་མོ་སྦོམ་པ༔ བ་མེན་གྱི་རྭ་ལྟ་བུ་གཉིས་མིག་ལ་ཟུག་པའོ༔ དེ་ལ་ཡེ་ཤེས་ཀྱི་སྣང་བ་རྒྱུ་སྐར་གྱི་ཉི་ཞུར་ལྟར་འཆར་བའོ༔

དེ་ཡང་ཀློང་གསལ་ལས༔ རྩ་ཡི་གཙོ་བོ་གསུམ་ལས་ནི༔ ཡལ་ག་གྲངས་ལས་འདས་པར་གྱེས༔ ཐད་སོར་དབང་པོའི་སྒོ་རྟེན་བྱེད༔ དེ་ཡིས་ཆོས་ཀུན་སྟོན་པར་བྱེད༔ ཁྱད་པར་ཙིཏྟ་ནས་འབྲེལ་བའི༔ དར་སྐུད་བ་མེན་རྭ་ཡི་ཁ༔ དབང་པོའི་མིག་ལ་ཟུག་པ་སྟེ༔ དེ་ནི་ཆོས་ཉིད་ཀུན་གྱི་ལམ༔ ཞེས་སོ༔ ད་འཆར་བྱེད་ཡུལ་གནད་བསྟན་པ་ནི༔ དང་པོ་འཆར་བའི་སྒོ་ནི་མིག་གཉིས་ཡིན་ཏེ༔ ཐལ་འགྱུར་ལས༔ ལུས་བཅུད་དྭངས་མ་ཀུན་འདུས་པའི༔ ཙཀྵུ་ཞེས་པའི་སྒོ་ལ་ཐོན༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོན༔ ཅེས་པ་དང༔ སྒྲོན་མ་འབར་བ་ལས༔ འཆར་བའི་སྒོ་ནི་མིག་གཉིས་རང༔ ཞེས་པ་དང༔ ཀློང་གསལ་ལས༔ ཡིད་དཔྱོད་ཚིག་ཕྱིར་མ་ལུས་པར༔ མངོན་སུམ་འཆར་བའི་སྒོ་ནི་མིག༔ གཞན་ལ་དེ་ལྟར་མ་ཡིན་ནོ༔ ཞེས་སོ༔ ཡེ་ཤེས་དེ་ཡུལ་གང་ལ་འཆར་བ་ནི༔ དབང་པོ་རྐྱེན་དང་བྲལ་བ༔ ཡུལ་རྐྱེན་དང་བྲལ་བ༔ གནས་རྐྱེན་དང་བྲལ་བ་གསུམ་ལ་འཆང་ཏེ༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར༔ ཅེས་པ་དང༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ཅེས་པ་དང༔ ཡི་གེ་མེད་པ་ལས༔ དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ༔ ཅེས་སོ༔ འཆར་བར་བྱེད་པའི་གནད་ནི་བླ་མ་ལ་རག་གོ༔ ཀློང་གསལ་ལས༔ དེ་ལྟར་བླ་མས་ངོ་སྤྲད་པས༔ རྒྱང་ཞགས་ལས་ནི་སྒྲོན་མར་ཤར༔ ཡུལ་སྣང་རང་མདངས་ཉིད་དུ་གསལ༔ དེ་ཉིད་ཤེས་རབ་སྒྲོན་མ་ཡིས༔ ཡིད་དཔྱོད་ཐེག་པའི་སྒྲོ་འདོགས་གཅོད༔ དངོས་སུ་ཐིག་ལེ་སྒྲོན་མར་ཤར༔ འཁོར་འདས་ཟང་ཐལ་ཉིད་དུ་ཆོད༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིས༔ ཉམས་ཀྱི་སྣང་བ་གོང་འཕེལ་ལོ༔ ཞེས་པ་དང༔ སྙིང་གི་མེ་ལོང་ལས་ཀྱང༔ ཡེ་ཤེས་སྒྲོན་(༡༨༠)མ་སྟོང་ཉིད་ནམ་མཁའ་ལ༔ ཡེ་ཤེས་འོད་ཕུང་ནམ་མཁའི་མཐའ་དང་མཉམ༔ བག་ཆགས་དབུགས་ལ་བརྟེན་ནས་ཡེ་ཤེས་ཚད་ལ་སྦྱོར༔ ཅེས་པ་དང༔ ཀློང་གསལ་ལས༔ ཡུལ་དུ་སྒྲོན་མ་དག་ལ་ནི༔ ལམ་སྣང་རིག་པ་ལུ་གུ་རྒྱུད༔ ལམ་སྣང་ལྷུན་གྲུབ་རིག་མདངས་ལྔ༔ ལམ་སྣང་ཐུགས་རྗེ་དབང་པོར་གསལ༔ ཅེས་པས་སྒྲོན་མའི་འཆར་ཚུལ་རྒྱས་པར་ནི་ཁྲིད་ཀྱི་ཡི་གེ་ལྟར་རོ༔ དེ་ལྟར་དབང་པོའི་མངོན་སུམ་དུ་ཤར་བའི་ཡེ་ཤེས་དེ་ལམ་དུ་ཉམས་སུ་བླངས་པ་ལ་གཉིས་ཏེ༔ ཁྲེགས་ཆོད་དང་ཐོད་རྒལ་ཉམས་སུ་བླང་བ་སྟེ༔ ཁྲེགས་ཆོད་ནི་གཞི་ཀ་དག་གི་དོན་ཇི་ལྟ་བ་ལྟར་ཉམས་སུ་ལེན་པ་ཡིན་ལ་ཐོད་རྒལ་ནི་ཁྲིད་ལྟར་ཉམས་སུ་ལེན་པའོ༔ དེས་ཇི་ལྟར་ཉམས་སུ་བླང་བ་བསྟན་པའོ༔

༈ དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་ཐོབ་ཚུལ་བསྟན་པ་ནི་གཉིས་ཏེ༔ ཐུན་མོང་གི་གྲོལ་ཚུལ་བསྟན་པ་དང༔ ཁྱད་པར་གྱི་གྲོལ་ཚུལ་ལོ༔ ཐུན་མོང་གི་གྲོལ་ཚུལ་ལ་གསུམ་སྟེ༔ ས་ནོན་ཚུལ་དང༔ སངས་རྒྱས་ལུགས་དང༔ དེའི་རྟགས་ཀྱི་འབྱུང་ཚུལ་ལོ༔ དང་པོ་ཉམས་སུ་བླངས་པས་ས་ནོན་ཚུལ་ནི༔ རིག་པ་རང་ཤར་གྱི་རྒྱུད་ལས༔ ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ༔ བདེན་པ་མཐོང་བའི་གང་ཟག་གཅིག་ལ༔ ས་རྣམས་རྫོགས་ནས་ཡོད་དོ༔ དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ༔ དང་པོ་བདེན་པ་མཐོང་བའི་དུས་ན༔ དེ་ཡང་དགའ་བ་སྐྱེས་པ་ནི༔ ས་དང་པོ་རབ་ཏུ་དགའ་བའོ༔ དེ་ཡང་རང་གི་རིག་པ་ཡིན་པར་ཤེས་པ་ནི་ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ༔ དེ་ནས་དེ་ལ་གོམས་པ་ནི་ས་གསུམ་པ་འོད་བྱེད་པའོ༔ དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་ས་བཞི་པ་འོད་འཕྲོ་བའི་ས་ནོན་པའོ༔ དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་དག་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་དེ་ནི་ས་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ༔ དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་བ་དེའི་ཚེ༔ དྲུག་པ་མངོན་དུ་གྱུར་བའི་ས་ནོན་པའོ༔ དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སྤང་བའི་ཚེ༔ བདུན་པ་རིང་དུ་སོང་བའི་ས་ནོན་པའོ༔ དེ་ནས་དེའི་ངང་ལས་ཡོན་ཏན་རྫོགས་པ་ནི་བརྒྱད་པ་མི་(༡༨༡)གཡོ་བའི་ས་ནོན་པའོ༔ དེ་ནས་ཡོན་ཏན་དེ་ལས་མི་གཡོ་བར་གནས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ༔ དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཀྱི་སྤྲིན་ལྟ་བུར་མཐོང་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ༔ དེ་ནི་གང་ཟག་བདེན་པ་མཐོང་བ་དབུགས་འདི་ཉིད་མ་བོར་བར་ས་ནོན་པའོ༔ གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ནོན་པ་ཡིན་ནོ༔ འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ༔ དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི༔ བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའོ༔ རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི༔ བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ༔ དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ༔ དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ༔ དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན་པའོ༔ ཞེས་གསུངས་སོ༔ ཀློང་གསལ་ལས༔ བདེན་པ་མཐོང་བའི་གང་ཟག་གིས༔ དང་པོའི་ས་ནས་བཅུ་དྲུག་བར༔ རིམ་པས་ཉམས་སུ་བླངས་པས་འབྱུང༔ གཞན་དང་སྒོ་བསྟུན་གནས་སྐབས་ཀྱི༔ ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ༔ ཞེས་སོ༔

གཉིས་པ་སངས་རྒྱས་ལུགས་ནི༔ ཐུན་མོང་སངས་རྒྱས་པ་ཞེས་བྱ་བ་སྟེ༔ ཕུང་པོ་ལྷག་མ་དང་བཅས་ནས་སངས་རྒྱས་པའོ༔ གསུམ་པ་དེའི་རྟགས་ཀྱི་འབྱུང་ཚུལ་ནི༔ སྐུ་གདུང་སྒྲ་འོད་ལ་སོགས་པ་འབྱུང་ཚུལ་ནི་བཏགས་གྲོལ་གྱི་རྒྱུད་ན་གསལ་ལོ༔ དེ་ལྟ་བུའི་གྲོལ་ལུགས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ༔ སྙིང་གི་མེ་ལོང་ལས་ཀྱང༔ མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ འོད་དང༔ སྒྲ་དང༔ སྐུ་དང༔ གདུང་དང༔ ས་གཡོ་བ་ལ་སོགས་པ་འབྱུང་ངོ་༔ ཞེས་པའོ༔

ད་ཁྱད་པར་གྱི་འབྲས་བུ་ཐོབ་ཚུལ་ནི༔ ཡང་གོང་མ་ལས༔ ཡང་དག་པར་(༡༨༢)སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ༔ ཞེས་པས༔ ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་དང༔ འབྱུང་བའི་ལུས་ཀྱི་གདོས་པ་ཐམས་ཅད་རང་སར་སངས་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད༔ རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་གསུམ་འདུ་འབྲལ་མེད༔ ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པའོ༔ དེ་ཡང་ཀློང་གསལ་ལས༔ ངོ་བོ་སྟོང་གསལ་ཡེ་ཤེས་སྐུ༔ རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད༔ དབྱེར་མེད་ཆེན་པོར་ཡེ་སངས་རྒྱས༔ ཞེས་པ་དང༔ ཐལ་འགྱུར་ལས༔ ཆོས་ཀྱི་སྐུ་ནི་སྐུ་དང་གསུང༔ ཐུགས་དང་ཡོན་ཏན་ཕྲིན་ལས་སོ༔ སྐུ་ནི་སྟོང་དང་གསལ་བ་དང༔ མཚན་མ་མེད་པའི་རང་བཞིན་ནོ༔ གསུང་ནི་སྒྲ་ཚིག་མིང་བྲལ་ནས༔ བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ༔ ཐུགས་ནི་བསམ་དང་འགྱུ་མེད་པས༔ འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས༔ ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་དང༔ དབྱིངས་དང་ཡེ་ཤེས་ཁྱབ་པ་དང༔ རང་བཞིན་བཅོས་པ་མེད་པའོ༔ འཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད༔ ཤུགས་འབྱུང་བ་དང་འགགས་པ་མེད༔ མ་བྱས་བྱེད་པ་མེད་པའོ༔ ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས༔ ཡོན་ཏན་དང་ནི་ཕྲིན་ལས་སོ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ གསལ་དང་གསལ་བྱེད་རིག་པས་ཁྱབ༔ གསུང་ནི་རང་བྱུང་བ་དང་རང་སྣང་དང༔ སྤྲོ་བསྡུ་སྣང་བའི་འཁོར་ལོའོ༔ ཐུགས་ནི་རྒྱུན་མེད་གཟིགས་པ་དང༔ མཁྱེན་པའི་རྩལ་དང་དགོངས་པའོ༔ ཡོན་ཏན་མཚན་དཔེ་རྫོགས་པ་ལ༔ དགོངས་གསལ་མངོན་ཤེས་རྫོགས་པའོ༔ ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས༔ ཕྱི་ནང་གསང་བ་རྣམས་སྤྲོས་ཏེ༔ སོ་སོའི་རིགས་ཀྱི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༔ རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ༔ འཁོར་ལ་རང་གི་ངོ་བོས་སྟོན༔ སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྣམ་པ་ལྔ༔ སྐུ་ནི་མཚན་དང་དཔེ་བྱད་ལ༔ གདུལ་བྱ་གང་འདུལ་ལུས་སྤྲུལ་ཏེ༔ གསུང་ནི་ཚིག་སྦྱོར་ལེགས་པ་ལ༔ ཚངས་པའི་དབྱངས་ནི་ཡན་ལག་དྲུག༔ ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས༔ རང་གཞན་དོན་གཉིས་རྫོགས་པར་(༡༨༣)གནས༔ ཡོན་ཏན་མཁྱེན་པ་རྫོགས་པ་དང༔ ཕྲིན་ལས་ཕྱི་ནང་གསང་བའོ༔ མཛད་པ་མ་ལུས་རྫོགས་པའོ༔ ཕུན་སུམ་ཚོགས་པ་ལྔར་གནས་སོ༔ ཞེས་སོ༔ དེ་ལྟར་ལུས་ངག་ཡིད་གསུམ་གྱི་འཛིན་ཆགས་གདོས་པ་དང་བཅས་པ་སྤངས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སུ་རྒྱས་ཏེ༔ སྐུ་ལྔའི་འཛིན་པ་སྟོངས་ནས་ཐོག་མའི་གཞི་ཀ་དག་ཆེན་པོར་རང་ཤར་རང་གསལ་རང་གྲོལ་བའོ༔ རང་ཤར་ལས༔ མཚན་མར་འཛིན་པའི་འཁོར་བ་སངས༔ ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས༔ སངས་རྒྱས་ཞེས་ཀྱང་དེ་ལ་བྱ༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས་ཀྱང༔ གྲོལ་ས་ཉིད་ནི་ཐོག་མའོ༔ ཞེས་པས་ཡེ་ཐོག་དང་པོའི་གཞིར་གྲོལ་བའོ༔ དེ་ནི་ཆོས་ཟད་ཀ་དག་གི་འབྲས་བུ་ཞེས་བྱའོ༔ དེས་མཐར་ཐུག་འབྲས་བུའི་གྲོལ་ཚུལ་བསྟན་པའོ༔ ཡང་གསང་རྫོགས་པ་ཆེན་པོ་སྙིང་ཐིག་གི་གནད་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་གཏན་ལ་ཕབ་པས༔ བསྟན་པ་ཐམས་ཅད་ཀྱི་ཁོང་སྙིང་ལོང་བའི་སྣ་ཁྲིད་དང་འདྲ་བ༔ མྱ་ངན་ལས་འདས་པ་དངོས་ལ་སྐད་ཅིག་སྦྱོར་བར་བྱེད་པ༔ མཁའ་འགྲོ་སྙིང་ཐིག་གསང་བའི་ཡང་བཅུད་ཅེས་ཀྱང་བྱ༔ སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ༔ བདག་འདྲ་ཨོ་རྒྱན་པདྨས་རྒྱུད་ཀྱི་སྙིང་ཕྱུང་ནས་བཀོད་དེ༔ གཞོ་སྟོད་ཏི་སྒྲོའི་བྲག་དཀར་དུ༔ ཌཱཀྐི་མ་ཡེ་ཤེས་མཚོ་རྒྱལ་གྱི་དོན་དུ་མཛད་པའོ༔ མ་སྤེལ་ས་ཡི་གཏེར་དུ་སྦོས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དྷཱཀྐི་ནིའི་རྒྱའོ༔

ཨེ་མ༔ མཁས་པ་ཤྲཱི་སིང་ཧ་ཡིས༔ ཌཱཀྐི་ཀློང་གསལ་ཉི་མའི་རྒྱུད༔ བཅུ་བདུན་རྒྱུད་རྣམས་བདག་ལ་གཏད༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ ཚེ་ཡི་རིག་འཛིན་བསྒྲུབས་ཤིང་བསྒོམས༔ སྤྲོས་མེད་མྱ་ངན་འདའ་དོན་དུ༔ རྒྱུད་ཀྱི་ཁོང་སྙིང་གདམས་པར་ཕྱུང༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གཏད༔ གཞན་ཡང་རྒྱལ་པོ་ལ་སོགས་པ༔ སྐལ་ལྡན་སློབ་བུ་མང་ལགས་ཀྱང༔ འདི་ཉིད་ཚིག་ཙམ་བརྗོད་པ་མེད༔ བི་མ་མི་ཏྲ་འབྱོན་དགོངས་ནས༔ བཅོ་བརྒྱད་རྒྱུད་དང་གདམས་པ་བཅས༔ མ་འོངས་སྐལ་ལྡན་དོན་དུ་ནི༔ བུམ་ཐང་སེང་གེ་བྲག་ལ་སྦས༔ སྙིགས་མར་འགྲོ་དོན་རྒྱ་ཆེན་འབྱུང༔ མཚོ་རྒྱལ་ཁྱོད་ལ་གཏད་པ་ཡི༔ ཀུ་སུ་ལུ་པའི་གདམས་པའི་སྐོར༔ (༡༨༤)དང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟ་བསྟན་པའི་དུས་མ་བབས༔ ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་ཕོ་ཉལ་འདྲའི་སྤྱི་སྟེངས་སུ༔ མཁའ་འགྲོ་སྡེ་ལྔས་བྱིན་བརླབས་པའི༔ ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ༔ སྤྲོ་རིང་ཐེག་ཆེན་ཆོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་འཛིན་ཅིང༔ མ་འགགས་སྤྱོད་པ་སྣ་ཚོགས་སྐྱོང༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་འཕྲད༔ ཟབ་མོའི་གཏེར་དང་འཕྲད་པའི་རྟགས༔ སྙིང་ཐིག་ཐབས་ཀྱི་ཆ་ཡིན་ཕྱིར༔ དེ་ཡིས་མངོན་སུམ་མཐོང་བའི་རྟགས༔ བརླ་གཡས་པ་ཡི་ནང་ལོགས་ལ༔ ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད༔ དེ་ལྟར་མཚན་རྟགས་རྫོགས་པ་ཡི༔ ལས་ལྡན་སྐྱེས་བུ་དེ་དང་འཕྲད༔ དེ་དུས་འགྲོ་དོན་མི་འབྱུང་སྟེ༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད༔ དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་གྱི་སྒོ་འབྱེད་བསྟན་པ་སྐྱོང༔ ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང༔ ལྡང་ལྷས་བཀའ་འདིའི་བྱ་ར་གྱིས༔ རྟགས་དང་ལྡན་པ་དེ་ལ་གཏོད༔ ལས་མེད་ལེན་ན་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠི྇༔ གསང་རྒྱ༔ དགེའོ༔

ཁྲིད་རྒྱབ་ལུང་གི་ཕྲེང་བ།

༄༅༔ ཁྲིད་རྒྱབ་ལུང་གི་ཕྲེང་བ་བཞུགས་སོ༔

༄༅༔ གྲཤག།ཏ།ཀྙ༔ ཡིད་ཆེས་མི་འགྱུར་ལུང་གི་མཆོག་ལ་ཕྱག་འཚལ་ལོ༔ ཐེག་པའི་ཡང་རྩེ་རྫོགས་ཆེན་སྙིང་པོའི་བཅུད༔ བཅོ་བརྒྱད་རྒྱུད་དང་གདམས་ངག་དོན་བསྡུས་པའི༔ ནོར་བུའི་སྙིང་པོ་ཡིད་བཞིན་ནོར་བུ་ལྟར༔ བཅུད་ཀྱི་སྙིང་པོ་ཡང་ནས་ཡང་བཏུས་པའི༔ ཀུན་དང་མི་འདྲ་ཁྱད་པར་མངོན་སུམ་གནད༔ ཚིག་སྤངས་དོན་གྱི་སྙིང་པོའི་ཁྲིད་དུ་བསྟན༔ འདི་ལ་རང་བཟོ་ཐེ་ཚོམ་བསལ་བའི་ཕྱིར༔ བདེ་གཤེགས་བཀའ་དོན་ལུང་གིས་རྟོག་པ་བསལ༔ ལུང་དང་མི་མཐུན་གཟུ་ལུམས་མེད་པའི་ཕྱིར༔ ཁྲིད་རྒྱབ་ལུང་གི་ཕྲེང་བ་བྲི་བར་བྱ༔ ཐོད་རྒལ་དོན་གྱི་ཁྲིད་ཕྲེང་འདི་ལ༔ སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོ་རྣམ་པ་བརྒྱད་ལས༔ དང་པོ་ཆོས་འདི་སྟོན་པའི་སྣོད་གལ་ཆེ་སྟེ༔ ཀློང་གསལ་ཉི་མའི་རྒྱུད་ལས༔ གསང་སྔགས་སྙིང་པོའི་དོན་འདི་བསྟན་པ་ལ༔ སྣོད་ཀྱི་དམ་(༡༨༥)པ་མཆོག་ཏུ་གཅེས༔ ཞེས་པས༔ སྣོད་མཚན་ཉིད་དང་ལྡན་པ་དངོས་ནི༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ ཅེས་པ་དང༔ ཀློང་གསལ་ལས༔ དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ༔ རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ༔ གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ༔ སྐྱོ་ཤས་སྡུག་བསྲན་སྙིང་རུས་ཆེ༔ དེ་ནི་གསང་སྔགས་གསང་བའི་སྣོད་ཡིན་པས༔ བདུད་རྩི་ཐིགས་པ་སྙིང་གི་ཡང་ཞུན་འདི༔ བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ༔ ཞེས་སོ༔ སྣོད་བཟང་པོའི་ཡོན་ཏན་ནི༔ ཀློང་གསལ་ལས༔ གསང་སྔགས་སྙིང་པོའི་སྣོད་དུ་རུང༔ འགྲོ་བ་འདྲེན་པའི་གྲུ་ཆེན་མཆོག༔ ཅེས་སོ༔ སྣོད་མིན་ལ་བསྟན་པའི་སྐྱོན་ནི༔ ཡང་སྔ་མ་ལས༔ ཡང་སྙིང་བཅུད་ཀྱི་བདུད་རྩི་འདི༔ སྣོད་ངན་རྣམས་སུ་བླུགས་པ་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང༔ ཞེས་སོ༔ དེ་ནས་གནས་ཁྱད་པར་ཅན་འཚོལ་དགོས་ཏེ༔ སྔ་མ་ལས༔ གསང་སྔགས་གནས་ཀྱི་ཁྱད་པར་འབྱུང༔ ཞེས་སོ༔ གནས་ཁྱད་འཕགས་དངོས་ནི༔ སྔ་མ་ལས༔ གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་པ་དངས་ཤིང་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའི་གནས༔ ཞེས་སོ༔ དེར་ཕྱིན་པའི་ཡོན་ཏན་ཡང་སྔ་མ་ལས༔ བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ༔ ཅེས་སོ༔ མ་ཕྱིན་པའི་སྐྱོན་ནི༔ སྔ་མ་ལས༔ མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར༔ ཞེས་སོ༔ གནས་དེར་ངོ་སྤྲོད་པ་ལ་དུས་གནད་གལ་ཆེ་སྟེ༔ སྔ་མ་ལས༔ ངོ་སྤྲོད་དུས་ཀྱི་ཁྱད་པར་ཕྱིར༔ མཁས་པས་དུས་གནད་བཙལ་བར་བྱ༔ ཞེས་སོ༔ དུས་ཁྱད་འཕགས་དངོས་ནི༔ སྔ་མ་ལས༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན༔ ཅེས་སོ༔ དེར་ཕྱིན་པའི་ཡོན་ཏན་ནི༔ སྔ་མ་ལས༔ ངོ་སྤྲོད་འཇོག་ཅིང་ཉམས་སྣང་གོང་དུ་འཕེལ༔ ཞེས་སོ༔ དུས་གནད་མ་བཟུང་བའི་སྐྱོན་ནི༔ སྔ་མ་ལས༔ མཁས་པས་དུས་གནད་བརྟེན་པར་མ་བྱས་ན༔ ངོ་བོ་འགག་(༡༨༦)ཅིང་ཉམས་ཀྱི་འཕེལ་དང་བྲལ༔ ཅེས་སོ༔ གནས་དུས་ཁྱད་པར་ཅན་དེར་བསྒོམ་པ་ལ་གྲོགས་ཁྱད་པར་ཅན་དགོས་ཏེ༔ སྔ་མ་ལས༔ འབྲས་བུ་ཚེ་གཅིག་གསང་སྔགས་གནད༔ ཁྱད་པར་འཕགས་པའི་གྲོགས་ལས་འབྱུང༔ ཞེས་སོ༔ གྲོགས་ཁྱད་འཕགས་དངོས་ནི༔ རྒྱུད་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔའི་ཤུགས་ཆུང་ཁོང་ཡངས་བློ་བརྟན་ཆེ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ ཞེས་སོ༔ དེ་དང་འགྲོགས་པའི་ཡོན་ཏན་ནི༔ སྔ་མ་ལས༔ གྲོགས་མཆོག་དམ་པས་བྱང་ཆུབ་ཐོབ༔ ཅེས་སོ༔ དེ་དང་མ་འགྲོགས་པའི་སྐྱོན་ནི༔ སྔ་མ་ལས༔ བདེ་བའི་གྲོགས་སྤངས་སྡུག་བསྔལ་ཉིད་དུ་འགྱུར༔ ཅེས་སོ༔ དེ་ནས་གདམས་པ་ཞུ་བ་ལ་ཡོ་བྱད་བསགས་དགོས་ཏེ༔ རྒྱུད་ལས༔ གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར༔ རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསག༔ ཅེས་སོ༔ ཡོ་བྱད་བསགས་པ་དངོས་ནི༔ ཀློང་གསལ་ལས༔ མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་པོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ ཞེས་སོ༔ ཡོ་བྱད་འཛོམ་པའི་ཡོན་ཏན་ནི༔ ཡོ་བྱད་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང༔ ཞེས་སོ༔ ཡོ་བྱད་མ་ཚང་བའི་སྐྱོན་ནི༔ རྒྱུད་ལས༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ཞེས་སོ༔

དེ་ནས་གདམས་པ་སྟོན་པ་ལ་ལོ་རྒྱུས་བཤད་དགོས་ཏེ༔ ཀློང་གསལ་ལས༔ སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར༔ བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ༔ ཞེས་སོ༔ བཤད་པ་དངོས་ནི༔ སྔ་མ་ལས༔ བརྒྱུད་པ་པོ་ཟབ་ཁུངས་བཙུན་ཕྱིར༔ ཀུན་ཏུ་བཟང་ནས་རིམ་པར་བཤད༔ ཅེས་སོ༔ བཤད་པའི་ཡོན་ཏན་ནི༔ སྔ་མ་ལས༔ བརྒྱུད་པ་ཁྱད་དུ་འཕགས་པ་དང༔ གདམས་ཟབ་བྱིན་རླབས་ངེས་ཤེས་སྐྱེ༔ ཞེས་སོ༔ མ་བཤད་པའི་སྐྱོན་ནི༔ ཉི་ཟླ་ཁ་སྦྱོར་ལས༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ གསང་ཆེན་ངེས་པའི་རྒྱུད་འདི་ལ༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་སོ༔ དེ་ནས་དབང་བསྐུར་དགོས་ཏེ༔ སྙིང་གི་མེ་ལོང་ལས༔ གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉེན་པ་(༡༨༧)ལག་སྐྱ་མེད་པ་བཞིན༔ ཕ་རོལ་སྒྲོལ་བར་ག་ལ་ནུས༔ ཞེས་སོ༔ དབང་བསྐུར་བ་དངོས་ནི༔ ཀློང་གསལ་ལས༔ སྤྲོས་བཅས་ཕྱི་ཡི་བུམ་དབང་དང༔ སྤྲོས་མེད་ནང་གི་གསང་དབང་དང༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང༔ རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ༔ སྣོད་ལྡན་བུ་ལ་རིམ་པ་བཞིན་དུ་བསྟན༔ ཅེས་སོ༔ ཡང་དེ་ཉིད་ལས༔ མངོན་སུམ་གནད་དུ་དབབ་པའི་ཕྱིར༔ ཀུན་ཏུ་སྤྲོས་མེད་ཁྱད་པར་དབང་ལྔ་བསྐུར༔ ཅེས་སོ༔ དབང་ཐོབ་པའི་ཡོན་ཏན་ནི༔ སྔ་མ་ལས༔ དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད༔ གསང་སྔགས་དོན་ཀུན་འགྲུབ་པར་འགྱུར༔ ཅེས་པ་དང༔ སྙིང་གི་མེ་ལོང་ལས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབས་འགྲུབ༔ ཅེས་སོ༔ དབང་མ་ཐོབ་པའི་སྐྱོན་ནི༔ རྒྱུད་ལས༔ གསང་སྔགས་དབང་ནི་མ་ཐོབ་ན༔ ཟབ་དོན་དངོས་གྲུབ་ག་ལ་ཐོབ༔ ཅེས་སོ༔

དེ་ནས་སྔོན་འགྲོ་བྱང་ཆུབ་ཀྱི་སེམས་དགོས་པ་ནི༔ རྒྱུད་ལས༔ བྱམས་དང་སྙིང་རྗེ་ཆོས་ཀྱི་ལམ༔ ཐེག་པ་ཆེན་པོར་འཇུག་ཕྱིར་རོ༔ ཞེས་སོ༔ བྱང་སེམས་དངོས་ནི༔ འདས་རྗེས་ལས༔ མི་རྟག་སྙིང་རྗེ་བྱང་སེམས་སྦྱང༔ ཞེས་སོ༔ དེའི་ཡོན་ཏན་ནི༔ རྒྱུད་ལས༔ མི་རྟག་སྙིང་རྗེ་བྱང་སེམས་ཀྱིས༔ ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ༔ ཞེས་སོ༔ དེ་ནས་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་དབྱེ་དགོས་ཏེ༔ ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེད་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བཤད༔ ཅེས་སོ༔ དབྱེ་བ་དངོས་ནི་འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་བྱ༔ ཞེས་པ་དང༔ ཐལ་འགྱུར་ལས༔ རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ༔ ལུས་སྦྱངས་སེམས་ལ་ཕན་པའོ༔ ཞེས་སོ༔ དེ་ནས་ངག་གི་སྔོན་འགྲོ་ནི༔ འདས་རྗེས་ལས༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་སྦྱང༔ ཞེས་པ་(༡༨༨)དང༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལས༔ རྒྱས་གདབ་པ་དང་རྩལ་ཉིད་སྦྱང༔ གཉེན་བཙལ་ལམ་དུ་གཞུག་པ་ཡིས༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་སོ༔ དེ་ནས་ཡིད་ཀྱི་སྔོན་དུ་འགྲོ་བ་ནི༔ འདས་རྗེས་ལས༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང༔ ཞེས་པ་དང༔ ཐལ་འགྱུར་ལས༔ སེམས་ནི་ཐོག་མར་བྱུང་ས་དང༔ བར་དུ་གནས་ས་ཐ་མར་འགྲོ༔ དེ་ལྟར་གསུམ་ལ་བརྟགས་དཔྱད་ན༔ སེམས་སྦྱངས་སེམས་ལ་ཕན་པའོ༔ ཞེས་སོ༔

ལུས་ངག་ཡིད་གསུམ་སྔོན་འགྲོ་བྱས་པའི་ཡོན་ཏན་ནི༔ ཐལ་འགྱུར་ལས༔ འདི་ལ་དགོས་པ་རྣམ་པ་གཉིས༔ ཐུན་མོང་མཆོག་གི་དབྱེ་བས་བརྟག༔ ཀློང་གསལ་ལས༔ ལུས་ངག་ཡིད་གསུམ་སྔོན་དུ་འགྲོ་བ་ནི༔ ཐུན་མོང་ཁྱད་པར་མཐར་ཐུག་གི༔ དགོས་པ་གསུམ་དུ་ཤེས་པར་བྱ༔ ཞེས་སོ༔ སྔོན་འགྲོ་མ་བྱས་པའི་སྐྱོན་ནི༔ གོང་གི་ལུང་གིས་ཤེས་སོ༔ ད་ནང་གི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་དགོས་ཏེ༔ ཀློང་གསལ་ལས༔ ནང་གི་འཁྲུལ་རྒྱུ་ཟད་བྱའི་ཕྱིར༔ འཁོར་འདས་རུ་ཤན་ནང་ལྟར་དབྱེ༔ ཞེས་སོ༔ དབྱེ་བ་དངོས་ནི༔ འདས་རྗེས་ལས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱངས་རུ་ཤན་དབྱེ༔ ཞེས་སོ༔ ནང་ལྟར་རུ་ཤན་དབྱེ་བའི་ཡོན་ཏན་ནི༔ ཀློང་གསལ་ལས༔ རུ་ཤན་ནང་ལྟར་སུས་ཕྱེ་བ༔ འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང༔ གསུམ་པོ་འཁོར་བར་ལྡོག་པ་མེད༔ ཅེས་སོ༔ མ་ཕྱེ་བའི་སྐྱོན་ནི་སྔ་མ་ལས༔ དེ་ལྟར་ས་བོན་མ་ཟད་ན༔ འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར༔ ཅེས་སོ༔ དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་དབབ་དགོས་པ་ནི༔ ཀློང་གསལ་ལས༔ ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པས༔ དེ་དག་གྲོལ་ཕྱིར་རྣལ་དུ་དབབ༔ ཅེས་པ་དང༔ སྒྲོན་མ་འབར་བ་ལས༔ འཁོར་འདས་རུ་ཤན་ཕྱེས་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་དབབ༔ ཅེས་སོ༔ རྣལ་དུ་དབབ་པ་དངོས་ནི༔ ཐལ་འགྱུར་ལས༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་(༡༨༩)ལྡན་པས་རྣལ་དབབ་བྱ༔ ཞེས་པ་དང༔ འདས་རྗེས་ལས༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་འབེབས་པ་མཁས་པར་བྱ༔ ཞེས་སོ༔ རྣལ་དུ་དབབ་པའི་ཡོན་ཏན་ནི༔ ཀློང་གསལ་ལས༔ འདི་ལྟར་རྣལ་དུ་སུས་ཕབ་པ༔ འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང༔ འཛིན་པ་རང་གྲོལ་ཉིད་དུ་འགྱུར༔ ཅེས་སོ༔ མ་ཕབ་པའི་སྐྱོན་ནི༔ ཡང་དེ་ཉིད་ལས༔ ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད༔ ཅེས་སོ༔ དེ་ནས་སོར་འཇུག་དགོས་པ་ནི༔ ཀློང་གསལ་ལས༔ རྣལ་དུ་དབབ་པ་སོར་ཉིད་གཞུག༔ ཀ་དག་དོན་ཉིད་རྟོག་བྱའི་ཕྱིར༔ ཞེས་སོ༔ སོར་གཞུག་པ་དངོས་ནི༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ལ་ནི་བརྩོན་པར་འགྱུར༔ ཞེས་སོ༔ དེ་ལྟར་སོར་ཆུད་པའི་ཡོན་ཏན་ནི༔ རྒྱུད་ལས༔ ཉམས་ལྡན་ཀ་དག་དོན་རྟོགས་འགྱུར༔ ཞེས་སོ༔ མ་ཕེབས་པའི་སྐྱོན་ནི་སྔ་མ་ལས༔ དེ་ཉིད་མ་ཕེབས་འགྲུབ་མི་འགྱུར༔ ཅེས་སོ༔

ད་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ༔ ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་དགོས༔ ཀློང་གསལ་ལས༔ བྱ་བ་དགུ་ཕྲུགས་ཉིད་དུ་བཏང༔ ཞེས་པ་དང༔ དེ་ཉིད་ལས༔ མངོན་སུམ་གནད་དུ་དབབ་པའི་ཕྱིར༔ ཕྱི་ནང་གསང་བའི་བྱ་བ་ནི༔ ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང༔ ཞེས་སོ༔ བྱ་བ་བཏང་བ་དངོས་ནི༔ འདས་རྗེས་ལས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ ཞེས་པ་དང༔ ཀློང་གསལ་ལས༔ ལུས་ཀྱི་བྱ་བ་གཏང་བའི་ཕྱིར༔ ཆོས་དང་ལོ་ཀའི་བྱ་བ་དང༔ གྲོགས་མེད་གཅིག་པུར་གནས་པར་བྱ༔ ངག་གིས་འཁྲུལ་གཏམ་ཆོས་སྤྱོད་དང༔ ལྐུགས་པ་ལྟ་བུ་ཉིད་ལ་བསླབ༔ འདི་ནི་ལོ་ཀ་འདས་པ་ཡི༔ འགྱུ་བ་བཅད་ལ་གནས་པར་བྱ༔ ཞེས་སོ༔ དེ་ལྟར་བྱ་བ་བཏང་བའི་ཡོན་ཏན་ནི༔ སྔ་མ་ལས༔ ལུས་ངག་འཁྲུལ་པ་རྒྱུན་ཆད་ནས༔ ཡེ་ཤེས་རྒྱུན་ལ་གནས་པར་བྱ༔ ཞེས་སོ༔ མ་བཏང་བའི་སྐྱོན་ནི༔ སྔ་མ་ལས༔ བྱར་མེད་རྒྱུན་ལ་མ་གནས་པས༔ རིག་པའི་དོན་ལ་རེག་པ་མེད༔ ཅེས་སོ༔

ད་དངོས་གཞི་མངོན་(༡༩༠)སུམ་རང་ཐོག་ཏུ་དབབ་པ་ལ༔ ལུས་གནད་གཟིར་དགོས་ཏེ༔ ཀློང་གསལ་ལས༔ རིག་པ་ལུས་ལ་གནས་གྱུར་ཀྱང༔ འཁྲུལ་འཁོར་དག་གིས་མ་གཅུན་ན༔ ཡེ་ཤེས་དབང་པོར་སྣང་མི་ནུས༔ ཞེས་སོ༔ ལུས་ཀྱི་གནད་གཟིར་བ་དངོས་ནི༔ ཐལ་འགྱུར་ལས༔ དེ་ཡང་ལུས་འདི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ཞེས་སོ༔ འདས་རྗེས་ལས༔ གླང་སེང་དྲང་སྲོང་བཞུགས་སྟངས་བྱ༔ ཞེས་སོ༔ ལུས་གནད་གཟིར་བའི་ཡོན་ཏན་ནི༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་རྣམས་ལ་ལོངས་སྤྱོད་དེ༔ པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཀྱིས༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་རྣམ་པར་རང་སྤྲུལ་ནས༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་སོ༔ ལུས་གནད་མ་གཟིར་བའི་སྐྱོན་ནི༔ ཀློང་གསལ་ལས༔ ལུས་ཀྱི་གནད་ནི་མ་གཟིར་ན༔ འབྱུང་ཟད་རླུང་ནི་མི་ཟིན་ཅིང༔ དེ་བཞིན་ལུས་ལ་དྲོད་མི་སྐྱེ༔ རིག་པ་མངོན་དུ་སྣང་མི་ནུས༔ ཞེས་སོ༔ དེ་ནས་ངག་གི་གནད་གཟིར་དགོས་པ་ནི༔ ཀློང་གསལ་ལས༔ དེ་ལྟར་ངག་གནད་མ་གཟིར་ན༔ བརྗོད་མེད་དོན་ནི་མི་རྟོགས་ཤིང༔ འཁྲུལ་པའི་གཏམ་གྱིས་དོན་ལ་སྒྲིབ༔ ངག་གི་གནད་གཟིར་མཆོག་ཏུ་གཅེས༔ ཞེས་སོ༔ གཟིར་བ་དངོས་ནི༔ ཐལ་འགྱུར་ལས༔ ངག་ནི་བསླབ་དང་གནས་པ་དང༔ ལ་བཟླ་བ་ཉིད་བསྟན་པར་བྱ༔ ཞེས་པ་དང༔ ངག་ནི་བསླབ་བྱའི་རིམ་པ་དང༔ གནས་པ་བརྟན་ཅིང་ལ་ཡང་བཟླ༔ ཞེས་སོ༔

དེ་ལྟར་ངག་གི་གནད་གཟིར་བའི་ཡོན་ཏན་ནི༔ རྒྱུད་ལས༔ དེ་ལྟར་ངག་གནད་སུས་གཟིར་བ༔ ངག་གི་སྐྱོན་ཟད་མྱ་ངན་ཟློ༔ ཞེས་སོ༔ ངག་གནད་མ་གཟིར་བའི་སྐྱོན་ནི༔ སྔ་མ་ལས༔ ངག་གི་གནད་ཉིད་མ་གཟིར་ན༔ ཡོན་ཏན་ཉིད་ལས་ལྡོག་སྐྱོན་འབྱུང༔ ཞེས་སོ༔ དེ་ནས་སེམས་ཀྱི་གནད་གཟིར་དགོས་པ་ནི༔ ཀློང་(༡༩༡)གསལ་ལས༔ སེམས་ཀྱི་གནད་ཉིད་མ་གཟིར་ན༔ དབྱིངས་དང་རིག་པ་མི་མཐོང་བས༔ གནད་གཟིར་གཏད་པའི་འབེན་ཉིད་བཅའ༔ ཞེས་སོ༔ ཡིད་ཀྱི་གནད་གཟིར་བ་དངོས་ནི༔ ཡང་སྔ་མ་ལས༔ སེམས་ཉིད་ཕྱི་ཡི་མཁའ་ལ་གཏད༔ ནང་གི་སྒྲོན་མ་དངོས་སུ་སྣང༔ ཞེས་པ་དང༔ ཐལ་འགྱུར་ལས༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཅེས་པ་དང༔ འདས་རྗེས་ལས༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ མིག་ནི་ནམ་མཁའི་ཁམས་སུ་བརྟག༔ ཅེས་སོ༔ སེམས་གཟིར་བའི་ཡོན་ཏན་ནི༔ སྔ་མ་ལས༔ རང་རིག་དངོས་སུ་ཟིན་པ་དང༔ ཐ་མ་ལྷག་མེད་འགྲུབ་པར་འགྱུར༔ ཞེས་སོ༔ མ་གཟིར་བའི་སྐྱོན་ནི༔ སྔ་མ་ལས༔ དེ་ལྟར་སེམས་ཀྱི་གནད་མེད་ན༔ རིག་པའི་དོན་ལས་ལྡོག་པར་འགྱུར༔ ཞེས་སོ༔ ད་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གནད་གསུམ་གཟིར་དགོས་ཏེ༔ ཀློང་གསལ་ལས༔ གནད་གསུམ་སྔོན་དུ་མ་གཟིར་ན༔ མངོན་སུམ་རང་ཐོག་མི་ཕེབས་ཏེ༔ ཡིད་དཔྱོད་འཛིན་དང་ཁྱད་མེད་པས༔ གནད་གསུམ་བཙལ་བ་མཆོག་ཏུ་གཅེས༔ ཞེས་སོ༔ གནད་ལ་དང་པོ་སྒོའི་གནད་ནི༔ འདས་རྗེས་ལས༔ སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ༔ ཞེས་པ་དང༔ ཐལ་འགྱུར་ལས༔ ཡེ་ཤེས་འཆར་བའི་སྒོ་ཉིད་ནི༔ ལུས་བཅུད་དྭངས་མ་ཀུན་འདུས་པའི༔ ཙཀྵུ་ཞེས་པའི་སྒོ་ནས་ཐོན༔ ཞེས་པ་དང༔ སྒྲོན་མ་འབར་བ་ལས༔ འཆར་བའི་སྒོ་ནི་མིག་གཉིས་རང༔ ཞེས་པ་དང༔ ཐལ་འགྱུར་ལས༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ སྒོ་ཡི་དེ་ཉིད་མ་འགུལ་དང༔ ཞེས་པ་དང༔ ཡང་མུ་ཏིག་འཕྲེང་བ་ལས༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ བདེ་ཆེན་ཚངས་པའི་སྒོ་ན་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ ཡེ་ཤེས་འཆར་བའི་སྒོ་ནི་མིག༔ འཆར་གནད་ཕབ་བཟློག་ཟུར་ལ་མནན༔ ཞེས་སོ༔ ཡུལ་གྱི་གནད་ནི་མུ་ཏིག་ཕྲེང་བ་ལས༔ ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས༔ ཞེས་པ་དང༔ ཐལ་འགྱུར་ལས༔ སྒོ་ནི་སྒྲིབ་བྱེད་བྲལ་བ་ལ༔ ཞེས་(༡༩༢)པ་དང༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར༔ ཞེས་པ་དང༔ སྡུད་པ་ལས༔ དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ༔ ཞེས་པ་དང༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་གི་སྒྲོན་མ་ལམ་དུའོ༔ ཞེས་པ་དང༔ འདས་རྗེས་ལས༔ སེམས་ནི་སྨིན་ཕྲག་མཁའ་ལ་གཏད༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཞེས་སོ༔ རླུང་གི་གནད་ནི་ཐལ་འགྱུར་ལས༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་པ་དང༔ འདས་རྗེས་ལས༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ ཅེས་པ་དང༔ ཀློང་གསལ་ལས༔ ཕྱི་ནང་རླུང་ནི་དལ་ཞིང་མཉམ༔ ཡིད་ཙམ་ཕྱི་རུ་འདུར་བ་ཡིས༔ རླུང་ནི་འགྲོ་འོང་འཆད་པར་འགྱུར༔ ཞེས་སོ༔ རིག་པའི་གནད་ལུ་གུ་རྒྱུད་བཙོན་དུ་བཟུང་དགོས་ཏེ༔ འདས་རྗེས་ལས༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ ཞེས་པ་དང༔ སྒྲོན་མ་འབར་བ་ལས༔ དབྱིངས་ཀྱི་རིག་པའི་རང་ཡུལ་ཕྱེད༔ རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད༔ འདི་ཉིད་ནང་དུ་གཞུག་པར་བྱ༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་གནད་ལུག་རྒྱུད་བཙོན་དུ་བཟུང༔ དངོས་སྣང་དལ་བ་ཉིད་ཀྱི་རྟེན༔ ཞེས་སོ༔ དེ་ལྟར་གནད་བསྟུན་པའི་ཡོན་ཏན་ནི༔ འདས་རྗེས་ལས༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་སྣང༔ ཞེས་སོ༔ མ་བསྟུན་པའི་སྐྱོན་ནི༔ ཀློང་གསལ་ལས༔ གནད་གསུམ་བསྟུན་པར་མ་བྱས་ན༔ རིག་པའི་དོན་ལ་རེག་མི་འགྱུར༔ ཞེས་སོ༔

ད་རྗེས་ཀྱི་སྣང་བ་བཞི་འཆར་ཚུལ་གཏན་ལ་འབེབས་དགོས་ཏེ༔ ཀློང་གསལ་ལས༔ སྣང་བཞིའི་འཆར་ཚུལ་མ་ཤེས་ན༔ ས་ཟིན་མེད་པའི་སྐྱོན་ཉིད་འགྱུར༔ སྣང་བ་བཞི་རུ་ཤེས་པར་བྱ༔ ཞེས་སོ༔ སྣང་བ་བཞི་དངོས་ནི༔ ཐལ་འགྱུར་ལས༔ དེ་ལས་སྣང་བ་བཞིར་འགྱུར་ཏེ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ཚིག་ལས་འདས༔ གོང་དུ་འཕེལ་བའི་ཉམས་སྣང་གིས༔ འཁྲུལ་པའི་སྣང་བ་ནུབ་པར་བྱེད༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ སྐུ་གསུམ་རྟོགས་པའི་ལམ་སྣང་འདས༔ (༡༩༣)ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད༔ ཞེས་པ་ལ་སོགས་པ་འདས་རྗེས་ན་གསལ་ལོ༔ རིག་པ་མངོན་སུམ་གྱི་སྣང་བ་དངོས་ནི༔ ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོའི་སྒོ་ལས་ངེས་ཐོན་ཏེ༔ སྤྲིན་མེད་པ་ཡི་མཁའ་ལ་གསལ༔ ཅེས་པ་དང༔ ཀློང་གསལ་ལས༔ རྐྱེན་བྲལ་མཁའ་ལ་བླ་མ་ཡིས༔ གཟིགས་སྟངས་གཅུན་ཞིང་ངོ་སྤྲད་པས༔ དབང་པོའི་སྒོ་ལ་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་ལྟ་བུ༔ ཐིག་ལེ་ལུག་རྒྱུད་འབྲེལ་བ་ལ༔ འགུལ་འཕྲིག་འགྱུ་བའི་རྣམ་པར་འབྱུང༔ ཞེས་པ་དང༔ རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ དེ་ཡང་འོད་དང་འགྲོ་བ་དང༔ འགུལ་བ་དང་ནི་འཕྲིག་པའོ༔ ཞེས་པ་དང༔ རྩལ་རྫོགས་ལས༔ རང་སྣང་རིག་པའི་དངོས་པོ་དེ༔ ཡེ་ཤེས་ལུ་གུ་རྒྱུད་དུ་གསལ༔ ཞེས་པ་དང༔ ཕྲ་བཀོད་ལས༔ རྒྱངས་ཞགས་ཆུ་ཡི་སྒྲོན་མ་ལ༔ ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་རྫོགས་པར་གསལ་ལོ༔ ཞེས་པ་དང༔ ཀློང་གསལ་ལས༔ དེ་ལྟར་གསལ་བའི་དབྱིངས་རིག་ནི༔ ཉི་མའི་འོད་ཀྱི་ཚུལ་དུ་གནས༔ ཞེས་སོ༔ སྔ་མ་ལས༔ དེ་ཡི་ངོ་བོ་ཀ་དག་ལ༔ རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ༔ ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད༔ ཙིཏྟ་དག་ནས་རྩ་ལ་ཤར༔ ངོ་བོ་མངོན་སུམ་སྒོ་ལ་འཆར༔ རིག་པ་མངོན་སུམ་ཞེས་སུ་བརྗོད༔ ཡིད་དཔྱོད་རྣམས་དང་བྲལ་བའོ༔ ཞེས་སོ༔ མངོན་སུམ་དུ་མཐོང་བའི་ཡོན་ཏན་ནི༔ འདས་རྗེས་ལས༔ མངོན་སུམ་གནད་འདི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་པ་མངོན་སུམ་མཐོང་བ་ནི༔ བདེན་པ་མཐོང་བའི་གནད་ཀྱིས་སུ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔ མངོན་སུམ་གྱི་གནད་མ་མཐོང་བའི་སྐྱོན་ནི༔ སྔ་མ་ལས༔ མངོན་སུམ་རིག་པ་མ་མཐོང་ན༔ ཡིད་དཔྱོད་མུན་པས་མཐའ་འཁོར་ནས༔ འཁོར་བ་ཉིད་དུ་རྣམ་པར་རྒྱུ༔ ཞེས་སོ༔ དེ་ནས་ཉམས་གོང་འཕེལ་གྱི་སྣང་བ་རྣམས་རིམ་པར་ཤེས་དགོས་ཏེ༔ ཀློང་གསལ་ལས༔ གོང་དུ་(༡༩༤)འཕེལ་བའི་སྣང་བ་ཡིས༔ ཉམས་ཀྱི་འཕེལ་བ་ཤན་དབྱེ་བ༔ ཞེས་སོ༔ ཉམས་སྣང་གོང་འཕེལ་དངོས་ནི༔ ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནི༔ ཡེ་ཤེས་ཁ་དོག་ཕྱིར་ཕྱུང་ནས༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང༔ རགས་པར་སྣང་བའི་ཡུལ་ལ་གསལ༔ ཅེས་པ་དང༔ ཀློང་གསལ་ལས༔ ཉམས་སྣང་གོང་དུ་འཕེལ་བ་ནི༔ འོད་ནི་སྣ་ཚོགས་འགྱུར་འཕེལ་དང༔ ཐིག་ལེ་འཕེལ་ཞིང་རིག་བརྟན་ཚད༔ ས་བོན་འབྲས་བུའི་བར་བཞིན་འབྱུང༔ ཞེས་སོ༔ ཉམས་ཀྱི་འཕེལ་རྫོགས་པའི་ཡོན་ཏན་ནི༔ སྔ་མ་ལས༔ སྐུར་ཤར་ཉམས་ཀྱི་འཕེལ་རྫོགས་ནས༔ བར་དོའི་སྣང་འགྱུར་འདིར་ཆོད་པས༔ ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས༔ ཞེས་སོ༔ ཉམས་སྣང་མ་འཕེལ་བའི་སྐྱོན་ནི༔ སྔ་མ་ལས༔ ཉམས་སྣང་གོང་དུ་མ་འཕེལ་ན༔ བར་དོ་ལས་ནི་གྲོལ་མི་ནུས༔ ཞེས་སོ༔ དེ་ནས་རིག་པ་ཚད་ལ་དབབ་དགོས་ཏེ༔ ཡང་སྔ་མ་ལས༔ རིག་པ་ཚད་ལ་མ་ཕེབས་ན༔ རྣལ་འབྱོར་གྲོལ་ཚད་རྙེད་མི་འགྱུར༔ ཞེས་སོ༔ ཚད་ལ་ཕེབས་པ་དངོས་ནི༔ ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྐུའི་མཚན་དཔེར་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང༔ དེ་ནས་ལྔ་ལྔ་ཟུང་དུ་བཅས༔ རབ་ཏུ་གསལ་བའི་ཐིག་ལེས་འབྲེལ༔ ཡབ་ཡུམ་སྐུ་ཡི་སྣང་བ་ཅན༔ འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ༔ ཞེས་སོ༔ རིག་པ་ཚད་ལ་ཕེབས་པའི་ཡོན་ཏན་ནི༔ རྒྱུད་ལས༔ རིག་པ་ཚད་ལ་ཕེབས་པ་ཡིས༔ ལོངས་སྤྱོད་སྐུ་ཉིད་མངོན་དུ་འགྱུར༔ ཞེས་སོ༔ ཚད་ལ་མ་ཕེབས་པའི་སྐྱོན་ནི༔ སྔ་མ་ལས༔ དེ་ལྟར་ཚད་ལ་མ་ཕེབས་ན༔ ཕུང་པོའི་སྣང་འཛིན་དག་མི་འགྱུར༔ ཅེས་སོ༔

དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོང་ནས་ནི༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས༔ བརྗོད་གཞིའི་ཚིག་དང་བྲལ་བའོ༔ ཞེས་སོ༔ ཆོས་ཉིད་ཟད་པའི་ཡོན་ཏན་ནི༔ ཡང་སྔ་མ་(༡༩༥)ལས༔ དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས༔ ཟག་བཅས་ཕུང་པོ་མི་སྣང་བར༔ འདི་ལ་མངོན་པར་སངས་རྒྱའོ༔ ཞེས་སོ༔ ཆོས་ཉིད་མ་ཟད་པའི་སྐྱོན་ནི༔ རྒྱུད་ལས༔ ཆོས་ཉིད་ཟད་པར་མ་གྱུར་ན༔ ལྷག་མེད་ཉིད་དུ་འགྱུར་བ་མིན༔ ཞེས་སོ༔ ད་མཐའ་རྟེན་གྱི་མན་ངག་དགོས་ཏེ༔ ཀློང་གསལ་ལས༔ མཐའ་རྟེན་མན་ངག་རྣམ་པ་བཞི༔ གོང་མའི་རྒྱབ་ཏུ་མེད་ཐབས་མེད༔ ཅེས་སོ༔ མཐའ་རྟེན་དངོས་ནི༔ མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི༔ ཐལ་འགྱུར་ལས༔ དེ་ལ་མཐའ་རྟེན་ཡིད་ཆེས་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ ཞེས་སོ༔ སྡོད་པ་གསུམ་ནི་སྔ་མ་ལས༔ སྡོད་པ་གསུམ་གྱི་ཚད་བཟུང་བ༔ རྨི་ལམ་ལྡོག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་བའོ༔ ཞེས་སོ༔ ཐོབ་པ་གསུམ་ནི༔ སྔ་མ་ལས༔ ཐོབ་པ་གསུམ་གྱི་གཟེར་བཏབ་པས༔ ཟག་བཅས་ཕུང་པོ་མི་སྣང་བའོ༔ ཞེས་སོ༔ གདེང་བཞི་ནི༔ མུ་ཏིག་ཕྲེང་བ་ལས༔ ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད༔ ཅེས་པ་དང༔ རིན་ཆེན་སྤུངས་པ་ལས༔ མི་འགྱུར་ལྟ་བའི་གདེང་ཆེན་བཞི༔ མ་རྟོགས་ཡེ་ཤེས་ཚད་ཀྱང་བཟུང༔ ཞེས་སོ༔ མཐའ་རྟེན་གྱི་ཡོན་ཏན་ནི༔ རྒྱུད་ལས༔ མཐའ་རྟེན་དག་གི་མན་ངག་གིས༔ གོང་མའི་ཡོན་ཏན་མཐའ་རུ་ཕྱིན༔ ཅེས་སོ༔ མཐའ་རྟེན་མེད་པའི་སྐྱོན་ནི༔ སྔ་མ་ལས༔ མཐའ་རྟེན་གནད་ཀྱི་རྒྱབ་མེད་ན༔ རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན༔ ཅེས་སོ༔ སྨོན་ལམ་གྱིས་མཇུག་བསྡུ་བ་ནི༔ ཀློང་གསལ་ལས༔ ཡིད་བཞིན་ནོར་བུའི་གསང་རྒྱུད་འདི༔ ལས་ཅན་ཅིག་དང་མ་འོངས་འཕྲད༔ ཅེས་སོ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཨོ་རྒྱན་པདྨ་བདག་འདྲ་ངས༔ མཐར་ཐུག་རྫོགས་ཆེན་དོན་བསྡུས་ནས༔ མན་ངག་གནད་ཀྱི་སྙིང་པོར་བཀོད༔ ཟབ་འདྲིལ་ཉུང་འདུས་གོ་བར་སླ༔ མང་འབྲེལ་ཉུང་འདུས་ཆོས་ཕུགས་ཆེ༔ འདི་འདྲའི་གདམས་པ་ཡང་ཟབ་ལ༔ གཟུ་ལུམས་ཐེ་ཚོམ་བསལ་བའི་ཕྱིར༔ བཀའ་ལུང་རྒྱུད་དོན་ཀུན་བསྡུས་ནས༔ ཁྲིད་རྒྱབ་ལུང་གི་ཕྲེང་བ་བཀོད༔ ཡེ་ཤེས་མཚོ་རྒྱལ་ཐུགས་རྟེན་མཛོད༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ཁྲིད་རྒྱབ་ལུང་གི་ཕྲེང་བ་རྒྱུད་དོན་བསྡུས་པ་(༡༩༦)ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གརྐགའྭཀྦ༔

ལག་ཁྲིད་གནད་ཀྱི་མན་ངག་པྲ་ཁྲིད་དུ་བསྟན་པ།

༄༅༔ ལག་ཁྲིད་གནད་ཀྱི་མན་ངག་པྲ་ཁྲིད་དུ་བསྟན་པ་བཞུགས་སོ༔

༄༅༔ ཏ།ཉདྱ།མཱཤ༔ སྐུ་གསུམ་འདུ་འབྲལ་མེད་ལ་ཕྱག་འཚལ་ལོ༔ གསང་ཆེན་གནད་ཀྱི་གལ་མདོ༔ མངོན་སུམ་གནད་ཀྱི་མན་ངག༔ གཅེར་མཐོང་རིག་པའི་ལྕགས་ཀྱུ༔ སྐུ་གསུམ་ལམ་ཁྲིད་ཀྱི་ལག་ལེན༔ པྲ་ཁྲིད་དུ་བསྟན་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོ་ནི་གཉིས་ལས༔ དང་པོ་སྔོན་འགྲོའི་སྔོན་འགྲོ་རྣམས་བརྒྱད་ལས༔ དང་པོ་ཆོས་འདི་སྟོན་དུ་རུང་བའི་སྣོད་ལེགས་པར་བརྟགས་ཏེ༔ རིགས་ཀྱི་བུ་དེ་གནས་མཚན་ཉིད་དང་ལྡན་པར་ཁྲིད་དེ༔ དུས་གནད་ཁྱད་པར་ཅན་ལ་གྲོགས་དམ་ཚིག་དང་ལྡན་པ་གཉིས་ནས་གསུམ་ཚུན་ཆད་ཀྱིས༔ དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ་སྟེ༔ བླ་མས་དྲང་དོན་གྱིས་དད་པ་བསྐྱེད༔ བརྒྱུད་པའི་ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་ལ༔ དབང་ཐམས་ཅད་རྫོགས་པར་བསྐུར༔ དེ་ནས་དངོས་གཞིའི་སྔོན་འགྲོ་ནས་བཟུང་སྟེ༔ དང་པོ་ལུས་འཁོར་འདས་རུ་ཤན་འབྱེད་པ་ལ་ཞག་གཉིས་སུ་བསླབ་སྟེ༔ ལུས་ཀྱི་སྔོན་འགྲོ་ལ་ཞག་གཅིག༔ ལུས་རྡོ་རྗེ་སྐྱིལ་ཀྲུང་ལ་ཞག་གཅིག་སྟེ་ཞག་གཉིས་སུ་བྱའོ༔ དེ་ནས་ངག་གི་སྔོན་འགྲོ་ལ་ཞག་བདུན་དུ་བྱའོ༔ དེ་ནས་སེམས་ཀྱི་སྔོན་འགྲོ་ལ་ཞག་གཅིག༔ གནས་ས་ལ་ཞག་གཅིག༔ སེམས་ཀྱི་འགྲོ་ས་ལ་ཞག་གཅིག་སྟེ་སེམས་ཀྱི་སྔོན་འགྲོ་ལ་ཞག་བཞིར་བྱའོ༔ དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ལ་ཞག་བཅུ་གསུམ་དུ་བྱའོ༔ དེ་ནས་ནང་གི་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ལ་ཕྱི་ནང་གཉིས་ལས༔ དང་པོ་ཕྱིའི་ནི་ལུས་ལ་ཞག་གཅིག༔ ངག་ལ་ཞག་གཅིག༔ ཡིད་ལ་ཞག་གཅིག་སྟེ་གསུམ་དུ་བྱའོ༔ དེ་(༡༩༧)ནས་ནང་གི་ནི་ལྟ་སྟངས་གསུམ་ལ་ཞག་རེ་རེ་བྱའོ༔ དེ་ནས་རྟོག་པ་རྩད་བཅད་པ་ལ་སོགས་པ་ལ་ཞག་གསུམ་དུ་བྱ་སྟེ༔ རྣལ་དུ་དབབ་པ་ལ་ཞག་དགུར་བྱའོ༔ དེ་ནས་དངོས་གཞི་ལ་དང་པོ་ལུས་༼ཁྲིད་མ་ཚར་བར་དུ་བྱ་དགོས་སོ་༽ངག་ཡིད་གསུམ་གྱི་བྱ་བ་བཏང་བ་ལ་ཞག་གསུམ་དུ་བྱའོ༔ དེ་ནས་བཞུགས་སྟངས་གསུམ་ལ་ཞག་རེ་རེ་ཞག་གསུམ་དུ་བྱའོ༔ དེ་ནས་གཟིགས་སྟངས་གསུམ་དང༔ སྒོའི་གནད་ལ་སོགས་པ་གནད་རྣམ་པ་གསུམ་མམ་བཞི་ནི་བཞུགས་སྟངས་དང་བསྟུན་པའོ༔ དེ་ལྟར་དངོས་གཞི་ལ་ཞག་དྲུག་གིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་དངོས་སུ་གསལ་བར་འགྱུར་རོ༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་དེ་ལས་མི་འབྲལ་བར་བྱ་སྟེ༔ སྣང་བ་བཞི་མ་རྫོགས་ཀྱི་བར་དུ་མཐའ་རྟེན་གྱིས་རྒྱབ་བྱས་ཏེ་ཉམས་སུ་བླང་ངོ་༔ དེ་ལྟར་ཉམས་སུ་བླངས་པས་དབང་པོ་རབ་ནི་ལོ་གསུམ་དང་ཟླ་བ་གཅིག་ནས་གྲོལ་བ་ཡིན་ནོ༔ འབྲིང་པོ་ལོ་བཞི་དང་ཟླ་བ་ལྔ་ན་གྲོལ་བ་ཡིན་ནོ༔ ཐ་མ་ཡང་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་གྲོལ་བར་ངེས་པ་ཡིན་ནོ༔ ཁྲིད་དུ་བྱེད་པའི་དུས་སུ་ཡང༔ ལས་དང་ལྡན་པ་བདུན་ལས་མང་དུ་མི་རུང་ངོ་༔ ཌཱཀྐིའི་བཀའ་ཆད་འབྱུང་ངོ་༔ དབང་ལེགས་པར་ཚར་ནས༔ ཁྲིད་དུ་བྱེད་པའི་དུས་སུ་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ དེ་ནས་དངོས་གཞི་ལ་ཚོགས་གཏོར་རྒྱ་ཆེན་པོ་བྱའོ༔ དེ་ནས་དངོས་གཞིའི་དོན་ངོ་འཕྲོད་ནས༔ གཏང་རག་གི་གཏོར་ཚོགས་རྒྱ་ཆེན་པོ་བྱའོ༔ ཆོས་ཐུན་གྱི་དུས་སུ་ཌཱཀྐི་དང་གཏེར་བདག་ལ་ཟུར་གཏོར་དབུལ་ལོ༔ ཉམས་སུ་བླངས་པའི་ཞལ་ཁྲིད་པྲ་ཁྲིད་དུ་བསྟན་པ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་སོ༔ དགེའོ༔

མཁའ་འགྲོ་སྙིང་ཏིག་གི་རྟགས་ཡིག་ཚད་ཡིག

༄༅༔ མཁའ་འགྲོ་སྙིང་ཏིག་གི་རྟགས་ཡིག་ཚད་ཡིག་བཞུགས་སོ༔

༄༅༔ གམཱརྒགཏྱཊ།༔ མི་འགྱུར་དོན་གྱི་སྙིང་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིང་ཏིག་བཀའ་ལ་ངེས་པར་རྒྱ་ཆེ་ལས༔ ཉམས་ལེན་རྟགས་ཀྱི་རིམ་པ་དཔག་མེད་ཀྱང༔ ཅུང་ཟད་མདོར་བསྡུས་ཁྲིད་ཀྱི་རྟགས་ཡིག་བྲི༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

དང་པོ་ལུས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབས་པས༔ ཕྱེད་པའི་རྟགས་སུ་འདི་ལྟར་འབྱུང་སྟེ༔ ལུས་མེད་སྙམ་པ་དང༔ ལུས་ལ་ཆགས་ཞེན་མེད་པ་དང༔ ཚ་གྲང་མེད་པ་དང༔ ན་ཚ་མེད་པ་དང༔ བཀྲེས་སྐོམ་མེད་པ་དང༔ དེ་ལྟ་བུའི་ཉམས་སྐྱེ་འདུག་ན༔ ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་(༡༩༨)བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས༔ ཆེད་དུ་མ་བཟུང་བར་རང་རྡོལ་དུ་ཡོང་བ་ཡིན་ནོ༔ དེ་ལྟར་བྱུང་ན་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སེམས་གསལ་བ་དང་ཡང་བ་དང༔ འཁྲུལ་པ་མེད་པ་དང༔ བྲོད་པ་སྐྱེ་བ་དང༔ ཉམས་འབར་ཞིང་དགའ་བ་དང༔ བདེ་བ་ལ་སོགས་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྒྱས་ཐེབས་པའི་རྟགས་ནི༔ སྣང་བ་ཐམས་ཅད་བན་མ་བུན་དུ་འགྲོ་བ་བྱུང་ན་རྒྱས་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྒྱས་བཏབ་པས༔ ཐེབས་པའི་རྟགས༔ ལུས་ཀྱི་ནང་མི་བདེ་བ་སྙམ་བྱེད་ཅིང་ནང་ན་ཧཱུྃ་དུ་མེ་རེ་རོང་ངེ་ཡོད་སྙམ་པ་བྱུང་ན༔ ནང་ཕུང་པོ་ལ་རྒྱས་ཐེབས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ཕྱི་སྣང་བ་ཐམས་ཅད་སེང་སེང་བ་དང༔ ཁྲོལ་ཁྲོལ་བ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ལུས་ཀྱི་ཤ་ཀོལ་ཚེར་འཕར་བ་དང༔ ཁྲལ་ཁྲོལ་དུ་འོང་བ་དག་འབྱུང་ངོ་༔ དེ་ལྟར་བྱུང་ན་ཕུང་པོ་རྩལ་འབྱོངས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་གཉེན་བཙལ་འབྱོངས་པའི་རྟགས་ནི༔ ལུས་སྒྱིད་ལུག་ནས་ཉལ་མ་ཉུལ་དུ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་ཡིན༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལམ་དུ་འཇུག་པ་འབྱོངས་པའི་རྟགས་སུ༔ ཤེས་པ་བདེ་ལྷན་པ་དང་འབོལ་ཤིག་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་རྡོ་རྗེའི་སྐྱིལ་ཀྲུང་འབྱོངས་པའི་རྟགས་སུ་ལུས་ཀྱི་ཤ་རྣམས་ན་བ་དང༔ ཤག་ཤིག་ཏུ་སོང་བ་སྙམ་བྱེད་པ་འབྱུང༔ (༡༩༩)དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་བྱུང་ས་ལ་བརྟགས་པས༔ འབྱོངས་པའི་རྟགས་ནི༔ སེམས་བྱུང་ས་མེད་པར་ཤེས་འདུག་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་གནས་ས་ལ་བརྟགས་པས༔ འབྱོངས་པའི་རྟགས་ནི་སེམས་འདི་གང་དུ་ཡང་གནས་ས་མེད་པར༔ ཤེས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་འགྲོ་ས་ལ་བརྟགས་པས་འབྱོངས་པའི་རྟགས་ནི༔ སེམས་འདི་འགྲོ་ས་བྲལ་བར་ཤེས་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་གི་འཁོར་འདས་རུ་ཤན་དབྱེ་བས་ཕྱེད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་ལ་ཐ་མལ་གྱི་ཤེས་པ་འགགས་ན༔ རུ་ཤན་ཕྱེད་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པའི་རྟགས་ནི་ལུས་རྣལ་དུ་ཕེབས་ལ་མི་འགུལ་བར་སྡོད་པ་དང༔ ངག་རྣལ་དུ་ཕེབས་པ་སྨྲ་སྙིང་མི་འདོད་པ་དང༔ ཡིད་རྣལ་དུ་ཕེབས་པ་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པའོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔

དེ་ནས་ལུས་ངག་ཡིད་གསུམ་སོར་ཆུད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་བྱ་བ་ཐེངས་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བས་འབྱོངས་པའི་རྟགས་ནི༔ ལུས་ཀྱི་བཞུགས་སྟངས་ལ་མི་བདེ་བ་མེད་པར་འབྱོངས་པ་དང༔ ངག་ལྐུགས་པ་ལྟར་འགྲོ་བ་དང༔ སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔

དེ་ནས་གནད་རྣམ་པ་བཞི་འབྱོངས་པའི་རྟགས་ནི༔ དང་པོ་སྒོའི་གནད་འབྱོངས་པའི་རྟགས་སུ༔ དམིགས་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པའོ༔ ཡུལ་གྱི་གནད་འབྱོངས་པའི་རྟགས་སུ༔ ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་བའོ༔ (༢༠༠)རླུང་གི་གནད་འབྱོངས་པའི་རྟགས་སུ༔ དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ༔ རིག་པའི་གནད་འབྱོངས་པའི་རྟགས་སུ༔ ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ཡན་ཆད་སྣང་བ་བཞིའི་རྟགས་ནི་ཁྲིད་ཀྱི་ཏི་ཀ་ན་གསལ་ལོ༔ ཉམས་སུ་ལེན་པའི་རྟགས་ཡིག་ཟུར་ཙམ་བཀོད་པའོ༔ རྫོགས་སོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༄༅༔ ཤནབཐ།༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ སྙིང་ཏིག་གསང་བ་བླ་མེད་ལས༔ ཉམས་སུ་ལེན་པའི་གང་ཟག་གིས༔ ཚད་ཀྱི་ཡི་གེ་ཅུང་ཟད་བྲི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ལ་དང་པོ་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཚད་ནི༔ རྟགས་ཡིག་ལྟར་རྟགས་རྣམས་རྫོགས་ནས་ཚེའི་བར་ཆད་ཀྱང་ཕྱི་མར་འདི་དང་འཕྲད་ནས༔ སངས་རྒྱ་བ་ལ་ཚེགས་མེད་དེ༔ ལུས་ངག་ཡིད་གསུམ་གནད་དུ་ཆུན་པའི་རྟགས་ནི༔ རྟགས་ཡིག་ལྟར་རྟགས་རྫོགས་ནས་ཚེའི་བར་ཆད་ཀྱང༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་བྱུང་ནས༔ ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ༔ ཉམས་གོང་འཕེལ་གྱི་ཚད་ནི༔ དེའི་རྟགས་རྫོགས་ནས་བར་དོ་དང་པོ་ལ་སངས་རྒྱ་བ་ཡིན་ནོ༔ དེ་ནས་རིག་པ་ཚད་ཕེབས་ཀྱི་ཚད་ནི༔ དེའི་རྟགས་རྫོགས་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ༔ དེ་ནས་ཆོས་ཉིད་ཟད་པའི་ཚད་ནི༔ དེའི་རྟགས་རྫོགས་ནས་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བ་ཡིན་ནོ༔ སྤྱིའི་ཚད་གདེང་བཞིའི་རྣལ་འབྱོར་རོ༔ འདི་ནས་ཕྱིའི་རྟགས་རྣམས་བཤད་དེ༔ འོད་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་འོད་འབྱུང༔ ཐིག་ལེ་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་སྐུ་གདུང་རིང་སྲེལ་འབྱུང༔ རླུང་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་སྒྲ་འབྱུང༔ དབྱིངས་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་ས་གཡོ་བ་འབྱུང༔ ཞིང་ཁམས་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་འཇའ་ཚོན་འབྱུང་ངོ་༔ སྐུ་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་སྐུ་འབྱུང་བ་ཡིན་ནོ༔ དེ་རྣམས་ཕྱིའི་རྟགས་(༢༠༡)སོ༔ ཚད་ཀྱི་ཡི་གེ་བཀོད་པ་འདི་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ དགེའོ༔

སྙིང་ཐིག་ཆེན་མོའི་རྒྱབ་ཆོས་ཀྱི་རྩ་བ།

༄༅༔ སྙིང་ཐིག་ཆེན་མོའི་རྒྱབ་ཆོས་ཀྱི་རྩ་བ་བདོག་གོ༔

༄༅༔ རྒྱ་གར་སྐད་དུ༔ ཌཱཀྐི་ནི་ཙིཏྟ་མ་ཀྲི༔ བོད་སྐད་དུ༔ མཁའ་འགྲོ་སྙིང་ཐིག་ཅེས་བྱ་བ༔ ཀུན་ཏུ་བཟང་མོ་བྱ་བྲལ་ངང་ལ་ཕྱག་འཚལ་ལོ༔ ཡེ་ཤེས་བརྡལ་ཁྱབ་ཆོས་ཀྱི་ཕོ་བྲང་དུ༔ ཅིར་ཡང་མ་གྲུབ་ཆོས་དབྱིངས་གསལ་བའི་ཡུམ༔ ཀུན་ཏུ་བཟང་མོ་རིགས་ལྔའི་མཁའ་འགྲོ་དང༔ ཌཱཀྐི་གྲངས་ལས་འདས་པའི་འཁོར་ཚོགས་ལ༔ ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་བཤད་དེ༔ བརྒྱུད་ནས་ཤྲཱི་སིང་ཧ་ཡིས༔ འདི་རྒྱུད་བཅུ་བདུན་རྫོགས་པར་བདག་ལ་གཏད༔ ཨོ་རྒྱན་བདག་གིས་གཡའ་རི་གོང་གི་བྲག་ཕུག་ཏུ༔ རྒྱུད་རྣམས་ཀུན་གྱི་ཁོང་སྙིང་གནད་བསྡུས་ནས༔ མཁའ་འགྲོ་སྙིང་ཐིག་གསང་བའི་དུམ་བུར་བཀོད༔ ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བར་བདེ༔ ཁྱད་འཕགས་ཀུན་དང་མཐུན་པའི་ཉམས་ལེན་འདི༔ མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ཟབ་རྒྱ༔ བཀའ་རྒྱ༔ ཌཱཀྐིའི་རྒྱ༔

རང་གསལ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ དོན་མཆོག་མན་ངག་བཅུད་འདི་ལ༔ དབུ་ནས་ཞབས་སུ་དོན་བཅུས་གཏན་ལ་དབབ་སྟེ༔ དེ་ལ་དང་པོ་འཁོར་འདས་གཉིས་སུ་མ་གྲུབ་པའི་གོང་ནས་གཤིས་ཀྱི་གནས་ལུགས་འདུག་ཚུལ་དང་གཅིག༔ དེ་ཉིད་འཁྲུལ་པས་གྲུབ་ཚུལ་དང་གཉིས༔ དེ་ཉིད་ལས་སངས་རྒྱས་གྲུབ་ཚུལ་དང་གསུམ༔ གནས་པའི་གནས་གང་ན་གནས་པ་དང་བཞི༔ ལམ་གང་ནས་འགྱུ་བ་དང་ལྔ༔ སྒོ་གང་ལ་སྣང་ཞིང་ཡུལ་གང་ལ་གསལ་བ་དང་དྲུག༔ དེ་ཉིད་ཉམས་སུ་བླངས་པ་དང་བདུན༔ དེའི་ཉམས་ཇི་ལྟར་འཕེལ་བ་དང་བརྒྱད༔ འབྲས་བུ་ཇི་ལྟར་ཐོབ་པའི་ཚུལ་དང་དགུ༔ རྐྱེན་གྱིས་བར་ཆད་ཀྱང་འདི་དང་འཕྲད་པས་ཆོག་པ་དང་བཅུའོ༔ དང་པོ་ནི་གང་དུ་ཡང་མ་གྲུབ་པའི་ཐོག་མར་གཞི་གཤིས་ཀྱི་གནས་ལུགས་ནི༔ ཀློང་གསལ་ལས༔ མ་གྲུབ་ཐོག་མའི་གོང་དག་ནས༔ ཀུན་ཁྱབ་ཡེ་ཤེས་གནས་པ་ལ༔ འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ༔ ལམ་དང་འཆར་སྒོ་ཡུལ་ལ་གསལ༔ (༢༠༢)ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས༔ རྐྱེན་གྱི་བར་ཆད་ཅི་ལྟ་བུ༔ ཞེས་ཤྲཱི་སེངྷའི་གསུང་གིས༔ ཐོག་མ་མ་གྲུབ་ཡེ་ཤེས་འཁྲུལ༔ འཁྲུལ་པ་ཡེ་ཤེས་ལོགས་ན་མེད༔ གསུངས༔ དེ་ལ་དང་པོ་འཁོར་འདས་གཉིས་ཀ་གདོད་མ་ནས་ཡེ་ཤེས་རང་གསལ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་ཏེ༔ ཀློང་གསལ་ལས༔ ཐོག་མཐའ་ཀ་དག་གསལ་སྟོང་ཁྱབ༔ ཅེས་པ་དང༔ སྒྲོན་མ་འབར་བ་ལས་ཀྱང༔ ཐོག་མའི་ཀ་དག་ཆེན་པོ་ལ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བར༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ ཀྱེ་མ་རང་བྱུང་གི་ཡེ་ཤེས་འཁྲུལ་པ་ཀ་ནས་དག་པས༔ ཡིན་མིན་གྱི་མཐའ་ལས་འདས་པ་ཉིད་དོ༔ ཞེས་པ་དང༔ ང་ལ་སྟོང་པ་མ་སྤངས་རྫོགས༔ ཞེས་སོ༔ དང་པོ་ནས་ཡེ་ཤེས་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ཏེ༔ དེ་ཡང་འདི་ལྟ་སྟེ༔ རྒྱ་མ་ཆད་པའི་ཡེ་ཤེས༔ ལྷུན་གྱིས་གྲུབ་པའི་སངས་རྒྱས༔ སྤྲོས་པ་དང་བྲལ་བའི་ཆོས་ཉིད༔ མཐའ་དང་བྲལ་བའི་རིག་པ༔ དག་པ་ཆེན་པོའི་སྣང་བ༔ ཕྱོགས་ལྷུང་མེད་པའི་ལྟ་བ༔ ཡང་བ་གསལ་བ༔ མི་འགྱུར་བ༔ ཡེ་ཤེས་མི་འགག་པ༔ མི་འཁྲུལ་པའི་ཆོས་ཉིད༔ ཕྱི་རྒྱ་མ་རལ་བ༔ ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པ༔ སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ༔ ཞེས་རང་ཤར་ལས་བཤད་དོ༔

དེ་ལྟར་གཞི་དེ་ལ་འཁོར་འདས་གང་ཡང་གྲུབ་མ་གྲུབ་འཁྲུལ་མ་འཁྲུལ་གྱི་ཐ་སྙད་དང་བྲལ་ཞིང་ཡེ་ཤེས་གསུམ་དུ་ཕྲི་བསྣན་མེད་པར་གནས་ཏེ༔ གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ཞེས་པ་དང༔ ཡེ་ཤེས་རྣམ་དག་ངོ་བོ་ལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན༔ ཅེས་པ་དང༔ ཉི་ཟླ་ཁ་སྦྱོར་ལས༔ གཞིར་གནས་ཀྱི་ཡེ་ཤེས་གསུམ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས་དང༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང༔ ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ༔ ཞེས་སོ༔ ཐལ་འགྱུར་ལས༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མེད་པ༔ གཅིག་དང་གཉིས་ཞེས་གྲངས་མེད་དོ༔ གང་དུ་མ་ཕྱེད་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས༔ མི་(༢༠༣)སྐྱེ་མི་འགགས་ཅིར་མི་དགོངས༔ ཡུལ་དག་ངེས་པ་མེད་ཕྱིར་རོ༔ རྩལ་དང་ཡོན་ཏན་འགགས་མེད་པས༔ རོལ་པ་ཙམ་དུ་སྣང་བ་ལས༔ སྣ་ཚོགས་རྫོགས་པའི་གཞི་མའོ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས༔ མི་ཟད་སྣ་ཚོགས་འཆར་བའི་སྒོ༔ འཛད་པ་ལྟར་སྣང་ངོ་བོར་རྫོགས༔ ཆོས་སྐུ་སྟོང་པའི་རང་བཞིན་ལས༔ ཡེ་ཤེས་མཁྱེན་པ་རྫོགས་པ་ཆེ༔ ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔ འདི་མེད་འཁོར་འདས་ལྟེ་ཆད་པས༔ མཁྱེན་པས་རིག་ཅིང་གསལ་བའོ༔ ཞེས་པ་དང༔ ཀློང་དྲུག་ལས༔ ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས༔ གཞི་ཡི་ཁྱད་པར་ཚིག་ཏུ་བསྟན༔ ངོ་བོ་ཀ་དག་ཡེ་ཤེས་ཀྱིས༔ མ་རིག་པ་ཡི་དྲི་མ་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས༔ འཁྲུལ་པའི་ཚིག་གི་གནོད་པ་བྲལ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས༔ ཐམས་ཅད་དབྱིངས་དང་འབྲེལ་བར་སྣང༔ ཞེས་སོ༔ དེ་ལས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་ཏེ༔ ཐལ་འགྱུར་ལས༔ ཡེ་ཤེས་རང་སྣང་ངོ་བོ་ལ༔ གསུམ་གྱི་ཚུལ་དུ་དབྱེར་མེད་པའོ༔ ཞེས་སོ༔ ཡེ་ནས་སྟོང་གསལ་ཡིན་ཏེ༔ སྟོང་གསལ་ཡིན་ཞིང་འགྱུར་བ་མེད༔ དེ་ཡང་རྟག་ཆད་ཡོད་མེད་ཡིན་མིན་གསལ་འགྲིབ་གང་དུ་ཡང་མ་ལྷུང་སྟེ༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ རང་གྲོལ་ལས༔ མཐའ་བཞི་དྲི་མ་རང་སངས་ཉིད༔ ཅེས་སོ༔ དེས་ན་འཁོར་འདས་གཉིས་སུ་མ་ཕྱེ་བའི་གོང་རོལ་ནས་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ཏེ༔ སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་པའོ༔ དེས་གཞིའི་འདུག་ཚུལ་བསྟན་ནས༔ དེ་ལྟར་གཞི་འཁྲུལ་མ་འཁྲུལ་ལས་འདས་པ་དེ་ལས་འཁོར་འདས་གཉིས་སུ་འཁྲུལ་པ་ནི་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱིས་དགེ་བ་སྤུ་ཙམ་ཡང་མ་བྱས་པར་སངས་རྒྱས༔ སེམས་ཅན་གྱིས་སྡིག་པ་སྤུ་ཙམ་ཡང་མ་བྱས་པར་འཁོར་བར་འཁྱམས་པ་ནི༔ གོང་དུ་བསྟན་པའི་གཞིའི་གནས་ལུགས་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་རང་སྣང་དུ་མ་ཤེས་པས་འཁྲུལ་ལོ༔ དེ་ཡང་ཀློང་གསལ་ལས༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ ཅེས་སོ༔ ཡང་དེ་ཉིད་ལས༔ ཡེ་ཤེས་ཁ་དོག་འབྱུང་བ་ལྔ༔ གདོད་ནས་ཡེ་ཤེས་ཙམ་ཉིད་དུ༔ (༢༠༤)བྲལ་བ་མེད་དེ་མ་རིག་འཁྲུལ༔ དེས་ན་ངོ་བོ་རང་བཞིན་ཐུགས་རྗེས་གསུམ་ལ་གཉིས་མེད་ཟང་ཐལ་དུ་མ་ཤེས་ཤིང༔ ལག་པའི་རྒྱབ་མདུན་ཙམ་དུ་རིག་མ་རིག་རྒྱུ་གཅིག་པ་ལ་ཡེ་ཤེས་རང་སྣང་དུ་མ་ཤེས་པས་རིག་པ་མ་རིག་པར་འཁྲུལ༔ མ་འཁྲུལ་པ་ལས་འཁྲུལ་པ་བྱུང༔ འདི་ནི་ཀ་དག་ཡིན་ནོ༔ ཞེས་པ་ནི་བྱུང་དུས་ན་འཁྲུལ་མ་འཁྲུལ་དབྱེར་མེད་དོ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དངོས་སུ་ཡོད་ཀྱང་མ་རིག་པས་རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང༔ ཡུལ་སྣང་ཆོས་ཉིད་དུ་མ་ཤེས་པས་འཁྲུལ་ཏོ༔ ཐལ་འགྱུར་ལས༔ རྒྱུ་གཅིག་བྱེད་མེད་རྩ་བ་དེ༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ནི་འཁོར་བའི་ཐོག་མའོ༔ ཞེས་སོ༔ གཞི་ལ་རིག་པའི་གསལ་ཆ་འོད་ལྔར་གཡོས་པས༔ རིག་པའི་རྐྱེན་ལས་ཀྱི་རླུང་གིས་ཁ་དོག་འོད་ཁྱིམ་དུ་གསལ་ལོ༔ དེ་ཉིད་ཡེ་ཤེས་སུ་མ་ཤེས་པས་གཉིས་སྣང་གི་ཆ་ལ་ཤེས་པ་འཁྲུལ་པས་ཡུལ་དང་ཡུལ་ཅན་གཉིས་སུ་འཁྲུལ་པ་བྱུང༔ དཔེར་ན་དུང་ལ་སེར་པོར་བྱུང་བ་བཞིན་ནོ༔ ཡེ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་ལ་ཡུལ་གཉིས་གཉིས་སུ་འཛིན་པ་བྱུང་བས་འཁྲུལ་པ་དེ་ཅི་ལས་བྱུང་ན་མུ་ཏིག་ཕྲེང་བ་ལས༔ ཆ་མེད་རྡུལ་དང་བཅས་པའི་ཕྱིར༔ འོད་གསལ་ཉིད་ཀྱང་བག་ལ་ཆགས༔ ཞེས་སོ༔

གཉིས་སྣང་གི་འཛིན་པ་དེ་སེམས༔ དེ་ལས་མ་རིག་པའོ༔ དེ་ཡང་ཀློང་གསལ་ལས༔ ཡེ་ཤེས་གསལ་བའི་ཡུལ་དྲུག་ལ༔ གཉིས་འཛིན་སེམས་དེ་བྱུང་བའོ༔ ཞེས་སོ༔ དེ་ལ་ཅི་ལྟར་བྱུང་ན་ཡེ་ཤེས་རང་གསལ་མ་ཤེས་པའི་མ་རིག་པ་དེ་ལས་བྱུང་བས་ན་བྱུང་བའོ༔ དེ་ཡང་མུ་ཏིག་ཕྲེང་བ་ལས༔ སེམས་ལ་དྲན་བསམ་འཆར་བའི་ཕྱིར༔ ངོ་བོ་ཉིད་ནི་རྟོག་པས་སྦགས༔ ཞེས་སོ༔ སེམས་དེ་ལ་ཡིད་དྲུག་གི་འཛིན་པ་རང་གསལ་དུ་ཤར་བས་འབྱུང་བ་ལྔ་བྱུང༔ དེ་ཡེ་ཤེས་ལྔར་མ་ཤེས་པས་དེར་འཛིན་ལ་བརྟེན་ནས་འབྱུང་བ་ལྔ་གཅིག་ཏུ་འདུས༔ དེ་འདུས་པས་གཅིག་གྲོགས་གཅིག་གིས་བྱས་ནས་ལུས་གྲུབ༔ དེར་གཟུང་འཛིན་དུ་གྲུབ༔ དེ་ཡང་མུ་ཏིག་ཕྲེང་བ་ལས༔ ཡིད་དྲུག་འཛིན་ཆ་མ་འགགས་ཕྱིར༔ ཆོས་སྐུ་ཉིད་ཀྱང་འཛིན་པས་བཅིངས༔ ཞེས་སོ༔ ཀློང་གསལ་ལས༔ (༢༠༥)ཡེ་ཤེས་མ་རིག་ཡུལ་དུ་བཟུང༔ དེར་འཛིན་རླུང་སེམས་འདུས་པ་ལས༔ འབྱུང་བ་ལྔ་ཡི་དབུས་སུ་ཚུད༔ ཅེས་སོ༔ དེ་ལྟར་ཡེ་ཤེས་ཀྱི་རང་རྩལ་འབྱུང་བ་ལྔ་དང་དུག་ལྔར་ཤར༔ དུག་ལྔའི་སྣང་བ་ཕ་མ་སྦྱོར་བ་བྱེད་པ་ལ་ལུས་དེར་སྲེད་ལེན་བྱུང་སྟེ༔ མ་རིག་པ་མངལ་དུ་འཇུག་པ་ནི༔ ལྔ་འདུས་མཚན་མ་སྦྱོར་བ་ལས༔ ཉོན་མོངས་ལྔ་དང་ཡིད་དྲུག་དང༔ ཡེ་ཤེས་ལྔ་ཡི་བདག་ཉིད་དོ༔ ཞེས་སོ༔

དེ་ལྟར་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡེ་ཤེས་རང་རྩལ་ཆེན་པོ་ཆོས་ཀྱི་སྐུ་དེ་ངོ་མ་ཤེས་ཏེ༔ དེར་འཛིན་གྱི་དྲི་མས་འབྱུང་བ་འདུས༔ དེ་ལས་ལུས་གྲུབ་དེ་ལ་བརྟེན་ནས་རྒ་ཤིའི་བར་དུ་འཁོར་བར་འཁྱམས༔ འབྱུང་བ་ལྔ་སོ་སོ་ལ་ཐིམ་སྟེ་ཚེའི་དུས་བྱས༔ ཆོས་ཉིད་ཀྱི་བར་དོ་ཡེ་ཤེས་ངང་ལ་གནས་ཏེ་ངོ་མ་ཤེས༔ ཡེ་ཤེས་ཀྱི་སྣང་བ་ཡུལ་དུ་ཤར་བས་དེར་འཛིན་ཤེས་པ་དུག་ལྔ་དང་ཡུལ་དྲུག་གི་འཛིན་པས་ཕོ་མོ་སྦྱོར་བ་བྱེད་པ་ལ་དེར་འཛིན་པས་ཡེ་ཤེས་ཀྱི་རྩལ་༼མ་ཡིན་ཀྱང་༽རིག་པའི་དྲན་པ་༼ཆགས་པའི་སེམས་༽དེ་༼མིག་སེར་༽བདེ་བ་གཉིས་མཉམ་གྱི་དུས་སུ་ཕ་མའི་རྒྱུ་༼ཁུ་ཁྲག་༽རྐྱེན་མེད་པ་དང༔ དེར་འཛིན་༼བར་དོའི་ཤེས་པ་༽གཅིག་འདྲེས་ཏེ༔ ༼མའི་༽མངལ་༼རྒྱས་༽འཐུམས་ཏེ་ཐོགས་པ་དང་བཅས་པར་སོང༔ ལུས་ལེན་པའི་རླུང་སེམས་དང་ཕ་མའི་ཐིག་ལེ་ཁྲུག་གིས་འདྲེས་པས༔ རྒྱུ་རྐྱེན་༼ཕ་མའི་ཁུ་ཁྲག་༽དེ་དག་ཀུན་རྫོབ་འབྱུང་༼ས་ཆུ་མེ་རླུང་༽བཞིའི་བྱེད་ལས་སུ་སོང༔ རླུང་༼བར་དོའི་༽དང་སེམས་ནི་དོན་དམ་འབྱུང་བཞིའི་༼ས་ཆུ་མེ་རླུང་༽བྱེད་ལས་སུ་སོང༔ དེ་བདུན་ཚན་བརྒྱད་དུ་མེར་མེར༔ ནུར་ནུར༔ གོར་གོར༔ ལྟར་ལྟར༔ འཁྲང་འགྱུར༔ ཁྱབ་འཇུག༔ རུ་སྦལ༔ སྦལ་པ་༼ཞག་ལྔ་བཅུ་དྲུག་ཏུ་༽ལྟ་བུའོ༔ དེ་ལ་དང་པོ་འབྱུང་བཞིའི་སོ་སོའི་ལས་ལ་ཞག་བཞི༔ གཉིས་གཉིས་འདུས་པ་ཞག་གཉིས༔ འབྱུང་བ་བཞི་ཆར་འདུས་པའི་བྱེད་ལས་ལ་ཞག་གཅིག་སྟེ་བདུན་ནོ༔ དེ་ལ་ཞག་དང་པོ་མེར་མེར་པོ་ཆུའི་བྱེད་ལས༔ ཆུའི་བཞི་དུས་གཅིག་ཏུ་འདུས་པ་ལས་མེར་མེར་པོ་བཞིའི་ཉུང་འབྲུའི་བརྒྱ་ཆ་ཙམ༔ གཉིས་པ་སའི་བྱེད་ལས་ཀྱིས་གཅིག་ཏུ་བརྟན་ཉུང་འབྲུའི་བཅུ་ཆ་ཙམ༔ དེ་ནས་གསུམ་པ་མེའི་བྱེད་ལས་ཀྱིས་(༢༠༦)ཐིག་ལེ་མ་འདྲེས་པ་ཉུང་འབྲུའི་བཅུ་ཆ་ཙམ༔ བཞི་པ་རླུང་གི་བྱེད་ལས་ཀྱིས་ཐིག་ལེ་སྟོར༔ དངུལ་ཆུ་ལྟ་བུར་ཉུང་འབྲུ་ཕྱེད་དུ་བྱས༔ ལྔ་པ་ས་ཆུ་འདུས་ནས་བརྟན་པར་བྱས༔ དྲུག་པ་རླུང་གིས་སྨིན་ཅིང་གནས་པས་ཉུང་འབྲུ་གཉིས་སུ་གྱུར༔ བདུན་པ་བཞི་ཆར་འདུས་ནས་ཉུང་འབྲུ་གཉིས་ཀྱིས་ཐིག་ལེ་མེར་མེར་པོ་མིག་ཕྲ་བ་ཆགས༔ དེ་ནས་འབྱུང་བའི་བྱེད་ལས་འཁྲུགས་ཏེ༔ ཆུས་བཤིག་སས་མནན་མེས་སྡུད་ཅིང་བསྲེགས༔ རླུང་གིས་གཏོར་ཅིང་མེད་པར་བྱས༔ ཡང་ལས་ཀྱིས་བརྒྱད་པ་ལ་ཆུས་བསྡུས་ནུར་ནུར་པོ་སྲན་མ་བཅུ་ཆ་ཙམ་དུ་བྱས་ཤར་གྱི་རྩ་རི་བོང་གི་རྡུལ་སྟོང་གི་ཆ་བསྐྱེད༔ དགུ་པ་ལ་སས་སྲ་སྲན་མ་དགུ་ཆ་ཙམ་པ་ལྷོའི་རྩ་བསྐྱེད༔ དེ་ནས་བཅུ་པ་མེས་སྲན་མ་བདུན་ཆ་ནུབ་ཀྱི་རྩ་བསྐྱེད༔ བཅུ་གཅིག་ན་རླུང་གིས་བསྐྱོད་སྲན་མ་ལྔ་ཆས་བྱང་གི་རྩ་བསྐྱེད༔ དེ་ནས་གོང་ལྟར་གཉིས་གཉིས་ཀྱིས་སྲན་རྡོག་ཙམ་ནུར་ནུར་པོ་མིག་གཉིས་དང་རྩ་རེ་ཐག་ལྟར་ཆགས༔ ཡང་བཞི་ཆར་གྱི་ལས་འཁྲུགས་པས་བཤིག༔ ཟླ་བ་ཕྱེད་ན་སྲན་མ་གཉིས་ལས་མཐེ་བོང་ཙམ་བསྐྱེད༔ ཡང་བཤིག་རླུང་གིས་ཐམས་ཅད་ཕྱི་ཆུས་གཅིག་ཏུ་བསྡུས་སས་བཟུང་གོར་གོར་པོར་གྱུར་ཏེ་མེས་སྨིན་འཁོར་ལོ་བཞིའི་རྩ་དབང་པོའི་རྟེན་གྱི་རྩ་དང་དབང་པོའི་འདབ་མ་དྲུག་ཅུ་བཞི་རླུང་སེམས་ཀྱི་རྟེན་སྤྱན་གཉིས་གསལ༔ འདུས་པ་སུམ་ཅུ་རྩ་གཉིས་དང༔ མེས་འཕེལ་བས་རོ་འདུས་ཀྱི་རྩ་དྲུག་ཅུ་རྩ་གཉིས་བསྐྱེད༔ དེ་ལས་རྩེ་མོ་བཀོད་པ་རྩ་སུམ་བརྒྱ་དྲུག་ཅུ་སྤྱན་མིག་གཉིས་སྨིན༔ ཡང་རླུང་གིས་བསྐྱོད་རྒྱུ་སོ་སོར་ཕྱེ༔ ཆུས་བསྡུས་ཏེ་བཟུང་བས་འཁྲང་འགྱུར་སྲ་བ་གཅིག་ཏུ་གྱུར༔ མེས་སྨིན་པས་དབུས་སུ་རྩ་གསུམ་ཀ་བ་ལྟར་བསྐྱེད༔ ཡང་འབྱུང་བའི་ལས་ཀྱིས་འཁྲང་འགྱུར་ཞིག་ཉ་མིག་ལྟ་བུར་གྱུར༔ དེ་ལྟར་ཞག་བདུན་བདུན་དུ་ཆུས་བསྡུས་གཟུགས་སུ་གྲུབ༔ སས་བཟུང༔ མེས་སྨིན༔ དབང་པོའི་སྒོ་དོད༔ དབང་པོ་གསལ༔ ཆུས་བསྐྱེད༔ སས་སྲ་ཞིང་གྲུབ་སྟེ་རུ་སྦལ་ལྟ་བུ་མའི་འཁྱུད་གང་བར་གྱུར༔ མེས་ཡན་ལག་བསྐྱེད༔ རླུང་བསྐྱོད་པས་ཨ་བ་དྷཱུ་ཏིར་ཚུད༔ དེ་དུས་ལུས་ཀྱི་རྟེན་འབྲེལ་འབྱུང་བ་སྙོམས༔ ཡེ་ཤེས་བསྐྱེད་པའོ༔ ཡང་(༢༠༧)ཆུས་སྨིན་པའི་རྒྱུ་བྱས༔ སས་འཐེན་པས་ཤ་ཁྲག་གྲུབ་ནས་སྦལ་པ་ལྟར་མཐོ་གང་དུ་བསྐྱེད༔ མེས་ཤེས་པ་དང་མིག་གསལ་བར་བྱས་ཡན་ལག་བསྐྱེད༔ རླུང་གིས་ཡན་ལག་དང་དོན་སྙིང་རྣམ་ཤེས་ཕུང་པོ་ཁམས་སྐྱེ་མཆེད་གསལ་བ་དང་མི་གསལ་བ་བྱས་འབྱུང་བ་དག་མ་དག་གི་ཤེས་པ་དང་དབང་པོ་གཟུགས་ཡན་ལག་ལ་སོགས་པའི་ལེགས་ཉེས་ཐམས་ཅད་འབྱུང་བ་དག་མ་དག་གི་ཁྱད་པར་རོ༔ རྒྱུ་ནི་མས་འབྱུང་བ་ལ་ཕན་གནོད་གང་བྱས་ལས་འབྱུང༔ དག་མ་དག་གྲོགས་སུ་སོང་མ་སོང་ལས་འབྱུང་ངོ་༔ དེ་ལྟར་ལུས་ཆགས་ནས་ཞག་བདུན་ཚན་བརྒྱད་དུ་སྐྱེད་ཅིང་ཆགས་སོ༔ དེ་ནས་མས་ཟོས་འཐུང་གི་དྭངས་མ་ལྟེ་བའི་རྩ་ལ་ཞུགས་པས་ཞག་གོང་མ་ཙམ་ན་པགས་པ་ལ་བ་སྤུ་སྐྲ་རྣམས་སྐྱེས༔ ཉོན་མོངས་པ་བག་ལ་ཉལ་དང༔ རླུང་གིས་འཕྲིག་འགུལ་བྱས༔ མེས་ཤེས་པ་མཆེད་དེ་ཟླ་བ་གསུམ་དང་ཞག་ཉེར་གཉིས་ན་ལུས་དང་ཤེས་པ་འགུལ་འཕྲིག་གི༔ གོང་གི་ཞག་ཙམ་ན་ཟས་མྱོང་སྟེ་ས་ཆུ་མེ་རླུང་གསུམ་གྱིས་ཟུངས་སྡུད་བཅུད་དུ་སྨིན་པར་བྱས༔ རླུང་གིས་ཕྱེས་ལུས་རྫོགས༔ ལུས་འགུལ་ཡན་ལག་བསྐྱོད༔ དེ་ནས་ཟླ་བ་གཅིག་དང་ཉེར་དྲུག་ན་ཕྱིར་འབྱིན་པ་ནི་སྐུ་གསུམ་དངོས་སུ་གྲུབ་པར་ཕྱིར་འབྱིན་ཏེ༔ ཀློང་གསལ་ལས༔ ཞུགས་ནས་དོན་དེ་སྤྲུལ་པའི་སྐུ༔ ཞེས་སོ༔ ཡེ་ཤེས་ཀྱི་རྩལ་ལྔ་མ་འགགས་པས༔ འབྱུང་བ་ལྔ་ལས་ལུས་སུ་གྲུབ་སྟེ༔ སྐུ་གཉིས་ཀུན་རྫོབ་འབྱུང་བཞི་དང་འདྲེས་པས་ཡེ་ཤེས་ཀྱི་རང་རྩལ༔ སྔོན་གྱི་ཤེས་པ་དེ་ཇེ་བརྗེད་ལ་འགྲོ༔ དོན་དམ་འབྱུང་བཞི་ཆོས་སྐུ༔ ཀུན་རྫོབ་འབྱུང་བཞི་ལོངས་སྤྱོད་རྫོགས་པའི་སྐུའོ༔ སྐུ་གཉིས་འདུ་འབྲལ་མེད་པ་སྤྲུལ་པའི་སྐུའོ༔ དེ་ཅིས་ཞེ་ན༔ མུ་ཏིག་ཕྲེང་བ་ལས༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ ཕ་དང་མ་ཡི་རྒྱུ་ཉིད་ལས༔ འཕེན་པ་རླུང་གིས་བསྐྱོད་པ་ནི༔ བྱང་ཆུབ་སེམས་དཔའི་རང་བཞིན་ནོ༔ འབྱུང་ལྔའི་རྒྱུ་ལས་ས་བོན་ནི༔ སྟོང་ཉིད་ཡུལ་ལ་སྣང་བ་ཤར༔ གཉིས་ཀྱི་བདེ་བ་སྙོམས་འཇུག་གིས་ཐབས་ལས་བྱུང་བའི་ཤེས་རབ་ཉིད༔ མངལ་གྱི་ལྷུམས་སུ་ཚུད་པ་ཉིད༔ རང་རིག་གཞི་ནས་རྣམ་པར་ཤར༔ བདུན་ཚན་བདུན་ནི་རྟགས་(༢༠༨)ཚད་དོ༔ ཟླ་བཅུ་ས་རྣམས་བསྒྲོད་པ་ཉིད༔ བཙས་པ་ཉིད་ནི་སྐུར་བཞེངས་ཏེ༔ ཞེས་པ་དང༔ ཀློང་གསལ་ལས༔ གཟུང་འཛིན་སྲེད་པ་སྦྱོར་མཚམས་སུ༔ ལྟེ་བའི་གྲུ་གསུམ་རྩ་མདུད་དུ༔ རླུང་སེམས་ཐིག་ལེ་རྣམ་པར་ཕྲ༔ མུ་ཏིག་རྣམ་པ་ལྟ་བུ་རུ༔ མེར་ནུར་གོར་དང་རུས་སྦལ་ལྟར༔ ལྟེ་བ་དག་ནས་འབྱུང་བཞི་བསྐྱེད༔ ཅེས་སོ༔ ཧྲིལ་གྱིས་དྲིལ་བས་མ་རིག་གཉིས་སྣང་གི་འཛིན་པས་ཡེ་ཤེས་ཀྱི་རྩལ་འབྱུང་བར་འདུས་ཏེ་ལུས་དངོས་སུ་གྲུབ༔ དེ་ལ་ལུས་གྲུབ་པ་དང་རྩ་འདུས་པ་མཉམ་དུ་གྲུབ༔ རྩ་གྲུབ་པ་དེ་དང་དུས་མཉམ་དུ་ཐིག་ལེ་གྲུབ༔ ཐིག་ལེ་གྲུབ་པ་དང་སྐུ་དང་ཡེ་ཤེས་དེ་དབྱེར་མེད་དུ་གྲུབ་པའོ༔ དེ་ཡང་ལུས་གྲུབ་པ་དེ་དང་དུས་མཉམ་དུ་འབྱུང་བའི་བྱེད་ལས་ཀྱིས་རྩ་གྲུབ་སྟེ༔ ལུས་མགོ་མཇུག་ལ་བ་སྤུའི་བུ་ག་དང་མཉམ་པའི་གནས་གྲངས་ཅན་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་གནས་དེ་ལས་བསྡུ་ན༔ སྐྱེད་བྱེད་ནི་དྲུག་ཅུ་རྩ་བཞི༔ དྲན་པ་ན་སུམ་ཅུ་རྩ་གཉིས༔ རོ་གནས་ན་བརྒྱད་གཉིས་ཏེ་བཅུ་དྲུག༔ རྩེ་མོ་ན་སུམ་བརྒྱ་དྲུག་ཅུ་ལུས་ཀྱི་འཁྲུལ་པས་འཁོར་ལོ་བཞི་ལ་རྩའི་གྲངས་བཞི་བརྒྱ་བདུན་ཅུ་རྩ་གཉིས་གནས་པ་ནི་རྩ་རྣམས་བསྡུས་ཏེ་གྲངས་ཅན་ནོ༔

དེ་དག་གི་དབུས་ན་ཡར་རྩ་གསུམ་ཀ་བའི་ཚུལ་དུ་གནས་ཏེ་དེའི་ནང་ན་ཨ་ཨཱཿཧཱུྃ་གསུམ་དུ་གནས་པ་སྟེ༔ མ་དག་༼སེམས་ཐ་མལ་༽པས་ཕྱིར་ལུས་ངག་ཡིད་གསུམ་དུག་གསུམ་དུ་སྨིན་པའི་གཞི་བྱེད༔ དེ་ཉིད་ནང་དུ་༼རྣལ་འབྱོར་པས་ཉམས་སུ་ལེན་པའི་དུས་སུ་༽དག་པས་སྐུ་གསུང་ཐུགས༔ གསང་བར་༼འབྲས་བུ་༽སྐུ་གསུམ་གྱི་འཆར་གཞི་བྱེད༔ རྩ་བཞི་བརྒྱ་པོས་འབྱུང་བ་ལྔའི་རྟེན་བྱེད་དོ༔ དེའི་རྩའི་གཙོ་བོ་གསུམ་ཞར་བྱུང་གི་རྩ་དང་བཞི་ནི༔ རོ་མ་རྐྱང་མ་ཀུན་དྷརྨ༔ ཤེལ་སྦུག་ཅན་དང་བཞིའོ༔ ཐལ་འགྱུར་ལས༔ རོ་མ་རྐྱང་མ་ཀུན་དྷརྨ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་སོ༔ རྩ་དེ་བཞི་གང་ལས་སྐྱེས་ན་རོ་མ་ཀུན་རྫོབ་དུས་ན་ཆུའི་དངས་མ་ལས་སྐྱེའོ༔ རྐྱང་མ་སས་བསྐྱེད༔ ཀུན་དྷརྨ་རླུང་གིས་བསྐྱེད༔ ཤེལ་སྦུག་ཅན་ནི་མེས་བསྐྱེད་དོ༔ རོ་མའི་ནང་ནས་ཀུན་རྫོབ་རྒྱུའི་ཐིག་ལེ་རྒྱུ༔ དེ་སྐྱེས་པ་ལ་གཡས་ནས་རྒྱུའོ༔ བུད་མེད་ལ་གཡོན་ནས་རྒྱུ༔ རྐྱང་མ་ནི་ཕོ་མོ་གོང་ལས་ལོག་(༢༠༩)གོ༔ དེ་ན་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གནས་སོ༔ རོ་མ་ལྟེ་བའི་གཡོན་ནས་འཁྲིལ་ནས་རྒྱུ་བྱང་སེམས་འབབ༔ རྐྱང་མ་སྙིང་རྩེ་གཡོན་ནས་ཐོན་ཏེ༔ མགྲིན་པའི་རྩའི་དྲ་བ་ནས་ཐོན་ནས་རྩའི་རྩེ་མོ་གཉིས་སུ་གྱེས་ཏེ༔ ཐོད་པའི་ནང་ནས་ཚུར་བྱུང་སྟེ་རྩ་བ་མེན་གྱི་རྭ་ལྟ་བུར་ཡོད་དེ་མིག་གི་ཨ་འབྲས་ཆུའི་སྦུ་གུ་ལ་ཟུག་པས་ཡེ་ཤེས་ཀྱི་སྣང་བ་འཆར་རོ༔ ཀུན་དྷར་མ་དབུས་དྲང་པོ་ལ་གནས་ཏེ་རྩེ་མོ་གསུམ་དུ་གྱེས་ནས་དབུས་ཚངས་བུག་ལ་གནས༔ གཡས་རྣ་བ་གཡས༔ གཡོན་རྣ་བ་གཡོན་ལ་ཟུག་པའོ༔ རྩའི་འཁོར་ལོ་དེ་དག་གི་དབུས་སུ་རྩ་མདུད་ཀྱི་ནང་ན་རྒྱུའི་ཐིག་ལེ་ཕ་མ་གཉིས་ལས་ཐོབ་སྟེ༔ དྭངས་མ་ཁ་དོག་ལྔ་ལྡན་ཡི་གེའི་ངོ་བོར་གྲུབ་སྟེ༔ དེ་ཡང་སྤྱི་བོ་ན་ཡི་གེ་ཧ་དང་ར་གནས༔ མགྲིན་པ་ན་རི་དང་ཙ་གནས༔ སྙིང་ག་ན་མ་དང་ཧྲཱིཿགནས༔ ལྟེ་བ་ན་ནི་དང་ཧྲཱིཿགནས༔ གསང་བ་ན་ཡ་དང་ས་གནས༔ དེས་ན་རྩའི་ནང་ན་ཐིག་ལེ་ཡི་གེར་གྲུབ་སྟེ་འོག་ནས་སྟོན༔ དེ་ལྟར་རྩའི་འཁོར་ལོ་རྣམས་ཀྱིས་འཁོར་འདས་དང་བདེ་སྡུག་དང་གྱེན་རྒྱུ་ཐུར་སེལ་གྱི་ལས་འབའ་ཞིག་བྱེད་དོ༔ རྒྱས་པར་ཆོས་ཀུན་ན་ཡོད༔ དེ་ལྟར་ལུས་ཀྱི་རྩ་བ་སྤུའི་བུ་ག་དང་མཉམ་པ་དེ་ལ་རླུང་གིས་མ་ལུས་པར་ཁྱབ་སྟེ༔ ཀློང་གསལ་ལས༔ ཡེ་ཤེས་རླུང་དེ་ཀུན་ལ་ཁྱབ༔ ཅེས་སོ༔ རླུང་ལ་གྲངས་སུ་བཤད་ཀྱང་ལས་དང་ཡེ་ཤེས་གཉིས༔ ཡེ་ཤེས་རླུང་དེ་སེམས་དང་འདྲེས༔ སེམས་ནི་ལས་ཀྱི་རླུང་དང་འདྲེས་ཏེ་དབྱེར་མེད་དོ༔ ཐལ་འགྱུར་ལས༔ རླུང་སེམས་གཉིས་སུ་མེད་འདྲེས་ཏེ༔ དེས་ན་རླུང་གིས་ལས་ཀུན་བྱེད༔ ཅེས་སོ༔ ཡེ་ཤེས་ཀྱི་རླུང་འགྱུ་བ་དང་བྲལ་བ་དེ་དེའི་རྩལ་ལུས་སུ་གྲུབ་པས་ལས་ཀྱི་རླུང་རྩ་གསུམ་ལས་འགྱུ་སྟེ༔ སའི་རླུང་ལྔ་སྟོང་བཞི་བརྒྱ༔ ཆུ་མེ་རླུང་གི་རླུང་དེ་ཙམ་ཞིག་སྟེ༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུས་ཏེ༔ ཐལ་འགྱུར་ལས༔ རྩ་ལ་བརྟེན་པའི་རླུང་དག་ནི༔ ཉི་ཁྲི་དང་ནི་སྟོང་ཕྲག་གཅིག༔ དྲུག་བརྒྱ་དག་ཏུ་འགྱུ་བ་ཡིན༔ འགྱུ་བ་ཆེན་པོའི་རླུང་དུ་འདོད༔ ཅེས་སོ༔ དེ་དག་གི་བྱེད་ལས་གཉིས་ཏེ་འབྱུང་བཞི་རླུང་གི་ནུས་པས་གྱེན་རྒྱུ་ཐུར་སེལ་གྱི་ལས་བྱེད་དོ༔ བར་ནས་མཁས་པས་རླུང་གནད་བཙལ༔ ཅེས་པ་དེ་དག་(༢༡༠)ནི་ཡེ་ཤེས་རླུང་གི་རྩལ་ཡིན་པས་དེ་དག་གི་ཐབས་ལ་བརྟེན་ནས་ཡེ་ཤེས་ཀྱི་རླུང་ངོས་འཛིན་པའོ༔ སེམས་ཀྱི་འགྱུ་བ་ལྟར་ནང་དུ་རླུང་རྩ་ལ་འགྱུ་བ་ནི༔ ཐལ་འགྱུར་ལས༔ རྩ་ལ་ངེས་པར་འགྱུ་བ་ནི༔ འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཅིག༔ སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག༔ རྩ་ནས་ངེས་པར་འགྱུ་བ་སྟེ༔ འགྱུ་བ་ཆུང་བའི་རླུང་དུ་འདོད༔ ཅེས་སོ༔

དེ་ལྟར་རྩ་གང་ན་གནས་པ་ན་རླུང་དང་ཡེ་ཤེས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་སོ༔ རྒྱུད་དང་གདམས་པ་མཐའ་དག་ནས༔ རྩ་དང་རླུང་དང་སེམས་ཐ་དད་བཤད་པ་མང་སྟེ༔ ཐ་དད་མ་ཡིན་ཏེ་རིག་པའི་སེམས་ལ་ཡེ་ཤེས་ལྔ་དབྱེར་མེད་དུ་བཞུགས་ཏེ༔ དབྱེར་མེད་ལས་ཡེ་ཤེས་ཀྱི་རྩལ་དེ་ལ་རིག་པ་དང་སེམས་དང་རླུང་ལ་སོགས་པར་ཕྱེ་བ་ཡིན་ཏེ་ཡེ་ཤེས་མེད་ན་སེམས་མི་འབྱུང༔ སེམས་མེད་ན་རླུང་མི་འབྱུང༔ སེམས་གཅིག་བྱུང་ན་ཡེ་ཤེས་འགྲུབ༔ ཡེ་ཤེས་དེ་ལས་རྩལ་འགག་མེད་དུ་འབྱུང༔ རྩལ་དེ་མ་ཤེས་པས་ཡེ་ཤེས་གསལ་མདངས་སྣང་ལ་རང་བཞིན་མེད་དེ་འོད་ལྔ་གསལ་སྟོང་དུ་ཤར་བ་དེ་ལ་ཡེ་ཤེས་ཀྱི་རྩལ་མ་འགགས་པ་རིག་རིག་པ་འདི་བཟུང་བས་རྩལ་ལྔ་ལྡན་དེ་ཉིད་འབྱུང་བར་འདུས་པས་ལུས་ཤ་ཁྲག་དྲོད་དབུགས་རྩ་ལ་སོགས་པ་ཡེ་ཤེས་ཀྱི་རྩལ་དེ་ལས་གྲུབ་པས་ན༔ ལུས་སེམས་མ་བྲལ་གྱི་བར་དུ་རྩ་རླུང་ཐིག་ལེ་ཡེ་ཤེས་ལ་སོགས་པ་དབྱེར་མེད་དོ༔ དེ་ལྟར་མ་ཤེས་ཤིང་གཅིག་ལ་མང་པོར་བཟུང་བས་མིང་མེད་མིང་དུ་སོང་བ་བཞིན་ཡེ་ཤེས་ལྔ་དང་འབྱུང་བ་ལྔ་དང༔ ཉོན་མོངས་པ་ལྔ་ལ་སོགས་པར་གཅིག་ལ་ལོགས་སུ་ཕྱེ་བས་སངས་རྒྱ་བར་འདོད་པ་རྣམས་ཀྱང་ཕུང་པོ་དང་བཅས་པའོ༔ འདིའི་དོན་ལ་སྤུ་ཙམ་ཡང་རེག་པ་མེད་དོ༔ འདི་ཉིད་ཀྱིས་ནི་ཐམས་ཅད་ཡེ་ཤེས་ཀྱི་རྩལ་ལས་བྱུང་བར་ཤེས་ཤིང་དབྱེར་མེད་རྟོགས་པས་ཟག་བཅས་ཀྱང་ཡེ་ཤེས་ལས་བྱུང་བས་ན་དེ་ཉིད་ཀྱང་སེམས་ལས་རང་གྲོལ་བས་ཟག་བཅས་ཀྱང་མི་སྣང་བར་ཡེ་ཤེས་ཀྱི་ཀློང་དུ་སངས་རྒྱའོ༔ དེས་ན་དབྱེར་མེད་པའོ༔ གཞན་དག་གིས་ཐ་དད་དུ་བཟུང་ཞིང་ཉམས་སུ་བླངས་པས་ལན་ནོ༔ དེ་ལྟར་ཡེ་ཤེས་ཀྱི་རྩལ་གྱིས་ལུས་གྲུབ༔ དེ་ལ་རྩ་གྲུབ༔ དེ་ལ་ཐིག་ལེ་གྲུབ༔ དེ་ལ་སྐུ་དང་ཡེ་ཤེས་ཀྱི་(༢༡༡)ས་བོན་ཚུལ་དུ་ཡེ་ཤེས་དངོས་གྲུབ་པའོ༔ ཀློང་གསལ་ལས༔ ཡེ་ཤེས་རྩལ་གྱིས་ལུས་གྲུབ་པས༔ རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ༔ རྒྱུ་ཡི་ཐིག་ལེ་ཡི་གེར་གནས༔ དེ་ལ་སྐུ་དང་ཡེ་ཤེས་ཀྱི༔ ཐིག་ལེ་དག་ཏུ་གནས་པའོ༔ དེས་ནི་ཐོག་མ་རིག་པའི་རྩལ་ཡེ་ཤེས་ངོ་མ་ཤེས་པས་ལུས་སུ་གྲུབ་ནས་གདོས་བཅས་ཀྱི་འཛིན་པས་འཁྲུལ་ཞིང་འཁོར་བར་འཁྱམས་པར་བསྟན་པའོ༔

ད་ནི་དེ་ལྟར་འཁྲུལ་པས་ལུས་གྲུབ་པ་དེ་ལ་རྒྱལ་བའི་དགོངས་པ་གནས་པར་བསྟན་པ་ནི༔ དང་པོ་ལུས་གྲུབ་པས་རྩ་དང་ཐིག་ལེ་གྲུབ༔ དེ་ཡང་ཀུན་རྫོབ་རྒྱུའི་ཐིག་ལེ་ནི་འབྱུང་བ་ལྔའི་དྭངས་མ་ཡིན་ཏེ་ཡུམ་ཆེན་ལྔ་དངོས་ཡིན་པས་མཁའ་འགྲོ་མ་ཐ་དག་གི་སྲོག་ཡིན༔ རྒྱུའི་ཐིག་ལེ་དེ་ཉིད་ལའང་ཡེ་ཤེས་ཀྱི་ཐིག་ལེ་གནས་ཏེ་དབྱེར་མེད་དུ་ཡོད་པའོ༔ དེ་ཡང་ཐོག་མར་འཁོར་ལྔའི་རྩ་ཐམས་ཅད་ཀྱི་དབུས་སུ་རྩ་མདུད་སུ་རྩ་མདུད་ཀྱི་ནང་ན་ཕ་མ་གཉིས་ཀྱི་ཐིག་ལེ་ཉུང་འབྲུ་ཙམ་མ་འདྲེས་ཤིང་ཁ་དོག་སོ་སོ་རུ་རྒྱ་སྐག་དང་དངུལ་ཆུའི་རྣམ་པ་ལྟ་བུར་ཁ་དོག་ལྔ་ལྡན་ཡི་གེའི་གཟུགས་སུ་གནས་སོ༔ སྙིང་ཁ་ན་ཧྲཱི༔དང་མ༔ མགྲིན་པ་ན་རི་དང་ཙ༔ སྤྱི་བོ་ན་ཧ་དང་ར༔ ལྟེ་བ་ན་ནི་དང་ཧྲཱི༔ གསང་བ་ན་ས་དང་ཡ༔ རྩ་འདབ་གྲངས་ཅན་དང་གྲངས་མེད་པ་བ་སྤུའི་ཁུང་བུ་དང་མཉམ་པ་ཐམས་ཅད་དུ་ཕ་མ་གཉིས་ཀྱི་རྒྱུའི་ཐིག་ལེས་བྱས་པས༔ ཐིག་ལེ་དེ་ནི་ཡེ་ཤེས་ཀྱི་རྩལ་ལས་བྱུང༔ འབྱུང་བ་ལྔ་འདུས་པའི་དྭངས་མ་ཡིན་པས་དེ་ནི་འདས་པ་དང་མ་འོངས་པ་ཐམས་ཅད་ཀྱི་སྲོག་ཡིན་པས་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་རང་གི་ལུས་ལ་གནས་སོ༔ དེ་དག་ལ་ཡེ་ཤེས་ཀྱི་ཐིག་ལེས་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་གནས་སོ༔ རང་ལུས་རྒྱལ་བའི་ད་ལ་ཞེས་དེ་ལ་ཟེར་རོ༔ དེ་ཡང་སྒྲོན་གསལ་ལས༔ ཐོག་མའི་ཀ་དག་ཡེ་ཤེས་རྩལ༔ འབྱུང་བ་ལྔ་ཡི་ཡུལ་ལ་ཤར༔ འབྱུང་ལྔའི་འོད་ལ་འཛིན་པ་འདུས༔ དེ་ཉིད་མ་གྲོལ་དེར་འཛིན་པས༔ འབྱུང་བ་ལྔ་ཡི་དྭངས་མ་འདུས༔ གཅིག་གྲོགས་གཅིག་གིས་བསྐྱེད་པ་ལས༔ ཤ་ཁྲག་ལུས་རྩ་ཐིག་ལེ་གྲུབ༔ དེ་ལ་ཡི་གེ་སྐུ་དང་ཡེ་ཤེས་གྲུབ༔ ཕྱི་ལྟར་འབྱུང་ལྔ་ནང་ལྟར་ན༔ ཡུམ་ཆེན་མོ་ལྔ་དངོས་ཡིན་ནོ༔ གསང་བ་ལྟར་ན་མཁའ་འགྲོ་ལྔ༔ ཕྱི་ལྟར་(༢༡༢)འཁོར་ལོ་ལྔ་ཉིད་ལ༔ ནང་ལྟར་ཐིག་ལེ་ལྔ་ཡིན་ནོ༔ གསང་བ་ཡི་གེ་ལྔ་ཡིན་ནོ༔ ཡང་གསང་མཁའ་འགྲོ་ལྔ་ཡིན་ནོ༔ ཕྱི་ལྟར་ཕུང་པོ་ལྔ་ཡིན་ལ༔ ནང་ལྟར་ཉོན་མོངས་དུག་ལྔ་ཡིན༔ གསང་བ་ལ་ནི་སྐུ་ལྔ་སྟེ༔ ཡང་གསང་ཡེ་ཤེས་ལྔ་ཡིན་ནོ༔ དེ་ཕྱིར་རྒྱུ་ཡི་ཐིག་ལེ་སྤངས་པ་ནི༔ སྔགས་ཀྱི་དམ་ཚིག་གཏན་ནས་ཉམས༔ འབྲས་བུ་རྒྱབ་ཀྱིས་ཕྱོགས་ནས་སུ༔ བསྐལ་པ་འབུམ་ཁྲིར་ན་རག་སྤྱོད༔ ཅེས་སོ༔

དེས་ན་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་ཅིང༔ རྩ་ཁམས་ཐིག་ལེ་ཐམས་ཅད་སངས་རྒྱས་དང་དཔའ་བོ་དང་མཁའ་འགྲོ་དངོས་ཡིན་པས་རྒྱུའི་ཐིག་ལེ་ཉུང་འབྲུ་ལ་བརྒྱར་གཤགས་པའི་ཆ་ཙམ་གཅིག་ཉམས་ན་དཔའ་བོ་དང་མཁའ་འགྲོ་ཁྲི་འབུམ་དུ་སྒྲ་དི་རི་ཡོང་སྐད༔ དེ་ཉིད་མ་ཉམས་ན་འཇིག་རྟེན་ལས་འདས་པ་ཐམས་ཅད་དབང་དུ་འདུས་ཀུན་གྱིས་གྲོགས་བྱེད་དོ༔ དབང་པོའི་འདོད་ཡོན་ཐམས་ཅད་གཞན་དུ་མི་དབུལ་ཞིང་ཕྱིར་མི་སྤོང༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་གསལ་བཏབ་ནས་ནང་དུ་སྤྱད་པས་བསོད་ནམས་འབུམ་དུ་འགྱུར་རོ༔ རང་ལུས་རྒྱལ་བའི་ད་ལ་རུ་ངོ་མ་ཤེས་པས་ཐིག་ལེ་སྤོང་བ་དང༔ ཡི་དམ་ཕྱི་ནས་བསྒོམས་པ་དང་ཚོགས་དང་པུ་ཙ་ཕྱིར་འབུལ་ཞིང་ཡེ་ཤེས་ཕྱི་ནས་བཙལ་ཞིང་བསྒོམས་པ་རྣམས་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་འཁོར་བ་ལས་གྲོལ་མི་སྲིད་དོ༔ ཅིའི་ཕྱིར་ཞེ་ན༔ ཡེ་ཤེས་རང་ལ་རང་གསལ་དུ་ཡོད་པ་འདིའི་གནད་མ་ཤེས་ཏེ་ལུས་རྒྱལ་བའི་ད་ལ༔ ངག་ཅི་སྨྲས་སྔགས༔ ཉོན་མོངས་བ་གང་སྐྱེས་ཡེ་ཤེས་དངོས་ཀྱི་སྣང་བ་ཐིག་ལེ་རྒྱལ་བ་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་དངོས་ཡིན་པར་མ་ཤེས་པས་ནའོ༔ ལུས་རྒྱལ་བའི་ད་ལར་གསལ་བཏབ་ནས་ཐིག་ལེ་མ་ཉམས་པའི་སྒོ་ནས་ཡུམ་མཚན་ལྡན་མ་ལ་བདེ་བ་བསྐུལ་བས་ནི་རྩ་ནས་ཐིག་ལེ་གཡོ༔ དཔའ་བོ་དང་མཁའ་འགྲོ་བརྡས་བསྐུལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་བྱིན་རླབས་དཔག་ཏུ་མེད་པ་འབྱུང་ཞིང་སངས་རྒྱས་སྟོང་དང་གྲངས་ལས་འདས་པ་དང་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་དབང་དུས་གཅིག་ཏུ་ཐོབ་སྟེ་རིག་པ་རྩལ་གྱི་དབང་ཐོབ་ནས་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་སུ་འཆར་རོ༔ (༢༡༣)ཐིག་ལེ་རྣམ་པ་གཉིས་འཕེལ་བས་ཐུན་མོང་གི་ཡོན་ཏན་ཐམས་ཅད་ནམ་མཁའ་དང་མཉམ་པ་འབྱུང་ངོ་༔ ཁམས་དང་དབང་པོ་རྒྱས་པས་ཡེ་ཤེས་ཀྱི་ཐིག་ལེ་མངོན་སུམ་དུ་བརྟན་པ་ཐོབ་སྟེ་ཟག་བཅས་མི་སྣང་བར་འཇའ་འོད་དུ་ཡལ་འགྲོའོ༔ འདི་ལ་ཐེ་ཚོམ་དུ་གྱུར་ན་འཚང་རྒྱ་བ་ལ་རེ་བ་མེད་དོ༔

ཀུན་རྫོབ་རྒྱུའི་ཐིག་ལེ་ནི་ཀ་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔ་པོ་དེའི་རང་མདངས་ཕྱིར་འོད་ལྔར་གསལ་བ་ལས༔ སེམས་ཀྱི་འཛིན་པ་བག་ཆགས་ཙམ་ལ་འབྱུང་བ་བྱུང་སྟེ༔ དེ་ཡང་སེམས་གང་དུ་མ་གྲུབ་པ་དེ་གཤིས་ཀྱི་གནས་ལུགས་ནམ་མཁའ་ཡིན༔ དེ་ལ་འདི་ལྟར་ཡིན་མིན་གྱི་གསལ་སིང་ངེ་བ་དེའི་རྩལ་སྣ་ཚོགས་སུ་འཆར་བ་དེ་ལ་རླུང་ཞེས་ཀྱང་བྱ༔ སེམས་ཞེས་ཀྱང་བྱ༔ གསལ་བ་ལ་སེམས་ཞེས་ཟེར་ཀྱང་འགྱུ་བས་རླུང་ཞེས་ཟེར༔ བརྟགས་ན་གང་དུ་ཡང་མ་གྲུབ་སྟེ༔ གསལ་བར་ཡང་མ་གྲུབ༔ འགྱུ་བར་ཡང་མ་གྲུབ༔ དབྱེར་མེད་ཀྱང་མ་གྲུབ༔ དེར་མ་ཤེས་པས་རླུང་ཞེས་པའི་འཛིན་པའི་རྩལ་དེ་ལ་དྲོད་བྱུང་བས་མེ༔ དཔེ་མིའི་ལས་དྲག་པོ་བྱས་ན་རྡུལ་དང་དྲོད་འབྱུང་བ་ལྟར་རོ༔ དྲོད་དུ་འཛིན་པ་དེ་ལས་བྱུང༔ མེ་དྲོད་ས་ལ་ཕོག་པས་རླངས་པའི་ཚུལ་དེ་ལ་ཆུ་བྱུང༔ ཡེ་ཤེས་ཀྱི་རྩལ་དེ་ལ་འཛིན་པ་སྐྱེས་པས་ཕྱིར་འབྱུང་བ་ལྔ་བྱུང༔ རྒྱུ་གཅིག་ལ་གཅིག་གིས་བསྐྱེད་པའོ༔ ཕྱིའི་འབྱུང་ལྔ་གཟུགས་སུ་གྲུབ༔ དེ་ལ་དེར་འཛིན་སྐྱེས་པས་འབྱུང་བ་ལྔ་འདུས་པས་དེའི་དྭངས་མ་ལྔ་གཅིག་གིས་གཅིག་རྐྱེན་བྱས་ནས་ལུས་གྲུབ༔ དེ་ལྟར་ཅིས་ཞེ་ན༔ དེ་ལ་དང་པོ་ཡེ་ཤེས་ཀྱི་རྩལ་རླུང་དེ་ལ་དྲོད༔ དེ་ལ་ས༔ དེ་ལ་ཆུ༔ གཅིག་གྲོགས་གཅིག་གིས་བྱས་པས་ལུས་ཆེར་སྐྱེས་པ་སྟེ༔ འབྱུང་བའི་དྭངས་མ་ལ་ལུས་དངོས་སུ་གྲུབ༔ དེ་ལ་འབྱུང་བ་ལྔའི་དྭངས་མས་ཁྱབ༔ དྭངས་མ་དང་ཡེ་ཤེས་ཀྱི་རྩལ་དེ་ལ་རྩ་རླུང་ཐིག་ལེ་ཞེས་མིང་དུ་བཏགས་སོ༔ ཡེ་ཤེས་ཀྱི་རྩལ་འབྱུང་བ་ལྔ༔ དེ་ལ་ཡེ་ཤེས་གནས་པས་ཡེ་ཤེས་ལྔ༔ དེ་ལ་རྒྱུའི་ཐིག་ལེ་ཞེས་མིང་དུ་གདགས༔ རྒྱུའི་ཐིག་ལེ་དེ་ལ་ཡེ་ཤེས་དབྱེར་མེད་དུ་གནས༔ ཅིའི་ཕྱིར་ཞེ་ན༔ འབྱུང་བ་ལྔའི་དྭངས་མ་རྒྱུའི་ཐིག་ལེ་དེ་དང་པོ་ཡེ་ཤེས་ལྔའི་རྩལ་གྱིས་བསྐྱེད་པའི་ཕྱིར་རོ༔ བར་དུ་ཡང་ཡེ་ཤེས་ལྔའི་རྩལ་གྱིས་འབྱུང་བ་གཅིག་གིས་གཅིག་བསྐྱེད་པས་(༢༡༤)རྩ་བྱུང༔ དེའི་ནང་དུ་འབྱུང་བ་ལྔའི་དྭངས་མ་ཁ་དོག་ལྔ་ལྡན་དུ་ཡི་གེའི་ཚུལ་དུ་གྲུབ༔ དེ་དང་དབྱེར་མེད་དུ་ཞི་ཁྲོའི་སྐུ་གྲུབ༔ དེ་ལྟར་ཅིས་ཞེ་ན༔ ཐོག་མར་ཡེ་ཤེས་ལྔའི་རྩ་ལས་དྭངས་མ་ལྔ་གྲུབ་སྟེ༔ དྭངས་མ་དེ་ཡང་སྤྱིར་ལུས་ཐམས་ཅད་ལ་ཁྱབ་ཀྱང་འཁོར་ལོ་ལྔ་ན་ཁ་དོག་ལྔ་ལྡན་དུ་ཡི་གེའི་གཟུགས་ས་བོན་ཚུལ་དུ་གནས་སོ༔ དེ་ལ་སྐུ་དང་ཡེ་ཤེས་དབྱེར་མེད་དུ་གནས་སོ༔ དེ་ལྟར་ཅིས་ཞེ་ན༔ ཆོས་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྩལ་དེ་ལ་མ་རིག་པ་དངོས་སུ་བཟུང་བས༔ ཕྱིའི་འབྱུང་བ་དངོས་སུ་གྲུབ༔ དེ་ཉིད་ལ་ཡེ་ཤེས་དེའི་རྩལ་དེས་ཁྱབ་པས་གཅིག་རྐྱེན་གཅིག་གིས་བྱས་པའི་དྭངས་མ་ལ་ལོ་མ་མེ་ཏོག་འབྲས་བུར་སྨིན༔ དེའི་དྭངས་མ་ལུས་སུ་སྨིན༔ དེ་ལ་དྭངས་མ་ཉིད་ཀྱིས་ཁྱབ༔ དེ་ལ་སྐུ་དང་ཡེ་ཤེས་དབྱེར་མེད་དུ་ཁྱབ༔ རིག་པ་ནི་ཡེ་ཤེས་དང་སྐུའི་རང་བཞིན༔ དང་པོ་ཕ་མའི་རྒྱུའི་ཐིག་ལེ་ནི་དེ་ཉིད་ཀྱིས་བསྐྱེད་པས་ན་དབྱེར་མེད་དོ༔ འོ་ན་སྐུ་དང་ཡེ་ཤེས་ནི་སྟོང་གསལ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་སྐྱེ་ཤི་དང་བྲལ་ལ་རྒྱུས་བསྐྱེད་པའི་ཕུང་པོ་འདི་འཇིག་པ༔ གོང་གི་མཚན་ཉིད་དང་འགལ་ལོ་སྙམ་ན་དེ་ནི་མ་གོ་བ་ཡིན་ཏེ༔ རིག་པ་སྟོང་ཉིད་གསལ་བའི་གནད་དེ་མ་ཤེས་པས་དེར་འཛིན་འབྱུང་བ་ལྔ་བྱུང་ཞིང་དེའི་དྭངས་མ་ལ་རྒྱུའི་ཐིག་ལེ༔ དེ་ལ་ལུས་བྱུང་དེ་ལ་ཡེ་ཤེས་ཀྱི་རྩལ་དབང་པོ་སྒོ་ལྔ་བྱུང༔ དེ་ལ་ཡུལ་ལྔ་བྱུང་དེ་ལ་འཛིན་པ་ལྔས་ཉོན་མོངས་པ་ལྔ༔ དེ་ཐོག་མའི་ཡེ་ཤེས་ཀྱི་རྩལ་གྱིས་བསྐྱེད་ནས༔ བར་དུ་འབྱུང་བ་འདུས་པའི་དྭངས་མའི་ལུས་ཀྱང་ཡེ་ཤེས་ལྔ་དངོས་སུ་ཡོད་པ་མ་ཤེས༔ ཡིད་དཔྱོད་ཀྱི་ལྟ་བ་ལས་མ་རྟོགས་པས་བེམ་རིག་གཉིས་སུ་སྣང་སྟེ༔ ཡིད་མ་ཆེས་སོ༔ འདིར་ཐོག་མ་ཡང་ཡེ་ཤེས་ལྔ་དངོས༔ བར་དུ་ཡང་མ་རིག་པ་དེར་འཛིན་གྱིས་འབྱུང་བ་འདུས་ནས་ལུས་གྲུབ་པའི་དུས་ནའང་ཡེ་ཤེས་ལྔ་དངོས༔ ཕུང་པོ༔ དབང་པོ༔ ཉོན་མོངས་ལྔ་ཡང་ཡེ་ཤེས་ལྔ་དངོས༔ ཐ་མ་ཡང་དེ་ཉིད་དངོས་སུ་རྟོགས་པས་སྤང་བླང་དགག་སྒྲུབ་ཀྱི་མཐའ་ལས་འདས་པས་དེ་ལྟར་བླ་མའི་མན་ངག་གིས་ཤེས་པས་བེམ་རིག་གཉིས་སུ་མེད་དེ་གཅིག་པའི་གནད་ཀྱིས་ཟག་བཅས་མེད་པར་ཡེ་ཤེས་སུ་ཡལ་འགྲོ་བ་ནི་གཉིས་སུ་མེད་པའི་རྟགས་སོ༔ དེ་ལ་ཐེ་ཚོམ་ན་ཡིད་གཉིས་(༢༡༥)ཀྱི་ལྟ་བ་ཞེས་བྱ་སྟེ་སངས་རྒྱས་ལ་རེ་བ་མེད་དོ༔

འོ་ན་འདི་སྤྱོད་པའི་གང་ཟག་གི་ལས་ཟད་པ་ཡིན་གྱི༔ དེ་ལྟར་ཐམས་ཅད་ལ་མི་འབྱུང་བ་ནི་གང་ཟག་གི་ཁྱད་པར་རོ་སྙམ་ན༔ དེ་ལྟར་མ་ཡིན་ཏེ་འདི་ལ་གང་ཟག་ལ་བཟང་ངན་མེད་དེ་རིག་པ་ཆོས་ཉིད་མངོན་སུམ་འདི་ཤན་པ་གཅིག་ལ་བསྟན་ཀྱང་བར་མ་ཆད་པ་གཅིག་ཏུ་ཉམས་སུ་བླངས་ན་ལོ་དྲུག་ན་ཟག་བཅས་མི་སྣང་བར་སངས་རྒྱས་ལ༔ མངོན་སུམ་གྱི་གནད་འདི་མ་རྟོགས་ན་དགེ་བ་བཅུ་སྤྱད་ཀྱང་ཟག་མེད་དུ་སངས་མི་རྒྱ༔ དེའི་ཕྱིར་ན་སྔར་སྤྱད་པའི་ལས་ལ་བཟང་ངན་མེད་དོ༔ འདི་མཐོང་ནས་ལས་དགེ་སྡིག་གང་ལ་ཡང་མི་འཇུག་པར་ཉམས་སུ་བླང་ངོ་༔ འདུས་བྱས་ཀྱི་དགེ་བ་གཅིིག་པུས་སངས་མི་རྒྱ་ཞིང༔ འདི་སྒོམ་པའི་བར་ཆད་དུ་འགྲོ་བས་མི་བྱའོ༔ འདི་ཉིད་བར་མ་ཆད་ན་ཟག་མེད་དུ་སངས་རྒྱ་བས་ན་དགེ་བ་ཐམས་ཅད་ཀྱི་ནང་ན་དམ་པའོ༔ འདི་ནི་སངས་རྒྱས་དངོས་ཀྱི་ཞལ་མཐོང་བས་སྡིག་པ་ལ་བྱ་དོན་མེད༔ གཞན་དོན་མེད་པ་སྙམ་ན་འདུས་བྱས་ཀྱི་གཞན་དོན་གྱིས་འཚང་མི་རྒྱ་སྟེ་དེས་ན་མི་བྱེད༔ འདི་བར་མ་ཆད་པར་བསྒོམས་ནས༔ ཟག་མེད་དུ་འཚང་རྒྱ་བའི་ཚེ་ཐུགས་རྗེའི་ཡེ་ཤེས་ཀུན་ཁྱབ་ཉི་མ་ལྟ་བུ་ཀུན་ལ་ཁྱབ་ཅིང་ཕྱོགས་མེད་དོ༔ འགྲོ་དོན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ༔ ཡེ་ཤེས་ཀྱི་རྩལ་འབྱུང་བའི་དྭངས་མས་གྲུབ་པའི་ལུས་འདི་ལ་དེ་ལྟར་ཐོག་མ་ནས་དབྱེར་མེད་དུ་གནས་ཏེ༔ རང་ཤར་ལས༔ ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ༔ ཏིལ་འབྲུ་ལས་ནི་མར་བཞིན་དུ༔ ལུས་ཀྱི་བཀྲག་དང་གཟི་མདངས་ནི༔ ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད༔ ཅེས་གསུངས༔ རྒྱལ་བའི་དགོངས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་ཁྱབ་སྟེ༔ རང་ཤར་ལས༔ དེ་ཡང་རིག་པའི་སྐུ་དང་ལྡན༔ སྐུ་ལ་ཡེ་ཤེས་འགག་མེད་གསལ༔ ཡེ་ཤེས་ལས་བྱུང་འོད་དུ་ཡོད༔ ཅེས་སོ༔

དེ་ལྟར་གནས་པའི་ཡེ་ཤེས་ཀྱི་རང་བཞིན་རྒྱལ་བའི་སྙིང་པོ་དེས་ཀུན་ལ་ཁྱབ་པས་ན་ལུས་ལ་མ་ཁྱབ་པའི་དོན་མེད་དེ༔ ལུས་ལ་ཡེ་ཤེས་ཆེན་པོར་གནས༔ འདི་ཉིད་ཡེ་ཤེས་ཆེན་པོ་ཉིད༔ ཐམས་ཅད་ལུས་ལ་རྣམ་པར་གནས༔ ཞེས་སོ༔ གནས་པའི་ཡེ་ཤེས་དེའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ༔ ངོ་བོ་ནི་ཀ་(༢༡༦)དག་སྤྲོས་བྲལ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་སོ༔ རང་བཞིན་ལྷུན་གྲུབ་ནི༔ ཡེ་ཤེས་ལྔ༔ སྐུ་ལྔ༔ འོད་ལྔ༔ རླུང་ལྔ༔ འབྱུང་བ་ལྔ༔ དྭངས་མ་ལྔ༔ ཕུང་པོ་ལྔ༔ གཙོ་བོ་ལྔ༔ ཡི་གེ་ལྔ༔ སངས་རྒྱས་ལྔ༔ མཁའ་འགྲོ་ལྔ༔ ཤེས་རབ་ལྔའོ༔ དེ་རྣམས་ཀྱང་ཡེ་ཤེས་ལྔ་ལས་གྲུབ་པ་སྟེ༔ རྩལ་རྫོགས་ལས༔ ཉོན་མོངས་ལྔ་ལས་ཡེ་ཤེས་ལྔ༔ ཡུལ་ལྔ་ལས་ནི་འོད་ལྔའི་སྐུ༔ ཕུང་པོ་ལྔ་ལས་སངས་རྒྱས་ལྔ༔ འབྱུང་བ་ལྔ་ལས་ཡུལ་ལྔར་རྟོགས༔ སྲིད་པ་གསུམ་ཉིད་སངས་རྒྱས་ཞིང༔ གཉིས་མེད་ལྟ་བའི་རང་ལུགས་ཡིན༔ ཞེས་པ་དང༔ ཀློང་གསལ་ལས༔ ཐོག་མའི་ཀ་དག་ཡེ་ཤེས་ལྔ༔ དེ་ལ་དབྱེར་མེད་སྐུ་ལྔ་སྟེ༔ དེ་གསལ་འོད་ལྔ་དེ་ཡུལ་ལྔ༔ རླུང་ལྔ་བསྐྱོད་པའི་འབྱུང་བ་ལྔ༔ འབྱུང་ལྔ་དེ་ནི་དྭངས་མ་ལྔ༔ དེ་ལ་ཕུང་པོའི་དྭངས་མ་ལྔ༔ ཡི་གེ་མཁའ་འགྲོ་ཤེས་རབ་ལྔ༔ ཞེས་སོ༔ ཐོག་མ་ནས་ཡེ་ཤེས་ལྔའི་རང་བཞིན་དུ་བཞུགས་པ་དེ་འདིར་ངོས་བཟུང་ན༔ ཐལ་འགྱུར་ལས༔ མེ་ལོང་མཉམ་ཉིད་སོ་སོར་རྟོགས༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ༔ ཞེས་སོ༔

དེ་ལ་ཕྱི་ནང་གསང་གསུམ་དུ་ངོ་སྤྲད༔ གཞི་དང་ལམ་དང་འབྲས་བུ་གསུམ་མོ༔ དང་པོ་གཞི་ཡེ་ཤེས་ལྔ་རང་ཐོག་ཏུ་ངོ་སྤྲད་པ་ནི་ཐོག་མ་འཁོར་འདས་གང་དུ་ཡང་མ་ཕྱེ་བའི་གོང་ནས་རིག་པའི་ཡེ་ཤེས༔ དེའི་ངོ་བོ་ལ་དྲི་མ་མེད་པ་ཀུན་ཁྱབ་ཏུ་མ་འགགས་པར་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས༔ དེ་ལྟ་བུའི་ངོ་བོ་ལ་གང་དུ་ཡང་དབྱེ་ཞིང་བསྒྲུབ་ཏུ་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས༔ ངོ་བོ་མཉམ་པ་ཉིད་དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོགས་པའི་ཡེ་ཤེས༔ གང་ལྟར་ཤར་བ་དེ་ཉིད་ཡོན་ཏན་ལོགས་ནས་བཙལ་དུ་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས༔ ཐམས་ཅད་ཆོས་ཉིད་སྟོང་པའི་རང་རྩལ་ལས་མ་འདས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ ལམ་དང་སྦྱར་བ་ནི་རིག་པའི་ཡེ་ཤེས་དྲི་མེད་མེ་ལོང་གཡའ་དང་བྲལ་བ་ལྟར་གསལ་སིང་ངེ་བ་དེ་ལ་མ་ཡེངས་པར་བསྒོམས་པ་ནི་མེ་ལོང་ཡེ་ཤེས་ཀྱི་ལམ་མོ༔ དེ་ལ་ཆེ་ཆུང་དང་འཕོ་འགྱུར་དང་མཐའ་དབུས་དང་བྲལ་བ་དེ་ལ་རྐྱེན་བླ་མས་ངོ་སྤྲད་པས་རིག་པ་ཚད་ལ་ཕེབས་ཏེ་(༢༡༧)ཕྱོགས་ལྷུང་དང་བྲལ་བར་བསྒོམས་པ་ནི་མཉམ་པ་ཉིད་ཀྱི་ལམ་མོ༔ ངོ་བོ་མཉམ་ཉིད་དེའི་གསལ་ཆ་སོ་སོར་སྣང་བ་གང་ཤར་འཛིན་མེད་དུ་སྒོམ་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ལམ་མོ༔ དེ་ལྟར་འཆར་ཚུལ་དེ་སྒོམ་པ་དཀའ་ཐུབ་བྱ་མི་དགོས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལམ་མོ༔ སྒོམ་མི་སྒོམ་དང་བྲལ་བ་ནི༔ ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་མོ༔ དེ་ལྟར་འབྱུང་བ་ལྔའི་དྭངས་མ་ལ་རྒྱུའི་ཐིག་ལེ་དེ༔ ཕྱི་ལྟར་ན་འབྱུང་བ་ལྔ་རུ་སྣང༔ ནང་ལྟར་ན་ཕུང་པོ་ལྔ༔ གསང་བ་ལྟར་ན་དྭངས་མ་ལྔ༔ ཡང་གསང་ལྟར་ན་ཡི་གེ་ལྔ༔ བླ་མེད་ལྟར་ན་མཁའ་འགྲོ་ལྔ་སྟེ༔ དེ་ལྟར་ཕྱི་ནང་དུ་མར་ཕྱེ་ཡང་རིག་པའི་ཡེ་ཤེས་ཉིད་ལས་བྱུང་བས་ན་དེ་ཉིད་དུ་ངོ་སྤྲད་དོ༔ མཁའ་འགྲོ་ལྔའི་ངོ་སྤྲོད་གདམས་པའི་གནད་གཞན་དུ་ཤེས་སོ༔ ཡང་གཞིའི་རིག་པ་དེ་ཉིད་ཤེས་རབ་ལྔར་ཡང་ངོ་སྤྲོད༔ རང་ཤར་ལས༔ དེ་ཡང་རིག་པའི་ངོ་བོ་ལ༔ ཤེས་རབ་རྣམ་པ་ལྔ་དང་ལྡན༔ ཞེས་སོ༔ རིག་པ་དེ་ལ་འཁོར་འདས་གཉིས་ཀྱི་འབྱུང་གཞི་བྱུང་བས་འབྱེད་པའི་ཤེས་རབ༔ དེ་ཡང་རང་རིག་ལས་མ་འདས་པས་སྡུད་པའི་ཤེས་རབ༔ རིག་པ་དེ་ཉིད་ཀྱི་ངོ་བོས་ཐམས་ཅད་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ༔ དེ་ཉིད་ཀྱི་གསལ་ཆ་ལ་ཡེ་ཤེས་ཀྱི་རླུང་བྱུང་བས་བསྐྱོད་པའི་ཤེས་རབ༔ འཁོར་འདས་གཉིས་ཀའི་རིག་པ་ཡེ་ཤེས་སུ་སྲོག་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ༔ དེ་ལྟར་ཐམས་ཅད་རིག་པའི་ཡེ་ཤེས་ལས་མ་འདས་པས་རང་བྱུང་གི་ཡེ་ཤེས་སོ༔ དེ་ཡང་ཐོག་མ་ནས་གཞིའི་ཡེ་ཤེས་མ་རིག་པས་ལུས་གྲུབ༔ ལུས་དེ་ལ་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་ལྔའི་དྭངས་མ༔ རྒྱུའི་ཐིག་ལེ་ལ་སྐུ་ཡེ་ཤེས་ཀྱི་རོལ་པར་གནས༔ དེའི་གསལ་མདངས་འོད་དུ་ཤར་བས་ཡེ་ཤེས་གསུམ་ཞེས་མིང་དུ་བཏགས་ཏེ༔ རྩལ་རྫོགས་ལས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་པོ་ཡེ་ཤེས་གསུམ་བརྩེགས་ཏེ༔ ཞེས་སོ༔ དེ་ཡང་གསུམ་དུ་དབྱེར་ཡོད་པ་མ་ཡིན་ཏེ༔ གཞི་མ་རིག་པ་ལས་ལུས་གྲུབ་ཀྱང༔ དེ་ངོ་ཤེས་ཙ་ན་ཐོག་མཐའ་བར་གསུམ་ཡེ་ཤེས་ལས་མ་འདས་པ་ནི༔ རང་ཤར་ལས༔ རིག་པ་རྟོག་པ་མེད་པ་ཆོས་སྐུ་ཡིན༔ རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན༔ རིག་(༢༡༨)པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན༔ ཞེས་སོ༔ དུ་མར་བསྟན་ཀྱང་ལུས་སེམས་དབྱེར་མེད་དེ༔ ཐལ་འགྱུར་ལས༔ ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར༔ སངས་རྒྱས་མ་ཡིན་སེམས་ཅན་མེད༔ ཅེས་སོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་སེམས་ལ་མ་ཚང་བ་གཅིག་ཀྱང་མེད་དེ༔ འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་མ་ཚང་མེད༔ ཅེས་སོ༔ ཀློང་གསལ་ལས༔ ཐོག་མཐའ་བར་གསུམ་སངས་རྒྱས་ཀྱི་དགོངས་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་འཁྲུལ་དང་མ་འཁྲུལ་མེད་པར་བསྟན་པའོ༔

༈ དེས་གཞིའི་རིག་པ་ཡེ་ཤེས་ཀྱི་ངོ་བོ་དེ༔ བར་དུ་མ་ཤེས་པར་འཁྲུལ་ཏེ་ལུས་བླངས༔ དེ་ལ་ཡང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་བསྟན་ནས༔ ད་འདི་ནས་དེ་ལྟ་བུ་སྐུ་དང་ཡེ་ཤེས་སྤྱི་ཁྱབ་ཏུ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ་ངོ་བོ་ཡེ་ཤེས་ཀྱི་རྩལ་ལོ༔ དེ་ཡང་བར་དུ་མ་རིག་པས་རིག་པ་ཡེ་ཤེས་ངོ་མ་ཤེས་ཏེ༔ ཡེ་ཤེས་ཀྱི་སྣང་བ་ལ་འཛིན་པ་སྐྱེས་པས་ལུས་བླངས་ཏེ༔ ཤ་ཁྲག་དངོས་སུ་གྲུབ་ནས་ད་ལྟར་རིག་པ་ཡེ་ཤེས་དེ་ལུས་ལ་ཁྱབ་པར་གནས་ཀྱང་ཁྱད་པར་དུ་དང་པོ་གཞིའི་ཡེ་ཤེས་དེ་འཛིན་པར་འདུས་པས༔ འབྱུང་བ་ལྔའི་དྭངས་མ་ཕ་མའི་ཁུ་ཁྲག་རྒྱུའི་ཐིག་ལེ་དེ་ལ་འབྱུང་བ་ལྔ་གཅིག་གིས་གཅིག་བསྐྱེད་པས༔ ལུས་ལ་རྩའི་འཁོར་ལོ་བཞི༔ རྩ་ཕྲན་གྲངས་ལས་འདས་པ་སྐྱེད༔ རྩའི་གཙོ་བོ་གསུམ་འཁོར་ལོ་བཞིའི་དབུས་སུ་རྩ་མདུད་ཀྱི་ནང་དུ་རྒྱའི་ཐིག་ལེ་ཡེ་ཤེས་ཀྱི་ངོ་བོ་མིག་གཉིས་ཤིན་ཏུ་ཆུང་བ་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་དེ་གནས༔ རྩ་མདུད་དེ་ནི་དར་དཀར་གྱི་སྐུད་པ་འདྲ་བ་ཤིན་ཏུ་ཕྲ་བ་གཅིག་གསང་བའི་རྩ་མདུད་ནས་ཡེ་ཤེས་ཀྱི་ངོ་བོ་དེ་གསལ་བའི་ལམ་བྱས་ནས༔ ལྟེ་བར་རྩ་མདུད་དུ་འབྲེལ༔ དེ་ནས་སྙིང་ཁ༔ དེ་ནས་མགྲིན་པ༔ དེ་ནས་ཀླད་པའི་དུང་ཁང་ངོ་༔ རིག་པ་ཡེ་ཤེས་ཀྱི་རྟེན་རྩ་མདུད་དེ་རྣམས་སུ་ཕ་མའི་ཁུ་ཁྲག་འབྱུང་བ་ལྔའི་དྭངས་མ་ཁ་དོག་ལྔ་ལྡན་མིག་ལྟ་བུ་གཉིས་གསལ་ཞིང་འདྲིལ་བ་ཡི་གེའི་གཟུགས་སུ་ཡེ་ཤེས་ཀྱི་ངོ་བོར་གསལ་ཆ་རྩ་ལས་རྒྱུའོ༔ འཁོར་ལོ་ལྔའི་རྩ་ལམ་ལ་རྒྱུ་ཡང་ཁྱད་པར་དུ་སྙིང་ལ་གནས་སོ༔ ཐལ་འགྱུར་ལས༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ (༢༡༩)ཙིཏྟ་རིན་ཆེན་གཞལ་ཡས་ན༔ ཞེས་པ་དང༔ ཀློང་གསལ་ལས༔ ལུས་ལ་ཡེ་ཤེས་ཀུན་ཁྱབ་ཀྱང༔ རྩ་ལྔའི་དབུས་ན་དྭངས་མ་ཡི༔ ཐིག་ལེ་ཐབས་དང་ཤེས་རབ་ཚུལ༔ ལྔར་གནས་ཁྱད་པར་ཙིཏྟའི་ནང༔ དར་དཀར་རྩ་ཡི་འབྲེལ་ཐག་ལ༔ ཡེ་ཤེས་མིག་གི་ཚུལ་དུ་གནས༔ ཞེས་སོ༔ དེ་ཡང་ཙན་དན་གྱི་སྡོང་པོ་ལ་དྲི་ཡིས་ཁྱད་མེད་དུ་ཁྱབ་ཀྱང༔ ཁྱད་པར་དུ་རྐང་ལ་དྲི་བཟང་བ་ལྟར་རིག་པ་ཡེ་ཤེས་ཀྱི་ངོ་བོ་དེ་ཡང་ལུས་མགོ་མཇུག་ཏུ་ཁྱབ་ཀྱང་ཁྱད་པར་དུ་འཁོར་ལོ་ལྔའི་རྩ་མདུད་ན་ཕ་མའི་རྒྱུ་འབྱུང་བ་ལྔའི་དྭངས་མ་དང་ཡེ་ཤེས་དབྱེར་མེད་དུ་མིག་གི་ཚུལ་དུ་གསལ་བར་གནས༔ དེ་རྩ་ལ་འབྲེལ་ནས་ཁྱད་པར་དུ་སྙིང་གི་དཀྱིལ་ན་འབྱུང་བའི་དྭངས་མ་ཏིལ་འབྲུ་ཙམ་ལ༔ གསལ་བ༔ འདྲེལ་བ༔ སྣུམ་པ༔ ཡེ་ཤེས་ཀྱི་རྟེན་བྱས་ནས་འོད་དང་ཁ་དོག་གི་གསལ་མདངས་དང་བཅས་པར་བཞུགས་སོ༔ དེ་ཡང་ཙིཏྟའི་ད་ལ་ན༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཉུང་འབྲུའམ་ནི་ཏིལ་འབྲུ་ཙམ༔ མ་སྐྱེས་རྫོགས་པའི་ཚུལ་དུ་གནས༔ ཞེས་རང་ཤར་ལས་སོ༔ དེ་ཡང་ཐལ་འགྱུར་ལས༔ སྤྱི་དང་ཙིཏྟའི་རྩ་ནང་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ རཏྣ་ཟུར་བརྒྱད་སྙིང་དཀྱིལ་ན༔ ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི༔ ས་བོན་ཡི་གེའི་ཚུལ་དུ་གནས༔ ཞེས་སོ༔ དེ་ལྟར་ཙིཏྟ་རིན་པོ་ཆེའི་ནང་ན་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལས་ངོ་བོ་ཀ་དག་དྲི་མེད་དེའི་ཡོན་ཏན་སྐུ་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པ་ནི་ཐབས་ཤེས་རབ་ཀྱི་ཆ་འཛིན་ཡབ་ཡུམ་གྱི་ཚུལ་དུ་བཞུགས་ཏེ་འབྲས་བུ་ནི་གཞིའི་ཡེ་ཤེས་ཀྱི་ལམ་བྱས་པས་འབྲས་བུ་ཡང་ཡེ་ཤེས་སུ་འདའ་རྒྱུ་མེད་པར་མྱ་ངན་ལས་འདའོ༔

དེ་ཡང་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡེ་ཤེས་ལྔ་ལྡན་དེ་ལ་གཞི་ལམ་འབྲས་བུ་གསུམ་ངོ་སྤྲད་ནས་དེའི་རྩལ་སྐུ་ལྔར་སྣང་བ་དེ་ལ་ཡང་གཞི་ལམ་འབྲས་བུ་གསུམ་སྟེ༔ དེ་ཡང་གཞི་རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དུ་སྣང་བ་དེ་རྣམ་སྣང་གི་སྐུ༔ དེར་སྣང་གི་འཛིན་པ་མེད་པ་དེ་ལམ༔ རྣམ་སྣང་གི་ཡེ་ཤེས་སུ་འདའ་བས་འབྲས་བུའོ༔ གཞི་རིག་པའི་ཡེ་ཤེས་དེ་ལ་རྟོག་པའི་རླུང་གིས་མི་བསྐྱོད་པས་ན་མི་བསྐྱོད་རྡོ་རྗེའི་སྐུའོ༔ དེར་(༢༢༠)གསལ་ལ་འཛིན་པ་དང་བྲལ་བ་ལམ༔ དེའི་ངོ་བོར་སངས་རྒྱས་པ་འབྲས་བུའོ༔ དེའི་འགྲེས་སོ༔ ཡང་གཞི་རིག་པའི་ཡེ་ཤེས་དེ་སྟོང་གསལ་དུ་སྣང་བའི་ཆ་ནས་སྣང་མཐའ་རུ་གསལ་བ་གཞི༔ དེར་འཛིན་མེད་པའི་གོ་ནས་ཉམས་གོང་དུ་འཕེལ་བ་ལམ༔ དེ་ཉིད་ཡིད་བཞིན་ནོར་བུ་དང་འདྲ་བ་གང་འདོད་འབྱུང་བ་འབྲས་བུའོ༔ གཞི་རིག་པའི་ཡེ་ཤེས་དེ་སྟོང་གསལ་འོད་ཀྱི་སྣང་བ་ལ་དེའི་སྐུར་སྣང་བ་དེ་གཞི༔ དེ་གཞན་ནས་བཙལ་མི་དགོས་ཤིང་དེར་འཛིན་མེད་པ་དེ་ལམ༔ འབྲས་བུ་སྣང་བ་མཐའ་ཡས་སོ༔ ཡང་གཞི་རིག་པའི་རྩལ་དོན་གྲུབ་ཏུ་གསལ་བ་གཞི༔ དེར་འཛིན་གྱི་དྲི་མ་དང་བྲལ་བ་ལམ༔ དེའི་དོན་ཡོངས་སུ་མྱ་ངན་ལས་འདའ་བར་གྲུབ་པ་འབྲས་བུའོ༔ དེ་ལྟར་ཐམས་ཅད་ལ་གཞི་ལམ་འབྲས་གསུམ་དུ་སྤྲོ་བར་བྱའོ༔ ཡང་རིགས་ལྔ་དང་སྦྱར་ན་གཞི་རིག་པ་ཡེ་ཤེས་གསལ་སྟོང་དེ་ཉིད་ལ༔ སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས༔ དེ་བཞིན་གཤེགས་པའི་རིགས༔ གཞི་གང་དུ་ཡང་མི་འགྱུར་བར་བརྟན་པས་རྡོ་རྗེའི་རིགས༔ གཞི་དེ་ལ་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་ལྷུན་གྲུབ་ཏུ་འབྱུང་བས་རཏྣའི་རིགས༔ གཞི་རིག་པའི་ཡེ་ཤེས་དེ་ལ་སྐྱོན་ཐམས་ཅད་ཀྱིས་མ་གོས་པས་པདྨའི་རིགས༔ གཞི་རིག་པ་དེ་ཉིད་མ་རྟོགས་པས་སངས་མི་རྒྱ་བས་ལས་ཀྱི་རིགས༔ འོད་ལྔ་དང་སྦྱར་ན་རིག་པའི་ཡེ་ཤེས་དྲི་མ་མེད་པ་དེ་འོད་དཀར་པོ༔ དེ་ལ་ཡོན་ཏན་རྫོགས་པའི་འོད་སེར་པོ༔ མ་བཙལ་བཞག་པས་དམར་པོ༔ བྱ་རྩལ་རྫོགས་པས་ལྗང་གུ༔ མི་འགྱུར་ཁྱབ་པས་མཐིང་ཁ༔ གདོད་ནས་ཡེ་ཤེས་ཀྱི་འོད་ཁ་དོག་ལྔ་ལྡན་དུ་བྱུང་བའོ༔ ཁ་དོག་ལྔ་ལྡན་དུ་བྱུང་བ་ཡེ་ཤེས་ལྔ་དངོས་ཡིན་ནོ༔ ཡུལ་ལྔ་དང་སྦྱར་ན༔ རང་རིག་པའི་ཡེ་ཤེས་སྣང་ལ་རང་བཞིན་མ་གྲུབ་པ་འདི་ཡི་གསལ་ཆ༔ མིག་གི་ཡུལ་དུ་མ་འགགས་པར་སྣང་བ་ཡེ་ཤེས་ཀྱི་ཡུལ༔ རྣ་བར་སྒྲ་མ་འགག་པར་ཤར་ཡང་མཚན་ཉིད་སྟོང་པ་གྲགས་སྟོང་གི་ཡུལ༔ སྣ་དང་དྲི༔ ལྕེ་དང་རོ་གང་ལྟར་སྣང་ཡང་རང་བཞིན་སྟོང་པ༔ དྲི་རོ་སྣང་སྟོང་གི་ཡུལ༔ ལུས་ལ་རེག་བྱ་འཇམ་རྩུབ་གང་སྣང་ཡང་འཛིན་བྱེད་རང་གིས་སྟོང་པས་བདེ་སྡུག་དྲན་སྟོང་གི་ཡུལ༔ ཡིད་ལ་བདེ་སྡུག་གང་བྱུང་ཡང་རང་(༢༢༡)ཤར་རང་གྲོལ་དུས་མཉམ་གྱི་ཡུལ་ལོ༔ འབྱུང་བ་ལྔ་དང་སྦྱར་ན་རང་གི་སེམས་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བ་ནམ་མཁའ༔ དེའི་འོད་གསལ་བ་སྣ་ཚོགས་སུ་འཆར་བ་གཡོ་བ་རླུང༔ དེ་ལ་ཡེ་ཤེས་ཀྱི་རྩལ་ཤེས་པ་མེ་ལྕེ་དང་འདྲ་བ་མེ༔ ཡེ་ཤེས་ཀྱི་རྩལ་དེ་ལ་ཡུལ་དུ་འཛིན་པས་ས༔ འཁྲུལ་པའི་གཞི་དེ་ཡང་རྟོགས་ན་ཆོས་ཉིད་དངོས་ཡིན་ཏེ་ཡེ་ཤེས་ཀྱི་རླན་དང་ནམ་ཡང་མ་བྲལ་བས་ཆུ༔ རླུང་ལྔ་ལྟར་ཡང་བྱུང་སྟེ་རིག་པ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང༔ རིག་པ་དེ་འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་གྱི་རླུང༔ རིག་པ་དེས་འབྱུང་བའི་དྭངས་སྙིགས་འབྱེད་པ་དང༔ འཁོར་འདས་གཉིས་སུ་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང༔ རིག་པ་ཡེ་ཤེས་དེས་ཐམས་ཅད་ལ་ཁྱབ་པས་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང༔ རིག་པ་ཡེ་ཤེས་དེས་འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་འདྲའོ༔

ཡང་རིག་པ་དེ་ཉིད་དྭངས་མ་ལྔ་ལྟར་ཡང་སྣང་སྟེ་རིག་པ་ནམ་མཁའ་ལྟ་བུའི་འཛིན་པ་སྐྱེས་པས་རིག་པ་ནམ་མཁར་འཛིན་བྱེད་ལས་རླུང་བྱུང་བས་རླུང་གི་དྭངས་མ༔ རླུང་ལས་དྲོད་བྱུང་བས་མེའི་དྭངས་མ༔ མེ་ལས་གཟུགས་དངོས་སུ་བྱུང་བས་སའི་དྭངས་མ༔ དེ་ལ་དྲོད་ཀྱིས་རླངས་པའི་ཚུལ་དུ་ཆུའི་དྭངས་མ༔ དེ་ལ་རྒྱུའི་ཐིག་ལེ་དང་ལུས་བྱུང་སྟེ་ཡེ་ཤེས་ལས་མ་འདས་སོ༔ ཕུང་པོ་ལྔ་ཞེས་པ་ནི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བའོ༔ དྭངས་མ་ལྔ་ནི༔ ཀུན་རྫོབ་རྒྱུའི་ཐིག་ལེ་དེ༔ འབྱུང་བ་ལྔའི་དྭངས་མ་འདུས་པ་ལས་བྱུང་སྟེ་དོན་རིག་པ་ཡེ་ཤེས་དང་དབྱེར་མེད་པའོ༔ དེ་རིག་པ་ཉིད་ཀྱི་སྟེང་དུ་ངོ་སྤྲད་པར་བྱའོ༔ འབྱུང་བ་ལྔའི་དྭངས་མ་རྒྱུའི་ཐིག་ལེ་ལ་འཁོར་ལོ་ལྔ་བྱུང་ངོ་༔ འཁོར་ལོ་ལྔ་པོ་དེའི་དབུས་རྩ་མདུད་ལྔའི་ནང་ན་འབྱུང་བ་ལྔའི་དྭངས་མ་ཕ་མའི་ཐིག་ལེ་ཕྱི་ལྟས་དཀར་བ་མེན་ཤེལ་ལྟ་བུ༔ ཁ་དོག་ལྔ་ལྡན་ཡི་གེའི་གཟུགས་སུ་དཔའ་བོ་འབྲུ་ལྔ་རུ་གནས་པའོ༔ མའི་ཐིག་ལེ་འབྱུང་བ་ལྔའི་དྭངས་མ་མདོག་བྱི་རུ་ལྟ་བུ་ལ་ཁ་དོག་ལྔ་ལྡན་ལ་ཡི་གེའི་ཚུལ་དུ་གྲུབ་པ༔ ཐབས་ཤེས་རབ་ཀྱི་ཚུལ་དུ་དབྱེར་མེད་འདྲེས་པ་གསལ་བར་གནས་སོ༔ ལུས་ཐམས་ཅད་ལ་འབྱུང་བའི་དྭངས་མ་རྒྱུའི་ཐིག་ལེ་དེ་ཉིད་ཁྱབ་པས༔ དཔའ་བོ་མཁའ་འགྲོ་(༢༢༢)ཡབ་ཡུམ་ཞི་ཁྲོའི་སྐུ་རུ་གནས་སོ༔ ངོ་བོ་སྐུ་དང་རྣམ་པ་རང་བཞིན་འོད་དང་ཐིག་ལེར་གསལ་བ༔ ཐུགས་རྗེ་སྒྲོན་མར་གནས་པའོ༔ དེ་རང་ངོ་བོ་སྐུ་རུ་གནས་ཏེ་སྙིང་ཁ་ན་ཞི་བ་ཡབ་ཡུམ་འཁོར་ལོ་ལྔ་ན་ཡབ་ཡུམ་དུ་གནས་ཏེ༔ དེའི་རྩལ་གྱིས་དུང་ཁང་འཁོར་ལོ་ན་ཁྲོ་བོ་ཡབ་ཡུམ་དུ་གནས་ཏེ༔ བསྒོམ་མི་དགོས་གསལ་བཏབ་པས་ཆོག་པའོ༔ སྐུའི་གྲངས་དང༔ སྐུ་མདོག་དང་ཞལ་ཕྱག་གི་རྣམ་པ་རྣམས་གཞན་དུ་ཤེས་སོ༔ ཐལ་འགྱུར་ལས༔ སེམས་ཅན་ཀུན་གྱི་ལུས་སྤྱི་ལ༔ ཆོས་ཉིད་རླུང་གི་ཚུལ་དུ་ཁྱབ༔ ཕྲ་དང་ཡང་དག་འགྱུ་དང་འབྱེད༔ ཙིཏྟའི་ནང་ན་སྐུར་གནས་ཏེ༔ གདངས་ཀྱི་སྐུ་ནི་རྣམ་པ་ལྔས༔ སོ་སོར་རིགས་ཀྱི་མཚན་ཉིད་འཛིན༔ རྩ་ཡི་ནང་ན་ཐིག་ལེ་སྟེ༔ འཇུག་པའི་ཐིག་ལེ་རྣམ་གསུམ་མོ༔ ཞེས་སོ༔ སེང་གེ་རྩལ་རྫོགས་ལས༔ གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད༔ རིག་པ་ཡེ་ཤེས་ཡབ་ཡུམ་ཚུལ༔ སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད༔ རིག་པ་ཡེ་ཤེས་ཐིག་ལེར་གནས༔ དོན་འཁྱིལ་བྷནྡྷའི་གཞལ་ཡས་ཁང༔ རིག་པ་ཡེ་ཤེས་ཁྲོ་སྐུར་གནས༔ ཞེས་སོ༔ རིག་པའི་ཡེ་ཤེས་དེ་ལུས་ཀྱི་རྩ་མདུད་ཀྱི་ནང་ན་རྒྱུའི་ཐིག་ལེས་རྟེན་བྱས་ནས་དབྱེར་མེད་དུ་སྐུ་དང་ཐིག་ལེར་གནས་ཤིང༔ ཁྱད་པར་དུ་སྙིང་ལ་གནས་སོ༔ སྙིང་དང་འཁོར་ལོའི་རྩ་དང་བ་སྤུའི་གྲངས་དང་མཉམ་པའི་ནང་ན་རྒྱུའི་ཐིག་ལེ་འབྱུང་བ་ལྔའི་དྭངས་མ་དང་དབྱེར་མེད་དུ་སྐུ་དང་ཡེ་ཤེས་འོད་དང་ཐིག་ལེ་རུ་གནས་ཏེ༔ དེ་བུམ་སྐུའི་ཚུལ་དུ་གནས་སོ༔ ཐལ་འགྱུར་ལས༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་པ་སྐུ་ཡི་མདངས༔ ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ༔ ཅེས་སོ༔ བུམ་པ་ནང་གི་མར་མེ་ལྟར༔ ནང་གསལ་དུ་གནས་སོ༔ དེ་ལྟར་ཅིས་ཞེ་ན༔ ཀློང་གསལ་ལས༔ ཡེ་ཤེས་མ་རིག་འཁྲུལ་པ་ལས༔ འབྱུང་བཞིའི་དྭངས་མ་ཡེ་ཤེས་འདྲེས༔ ངར་འཛིན་རྐྱེན་གྱིས་ཤ་ལུས་གྲུབ༔ ཡེ་ཤེས་ཙིཏྟའི་སྙིང་ནང་དུ༔ ཐིག་ལེ་དག་དང་མཉམ་དུ་གནས༔ རྩ་སྒོར་གསལ་ཙམ་མ་ཡིན་པར༔ ནང་གསལ་ཤ་ཁྲག་རྒྱ་ཡིས་གཏུམས༔ རྩ་ལ་གནས་པའི་ཡེ་ཤེས་དེ༔ རྐྱེན་གྱིས་ཉམས་སུ་བླངས་པས་ན༔ ལྷག་མེད་དག་ཏུ་མྱ་ངན་འདའ༔ (༢༢༣)ཞེས་སོ༔ རང་བཞིན་འོད་དང་ཐིག་ལེ་ནི༔ ཡེ་ཤེས་ཀྱི་རང་འོད་ཀྱིས་ནང་དུ་ཁྱབ་པར་གནས་ཤིང་ཐིག་ལེར་གསལ་ཏེ༔ རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས༔ ཡབ་ཡུམ་ཆེ་བ་ནམ་མཁའི་མཐའ་དང་མཉམ༔ ཆུང་བའི་ཚད་ནི་རྟ་རྔར་བཅུར་གཤགས་ཙམ༔ གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ༔ དེ་ཡང་གསལ་འཚེར་གཟི་བརྗིད་ལྡན༔ འགྲོ་དང་འོང་དང་བཅས་པའོ༔ ཞེས་ཏེ༔ འོད་དང་འོད་ཟེར་ཚུལ་དུ་གནས༔ དབྱིངས་དང་རིག་པ་རབ་བརྒྱན་ཏེ༔ ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས༔ ཞེས་སོ༔ ཐུགས་རྗེ་སྒྲོན་མར་གནས་ཏེ༔ ཐུགས་རྗེ་ལས་བྱུང་སྒྲོན་མ་ཉི་ཟེར་བཞིན༔ སྒྲོན་མའི་འོད་ཟེར་གཏིང་ལ་ཐུག་པ་མེད༔ གསལ་བའི་དོན་ནི་ཙིཏྟའི་ནང་དུ་གསལ༔ རང་བཞིན་འོད་ནི་ནམ་མཁའི་མཐོངས་སུ་གསལ༔ ཅེས༔ དེ་ཡང་བསྡུ་ན༔ ངོ་བོ་སྐུ་རུ་གནས་ཏེ༔ བུམ་པའི་སྐུ་ལྟ་བུ༔ རང་བཞིན་འོད་དུ་གནས་ཏེ་བུམ་པ་ནང་གི་མར་མེ་བཞིན༔ ཐུགས་རྗེའི་འོད་ཟེར་ཚུལ་དུ་གནས་ཏེ༔ ཡེ་ཤེས་ཀྱི་མདངས་འགག་མེད་དུ་གསལ་ལོ༔ དེ་ལས་བྱུང་བའི་ཡེ་ཤེས་ནི༔ ཀླད་པ་དུང་ཁང་ན་ཁྲོ་བོའི་སྐུ་ཉུང་འབྲུ་ཙམ་ལ༔ སྤྱན་ཕུལ་ཐག་ཙམ་དུ་གནས་སོ༔ དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ༔ དེས་རིག་པའི་ཡེ་ཤེས་གནས་གང་ན་གནས་པ་བསྟན་ནས༔

དེ་ལྟར་གནས་པའི་ཡེ་ཤེས་དེ་ལམ་གང་ནས་བྱུང་བ་ནི༔ འབྱུང་བ་ལྔའི་དྭངས་མ་འཁོར་ལོ་ལྔའི་རྩ་མདུད་དུ་སྤྱན་གཉིས་རྩ་དར་དཀར་གྱི་སྐུད་པ་ལྟ་བུས་འབྲེལ་ཏེ༔ གསང་གནས་ནས་ལྟེ་བ༔ ལྟེ་བ་ནས་སྙིང་ཁ༔ སྙིང་ཁ་ནས་མགྲིན་པ༔ དེ་ནས་ཀླད་པ་དུང་ཁང་གི་གཡས་སུ་འཁྱིལ་པའི་རྩ་བཞི་ལས་དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་རྩ་གཅིག་ལ༔ རྩེ་མོ་ལྔར་གྱེས་ནས་སྒོ་སོ་སོའི་རྟེན་བྱེད༔ དེ་ལ་སྐྱོན་ཡོན་དུ་དབང་པོ་དྭངས་མ་འབྱེད་ཀྱི་རྩ་ཞེས་པ་བ་མེན་གྱི་རྭ་ལྟ་བུའི་ཡལ་ག་གཉིས༔ མིག་གཉིས་ཀྱི་ཨ་འབྲས་ཀྱི་དྭངས་མ་ལ་བརྟེན་ནས༔ འཁོར་འདས་གཉིས་ཀ་འབྱེད་པའོ༔ ཀློང་གསལ་ལས༔ ཡེ་ཤེས་སྙིང་གི་དཀྱིལ་ན་གནས༔ དར་དཀར་སྐུད་པ་ལྟ་བུ་ཡི༔ རྩ་ཡི་ལམ་ལ་སྣང་བར་བྱེད༔ ཅེས་སོ༔ ལམ་གང་ནས་བྱུང་བ་བསྟན་ནས༔ སྒོ་གང་ལ་འཆར་བ་ནི༔ (༢༢༤)དཔེར་ན་རིག་པའི་ཡེ་ཤེས་བུམ་པ་ནང་གི་མར་མེ་ལྟ་བུ་དེ༔ བུམ་པའི་མར་མེ་བུམ་པའི་ཁ་ལ་གསལ་བའམ༔ ཉི་མ་ཤར་ནས་བྱུང་བས་འོད་ནུབ་ཏུ་བྱུང་བ་ལྟ་བུར༔ རིག་པའི་ཡེ་ཤེས་སྙིང་གི་དཀྱིལ་ན་ཡོད་པ་དེ་ལམ་རྩ་ལ་ཞུགས་ནས་སྒོ་མིག་ལ་འཆར་ཏེ༔ ཐལ་འགྱུར་ལས༔ ཡེ་ཤེས་འཆར་བའི་སྒོ་ཉིད་ནི༔ ལུས་བཅུད་དྭངས་མ་ཀུན་འདུས་པའི༔ ཙཀྵུ་ཞེས་པའི་སྒོ་ལ་འཆར༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོན༔ ཁྱད་པར་སྐྱོན་ཡོན་དངས་འབྱེད་པའི༔ བ་མེན་རྭ་འདྲ་འཁྱིལ་པ་ལས༔ ཨ་འབྲས་ཞེས་པ་དཀར་ནག་ཕྱེད༔ རིག་ཅིང་གཟུགས་རྣམས་འཛིན་པ་དང༔ ཤེས་པའི་རང་རྩལ་རྫོགས་པར་སྟོན༔ འདི་ལས་དངོས་སུ་འབྱུང་བ་སྟེ༔ ཞེས་པས་འཁྲུལ་པ་དང་ཡེ་ཤེས་ཀྱི་སྣང་བ་དང་འཁོར་འདས་གཉིས་སྣང་བར་བྱེད་དེ༔ བ་མེན་གྱི་རྭ་ལྟ་བུའི་རྩ་བ་ཕྲ་ལ་རྩེ་མོ་ཆེ་བའི་ནང་ཨ་འབྲས་དཀར་ནག་ཕྱེད་མར་གནས་པས༔ དེའི་གནད་ཀྱིས་ཉིན་མོ་འདས་པ་ཡེ་ཤེས་ཀྱི་སྣང་བ་འཆར་ལ་ནུབ་མོ་ནག་པོའི་ཆ་ནས་འཁོར་བའི་སྣང་བ་འཆར་རོ༔ དེ་ལྟར་འཆར་སྒོ་དེ་ནས་ནི༔ སྒྲོན་མ་རྣམ་པ་བཞི་འཆར་ཏེ༔ ཐལ་འགྱུར་ལས༔ དེ་ཡི་འབྱུང་བྱེད་ཅི་ཞེ་ན༔ དོན་དམ་ཆོས་ཉིད་འབྱུང་བ་ལས༔ སྒྲོན་མ་རྣམ་པ་བཞི་ཞེས་ཏེ༔ ཞེས་པས༔ སྒྲོན་མ་རྣམ་པ་བཞི་སྟེ༔ རྒྱངས་ཞགས་ཆུའི་སྒྲོན་མ་ནི༔ མིག་ཉིད་དེ༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ དེ་ལ་བརྟེན་ནས་རྨ་བྱའི་མདོངས་ལྟར་འཆར་རོ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ནི༔ དེའི་མདངས་ལས་ཡི་གེ་ན་རོ་ལྟ་བུ་འཆར་རོ༔ ཤེས་རབ་རང་བྱུང་གི་སྒྲོན་མ་ནི༔ དེའི་ཤེས་པའི་རྩལ་དུ་མར་འཆར་རོ༔ སྤྱི་བོ་ནས་རྟོག་མེད་ཀྱི་སྐུ་འཆར་རོ༔ རྒྱུད་ལས༔ རྒྱངས་ཞགས་ལས་ནི་གཟུགས་བསྡུས་ཏེ༔ རླུང་གིས་བསྐྱེད་ཅིང་འཕེལ་བར་བྱེད༔ འོད་དང་འགྲོ་བའི་འཕེལ་འགྲིབ་ཀྱིས༔ ཡེ་ཤེས་དག་ནི་སྡུད་པར་བྱེད༔ ཐིག་ལེ་སྟོང་པས་ལས་ཀུན་བྱེད༔ འདས་པ་ལས་ཀྱི་རླུང་བཟུང་ནས༔ རླུང་གིས་བཀྲག་དང་གཟི་མདངས་བསྐྱེད༔ སྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན༔ ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཆོས་ཀུན་མཉམ་པ་རོ་གཅིག་ཏུ༔ བསྡུས་ཏེ་རང་སྣང་འཛིན་པར་བྱེད༔ འདིས་ནི་བག་ཆགས་འབྲེལ་(༢༢༥)རྒྱུན་གཅོད༔ དབྱིངས་ཀྱི་དྭངས་མ་སྡུད་པ་དང༔ རིག་པའི་སྐུ་རྣམས་འཛིན་པ་དང༔ གནད་གསུམ་བཅུད་དུ་སྨིན་པ་ཏེ༔ འཁོར་བ་ཉིད་ནི་སྤོང་བར་བྱེད༔ དེ་ལྟར་མིག་ལ་སྒྲོན་ཤར་བས༔ སངས་རྒྱས་དགོངས་པའི་གནད་བསྡུས་པས༔ རང་སྣང་ཡུལ་རྣམས་འཛིན་པའོ༔ ཞེས་སོ༔ སྒྲོན་མའི་མཚན་ཉིད་རྒྱུད་ལས་མང་དུ་བཤད་ཀྱང༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ད་ལྟ་ཉིད་དུ་གཏན་ལ་དབབ་ཏུ་བཏུབ་པས་ན་སྒྲོན་མ་བཞི་ཞེས་བྱའོ༔ དེས་སྒོ་གང་ལ་འཆར་བ་བསྟན་པའོ༔

༈ ད་སྒོ་ལ་སྣང་བའི་རིག་པ་དེ༔ ཡུལ་གར་གསལ་བ་ནི༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར༔ ཞེས་པས༔ ཡེ་ཤེས་ཀྱི་རང་འོད་དེ་ནམ་མཁའ་རྐྱེན་དང་བྲལ་བ༔ དབང་པོ་རྐྱེན་དང་བྲལ་བ༔ གནས་རྐྱེན་དང་བྲལ་བ་གསུམ་ལ་འཆར་རོ༔ དེ་ཡང་རྒྱུད་ལས༔ ཡུལ་དུ་སྣང་བའི་མཚན་ཉིད་ནི༔ ནམ་མཁའ་སྔོ་སངས་དྲི་མེད་པ༔ འོད་དང་ཁ་དོག་དབྱིངས་ཉིད་དང༔ ཡེ་ཤེས་ལྔ་ཡི་རང་སྣང་སྟོན༔ དག་པ་དབྱིངས་ཀྱི་སྒྲོན་མ་ལ༔ ཐིག་ལེ་སྐུ་དང་འཁྲུལ་སྣང་དག༔ རང་བཞིན་ཉིད་དང་ངོ་བོ་ཉིད༔ གཉིས་མེད་འདུ་འབྲལ་མེད་པར་སྣང༔ འདི་དུས་ཟད་པའི་ཆོས་ཉིད་ནི༔ བྱ་བྲལ་ནམ་མཁའ་ཇི་བཞིན་ནོ༔ ཞེས་པས༔ ཡུལ་ནི་ནམ་མཁའ་སྟོང་པ་ལ༔ རིག་པ་སྟོང་པར་འཆར་བའི་གཞི་ཡིན་ནོ༔ ཇི་ལྟར་འཆར་ན༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་གི་སྒྲོན་མ་ལམ་དུའོ༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ མིག་ནི་ནམ་མཁའི་ཁམས་སུ་བརྟག༔ འོད་ནི་ཕྲ་ལ་གྲིམས་པ་འབྱུང༔ ཞེས་སོ༔ ལུང་ལས༔ དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས༔ ཞེས་སོ༔ དངོས་སུ་གསལ་བ་ནི༔ དབྱིངས་རིག་འདུ་འབྲལ་མེད་པ་སྟོང་གསལ་གཉིས་མེད༔ ཡུལ་སེམས་གཉིས་མེད༔ མུ་མཐའ་དང་བྲལ་བའི་ལྟ་བ་ནི༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་གཉིས་འདུ་འབྲལ་མེད་པར་མིག་གི་དབང་པོ་ལ་མངོན་སུམ་དུ་གསལ༔ ཤེས་རབ་ཀྱིས་དཔྱད་པ་མ་ཡིན་པར་ཡུལ་སྒོ་རིག་པ་གསུམ་འདུ་(༢༢༦)འབྲལ་མེད་པར་སྣང་བས་ན༔ མངོན་སུམ་པ་ཞེས་བྱའོ༔ ཐལ་འགྱུར་ལས༔ དེ་ཡང་ཆོས་ཉིད་མངོན་སུམ་གནད༔ མཐོང་བ་ཙམ་གྱིས་ཤེས་པ་དང༔ ཤེས་པ་ཙམ་གྱིས་རྟོགས་པ་དང༔ རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར༔ ཞེས་པ་དང༔ དངོས་སུ་གསལ་བར་བྱ་བ་ནི༔ ཀློང་གསལ་ལས༔ རིག་པ་ཡེ་ཤེས་ལུ་གུ་རྒྱུད༔ ཡེ་ནས་གཞི་ལ་གནས་མོད་ཀྱང༔ བར་དུ་རྐྱེན་མེད་རྐྱེན་གྱིས་གསལ༔ ཞེས་པས༔ གཞི་ལ་གནས་ཀྱང་མངོན་སུམ་དུ་གསལ་བར་མ་ནུས་པས༔ རྐྱེན་དང་བྲལ་བའི་ཡུལ་དེ་ལ༔ རྐྱེན་གྱིས་གསལ་བར་བྱ་བ་ནི༔ ཡང་དེ་ཉིད་ལས༔ སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ༔ རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ༔ རིན་ཆེན་མཁའ་འགྲོས་ད་ལ་སྒོ་ཡང་ཕྱེ༔ སྒོ་ལ་ལས་ཀྱི་ཌཱཀྐི་བྱོན༔ པདྨ་ཌཱཀྐིས་ཆོས་ཉིད་མངོན་དུ་བསྟན༔ ཅེས་སོ༔ དེ་ལྟར་བསྟན་པའི་རིག་པ་དེ་འདུས་བྱས་ཀྱི་མ་ཡིན་ཏེ༔ ཐལ་འགྱུར་ལས༔ རིག་པའི་ངོ་བོ་ལུ་གུ་རྒྱུད༔ འདས་དང་མ་འོངས་ད་ལྟར་ལ༔ སུས་ཀྱང་བྱས་པ་མ་ཡིན་ནོ༔ དེས་ན་འདུས་མ་བྱས་པ་ཉིད༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ མངོན་སུམ་བསྟན་པའི་སྐལ་ལྡན་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ གསུངས༔ དེ་ལྟར་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་དེ་ཉིད་ལ༔ བལྟ་བས་ལྟ་བ་ཞེས་བྱའོ༔ དེའི་ངང་ལ་གནས་པས་སྒོམ་པ་ཞེས་བྱའོ༔ བྱ་བ་དང་བྲལ་བས་སྤྱོད་པ་ཞེས་བྱའོ༔ འབྲས་བུ་ནམ་མཁའ་ཡོངས་རྫོགས་ཀྱི་འབྲས་བུ་ཞེས་བྱའོ༔ ཕྱིའི་དབྱིངས་ཡུལ་རྣམ་པར་དག་པ་ལ་ནང་གི་དབྱིངས་ཡེ་ཤེས་འོད་དང་ཐིག་ལེར་གསལ་བར་འཆར་རོ༔ དེས་ཡུལ་གང་ལ་གསལ་བ་བསྟན་པའོ༔

༈ ད་ཉམས་སུ་ཇི་ལྟར་བླང་བ་ནི༔ ལས་དང་ལྡན་པའི་སྐྱེས་བུས༔ འཁོར་བ་ལས་བློ་ལྡོག་ཅིང༔ ཐེག་པ་ཆེན་པོའི་ཆོས་ལ་མོས་པ༔ མདོར་ན་སློབ་མ་མཚན་ཉིད་དང་ལྡན་པ་གཅིག་ལ༔ སྡོམ་པར་གནས་པར་བྱས་ནས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས༔ དབང་གིས་སྨིན་པར་བྱས་ནས་འདི་བསྟན་པར་བྱ་བ་ནི༔ ཀློང་གསལ་ལས༔ མཚན་ཉིད་ལྡན་པའི་སློབ་(༢༢༧)མ་ལ༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་གིས་སྨིན་པར་བྱས་ནས་སུ༔ དབེན་པའི་གནས་སུ་བྱ་བ་བཏང༔ རྐྱེན་བྲལ་བཞི་ཡི་ཡུལ་ལ་ནི༔ མི་འགུལ་གསུམ་གྱིས་ཉམས་སུ་བླངས༔ ཞེས་པས༔ དབང་དང་བྱིན་རླབས་ཀྱིས་རྒྱུད་སྨིན་པར་བྱས་ནས༔ དབེན་པའི་གནས་དངས་ཤིང་མཐོ་བར༔ དགེ་སྡིག་གང་གི་ཡང་རྐྱེན་དང་བྲལ་བའི་སར༔ ནམ་མཁའ་རྐྱེན་དང་བྲལ་བའི་དུས་སུ་བདེ་བའི་གདན་ལ་ལུས་སྐྱིལ་ཀྲུང་བྱས་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྟེང་རླུང་བསྡམ༔ འོག་རླུང་བསྐུམ་སྟེ་སྒྲོན་མ་གཉིས་བརྩེགས་རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ་བལྟས་པས༔ སྟོང་པ་དམིགས་མེད་སྐྱེ་འགགས་དང་བྲལ་བ༔ གསལ་དག་ཆོས་ཀྱི་དབྱིངས་སུ་ལུ་གུ་རྒྱུད་གསལ་བར་འཆར་རོ༔ དེ་ཡང་གཞི་ཡེ་ནས་སྟོང་པས་སྐྱེ་བ་མེད༔ མ་འགགས་འོད་དུ་གསལ་བས་འགགས་པ་མེད༔ དེ་ལ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་རྟ་རྔ་ལ་མདུད་པ་སྒྲིལ་བ་འདྲ་བ༔ བར་བར་ནི་ཐིག་ལེ་ཡུང་འབྲུ་ཙམ་གསལ་བ༔ དེ་ཡང་འོད་ལྔའི་དབུས་ན་ཐིག་ལེ་དེ་དག་རྐྱང་པ་དང་གཉིས་འབྲེལ་དང༔ གསུམ་འབྲེལ་ལ་སོགས་པར་འཆར་རོ༔ དེ་ནི་རང་གི་རིག་པའི་ངོ་བོ་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ༔ སངས་རྒྱས་དང་དངོས་སུ་ཞལ་མཇལ་བ་ཞེས་བྱའོ༔ མཁའ་འགྲོ་ལྔ་ཞལ་མཐོང་བ་ཞེས་བྱའོ༔ དེ་ཡང་འོད་མཐིང་ཁ་མཐོང་བས་སངས་རྒྱས་ཌཱཀྐིའི་ཞལ་མཐོང༔ ཉོན་མོངས་པ་གཏི་མུག་དག༔ འོད་དཀར་པོ་མཐོང་བས་རྡོ་རྗེ་མཁའ་འགྲོའི་ཞལ་མཐོང་ཞེ་སྡང་དག༔ འོད་སེར་པོ་མཐོང་བས་རཏྣ་ཌཱཀྐིའི་ཞལ་མཐོང་ང་རྒྱལ་དག༔ འོད་དམར་པོ་མཐོང་བས་པདྨ་ཌཱཀྐིའི་ཞལ་མཐོང་འདོད་ཆགས་དག༔ འོད་ལྗང་གུ་མཐོང་བས་ལས་ཀྱི་ཌཱཀྐིའི་ཞལ་མཐོང་ཕྲག་དོག་དག་པའོ༔ ཡེ་ཤེས་ཀྱི་སྣང་བ་མཐོང་བ་ཞེས་བྱའོ༔ ལས་དང་སྡིག་སྒྲིབ་ཟད་པ་ཞེས་བྱའོ༔ འཁོར་བ་དང་རྒྱབ་གྱེས་པའོ༔ དུག་ལྔ་ཡེ་ཤེས་སུ་ཤར་བའོ༔ ཉོན་མོངས་པ་མ་སྤངས་གནས་སུ་དག་པའོ༔ ཆོས་ཉིད་མངོན་སུམ་སྣང་བ་མཐོང་བ་ཞེས་བྱའོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་དབང་དུས་(༢༢༨)གཅིག་ཏུ་བསྐུར་བ་ཞེས་བྱའོ༔ རིག་པའི་རྩལ་ལ་དབང་ཐོབ་པ་ཞེས་བྱ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞལ་མཐོང་བ་ཞེས་བྱའོ༔ བྱིན་རླབས་ཀྱང་འབྱུང་ངོ་༔

༈ དེ་ལས་ཉམས་ཀྱི་འཕེལ་བ་ནི༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འོད་མཐིང་ཁ་ཡི་གེ་ན་རོ་ལྟ་བུའམ༔ འཇའ་ཚོན་ལྟ་བུར་འཆར་ཏེ༔ དེ་ལ་ཉམས་སུ་བླངས་པས་འོད་ལྔའི་སྣང་བ་དེ་རེ་ལྡེ་ཙམ་ཐིག་ལེ་སྲན་མ་ཙམ་དུ་འགྲོ༔ དེའི་ཚེ་སེམས་ཅན་ལ་སྙིང་རྗེ་བ་དང་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་ལ་ཡང་མི་འཇུག་པའོ༔ དེ་ཡང་འཕེལ་ཏེ་འོད་རང་གི་ཐོ་ཕྱི་ཙམ་མམ་མདུན་ཙམ་དུ་འཆར་ཏེ༔ ཉིན་མཚན་མེད་པར་སྣང་བའོ༔ ཐིག་ལེ་མེ་ལོང་ཙམ་དུ་འགྲོ་ཞིང་འོད་ཁ་དོག་ལྔའི་གྱེན་འགྲེང་དང༔ རྩིབས་ཤར་དང༔ མདུང་རྩེ་དང༔ པདྨ་དང་མཆོད་རྟེན་འདྲ་བ༔ རྡོ་རྗེ༔ ཙཀྲ༔ རལ་གྲི༔ མུ་ཏིག༔ དྲྭ་བ༔ དྲྭ་ཕྱེད༔ འོད་ཀྱི་དུམ་བུ༔ དར་གྱི་སྣམ་བུ༔ རིན་ཆེན་མིག་ཚགས༔ མིག་མངས༔ ཉ་མིག༔ ཟ་འོག་གུར་ཁྱིམ༔ ཡེ་ཤེས་མཁར་ཐབས༔ ཉི་ཟླ་གཟའ་བྲལ༔ པདྨ་སྟོང་ལྡན༔ དྲྭ་བ་ལ་སོགས་པ་སྣང་བ་གྲངས་མེད་པ་འཆར་རོ༔ རིག་པ་ཕུག་རོན་འཕུར་བ་ཙམ་མོ༔ དེའི་ཚེ་ལུས་ཡང་ལ་འབུ་སྲིན་སྲོག་ཆགས་སྲོ་ཤིག་ལ་སོགས་པ་མི་འབྱུང་ངོ་༔ ད་དུང་ཉམས་སུ་བླངས་པས་འོད་ཡུལ་གྲུ་ཙམ་ཐིག་ལེ་ཁམ་ཕོར་ཙམ༔ འཁར་གཞོང་ངམ་བསེ་ཕུབ་ཙམ་དུ་ཐིག་ལེ་མཐར་ཕྱིན་པའོ༔ རིག་པ་ཤར་ན་སྤང་དུ་རྒྱུག་པ་ཙམ་ལུས་ལ་གཉེར་མ་མེད༔ ཟས་སྐོམ་ཡིད་ལ་མེད༔ རང་སྣང་ལ་འབྲལ་མི་ཕོད་པ་བར་སྣང་ལ་འགྲོ་བ་སྙམ་པ༔ མི་དང་འཕྲད་སྙིང་མི་འདོད༔ འཁྲུལ་པའི་གཏམ་མེད་ལྐུགས་པ་ལྟར་འགྲོ༔ དེ་ལ་ཡང་བསྒོམས་པས་འོད་ཡུལ་ཁམས་ཙམ་ཐིག་ལེ་ཡུལ་ཁམས་ཙམ་གང་བ་ལ་རེ་རེ་ལ་འོད་ལྔའི་མུ་ཁྱུད་དང་བཅས་པའི་ནང་ན་ལྷ་ཕོའི་སྐུ་རྐྱང་པར་འཆར༔ དེ་ལས་ཀྱང་ཉམས་སུ་བླངས་པས་དཔའ་བོ་རེ་ལ་ཡུམ་རེ་འཆར༔ དེའི་དབུས་སུ་བེམ་པོ་མི་སྣང༔ རིག་པ་བུང་བ་ཙམ་དུ་འགྲོ༔ དེ་དུས་རང་ལ་རང་དགོད་བྲོ༔ སྔར་མེད་པའི་ཆོས་ཤེས་པ་དང་ཅི་སྨྲས་ཆོས་སུ་འོང་བ་བླ་མ་ལ་གདུང་བ་སྐྱེ་བ༔ དགྲ་གཉེན་(༢༢༩)ཡིད་ལ་མི་ཡོང་ངོ་༔ དེ་ཡང་ཉམས་སུ་བླངས་པས་ཉམས་ཚད་ལ་ཕེབས༔ འོད་སྟོང་གསུམ་གང་དུ་བལྟས་པས་ཁྱབ༔ ཐིག་ལེ་རེ་རེའི་ནང་དུ་མཁའ་འགྲོའི་སྐུ་ལྔ་ལྔ་འཆར་རོ༔ དེ་ནས་ཌཱཀྐི་སྡེ་ལྔའི་ད་ལ་རྫོགས་པར་འཆར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ རིག་པ་ཡེ་ཤེས་ཀྱི་ད་ལ་དེ་ད་ལྟ་སྙིང་གི་དཀྱིལ་ན་གནས་པས་ཕྱི་ཤ་ཁྲག་གིས་གཏུམས་པས་ས་བོན་ཙམ་ལས་གསལ་བར་མ་ནུས་པ་ལ་བླ་མའི་མན་ངག་གིས་ཉམས་སུ་བླངས་པས་ད་ལ་དང་སྐུ་རྫོགས་པར་འཆར་རོ༔ དེའི་དུས་སུ་ལུ་གུ་རྒྱུད་ཀྱི་བར་དུ་ཡང་སྐུ་འཆར་རོ༔ ཉིན་ནུབ་མེད་པར་གསལ་བར་འཆར་རོ༔ འདིའི་དུས་སུ་རང་གི་ལུས་གདོས་བཅས་རང་སར་ཟད་དེ་མི་སྣང་བར༔ སྐབས་སུ་ལག་སོར་འོད་དུ་སྣང་བའི་དུས་སུ་སྣང་བ་ཚད་ལ་ཕེབས༔ ཉམས་ཀྱི་འཕེལ་ཟད་དེ་ཆོས་ཉིད་ཚད་ལ་ཕེབས་པ་ཡིན་ནོ༔ ཆོས་ཉིད་ཟད་པའི་སྣང་བ་ནི་འོད་ཀྱི་ནང་ན་ལག་སོར་བཀྲབ་ཙམ་ལས་མི་སྣང་སྟེ་འཁོར་འདས་ཀྱི་འདུ་ཤེས་བྲལ༔ སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ཉིད་དེ༔ རིག་པ་དེ་ཐོག་མ་ནས་ཆེར་སོང་བ་ཡང་མེད༔ ཆུང་དུ་སོང་བ་དང་མེད་དོ༔ དེའི་ཚེ་འབྱུང་བའི་དགྲས་མི་ཚུགས་དྲན་པ་ཝལ་བོ་རྗེས་མེད་དུ་འགྲོ༔ ཉི་ཟླའི་སྣང་བ་མེད་འཁྲུལ་སྣང་ནུབ་པ་ནི་རིག་པ་འབྱོངས་པའི་ཚད་དོ༔ དེ་ལ་འབྲལ་མི་སྲིད་དེ༔ སྣང་བ་རང་ཡལ་དུ་གྲོལ་ནས་འདི་ལྟར་ཡིན་མ་གྲུབ་པ་ནི་ཆོས་སྐུ་རང་དག༔ ཆོས་ཐམས་ཅད་ཟད་སར་ཐུག་པ་ཞེས་བྱའོ༔ རང་གི་རིག་པའི་ངོ་བོ་ནི་ཆེ་ཆུང་གང་དུ་ཡང་མ་སོང༔ བཟང་ངན་གང་གི་ཡང་རྟོག་པ་མེད་ཅིང་གང་དུ་ཡང་མ་གྲུབ་པ་སྟེ༔ ཐུགས་རྗེའི་ཆ་ལ་གསལ་བ་ཙམ་དུ་གནས་པའོ༔ དེའི་ཚེ་མངོན་པར་ཤེས་པ་འཆར་རོ༔ བསམ་པ་རང་ཡལ་ཏེ་ཕུང་པོའི་ཟག་པ་ཕྱིར་མི་འདོར་བར་སངས་རྒྱས་སོ༔ དེ་ལྟར་སྣང་བ་བཞི་མཐོང་བས་རྟགས་བཅུ་གཉིས་རང་བཞིན་གྱིས་འཆར་རོ༔ དེས་ཇི་ལྟར་ཉམས་སུ་བླངས་པ་བསྟན་ནས༔

༈ ད་འབྲས་བུ་ཇི་ལྟར་ཐོབ་ཚུལ་བསྟན་པ་ནི༔ ཐོབ་ཏུ་མེད་པའི་འབྲས་བུ༔ རྒྱ་རུ་མེད་པའི་སངས་རྒྱས༔ འདའ་རུ་མེད་པའི་མྱང་འདས་ལ་སོགས་པའི་མིང་དུ་བཏགས་ནས་བཤད་ན༔ ཡང་དག་པར་(༢༣༠)རྫོགས་པའི་སངས་རྒྱས་དང་མངོན་པར་རྫོགས་པའི་སངས་རྒྱས་གཉིས་སོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོག་མར་མ་རིག་པས་བསྐྱེད་པའི་འབྱུང་བ་ཡེ་ཤེས་ཀྱིས་བསྐྱེད་པས་ན༔ འབྱུང་བ་ཡེ་ཤེས་ལ་ཐིམ་སྟེ་ལྷག་མ་མེད་པར་སངས་རྒྱས་པའོ༔ མངོན་པར་རྫོགས་པའི་སངས་རྒྱས་པ་ནི༔ འོད་དང༔ སྐུ་དང༔ སྒྲ་དང༔ གདུང་དང༔ ས་གཡོ་བ་ལ་སོགས་པ་འབྱུང་བའོ༔ དེས་ན་སངས་རྒྱ་རུ་མེད་པའི་ངང་དུ་འཚང་རྒྱས་ནས་ཐུགས་རྗེའི་ཆ་ཙམ་དུ་གཞན་དོན་དཔག་ཏུ་མེད་པ་འབྱུང་ངོ་༔ དེས་འབྲས་བུ་ཐོབ་ཚུལ་བསྟན་པའོ༔

༈ ད་རྐྱེན་གྱིས་བར་ཆད་ཀྱང་འདི་ཉིད་མཐོང་བས་ཆོག་པ་ནི༔ རིག་པ་མངོན་སུམ་གྱི་སྣང་བ་མཐོང་བའི་གང་ཟག་བླ་མ་དམ་པའི་གདམས་ངག་ཡོད་པ་དེ༔ རྐྱེན་གྱིས་བར་ཆད་དམ་ཚེའི་དུས་བྱས་ན་འདི་ནི་སྐད་ཅིག་གིས་རིག་པ་མངོན་སུམ་གྱི་སྣང་བ་མཐོང་བའི་གནད་ཀྱིས༔ ཆོས་ཉིད་ཀྱི་དོན་ཡེ་ཤེས་རང་ལ་གནས་པ་ངོ་ཤེས་པས་ཆོས་ཉིད་ཀྱི་བར་དོར་འཇའ་དང་འོད་ཀྱི་སྣང་བར་ཤར་ཙམ་ན༔ རང་གི་ངོ་བོ་ཡེ་ཤེས་ཀྱི་སྣང་བ་ངོ་ཤེས་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་སྐད་ཅིག་མ་ལ་འཚང་རྒྱའོ༔ དེ་ཡང་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ ཅེས་པ་ཡང་དེ་ལ་བྱའོ༔ ཀློང་གསལ་ལས༔ འོད་ལྔའི་སྣང་བ་བར་དོར་འཆར༔ དེ་ཉིད་ངོ་ཤེས་ཟུག་རྔུ་བྲལ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ མཐོང་བ་ཙམ་གྱིས་ཤེས་པ་དང༔ ཤེས་པ་ཙམ་གྱིས་གྲོལ་བར་འགྱུར༔ ཞེས་སོ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བའི་གང་ཟག་དེ་ནི༔ ངན་སོང་དུ་རྡོག་པས་ཕུལ་ཡང་མི་འགྲོའོ༔ དེས་ན་འདི་ཉིད་མཐོང་བས་ཆོག་པའོ༔ དེས་འདི་དང་འཕྲད་པས་ཆོག་པར་བསྟན་པའོ༔

༈ ད་ཡིད་ཆེས་པ་བརྒྱུད་པའི་ལོ་རྒྱུས་ནི༔ ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་དུ༔ ཆོས་སྐུ་ཅིར་ཡང་མ་གྲུབ་པ་ལས༔ དཔལ་ཀུན་ཏུ་བཟང་པོ་ཞལ་ཕྱག་གི་རྣམ་པར་བཞེངས་པ་དེས་ལོངས་སྐུ་མཚན་དང་དཔེ་བྱད་རྫོགས་པ་དྲུག་པ་རྡོ་རྗེ་འཆང་ལ་བཤད༔ དེས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ་འོག་མིན་དུ་རང་གི་ངོ་བོས་བཤད༔ དེས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་དུར་ཁྲོད་ཆེན་པོ་མེ་རི་འབར་བར་ཚིག་ཙམ་དུ་བཤད༔ དེས་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧ་ལ་གསུངས༔ ཤྲཱི་སེང་ཧ་དེས་ཨོ་རྒྱན་པདྨ་བདག་ལ་གསུངས༔ ཀུན་(༢༣༡)ཏུ་བཟང་པོ་ཀློང་གསལ་ཉི་མའི་རྒྱུད་བཅུ་བདུན་རྒྱུད་དང་བཅས་པ་གསུངས༔ ཨོ་རྒྱན་པདྨ་བདག་གིས་སུ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ འདི་ཉིད་བསྒོམས་པས་ཟག་བཅས་ཕུང་པོ་ཡལ༔ ཟག་མེད་སྒྱུ་མའི་སྐུ་འདི་ལ༔ སྣང་ལ་མ་གྲུབ་སྐྱེ་འཆི་བྲལ༔ ཚེ་ཡི་རིག་འཛིན་འདི་ཡིས་ཐོབ༔ འདི་ཉིད་གང་ཟག་སྤྲོས་མེད་ཀྱི༔ བློ་ཅན་མྱ་ངན་འདའ་དོན་དུ༔ གཡའ་རི་གོང་དུ་ཡི་གེར་བཏབ༔ རྒྱུད་དང་གདམས་པ་ཀུན་ཁྱེར་ཏེ༔ འགྲོ་བའི་དོན་དུ་བོད་དུ་མཆིས༔ མངའ་བདག་རྒྱལ་པོ་ལ་སོགས་པ༔ སྐལ་ལྡན་ལས་འབྲེལ་མང་ལགས་ཀྱང༔ འདི་ཉིད་བཤད་པའི་དུས་མ་བབ༔ སློབ་དཔོན་བི་མ་མི་ཏྲ་འབྱོན་དགོངས་ནས༔ ཚིག་ཙམ་རླུང་ཕྱོགས་དག་ཏུ་ཡང༔ འདི་ཉིད་བདག་གིས་བཤད་པ་མེད༔ ཕྱི་རབས་སྐལ་ལྡན་དོན་དུ་ནི༔ དང་ལུང་ཕུ་ཡི་བྲག་ལ་སྦེད༔ ལྡང་ལྷས་རྒྱལ་བའི་བཀའ་འདི་སྲུངས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ན༔ ལྕགས་སྒྲོམ་འབར་བ་ལྟ་བུའི་ཡུལ༔ འབྲོང་ཕོ་ཉལ་བ་ལྟ་བུའི་རི༔ དེ་ལྟ་བུ་ཡི་སྤྱི་སྟེང་དུ༔ རྡོ་རྗེ་མཁའ་འགྲོས་བྱིན་བརླབས་པའི༔ འབྲུག་གམ་སྤྲེའུ་ཡོས་ལོ་པ༔ སྤྲོ་རིང་ཐེག་ཆེན་ཆོས་ལ་མོས༔ མཁའ་འགྲོ་སྙིང་ཐིག་ཐབས་ཀྱི་ཆ༔ དེ་ཡིས་དངོས་སུ་མཐོང་བའི་རྟགས༔ གཡས་པ་ཐབས་ཀྱི་བརླ་ནང་ན༔ རྡོ་རྗེ་མཁའ་འགྲོའི་སྤྱན་འདྲ་བའི༔ ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད༔ དེ་ལྟར་མཚན་རྟགས་རྫོགས་པ་ཡི༔ ལས་ལྡན་སྐྱེས་བུ་དེ་ལ་གཏོད༔ དེ་མེན་སུ་ལེན་ལུས་སྲོག་ཕྲོལ༔ ཟབ་རྒྱ༔ གཏེར་རྒྱ༔ བཀའ་རྒྱ༔ གཏད་རྒྱ༔ ཌཱཀྐི་ནི་རྒྱ༔

༈ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གནད་འདི་མ་གཏོགས་དགེ་བ་བཅུ༔ སྤྱད་ཀྱང་འཁོར་བ་ལས་མི་གྲོལ༔ སྔར་དུ་མཚམས་མེད་ལྔ་བྱས་ཀྱང༔ འདི་འཕྲད་ངན་སོང་ལྟུང་མི་སྲིད༔ འདི་དང་བཏགས་གྲོལ་གཉིས་སྦྲེལ་ན༔ ལོ་དྲུག་ནང་དུ་ཕུང་པོ་ལྷག་མེད་གྲོལ༔ འདི་མེད་གང་ཟག་གཞན་སྤྱོད་པ༔ བསྐལ་པར་ཉན་བསམས་བསྒོམས་བསྒྲུབས་ཀྱང༔ བསྐལ་པར་སངས་རྒྱས་རེ་བ་མེད༔ དེ་ཕྱིར་མངོན་དུ་གནད་མ་རྟོགས༔ སྡེ་གསུམ་རིམ་དགུའི་ཆོས་རྣམས་ཀྱིས༔ འདི་ཉིད་(༢༣༢)དོན་ལ་རེག་པ་མེད༔ འདི་ནི་ཀུན་ལས་ཁྱད་པར་འཕགས༔ གཞི་ལ་ཤེས་རབ་ལྷུན་གྱིས་གྲུབ༔ ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ༔ མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད༔ ཅི་ཕྱིར་མཁའ་འགྲོ་དངོས་ཀྱི་དོན༔ འདི་ལ་སྤྱོད་པའི་སྐྱེས་བུ་ནི༔ ཀུན་བཟང་ཡུམ་དང་དབྱེ་རུ་མེད༔ ཌཱཀྐི་ལུས་དང་གྲིབ་མར་འགྲོགས༔ འདི་དང་ཚིག་གིས་འབྲེལ་བ་ཡང༔ སྐྱེ་བ་གསུམ་དུ་མི་ཐོགས་གྲོལ༔ སྒྲ་ཙམ་རྣ་བར་ཐོས་པ་ཡང༔ ཐ་མལ་སྐྱེ་བ་འདིས་ཆོད་འགྱུར༔ མངོན་སུམ་གནད་འདི་སུས་མཐོང་བ༔ ཆོས་ཉིད་བར་དོར་འཚང་རྒྱའོ༔ ཅི་ཕྱིར་འདི་ནི་ཡེ་ཤེས་དངོས༔ མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར༔ ཅི་ཕྱིར་ཐེག་པ་གཞན་དག་གིས༔ ལོ་སྟོང་བསྒོམས་ཀྱང་འདི་མི་མཐོང༔ འདིས་ནི་སྐད་ཅིག་ཡུད་ལ་མཐོང༔ ལོ་སྟོང་སྡིག་པ་སྤྱད་པས་ཀྱང༔ འདི་ཉིད་ལོ་དྲུག་ཉམས་བླངས་ན༔ ལྷག་མ་མེད་པར་འཚང་རྒྱའོ༔ ཅི་ཕྱིར་ངོ་བོ་ཅེར་མཐོང་ཡིན༔ རིག་པ་ཡེ་ཤེས་ངོ་བོ་ལ༔ སྡིག་པའི་སྐྱོན་གྱིས་གོས་པ་མེད༔ དགེ་བ་སྤྱད་ཀྱང་ཕན་མ་བཏགས༔ རིག་པ་དགེ་སྡིག་དོན་ལས་འདས༔

༈ ཨེ་མ་ཧོ༔ འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད༔ ཀུན་ལ་མ་བསྟན་རང་གིས་ཉམས་སུ་ལོངས༔ ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན༔ ཚེ་ཡི་བར་ཆད་བྱེད་པར་ཐེ་ཚོམ་མེད༔ འདི་རང་ཉིད་ཀྱིས་ཉམས་སུ་ལོན་པ་དང༔ ཌཱཀྐི་ཉིད་ལ་གཏད་དེ་གཏེར་དུ་སྦོས༔ ལས་ཅན་ཅིག་གི་དོན་དུ་སྨོན་ལམ་ཐོབ༔ འདི་ཉིད་ལྟ་བའི་དུས་སུ་ཡང༔ ཚོགས་དང་གཏོར་མ་རྒྱ་ཆེན་བྱ༔ འདི་ཡི་རླུང་ཕྱོགས་སེམས་ཅན་ཡང༔ ཌཱཀྐིས་བྱིན་བརླབས་བདེ་བ་ཐོབ༔ འདི་ལ་རེག་པ་ཨོ་རྒྱན་ང་དང་མཉམ༔ ཨོ་རྒྱན་ང་ཡིས་དབང་བསྐུར་བྱིན་བརླབས་པའི༔ སྦས་པའི་རྣལ་འབྱོར་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་སོ༔

དུང་ལུང་ལྡང་ལྷའི་ཁྲ་མོ་བྲག་ནས༔ སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེས༔ ཆུ་མོ་གླང་གི་སྟོན་ཟླའི་ཉི་ཤུ་བརྒྱད་ལ་གཏེར་འདི་གདན་དྲངས་པའོ༔ འགར་གྱི་བཞུགས་གནས་ཤུག་ཚར་དགོན་པ་རུ༔ སྙོམས་ལས་ཅན་གྱི་འཕགས་དབོན་དར་བཟང་གིས༔ ལྷག་བསམ་དག་པས་ལེགས་པར་བཞེངས་པ་འདིས༔ མ་རྣམས་སྐད་ཅིག་སངས་རྒྱས་ཐོབ་པར་ཤོག༔

སྙིང་ཐིག་གསང་བའི་ཡང་བཅུད་སྙིང་པོ་གསལ་བའི་མེ་ལོང་།

༄༅༔ སྙིང་ཐིག་གསང་བའི་ཡང་བཅུད་སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ༔

༄༅༔ གཅཱ།ཏྶ།གྙཤཱ༔ རྒྱ་གར་སྐད་དུ༔ ཌཱཀྐི་ནི་ཙིཏྟ༔ ཐཱཨཱཅཱཀཱནམ༔ བོད་སྐད་དུ༔ མཁའ་འགྲོ་སྙིང་ཏིག་ཅེས་བྱ་བ༔ དཔལ་ཀུན་བཟང་ཡབ་ཡུམ་དང༔ རིགས་ལྔའི་སངས་རྒྱས་དང༔ དྲུག་པ་རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ་ལོ༔ ཐེག་པའི་ཡང་རྩེ་རྫོགས་ཆེན་སྙིང་པོའི་བཅུད༔ རྒྱུད་ཀྱི་དོན་བསྡུས་ཡང་ཞུན་བླ་མེད་ཀྱི༔ ཉམས་ལེན་གནད་ཀྱི་གདམས་པ་བསྟན་པར་བྱ༔ རྒྱ་རྒྱ་རྒྱ༔

དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ ཆོས་ཀྱི་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོས་གདུལ་བྱ་སེམས་ཅན་གྱི་ཉོན་མོངས་པར་འདུལ་བྱེད་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༔ བསྡུ་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་བཀའ་རྫོགས་པ་ཆེན་པོར་འདུས༔ རྫོགས་པ་ཆེན་པོ་ལ་ཡང༔ ཕྱི་ནང་གསང་བ་ཇི་སྙེད་པ་ཞིག་བཞུགས་ཀྱང༔ ཡང་གསང་བླ་ན་མེད་པ་སྙིང་ཐིག་ཏུ་འདུས་ཏེ༔ ཀློང་གསལ་ལས༔ སྟོན་པ་ཐུགས་རྗེས་ཆེན་པོ་ཡིས༔ འདུལ་བྱེད་ཐེག་པ་མང་གསུངས་ཀྱང༔ ཡང་གསང་རྫོགས་པ་ཆེན་པོར་འདུས༔ ཞེས་སོ༔ དེ་ལ་ཡང་སྤྱི་དོན་རྣམ་པ་གཉིས་ཏེ༔ གླེང་གཞི་དང་གདམས་པའོ༔ གླེང་གཞི་ལ་ཡང་གཉིས་ཏེ༔ ཐུན་མོང་དང༔ ཐུན་མོང་མ་ཡིན་པའོ༔ ཐུན་མོང་ནི་གཞན་དང་མཐུན་པས་འདིར་མི་སྟོན༔ དེ་ཡང་ཐལ་འགྱུར་ལས༔ ལུགས་ནི་གླེང་གཞི་རྣམ་པ་གཉིས༔ གཞན་ལས་ཁྱད་པར་འཕགས་དོན་དུ༔ ཐུན་མོང་མིན་པས་ཁྱད་པར་ཏེ༔ ཐེག་པ་ཀུན་ལས་འཕགས་པའི་རྟགས༔ ཐུན་མོང་གླེང་གཞི་འདི་ལ་ལྔ་ལས༔ གནས་ཕུན་སུམ་ཚོགས་པ༔ སྟོན་པ་ཕུན་སུམ་ཚོགས་པ༔ འཁོར་ཕུན་སུམ་ཚོགས་པ༔ བསྟན་པ་ཕུན་སུམ་ཚོགས་པ༔ དུས་ཕུན་སུམ་ཚོགས་པ་དང་ལྔའོ༔ དེ་ལ་ཡང་གསུམ་སྟེ༔ གཞི་འདུག་ཚུལ་གྱི་ཕུན་སུམ་ཚོགས་པ་ལྔ་དང༔ ལམ་ཉམས་སུ་བླངས་པའི་ཕུན་སུམ་ཚོགས་པ་ལྔ་དང༔ མཐར་ཐུག་འབྲས་(༢༣༤)བུའི་ཕུན་སུམ་ཚོགས་པ་དང་ལྔའོ༔ དང་པོ་གཞིའི་གནས་ནི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའོ༔ གཞིའི་སྟོན་པ་ནི་རང་བྱུང་གི་ཡེ་ཤེས་སོ༔ གཞིའི་འཁོར་ནི་སྐུ་དང་ཡེ་ཤེས་སོ༔ གཞིའི་བསྟན་པ་ནི་བདེ་ཆེན་འགགས་པ་མེད་པའོ༔ གཞིའི་དུས་ནི་ཐོག་མ་དང་ཐ་མ་མེད་པའོ༔ རིན་ཆེན་སྤུངས་པ་ལས༔ མེད་པའི་སྟོང་གནས་ཆོས་འབྱུང་ལས༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས༔ རིག་དང་ཡེ་ཤེས་ཁྱད་པར་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་ནི༔ ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོག་མ་བར་དང་མཐའ་མེད་པར༔ ཅེས་སོ༔ གནས་པ་ལུས་ཀྱི་ཕུན་སུམ་ཚོགས་པ་ལྔ་ནི༔ ལུས་ཀྱི་གནས་ནི་ཙིཏྟ་དང་དུང་ཁང་ངོ་༔ དེར་གནས་པའི་སྟོན་པ་ནི་ངོ་བོ་ཀ་དག་གོ༔ དེའི་འཁོར་ནི་ལྷུན་གྲུབ་རང་གསལ་ལོ༔ དེའི་བསྟན་པ་ནི་རྩ་རླུང་གི་ཐིག་ལེའི་ཡོན་ཏན་ནོ༔ དེའི་དུས་ལུས་ཀྱི་རྟེན་འབྲེལ་ཚང་བའོ༔

ཐལ་འགྱུར་ལས༔ འཁོར་དང་འདས་པའི་ཐོག་མར་ནི༔ རང་བྱུང་བྱས་པ་མེད་པ་ལས༔ འབྱུང་བ་འདུས་པའི་ཕུང་སོགས་ཤར༔ ས་ཆུ་མེ་རླུང་རིན་ཆེན་བཞི༔ འདུས་ཤིང་བསྐྱེད་པའི་གཞལ་མེད་ན༔ རང་བྱུང་རིག་པ་བཅོས་པ་མེད༔ འཁྲུལ་པ་ཡོངས་སུ་དག་པ་ལ༔ བདེ་ཆེན་འདུས་པའི་འཁོར་གྱིས་བསྐོར༔ སྐུ་དང་ཡེ་ཤེས་རྩ་རླུང་དང༔ མི་འབྱེད་སྣ་ཚོགས་དམིགས་པ་ཡི༔ རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས༔ སོ་སོའི་ཉམས་དང་མཐུན་པར་བཤད༔ འདས་དང་མ་འོངས་ད་ལྟར་མེད༔ མ་ཕྱེད་འབྱེད་པ་ཡོངས་སུ་མེད༔ ཐམས་ཅད་རང་བྱུང་ཡེ་ཤེས་སོ༔ ཞེས་སོ༔ ལམ་ཉམས་སུ་བླང་པའི་གནས་ནི༔ ཕྱིའི་དབྱིངས་དང་ནང་གི་དབྱིངས་སོ༔ ལམ་གྱི་སྟོན་པ་རྡོ་རྗེ་ལུ་གུ་རྒྱུད་དོ༔ དེའི་འཁོར་ནི་སྐུ་དང་ཐིག་ལེའོ༔ དེའི་བསྟན་པ་ནི་རང་རིག་མི་རྟོག་པའོ༔ དེའི་དུས་ལྟ་སྟངས་གཅིག་ལ་འཛོམ་པའོ༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཉིད་ཕྱི་དང་ནང་ཁྱད་ལས༔ རང་རིག་མངོན་འབྱུང་སྟོན་པས་ཏེ༔ སྐུ་དང་ཡེ་ཤེས་ཐིག་ལེ་རྣམས༔ མི་རྟོག་རྣམ་གྲངས་འཁོར་དུ་འབྱུང༔ གདམས་པ་ཉམས་ལེན་བསྟན་པའི་ཚུལ༔ དུས་ཉིད་གོམས་པས་དུས་ཀྱང་ཡིན༔ ཞེས་སོ༔ མཐར་ཐུག་འབྲས་བུའི་གནས་ནི༔ ཆོས་ཀྱི་དབྱིངས་སོ༔ དེའི་སྟོན་པ་ཐམས་(༢༣༥)ཅད་མཁྱེན་པའི་ཡེ་ཤེས་རང་རིག་པའོ༔ དེའི་འཁོར་ནི་སྐུ་དང་ཡེ་ཤེས་ལ་ལོངས་སྤྱོད་པའོ༔ དེའི་བསྟན་པ་ནི༔ ཟག་མེད་ཀྱི་བདེ་བའོ༔ དེའི་དུས་ནི་རྟོགས་པ་མངོན་དུ་གྱུར་པའོ༔ སྒྲོན་མ་འབར་བ་ལས༔ སྟོང་པ་ཉིད་ཀྱི་གཞི་ཚད་མེད་པ་གསལ་བའི་ད་ལ་ནས༔ མི་འབྱེད་ཆེན་པོའི་འདུག་སྟངས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་རྣམ་པ་ཆེན་པོར་རྣམ་པར་བཀོད་ཅིང༔ ཡེ་ནས་རང་གསལ་ཆེན་པོའི་སྤྱོད་པ་འགག་མེད་དུ༔ རང་ཤར་བའི་ཀློང་ནས༔ འགག་པ་མེད་པའི་རིག་པ་རང་ཤར་ནས༔ བརྗོད་དུ་མེད་པའི་དོན་འདི་གསུངས་སོ༔ ཞེས་སོ༔ དེས་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱི་དོན་དུ༔ ཁྱད་པར་གྱི་གླེང་གཞི་ཟུར་ཙམ་བསྟན་པའོ༔ ཐལ་འགྱུར་ལས༔ གཞན་ཡང་ཁྱད་པར་འཕགས་དོན་དུ༔ ཐུན་མོང་མིན་པས་ལུས་ལ་སྦྱར༔ བཅུད་རྣམས་སྙིང་པོར་བསྡུས་པའོ༔ ཞེས་སོ༔

ད་གདམས་པ་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ༔ གཞི་དང་ལམ་དང་འབྲས་བུའོ༔ དང་པོ་གཞི་གཏན་ལ་དབབ་པ་ལ་གཉིས་ཏེ༔ ཤེས་བྱའི་གཞི་དང་གནས་ལུགས་ཀྱི་གཞིའོ༔ ཤེས་བྱའི་གཞི་ལ་རྫོགས་པ་ཆེན་པོ་ལ་འདོད་གཞུང་མི་འདྲ་བ་བསམ་གྱིས་མི་ཁྱབ་ཀྱང་འདིར་མི་སྤྲོ༔ རང་གྲོལ་ལས༔ བཤད་པའི་དོན་ནི་དབྱིངས་སུ་སྡུད༔ བཤད་པའི་ལྟ་བ་ཐུག་པ་མེད༔ བཤད་པས་བསྒོམ་པ་མི་གནས་ཤིང༔ བཤད་པའི་རྟགས་ལ་དུས་མཚམས་མེད༔ དེས་ན་བཤད་པའི་རིམ་པ་རྣམས༔ ཀུན་ལ་ངེས་མེད་ཤེས་པར་བྱའོ༔ ཞེས་སོ༔

ད་གནས་ལུགས་ཀྱི་གཞི་ལ་གསུམ་སྟེ༔ ཐོག་མ་སྤྱིའི་གཞི་དང༔ དེ་ལས་མ་རིག་པའི་འཁྲུལ་གཞི་དང༔ དེ་ཉིད་རྟོགས་པའི་གྲོལ་གཞིའོ༔ ཐོག་མ་སྤྱིའི་གཞི་ལ་གཉིས་ཏེ༔ ཡེ་ཐོག་གཞིའི་གནས་ལུགས་དང༔ རང་རིག་པའི་གནས་ལུགས་གཉིས་སོ༔ ཡེ་ཐོག་གཞིའི་གནས་ལུགས་ནི་ཐོག་མའི་ཀ་དག་ཅེས་བྱ་སྟེ༔ སྒྲོན་མ་འབར་བ་ལས༔ ཐོག་མའི་ཀ་དག་ཆེན་པོ་ལས༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བར༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་སོ༔ ཅི་ལྟར་ཡིན་ན༔ ཡི་གེ་མེད་པ་ལས༔ རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་དཔྱད་པའི་ཡུལ་མེད་དོ༔ སྔར་འདས་པ་མེད་དོ༔ ཕྱིས་འབྱུང་བ་མེད་དོ༔ ད་ལྟར་གནས་པ་མེད་དོ༔ ལས་མེད་དོ༔ བག་(༢༣༦)ཆགས་མེད་དོ༔ མ་རིག་པ་མེད་དོ༔ སེམས་མེད་དོ༔ ཤེས་རབ་མེད་དོ༔ འཁོར་བ་མེད་དོ༔ མྱ་ངན་ལས་འདས་པ་མེད་དོ༔ རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ༔ ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ༔ དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་༔ ཞེས་པས་ཅིར་ཡང་མ་གྲུབ་པའི་ཀ་དག་སྟོང་པ་ཉིད་དེ་ཡང་བེམ་སྟོང་མ་ཡིན་ཏེ༔ མུ་ཏིག་འཕྲེང་བ་ལས༔ གནས་ལུགས་རྣམ་པ་མང་བཤད་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ཞེས་པས༔ གསུམ་གང་ཞེ་ན༔ ཉི་ཟླ་ཁ་སྦྱོར་ལས༔ གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས་དང༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང༔ ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ༔ ཞེས་སོ༔ ཡེ་ཤེས་དེ་དག་གི་མཚན་ཉིད་ནི༔ ཀློང་གསལ་ལས༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ མ་རིག་རྟོག་པ་ཀུན་དང་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ སྟོང་གསལ་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི༔ འགག་མེད་སྣང་སྟོང་གཉིས་སུ་གནས༔ ཞེས་པ་དང༔ ཐུགས་ཀྱི་མེ་ལོང་ལས༔ ཆོས་སྐུ་ཡེ་ཤེས་བསམ་འདས་བརྗོད་མེད་དང༔ ལོངས་སྐུ་ཡེ་ཤེས་ཁ་དོག་མ་འདྲེས་གསལ༔ སྤྲུལ་སྐུ་ཡེ་ཤེས་ཅིར་ཡང་བསྒྱུར་དུ་བཏུབ༔ ཅེས་སོ༔ དེ་ཡང་སོ་སོ་མ་ཡིན་ཏེ༔ ཡི་གེ་མེད་པ་ལས༔ ཨེ་མ་ཧོ༔ ང་ལ་སྣང་བ་དང་སྟོང་པ་དང་མ་སྤངས་པར་རྫོགས་སོ༔ ཞེས་སོ༔

དེ་ལྟར་གནས་པའི་ཡེ་ཤེས་གསུམ་པོ་དེའི་ངོ་བོ་ལ་འཁྲུལ་པ་མི་གནས་ཏེ༔ དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟར༔ ངོ་བོ་ལ་རིག་མ་རིག་དང་འཁྲུལ་མ་འཁྲུལ་ཙམ་དུ་གྲུབ་པ་མེད་དེ༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ ཞེས་སོ༔ ཡེ་ཤེས་གསུམ་པོ་དེའི་རང་བཞིན་གསལ་བར་བཞུགས་པས༔ ཕྱོགས་ལྷུང་དང་བྲལ་ཞིང་རིས་སུ་མ་ཆད་དེ༔ རྒྱུད་ལས༔ སྟོང་དང་གསལ་དང་མི་འགག་ཕྱིར༔ རྒྱ་ཆད་ཕྱོགས་ལྷུང་མེད་པའོ༔ ཞེས་སོ༔ ཡེ་ཤེས་གསུམ་པོ་དེའི་རང་བཞིན་ཐུགས་རྗེ་འགག་མེད་ཀུན་ཁྱབ་ཏུ་བཞུགས་པས་ཆོས་ཀུན་དང་མཐུན་ཅིང་དུ་མ་དང་ཆ་ཤས་དང་བྲལ་ཏེ༔ རྒྱུད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ སྟོང་གསལ་རིག་ཅིང་འགྱུར་བ་མེད༔ ཅེས་སོ༔ ཡང་ཡེ་ཤེས་གསུམ་པོ་འདིའི་(༢༣༧)ངོ་བོ་སྟོང་པར་འདུག་པས༔ རྟག་པའི་ལྟ་བར་མ་ལྷུང༔ རང་བཞིན་གསལ་བར་འདུག་པས་ཆད་པའི་ལྟ་བར་མ་ལྷུང༔ ཐུགས་རྗེས་ཀུན་ལ་ཁྱབ་པས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བའོ༔ རང་གྲོལ་ལས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་པ་དང༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས་ཞེས་སོ༔ དེ་ཡང་ངོ་བོ་སྟོང་པ་ཆོས་སྐུའི་རང་མདངས་འགག་མེད་ཡེ་ཤེས་ལྔ་ལྡན་དུ་གསལ་བ་ལ༔ ལྷུན་གྲུབ་ཅེས་ཟེར༔ དེ་གཉིས་ཀྱི་རང་རྩལ་ཅིར་ཡང་སྣང་བ་ལ་ཀུན་ཁྱབ་ཀྱི་ཐུགས་རྗེ་ཟེར༔ དེ་ཡང་ཆོས་སྐུའི་ངོ་བོ་སྟོང་པ༔ ལོངས་སྐུའི་ངོ་བོ་གསལ་བ༔ སྤྲུལ་སྐུའི་ངོ་བོ་ཐུགས་རྗེའོ༔ སྟོང་པའི་རིག་པ་གསལ་བར་གནས་པའོ༔ གསལ་བའི་རིག་པ་སྐུ་རུ་གནས་པའོ༔ སྐུའི་རིག་པ་སྣང་སྟོང་དུ་གནས་པའོ༔ ཡང་གཞིའི་རིག་པ་ཀ་དག་ཆེན་པོ་ཡིན༔ ལྷུན་གྲུབ་ཀྱི་རིག་པ་སྐུ་དང་ཡེ་ཤེས་ཡིན༔ ཐུགས་རྗེའི་རིག་པ་མ་འགགས་ལུ་གུ་རྒྱུད་དོ༔ དེ་ཡང་རང་གི་རིག་པ་སྟོང་པ་འདི་ཆོས་སྐུའི་ཡེ་ཤེས་ཡིན༔ རང་གི་རིག་པ་འོད་དང་སྐུ་རུ་གསལ་བ་ནི་ལོངས་སྐུའི་ཡེ་ཤེས་ཡིན༔ རང་གི་རིག་པ་འགག་མེད་ཤར་གྲོལ་འདི་སྤྲུལ་སྐུའི་ཡེ་ཤེས་ཡིན་ནོ༔ ཐལ་འགྱུར་ལས༔ ཡེ་ཤེས་རང་ངོར་གནས་པ་ལ༔ གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔ ཞེས་སོ༔ དེ་ཡང་སྟོང་པ་ཆོས་སྐུ༔ གསལ་བ་ལོངས་སྐུ༔ སྣང་བ་སྤྲུལ་སྐུའོ༔ དེ་གསུམ་ཡང་དབྱེར་མེད་དེ༔ ངོ་བོ་སྣང་སྟོང་དབྱེར་མེད༔ རང་བཞིན་གསལ་སྟོང་དབྱེར་མེད༔ ཐུགས་རྗེ་རིག་སྟོང་དབྱེར་མེད་དོ༔ ཡང་ངོ་བོ་རིག་སྟོང་དབྱེར་མེད༔ རང་བཞིན་སྣང་སྟོང་དབྱེར་མེད༔ ཐུགས་རྗེ་གསལ་སྟོང་དབྱེར་མེད་དོ༔ རྒྱུད་ལས༔ ཐོག་མ་ཐ་མ་བར་གསུམ་དུ༔ སྐུ་གསུམ་དབྱེ་བ་མེད་པ་རུ༔ སེམས་ཅན་ཀུན་གྱི་རྒྱུད་ལ་གནས༔ ཞེས་སོ༔ དེ་ཡང་ཡེ་ཤེས་གསུམ་གྱི་རང་རྩལ་ཚོགས་དྲུག་ཡུལ་སྣང་དུ་གང་ལྟར་ཤར་ཡང༔ ངོ་བོ་སྟོང་པ་ལས་མ་འདས་པས༔ མ་རིག་པ་དང་འཁྲུལ་པ་མེད་དེ༔ གང་ཟག་གིས་དེ་ལྟར་གོ་བས་ད་ལྟ་ཅི་བྱས་ཀྱང་འཁྲུལ་པ་མི་སྲིད་དོ༔ དེ་ཡང་ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ རང་བཞིན་རྟག་ཏུ་འགག་(༢༣༨)པ་མེད༔ ཐུགས་རྗེ་ཀུན་ལ་རང་སྣང་ཞིང༔ ཞེས་སོ༔ དོན་ལ་ཧྲིལ་གྱིས་བསྡུ་ན༔ སྙིང་གི་མེ་ལོང་ལས༔ གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག༔ དེ་ཡང་ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག༔ རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག༔ ཐུགས་རྗེའི་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཤེས་པར་གྱིས་ཤིག༔ ཅེས་སོ༔ དེ་ལྟ་བུའི་ཡེ་ཤེས་དེ་ཀུན་ཏུ་བཟང་པོ་དང་སེམས་ཅན་འཇག་མིག་གི་སྲིན་བུ་ཡན་ཆད་ལ༔ བཟང་ངན་དང་མཐོ་དམན་མེད་པར་ཁྱབ་སྟེ༔ ནོར་བུ་ཕྲ་བཀོད་ལས༔ ནམ་མཁས་གར་ཁྱབ་སེམས་ཅན་དེ༔ རིག་པའི་དོན་ཡང་དེ་ཙམ་མོ༔ ཞེས་པ་དང༔ མུ་ཏིག་འཕྲེང་བ་ལས༔ ཡོངས་ལ་ཁྱབ་པའི་སེམས་གཅིག་པོ༔ ཞེས་པ་དང༔ སྙིང་གི་མེ་ལོང་ལས༔ སྐུ་གཅིག་ཀུན་ལ་ཁྱབ་པ་དེ༔ བདེ་བར་གཤེགས་པའི་སྙིང་པོའི་སྐུ༔ ཞེས་པ་དང༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་སོ༔ དེས་ཐོག་མའི་སྤྱི་གཞིའི་གནས་ལུགས་བསྟན་པའོ༔

ད་དེ་ལས་མ་རིག་པའི་འཁྲུལ་གཞི་ཇི་ལྟར་བྱུང་བ་བསྟན་པ་ལ་གསུམ་སྟེ༔ མ་རིག་པའི་རྒྱུ་གསུམ༔ རྐྱེན་གསུམ༔ འབྲས་བུ་གསུམ་མོ༔ ཀློང་གསལ་ལས༔ དང་པོར་མ་རིག་དུག་ལས་བྱུང༔ ཞེས་པས༔ དེ་ལ་དང་པོ་མ་རིག་པའི་རྒྱུ་གསུམ་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ༔ ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་མ་བྱས་ཀྱང་འདི་གསུམ་རིག་པས་སངས་རྒྱས༔ ཁམས་གསུམ་གྱི་སེམས་ཅན་གྱིས་སྡིག་པ་སྤུ་ཙམ་མ་བྱས་ཀྱང་འདི་གསུམ་མ་རིག་པས་འཁོར་བར་འཁྱམས་ཏེ༔ ངོ་བོ་སྟོང་པར་མ་རིག༔ རང་བཞིན་གསལ་བར་མ་རིག༔ ཐུགས་རྗེ་སྣང་སྟོང་དུ་མ་རིག་པས་འཁོར་བར་འཁྱམས་པའོ༔ ཐལ་འགྱུར་ལས༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ ཞེས་སོ༔ འཁྲུལ་པའི་རྐྱེན་གསུམ་ནི༔ རྒྱུའི་རྐྱེན༔ དམིགས་པའི་རྐྱེན༔ དེར་འཛིན་པའི་རྐྱེན་དང་གསུམ་མོ༔ དེ་ཡང་གོང་གི་ཡེ་ཤེས་གསུམ་པོ་དེ་ལ་འཁྲུལ་པའི་རྒྱུ་མེད་ཀྱང༔ དེར་མ་རིག་པའི་རྐྱེན་གྱིས་འཁྲུལ་ཏེ༔ དཔེར་ན་ཉི་མ་ལ་མུན་པའི་གཞི་དང་རྒྱུ་མེད་ཀྱང༔ བར་དུ་ན་(༢༣༩)བུན་གྱིས་བསྒྲིབས་པ་དང་འདྲའོ༔ དེ་ལ་དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་ནི༔ ངོ་བོ་སྟོང་པའི་གསལ་ཆ་ཡེ་ཤེས་ཀྱི་རང་མདངས་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས༔ དེ་གསལ་སྟོང་དུ་མ་ཤེས་པར༔ དངོས་པོར་འདུག་སྙམ་པ་དེ༔ མ་རིག་པའི་རྒྱུ་རྐྱེན་ཞེས་བྱའོ༔ རྒྱུ་དེ་ལ་བདག་རྟོག་ཡུལ་ཅན་དུ་བཟུང་བས༔ དམིགས་པའི་རྐྱེན་ཞེས་བྱའོ༔ ཡུལ་དུ་སྣང་བ་དེ་ལ་ཨ་འཐས་སུ་བཟུང་བས༔ འབྱུང་བ་ལྔ་དངོས་སུ་གྲུབ་སྟེ༔ ལྷུན་གྲུབ་ཀྱི་རང་མདངས་ལྔ་ལས་འབྱུང་བ་ལྔ་རུ་གྲུབ་པའོ༔ དེ་ལས་ཡེ་ཤེས་ཀྱི་བྱིན་གྱིས་རླབས་ཀྱིས་མི་མཇེད་འཇིག་རྟེན་གྱི་ཁམས་ཆགས་སོ༔ ཕྱིའི་འབྱུང་བ་ལྔ་པོ་དེའི་དྭངས་མ་ལས༔ ནང་བཅུད་ཀྱི་སེམས་ཅན་རྣམས་ཆགས་སོ༔ ཆགས་ལུགས་ནི་ཌཱཀྐིའི་ཞལ་གདམས་ན་གསལ་ལོ༔

མདོར་ན་འཁྲུལ་པ་དེ་དག་ཀྱང་རྒྱུ་དང་གཞི་ལ་འཁྲུལ་པ་མེད་དེ༔ གཞིའི་གནས་ལུགས་རང་སྣང་དུ་མ་ཤེས་པས་འཁྲུལ་ཏེ༔ དཔེར་ན་རྒྱུ་ལ་མེད་བཞིན་དུ་སྣང་བར་འཛིན་པ༔ ཐག་པ་སྦྲུལ་དུ་འཁྲུལ་པའམ༔ དུང་ལ་སེར་པོར་སྣང་བ་ལྟ་བུར་གཞིའི་གནས་ལུགས་མ་ཤེས་ཏེ་རང་སྣང་ལ་ཨ་འཐས་སུ་འཁྲུལ་པའོ༔ མུ་ཏིག་ཕྲེང་བ་ལས༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་སོ༔ མ་རིག་པའི་འབྲས་བུ་གསུམ་ནི༔ འཁྲུལ་པས་ལུས་ཀྱི་གྲུབ་ཚུལ༔ ཡེ་ཤེས་གསུམ་གྱི་འཁྲུལ་ཚུལ༔ འཁྲུལ་པའི་འབྲས་བུ་བྱུང་ཚུལ་ལོ༔ འཁྲུལ་པ་ལུས་ཀྱི་གྲུབ་ཚུལ་ནི༔ མ་རིག་པའི་དབང་དེས༔ འབྱུང་བཞི་གདོས་བཅས་ཀྱི་ཕུང་པོ་དངོས་སུ་གྲུབ་སྟེ༔ དེ་ལ་ཉོན་མོངས་པའི་སྒོ་ཐད་སོར་གྲུབ་ནས༔ ལས་ངན་པ་ལ་སྤྱོད་པའོ༔ དེ་ལ་བརྟེན་པའི་ཡེ་ཤེས་གསུམ་པོ་འདི༔ ངོ་བོ་རྟོག་པར་འཁྲུལ༔ རང་བཞིན་སེམས་སུ་འཁྲུལ༔ ཐུགས་རྗེ་ཚོགས་དྲུག་ཏུ་འཁྲུལ་ཏེ༔ ཉོན་མོངས་པའི་ལས་མཐའ་དག་ཏུ་ཤར་བའོ༔ མ་རིག་པ་ཡོངས་སུ་རྫོགས་པའི་འབྲས་བུ་ནི༔ རང་ཤར་ལས༔ འདོད་དང་གཟུགས་དང་གཟུགས་མེད་ཀྱི༔ ཁམས་གསུམ་པོ་ནི་དེ་ལ་བརྟེན༔ ཡོད་མིན་མེད་མིན་ཅི་ཡང་མེད༔ རྣམ་ཤེས་ཅུང་ཟད་མེད་པ་ཡི༔ གཟུགས་མེད་རྣམས་ནི་དེ་ལས་སྐྱེས༔ གནས་གཙང་ལ་སོགས་གཟུགས་ཅན་ནི༔ གོང་ནས་གོང་དུ་ཐེགས་པའི་ཚུལ༔ འོག་མིན་(༢༤༠)ལ་སོགས་འདོད་པའོ༔ ལྷ་དང་ལྷ་མིན་མི་རྣམས་ནི༔ མངོན་མཐོ་དེ་ནས་གནས་གསུམ་ནི༔ བྱོལ་སོང་ཡི་དྭགས་དམྱལ་བ་དང༔ སེམས་ཅན་དེ་དག་སྐྱེ་བ་བཞི༔ དེ་ལྟར་འཇིག་རྟེན་གསུམ་པོ་ཉིད༔ ཕུང་པོ་ལྔ་དང་དབང་པོ་ལྔ༔ ཡན་ལག་ལྔ་དང་དོན་སྙིང་ལྔ༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཅེས་སོ༔ དེ་ལྟར་འཁྲུལ་པའི་འགྲོ་བ་དེ་དག་གི༔ འཁྲུལ་པའི་རྒྱུ་རྐྱེན་འབྲས་བུ་གཅིག་ཀྱང༔ གཟུགས་དང་སྣང་གཞི་ཐ་དད་དེ༔ ཐལ་འགྱུར་ལས༔ ཕུང་པོ་ལྔ་རྣམས་ཁམས་རྣམས་དང༔ སྐྱེ་མཆེད་ལས་ཀྱིས་ཚོགས་པ་འདུས༔ ཉོན་མོངས་འདུས་པ་དཔག་མེད་ལས༔ འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད༔ རྟེན་འབྲེལ་ཚོགས་པ་དུ་མ་ལས༔ མི་མཐུན་གཟུགས་ཀྱི་བྱེ་བྲག་གོ༔ ཞེས་སོ༔ འཁྲུལ་པའི་འབྲས་བུ་དེའི་རྣམ་སྨིན་ནི༔ མུ་ཏིག་ཕྲེང་བ་ལས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ལ༔ གཟུང་འཛིན་དག་གིས་བཟུང་ནས་ནི༔ འཁོར་བ་ཉིད་ལ་ཡུན་རིང་གནས༔ ཁམས་གསུམ་པོ་ཡི་ཁང་པ་རུ༔ མིང་དང་གཟུགས་ཀྱི་བཙོན་རར་ཚུད༔ མ་རིག་ལ་སོགས་ལྕགས་ཀྱུས་བསྡམས༔ འཁོར་བའི་མུན་ནག་འཐུག་པོས་གཡོགས༔ འདོད་ཆགས་ཚ་བའི་རོ་ལ་ཆགས༔ གཏི་མུག་ཆགས་པས་དམ་དུ་བཅིངས༔ ཞེ་སྡང་མེ་ཡི་ཚད་པས་གདུངས༔ ང་རྒྱལ་དབང་གིས་མགོ་བསྟུམས་ཏེ༔ ཕྲག་དོག་ཉིད་ཀྱི་སྒོ་མོ་འཁྲིགས༔ ཁོང་ཁྲོ་ལ་སོགས་དམག་གིས་བསྐོར༔ གཟུང་འཛིན་ཞགས་པས་སྐེ་ནས་བསྡམས༔ སྔ་ཕྱིའི་བག་ཆགས་འདམ་དུ་བྱིང༔ རྣམ་སྨིན་ཉིད་དང་ལག་སྦྲེལ་ཏེ༔ ལས་ཀྱི་མ་བུ་མཚམས་སྦྱར་ནས༔ གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན༔ བཟང་ངན་རིམ་པར་ལུས་བླངས་ཏེ༔ སོ་སོའི་གཟུགས་སུ་སྐྱེ་བར་བྱེད༔ ངར་འཛིན་རབ་ལ་འབོག་ནས་ནི༔ སྡུག་བསྔལ་རྒྱ་མཚོའི་གཏིང་དུ་བྱིང༔ ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང༔ རང་གིས་རང་བཅིངས་ཉོན་མོངས་དགྲ༔ དམྱལ་བ་ལ་སོགས་མེ་ཆུར་སྣང༔ ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ༔ བྱོལ་སོང་རྣམས་ལ་ན་བུན་ལྟར༔ མི་རྣམས་ཕུང་པོ་ཁམས་དང་ནི༔ སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང༔ དེ་ཡང་བདེ་སྡུག་བཏང་སྙོམས་པས༔ ལྷ་མིན་རྣམས་ལ་གོ་མཚོན་ཏེ༔ ལྷ་རྣམས་འདོད་པའི་ཡོན་ཏན་ནོ༔ (༢༤༡)དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆགས་འཁོར་ལ་ཡུན་རིང་གནས༔ དེ་ལྟར་སྣང་བ་སྣ་ཚོགས་རྣམས༔ ཐག་པ་ལ་ནི་སྦྲུལ་མཐོང་བཞིན༔ དེ་མ་ཡིན་ལ་དེར་བཟུང་བས༔ ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས༔ དེ་ཡང་བརྟགས་ན་ཐག་པ་ཉིད༔ སྣོད་བཅུད་ཡེ་ནས་སྟོང་པ་ཉིད༔ དོན་དམ་ཀུན་རྫོབ་གཟུགས་ཅན་ནོ༔ ཞེས་སོ༔ དེས་མ་རིག་པའི་འཁྲུལ་གཞི་ཅི་ལྟར་བྱུང་བ་བསྟན་པའོ༔

ད་ནི་འཁྲུལ་པ་ལས་གྲུབ་པའི་ལུས་འདི་ལ༔ གྲོལ་གཞིའི་ས་བོན་ཇི་ལྟར་གནས་པ་བསྟན་པ་ནི་གསུམ་སྟེ༔ ལུས་འདི་ཡེ་ནས་སངས་རྒྱས་སུ་བསྟན་པ་དང༔ སེམས་འདི་ཡེ་ནས་སངས་རྒྱས་སུ་བསྟན་པ་དང༔ ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་ལ་ཚང་བར་བསྟན་པའོ༔ དང་པོ་ལུས་ཡེ་ནས་སངས་རྒྱས་སུ་བསྟན་པ་ནི༔ ཀློང་གསལ་ལས༔ ཐོག་མའི་རིག་རྩལ་ཡེ་ཤེས་ལྔ༔ མ་རིག་འཁྲུལ་པས་འབྱུང་བར་གྲུབ༔ དེས་ན་ལུས་འདི་སངས་རྒྱས་དངོས༔ ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད༔ ལུས་ཅན་ཀུན་ལ་བཟང་ངན་མེད༔ བདེ་གཤེགས་ངོ་བོ་འགྲོ་ཀུན་ལ༔ ཏིལ་ལ་མར་གྱིས་ཁྱབ་བཞིན་གནས༔ མ་རིག་གྲོལ་ཚེ་འབྱུང་བའི་ལུས༔ ལྷག་མེད་ཡེ་ཤེས་ངང་དུ་ཟློག༔ ཅེས་པས༔ ཐོག་མར་ཡེ་ཤེས་ལྔའི་རང་མདངས་ལ་རྟག་པར་ལྟ་བཞིན་ཨ་འཐས་པས༔ འབྱུང་བ་འདུས་པའི་ཕུང་པོ་སྒྱུ་མ་ལྟ་བུའི་ལུས་སུ་གྲུབ་པ་འདི༔ དང་པོར་ཡེ་ཤེས་ལས་གྲུབ་པས་ད་ལྟ་སངས་རྒྱས་དངོས་ཡིན་ཏེ༔ རང་ཤར་ལས༔ འགྲོ་བའི་ཕུང་པོ་སངས་རྒྱས་སྐུ༔ ཞེས་སོ༔ རྩལ་རྫོགས་ལས༔ ཕུང་པོ་ལྔ་ལས་སངས་རྒྱས་ལྔ༔ འབྱུང་བ་ལྔ་ལས་ཡུམ་ལྔར་རྟོགས༔ ཉོན་མོངས་ལྔ་ལས་ཡེ་ཤེས་ལྔ༔ ཡུལ་ལྔ་ལས་ནི་འོད་ལྔའི་སྐུ༔ སྲིད་པ་གསུམ་ཉིད་སངས་རྒྱས་ཞིང༔ གཉིས་མེད་ལྟ་བའི་རང་ལུས་ཡིན༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རིགས་དང་རིགས་ཀྱི་བདག་པོར་གྲོལ༔ ཞེས་པ་དང༔ ཀློང་གསལ་ལས༔ སེམས་ཅན་ཀུན་རིག་དྲི་མ་མེད༔ ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ༔ རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས༔ སྲིད་གསུམ་ད་ལ་རང་ལུས་རྫོགས༔ ཞེས་པ་དང༔ (༢༤༢)ཐལ་འགྱུར་ལས༔ གཞན་ཡང་ཁམས་གསུམ་སེམས་ཅན་ཀུན༔ ལུས་ངག་ཡིད་ལས་མ་འདས་པས༔ སྐུ་གསུམ་གཞན་ནས་བཙལ་མི་དགོས༔ ཞེས་པ་དང༔ ཀློང་དྲུག་པ་ལས༔ སངས་རྒྱས་ཆོས་དང་དགེ་འདུན་ནི༔ ཡེ་རྫོགས་རང་གི་ལུས་ལ་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ མངལ་ཞུགས་འབྱུང་བ་ལྔ་ལྡན་ཏེ༔ ཟླ་བ་བཅུ་ནི་ས་བཅུའི་ཚུལ༔ སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ༔ ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ༔ ཞེས་སོ༔ དེ་ལྟར་ཡིན་པར་ཅིས་ཞེ་ན༔ དང་པོར་ཡང་ལུས་ཡེ་ཤེས་ལས་གྲུབ་པས༔ ད་ལྟ་ཡང་སངས་རྒྱས་ཀྱི་བདག་ཉིད་དུ་གནས༔ ཐ་མ་ཡང༔ ཡེ་ཤེས་སུ་གྲོལ་བས༔ ལྷག་མེད་དུ་བྷུདྡྷ་ཐོབ་བོ༔ ད་སེམས་ཡེ་ནས་སངས་རྒྱས་སུ་བསྟན་པ་ནི༔ རྒྱུད་ལས༔ སེམས་ཅན་རང་རྒྱུད་རྟོག་ཚོགས་ནི༔ བཞི་བཅུ་ཞེ་གཉིས་སངས་རྒྱས་ཏེ༔ ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ༔ དུག་ལྔ་སེར་སྣ་ཐུབ་པ་དྲུག༔ ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད༔ སྒོ་བཞི་སྒོ་བ་ཡབ་ཡུམ་བཞི༔ གཡས་གཡོན་ཉི་མ་ཟླ་བའོ༔ ཞེས་སོ༔ དེ་ལྟར་རིག་པའི་རང་རྩལ་སྐུ་དང་ཡེ་ཤེས་ལ་སོགས་པའི་ལྔ་ཚན་ཐམས་ཅད་རིག་པའི་ངོ་བོ་ལ་ལྷུན་གྲུབ་ཏུ་ཚང་བར་བསྟན་པ་ནི༔ ཀློང་གསལ་ལས༔ རང་བྱུང་རིག་པའི་རང་རྩལ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ རིགས་ལྔ་འོད་ལྔ་རླུང་ལྔ་ནི༔ ཤེས་རབ་ལྔ་ལ་སོགས་པར་གནས༔ ཞེས་པས༔ རིག་པའི་ཡེ་ཤེས་སྐུ་ལྔར་གནས་པ་ནི༔ ཡང་སྔ་མ་ལས༔ རང་གི་རིག་རྩལ་སྐུ་ལྔར་ཤར༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ སྣང་མཐའ་དོན་ཡོད་གྲུབ་པར་ཤར༔ ཞེས་སོ༔ རང་གི་རིག་པ་ཉིད་ཡེ་ཤེས་ལྔ་ལྟར་ཡང་ཤར་ཏེ༔ ཐལ་འགྱུར་ལས༔ མེ་ལོང་མཉམ་ཉིད་སོ་སོར་རྟོགས༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ༔ ཞེས་སོ༔ ཡང་རང་གི་རིག་པ་རིགས་ལྔ་ལྟར་ཡང་ཤར་ཏེ༔ རང་ཤར་ལས༔ དེ་བཞིན་གཤེགས་པའི་རིགས་དང་ནི༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ ཞེས་སོ༔ ཡང་རང་གི་རིག་པ་ཉིད་འོད་ལྔ་ལྟར་ཡང་འབྱུང་སྟེ༔ ཀློང་གསལ་ལས༔ རིག་པའི་ཡོན་ཏན་འོད་ལྔར་གསལ༔ ཞེས་སོ༔ ཡང་རང་གི་རིག་པ་(༢༤༣)ཉིད་རླུང་ལྔ་ལྟར་འབྱུང་སྟེ༔ རང་ཤར་ལས༔ རིག་པ་རླུང་ལྔའི་རང་བཞིན་དུ༔ སེམས་ཅན་ཀུན་ལ་གནས་པའོ༔ ཞེས་སོ༔ ཡང་རང་གི་རིག་པ་ཤེས་རབ་ལྔ་ལྟར་ཡང་འབྱུང་སྟེ༔ སྔ་མ་ལས༔ དེ་ཡང་རིག་པའི་ངོ་བོ་ལས༔ ཤེས་རབ་རྣམ་པ་ལྔ་དང་ལྡན༔ ཞེས་སོ༔ ཡང་རིག་པའི་ཡེ་ཤེས་གསུམ་ཚན་དུ་གནས་པར་གསུངས་ཏེ༔ ཀློང་གསལ་ལས༔ རིག་པའི་རྩལ་ལས་ཡེ་ཤེས་གསུམ༔ ངོ་བོ་སྟོང་པའི་ཡེ་ཤེས་དང༔ རང་བཞིན་གསལ་བའི་ཡེ་ཤེས༔ ཐུགས་རྗེས་ཀུན་ཁྱབ་ཀྱི་ཡེ་ཤེས་སོ༔ ཞེས་སོ༔ ཡང་རིག་པའི་ངོ་བོ་སྐུ་གསུམ་དུ་ཤར་བ་ནི༔ རང་ཤར་ལས༔ རིག་པ་རྟོག་པ་མེད་པ་ཆོས་སྐུ་ཡིན༔ རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན༔ རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན༔ ཞེས་སོ༔ ཡང་རིག་པ་འོད་གསུམ་ལྟར་ཡང་ཤར་ཏེ༔ ཀློང་གསལ་ལས༔ དམིགས་སུ་མེད་པ་ཆོས་སྐུའི་འོད༔ མ་འགགས་གསལ་བ་ལོངས་སྐུའི་འོད༔ སྣང་བ་སྣ་ཚོགས་སྤྲུལ་སྐུའི་འོད༔ ཅེས་སོ༔ དེ་ཡང་སྐུ་དང་ཡེ་ཤེས་འོད་གསུམ་དབྱེར་མེད་གསུམ་བརྩེགས་སུ་གནས་ཏེ༔ རྩལ་རྫོགས་ལས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་པོ་ཡེ་ཤེས་སུམ་བརྩེགས་ཏེ༔ ཞེས་སོ༔ མདོར་ན་དེ་དག་ཐམས་ཅད་རང་གི་ལུས་སེམས་ལས་ལོགས་ན་མེད་པས༔ རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ༔ མུ་ཏིག་ཕྲེང་བ་ལས༔ འདས་པ་དཀར་བའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ཐམས་ཅད་རྫོགས༔ ཞེས་སོ༔ ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ༔

ད་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་སེམས་ལ་ཚང་བར་བསྟན་པ་ནི༔ རིག་པའི་རང་རྩལ་མི་དྲན་དགུ་དྲན་འདི་ལ་སེམས་ཞེས་བྱ་སྟེ༔ རགས་པ་དང༔ ཕྲ་བ་དང༔ ལུང་དུ་མ་བསྟན་པ་ལ་སོགས་པ་རྟོག་པ་ཕྲ་མོ་ཐམས་ཅད༔ རང་སྣང་རིག་པའི་འཆར་ཚུལ་དུ་མ་འདུས་པ་མེད༔ དེ་ཡང་ངོ་བོ་རིག་སྟོང་ཝལ་པོ་རྗེས་མེད༔ རང་ཤར་རང་གྲོལ་ངོ་བོ་སྟོང་གསལ་ལས་མ་འདས་ཏེ༔ ཀློང་གསལ་ལས༔ སེམས་ནི་དྲན་ཙམ་རིག་པའི་རྩལ༔ སྣང་ཤེས་དག་ཏུ་གྱུར་ཚད་ཀུན༔ རིག་པ་ཉིད་ལས་ལོགས་པ་མེད༔ ཅེས་སོ༔ མདོར་བསྡུ་ན༔ ལུས་སུ་གྱུར་ཚད་ལ་(༢༤༤)སངས་རྒྱས་ཀྱི་གཞིའམ་ས་བོན་ལྷུན་གྲུབ་ཏུ་གནས་ཏེ༔ རང་ཤར་ལས༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཞེས་པ་དང༔ ནོར་བུ་ཕྲ་བཀོད་ལས༔ ཏིལ་འབྲུའམ་ནི་ཡུངས་འབྲུ་ལ༔ མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན༔ སེམས་ཅན་ལུས་ལྟར་སྣང་བ་ལ༔ དེ་བཞིན་གཤེགས་པའི་ས་བོན་ནི༔ མཐུན་པའི་འོད་དང་བཅས་པར་སྣང༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ འདས་པ་དཀར་བའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ཐམས་ཅད་རྫོགས༔ ཞེས་པ་ལ་སོགས་པ་གསུངས་པས༔ དེས་འཁྲུལ་པའི་ལུས་འདི་ལ་གྲོལ་བའི་གཞིའམ༔ བུདྡྷའི་ས་བོན་ཇི་ལྟར་གནས་པ་ལྟར་བསྟན་པའོ༔ དེ་ལྟར་རིག་པའི་ཡེ་ཤེས་དེས་ལུས་ཐམས་ཅད་ལ་ཁྱབ་ཀྱང༔ ཁྱད་པར་དུ་གནས་དངོས་གང་ན་གནས་བསྟན་པ་དང༔ རིག་པའི་གནས་ལུགས་ཇི་ལྟར་གནས་བསྟན་པ་དང༔ གནས་པའི་དཔེ་བསྟན་པའོ༔ དང་པོ་གནས་དངོས་བསྟན་པ་ནི༔ ཀློང་གསལ་ལས༔ སྙིང་དང་རྩ་དང་དུང་ཁང་དང༔ མིག་དང་བཞི་ཡི་གཞལ་ཡས་ན༔ ཡེ་ཤེས་ཆེན་པོ་དེ་ན་གནས༔ ཞེས་པ་དང༔ ཐལ་འགྱུར་ལས༔ སྤྱི་དང་ཙིཏྟ་རྩ་ནང་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་ཁང༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང༔ དུང་ཁང་བྷནྡྷའི་གཞལ་ཡས་དང༔ ལྟ་བྱེད་མིག་གི་གཞལ་ཡས་སོ༔ གཞལ་ཡས་ཆེན་པོ་དེ་བཞི་ན༔ གསང་སྔགས་ཀུན་གྱི་གསང་ཆེན་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ སེམས་ཅན་ཀུན་གྱི་ལུས་ཀྱི་ནང༔ ཙིཏྟ་དུང་ཁང་རྩ་ནང་སྒོ༔ དེ་ནི་རིག་པའི་གནས་ཡིན་ནོ༔ ཞེས་པ་དང༔ ཙིཏྟ་སྙིང་གི་གཞལ་ཡས་དང༔ ཀླད་པ་དུང་ཁང་གི་གཞལ་ཡས་དང༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང༔ ལྟ་བྱེད་དབང་པོའི་གཞལ་ཡས་དང་བཞི་པོ་འདི༔ རིག་པ་ཡེ་ཤེས་དངོས་གནས་པའི་གནས་ཡིན་ཏེ༔ རྒྱུད་ལས་བཤད་པའོ༔

ད་རིག་པ་ཉིད་ཀྱི་གནས་ལུགས་ཇི་ལྟར་གནས་པ་བསྟན་པ་ནི༔ ཀློང་གསལ་ལས༔ རིན་ཆེན་ལུས་ཀྱི་གནས་དེ་ན༔ ངོ་བོ་སྟོང་གསལ་སྐུ་རུ་གནས༔ རང་བཞིན་(༢༤༥)གསལ་སྟོང་ཏི་ལ་འོད༔ ཐུགས་རྗེས་སྣང་སྟོང་སྒྲོན་མར་གནས༔ ཞེས་པས༔ ཕྱི་ལྟར་ན་རིག་པའི་ངོ་བོ་སྐུ་རུ་གནས་ཏེ༔ སྙིང་གི་ནང་ན་ཞི་བའི་ལྷ་ཚོགས༔ བུདྡྷ་བཞི་བཅུ་རྩ་གཉིས༔ དེའི་རྩ་ལ་ཀླད་པ་དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་གནས་ཏེ༔ ཀློང་གསལ་ལས༔ རང་རིག་ངོ་བོ་སྐུར་གནས་ཏེ༔ གསལ་ལ་རང་བཞིན་མ་གྲུབ་པ༔ སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ༔ དུང་ཁང་ཁྲོ་བོའི་ཚུལ་དུ་གནས༔ ཞེས་པ་དང༔ ཐལ་འགྱུར་ལས༔ ཙིཏྟའི་ནང་ན་སྐུར་གནས་ཏེ༔ མདངས་ཀྱི་སྐུ་ནི་རྣམ་པ་ལྔས༔ སོ་སོའི་རིགས་ཀྱི་མཚན་ཉིད་འཛིན༔ ཅེས་པ་དང༔ རྩལ་རྫོགས་ལས༔ གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད༔ རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ༔ དོན་འཁྱིལ་བྷནྡྷའི་གཞལ་ཡས་ཁང༔ རིག་པའི་ཡེ་ཤེས་ཁྲོ་བོའི་སྐུ་རུ་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ ཨེ་མ་རིག་པའི་གནས་ལུགས་ནི༔ རང་རང་ཙིཏྟའི་དཀྱིལ་ན་གནས༔ ཡབ་དང་ཡུམ་གྱི་ཚུལ་དུ་གནས༔ ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ༔ ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ༔ འོད་དང་འོད་ཟེར་ཚུལ་དུ་གནས༔ དབྱིངས་དང་རིག་པས་རབ་བརྒྱན་ཏེ༔ ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས༔ དེ་ནི་ཞི་བའི་བཞུགས་ཚུལ་ལོ༔ རང་རང་མགོ་ལ་ཁྲོ་བོར་གནས༔ ཡབ་དང་ཡུམ་དང་མངོན་པར་སྣང༔ ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང༔ ཡེ་ཤེས་ལྔ་ལྔ་དག་དང་ལྡན༔ སྐུ་ཡི་ཡེ་ཤེས་རེ་རེ་ལ༔ དབུ་ཡི་ཡེ་ཤེས་ལྔ་ལྔའོ༔ ཞེས་སོ༔ དེ་དག་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས༔ སྙིང་དགོངས་ཀྱི་རྒྱུད་ན་གསལ་ལོ༔ ནང་ལྟར་ན་འཁོར་ལོ་ལྔ་ན༔ ཌཱཀྐི་ཡབ་ཡུམ་ལྟར་གནས་ཏེ༔ ཀློང་གསལ་ལས༔ ལུས་ལ་གནས་པའི་རིག་པ་ཡང༔ ཕྱི་ལྟར་ཞི་ཁྲོའི་རང་བཞིན་ལ༔ ནང་ལྟར་ཌཱཀྐི་ཡབ་ཡུམ་མོ༔ ཞེས་སོ༔ ཇི་ལྟར་གནས་པ་ནི༔ མངོན་རྟོགས་ན་གསལ་ལོ༔ གསང་བ་ལྟར་ན་ཡི་གེ་ལྟར་གནས་ཏེ༔ ཡང་དེ་ཉིད་ལས༔ སྒྱུ་མ་ལུས་ཀྱི་རྩ་ནང་ན༔ རིག་པའི་ངོ་བོ་ཡི་གེར་གྲུབ༔ ཅེས་སོ༔ ཇི་ལྟར་གྲུབ་པ་ནི་ཌཱཀྐིའི་མངོན་རྟོགས་ན་གསལ་ལོ༔ ཡང་གསང་ལྟར་ན་ཐིག་ལེ་ཉག་གཅིག་ཏུ་གནས་ཏེ༔ ཡང་སྔ་མ་ལས༔ ཐམས་ཅད་རང་བྱུང་ཀ་དག་ཉིད༔ ཅེས་སོ༔ (༢༤༦)ད་རང་བཞིན་འོད་དང་ཐིག་ལེར་གསལ་བ་ནི༔ དེ་ཡང་རྩ་ཁྲག་དང་ཆུ་སེར་མེད་པ༔ འཁོར་ལོ་ལྔ་དང་སྙིང་དང་བྷན་དྷ་དབང་པོའི་སྒོར་འབྲེལ་བའི་ནང་ན༔ གོང་གི་རིག་པའི་རང་མདངས་འོད་དང་ཐིག་ལེ༔ རྒྱུ་སྐར་གྱི་ཉི་ཞུར་ལྟར་གནས་ཏེ༔ རྩལ་རྫོགས་ལས༔ སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད༔ རིག་པའི་ཡེ་ཤེས་ཐིག་ལེར་གནས༔ ཞེས་པ་དང༔ ཕྲ་བཀོད་ལས༔ རྩ་རྣམས་ནང་ན་ཐིག་ལེའི་སྐུ་ལྟར་གནས༔ ཆེ་བ་ནམ་མཁའི་མཐའ་དང་མཉམ༔ ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ༔ གསལ་བའི་ཚད་ནི་ཉི་ཟླའི་ད་ལ་འདྲ༔ དེ་ཡང་གསལ་འཚེར་གཟི་བརྗིད་ལྡན༔ འགྲོ་དང་འོང་དང་གནས་པའོ༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་པའི་སྐུ་ཡི་རང་མདངས་ནི༔ རྩ་ཡི་ནང་ན་ཐིག་ལེ་དང༔ འོད་ཟེར་ལྟ་བུར་གནས་པའོ༔ ཞེས་སོ༔ ཐུགས་རྗེའི་སྒྲོན་མར་གནས་པ་ནི༔ གོང་གི་རིག་པ་སྐུའི་རང་མདངས༔ འོད་དང་ཐིག་ལེ་རྩའི་ནང་ན་ཡང་དག་གསལ་བ་སྟེ༔ ལྟ་བྱེད་མིག་གི་ཡུལ་དུ་སྒྲོན་མར་གནས་པ་དེ༔ རྩལ་རྫོགས་ལས༔ འགག་མེད་གསལ་བའི་སྒོ་གཉིས་མཛོད༔ དབྱིངས་དང་ལུ་གུ་རྒྱུད་དུ་གནས༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་པ་སྐུ་ཡི་རང་མདངས་འོད༔ རྩ་ཡི་ནང་ན་ཉི་ཟེར་བཞིན༔ དབང་པོའི་སྒོ་ལ་ངེས་ཐོན་ཏེ༔ ཐུགས་རྗེའི་སྒྲོན་མ་ནམ་མཁའི་མཐོངས་སུ་གསལ༔ ཞེས་སོ༔ ཇི་ལྟར་གསལ་བ་ནི༔ རིག་པ་རང་ཤར་ལས༔ སྒྲོན་མ་རྣམ་བཞི་འདི་ལྟ་སྟེ༔ ཐིག་ལེ་སྟོང་པའི་སྒྲོན་མ་དང༔ རིག་པ་དབྱིངས་ཀྱི་སྒྲོན་མ་དང༔ ཤེས་རབ་རང་བྱུང་སྒྲོན་མ་དང༔ རྒྱངས་ཞགས་ཆུའི་སྒྲོན་མ་ནི༔ སེམས་ཅན་ཀུན་ལ་གནས་པའོ༔ ཞེས་སོ༔

ད་གོང་གི་དེ་རྣམས་ཇི་ལྟར་གནས་པའི་དཔེ་བསྟན་པ་ནི༔ ངོ་བོ་སྐུ་རུ་གནས་པའི་དཔེ༔ དཔེར་ན་བུམ་པའི་སྐུ་ལྟར་གནས་པའོ༔ རང་བཞིན་འོད་དུ་གནས་པའི་དཔེ༔ བུམ་ནང་མར་མེ་ལྟར་གནས་པའོ༔ ཐུགས་རྗེ་སྒྲོན་མར་གསལ་བའི་དཔེ་མེ་ལོང་ལྟར་གནས་པའོ༔ ཀློང་གསལ་ལས༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཐུགས་རྗེ་མེ་ལོང་ངོས་ལྟར་གསལ༔ ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས༔ ཡོན་ཏན་དང་ནི་ཕྲིན་ལས་སོགས༔ སྐུ་ནི་སྣང་ལ་རང་བཞིན་མེད༔ ཅེས་སོ༔ དེས་འབྱུང་བཞི་ལུས་ཀྱི་དཀྱིལ་འཁོར་ལ༔ ཡེ་ཤེས་ཇི་ལྟར་གནས་པ་བསྟན་པའོ༔ ད་ཉམས་སུ་བླང་བའི་རིམ་པ་བསྟན་པ་ནི་གསུམ་སྟེ༔ ཡེ་ཤེས་འཆར་བའི་ལམ་བསྟན་པ་དང༔ འཆར་བྱེད་ཀྱི་ཡུལ་བསྟན་པ་དང༔ ཤར་བ་དེ་ལ་ཉམས་སུ་ཇི་ལྟར་བླང་བ་བསྟན་པའོ༔ དང་པོ་རིག་པའི་ཡེ་ཤེས་འཆར་བའི་རྩ་ནི་ལམ་ཡིན་ཏེ༔ དེ་ལ་རྩའི་དབང་དུ་བྱས་ན༔ ལུས་ལ་བ་སྤུའི་གྲངས་དང་མཉམ་པར་གནས༔ གྲངས་ཅན་གྱི་རྩ་ནི་མངོན་རྟོགས་ལྟར་ཤེས་པར་བྱའོ༔ དེ་ལས་རྩའི་གཙོ་བོ་བཞི་ནི༔ ཐལ་འགྱུར་ལས༔ རོ་མ་རྐྱང་མ་ཀུན་དྷར་མ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་སོ༔ དེ་ལས་སྙིང་པོར་གྱུར་བའི་རྩ་གསུམ་ནི༔ ཀློང་གསལ་ལས༔ འཁོར་ལོ་ལྔ་ཡི་དབུས་དག་ན༔ རོ་མ་རྐྱང་མ་ཀུན་དྷར་མ༔ དབང་པོའི་སྒོ་ལ་ཟུག་པར་གནས༔ ཞེས་སོ༔ དེ་ཡང་རྩ་གསུམ་པོ་གསང་གནས་ནས་ལྟེ་བར་འབྲེལ༔ ལྟེ་བ་ནས་སྙིང་ཁར་འབྲེལ༔ སྙིང་ཁ་ནས་མགྲིན་པར་འབྲེལ༔ མགྲིན་པ་ནས་རྩ་ཡི་གཙོ་བོ་སྲོག་ཤིང་གི་ཚུལ་དུ་ཚངས་བུག་ཏུ་འབྲེལ༔ རྩའི་འཁོར་ལོ་གཉིས་ལས་ཡལ་ག་བདུན་དུ་གྱེས་ནས༔ རྩ་གཉིས་རྣ་བ་གཉིས་ལ་ཟུག༔ རྩ་གཉིས་སྣ་གཉིས་ལ་ཟུག༔ རྩ་གཉིས་མིག་གཉིས་ལ་ཟུག༔ རྩ་གཅིག་ལྕེ་ལ་ཟུག་པའོ༔ མར་གྱི་རྩ་གསུམ་ནི་མཚན་མ་དང་གཤང་ལམ་ལ་ཟུག་པའོ༔ རྩ་བྲན་ཐམས་ཅད་ལུས་སྤྱི་ལ་ཁྱབ་པར་གནས་ཡོད་དོ༔ རྩ་དེ་གསུམ་དབུས་མ་ན་དོན་དམ་པའི་ཐིག་ལེ་རྒྱུའོ༔ རྩ་རླུང་ཐིག་ལེ་གསུམ་པོ་དེས༔ གཟུགས་དང༔ སྒྲ་དང༔ དྲི་དང༔ རོ་དང༔ རེག་བྱ་དང༔ བདེ་བ་དང༔ སྡུག་བསྔལ་དང༔ བཏང་སྙོམས་དང་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ལམ་བྱེད་དོ༔ དེ་ལས་ཀྱང་ཁྱད་པར་དུ་ཡེ་ཤེས་འཆར་བའི་ལམ་ནི༔ རྩ་དར་དཀར་གྱི་སྐུད་པ་ཙམ་ལ་ཁྲག་དང་ཆུ་སེར་མེད་པ་སྟེ༔ མགྲིན་པའི་དྲ་བ་ལ་ཐོན་ནས༔ ཀླད་པའི་ནང་ནས་ཚུར་བྱུང་སྟེ༔ རྩ་དེ་ཡང་རྩ་བ་ཕྲ་ལ་རྩེ་མོ་ཆེ་བ༔ བ་མེན་གྱི་རྭ་ལྟ་བུ་གཉིས་མིག་གཉིས་ལ་ཟུག་པའོ༔ དེ་ལ་ཡེ་ཤེས་ཀྱི་སྣང་བ་རྒྱ་མཐོངས་ཀྱི་ཉི་ཞུར་ལྟར་འཆར་བའོ༔ དེ་ཡང་ཀློང་(༢༤༨)གསལ་ལས༔ རྩ་ཡི་གཙོ་བོ་གསུམ་ལས་ནི༔ ཡལ་ག་གྲངས་ལས་འདས་པ་གྱེས༔ ཐད་སོར་དབང་པོའི་སྒོ་རྟེན་བྱེད༔ དེ་ཡིས་ཆོས་ཀུན་སྟོན་པར་བྱེད༔ ཁྱད་པར་ཙིཏྟ་ནས་འབྲེལ་བའི༔ དར་སྐུད་བ་མེན་རྭ་ཡི་ཁ༔ དབང་པོའི་མིག་ལ་ཟུག་པ་སྟེ༔ དེ་ནི་ཆོས་ཉིད་ཀུན་གྱི་ལམ༔ ཞེས་སོ༔

ད་འཆར་བྱེད་སྒོའི་གནད་བསྟན་པ་ནི༔ དང་པོ་འཆར་བའི་སྒོ་ནི་མིག་གཉིས་ཡིན་ཏེ༔ ཐལ་འགྱུར་ལས༔ ལུས་བཅུད་དྭངས་མ་ཀུན་འདུས་པའི༔ ཙཀྵུ་ཞེས་པའི་སྒོ་ནས་ཐོན༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོང༔ ཞེས་པ་དང༔ སྒྲོན་མ་འབར་བ་ལས༔ འཆར་བའི་སྒོ་ནི་མིག་གཉིས་དང༔ ཞེས་པ་དང༔ ཀློང་གསལ་ལས༔ ཡིད་དཔྱོད་ཚིག་ཕྱིར་མ་ལུས་པར༔ མངོན་སུམ་འཆར་བའི་སྒོ་ནི་མིག༔ གཞན་ལ་དེ་ལྟར་མ་ཡིན་ནོ༔ ཞེས་སོ༔ ཡེ་ཤེས་དེ་ཡུལ་གང་ལ་འཆར་བ་ནི༔ དབང་པོའི་རྐྱེན་དང་བྲལ་ལ༔ ཡུལ་རྐྱེན་དང་བྲལ་བ༔ གནས་རྐྱེན་དང་བྲལ་བ་གསུམ་གསུམ་ལ་འཆར་ཏེ༔ ཀློང་གསལ་ལས༔ རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར༔ ཞེས་པ་དང༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ༔ ཞེས་སོ༔ འཆར་བར་བྱེད་པའི་གནད་ནི་བླ་མ་ལ་རག་གོ༔ ཀློང་གསལ་ལས༔ དེ་ལྟར་བླ་མས་ངོ་སྤྲད་པས༔ རྒྱངས་ཞགས་ལས་ནི་སྒྲོན་མ་ཤར༔ ཡུལ་སྣང་རང་མདངས་ཉིད་དུ་གསལ༔ དེ་ཉིད་ཤེས་རབ་སྒྲོན་མ་ཡིས༔ ཡིད་དཔྱོད་ཐེག་པའི་སྒྲོ་འདོགས་ཆོད༔ དངོས་སུ་ཐིག་ལེ་སྒྲོན་མར་ཤར༔ འཁོར་འདས་ཟང་ཐལ་ཉིད་དུ་ཆོད༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིས༔ ཉམས་ཀྱི་སྣང་བ་གོང་འཕེལ་ལོ༔ ཞེས་པ་དང༔ སྙིང་གི་མེ་ལོང་ལས༔ ཡེ་ཤེས་སྒྲོན་མ་སྟོང་ཉིད་ནམ་མཁའ་ལ༔ ཡེ་ཤེས་འོད་ཕུང་ནམ་མཁའི་མཐའ་དང་མཉམ༔ བག་ཆགས་དབུགས་ལ་བརྟེན་ནས་ཡེ་ཤེས་དབྱིངས་ལ་སྦྱོར༔ ཞེས་པ་དང༔ ཀློང་གསལ་ལས༔ ཡུལ་དུ་སྒྲོན་མ་དག་ལ་ནི༔ ལམ་སྣང་རིག་པ་ལུ་གུ་རྒྱུད༔ ལམ་སྣང་ལྷུན་གྲུབ་རིག་མདངས་ལྔ༔ ལམ་སྣང་ཐུགས་རྗེ་དབང་པོར་གསལ༔ (༢༤༩)ཞེས་པ་དང༔ སྒྲོན་མའི་འཆར་ཚུལ་རྒྱས་པར་ནི་ཁྲིད་ཀྱི་ཡི་གེར་ལྟའོ༔

ད་དེ་ལྟར་དབང་པོའི་མངོན་སུམ་དུ་ཤར་བའི་ཡེ་ཤེས་དེ༔ ལམ་དུ་ཇི་ལྟར་ཉམས་སུ་བླང་བ་ལ་གཉིས་ཏེ༔ ཁྲེགས་ཆོད་དང་ཐོད་རྒལ་དུ་ཉམས་སུ་བླང་བ་སྟེ༔ ཁྲེགས་ཆོད་ནི་གཞི་ཀ་དག་གི་དོན་ཇི་ལྟར་ཉམས་སུ་ལེན་པ་ཡིན་ལ༔ ཐོད་རྒལ་ནི་ཁྲིད་ལྟར་ཉམས་སུ་ལེན་པའོ༔ དེས་ལམ་ཇི་ལྟར་ཉམས་སུ་ལེན་པ་བསྟན་པའོ༔

ད་དེ་ལྟར་ལམ་ཉམས་སུ་བླངས་པས༔ ཐ་མ་འབྲས་བུའི་ཐོབ་ཚུལ་བསྟན་པ་ནི་གཉིས་ཏེ༔ ཐུན་མོང་གི་གྲོལ་ཚུལ་བསྟན་པ་དང༔ ཁྱད་པར་གྱི་གྲོལ་ཚུལ་ལོ༔ ཐུན་མོང་གི་གྲོལ་ཚུལ་གསུམ་སྟེ༔ སའི་ནོན་ཚུལ་དང༔ སངས་རྒྱས་ལུགས་དང༔ དེའི་རྟགས་ཀྱི་བྱུང་ཚུལ་ལོ༔ དང་པོ་ལམ་ཉམས་སུ་བླངས་པས༔ སའི་ནོན་ཚུལ་ནི༔ རིག་པ་རང་ཤར་གྱི་རྒྱུད་ལས༔ ས་ཞེས་བྱ་བ་ལོགས་ན་ཡོད་པ་མ་ཡིན་ཏེ༔ བདེན་པ་མཐོང་བའི་གང་ཟག་ཅིག་ལ༔ ས་རྣམས་རྫོགས་ནས་ཡོད་དོ༔ དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ༔ དང་པོ་བདེན་པ་མཐོང་བའི་དུས་ན༔ དེ་ལ་དགའ་བ་སྐྱེས་པ་ནི༔ ས་དང་པོ་རབ་ཏུ་དགའ་བའོ༔ དེ་ཡང་རང་གི་སྣང་བ་ཡིན་པར་ཤེས་པ་དེ་ནི༔ ས་གཉིས་པ་དྲི་མ་མེད་པའོ༔ དེ་ནས་དེ་ལ་གོམས་པ་ནི༔ ས་གསུམ་པ་འོད་བྱེད་པ་ཐོབ་པའོ༔ དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་དེ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ༔ དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས༔ ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས༔ ཡེ་ཤེས་མཐོང་བ་དེ་ནི་ལྔ་པ་སྦྱོང་དཀའ་བའི་ས་ནོན་པའོ༔ དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་བའི་ཚེ༔ དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ༔ དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བའི་ཚེ༔ བདུན་པ་རིང་དུ་སོང་བའི་ས་ནོན་པའོ༔ དེ་ནས་དེའི་ངང་ལ་ཡོན་ཏན་རྫོགས་པ་ནི༔ བརྒྱད་པ་མི་གཡོ་བའི་ས་ནོན་པའོ༔ དེ་ནས་ཡོན་ཏན་དེ་ལས་མི་གཡོ་བར་གནས་པ་ནི༔ དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ༔ དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི༔ ཆོས་ཀྱི་སྤྲིན་ལྟ་བུར་མཐོང་ནས༔ བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ༔ (༢༥༠)དེ་ནི་གང་ཟག་བདེན་པ་མཐོང་བ༔ དབུགས་འདི་ཉིད་མ་བོར་བ་ལ་ནོན་པའོ༔ གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ནོན་པ་ཡིན་ནོ༔ འཁྲུལ་པ་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ༔ དེ་ཡང་སྣང་བ་དེ་ལ་མ་ཆགས་པར༔ ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི༔ བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའོ༔ རང་གི་ཐུགས་ཁ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས༔ ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ༔ འཁོར་ལོའི་ཚུལ་དུ་གནས་པ་ནི༔ བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ༔ དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི༔ བཅུ་བཞི་བདེ་བ་ཆེན་པོའི་ས་ནོན་པའོ༔ དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི༔ བཅོ་ལྔ་ཏིང་ངེ་འཛིན་གྱི་ས་ནོན་པའོ༔ དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་བས༔ དེའི་གོང་ན་གཞན་མེད་པ་ནི༔ བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན་པའོ༔ ཞེས་གསུངས་སོ༔ ཀློང་གསལ་ལས༔ བདེན་པ་མཐོང་བའི་གང་ཟག་གིས༔ དང་པོའི་ས་ནས་བཅུ་དྲུག་བར༔ རིམ་པར་ཉམས་སུ་བླངས་པས་བྱུང༔ གཞན་དང་སྒོ་བསྟུན་གནས་སྐབས་ཀྱི༔ ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ༔ ཞེས་སོ༔ གཉིས་པ་སངས་རྒྱ་ལུགས་ནི༔ ཐུན་མོང་དུ་སངས་རྒྱ་བ་ཞེས་བྱ་སྟེ༔ ཕུང་པོ་ལྷག་མ་དང་བཅས་ནས་འཚང་རྒྱ་བའོ༔ གསུམ་པ་དེའི་རྟགས་ཀྱི་འབྱུང་ཚུལ་ནི༔ སྐུ་གདུང་སྒྲ་འོད་ལ་སོགས་པ་འབྱུང་ཚུལ་ནི༔ བཏགས་གྲོལ་གྱི་རྒྱུད་ནས་གསལ་ལོ༔ དེ་ལྟ་བུའི་གྲོལ་ལུགས་ལ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ༔ སྙིང་གི་མེ་ལོང་ལས་མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ འོད་དང་སྒྲ་དང་སྐུ་དང་གདུང་དང༔ ས་གཡོ་བ་ལ་སོགས་པ་འབྱུང་ངོ་༔ ཞེས་སོ༔

ད་ཁྱད་པར་གྱི་འབྲས་བུའི་གྲོལ་ཚུལ་ནི༔ ཡང་གོང་མ་ལས༔ ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ༔ ཞེས་པས༔ ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་དང༔ འབྱུང་བའི་ལུས་ཀྱི་ལྟོས་པ་ཐམས་ཅད་རང་སར་སངས་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད༔ རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་(༢༥༡)པས་ཡེ་ཤེས་གསུམ་འདུ་འབྲལ་མེད༔ ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས༔ ཐུགས་རྗེ་ལ་རྒྱུན་ཆད་མེད་པའོ༔ དེ་ཡང་ཀློང་གསལ་ལས༔ ངོ་བོ་སྟོང་གསལ་ཡེ་ཤེས་སྐུ༔ རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད༔ དབྱེར་མེད་ཆེན་པོར་ཡེ་སངས་རྒྱས༔ ཞེས་དང༔ ཐལ་འགྱུར་ལས༔ ཆོས་ཀྱི་སྐུ་ནི་སྐུ་དང་གསུང༔ ཐུགས་དང་ཡོན་ཏན་ཕྲིན་ལས་སོ༔ སྐུ་ནི་སྟོང་དང་གསལ་བ་དང༔ མཚན་མ་མེད་པའི་རང་བཞིན་ནོ༔ གསུང་ནི་སྒྲ་ཚིག་མིང་དང་བྲལ༔ བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ༔ ཐུགས་ནི་བསམ་དང་འགྱུ་མེད་པས༔ འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས༔ ཡོན་ཏན་ཕྱིར་མི་འོང་དང་རྟོག་པ་མེད༔ དབྱིངས་དང་ཡེ་ཤེས་ཁྱབ་པ་དང༔ རང་བཞིན་བཅོས་པ་མེད་པའོ༔ མ་བྱུང་མ་སྐྱེས་བྱས་པ་མེད༔ ཤུགས་འབྱུང་བ་དང་འགགས་པ་མེད༔ མ་བྱས་བྱེད་པ་མེད་པའོ༔ གསལ་དང་གསལ་བྱེད་རིག་པས་ཁྱབ༔ གསུང་ནི་རང་བྱུང་བ་དང་རང་སྣང་དང༔ སྤྲོ་བསྡུ་སྣང་བའི་འཁོར་ལོའོ༔ ཐུགས་ནི་རྒྱུན་མེད་གཟིགས་པ་དང༔ མཁྱེན་པའི་རྩལ་དང་དགོངས་པའོ༔ ཡོན་ཏན་མཚན་དཔེ་རྫོགས་པ་ལ༔ དགོངས་གསལ་མངོན་ཤེས་རྫོགས་པའོ༔ ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས༔ ཕྱི་ནང་གསང་བ་རྣམས་སྤྲོས་ཏེ༔ སོ་སོ་རིགས་ཀྱི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༔ རང་བྱུང་ལྗགས་ལས་རྣམས་སྤྲོས་ཏེ༔ འཁོར་ལ་རང་གི་ངོ་བོས་སྟོན༔ སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྣམ་པ་ལྔ༔ སྐུ་ནི་མཚན་དང་དཔེ་བྱད་ལ༔ གདུལ་བྱ་གང་བྱུང་ལུས་སྤྲུལ་ཏེ༔ གསུང་ནི་ཚིག་སྦྱོར་ལེགས་པ་ལ༔ ཚངས་པའི་དབྱངས་ནི་ཡན་ལག་དྲུག༔ ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས༔ རང་གཞན་དོན་གཉིས་རྫོགས་པར་གནས༔ ཡོན་ཏན་མཁྱེན་པར་རྫོགས་པ་དང༔ ཕྲིན་ལས་ཕྱི་ནང་གསང་བ་ཡི༔ མཛད་པ་མ་ལུས་རྫོགས་པའོ༔ ཕུན་སུམ་ཚོགས་ལྔར་གནས་པའོ༔ ཞེས་སོ༔ དེ་ལྟ་བུ་ལུས་ངག་ཡིད་གསུམ་གྱི་འཛིན་ཆགས་ལྟོས་པ་དང་བཅས་པ་སངས་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་བཅས་པ་རྒྱས་ཏེ༔ སྐུ་ལྔའི་འཛིན་པ་སྟོང་ནས༔ ཐོག་མའི་གཞི་ཀ་དག་ཆེན་པོར་རང་ཤར་རང་གསལ་རང་གྲོལ་བའོ༔ རང་ཤར་ལས༔ མཚན་མར་འཛིན་པའི་འཁོར་བ་སངས༔ ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས༔ སངས་རྒྱས་ཞེས་ཀྱང་དེ་ལ་བྱ༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ གྲོལ་བ་ཉིད་ནི་ཐོག་མའོ༔ ཞེས་པས༔ ཡེ་ཐོག་དང་པོའི་གཞིར་གྲོལ་བའོ༔ དེ་ནི་ཆོས་ཟད་ཀ་དག་གི་འབྲས་བུ་ཞེས་བྱའོ༔ དེས་མཐར་ཐུག་འབྲས་བུའི་གྲོལ་ཚུལ་བསྟན་པའོ༔ ཡང་གསང་རྫོགས་པ་ཆེན་པོ་སྙིང་ཐིག་གི་གནད་ཐམས་ཅད༔ གཞི་ལམ་འབྲས་བུ་གསུམ་དུ་གཏན་ལ་ཕབ་པ༔ བསྟན་པ་ཐམས་ཅད་ཀྱི་ཁོང་སྙིང༔ ལོང་བའི་སྣ་ཁྲིད་དང་འདྲ་བ༔ མྱ་ངན་ལས་འདས་པ་དངོས་ལ་སྐད་ཅིག་གིས་སྦྱོར་བར་བྱེད་པ༔ མཁའ་འགྲོ་སྙིང་ཏིག་གསང་བའི་ཡང་བཅུད་ཅེས་ཀྱང་བྱ༔ སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ༔ བདག་འདྲ་ཨོ་རྒྱན་པདྨས་རྒྱུད་ཀྱི་ཁོང་སྙིང་ཕྱུང་ནས་བཀོད་དེ༔ གཞོ་སྟོད་ཏི་སྒྲོའི་བྲག་དཀར་དུ༔ ཌཱཀྐི་མ་ཡེ་ཤེས་མཚོ་རྒྱལ་གྱི་དོན་དུ་མཛད་པའོ༔ མ་སྤེལ་ས་ཡི་གཏེར་དུ་སྦོས༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ དྷཱཀྐི་ནི་རྒྱའོ༔ ཧྱདྱ།།མཅ།ནྱ༔

ཨེ་མ་མཁས་པ་ཤྲཱི་སེངྷ་ཡིས༔ མཁའ་འགྲོ་ཀློང་གསལ་ཉི་མའི་རྒྱུད༔ བཅུ་བདུན་རྒྱུད་རྣམས་བདག་ལ་གཏད༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ ཚེ་ཡི་རིག་འཛིན་བསྒྲུབས་ཤིང་བསྒོམས༔ སྤྲོས་མེད་མྱ་ངན་འདའ་དོན་དུ༔ རྒྱུད་ཀྱི་ཁོང་སྙིང་གདམས་པ་ཕྱུང༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གཏད༔ གཞན་ཡང་རྒྱལ་པོ་ལ་སོགས་པ༔ སྐལ་ལྡན་སློབ་བུ་མང་ལགས་ཀྱང༔ འདི་ཉིད་ཚིག་ཙམ་བརྗོད་པ་མེད༔ བི་མ་མི་ཏྲ་འབྱོན་དགོངས་ནས༔ བཅོ་བརྒྱད་རྒྱུད་དང་གདམས་པར་བཅས༔ མ་འོངས་སྐལ་ལྡན་དོན་དུ་ནི༔ བུམ་ཐང་སེང་གེའི་བྲག་ལ་སྦས༔ སྙིགས་མར་འགྲོ་དོན་རྒྱ་ཆེན་འབྱུང༔ མཚོ་རྒྱལ་ཁྱེད་ལ་གཏད་པ་ཡི༔ ཀུ་སུ་ལུ་པའི་གདམས་པའི་སྐོར༔ དང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟར་བསྟན་པའི་དུས་མ་བབ༔ ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་བུ་ཉལ་འདྲའི་སྤྱི་སྟེང་དུ༔ མཁའ་འགྲོ་སྡེ་(༢༥༣)ལྔས་བྱིན་བརླབས་པའི༔ ཆུ་ཁམས་འབྲུག་སྤྲེལ་ཡོས་ལོ་པ༔ སྤྲོ་རིང་ཐེག་ཆེན་ཆོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་འཛིན་ཅིང༔ མ་འགགས་སྤྱོད་པ་སྣ་ཚོགས་སྤྱོད༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་འཕྲད༔ ཟབ་མོའི་གཏེར་དང་འཕྲད་པའི་རྟགས༔ སྙིང་ཐིག་ཐབས་ཀྱི་ཆ་ཡིན་ཕྱིར༔ དེ་ཡིས་དངོས་སུ་མཐོང་རྟགས་སུ༔ བརླ་གཡས་པ་ཡི་ནང་ལོགས་ན༔ ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད༔ དེ་ལྟར་མཚན་རྟགས་རྫོགས་པ་ཡི༔ ལས་ཅན་སྐྱེས་བུ་དེ་དང་འཕྲད༔ དེང་དུས་འགྲོ་དོན་མི་འབྱུང་སྟེ༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད༔ དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་གྱི་སྒོ་འབྱེད་བསྟན་པ་སྐྱོང༔ ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང༔ ལྡང་ལྷས་འདི་ཡི་བྱ་ར་གྱིས༔ རྟགས་དང་ལྡན་པ་དེ་ལ་གཏོད༔ ལས་མེད་ལེན་ན་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨི་ཐི༔ གསང་རྒྱ༔

རྣལ་འབྱོར་བཞི་ལས་ལྟ་བའི་རྣལ་འབྱོར།

༄༅༔ རྣལ་འབྱོར་བཞི་ལས་ལྟ་བའི་རྣལ་འབྱོར་བཞུགས་སོ༔

༄༅༔ རྦ།རྦ།ཨཱནཐ༔ རྒྱ་གར་སྐད་དུ༔ ཌཱཀྐི་ནི་གཅ།།ཏུ།ནཤ༔ ཨུ་པ་དེ་ཤ༔ བོད་སྐད་དུ༔ མཁའ་འགྲོ་སྙིང་ཐིག་གི་རྣལ་འབྱོར་བཞིའི་མན་ངག་སྐུ་གསུམ་གྱི་སྟོན་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ རྒྱུད་ལུང་མན་ངག་དོན་བསྡུས་ནས༔ རྫོགས་ཆེན་གསང་སྔགས་སྙིང་ཐིག་གི༔ མན་ངག་རྣལ་འབྱོར་བཞི་རུ་བསྟན༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

དེ་ལ་དང་པོ་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཆོས་ཐམས་ཅད་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིར་གཏན་ལ་ཕབ་སྟེ༔ དང་པོ་ལྟ་བའི་རྣལ་འབྱོར་དུ་བྱེད་པ་ནི་དྲུག་སྟེ༔ ལྟ་བའི་ངོ་བོ༔ རྟོགས་ཚུལ༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ ལྟ་བའི་མཚན་བསྟན་པའོ༔ དང་པོ་ལྟ་བའི་ངོ་བོ་ལ་གསུམ་སྟེ༔ ངོ་བོ་རང་བཞིན་ཐུགས་རྗེའོ༔ དང་པོ་ལྟ་བའི་ངོ་བོ་ནི༔ ཆོས་ཐམས་ཅད་རང་བཞིན་ཅིར་ཡང་མ་གྲུབ་པ་དེའོ༔ ལྟ་བའི་རང་བཞིན་ནི༔ སྟོང་པའི་རང་མདངས་འོད་དུ་གསལ་བ་དེའོ༔ ལྟ་བའི་ཐུགས་རྗེ་ནི་གང་ཤར་རང་སར་གྲོལ་བ་དེ་ལ་བྱའོ༔ ཐལ་འགྱུར་ལས༔ ལྟ་(༢༥༤)བའི་ངོ་བོ་མཐོང་བ་ལ༔ ཡིད་དཔྱོད་ཚིག་གིས་འགྱུ་ས་མེད༔ ཅེས་སོ༔

ད་རྟོགས་ཚུལ་ནི༔ ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ཚོགས་དྲུག་གིས་བསྡུས་པའི་ཡུལ་སྣང་ཕྲ་རགས་ལ་བལྟས་པས༔ སྣང་ལ་རང་བཞིན་མེད་པ་རྒྱ་མཚོའི་གཟའ་སྐར་ལྟར་མཐོང་ཞིང་རྟོགས༔ ནང་ཆོས་ཉིད་སྟོང་པའི་ངོ་བོ་ལ་བལྟས་པས་ཐམས་ཅད་རང་བཞིན་མེད་པ་ནམ་མཁའི་དཀྱིལ་ལྟར་མཐོང་ཞིང་རྟོགས༔ གསང་བ་རིག་པ་ལ་བལྟས་པས་ཡིད་དཔྱོད་དུ་མ་ལུས་པར་དབང་པོས་མངོན་སུམ་དུ་མཐོང་ཞིང་རྟོགས་པའོ༔ ཀློང་གསལ་ལས༔ ཕྱི་ནང་གསང་བ་ཐམས་ཅད་ཀྱང༔ ངོ་བོ་ཉིད་དུ་མཐོང་ཞིང་རྟོགས༔ ཞེས་སོ༔

ད་ངེས་ཚིག་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་པོས་མངོན་སུམ་དུ་མཐོང་བས་ལྟ་བ་ཞེས་བྱའོ༔ རྒྱུད་ལས༔ ཆོས་ཉིད་དབང་པོས་མཐོང་བ་ན༔ ལྟ་བ་ཞེས་ནི་དེ་ལ་བྱ༔ ཞེས་སོ༔ དབྱེ་བ་ནི་སྤྱིའི་ལྟ་བ་དང༔ རང་བཞིན་གྱི་ལྟ་བ་གཉིས་སོ༔ དེ་ལ་སྤྱིའི་ལྟ་བ་ནི་ཐེག་པ་རིམ་དགུའི་འདོད་ལུགས་མི་འདྲ་བ་ཐ་དད་པ་རྣམས་སོ༔ རྒྱུད་ལས༔ རིས་ཆད་སོ་སོའི་འདོད་པ་ལ༔ ཡིད་དཔྱོད་འཛིན་པ་ཉིད་དུ་འདོད༔ ཅེས་པས༔ དེ་དག་ནི་དོན་མ་རྟོགས་པར་ཡིད་དཔྱོད་ཚིག་གི་ལྟ་བ་ཞེས་བྱའོ༔ རང་གཞུང་གི་ལྟ་བ་ནི་གོང་གི་ཕྱི་ནང་གསང་བ་གསུམ་པོ་དེའོ༔

ད་ཉམས་སུ་བླང་བ་ནི༔ ཕྱི་རོལ་གྱི་ཡུལ་སྣང་ལ་མ་ཡེངས་པར་བལྟས་པས༔ ཅིར་སྣང་རྨི་ལམ་དང་སྒྱུ་མ་ལྟ་བུར་མཐོང་ནས་འཁྲུལ་པ་མ་སྤངས་གནས་སུ་དག་ནས་ཉོན་མོངས་པ་རང་སར་གྲོལ་བའོ༔ ནང་འགྱུ་བྱེད་དྲན་པའི་སེམས་ལ་བལྟས་པས་འགྱུ་བྱེད་ཀྱི་རྟོག་པ་ཐམས་ཅད་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་གྲོལ་བའོ༔ ཉི་ཟླ་ཁ་སྦྱོར་ལས༔ དམིགས་པས་གནས་པའི་ཡུལ་རྣམས་ལ༔ རང་བཞིན་མེད་པར་གང་གོམས་པ༔ དེ་ལ་སྣང་སྟོང་གཉིས་སུ་མེད༔ ཚོགས་དྲུག་མ་འགགས་ལྷུག་པའོ༔ ཞེས་པ་དང༔ རྒྱུད་ལས༔ འགྱུ་བྱེད་ཉིད་ལ་ཚུར་བལྟས་པས༔ མ་སྤངས་རང་གྲོལ་སེར་བུ་འདྲ༔ ཞེས་སོ༔ གསང་བ་ཆོས་ཉིད་གསལ་མདངས་ཀྱི་ངང་ལ་མ་ཡེངས་པར་བལྟས་པས་ཆོས་སུ་འཛིན་པ་ཙམ་དང་(༢༥༥)བྲལ་ནས་ཀ་དག་གི་ངང་ལ་ཆོས་ཟད་པའོ༔ ཡི་གེ་མེད་པ་ལས༔ ལྟ་བ་མེད་པས་དེ་ལ་ལྟ་རུ་མེད༔ ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ༔ དེ་ལྟར་སྐྱེ་མེད་དོན་རྟོགས་ན༔ ལྟ་བའི་དོན་ལས་མི་འདའ་ལྟ་བ་ངང་གིས་མེད༔ དེ་ཡོད་མ་ཡིན་དེའི་ངང་དུ་གནས་པར་བྱའོ༔ ཞེས་སོ༔ ཡང་གསང་རིག་པ་མངོན་སུམ་གྱི་ངོ་བོ་ལ་མ་ཡེངས་པར་བལྟས་པས་དབང་པོས་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཀྱི་ལྟ་བ་ལས་རང་གྲོལ་བའོ༔ རང་ཤར་ལས༔ རང་རིག་ལྟ་བ་འདི་ལྟར་གནས༔ གནས་ནི་ཙིཏྟའི་དཀྱིལ་ན་གནས༔ ལམ་ནི་བྲི་གུ་ཏ་ནས་འབྱུང༔ ཡུལ་ནི་ནམ་མཁའ་སྟོང་པའོ༔ རྟོག་མེད་གསལ་བའི་ངོ་བོ་ལ༔ འཛིན་པའི་རྣམ་རྟོག་ངང་གིས་མེད༔ ཅེས་པ་དང༔ རྩལ་རྫོགས་ལས༔ སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི༔ དབྱིངས་རིག་གཉིས་ལས་མ་འདས་སོ༔ ཞེས་སོ༔

ད་ལྟ་བའི་མཚན་བསྟན་པ་ནི༔ ལྟ་བ་དེ་དག་ལ་མིང་དུ་བཏགས་ན་བྱ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱ་སྟེ༔ བརྩོན་འགྲུས་རབ་ལྷག་མེད་དུ་འཚང་རྒྱའོ༔ འབྲིང་བར་དོར༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་འཚང་རྒྱའོ༔ ཉི་ཟླ་ཁ་སྦྱོར་ལས༔ རབ་ལ་སྐྱེ་གཉིས་མི་དགོས་ཏེ༔ འབྲིང་པོ་སྐྱེ་གཉིས་མཚམས་སུའོ༔ ཐ་མ་རྣམས་ནི་དབུགས་ཕྱུང་སྟེ༔ སྤྲུལ་པ་པོས་ནི་རང་རྒྱུད་གྲོལ༔ ཞེས་སོ༔ ཐེག་པ་གཞན་གྱིས་ནི་འདིའི་དོན་མ་རྟོགས་ལ༔ འདིའི་རྣལ་འབྱོར་པས་ནི༔ བལྟས་པས་མི་གྲོལ་བ་གང་ཡང་མེད་དོ༔ སྔ་ཕྱི་བར་གསུམ་དུ་འཁྲུལ་པ་མེད་པར་རྟོགས་པས་ཆོས་ཟད་བྱར་མེད་ཡོངས་ཀྱི་ལྟ་བ་ཞེས་བྱའོ༔ དེ་ནི་ལྟ་བའི་རྣལ་འབྱོར་ཞེས་བྱའོ༔ ཨི་ཐི༔

ཐུན་བཞིའི་རྣལ་འབྱོར་ལས༔ སྒོམ་པའི་རྣལ་འབྱོར།

༄༅༔ ཐུན་བཞིའི་རྣལ་འབྱོར་ལས༔ སྒོམ་པའི་རྣལ་འབྱོར་བཞུགས་པ་ལགས་སོ༔

༄༅༔ ཤརྦ།རྦ།༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པས་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ལ་དྲུག་སྟེ༔ སྒོམ་པའི་ངོ་བོ༔ བསྒོམ་པའི་ཚུལ༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ སྒོམ་པའི་མཚན་བསྟན་པའོ༔ དང་པོ་སྒོམ་པའི་ངོ་བོ་ལ་གསུམ་སྟེ༔ བསྒོམ་བྱ༔ སྒོམ་བྱེད༔ ཐབས་ཁྱད་པར་ཅན་ནོ༔ དང་པོ་བསྒོམ་བྱ་ནི་གོང་དུ་བསྟན་པའི་ལྟ་བ་དེ་(༢༥༦)བསྒོམ་པའོ༔ སྒོམ་བྱེད་ནི་དེ་ལ་རྒྱུན་དུ་གནས་པའོ༔ ཐབས་ཁྱད་པར་ཅན་ནི༔ བཞུགས་སྟངས་ལ་སོགས་པ་ཁྲིད་ཡིག་ལྟར་རོ༔ ཀློང་གསལ་ལས༔ སྒོམ་གྱི་ངོ་བོ་གསུམ་ཡིན་ཏེ༔ བསྒོམ་བྱ་སྒོམ་བྱེད་ཐབས་ཀྱི་བསྒོམ༔ ཞེས་སོ༔ ཇི་ལྟར་བསྒོམ་པའི་ཚུལ་ནི༔ ལེ་ལོ་དང་བཏང་སྙོམས་མེད་པར་བསྒོམ་སྟེ༔ སྔ་མ་ལས༔ ལེ་ལོ་སྙོམས་ལས་སྤངས་བྱས་ལ༔ རྒྱུན་དུ་སྒོམ་ལ་གནས་པར་བྱ༔ ཞེས་སོ༔ ངེས་ཚིག་ནི༔ རྒྱུན་དུ་བསམ་གཏན་ལ་གནས་པ་ནི་སྒོམ་ཞེས་བྱའོ༔ རྒྱུད་ལས༔ སྒོམ་གྱི་ངེས་ཚིག་གནས་པའི་ཕྱིར༔ ཞེས་བྱའོ༔ སྒོམ་པའི་དབྱེ་བ་ལ་གསུམ་སྟེ༔ ཐབས་ཀྱི་སྒོམ་པ་དང༔ ཤེས་རབ་ཀྱི་སྒོམ་པ་དང༔ ཐབས་ཤེས་གཉིས་མེད་ཀྱི་སྒོམ་པའོ༔ དེ་ལ་ཐབས་ཀྱི་སྒོམ་པ་ལ་བསམ་གྱིས་མི་ཁྱབ་སྟེ་འདིར་མི་སྟོན༔ འདིར་ཐབས་ཤེས་རབ་གཉིས་མེད་ཀྱི་སྒོམ་པ་སྟོན་པའོ༔ རྒྱུད་ལས༔ སྒོམ་ལ་རྣམ་གྲངས་མང་གིས་ཀྱང༔ ཟུང་འཇུག་ཐབས་ཀྱི་བསྒོམ་པ་དང༔ ཤེས་རབ་ཉིད་ཀྱི་སྒོམ་པ་དང༔ ཐབས་ཤེས་གཉིས་མེད་སྒོམ་པའོ༔ དེ་ནི་སྒོམ་པ་མཆོག་ཏུ་ཟབ༔ ཅེས་སོ༔

ད་སྒོམ་ཉམས་སུ་བླང་བ་ལ་བཞི་སྟེ༔ ཐུན་བཞིའི་རྣལ་འབྱོར་རོ༔ དེ་ཡང་སྔ་དྲོའི་ཐུན་དང༔ ཕྱི་དྲོའི་ཐུན་དང་གཉིས་ལས༔ དང་པོ་སྔ་ཐུན་གསུམ་དུ་བྱས་ཏེ༔ ནམ་ལངས་ནས་ཉི་མ་རྩེ་ཤར་གྱི་བར་དུ་འདོན་ཟློས་དང་དཔེ་ལྟ་བ་ལ་སོགས་པ་བྱའོ༔ ཉི་མ་ཤར་ནས་གུང་གི་བར་ལ་ཐོད་རྒལ་ལ་གནས་པར་བྱའོ༔ གུང་ཐུན་ལ་ཕྱག་དང་སྐོར་བ་དང་སྐྱོ་བསངས་ལ་སོགས་པར་བྱའོ༔ དེ་ནས་ཕྱི་དྲོ་ལ་ཡང་ཐོད་རྒལ་ལ་གནས་པར་བྱའོ༔ དགོང་མོ་གཏོར་མ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱའོ༔ སྲོད་ཀྱི་ཐུན་ལ་ཡང་གསུམ་སྟེ༔ ཐུན་དང་པོར་འཆི་བ་མི་རྟག་པ་བསྒོམ༔ ཐུན་བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ༔ གུང་ཐུན་ལ་གཉིད་ལོག་གོ༔ ཐོ་རངས་དང་པོར་བླ་མ་ལ་གསོལ་བ་གདབ༔ ཐུན་བར་པ་ལ་ཁྲེགས་ཆོད་ཀྱི་དོན་ལ་གནས་པར་བྱའོ༔ ཉིན་མཚན་ཕྲུགས་གཅིག་ལ་ཐུན་བཅུར་བྱེད་པ་ཡིན་ནོ༔ ཐུན་འགོ་ཐམས་ཅད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༔ ཐུན་མཇུག་ཏུ་བསྔོ་བས་རྒྱས་འདེབས་པ་གལ་ཆེའོ༔ རྒྱུད་ལས༔ དགེ་སྦྱོར་སྲང་དུ་(༢༥༧)གཞུག་པའི་ཕྱིར༔ ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ༔ ཅེས་སོ༔ དེ་ལྟར་བསྒོམས་པ་དེ་ལ་མཚན་དུ་བཏགས་ན༔ ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ༔ བར་དུ་ལེ་ལོ་མི་ཚུད་པའི་ཕྱིར་རོ༔ རྒྱུད་ལས༔ ཉིན་མཚན་ཆོས་ཀྱིས་འདའ་ཕྱིར་ཁ་སྦྱོར་ཉིད་དུ་སྒོམས༔ ཞེས་སོ༔ སྒོམ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

རྣལ་འབྱོར་བཞི་ལས༔ སྤྱོད་པའི་རྣལ་འབྱོར་དང་༔ འབྲས་བུའི་རྣལ་འབྱོར་གཉིས།

༄༅༔ རྣལ་འབྱོར་བཞི་ལས༔ སྤྱོད་པའི་རྣལ་འབྱོར་དང༔ འབྲས་བུའི་རྣལ་འབྱོར་གཉིས་བཞུགས་སོ༔

༄༅༔ ཤཤནྲཅས༔ དཔལ་ཀུན་ཏུ་བཟང་པོ་ལ་ན་མོ༔ རིགས་ཀྱི་བུ་སྤྱོད་པ་ལ་རྣལ་འབྱོར་དུ་བྱེད་པ་ལ་དྲུག་སྟེ༔ སྤྱོད་པའི་ངོ་བོ༔ ཇི་ལྟར་སྤྱོད་པའི་ཚུལ༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ མཚན་བསྟན་པའོ༔ དང་པོ་སྤྱོད་པའི་ངོ་བོ་ནི་བདེ་སྡུག་རོ་སྙོམས་ཤིང༔ ལྟ་སྒོམ་ལ་བོགས་འདོན་པའོ༔ དང་པོ་ལུས་ངག་ཡིད་གསུམ་ལ་སྡུག་བསྔལ་ཅི་ཤར་ཡང༔ རང་ཤར་རང་གྲོལ་དུ་ལམ་དུ་ཁྱེར་ཏེ༔ མི་སྤངས་འདོད་ཐོག་ཏུ་ཤེས་པར་བྱའོ༔ ཐམས་ཅད་རང་རིག་ཏུ་ཐག་ཆོད་པའོ༔ རྒྱུད་ལས་ཀྱང༔ སྤྱོད་པའི་ངོ་བོ་རོ་སྙོམས་ཤིང༔ རང་ཤར་རང་གྲོལ་ལམ་དུ་སྤྱད༔ ཅེས་སོ༔ ཇི་ལྟར་སྤྱོད་པའི་ཚུལ་ནི་གསུམ་ལས༔ ལས་དང་པོ་པ་ཐ་མལ་ལས་ལྡོག་པའི་སྤྱོད་པ་ཆོས་སྤྱོད་བཅུ་ལ་བསླབ་སྟེ༔ ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས༔ ཡི་གེ་འབྲི་མཆོད་སྦྱིན་པ་དང༔ ཉན་དང་ཀློག་དང་འཛིན་པ་དང༔ འཆད་དང་ཁ་ཏོན་བྱེད་པ་དང༔ དོན་སེམས་པ་དང་སྒོམ་པ་བཅུ༔ འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན༔ འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན༔ ཞེས་པས༔ ལས་དང་པོས་ཆོས་སྤྱོད་བཅུ་ལ་སྤྱད་དོ༔ དེ་ནས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་ཡིད་ཀྱི་སྤྱོད་པ་དང༔ ཞེས་པས༔ འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པར་བྱའོ༔ དེ་ནས་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ལ་བསླབ་སྟེ༔ ངོ་འཕྲོད་པའི་གང་ཟག་དེ་བོགས་འདོན་པར་བྱེད་པ་ལ༔ དུར་ཁྲོད་དང་ལུང་སྟོང་དུ་རི་དྭགས་རྨས་མ་ལྟ་བུའམ་སྤྲང་པོ་ལྟ་བུའི་ཚུལ་གྱིས་རྒྱུ་ཞིང་དེའི་གྲོགས་སུ་ཆགས་(༢༥༨)ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་དང་འགྲོགས༔ ཆགས་བྲལ་ཡིན་ན་ཉམས་མྱོང་གི་ཕྱག་རྒྱ་དང་འགྲོགས་པའོ༔ སྔ་མ་ལས༔ བརྟུལ་ཞུགས་ལམ་དུ་སློང་བར་བྱེད་པ་གྲོགས་ཀྱི་སྤྱོད་པ་དང༔ ཞེས་པས༔ ངེས་ཚིག་ནི་སྣང་བ་གང་ཤར་ལ་མི་དགག་པར་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ༔ རང་ཤར་ལས༔ རང་བྱུང་བཅོས་བསླད་མེད་ན་སྤྱོད་པ་ཆེན་པོ་ཡིན༔ བྱས་པ་མེད་པའི་སྤྱོད་པ་ཉིད༔ རང་བྱུང་མ་བཅོས་བཅོས་བསླད་མེད༔ སྤྱོད་པ་ཆེན་པོ་དེ་ཡིན་ནོ༔ ཞེས་སོ༔ དབྱེ་བ་ལ་བདུན་ཏེ༔ བུང་བ་ལྟ་བུའི་སྤྱོད་པ་དང༔ ཐི་བྱ་ལྟ་བུའི་སྤྱོད་པ་དང༔ རི་དྭགས་ལྟ་བུའི་སྤྱོད་པ་དང༔ ལྐུགས་པ་ལྟ་བུའི་སྤྱོད་པ་དང༔ སྨྱོན་པ་ལྟ་བུའི་སྤྱོད་པ་དང༔ ཁྱི་ཕག་ལྟ་བུའི་སྤྱོད་པ་དང༔ སེང་གེ་ལྟ་བུའི་སྤྱོད་པ་དང་བདུན་ནོ༔ རྒྱུད་ལས་ཀྱང༔ སྤྱོད་པའི་གྲངས་ནི་བདུན་དུ་བསྡུ༔ ཞེས་སོ༔ སྤྱོད་བྱེད་ཉམས་སུ་ཇི་ལྟར་བླང་བ་ནི༔ ཉི་ཟླ་ཁ་སྦྱོར་ལས༔ བུང་བ་ལྟ་བུའི་སྤྱོད་པ་༼ཐོས་བསམ་སྒོམ་གསུམ་གྱི་མཐའ་བཅད་ནས་༽ཡིས༔ ཆོས་རྣམས་ཀུན་གྱི་རོ་མྱོང་བྱ༔ རི་དྭགས་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤང༔ ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་ངག་ནི་རྣམ་པར་སྤང༔ ཐི་བྱ་ལྟ་བུའི་སྤྱོད་པ་ཡིས༔ གསང་བ་ཐབས་ཀྱི་ཐེ་ཚོམ་༼ཐེ་ཚོམ་མེད་པར་གདམས་པ་ཉམས་སུ་བླང་༽གཅོད༔ སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས༔ གཅིག་ཏུ་གནས་པའི་ཡུལ་རྣམས་སྤང༔ སེང་གེ་ལྟ་བུའི་སྤྱོད་པ་ཡིས༔ འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ༔ ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས༔ གཙང་དང་སྨེ་བའི་རྣམ་རྟོག་སྤང༔ ཞེས་སོ༔ མཚན་བསྟན་པ་ནི༔ སྤྱོད་པ་འདི་ལ་མིང་དུ་བཏགས་ན་བརྟུལ་ཞུགས་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ༔ རྒྱུད་ལས་ཀྱང༔ སྤྱོད་པ་བརྟུལ་ཞུགས་དབང་སྒྱུར་ཉིད༔ ཅེས་བྱའོ༔ སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༄༅༔ ཏྱ།ཏུམཏྲ།།༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་དྲུག་སྟེ༔ འབྲས་བུའི་ངོ་བོ༔ ཚུལ་ལམ་ཐབས༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ མཚན་བསྟན་པའོ༔ དང་པོ་འབྲས་བུའི་ངོ་(༢༥༩)བོ་ནི༔ བཙན་ས་ཟིན་ཏེ་མི་ལྡོག་པ་ལ་ཟེར༔ དོན་གྱི་ངོ་བོ་འཁྲུལ་མེད་ལ་བརྟན་པ་ཐོབ་པས༔ འབྲས་བུ་སྨིན་ཏེ་རྒྱུར་མི་ལྡོག་པས༔ སད་ཁྱེར་འབྲས་བུའམ༔ བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ རྒྱུད་ལས༔ འབྲས་བུ་ཞེས་བྱ་བཙན་ས་ཟིན༔ རྒྱལ་པོ་གདན་ས་ཟིན་པ་ལྟར༔ མི་འགྱུར་ལྡོག་པ་མེད་པའོ༔ ཞེས་སོ༔ འབྲས་བུ་སྨིན་པའི་ཚུལ་ནི་བརྟན་པ་ཐོབ་སྟེ་རྐྱེན་གྱིས་མི་འཇིགས་པའོ༔ རྒྱུད་ལས༔ འབྲས་བུ་སྨིན་ཚུལ་བསྟན་པ་ནི༔ རྐྱེན་གྱིས་མི་འཇིགས་ལྡོག་པ་མེད༔ ཅེས་སོ༔ ངེས་ཚིག་ནི༔ ལམ་ཡོངས་སུ་སྨིན་པས་འབྲས་བུ་ཞེས་བྱའོ༔ རྒྱུད་ལས༔ སྨིན་པས་འབྲས་བུ་ཞེས་བྱའོ༔ ཞེས་སོ༔ དབྱེ་བ་ལ་གཉིས་ཏེ་གནས་སྐབས་དང་མཐར་ཐུག་གོ༔ གནས་སྐབས་ཀྱི་འབྲས་བུ་ནི༔ ལམ་ཉམས་སུ་བླང་བའི་དུས་སུ་ཐུན་མོང་དུ་སྨིན་པ་རྣམས་སོ༔ མཐར་ཐུག་གི་འབྲས་བུ་ནི༔ ལུས་ངག་ཡིད་གསུམ་གྱི་ལས་དང་བག་ཆགས་ཉོན་མོངས་པ་དང་སྡིག་སྒྲིབ་ཐམས་ཅད་དཔེར་ན་སྦྲུལ་གྱི་མདུད་པ་ལྟར་རང་ཤར་རང་གྲོལ་དུ་སོང་བའོ༔ རྒྱུད་ལས༔ འབྲས་བུ་དབྱེ་བ་གཉིས་སུ་འདུས༔ གནས་སྐབས་དང་ནི་མཐར་ཐུག་གོ༔ ཞེས་སོ༔ དེ་ཉམས་སུ་བླང་བའི་ཐབས་ནི༔ རིག་པ་ཉིད་གང་སྣང་གང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་མྱུར་དུ་ཐོབ་པའོ༔ རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག༔ ཅེས་སོ༔ འབྲས་བུའི་མཚན་བསྟན་པ་ནི༔ འབྲས་བུ་དེ་དག་ལ་མིང་དུ་བཏགས་ན༔ རྣམ་དག་ལྷུན་གྲུབ་གྱི་འབྲས་བུ་ཞེས་བྱའོ༔ དེ་ཅིའི་ཕྱིར་ཞེ་ན༔ ཡང་དག་པའི་དོན་རྒྱུད་ལ་སྐྱེས་པ་དེ་བརྟན་པ་ཐོབ་ཅིང་སྨིན་པས་ན་འབྲས་བུ་ཞེས་བྱའོ༔ སྒྲ་ཐལ་འགྱུར་ལས༔ འབྲས་བུ་བརྗོད་པར་མི་ནུས་ཀྱང༔ ཆོས་རྣམས་ཟད་སར་ཕྱིན་པ་དང༔ རང་གི་གྲུབ་པའི་མཐའ་ཡང་འཇིག༔ འདི་དུས་བླ་མའི་མན་ངག་ནུབ༔ ལྟ་སྒོམ་སྤྱོད་པའི་མཐའ་སྟོང་པས༔ ཆོས་སྐུའི་སྣང་བ་ཡོད་མ་ཡིན༔ སྐུ་དང་ཡེ་ཤེས་རྒྱུན་ཆད་པས༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ མདོར་ན་གང་ཡང་གནས་པ་མེད༔ སོང་བ་མེད་པས་འོང་མེད་པའོ༔ ཞེས་(༢༦༠)སོ༔ དེ་འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ༔ གསང་སྔགས་སྙིང་གི་ཏི་ཀ་ལས༔ ལམ་ཁྱེར་རྣལ་འབྱོར་བཞི་པོ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་བཞིའི་གདམས་པ་རྫོགས་སོ༔

ཨེ་མ་ཧོ༔ ཨོ་རྒྱན་བདག་གི་ཐུགས་ཀྱི་སྲས༔ མ་འགགས་སྤྱོད་པ་སྣ་ཚོགས་བྱེད༔ ལུས་ལ་ཤ་སྨེ་སྤྱན་འདྲས་མཚན༔ སྒེག་པ་ཆོས་ལ་སྤྱོད་པ་རྩིང༔ སྦས་པའི་རྣལ་འབྱོར་དེ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

དེ་ལ་འདུད་བྱེད་ཌཱཀྐིའི་སྲས༔ རྨི་ལྟས་ཚང་བ་བཞི་འབྱུང་བས༔ དེ་ལ་གནད་ཀྱི་གདམས་པ་གཏོད༔ གཞན་ལ་ཚིག་ཙམ་བརྗོད་ན་ཕུང༔ སྦས་པའི་རྣལ་འབྱོར་ཌཱཀྐིའི་བུ༔ ཤ་སྨེ་སྤྱན་འདྲས་མཚན་པ་དེ༔ ལུས་དང་གྲིབ་བཞིན་ཌཱཀྐིས་སྐྱོང༔ ཕྲིན་ལས་དུས་ལ་མ་བབས་པས༔ དེ་ལ་འདུན་བྱེད་ཤིན་ཏུ་ཉུང༔ ལན་རེ་འབྲེལ་ལ་ཞེ་ཐག་པས༔ མོས་དང་འདུད་པ་ཤིན་ཏུ་ཉུང༔ འདི་ལ་མོས་ཚད་ཌཱཀྐི་བུ༔ སྤྲུལ་པ་ཡིན་པར་ངས་ལུང་བསྟན༔ འདི་ལ་མོས་འདུད་སྐྱེས་པ་རྣམས༔ དཔའ་བོ་སྡེ་ལྔའི་སྤྲུལ་པ་ཡིན༔ འདི་ལ་མོས་འདུད་བུད་མེད་རྣམས༔ ཌཱཀྐི་སྡེ་ལྔའི་སྤྲུལ་པ་ཡིན༔ འདི་ལ་ཟབ་ཆོས་ལུས་ཀྱི་འབྲེལ༔ ཕྱི་མར་དེ་ཡི་གདུལ་བྱར་སྐྱེ༔ སྐྱེས་པ་ཕོ་མོ་གང་ཡང་རུང༔ འདི་ལ་ལན་གཅིག་འགྲོགས་པ་ཡང༔ ཡོན་ཏན་རྣམ་གཉིས་ཕྱི་མར་འཐོབ༔ འདི་དང་རྟག་ཏུ་འགྲོགས་པ་ན༔ དེ་ཉིད་འདས་པའི་ཚུལ་བསྟན་ཚེ༔ སྐྱེས་བུ་དེ་ཡི་སྤྱི་བོ་ནས༔ གཡུ་ཡི་བུད་མེད་རྒྱན་དྲུག་ལྡན༔ འཇའ་ཚོན་ལྟ་བུ་འཁྱུད་གང་བ༔ ཕྱག་ན་མེ་ཏོག་དམར་པོ་བསྣམས༔ ཕཊ་ཀྱི་སྒྲ་འབྱིན་ནམ་མཁའ་ལ༔ བུན་གྱིས་གཤེགས་པ་མཐོང་བར་འགྱུར༔ དེ་ཡི་སྙིང་ལ་ལས་ཀྱི་གདུང༔ སྔོན་པོ་སྲན་མ་ཙམ་གཅིག་འབྱུང༔ ལས་ལྡན་གཅིག་ལ་སྣང་སྲིད་དམ༔ གལ་ཏེ་ཌཱཀྐིས་གདན་འདྲེན་འགྱུར༔ གདུང་རུས་གཅིག་ལ་ཡི་གེ་ཧྲཱི༔ འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད༔ འཇའ་ཚོན་རིང་བསྲེལ་འབྱུང་བའང་སྲིད༔ ཕལ་དུ་རྟགས་མེད་སྦས་ཚུལ་འདའ༔ དགུང་ལོ་ལྔ་བཅུ་ང་དགུ་ལ༔ ཌཱཀྐི་རྣམས་ཀྱིས་གདན་འདྲེན་འགྱུར༔ དེ་ནས་དྲི་མེད་འོད་ཟེར་ཞེས༔ མ་(༢༦༡)འོངས་དུས་ན་ལྷོ་རུ་འབྱུང༔ ལས་ཅན་དེ་དང་འཕྲད་པར་ཤོག༔ ཀུན་ལ་མ་བསྟན་བཀའ་ཆད་འོང༔ སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

༈ ཐོས་པ་ཙམ་གྱིས་ངེས་པར་གྲོལ་འགྱུར་ཞེས། །རྡོ་རྗེ་འཆང་གིས་བསྔགས་པ་ལམ་གྱི་མཆོག །འདི་ཚུལ་ངེས་པར་བྱེད་པ་སྨོས་ཅི་འཚལ། །ཆོས་ཉིད་བདེན་པས་མྱུར་དུ་གྲོལ་བར་འགྱུར། །རྩོལ་བཅས་ཐེག་པས་གདུལ་བར་དཀའ་བའི་དུས། །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ཞེས་སུ། །བསྔགས་པའི་ལུང་བཞིན་སྙིང་པོའི་བསྟན་པ་ཡིས། །འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྒྱས་གྱུར་ཅིག། །།

ཞུས་ལན་བདུད་རྩི་གསེར་ཕྲེང་།

༄༅༔ ཞུས་ལན་བདུད་རྩི་གསེར་ཕྲེང་བཞུགས་ལགས་སོ་ཨང༔

༄༅༔ གཅ།།ཆ།ཏྱ།།༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཐམས་ཅད་མཁྱེན་པ་རྡོ་རྗེ་ལྟ་བུའི་རིག་འཛིན་ཆེན་པོ་དེ༔ མངའ་བདག་བཙད་པོས་བོད་དུ་གདན་དྲངས་ནས༔ བོད་དུ་བཞུགས་རིང་ལ༔ བདག་མཚོ་རྒྱལ་གྱིས་(༢)ལས་རྒྱ་དང་ཞབས་ཏོག་བགྱིས་ཏེ༔ གཞོ་སྟོད་ཏི་སྒྲོ་བྲག་ལ་སྒྲུབ་པ་མཛད་པའི་དུས་སུ༔ ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོ་སྙིང་ཐིག་གི་དོན་ངོ་འཕྲོད༔ གནས་ལུགས་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་ལྟ་བས་ཐག་ཆོད་ནས་དེ་ལ་ངོ་མཚར་སྐྱེས་ཏེ་བདག་མཁར་ཆེན་བཟས་ཞུས་པ༔ ཨེ་མ་སློབ་དཔོན་ཆེན་པོ་ལགས༔ གསང་སྔགས་སྙིང་ཐིག་གི་གནད་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདུས་འདུག་པས་འདི་གསུམ་ལ་གོལ་ས་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས་ཀྱི༔ ཡང་གསང་སྙིང་ཐིག་གི་དོན་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདུས་པ་ཡིན་ཏེ༔ གང་ཟག་གིས་མ་གོ་ན་འདི་གསུམ་ལ་གོལ་ས་ཡོད༔ དེ་ལ་བཞི་སྟེ༔ གོལ་ལུགས༔ གོལ་རྟགས༔ ཉེས་སྐྱོན༔ གོལ་བའི་འབྲས་བུའོ༔ དང་པོ་ངོ་བོའི་གོལ་ལུགས་ནི༔ སྤྱིར་ངོ་བོ་ཞེས་བྱ་བ་དེ་རང་གི་རིག་པའི་གནས་ལུགས་ཅིར་ཡང་གྲུབ་པ་མེད་པའི་སྟོང་གསལ་དུ་ཡེ་གདོད་མ་ནས་ད་ལྟའི་བར་དུ་ཤེས་པ་མ་བཅོས་(༣)བསླད་དང་བྲལ་བ་འདི་ཀ་ལྟར་ཡོད་པ་ཡིན་ཏེ་འདི་ཀའི་སྟེང་དུ་མི་འཇོག་པར༔ གང་ཟག་གིས་སྟོང་ཉིད་དུ་བསྒོམས་པས་སྟོང་འཛིན་གྱི་བློ་དང་མ་བྲལ་བས་སྟོང་པ་ཕྱང་ཆད་བྱ་བར་གོལ་བ་ཡིན་གསུངས༔ དེར་གོལ་བའི་རྟགས་སུ༔ ཡར་སངས་རྒྱས་མེད༔ མར་དམྱལ་བ་མེད༔ ཐམས་ཅད་མ་གྲུབ་པས་སྟོང་པ་ཉིད་ཡིན་ཟེར་འོང་གསུངས༔ དེར་གོལ་བའི་ཉེས་སྐྱོན་ནི་ཐམས་ཅད་སྟོང་པར་འདུག་སྙམ་པའི་བློས༔ ཡར་མོས་གུས་དང་དག་སྣང་སྐྱབས་འགྲོ་སེམས་བསྐྱེད༔ བྱམས་སྙིང་རྗེ་ལ་སོགས་པའི་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་བོར་ནས་ཚེ་འདིའི་བྱ་བ་ལ་འཇུག༔ མར་མི་དགེ་བའི་ལས་འཆོལ་ཉོག་ཏུ་སྤྱོད༔ དེར་བདེན་པ་ལོག་པར་སྤྱད་པས་འགྲོ་ས་རྡོ་རྗེའི་དམྱལ་བ་ལས་མེད་གསུངས༔ དེ་ལྟར་ལོག་པར་སྤྱད་པའི་འབྲས་བུ་ནི་ཡར་དགེ་བའི་ཕྱོགས་སུ་བདེན་པ་ལོག་པས་མུ་སྟེགས་ཆད་ལྟ་བར་སྐྱེ༔ མར་རྒྱུ་འབྲས་ཀྱི་ཕྱོགས་སུ་བདེན་པ་ལོག་པས་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་གསུངས༔ མཚོ་རྒྱལ་སྟོང་ཉིད་རྟོགས་ཟེར་བ་མང་པོར་གདའ་སྟེ༔ དོན་དམ་པའི་གནས་ལུགས་རྟོགས་པ་ཉུང་བར་གདའ་གསུངས༔ རང་བཞིན་ལའང་གོལ་ས་བཞི་སྟེ༔ དེ་ལ་དང་པོ་རང་བཞིན་གྱི་གོལ་ལུགས་ནི༔ རིག་པ་སྟོང་པའི་རང་མདངས་སྐུ་དང་ཡེ་ཤེས་སུ་གསལ་བ་འདི་ལ༔ སྐུ་ལ་ཞལ་ཕྱག་གམ༔ ཡེ་ཤེས་ལ་ཁ་དོག་གམ༔ མཚན་མ་རིས་ཅན་དུ་གྲུབ་པ་མེད་དེ༔ སྟོང་པའི་རང་མདངས་གསལ་བའི་ཆ་ཙམ་དུ་གསལ་སྟོང་དབྱེར་མེད་དུ་བཞུགས་ལ༔ གང་ཟག་གིས་གསལ་སྟོང་དབྱེར་མེད་ཟུང་འཇུག་ཏུ་ངོ་མ་ཤེས་པར༔ རིག་པ་སྣང་བར་གོལ་བ་བྱ་བ་ཡིན་གསུངས༔ དེར་གོལ་བའི་རྟགས་སུ་ཆོས་སྐད་ཐམས་ཅད་ཡ་བྲལ་གྱི་སྐད་དུ་འོང༔ ཟུང་འཇུག་གི་སྐད་བསྟན་ན་ཁོའི་ཤེས་པ་ལ་མི་ཤོང་གསུངས༔ དེར་གོལ་བའི་ཉེས་སྐྱོན་ནི་སྣང་བ་དངོས་པོ་ཅན་དུ་འདུག་སྙམ་པའི་བློས༔ སེམས་ཕྱོགས་ཀྱི་ཆོས་ལ་བློ་མི་འཇུག༔ གྲུབ་མཐའི་ཁ་ཟིན་ཆེ་བས་ཐམས་ཅད་མཁྱེན་པའི་ས་ལམ་དང་བྲལ༔ སྣང་བ་ལ་ཨ་འཐས་པས་གྲོལ་རྒྱུ་མེད་པ་ཡིན་གསུངས༔ དེ་ལྟར་གོལ་བའི་འབྲས་བུ་ནི༔ ཕྱི་སྣང་བའི་འོད་གསལ་ལ་ཨ་འཐས་སུ་ཆགས་པས་གཟུགས་ལ་སོགས་(༤)པའི་ཁམས་སུ་སྐྱེ༔ ནང་རིག་པ་གསལ་སྟོང་དུ་ངོ་མ་ཤེས་པས་བློ་ཕྱོགས་གཅིག་ཏུ་འཁོར་ཏེ་གྲོལ་བའི་རྒྱུ་མ་མཆིས་གསུངས༔ མཚོ་རྒྱལ་འོད་གསལ་ཟིན་ཟེར་བ་མང་པོ་གདའ་སྟེ༔ གསལ་སྟོང་ཟུང་འཇུག་འབྱོངས་པ་ཉུང་བར་མཆིས་གསུངས༔

༈ ད་ཐུགས་རྗེ་ལ་ཡང་གོལ་ས་བཞི་ཡོད་དེ༔ དེ་ལ་དང་པོ་ཐུགས་རྗེའི་གོལ་ལུགས་ནི༔ རིག་པ་སྟོང་གསལ་གྱི་རང་མདངས་མི་འཆར་དགུ་འཆར་གྱི་རྣམ་རྟོག་འདི༔ ཇི་ལྟར་ཤར་ཡང་ངོ་བོ་རིག་སྟོང་ལས་མ་འདས་ཏེ༔ གང་ཟག་གིས་དེ་ལྟར་མ་གོ་བས་རིག་པ་སྟོང་བར་བྱ་བ་ཡིན་གསུངས༔ དེར་གོལ་བའི་རྟགས་སུ་ལུས་ངག་ཡིད་གསུམ་ཚེ་འདིའི་བྱ་བ་ལ་འཇུག་གསུངས༔ དེར་གོལ་བའི་སྐྱོན་ནི་གང་ཤར་གྱི་རྟོག་པ་ཆོས་སྐུར་མ་ཤར་བའི་བློས༔ གང་ཤར་རྣམ་རྟོག་གི་དྲྭ་བས་བཅིངས་པས་དགེ་སྦྱོར་འདྲེད༔ བག་ཆགས་ངན་གོམས་གཙོ་ཆེ་བས་ཚེ་འདི་ཁོ་ན་སྒྲུབ༔ གཉིས་འཛིན་གྱི་ཐེ་ཚོམ་རེ་དོགས་ཀྱི་སྒྲོག་ཏུ་བཅུག་ནས་རང་གིས་རང་འཆིང་བ་ཡིན་གསུངས༔ དེར་གོལ་བའི་འབྲས་བུ་ནི༔ རྣམ་རྟོག་གི་གོལ་ས་མ་ཤེས་པས་བག་ཆགས་སུ་ཨ་འཐས༔ རྒྱུ་འབྲས་ཀྱི་ཉེས་དམིགས་མ་དྲན་པས་ཡེངས་མ་ལམ་ལ་མི་ཚེ་ཟད༔ ཤི་ནས་ཁམས་གསུམ་དུ་གོལ་བ་ཡིན་མོད༔ རྟོག་པ་མེད་ཟེར་བ་མང་བར་གདའ་སྟེ༔ ཤར་གྲོལ་གྱི་མཚང་རྟོགས་པ་ཉུང་བར་གདའ་གསུངས༔

༈ ཡང་ཇོ་མོས་ཞུས་པ༔ གོལ་ས་གསུམ་པོ་དེ་མ་ཆོད་ན་དོན་མི་འདུག་པས་གསུམ་པོ་དེ་ཇི་ལྟར་སྦྱང་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ མཚོ་རྒྱལ་རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བཅོས༔ རྒྱུ་མེད༔ རྐྱེན་མེད༔ ཡེ་གདོད་མ་ནས་གནས་པ་ཡིན༔ འདི་ལ་བཅས་བཅོས་མ་བྱེད་པར་ཁོ་རང་གར་འདུག་གི་སྟེང་དུ་ཞོག་དང༔ གོལ་ས་མེད་པ་ཀ་དག་གི་ངང་དུ་སངས་རྒྱས་པ་ཡིན་གྱི་གསུངས༔ དེ་བཞིན་དུ་རང་བཞིན་གསལ་བ་འདི་ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ༔ དེའི་རྩལ་ཐུགས་རྗེ་འགག་མེད་གང་ཤར་ཡང་རང་བཞིན་མ་གྲུབ་པས་གསུམ་ཀ་དབྱེར་མེད་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང༔ སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་གསུངས༔ ཡང་ཇོ་(༥)མོས་ཞུས་པ༔ ལྟ་སྒོམ་སྤྱོད་པ་གསུམ་གྱི་གོལ་ས་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཉོན་ཅིག་མཚོ་རྒྱལ༔ དང་པོ་ལྟ་བའི་གོལ་ས་ལ་ལྔ་སྟེ༔ དང་པོ་ལྟ་བ་ཉིད་ཀྱི་གོལ་ས༔ གནས་ཀྱི་གོལ་ས༔ གྲོགས་ཀྱི་གོལ་ས༔ ཉོན་མོངས་པའི་གོལ་ས༔ ཕྱོགས་འཛིན་གྱི་གོལ་སའོ༔ དང་པོ་ལྟ་བ་ཉིད་ཀྱི་གོལ་ས་ནི༔ ཆོས་སྤྱིའི་ལྟ་བ་སྟོང་པ་མཐའ་བྲལ་དུ་འདོད་པ་ལས༔ འདིར་སྙིང་ཐིག་གི་རྣལ་འབྱོར་པ་མངོན་སུམ་རྗེན་པར་འདོད༔ དེ་གཉིས་ཡང་དག་དོན་དམ་པར་རྟོགས་ན་དབྱེ་བ་མེད་དེ༔ མ་རྟོགས་ན་སྤྱིའི་ལྟ་བ་ཡིད་དཔྱོད་ཚིག་གི་ལྟ་བས་དོན་རང་ཐོག་ཏུ་མི་ཕེབ་སྟེ་གོལ་སའི་རྩ་བའི་ལྟ་བ་ཡིན༔ མངོན་སུམ་གྱི་ལྟ་བ་ལ་ཡིད་མ་ཆེས་པར་ཡིད་དཔྱོད་ཚིག་གི་ལྟ་བ་དོན་དམ་དུ་བྱས་ནས་ཐམས་ཅད་གཏད་མེད་ཡིན་བྱར་མེད་ཡིན༔ མཐའ་བྲལ་ཡིན་ཟེར་ནས་དགེ་སྡིག་ཐམས་ཅད་འཆོལ་ཉོག་ཏུ་སྤྱོད་ཅིང་ལས་ལ་བཟང་ངན་མེད༔ དགེ་བ་བྱས་པས་ཕན་མ་བཏགས༔ སྡིག་པ་བྱས་པས་གནོད་མ་བསྐྱལ་ཐམས་ཅད་མཉམ་ཉིད་ཟང་ཐལ་ཡིན་ཟེར་ནས་ཐ་མལ་ལྟར་སྡོད་དེ༔ དེ་ནི་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཞེས་བྱ་སྟེ༔ ལྟ་བ་ཐམས་ཅད་ཀྱི་གོལ་སའི་རྩ་བ་ཡིན༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན༔ མངོན་སུམ་གཉིས་མེད་རང་གསལ་གྱི་ལྟ་བ་དང༔ རྒྱུ་འབྲས་ཟབ་མོ་ཟུང་འཇུག་ཏུ་སྤྱོད་པ་གལ་ཆེ་གསུངས༔

༈ གཉིས་པ་གནས་ཀྱི་གོལ་ས་ནི༔ སྤྱིར་གནས་སྐབས་ཀྱི་ལྟ་བ་རྟོགས་པའི་གང་ཟག་དེས་མཐར་ཐུག་གི་ལྟ་བ་རྟོགས་པ་ཀློང་དུ་འགྱུར་བར་བྱེད་པ་ལ༔ རི་ཁྲོད་དམ་དུར་ཁྲོད་ལ་སོགས་པ་དབེན་ཞིང་དྭངས་པའི་གནས་སུ་འགྲོ་དགོས་གསུངས༔ གནས་སྐབས་ཀྱི་ལྟ་བ་ཡོད་ཀྱང་དེ་སྐྱོང་པ་ལ་རི་ཁྲོད་མ་འགྲིམས་ན༔ གནས་ངན་པས་ལྟ་བ་གོལ་བ་ཡིན་མོད༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་གནས་སྐབས་ཀྱི་ལྟ་བ་རི་ཁྲོད་དུ་སྐྱོངས་དང་གསུངས༔

༈ གསུམ་པ་གྲོགས་ཀྱི་གོལ་ས་ནི༔ སྤྱིར་གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་དེ༔ ཆོས་དང་མཐུན་པ་ཉོན་མོངས་པ་མི་འཕེལ་བའི་གྲོགས་དང་འགྲོགས་དགོས་གསུངས༔ གྲོགས་ངན་དང་འགྲོགས་ན་ངན་པའི་སྤྱོད་པ་མི་འགོ་མི་སྲིད་དོ༔ དེས་ཚེ་འདིར་ཁྲིད་ནས་(༦)ལྟ་བ་སྐྱོང་དུ་མི་སྟེར༔ ཉོན་མོངས་པ་འཕེལ་བས་གོལ་སའི་རྩ་བ་ཡིན༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་འབྲེལ་མེད་ཀྱི་གྲོགས་ལ་འབྲེལ་ཐག་ཆོད་ལ་གཅིག་པུར་སྡོད་གསུངས༔

༈ བཞི་པ་ཉོན་མོངས་པའི་གོལ་ས་ནི༔ གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་དེས༔ ཉོན་མོངས་པ་འབུར་འཇོམས་སུ་ལམ་དུ་མི་སློང་བས་ཕྱི་རོལ་གྱི་རྐྱེན་གང་ཡང་རུང་བས་ཉོན་མོངས་པ་སློང་ངོ་༔ དེར་སྐད་ཅིག་མས་ཀྱང་ལས་ངན་སོགས་ལ༔ ཡུན་དུ་ལོན་ན་ལས་ངན་ལ་སྤྱོད་དེ་ཚོགས་དྲུག་གི་སྣང་བ་ལ་དུག་ལྔས་ལས་ངན་སོ་སོར་བསོག༔ དེ་ཡང་གནས་སྐབས་དང་མཐར་ཐུག་ཏུ་དེ་དག་གི་འབྲས་བུ་འབྱུང་བས་ཉོན་མོངས་པ་གང་སྐྱེས་ཀྱང་སྐད་ཅིག་མ་ལ་དྲན་པས་བཟུང་ལ་ཤེས་པ་ལྷོད་ཀྱིས་ཀློད་དེ༔ ཉོན་མོངས་པ་དེ་ལས་གྲུབ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྒོམ༔ ཉོན་མོངས་པ་དེ་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་བླ་མ་ལ་གསོལ་བ་གདབ༔ ཉོན་མོངས་པའི་ས་བོན་དེ་སྔགས་ཀྱིས་སྦྱོང་བ་ལ་ཡི་དམ་དུ་བསྒོམ༔ དེའི་རྗེས་ལ་ལྟ་བའི་ངང་དུ་གློད་ལ་བསྔོ་བ་དང་སྨོན་ལམ་བྱའོ༔ དེ་ལྟར་ལམ་དུ་སློང་ན་ཡོན་ཏན་ནི་གནས་སྐབས་དང་མཐར་ཐུག་དེ་དག་གི་འབྲས་བུ་ཐོབ༔ དེ་ལྟར་ལམ་དུ་མ་སློང་ན་ཉོན་མོངས་པའི་འདམ་དུ་སོང་ནས་ལྟ་བ་ཀློང་དུ་མི་འགྱུར་ཏེ་གོལ་སའི་རྩ་བ་ཆེ་ཤོས་ཡིན༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་ཉོན་མོངས་པ་གང་སྐྱེས་ལ་གཉེན་པོ་བརྟེན་ལ་ལམ་དུ་སློང་བར་གྱིས་དང་གསུངས༔

༈ ལྔ་པ་ཕྱོགས་འཛིན་གྱི་གོལ་ས་ནི༔ གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་ཐམས་ཅད་ཀྱང་གྲུབ་མཐའ་རང་གཞུང་གི་ལྟ་བ་ཤ་སྟག་ཏུ་གོལ་ནས་ལུང་སྐྱོབ་དང༔ བདག་གཞན་དང༔ མཐོ་དམན་དང༔ ཕྱོགས་རིས་དང་བཟང་ངན་དུ་ཕྱེ་ནས་སངས་རྒྱས་ཀྱི་ལྟ་བ་མཐའ་བྲལ་ཆེན་པོ་ལ་གང་ཟག་གི་བློ་ཚོད་དང༔ སྦར་ཚོད་བྱེད་པ་གོལ་སའི་རྩ་བ་ཡིན༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་ལྟ་བ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཤེས་པར་གྱིས་ཤིག་གསུངས་སོ༔

༈ དོན་གཉིས་པ་སྒོམ་པའི་གོལ་ས་ལ་ཡང་ལྔ་སྟེ༔ སྒོམ་པའི་ངོ་བོའི་གོལ་ས༔ གནས་དང་གྲོགས་ཀྱི་གོལ་ས༔ སྒོམ་སྐྱོན་གྱི་གོལ་ས༔ ཉོན་མོངས་པའི་གོལ་སའོ༔ དང་(༧)པོ་སྒོམ་པའི་ངོ་བོའི་གོལ་ས་ནི་བླ་མས་མངོན་སུམ་རྗེན་པར་ངོ་སྤྲད་ཀྱང་སློབ་མས་མ་གོ་སྟེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་འཕྲིག་མ་ཚུད་དེ་གསལ་སྟོང་དབྱེར་མེད་དུ་ངོ་མ་ཤེས་པས་གོལ་ཏེ༔ དེ་ཡང་བླ་མའི་གདམས་ངག་གི་ལུགས་ལྟར་ཉམས་སུ་བླངས་པས་ལུས་སེམས་ཀྱི་བདེ་བ་བག་ཙམ་སྐྱེས་པ་ལ་ཞེན་ན་འདོད་ཁམས་ཀྱི་ལྷ་མིར་གོལ༔ སེམས་གང་དུ་ཡང་མི་རྟོག་པ་ཙམ་དུ་ཆགས་ན་གཟུགས་ཁམས་ཀྱི་ལྷར་གོལ༔ གསལ་བ་ལ་རྟོག་པ་མེད་པར་ཆགས་ན་གནས་གཙང་མའི་ལྷར་གོལ༔ བདེ་བ་ལ་མི་རྟོག་པར་ཆགས་ན་འདོད་ཁམས་ཀྱི་ལྷར་གོལ༔ སྟོང་པ་ལ་མི་རྟོག་པར་ཆགས་ན་གཟུགས་མེད་ཀྱི་ལྷར་གོལ༔ དེ་དག་གིས་ནི་ཁམས་གསུམ་དུ་གོལ་བ་ཡིན་ནོ༔ དབང་པོའི་ཡུལ་རྒྱུན་འགགས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ༔ གཉིད་འཐུག་པོ་ལོག་པ་ལྟར་བྱུང་ཚོར་འགགས་ན༔ ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ༔ ཤེས་ངོ་ལ་གསལ་ལ་སྣང་ངོ་ལ་འགགས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ་ལོ༔ གསལ་ངོ་ལ་བདེ་བ་བྲེང་ཙམ་ལ་སྣང་ངོ་ལ་ཅི་ཡང་མེད་པ་རྒྱུན་ཆགས་སུ་སྐྱེ་ན་ཡོད་མིན་མེད་མིན་སྐྱེ་མཆེད་དུ་གོལ་ལོ༔ འདི་དག་ནི་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བ་ཞེས་བྱ་སྟེ༔ འདི་ནས་ཤི་འཕོས་ནས་ཁམས་གསུམ་དང་རིགས་དྲུག་ཏུ་འཁོར༔ མཚོ་རྒྱལ་སྒོམ་གྱི་གོལ་ས་གཅོད་མ་ཤེས་ན་གླེན་སྒོམ་གྱིས་ཁམས་ལྡོག་པ་ལས་དགོས་པ་མེད་གསུངས༔ གཞན་ཡང་ཡུལ་སེམས་སོ་སོའི་སྐྱེ་བོས་མཐོང་བ་ལྟར་འདོད་ན་ཐ་མལ་རང་རྒྱུད་དུ་གོལ༔ ཡོད་མེད་ཕྱོགས་གཅིག་ཏུ་འཛིན་ན་མུ་སྟེགས་རྟག་ཆད་དུ་གོལ༔ སེམས་ལས་མ་གཏོགས་ཡུལ་གུད་དུ་འདོད་ན་ཉན་ཐོས་རང་རྒྱལ་དུ་གོལ༔ སྣང་བ་སེམས་སུ་འདོད་ན་སེམས་ཙམ་དུ་གོལ༔ སྣོད་བཅུད་ལྷ་རུ་འདོད་ན་སྔགས་སུ་གོལ༔ གོལ་སའི་མཐའ་གཅོད་མ་ཤེས་པའི་སྒོམ་གྱིས་ཅི་བྱེད་གསུངས༔ འོ་ན་གོལ་ས་གཅོད་པའི་ཐབས་ཤིག་ཞུ་ཞུས་པས༔ གུ་རུའི་ཞལ་ནས༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན༔ དང་པོ་ཐོས་པ་རྒྱ་བསྐྱེད༔ བར་དུ་ངོ་སྤྲོད་གདམས་པ་གནད་དུ་ཚུད་པར་བྱ༔ ཐ་མར་ཉམས་སུ་ལེན་པའི་དུས་སུ་གོང་གི་གོལ་ས་དེ་ཚོ་བསམ་(༨)གཏན་ལ་ཞེན་ཅིང་ཆགས་པ་ཡིན་མོད་དཔེ་ནི་རི་བོང་ཁྲ་ཚང་དུ་ཉལ་བ་དང༔ མདའ་མཁན་གྱི་བསམ་གཏན་དང་འདྲ་བར་གྲོལ་རྒྱུ་མེད༔ ཉམས་ཀྱི་སྣང་བ་ལ་ཅི་ཤར་ཡང་གང་ཤར་གྱི་ཐོག་ཏུ་བཅས་བཅོས་དང་རེ་དོགས་དགག་སྒྲུབ་མེད་པར༔ དེ་རང་ཐོག་ཏུ་ཀློད་ལ་ཞོག་དང་གང་ཤར་ལ་འཛིན་པ་མེད་ན་གོལ་སར་ལྟུང་རྒྱུ་མེད་གསུངས༔

༈ གཉིས་པ་གནས་དང་གྲོགས་ཀྱི་གོལ་ས་བསྟན་པ་ནི༔ སྒོམ་ཡོད་པའི་གང་ཟག་དེ་གནས་མཚན་ཉིད་དང་ལྡན་པར་བསྒོམ་དགོས༔ གནས་དགོན་འདུ་འཛི་ཅན་དང་ཉོན་མོངས་པ་གྲྭ་རྒྱས་པའི་སར་བསྡད་ན༔ གྲིབ་དང་དཀོར་དང་ཆགས་སྡང་གིས་ཉོན་མོངས་པའི་དབང་དུ་འགྲོ༔ གྲོགས་ངན་པ་དང་འགྲོགས་ན་སྒོམ་གྱི་སྐྱེད་འཕེལ་ཆད༔ རང་སྡུག་རང་གིས་ཉོ་བ་ཡིན༔ མཚོ་རྒྱལ་ཆོས་གཤའ་མ་གཅིག་བྱེད་ན་གནས་ངན་པ་དང་གྲོགས་ངན་པ་ལ་སོགས་འཁྲི་བ་བཙན་ཆོད་དུ་སྤོང་བ་རང་ཟབ་པོ་གསུངས༔

༈ གསུམ་པ་སྒོམ་སྐྱོན་གྱི་གོལ་ས་ནི༔ སྒོམ་སྐྱོང་བའི་དུས་སུ་བྱིང་བ་དང་རྒོད་པ་དང༔ འབྱམས་པ་དང་གསུམ་ཡོད་དེ་བྱིང་བ་ལ་གནས་ཀྱིས་བྱིང་བ༔ གྲོགས་ཀྱིས་བྱིང་བ༔ དུས་ཀྱིས་བྱིང་བ༔ ཟས་ཀྱིས་བྱིང་བ༔ འདུག་སྟངས་ཀྱིས་བྱིང་བ་སྒོམ་གྱིས་བྱིང་བ་དང་དྲུག་ཡིན༔ དང་པོ་གནས་ཀྱིས་བྱིང་བ་ནི་ནགས་རོང་དམའ་མོ་དང༔ ཡུལ་གྲོང་ཉམས་གྲིབ་ཅན་དུ་བསྡད་པས་ཤེས་པ་རྨུགས༔ ཐིག་ལེ་མི་གསལ༔ རིག་པ་འཐུམས༔ གཉིད་ཆེ༔ ལུས་ལྕི༔ དེ་ལ་ཁྲུས་དང་བཤགས་པ་བྱ༔ གནས་དྭངས་ཤིང་མཐོ་བའི་སར་འགྲོ༔ འདུག་ས་གཡེལ་སར་བསྒོམ༔ གློ་སྐར་གྱི་སེར་བུ་དབྱེ༔ དམིགས་པ་གངས་ཀྱི་རྩེ་མོ་ན་ཡོད་པ་ལ་སེར་བུ་རྡེག་པར་བསྒོམ༔ དེས་སེལ་ལོ༔ གཉིས་པ་གྲོགས་ཀྱིས་བྱིང་བ་ནི༔ མི་གྲིབ་ཅན་དང་ལྷན་ཅིག་བསྡད་པའམ༔ ཕྱག་རྒྱ་མ་རྒྱུད་མ་དག་པའམ༔ གཡེམ་པའི་ལས་བྱས་སྲིད་པས་གྲིབ་ཕོག་པ་ཡིན་ཏེ་དེ་ལ་བསྐང་བཤགས་དང་ཁྲུས་ལ་འབུངས༔ མི་དམ་ཉམས་དང་གྲིབ་ཅན་བསྲུང༔ ཕྱག་རྒྱ་མ་མཚན་དང་ལྡན་པ་བཙལ་ལ་དབང་བསྐུར༔ གཡེམ་ཤོར་དུ་མི་གཞུག༔ དེས་སེལ་ལོ༔ (༩)གསུམ་པ་དུས་ཀྱིས་བྱིང་བ་ནི་དཔྱིད་དམ་དབྱར་ལྟ་བུ་འཐིབས་ཤིང་ཉོག་ན༔ དེ་ལ་གངས་རི་ལ་སོགས་པ་ལ་ཕྱིན་པས་སེལ་ལོ༔ བཞི་པ་ཟས་དང་གོས་ཀྱིས་བྱིང་བ་ནི་མིའི་ཟས་དང་གོས་གྲིབ་ཅན་གྱིས་བྱིང་འཐིབས་སུ་འགྲོ་བས་སྒྲུབ་པའི་དུས་སུ་མིའི་ཟས་གོས་གྲིབ་ཅན་ལ་འཛེམ༔ དེས་སེལ་ལོ༔ ལྔ་པ་འདུག་སྟངས་ཀྱི་བྱིང་བ་ནི༔ ལས་དང་པོ་པས་ཉལ་བ་ལ་སོགས་པ་བྱས་ན་བྱིང་འགྲོ་བས་སྒོམ་པའི་དུས་སུ་བཞུགས་སྟངས་གསུམ་མམ་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པ་བྱས་ལ་ཤེས་པ་ལ་ཧུར་འདོན༔ དབང་པོ་ལ་དྭངས་བཏོན་ལ་སེང་ངེ་ཡེར་རེ་བསྒོམ་པའོ༔ དེས་སེལ་ལོ༔ དྲུག་པ་སྒོམ་གྱིས་བྱིང་བ་ནི༔ སྒོམ་པའི་དུས་སུ་ཤེས་པ་འཕོང་སྨད་ནས་བསྒོམས་པས་རྨུགས་འཐོམས་སེ་བྱིང་ངེ་བ་ཅིག་ཡོང༔ དེ་བྱིང་བ་ཡིན་པས༔ སྒྲོན་མའི་གསལ་ཚོད་དང་སྦྱར་བའི་དབང་པོ་ནམ་མཁར་གཏད་པས་སེང་ངེ་ཡེར་རེ་ཧྲིག་གེ་བྱས་ལ་རིག་པ་ངར་གདགས་སོ༔ དེས་སེལ་ལོ༔ ལམ་རིམ་ནས་བྱིང་རྒོད་གཉིས་རིག་པ་འཇུར་ལ་མ་ཐེབས་པས་ལན་གསུང་ངོ་༔ མཚོ་རྒྱལ་སྒོམ་གྱི་གེགས་སེལ་བ་ལ་གང་ཟག་བརྩོན་འགྲུས་ཅན་མིན་པས་མི་སེལ་གསུངས༔ བཞི་པ་ཉོན་མོངས་པའི་གོལ་ས་ནི༔ སྒོམ་སྐྱོང་བའི་གང་ཟག་ལ་ཉོན་མོངས་པའི་དགྲ་རྐུན་མང༔ དེ་ཡང་རེ་ཞིག་བསྡུ་ན་ལྔ་ཡོད་དེ༔ ཞེ་སྡང་དང་ང་རྒྱལ་དང༔ འདོད་ཆགས་དང༔ ཕྲག་དོག་དང༔ གཏི་མུག་གོ༔ རྩ་བ་དེས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཆར་བས་དེས་སྒོམ་གནས་སུ་མི་སྟེར༔ དུག་ལྔ་པོ་དེ་རེ་རེ་ལ་ཉོན་མོངས་པ་ལྔ་ལྔ་སྐྱེ་བས་དེས་འཁོར་བར་འཁྲིད་དེ༔ དེ་དག་ལ་མ་བུ་གཅིག་པོ་སྟོར་བ་ལྟ་བུའི་འདུ་ཤེས་ཀྱིས་མ་ཡེངས་པར་བྱས་ལ༔ པང་དུ་དུག་སྦྲུལ་བྱུང་བ་ལྟར་སྤང་ཞིང་ཤེས་བཞིན་གྱི་དྲན་པས་བཟུང་ལ་ལྟ་བའི་སྐབས་ཀྱི་ལམ་ཁྱེར་ལྟར་ཉམས་སུ་བླང༔ དེ་ལྟར་མ་བྱས་ན་སྐད་ཅིག་མས་ལས་ངན་སོག༔ མཚོ་རྒྱལ་དེ་ལྟར་མ་གོལ་བར་འདོད་ན༔ དུག་ལྔར་དགྲ་ཐབས་སུ་མཁས་པས་ཤེས་བཞིན་གྱི་མེལ་ཚེ་དང་མ་བྲལ་བས་སྤོང་ལེན་ལ་བརྩོན་པར་གྱིས་ཤིག་གསུངས་སོ༔ ལར་ལྟ་སྒོམ་ལ་(༡༠)བརྟན་པ་མ་ཐོབ་ཀྱི་བར་ལ་རི་དྭགས་སྨས་མ་བཞིན་དུ་གཅིག་པུར་བྱོལ་ཞིང༔ ཉོན་མོངས་པ་ལ་དུག་སྦྲུལ་མཐོང་བ་བཞིན་དུ་འབྲོས་པ་རང་གནད་ཆེའོ་གསུངས༔

༈ གཉིས་པ་རྒོད་པའི་སྐྱོན་ལ་གཉིས་ཏེ༔ གནས་ཀྱིས་རྒོད་པ་དང༔ རྐྱེན་གྱིས་རྒོད་པའོ༔ དང་པོ་གནས་ཀྱིས་རྒོད་པ་ནི༔ གནས་དྭངས་ཤིང་མཐོ་བའི་སར་བསྒོམས་པས་རིག་པ་དྭངས་ནས་ཤེས་པ་མི་གནས་པར་རྣམ་རྟོག་རྒོད་ཅིང་འཕྲོ་བ་འོང༔ གང་ལ་འཕྲོས་པ་ལ་རང་གར་བཏང་ན་ཉོན་མོངས་པའི་དབང་དུ་འགྲོ་བས༔ དེ་ལ་ནི༔ དབྱིངས་ས་མཚམས་སུ་ཕབ་ལ་གཏད༔ དེས་མ་ནོན་ན་ཉན་ཐོས་ཀྱི་གཟིགས་སྟངས་ཀྱིས་གཅུན༔ རེས་འགའ་རྟེན་ལ་ཤེས་པ་བཟུང༔ ནུབ་མོ་རྐང་མཐིལ་གྱི་རྩ་དར་སྒོང་བཞག་སྐོར་ལྟ་བུའི་ནང་དུ༔ ཐིག་ལེ་ནག་པོའི་ནང་དུ་སེམས་གཞུག་ལ་ཉལ་ལོ༔ ཟེར་ཡང་གསང་གནས་ཀྱི་ཨ་ལ་ཤེས་པ་གཏོད་པ་ཡིན་ནོ༔ རྣམ་རྟོག་ཧྲིབ་ཀྱིས་བྱུང་བ་དང༔ ངོས་བཟུང་ལ་ཕཊ་བྱས་ལ་རླུང་བཟུང་དེའི་རྗེས་ལ་ལྷོད་ཀྱིས་ཀློད་ལ་བཞག་གོ༔ ཡང་ན་རྟོག་པ་རྐྱང་འདེད་བྱས་ནས་མ་རྙེད་པའི་ངང་ལ་བཞག༔ དེས་སེལ་ལོ༔ གཉིས་པ་རྐྱེན་གྱིས་རྒོད་པ་ནི་ཕྱི་རོལ་གྱི་རྐྱེན་གང་ཡང་རུང་བས་རྟོག་པ་བསླངས་ནས༔ ཉོན་མོངས་པའི་ཕྱོགས་སུ་བློ་རྒོད་ཅིང་འཕྲོ་ན༔ ཅི་བྱེད་དགོས་པ་མེད་སྙམ་པའི་འདུན་པ་བཏང་ལ༔ བྱམས་དང་སྙིང་རྗེ་ཞེན་ལོག༔ ཐབས་ཤེས་དང་མོས་གུས་ཀྱིས་ལམ་དུ་བསླང༔ དེ་ནས་ལྟ་བའི་སྐབས་ཀྱི་ལམ་སློང་ལ་ནན་ཏན་བྱའོ༔ དེས་སེལ་ལོ་གསུངས་སོ༔

༈ དོན་གསུམ་པ་འབྱམས་པའི་སྐྱོན་ལ་གཉིས༔ མ་གོ་བས་འབྱམས་པ་དང༔ རྐྱེན་གྱིས་འབྱམས་པའོ༔ མ་གོ་བས་འབྱམས་པ་ནི༔ སྒོམ་ཐུན་དུ་གཅོད་མ་ཤེས་པས་ཇི་ཙམ་བསྒོམས་ཀྱང་བོགས་མེད་པའོ༔ གདམས་པ་དང༔ བླ་མ་ལ་ལོག་ལྟ་སྐྱེ༔ ཉམས་རྟོགས་གོ་བ་ཤན་མ་ཕྱེད་པས་གླེན་སྒོམ་དུ་སོང་བའོ༔ དེ་ལ་ནི་བླ་མ་ལ་གསོལ་བ་གདབ༔ གདམས་པ་ལ་ངེས་ཤེས་སྐྱེད༔ སྒོམ་ཐུན་དུ་བཅད་ལ་གྲངས་མང་བར་བྱ༔ བྱ་བ་དང་མ་འདྲེས་པར་སེང་ངེ་ཡེར་རེ་བསྒོམ༔ གསལ་དུས་ན་འཕྲོ་བཅད་ནས་བསྒོམ༔ དེས་(༡༡)འབྱམས་པ་ཆོད་ནས་ཉམས་མྱོང་གོང་དུ་འཕེལ་གསུངས་སོ༔ གཉིས་པ་རྐྱེན་གྱིས་འབྱམས་པ་ནི་ཕྱི་རོལ་གྱི་རྐྱེན་གྱིས་དུག་ལྔ་ཚོགས་དྲུག་གི་སྣང་བ་ལ་འབྱམས་ནས༔ ཡེངས་ཏེ་དྲན་པས་མི་ཟིན་པའོ༔ དེ་ལ་གཉེན་པོས་འཕྲལ་དུ་སླེབ་པར་བྱས་ལ༔ སྣང་བའི་འཛིན་པ་དུམ་བུར་བཅད་ལ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ མཚོ་རྒྱལ་གོལ་ས་དེ་ཆོད་པར་འདོད་ན་ཉོན་མོངས་པ་ཕག་སྣའི་གཏུན་བུ་མཐོང་གསུངས་སོ༔ ཡང་ཇོ་མོས་ཞུས་པ༔ གསང་སྔགས་པ་ཉོན་མོངས་པ་ཐམས་ཅད་ལམ་དུ་འཁྱེར་བ་མ་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལམ་དུ་འཁྱེར་བ་དང་ཨ་ཅང་ཆེས་ཏེ༔ དུག་གིས་ལྟོ་ཡོང་བ་རྨ་བྱ་ལས་མེད༔ ཉོན་མོངས་པ་མ་སྤངས་ལམ་དུ་འཁྱེར་ནུས་པའི་གང་ཟག་དེ་ཨུ་དུམ་ཝཱ་རའི་མེ་ཏོག་ལས་དཀོན༔ གང་ཟག་དབང་པོ་རབ་ལ་ཉོན་མོངས་པ་གྲོགས་སུ་འཆར་ཏེ་ཐ་མལ་དུག་ཏུ་འགྱུར༔ དབང་པོ་ཐ་མ་ལ་ཉོན་མོངས་པ་སྤང་བ་རང་ཟབ་གསུངས༔ དང་པོ་སྤངས་པས་ཇི་ཙམ་ན་ཀློང་དུ་འགྱུར་ཞུས་པས༔ ཉོན་མོངས་པ་དང་འདོད་པའི་ཡོན་ཏན་ཐམས་ཅད་སྒྱུ་མ་ལྟར་ཤར་ནས་ཞེན་ཆགས་གང་ཡང་མི་སྐྱེ༔ བྱུང་ཡང་དགག་མི་དགོས༔ གནོད་པ་མེད༔ མ་བྱུང་ཡང་བསྒྲུབ་བློ་མི་སྐྱེ་རེ་བ་མེད༔ དེ་ཙ་ན་ལམ་དུ་སློང་བ་ཡིན༔ མངོན་ཞེན་མ་ལོག་གི་བར་དུ་ཉོན་མོངས་པ་ལམ་དུ་ཁྱེར་བས་སྦྲང་བུ་རྩི་བཅུད་ལ་ཆགས་པ་དང་འདྲ༔ མཚོ་རྒྱལ་གོལ་སའི་གཅོད་ལུགས་དེ་བཞིན་དུ་གྱིས་དང་གསུངས༔

༈ དོན་གསུམ་པ་སྤྱོད་པའི་གོལ་ས་ལ་གཉིས་ཏེ༔ སྤྱོད་པ་དུས་མིན་གྱི་གོལ་ས་དང༔ སྤྱོད་པ་སྤྱིའི་གོལ་སའོ༔ དང་པོ་ནི་བདུན་ལས༔ དང་པོ་བུང་བ་ལྟ་བུའི་སྤྱོད་པ་ནི་ཐོས་བསམ་སྒོམ་གསུམ་གྱི་སྔོན་དུ་འགྲོ་བས་ཏེ༔ ལས་དང་པོ་པའི་སྤྱོད་པ་ཡིན་པ་ལས་བརྟུལ་ཞུགས་ཀྱི་དུས་སུ་སྤྱད་ན་ལོག༔ རི་དྭགས་ལྟ་བུའི་སྤྱོད་པ་ནི་ལམ་ཉམས་སུ་ལེན་པའི་དུས་སུ་སྤྱོད་པ་ལས་བརྟུལ་ཞུགས་ཀྱི་དུས་སུ་སྤྱད་ན་ཏིང་ངེ་འཛིན་གཞན་གྱི་དབང་དུ་འགྲོ་བའི་ལོག་པའོ༔ ལྐུགས་པ་ལྟ་བུའི་སྤྱོད་པ་ནི༔ ཉམས་མྱོང་གནད་དུ་ཚུད་པའི་དུས་སུ་སྤྱོད་པ་ལས༔ བུང་བ་ལྟ་བུའི་དུས་སུ་ཚིག་དོན་མི་ཕྱེད་པས་སྤྱད་ན་(༡༢)ལོག་པའོ༔ ཐི་བྱ་ཚང་ཚོལ་གྱི་སྤྱོད་པ་ནི་རང་ལ་ཉམས་སྐྱེས་པའི་དུས་སུ་སྤྱོད་པ་ལས༔ ཏིང་ངེ་འཛིན་ལ་དྲོད་མེད་ན་བར་ཆད་དུ་འགྱུར་བས་ལོག་པའོ༔ སྨྱོན་པ་ལྟ་བུའི་སྤྱོད་པ་ནི༔ ཉམས་བརྟན་པའི་དུས་སུ་སྤྱོད་པ་ལས་ཉམས་མྱོང་དུས་སུ་སྤྱད་ན༔ དོན་གྱི་མཐའ་མི་རྙེད་པས་ལོག་པའོ༔ སེང་གེ་ལྟ་བུའི་སྤྱོད་པ་ནི༔ ལྟ་བ་ཀློང་དུ་གྱུར་པའི་དུས་སུ་སྤྱོད་པ་ལས༔ ཉམས་མྱོང་དུས་སུ་སྤྱད་ན་སྣང་བ་གཞན་གྱིས་ནོན་པས་དེ་ཉིད་ཀྱི་གདེང་དུ་མ་གྱུར་པས་ལོག་པའོ༔ ཁྱི་ཕག་ལྟ་བུའི་སྤྱོད་པ་ནི༔ དབང་གི་དུས་སུ་སྤྱོད་པ་ལས༔ དུས་མིན་དུ་སྤྱད་ན་མཁའ་འགྲོའི་ཆད་པ་ཡོང་བས་ལོག་པའོ༔ སྤྱོད་པ་མ་ལོག་པར་སྤྱད་ན་རང་སྣང་ཆོས་ཉིད་དུ་ཤར་བས་གཞན་སྣང་མ་དད་པ་བསྒྱུར་ནུས༔ བསད་པ་གསོ་ནུས༔ རྫུ་འཕྲུལ་གང་ཡང་འགྲུབ་སྟེ་སྣང་བས་འབྱུང་བ་ལ་དབང་བསྒྱུར་ནུས་སོ༔ གོང་གི་སྤྱོད་པ་དེ་རྣམས་ལོག་ན་སྤྱོད་པ་གོལ་བ་ཞེས་བྱ་སྟེ་འབྲས་བུ་མི་འབྱུང་ངོ་༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་སྤྱོད་པ་གཞུང་དང་མཐུན་པར་གྱིས་དང་གསུངས་སོ༔ གཉིས་པ་སྤྱིའི་སྤྱོད་པའི་གོལ་ས་ནི༔ འཕྲལ་གྱི་སྤྱོད་པ་གཟོ་ཡང་ཆོས་དང་མི་མཐུན༔ སངས་རྒྱས་ཀྱི་ལམ་དུ་མི་འགྲོ་ན་ཚུལ་འཆོས་ཞེས་བྱ་སྟེ༔ སྤྱོད་པའི་གོལ་ས་ཡིན༔ མཚོ་རྒྱལ་ལར་སྤྱོད་པའི་ཕྱོགས་སུ་མ་གོལ་བ་ཞིག་འདོད་ན་སྤྱོད་པ་ཅི་ལྟ་བུ་ཞིག་བྱེད་ཀྱང་སངས་རྒྱས་ཀྱི་ལམ་དུ་འགྲོ་བ་ཞིག་གྱིས་དང་གསུངས༔

༈ དོན་བཞི་པ་འབྲས་བུའི་གོལ་ས་ལ་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ དང་པོ་གནས་སྐབས་ཀྱི་གོལ་ས་ནི༔ གདམས་པ་ཉམས་སུ་བླངས་པས་ཐུན་མོང་གི་འབྲས་བུ་ལ་མཆོག་ཏུ་བཟུང་ནས་ང་རྒྱལ་དང་རློམ་པ་སྐྱེས་ན༔ མཐར་ཐུག་གི་འབྲས་བུ་འགགས་པས་གོལ་བ་ཡིན་ནོ༔ མཐར་ཐུག་གི་གོལ་ས་ནི༔ འབྲས་བུ་ཐོབ་ཀྱང་རེ་དོགས་མ་ཞིག་ན་འབྲས་བུ་རྒྱུར་གོལ་བ་ཡིན༔ མཚོ་རྒྱལ་དེར་མ་གོལ་བར་འདོད་ན་རེ་དོགས་ཀྱི་རྒྱུ་གཞི་མེད་དུ་ཤེས་པར་གྱིས་དང་གསུངས༔ ཡང་ཇོ་མོས་ཞུས་པ༔ མངོན་སུམ་རིག་པའི་གནད་འདི་རྟོགས་ནས་སེམས་བསྐྱེད་དགོས་སམ་མི་དགོས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཐེག་པ་(༡༣)ཆེན་པོ་གསང་སྔགས་སེམས་བསྐྱེད་ཀྱི་ཁྱད་པར་དུ་ཕྱེ་བ་ཡིན་མོད༔ འཆི་བ་དང༔ མི་རྟག་པ༔ རྒྱུ་འབྲས་འཁོར་བའི་ཉེས་དམིགས་ལ་དུས་བཞིར་མ་དྲན་ན༔ ཚེ་འདི་བར་ད་ལྟ་རང་འགྲོ་དགོས༔ སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དུས་རྟག་ཏུ་མ་བསྒོམས་ན་མིང་ཐེག་པ་ཆེན་པོར་ཁས་བླངས་ཀྱང༔ ཉན་ཐོས་དང་རང་རྒྱལ་དུ་གོལ་ཟིན༔ རྒྱུ་འབྲས་ཆ་ཕྲའུ་ལ་སྐད་ཅིག་གིས་འདོར་ལེན་མ་ཤེས་ན་རྟོགས་པ་མཐོ་ཡང་མི་བདེ་བ་སྣ་ཚོགས་འབྱུང༔ མཚོ་རྒྱལ་ཆོས་གཤའ་མ་གཅིག་བྱེད་ན་རྟོགས་པ་དང༔ གོང་གི་དེ་རྣམས་འབྲེལ་བ་གཅིག་དགོས་པ་ཡིན་གསུངས་སོ༔ ཡང་ཇོ་མོས་ཞུས་པ༔ ལམ་ཉམས་སུ་ལེན་པ་ལ་བར་ཆད་གང་ཆེ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དང་པོ་ལམ་ལ་འཇུག་པའི་དུས་སུ་བློ་ཕྱིན་ཅི་ལོག་ཏུ་འཁྲིད་པའི་རྐྱེན་གང་བྱུང་ཡང་བར་ཆད་ཡིན༔ ཁྱད་པར་དུ་སྐྱེས་པ་ལ་བུད་མེད་བདུད་ཆེ༔ བུད་མེད་ལ་སྐྱེས་པ་བདུད་ཆེ༔ ཐུན་མོང་དུ་ལྟོ་གོས་གཉིས་བདུད་ཆེ་གསུངས༔ ཡང་ཇོ་མོས་ཞུས་པ༔ ལས་ཀྱི་ཕྱག་རྒྱ་ལམ་གྱི་བོགས་འདོན་མ་ལགས་སམ་ཞུས་པས༔ གུ་རུའི་ཞལ་ནས༔ ལམ་གྱི་བོགས་འདོན་ཡོང་བའི་ཕྱག་རྒྱ་མ་དེ་གསེར་ལས་དཀོན༔ ཁྱེད་བུད་མེད་ལས་ངན་པས་མོས་གུས་བྱི་ཕོ་ལ་བྱེད༔ དག་སྣང་སྙིང་སྡུག་ལ་བྱེད༔ ཚོགས་གསོག་བྱི་ཕོ་ལ་འབུལ༔ སྡུག་སྒུར་ཁྱིམ་ཐབས་ལ་བྱེད༔ སྙིང་རྗེ་དགྲ་ཕྲུག་ལ་བྱེད༔ ཞེན་ལོག་ལྷ་ཆོས་ལ་བྱེད༔ ཡི་དམ་དུ་ཆགས་པ་བསྒོམ༔ སྙིང་པོར་བཙོག་གཏམ་འདྲེན༔ ལྷ་ཕྱག་ཏུ་ལག་བརྡ་བྱེད༔ བསྐོར་བ་རང་དགའ་བའི་ཕྱོགས་སུ་བསྐོར༔ སྙིང་རུས་ཆགས་པའི་ཕྱོགས་སུ་འདོན༔ འཁྲུལ་པ་རོ་སྨད་ནས་འཇིག༔ ཞེ་བྲོད་ཉལ་ཕོ་ལ་བྱེད༔ དྲིན་ལན་ཆགས་པ་སུ་རེམ་ལ་བླན༔ ཉམས་མྱོང་དུ་ཆགས་པའི་གཏམ་འཆད༔ ཉན་ན་ཁྱི་ལ་ཡང་སྤྱོད་དུ་འཇུག༔ མི་འགྱོད་པའི་འདུན་ཕུགས་ཆགས་པ་སྤྱོད་པ་ལ་བྱེད༔ ད་ལྟ་སངས་རྒྱ་བ་ལས་ཆགས་པ་ལན་ཅིག་སྤྱོད་པ་ལ་གདམ༔ དད་པ་ཁ་ནས་སྐྱེ༔ མོས་གུས་སྙིང་ནས་ལྡོག༔ སེར་སྣ་དང་མིག་སེར་ཆེ༔ དད་པ་དང་སྦྱིན་ཤུགས་ཆུང༔ ལོག་ལྟ་དང་ཐེ་ཚོམ་ཆེ༔ (༡༤)སྙིང་རྗེ་དང་ཤེས་རབ་ཆུང༔ ཁ་ཚོ་དང་རང་རྩིས་ཆེ༔ མོས་གུས་དང་སྙིང་རུས་ཆུང༔ མེན་ལོག་དང་ཕྱིར་ལོག་མཁས༔ དག་སྣང་དང་བློ་སྙིང་ཆུང༔ དམ་ཚིག་མི་ཐུབ༔ ཞབས་ཏོག་མི་ནུས༔ ཡར་འགྲོའི་དཔའ་རོགས་མི་ཡོང་བར་མར་འཐེན་གྱི་ལྕགས་ཀྱུ་བྱེད༔ བདེ་བའི་བོགས་འདོན་མི་ཡོང་བར་ཆགས་སྡང་དང་སྡུག་བསྔལ་གྱི་སྣ་སུན་བྱེད༔ ཆགས་པ་གྲོལ་དུ་རེ་ནས་བརྟེན་པས་མིག་སེར་དང་ཉོན་མོངས་པ་འཕེལ་བའི་རྒྱུར་སོང༔ ཁམས་རྒྱས་པའི་རྟེན་དུ་རེ་ཙ་ན་ཉམས་གྲིབ་ཀྱི་ཐུམ་པོར་སོང༔ དམ་ཚིག་ཚུལ་བཞིན་དུ་མི་སྲུང་བའི་བུད་མེད་ཆོས་པའི་བདུད་ཡིན་གསུངས༔ འོ་ན་མཚན་དང་ལྡན་པ་དེ་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ སྤྱིར་གོང་གི་སྐྱོན་དེ་རྣམས་ལས་ལྡོག་པ་ཞིག་ཡིན༔ ཁྱད་པར་དུ་ཆོས་ལ་མོས་པ༔ བློ་ཆེ་ལ་ངང་རྒྱུད་རིང་བ༔ དད་པ་དང་སྙིང་རྗེ་ཆེ་བ༔ ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱུད་ལ་ཚང་བ༔ བླ་མའི་བཀའ་མི་གཅོག་པ༔ སྒྲུབ་པ་པོ་ལ་གུས་པ༔ གསང་སྔགས་ཀྱི་དམ་ཚིག་མིག་འབྲས་ལྟར་བསྲུང་བ༔ དབང་གི་དུས་མ་ཡིན་པར་གཡེམ་མི་ཤོར་བ༔ གཙང་སྦྲ་ལ་གནས་པ་ཞིག་བྱུང་ན་ལམ་གྱི་གྲོགས་སུ་འགྲོ༔ བོད་ན་དེ་ལྟ་བུ་དཀོན༔ ལྷ་ལྕམ་མནྡྷ་ར་བ་ལྟ་བུ་གཅིག་ཡིན་པ་ལ་གསུངས༔ ཡང་ཞུས་པ༔ དབང་གི་དུས་མིན་པར་གཡེམ་ཤོར་ན་ཉེས་པ་ཅི་ཙུག་ཆེ་ཞུས་པས༔ གུ་རུའི་ཞལ་ནས༔ དབང་གི་དུས་སུ་ཡང་བླ་མས་གནང་བ་མིན་པ་ལ་སྤྱད་དུ་མི་རུང༔ རང་སྒྲུབ་པ་པོས་བདག་ཏུ་བཟུང་ནས་དབང་བསྐུར་བའི་བླ་མ་མིན་པ་མཆེད་ལྕམ་དང་རུས་གཅིག་པ་གང་ལའང་མི་སྤྱད༔ སྤྱད་ན་ཚེ་འདིར་དམ་སེལ་ཞུགས་ནས་ཌཱཀྐིའི་ཆད་པས་མི་དགེ་ཞིང་ཚེ་ཐུང༔ དམ་ཅན་གྱེས་ནས་གྲུབ་པ་མི་ཐོབ་སྟེ་བར་ཆད་སྣ་ཚོགས་འོང༔ བུད་མེད་དེ་ཡང་ཚེ་འཕོས་ནས་འདོད་ཆགས་ཚ་མྱོང་ཞེས་བྱ་བའི་དམྱལ་བར་སྐྱེ༔ དེས་ན་བུད་མེད་ཀྱིས་གཡེམ་མ་ཤོར་བར་བསྲུང་དགོས༔ སྐྱེས་པས་ཀྱང་རྡོ་རྗེ་སློབ་དཔོན་གཉིས་ལྡན་གྱི་ཕྱག་རྒྱ་བདག་ཏུ་བཟུང་བ་ལ་སྤྱད་དམ་ལྕམ་སྲིང་དམ་ཚིག་གཅིག་པ་རྣམས་ལ་སྤྱད་ན་ཟ་མ་ཏོག་ཏུ་དུག་བཤོས་པ་ཞེས་བྱ་སྟེ༔ དམྱལ་བར་མི་སྐྱེ་མི་(༡༥)སྲིད་དོ༔ སྐྱེ་བོས་བདག་དུ་བཟུང་བ་ལ་སྤྱད་ན་ཡང་ཉེས་པ་ཤིན་ཏུ་ཆེའོ༔ དབང་བསྐུར་བའི་དུས་སུ་ཡུམ་དང་ལྕམ་སྲིང་ལ་ཉེས་པ་མེད༔ དེ་ལྟར་དམ་ཚིག་བསྲུངས་ན་གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ༔ མཚོ་རྒྱལ་སྔགས་ཀྱི་སྒོར་ཞུགས་ནས་དམ་ཚིག་མ་བསྲུངས་ན་སངས་རྒྱ་བ་ལ་རེ་བ་མེད་ཨང༔ ངས་བོད་ཡུལ་ཀུན་ཏུ་བཙལ་ཀྱང་དམ་ཚིག་སྲུང་བ་ལ་ཁྱོད་ལས་མ་རྙེད་པ་ཡིན་མོད༔ གསུངས༔ ཡང་ཇོ་མོས་ཞུས་པ༔ ཆོས་བྱེད་པ་ལ་ལྟོ་གོས་དང་ལུས་ཀྱི་བདག་འཛིན་འདི་ཀས་ལན་འདུག་པས་འདི་གསུམ་བློས་ཐོངས་པ་གཅིག་ཞུ་དང་བྱས་པས༔ གུ་རུའི་ཞལ་ནས༔ མཚོ་རྒྱལ་ལུས་འདི་ནམ་ཡང་འཇིག་པ་ཡིན༔ ཚེ་ཚད་སྔོན་ནས་བསྐོས་པ་རེ་ཡོད༔ རྒན་གཞོན་ལ་ངེས་པ་མེད༔ ཐམས་ཅད་འཆི་བ་ལས་མ་འདས༔ གཟུགས་ལེགས་ཀྱང་དེ་ལ་ཆགས་པས་མ་ཤི་བར་ལུས་པ་ངས་མ་མཐོང༔ ལུས་ཀྱི་གཅེས་འཛིན་ཐམས་ཅད་བློས་ཐོངས་ལ་རི་ཁྲོད་འགྲིམ༔ གོས་ནི་དུག་པོས་ཀྱང་ཆོག་ལ་ལྟོ་ནི་རྡོ་དང་ཆུས་ཀྱང་ཡོང་སྟེ་བོད་ཀྱིས་ཆོས་བྱེད་མ་ནུས་པ་ཡིན་མོད་གསུངས༔ ཡང་ཇོ་མོས་ཞུས་པ༔ གུ་རུས་གསུངས་པ་འདི་རྣམས་དཀར་ཆག་ལ་བཏབ་ན་ཞུས་པས༔ གུ་རུའི་ཞལ་ནས༔ དེ་ལྟར་བཏབ་ན་ཕྱི་མ་ལ་ཕན་ཐོགས་པར་འདུག་གསུངས༔ འོ་ན་འདི་སྤེལ་ལམ་སྦེད༔ ཕན་ཇི་ལྟར་ཐོགས༔ གང་གིས་སྤྱོད་ཞུས་པས༔ གུ་རུའི་ཞལ་ནས༔ འདི་ད་ལྟ་སྤེལ་བའི་དུས་ལ་མ་བབ་པས་གཏེར་དུ་སྦེད་དགོས༔ མངའ་བདག་གི་ལྷ་གཅིག་པདྨ་གསལ་ལ་སྙིང་ཐིག་གི་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པས་མོའི་ཆོས་སྐལ་ཡིན༔ མོ་ཚེའི་དུས་བྱས་ནས་སྐྱེ་བ་འགའ་ཞིག་བརྒྱུད་པའི་ཕྱི་མ་ཆོས་འདི་དང་འཕྲད་པས་དེའི་ཕྱིར་གཏེར་དུ་སྦེད་དགོས་གསུངས༔ སྙིང་ཐིག་གི་བསྟན་པ་བི་མ་ལས་སྐྱོང༔ ཁོང་གི་གདུལ་བྱ་དུས་ལ་བབ་པ་ཡིན༔ བདག་གི་སྙིང་ཐིག་འདིའི་བསྟན་པ་ནི༔ སྔ་འགྱུར་འཆལ་ཏེ་ནུབ་ཏུ་ཉེ་བའི་དུས་སུ་བསྟན་པ་ནུབ་ཁར་གསལ་ཏེ༔ རྒྱས་ལ་དར་དྲགས་པ་ཡུན་ཐུང་བ་འབྱུང་ཞིང༔ སྤྱིར་སྙིགས་མའི་བསྟན་པ་ཐམས་ཅད་རྒྱས་ལ་ཡུན་ཐུང་བ་འབྱུང༔ (༡༦)དུས་ཀྱི་ཐ་མ་མི་ལོ་ལྔ་བཅུ་ཁ་རལ་གྱི་དུས་སུ་ལྷ་ལྕམ་འདི་མི་ལུས་ལེན་དེ་མངའ་བདག་གསུང་གི་སྤྲུལ་པ་མྱང་རལ་གྱིས་རྗེས་སུ་འཛིན༔ མངའ་བདག་སྐྱེ་བ་ཆོས་དབང་གི་ཕྱི་མའི་དུས་སུ་ཆོས་འབྲེལ་ཐོགས་པ་ཙམ་ཡིན༔ སྐྱེ་བ་དེའི་ཕྱི་མ་ལ༔ སྙིང་ཐིག་མན་ངག་གི་གཏེར་འདི་དང་འཕྲད༔ དེའི་དུས་སུ་འགྲོ་དོན་མི་འབྱུང་བས༔ ཉམས་སུ་ལེན་པའི་དུས་ཡིན༔ སྐྱེས་བུ་དེ་ཚེ་ཚད་ལྔ་བཅུ་ང་དགུ་བཞུགས༔ ལས་དང་ལྡན་པ་དང་མི་ལྡན་པའི་འབྲེལ་པ་ཁ་ཡར་ཡོང༔ དེ་རྣམས་ལ་ལ་བདེ་བ་ཅན་དུ་འགྲོ་སྟེ༔ ཁོང་གི་གདུལ་བྱར་གྱུར་པ་ལ་ལ་ངན་སོང་དུ་སྐྱེའོ༔ དེས་དམ་སེལ་གྱིས་གཤེགས་ཚུལ་བསྟན་ཏེ༔ ལྔ་བཅུའི་གོང་དུ་འདའ་བ་ཡང་སྲིད་པས་དམ་ཚིག་གི་སེལ་ལ་འཛེམ༔ བཤགས་པ་ལ་འབུངས༔ དེ་ལྟར་བྱས་ན་དགུང་ལོ་ཡང་ཚེ་ཚད་དུ་བཞུགས་སོ༔ དེའི་དུས་སུ་མཁའ་འགྲོ་སྡེ་ལྔས་བྱིན་གྱིས་བརླབས་པའི་བུད་མེད་གཅིག་འབྱུང་སྲིད་དེ༔ དེ་བྱུང་ན་དེས་ཕྱག་རྒྱ་མ་བྱས་པས་ཚེ་ལ་གསོལ་བ་ཐེབས་ནས་ལྔ་བཅུ་མི་ཚད་བཞུགས་པ་ཡང་སྲིད༔ དེའི་གདུལ་བྱ་ལས་དང་ལྡན་པའི་བུ་མོ་ཤ་སྨེའི་རྟགས་ཅན་གཅིག་འོང༔ དེ་ལ་གདམས་པ་ལྷག་མ་མ་ལུས་པར་བྱིན་ན༔ འགྲོ་དོན་ཡང་བག་ཙམ་ནུས༔ སྐྱེ་བ་དེ་ལ་མ་བྱུང་ན་སྐྱེ་བ་ཕྱི་མའི་གདུལ་བྱར་ཡོང་སྟེ་ཁ་རག་གི་ཕུར་ལྷག་མེད་དུ་སངས་རྒྱའོ༔ གདམས་པ་འདི་རྣམས་བུམ་ཐང་སྨད་དུ་མ་སྐྱོལ་ན་སྔར་གྱི་གཏེར་ཤུལ་ལམ༔ ལྷ་འདྲེ་མི་འཕོ་བའི་སར་བྲག་ལ་སྦས་ན་སྐྱེ་བ་ཕྱི་མ་ལ་འཐོན་པར་འགྱུར་རོ༔ སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ༔ དེ་ནས་བུམ་ཐང་ཐར་པ་གླིང་དུ་སྐྱེ༔ ལོ་བཅོ་ལྔ་ནས་འགྲོ་དོན་བྱེད༔ གཏེར་སྒོ་མང་བར་འབྱེད་རྫུ་འཕྲུལ་ཡ་མ་ཟུང་སྟོན༔ དེ་ནི་དགུང་ལོ་བདུན་ཅུ་བཞུགས༔ བུད་མེད་ཀྱི་ལུས་བཟུང་བའི་མཁའ་འགྲོ་མ་ལྔས་ཡུམ་བྱས་ནས་འགྲོ་དོན་འུར་བར་འགྱུར་རོ༔ སྲས་ཟླ་བ་གྲགས་པ་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་གཅིག་འཁྲུངས༔ དེས་ཀྱང་འགྲོ་དོན་བྱེད༔ བསྟན་པ་མི་ལོ་དགུ་བཅུ་སྐྱོང༔ དེའི་ཆོས་སྐལ་འདི་ཡིན་པས་གཏེར་དུ་སྦེད་ཅེས་གསུངས་སོ༔ དེར་ཇོ་མོས་(༡༧)ཕྱག་དང་སྐོར་བ་གྲངས་མེད་པ་བྱས་ཏེ་དཀར་ཆག་ལ་མནན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨེ་མ་བདག་འདྲ་མཚོ་རྒྱལ་བུད་མེད་བློ་དམན་ཡང༔ སྨོན་ལམ་དག་པས་སྤྲུལ་པའི་སྐུ་དང་མཇལ༔ དམ་ཚིག་གཙང་བས་གདམས་པའི་སྙིང་ཁུ་ཐོབ༔ ཞབས་ཏོག་བགྱིས་པས་ཐུགས་རྗེས་བརྩེ་བར་དགོངས༔ སྣོད་ལྡན་གཟིགས་ནས་སྔགས་ཀྱི་སྙིང་པོ་གཏད༔ ཁྱད་པར་འཕགས་པའི་སྙིང་ཐིག་ཉིང་ཁུ་གནང༔ དུས་མིན་བཤད་དུ་ཕངས་ནས་གཏེར་དུ་སྦས༔ ཞུས་ལན་བདུད་རྩི་གསེར་གྱི་འཕྲེང་བ་འདི༔ རྟགས་ཚང་ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ ཟབ་རྒྱ༔ གཏེར་རྒྱ༔ གྷྱ་རྒྱ༔ གཉན་རྒྱ༔

སྙིགས་མའི་དུས་སུ་གསང་བའི་མན་ངག་སྐོར༔ གཏད་པའི་ལས་ཅན་ཆུ་ཁམས་ཡོས་ལོ་པ༔ སྦས་པའི་ལས་ཅན་ཨོ་རྒྱན་ཐུགས་ཀྱི་སྲས༔ འཁོར་བའི་ཆ་འཛིན་དོན་གྱི་ཤེས་རབ་ཅན༔ རྩལ་རྣམས་དུས་དེར་མི་འབྱིན་སྦས་ཚུལ་བྱེད༔ མ་འགགས་སྤྱོད་པ་ཚུལ་འཆོས་ཀུན་དང་བྲལ༔ ནུས་པའི་མཐུ་དང་ལྡན་ཡང་ནུས་མི་འབྱིན༔ ཤ་སྨེ་སྤྱན་འདྲས་མཚན་པ་དེ་ལ་གཏད༔ དེ་ལ་འདུད་བྱེད་མཁའ་འགྲོ་སྡེ་ལྔའི་སྲས༔ སྟག་ཡོས་ཁྱི་འབྲུག་གླང་གི་ལོ་པ་ལྔས༔ དེ་ཡི་བརྒྱུད་འཛིན་མཁའ་སྤྱོད་གནས་སུ་འགྲོ༔ འདི་རྒྱུད་འཛིན་ཚད་ཚེ་གཅིག་སངས་རྒྱས་ཡིན༔ སྐྱེ་བ་གཅིག་གིས་ཐོགས་པའི་རྣལ་འབྱོར་རོ༔ ཨི་ཐི༔ དགེའོ༔

མཁའ་འགྲོ་སྙིང་གི་ཏི་ཀ་ལས༔ ཞལ་གདམས་གསང་བའི་དུམ་བུ།

༄༅༔ མཁའ་འགྲོ་སྙིང་གི་ཏི་ཀ་ལས༔ ཞལ་གདམས་གསང་བའི་དུམ་བུ་བཞུགས་སོ༔

༄༅༔ ཐཨྭརྒ།བྱཏྱ།ཏྱ།༔ ཨུ་རྒྱན་སྐད་དུ༔ དྦཔྲབླཐ།ཐ།སྤྲཡཏྲ།བྲེེ༔ བོད་སྐད་དུ༔ མཁའ་འགྲོ་སྙིང་ཐིག་གསང་བའི་དུམ་བུ་ཞེས་བྱ་བ༔ ཀུན་ཏུ་བཟང་མོ་བྱ་བྲལ་ངང་ལ་ཕྱག་འཚལ་ལོ༔ དམིགས་མེད་ཀློང་ཡངས་ཆོས་དབྱིངས་ཕོ་བྲང་དུ༔ སྟོང་གསལ་དབྱིངས་ཀྱི་ཡེ་ཤེས་ཌཱཀྐི་མས༔ རིགས་བཞིའི་མཁའ་འགྲོ་མ་མོ་འཁོར་བཅས་ལ༔ ཁྱད་དུ་འཕགས་པ་ཀློང་གསལ་ཉི་མའི་རྒྱུད༔ བཤད་དེ་བརྒྱུད་ནས་ཤྲཱི་སེང་ཧ་ཡིས༔ འདི་རྒྱུད་བཅུ་བདུན་བཅས་པ་བདག་ལ་གཏད༔

༈ ཨོ་རྒྱན་བདག་གིས་གཡའ་རི་(༡༨)གོང་གི་བྲག་ཕུག་ཏུ༔ རྒྱུད་ཀྱི་ཁོང་སྙིང་གནད་བསྡུས་ཉམས་སུ་བླངས༔ སྙིང་ཐིག་གསང་བའི་དུམ་བུར་དོན་བསྡུས་དྲིལ༔ ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བར་བདེ༔ ཁྱད་འཕགས་ཀུན་དང་མཐུན་པའི་གདམས་པ་འདི༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༈ སྙིང་ཐིག་གསང་བའི་དུམ་བུ་འདི་ལ་སྤྱི་དོན་རྣམ་པ་གསུམ་སྟེ༔ ཐོག་མའི་གཞི་གཏན་ལ་དབབ་པ་དང་གཅིག༔ བར་གྱི་གནས་ལུགས་གཏན་ལ་དབབ་པ་དང་གཉིས༔ ཐ་མའི་ཉམས་ལེན་གཏན་ལ་དབབ་པ་དང་གསུམ་མོ༔

༈ དེ་ལ་དང་པོ་ཐོག་མའི་གཞི་གཏན་ལ་དབབ་པ་ལ་གཉིས་ཏེ༔ སྤྱི་གཞི་དང༔ འཁྲུལ་གཞིའོ༔ དང་པོ་སྤྱི་གཞི་ནི༔ སྤྱི་ཞེས་འཁོར་འདས་གང་དུ་ཡང་མ་ཕྱེ་བའི་གོང་ཡིན་ཏེ༔ སྒྲོན་མ་འབར་བ་ལས༔ ཐོག་མའི་ཀ་དག་ཆེན་པོ་ལས༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བར༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་པ་དང༔ འཁོར་འདས་གང་དུ་ཡང་མ་གྲུབ་པའི་ཐོག་མའི་གཞི་དེ༔ སྟོང་གསལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་གནས་སོ༔ དེ་ཡང་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་མེད་དུ་གནས་ཏེ༔ ཉི་ཟླ་ཁ་སྦྱོར་ལས༔ གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ༔ ངོ་བོ་ཀ་དག་གི་ཡེ་ཤེས་དང༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང༔ ཐུགས་རྗེ་གཞན་སྣང་གི་ཡེ་ཤེས་སོ༔ ཞེས་པས༔ གཞི་གནས་ཀྱི་ཡེ་ཤེས་གསུམ་ལས་མང་བ་མ་གསུངས༔ དེ་ཡང་མུ་ཏིག་ཕྲེང་བ་ལས༔ གནས་ལུགས་རྣམ་པ་མང་བཤད་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ཞེས་སོ༔ གཞི་དེ་ལ་འཁྲུལ་མ་འཁྲུལ་གང་དུ་ཡང་གྲུབ་པ་མེད་དེ༔ ཡི་གེ་མེད་པ་ལས༔ ང་རང་བྱུང་གི་ཡེ་ཤེས་ལ༔ འཁྲུལ་པ་ཀ་ནས་དག་པས་ཡིན་མིན་གྱི་མཐའ་ལས་འདས་པ་ཉིད་དོ༔ ཞེས་པ་དང༔ ཐལ་འགྱུར་ལས༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མེད་པས༔ གཅིག་དང་གཉིས་ཀྱི་གྲངས་ལས་འདས༔ གང་དུ་མ་ཕྱེ་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས༔ མི་སྐྱེ་མི་འགག་ཅིར་མི་དགོངས༔ (༡༩)ཡུལ་དག་ངེས་པ་མེད་པའི་ཕྱིར༔ རྩལ་དང་ཡོན་ཏན་འགག་མེད་པས༔ རོལ་པ་ཙམ་དུ་སྣང་བ་ལས༔ སྣ་ཚོགས་རྫོགས་པའི་གཞི་མའོ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ༔ མི་འཛད་སྣ་ཚོགས་འཆར་བའི་སྒོ༔ འཛད་པ་ལྟར་སྣང་ངོ་བོར་རྫོགས༔ ཆོས་སྐུ་སྟོང་པའི་རང་བཞིན་ལས༔ ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ༔ ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔ འདི་མེད་འཁོར་འདས་ལྟེ་ཆད་པས༔ མཁྱེན་པས་རིག་ཅིང་གསལ་བའོ༔ ཞེས་པ་དང༔ ཀློང་དྲུག་པ་ལས༔ ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས༔ གཞི་ཡི་ཁྱད་པར་ཚིག་ཏུ་བསྟན༔ ངོ་བོ་ཀ་དག་ཡེ་ཤེས་ཀྱིས༔ མ་རིག་པ་ཡི་དྲི་མ་བྲལ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས༔ འཁྲུལ་པའི་ཚིག་གི་གནོད་པ་བྲལ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས༔ ཐམས་ཅད་དབྱིངས་གཅིག་འདྲེས་པར་སྣང༔ ཞེས་སོ༔ དེ་ཡང་ཡེ་ཤེས་གསུམ་པོ་དེ་དབྱེར་མེད་ཡིན་ཏེ༔ ཐལ་འགྱུར་ལས༔ ཡེ་ཤེས་རང་ངོར་གནས་པ་ལ༔ གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔ ཞེས་སོ༔ དེ་ཡང་དངོས་ཅན་མ་ཡིན་ཏེ༔ སྟོང་གསལ་རིག་ཅིང་འགྱུར་བ་མེད༔ ཅེས་སོ༔ དེ་ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་ཏེ༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ ཞེས་པ་དང༔ རང་གྲོལ་ལས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་སོ༔ གཞི་དེ་ལ་འཁྲུལ་མ་འཁྲུལ་ལ་སོགས་གང་དུ་ཡང་གྲུབ་པ་མེད་པའོ༔ དེས་ཐོག་མའི་སྤྱི་གཞི་བསྟན་པའོ༔

༈ ད་དེ་ལས་འཁྲུལ་པ་ཇི་ལྟར་བྱུང་བ་བསྟན་པ་ནི༔ ཡེ་ཤེས་གསུམ་པོ་དེ་རང་གི་རིག་པ་དང་སྣང་བར་མ་ཤེས་རང་གི་རིག་སྣང་སྐུ་གསུམ་དུ་མ་ཤེས་པས་འཁྲུལ་ལོ༔ ཇི་ལྟར་འཁྲུལ་ན༔ ཀློང་གསལ་ལས༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ ཞེས་པས༔ གོང་གི་གཞི་ལ་འཁྲུལ་པ་མེད་ཀྱང༔ རྨི་ལམ་ལྟ་བུའམ༔ སྒྱུ་མ་ལྟ་བུའམ༔ སེང་གེ་ཆུར་ཤི་བ་ལྟར་མ་རིག་པས་འཁྲུལ་ཏེ་དེ་ཡང་མུ་ཏིག་ཕྲེང་བ་ལས༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ ཞེས་པས༔ ངོ་བོའི་རང་མདངས་ལྷུན་གྲུབ་ཀྱི་འོད་ལྔ་འོད་ཁྱིམ་དུ་གསལ་བ་ལ༔ ཐུགས་རྗེའི་རིག་རྩལ་གྱིས་མངོན་སུམ་དུ་མཐོང་བས་དེ་(༢༠)གསལ་སྟོང་དུ་མ་ཤེས་པས་འཁྲུལ་ཏེ༔ མུ་ཏིག་ཕྲེང་བ་ལས༔ ཆ་མེད་རྒྱུ་དང་བཅས་པའི་ཕྱིར༔ འོད་གསལ་ཉིད་ཀྱང་བག་ལ་ཆགས༔ ཞེས་པ་དང༔ ཐལ་འགྱུར་ལས༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ཡང་འཁོར་བའི་ཐོག་མའོ༔ ཞེས་སོ༔ འོད་ཀྱི་སྣང་བ་ལ་ཨ་འཐས་རང་རྒྱུད་པར་བཟུང་བས་ངོ་བོ་རྟོག་བཅས་སུ་འཁྲུལ་པའོ༔ དེ་ཡང་མུ་ཏིག་འཕྲེང་བ་ལས༔ སེམས་ལ་དྲན་བསམ་འཆར་བའི་ཕྱིར༔ ངོ་བོ་ཉིད་ཀྱང་རྟོག་པས་སྦགས༔ ཞེས་པ་དང༔ ལྷུན་གྲུབ་ཀྱི་འོད་ལྔ་ལ་ཨ་འཐས་པས༔ མུ་སྟེགས་རྟག་པར་ལྟ་བ་ལྟར་ཕྱིའི་འབྱུང་བ་ལྔ་ཆགས༔ དེ་ཡང་རིག་པ་ནི་ཀུན་གྱི་ས་བོན་ཡིན་ཏེ་དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས་གང་ལྟར་བསམ་པ་ལྟར་འབྱུང་བའི་ཕྱིར་རོ༔ དེ་ཡང་འབྱུང་བ་ལྔའི་ཆགས་ལུགས་ནི༔ ཡེ་ཤེས་ཀྱི་རང་འོད་ལྔ་ལ་ཐུགས་རྗེས་བདག་ཏུ་བཟུང་བས་དངོས་སུ་གྲུབ་པ་ནི༔ ཆོས་དབྱིངས་ཡེ་ཤེས་ཀྱི་འོད་མཐིང་ཁ་ལ་ཨ་འཐས་པས་འབྱུང་བ་ནི་ནམ་མཁའ་བྱུང༔ དེ་བཞིན་དུ་མེ་ལོང་ཡེ་ཤེས་ལས་འབྱུང་བ་ཆུ་བྱུང༔ མཉམ་པ་ཉིད་ལས་ས༔ སོ་སོར་རྟོགས་པ་ལས་མེ༔ བྱ་བ་གྲུབ་པ་ལས་རླུང་བྱུང་བའོ༔ དེ་དག་ནི་ཡེ་ཤེས་ཀྱི་རང་མདངས་ལ་དེར་འཛིན་སྐྱེས་པས་བྱུང་བའོ༔ འབྱུང་བ་ལྔ་པོ་དེ་རྣམས་ལ་ཐད་ཀའི་རྩལ་དང་ལྡན་པ་ནི་དེ་དག་ཐམས་ཅད་མ་རིག་པའི་རྩལ་གྱིས་ཁྱབ་པས་བྱུང་བའོ༔ རིག་པའི་རྩལ་དེ་ལ་ཁྱབ་བྱེད་ཀྱི་རླུང་ཞེས་ཀྱང་བྱའོ༔ དེས་ཁྱབ་པས་འབྱུང་བ་སོ་སོའི་བྱེད་ལས་དང་ལྡན་པའོ༔ ཀློང་གསལ་ལས༔ ལྷུན་གྲུབ་གདངས་ལ་རིག་འཛིན་འཐས༔ དེ་ལས་འབྱུང་བ་ལྔ་རུ་གྲུབ༔ དེ་ཡང་རིག་རྩལ་ཁྱབ་པའི་ཕྱིར༔ སོ་སོའི་བྱེད་ལས་རྩལ་དང་ལྡན༔ ཞེས་སོ༔ འབྱུང་བ་ལྔ་པོ་དེ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་པ་ནི༔ སྡུད་པ་ལས༔ མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན༔ དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན༔ ཅེས་པས༔ ནམ་མཁའ་སྟོང་པའི་ངང་ལ་རླུང་རྡོ་རྗེ་རྒྱ་གྲམ་ཆགས༔ དེའི་སྟེང་དུ་ཆུའི་རྒྱ་མཚོ་ཆགས༔ དེའི་སྟེང་དུ་གསེར་གྱི་ས་གཞི་ཆགས༔ དེའི་སྟེང་དུ་གླིང་བཞི་རི་རབ་དང་བཅས་པ་ཆགས་སོ༔ དེ་(༢༡)ཡང་སྐྱེས་པའམ་བཅོས་པ་ལྟ་བུ་མ་ཡིན་ཏེ༔ མ་རིག་འཁྲུལ་པའི་རྒྱུ་ལས་བྱུང་ཡང་དེ་ལ་ཡེ་ཤེས་ཀྱི་རྩལ་གནས་པས་དེའི་བྱིན་རླབས་ཀྱིས༔ རང་བྱུང་ལྷུན་གྲུབ་ཏུ་ཆགས་པའོ༔

༈ དེ་དག་ལས་ནང་བཅུད་ཀྱི་སེམས་ཅན་ཆགས་ལུགས་ནི༔ དེ་ཡང་འབྱུང་བ་ལས་གྲུབ་པའི་ལོ་ཀའི་ཁམས་འདི་ན་ཡེ་ཤེས་ཀྱི་རང་རྩལ་འོད་ལྔ་བྱུང༔ འོད་སེར་པོ་ལས་ལྷའི་སྲིད་པ་ཆགས༔ འོད་ལྗང་གུ་ལས་ལྷ་མ་ཡིན་གྱི་སྲིད་པ་ཆགས༔ འོད་དམར་པོ་ལས་མིའི་སྲིད་པ་ཆགས༔ འོད་ནག་པོ་ལས་བྱོལ་སོང་གི་སྲིད་པ་ཆགས༔ འོད་དཀར་པོ་ལས་དམྱལ་བའི་སྲིད་པ་ཆགས༔ འོད་དུད་ཁ་ལས་ཡི་དྭགས་ཀྱི་སྲིད་པ་ཆགས་སོ༔ དེའི་རྩལ་ལས་ཕྲ་མོའི་སེམས་ཅན་དཔག་ཏུ་མེད་པ་ཆགས་སོ༔ དེ་དག་གི་སྤྱི་མཐུན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་བྱིན་རླབས་ལས་ཉི་ཟླ་གཟའ་སྐར་དང་བཅས་པ་ཆགས་སོ༔ དེ་དག་རྣམས་ནི་འབྱུང་བ་ལྔའི་དྭངས་མ་ལས་བྱུང་བས༔ ནང་བཅུད་ཀྱི་སེམས་ཅན་ཞེས་བྱའོ༔ དེ་དག་ཀྱང་དང་པོར་རྒྱུ་མ་རིག་པས་བསྐྱེད་པའི་འབྲས་བུ་ཡིན་པས༔ ད་ལྟ་ཡང་མ་རིག་པ་ཁོ་ན་ལ་འཁོར་བས༔ མ་རིག་འཁྲུལ་པ་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་སོ༔ དེས་ནང་བཅུད་ཀྱི་སེམས་ཅན་ཆགས་ལུགས་བསྟན་པའོ༔ ད་བར་གྱི་གནས་ལུགས་གཏན་ལ་དབབ་པ་ནི༔ འགྲོ་བ་རིགས་དྲུག་ལས་ཁྱད་པར་དུ་མི་ལུས་༼སངས་རྒྱས་པའི་རྟེན་མི་ལུས་མིན་པས་མི་འོང་བས་༽གཏན་ལ་དབབ་དགོས༔ དེ་ལ་གཉིས་ཏེ༔ ལུས་ཆགས་པ་དང་གནས་པའི་རིམ་པ་གཏན་ལ་དབབ་པ་དང༔ རིག་པ་ཡེ་ཤེས་ཀྱི་གནས་ལུགས་གཏན་ལ་དབབ་པའོ༔ དེ་ལ་དང་པོ་ལུས་ཆགས་པའི་རིམ་པ་ནི༔ མ་རིག་འབྱུང་བཞིའི་དྭངས་མ་ལས་མེ་ཏོག་གི་ཚུལ་ལམ་དབྱར་གྱི་ས་ལས་སེམས་ཅན་སྐྱེ་བའི་ཚུལ་དུ་ཐབས་ཤེས་ཀྱི་ཆས་ཕོ་མོའི་གཟུགས་སུ་གྲུབ༔ དེ་ལ་ཡང་འབྱུང་བ་ལྔའི་དྭངས་མ་ལས་ལུས་ཀྱི་ཆོས་ཐམས་ཅད་ཚང་བར་གྲུབ་བོ༔ དེས་རིག་པའི་རྟེན་བྱས་ནས་མ་རིག་པ་དུག་ལྔ་དང་ཚོགས་དྲུག་ཏུ་ཤར་རོ༔ དེ་ཡང་མུ་ཏིག་ཕྲེང་བ་ལས༔ ཡིད་དྲུག་འཛིན་པ་མ་འགགས་ཕྱིར༔ ཆོས་སྐུ་ཉིད་ཀྱང་གཟུང་བས་བཅིངས༔ ཞེས་(༢༢)པས༔ དེར་ཉོན་མོངས་པའི་དབང་གིས་ཆགས་པ་སྤྱོད་པའི་སྣང་བ་ཤར་ནས་སྤྱད་པས་འབྱུང་བའི་དྭངས་མ་འཕྲད་པས་བདེ་བ་འབྱུང༔ དེ་ལ་ཞེན་ཆགས་རང་རྒྱུད་དུ་སྐྱེས་ནས་ཟུང་འཇུག་ཏུ་སྤྱད་པས༔ དེ་ལ་ལུས་མེད་པའི་སེམས་ཅན་༼མ་རིག་མིག་སེར་གྱི་དབང་གིས་༽དཔག་ཏུ་མེད་པ་འདུས་ཏེ་མངལ་དུ་ཚུད་ནས་ལུས་བླངས་ཏེ་ཆགས་པ་སྤྱད་པས་འཁོར་བ་༼མང་པོ་འཕེལ་ནས་༽གྲྭ་རྒྱས་ཏེ་རྒ་ཤིའི་བར་དུ་འཁོར་བར་འཁྱམས་སོ༔ ཡང་འབྱུང་བའི་དར་གུད་ཀྱིས་འབྱུང་བ་སོ་སོ་ལ་ཐིམ་སྟེ་ཚེའི་དུས་བྱས༔ བར་དོར་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ་ངོ་མ་ཤེས༔ ཡང་སྲིད་པའི་བར་དོར་ཕོ་མོ་སྦྱོར་བ་བྱེད་པ་ལ་མིག་སེར་སྐྱེས་པས་ཕ་མའི་བདེ་བ་གཉིས་མཉམ་འབྱུང་བཞིའི་དྭངས་མ་འདྲེས་པའི་བར་དུ་སྲིད་འཛིན་གྱི་རླུང་སེམས་ཚུད་ནས་ཐོགས་པ་དང་༼མངལ་རྒྱས་འཐུམས་ཏེ་༽བཅས་པར་སོང༔ ཐིག་ལེ་གཉིས་དང་རླུང་སེམས་འདྲེས་པས་རྒྱུ་རྐྱེན་དེ་དག་ཀུན་རྫོབ་འབྱུང་བཞིའི་བྱེད་ལས་སུ་སོང༔ རླུང་དང་སེམས་ནི་དོན་དམ་འབྱུང་བཞིའི་བྱེད་ལས་སུ་སོང༔ དེ་ཡང་བདུན་ཚན་བརྒྱད་དུ་མེར་མེར༔ ནུར་ནུར༔ གོར་གོར༔ ལྟར་ལྟར༔ འཁྲང་འགྱུར་དང༔ ཁྱབ་འཇུག་རུས་སྦལ་སྦལ་པ་ཉ་ལྟ་བུའོ༔ དེ་ལ་དང་པོ་འབྱུང་བཞི་སོ་སོའི་ལས་ལ་ཞག་བཞི༔ གཉིས་གཉིས་འདུས་པ་ལ་ཞག་གཉིས༔ འབྱུང་བ་བཞི་ཆར་འདུས་པའི་བྱེད་ལས་ལ་ཞག་གཅིག་སྟེ་བདུན་ནོ༔ དེ་ལ་ཞག་དང་པོ་མེར་མེར་པོ་ཆུའི་བྱེད་ལས༔ ཆུ་བཞི་དུས་གཅིག་ཏུ་འདུས་པ་ལས་མེར་མེར་པོའི་གཞི་ཉུང་འབྲུ་བརྒྱའི་ཆ་ཙམ༔ གཉིས་པ་སའི་བྱེད་ལས་ཀྱིས་གཅིག་ཏུ་བརྟན༔ ཉུང་འབྲུའི་བཅུ་ཆ་ཙམ་མོ༔ གསུམ་པ་ལ་མེའི་བྱེད་ལས་ཀྱིས་ཐིག་ལེ་མ་འདྲེས་པ་ཉུང་འབྲུའི་སུམ་ཆ་ཙམ༔ བཞི་པ་རླུང་གི་བྱེད་ལས་ཀྱིས་ཐིག་ལེ་དེ་གཏོར༔ དངུལ་ཆུ་ལྟར་ཉུང་འབྲུ་ཕྱེད་དུ་བྱས༔ ཡང་ལྔ་པ་ལ་ཆུས་བསྡུས་ནས་བརྟན་པར་བྱས༔ དྲུག་པ་ལ་མེས་སྨིན་ཅིང་གནས་པས་ཉུང་འབྲུ་གཉིས་སུ་གྱུར༔ བདུན་པ་བཞི་ཆར་འདུས་ནས་ཉུང་འབྲུ་གཉིས་ཀྱི་ཐིག་ལེ་གཅིག་ལ་མེར་མེར་པོ་མིག་ཕྲ་བ་གཅིག་ཆགས༔ དེ་ནས་ཡང་འབྱུང་བའི་བྱེད་ལས་འཁྲུགས་ཏེ་ཆུས་བཤིག་(༢༣)སས་མནན༔ མེས་བསྡུས་པས་རྟེན་བསྲེག་སྟེ་རླུང་གིས་གཏོར་ནས་ཅི་ཡང་མེད་པར་བྱས༔ ཡང་འབྱུང་བཞིའི་བྱེད་ལས་ཀྱིས་བརྒྱད་པ་ལ་ཆུས་བསྡུས༔ ནུར་ནུར་པོ་སྲན་མ་བཅུ་ཆ་ཙམ་དུ་བྱས༔ ཤར་གྱི་རྩ་རི་བོང་གི་རྡུལ་སྟོང་གི་ཆ་ཙམ་གཅིག་བསྐྱེད༔ ཡང་དགུ་པ་ལ་སས་བསྲེལ་སྲན་མ་དགུ་ཆ་ཙམ་ལ་ལྷོའི་རྩ་བསྐྱེད༔ དེ་ནས་བཅུ་པ་ལ་མེས་སྲན་མ་བདུན་གྱི་ཆ་ཙམ་ནུབ་ཀྱི་རྩ་བསྐྱེད༔ བཅུ་གཅིག་ན་རླུང་བསྐྱོད་སྲན་མ་ལྔ་ཆས་བྱང་གི་རྩ་བསྐྱེད༔ དེ་ནས་གོང་ལྟར་གཉིས་གཉིས་ཀྱིས་སྲན་རྡོག་ཙམ་ནུར་ནུར་པོ་མིག་གཉིས་དང་རྩ་རེ་ཐག་ལྟར་ཆགས༔ ཡང་བཞི་ཆར་གྱི་ལས་འཁྲུགས་པས་སས་བཤིག་ཟླ་བ་ཕྱེད་ན་སྲན་མ་གཉིས་ལ་མཐེ་བོང་ཙམ་བསྐྱེད༔ ཡང་བཤིག་རླུང་གིས་ཐམས་ཅད་ཕྱེ་ཆུས་གཅིག་ཏུ་བསྡུས༔ སས་བཟུང༔ གོར་གོར་པོར་གྱུར་ཏེ་མེས་སྨིན་འཁོར་ལོ་བཞིའི་རྩ་དང་དབང་པོའི་རྟེན་གྱི་རྩ་དང༔ དང་པོ་འདབ་མ་དྲུག་ཅུ་རྩ་བཞི༔ རླུང་སེམས་ཀྱི་རྟེན་སྤྱན་གསུམ་གསལ་འདུས་པ་སུམ་ཅུ་རྩ་གཉིས་དང༔ མེས་འཕེལ་བས་རོ་འདུས་ཀྱི་རྩ་དྲུག་ཅུ་རྩ་གཉིས་བསྐྱེད༔ དེ་ལས་རྩེ་མོ་རྣམ་པར་བཀོད་པ་རྩ་འདབ་སུམ་བརྒྱ་དྲུག་ཅུ་དང་སྤྱན་གཉིས་སྨིན༔ ཡང་རླུང་གིས་བསྐྱོད་རྒྱུ་སོ་སོར་ཕྱེ༔ མེས་བསྡུས་སས་བསྲེས་ཏེ་བཟུང་བས་འཁྲང་གྱུར་སྲ་བ་གཅིག་ཏུ་གྱུར༔ མེས་སྨིན་པས་དབུས་སུ་རྩ་གསུམ་ཀ་བ་ལྟར་བསྐྱེད༔ ཡང་འབྱུང་བའི་བྱེད་ལས་ཀྱིས་འཁྲང་འགྱུར་ཞིག་ཉ་ལྟ་བུར་གྱུར༔ དེ་ལྟར་ཞག་བདུན་དུ་ཆུས་བསྡུས་གཟུགས་སུ་གྲུབ༔ སས་བཟུང༔ མེས་སྨིན༔ དབང་པོའི་སྒོ་དོད༔ དབང་པོ་གསལ་བར་ཆུས་བསྐྱེད༔ སས་སྲ་ཞིང་གྲུབ་སྟེ་རུས་སྦལ་ལྟ་བུ༔ མའི་འཁྱུད་གང་བར་གྱུར༔ མེས་ཡན་ལག་བསྐྱེད༔ རླུང་འདུས་པས་ཨ་བ་དྷཱུ་ཏིར་ཚུད༔ དེ་དུས་ལུས་ཀྱི་རྟེན་འབྱུང་བ་སྙོམས་པས་ཡེ་ཤེས་བསྐྱེད་པའོ༔ ཡང་ཆུས་སྨིན་པའི་རྒྱུ་བྱས༔ སས་འཐེན་པས་ཤ་ཁྲག་གྲུབ་ནས་སྦལ་པ་ལྟར་མཐོ་གང་དུ་བསྐྱེད༔ མེས་ཤེས་པ་དང་མིག་གསལ་བར་བྱས༔ ཡན་ལག་བསྐྱེད༔ རླུང་གིས་ཡན་ལག་དང་དབང་པོ་དོན་སྙིང་རྣམ་ཤེས་ཕུང་པོ༔ ཁམས་(༢༤)དང༔ སྐྱེ་མཆེད་གསལ་བ་དང་མི་གསལ་བར་བྱས༔ ཤེས་པ་དང་དབང་པོ་གཟུགས་ཡན་ལག་ལ་སོགས་པའི་ལེགས་ཉེས་ཐམས་ཅད་འབྱུང་བ་དག་མ་དག་གི་ཁྱད་པར་རོ༔ རྒྱུ་ནི་མའི་འབྱུང་བ་ལ་ཕན་གནོད་བྱས་པ་ལས་འབྱུང་ངོ་༔ དག་མ་དག་གྲོགས་སུ་སོང་མ་སོང་ངོ་༔ དེ་ལྟར་མངལ་དུ་ཆགས་ནས་ཞག་བདུན་ཚན་བརྒྱད་དུ་བསྐྱེད་ཅིང་ཆགས་སོ༔ དེ་ནས་མས་ཟོས་འཐུང་གི་དྭངས་མ་ལྟེ་བའི་རྩ་ལ་ཞུགས་ནས་ཞག་གོང་མ་ཙམ་ན་པགས་པ་དང་བ་སྤུ་རྣམས་སྐྱེས༔ ཉོན་མོངས་པ་བག་ལ་ཉལ་དང་རླུང་གིས་འཕྲིག་འགུལ་བྱས༔ མེས་ཤེས་པ་མཆེད་དེ་ཟླ་བ་གསུམ་དང་ཞག་ཉི་ཤུ་རྩ་གཅིག་ན་ལུས་དང་ཤེས་པ་འགུལ་ཞིང་འཕྲིག་གོ༔ ཡང་གོང་གི་ཞག་ཙམ་ན་ཟས་མྱོང་སྟེ་འབྱུང་བ་བཞིས་བཟུང་བསྡུས་བཅུད་དུ་སྨིན་ཕྱེས་ནས་ལུས་རྫོགས་ཡན་ལག་འགུལ་ཞིང་བསྐྱོད་དོ༔ དེ་ནས་ཟླ་བ་གཉིས་དང་ཉེར་དྲུག་ན་ཕྱིར་འབྱོན་པའོ༔ དེ་ཡང་སྤྲུལ་པའི་སྐུ་ཡིན་ཏེ༔ ཀློང་གསལ་ལས༔ ཞུགས་ནས་དོན་ཏེ་སྤྲུལ་པའི་སྐུ༔ ཞེས་སོ༔ མུ་ཏིག་ཕྲེང་བ་ལས༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ ཕ་དང་མ་ཡི་རྒྱུ་ཉིད་ལས༔ འཕེན་པ་རླུང་གིས་བསྐྱེད་པ་ནི༔ བྱང་ཆུབ་རང་རིག་བདེ་ཆེན་པོ༔ འབྱུང་ལྔའི་རྒྱུ་ལས་ས་བོན་ནི༔ སྟོང་ཉིད་ཡུལ་ལ་སྣང་བ་ཤར༔ གཉིས་ཀྱི་བདེ་བའི་སྙོམས་འཇུག་གིས༔ ཐབས་ལས་བྱུང་བའི་ཤེས་རབ་ཉིད༔ མངལ་གྱི་ལྷུམས་སུ་ཚུད་པ་ཉིད༔ རང་རིག་གཞི་ནས་སྣང་བ་ཤར༔ བདུན་ཚན་བདུན་ནི་རྟགས་ཚད་དོ༔ ཟླ་བཅུ་ས་རྣམས་བགྲོད་པོ་ཉིད༔ བཙས་པ་ཉིད་ནི་སྐུ་བཞེངས་པའོ༔ ཞེས་སོ༔ དེ་ལྟར་སྤྲུལ་པའི་སྐུ་དེ་ལ་ལུས་གྲུབ་པ་དང་དུས་མཉམ་དུ་རྩ་གྲུབ་སྟེ༔ ལུས་ལ་བ་སྤུའི་བུ་ག་དང་མཉམ་པར་གནས༔ གྲངས་ཅན་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་གནས་ཏེ་སྐྱོད་བྱེད་ན་དྲུག་ཅུ་རྩ་བཞི༔ དྲན་པ་ན་སུམ་ཅུ་རྩ་གཉིས༔ རོ་གནས་ན་བརྒྱད་གཉིས་ཏེ་བཅུ་དྲུག༔ རྩེ་མོ་ན་སུམ་བརྒྱ་དྲུག་ཅུ༔ བདེ་བ་རྣམ་བཀོད་ན་ཉི་ཤུ་རྩ་བརྒྱད་དེ༔ འཁོར་ལོ་ལྔ་ལ་རྩའི་གྲངས་ལྔ་བརྒྱ་གནས་པ་ནི་རྩ་རྣམས་བསྡུས་ཏེ་གྲངས་ཅན་ནོ༔ དེ་དག་གི་དབུས་ན་ཡར་རྩ་གསུམ་ཀ་བའི་ཚུལ་དུ་གནས་ཏེ༔ (༢༥)དེ་དག་གི་འདབ་མ་ན་ཡར་ཤེལ་སྦུག་ཅན་བྱ་བ་ཡང་གནས་ཏེ༔ ཐལ་འགྱུར་ལས༔ རོ་མ་རྐྱང་མ་ཀུན་དྷར་མ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་སོ༔ རྩ་དེ་བཞི་འབྱུང་བ་གང་ལས་བསྐྱེད་ན་རོ་མ་ཆུའི་དྭངས་མས་བསྐྱེད༔ རྐྱང་མ་སས་བསྐྱེད༔ ཀུན་དྷར་མ་རླུང་གིས་བསྐྱེད༔ ཤེལ་སྦུག་ཅན་ནི་མེས་བསྐྱེད་པའོ༔ རོ་མའི་ནང་ནས་མར་རྒྱུའི་ཐིག་ལེ་རྒྱུ་བའོ༔ སྐྱེས་པ་ལ་གཡས་ནས་འོང༔ བུད་མེད་ལ་གཡོན་ནས་འོང་ངོ་༔ རྐྱང་མ་ནི་ཕོ་མཚན་གྱི་གོང་ནས་ལོག་སྟེ༔ དེ་ན་ཡེ་ཤེས་ཀྱི་ཐིག་ལེ་རྒྱུའོ༔ རོ་མ་ལྟེ་བའི་གཡོན་ནས་མར་འཁྱིལ་ཏེ་རྡོ་རྗེ་ལ་ཟུག་ནས་ཐིག་ལེ་འབབ༔ རྐྱང་མ་སྙིང་རྩ་གཡོན་ནས་འཐོན་ཏེ་ཡར་མགྲིན་པའི་རྩའི་དྲྭ་བ་ལ་ཐོན་ནས་རྩའི་རྩེ་མོ་གཉིས་སུ་གྱེས་ནས་དུང་ཁང་གི་ནང་ན་ཚུར་བྱུང་སྟེ༔ རྩ་དེ་བ་མེན་གྱི་རྭ་ལྟ་བུ་མིག་གི་ཨ་འབྲས་ཆུའི་སྦུ་གུ་ལ་ཟུག་པས་ཡེ་ཤེས་ཀྱི་སྣང་བ་འཆར་བའོ༔ ཀུན་དྷར་མ་དབུས་དྲང་པོ་ན་གནས་ཏེ་དེ་ལ་རྩེ་མོ་གསུམ་དུ་གྱེས་ནས་དབུས་མ་ཚངས་བུག་ལ་ཟུག༔ གཡས་གཡོན་གཉིས་རྣ་བ་གཉིས་ལ་ཟུག་པའོ༔ དེ་ལྟར་རྩ་གང་ན་གནས་པ་ན་རླུང་གནས་ཏེ༔ རླུང་ལ་གྲངས་སུ་བཤད་ཀྱང་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་སོ༔ ཡེ་ཤེས་ཀྱི་རླུང་ནི་སེམས་དང་འདྲེས༔ སེམས་ནི་ལས་ཀྱི་རླུང་དང་འདྲེས་ཏེ་དབྱེར་མེད་པའོ༔ ཐལ་འགྱུར་ལས༔ རླུང་སེམས་གཉིས་སུ་མེད་འདྲེས་ཏེ༔ དེས་ན་རླུང་གིས་ལས་ཀུན་བྱེད༔ ཅེས་སོ༔ ཡེ་ཤེས་ཀྱི་རླུང་འགྱུ་བ་དང་བྲལ་བ་དེའི་རྩ་ལ་ལས་ཀྱི་རླུང་ཞེས་བྱ་སྟེ༔ ལས་ཀྱི་རླུང་དེ་རྩ་ལ་ཕྱིར་འགྱུ་བ་ནི་སའི་རླུང་ལ་ལྔ་སྟོང་དང་བཞི་བརྒྱ༔ མེ་ཆུ་རླུང་གསུམ་གྱི་རླུང་ཡང་དེ་ཙམ་ཞིག་སྟེ༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་སྟེ༔ ཐལ་འགྱུར་ལས༔ རྩ་ལ་བརྟེན་པའི་རླུང་དག་ནི༔ ཉི་ཁྲི་དང་ནི་སྟོང་ཕྲག་གཅིག༔ དྲུག་བརྒྱ་དག་ཏུ་རྒྱུ་བ་ནི༔ རྒྱུ་བ་ཆེན་པོའི་རླུང་དུ་འདོད༔ ཅེས་སོ༔ ཡེ་ཤེས་ཀྱི་རླུང་རྩ་ནང་དུ་རྒྱུ་བ་ནི༔ ཐལ་འགྱུར་ལས༔ རྩ་ནས་ངེས་པར་རྒྱུ་བ་ནི༔ འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས༔ སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག༔ རྩ་ནས་ངེས་པར་རྒྱུ་བས་ཏེ༔ རྒྱུ་བ་ཆུང་བའི་རླུང་དུ་འདོད༔ (༢༦)ཅེས་སོ༔ རྩ་དེ་དག་གི་བྱེད་ལས་ནི་འཁོར་འདས་བདེ་སྡུག་གྱེན་རྒྱུ་ཐུར་སེལ་གྱི་ལས་བྱེད་དོ༔ ཡང་རྩ་གང་ན་གནས་པ་ན་རླུང་གནས༔ རླུང་གིས་གར་ཁྱབ་པ་ན་ཐིག་ལེས་ཁྱབ་པར་གནས་ཏེ༔ ཐིག་ལེ་ལ་ཕྱེ་ན་གཉིས་ཏེ་རྒྱུའི་ཐིག་ལེ་དང་ཡེ་ཤེས་ཀྱི་ཐིག་ལེའོ༔ རྒྱུའི་ཐིག་ལེ་ལ་བཅུ་དྲུག་ཏུ་བཤད་པ་དང་ཡེ་ཤེས་ཀྱི་ཐིག་ལེ་ལ་གསུམ་དུ་བཤད་པ་ནི་གཞན་དུ་གསལ་ལོ༔ ཐིག་ལེ་དེ་དག་གི་བྱེད་ལས་ཡང་འཁོར་འདས་བདེ་སྡུག་གི་ལས་བྱེད་པའོ༔ ཆོས་གཞན་ནས་རྩ་རླུང་ཐིག་ལེ་གསུམ་ཐ་དད་དུ་བཤད་པ་མང་སྟེ༔ འདིར་ནི་དེ་གསུམ་དབྱེར་མེད་དུ་འདོད་དེ༔ ཐོག་མའི་ལྷུན་གྲུབ་དང་ཐུགས་རྗེ་འཁྲུལ་པས་འབྱུང་བ་ལྔ་བྱུང༔ དེ་ལ་ལུས་གྲུབ༔ དེ་ལས་རྩ་གྲུབ༔ རྩ་ལ་རླུང་དང་ཐིག་ལེས་ཁྱབ༔ དེ་ལ་ཡེ་ཤེས་ཀྱིས་མ་ལུས་པར་ཁྱབ་སྟེ་དབྱེར་མེད་པའོ༔ རང་ཤར་ལས༔ ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ༔ ཏིལ་འབྲུ་ལ་ནི་མར་བཞིན་དུ༔ ལུས་ཀྱི་བཀྲག་དང་གཟི་མདངས་ནི༔ ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད༔ ཅེས་གསུངས་སོ༔(༢༦)

༈ ད་རིག་པ་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ནི་གཉིས་ལས༔ ལུས་རྒྱལ་བའི་ཞིང་ཁམས་སུ་བསྟན་པ་དང༔ རིག་པ་ཉིད་ཀྱི་གནས་ལུགས་བསྟན་པའོ༔ དང་པོ་ནི་ལུས་ཀྱི་རྩ་འཁོར་ལོ་ལྔའི་དབུས་ན་འབྱུང་བ་ལྔའི་དྭངས་མ་ཕ་མ་གཉིས་ལས་ཐོབ་པ་དངུལ་ཆུ་དང་རྒྱ་སྐགས་ཀྱི་མེ་ཏོག་ལྟ་བུ་ལ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་ཡི་གེའི་གཟུགས་སུ་གནས་ཏེ༔ སྤྱི་བོ་ན་ཧ་དང་ར་གནས༔ མགྲིན་པ་རི་དང་ཙ་གནས༔ སྙིང་ཁ་ན་མ་དང་ཧྲཱིཿགནས༔ ལྟེ་བ་ན་ནི་དང་ཧྲཱིཿགནས༔ གསང་བ་ན་ས་དང་ཡ་གནས༔ དེ་དག་གིས་ཕྱིར་མ་རིག་པ་དུག་ལྔར་སྨིན་པའི་གཞི་བྱེད་ལ༔ ནང་དུ་དག་པས་ཡེ་ཤེས་ལྔ་འཆར་བའི་གཞི་བྱེད་པའོ༔ དབུས་སུ་རྩ་གསུམ་གྱི་ནང་ན་ཨོཾ་ཨཱཿཧཱུྃ་གསུམ་དུ་གནས་ཏེ༔ དེས་ཕྱིར་མ་དག་པ་དུག་གསུམ་འཆར་བའི་གཞི་བྱེད་ལ་ནང་དུ་དག་པ་སྐུ་གསུམ་འཆར་བའི་གཞི་བྱེད་པའོ༔ དེས་ན་ཀུན་རྫོབ་ཀྱི་ལུས་འདི་རྒྱལ་བའི་དཀྱིལ་འཁོར་ཡིན་ཏེ༔ ཀློང་གསལ་ལས༔ ཐོག་མའི་གཞི་ལས་འཁྲུལ་པའི་རྩལ༔ འབྱུང་བ་འདུས་པའི་ད་ལ་ནི༔ རྩ་རླུང་(༢༧)དྭངས་མ་དབྱེར་མེད་ལས༔ རྒྱལ་བའི་ས་བོན་ཡི་གེར་གནས༔ འཁོར་ལོ་ལྔ་ལ་༼སྡེ་ལྔ་༽ཡབ་ཡུམ་ཚུལ༔ རྩ་གསུམ་༼རོ་མ་རྐྱང་མ་ཀུན་དྷརྨ་༽ལས་ནི་སྐུ་གསུམ་ཉིད༔ ཕྱི་ལྟར་ཕུང་པོ་༼འདུ་ཤེས་འདུ་བྱེད་ཚོར་བ་གཟུགས་རྣམ་པར་ཤེས་པ་ལྔ་༽ལྔ་ཉིད་ལ༔ ནང་ལྟར་ཉོན་མོངས་དུག་ལྔའོ༔ གསང་བ་ལྟར་ན་སྐུ་ལྔ་སྟེ༔ ཡང་གསང་ཡེ་ཤེས་ལྔ་ཉིད་དོ༔ ཕྱི་ལྟར་འབྱུང་བ་ལྔ་ཉིད་ལ༔ ནང་ལྟར་ཡུམ་ཆེན་ལྔ་ཉིད་དོ༔ གསང་བ་ལྟར་ན་མཁའ་འགྲོ་ལྔ༔ ཡང་གསང་ཤེས་རབ་ལྔ་ཉིད་དོ༔ ཕྱི་ལྟར་འཁོར་ལོ་ལྔ་ཉིད་ལ༔ ནང་ལྟར་ཐིག་ལེ་༼འབྱུང་བའི་དྭངས་མ་༽ལྔ་ཡིན་ཏེ༔ གསང་བ་ཡི་གེ་༼མ་ཧྲཱིཿཧ་རི་ནི་ས་༽ལྔ་ཡིན་ཏེ༔ ཡང་གསང་ཌཱཀྐི་སྡེ་ལྔའོ༔ རྩ་ཁམས་ཐམས་ཅད་དཔའ་བོ་དང༔ མཁའ་འགྲོ་ཡབ་ཡུམ་རྒྱལ་བའི་ཞིང༔ ལུས་འདི་རྒྱལ་བའི་ད་ལ་དངོས༔ ཞེས་པས༔ རང་ལུས་རྒྱལ་བའི་ད་ལ་ཡིན་པས་འདོད་པའི་ཡོན་ཏན་ཕྱིར་མི་འབུལ་ནང་དུ་སྤྱད་ན་བསོད་ནམས་འབུམ་འགྱུར་གྱིས་ཆེ༔ ཡི་དམ་ཕྱི་ན་བསྒོམ་པ་དང་མཆོད་པ་ཕྱིར་འབུལ་བ་ནི༔ རང་ལ་གནས་པ་ངོ་མ་ཤེས་པས་ལྟུང་བ་ཕོག་གོ༔ དེ་ཅིའི་ཕྱིར་ཞེ་ན༔ ལུས་རྒྱལ་བའི་དཀྱིལ་འཁོར༔ ངག་ཅི་སྨྲས་གསང་སྔགས༔ ཉོན་མོངས་པ་གང་སྐྱེས་ཡེ་ཤེས་དངོས་ཀྱི་སྣང་བ་ཡིན་པའོ༔ ཐིག་ལེ་རྣམ་པ་གཉིས་ནི་འཁོར་འདས་མཐའ་དག་གི་སྲོག་ཡིན་ཏེ་ཡེ་ཤེས་ཐིག་ལེ་མ་བསྒོམས་ན་འཁོར་བར་འཁྱམས༔ བསྒོམས་ན་ལྷག་མེད་དུ་བུདྡྷའོ༔ རྒྱུའི་ཐིག་ལེ་ཉམས་ན་དམ་ཚིག་ཉམས་ནས་དམྱལ་བར་སྐྱེ༔ མི་དགེ་བ་དུ་མ་འབྱུང་ངོ་༔ མ་ཉམས་ན་འདས་པ་དང་མ་འདས་པ་ཐམས་ཅད་དབང་དུ་འདུ༔ སངས་རྒྱས་ཐམས་ཅད་དང་འབྲལ་བ་མེད༔ བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འབྱུང༔ མི་དགེ་བའི་བར་ཆད་ཐམས་ཅད་མི་འབྱུང་ངོ་༔ མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ངོ་༔ ཁམས་དང་དབང་པོ་རྒྱས་པས་ཡེ་ཤེས་ཀྱི་ཐིག་ལེ་ལ་དབང་ཐོབ་སྟེ་ཟག་མེད་དུ་འཚང་རྒྱའོ༔

༈ ད་རིག་པ་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ནི༔ རིག་པ་སྐུར་གནས་ཏེ་སྙིང་ཁ་ན་བུདྡྷ་བཞི་བཅུ་རྩ་གཉིས༔ དུང་ཁང་ན་ཁྲོ་(༢༨)བོ་ལྔ་བཅུ་རྩ་བརྒྱད༔ འཁོར་ལོ་ལྔ་ན་ཌཱཀྐི་ཡབ་ཡུམ༔ རྩ་གསུམ་ན་སྐུ་གསུམ༔ རྩ་ཁམས་ཐམས་ཅད་ལ་ཌཱཀྐི་ཡབ་ཡུམ་ཏིལ་གྱི་གོང་བུ་ལྟར་གནས་པའོ༔ རང་བཞིན་འོད་དུ་གསལ་ཏེ༔ གསང་བ་ན་འཁོར་ལོ་ལྔ་ལ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་ཁྲག་དང་ཆུ་སེར་མེད་པ་ལ་བརྒྱུད་ནས༔ གསང་བ་ནས་ལྟེ་བར་བརྒྱུད༔ ལྟེ་བ་ནས་སྙིང་ཁ༔ སྙིང་ཁ་ནས་མགྲིན་པ༔ མགྲིན་པ་ནས་ཀླད་པ་དུང་ཁང་དུ་གཡས་སུ་འཁྱིལ་པའི་རྩ་བཞི་ལས༔ དབང་པོ་ཡུལ་ལ་འཆར་བྱེད་ཀྱི་རྩ་གཅིག་ལ་རྩེ་མོ་ལྔར་གྱེས་ནས་སྒོ་སོ་སོའི་རྟེན་བྱེད༔ དེ་ལས་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་པ་བ་མེན་གྱི་རྭ་ལྟ་བུ་གཉིས་མིག་གི་ཨ་འབྲས་ཆུའི་སྦུ་གུ་ལ་ཟུག་པས་འཁོར་འདས་ཀྱི་སྣང་བ་འཛིན་པའོ༔

༈ ཐུགས་རྗེ་སྒྲོན་མར་གསལ་བ་ནི༔ རིག་པ་རང་ཤར་རྒྱུད་ལས༔ སྟོང་པ་རྐྱེན་བྲལ་ནམ་མཁའ་ལ༔ སྒྲོན་མ་རྣམ་བཞི་འདི་ལྟར་གསལ༔ རྒྱངས་ཞགས་ཆུ་ཡི་སྒྲོན་མ་དང༔ ཐིག་ལེ་སྟོང་བའི་སྒྲོན་མ་དང༔ ཤེས་རབ་རང་བྱུང་སྒྲོན་མ་དང༔ དག་པ་དབྱིངས་ཀྱི་སྒྲོན་མའོ༔ ཞེས་པ་དང༔ ཡུལ་ལ་སྣང་བའི་མཚན་ཉིད་ནི༔ རང་ཤར་ལས༔ ནམ་མཁའ་སྔོ་སངས་རྫི་མེད་ལ༔ འོད་དང་ཁ་དོག་དབྱིངས་ཉིད་དང༔ ཡེ་ཤེས་ལྔ་ཡི་རང་སྣང་སྟོན༔ དག་པ་དབྱིངས་ཀྱི་སྒྲོན་མ་ལ༔ ཐིག་ལེ་སྐུ་དང་འཁྲུལ་སྣང་དག༔ རང་བཞིན་ཉིད་དང་ངོ་བོ་ཉིད༔ གཉིས་མེད་འདུ་འབྲལ་མེད་པར་གནས༔ འདི་དུས་ཟད་པའི་མཚན་ཉིད་ནི༔ བྱ་བྲལ་ནམ་མཁའ་ཇི་བཞིན་ནོ༔ ཞེས་སོ༔ ཡུལ་གང་ལ་འཆར་ན༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་གི་སྒྲོན་མ་ལམ་དུའོ༔ ཞེས་པ་དང༔ རང་ཤར་ལས༔ མིག་ནི་ནམ་མཁའི་ཁམས་སུ་བརྟག༔ འོད་ནི་ཕྲ་ལ་འདྲིལ་བ་འབྱུང༔ ཞེས་པ་དང༔ དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས༔ ཞེས་སོ༔ དེ་ངོ་སྤྲད་པ་ནི༔ ཀློང་གསལ་ལས༔ སངས་རྒྱས་ཌཱཀྐིའི་ཞིང་ཁམས་སུ༔ པདྨ་ཌཱཀྐིའི་མེ་ལོང་ལ༔ རིན་ཆེན་ཌཱཀྐིའི་སྒོ་ཕྱེ་སྟེ༔ སྒོ་ལ་ལས་ཀྱི་ཌཱཀྐི་འབྱོན༔ རྡོ་རྗེ་ཌཱཀྐིའི་ཆོས་དབྱིངས་མངོན་སུམ་སྟོན༔ (༢༩)ཞེས་སོ༔ དེ་ལྟར་མཐོང་བའི་རིག་པ་ཀུན་རྫོབ་མིན་ཏེ༔ ཐལ་འགྱུར་ལས༔ རིག་པའི་ངོ་བོ་ལུ་གུ་རྒྱུད༔ འདས་དང་མ་འོངས་ད་ལྟར་ལ༔ སུས་ཀྱང་བྱས་པ་མ་ཡིན་ཏེ༔ དེ་ནི་འདུས་མ་བྱས་པ་ཉིད༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ མངོན་སུམ་བརྟེན་པའི་གང་ཟག་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ ཞེས་སོ༔ དབྱིངས་རིག་འདུ་འབྲལ་མེད་པ་དེ་ལ་བལྟ་བས་ལྟ་བ་ཞེས་བྱ༔ དེའི་ངང་ལ་གནས་པས་སྒོམ་པ་ཞེས་བྱ༔ དེ་ལ་བྱ་རྩོལ་དང་བྲལ་བས་སྤྱོད་པ་ཞེས་བྱ༔ འབྲས་བུ་ནམ་མཁའ་ཡོངས་རྫོགས་ཀྱི་འབྲས་བུ་ཞེས་བྱའོ༔ དེ་ཉམས་སུ་ལེན་པ་ནི་ཁྲིད་ལྟར་རོ༔ འོ་ན་འདིའི་གཞུང་ལྟར་ན་འབྱུང་བ་འདུས་པའི་ཕུང་པོ་རྩ་རླུང་ཐིག་ལེ་ལ་སོགས་པ་དབྱེར་མེད་རྒྱལ་བའི་ད་ལར་འདོད་ན་སྣོད་བཅུད་ཐམས་ཅད་མི་རྟག་པ་ཀུན་རྫོབ་ཡིན་ལ༔ རྒྱལ་བའི་ད་ལ་ནི་འདུས་བྱས་ལས་གྲོལ་ཏེ་སངས་རྒྱས་ཀྱང་ཀུན་རྫོབ་ཏུ་འགྱུར་རོ་ཞེ་ན་ཆོས་འདིའི་ལུགས་ཀྱི་ལུས་རྒྱལ་བའི་ད་ལར་དངོས་སུ་འདོད་དོ༔ ཀུན་རྫོབ་མ་ཡིན་པའི་གནད་ནི༔ དང་པོ་སྣོད་ཆགས་པ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རྩལ་མ་རིག་འཁྲུལ་པར་བྱུང་བ་ལས༔ འདིར་གདམས་པའི་གནད་ཀྱིས་ཁྱད་དུ་ཕྱེ་སྟེ༔ གང་ཟག་གིས་ཐོག་མའི་གཞི་འཁྲུལ་པ་མེད་པར་ཤེས༔ བར་དུ་འཁྲུལ་ནས་སྣོད་བཅུད་དུ་གྲུབ་ཀྱང་མིག་ནད་ཅན་ལ་དུང་ལ་སེར་པོར་སྣང་བ་ལྟར༔ ཉོན་མོངས་པ་ལྟར་སྣ་ཚོགས་སུ་སྣང་ཡང་གཞི་ལ་འཁྲུལ་པ་མེད་པར་ཤེས༔ དེ་ལྟར་རྟོགས་པས་ད་ལྟ་ཅི་བྱས་ཀྱང་འཁྲུལ་རྒྱུ་མེད་པར་ཤེས༔ དེ་ལྟར་ཤེས་པས་དང་པོ་ཡང་རང་བྱུང་གི་ཡེ་ཤེས༔ འཁྲུལ་པའི་དུས་ན་ཡང་རང་བྱུང་གི་ཡེ་ཤེས༔ ཐ་མ་ཡང་རང་བྱུང་གི་ཡེ་ཤེས་སུ་གྲོལ་ཏེ༔ ཀློང་གསལ་ལས༔ དང་པོ་འོད་ལས་འབྱུང་བར་འཁྲུལ༔ འཁྲུལ་པས་སྣོད་བཅུད་གཟུགས་སུ་གྲུབ༔ ད་ནི་རིག་པས་འཁྲུལ་པ་དག༔ འབྱུང་བ་ཡེ་ཤེས་ངང་དུ་དངས༔ ལྷག་མེད་ཉིད་དུ་བུདྡྷའོ༔ གཞན་ལ་དེ་ལྟར་མ་ཡིན་ནོ༔ ཞེས་སོ༔ ཆོས་གཞན་དག་གིས་ནི༔ དང་པོའི་རྒྱུ་དང་བར་དུ་(༣༠)འཁྲུལ་པ་ཐ་མའི་གྲོལ་གཞི་མ་གོ་སྟེ༔ ཐམས་ཅད་ཀུན་རྫོབ་ཙམ་དུ་འདོད་པ་ནི་སྣོད་བཅུད་འདི་དག་ཀྱང་དང་པོ་རྒྱུ་མ་རིག་པས་བསྐྱེད་པས་ཀུན་རྫོབ་མི་རྟག་འགྱུར་བའི་ཆོས་ཅན་ཡིན་ཏེ༔ དེ་ཡང་འབྱུང་བ་ནམ་མཁའི་དཀྱིལ་དུ་འབྱུང་བ་གཅིག་གིས་གཅིག་བསྐྱེད་པའི་གྲོགས་བྱས་པའི་དུས་སུ་ཕྱི་སྣོད་ཀྱི་ལོ་ཀ་ཆགས༔ འབྱུང་བཞི་ཆ་སྙོམས་པའི་དུས་སུ་སྣོད་ཀྱི་ལོ་ཀ་ཆགས༔ འབྱུང་བཞི་གཅིག་གིས་གཅིག་གི་དགྲ་བྱས་ཏེ་བསད་པའི་དུས་སུ་སྣོད་ཀྱི་ལོ་ཀ་འཇིག་པའོ༔ དེ་བཞིན་དུ་འབྱུང་བཞིའི་དྭངས་མ་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་པའི་དུས་སུ་མྱུ་གུ་ལོ་མ་མེ་ཏོག་ལ་སོགས་པ་རིམ་པར་རྒྱས་འོང༔ འབྱུང་བཞི་ཆ་སྙོམས་པའི་དུས་སུ་འབྲས་བུ་སྨིན་ཏེ་ཟོ་ལ་སྡོད༔ དེ་ནས་ཡང་འབྱུང་བཞི་གཅིག་གིས་གཅིག་དགྲ་བྱས་པའི་དུས་སུ་འབྲས་བུ་དང་ལོ་མ་ཐམས་ཅད་འབྲུལ་ལོ༔ འབྱུང་བ་སོ་སོར་བྱེ་བའི་དུས་སུ་སྐམ་པ་ལ་སོགས་པའོ༔ དེ་བཞིན་དུ་འབྱུང་བཞིས་བསྐྱེད་པའི་འགྲོ་བའི་ལུས་འདི་ཡང་མ་ལས་སྐྱེས་ནས་ལོ་སུམ་ཅུ་མན་ཆད་དུ་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་ཏེ་འབྱུང་བཞིའི་དྭངས་མ་ཡར་འཕེལ་བས་སྟོབས་དང་རྩལ་རྒྱས་ཤིང་རིག་པ་དྭངས་པའོ༔ སུམ་ཅུ་ནས་བཞི་བཅུའི་བར་དུ་འབྱུང་བ་ཆ་སྙོམས་པས་ཟོ་ལ་སྡོད་པའོ༔ དེ་ནས་ཡང་འབྱུང་བ་རྣམས་གཅིག་དགྲ་གཅིག་གིས་བྱས་པས་སྟོབས་ཉམས་ཏེ་རྒས་ཤིང་གུད་པའོ༔ འབྱུང་བ་རྣམས་འཁྲུགས་ཏེ་བྱེ་བའི་དུས་སུ་འཆི་བའོ༔ དེ་བཞིན་དུ་ཉི་ཟླ་གཟའ་སྐར་རྣམས་ཀྱང་འབྱུང་བ་གཅིག་གིས་གཅིག་གི་གྲོགས་བྱས་ཏེ་བསྐྱེད་པའི་དུས་སུ་དཔྱིད་ཉི་མ་རིང་ཞིང་དྲོད་ཆེ༔ འབྱུང་བ་ཆ་སྙོམས་པའི་དུས་སུ་ནམ་ཉི་མ་མཉམ༔ ཡང་འབྱུང་བ་མར་འགྲིབ་པའ་ིདུས་སུ་དགུན་ཉི་མ་ཐུང་ལ་དྲོད་ཆུང༔ འབྱུང་བ་རྣམས་འཁྲུགས་ཏེ་བྱེ་བའི་དུས་སུ་ཉི་མ་འཆི་བའོ༔ དེ་བཞིན་དུ་ཟླ་བ་དང་གཟའ་སྐར་གྱི་འཕོ་འགྱུར་ཡང༔ འབྱུང་བཞིའི་བྱེད་ལས་ཡིན་ཏེ་མི་རྟག་པས་ཀུན་རྫོབ་ཏུ་འདོད་པའོ༔ དེ་དག་ཀྱང་དབང་པོ་ཐ་མའམ༔ ཕྱོགས་གཅིག་ནས་དེ་ལྟར་ཡིན་པས་འབྱུང་བ་རྒྱས་ཤིང་དར་བའི་དུས་སུ་ཉམས་ལེན་ལ་འབད་པ་ཤིན་ཏུ་གཅེས་སོ༔(༣༡)

༈ ད་ཐ་མ་ཉམས་ལེན་གཏན་ལ་དབབ་པ་ལ་གསུམ་སྟེ༔ རང་བཞིན་གྱི་ཉམས་ལེན་དང༔ གནད་ཀྱི་ཉམས་ལེན་དང༔ དམིགས་པའི་ཉམས་ལེན་ནོ༔ དང་པོ་རང་བཞིན་གྱི་ཉམས་ལེན་བསྟན་པ་ནི༔ རང་བྱུང་རིག་པའི་རྟེན་པ་འབྱུང་བཞིའི་ལུས་ཡིན༔ ལུས་ཀྱི་རྟེན་རྩ་རླུང་ཐིག་ལེ་གསུམ་ཡིན༔ རྩ་རླུང་གཉིས་ཀྱང་རྒྱུའི་ཐིག་ལེར་འདུས༔ རྒྱུའི་ཐིག་ལེ་ནི་འབྱུང་བཞིའི་དྭངས་མ་ཡིན༔ རིག་པའི་རྟེན་ཡིན་ཏེ༔ དབྱེར་མེད་དུ་གནས་པ་ཡིན༔ འབྱུང་བ་བཞི་ལ་སོ་སོའི་རྩལ་རེ་རེ་ཡོད་པས་དེ་རྣམས་མཉམ་དུ་གནས་ཤིང་འཕེལ་བའི་དུས་སུ་ལུས་མི་འགྱུར་ཞིང་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་འབྱུང༔ འབྱུང་བ་དེ་དག་རྐྱེན་གྱིས་འཁྲུགས་ན་འབྱུང་བའི་རྩལ་མ་སྙོམས་པས་གཅིག་གིས་གཅིག་བསད་ནས་འབྱུང་བ་འཁྲུགས་ནས་ནད་དང་རྐྱེན་སྣ་ཚོགས་པ་འབྱུང་སྟེ་འབྱུང་བ་ལྔ་བྲལ་ནས་ཚེའི་དུས་བྱེད་པས་ཉམས་ལེན་བར་ཆད་ནས་ཟག་བཅས་ཡལ་དུ་མི་བཏུབ་པས་རྒྱུའི་ཐིག་ལེ་མ་ཉམས་ཤིང་མ་འཁྲུགས་པ་གལ་ཆེ༔ ཐིག་ལེ་འདི་འབྱུང་བའི་དྭངས་མ་ཡིན་པས་མ་ཉམས་པར་འཕེལ་ན་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ འཁོར་འདས་བདེ་སྡུག་ཐམས་ཅད་འདིའི་བྱེད་ལས་ཡིན་པས་འདི་འཕེལ་བ་དང་མ་ཉམས་པའི་གནད་གལ་ཆེ་བས་དང་པོ་འདི་རང་བཞིན་གྱིས་འཕེལ་བ་ནི༔ དང་པོ་ཚེས་གཅིག་ནས་རྩ་ཐམས་ཅད་ནས་རིམ་གྱིས་འཕེལ་ཏེ༔ གསང་གནས་སུ་ཁམས་རྒྱས་ཡོད་པས༔ དེའི་དུས་གསང་གནས་སུ་བདེ་བ་མྱོང་བྱེད་ཀྱི་ཙཀྲའི་དབུས་སུ་རྩ་མདུད་ཀྱི་ནང་དུ་འབྱུང་བཞིའི་དྭངས་མ་ལས་གྲུབ་པའི་ལས་ཀྱི་ཌཱཀྐི་ཡབ་ཡུམ་དང༔ རྩ་འདབ་ཐམས་ཅད་ལ་འཁོར་གྱི་ཌཱཀྐི་ཡབ་ཡུམ་དང་འདྲ་བར་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཁ་དོག་ལྔ་ལྡན་དུ་བབས་པས་གསང་བའི་འཁོར་ལོ་ནས་ལུས་ཐམས་ཅད་གང་བར་བསམ༔ དེ་ལྟ་བུ་ཉིན་ཞག་གཅིག་ཏུ་བསྒོམ༔ མཇུག་བདེ་སྟོང་གི་རྒྱས་གདབ༔ དེ་ལྟར་བསྒོམས་པས་འབྱུང་བ་མི་འཁྲུགས༔ དེས་ལུས་སེམས་ལ་རྐྱེན་མི་འབྱུང༔ དྭངས་མ་འཕེལ་བས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ༔ ཚོགས་རྫོགས་ཕྲག་དོག་གི་དྲི་མ་དག༔ འཁོར་འདས་གཉིས་དབང་དུ་འདུ༔ (༣༢)མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་བོ༔ དེ་ནས་ཡང་དྭངས་མ་ཡར་འཕེལ་ཏེ་ཚེས་བཞི་ལ་ལྟེ་བར་རྒྱས་པས་པདྨ་ཌཱཀྐི་ཡབ་ཡུམ་བསྒོམ༔ ཚེས་བརྒྱད་ལ་སྙིང་ཁར་རྒྱས་པས་བུདྡྷ་ཌཱཀྐི་ཡབ་ཡུམ་བསྒོམ༔ ཚེས་བཅུ་ལ་མགྲིན་པར་རྒྱས་པས་རཏྣ་ཌཱཀྐི་ཡབ་ཡུམ་བསྒོམ༔ ཚེས་བཅོ་ལྔ་ལ་སྤྱི་གཙུག་ཏུ་རྒྱས་པས་རྡོ་རྗེ་ཌཱཀྐི་ཡབ་ཡུམ་བསྒོམ༔ དམིགས་པ་གོང་གིས་འགྲེའོ༔ ཁམས་རྒྱས་པའི་དུས་སུ་ཚོགས་ཅི་བསགས་འཕེལ་ཆེའོ༔ གཏར་སྲེག་དང་ཐིག་ལེ་བཏང་དུ་མི་རུང༔ ཁམས་རྒྱས་པས་སྤྱི་གཙུག་༼ཉའི་ཉིན་པར་༽ཏུ་སྐྲ་མཐེབ་གང་བ་ཞིག་བཞར་ལ་ཏིལ་མར་གླ་རྩི་ཙན་དན་བསྲེས་ལ་བཀུ་མཉེ་བྱ༔ དེས་དྭངས་མ་འཕེལ་ཞིང་འབྱུང་བ་མི་འཁྲུགས༔ ༼ནད་རྐྱེན་མི་འབྱུང་༽དེ་ལྟར་མ་༼མ་བསྒོམས་ན་༽བྱས་ན་འབྱུང་བ་རྒྱས་པའི་དུས་སུ་སྟོབས་མ་མཉམ་པས་འཁྲུགས་ནས་ནད་ལ་སོགས་པ་འབྱུང་ངོ་༔ དེ་ནས་དྭངས་མ་མར་འཕེལ་ཏེ་ཚེས་བཅུ་དགུ་ལ་མགྲིན་པར་རྒྱས༔ ཉེར་གཉིས་སྙིང་ཁར་རྒྱས༔ ཉེར་ལྔ་ལ་ལྟེ་བར་རྒྱས༔ གནམ་སྟོང་ལ་གསང་བ་དང་རྐང་མཐིལ་དུ་རྒྱས་འོང་བས་དེའི་དུས་སུ་བསྒོམ་ཐབས་གོང་གིས་འགྲེའོ༔ འབྲུ་མར་སྣ་ཚོགས་དང་སྦྲང་རྩི་ཏི་ཚོའི་ལྡེ་གུ་རྐང་མཐིལ་ལ་བྱུགས་ལ་ཉི་མ་ལ་བསྲོ༔ དེས་འབྱུང་བ་མི་འཁྲུགས་པས་བར་ཆད་མི་འབྱུང༔ ཁམས་རྒྱས་ཤིང་འཕེལ་བས་བདེ་སྟོང་གི་ས་མ་ཏི་རྒྱུད་ལ་སྐྱེ༔ ཕྱག་རྒྱ་བརྟེན་དུ་རུང༔ གཞན་ཡང་ཡོན་ཏན་དཔག་ཏུ་མེད་པའོ༔ དེ་ནི་རང་བཞིན་གྱིས་འཕེལ་བ་ལ་རྐྱེན་དམིགས་པའི་ཁ་ཚར་བཏགས་པའོ༔ དེས་རང་བཞིན་གྱི་ཉམས་ལེན་བསྟན་པའོ༔ གཉིས་པ་གནད་ཀྱི་ཉམས་ལེན་གཞན་དུ་ཤེས་སོ༔

༈ གསུམ་པ་དམིགས་པའི་ཉམས་ལེན་བསྟན་པ་ནི༔ འབྱུང་བའི་དྭངས་མ་ལས་གྲུབ་པའི་ལུས་འདི་ལ་ནད་འོང་བ་ནི༔ ལུས་ཀྱི་ཟུངས་སེམས་ཀྱི་བརྟེན་པ་རྒྱུའི་ཐིག་ལེ་འདི་ལ་འབྱུང་བའི་དྭངས་མ་འདྲེས་ལ་སོ་སོར་གནས་པས་དེ་ལ་རླུང་གིས་ཁྱབ་པས་ཏེ༔ ནད་འཇུག་པའི་རྐྱེན་རླུང་གིས་བྱེད་དེ་རྐྱེན་འདོད་ཆགས་ཀྱིས་བསླངས་ནས་ནད་ཚད་པ་འཇུག་སྟེ་ཚད་པ་སྐྱེས་པའི་དུས་མེའི་རླུང་མཐུ་རྒྱས་པས་འབྱུང་(༣༣)བ་མ་སྙོམས་ཏེ་ནད་འཇུག་གོ༔ ཞེ་སྡང་དང་སེམས་མི་བདེ་བས་རྐྱེན་བྱས་ནས་རླུང་སྐྱེད་དེ་རླུང་གི་རླུང་མཐུ་རྒྱས་པས་འབྱུང་བ་མ་སྙོམས་ཏེ་ནད་འཇུག༔ ཡང་གཏི་མུག་གིས་རྐྱེན་བྱས་ནས་ནད་གྲང་བ་དང་བད་ཀན་སྐྱེད་དེ༔ ཆུའི་རླུང་མཐུ་རྒྱས་པས་འབྱུང་བ་མ་སྙོམས་ཏེ་ནད་འཇུག་གོ༔ ཆ་མ་སྙོམས་པར་གང་མཐོ་ཡང་ནད་འཇུག༔ གསུམ་ཆ་སྙོམས་གཅིག་དམའ་ན་ཡང་ནད་འཇུག༔ གཉིས་སྙོམས་གཉིས་མ་སྙོམས་ན་ཡང་ནད་འཇུག༔ མཐོ་དམན་མེད་པར་ཆ་སྙོམས་པ་ཞིག་ལ་ནད་མི་འབྱུང༔ སེམས་ཅན་ལ་འབྱུང་བ་ཤས་ཆེ་ཆུང་རེ་མེད་པ་མེད༔ རྐྱེན་ཕལ་ཆེར་ཉིན་མོའི་གཉིད་ཀྱིས་འཇུག༔ རླུང་ཤས་ཆེ་བའི་མིས་ཉིན་མོ་གཉིད་ལོག་ན་རླུང་གི་ནད་འཇུག་སྟེ་རླུང་ལ་ཡང་ཚ་གྲང་འདུས་པའི་ནད་ཡོད༔ དེ་བཞིན་དུ་ས་ཤས་ཅན་ལ་བད་ཀན༔ ཆུ་ཤས་ཅན་ལ་གྲང་བ༔ མེ་ཤས་ཅན་ལ་ཚད་པ༔ དེ་དག་ཐམས་ཅད་ལ་ཚ་གྲང་འདུས་པའི་ནད་ཡོད༔ རྐྱེན་གྱིས་འབྱུང་བ་གང་མཐོ་བའི་མཐུ་རྒྱས་ཏེ་འབྱུང་བ་མ་སྙོམས་པར་གཅིག་དགྲར་གཅིག་སོང་བས་འཁྲུགས་པས་འབྱུང་བཞིའི་ནད་༼གང་ཡང་རུང་བར་༽དུ་འགྱུར་བས་ཉིན་མོའི་གཉིད་སྤང་བར་བྱའོ༔ མི་མཐུན་པའི་ཁ་ཟས་དང་སྤྱོད་ལམ་གྱིས་ཀྱང་༼འབྱུང་བ་འཁྲུགས་པས་༽ནད་འཇུག་པས་སྤང་ངོ་༔

མདོར་བསྡུས་ན༔ ཉོན་མོངས་པའི་བསམ་པ་རང་རྒྱུད་དུ་འཛིན་པས་འབྱུང་བའི་དྭངས་མ་འཁྲུགས་ཏེ་ནད་འབྱུང་བས་དུག་ལྔའི་རྟོག་པ་གང་སྐྱེས་ཀྱང་རང་རྒྱུད་དུ་མི་གཏོང་བར་ཆོས་ཉིད་ཀྱི་ངང་དུ་རོ་སྙོམས་པར་བྱའོ༔ ཡང་ཕོ་བ་གཅིག་པོའི་སྟེང་ན་འབྱུང་བའི་དྭངས་མ་ཚང་བས་དེ་རྣམས་འཁྲུགས་པས་ཀྱང་ནད་འཇུག་སྟེ༔ དེ་ལ་ནད་སེལ་བའི་དམིགས་པ་ནི༔ ལྟེ་བའི་ཙཀྲའི་དབུས་སུ་པདྨ་ཌཱཀྐི་ཡབ་ཡུམ་མེའི་རྣམ་པར་རེག་བྱ་ཚ་བ་གཉིས་སྙོམས་འཇུག་བྱས་པས་སྦྱོར་མཚམས་ནས་འབྱུང་བའི་དྭངས་མ་མེའི་རྣམ་པར་བྱུང་བས་ལྟེ་བའི་རྩ་འདབ་ཐམས་ཅད་གང་ནས་འབར་ཞིང་ཚ་བར་བསྒོམ༔ དེས་ཕོ་བའི་མེ་དྲོད་སྐྱེད་པས་ནད་གང་གིས་ཀྱང་མི་ཚུགས་སོ༔ ཚད་པའི་ནད་ལ་སྤྱི་བོར་རྡོ་རྗེ་ཌཱཀྐི་ཡབ་ཡུམ་བསྒོམ༔ འདུས་(༣༤)པའི་ནད་ལ་སྙིང་ཁར་བུདྡྷ་ཌཱཀྐི་ཡབ་ཡུམ་བསྒོམ༔ གྲང་བའི་ནད་ལ་ལྟེ་བར་པདྨ་ཌཱཀྐི་ཡབ་ཡུམ་བསྒོམ༔ རླུང་ལ་གསང་བར་ཀརྨ་ཌཱཀྐི་ཡབ་ཡུམ་བསྒོམ༔ དེ་ཡང་ནད་ཐམས་ཅད་ལ་སྔོན་དུ་སྟོང་ར་དང་ཁྲོལ་མའི་དམིགས་པ་བསྒོམ༔ དེ་ནས་ནད་གང་ལ་ཡང་དེའི་གཉེན་པོའི་ཡབ་ཡུམ་གྱི་བདུད་རྩི་དབབ༔ རླུང་བཟུང་ལུས་སྦྱང་བྱ་དེས་སེལ་ལོ༔ རྨ་ལ་སོགས་པ་ཁོལ་བུའི་ནད་ལ་ཡང་ནད་ཚ་གྲང་དང་སྦྱར་ནས་དེའི་དམིགས་པ་གཏད་པས་དེར་དྭངས་མ་འདུས་ནས་འབྱུང་བ་སྙོམས་ནས་ནད་འཚོ་བ་ཡིན་ནོ༔ དེས་ནད་ཀུན་ལ་དམིགས་པའི་འགྲེས་ཤེས་པར་བྱའོ༔ དེ་ལྟར་བྱས་ན་ལུས་ལ་བར་ཆད་མེད་པས་མྱུར་དུ་རིག་པ་ལ་དབང་ཐོབ་ནས་སངས་རྒྱའོ༔ འདི་ལྟར་གནད་ཀྱི་གདམས་པའི་སྐོར༔ ཞལ་གདམས་ཐུགས་ཀྱི་ཉིང་ཁུ་འདི༔ གཡའ་རི་གོང་དུ་ཡི་གེར་བཏབ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཌཱཀྐིའི་ཞལ་གདམས་གསང་བའི་དུམ་བུ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ གནད་འདི་མ་རྟོགས་དགེ་བ་བཅུ༔ སྤྱད་ཀྱང་འཁོར་བ་ནས་མི་གྲོལ༔ དེ་སྔ་མཚམས་མེད་ལྔ་སྤྱད་ཀྱང༔ འདི་འཕྲད་ངན་སོང་ལྟུང་མི་སྲིད༔ འདི་དང་བཏགས་གྲོལ་གཉིས་སྦྲེལ་ན༔ ལྷག་མེད་ཀུན་བཟང་ཉིད་དུ་འགྱུར༔ འདི་མེད་གང་ཟག་གཞན་སྤྱོད་པ༔ བསྐལ་པར་ཉན་བསམས་བསྒོམས་བསྒྲུབས་ཀྱང༔ སངས་རྒྱས་ས་ལ་རེ་བ་མེད༔ ཅི་ཕྱིར་མངོན་སུམ་གནད་མ་རྟོགས༔ སྡེ་གསུམ་རིམ་དགུའི་ཆོས་རྣམས་ཀྱིས༔ འདི་ཉིད་དོན་ལ་རྡུལ་ཙམ་རེ་བ་མེད༔ འདི་ནི་ཀུན་ལས་ཁྱད་པར་འཕགས༔ གཞི་ལ་ཤེས་རབ་ཡེ་ནས་གནས༔ ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ༔ མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད༔ ཅིའི་ཕྱིར་གནད་འདི་ཁྱད་པར་འཕགས༔ འདི་ལ་སྤྱོད་པའི་སྐལ་ལྡན་དང༔ ཀུན་བཟང་ཡབ་ཡུམ་དབྱེ་བ་མེད༔ འདི་དང་ཚིག་གིས་འབྲེལ་བ་ཡང༔ སྐྱེ་བ་གསུམ་དུ་མི་ཐོགས་གྲོལ༔ སྒྲ་ཙམ་རྣ་བར་ཐོས་པ་ཡང༔ ཐ་མལ་སྐྱེ་བ་འདིས་ཆོད་འགྱུར༔ མངོན་སུམ་གནད་འདི་མཐོང་ཙམ་ཡང༔ ཆོས་ཉིད་བར་(༣༥)དོར་སངས་རྒྱས་འཐོབ༔ ཅི་ཕྱིར་ངོ་བོ་གཅེར་མཐོང་ཡིན་༔ ཐེག་པ་གཞན་གྱིས་ལོ་སྟོང་དུ༔ བསྒོམས་ཀྱང་འདི་ཉིད་མཐོང་བ་མིན༔ འདིས་ནི་སྐད་ཅིག་ཉིད་ལ་མཐོང༔ ལོ་སྟོང་སྡིག་པ་སྤྱད་པས་ཀྱང༔ འདི་ཉིད་ཉམས་སུ་བླངས་པ་ན༔ ལྷག་མེད་ཉིད་དུ་སངས་རྒྱའོ༔ འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད༔ ཀུན་ལ་མ་བསྟན་རང་ཉིད་ཉམས་སུ་ལོངས༔ ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན༔ ཚེ་ཡི་རྐྱེན་དུ་འགྲོ་བར་འགྱུར༔ རང་ཉིད་ཉམས་སུ་ལོན་པའི་ཐ་མར་ཡང༔ ཌཱཀྐི་ཉིད་ལ་གཏོད་ལ་གཏེར་དུ་སྦོས༔ ལས་ཅན་ཉིད་ཀྱི་དོན་དུ་སྨོན་ལམ་ཐོབ༔ འདི་ཉིད་ལྟ་བའི་དུས་ཀྱང་ཚོགས་གཏོར་བྱ༔ འདི་ཡི་རླུང་གི་ཕྱོགས་ཀྱི་སེམས་ཅན་ལ༔ ཌཱཀྐིས་བྱིན་རློབ་ཐ་མ་བདེ་བ་ཐོབ༔ འདི་རིག་ཨོ་རྒྱན་ང་དང་མཉམ༔ ཨོ་རྒྱན་བདག་གིས་དབང་བསྐུར་བྱིན་བརླབས་པའི༔ སྦས་པའི་རྣལ་འབྱོར་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་སྐུ་མཆོག་རོང་བན་ཚུལ་ཁྲིམས་རྡོ་རྗེས༔ དང་ལུང་ལྡང་ལྷ་ཁྲ་མོ་བྲག་ནས་གཏེར་ནས་གདན་དྲངས་པ་ལགས་སོ༔

གནད་ཀྱི་གདམས་པ་ལྔ་པ།

༄༅༔ གནད་ཀྱི་གདམས་པ་ལྔ་པ་བཞུགས་སོ༔

༄༅༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ ཌཱཀྐི་གནད་ཀྱི་གདམས་ངག་འདི༔ ཞལ་གྱི་གདམས་པ་བསྟན་པར་བྱ༔ དེ་ལ་སྤྱི་དོན་རྣམ་ལྔ་སྟེ༔ ཕྱི་དང་ནང་དང་གསང་བ་དང༔ ཡང་གསང་བླ་ན་མེད་པ་ལྔ༔ དེ་ལའང་ཀློང་གསལ་རྒྱུད་དག་ལས༔ ཕྱི་ནང་གསང་བ་ལ་སོགས་པ༔ དར་གུད་འཕོ་འགྱུར་འབྱུང་བའི་ལས༔ ཞེས་པས༔ དང་པོ་ཕྱི་འབྱུང་བ་ལྔ་ནི༔ ས་ཆུ་མེ་རླུང་ནམ་མཁའ་དང་ལྔའོ༔ འདི་རྣམས་འབྱུང་བའི་རྒྱུ་ཇི་ལྟར་ཡིན་ན༔ ཐོག་མ་ནི༔ ཡེ་མེད་སྟོང་པའི་ནམ་མཁའ་དང༔ ཡེ་ཤེས་དབྱེར་མེད་དུ་གནས་ཏེ༔ ཡེ་གདོད་མ་ནས་ཤེས་རབ་ཀྱི་ཆར་གནས་པས་ཡེ་ཤེས་ཞེས་བྱ༔ ཡེ་མེད་སྟོང་པའི་ནམ་མཁའ་ལ༔ ཡེ་ཤེས་ཀྱི་རང་མདངས་འོད་ལྔ་གསལ་ལམ་མེ་ལྷུན་གྲུབ་ཏུ་གནས་ཏེ༔ དེ་དག་ལ་དགེ་སྡིག་འཁོར་འདས་གང་དུ་ཡང་མ་གྲུབ་པས་ཀ་དག་ཅེས་བྱའོ༔ ཡེ་ནས་གནས་པས་ལྷུན་གྲུབ་ཅེས་བྱའོ༔ དེ་གོང་དུ་ཡེ་ཤེས་ལ་འཁོར་(༣༦)འདས་གང་དུ་ཡང་མ་གྲུབ་པ་མེད་དོ༔ ཡེ་ནས་དེ་ལྟར་དུ་མེད་ན༔ ད་བསྒྲུབས་པས་འབྲས་བུ་ཡེ་ཤེས་ཡོང་དོན་མེད་དོ༔ ཆུ་ལ་མེ་བསྒྲུབས་ཀྱང་མི་ཡོང༔ དེས་ན་ཡེ་གདོད་མ་ནས་ཡེ་ཤེས་སུ་ཡོད་པ་བར་དུ་འཁྲུལ་ཡང༔ ཐ་མར་འཁྲུལ་པ་སངས་ནས་སངས་རྒྱས་པའི་གནད་དེ་ཡིན༔ དེ་ལ་ཕྱི་འབྱུང་བ་ལྔ་ཡོང་བའི་རྒྱུ་མཚན་ནི༔ དང་པོ་ཡེ་མེད་སྟོང་པ་ལ་ཡེ་ཤེས་ཀྱི་རྩལ་ཤར་བས་འོད་ལྔ་བྱུང༔ དེ་ལ་མ་འགགས་པའི་རིག་པ་ཡོད་པས་འོད་ལྔ་ལ་འཛིན་པ་བྱུང༔ དངོས་འཛིན་དེ་ལ་རླུང་ཞེས་བྱ༔ དོན་ལ་རིག་པའི་རྩལ་ཡིན༔ དེ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་མདངས་དམར་པོ༔ དེ་ལ་དངོས་འཛིན་དུ་འཁྲུལ་པས་མེ་དམར་པོ་བྱུང༔ དེ་ལ་རླུང་རིག་པའི་རྩལ་གྱི་དྲོད་བྱུང༔ ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་འོད་སེར་པོར་གསལ༔ དེ་ལ་འཛིན་པ་སྐྱེས་པས་ས་བྱུང༔ ཡང་མེ་ལོང་ལྟ་བུའི་ཡེ་ཤེས་འོད་དཀར་པོ་ཤར་བ་དེ་ལ་དེར་འཛིན་སྐྱེས་པས་ཆུ་དཀར་པོ་བྱུང༔ བྱ་བ་གྲུབ་པའི་ཡེ་ཤེས་འོད་ལྗང་གུར་གསལ་བ་དེ་ལ་དེར་འཛིན་སྐྱེས་པས་རླུང་བྱུང༔ འབྱུང་བ་ནམ་མཁའ་ནི་ཡེ་གདོད་མ་ནས་ཡེ་ཤེས་དང་མཉམ་དུ་གནས་ཏེ་ཐ་མ་ཡང་འཕོ་འགྱུར་མེད་དོ༔ ཡེ་ཤེས་ཀྱི་རང་མདངས་འོད་ལྔ་ལ་དེར་འཛིན་སྐྱེས་པས་ས་ཆུ་མེ་རླུང་བཞི་བྱུང༔ དེ་ལ་རིག་པ་མ་འགགས་པའི་རྩལ་དེས་ཁྱབ་པས༔ རླུང་ཞེས་བྱ་བ་འབྱུང་བ་བཞི་ལ་རླུང་གིས་ཁྱབ་པས་ཐེག་པའི་ཤུགས་བྱུང༔ མེ་ལ་རླུང་གིས་ཁྱབ་པས་འབར་བ་དང༔ ཚ་བ་བྱུང་ཆུ་ལ་རླུང་གིས་ཁྱབ་པས་འགྲོ་བའི་ཤུགས་དང༔ བསིལ་བ་དང༔ གཤེར་བ་བྱུང༔ ས་ལ་རླུང་གིས་ཁྱབ་པས་སྲ་བ་དང་ཐེག་པ་བྱུང༔ དོན་ལ་ཡེ་ཤེས་ལྔ་ལ་འཛིན་པ་སྐྱེས་པས་འབྱུང་བ་དངོས་སུ་གྲུབ༔ དེ་ལ་ཐོག་མར་རིག་པའི་རྩལ་གྱིས་བསྐྱོད་པས་འབྱུང་བ་ལྔ་ལས་རྩལ་བྱུང་བའོ༔ དེ་རྣམས་འཛོམ་པས་སྣོད་ཀྱི་འཇིག་རྟེན་བྱུང༔ ཆགས་ལུགས་ནི་ཡེ་སྟོང་པ་ལ་འཛིན་པ་སྐྱེས་པས་རླུང་གི་ད་ལ་ཆགས༔ དེའི་སྟེང་དུ་ཆུ་ཆགས༔ དེའི་སྟེང་དུ་ས་ཆགས༔ མེ་ནི་རླུང་གི་རྩལ་ཡིན་ཏེ་གསུམ་ག་ལ་ཁྱབ་པོ༔ དེ་ནི་ཕྱི་འབྱུང་བ་ཆགས་ལུགས་སོ༔

༈ ད་ནང་བཅུད་(༣༧)ཀྱི་སེམས་ཅན་ཆགས་ལུགས་ནི༔ དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཡེ་ཤེས་ཀྱི་རང་རྩལ་དྲོད་བག་ཙམ་ཞིག་བྱུང་སྟེ་དེ་ཆུ་ལ་ཕོག་པས་རླངས་པ་ཐོན་ཁུང་གི་དུ་བ་ཙམ་ཞིག་བྱུང༔ རླངས་པ་དེ་ས་ལ་ཕོག་པས་ཆན་ལ་ཕབས་བཏབ་པ་བཞིན་དྲོད་ཐམས་ཅད་ལ་ཁྱབ༔ དེ་འབྱུང་བ་བཞིའི་དྭངས་མ་ལས་ཡེ་ཤེས་ཀྱི་རང་འོད་དང་འདྲེས་པ་ལས་འོད་ཕུང་ཕུབ་ཙམ་པ་གསུམ་བྱུང༔ འོད་གཅིག་ལས་ནི་སྣང་ལ་རང་བཞིན་མེད་པའི་ལྷ་བྱུང༔ དེ་ལས་འོད་ཟེར་གྱི་ཚུལ་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང༔ དེ་ལས་རིག་རྩལ་དེ་གཡོས་པའི་འཛིན་ཆགས་ལས་གཟུགས་ཁམས་གནས་རིགས་བཅུ་བདུན་བྱུང༔ དེ་ལྟར་གཡོས་པའི་འཛིན་ཆགས་འཐས་པ་ལས་འདོད་ཁམས་ཉི་ཤུ་བྱུང༔ དེ་ལྟར་ཡེ་ཤེས་ཀྱི་སྣང་བ་ལས་གནས་ཀྱང་མ་རིག་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད་པ་བྱུང༔ མ་རིགས་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་སོ༔ དེ་ལྟར་ནང་བཅུད་ཀྱི་སེམས་ཅན་ཆགས༔ དེ་འབྱུང་བའི་དྭངས་མ་ལས་བྱུང་བས་ནང་བཅུད་ཀྱི་སེམས་ཅན་ཞེས་ཟེར་རོ༔ འོད་གཉིས་པོ་ལས་ནི་ཉི་མ་དང་ཟླ་བ་བྱུང་སྟེ༔ དེ་ཡང་ཐོག་མར་འབྱུང་བ་ལྔའི་བཅུད་ལས་བྱུང་བས་ཏེ༔ ནམ་མཁའི་མདངས་ལས་བྱུང་བས་ནམ་མཁའ་ལ་འདུག་པའོ༔ ཡེ་ཤེས་ཀྱི་རྩལ་ཡོད་པས་ཀུན་ལ་གསལ་ནུས༔ རླུང་གི་དྭངས་མ་ལས་བྱུང་བས་འགྲོ་ནུས་པའོ༔ མེའི་དྭངས་མ་ལས་བྱུང་བས་དྲོད་ཡོད་པ༔ དེ་ཡང་ཉི་མ་ལ་མེའི་དྭངས་མ་གཙོ་ཆེ་བས་དྲོ༔ ཟླ་བ་ལ་ཆུའི་དྭངས་མ་གཙོ་ཆེ་བས་བསིལ་བའོ༔ དེ་གཉིས་ཀྱི་རྩལ་ལས་གཟའ་སྐར་དུ་མ་འོད་ཟེར་གྱི་ཚུལ་དུ་སྣང་བའོ༔ འབྱུང་བ་ནི་གཅིག་གིས་གཅིག་བསྐྱེད༔ གཅིག་གིས་གཅིག་གྲོགས་བྱེད་པའོ༔ དེ་ཡང་འབྱུང་བ་གཅིག་གིས་གཅིག་བསྐྱེད་ནས་གྲོགས་བྱས་པའི་དུས་ན༔ འབྱུང་བ་རྒྱས་པས་སོས་ཉི་མ་རིང་ཞིང་དྲོ༔ འབྱུང་བའི་དྭངས་མ་མཉམ་དུ་གནས་པའི་དུས་ན་ནམ་དང་ཉི་མ་མཉམ་པའོ༔ ཡང་འབྱུང་བ་མཉམ་དུ་མི་གནས་ཏེ་གཅིག་བག་ཙམ་སྟོབས་ཆེ་བའི་མཐུས་ནམ་ཐུང༔ འབྱུང་བ་རྣམས་རིམ་གྱིས་གཅིག་དགྲ་(༣༨)གཅིག་གིས་བྱས་པས་ནི་འབྱུང་བ་རྣམས་རྒུད་པས་དགུན་ཉི་མ་ཐུང་དྲོད་ཆུང་བའོ༔ དུས་གཅིག་ལ་འབྱུང་བ་ཤག་གིས་བྲལ་བས་ཉི་མ་ཤི་བ་ཡིན་ནོ༔ ཡང་རླུང་གིས་བསྡུས་ནས་སྔར་བཞིན་ནོ༔ ཟླ་བ་དང་སྐར་མའི་འཕོ་འགྱུར་ཡང་དེ་དང་འདྲའོ༔ དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས་དྲོད་བྱུང་བས་ཆུ་ལ་ཕོག༔ ཆུ་ལས་རླངས་པ་བྱུང་ས་ལ་ཕོག་སྟེ་ཁྱབ༔ རླུང་གི་རྩལ་གྱིས་དྲོད་རང་ཤུགས་སུ་བྱུང༔ དཔེར་ན་ཤིང་གཉིས་དྲག་པོར་བསྲུབས་པས་མེ་བྱུང་བ་དང་འདྲ་བར་དྲོད་ཀྱིས་ཁྱབ་པའོ༔ ས་ལ་དྲོད་ཀྱིས་ཁྱབ་པའི་རླངས་པ་མཁའ་ལ་སོང་བས་ན་བུན་བྱུང༔ ཁོག་མའི་ཁ་ཆོད་ལ་ཟིལ་པ་ཕྲུམ་གྱིས་བྱུང་བ་ལྟ་བུར་ན་བུན་གསེབ་ནས་ཆར་བྱུང༔ དེ་ལྟར་འབྱུང་བ་གཅིག་གིས་གཅིག་བསྐྱེད༔ གཅིག་གྲོགས་གཅིག་གིས་བྱས་པས་འབྱུང་བ་རྣམས་རྒྱས་པ་ལས་རྩི་ཤིང་ནགས་ཚལ་ཐམས་ཅད་ལ༔ མྱུ་གུ་ལོ་མ་མེ་ཏོག་འབྲས་བུ་རྣམས་རིམ་གྱིས་འབྱུང༔ སྟོན་འབྱུང་བ་རྣམས་རྩལ་སྙོམས་པའི་དུས་ན་འབྲས་བུ་ཐམས་ཅད་སྨིན༔ ཡང་འབྱུང་བ་རྣམས་ཀྱི་བྱེད་ལས་མཐོ་དམན་བག་ཙམ་གཅིག་ལ་གཅིག་གིས་དགྲ་བྱས་ཏེ་མར་ལ་རིམ་གྱིས་ཐིམ་པས༔ རྩི་ཤིང་ནགས་ཚལ་དང༔ འབྲས་བུ་སྐམ་ཐང་ལ་བྲུལ༔ སེམས་ཅན་ཐམས་ཅད་ཀྱང་མདོག་ངན་ཤིན་ཏུ་རྗུད༔ དཔྱིད་ཀྱི་དུས་སུ་ཐམས་ཅད་བཅུད་ཆུང་བ་དང༔ རྗུད་པ་དང༔ འབྱུང་བའི་དྭངས་མ་གཅིག་གིས་གཅིག་བསད་པའོ༔ ཡང་དེ་ནས་འབྱུང་བ་འཁྲུགས་ཏེ་གཅིག་གིས་གཅིག་བསྐྱེད་ནས་གོང་བཞིན་ནོ༔ དེས་ནང་བཅུད་ཀྱི་སེམས་ཅན་ཆགས་ལུགས་བསྟན་པའོ༔

༈ ད་གསང་བ་ནི༔ ཕྱི་འབྱུང་བ་ལྔའི་དྭངས་མ་རྩི་ཤིང་དང༔ མེ་ཏོག་འབྲས་བུས་གསོས་ཤིང་བསྐྱེད་པའི་ལུས་འདི་ལ་ཕྱི་ལྟར༔ ཤ་ཁྲག་དྲོད་དབུགས་སེམས་དང་ལྔ༔ དྭངས་མའི་དྭངས་མ་རྒྱུའི་ཐིག་ལེ་ལྔས༔ འཁོར་འདས་བདེ་སྡུག་ཐམས་ཅད་བསྐྱེད་དོ༔ དེ་ཡང་གདོད་མ་ནས་ཡེ་ཤེས་རང་ལ་ཡོད་དེ་ངོ་མ་ཤེས་པས་ཡེ་ཤེས་ཀྱི་རང་རྩལ་ལ་དགག་སྒྲུབ་ཀྱི་འཛིན་ཆ་འདིས་འཁོར་འདས་སུ་ཕྱེ༔ མ་རིག་པས་མའི་མངལ་དུ་ཞུགས་ཏེ་ཕ་མའི་རྒྱུའི་ཐིག་ལེ་དང༔ རང་རིག་ཡེ་ཤེས་གཉིས་འདྲེས་(༣༩)པས་ལུས་གྲུབ༔ དེ་ཡང་འབྱུང་བ་གཅིག་གི་གྲོགས་གཅིག་གིས་བྱས་ནས་ལུས་སྐྱེ་སྟེ༔ རང་གིས་ཟས་ཟོས་མྱངས་བྱས་པས་མེས་ཞུ༔ རླུང་གིས་དྭངས་སྙིགས་ཕྱེ་ཆུས་བསྡུས་སས་སྲ་བར་བྱས་ཏེ་ལུས་སྟོབས་བསྐྱེད༔ དྭངས་མ་དེས་ལུས་ཀྱི་རྩ་ཐམས་ཅད་ཁྱབ་པར་བྱས༔ དེ་ཡང་འབྱུང་བ་ལྔའི་རྩལ་གྱིས་གཅིག་གྲོགས་གཅིག་གིས་བྱས་ནས་དྭངས་མ་འཕེལ་བས་སྐྱེས་ནས་ཕོ་མོ་སུམ་ཅུའི་བར་དུ་རྩལ་མཉམ་པས་དྭངས་མ་ཟོ་ལ་སྡོད་པའོ༔ རྩལ་རགས་ཤིང་རིག་པ་གསལ་བས་མཛེས་ཤིང་སྣུམ་པ་དང་ལས་ཅི་བྱས་ཀྱང་འགྲུབ་པའོ༔ སུམ་ཅུ་ནས་བཞི་བཅུའི་བར་དུ་དྭངས་མ་ཟོ་ལ་སྡོད་པའོ༔ དེ་ནས་འབྱུང་བ་གཅིག་ལ་གཅིག་གིས་དགྲ་བྱས་ཏེ་མར་བསྡུས་པས་དྭངས་མ་རྣམས་སྐམ་སྟེ་དབང་པོ་ཐམས་ཅད་ཉམས་ནས་རྒས་ཤིང་གུད་པའོ༔ འབྱུང་བ་རྣམས་འཁྲུགས་ཏེ་བྱེ་བས་ཚེའི་དུས་བྱེད་དོ༔ དེས་ན་གཞོན་པའི་དུས་སུ་ཉམས་ལེན་བྱ་བ་གཅེས་སོ༔ དེ་ནི་གསང་བ་དུས་ཀྱི་འདུག་ཚུལ་ལོ༔

༈ ཡང་གསང་ཉམས་སུ་བླང་བ་ནི༔ འཁོར་འདས་བདེ་སྡུག་རྟེན་འབྲེལ་ཐམས་ཅད་རྒྱུའི་ཐིག་ལེས་བྱེད་པ་ཡིན་པས༔ རྒྱུའི་ཐིག་ལེ་དེ་ནི་འབྱུང་བ་ལྔའི་དྭངས་མའི་དྭངས་མ་ཡིན་ཏེ༔ ཡེ་ཤེས་ཀྱི་ཐིག་ལེ་གནས་པའི་རྟེན་ཡིན་པས་མ་ཉམས་ཤིང་འཕེལ་བ་གལ་ཆེ༔ དེ་ཡང་འཕེལ་བ་ལ༔ རང་བཞིན་གྱིས་འཕེལ་བ་དང་རྐྱེན་གྱིས་འཕེལ་བ་གཉིས་ཡིན༔ འདི་རྣམས་ཀྱི་དུས་སུ་གནད་དང་ལྡན་དགོས༔ མི་ལྡན་ན་རྐྱེན་ཕྱི་ནང་གི་བར་ཆད་འབྱུང་ངོ་༔ དང་པོ་རང་བཞིན་གྱིས་འཕེལ་བ་ནི༔ འབྱུང་བ་བཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ་ཚེས་གཅིག་ནས་རིམ་གྱིས་འཕེལ་ཏེ་གསང་གནས་སུ་ཁམས་རྒྱས་ཡོང་བས༔ དེའི་དུས་སུ་གསང་གནས་བདེ་སྐྱོང་གི་ཙཀྲའི་དབུས་སུ་རྩ་མདུད་ཀྱི་ནང་ན་འབྱུང་བཞིའི་དྭངས་མ་ལས་གྲུབ་པའི༔ ༼ལས་ཀྱི་༽ཌཱཀྐི་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ་མཛེས་ཤིང་ཡིད་དུ་འོང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཅིག་ཡབ་ཡུམ་སྦྱོར་བ་བྱས་ནས་སྦྱོར་མཚམས་ནས་འབྱུང་བཞིའི་དྭངས་མ་ཁ་དོག་ལྔ་ལྡན་མ་འདྲེས་(༤༠)ཤིང་སོ་སོར་གསལ་བ༔ རྒྱུན་མ་ཆད་པར་བྱུང་བ་ལས་གསང་བའི་རྩ་མདུད་གང་ནས་རྩ་འདབ་ཐམས་ཅད་ཁྱབ་པས་ཌཱཀྐི་ཡབ་ཡུམ་དཔག་ཏུ་མེད་པ་སྦྱོར་བ་མཛད་པས་གོང་ལྟར་བྱང་སེམས་ཀྱིས་ལུས་ཐམས་ཅད་གང་སྟེ་བདེ་བ་མི་བཟོད་པར་བསམ་མོ༔ དཔའ་བོ་ཡབ་ཡུམ་ཏིལ་གྱི་གོང་བུ་ཁ་བྱེ་བ་ཙམ་ཐམས་ཅད་བདེ་བས་མི་བཟོད་པར་འདུག་པར་བསམ༔ དེ་རྣམས་ཀྱི་བྱང་སེམས་ཀྱིས་རང་གི་བ་སྤུའི་བུ་ག་ཐམས་ཅད་གང་བར་བསམ༔ དེ་ལྟར་བྱས་ན་འབྱུང་བ་མི་འཁྲུགས་པས་ནད་མི་འབྱུང༔ དྭངས་མ་རྒྱས་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ༔ བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྫོགས༔ ཟོ་མདོག་བཟང༔ ཡིད་དུ་འོང༔ རྒས་ཁ་སྲ༔ དཔའ་བོ་ཌཱཀྐིས་བྱིན་གྱིས་རློབ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང་ངོ་༔ དེ་ལྟར་བསྒོམ་མོ༔ ཡང་དེ་ནས་དྭངས་མ་ཡར་འཕེལ་ཏེ་ཚེས་བཞི་ལ་ལྟེ་བར་ཁམས་རྒྱས་ཏེ་ལྟེ་བའི་རྩ་མདུད་དུ་པད་མ་ཌཱཀྐི་ཡབ་ཡུམ་བསྒོམ༔ ཚེས་བརྒྱད་ལ་སྙིང་ཁར་སངས་རྒྱས་ཌཱཀྐི་ཡབ་ཡུམ་བསྒོམ༔ ཚེས་བཅུ་གཉིས་ལ་མགྲིན་པར་རིན་ཆེན་ཌཱཀྐི་ཡབ་ཡུམ་བསྒོམ༔ ཉའི་ཉིན་པར་སྤྱི་གཙུག་ཏུ་ཁམས་རྒྱས༔ སྤྱི་བོའི་རྩ་མདུད་དུ་རྡོ་རྗེ་ཌཱཀྐི་ཡབ་ཡུམ་བསྒོམ༔ དམིགས་པ་གོང་དང་འདྲ༔ ཁམས་སྤྱི་གཙུག་ཏུ་རྒྱས་པས་ཚོགས་ཅི་བསགས་འཕེལ་ཏེ་ཁམས་རྒྱས་པས་གཏར་བསྲེག་མི་བྱའོ༔ ཉམས་ལ་འཕེལ་འགྲིབ་འོང༔ བྱང་སེམས་སྤང་དུ་མི་རུང་སྐྱེ་མཆེད་དབང་པོ་རྒྱས་པས་སྤྱི་གཙུག་ཏུ་སྐྲ་མཐེབ་གང་བ་ཅིག་བཞར་ལ༔ ཏིལ་མར༔ གླ་རྩི༔ ཙན་དན་བསྲེས་ལ་བསྐུ་མཉེ་བྱ༔ དེས་ལུས་ཀྱི་འབྱུང་བ་མི་འཁྲུགས་ཏེ་ནད་མི་འབྱུང་ངོ་༔ དེ་ལྟར་མ་བྱས་ན་སྤྱི་བོར་འབྱུང་བའི་དྭངས་མ་རྒྱས་པ་དང་འཁྲུགས་ནས་དེ་རྣམས་མ་སྙོམས་པ་དང་ནད་འབྱུང་ངོ་༔ དེ་ནས་ཡང་དྭངས་མ་མར་ལ་འཕེལ་ཏེ༔ ཚེས་བཅུ་དགུ་ལ་མགྲིན་པར་དྭངས་མ་རྒྱས༔ ཉེར་གཉིས་ལ་སྙིང་གར་རྒྱས༔ ཉེར་ལྔ་ལ་ལྟེ་བར་རྒྱས༔ ཉེར་བརྒྱད་ལ་གསང་གནས་སུ་རྒྱས༔ གནམ་གང་ལ་རྐང་མཐིལ་དུ་རྒྱས་འོང་(༤༡)བས་དེ་དུས་གོང་དང་འདྲའོ༔ འབྲུ་མར་སྣ་ཚོགས་དང༔ སྦྲང་རྩི་དང༔ ཛཱ་ཏི༔ དེ་རྣམས་ཀྱི་ལྡེ་གུ་བྱས་ལ་རྐང་མཐིལ་ལ་བྱུགས་ཏེ༔ ཉི་མ་ལ་བསྲོ༔ དེས་འབྱུང་བ་མི་འཁྲུགས་པས་ནད་མི་འབྱུང༔ ཁམས་རྒྱས་པས་དགེ་སྦྱོར་འཕེལ༔ དྭངས་མ་འཕེལ་བས་བདེ་སྟོང་གི་ཉམས་སྐྱེ་ཞིང་ཕྱག་རྒྱ་མ་བརྟེན་དུ་རུང་ངོ་༔ དེས་ནི་དྭངས་མ་རང་བཞིན་གྱིས་འཕེལ་བ་ལ་རྐྱེན་དམིགས་པའི་ཁ་ཚར་གདབ་བོ༔

༈ གཉིས་པ་རྐྱེན་ཕྱག་རྒྱ་མཚན་དང་ལྡན་པ་ལ་བརྟེན་ཏེ༔ དྭངས་མ་འཕེལ་བ་བསྟན་པ་ལ་གཉིས་ཏེ༔ རླུང་ལ་སྦྱར་ཏེ་བརྟན་པ་ཐོབ་ནས་བསླབ་པ་དང༔ ཆགས་ལམ་དངོས་ལ་བསླབ་པའོ༔ འདིར་ཆགས་ལམ་དངོས་ལ་བསླབ་སྟེ༔ དང་པོ་ཕྱག་རྒྱ་མ་མཚན་ལྡན་མ་དང་ལྷན་ཅིག་གནས་ཏེ༔ ཕྱག་རྒྱ་མཚན་ལྡན་ལྷར་བསྐྱེད་པ་དང༔ མཁའ་གསང་བྱིན་གྱིས་བརླབས་པས་ཏེ༔ སྦྱོར་བ་བྱེད་པའི་ཚེ་འདོད་ཆགས་སྐྱེ་བས་རྟོག་པ་སྐྱེ་སྟེ་ཡེ་ཤེས་ཀྱི་རྩལ་ཡིན་ནོ༔ དེ་མ་གོ་ན་འཛིན་པ་ཡིན༔ དེ་ཡེ་ཤེས་སུ་སྦྱོང་བ་ནི་འདོད་ཆགས་ཉིད་ལ་བསླབས་པས་འདོད་ཆགས་ཀྱིས་འདོད་ཆགས་འདག་པའོ༔ དེ་ལ་དང་པོ་ཕྱག་རྒྱ་མ་དང་ཆགས་པ་སྤྱད་པར་བྱ་སྙམ་པ་དང༔ རླན་བྱུང་བའི་ཚེ་ཆུའི་རླུང་གཡོ་བ་ཡིན་ཏེ༔ ཆུ་མཱ་མ་ཀཱིའི་ངོ་བོ་ཡིན༔ དེ་ནས་ཕྱག་རྒྱ་མའི་རྩ་བཙལ་བར་བྱ་ཞིང་བསླང་བར་བྱ་སྟེ༔ ཞག་འགའ་ཞིག་ཕྱག་རྒྱ་མ་ལ་ཆང་དང་སྦྲང་རྩི་སྦྱར་ལ་བསྐུ་མཉེ་བྱ༔ དེ་ནས་ཕྱིང་པ་སྦོམ་ཕྲ་རང་གི་རྡོ་རྗེ་དང་མཉམ་པ་རིང་ཐུང་སོར་དྲུག་པ་གཅིག་བྱས་ལ༔ ནང་སྟོང་པ་རྩེ་མོ་ཕྲ་བ་གཅིག་ལ་བལ་གྱི་ནང་ཚང་གཞུག་དེའི་ཕྱི་མ་ལ་མར་དང་ཚི་ལུ་བྱུག་གོ༔ དེ་མོའི་བཤང་ལམ་ན་ཡར་གཞུག་གོ༔ མཁལ་ཁུང་གཉིས་སུ་དྲུ་བུ་ཁུ་ཚུར་ཙམ་རེ་བཅུག་ལ་དེར་དར་ཐག་ལེབ་མོས་ག་ལེར་བསྡམ༔ རྒྱབ་ནས་སྒ་གཏད་དོ༔ དེ་ལྟར་བྱས་པས་མཁལ་ཁུང་གཉིས་བཤང་སྒོ་ནང་དུ་འགྲོའོ༔ དེ་གཉིས་ནང་དུ་སོང་བ་དང༔ གསང་གནས་གཡས་གཡོན་གཉིས་སུ་ནུ་མ་འདྲ་བའི་འབུར་བ་གཉིས་ཡོང༔ དེ་ནས་རྩའི་རྩེ་མོ་རིབ་རིབ་པ་ཡོང༔ རྩེ་མོ་དེ་སྦོམ་ན༔ ཁུག་ཆོས་རྩ་བ༔ ར་དཀར་མོའི་(༤༢)འོ་མ༔ སྦྲང་རྩི་རྣམས་བསྲེས་ནས་བྱུགས་ན་རྩ་བཟང་ན་སོར་དྲུག་ཡོང༔ རྩ་དེའི་རྩེ་མོ་ཁབ་ལྟ་བུ་རྣོ་བ་ཅིག་ཡོང༔ དེ་རང་གི་རྡོ་རྗེའི་བུ་གར་བཅུག་ནས་པདྨའི་ནང་རྡོ་རྗེ་བཅུག་ལ་བཏང་ངོ་༔ ཕྱིང་པ་དེ་ཡང་རྡོ་རྗེ་བརྫང་པ་དང་ཕྱིར་འཐེན་ནོ༔ དེ་ནས་བསྐྱོད་པས་དྲོ་ཞིང་དགའ་བ་བྱུང་སྟེ༔ དྲོད་ནི་མེ་ཡིན་ཏེ་གོས་དཀར་མོ༔ ཡེ་ཤེས་ནི་མཆོག་དགའི་ཡེ་ཤེས༔ བ་ག་སྲ་བ་ལ་བརྟེན་ཏེ་བདེ་བ་སྐྱེ་བས་སྲ་བ་ས་ཡིན་ཏེ་སངས་རྒྱས་སྤྱན་མ༔ གཡོ་བ་ལུས་ཀྱི་འཁྲུལ་འཁོར་གྱིས་བདེ་བ་སྐྱེ་སྟེ༔ གཡོ་བ་རླུང་ཡིན་ཏེ་དམ་ཚིག་སྒྲོལ་མའོ༔ དེ་ནས་བསྐྱོད་ཅིང་བདེ་བ་སྐྱེས་པས་འཁོར་ལོ་ལྔའི་རྩ་མདུད་དུ་གོང་གི་དམིགས་པ་ཚོ་གཏང༔ ཡང་བདེ་བ་བསྐུལ་ཞིང་གོང་ལྟར་བྱ༔ དེ་ལྟར་བྱས་པས་སྤྱི་བོའི་དྭངས་མ་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས༔ དེ་ནས་སྙིང་ཁར་མཆོག་དགའི་ཡེ་ཤེས༔ དེ་ནས་ལྟེ་བར་དགའ་བྲལ༔ གསང་གནས་སུ་ལྷན་ཅིག་སྐྱེས་དགའི་དགའ་བའོ༔ རྩའི་ནང་ན་དྭངས་མ་རྣམས་གཡོས་ཤིང་གཅིག་གྲོགས་གཅིག་གིས་བྱས་ཏེ་དགའ་བ་དཔག་ཏུ་མེད་པ་འབྱུང༔ ཐིག་ལེ་ལྟེ་བར་སླེབ་པ་དང༔ བདེ་བ་གཉིས་མཉམ་གྱི་དུས་ཡིན་ཏེ་དེ་ནས་ཟློག་དགོས༔ བསྒུལ་སྐྱོད་བཤོལ་ལ༔ ངག་ཏུ་ཧག་ཅེས་པ་དང་གསུས་པ་སྒལ་པ་ལ་ཆེར་གྱིས་གཏད༔ མིག་གྱེན་ལ་ཟློག༔ འོག་རླུང་གྱེན་ལ་འཐེན༔ སྟེང་རླུང་མནན༔ ལྕེ་རྐན་ཕུགས་སུ་གཏད༔ རྐང་པའི་མཐེ་བོང་ནང་དུ་བསྐུམ༔ ལག་པའི་སྲིན་ལག་གིས་མཐེ་བོང་བཙིར༔ གུང་མཛུབ་གཉིས་དྲག་ཏུ་གཤིབས༔ རིག་པ་སྤྱི་བོར་གཏད༔ མི་དམིགས་པ་ལ་བློ་བཞག༔ དེས་མི་ཟིན་མི་སྲིད་དོ༔ དེ་ནས་ཡང་བདེ་བ་བསྐུལ་དེས་ཀྱང་མ་ཟིན་ན་རང་གི་སྒྲོ་བའི་རྩ་ནས་སོར་བཞི་བཅལ༔ གཡས་པའི་མིང་མེད་ཀྱིས་རྩ་མནན་ན་གསང་གནས་སུ་རྫོགས་ཀྱང་མི་འཆོར་རོ༔ དེ་ལྟར་ཟིན་པའི་དྭངས་མ་དེ་ཡར་ཟློག་ཅིང་རྩ་མིག་ཏུ་དགྲམ་པ་ནི༔ གཞན་རྣམས་ཡིག་འབྲུ་ལ་སོགས་པ་དམིགས་པའི་རྐྱེན་གྱིས་ཟློག་པར་འདོད་དེ༔ དེ་ལྟར་མ་ཡིན༔ རླུང་སེམས་དྭངས་མ་གནད་གཅིག་པས་དེ་ལྟར་བྱས་ན་དྭངས་མ་འཁྲིལ་(༤༣)ཏེ་ནད་དུ་འགྲོ༔ དྭངས་མ་ཟིན་པའི་དུས་སུ་བློ་འདས་སུ་གློད་ནས་བཞག་པས༔ འདྲོངས་པ་དང་འཁྲེམ་པ་དུས་མཉམ་དུ་འབྱུང་ངོ་༔ ཤིན་ཏུ་ཟབ་བོ༔ སྤྱིར་ཐིག་ལེ་ལ་རྣམ་པ་བཅུ་དྲུག་ཡོད་དེ༔ ཐིག་ལེ་མ་བཟུང་བར་བཏང་ཡང་གསང་གནས་ནས་ཡར་ལྡོག་པ་བརྒྱད་ཡོད༔ དེ་ནི་སྲོག་འཛིན་ལུས་ཟུངས་བསྐྱེད་པའི་དྭངས་མ་ཞེས་བྱ་སྟེ༔ དེ་ཕྱིར་མི་འབོ་བར་རང་གནས་སུ་ལྡོག༔ འཆི་བའི་དུས་སུ་དེ་རྣམས་གནས་འཕོས་ཏེ་འཆི་བའོ༔ བཟུང་ཡང་མི་ཟིན༔ ཟློག་ཀྱང་མི་ལྡོག་པའི་ཐིག་ལེ་སྙིགས་མའི་སྙིགས་མ་གཉིས་ཡོད༔ འདོད་ཆགས་སྤྱད་པའི་དུས་སུ་རླན་འབྱུང་བ་དེ་ཡིན༔ བའི་ཁ་ཆུ་ལྟ་བུ་ཅིག་ཡོད༔ དེ་ལ་ཕན་གནོད་གང་ཡང་མེད་དོ༔ བཟུང་ན་ཟིན་པའི་ཐིག་ལེ་དྲུག་ཡོད༔ དེ་ལ་དྭངས་སྙིགས་གཉིས་ཡོད༔ དངོས་སུ་འབྱུང་བའི་དཀར་པོ་དེ་ཡིན་ཏེ་འདིའི་གསེབ་ན་དྭངས་མ་དཀར་ལ་སྔོ་བ་ཉུང་འབྲུ་ཙམ་པ་མིག་གི་འབྲས་བུ་འདྲ་བ་དྲུག་ཡོད༔ འདི་སྤྲུལ་སྐུ་འབྱུང་བའི་ས་བོན་ཡིན་ཏེ༔ མའི་ཐིག་ལེ་རྒྱ་སྐགས་ཀྱི་མེ་ཏོག་འདྲ་བ་ཆུང་ཞིང་སྣུམ་པ་དང་འཕྲད་ཅིང་འདྲེས་པས་བྱིས་པ་འབྱུང༔ དྭངས་མའི་སྙིགས་མ་དཀར་པོ་དེ་ནི༔ བ་ག་ནས་ཕྱིར་འབོའོ༔ རྣལ་འབྱོར་པ་རྣམས་ཀྱིས་དྭངས་མ་ཡོ་བཟུང་དགོས་པ་ཡང༔ དྭངས་མའི་དྭངས་མ་ཉུང་འབྲུ་ཙམ་པ་དྲུག་པོ་དེ་མ་ཟིན་པས་ཡོ་བཟུང་དགོས་བྱུང་བའོ༔ ཡོན་ཏན་ཐམས་ཅད་ནི་དྭངས་མ་དྲུག་པོ་དེ་ལས་བྱུང་བའོ༔ དྭངས་མའི་སྙིགས་མ་དཀར་པོ་དེས་ནི་ལུས་ཀྱི་ཤ་བསྐྱེད་པ་ཙམ་ཡིན་ནོ༔ ཕྱག་རྒྱ་མ་ལ་སྦྱོར་བའི་རྐྱེན་གྱིས་འཁོར་ལོ་ལྔའི་རྩ་གྲངས་ཅན་དང་གྲངས་མེད་ཀྱི་ནང་ཐམས་ཅད་ནས་འབྱུང་བ་བཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ་གཡོ་བས་བདེ་བ་འབྱུང་བ་ཡིན་ནོ༔ འབྱུང་བཞིའི་དྭངས་མ་དེ་ལ་རིག་པ་ཡེ་ཤེས་ཀྱི་རླུང་གི་རྩལ་དེས་ཁྱབ་ཅིང་རླུང་གིས་གཡོས་ཏེ༔ འབྱུང་བ་གཅིག་གི་གྲོགས་གཅིག་གིས་བྱས་པས་ཀླད་པ་དུང་ཁང་ནས་འཁོར་ལོ་ལ་རིམ་པ་བཞིན་དུ་ཐིག་ལེ་གཡོས་ཏེ་གསང་གནས་སུ་སླེབ་ཙ་ན་བདེ་བ་ཡལ་འགྲོ་སྟེ་འབྱུང་བ་སྙོམས་པ་ཡིན༔ དེའི་དུས་སུ་ཐིག་ལེ་(༤༤)བཟུང་ཟློག་གི་དམིགས་པ་མཚན་མ་ཅན་བསྒོམས་ན༔ གར་བསྒོམས་པའི་སར་ཐིག་ལེ་གཟུགས་སུ་འཁྲིལ་ཏེ༔ འབྱུང་བ་བཞིའི་དྭངས་མ་ཆ་མ་སྙོམས་པས་ནད་དུ་འབྱུང་ངོ་༔ དེས་ན་ཐིག་ལེ་ཀླད་པ་དུང་ཁང་ནས་གཡོས་ནས་གསང་གནས་མ་བསླེབས་ཀྱི་བར་དུ༔ གོང་གི་འཁོར་ལོ་ལྔའི་དམིགས་པ་རྣམས་བྱས་པས་འབྱུང་བའི་སྟོབས་སྙོམས་ཏེ༔ དྭངས་མ་འཕེལ་བ་དང་ནད་མི་འབྱུང་བ་ཡིན༔ གསང་གནས་སུ་བསླེབས་པ་དང་བློ་འདས་ཀྱི་ངང་ལ་བཞག་པས་ཐིག་ལེ་རང་གནས་སུ་འགྲོ༔ སྙིགས་མ་རྒྱ་ལས་འདྲོངས་ཀྱང་དྭངས་མ་དྲུག་པོ་ཅི་ནས་ཀྱང་རང་གནས་སུ་འགྲོ༔ དཔེར་ན༔ དོན་གཉེར་རྙེད་ནས་རང་ཁྱིམ་དུ་ལྡོག་པ་དང་འདྲའོ༔ གོང་གི་རྩ་བཙལ་བ་དེས་ནི་བདེ་བ་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ༔ ཐིག་ལེ་དྲངས་པ་དང་དྭངས་མ་ལམ་འབྲས་དང་མཐུན་ནོ༔ གལ་ཏེ་ཕྱག་རྒྱ་མའི་རྩ་ཐུང་ངམ་སྦོམ་ན་ཕྱག་རྒྱའི་རྟིང་པ་རང་གི་ཕྲག་པ་ནས་ཡར་བཏང་སྟེ༔ སྤྱད་ན་སྔར་བས་བདེ་བ་ཆེའོ༔ དེ་ལྟར་བདེ་བ་ཆེ་ལ་ཡོན་ཏན་ཅི་ཡོད་ན༔ བདེ་བ་དེས་ནི་དྭངས་མ་འཕེལ་ཏེ་བདེ་བ་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ༔ བརྟན་ཞིང་དག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ༔ དེ་སྐྱེས་པས་བསམ་གཏན་གྱི་དགའ་བའི་ཡེ་ཤེས་སྐྱེ་སྟེ༔ དྭངས་མས་འཁོར་ལོ་བཞིའི་རྩ་མདུད་རྣམས་རིམ་པ་བཞིན་དུ་གང་སྟེ༔ ཐུན་མོང་གི་ཡོན་ཏན་མཐའ་དག་འགྲུབ༔ གྲུབ་ཆེན་བརྒྱད་ལ་སོགས་པ་འགྲུབ༔ མཆོག་གི་ཡོན་ཏན་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ཞིང་འགྲོ་དྲུག་སོ་སོའི་གནས་སུ་ཆོས་སྟོན་ནུས༔ སངས་རྒྱས་ཀྱི་ཡོན་ཏན་རྫོགས༔ དབུ་ལ་གཙུག་ཏོར་འབྱིན༔ ཡེ་ཤེས་ལ་བརྟན་པ་ཐོབ༔ ཟག་བཅས་མི་སྣང་བར་སངས་རྒྱས་སོ༔ ཚིག་འཁྲུལ་པ་བག་རེ་འདུག་ན་ཤེས་རབ་དང་ལྡན་པས་བརྟག་པར་བྱའོ༔ དེས་ནི་ཆགས་ལམ་ལ་བསླབ་སྟེ་རང་གི་དྭངས་མ་སྤེལ་བ་དང༔ སྲུང་བ་བསྟན་པའོ༔ རླུང་ལ་བསླབ་སྟེ་རྡོ་རྗེ་ཆུ་འཐུང་གིས༔ ཕྱག་རྒྱའི་དྭངས་མ་དྲང་བ་འདིར་མ་བསྟན་ནོ༔ དེས་ཡང་གསང་(༤༥)ལྟར་ཉམས་སུ་བླངས་པ་བསྟན་པའོ༔

༈ ད་བླ་མེད་ལྟར་ཉམས་སུ་བླང་བ་བསྟན་པ་ནི༔ འབྱུང་བཞིའི་དྭངས་མ་ལས་གྲུབ་པའི་ལུས་འདི་ལ་ནད་འོང་བ་ནི་ལུས་ཀྱི་ཟུངས་རྒྱུའི་ཐིག་ལེ་འདི་ལ་འབྱུང་བཞིའི་དྭངས་མ་འདྲེས་ལ་སོ་སོར་གནས་པས་འདི་རྣམས་ལ་རླུང་གིས་ཀུན་ཏུ་ཁྱབ་པས་ནད་འབྱུང་བའི་རྐྱེན་དྲུག་གིས་བྱེད་པ་བསྟན་ཏེ༔ རྐྱེན་འདོད་ཆགས་ཀྱིས་བསླངས་ན་ནད་ཚད་པ་འཇུག་སྟེ༔ ཚད་པ་སྐྱེས་ཙ་ན་མེ་རླུང་མཐུ་རྒྱས་པས་འབྱུང་བ་མ་སྙོམས་ཏེ་ནད་འཇུག༔ ཡང་ཞེ་སྡང་དྲག་པོ་དང་སེམས་མི་བདེ་བས་རྒྱུ་བྱས་ནས་རླུང་སྐྱེས་ཏེ༔ དེས་རླུང་མཐུ་རྒྱས་ནས་འབྱུང་བ་མ་སྙོམས་ཏེ་ནད་འཇུག༔ ཡང་གཏི་མུག་གིས་རྒྱུ་བྱས་ནས་གྲང་བ་དང༔ བད་ཀན་སྐྱེ་སྟེ་ཆུའི་མཐུ་རྒྱས་པས་འབྱུང་བ་ཆ་མ་སྙོམས་ཏེ་ནད་འཇུག༔ ཆ་མ་སྙོམས་པ་གང་ཤས་ཆེ་བ་དང་ན་ཚ་འོང་ངོ་༔ འབྱུང་བ་གསུམ་ཆ་སྙོམས་གཅིག་དམའ་ན་ཡང་ནད་དུ་འགྲོ༔ གཉིས་མཐོ་གཉིས་དམའ་ན་ཡང་ནད་དུ་འགྲོ༔ མཐོ་དམན་མེད་ཅིང་ཆ་སྙོམས་པ་གཅིག་ལ་ནད་མི་འབྱུང༔ མི་ལ་འབྱུང་བ་ཤས་ཆེ་ཆུང་རེ་མེད་པ་མེད༔ རྐྱེན་ཉིན་མོའི་གཉིད་ཀྱིས་ནད་ཕལ་ཆེར་འཇུག་པས་རླུང་ཤས་ཆེ་བའི་མིས་ཉིན་མོ་གཉིད་ལོག་ན་རླུང་གི་ནད་འཇུག་སྟེ་རླུང་ལ་ཡང་ཚ་གྲང་གཉིས་དང་འདུས་པའི་ནད་ཡོད་དོ༔ ས་ཤས་ཆེ་བའི་མིས་ཉིན་མོ་གཉིད་ལོག་ན་བད་ཀན་འཇུག་སྟེ་བད་ཀན་གཅིག་པུ་ལ་ཡང་ཚ་གྲང་འདུས་པའི་ནད་ཡོད་དོ༔ ཆུ་ཤས་ཆེ་བའི་མིས་ཉིན་མོ་གཉིད་ལོག་ན་གྲང་བའི་ནད་འཇུག་སྟེ་གྲང་བ་ལ་ཡང་ཚ་གྲང་གསུམ་འདུས་ཀྱི་ནད་ཡོད་དོ༔ མེ་ཤས་ཆེ་བའི་མིས་ཉིན་མོ་གཉིད་ལོག་ན་ཚད་པ་འཇུག་སྟེ༔ ཚད་པ་ལ་ཡང་ཚ་གྲང་གསུམ་འདུས་ཀྱི་ནད་ཡོད་དོ༔ དེ་ལྟར་ཉིན་མོ་གཉིད་ན་འབྱུང་བཞིའི་དྭངས་མ་གང་ཤས་ཆེ་བ་དེའི་མཐུ་རྒྱས་ཏེ་འབྱུང་བ་ཆ་མ་སྙོམས་པས་གཅིག་གི་དགྲར་གཅིག་སོང་སྟེ་འབྱུང་བ་འཁྲུགས་པས་འབྱུང་བཞི་དེ་ཉིད་ཀྱི་ནད་དུ་འགྲོའོ༔ དེས་ན་ཉིན་མོའི་གཉིད་སྤང་བར་བྱའོ༔ མི་མཐུན་པའི་ཁ་ཟས་དང༔ སྤྱོད་ལམ་གྱིས་ཀྱང༔ འབྱུང་བ་འཁྲུགས་ཏེ་ནད་འཇུག་པས་སྤང་ངོ་༔ ཧྲིལ་གྱིས་(༤༦)དྲིལ་ན་ཉོན་མོངས་པའི་བསམ་པ་རང་རྒྱུད་དུ་འཛིན་པས་འབྱུང་བ་བཞིའི་དྭངས་མ་འཁྲུགས་ཏེ་ནད་འབྱུང་བ་ཡིན་པས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱང་རང་རྒྱུད་དུ་མི་གཏང་བར་ཆོས་ཉིད་ཀྱི་ངང་དུ་རོ་མཉམ་པར་བྱའོ༔ ཡང་ཕོ་བ་ཁ་ཅིག་པོའི་སྟེང་དུ་འབྱུང་བཞིའི་དྭངས་མ་ཚང་བས་ཏེ༔ དེ་རྣམས་འཁྲུགས་པས་དྭངས་མ་སྐམ་སྟེ་ནད་ཐམས་ཅད་འབྱུང་བས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་པད་མ་ཌཱཀྐི་ཡབ་ཡུམ་མེའི་རྣམ་པར་གསལ་བ་རེག་བྱ་ཚ་བ་མར་མེ་འབྲིང་པོ་ཙམ་དེ་རྣམས་སྙོམས་འཇུག་བྱས་པས་སྦྱོར་མཚམས་ནས་འབྱུང་བ་བཞིའི་དྭངས་མ་མེའི་རྣམ་པ་བྱུང་བས་ལྟེ་བའི་རྩ་འདབ་ཐམས་ཅད་གང་བར་བསྒོམས་པས་འབྱུང་བ་བཞིའི་དྭངས་མ་ཐམས་ཅད་ཀྱི་རླུང་གིས་ཕོ་བའི་མེ་དྲོད་སྐྱེད་པས་ནད་གང་གིས་ཀྱང་མི་ཚུགས་སོ༔ ཚད་པའི་ནད་ལ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་རྩ་མདུད་ཀྱི་ནང་དུ་རྡོ་རྗེ་ཌཱཀྐི་ཡབ་ཡུམ་ཆུའི་རྣམ་པ་ལྟ་བུར་དཀར་ལ་བསིལ་བ་སྦྱོར་བ་བྱས་པས་སྦྱོར་མཚམས་ནས་འབྱུང་བ་བཞིའི་དྭངས་མ་ཆུའི་རྣམ་པ་ལྟ་བུ་བབས་པས་རྩ་འདབ་ཐམས་ཅད་ཀྱི་ནང་ན་མར་སོང་བས་ཁོང་པའི་ནང་ཐམས་ཅད་གྲང་ལྟེམ་གྱིས་སོང་བར་བསམ་སྟེ་ཚད་པའི་ནད་ཐམས་ཅད་རྩ་ནང་ན་མར་སོང་བས་ཕྱིར་སངས་ཀྱིས་ཐོན་པར་བསམ༔ དེ་ནས་ལྟེ་བའི་འོག་ཏུ་རྩ་འདབ་ཐམས་ཅད་ཆུ་སྐྱེས་ཀྱི་མེ་ཏོག་པདྨ་དཀར་པོ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་སྟེང་དུ་ཟླ་བའི་གདན་ལ་གོང་གི་ཡབ་ཡུམ་གྲངས་དང་མཉམ་པ་དབུས་ཀྱི་གཙོ་མོ་དང་མཐུན་པར་བསྐྱེད་ལ་སྦྱོར་མཚམས་ནས་དྭངས་མ་རེག་བྱ་བསིལ་བ་དང་ལྡན་པས་ལྟེ་བ་མན་ཆད་གང་བར་བསྒོམ༔ ཚད་པའི་ནད་ཐམས་ཅད་ལ་དེ་ལྟ་བུ་བྱས་ན་མྱུར་དུ་སོས་སོ༔ ཅིས་ཏེ་ན་དེར་དམིགས་པ་རྩེ་གཅིག་ཏུ་གཏད་པས་དྭངས་མ་བསིལ་དུ་འདུས་པས༔ མེ་རླུང་གི་རྩལ་དེས་འཇོམས་པ་ཡིན་ནོ༔ འདུས་པའི་ནད་ལ་ཡང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཀྱི་དབུས་སུ་སངས་རྒྱས་ཌཱཀྐི་ཡབ་ཡུམ་བསྐྱེད༔ རྩ་འདབ་ཐམས་ཅད་ལ་ཡང་དེ་དང་འདྲ་བའི་ཡབ་ཡུམ་བསྐྱེད༔ ལུས་ཀྱི་རྩ་ཐམས་ཅད་ལ་ཡང་དེ་ལྟར་(༤༧)བསྐྱེད༔ དེ་རྣམས་ཐམས་ཅད་ཀྱིས་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས་དྭངས་མ་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ལུས་ཞོ་རྐྱལ་བཞིན་གང་བར་བསམ༔ སྟེང་འོག་གི་རླུང་བག་ཙམ་བཟུང༔ སྔོན་དུ་སྟོང་ར་དང་ཁྲོལ་མའི་ནད་འདོན་གྱི་དམིགས་པ་ཞག་གསུམ་བསྒོམ༔ དེས་འདུས་པའི་ནད་སེལ་ལོ༔ གྲང་ནད་ལའང་ལྟེ་བའི་རྩ་འདབ་པདྨ་དམར་པོ་བསམ༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཟེར་དང་ལྡན་པ་རེ་བསམ༔ དེའི་སྟེང་དུ་པདྨ་ཌཱཀྐི་ཡབ་ཡུམ་མེའི་རང་བཞིན་དམར་པོའི་སྦྱོར་མཚམས་ནས་དྭངས་མ་མེའི་རང་བཞིན་རེག་བྱ་ཚ་བ་མཐུར་དུ་བབ་པས༔ གཡོན་དུ་མེ་ལྕེ་འཁོར་བས་ལྟེ་བ་མན་ཆད་གང་བར་བསྒོམ༔ རླུང་གནད་དཀྲུགས་འཁོར་བྱ༔ དེས་གྲང་བའི་ནད་ཐམས་ཅད་སེལ་ལོ༔ རླུང་གསང་རྣམས་སུ་ཀརྨ་ཌཱཀྐི་ཡབ་ཡུམ་སྐུ་མདོག་ལྗང་ནག་གི་སྦྱོར་མཚམས་སུ༔ དྭངས་མ་ནག་ལ་རྩུབ་པའི་ཐིག་ལེའི་ནང་དུ་སེམས་ཚུད་པར་བསྒོམས༔ དེས་རླུང་ནད་སེལ་ལོ༔ འབྱུང་བ་འཁྲུགས་ཏེ་དྭངས་མ་སྐམ་ནས་ནད་འཇུག་པས༔ རྨ་ལ་སོགས་གར་ན་བའི་སར་གོང་གི་དམིགས་པ་ཚར་གྲངས་དང་སྦྱར་ནས་གཏད་པས་དྭངས་མ་འདུས་ཤིང་འབྱུང་བ་སྙོམས་ནས་ནད་ཟུག་འཚོ་བ་ཡིན་ནོ༔ དེས་ནད་ཀུན་ལ་དམིགས་པ་འགྲེལ་ཏེ་ཤེས་པར་བྱའོ༔ དེ་ལྟར་བྱས་ན་ལུས་ལ་བར་ཆད་མེད་པར་མྱུར་དུ་རིག་པ་མངོན་སུམ་ལ་བརྟན་པ་ཐོབ་པའོ༔ དེ་ལྟར་གནད་ཀྱི་ཡན་ལག་ལྔ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་བདག་གིས་སྦྱར༔ ཀུན་ལ་མ་སྤེལ་རང་གིས་ཉམས་སུ་ལོངས༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཌཱཀྐིའི་རྒྱའོ༔ དགེའོ༔

ཌཱཀྐིའི་ལམ་འབྲས་ཀྱི་སྐོར།

༄༅༔ ཌཱཀྐིའི་ལམ་འབྲས་ཀྱི་སྐོར་བཞུགས་སོ༔

༄༅༔ འ།ཏ།ན།གཐྟ༔ ཕྱག་རྒྱའི་མཚན་ཉིད་བརྟག་པའོ༔ དབང་ཆེན་ཡབ་ཡུམ་གཉིས་སུ་མེད་ལ་འདུད༔ ལས་ལྡན་གསང་སྔགས་རྣལ་འབྱོར་པས༔ ཟུང་འཇུག་བདེ་བ་ཆེན་པོ་ཡིས༔ ཚེ་གཅིག་བྱང་ཆུབ་བསྒྲུབ་འདོད་པས༔ དབང་ཆེན་ཡབ་ཡུམ་ཞལ་སྦྱོར་འདི༔ ཤིན་ཏུ་ཟབ་པས་ཉམས་སུ་བླང༔ རྒྱ་རྒྱ་རྒྱ༔

དེ་ཉིད་ཉམས་སུ་བླང་བ་ལ༔ ཀློང་གསལ་ལས༔ མཚན་དང་ལྡན་པའི་རིག་མ་དགོས༔ མཚན་ངན་འཕྲད་ན་དམྱལ་(༤༨)བར་ལྟུང༔ དེ་ཕྱིར་བརྟག་པའི་ཐབས་བསྟན་ནོ༔ ཞེས་པས༔ བརྟེན་བྱ་དང་སྤང་བྱ་གཉིས་ལས༔ དང་པོ་བརྟེན་བྱའི་རིག་མ་ནི༔ དུང་ཅན་མ་ཞེས་བྱ་བའི་རིགས༔ ཤ་དཀར་བྱང་སེམས་སྙིང་རྗེ་ཆེ༔ ངོ་བཞིན་སྤྱོད་ལམ་ཤིན་ཏུ་དལ༔ ལུས་རྒྱས་སྐད་ནི་ཕྲ་ལ་སྙན༔ ཕྱི་ལྟས་ཐེག་ཆེན་ཆོས་ལ་མོས༔ གསང་རྟགས་གསང་ཚིག་མི་སྨྲ་ཞིང༔ ནང་རྟགས་རྩ་སྣ་དུང་བཞིན་ཡོད༔ སྒྲུབ་པ་པོ་ལ་གུས་པའོ༔

གླང་སྣ་མ་ཡི་རིགས་དག་ནི༔ སྤྱོད་ལམ་དལ་ཞིང་ལྷུན་སྡུག་ཆགས༔ གསུས་ཁྱིམ་ཆེ་ལ་ཉ་སུལ་རགས༔ མིག་འཛུམ་ཆེ་ཞིང་གདོང་མིག་ལྟ༔ སེམས་བཟང་སྨྲས་པའི་ཟླ་བོ་བརྟན༔ བློ་བརྟན་ཅི་བྱེད་སོས་དལ་བ༔ ནང་རྟགས་རྩ་སྣ་ཤིན་ཏུ་རིང༔ གསང་རྟགས་སྦྱོར་བ་དག་ལ་མཁས༔ ངང་རྒྱུད་རིང་ཞིང་དུལ་བའོ༔

རི་དྭགས་ཅན་གྱི་རིགས་བསྟན་པ༔ སྟོད་སྨད་ཕྱེད་དང་སྤྱོད་ལམ་མཛེས༔ སྐྲ་ལི་ཡན་ལག་ཟླུམ་འདྲིལ་མགྱོགས༔ ནང་གི་རྟགས་སུ་རྩ་སྣ་ནི༔ བྱ་རོག་མཆུ་བཞིན་ཡོད་པ་ཡིན༔ གསང་རྟགས་བ་ག་རུབ་པ་དང༔ སྒྲུབ་པ་པོ་ལ་གུས་པའོ༔

པདྨ་ཅན་གྱི་མཚན་ཉིད་ནི༔ ཧ་ཅང་རིང་མིན་ཐུང་བའང་མིན༔ སྐྲ་བཟང་སྨིན་ཕྲག་གཉེར་མ་གསུམ༔ གྱེན་ལ་འགྲེང་ཞིང་འཛུམ་མདངས་ཆེ༔ དེ་བཞིན་ནུ་ཕྲག་གསང་གནས་སུ༔ གཉེར་ཆུང་གསུམ་ནི་གྱེན་ལ་འགྲེང༔ ཤེས་རབ་ཆེ་ཞིང་སྙིང་རྗེར་ལྡན༔ དྲི་ཞིམ་གོམ་པ་གཡོན་ནས་འདོར༔ ནང་རྟགས་བ་ག་རུབ་ཅིང་ཞོ་འཐུང་འདྲ༔ གསང་རྟགས་ཡིད་འོང་བདེ་བ་རྒྱས༔ དེ་ཉིད་པདྨ་ཅན་ཞེས་བྱ༔

ཡོངས་སུ་ཕྱི་ཡི་མཚན་ཉིད་ནི༔ དབྱིབས་དང་ཁ་དོག་སྐད་དང་དྲི༔ སྤྱོད་ལམ་རིག་པའི་སྒོ་དང་ནི༔ བསགས་རྒྱབ་ཆེ་ཆུང་དབང་པོ་བརྟག༔ དང་པོ་དབྱིབས་ལ་བརྟག་པ་ནི༔ མཆུ་ཞེང་འཛུམ་ཞིང་ཟླུམ་པ་དང༔ པདྨ་ལྟ་བུར་མདངས་དང་ལྡན༔ ཕྲ་དང་སྦོམ་པའི་སྐྱོན་མེད་ཅིང༔ མཉེན་ལྕུག་འཁྲིལ་ལྡེམ་མཛེས་པ་དང༔ ལྷུན་སྡུག་གཟི་བརྗིད་འོད་དུ་འཕྲོ༔ སོ་ཚགས་དམ་ཞིང་བག་ཙམ་ཐུང༔ སྨིན་ཕྲག་ཡངས་ཤིང་སྨིན་མ་འཁྱུག༔ འཛུམ་མདངས་ཆེ་ཞིང་ལྟ་བ་མཛེས༔ སྟོད་སྨད་སྐེད་སྐབས་མགུལ་བ་ལེགས༔ གང་ནས་བལྟས་ཀྱང་སྐྱོན་དང་བྲལ༔ དེ་ནི་དབྱིབས་ལ་བརྟགས་(༤༩)པའོ༔

གཉིས་པ་ཁ་དོག་བརྟག་པ་ནི༔ སྣུམ་ཞིང་དཀར་སོགས་མདངས་དང་ལྡན༔ མིག་རྩ་དམར་ལ་དཀར་ནག་ཕྱེད༔ མིག་དཀྱུས་རིང་ཞིང་དཔྲལ་འཛུམ་ཕྱེད༔ སོ་མདངས་དཀར་ལ་མཆུ་སྙན་དམར༔ མ་མཆུ་བག་ཙམ་རིང་བ་དང༔ ལག་མཐིལ་སེན་མོ་དམར་བ་དང༔ ཟངས་སེན་ལྕགས་ཀྱི་ཁ་བརྒྱན་ཅན༔ མདུན་རྒྱབ་གང་ནས་བལྟས་ཀྱང་མཛེས༔ གང་ལྟར་འདུག་ཀྱང་མདངས་དང་ལྡན༔ སྐྱོན་བྲལ་ཡོན་ཏན་རྫོགས་པའི་མི༔ དེ་ཉིད་ཡེ་ཤེས་མཁའ་འགྲོའི་རིགས༔ མཐོང་བ་ཙམ་གྱིས་ཡེ་ཤེས་འཕེལ༔ དེ་ནི་ཁ་དོག་བརྟགས་པའོ༔

གསུམ་པ་སྐད་ལ་བརྟག་པ་ནི༔ དྲི་མདངས་ཕྱེད་ཅིང་སྙན་པ་དང༔ གོག་དང་འཛེར་བའི་སྐྱོན་མེད་པ༔ ངང་པ་ཀ་ལ་པིང་ཀའི་དབྱངས༔ རི་དྭགས་སྐད་བཞིན་གསངས་པ་ལ༔ དལ་ཁུག་སྙན་ཅིང་ངར་དང་ལྡན༔ སྨྲ་བརྗོད་ཚིག་སྒོ་གསལ་བ་དང༔ གོ་ཞིང་ཕྱི་ནང་ཐམས་ཅད་དུ༔ འཛུམ་ཆེ་བདེན་ཞིང་གསོང་བོར་སྨྲ༔ དེ་ནི་སྐད་ལ་བརྟགས་པའོ༔

བཞི་པ་དྲི་ལ་བརྟག་པ་ནི༔ ཙན་དན་ག་བུར་གླ་རྩིའི་དྲི༔ ངག་དང་ལུས་ལས་བྲོ་བ་དང༔ ཁ་ནས་དྲི་ངན་མི་བྲོ་ཞིང༔ མཆན་འོག་བསེ་དྲི་མེད་པ་དང༔ གསང་གནས་ཤ་རུལ་དྲི་མ་མེད༔ ཡོངས་སུ་དྲི་ཞིམ་ལྡན་པའོ༔ དྲི་ངན་བདེ་བ་བཟློག་པས་ངན༔ དྲི་བཟང་བདེ་བ་སྐྱེད་ཕྱིར་བཟང༔ དེ་ནི་དྲི་ལ་བརྟགས་པའོ༔

ལྔ་པ་སྤྱོད་ལམ་བརྟག་པ་ནི༔ ཅི་བྱེད་སོས་དལ་ངང་ནས་བྱེད༔ རྒྱབ་ནས་བལྟས་ན་དགྱེ་བ་འདྲ༔ མདུན་ནས་བལྟས་ན་སྒུ་བར་མངོན༔ ཟུར་ནས་བལྟས་ན་ཤིན་ཏུ་དྲང༔ གཙང་སྦྲ་དཀོན་མཆོག་རྟེན་ལ་མོས༔ བླ་མ་ལ་སོགས་མི་ཆེན་ལ༔ དད་འདུན་སྤྱོད་ལམ་མཛེས་པ་ཤེས༔ ཡེ་ཤེས་མཁའ་འགྲོའི་རིགས་ཡིན་པས༔ རེག་པ་ཙམ་གྱིས་བདེ་བ་སྐྱེ༔ དེ་ནི་སྤྱོད་ལམ་བརྟགས་པའོ༔

དྲུག་པ་རིག་པ་སྒོ་ཡི་བརྟག་པ་ནི༔ རིག་པ་གསལ་ལ་རྣམ་ཤེས་གྲུངས༔ ཡིད་གཞུངས་དྲན་བཟུང་ཤེས་རབ་ཆེ༔ ཕྱིན་ཅི་ལོག་ལ་མི་འཇུག་པ༔ སེམས་ཉིད་ཞི་དུལ་བྱམས་པ་ཆེ༔ ཁྱད་པར་ཨ་ཏིའི་ཆོས་ལ་མོས༔ དེ་ནི་རིག་པ་སྒོ་ཡི་རྟགས༔ བསགས་རྒྱ་ཆེ་ཆུང་དབང་ཐང་ནི༔ ཚོགས་བསགས་རིགས་བཟང་ཆོས་པའི་བུ༔ ཡ་རབས་སྤྱོད་(༥༠)པ་ཀུན་དང་ལྡན༔ ཟས་ནོར་འཕེལ་ཞིང་ཐམས་ཅད་བྱམས༔

གཞན་ཡང་སྔགས་སྐྱེས་མ་ཞེས་པ༔ ཕ་མ་གསང་སྔགས་གྲུབ་ཐོབ་བུ༔ ཤ་དཀར་ལུས་སྨད་རྒྱས་པ་ལ༔ སྣ་རྒྱུད་ལེགས་ཤིང་ནུ་མ་འབུར༔ ནུ་ཕྲག་དོག་ལ་དམ་ཚིག་གཙང༔ བདེ་བ་སྙིང་ལ་འབར་བར་ནུས༔

ཞིང་སྐྱེས་མ་ཞེས་བྱ་བ་ནི༔ ཞིང་སྐྱོང་མཁའ་འགྲོ་མི་ལུས་བླངས༔ རྟགས་ནི་གཟུགས་ལེགས་ཁ་དོག་གཙང༔ དཔྲལ་མདངས་ཆེ་ལ་མིག་དཀྱུས་རིང༔ ངག་སྙན་གད་རྒྱངས་ཧ་ཧ་སྒྲོགས༔ མི་སྣང་བསྒྱུར་ནུས་ཟིལ་ཡང་ཆེ༔

ལས་སྐྱེས་མ་ཞེས་ཐ་མལ་གྱི༔ བུ་མོ་ལེགས་པའི་རྟགས་ཚང་བ༔ མཐོང་བ་ཙམ་གྱིས་ཡེ་ཤེས་སྐྱེ༔ སྦྱོར་བ་བྱས་ན་ཟག་མེད་སྐྱེ༔ ཏིང་འཛིན་རྒྱུད་ལ་འཕེལ་བ་འབྱུང༔ གཟུགས་ལེགས་སྤྱོད་ལམ་མཛེས་པ་ལ༔ སྐྱེས་པ་མཐོང་ན་གདོང་མིག་ལྟ༔ སྟོད་སྨད་ཤ་རྒྱས་སྐེད་པ་ཕྲ༔ ཡན་ལག་ཤ་ཁེངས་གཙང་སྦྲ་ཆེ༔ ཡིད་འཛུམ་ཆེ་ཞིང་བདེ་བ་ཆེ༔ གསང་ཐུབ་ཁ་ཉུང་བརྩེ་གདུང་ཆེ༔ བརྟན་ཞིང་བློ་གསལ་རིག་པ་རྣོ༔ ཀུན་མཐུན་ཤེས་པ་དང་ཀ་འདྲེན༔ ཡེ་ཤེས་མཁའ་འགྲོའི་རིགས་ཡིན་པས༔ དེ་འཕྲད་ནོར་ཟས་འགྲོ་བ་འདུ༔ ཏིང་འཛིན་ཉམས་རྟོགས་རྒྱུད་ལ་སྐྱེ༔ ཡོན་ཏན་ནོར་བུ་རིན་ཆེན་འདྲའོ༔

ཐམཉྱཐ།ཅ།།༔ མཚན་ངན་མ་དག་རིགས་བསྟན་པ༔ སྐྲ་རྩུབ་ནག་ལ་བོང་ཆུང་ཐུང༔ མིག་སེར་ཆེ་ལ་ཕྲ་མ་མཁས༔ ཆོས་ལ་མི་དད་སྡིག་ལ་དགའ༔ མཛའ་གྲོགས་ངན་ལ་གདུང་བ་ཆེ༔ གོ་བ་ཤེས་ཆུང་ཕྱིན་ལོག་མཁས༔ དྲིན་བཞག་ཁ་ལན་རྔམས་ལ་སྨྲ༔ བདེན་པ་ཁྱད་གསོད་ཁ་རྦད་ཆེ༔ ལེགས་ཉེས་ངོ་དགར་སྙོམས་པ་དང༔ བཟང་ལན་ངན་གྱིས་བླན་པ་རྣམས༔ བདུད་མོ་དམ་སྲིའི་རིགས་ཡིན་སྤང༔ མདོག་ནག་སྐྲ་རྩུབ་སུལ་རགས་མགྱོགས༔ དྲག་ལ་འཇིགས་ཤིང་ཚིག་ཟུར་རྣོ༔ འཁོན་འཐབ་འཛེམ་པ་མེད་པ་དང༔ མིག་སེར་འཕོངས་སུ་ཚ་བཅུག་འདྲ༔ གང་དང་འགྲོགས་འཁོན་སུ་ཉེ་འཚིག༔ གཙང་སྦྲ་ཆུང་ལ་དམར་ལ་རྔམས༔ སྨྲ་ཕོད་ཆེ་ལ་ཀོ་ལོང་དམ༔ ཞེ་སྡང་རགས་ལ་ཁྲོ་གཏུམ་མང༔ ཁོང་ཁྲོ་ཆེ་ཞིང་ཀུན་ལ་འཛུགས༔ ཀླུ་བསེན་རིགས་ཡིན་སྤང་(༥༡)བར་བྱ༔ བློ་ཤོ་རྒོད་ལ་སྡིག་སྡིག་འགྲོ༔ རྟིང་པ་ལེབ་ལ་ཚིག་སྣ་མང༔ བློ་ནི་མི་བརྟན་འགྱུར་ལྡོག་ཆེ༔ མིག་སེར་ཚད་ནད་ལངས་པ་འདྲ༔ གཟུགས་བྱད་ངན་ལ་བློ་སེམས་ཆེ༔ ཁ་ནས་རྟ་བོང་དྲི་ཆེན་མནམ༔ མཆན་འོག་བསེ་དྲི་མནམ་པ་དང༔ གསང་གནས་ཤ་རུལ་དྲི་མ་མནམ༔ ཞེན་པ་དང་ཁ་ལྡོག་པ་དང༔ མཛེས་པའི་རྣམ་པ་གང་ཡང་མེད༔ ཕྲ་མེན་གནོད་སྦྱིན་རིགས་ཡིན་སྤང༔ དུ།ཧྱ།ཤ།༔ མཆེ་བ་ཡོད་ལ་མིག་དམར་ཞིང༔ མིག་ཁུང་དམའ་ལ་མཁུར་ཚོས་མཐོ༔ མིག་སེར་ནན་ལ་འདོད་ཆགས་ཆེ༔ རྐན་ཕུག་ནག་ལ་གདོང་དྲེག་ཆགས༔ མཁུར་ཚོས་ཆེ་ལ་ཨོག་ཀོ་རྣོ༔ ཤ་སྐེམ་སེན་མོ་བྱ་སེན་འདྲ༔ ལས་ཀྱི་མཁའ་འགྲོའི་རིགས་ཡིན་སྤང༔ སྣ་ཉག་མཁུར་ཚོས་མཐོ་བ་དང༔ གསུས་པ་ཆེ་ལ་འཕོངས་རུས་ཆུང༔ དཔུང་མགོ་དམའ་ལ་ཚིགས་པ་སྦོམ༔ བསམ་བློ་མང་ལ་མིག་སེར་ཆེ༔ ཤ་རྩུབ་དྲི་ངན་བོང་སྦང་མནམ༔ གསང་མི་ཐུབ་ལ་ཀོ་ལོང་དམ༔ ཡི་དྭགས་དམ་སྲིའི་རིགས་ཡིན་སྤང༔ དེ་རྣམས་བསྟེན་པའི་ཉེས་པ་ཡིས༔ མཁའ་འགྲོ་ཆོས་སྐྱོང་མི་ཆགས་དང༔ དམ་ཚིག་འཁོན་གྱི་དྲི་མ་འོང༔ རིམས་དང་མི་ཡི་གཤེ་སྐུར་འོང༔ འཁོར་གྱེས་བསོད་ནམས་བྲི་བ་དང༔ ཚེ་ཐུང་ནད་མང་དགྲ་བགེགས་འབྱུང༔ ཊ།བུཏུ།།༔ གཞན་ཡང་རིགས་ངན་ལས་སྐལ་ཟད༔ མཐོང་བ་ཙམ་གྱིས་གྲིབ་འབྱུང་སྤང༔ ཤ་ཟ་ཁྲག་འཐུང་རྐང་འཇིབས་མ༔ བཅུད་འཕྲོག་མ་དང་རྣམ་པ་བཞི༔ འདི་བཞི་བདུད་མོས་མི་ལུས་བླངས༔

ཤ་ཟའི་རིགས་ནི་འདི་ལྟ་སྟེ༔ མདོག་ནག་བུད་མེད་སྐྱེས་པའི་སྐད༔ གཟི་མ་རིང་ལ་སྨིན་མ་སོབ༔ གཟུགས་ངན་གསང་གནས་གཡའ་ཆུ་མང༔ ཁ་བཙོག་སྦྱོར་བའི་ཁྱེར་ཁ་མེད༔ སྦྱོར་ཐབས་མི་ཤེས་བྱོལ་སོང་འདྲ༔ རོ་ཉལ་རླན་འདོར་འདོད་ཆགས་ཆེ༔ དེ་ཉིད་བརྟེན་ན་དངོས་གྲུབ་མེད༔ ཚེ་ལ་བར་ཆད་འབྱུང་བར་འགྱུར༔

གརྒཏྱ།།༔ ཁྲག་འཐུང་མ་ཡི་རིགས་བསྟན་པ༔ གདོང་དང་ཁ་ནི་ཤིན་ཏུ་དམར༔ ལུས་པོ་འཁང་ལ་ཡན་ལག་གྱོང༔ མཉེན་ལྕུགས་འབོལ་བའི་ཤ་རྗུད་མེད༔ སྐྲ་རྩུབ་ཁྲོ་མིག་(༥༢)འཛུམ་དང་བྲལ༔ ལུས་སྦོམ་ཤ་རྩུབ་དྲེག་པ་ཆགས༔ མཆན་འོག་སྤུ་དང་སྨ་ར་ཅན༔ མཛུབ་མོ་སེན་མོ་བྱ་སྡེར་འདྲ༔ དེ་དང་འཕྲད་ན་དངོས་གྲུབ་ཟད༔ ཚེ་འཕོས་མནར་མེད་དམྱལ་བར་འཁྲིད༔

གསནཐྱ།༔ རྐང་འཇིབ་མ་ཡི་རིགས་ལ་ནི༔ སྐྲ་ནག་གཡག་མགོ་ལྟ་བུར་ལི༔ མིག་སྤྲིན་ཁྲ་ལ་གཟི་མ་རིང༔ རྨི་ལམ་ལྷ་མཐོང་འདྲེ་མཐོང་ཟེར༔ གདོང་དྲག་ཧར་ལ་ཕོ་སྐད་འདོན༔ མིག་སེར་སྙིང་ལ་ཟིན་པ་འདྲ༔ ཚིག་རྩུབ་ལུད་པ་ཕྱོགས་བཅུར་འཕེན༔ མི་ནོར་མི་ཆགས་ཟས་བཅུད་ཆུང༔ བྲེལ་ལ་བྱ་བ་མི་འགྲུབ་པ༔ སེམས་ཚབ་ཁ་གདོང་བཞིན་ཕུག་སྡུད༔ དེ་དང་འཕྲད་ན་དངོས་གྲུབ་ཟད༔ ཚེ་ལ་བར་ཆད་མྱུར་དུ་འབྱུང༔

བཅུད་འཕྲོག་མ་ཡི་རིགས་ལ་ནི༔ ཤ་མདོག་སྐྱ་ཐལ་སེར་ཐལ་ལམ༔ སྔོན་མོ་ནག་བེམ་སྨུག་བེམ་མམ༔ སྐྲ་ནག་ལུས་ཀྱི་དྲི་མ་ནག༔ མིག་སེར་ཆེ་ལ་ཟས་ལ་ངན༔ སྐྱེས་པ་དག་དང་འབྲལ་མི་ཕོད༔ མིག་འབྲས་དམའ་ལ་སྣ་གོང་ཉག༔ གོས་དང་རྒྱན་གྱི་ཁྱེར་ཁ་མེད༔ ལུས་ཀྱི་རྩ་དར་བྲལ་བ་དང༔ ཁྲུས་མེད་སྐྲ་ཡི་གཉེར་མི་འོང༔ གྲོང་ཁྱེར་གྲོང་སྟོང་ཉུལ་བ་རེམ༔ ཚིག་རྩུབ་ཕྲ་མའི་བརྩོན་འགྲུས་ཆེ༔ ཁ་འཆལ་གཏམ་ལ་རྫོགས་པ་མེད༔ དེ་བསྟེན་ཚེ་ཐུང་ནད་མང་ཞིང༔ རྣལ་འབྱོར་ལུས་ཀྱི་ཉམས་ཤེད་ཆུང༔ གཞན་ཡང་ཉེས་པ་ཤིན་ཏུ་ཆེ༔ ལན་ཅིག་བསྟེན་ཡང་སྐྱོན་གཅིག་འབྱུང༔ རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་སྤོང༔ ནོར་དང་ལོངས་སྤྱོད་སྙན་པ་ཡང༔ དེ་དག་བསྟེན་པ་ཙམ་གྱིས་ཡལ༔ སྐྱེ་བོའི་མི་ཁ་འབྱུང་བ་དང༔ མི་མཐུན་ཕྱོགས་རྣམས་འཕེལ་བར་འགྱུར༔ གཟུགས་ངན་ཡིད་དུ་མི་འོང་དང༔ ལུས་ལ་དྲི་ངན་ཡོད་པ་གསུམ༔ ཕྱག་རྒྱའི་ལུས་ཀྱི་སྐྱོན་གསུམ་ཡིན༔ རྫུན་དང་ཕྲ་མ་ཚིག་རྩུབ་གསུམ༔ ཕྱག་རྒྱའི་ངག་གི་སྐྱོན་གསུམ་ཡིན༔ མོས་གུས་ཆུང་ལ་ཐེ་ཚོམ་ཆེ༔ ལོག་ལྟའི་སྐྱོན་བརྗོད་དབང་པོ་གསལ༔ ཕྱིན་ཅི་ལོག་ལ་རིག་པ་རྣོ༔ ཕྱག་རྒྱའི་ཡིད་ཀྱི་སྐྱོན་གསུམ་ཡིན༔ ཞིག་དང་ཞ་དང་གུད་པ་གསུམ༔ ཕྱག་རྒྱའི་རྩ་ཡི་སྐྱོན་གསུམ་ཡིན༔ སྐུ་གསུང་ཐུགས་ཀྱི་སྨེ་བ་དང༔ སྣ་བུག་གཡས་པའི་སྨེ་བ་ནི༔ (༥༣)སྐྱོན་རྣམས་སེལ་ཞིང་ཡོན་ཏན་རྫོགས༔ ཞེས་གསུངས་སོ༔ ཕྱག་རྒྱའི་མཚན་བཟང་ངན་རྟགས་ཚད་ལ་ཕབ་པ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པ༔ ཇོ་མོ་མཚོ་རྒྱལ་ལ་ཕྱི་རབས་ཀྱི་རྣལ་འབྱོར་ཆགས་ཅན་དོན་དུ་གདམས་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་སོ༔

མཁའ་འགྲོ་སྙིང་ཏིག་གི་ལག་འགྲིག

༄༅། །མཁའ་འགྲོ་སྙིང་ཏིག་གི་ལག་འགྲིག་བཞུགས་པ་ལགས་སོ་ཨང་།

༄༅༅། །བླ་མ་ཡི་དམ་ཌཱཀྐི་ལ་ན་མོ། །མཁའ་འགྲོ་སྙིང་ཏིག་གི་ལག་འགྲིག་ལ། །དང་པོ་དལ་འབྱོར་རྙེད་དཀའ་བསྒོམ། །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་བསམ། འཆི་བ་མི་རྟག་པ་བསྒོམས་པ་དང་། སྔོན་འགྲོའི་ཆོས་བཞི་ཚང་བར་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། ཡིག་བརྒྱ་བསྒོམ་བཟླས། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་རྣམས་རིམ་པར་བྱའོ། །བསྐྱེད་རིམ་གྱི་སྐོར་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་བྱས། རིགས་ལྔ་མཆོད་འབུམ་གྱི་བཀའ་བསྒོས་ནས་མཆོད་པ་བྱིན་བརླབ་ཡན་བྱ། རིགས་ལྔ་ཕྱི་སྒྲུབ་ལྟར་གཞལ་ཡས་ཁང་བསྐྱེད་ནས་བདག་བསྐྱེད་རིགས་ལྔ་ནང་སྒྲུབ་ལ་བྱ། མདུན་བསྐྱེད་རིགས་ལྔ་ཕྱི་སྒྲུབ་ལ་བྱེད། སྤྱན་འདྲེན་ནས་ནང་མཆོད་འབུལ་བ་ཡན་དཀྱུས་བཞིན་བྱ། དེ་ནས་སྨན་རཀ་གཏོར་གསུམ་འབུལ། གསང་མཆོད་བྱ། བསྟོད་པ་དང་བཤགས་པ་བྱ། ཚོགས་མཆོད་བྱ། ལྷག་མ་མཁའ་འགྲོའི་ལས་བྱང་ནས་བཏང་། གཏོར་ལྷག་ཆད་མདོ་བསྟན་སྐྱོང་དང་བཅས་པ་བྱའོ། །མཁའ་འགྲོའི་ལས་བྱང་ཡང་། སྐྱབས་འགྲོ་ནས་མཆོད་པ་བྱིན་བརླབ་ཡན་དཀྱུས་བཞིན་ནོ། །གཞལ་ཡས་ཁང་རིགས་ལྔ་ཕྱི་སྒྲུབ་ལྟར་རོ། །རྟ་མགྲིན་ལུས་དཀྱིལ་ལ་བདག་བསྐྱེད་བྱ། ཌཱཀྐི་མངོན་རྟོགས་ལ་མདུན་བསྐྱེད་བྱ། སྤྱན་འདྲེན་ནས་ནང་མཆོད་ཡན་དཀྱུས་བཞིན་ནོ། །སྨན་རཀ་གཏོར་གསུམ་གསང་མཆོད་བྱ། བསྟོད་པ་གཞུང་ལྟར་བྱའོ། །ཚོགས་མཆོད་རྒྱས་པར་བྱེད་པ་ལ། གོང་མ་ལྟར་སྤྱན་འདྲེན་ཅིང་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ་ཅེས་པ་སྦྱར་རོ། །ཚོགས་འབུལ། བསྐང་བ་བྱ། ལས་བྱང་ལྟར་བཤགས་པ་བྱ། བསྒྲལ་བསྟབ་བྱ། ལྷག་ཆོག་བྱ། (༥༤)ཤིན་ཏུ་གལ་ཆེ་ན་མཁའ་འགྲོའི་བསྐུལ་བ་ཡང་བྱ། གཏོར་ལྷག་བསྐྱང་ངོ་། །

ད་དབང་གི་སྐོར་ལ་སློབ་དཔོན་དང་སློབ་མའི་མཚན་ཉིད་བརྟགས་པ་ནི་དང་པོའི་དུས་སུ་བྱའོ། །ས་ཆོག་བྱ། དཀྱིལ་འཁོར་སྟེགས་བུ་ལེགས་པར་བྱས་ཏེ་དྲིས་བྱུགས། མེ་ཏོག་ཚོམ་བུ་གཞུང་ལྟར་བཀོད། བུམ་པ་བཅའ། མངོན་རྟོགས་རིགས་ལྔ་ཕྱི་ནང་གིས་བསྒོམ་ཞིང་ཚོགས་ཡན་ཚར་བར་བྱ། གསོལ་བ་གདབ། སྟ་གོན་གྱི་ཆོ་ག་རྣམས་བྱ། བུམ་པ་བསྒྲུབ། སློབ་བུ་སྟ་གོན་བྱ། དམ་ཚིག་ཕོག །ཐུན་མོང་གི་རྫས་བཞི་གཏད་ཆོས་བཤད། དེ་ནས་ཐིག་ཆོག་དང་ཚོན་ཆོག་བྱ། དེ་ནས་དལ་བསྒྲུབ། དལ་བསྟན་པའི་སྐབས་སུ་ད་ལའི་རྣམ་དག་བཤད་ལྷ་ངོ་བསྟན་པའི་དུས་སུ་ལྷའི་རྣམ་དག་བཤད། དེ་ནས་དབང་བསྐུར་བ་ནས་རྗེས་ཆོག་ཡན་དཀྱུས་ལྟར་བྱའོ། །རྩོད་པའི་སྐྱོན་བསལ། དེ་ནས་གསང་དབང་གི་སྐབས་སུ་ནུབ་གཅིག་ལ་དབང་རྫོགས་པར་བྱེད་ན་དབང་རྣམས་དཀྱུས་སུ་བསྐུར། ནུབ་གསུམ་ལྟར་བྱེད་ན་གསང་དབང་གི་དུས་སུ་དཀྱིལ་འཁོར་གོང་མ་བཞག །གཞུང་ལྟར་རྫས་བསགས་ལ་དབང་བསྐུར། ལྷའི་དལ་ངོ་ཡང་སྤྲད། ཅེས་པའི་རྗེས་སུ་གསང་དབང་གི་ལྷན་ཐབས་བཤད་ས་བཅད་ཀྱི་ལུང་བྱ། ཤེས་རབ་ཡེ་ཤེས་ཀྱི་དབང་བྱ་བའི་སྐབས་སུ་གསོལ་བ་གདབ། དམ་ཚིག་སྲུང་སྡོམ་བཤད། དེ་ནས་མངོན་རྟོགས་དྲན་རྫོགས་བསྒོམ། གདོང་གཡོགས་ཡེ་ཤེས་དབབ། ལྷན་ཐབས་བཤད། ངའི་བྷ་ག་གསང་ཆེན་ཞེས་པ་ནས་དེ་ནས་རྡོ་རྗེའི་ཚིག་འདི་བརྗོད་ཅེས་པ་ཡན་བྱ། དབང་གི་རྒྱབ་ཡིག་བཤད། ཀྱེ་མ་ལས་ལྡན་རིགས་ཀྱི་བུ། ཞེས་སོགས་བརྗོད། དེ་ནས་ས་བཅད་བཤད། དེ་ནས་ཚིག་དབང་བསྐུར། ས་བཅད་བཤད། དབང་བསྒྲིགས་སུ་བྱེད་ན་རིག་པ་ཡང་རྩལ་གྱི་དབང་བྱ། དབང་གི་དོན་ཁྲིད་བྱའོ། །དེ་ནས་ཁྲིད་ཀྱི་སྐབས་སུ། སྔོན་འགྲོ་དང་བླ་མའི་རྣལ་འབྱོར་རྣམས་གོང་དུ་སོང་ནས། དངོས་གཞི་ནི། བཏགས་གྲོལ་དོན་ཁྲིད་དང་ཐོད་རྒལ་དོན་ཁྲིད་ནོར་བུའི་སྙིང་པོ་གཉིས་ཀྱིས་ཁོག་ཕུབ། ཐོད་རྒལ་དོན་ཁྲིད་གསལ་སྒྲོན་ལ་གཞུང་བྱ། ཁྲིད་རྒྱབ་ལུང་ཕྲེང་གིས་སྤྲོ་བ་བསྐྱེད། རྣལ་དབབ་ཡན་ཆད་ཚང་(༥༥)བར་བྱ། རབ་འབྱམས་རིག་པའི་རྩལ་དབང་རིག་པ་སྒྲོན་མའི་ཏི་ཀ་བཤད། ཁྲེགས་གཅོད་ངོ་སྤྲད། རིག་པ་ཡང་རྩལ་གྱི་དབང་བསྐུར། ཐོད་རྒལ་གྱི་ཁྲིད་བྱའོ། །དེ་རྣམས་ལ་རྟགས་ཡིག་གིས་བརྟག །ཚད་ཡིག་གིས་ཚད་དུ་སྐྱོལ་མ་སྐྱོལ་བརྟག །ལག་ཁྲིད་ཀྱིས་ཞག་གྲངས་གཏན་ལ་ཕབ་བོ། །བར་དོ་ངོ་སྤྲོད་བྱེད་པ་ལ། དང་པོ་ཉིན་མོའི་ངོ་སྤྲོད་ལ་སྟེགས་བུ་དང་ཡོ་བྱད་ཐམས་ཅད་བསགས། བསྒོམ་བཟླས་མཆོད་བསྟོད་ཚར་བར་བྱ། གསོལ་བ་གདབ། གནང་བ་སྦྱིན། བུམ་དབང་བསྐུར། ཤེལ་ལ་༼ཆོས་སྐུ་༽ངོ་སྤྲད། གསང་དབང་བསྐུར། མེ་ལོང་དང་རྨ་བྱའི་མདོངས་ཀྱི་ལོངས་སྐུ་ངོ་སྤྲད། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། མེ་ལོང་གཡའ་དག་པའི་༼ཆོས་སྐུ་རང་ལ་གནས་ཚུལ་༽ནང་དུ་གཟུགས་བརྙན་ཤར་བ་ལ་ངོ་སྤྲད། ཚིག་དབང་རིན་པོ་ཆེ་བསྐུར། དོན་རང་རིག་གསལ་སྟོང་ཆོས་སྐུར་ངོ་སྤྲད་པ་ནི། ཤེལ་མིག་ལ་མ་རེག་ཙམ་ལ་བལྟས་ནས། བླ་མ་ལ་བལྟས་ཏེ་དེ་རིམ་གྱིས་བརྟགས་ནས་དེ་ལ་ངོ་སྤྲོད། དེ་ནས་ཆོས་ཉིད་བར་དོ་ངོ་སྤྲོད་བྱའོ། །དེ་ནས་མཚན་མོ་ངོ་སྤྲོད་བྱ་བ་ནི་རྫས་ཡོ་བྱད་ཐམས་ཅད་བསགས་ཏེ། གཏོར་མའི་དབང་བསྐུར། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། དེ་ནས་ངོ་སྤྲོད་དངོས་ལ་གསུམ་སྟེ། སྡེ་སྐོར་ས་ལ་བཀོད་པ་ནི་བཅའ་གཞི་རྣམས་སོ། །བརྡ་སྐོར་མཁའ་ལ་འཆར་བ་ནི། འཇའ་འོད་ལ་སོགས་པའོ། །དོན་སྐོར་རང་ལ་གནས་པ་ནི་རང་གི་སེམས་ཉིད་ལའོ། །ཞེས་ངོ་སྤྲད་དོ། །དེས་གཞན་རྣམས་ཚིག་གི་འགྲེལ་དང་བསྟུན་ནས་བཤད་དོ། །དཔལ་ལྡན་བླ་མའི་གསུང་ལས་བྱུང་བའི་སྙིང་ཏིག་གི་ལག་འགྲིག་འདི། བླ་མའི་གསུང་ལས་བྱུང་བ་བཞིན་དུ་མ་ནོར་བར་བརྗེད་ཐོ་ཡི་གེར་བཏབ་པ་ནི། བདག་བརྗེད་ངས་ཆེས་པས་བྲིས་པ་ལ་བླ་མ་ཡི་དམ་མཁའ་འགྲོས་བཟོད་པར་གནང་དུ་གསོལ་ལོ། །མངྒ་ལཾ། ཤུ་བྷཾ། བྷ་ཝནྟུ།། །།

ཌཱཀྐི་གནད་ཐིག

༄༅༔ ཌཱཀྐི་གནད་ཐིག་བཞུགས་སོ༔

༄༅༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ ཌཱཀྐི་གནད་ཀྱི་མན་ངག་གིས༔ ཞལ་གྱི་གདམས་པ་བསྟན་པར་བྱ༔ དེ་ལ་སྤྱི་དོན་རྣམ་ལྔ་སྟེ༔ ཕྱི་དང་ནང་དང་གསང་བ་དང༔ ཡང་(༥༦)གསང་བླ་ན་མེད་དང་ལྔའོ༔ དེ་ཡང་ཀློང་གསལ་ལས༔ ཕྱི་ནང་གསང་བ་ལ་སོགས་པ༔ དར་གུད་འཕོ་འགྱུར་འབྱུང་བའི་ལས༔ ཞེས་པས༔ དང་པོ་ཕྱིའི་འབྱུང་བ་ལྔ་ནི༔ ས་ཆུ་མེ་རླུང་ནམ་མཁའ་དང་ལྔའོ༔ འདི་རྣམས་འབྱུང་བའི་རྒྱུ་ཇི་ལྟར་ཡིན་ན༔ ཐོག་མ་ནས་ཡེ་མེད་སྟོང་པའི་ནམ་མཁའ་དང༔ ཡེ་ཤེས་དབྱེར་མེད་དུ་གནས་ཏེ་ཡེ་གདོད་མ་ནས་ཤེས་རབ་ཀྱི་ཆར་གནས་པ་ན༔ ཡེ་ཤེས་ཞེས་བྱ༔ ཡེ་མེད་སྟོང་པའི་ནམ་མཁའ་དེ་ལ་ཡེ་ཤེས་ཀྱི་རང་མདངས་འོད་ལྔ་གསལ་ལམ་མེ་ལྷུན་གྲུབ་ཏུ་གནས་ཏེ༔ དེ་ལ་དགེ་སྡིག་འཁོར་འདས་གང་དུ་ཡང་མ་གྲུབ་པས་ཀ་དག་ཅེས་བྱ༔ ཡེ་ནས་གནས་པས་ལྷུན་གྲུབ་ཅེས་བྱ༔ གོང་དུ་ཡེ་ཤེས་ལ་འཁོར་འདས་གང་དུ་ཡང་གྲུབ་པ་མེད་དོ༔ ཡེ་ནས་དེ་ལྟར་དུ་མེད་ན༔ ད་བསྒྲུབས་པས་འབྲས་བུ་ཡེ་ཤེས་ཡོང་དོན་མེད་དོ༔ ཆུ་ལ་མེ་བསྒྲུབས་ཀྱང་མི་འོང༔ དེས་ན་ཡེ་གདོད་མ་ནས་ཡེ་ཤེས་སུ་ཡོད༔ བར་དུ་འཁྲུལ་ཡང༔ ཐ་མ་འཁྲུལ་པ་སངས་ནས་སངས་རྒྱས་པའི་གནད་དེ་ཡིན༔ དེ་ལ་མ་འགགས་པའི་རིག་པ་ཡོད་པས༔ འོད་ལྔ་ལ་འཛིན་པ་བྱུང༔ དངོས་འཛིན་དེ་ལ་རླུང་ཞེས་བྱ༔ དོན་ལ་རིག་པའི་རྩལ་ཡིན༔ དེ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་མདངས་འོད་དམར་པོ་དེ་ལ༔ དངོས་འཛིན་དུ་འཁྲུལ་པས་མེ་དམར་པོ་བྱུང༔ དེ་ལ་རླུང་རིག་པའི་རྩལ་གྱིས་བསྐྱོད་པས་དྲོད་བྱུང༔ ཡང་མཉམ་པ་ཉིད་ཀྱི་འོད་སེར་པོ་གསལ་བ་དེ་ལ༔ འཛིན་པ་སྐྱེས་པས་ས་བྱུང༔ ཡང་མེ་ལོང་ལྟ་བུའི་ཡེ་ཤེས་འོད་དཀར་པོ་ཤར་བ་དེ་ལ༔ དེར་འཛིན་སྐྱེས་པས་ཆུ་དཀར་པོ་བྱུང༔ བྱ་བ་གྲུབ་པའི་འོད་ལྗང་ཁུར་གསལ་བ་དེ་ལ༔ དེར་འཛིན་སྐྱེས་པས་རླུང་བྱུང༔ འབྱུང་བ་ནམ་མཁའ་ནི༔ ཡེ་གདོད་མ་ནས་ཡེ་ཤེས་དང་མཉམ་དུ་གནས་ཏེ༔ ཐ་མ་ཡང་འཕོ་འགྱུར་མེད་དོ༔ ཡེ་ཤེས་ཀྱི་རང་མདངས་འོད་ལྔ་ལ༔ དེར་འཛིན་སྐྱེས་པས༔ ས་ཆུ་མེ་རླུང་བཞི་པོ་བྱུང༔ དེ་ལ་རིག་པ་མ་འགགས་པའི་རྩལ་དེས་ཁྱབ་པས་རླུང་ཞེས་བྱ༔ འབྱུང་བ་བཞི་ལ་རླུང་གིས་ཁྱབ་སྟེ༔ རླུང་ལ་རླུང་གིས་ཁྱབ་པས༔ ཐེག་པ་དང་ཤུགས་བྱུང༔ ཆུ་ལ་རླུང་གིས་ཁྱབ་པས་(༥༧)འགྲོ་བའི་ཤུགས་དང༔ གཤེར་བ་དང༔ བསིལ་བ་བྱུང༔ ས་ལ་རླུང་གིས་ཁྱབ་པས་སྲ་བ་དང་ལྗི་བ་བྱུང༔ མེ་ལ་རླུང་གིས་ཁྱབ་པས་འབར་བ་དང་ཚ་བ་བྱུང༔ དོན་ལ་ཡེ་ཤེས་ལྔ་ལ་འཛིན་པ་སྐྱེས་པས༔ འབྱུང་བ་ལྔ་རུ་གྲུབ༔ དེ་ལ་ཐོག་མར་རིག་པའི་རྩལ་གྱིས་བསྐྱོད་པས༔ འབྱུང་བ་ལྔ་ལས་རྩལ་བྱུང་བའོ༔ དེ་རྣམས་འཛོམས་པས་སྣོད་ཀྱི་འཇིག་རྟེན་བྱུང༔ ཆགས་ལུགས་ནི་ཡེ་ནས་སྟོང་པ་དེ་ལ་འཛིན་པ་སྐྱེས་པས༔ རླུང་གི་ད་ལ་ཆགས༔ དེའི་སྟེང་དུ་ཆུ་ཆགས༔ དེའི་སྟེང་དུ་ས་ཆགས༔ མེ་ནི་རླུང་གི་རྩལ་ཡིན་ཏེ༔ གསུམ་ཀ་ལ་ཁྱབ་པའོ༔ དེ་ནི་ཕྱིའི་འབྱུང་བའི་ཆགས་ལུགས་སོ༔

ནང་བཅུད་ཀྱི་སེམས་ཅན་གྱི་ཆགས་ལུགས་ནི༔ དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ༔ ཡེ་ཤེས་རང་རྩལ་དྲོད་བག་ཙམ་ཞིག་བྱུང་སྟེ༔ དེ་ཆུ་ལ་ཕོག་པས་ཆུའི་རླངས་པ་མཐོངས་ཁུང་གི་དུད་པ་ཙམ་ཞིག་བྱུང༔ རླངས་པ་དེ་ས་ལ་ཕོག་པས༔ ཆན་ལ་ཕབས་བཏབ་པ་ཙམ་གྱི་དྲོད་ཅིག་ཐམས་ཅད་ལ་ཁྱབ༔ དེར་འབྱུང་བ་བཞིའི་དྭངས་མ་ལ༔ ཡེ་ཤེས་ཀྱི་རང་འོད་འདྲེས་པས་འོད་ཕུབ་ཆུང་ཙམ་པ་གསུམ་བྱུང༔ འོད་གཅིག་ལས་ནི་སྣང་ལ་རང་བཞིན་མེད་པ་འོད་གསལ་བའི་ལྷ་བྱུང༔ དེ་ལས་འོད་ཟེར་གྱི་ཚུལ་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང༔ དེ་ལས་རིག་རྩལ་གཡོས་པའི་འཛིན་ཆ་ལས་གཟུགས་ཁམས་གནས་རིགས་བཅུ་བདུན་བྱུང༔ དེ་ལྟར་ཡེ་ཤེས་ཀྱི་སྣང་བ་ལ་གནས་ཀྱང༔ མ་རིག་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད་པ་བྱུང༔ མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་སོ༔ དེ་ལྟར་དུ་འབྱུང་བའི་དྭངས་མ་ལས་བྱུང་བའི་བཅུད་ཀྱི་སེམས་ཅན་ཞེས་ཟེར་རོ༔ འོད་གཉིས་ལས་ནི་ཉི་མ་དང་ཟླ་བ་བྱུང་སྟེ༔ དེ་ཡང་ཐོག་མར་འབྱུང་བ་ལྔའི་བཅུད་ལས་བྱུང་སྟེ༔ ནམ་མཁའི་བཅུད་ལས་བྱུང་བས་ནམ་མཁའ་ལ་འདུག་པའོ༔ ཡེ་ཤེས་ཀྱི་རྩལ་ཡོད་པས་ཀུན་ལ་གསལ་ནུས༔ རླུང་གི་དྭངས་མ་ལས་བྱུང་བས་འགྲོ་ནུས༔ མེའི་དྭངས་མ་ལས་བྱུང་བས་དྲོད་ཡོད༔ དེའང་ཉི་མ་ལ་མེའི་དྭངས་མ་གཙོ་ཆེ༔ ཟླ་བ་ལ་ཆུའི་དྭངས་མ་གཙོ་ཆེ་(༥༨)བས་བསིལ་བའོ༔ དེ་གཉིས་ཀྱི་རྩལ་གཟའ་སྐར་དུ་འོད་ཟེར་གྱི་ཚུལ་དུ་གནས་པའོ༔ འབྱུང་བ་ནི་གཅིག་གིས་གཅིག་བསྐྱེད་གཅིག་གིས་གཅིག་གྲོགས་བྱེད་པའོ༔ དེའང་འབྱུང་བ་གཅིག་གིས་གཅིག་གྲོགས་བྱས་པའི་དུས་ན་འབྱུང་བ་རྒྱས་པས༔ སོས་ཉི་མ་རིང་ཞིང་ཚ༔ འབྱུང་བའི་དྭངས་མ་མཉམ་དུ་གནས་པའི་དུས་ན༔ ནམ་དང་ཉི་མ་མཉམ་པའོ༔ ཡང་འབྱུང་བ་མཉམ་དུ་མི་མཉམ་སྟེ༔ གཅིག་བག་ཙམ་སྟོབས་ཆེ་བའི་མཐུས་འབྱུང་བ་རྣམས་རིམ་གྱིས་གཅིག་གི་དགྲ་གཅིག་གིས་བྱས་པས༔ འབྱུང་བ་རྒུད་པས་དགུན་གྱི་ཉི་མ་ཐུང་ལ་དྲོད་ཆུང་བའོ༔ དུས་གཅིག་ལ་འབྱུང་བ་རྣམས་ཤུགས་ཀྱིས་འབྲལ་ཏེ་ཉི་མ་ཤི་བ་ཡིན་ནོ༔ ཡང་རླུང་གིས་བསྡུས་ནས་སྔར་བཞིན་ནོ༔ ཟླ་བ་དང་སྐར་མའི་འཕོ་འགྱུར་ཡང་དེས་འགྲེའོ༔ དེ་ལ་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས་དྲོད་བྱུང་བས་ཆུ་ལ་ཕོག༔ ཆུའི་རླངས་པ་ས་ལ་ཁྱབ༔ རླུང་གི་རྩལ་གྱིས་དྲོད་ཀྱང་ཤུགས་ལ་བྱུང༔ དཔེར་ན་ཤིང་གཉིས་དྲག་ཏུ་བསྲུབས་པས༔ མེ་བྱུང་(༥༨)བ་དང་འདྲ་བར༔ དྲོད་ཀྱིས་ཁྱབ་བོ༔ ས་ལ་དྲོད་ཀྱིས་ཁྱབ་པས་རླངས་པ་ནམ་མཁའ་ལ་སོང་བས་ན་བུན་བྱུང༔ ཁོག་མའི་ཁ་ཆོད་ལ་ཆུའི་ཟིལ་ཕྲམ་མེ་བྱུང་བ་ལྟར་དུ༔ ན་བུན་གསེབ་ནས་ཆར་བྱུང༔ དེ་ལྟར་འབྱུང་བ་གཅིག་གིས་གཅིག་བསྐྱེད་གཅིག་གྲོགས་གཅིག་གིས་བྱས་པས་འབྱུང་བ་རྒྱས་པའི་དྭངས་མ་ལས༔ རྩི་ཤིང་ནགས་ཚལ་ཐམས་ཅད་སྐྱེས༔ མྱུ་གུ་ལོ་མ་མེ་ཏོག་འབྲས་བུ་རྣམས་རིམ་གྱིས་བྱུང༔ སྟོན་འབྱུང་བ་རྣམས་རྩལ་མཉམ་པའི་དུས་སུ༔ འབྲས་བུ་ཐམས་ཅད་སྨིན༔ ཡང་འབྱུང་བ་རྣམས་ཀྱི་བྱེད་ལས༔ མཐོ་དམན་བག་ཙམ་གྱིས་གཅིག་གི་དགྲ་གཅིག་གིས་བྱས་ནས༔ མར་ལ་རིམ་གྱིས་ཐིམ་པས་རྩི་ཤིང་ནགས་ཚལ་སྐམ་འབྲས་བུ་ཐམས་ཅད་ཐང་ལ་བྲུལ༔ སེམས་ཅན་ཐམས་ཅད་མདོག་ངན་ཞིང་རྗུད་དུ་འགྲོ༔ དཔྱིད་ཀྱི་དུས་སུ་ཐམས་ཅད་བཅུད་ཆུང་རྗུད་པ་ཡོང༔ འབྱུང་བའི་དྭངས་མ་རྣམས་གཅིག་གིས་གཅིག་བསད་པའོ༔ དེ་ནས་འབྱུང་བ་འཁྲུགས་ཏེ༔ གཅིག་གིས་གཅིག་བསྐྱེད་ནས་གོང་བཞིན་ནོ༔ (༥༩)དེས་ནང་བཅུད་ཀྱི་སེམས་ཅན་ཆགས་ལུགས་བསྟན་པའོ༔

ད་གསང་བ་ནི༔ ཕྱི་འབྱུང་བ་ལྔའི་དྭངས་མ་རྩི་ཤིང་ལོ་ཐོག་གི་འབྲས་བུས༔ གསོས་ཤིང་བསྐྱེད་པའི་ལུས་འདི་ལ༔ ཕྱི་ལྟར་ན་ཤ་ཁྲག་དྲོད་དབུགས་སེམས་དང་ལྔ༔ དྭངས་མའི་དྭངས་མ་རྒྱུའི་ཐིག་ལེ་ལྔས༔ འཁོར་འདས་བདེ་སྡུག་ཐམས་ཅད་བསྐྱེད་དེ༔ དེ་ཡང་གདོད་མ་ནས༔ ཡེ་ཤེས་རང་ལ་གནས་ཡོད་དེ་ངོ་མ་ཤེས་པས༔ ཡེ་ཤེས་ཀྱི་རང་རྩལ་མ་འགགས་པའི་འཛིན་ཆ་འདིས༔ འཁོར་འདས་སུ་ཕྱེ་སྟེ༔ མ་རིག་པས་མའི་མངལ་དུ་ཞུགས༔ ཕ་མའི་རྒྱུའི་ཐིག་ལེ་དང༔ རང་གི་ཡེ་ཤེས་གཉིས་འདྲེས་པས་ལུས་གྲུབ་བོ༔ དེ་ཡང་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་པས༔ ལུས་བསྐྱེད་དེ༔ ཟས་ཟོས་མྱངས་བྱས་པའི་མེས་ཞུ༔ རླུང་གིས་དྭངས་སྙིགས་ཕྱེ༔ ཆུས་བསྡུས༔ སས་སྲ་བར་བྱས་ཏེ་ལུས་སྟོབས་བསྐྱེད༔ དྭངས་མ་དེས་ལུས་ཀྱི་རྩ་ཐམས་ཅད་ལ་ཁྱབ་པར་བྱས༔ དེ་ཡང་འབྱུང་བ་ལྔའི་རྩལ་གྱིས་གཅིག་གི་གྲོགས་གཅིག་གིས་བྱས་པས་དྭངས་མ་འཕེལ་བས༔ སྐྱེས་ནས་ལོ་སུམ་ཅུ་མན་ཆད་དུ༔ རྩལ་དྲགས་ཤིང་རིག་པ་གསལ༔ མཛེས་ཤིང་སྣུམ་པ་དང༔ ལས་ཅི་བྱས་ཀྱང་འགྲུབ་པའོ༔ སུམ་ཅུ་ནས་བཞི་བཅུའི་བར་དུ་དྭངས་མ་ཟོ་ལ་སྡོད་པའོ༔ དེ་ནས་འབྱུང་བ་གཅིག་གིས་གཅིག་དགྲ་བྱས་ནས་མར་བསྡུས་པས་དྭངས་མ་རྣམས་སྐམ་སྟེ༔ དབང་པོ་ཐམས་ཅད་ཉམས་ནས་རྒས་ཤིང་རྒུད་པའོ༔ འབྱུང་བ་རྣམས་འཁྲུགས་ཏེ་བྱེ་བས་ཚེའི་དུས་བྱེད་དོ༔ དེས་ན་གཞོན་པའི་དུས་སུ་ཉམས་ལེན་བྱ་བ་གཅེས་སོ༔ དེ་ནི་གསང་བ་ལུས་ཀྱི་འདུག་ཚུལ་ལོ༔

ཡང་གསང་ཉམས་སུ་བླང་བ་ནི༔ འཁོར་འདས་བདེ་སྡུག་རྟེན་འབྲེལ་ཐམས་ཅད༔ རྒྱུའི་ཐིག་ལེའི་བྱེད་ལས་ཡིན་པས༔ རྒྱུའི་ཐིག་ལེ་ནི་འབྱུང་བ་ལྔའི་དྭངས་མའི་དྭངས་མ་ཡིན་ཏེ༔ ཡེ་ཤེས་ཀྱི་ཐིག་ལེ་གནས་པའི་རྟེན་ཡིན་པས་མ་ཉམས་ཤིང་འཕེལ་བ་གལ་ཆེ༔ དེ་ཡང་འཕེལ་བ་ལ་རང་བཞིན་གྱིས་འཕེལ་བ་དང༔ རྐྱེན་གྱིས་འཕེལ་བ་དང་གཉིས་ཡིན༔ འདི་རྣམས་ཀྱི་དུས་སུ་གནད་དང་ལྡན་དགོས༔ མ་ལྡན་ན་རྐྱེན་ཕྱི་ནང་གི་བར་ཆད་(༦༠)འབྱུང་ངོ་༔ དང་པོ་རང་བཞིན་གྱིས་འཕེལ་བ་ནི༔ འབྱུང་བཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ༔ ཚེས་གཅིག་ནས་རིམ་གྱིས་འཕེལ་ཏེ༔ གསང་གནས་སུ་ཁམས་རྒྱས་འོང་བས་དེའི་དུས་སུ༔ གསང་གནས་སུ་བདེ་སྐྱོང་ཙཀྲའི་དབུས་སུ་རྩ་མདུད་ཀྱི་ནང་དུ༔ འབྱུང་བ་བཞིའི་དྭངས་མ་ལས་གྲུབ་པའི་ལས་ཀྱི་ཌཱཀྐི་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ༔ མཛེས་ཤིང་ཡིད་དུ་འོང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག༔ ཡབ་ཡུམ་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས༔ འབྱུང་བཞིའི་དྭངས་མ་ཁ་དོག་ལྔ་ལྡན་མ་འདྲེས་ཤིང་སོ་སོར་གསལ་བ་རྒྱུན་མ་ཆད་པར་འབྱུང་བས༔ གསང་བའི་རྩ་མདུད་གང་ནས༔ རྩ་འདབ་ཐམས་ཅད་ལ་ཁྱབ་པས༔ ཌཱཀྐི་ཡབ་ཡུམ་དཔག་ཏུ་མེད་པ་སྦྱོར་བ་མཛད་པས་གོང་ལྟར་བྱང་སེམས་ཀྱིས་ལུས་ཐམས་ཅད་གང་སྟེ་བདེ་བ་མི་བཟོད་པར་བསམ་མོ༔ དཔའ་བོ་ཡབ་ཡུམ་ཏིལ་གྱི་གོང་བུ་ཁ་བྱེ་བ་ཙམ་པ་ཐམས་ཅད་བདེ་བས་མི་བཟོད་པར་འདུག་པར་བསམ་མོ༔ དེ་རྣམས་ཀྱི་བྱང་སེམས་ཀྱིས་རང་གི་བ་སྤུའི་བུ་ག་ཐམས་ཅད་གང་བར་བསྒོམ༔ དེ་ལྟར་བྱས་ན་འབྱུང་བ་མི་འཁྲུགས་པས་ནད་མི་འབྱུང་ངོ་༔ དྭངས་མ་རྒྱས་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ༔ བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྫོགས༔ ཟོ་མདོག་བཟང་ཡིད་དུ་འོང་རྒས་ཁ་སྲ༔ དཔའ་བོ་ཌཱཀྐིས་བྱིན་གྱིས་རློབ༔ མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང༔ དེ་ལྟར་བསྒོམ་མོ༔ ཡང་དེ་ནས་དྭངས་མ་ཡར་འཕེལ་ཏེ༔ ཚེས་བཞི་ལ་ལྟེ་བར་ཁམས་རྒྱས་ཏེ༔ ལྟེ་བའི་རྩ་མདུད་དུ་པདྨ་ཌཱཀྐི་ཡབ་ཡུམ་བསྒོམ་ཞིང༔ དམིགས་པ་གོང་དང་འདྲ༔ ཚེས་བརྒྱད་ལ་སྙིང་ཁར་རྒྱས༔ དེར་སངས་རྒྱས་ཌཱཀྐི་ཡབ་ཡུམ་བསྒོམ༔ བཅུ་གཅིག་ལ་མགྲིན་པར་རྒྱས༔ དེར་རཏྣ་ཌཱཀྐི་ཡབ་ཡུམ་བསྒོམ༔ ཉའི་ཉིན་པར་སྤྱི་གཙུག་ཏུ་རྒྱས༔ དེར་རྡོ་རྗེ་ཌཱཀྐི་ཡབ་ཡུམ་བསྒོམ༔ དམིགས་པ་ཚོ་གོང་དང་འདྲའོ༔ ཁམས་སྤྱི་གཙུག་ཏུ་རྒྱས་པས༔ ཚོགས་ཅི་བསགས་པ་འཕེལ་ཆེ་སྟེ༔ ཁམས་རྒྱས་པས་གཏར་སྲེག་མི་བྱའོ༔ ཉམས་ལ་འཕེལ་འགྲིབ་འོང༔ བྱང་སེམས་(༦༡)སྤོང་དུ་མི་རུང༔ སྐྱེ་མཆེད་དབང་པོ་རྒྱས་པས༔ སྤྱི་གཙུག་ཏུ་སྐྲ་མཐེབ་གང་བ་གཅིག་བཞར་ལ༔ ཏིལ་མར་གླ་རྩི་ཙན་དན་བསྲེས་ལ་བསྐུ་མཉེ་བྱ༔ དེས་ལུས་ཀྱི་འབྱུང་བ་མི་འཁྲུགས་ཏེ་ནད་མི་འབྱུང་ངོ་༔ དེ་ལྟར་མ་བྱས་ན༔ སྤྱི་བོར་འབྱུང་བའི་དྭངས་མ་རྒྱས་པ་དང་འཁྲུགས་པས༔ དེ་རྣམས་མ་སྙོམས་ན་ནད་འབྱུང་ངོ་༔ དེ་ནས་ཡང་དྭངས་མ་མར་ལ་འཕེལ་ཏེ༔ ཚེས་བཅུ་དགུ་ལ་མགྲིན་པར་དྭངས་མ་རྒྱས༔ ཉེར་ལྔ་ལ་ལྟེ་བར་རྒྱས༔ གནམ་སྟོང་ལ་གསང་བ་དང་རྐང་མཐིལ་དུ་རྒྱས་འོང་བས༔ དེ་དུས་བསྒོམ་ཐབས་གོང་དང་འདྲའོ༔ འབྲུ་མར་སྣོད་དང་སྦྲང་རྩི་ཛཱ་ཏི་རྣམས་ཀྱི་ལྡེ་གུ་རྐང་མཐིལ་ལ་བྱུགས་ལ་ཉི་མ་ལ་བསྲོ༔ དེས་འབྱུང་བ་མི་འཁྲུགས་པས་ནད་མི་འབྱུང༔ ཁམས་རྒྱས་པས་དགེ་སྦྱོར་འཕེལ༔ དྭངས་མ་འཕེལ་བས་བདེ་སྟོང་གི་ཉམས་སྐྱེ་ཞིང༔ ཕྱག་རྒྱ་མ་བསྟེན་ཏུ་རུང་བའོ༔ དེ་ནི་དྭངས་མ་རང་བཞིན་གྱིས་འཕེལ་བ་ལ༔ རྐྱེན་དམིགས་པའི་ཁ་ཚར་བཏབ་པའོ༔

གཉིས་པ་རྐྱེན་ཕྱག་རྒྱ་མཚན་དང་ལྡན་པ་ལ་བསྟེན་ཏེ༔ དྭངས་མ་འཕེལ་བ་ལ་གཉིས་ཏེ༔ རླུང་ལ་སྦྱངས་ནས་བརྟན་པ་ཐོབ་པ་ལ་བསླབ་པ་དང༔ ཆགས་ལམ་དངོས་ལ་བསླབ་པའོ༔ འདིར་ཆགས་ལམ་དངོས་ལ་བསླབ་པ་སྟེ༔ དང་པོ་ཕྱག་རྒྱ་མཚན་དང་ལྡན་པ་གཅིག་དང་ལྷན་ཅིག་ཏུ་གནས་ཏེ༔ ཡི་དམ་ལྷར་བསྐྱེད་པ་དང༔ མཁའ་གསང་བྱིན་གྱིས་བརླབས་ཏེ༔ སྦྱོར་བ་བྱེད་པའི་ཚེ་འདོད་ཆགས་ཀྱི་རྟོག་པ་བསྐྱེད་དེ༔ དེ་ཡེ་ཤེས་ཀྱི་རྩལ་ཡིན་ཏེ༔ མ་གོ་ན་འཛིན་པ་ཡིན༔ དེ་ཡེ་ཤེས་སུ་སྦྱོང་བ་ནི་འདོད་ཆགས་ཉིད་ལ་བསླབ་པས༔ འདོད་ཆགས་ཀྱིས་འདོད་ཆགས་འདག་པའོ༔ དེ་ལ་དང་པོ་ཕྱག་རྒྱ་མ་དང་ཆགས་པ་སྤྱད་པར་བྱ་སྙམ་པ་དང༔ རླན་འབྱུང་སྟེ་ཆུའི་རླུང་གཡོས་པ་ཡིན༔ ཆུ་མཱ་མ་ཀཱིའི་ངོ་བོ༔ དེ་ནས་ཕྱག་རྒྱ་མའི་རྩ་བཙལ་བ་དང༔ རྩ་བསླང་བ་དང༔ རྩ་སྒོ་དབྱེ་བ་དང༔ ཐིག་ལེ་དྲངས་པ་དང༔ བྱེད་ལས་རྣམས་ཌཱཀྐིའི་ལམ་འབྲས་ན་གསལ་ལོ༔ གལ་ཏེ་ཕྱག་རྒྱའི་རྩ་ཐུང་ངམ་སྦོམ་ན༔ ཕྱག་རྒྱའི་རྟིང་པ་གཉིས་རང་གི་འཕྲག་པར་ཡར་བཏང་སྟེ་སྤྱད་ན༔ རང་(༦༢)ཡང་སྔར་བས་བདེ་བ་ཆེའོ༔ དེ་ལྟར་བདེ་བ་ཆེ་བ་ལ་ཡོན་ཏན་ཅི་ཡོད་ན༔ བདེ་བ་ཆེ་བས་དྭངས་མ་འཕེལ་ཏེ༔ ཡས་བརྟན་གྱིས་དགའ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ༔ དེ་སྐྱེས་པས་མས་བརྟན་གྱིས་དགའ་བའི་ཡེ་ཤེས་སྐྱེས་ཏེ༔ དྭངས་མ་འཁོར་ལོའི་རྩ་མདུད་རྣམས་སྔར་བཞིན་མས་གང་སྟེ༔ ཐུན་མོང་གི་ཡོན་ཏན་མཐའ་དག་འགྲུབ༔ གྲུབ་ཆེན་བརྒྱད་ལ་སོགས་པ་འགྲུབ༔ མཆོག་གི་ཡོན་ཏན་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས༔ འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྟོན་ནུས༔ སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྫོགས༔ དབུ་ལ་གཙུག་ཏོར་འབྱོན༔ ཡེ་ཤེས་ལ་བརྟན་པ་ཐོབ་སྟེ་ཟག་བཅས་མི་སྣང་བར་འཚང་རྒྱའོ༔ འདི་ལ་ཚིག་འཁྲུགས་བག་རེ་ཙམ་ཤེས་རབ་དང་ལྡན་པས་བརྟག་པར་བྱའོ༔ དེས་ནི་ཆགས་ལམ་ལ་བསླབ་སྟེ༔ རང་གི་དྭངས་མ་སྤེལ་བ་བསྲུང་བ་བསྟན་ནོ༔ རླུང་ལ་བསླབ་སྟེ་རྡོ་རྗེ་ཆུ་འཐུང་གིས་ཕྱག་རྒྱ་མའི་ཐིག་ལེ་དྲོང་པ་ནི་འདིར་མི་སྟོན་ནོ༔ དེས་ནི་ཡང་གསང་ལྟར་ཉམས་སུ་བླང་བའོ༔

ད་ནི་བླ་མེད་ལྟར་ཉམས་སུ་བླང་བ་ནི༔ འབྱུང་བཞིའི་དྭངས་མ་ལས་གྲུབ་པའི་ལུས་འདི་ལ་ནད་འོང་བ་ནི༔ ལུས་ཀྱི་ཟུངས་རྒྱུའི་ཐིག་ལེ་འདི་ལ༔ འབྱུང་བཞིའི་དྭངས་མ་འདྲེས་ལ་སོ་སོར་གནས་པ་འདི་ལ་རླུང་གིས་ཀུན་ལ་ཁྱབ་པས་ནད་འཇུག་པའི་རྐྱེན་རླུང་གིས་བྱེད་ལས་ཏེ༔ རྐྱེན་འདོད་ཆགས་ཀྱིས་སློང་ན་ནད་ཚད་པ་འཇུག་སྟེ༔ ཚད་པ་སྐྱེས་ཙམ་ན་མེའི་རླུང་མཐུ་རྒྱས་པས་འབྱུང་བ་མ་སྙོམས་ཏེ་ནད་འཇུག༔ ཡང་ཞེ་སྡང་དྲག་པོ་དང་སེམས་མི་བདེ་བས་རྒྱུ་བྱས་ནས་རླུང་སྐྱེས་ཏེ༔ རླུང་གི་རླུང་མཐུ་རྒྱས་ནས་འབྱུང་བ་མ་སྙོམས་ཏེ་ནད་འཇུག༔ ཡང་གཏི་མུག་གིས་རྒྱུ་བྱས་ནས་གྲང་བ་དང་བད་ཀན་སྐྱེ་སྟེ༔ ཆུ་རླུང་མཐུ་རྒྱས་པས་འབྱུང་བ་ཆ་མ་སྙོམས་ཏེ་ནད་འཇུག༔ ཆ་མ་སྙོམས་པ་གང་ཤས་ཆེ་བ་དང་ན་ཚ་འོང༔ འབྱུང་བ་གསུམ་ཆ་སྙོམས་གཅིག་དམའ་ན་ཡང་ནད་དུ་འགྲོ༔ གཉིས་མཐོ་གཉིས་དམའ་ན་ཡང་ནད་དུ་འགྲོ་མཐོ་དམན་མེད་པ་ཆ་སྙོམས་པ་གཅིག་ལ་ནད་མི་འབྱུང༔ མི་ལ་ཡང་འབྱུང་བའི་ཤས་ཆེ་ཆུང་རེ་མེད་པ་མེད༔ རྐྱེན་ཉིན་མོའི་གཉིད་ཀྱིས་ནད་ཕལ་(༦༣)ཆེར་འཇུག་པས༔ རླུང་ཤས་ཆེ་བའི་མི་ཉིན་མོ་གཉིད་ལོག་ན་རླུང་གི་ནད་འཇུག་སྟེ༔ རླུང་ལ་ཡང་ཚ་གྲང་འདུས་པའི་ནད་ཡོད༔ ས་ཤས་ཆེ་བའི་མི་ཉིན་མོ་གཉིད་ལོག་ན་བད་ཀན་འཇུག་སྟེ༔ ནད་བད་ཀན་གཅིག་པུ་ལའང་ཚ་གྲང་འདུས་པའི་ནད་འོང༔ ཆུ་ཤས་ཆེ་བའི་མི་ཉིན་མོ་གཉིད་ལོག་ན་གྲང་བའི་ནད་འཇུག་སྟེ༔ གྲང་བ་ལའང་ཚ་གྲང་འདུས་པ་གསུམ་གྱི་ནད་ཡོད༔ མེ་ཤས་ཆེ་བའི་མི་ཉིན་མོ་ཉལ་ན་ཚད་པ་འཇུག་སྟེ༔ ཚད་པ་ལའང་ཚ་གྲང་འདུས་གསུམ་གྱི་ནད་ཡོད༔ དེ་ལྟར་ཉིན་གཉིད་ལོག་ན་འབྱུང་བའི་དྭངས་མ་གང་ཤས་ཆེ་བ་དེའི་མཐུ་རྒྱས་ཏེ༔ འབྱུང་བ་མ་སྙོམས་པས་གཅིག་གི་དགྲར་གཅིག་སོང་སྟེ་འབྱུང་བ་འཁྲུགས་པས༔ འབྱུང་བ་དེ་ཉིད་ཀྱིས་ནད་དུ་འགྱུར་རོ༔ དེས་ན་ཉིན་མོའི་གཉིད་སྤང་བར་བྱའོ༔ མི་མཐུན་པའི་ཁ་ཟས་དང་སྤྱོད་ལམ་གྱིས་ཀྱང༔ འབྱུང་བ་འཁྲུགས་ཏེ་ནད་འཇུག་པས་སྤང་བར་བྱའོ༔ ཧྲིལ་གྱི་དྲིལ་ན་ཉོན་མོངས་པའི་བསམ་པ་རང་རྒྱུད་དུ་འཛིན་པས༔ འབྱུང་བཞིའི་དྭངས་མ་འཁྲུགས་ཏེ་ནད་འབྱུང་བ་ཡིན་པས༔ ཉོན་མོངས་པ་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱང་རང་རྒྱུད་དུ་མི་གཏང་བར༔ ཆོས་ཉིད་ཀྱི་ངང་དུ་རོ་སྙོམས་པར་བྱའོ༔ ཡང་ཕོ་བ་ཁ་གཅིག་པོའི་སྟེང་ན་འབྱུང་བཞིའི་དྭངས་མ་ཚང་བས་ནད་ཐམས་ཅད་འཁྲུགས་ཏེ་དྭངས་མ་སྐམ་སྟེ་ནད་འབྱུང༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ན༔ པདྨ་ཌཱཀྐི་ཡབ་ཡུམ་མེའི་རྣམ་པར་གསལ་བ་རེག་བྱ་ཚ་བ་མར་མེ་འབྲིང་པོ་ཙམ༔ དེ་གཉིས་སྙོམས་འཇུག་བྱས་པས་སྦྱོར་མཚམས་ནས་འབྱུང་བཞིའི་དྭངས་མ་མེའི་རྣམ་པ་རུ་བྱུང་བས༔ ལྟེ་བའི་རྩ་འདབ་ཐམས་ཅད་གང་བར་བསྒོམས་པས༔ འབྱུང་བཞིའི་དྭངས་མ་ཐམས་ཅད་ཀྱི་རླུང་གིས་ཕོ་བའི་མེ་དྲོད་བསྐྱེད་པས༔ ནད་གང་གིས་ཀྱང་མི་ཚུགས་སོ༔ ཚད་པའི་ནད་ལ་ཡང་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་སུ༔ རྩ་མདུད་ཀྱི་ནང་དུ་རྡོ་རྗེ་ཌཱཀྐི་ཡབ་ཡུམ་ཆུའི་རྣམ་པ་ལྟ་བུ་དཀར་ལ་བསིལ་བ་སྦྱོར་བ་བྱས་པས་སྦྱོར་མཚམས་ནས་འབྱུང་བཞིའི་དྭངས་མ་ཆུའི་རྣམ་པ་ལྟ་བུ་བབ་པས༔ རྩ་འདབ་ཐམས་ཅད་ཀྱི་ནང་ནས་མར་སོང་བས༔ ཁོང་(༦༤)པའི་ནད་ཐམས་ཅད་གྲང་ལྟེམ་གྱིས་སོང་བར་བསམ་སྟེ༔ ཚད་པའི་ནད་ཐམས་ཅད་རྩ་ནང་ནས་མར་སོང་བས༔ ཕྱིར་སངས་ཀྱིས་ཐོན་པར་བསམ་མོ༔ དེ་ནས་རྩ་འདབ་ཐམས་ཅད་ཆུ་སྐྱེས་ཀྱི་མེ་ཏོག་པདྨ་དཀར་པོའི་རྩ་འདབ་དང་གྲངས་མཉམ་པའི་སྟེང་དུ༔ ཟླ་བའི་གདན་རེ་ལ་གོང་གི་ཡབ་ཡུམ་རྩ་འདབ་དང་གྲངས་མཉམ་པའི་དབུས་ཀྱི་གཙོ་བོ་དང་མཐུན་པར་བསྐྱེད་ལ༔ སྦྱོར་མཚམས་ནས་དྭངས་མ་རེག་བྱ་བསིལ་བ་དང་ལྡན་པས༔ ལྟེ་བ་ཐད་མན་ཆད་གང་བར་བསྒོམ༔ ཚད་པའི་ནད་ཐམས་ཅད་ལ་དེ་ལྟར་བྱས་ནས་མྱུར་དུ་སོས་འགྲོའོ༔ ཅིས་ཏེ་ན༔ དེར་དམིགས་པ་རྩེ་གཅིག་གཏད་པས༔ དྭངས་མ་བསིལ་དུ་འདུས་པས་མེ་རླུང་གི་རྩལ་དེ་འཇོམས་པ་ཡིན་ནོ༔ འདུས་པའི་ནད་ལའང་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཀྱི་དབུས་སུ་སངས་རྒྱས་ཌཱཀྐི་ཡབ་ཡུམ་བསྐྱེད༔ རྩ་འདབ་ཐམས་ཅད་ལ་ཡང་དེ་དང་འདྲ་བའི་ཡབ་ཡུམ་བསྐྱེད༔ ལུས་ཀྱི་རྩ་འདབ་ཐམས་ཅད་ལའང་དེ་ལྟར་བསྐྱེད༔ དེ་རྣམས་ཐམས་ཅད་སྦྱོར་བ་བྱས་པས་སྦྱོར་མཚམས་ནས་དྭངས་མ་ཡེ་ཤེས་ཀྱི་བདུད་རྩི་བབ་པས༔ ལུས་ཐམས་ཅད་ཞོ་རྐྱལ་བཞིན་དུ་གང་བར་བསམ་སྟེ༔ སྟེང་འོག་གི་རླུང་བག་ཙམ་བཟུང༔ སྔོན་དུ་སྟོང་ར་དང་ཁྲོལ་མའི་ནད་འདོན་ཞག་གསུམ་བསྒོམ༔ དེ་ལྟར་བྱས་ན་འདུས་པའི་ནད་སེལ་ལོ༔ གྲང་བའི་ནད་ལའང་ལྟེ་བའི་རྩ་འདབ་པདྨ་དམར་པོ་བསྒོམ༔ དེའི་སྟེང་དུ་ཉི་མའི་དལ་འོད་དང་ལྡན་པ་རེ་བསམ༔ དེའི་སྟེང་དུ་པདྨ་ཌཱཀྐི་ཡབ་ཡུམ་མེའི་རང་བཞིན་དམར་པོའི་སྦྱོར་མཚམས་ནས་དྭངས་མ་མེའི་རང་བཞིན་རེག་བྱ་ཚ་བ་མཐུར་དུ་འབར་བ༔ གཡོན་དུ་མེ་ལྕེ་འཁོར་བས་ལྟེ་བ་མན་ཆད་གང་བར་བསྒོམ༔ རླུང་མནན་དཀྲུགས་འཁོར་བྱ༔ དེས་གྲང་བའི་ནད་སེལ་ལོ༔ རླུང་གསང་གནས་སུ་ཀརྨ་ཌཱཀྐི་ཡབ་ཡུམ་བསྒོམ༔ སྐུ་མདོག་ལྗང་ནག་གི་སྦྱོར་མཚམས་སུ་དྭངས་མ་ནག་པོ་སྣུམ་པའི་ཐིག་ལེ་ནང་དུ་སེམས་ཚུད་པར་བསྒོམ༔ དེས་རླུང་ནད་སེལ་ལོ༔ འབྱུང་བ་འཁྲུགས་པས་དྭངས་མ་སྐམ་སྟེ་ནད་འཇུག་པས༔ རྨ་ལ་སོགས་པ་གང་ན་བའི་སར་གོང་གི་དམིགས་པ་ཚ་གྲང་དང་སྦྱར་ནས་གཏད་པས༔ (༦༥)དྭངས་མ་འདུས་ཤིང་འབྱུང་བ་སྙོམས་པས་ནད་ཟུག་འཚོ་བ་ཡིན་ནོ༔ དེ་ནད་ཀུན་ལ་དམིགས་པ་འགྲེས་སུ་ཤེས་པར་བྱའོ༔ དེ་ལྟར་བྱས་ན་ལུས་ལ་བར་ཆད་མེད་པས་མྱུར་དུ་རིག་པ་མངོན་སུམ་ལ་བརྟན་པ་ཐོབ་བོ༔ དེ་ལྟར་གནད་ཀྱི་མན་ངག་ལྔ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་བདག་གིས་སྦྱར༔ ཀུན་ལ་མ་སྤེལ་རང་ཉིད་ཉམས་སུ་ལོངས༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཌཱཀྐིའི་རྒྱ༔ རྡོ་རྗེ་ཆུ་འཐུང༔ ཌཱཀྐི་ལམ་འབྲས༔ ཌཱཀྐི་གནད་ཐིག༔ ཌཱཀྐི་ཞལ་གདམས༔ ཞལ་གདམས་གནད་ཕྲེང་ངོ་༔ དགེའོ།། །།

རྡོ་རྗེ་ཆུ་འཐུང་།

༄༅༔ རྡོ་རྗེ་ཆུ་འཐུང་བཞུགས་སོ༔

༄༅༔ ཐགྲཏས༔ རྦ།གྲཏས༔ བདག་འདྲ་པདྨ་འབྱུང་གནས་ངས༔ ཕྱི་རབས་འདོད་སྲེད་རྣལ་འབྱོར་པས༔ ཕྱག་རྒྱ་ལམ་དུ་བྱ་འདོད་ན༔ བུ་མོ་ཡིད་འོང་དད་པ་ཅན༔ བདེ་ཆེན་རྒྱུན་གནས་བཅུ་དྲུག་ཡུམ༔ བོངས་འཚམ་སོ་ཚགས་དཀར་ལ་དམ༔ སྐྲ་སེར་ནུ་མ་སྟེང་ཕྲ་བ༔ སྐེད་ཕྲ་ཤ་འཇམ་སྐད་སྙན་ཞིང༔ སྙིང་རྗེ་བློ་ཆེ་རྒྱུད་དུལ་བ༔ རང་ལ་མོས་ཤིང་དྲི་ཞིམ་པ༔ རིགས་ལྔའི་མདོག་ལ་མདངས་དང་ལྡན༔ བྷ་ག་རུབ་ཅིང་བདེ་བ་ཆེ༔ དེ་ལྟ་བུ་ལས་བདེ་བ་བླང༔ དེ་ལ་སྤྱི་དོན་བདུན་གྱིས་བསྟན༔ དབབ་བཟུང་བཟློག་དགྲམ་སྐྱེ་ངོས་བཟུང༔ རང་ཡུམ་ཐིག་ལེ་དྲོང་བའོ༔ ཏིང་འཛིན་ལྡན་པས་ཡུམ་ལ་འཁྲིལ༔ འོ་བྱ་ལུས་སེམས་བདེ་བ་བསྐྱེད༔ བདེ་ལ་སེམས་བཟུང་དལ་བུས་བསྲུབས༔ བྱང་སེམས་འཆོར་བ་སྙམ་བྱེད་ན༔ སྒུལ་བསྐྱོད་བཤོལ་ལ་བདེ་བ་བཟུང༔ རྡོ་རྗེ་ནོར་བུའི་རྩ་བ་རུ༔ མཐིང་ནག་ཧཱུྃ་ལ་ཤེས་པ་གཏད༔ བདེ་ཤས་ཆུང་ན་སྒུལ་བསྐྱོད་བསྲུབས༔ ཏིང་འཛིན་བཟུང་ལ་ཡུན་དུ་སྦྱང༔ དེ་ནས་བཟློག་པ་བྱ་བ་ནི༔ དྷཱུ་ཏི་དབུ་མའི་ནང་ནས་ཡར༔ བ་ཐག་ལྟ་བུ་ཧཱུྃ་གིས་ཕུལ༔ གྱེན་དུ་སྤྱི་གཙུག་འཕངས་བྱས་ཏེ༔ ཧཱུྃ་རིང་ཧཱུྃ་དང་སྦྲག་པ་ཡིས༔ རྒྱུ་ཞབས་སྒལ་ལ་ཡང་ཡང་སྦྱར༔ སྤྱན་བཟློག་ཧཱུྃ་རིང་བགྲངས་པས་འདྲོངས༔ ཡང་ན་བྱང་སེམས་བབ་ཁ་རུ༔ བདེ་གསལ་འཛིན་མེད་མ་ཡེངས་བཞག༔ དེ་ཡིས་ཤོར་བ་སྲིད་མི་འབྱུང༔ དགྲམ་པ་རླུང་བཟུང་ལུས་ཉིད་དཀྲུགས༔ བརྐྱང་བསྐུམ་ཞགས་པ་འཕེན་བཞིན་བྱ༔ དེ་རྗེས་རང་བྱུང་ངང་དུ་བཞག༔ ལྷན་ཅིག་(༦༦)སྐྱེས་པའི་ཡེ་ཤེས་ནི༔ བདེ་བ་རྫོགས་དུས་ཉམས་སུ་མྱོང༔ སྨྲ་རུ་མི་བཏུབ་དོན་དེ་འབྱུང༔ བདེ་གསལ་འཛིན་མེད་ལྷན་སྐྱེས་དེའི༔ ངོས་བཟུང་རྗེས་ཀྱི་ཤེས་པ་སྐྱོང༔ བདེ་བའི་ཉམས་མྱོང་བརྟན་གྱུར་ན༔ ལུས་ལ་བསྐུ་མཉེ་བཅུད་ཅན་བཟའ༔ ཙོག་པུའི་འཁྲུལ་འཁོར་བཅས་ནས་ཀྱང༔ ནོར་བུའི་རྩེ་ནས་དུང་ཁང་དུ༔ ལུག་རིད་རྒྱུ་མ་ཕུས་བཏབ་བཞིན༔ སྟོང་པ་དྲང་པོ་ཉིད་དུ་བསམ༔ ནོར་བུའི་རྩེ་ནས་ཧཱུྃ་བྱུང་ཞིང༔ གྱེན་ལ་བྲེང་མ་ཆད་པ་རུ༔ དུང་ཁང་ཧཾ་ལ་ཐིམ་པར་བསམ༔ རླུང་བཟུང་བཤང་ལམ་རྒྱུ་ཞབས་སྦྱར༔ སྤྱན་བཟློག་མགྲིན་འགུག་ཧཱུྃ་རིང་བུས༔ ཞག་བདུན་ཟླ་གཅིག་བྱས་པ་ཡིས༔ སྦ་བ་སྦུབས་སུ་ནུབ་པར་འགྱུར༔ དེ་ལྟར་བསྟེན་ནས་ཕྱག་རྒྱའི་གྲངས༔ རྩ་བཙལ་རྩ་སློང་རྩ་སྒོ་དབྱེ༔ ཌཱཀྐིའི་ཞལ་གདམས་བཞིན་དུ་བྱ༔ ལྷན་ཅིག་འཁྲིལ་ཏེ་བདེ་བ་སྐྱེད༔ བདེ་བ་གཉིས་མཉམ་རྡོ་རྗེ་ཕུགས་སུ་བསྐྱོད་བྱས་ལ༔ ཕྱག་རྒྱ་མ་ཡི་དྭངས་མ་ནི༔ རྒྱ་སྐགས་མེ་ཏོག་ལྟ་བུ་དེ༔ ཧུབ་ཀྱིས་འཐུང་ནས་ནོར་བུ་ཡི༔ དྷཱུ་ཏི་སྟོང་པའི་ནང་ནས་ཡར༔ སྨྱུག་སྦུབས་ཆུ་དྲོང་དམིགས་པ་ཡིས༔ དུང་ཁང་ཧཾ་ལ་ཐིམ་བསམ་ཞིང༔ རླུང་བཟུང་ལྟེ་ཞབས་སྒལ་ལ་སྦྱར༔ ཧཱུྃ་རིང་ཧཱུྃ་ཐུང་རྒྱུན་མི་བཅད༔ ཡང་ཡང་བྱས་པས་འདྲོངས་པའི་རྟགས༔ ༼མོ་༽མི་བཟོད་༼པར་རྩུབ་བྱེད་པ་༽རྩུབ་དང་གྲུ་གུ་ལྟར༔ ༼གྱུར་ནས་༽དེ་རྗེས་ཡལ་ན་༼མོའི་བདེ་བ་༽འདྲོངས་པའི་རྟགས༔ ༼གཉིས་ཀའི་༽ཐིག་ལེ་འཕྲད་དུས་བདེ་བ་རྒྱས༔ གཉིས་ཀའི་རྟོག་པ་འཆར་བ་ཡིས༔ ཐོ་རངས་ལུས་བདེ་༼རང་གི་༽ཤེས་པ་གསལ༔ ལུས་ལ་དྲོད་སྐྱེ་འཕྱུགས་མེད་རྟགས༔ ཡུམ་ཉིད་ནང་པར་སྐྱ་ཕྱག་འགྲོ༔ དེ་ནས་ཕྱག་རྒྱའི་བཀྲག་མདངས་གསོ༔ ༼མ་གསོས་ན་བདེ་བ་འཛར་༽བདག་ཉིད་འདམ་སེང་ལྟར་འགྲོའོ༔ གསང་སྔགས་ཡོན་ཏན་ཐམས་ཅད་འབྱུང༔ དེ་ལྟར་རང་གི་བརྟན་པ་དང༔ ཐིག་ལེ་བྷ་གར་ཕབ་ལ་དྲོང༔ ༼བབ་མ་ཐག་ལ་འདྲོངས་ཡུན་དུ་སོང་ན་མི་འདྲོངས་༽འདྲོངས་པར་འབྱུང་བ་ཐེ་ཚོམ་མེད༔ དགྲམ་པ་གོང་བཞིན་ཤེས་པར་གྱིས༔ ཡང་ཡང་བསྒོམས་ཤིང་བསླབ་པར་བྱ༔ སྐྱོན་དུ་སོང་ན་༼ཐིག་ལེའི་གེགས་གཅིག་ཀྱང་མ་སོང་བ་དང་(༦༧)བུ་མི་འབྱུང་བ་ལ་སོགས་༽བག་རེ་བཏང༔ བཏང་དུ་བྷ་གར་ཌཱཀྐི་བསྐྱེད༔ ཡབ་ཡུམ་མཆོད་པར་བསྔོས་ལ་དབུལ༔ དེ་ཡི་བསོད་ནམས་བརྗོད་མི་ལང༔ རྗེས་ཤེས་ཡབ་ཡུམ་ཐབས་ཤེས་རབ༔ གཉིས་མེད་མཉམ་སྦྱོར་སྒྱུ་མའི་གཟུགས༔ འཇའ་ཚོན་ལྟར་དྲངས་སོ་སོར་གསལ༔ སྤྱོད་ལམ་མ་ཞན་དམ་ཚིག་ཡིན༔ བདེ་ཆེན་རྣམ་དག་ཡེ་ཤེས་སྐུ༔ ཚེ་འདི་ཉིད་ལ་འཐོབ་པར་འགྱུར༔ རྡོ་རྗེ་ཆུ་འདྲེན་མན་ངག་གནད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ།། །།

ཞི་བ་བར་དོ་ལམ་གྱི་མཚན་ཉིད།

༄༅༔ ཞི་བ་བར་དོ་ལམ་གྱི་མཚན་ཉིད་བཞུགས་པའོ༔

༄༅༔ བྲ།ཀྱ།མ༷ཊགྲ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ རྡོ་རྗེ་ལམ་གྱི་མཚན་ཉིད་བསྡུས༔ རྡོ་རྗེ་སེམས་དཔའི་གསང་ལམ་འདི༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ རིག་པ་མངོན་སུམ་གྱི་དོན་རྟོགས་པའི་རྣལ་འབྱོར་པས༔ བླ་མའི་གདམས་ངག་ཡོད་པ་དེ་ཡང༔ ལས་དང་ཉོན་མོངས་པ་སྤོང་ཞིང༔ སྒོམ་ལོངས་མ་བྱུང་ན་བར་དོའི་གདམས་པ་འདི་ལ་འདྲིས་པར་བྱས་ཏེ༔ ཡེ་ཤེས་ཀྱི་གསང་ལམ་རྡོ་རྗེ་སེམས་དཔའི་དགོངས་པ་གཟུང་བར་བྱའོ༔ དེ་ལ་སྐྱེ་ནས་གནས་པའི་བར་དོ་ལ༔ ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ༔ རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་དང་གཅིག༔ འཆི་ཁའི་བར་དོ་ལ་གདམས་པ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བུའི་གདམས་པ་དང་གཉིས༔ ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པར་བྱ་བ་མ་དང་བུ་ཕྲད་པ་ལྟ་བུའི་གདམས་ངག་དང་གསུམ༔ སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་བཞིའོ༔ བར་དོའི་སོ་མཚམས་ནི་སྐྱེས་ནས་གནས་པའི་བར་དོ་ནི་མ་ལས་སྐྱེས་ནས་ཤི་རྐྱེན་གྱིས་མ་བཏབ་པ་ཚུན་ཆད་དོ༔ དེ་ནས་དབུགས་ནང་དུ་ཁྲོག་གི་ཆད་པ་ཚུན་ཆད་འཆི་ཀའི་བར་དོའོ༔ དེ་ནས་ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་བསླེབས་པ་ཚུན་ཆད་ཆོས་ཉིད་ཀྱི་བར་དོའོ༔ དེ་ནས་མངལ་གྱི་གྲོང་ཁྱེར་དུ་ཚུད་པ་ཚུན་ཆད་སྲིད་པའི་བར་དོ་ཟེར་བ་(༦༨)ཡིན་ནོ༔ དེ་ལ་སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུའི་གདམས་པ་ནི༔ སྐྱེས་ནས་བླ་མ་མཚན་ཉིད་དང་ལྡན་པ་ལ་གཏུགས་ཐོས་བསམ་སྒོམ་གསུམ་གྱིས་ཕྱི་ནང་གི་སྒྲོ་འདོགས་ཐམས་ཅད་ཆོད་པར་བྱས་ལ༔ དེས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ནས་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བའོ༔

དེ་ནས་འཆི་ཁའི་བར་དོ་ལ་གདམས་པ་མི་གསལ་བ་གསལ་གདབ་པ༔ སྒེག་མོ་མེ་ལོང་བལྟ་བ་ལྟ་བུ་ནི་གཉིས་ལས༔ དང་པོར་རིམ་གྲོས་འཆི་བ་བསླུ་བར་བྱ༔ དེས་ཀྱང་མི་བསླུས་པ་འདྲ་ན༔ ཉི་ཟླ་ཁ་སྦྱོར་ལས༔ སྐྱེས་བུའི་ལུས་ལ་ནད་བཏབ་ན༔ རྟགས་དེ་སུ་ལ་བྱུང་བ་དེ༔ ཤི་བའི་དུས་ནི་བཏབ་པ་ཡིན༔ ས་ནི་ས་ལ་ཐིམ་པ་དང༔ དེ་བཞིན་ཆུ་དང་མེ་དང་རླུང༔ སོ་སོར་རང་ལ་ཐིམ་པ་ནི༔ སྐྱེས་བུའི་ལུས་ལ་འདི་ལྟར་འོང༔ ཞེས་སོ༔ དེ་ཡང་ས་ས་ལ་ཐིམ་པའི་རྟགས་སུ་ལུས་ལྗི༔ ལྡང་མི་ནུས༔ བྱིང་བ་སྙམ་བྱེད༔ ཆུ་ཆུ་ལ་ཐིམ་པའི་རྟགས་སུ་ཁ་ཆུ་སྣ་ཆུ་ཕྱིར་འོང༔ དེ་ནས་སྐམ་འགྲོ༔ མེ་མེ་ལ་ཐིམ་པའི་རྟགས་སུ་ཁ་སྣ་སྐམ་ཡན་ལག་གི་མཐིལ་བཞི་ནས་དྲོད་འཆོར༔ ལུས་ཀྱི་བཀྲག་ཀྱང་འཆོར་རོ༔ རླུང་རླུང་ལ་ཐིམ་པའི་རྟགས་སུ་དབུགས་ལ་རིང་ཐུང་བྱེད་ཅིང་ངར༔ ཡན་ལག་འབྲད་མིག་གྱེན་ལ་ལྡོག༔ ལུས་སྟོབས་འཆོར༔ དེའི་དུས་སུ་གསལ་གདབ་པ་ནི་རང་ལ་ཆོས་ཉིད་ཀྱི་བར་དོ་ལ་སྣང་བ་འདི་ལྟ་བུ་འཆར༔ འདི་རང་སྣང་དུ་ངོ་ཤེས་པར་བྱའོ༔ སྙམ་པ་ཡིད་ལ་གསལ་ན་དེས་ཆོག༔ དེ་མི་དྲན་ན་བླ་མའམ་མཆེད་གྲོགས་དམ་ཚིག་གཙང་མས་ནད་པའི་རྣ་བ་གཡོན་པར་སྨྱུག་སྦུག་བཙུགས་ལ་ལན་གསུམ་གསལ་གདབ༔ དེས་ནི་ཆོས་ཉིད་ཀྱི་བར་དོ་མི་ཟིན་མི་སྲིད་དོ༔ དཔེར་ན་མི་བརྟན་པོ་ལ་ཕྲིན་བསྐུར་ན་ཕྱོགས་གང་དུ་ཕྱིན་ཀྱང་མི་བརྗེད་པ་དང་འདྲའོ༔ ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ཡིད་ཆེས་པ་མ་དང་བུ་ཕྲད་པ་ལྟ་བུ་ནི༔ དེ་ལ་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་ལུས་སེམས་འབྲེལ་ཆད༔ དབུགས་བར་སྣང་ལ་ཡལ་བས་ལུས་བེམ་པོར་ལིངས་ཀྱིས་འགྲོའོ༔ རིག་པ་མེ་སྟག་ཡལ་བ་ལྟར་(༦༩)ཆོས་ཉིད་ཀྱི་བར་དོ་ལ་སླེབ་པའི་དུས་སུ་མིང་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ ཕྱིའི་སྣང་བ་ས་རྡོ་རི་བྲག༔ རྩི་ཤིང་ནགས་ཚལ་ལ་སོགས་པའི་རྟོག་པ་ཐམས་ཅད་འགགས༔ ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་འཆར་ཚུལ་ནི༔ གོང་དུ་སྣང་བ་མཐོང་བ་ཐམས་ཅད་ནི་སྔར་ངོ་སྤྲད་པ་ལྟར་འོད་ཁ་དོག་ལྔ་ལྡན་དུ་སྣང་བ་ལ་མནན་ན་ནེམ་པ་སྙམ་པ་ལ༔ བཏེག་ན་འཕར་བ་ལྟ་བུའི་སྣང་བ་འཆར་རོ༔ ཐལ་འགྱུར་ལས༔ འདིར་ནི་ཆོས་ཉིད་བར་དོ་བཤད༔ འཆི་ཁ་ལས་ནི་ཐལ་བའི་ཚེ༔ རྣམ་ཤེས་ནམ་མཁའ་དག་ལ་ཐིམ༔ ནམ་མཁའ་འོད་གསལ་དག་ལ་ཐིམ་པའི་དུས༔ ཕྲ་རགས་སྣང་བ་ཀུན་འགགས་ཏེ༔ དབང་པོ་ཀུན་ལྡན་འོད་ཀྱི་ལུས༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ དེ་ཚེ་འོད་སྣང་དུམ་བུའི་ཚེ༔ མཁའ་ལ་སྣང་བ་མཆེད་པའི་གཟུགས༔ གཡོ་བ་རླུང་དག་མཆེད་པ་ཡིས༔ ཁ་དོག་ལྔ་ཡི་འོད་ཟེར་རྣམས༔ མ་ངེས་འཇའ་ཚོན་རིས་སུ་སྣང༔ ཞེས་པ་དང༔ ཉི་ཟླ་ཁ་སྦྱོར་ལས༔ རང་བཞིན་དག་པའི་སྣང་བ་འདི་ལྟ་སྟེ༔ སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ དབུགས་ཕྱི་སྣང་གི་འགྲུལ་ཐག་ཆད་མ་ཐག་ཏུ་རང་གི་དབང་པོ་རྣམས་ཀྱི་ཆ་ལ་དངོས་པོར་སྣང་བ་མེད་དེ་ཡོད་པ་སྙམ་པའི་ཤེས་པ་ནི་འགྱུས་སོ༔ གདོས་བཅས་ཀྱི་ལུས་ནི་མི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་ལོ༔ དེའི་དུས་སུ་མཐོང་ཚད་ཙམ་དུ་འོད་ལྔའི་ད་ལར་སྣང་ངོ་༔ དེ་རྣམས་ཀྱང་སྣང་བའི་འོད་ཟེར་དེ་དག་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ་ལ་སོ་སོར་མ་འདྲེས་པ་བལྟས་ན་ཤིན་ཏུ་ཕྲ་བ༔ རྒྱུ་བ༔ འགུལ་བ༔ འཕྲིག་པ༔ རབ་ཏུ་འཚེར་བ་ལ༔ ལྷུན་སྡུག་པའོ༔ ཤིན་ཏུ་རྒྱ་ཆེ་བ་ལ་དཔག་པའམ༔ དམིགས་སུ་མ་ཚུད་པ༔ དཔངས་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ༔ ད་ལ་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་སོ༔

དེ་དག་ནི་ཁ་དོག་ལྔ་དང་ལྡན་ཏེ་དང་པོ་རང་ས་ན་གསལ་ལ༔ འོད་ཟེར་འཕྲོ་བ་དེ་བཞིན་དུ་སེར་པོ་དམར་ལྗང་མཐིང་ཀ་རང་ས་ན་གསལ་ལ་འོད་ཟེར་འཕྲོ་བས་ཏེ༔ དེ་དག་ཀྱང་འབྱར་ལ་མ་འདྲེས་(༧༠)པ་ཁ་དོག་གསལ་ལ་ཤིན་ཏུ་ལྷུན་སྡུག་པར་གནས༔ ཞེས་སོ༔ དེ་ནས་ཡང་སྐྱེས་བུའི་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནི་འདི་ལྟར་འབྱུང་ངོ་༔ ཐལ་འགྱུར་ལས༔ འཇུག་ཅིང་སྨིན་པའི་རླུང་ལ་ཡང༔ ཕྱོགས་བཞི་མཚམས་དང་སྟེང་འོག་དྲུག༔ དེ་ལ་ཕྱོགས་ཀྱི་འོད་འདུས་པས༔ རིགས་ལྔའི་སྐུ་ཡང་མངོན་པར་སྣང༔ མཐིང་ཀ་དཀར་སེར་དམར་ལྗང་ནི༔ སོ་སོའི་ཡུམ་དང་བཅས་པར་སྣང༔ སོ་སོའི་ཚོམ་བུ་རྫོགས་པ་ལ༔ ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང༔ ཚོམ་བུ་སྟོང་དང་འབུམ་ཕྲག་ནི༔ བསམ་ངོ་རང་བཞིན་དག་པ་ཡིས༔ བརྗོད་ཀྱིས་མི་ལངས་གྲངས་མེད་པར༔ ཞེས་སོ༔ ཡང་སྔ་མའི་འཕྲོ་ལས༔ སྔ་མ་དེ་དག་སྐུའི་སྣང་བ་རང་འཆར་ཏེ༔ སྐུ་དེ་དག་ཀྱང་མི་ཆེ་བ༔ མི་ཆུང་བ༔ ཆ་མཉམ་པ༔ རྒྱན་ཁ་དོག་བཞུགས་ཚུལ་དང་གདན་ཁྲི་དང་རང་རང་གི་ཕྱག་རྒྱ་དང་བཅས་ཏེ་སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ༔ ལྔ་ཚན་རེ་རེ་ལ་འོད་ལྔའི་མུ་ཁྱུད་དང་བཅས་པ༔ ཡབ་ཀྱི་ཆ་འཛིན་པའི་རིགས་དང་ཡུམ་གྱི་ཆ་འཛིན་པའི་རིགས་དང༔ སེམས་དཔའ་དང༔ སེམས་མ་དང༔ ད་ལ་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ༔ ཞེས་སོ༔

དེ་ནས་ཡང་འདི་ལྟར་འབྱུང་སྟེ༔ དུས་གསུམ་གྱི་གནད་གསུམ་སྟེ༔ འཇུག་པ་ཤེས་པའི་གནད༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དང་གསུམ་མོ༔ འོད་རང་གི་རིག་པ་ལ་ཚུར་འཇུག་པ་ནི་འོད་སྣང་དེ་དག་སྐུ་ལྔ་ལྔའི་སྣང་བ་འཆར་རོ༔ དེ་དག་གི་ཐུགས་ཀ་ནས་འོད་ཤིན་ཏུ་ཕྲ་བ་ཉི་མའི་ཟེར་ཐག་འདྲིལ་བ་ལྟ་བུ་རེ་རེ་བདག་གི་སྙིང་ཁར་འཆར་ཏེ་འདིའི་དུས་ན་རང་བཞིན་གྱི་བསམ་གཏན་ལ་གནས་པར་འགྱུར་རོ༔ དེ་ཡང་རྒྱུད་ལས༔ དེ་ཚེ་རང་གི་སྙིང་ཁ་ནས༔ འོད་ཤིན་ཏུ་ཕྲ་བ་གཅིག་འཆར་ཏེ༔ ཚོམ་བུའི་འོད་ཟེར་དང༔ རང་གི་སྙིང་གའི་འོད་དེ་གཉིས་འབྲེལ་བའི་ཚེ་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཁར་འབྲེལ་ཏེ་འཆར་རོ༔ དེ་ལ་རང་གི་ཤེས་པས་ཟིན་ཏེ་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ༔ དེས་ན་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ༔ སྣང་བ་དེ་ཀུན་ཡང་འཕྲིག་པ་མངོན་པར་སྣང་བ་སྙམ་མོ༔ སྙིང་(༧༡)ཁའི་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ༔ ཞེས་གསུངས་སོ༔ ཡང་རིག་པ་འོད་ལ་འཇུག་པ་ནི་སྣང་བ་ལ་རང་གི་སྙིང་ཁ་ནས་ཐིག་ལེ་ཕྲ་མོ་གྲངས་མེད་པ་ལྷའི་ཚོམ་བུའི་ཐུགས་ཀར་འབྲེལ་བ་འབྱུང་ངོ་༔ དེ་ལ་རང་གི་ཤེས་པ་བག་ཡངས་སུ་སྤྱད་དོ༔ ཞེས་རྒྱུད་ལས་གསུངས་སོ༔ དེ་ནས་ཡང་རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ༔ དེ་ནས་སྐུ་དེ་དག་ཀྱང་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ༔ དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ༔ དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་དང་བུ་འཕྲད་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག༔ ཅེས་གསུངས༔ གྲོལ་བ་ལུས་ཀྱི་གནད་ནི་དེའི་དུས་སུ་ཕུང་པོ་ལྔའི་བདག་ཏུ་བཟུང་བ་རང་སར་དེངས་ནས་ལུས་འོད་གསལ་དུ་གྲོལ་ནས་ཆོས་ཉིད་ལ་གནས་སོ༔ འབྱུང་བ་ཕྲ་རགས་ལས་གྲོལ་ནས་སྣང་བ་ཐམས་ཅད་འོད་གསལ་བདེ་བ་ཆེན་པོར་གྲོལ་ལོ༔ ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་ཡེ་ཤེས་མ་ལ་བུ་ཐིམ་དུ་སོང་བའོ༔ དེ་ནས་ཡང་འདིའི་དུས་སུ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞིག་རང་གི་སྙིང་ཁར་འཆར་བ་ནི་སྔོན་དུ་འོད་དཀར་པོའི་སྣམ་བུ་གཅིག་འཆར༔ དེའི་སྟེང་དུ་སེར་པོ༔ དེའི་སྟེང་དུ་དམར་པོ༔ དེའི་སྟེང་དུ་མཐིང་ཁ༔ དེའི་སྟེང་དུ་ཐིག་ལེ་མེ་ལོང་ཁ་སྦུབ་པ་ལྟ་བུ་ལྔ་བརྩེགས་སམ༔ དགུ་བརྩེགས་སུ་འཆར་རོ༔ དེ་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ༔ རྒྱུད་ལས་ཀྱང༔ རང་གི་སྙིང་ཁ་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་གཅིག་འཆར་རོ༔ དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་༔ དེའི་དུས་སུ་རང་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་སྣང་བས་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ༔ དེ་ཡང་དང་པོ་མཐིང་ཁའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ༔ དཔེར་ན་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་ཤིན་ཏུ་གསལ་བ༔ འཚེར་བ་དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ༔ དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་(༧༢)པ་འཆར་རོ༔ གཞན་རྣམས་ལ་དེས་འགྲེའོ༔ ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་ཐིག་ལེ་ཤིན་ཏུ་དཀར་བ་ལ་དམར་བའི་མདངས་ཆགས་པ༔ དཔེར་ན་ཤེལ་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་གོང་བཞིན་འཆར་རོ༔ སེར་པོའི་སྣམ་བུའི་སྟེང་དུ་ཡང་དཔེར་ན་གསེར་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་གོང་བཞིན་འཆར་རོ༔ དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་བྱི་རུའི་ཕོར་པ་ཁ་སྦུབ་པ་ལྟ་བུ་གོང་དང་འདྲ་བར་འཆར་རོ༔ དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ལ་རྨ་བྱའི་གདུགས་ལྟ་བུ་འཆར་རོ༔ དེ་དག་ཀྱང་ཡེ་ཤེས་ལྔའི་རྣམ་པས་ཏེ༔ བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་༔ དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་གསུངས་སོ༔ དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ༔ དེ་ནས་མཐར་ཕྱིན་པའི་དུས་སུ༔ ཡིད་ཆེས་པའི་གནད་གསུམ་སྐྱེས་ཏེ༔ སྔར་ཤར་བའི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་དང་བུ་ཕྲད་པ་ལྟ་བུ་དྲན་པས༔ སྔར་འདྲིས་པའི་མིས་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟ་བུའོ༔ རང་ལ་རང་སྣང་དུ་ངོ་ཤེས་པས༔ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པས་དཔེར་ན་སྨན་པ་མཁས་པས་མི་གཅིག་ལ་སྙིང་ཆུ་ཞུགས་པ་ཐུར་མས་ལམ་དུ་འདྲེན་པ་ལྟར་ཆོས་ཉིད་རྣམ་པར་དག་པའི་ལམ་འགྱུར་བ་མེད་པ་ཡིན་པར་ཡིད་ཆེས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ༔ དེ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུ་ནི་དཔེར་ན་གྱད་སྟོབས་པོ་ཆེའི་མདའ་དེ་གང་ལ་ཡང་ཐོགས་པ་མེད་པར་ཐལ་གྱིས་འགྲོ་བ་ལྟར༔ རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ་རང་གི་སྣང་བ་ཁ་དོག་མཐིང་ག་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ༔ དཔེར་ན་ཉི་མ་ལ་འཇའ་འཁྱིལ་པ་ལྟ་བུ་དབང་པོས་ཁྱབ་ཚད་དུ་སྣང་ངོ་༔ དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་གཅིག་གདུགས་ལྟར་འཆར་རོ༔ ཞེས་གསུངས་སོ༔ དེའི་དུས་ན་འཆར་ལུགས་རྣམ་པ་བརྒྱད་འཆར་ཏེ༔ དེ་ཡང་རིག་པ་འདི་ཐུགས་རྗེ་ལྟར་འཆར་བས་འཁོར་འདས་རྒྱ་མ་ཆད༔ འོད་(༧༣)ལྟར་འཆར་བས་སྣང་བ་ཐམས་ཅད་ནང་གསལ༔ སྐུ་ལྟར་འཆར་བས་ཤེས་པ་ཁ་ཕྱིར་མ་ཤོར༔ ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ༔ གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས༔ མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས༔ མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མི་འགགས༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བའོ༔ རིན་ཆེན་སྤུངས་པའི་རྒྱུད་ལས༔ ཐུགས་རྗེ་ལྟ་བུར་འཆར་ཚུལ་ལས༔ སེམས་ཅན་ཀུན་གྱི་སྐྱོབ་པའི་གནས༔ སྣང་བ་རང་གསལ་འགགས་མེད་ལས༔ འོད་ལྔའི་གསལ་བྱེད་ཚུལ་དུ་གནས༔ མཁྱེན་པའི་སྣང་ཆ་མ་འགགས་པས༔ ཡེ་ཤེས་དག་པའི་སྒོ་ཉིད་དུ༔ སྣང་བ་འགགས་མེད་ལམ་ལྟར་ཤར༔ རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར༔ ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང༔ ཤེས་པ་ངོ་བོ་གཅིག་ཡིན་པས༔ གཉིས་སུ་མེད་པ་ལྟར་ཡང་ཤར༔ དེ་ཉིད་རང་སར་གནས་མེད་པས༔ མཐའ་གྲོལ་ཆེན་པོའི་སྣང་བ་ནི༔ ངེས་མེད་ལྷུན་གྲུབ་གཞི་ལ་སྣང༔ རིག་པ་ཟང་ཐལ་གཅིག་རྫོགས་ཕྱིར༔ དག་པ་ཡེ་ཤེས་ཉིད་ཀྱི་སྒོ༔ ངོ་བོ་ཉིད་དུ་འབྲེལ་བའོ༔ བྱུང་ཚུལ་འགག་པ་མེད་པའི་ཕྱིར༔ སེམས་ཅན་རྣམས་ཀྱི་བྱུང་ཁུངས་སོ༔ མ་དག་འཁོར་བའི་སྒོ་ལྟར་ཡང༔ ཁྱབ་བྱེད་སྣང་བའི་ཆ་ལས་ཤར༔ ཞེས་སོ༔ དེའི་སྐད་ཅིག་མ་དང་པོ་ལ་མངོན་པར་ཤེས་པ་དྲུག་ཕྲག་དྲུག་འཆར༔ དབང་པོའི་མངོན་པར་ཤེས་པ་དྲུག༔ སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག༔ ཤེས་རབ་ལ་དབང་ཐོབ་པའི་མངོན་པར་ཤེས་པ་དྲུག༔ ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག༔ ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག༔ སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་མངོན་པར་མཁྱེན་པ་དྲུག་འཆར་ཏེ༔ དེ་སྐད་དུ་ཡང་རྒྱུད་ལས༔ དེ་ཚེ་རིགས་ཀྱི་བུ་དེ་ལ༔ མངོན་པར་ཤེས་པ་དྲུག་འཆར་ཏེ༔ ཞེས་གསུངས་སོ༔

གཉིས་པ་ཐད་ཀར་རིགས་ལྔའི་གཙོ་འཁོར་གྱི་ཚོམ་བུར་གསལ༔ མར་འགྲོ་བ་རིགས་དྲུག་གི་སྐྱེས་གནས་དང༔ ལས་དང་སྡུག་བསྔལ་(༧༤)དང༔ ཚེ་ཚད་ལ་སོགས་པ་གསལ༔ གཞིའི་དངོས་པོ་འདུག་ཚུལ་གསལ་བར་འབྱུང་བ་ནི༔ རྗེས་སུ་དྲན་པ་དྲུག་པོ་ལས་འབྱུང་བའོ༔ ལྷ་རྗེས་སུ་དྲན་པས་ཡི་དམ་ལྷ་ཞལ་མཐོང་བ་དང༔ ལམ་རྗེས་སུ་དྲན་པས་བར་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༔ སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༔ བསམ་གཏན་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༔ བླ་མའི་གདམས་ངག་རྗེས་སུ་དྲན་པས་རང་གི་སྣང་བ་མཐོང་བ་དང༔ གཉིས་སུ་མེད་པར་སྤྱོད་པ་དང༔ ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུ༔ དེ་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེས་ཏེ༔ སྔོན་གྱི་ཆོས་རྣམས་ཀྱང་རྒྱུད་ལ་དུས་གཅིག་ལ་འཆར་རོ༔ དེ་བཞིན་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན༔ ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ༔ རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བས༔ རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ༔ དེ་ནས་ཡང་ལྷུན་གྲུབ་རིན་པོ་ཆེ་ལ་ངེས་པ་རྙེད་པས་ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་སྟེ༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ཉི་མ་རྒས་ནས་ཟེར་འདུས་པ་ལྟར༔ རིགས་དྲུག་སྣང་ཆ་ལ་འདུས་པས་མ་དག་པའི་མིང་མེད་མཐོང་སྣང་ལས་འདས་སོ༔ འོད་འོད་ལ་ཐིམ་པ་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་དང་ཁ་དོག་མཚན་མའི་རིས་མེད༔ སྟོང་པ་ངོས་བཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག༔ སྐུ་སྐུ་ལ་ཐིམ་པ་བུམ་པའི་སྐུ་ལྟར༔ ཤེས་བྱ་ནང་དུ་གསལ་བས་སོ༔ མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་པས་རང་ངོ་རྣམ་པར་དག་པའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་ཞུགས་པ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ་གཉིས་སུ་མེད་པར་འདྲེས་སོ༔ གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར༔ སྟོང་པ་ལ་གཏད་པའི་ཡུལ་མེད༔ དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེ་གངས་ཟིན་པ་ལྟ་བུར་ཉམ་ང་(༧༥)དང་བྲལ་བའོ༔ མ་དག་པ་འཁོར་བའི་སྒོ་ནི་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ཏུ་འདུས་སོ༔ རིག་པ་རང་ཤར་ལས༔ ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ༔ རིག་པ་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ༔ དེ་ལ་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ༔ དཔེར་ན་ཉི་མ་རྒས་པའི་ཟེར་ལྟ་བུའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་ཞུགས་པ་ལྟ་བུའོ༔ འོད་འོད་ལ་ཐིམ་པ་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ༔ སྐུ་སྐུ་ལ་ཐིམ་པ་དཔེར་ན་བུམ་པའི་ལྷ་སྐུ་ལྟ་བུའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་དཔེར་ན་ཆུ་ལ་ཆུ་ཐིམ་པ་ལྟ་བུའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ༔ དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་སྐུ་ལ་ཐིམ་པ་ནི་དཔེར་ན་སེང་གེ་གངས་ཟིན་པ་ལྟ་བུའོ༔ ཞེས་པ་དང༔ རིན་ཆེན་སྤུངས་པ་ལས༔ རོལ་པ་ཙམ་དུ་ཐིམ་ལུགས་བརྒྱད༔ ཡོན་ཏན་ཚུལ་དུ་འདི་ལྟ་བུ༔ ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ༔ རང་གི་ངོ་བོ་རང་ཐིམ་པས༔ དཔེར་ན་ཉི་མའི་སྙིང་པོ་ལ༔ རང་གི་ཟེར་རྣམས་ཐིམ་པ་ལྟར༔ རང་གི་མདངས་དང་བཅས་པ་ཡི༔ གཟིགས་སྣང་ཐམས་ཅད་མྱ་ངན་འདའོ༔ ཞེས་པ་ལ་སོགས་རྒྱས་པར་བསྟན་ནོ༔ དེ་ནས་ཀ་དག་གི་ས་ལ་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ སེང་གེ་རྩལ་རྫོགས་ལས༔ ཞག་ལྔ་དག་ཏུ་ཏིང་ངེ་འཛིན༔ ཅེས་པ་དང༔ སྐུ་གདུང་འབར་བ་ལས༔ བར་མ་དོ་ཡི་ཆོས་ཉིད་ལ༔ སྐད་ཅིག་ལྔ་ལ་གྲོལ་བར་འགྱུར༔ ཞེས་གསུངས་སོ༔

ཉི་ཟླ་ཁ་སྦྱོར་ལས༔ དེ་ལྟར་ན་དབང་པོ་ནི་གསུམ་སྟེ༔ རབ་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ༔ འབྲིང་ཞག་ལྔ་ལ་བརྟན་པ་ཐོབ་པ་ཡང་ཡོད་དོ༔ སྐད་ཅིག་མ་ཉི་ཤུ་རྩ་གཅིག་ལ་བརྟན་པ་ཐོབ་པ་ཡང་ཡོད་དོ༔ ཐ་མ་རྣམས་ནི་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱས་སོ༔ རིག་པ་རང་ཤར་ལས༔ དབང་པོའི་བྱེ་བྲག་གིས་ཆོས་ཉིད་བར་དོ་ལ་ཞག་ཉི་ཤུ་གཅིག་ཏུ་བཤད་དོ༔ འདིའི་བརྩོན་འགྲུས་ཐ་མ་ནི༔ དེར་དབང་པོ་ཁ་འཁྱལ་ནས༔ སྲིད་པ་བར་དོ་སྣང་བའི་ས་མཚམས་སུ་སྣང་བ་ལས༔ འདིར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་(༧༦)འཛུགས་པ་ལྟ་བུའི་བག་ཆགས་ཀྱིས་མཚམས་སྦྱར་བ་ནི༔ རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ༔ དབུགས་དབྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ་རྫུས་ཏེ་སྐྱེས་ནས་རྨི་ལམ་སད་པའི་ཚུལ་དུ༔ ཤར་མངོན་པར་དགའ་བའི་ཞིང་ཁམས་སུ༔ ལོ་བརྒྱར་དབུགས་ཕྱུང་ནས་ཆོས་ཉིད་བར་དོ་མེད་པར་ཡང་དག་པར་རྫོགས་པར་སངས་རྒྱའོ༔ དེ་ཡང་ཤར་མངོན་པར་དགའ་བའི་ཞིང་ཁམས་སུ་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང༔ ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་སུ༔ རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར༔ ནུབ་པདྨ་བརྩེགས་པའི་ཞིང་ཁམས་སུ༔ པདྨ་རིགས་ཀྱི་སྤྲུལ་པ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ལུང་སྟོན༔ བྱང་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ལས་ཀྱི་རིགས་ཀྱི་སྤྲུལ་པ་དོན་ཡོད་གྲུབ་པས་ལས་དང་བག་ཆགས་ཀྱི་མཐའ་ཟད་པར་བྱས་ནས༔ དེ་ཉིད་ལས་གྲོལ་ནས་འབྲས་བུ་སངས་རྒྱའོ༔ རང་ཤར་ལས༔ བདེན་པ་མཐོང་བའི་གང་ཟག་ནི༔ རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༔ ཕྱོགས་བཅུའི་སྤྲུལ་པའི་ཞིང་ཁམས་སུ༔ གནས་ནས་མཐར་ཕྱིན་གྲོལ་བར་འགྱུར༔ ཞེས་པ་དང༔ སྐུ་གདུང་འབར་བའི་རྒྱུད་ལས༔ འདི་ནི་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས༔ ཞེས་པ་དང༔ ཉི་ཟླ་ཁ་སྦྱོར་ལས༔ རང་གར་འཛིན་པའི་བག་ཆགས་དང༔ རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ༔ བར་དོ་མེད་པར་སངས་རྒྱས་རྙེད༔ ཅེས་རྒྱས་པར་བཤད་དོ༔ འདི་ཉིད་ཀྱི་ངོ་སྤྲོད་མ་ཐོབ་པའམ༔ འགྲོ་བ་ཕལ་པ་ཤི་བ་ནི་ཆོས་ཉིད་བར་དོ་ངོས་མ་ཟིན་ཏེ༔ དེ་ལས་སྲིད་པ་ལས་ཀྱི་ཁ་འཁྱལ་ནས་སྲིད་པའི་བར་དོ་ཞེས་བྱ་བར་ལས་ཀྱི་མཐའ་འཁོར་བ་ནི༔ ཡིད་ཀྱི་ལུས་ལ་དབང་པོ་ཀུན་ཚང་བ༔ གར་ཡང་ཐོགས་པ་མེད་པའི་ལུས་དང་ལྡན་པས་ནམ་མཁའ་ལ་བྱ་སྒྲོ་རླུང་གིས་བསྐྱོད་པ་ལྟར་དུ་ཕྱད་ཕྱོད་ཡད་ཡུད་དུ་ཀུན་ཏུ་སྙོམས་ཤིང་འཇུག་པར་བྱེད་དོ༔ འདིའི་དུས་ན་རང་གིས་གཟུགས་ནི་མཐོང་ལ་དཔེར་ན་རྨི་ལམ་གྱི་གཟུགས་ལྟ་བུའོ༔ གཞན་གྱིས་གཟུགས་(༧༧)ནི་མི་མཐོང་སྟེ༔ དཔེར་ན་སྐར་ཁུང་གི་ཉི་ཟེར་གྱི་རྡུལ་ལྟར་སྣང་ངོ་༔ དེས་ལས་བཟང་པོ་བསགས་པ་རྣམས་ནི༔ གནས་མཐོན་པོར་སྐྱེ་ལ༔ ངན་པ་བསགས་པ་རྣམས་ནི་ངན་སོང་དུ་སྐྱེའོ༔ དུས་རྒྱུན་དུ་དེ་བཞིན་དུ་འཁོར་རོ༔ དེ་ལ་འཁོར་བ་ལུ་གུ་རྒྱུད་ཅེས་བྱའོ༔ མངོན་སུམ་སྙིང་ཐིག་ཐོབ་པའི་སྐྱེས་བུ་དེ་ནི༔ དབང་པོ་རབ་ལྷག་མེད་དུ་སངས་རྒྱ༔ འབྲིང་བར་དོ་མེད་པར་སངས་རྒྱ༔ ཐ་མ་ཡང་ཆོས་ཉིད་བར་དོ་དེ་ལ་ངོ་ཤེས་ནས་སངས་མི་རྒྱ་མི་སྲིད་དོ༔ ཡང་མཐའ་ངོ་སྤྲོད་ཐོབ་སྟེ༔ བདེན་པ་མཐོང་བའི་གནད་ཀྱིས༔ སྤྲུལ་སྐུའི་ཞིང་ཁམས་སུ་བར་དོ་མེད་པར་སངས་རྒྱས་ངེས་སོ༔ ཞེས་ཀུན་ཏུ་བཟང་པོས་གསུངས་སོ༔ བར་དོའི་གདམས་པ་ཤིན་ཏུ་ཟབ་བོ༔ ཆོས་ཉིད་མངོན་སུམ་གྱི་བདེན་པ་མཐོང་བ་ལས་བྱུང་བ༔ སྐལ་ལྡན་ལས་ཅན་རྣམས་ཀྱི་དོན་དུ༔ བདག་འདྲ་པདྨས་བཀོད་པའོ༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཨོ་རྒྱན་ཐུགས་སྲས་དེ་ཡིས་འདི་སྤྱོད་ཤོག༔ ཞི་བ་བར་དོ་ལམ་གྱི་མཚན་ཉིད་ཅེས་བྱ་བ་རྫོགས་སོ༔ ཏྱ།ཏྱ།ཏྱ།༔ གསང་རྒྱ།༔ སྦས་རྒྱ།༔ གཏེར་རྒྱ༔ ཌཱཀྐི་ནི་རྒྱ༔ ཁྠཾ༔ མངྒ་ལཾ༔

ཁྲོ་བོ་བར་དོ་གནད་ཀྱི་སྒྲོན་མ།

༄༅༔ ཁྲོ་བོ་བར་དོ་གནད་ཀྱི་སྒྲོན་མ་བཞུགས་སོ༔

༄༅༔ ཐདྦ།དྱྦ།ཊམྭ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ དད་ཅན་ལེ་ལོ་དབང་པོ་ཐ་མ་ཡིས༔ གོམས་པའི་ཤུགས་ཆུང་གདམས་ངག་བསྟན་པ་ནི༔ ཆོས་ཉིད་བར་དོའི་གྲོལ་ལུགས་བསྟན་པ་ལ༔ བར་དོའི་སྤྱི་བཞག་ཉམས་སུ་བླང་ཐབས་སོ༔ རྒྱ།རྒྱ།རྒྱ།༔ བར་དོའི་སྤྱི་བཞག་ལ་བཞི་སྟེ༔ ཀློང་གསལ་ཉི་མའི་རྒྱུད་དག་ལས༔ བར་དོའི་དབྱེ་བ་ས་མཚམས་དང༔ གནས་ལུགས་སྣང་ལུགས་བཞི་ཉིད་དོ༔ ཞེས་སོ༔ དབྱེ་བ་ནི༔ སྐྱེས་གནས་ཀྱི་བར་དོ༔ འཆི་ཁའི་བར་དོ༔ ཆོས་ཉིད་ཀྱི་བར་དོ༔ སྲིད་པའི་བར་དོ་དང་བཞིའོ༔ ས་མཚམས་ནི༔ སྐྱེས་གནས་ཀྱི་བར་དོ་ནི༔ མ་ལས་སྐྱེས་ནས་ཤི་ནད་ཀྱིས་བཏབ་པ་ཚུན་ཆད་དོ༔ འཆི་ཁའི་བར་དོ་ནི་འབྱུང་བའི་ཐིམ་ལུགས་ནས་ནང་དབུགས་ཆད་པ་ཚུན་ཆད་དོ༔ ཆོས་ཉིད་ཀྱི་བར་དོ་ནི་ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་(༧༨)སྣང་བ་ལ་བསླེབས་པ་ཚུན་ཆད་དོ༔ སྲིད་པ་བར་དོ་ནི་ལྷུན་གྲུབ་ཀྱི་སྣང་བ་ལ་ཨ་འཐས་ནས་མངལ་གྱི་གྲོང་ཁྱེར་དུ་ཚུད་པ་ཚུན་ཆད་དོ༔ གནས་ལུགས་ནི༔ སྐྱེ་གནས་བར་དོའི་གནས་ལུགས་ནི༔ ཉི་ཟླ་ཁ་སྦྱོར་ལས༔ ཁམས་རྣམས་དང་ནི་ཕུང་པོ་དང༔ སྐྱེ་མཆེད་རྣམས་དང་དབང་པོ་དང༔ ཡུལ་དང་ཡུལ་ཅན་ཤེས་པ་རྣམས༔ ཞེས་པས༔ ལས་དང་ཉོན་མོངས་པ་མ་རིག་པས་བསྐྱེད་པའི༔ ལུས་འབྱུང་གི་ཆོས་ཉོན་མོངས་པའི་ཚོགས་ཀྱིས་བཅིངས་པས༔ ཡེ་ཤེས་ཀྱི་སྣང་བ་རང་འགགས་པའོ༔

འཆི་ཀ་བར་དོའི་གནས་ལུགས་ནི༔ ཀློང་གསལ་ལས༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས༔ ལུས་ངག་ཡིད་ལ་སྡུག་བསྔལ་ལོ༔ ཞེས་པས༔ ལུས་ཀྱི་ནད་དང་ཤི་ཡིས་དོགས་པའི་སྡུག་བསྔལ་ལོ༔ ཆོས་ཉིད་བར་དོའི་གནས་ལུགས་ནི༔ ཀློང་གསལ་ལས༔ བདག་འཛིན་ལུས་ཀྱི་རྟེན་བོར་ནས༔ ཆོས་ཉིད་དོན་ལ་སྤྱོད་པའོ༔ ཞེས་པས༔ བདག་འཛིན་བག་ཆགས་ཀྱི་ཡུལ་མེད་པས་སྐུ་དང་ཡེ་ཤེས་མངོན་དུ་སྣང་ཞིང་རང་བཞིན་རྣམ་དག་གི་བསམ་གཏན་ལ་སྤྱོད་པའོ༔

སྲིད་པ་བར་དོའི་གནས་ལུགས་ནི༔ རྒྱུད་ལས༔ སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་ལྡན༔ ཞེས་པ་ལ་སོགས་པ་གསུངས་པས༔ སྔར་ལུས་སྲིད་པའི་གཟུགས་ཅན་ལ༔ ཀུན་ལ་ཡིད་འཇུག་ཅིང་གར་ཡང་ཐོགས་པ་མེད་པར་རྒྱུ་བའོ༔ ཐལ་འགྱུར་ལས༔ བར་མ་དོ་ཡི་སྣང་བ་ནི༔ རང་བཞིན་གནས་པས་ཕུང་པོ་དང༔ ཁམས་དང་ཉོན་མོངས་ཡུལ་དུ་སྣང༔ འཆི་བའི་ལང་ལིང་བན་བུན་དང༔ ཤེས་པ་གཅིག་ཏུ་མི་གནས་སོ༔ ཆོས་ཉིད་བར་དོའི་སྐུ་དང་ཡང༔ ཡེ་ཤེས་འོད་དང་ཁ་དོག་གོ༔ ཐིག་ལེ་འབྱེད་དང་འབྱུང་སྣང་དང༔ ཅིར་སྣང་ཆོས་ཉིད་གཞལ་ཡས་སོ༔ སྲིད་པའི་སྣང་བ་ཕྱད་ཕྱོད་དང༔ ཡད་ཡུད་རྨི་ལམ་སྣང་བ་ལྟར༔ བདེན་སྣང་འཛིན་པ་ཡིད་ཀྱི་ལུས༔ དཀར་ནག་ལ་སོགས་རིགས་དྲུག་འོད༔ སོ་སོའི་དམིགས་པའི་ཡུལ་སྣང་ངོ་༔ ཞེས་སོ༔ དེ་དག་གི་སྐྱེ་གནས་བར་དོའི་སྣང་ལུགས་ནི་རིགས་དྲུག་གི་སྣང་ཚུལ་མི་འདྲ་བ་ཐ་དད་པ་(༧༩)རྣམས་སོ༔ འཆི་ཁ་བར་དོའི་སྣང་ལུགས་ནི༔ སྡུག་བསྔལ་གྱིས་ནོན་ཅིང་བན་བུན་ཟང་ཟིང་ཡམ་ཡོམ་དུ་སྣང་བའོ༔ ཆོས་ཉིད་བར་དོའི་སྣང་ལུགས་ནི་སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་སུ་སྣང་བའོ༔

སྲིད་པ་བར་དོའི་སྣང་ལུགས་ནི༔ ཡིད་ཀྱི་སྣང་བ་ཡད་ཡུད་ཕྱད་ཕྱོད་དུ་སྣང་བའོ༔ ཀློང་གསལ་ལས༔ བར་དོའི་གནས་ལུགས་རྣམ་པ་བཞི༔ རིགས་དྲུག་སྣང་ཚུལ་སོ་སོར་སྣང༔ སྡུག་བསྔལ་ཡེ་ཤེས་ཕྱད་ཕྱོད་ཉིད༔ ཅེས་སོ༔ དེ་ཡན་ཆོད་ཀྱིས་བར་དོའི་སྤྱི་བཞག་གི་མཚན་ཉིད་བསྟན་པའོ༔ ད་བར་དོ་ཉམས་སུ་བླང་བ་ལ་སྤྱི་དོན་བཞི་སྟེ༔ སྐྱེ་གནས་ཀྱི་བར་དོ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་པ་དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་གདམས་ངག་དང་གཅིག༔ འཆི་ཀའི་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་དང་གཉིས༔ ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་དུ་ཡིད་ཆེས་པ་ལམ་ཆོམ་གྲོགས་དང་འཕྲད་པ་ལྟ་བུའི་གདམས་ངག་དང་གསུམ༔ སྲིད་པའི་བར་དོ་ལ་ལས་བཟང་གི་འཕྲོ་འཐུད་པ་ཡུར་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་བཞིའོ༔ དང་པོ་སྐྱེ་གནས་ཀྱི་བར་དོ་ལ༔ ཐེ་ཚོམ་གྱི་སྒྲོ་འདོགས་བཅད་པ་དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུ་ནི༔ དཔེར་ན་དེད་དཔོན་གྱིས་ཕྱིའི་རྒྱ་མཚོ་ཆེན་པོ་ལ་ནོར་བུ་ལེན་དུ་འགྲོ་བ་ལ༔ བྱ་རོག་དང་དུང་ལ་སོགས་པས་ཆུ་སྲིན་གྱི་སྒྲོ་འདོགས་ལེགས་པར་བཅད་ནས་ཐེ་ཚོམ་ཆོད་ནས་འགྲོ་བ་ལྟར༔ འདིར་ཡང་གང་ཟག་དབང་པོ་རབ་ཀྱིས༔ སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་བར་དོ་མེད་པར་སངས་རྒྱས་སོ༔ དེ་ལ་ཡང་གསུམ་སྟེ༔ རབ་ཀྱི་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟར་གྲོལ་བ་དང༔ རབ་ཀྱི་འབྲིང་མཚོ་ནང་དུ་ཁ་བ་བབ་པ་ལྟར་གྲོལ་བ་དང༔ རབ་ཀྱི་ཐ་མ་འཁྱགས་རོམ་ཆུ་རུ་ཞུ་བ་ལྟར་གྲོལ་བའོ༔ དང་པོ་རབ་ཀྱི་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟར་གྲོལ་བ་ནི༔ བླ་མའི་བྱིན་རླབས་དང་གདམས་པ་བཏབ་པ་ཙམ་གྱིས་ཡེ་ཐོག་དང་པོའི་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་རྩོལ་མེད་ལྷུག་པར་རང་གྲོལ་བའོ༔ རབ་ཀྱི་འབྲིང་མཚོ་ནང་དུ་ཁ་བ་བབ་པ་ལྟར་གྲོལ་བ་ནི༔ (༨༠)བླ་མའི་གདམས་ངག་ཉམས་སུ་བླངས་པས་ཉོན་མོངས་པ་ཅི་སྐྱེས་ཆོས་ཉིད་དུ་རོ་གཅིག་པར་རང་གྲོལ་བའོ༔ རབ་ཀྱི་ཐ་མ་འཁྱགས་རོམ་ཆུར་ཞུ་བ་ལྟར་གྲོལ་བ་ནི༔ བླ་མའི་གདམས་ངག་ངོ་སྤྲོད་རྣམ་པ་ལྔས་ཉམས་སུ་བླངས་པས་རིམ་གྱིས་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་གྲོལ་བའོ༔

དེ་ནས་འཆི་ཁ་བར་དོ་ལ་གསལ་བཏབ་པ་རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་ནི༔ དཔེར་ན་མི་ཞིག་ལ་རྒྱལ་པོས་བཀའ་ཐེམ་བསྐུར་ན་ཆད་པའི་ལས་བྱུང་གིས་དོགས་པས་བརྗེད་པར་མི་ནུས་པ་ལྟར༔ འཆི་ཁའི་བར་དོ་ལ་གསལ་བཏབ་པས་རང་འཁོར་བར་ལྟུང་གིས་དོགས་པས་བརྗེད་མི་སྲིད་དོ༔ དེས་ཆོས་ཉིད་ཀྱི་བར་དོ་ཟིན་པའོ༔ དེ་ལ་ཡང་གསུམ་སྟེ་འབྲིང་གི་རབ་སྙིང་སྡུག་མཛའ་མོ་མཐོང་བ་ལྟ་བུ་དང༔ འབྲིང་གི་འབྲིང་མེ་ལོང་དུ་བྱད་གསལ་བ་ལྟ་བུ་དང༔ འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའོ༔ དང་པོ་འབྲིང་གི་རབ་སྙིང་སྡུག་མཛའ་མོ་མཐོང་བ་ལྟ་བུ་ནི༔ འཆི་རྟགས་ཚང་བའི་དུས་སུ་ཚེ་འདིའི་ཞེན་འཛིན་མེད་པར༔ བླ་མའི་གདམས་ངག་རྣམས་ཡིད་ལ་གསལ་དུང་དུང་ཡོད་པ་ནི་དེས་ཆོག་པའོ༔ འབྲིང་གི་འབྲིང་མེ་ལོང་དུ་བྱད་གསལ་བ་ལྟ་བུ་ནི༔ འཆི་ཁའི་དུས་དེར་བླ་མའམ་མཆེད་གྲོགས་དམ་ཚིག་དང་ལྡན་པས་རིགས་ཀྱི་བུ་ཅི་ལ་ཡང་མ་ཆགས་ཤིག༔ ཆོས་ཉིད་ཀྱི་བར་དོ་ལ་འདི་ལྟར་འཆར་གྱིས་དེ་ལྟར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་གསལ་བཏབ་པས་གསལ་ལམ་གྱིས་འོང་སྟེ་གསལ་མི་ཐེབས་མི་སྲིད་དོ༔ ཉི་ཟླ་ཁ་སྦྱོར་ལས༔ བླ་མ་མཆེད་དང་རྡོ་རྗེ་སྤུན༔ ཤེས་པའི་གསལ་ཡང་གདབ་པར་བྱ༔ ཞེས་གསུངས་སོ༔ འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་ནི༔ འཆི་ཀར་བླ་མའི་གདམས་ངག་དེ་སྐད་ཅིག་ཀྱང་མ་ཡེངས་པར་ཡིད་ལ་འདུན་པ་རྩེ་གཅིག་ཏུ་བཟུང་བས་ཆོས་ཉིད་ཀྱི་བར་དོ་མི་ཟིན་མི་སྲིད་དོ༔

དེ་ནས་ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་ལམ་ཆོམ་གྲོགས་དང་ཕྲད་པ་ལྟ་བུ་ནི༔ དཔེར་ན་ལམ་དུ་དགྲ་བྱུང་ནས་བྲེད་སྔངས་སུ་འགྲོ་བ་ལས༔ དེ་རང་གི་གྲོགས་སུ་འདུག་ན་འཇིགས་པ་དང་བྲལ་ཏེ་ཡིད་ཆེས་པ་ལྟར་ཆོས་ཉིད་ཀྱི་(༨༡)བར་དོ་ཤར་བའི་ཚེ༔ སྐད་ཅིག་མ་ལ་བྲེད་སྔངས་ཀྱང་བླ་མའི་གདམས་ངག་དྲན་པས་རང་སྣང་དུ་ངོ་ཤེས་ནས་འཇིགས་སྣང་གྲོལ་བའོ༔ དེ་ལ་ཡང་གསུམ་སྟེ༔ ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་དང༔ ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུ་དང༔ ཐ་མའི་ཐ་མ་འབྲས་ཀྱི་ལྗང་བ་ལྟ་བུ་དང་གསུམ་མོ༔ དང་པོ་ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི༔ རླུང་རྣམ་པར་ཤེས་པ་ལ་ཐིམ༔ ནང་དབུགས་ཆད༔ དེ་ནས་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ༔ དབུགས་བར་སྣང་ལ་ཡལ༔ ལུས་སེམས་འབྲེལ་ཆད༔ རིག་པ་ཆོས་ཉིད་ཀྱི་བར་དོ་ལ་བསླེབས་པའི་དུས་ན་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ཞིག་འབྱུང་སྟེ་དེ་ངོས་ཟིན་པས་ཀ་དག་གི་གཞི་ལ་རང་གྲོལ་ལོ༔ དེ་ནས་ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུ་ནི༔ འོད་གསལ་ཟུང་འཇུག་སྐུ་ལ་ཐིམ་པ་ཞེས་བྱ་སྟེ༔ ཐལ་འགྱུར་ལས༔ ནམ་མཁའ་འོད་གསལ་ཐིམ་པའི་དུས༔ ཕྲ་རགས་རྟོག་པ་ཀུན་འགགས་ཏེ༔ དབང་པོ་ཀུན་ལྡན་འོད་ཀྱི་ལུས༔ ལུས་ལ་གྲིབ་མ་བཞིན་དུ་འགྱུར༔ ཞེས་པ་དང༔ ཁ་དོག་ལྔ་ཡི་འོད་དང་ཟེར༔ མ་ངེས་འཇའ་ཚོན་རིས་སུ་སྣང༔ ཞེས་སོ༔ ཀློང་གསལ་ལས༔ དེ་ཚེ་སྒྲ་འོད་ཟེར་དང་འཁྲིགས༔ སྐུ་ཡི་སྣང་བས་སྐྲག་པར་བྱེད༔ ཅེས་པས་སྐད་ཅིག་མ་དེ་ལ་ལུས་བོར་བའི་གནད་ཀྱིས༔ ལྷུན་གྲུབ་རང་གནས་ཀྱི་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཤར་ཏེ༔ ཆེ་བ་དང་ཆུང་བ་ཤིན་ཏུ་མང་བ་ལ་མགོ་བརྙན་སྣ་ཚོགས་པས༔ མཚོན་ཆ་སྣ་ཚོགས་པ་བསྣམས་པ༔ རང་གར་འགྲོ་བའི་ཕྱོགས་སུ་རྒྱུག་པར་སྣང་བ་དང༔ བརྡེག་པར་སྣང་བ་དང༔ འོད་ཟེར་ཐམས་ཅད་མཚོན་ཆའི་རྣམ་པར་བརྡེག་པར་སྣང་བ་དང༔ ཟུག་པར་སྣང་བ་དང༔ ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་གི་སྒྲ་ཙམ་པ༔ རྒྱོབ་ཅིག་དང་སོད་ཅིག་པའི་སྒྲར་སྣང་བ་འབྱུང་ངོ༔ གང་ཟག་ངན་སྣང་ཅན་ལ་དེར་སྣང་ཉིད་དུ་སྟོན་པ་ལྟར་འབྱུང་ངོ་༔ ཁྲག་འཐུང་གི་ལྷ་ཚོགས་དེ་དག་ཀྱང་འབྱུང་བཞིའི་ལུས་ཀྱི་དུང་ཁང་ན་ཉུང་འབྲུ་ཙམ་ལས་མེད་དེ༔ ཕྱིས་ལུས་བོར་བས་ལོ་ཀའི་ཁམས་གང་བར་སྣང་ངོ་༔ དེ་དག་བླ་མའི་གདམས་ངག་གིས་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པས་མཚང་ཕུགས་ནས་༼སེང་གེའི་གསོབ་མཐོང་བ་ལྟར་༽རིག་སྟེ་སྔར་གོམས་པའི་གདམས་(༨༢)པའི་འོད་གསལ་དང༔ ཕྱིས་རང་བྱུང་གི་ཡེ་ཤེས་གཉིས་མ་བུ་འདྲེས་ཏེ་རང་གསལ་རང་ཤར་རང་གྲོལ་དུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་རིག་རང་གསལ་དུ་རང་གྲོལ་བའོ༔ འདི་ཡི་ངོ་སྤྲོད་མ་ཐོབ་ན་གང་ཟག་བཟང་པོ་རྣམས་ཀྱང་འདི་ནས་ལྡོག་གོ༔ དེ་ནས་ཐ་མའི་ཐ་མ་འབྲས་ཀྱི་ལྗང་བ་ལྟ་བུ་ནི༔ རིམ་གྱིས་འཆར་ཚུལ་རྣམས་འབྱུང་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ གདོས་བཅས་ལུས་ནི་མི་སྣང་སྟེ༔ འོད་ཀྱི་ལུས་སུ་གསལ་བའོ༔ ཞེས་པས༔ རང་ལུས་འོད་གསལ་གྱི་སྣང་བ༔ དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ་དུ༔ འོད་ཟེར་ལྔའི་ད་ལར་གྱུར་ཏེ་སྣང་བ་དེ་དག་ཕྱི་ནང་ཀུན་ཏུ་གསལ་བ་ལ༔ ལྟེམ་མེ་མཉམ་པ༔ མེར་རེ་བ༔ མནན་ན་ནེམ་པ༔ བཏེག་ན་འཕར་བ་སྙམ་བྱེད་པ༔ ཁ་དོག་སོ་སོར་གསལ་བ་ཆ་མཉམ་པ༔ མ་འདྲེས་པ་ཕྲ་བ་འགྱུ་བ་འགུལ་བ་འཕྲིག་པ་རབ་ཏུ་འཚེར་བ༔ ལྷུན་བརྗིད་པ་རྒྱ་ཆེ་ལ་དཔངས་མཐོ་བ༔ དམིགས་སུ་མ་ཚུད་པའོ༔ དེ་དག་ཀྱང་ཁ་དོག་ལྔ་སོ་སོར་གསལ་བ་འོད་ཟེར་འཕྲོ་བ༔ རེག་ལ་མ་འབྱར་བ༔ ལྷུན་སྡུག་པར་སྣང་བ་འཆར་རོ༔ དེ་ནས་སྐྱེས་བུའི་འོད་གསལ་ཟུང་འཇུག་ཆེན་པོ་ལ་ཐིམ་པ་ཞེས་པ་ནི༔ ཀློང་གསལ་ལས༔ དེ་ལྟར་སྣང་བ་དེ་དག་ལ༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་གསལ༔ དཔག་མེད་གྲངས་ལས་འདས་པ་ལ༔ ཁ་དོག་ཕྱག་རྒྱ་རྒྱན་དང་ལྡན༔ གདན་ཁྲི་བཞུགས་ཚུལ་ཆ་མཉམ་པ༔ ལྔ་ལྔའི་ཚུལ་དུ་འོད་ཀྱིས་༼མུ་ཁྱུད་༽བསྐོར༔ ཡབ་ཡུམ་སོ་སོའི་ཆ་འཛིན་པ༔ སེམས་དཔའ་དང་ནི་སེམས་མར་བཅས༔ དཀྱིལ་འཁོར་གཅིག་རྫོགས་ཉིད་དུ་འཆར༔ ཞེས་སོ༔

དེ་ཡང་འདིའི་དུས་སུ་དུས་གསུམ་གྱི་གནད་གསུམ་སྟེ༔ འཇུག་པ་ཤེས་པའི་གནད༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ༔ འཇུག་པའི་དུས་ལ་གཉིས་ཏེ༔ རིག་པ་འོད་ལ་འཇུག་པ་དང༔ འོད་རིག་པ་ལ་འཇུག་པའོ༔ རིག་པ་འོད་ལ་འཇུག་པ་ནི༔ ཀློང་གསལ་ལས༔ དེ་ཚེ་རང་གི་སྙིང་ག་ནས༔ ཟེར་ཐག་འོད་ཀྱི་ལུ་གུ་རྒྱུད༔ ཚོམ་བུའི་ཐུགས་ཀར་འབྲེལ་བ་ལ༔ དེ་དག་ཐིག་ལེས་རབ་བརྒྱན་པས༔ ཤེས་པ་ཟིན་པས་བསམ་གཏན་སྐྱེ༔ ཞེས་སོ༔ དེ་ཡང་འོད་རིག་པ་ལ་འཇུག་པ་ནི༔ སྔ་མ་ལས༔ ༼ཀློང་གསལ་ལས༔༽ དེ་ནས་རང་གི་སྙིང་ག་ནས༔ འོད་ཟེར་ཚོན་སྐུད་སྒྲིལ་བ་གཅིག༔ ཚོམ་བུའི་(༨༣)ཐུགས་ཀར་འབྲེལ་བར་སྣང༔ དེ་ནས་ཚོམ་བུའི་སྐུ་དེ་རྣམས༔ རང་ལ་ཐིམ་སྙམ་སྣང་བ་འཆར༔ ཞེས་སོ༔ དེ་ལྟར་བྱུང་བའི་དུས་སུ་རིགས་ཀྱི་བུས་ཐེ་ཚོམ་མེད་ཅིང་ཡིད་ཆེས་པས༔ མའི་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་དྲན་པར་གྱིས་ཤིག༔ གྲོལ་བ་ལུས་ཀྱི་གནད་ནི༔ ཡང་སྔ་མ་ལས༔ ཕུང་པོ་ལྔ་ཡི་གཟུང་འཛིན་དེས༔ ལོངས་སྤྱོད་རྫོགས་པའི་༼འོད་གསལ་དུ་༽སྐུ་རུ་གྲོལ༔ འབྱུང་བ་༼དང་༽ཉོན་མོངས་༼པ་ཕྲ་རགས་ཀྱི་རྟོག་པ་༽གཉིས་གྲོལ་བས༔ འོད་གསལ་རིག་པ་རང་༼མ་བུ་༽གྲོལ་ལོ༔ ཞེས་སོ༔ དེ་ཡང་འདིའི་དུས་སུ་ཡེ་ཤེས་བཞི་སྦྱོར་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་བྱ་བ་ཅིག་འཆར་བ་ནི་རང་གི་སྙིང་ག་ནས་འོད་ཁ་དོག་བཞིའི་ཐག་པ༔ སྟེང་གི་ནམ་མཁའ་ལ་ཟུག་པའི་སྣང་བ་འཆར་ཏེ༔ དེ་ཡང་འོད་དཀར་པོ་དང༔ སེར་པོ་དང༔ དམར་པོ་དང༔ མཐིང་ཀའི་སྣམ་བུ་ལྟ་བུ་ལ་གསལ་ལ་མ་འདྲེས་པ་རྒྱ་ཆེ་བར་འཆར་རོ༔ དེ་ལྟར་ལྔ་པོ་དེའི་སྟེང་དུ་དེ་ལྟ་བུའི་ཁ་དོག་བཞི་དང་ལྡན་པ་ལ༔ གསལ་འཚེར་འོད་ཟེར་དང་ལྡན་པ༔ རང་བཞིན་གྱི་ད་ལ་ལྔ་ལྔས་བརྒྱན་པ༔ ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་འཆར་རོ༔ དེའི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུ་༼ཤིན་ཏུ་གསལ་བ་གཅིག་༽འཆར་རོ༔ བྱ་གྲུབ་ཀྱི་ཡེ་ཤེས་རྩལ་མ་རྫོགས་པས་མི་འཆར་རོ༔ དེ་རྡོ་རྗེ་སེམས་དཔའ་ཁོང་གསེང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱའོ༔ དེ་ནས་མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི༔ སྔར་འདྲིས་ཀྱི་གདམས་པ་ལ་ཡིད་ཆེས་པས་མ་དང་བུ་ཕྲད་པ་ལྟར་ཡིད་ཆེས༔ སྒྲོ་འདོགས་ཆོད་པས༔ རང་སྣང་རང་གསལ་རང་གྲོལ་དུ་རྒྱུན་གྱི་ས་མ་ཏི་སྐྱེའོ༔ དེ་ནས་སྣང་བ་དེ་ལ་ཡིད་ཆེས་སྐྱེས་ཏེ༔ ཕྱིར་མི་ལྡོག་པ་མངལ་ནས་ཐོན་པའི་༼ལུས་དེ་མངལ་དུ་མི་ལྡོག་པ་ལྟར་དུ་༽བུ་ལྟར༔ རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པ་ནི་རང་སྣང་ནམ་མཁའི་དཀྱིལ་ལྟ་བུ་ལ༔ ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ༔ དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དུ་འཆར་རོ༔ དེའི་སྟེང་དུ་ཡང་འོད་གསལ་བ་གདུགས་ལྟར་དུ་འཆར་རོ༔ དེའི་དུས་འཆར་ལུགས་བརྒྱད་འཆར་ཏེ༔ རྒྱུད་ལས༔ ལྷུན་གྲུབ་རིག་པའི་འཆར་ཚུལ་ལ༔ རྣམ་པ་བརྒྱད་དུ་འཆར་(༨༤)བའོ༔ ཞེས་སོ༔ ཐུགས་རྗེ་ལྟར་༼འཁོར་འདས་རྒྱ་མ་ཆད་༽འཆར་བ་དང༔ འོད་ལྟར་༼སྣང་བ་ཐམས་ཅད་ནང་ན་གསལ་༽འཆར་བ་དང༔ སྐུ་ལྟར་༼ཤེས་པ་ཁ་ཕྱིར་མ་ཤོར་༽འཆར་བ་དང༔ ཡེ་ཤེས་ལྟར་འཆར་བ་དང༔ གཉིས་མེད་ལྟར་༼ཤེས་པ་རྩེ་གཅིག་ཏུ་གནས་༽འཆར་བ་དང༔ མཐའ་གྲོལ་ལྟར་༼མཐའ་གང་ལ་ཡང་མི་གནས་པ་༽འཆར་བ་དང༔ མ་དག་པ་འཁོར་བའི་སྒོ་ལྟར་༼སྲིད་པའི་བྱུང་ཁུངས་མ་འགགས་སོ་༽ཤར་བ་དང༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་༼ཆོས་ཉིད་མ་བུ་འབྲེལ་བའི་༽ཤར་བའོ༔ དེ་ནས་སྐད་ཅིག་མ་དེ་ལ་མངོན་པར་ཤེས་པ་དགུ་འཆར་ཏེ༔ རྒྱུད་ལས༔ དེའི་ཚེ་རིགས་ཀྱི་བུ་དེ་ལ༔ མངོན་པར་ཤེས་པ་དགུ་འཆར་ཏེ༔ ཞེས་པས༔ སྐུའི་མངོན་པར་ཤེས་པ་གསུམ༔ གསུང་གི་མངོན་པར་ཤེས་པ་གསུམ༔ ཐུགས་ཀྱི་མངོན་པར་ཤེས་པ་གསུམ་སྟེ་དགུའོ༔ དང་པོ་སྐུའི་ཤེས་པ་གསུམ་ནི༔ ཡར་ཆོས་སྐུ་སྐྱེ་བ་མེད་པར་ཤེས༔ བར་དུ་ལོངས་སྐུའི་ཚོམ་བུ་རང་གསལ་དུ་ཤེས༔ མར་སྤྲུལ་པའི་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ༔ གསུང་གི་གསུམ་ནི༔ ཡར་ཆོས་སྐུའི་གསུང་བརྗོད་མེད་ཆེན་པོར་ཤེས༔ བར་ལོངས་སྐུའི་གསུང་གསལ་དྭངས་ཆེན་པོར་ཤེས༔ མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྐད་ངོ་ཤེས་སོ༔ ཐུགས་ཀྱི་གསུམ་ནི༔ ཡར་ཆོས་སྐུའི་ཐུགས་ཀ་དག་ཆེན་པོར་ཤེས༔ བར་ལོངས་སྐུའི་ཐུགས་ལྷུན་གྲུབ་ཆེན་པོར་ཤེས༔ མར་སྤྲུལ་སྐུའི་ཐུགས་འཁོར་འདས་ཀྱི་བསམ་པ་ཤེས་པའོ༔ དངོས་པོ་གཤིས་ཀྱི་འདུག་ཚུལ་དེ་དག་ཀྱང་རྗེས་སུ་དྲན་པ་བདུན་ལས་འབྱུང་སྟེ༔ བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར༔ ཡི་དམ་རྗེས་སུ་དྲན་པས་རང་སྣང་ད་ལར་རང་གྲོལ༔ གདམས་པ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་བསྒྱུར༔ ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེང་དུ་ཐག་ཆོད༔ བསྒོམ་པ་རྗེས་སུ་དྲན་པས་རང་བཞིན་གྱི་བསམ་གཏན་ལ་གནས༔ སྤྱོད་པ་རྗེས་སུ་དྲན་པས་དག་པའི་ཡེ་ཤེས་ལ་ལོངས་སྤྱོད༔ སྐྱེ་གནས་རྗེས་སུ་དྲན་པས་སྤྲུལ་པའི་ཞིང་ཁམས་སུ་དབུགས་འབྱིན་པའོ༔ དེ་ནས་སྔ་ཕྱིའི་ཆོས་དང་ས་མ་ཏི་རྒྱུད་ལ་འཆར་ཞིང་མ་དག་པའི་སྣང་བ་མི་སྐྱེ་ངེས་སོ༔

དེ་ནས་དེའི་སྐད་ཅིག་མ་གསུམ་ལ་ལྷུན་གྲུབ་ཀྱི་ས་ལ་གདེང་རྙེད་པས་ཐིམ་ལུགས་བརྒྱད་འབྱུང་སྟེ༔ རང་ཤར་ལས༔ ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་ཉིད་ཀྱི་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ་(༨༥)ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ༔ དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་༼རིགས་དྲུག་གི་སྣང་ཆ་རང་ལ་འདུས་པས་འཁྲུལ་པ་མེད་དེ་གཟིགས་སྣང་ལས་འདས་པའོ་༽པའི་འོད་ཟེར་ལྟ་བུ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་ཞུགས་པ་ལྟ་བུའོ༔ ༼ཆོས་ཉིད་མ་དང་རིག་པ་བུ་གཉིས་འདྲེས་པའོ༔༽ འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་༼འོད་ཁ་དོག་མེད་པ་སྟོང་པའི་དབྱིངས་སུ་རོ་གཅིག་པའོ་༽ཐིམ་པ་ལྟ་བུའོ༔ སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་༼ཤེས་བྱ་ནང་དུ་གསལ་བས་ཞལ་ཕྱག་ཏུ་མ་གྲུབ་པར་རང་ངོ་རྣམ་པར་དག་པའོ་༽ལྟ་བུའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་ལ་༼རོ་མཉམ་དབྱེར་མེད་དུ་༽ཆུ་ཐིམ་པ་ལྟ་བུའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་༼གཏད་པའི་ཡུལ་མེད་པར་༽ལ་ཐིམ་པ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བསྡུས་པ་༼ཐིག་ལེ་ཉག་གཅིག་འདུས་༽ལྟ་བུའོ༔ དག་པ་ཡེ་ཤེས་ཀྱི་སྐུ་ངོ་བོའི་སྐུ་ལ་ཐིམ་པ་ནི་དཔེར་ན་སེང་གེ་༼ཡ་ང་དང་བྲལ་བའོ་༽གངས་ཟིན་པ་ལྟ་བུའོ༔ ཞེས་སོ༔ དེ་ནས་ཀ་དག་གི་ས་ལ་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་སངས་རྒྱས་པར་འགྱུར་རོ༔

༈ བར་དོའི་གྲོལ་ཚད་ནི༔ སྐུ་གདུང་འབར་བ་ལས༔ བར་མ་དོ་ཡི་ཆོས་ཉིད་ལ༔ སྐད་ཅིག་མ་ལ་༼འབྲིང་༽གྲོལ་བར་འགྱུར༔ ཞེས་སོ༔ ཉི་ཟླ་ཁ་སྦྱོར་ལས༔ རབ་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར༔ ཐ་མ་ཞག་ལྔ་ན་བརྟན་པ་ཐོབ་པར་གསུངས་སོ༔ དེའི་ཐ་མ་ཡང་ཞག་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པ་སྟེ༔ རང་ཤར་ལས༔ དབང་པོའི་བྱེ་བྲག་གི་ཁྱད་པར་གྱིས་ཆོས་ཉིད་བར་དོ་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་དོ༔

༈ འདི་དབང་པོ་ཡང་ཐ་གཅིག་ནི་ཆོས་ཉིད་ཀྱི་བར་དོ་མ་ཟིན་ཏེ་དབང་པོ་ཁ་འཁྱལ་ནས༔ སྲིད་པ་བར་དོའི་སྣང་ཆ་ཙམ་དུ་གནས་པ་ལས༔ བདེན་པའི་སྒོ་མཐོང་བའི་བྱིན་རླབས་ཀྱིས་སྤྲུལ་སྐུའི་ཞིང་ཁམས་སུ་ལོ་ལྔ་བརྒྱར་གནས་ནས་བར་དོ་མེད་པར་སངས་རྒྱའོ༔ དེ་ཡང་ཤར་མངོན་པར་དགའ་བའི་ཞིང་ཁམས༔ ལྷོ་དཔལ་དང་ལྡན་པ༔ ནུབ་པདྨ་བརྩེགས་པ༔ བྱང་ལས་རབ་རྫོགས་པའི་ཞིང་དུ་དེ་ཉིད་ཀྱི་བདག་པོས་(༨༦)གྲོལ་བར་བྱས་ནས་སངས་རྒྱས་ཏེ༔ རང་ཤར་ལས༔ བདེན་པ་མཐོང་བའི་གང་ཟག་ནི༔ རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༔ ཕྱོགས་བཅུའི་སྤྲུལ་པའི་ཞིང་ཁམས་སུ༔ གནས་ནས་མཐར་ཕྱིན་གྲོལ་བར་འགྱུར༔ ཞེས་པ་དང༔ སྐུ་གདུང་འབར་བ་ལས༔ འདི་ནི་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས༔ ཞེས་པ་དང༔ ཀློང་གསལ་ལས༔ འདི་ཉིད་སྤྲུལ་པའི་ཞིང་ཁམས་སུ༔ རིགས་ཀྱི་བདག་པོ་རྣམ་པ་ལྔས༔ བྱིན་བརླབས་དབང་བསྐུར་ལུང་བསྟན་ནས༔ ལས་ཟད་འཛིན་པ་དག་འགྱུར་ཏེ༔ བར་དོ་མེད་པར་སངས་རྒྱའོ༔ ཞེས་སོ༔

༈ དེ་ནས་སྲིད་པ་བར་དོ་ལ་ལས་བཟང་གི་འཕྲོ་འཐུད་པ་ཡུར་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི༔ དཔེར་ན་ཡུར་བ་ཆག་ཀྱང་ཝ་བཙུགས་པས་ཆུ་བར་མ་ཆད་པར་འདྲོངས་པ་ལྟར་འདིའི་སྒོ་མ་མཐོང་ཡང༔ ལས་བཟང་གི་འཕྲོས་སྲིད་པའི་བར་དོ་ནས་འཁོར་བའི་རུ་བཟློག་པའོ༔ དེ་ལ་གསུམ་སྟེ༔ ཡང་ཐ་མའི་རབ་མངལ་གྱི་སྒོ་དགག་སྟེ་བཟློག་པ་དང༔ ཡང་ཐའི་འབྲིང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གྱིས་བཟློག་པ་དང༔ ཡང་ཐའི་ཐ་མ་སྐྱབས་སུ་འགྲོ་བས་བཟློག་པའོ༔ རབ་མངལ་སྒོ་དགག་ནས་བཟློག་པ་ནི༔ རྒྱུད་ལས༔ སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ ཞེས་པས༔ སྲིད་པའི་བར་དོར་ཞེས་བྱ་བ་བདེན་པའི་དོན་མ་མཐོང་བའི་འགྲོ་བ་ཕལ་པ་ནི༔ ལུས་སྔ་ཕྱི་གཉིས་ཀྱི་བར་དུ༔ ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོ་མ་ཤེས་ཏེ༔ སྔར་གྱི་འཁྲུལ་སྣང་ཨ་འཐས་པའི་དབང་གིས༔ སྔར་གྱི་ལུས་མེད་ཀྱང་ཡོད་པ་སྙམ་པའི་ཤེས་པ་འབྱུང་སྟེ༔ དེ་ཡང་ཡིད་ཀྱི་ལུས་ལ་དབང་པོ་ཚང་བ་གར་ཡང་ཐོགས་པ་མེད་པར་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་ཕྱད་ཕྱོད་ཡད་ཡུད་དུ་ཀུན་ལ་སྙོམས་ཤིང་འཇུག་པར་བྱེད་དེ་སྔར་གྱི་བག་ཆགས་ལ་འཇུག་ཅིང་སྤྱོད་པ་སྙམ་བྱེད་པ༔ དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུ་ཞིག་འབྱུང་ངོ་༔ དེ་ཡང་ཁོ་རིག་པ་ལུས་དང་བྲལ་བའི་དབང་གིས༔ སྡོད་མི་ཟུག་ཅིང་བག་གྲང༔ ཚིག་པ་ཟ་སྐྱི་ཟིང་ཟིང་བྱེད༔ ཤེས་པ་བན་བུན་ཕྱད་ཕྱོད་ཡད་ཡུད་བྱེད་པའི་དུས་སུ༔ བསམ་བློ་གཅིག་བཏང་བས༔ ཨ་ཕ་ད་ང་ཤི་བར་(༨༧)འདུག་པས༔ ད་ཅི་ཙུག་བྱེད་སྙམ་པས་ཤེས་པ་མ་དགའ་ནས་སྙིང་གྲང་ལྷང་གས་འགྲོ༔ སྡུག་བསྔལ་དྲག་པོ་དཔག་ཏུ་མེད་པ་སྐྱེ༔ སྔར་ལས་དྲན་པ་བདུན་འགྱུར་གྱིས་གསལ་དུ་སོང༔ དེའི་དུས་སུ་ཕོ་མོ་ཆགས་པ་སྤྱོད་པའི་སྣང་བ་འབྱུང༔ དེར་དྲན་པས་བཟུང་ནས་རབ་ཀྱིས་བླ་མ་ཡི་དམ་དུ་མོས་པ་བྱས་ནས་མིག་སེར་དང་ཞེ་སྡང་མེད་པར་བདེ་བ་རང་སེམས་སུ་ཤེས་པས་རང་སེམས་ལ་དབང་ཐོབ་སྟེ་མངལ་འདམ་དུ་ཡོད་དོ༔ ཐ་མ་ཞེན་ལོག་བསྒོམས་པས་མི་འཇུག་གོ༔ ཡང་དེའི་དུས་སུ་རིགས་དྲུག་གི་འོད་༼ནི་ལྷ་མི་གཉིས་དཀར་པོ་བཀྲག་མེད་པ་ཞིག་ཡོང༔ བྱོལ་སོང་ལྷ་མིན་གཉིས་སེར་པོ་བཀྲག་མེད༔ དམྱལ་བ་ཡི་དྭགས་གཉིས་ནག་པོ་བཀྲག་མེད་དོ་༽དུ་སྣང་བ་ལ༔ ལྷ་ཁང་ལྟ་བུའམ༔ ༼ལྷར་སྐྱེ་༽འོད་ཀྱི་འཁོར་ལོ་ལྟ་བུའམ༔ ༼ལྷ་མིན་དུ་༽རྨུག་པ་དང༔ ༼མི་ལུས་གཙང་མ༔༽ སྐྱེ་བོའི་དབུས་ན་འདུག་པའམ༔ ༼མི་ལུས་རིན་པོ་ཆེ༔༽ སྤྱིལ་༼བྱོལ་སོང་དུ་སྐྱེ་༽བུའམ༔ གྲོག་པོའམ༔ ༼ཡི་དྭགས་སུ་སྐྱེའོ་༽མུན་ནག་ལྟ་བུ་༼དམྱལ་བར་སྐྱེའོ་༽འབྱུང་སྟེ་དེ་དག་གི་གསེབ་ཏུ་མི་འགྲོ་བར་༼བར་བྱའོ་༽གཟབ་བོ༔ ཡང་ཐའི་འབྲིང་༼སྒྱུ་མ་ལྟ་བུའི་༽བསྐྱེད་རིམ་གྱིས་བཟློག་པ་ནི༔ གོང་གི་སྣང་བ་དེ་རྣམས་༼འོད་ཀྱི་སྣང་བ་དེ་ཚོ་༽ཤར་བའི་དུས་སུ༔ ཡི་དམ་གང་ཡང་རུང་བ་གཅིག་ལ་མོས་གུས་ཀྱི་འདུན་པ་རྩེ་གཅིག་ཏུ་བསྒོམས་པས་དེའི་བྱིན་རླབས་ཀྱིས་ལས་དང་ལྡན་པར་སྐྱེའོ༔ ཡང་ཐའི་ཐ་མས་སྐྱབས་སུ་འགྲོ་བས་བཟློག་པ་ནི་གོང་གི་སྣང་བ་ཤར་བའི་དུས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་པས་དེའི་ལས་དང་བྱིན་རླབས་ཀྱིས་མི་ལུས་རིན་པོ་ཆེ༔ དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་སུ་གྱུར་ནས་སྐྱེ་བ་དེ་ལ་བླ་མ་དགེ་བའི་བཤེས་གཉེན་དང་ཕྲད་ནས་སངས་རྒྱའོ༔ སྲིད་པའི་བར་དོ་ལ་དེ་ལྟར་དྲན་ན༔ བཟང་པོ་ལས་ཀྱི་འཕྲོ་འཐུད་པ་ཡུར་ཆག་ལ་ཝ་བཙུགས་པ་ལྟ་བུའོ༔ དེ་ལྟར་མ་དྲན་ན་ནི་རིགས་དྲུག་ཏུ་འཁོར་བར་འཁྱམས་སོ༔ བར་དོ་གནད་ཀྱི་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ བློ་དམན་རྣམས་ལ་སྨིན་གྱུར་ཅིག༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ བར་དོ་གནད་ཀྱི་སྒྲོན་མེ་རྫོགས་སོ༔ རྒྱ།རྒྱ།རྒྱ།༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དགེའོ།། །།

བར་དོའི་གདམས་པ་འབྱུང་བ་འདུས་པ་འབྲལ་བ་རྟགས་ཀྱི་རིམ་པ།

༄༅༔ བར་དོའི་གདམས་པ་འབྱུང་བ་འདུས་པ་འབྲལ་བ་རྟགས་ཀྱི་རིམ་པ་བཞུགས་པ་ལགས་པས་གཟིགས་ཤིག༔

༄༅༔ ཐྱ།ན།གྲམདྲ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ན་མོ༔ སྐྱེས་བུ་དབང་པོ་ཐ་མ་འཆི་བའི་ཚེ༔ རྟགས་རྣམ་པ་གཉིས་འབྱུང་སྟེ༔ རྒྱུད་ལས༔ གང་ཞིག་སྐྱེས་བུ་འཆི་བའི་ཚེ༔ རྟགས་ནི་རྣམ་པ་གཉིས་སུ་བཤད༔ ཅེས་པས༔ འདིར་འཆི་ནད་ཀྱིས་བཏབ་ནས༔ འབྱུང་བའི་འདུས་ཚུལ་བཤད་དེ༔ ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས༔ སྐྱེས་བུའི་ལུས་ལ་ནད་བཏབ་ནས༔ རྟགས་ནི་སུ་ལ་འབྱུང་བ་ནི༔ ཤི་བའི་དུས་ནི་བཏབ་པ་ཡིན༔ ས་ནི་ས་ལ་ཐིམ་པ་དང༔ དེ་བཞིན་ཆུ་དང་མེ་དང་རླུང༔ སོ་སོར་རང་ལ་ཐིམ་པ་ནི༔ སྐྱེས་བུའི་ལུས་ལ་འདི་ལྟར་འོང༔ ཞེས་པས༔ འདི་ལ་ཡང་གསུམ་སྟེ༔ འབྱུང་བ་ལྔའི་ཐིམ་ལུགས་དང༔ སྣང་བའི་འདུས་ལུགས་དང༔ རླུང་གི་འབྲོས་ཚུལ་ལོ༔ དང་པོ་འབྱུང་བའི་ཐིམ་ལུགས་ནི༔ ལུང་ལས༔ ས་ནི་ས་ལ་རང་ཐིམ་པས༔ ལུས་ནི་ལྕི་ཞིང་ལྡང་མི་ནུས༔ ལངས་ནས་འགྲོ་བའི་སྟོབས་ཀུན་ཟད༔ ཆུ་ནི་ཆུ་ལ་ཐིམ་པའི་ཚེ༔ ཁ་ཆུ་སྣ་ཆུ་འཛག་པར་བྱེད༔ དེ་བཞིན་མེ་ལ་མེ་ཐིམ་པས༔ ཁ་སྣ་དག་ནི་རབ་ཏུ་སྐམ༔ ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར༔ ལུས་ཀྱི་བཀྲག་དང་གཟི་མདངས་ཉམས༔ དེ་བཞིན་རླུང་ལ་རླུང་ཐིམ་པས༔ དབུགས་ནི་ངར་ངར་ཡན་ལག་གཡོབ༔ མིག་ཀྱང་གྱེན་ལ་ལྡོག་པའོ༔ རྟགས་ནི་སུ་ལ་བྱུང་བ་དེ༔ འདི་ལ་མི་གནས་ཕ་རོལ་འགྲོ༔ དེ་ཚེ་བླ་མའི་གདམས་ངག་རྣམས༔ རང་གི་རྒྱུད་ལ་འདྲིས་པར་བྱ༔ ཞེས་སོ༔ དེ་ནས་ཕྱིའི་སྣང་བ་འདུས་ཚུལ་ནི༔ རྒྱུད་ལས༔ དེ་ཚེ་སྣང་བ་འདི་ལྟར་འདུ༔ ཕྱི་ཡི་དབང་པོ་དྲན་བྱེད་རྣམས༔ མུན་སྲོས་བཞིན་དུ་འུབ་ཀྱིས་འདུ༔ རིག་པ་སྙིང་གི་དཀྱིལ་དུ་འདུས༔ སྨྲ་ཡང་མི་ཤེས་དྲན་པ་ཉམས༔ དེ་ནས་ལུས་ཀྱི་༼དེ་ནས་རྩ་ཐམས་ཅད་ནས་༽ཁྲག་འདུས་ནས༔ སྲོག་རྩའི་ནང་༼དུ་འདུས་༽ནས་སྙིང་དུ་བརྒྱབ༔ ༼ཁྲག་ཐིགས་གཅིག་བརྒྱབ་པས༔༽ ཁ་དང་མིག་ནི་སྐྱ་ལོག་འགྲོ༔ དབུགས་ནི་ཁྲུ་གང་ཙམ་དུ་༼ནར་གྱིས་༽ཆད༔ དེ་ནས་ཁྲག་ཐིགས་གཉིས་༼སྲོག་རྩ་ནས་སྙིང་དུ་འདུས་༽བརྒྱབ་པས༔ མགོ་སྒུ་༼བ་དང་༽དབུགས་ནི་མདའ་གང་༼དུ་ནར་གྱིས་༽ཆད༔ (༨༩)དེ་ནས་ཁྲག་ཐིགས་༼སྙིང་ནང་དུ་༽གསུམ་བརྒྱབ་པས༔ ཨིག་ཅེས་དབུགས་ནི་འདོམ་གང་༼ཕྱིར་ནར་གྱིས་སོང་ནས་ཚུར་མ་འདུས་པར་༽ཆད༔ དེ་ནས་ཕྱི་དབུགས་ཆད་པ་དང༔ རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད༔ དེ་ནས་ནང་གི་དབུགས་ཆད་ནས༔ ཆོས་ཉིད་བར་དོ་འཆར་བ་ཡིན༔ ཞེས་སོ༔ དེ་ནས་རླུང་ལྔའི་འབྲོས་ཚུལ་ནི༔ ཀློང་གསལ་ལས༔ འདེགས་བྱེད་དོན་གྱི་རླུང་བྲོས་པས༔ ལུས་ནི་མི་ཐེག་སྒྱིད་པ་སྐྱུར༔ ཡན་ལག་མི་འདུས་སྨྲ་བ་དཀའ༔ མིག་ལྡོག་དབུགས་ནི་ཕྱི་རུ་ཕུལ༔ བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས༔ ལུས་ཧམ་ཁ་སྣར་བལ་དུད་ཆགས༔ ཤ་ཚ་ཁ་སྐམ་གཤིན་དྲི་མནམ༔ དྭངས་སྙིགས་འབྱེད་པའི་རླུང་བྲོས་པས༔ བཟའ་བཏུང་མི་ལེན་ལུས་སྟོབས་ཤོར༔ མེ་དང་མཉམ་པའི་རླུང་བྲོས་པས༔ ལུས་ཀྱི་དྲོད་ནི་མཐའ་ནས་འཆོར༔ བསྐལ་པ་ལས་ཀྱི་རླུང་བྲོས་པས༔ ལུས་ལ་ཟ་ཟི་ཕྱད་ཕྱོད་ལང༔ རྩ་ཕྲན་ཁྲག་ནི་སྲོག་རྩར་འདུ༔ ཞེས་སོ༔ དོན་གྱི་ཐོག་མ་ཡང་ཡེ་ཤེས་ཀྱི་རང་རྩལ་མ་རིག་པས་འབྱུང་བ་ལྔ་ལས་༼འབྱུང་བ་གཅིག་གྲོགས་གཅིག་གིས་བསྐྱེད་ནས་༽ལུས་བྱུང༔ དེ་ལ་རིག་པའི་རྟེན་བྱས་པས་འབྱུང་བཞིའི་བཅུད་སྨིན༔ དེ་ཡང་ལས་ཀྱི་དབང་གིས་འབྱུང་བའི་བྱེར་ཟུག་༼འབྱུང་བ་འཁྲུགས་གཅིག་དགྲ་གཅིག་གིས་བྱས་ནས་༽གིས༔ འབྱུང་བ་སོ་སོར་ཐིམ་སྟེ་ཚེའི་དུས་བྱེད་པའོ༔ འབྱུང་བ་ལྔ་འདུས་པ་འབྲལ་བ་རྟགས་ཀྱི་རིམ་པ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼འདིར་གོང་འོག་གི་ཕྲག་ན་བར་དོའི་གསོལ་འདེབས་དེ་བྲིས་འདུག་པ་ཡིན༔༽

གྒགཅྱ།༔ ཏྱི།དྭ།ཉེ།རྒྱ།།༔ ཕྱགསཧྱ༔ དེ་ནས་འབྱུང་བཞི་སོ་སོར་ཐིམ་ནས༔ རྣམ་ཤེས་ཆོས་ཉིད་དག་ལ་མ་བསླེབས་ཙམ༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ༔ མཆན་འོག་དྲོད་ནི་ཅུང་ཙམ་ཡོད་པའི་དུས༔ བེམ་རིག་བྲལ་བའི་དུས་བྱུང་ཚེ༔ བླ་མ་མཆེད་དང་ལྕམ་དྲལ་གྱིས༔ དཀོན་མཆོག་མཆོད་པ་ཅི་འབྱོར་བཤམ༔ བླ་མ་རྣམས་ལ་གསོལ་བ་གདབ༔ བསྟན་པ་བུ་གཅིག་བཀླག་པར་བྱ༔ སྔར་གྱི་ཉམས་ལ་གསལ་ཡང་གདབ༔ རོལ་མོ་སྣ་ཚོགས་སྔས་ཁར་བསྒྲག༔ བཀའ་བཀླག་རྒྱུད་བཀྲོལ་དབང་བསྐུར་མན་ངག་བཤད༔ དེ་ནས་ཚེ་ལས་འདས་པའི་རྣ་བ་རུ༔ (༩༠)སྨྱུག་སྦུག་བཙུགས་ལ་འདི་སྐད་བཤད༔ ཨེ་མ་ཨེ་མ་རིགས་ཀྱི་བུ༔ བདག་ལ་ལེགས་པར་ཚུར་ཉོན་ཅིག༔ འདི་ལྟར་དུ༔ ཕྱིའི་འབྱུང་བ་ས་རྡོ་རི་བྲག་དང༔ རྩི་ཤིང་ནགས་ཚལ་ཆུ་ལ་སོགས༔ མི་ནོར་ཡུལ་འཁོར་ཐམས་ཅད་ཀུན༔ སྣང་བ་གང་ཡང་མེད་དོ་ཡིད་ལ་ཞོག༔ ནང་ཆོས་ཉིད་འོད་གསལ་འདི་ལྟར་འཆར༔ སྟེང་འོག་ཕྱོགས་མཚམས་མེད་པ་རུ༔ གང་དུ་བལྟས་ཀྱང་འཇའ་འོད་ཁ་དོག་ལྔ༔ གསལ་བ་དྭངས་པ་འོད་འཕྲོ་བ༔ མནན་ན་ནེམ་བྱེད་པ་སྙམ་པ༔ བཏེག་ན་འཕར་བ་སྙམ་པ་ཡོང༔ འཇའ་འོད་ཐམས་ཅད་ཀྱང་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ་སོ་སོར་མ་འདྲེས་པ༔ འགུལ་བ་འཕྲིག་པ་སྣ་ཚོགས་པ་འོང་སྟེ༔ དེ་ཁྱོད་རང་གི་སེམས་ཀྱི་སྣང་བ་ཡིན་ཏེ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ མ་སྔངས་ཤིག༔

ཐ།ཀྒ།༔ ཨེ་མ་ཨེ་མ་རིགས་ཀྱི་བུ་ཁྱོད་ང་ལ་ཉོན་ཅིག༔ ད་ཞག་གཉིས་སོང་བའི་དུས་སུ་འོད་དེ་རྣམས་ཀྱི་ནང་ནས་རིགས་རྣམ་པ་ལྔའི་སྐུའི་སྣང་བ་འཆར་ཏེ༔ སྐུ་དེ་རྣམས་ཐམས་ཅད་ཀྱང་མི་ཆེ་བ༔ མི་ཆུང་བ༔ མཉམ་པ༔ རྒྱན་དང་ཁ་དོག་མ་འདྲེས་པ་དེ་ཡང་ཕྱི་བལྟས་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ འགུལ་བ༔ འཕྲིག་པ༔ གསལ་བ༔ དྭངས་པ༔ ལྷུན་སྡུག་པ༔ ཡིད་དུ་འོང་བ༔ ཕྱོགས་བཞིའམ་སྟེང་འོག་ཐམས་ཅད་སྐུའི་སྣང་བ་འཆར་ཏེ་ཁྱོད་རང་གི་ཆོས་ཉིད་མའི་སྣང་བ་ཡིན་པས༔ ཁྱོད་རང་གི་སེམས་ཉིད་རིག་པ་མི་འགྱུར་བའི་སྐུ་ཡིན་པས་དེར་ཤེས་པར་གྱིས་ཤིག༔ མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག༔ སྐུ་རྣམས་ཐམས་ཅད་ལ་མ་སྐྲག་ཅིག༔ མ་སྔངས་ཤིག༔ མ་འཇིགས་ཤིག༔ ཁྱོད་རང་གི་སེམས་ཉིད་ཡིན་པར་ཤེས་པར་གྱིས་ཤིག༔

ཐྱ།།ཐཨ༢༔ དེ་ནས་ཞག་གསུམ་སོང་བའི་དུས་སུ་སྐུ་དེ་དག་ཐམས་ཅད་ཀྱང༔ འོད་ཀྱི་སྐུ་ཡབ་ཡུམ་གཉིས་གཉིས་ཀྱི་སྣང་བ་འཆར་བ་ནི༔ རང་སྣང་ཡིན་པར་ཐག་ཆོད་ཅིག༔ སྐུ་དེ་དག་དང་རང་གི་སྙིང་ཁ་འབྲེལ་བའི་སྣང་བ་ཡང་འཆར་རོ༔ དེ་ལྟར་སྣང་བ་གང་ཤར་ཀྱང་རང་སེམས་འོད་ཀྱི་བྱ་བ་རྫོགས་པ་ལྟ་བུ་ཡིན་པས༔ ཁོ་ཐག་ཆོད་པའི་གདམས་ངག་དྲན་པར་གྱིས་ཤིག༔(༩༡)

ཏྱ།རྦ།༔ ཨེ་མ་ཨེ་མ་རིགས་ཀྱི་བུ་ཉོན་ཅིག༔ ཞག་བཞི་སོང་བའི་དུས་སུ་སྐུ་དེ་དག་ཐམས་ཅད་ཀྱང་དཀྱིལ་འཁོར་ལ་རྫོགས་པའི་བརྡར་འཆར་བས་འདིའི་དུས་སུ་རང་ཐོག་ཏུ་གདེང་ཆོས་ལ་རྒྱལ་པོ་གདན་ས་ཟིན་པ་ལྟ་བུ་ཡིན་པས༔ འགྱུར་བ་མེད་པར་ཁྱོད་རང་གི་སེམས་ཡིན་པར་ཐག་ཆོད་ཅིག༔ ཨེ་མ་ཨེ་མ་རིགས་ཀྱི་བུ་ཚུར་ཉོན་ཅིག༔ དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀུན་རང་གི་སྙིང་ཁར་ཐིམ་པའི་སྣང་བ་འཆར་བས༔ འདིའི་དུས་སུ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕང་བ་ལྟ་བུ་སྟེ༔ དེ་ལྟར་རེ་ས་མེད་པའི་འབྲས་བུ་ལས་སླར་མ་ལྡོག་ཅིག༔ ཨེ་མ་ཨེ་མ་རིགས་ཀྱི་བུ༔ སྣང་བ་གང་ཤར་ཡང་ཁྱོད་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་པས་ངོ་ཤེས་པས་ཆོག་པ་ཡིན་ནོ༔ བྱས་པས་མི་ཐེབ་མི་སྲིད་དོ༔ དཔེར་ན་མི་བརྟན་པོ་ཞིག་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་བ་དང་འདྲའོ༔ ཐམས་ཅད་ཀྱི་རྣ་བ་གཡོན་པར་གདབ་པ་མན་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་སྐད་ཅིག་མའི་ཆ་ལ་སོགས་པ་ལས༔ སྐད་ཅིག་མ་བཞི་ལྔར་མ་འདྲིས་པའི་དབང་གིས༔ སྐད་ཅིག་མ་བཞི་ལ་ཞག་ལྔར་སྣང་བས་སེམས་འཁོར་བར་འཁྱམས་ཀྱང་ཞག་ལྔ་བདེ་ལྡན་ནོ༔ ཞེས་སོ༔ དེ་ལ་འདི་ལྟ་སྟེ༔ འཆི་ཁའི་བར་དོ་འདི་ལ་ཡང་འཆི་ལུགས་མི་འདྲ་བ་བཞི་བརྒྱ་དང་བཞི་བཅུ་ཞེ་ལྔ༔ ཚེ་ཟད་ནས་འཆི་བའི་ལུགས་ལ་དགུ་བརྒྱ་དང་དགུ་བཅུ་རྩ་ལྔ༔ དེ་ལྟར་འཆི་ལུགས་མི་འདྲ་བ་སྟོང་བཞི་བརྒྱ་དང་བཞི་བཅུ་ཐམ་པ་ཡོད་པས་ན༔ འཆི་བ་དེ་གལ་ཏེ་བཙན་ཐབས་སུ་ཤི་སོང་ནས་དྲན་པ་མི་གསལ་ན་སྐུ་གསུང་ཐུགས་སྒོ་སྤྲད་ཀྱི་གདམས་པ་འདི་ཤིན་ཏུ་ཟབ་བོ༔ རང་ཉིད་ངག་ཏུ་ཨ་ཞེས་བརྗོད་ཅིང་རང་གི་སྣ་བུག་གཡས་ནས་གཡོན་ལ་ཡེ་ཤེས་ཀྱི་ཨ་དཀར་པོ་གཅིག་སྤྲོས་ལ་ཤི་བ་དེའི་སྣ་བུག་གཡས་ན་ཕར་བཏང་ངོ་༔ སྣ་བུག་གཡས་ན་ཕར་སྐུའི་རྡོ་རྗེའི་རླུང་འགྱུ་བས་རང་དང་ཤི་བ་གཉིས་ཀྱི་སྣ་བུག་གཡས་པ་གཉིས་སྤྲོད༔ ཡང་ངག་ཏུ་ཨཱཿཞེས་བརྗོད་པས་རང་གི་སྣ་བུག་གཡོན་པ་ནས་ཕར་ལ་ཨཱཿདམར་པོ་གཅིག་འགྱུས་པས་ཤི་བ་དེའི་སྣ་བུག་གཡོན་ན་ཕར་བཏང་ལ་སྣ་བུག་གཡོན་པ་གཉིས་སྤྲད་དོ༔ སྣ་བུག་གཡོན་གཉིས་(༩༢)སུ་གསུང་རྡོ་རྗེའི་རླུང་རྒྱུའོ༔ ཡང་རང་གི་ཁ་ནང་ནས་ཕར་ལ་ཧཱུྃ་བཟླས་ཤིང་འཕྲོས་པས་ཤི་བ་དེའི་ཁ་ནང་ན་ཕར་བཏང་ཞིང་ཁ་གཉིས་སྤྲད་དོ༔ ཁ་གཉིས་སུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རླུང་རྒྱུའོ༔ དེ་ལྟར་རེ་མོས་བྱས་ཤིང་དམིགས་པ་གཏད་པས་རོ་ལ་རྣམ་ཤེས་ཡོད་ན་རིག་པ་ཁུག་པས་ན་གོང་གི་འཕོ་བ་བཏབ་པས་མི་ཐེབས་མི་སྲིད་དོ༔ ཤི་བའི་ལུས་ངག་ཡིད་གསུམ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་ངེས་པར་འཚང་རྒྱའོ༔ བར་དོ་འོད་གསལ་གྱི་གདམས་ངག་ཤི་ཁ་མའི་བར་དོ་བྱ་བ་བར་དོ་གཉིས་པ་རྫོགས་སོ༔ ཀློང་གསལ་གསང་བའི་སྙིང་བཅུད༔ བར་དོ་ཉི་ཟླ་མ་བུ་ལམ་སྦྱོར་ཞེས་བྱ་བ༔ པདྨ་འབྱུང་གནས་བདག་གིས་སུ༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ ཨ་ག་ཐ༔ ཏྱ།ཏྱ།ཏྱ།༔ ཨཏྱ།ག།ཏྱ།ཤནཱ།ཐ།ཐ།རླ༔

འཆི་ཁ་བར་དོའི་གསལ་འདེབས།

༄༅༔ འཆི་ཁ་བར་དོའི་གསལ་འདེབས་བཞུགས་པ་ལགས་སོ༔ བར་དོ་གནད་དུམ།

༄༅༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འཆི་ཁའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུའི་གདམས་པ་ནི༔ ཉི་ཟླ་ཁ་སྦྱོར་ལས༔ རྣལ་འབྱོར་འཆི་བའི་དུས་བྱུང་ན༔ ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས༔ མིག་ནི་ནམ་མཁའི་དབྱིངས་སུ་བལྟ༔ ཡིད་ཙམ་བར་སྣང་ལམ་དུ་བྱ༔ དབྱིངས་དང་རིག་པ་མི་འགྱུར་ན༔ མི་དེ་བར་དོ་མེད་པར་ནི༔ སངས་རྒྱས་ས་ལ་ཐེ་ཚོམ་མེད༔ བླ་མ་མཆེད་དང་རྡོ་རྗེ་སྤུན༔ གདམས་ངག་གསལ་ནི་འདེབས་སུ་གཞུག༔ ཅེས་པས་གསལ་གདབ་པ་ལ་དོན་ལྔ་སྟེ༔ གསལ་གདབ་པའི་ཡུལ་དང་གཅིག༔ དུས་དང་གཉིས༔ ཐབས་དང་གསུམ་ཉོན་མོངས་ཀྱི་རྩ་སྒོ་དགག་རིག་པ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེ་ནས་རྩོལ་མེད་དུ་སངས་རྒྱ་བའི་གནད་དང་བཞི༔ དགོས་ཆེད་དང་ལྔའོ༔ དང་པོ་ཡུལ་ལ་གཉིས༔ ཡར་གྱི་ཟང་ཐལ་མཚམས་མེད་ལ༔ དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་པས་གསལ་གདབ་མི་དགོས༔ མར་གྱི་ཟང་ཐལ་ལ་དབུགས་ཆད་པ་དང་དམྱལ་བར་སྐྱེ་བ་དུས་མཉམ་པས་གསལ་བཏབ་མ་བཏབ་མེད༔ གཉིས་པོ་དེ་མ་ཡིན་པའི་(༩༣)འཆི་ཁ་མ་རྣམས་ལ་གསལ་གདབ་པོ༔ གཉིས་པ་དུས་ལ་གཉིས༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་དང༔ བར་དོ་དང་པོ་འོད་གསལ་མ་བུ་འདྲེས་པའི་དུས་སུ་གདབ་པོ༔ གསུམ་པ་གདབ་པའི་ཐབས་༼གདམས་ངག་༽ལ་གཉིས་ཏེ༔ རང་གིས་གདབ་པ་དང༔ གཞན་གྱིས་གདབ་པའོ༔ དང་པོ་རང་གིས་གདབ་པ་ནི༔ ནོར་རྫས་རྟེན་མཆོད་དཔེ་ཆ་དངོས་པོ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྤང་དག་བྱ༔ ངུ་སྐད་དང༔ ཟང་ཟིང་དང༔ འཁོར་གཡོག་དང༔ རང་གི་ལུས་ལ་ཡང་མ་ཆགས་པར་བྱ༔ དངོས་པོ་གང་ལ་ཡང་མི་ཞེན་པར་བློས་བཏང༔ ཆགས་སེམས་ཀྱི་རྒྱུ་ཡིན་པས་རྩར་མི་བཞག་ཅི་ལ་ཡང་མ་ཆགས་པར་བྱ༔ མ་ཞེན་པར་བྱའོ༔ དེ་ནས་མཆོད་པ་རྣམ་ལྔ་བཤམ༔ རང་ཡི་དམ་གྱི་ལྷ་གང་ཡིན་ནམ་ཐུགས་རྗེ་ཆེན་པོར་བསྒོམ༔ བླ་མ་སྤྱི་བོར་བསྒོམ༔ མོས་གུས་དྲག་པོ་བྱས་ལ༔ ངག་ཏུ་བླ་མ་རིན་པོ་ཆེ༔ བདག་གིས་བར་དོར་འོད་གསལ་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ༔ རང་ངོ་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ༔ སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་བརྗོད༔ དེའི་ངང་ལ་རིག་པ་འཆི་རྒྱུ་མེད་པ་ནམ་མཁའ་ལྟ་བུའི་ངང་དུ་མ་བཅོས་མ་བསླད་པར་བཞག་ལ༔ ག་རེ་བར་དོ་དང་པོ་ལ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་འཆར་བའི་འོད་གསལ་སྟོང་པ་ཆོས་ཀྱི་སྐུ༔ དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ༔ ཀ་དག་འོད་གསལ་མ་བུ་འདྲེས་པ་དེ་ངོས་ཟིན་པར་བྱ་སྙམ་དུ་གསལ་གདབ༔ བར་དོ་གཉིས་པ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལོངས་སྤྱོད་རྫོགས་པ་སྐུའི་འོད་གསལ༔ སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་སྣང་ལ་རང་སྣང་དུ་ངོ་ཤེས་པར་བྱ་སྙམ་དུ་གསལ་གདབ་བོ༔ རང་དྲན་པ་མི་གསལ་བའམ༔ གདམས་པ་འདི་མ་ཐོབ་པའམ༔ གལ་ཏེ་དྲན་པ་ཉམས་ནས་ཤི་ན་ཕྱི་དབུགས་ཆད་མ་ཐག་ཏུ༔ གཉིས་པ་གཞན་གྱིས་གསལ་གདབ་པ་ནི༔ བླ་མའམ་མཆེད་གྲོགས་ཀྱིས་གསལ་གདབ་བོ༔

དེ་ཡང་དྲན་པ་ཉམས་ན་གསོ་བའི་ཐབས་ནི༔ འདི་ལྟར་བྱས་ཏེ་ཚེ་འདས་དང་རང་གཉིས་ཀ་སྣ་སྤྲད་དེ༔ རང་གི་སྣ་བུག་གཡས་ནས་ཨོཾ་དཀར་པོ༔ (༩༤)གཡོན་ནས་ཨཱཿདམར་པོ༔ ཁ་ནས་ཧཱུྃ་སྔོན་པོ༔ ཕ་རོལ་གྱི་ཁ་སྣ་ལ་ཐིམ་པའི་དམིགས་པ་དང༔ རླུང་འཕེན་པ་ལན་གསུམ་བྱ༔ དེ་ནས་ཕ་རོལ་པའི་རླུང་ཡི་གེ་དང་བཅས་པ་དང༔ རང་གིས་འཕངས་པའི་རླུང་ཡི་གེ་དང་བཅས་པ་འདྲེས་པ་དེ་རང་གི་ཁ་དང་སྣ་རུ་ལན་གསུམ་ཚུར་ལ་རྔུབ་ཅིང་ནར་ནར་དྲངས་པས་ཕ་རོལ་པའི་ལུས་ལ་དྲོད་ཡོང༔ མིག་རྩ་ཧྲིག་གིས་ཡོང་ངོ་༔ དེ་བྱུང་བ་དང་གསལ་གདབ་པ་ནི༔ འོ་རིགས་ཀྱི་བུ་ཁྱོད་ཚེ་འདིའི་སྣང་བ་མ་དག་པ་འདི་ལ་མ་ཆགས་ཤིག༔ མ་ཞེན་ཅིག༔ ཅེས་ལན་གསུམ་བརྗོད༔ དེ་ནས་སྙུག་མའམ་ཤོག་གུའི་སྦུ་གུ་སྐྱེས་པའི་གཡས༔ བུད་མེད་ཀྱི་གཡོན་གྱི་རྣ་བར་གཏད་ལ༔ འོ་ཁྱོད་རང་གི་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པའི་དུས་སུ༔ ཕྱི་ས་རྡོ་རི་བྲག་གི་རྣམ་པ་གང་ཡང་མེད་པར་སེམས་ཅན་ཀུན་ལ་ཐུན་མོང་དུ་འཆར་བའི་སྣང་བ་འོད་གསལ་སྟོང་པ་ཆོས་ཀྱི་སྐུ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ༔ སྟོང་པ་ལ་གསལ་བའི་ངར་དང་ལྡན་པ༔ སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ༔ འོད་གསལ་སྔ་ཕྱི་འདྲེས་པ་དེ༔ བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུ་ཡིན་པས་དེ་ངོས་ཟིན་པར་གྱིས་ཤིག༔ བརྟན་པ་ཐོབ་པར་གྱིས་ཤིག༔ བཙན་ས་ཟིན་པར་གྱིས་ཤིག༔ ཁྲེགས་ཆོད་མ་བུ་འཕྲད་པར་གྱིས་ཤིག༔ དེའི་རྗེས་ལ་ལྷུན་གྲུབ་རིན་པོ་ཆེའི་འོད་གསལ་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བའམ༔ འཇའ་ཤར་བ་ལྟ་བུར་འོད་མཐའ་མེད་པའི་ཡུལ་ཅན་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཡེ་ཤེས་ཀྱི་འོད་ནམ་མཁའི་མཐའ་དང་མཉམ་པ༔ ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བའམ༔ ཐང་བ་ཚྭ་ཅན་ལ་སྨིག་རྒྱུ་འགྱུ་བ་བཞིན་དུ༔ ཡེ་ཤེས་ལྔའི་མདངས་འོད་འདར་བ་དང་འཕྲིག་པ་དང༔ འགུལ་བ་ཟེར་མཚོན་ཆའི་རྩེ་མོ་བཞིན་འཕྲོ་བའི་འོད་གསལ་བར་འཆར་རོ༔ དེ་རང་འོད་ཡིན་པས་རང་སྣང་དུ་ཤེས་པར་གྱིས་ཤིག༔ དེའི་ཀློང་ན༔ རང་བཞིན་ཞི་ཁྲོ་རང་སྣང་གི་ལྷ་ཚོགས༔ ཆེ་བ་རི་རབ་ཙམ་པ༔ འབྲིང་པོ་རི་བོ་ཙམ་པ༔ ཆུང་བ་ངེས་མེད་དུ་ནམ་མཁའི་མཐའ་དང་མཉམ་པས་ཁེངས་ཡོང་བས་རང་སྣང་ཡེ་ཤེས་སྒྱུ་མའི་སྐུ་ཡིན་ཏེ་རང་སྣང་ལ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ དེའི་ཀློང་(༩༥)ན་ཡེ་ཤེས་ཀྱི་རླུང་གི་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བའི་སྒྲའམ༔ རི་རབ་སྟོང་འགྱེལ་བའི་སྒྲ་ཙམ་དུ་གྲགས་ལ་ཡུན་རིང་དུ་ཡོང་བས༔ སྒྲ་རང་སྒྲ་ཡིན་པས་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལན་གསུམ་བརྗོད་ལ་ཅི་བདེར་བཞུད༔ ཅེས་བྱའོ༔ དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པ་ནི༔ སྙིང་དང་གློ་བའི་བར་ན་གཟུང་འཛིན་གྱི་རྩ་གྲོ་སོག་གི་སྦུ་གུ་ཙམ་པ་གཉིས་ལས༔ སེམས་རྣམ་པར་རྟོག་པ་འགྱུ་བ་ཀུན་གཞི་བག་ཆགས་དང་བཅས་པ་དང༔ ཡེ་ཤེས་གསལ་ལ་རྟོག་པ་མེད་པ་ཆོས་སྐུ་བག་ཆགས་དང་བྲལ་བ་གཉིས་རྩ་དེ་ལས་རྒྱབ་གྱེས་ནས་ཡེ་ཤེས་སྐྱོད་བྱེད་ཀྱི་རྟ་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་པས་འདེགས་པ་དང༔ སེམས་གཟུང་འཛིན་སྐྱོད་བྱེད་ཀྱི་རྟ་ཉོན་མོངས་ལས་ཀྱི་རླུང་རྟ་ལོང་བ་ལྟ་བུ་དེ་གཉིས་སྙིང་དང་གློ་བའི་བར་ནས་རྒྱབ་གྱེས་ནས༔ ཡེ་ཤེས་སྙིང་ནང་ནས་རྩ་དབུ་མར་ཚུད༔ ཉོན་མོངས་ལས་ཀྱི་རླུང་གློ་བའི་ནང་ནས་ལམ་མིད་པ་དཀར་ནག་ལ་ཞུགས༔ སྒོ་ཁ་སྣ་ལས་ཐོན༔ དབུགས་ཕར་ལ་ཧ་ཟེར་ནས་ཚུར་ལ་ཧུམ་འདུས་པར་དབུགས་སྣའི་སྒོར་ཆད༔ དབུགས་བར་སྣང་ལ་བུན་གྱིས་ཡལ༔ ལུས་གདོས་བཅས་བེམ་པོར་ལིང་གིས་སོང༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ༔ ནམ་མཁའ་འོད་གསལ་ལ་ཐིམ༔ དེའི་ཚེ་སྙིང་ནང་གི་རིག་པ་ཡེ་ཤེས་རྩ་དབུ་མའི་ནང་དུ་ཚུད་པས་ཕྱི་ནང་གི་འཁྲུལ་པ་ཐམས་ཅད་དག༔ འདིའི་དུས་སུ༔ བཞི་པ་ཉོན་མོངས་ཀྱི་རྩ་སྒོ་དགག༔ རིག་པ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེ་ནས་རྩོལ་མེད་དུ་སངས་རྒྱ་བའི་གནད་ནི་དུས་དེར་གཟུང་འཛིན་གྱི་རྩ་གཉིས་མི་གཅིག་ཟན་ཟ་ཡུན་ཙམ་མནན་པས་བར་དོ་དང་པོ་ངོས་ཟིན་ཅིང༔ རླུང་གཟུང་འཛིན་གྱི་རྩལ་མ་ཤོར་བས་ཡེ་ཤེས་ཀྱི་རླུང་རིག་ཚངས་བུག་ལས་ཐོན་ནས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ དུས་གཉིས་པ༔ བར་དོ་དང་པོ་འོད་གསལ་མ་བུ་འདྲེས་པའི་དུས་སུ་འདི་ལྟར་གསལ་གདབ་པ་ནི༔ འདིའི་དུས་སུ་ཡང༔ གོང་གི་ངོ་སྤྲོད་རྒྱས་པར་གདབ་བོ༔ ལྔ་པ་གསལ་བཏབ་པའི་དགོས་ཆེད་ནི༔ མི་གསལ་བ་གསལ་བར་བྱ་བ༔ སྒེག་མོ་མེ་ལོང་ལྟ་བ་ལྟ་བུར་ངོ་ཤེས༔ མི་ཤེས་པ་ཤེས་པར་བྱ་བ་རྒྱུས་མེད་ལ་ལམ་བསྟན་པ་ལྟ་བུ་(༩༦)ཡིད་ཆེས༔ མ་མཐོང་བ་མཐོང་བར་བྱ་བ་དམུས་ལོང་གི་མིག་ཕྱེ་བ་ལྟ་བུར་ཐག་ཆོད༔ མ་ཐོབ་པ་ཐོབ་པར་བྱ་བ་རྒྱལ་པོ་གདན་ས་ནོན་པ་ལྟ་བུར་གདེང་ཐོབ་པའོ༔ འཆི་ཁ་བར་དོ་གསལ་གདབ་པ་གསང་བ་དོན་ཆེན་ཡིན་པས་ཀུན་གྱི་ཐུན་མོང་མ་ཡིན་ནོ༔ རྒྱ་རྒྱ་རྒྱ༔

ཆོས་ཉིད་བར་དོའི་ཡོན་ཏན།

༄༅༔ ཆོས་ཉིད་བར་དོའི་ཡོན་ཏན་བཞུགས་པའོ༔

༄༅༔ གུ་རུ་རཏྣ་ལ་ན་མོ༔ འཆི་ཁ་མ་ལ་ནད་ཀྱིས་སེམས་འཁྲུགས༔ དྲན་པ་མི་གསལ་ཀྱང་བར་དུ་མི་ཆོད་པའི་རྟགས་གསུམ་ནི༔ ཀུན་གསལ་ལས༔ བརྡ་ལ་བར་དུ་མི་ཆོད་པ་ཆུ་ནང་གི་ཟླ་བ་ལ་རྡོ་བརྒྱབ་པ་ལྟ་བུ༔ རྟགས་ཚེས་བཅུ་དྲུག་གི་ཟླ་བ་མདངས་མ་ནུབ་པར་ཉི་མའི་མདངས་ཤར་ནས་བར་ན་མུན་པ་མེད་པ་ལྟ་བུ༔ དོན་ལ་བར་དུ་མི་ཆོད་པ་སྐུ་གསུམ་འབྲལ་མེད་ལུས་དང་གྲིབ་མ་ལྟ་བུའོ༔

༈ དེས་ན་ཆོས་ཉིད་བར་དོའི་ཡོན་ཏན་ནི༔ མི་གནས་པ་རྣམ་པ་གཉིས༔ དག་པ་རྣམ་པ་བཞི༔ དབང་དུ་མི་འགྲོ་བ་བཞི༔ བར་མ་ཆོད་པ་གཉིས༔ གདམས་པའི་གནད་གཉིས༔ སྐྱེ་བ་མི་ལེན་པའི་གཏན་ཚིགས་གསུམ༔ གསལ་འདེབས་བཞི༔ སྐྱེལ་མ་གསུམ༔ བསུན་མ་གསུམ༔ མཚམས་སྦྱོར་གསུམ༔ ཟང་ཐལ་གྱི་ཆོས་བཞི་རང་གྲོལ་བར་བསྟན་པའོ༔ དང་པོ་མི་གནས་པ་གཉིས་ནི༔ ཡར་སངས་རྒྱས་ཀྱི་ས་ལ་མི་གནས༔ མར་འཁོར་བའི་ས་ལ་མི་གནས༔ འོ་ན་གང་ན་གནས་ན་གཞི་ཀ་དག་ལྷུན་གྲུབ་ཕྱེད་པ་རྣམ་པ་བཞིའི་ཐོག་ན་གནས༔

དག་པ་བཞི་ནི༔ གང་ཚེ་ལས་འདས་པ་དེ་ཉིད་ལུས་སྔ་མ་བོར༔ ཕྱི་མ་ཡིད་ཀྱི་ལུས་མ་བླངས་པས་ལུས་སྔ་ཕྱི་མེད་པས་སྒྲིབ་པ་མ་སྦྱངས་དབྱིངས་སུ་དག༔ ལུས་སྔ་ཕྱི་མེད་པས་སེམས་སྐྱེ་བའི་རྩ་བ་མེད༔ སེམས་གནས་པའི་རྟེན་མེད༔ སེམས་ཐོན་པའི་སྒོ་ལྔ་མེད༔ རྣམ་ཤེས་ཆོས་ཉིད་རིག་པ་ལ་ཐིམ་པས་རྣམ་པར་ཤེས་པའི་སེམས་མེད་པས་ཉོན་མོངས་རང་སར་དག༔ ཁམས་གསུམ་གྱི་སྐྱེ་བ་གང་དུ་ཡང་མ་བླངས་པས་འཁོར་བ་མ་སྤངས་པར་དག༔ རང་སྣང་གི་དཀྱིལ་འཁོར་མཁའ་ལ་གསལ་བས་སྣང་སྲིད་མ་སྤངས་པར་དག་པའོ༔

༈ དབང་དུ་མི་འགྲོ་བ་བཞི་ནི༔ ཆོས་ཉིད་ཀྱི་བར་དོ་ལ་རང་བྱུང་གི་དཀྱིལ་འཁོར་མཁའ་ལ་ཤར་ཏེ༔ ལུས་སྔ་ཕྱི་མེད་པས་རང་བྱུང་གི་ཡེ་ཤེས་སྒྲིབ་པའི་དབང་དུ་མི་འགྲོ༔ (༩༧)རིགས་དྲུག་གི་ལུས་ངག་གི་སེམས་མེད་པས་རང་བྱུང་གི་ཡེ་ཤེས་ཉོན་མོངས་པའི་དབང་དུ་མི་འགྲོ༔ དགེ་སྡིག་སེམས་དང་བག་ཆགས་དག་པས་རང་བྱུང་གི་ཡེ་ཤེས་ལས་ཀྱི་དབང་དུ་མི་འགྲོ༔ མཐོ་རིས་ངན་སོང་དུ་མ་སྐྱེས་པའི་དུས་ཡིན་པས་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་ཀྱི་དབང་དུ་མི་འགྲོའོ༔

༈ བར་མ་ཆོད་པ་གཉིས་ནི༔ གང་ཚེ་ལས་འདས་པ་དེ་སྐྱེ་གནས་ཀྱི་བར་མ་ཆོད༔ སྐྱེ་བ་བླངས་པ་ལས་རང་བྱུང་གི་ད་ལ་ལྔའོ༔ ས་ལམ་གྱི་བར་མ་ཆོད༔ རང་སྣང་དཀྱིལ་འཁོར་མཁའ་ལ་འཆར་བ་ལྔའོ༔ ༈ གདམས་པའི་གནད་གཉིས་ནི༔ འཁོར་དུ་འཁོར་ས་མེད་དེ༔ སྣང་སྲིད་གཞི་ལ་དག༔ འཁྱར་དུ་འཁྱར་ས་མེད་དེ་ཆོས་ཉིད་མ་བུ་མཇལ༔ ༈ སྐྱེ་བ་མི་ལེན་པའི་གཏན་ཚིགས་གསུམ་ནི༔ ཕྱི་སྣང་བའི་ཡུལ་དག་པས་སྐྱེ་བ་ལེན་པའི་གནས་མེད༔ ནང་འཛིན་པའི་སེམས་དག་པས་སྐྱེ་བ་ལེན་པའི་བདག་མེད༔ རང་སྣང་གི་ད་ལ་མཐོང་བས་ངོ་ཤེས་ཏེ་སྐྱེ་བ་རྒྱུན་ཆད་དོ༔ ༈ གསལ་འདེབས་བཞི་ནི༔ རང་སྣང་རྐྱེན་དུ་ཤར་ཏེ་གསལ་གདབ༔ མཚན་བརྗོད་ལས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་སོ༔ འོད་ཟེར་རྐྱེན་དུ་ཤར་དུས་གསལ་གདབ༔ སྔ་མ་ནས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཞེས་སོ༔ གདམས་ངག་རྐྱེན་དུ་ཤར་ཏེ་གསལ་གདབ༔ སྔ་མ་ནས༔ ཡང་དག་སངས་རྒྱས་ལམ་རིག་པ༔ ཞེས་སོ༔ དཀྱིལ་འཁོར་རྐྱེན་དུ་ཤར་ཏེ་གསལ་གདབ༔ སྔ་མ་ནས༔ གསུམ་རིག་གཙང་མ་དག་པ་སྟེ༔ ཞེས་སོ༔

༈ སྐྱེལ་མ་གསུམ་ནི༔ སྔར་ཉམས་སུ་བླངས་པའི་སྐྱེལ་མ༔ ཉམས་གདིང་དུ་ཚུད་དེ་བརྟན་པ་ཐོབ་པའི་སྐྱེལ་མ༔ འཆི་ཁར་གསལ་ཐེབས་པའི་སྐྱེལ་མའོ༔

༈ སུན་མ་གསུམ་ནི༔ དང་པོ་ཡེ་ཤེས་འོད་ཀྱི་སུན་མ་འབྱུང༔ མུན་པ་ལ་ཉི་མ་ཤར་བ་ལྟ་བུ༔ གཉིས་པ་ཟེར་གྱི་སུན་མ་འབྱུང༔ སྡོམ་པ་ཐོག་ལ་འགྲོ་བ་ལྟ་བུ༔ གསུམ་པ་སྐུའི་སུན་མ་འབྱུང༔ མིང་ནས་ལྷང་བོས་པ་ལྟ་བུའོ༔

༈ དང་པོ་འོད་ཀྱི་སུན་མ་སྐུ་དང་ཡེ་ཤེས་ཀྱི་འོད་རང་གསལ་འཛིན་མེད་དུ་ཆོད༔ གཉིས་པ་ཟེར་གྱི་སུན་མ་རང་གྲོལ་འགག་མེད་དུ་ཆོད༔ གསུམ་པ་ཆོས་ཉིད་རང་སྒྲའི་སུན་མ་གྲགས་སྟོང་སྐྱེ་མེད་དུ་ཆོད༔

༈ མཚམས་སྦྱོར་གསུམ་ནི༔ རང་སྣང་བླ་མ་(༩༨)ཡི་དམ་མཁའ་འགྲོ་གསུམ་དུ་འཆར་ཏེ༔ དང་པོ་བླ་མའི་མཚམས་སྦྱོར་བྱིན་བརླབས་ཀྱི་རང་ངོ་ཤེས༔ གཉིས་པ་ཡི་དམ་གྱི་མཚམས་སྦྱོར་མཆོག་གི་འོད་གསལ་ལ་སྤྱོད༔ གསུམ་པ་མཁའ་འགྲོའི་མཚམས་སྦྱོར་ཀ་དག་བཙན་ས་ཟིན༔

༈ ཟང་ཐལ་གྱི་ཆོས་བཞི་ནི༔ རང་སྣང་འོག་མིན་གྱི་གནས་ཟང་ཐལ་དུ་ཤར་བས་འཇིག་རྟེན་པའི་སྣང་བ་དག་སྟེ་ཕྱི་སྣང་བའི་ཡུལ་དག་པར་སངས་རྒྱའོ༔ རང་སྣང་གི་དཀྱིལ་འཁོར་ཟང་ཐལ་དུ་ཤར་བས་ལུས་ཀྱི་སྒྲིབ་ཤིང་དག་སྟེ་སངས་རྒྱའོ༔ ཐུགས་རིག་པའི་ཡེ་ཤེས་ཉིད་ཟང་ཐལ་དུ་ཤར་བས༔ རྣམ་པར་ཤེས་པ་གཞི་ལ་ཟང་ཐལ་དུ་ཐིམ་པས་འཛིན་པའི་སེམས་མེད་དེ་སངས་རྒྱའོ༔ དྲན་པའི་ཤེས་རབ་ཟང་ཐལ་དུ་ཤར་བས་མ་རིག་པ་སངས་ཏེ་སངས་རྒྱའོ༔ རང་གྲོལ་བར་བསྟན་པ་ནི༔ རང་རིག་པའི་ཡེ་ཤེས་རང་བྱུང་རང་ཤར་རང་གསལ་དུ་བསྟན་ཏེ་མཁྱེན་པ་ཤར་ནས་གཞི་ཡེ་འཚང་རྒྱས་པ་ལ་འབྲས་བུ་མངོན་སངས་རྒྱའོ༔ ཆོས་ཉིད་བར་དོའི་ཡོན་ཏན་རྫོགས་སོ༔

བར་དོ་ངོ་སྤྲོད།

༄༅། །བར་དོ་ངོ་སྤྲོད་བཞུགས་པའི་དབུའོ༔

༄༅༔ བར་དོ་ངོ་སྤྲོད་ལ༔ ཤེལ་དཀར་ཟུར་བརྒྱད་པ་ཉི་ཞུར་ལ་ཕྱར་ནས༔ ཀྱེ་སྐལ་བ་དང་ལྡན་པ་ཀུན༔ སྣོད་ལྡན་ཐུགས་ཀྱི་མེ་ལོང་འདི༔ ཆོས་སྐུ་དངོས་མ་ཡིན་ཏེ་དཔེ་ནི་འདི་འདྲ་བས་ཤེས་པར་བྱའོ༔ དཔེ་འདི་ལ་ཕྱི་ནང་མེད་པ་ལྟར་ཆོས་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག༔ ཤེལ་འདི་ལ་མདུན་རྒྱབ་མེད་པར་ཟང་ཐལ་བ་བཞིན་ཆོས་སྐུ་ལ་མདུན་རྒྱབ་མེད་ཅིང་ཟང་ཐལ་དུ་ཤེས་པར་གྱིས་ཤིག༔ ཤེལ་འདི་ལ་ནང་མེད་པའི་ནང་ནས་རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར་ཆོས་སྐུ་སྟོང་པ་ཟང་ཐལ་གྱི་ངང་ནས་གཟུགས་སྐུ་རང་གསལ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འཆར་བ་ཤེས་པར་གྱིས་ཤིག༔ འདིའི་ནང་ནས་འོད་ལྔ་ཤར་བ་ལྟར་ཆོས་སྐུ་ལས་གཟུགས་སྐུ་གཉིས་གདུལ་བྱའི་སྣང་ངོར་ཤེས་པར་གྱིས་ཤིག༔ དེ་ལྟར་སྐུ་གསུམ་དང་ཡེ་ཤེས་ལྔ་ལྡན་དུ་བཞུགས་པ་ལ་འཁྲུལ་པ་ལ་རྒྱུ་གསུམ་དང་རྐྱེན་བཞི་སྟེ༔ ཐལ་འགྱུར་རྒྱུད་ལས༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ བདག་ཉིད་གཅིག་པས་འཁྲུལ་རྩ་༼རང་བྱུང་དཀྱིལ་འཁོར་རང་ལ་སྣང་ཡང་རང་ངོ་མ་ཤེས་(༩༩)པས་༽བྱས༔ ལྷན་ཅིག་སྐྱེས་པས་༼དེ་ལྟར་ང་ལས་འོད་བྱུང་ངམ་འོད་ལས་ང་བྱུང་སྙམ་༽རྟོག་པ་གཉིས༔ ༼གཉིས་སུ་བརྟག་པས་༽ཀུན་ཏུ་བརྟགས་པས་༼དེ་ལ་ཐུགས་རྗེའི་ཡུལ་ཅན་དུ་བདེན་པར་བརྟགས་ནས་༽ཡུལ་དུ་གྱུར༔ ༼བཟུང་དེ་གསུམ་དུས་མཚུངས་པས་༽རྒྱུ་དེ་ལ་རྐྱེན་བཞིར་༼དེ་མ་ཐག་གི་རྐྱེན་བྱིས་པ་ལ་མེ་ལོང་བསྟན་པ་ལྟ་བུར་༽འཁྲུལ་པ་སྟེ༔ ཐལ་འགྱུར་ལས༔ རྒྱུ་༼བདག་ཉིད་གཅིག་པས་མ་རིག་པས་རྒྱུའི་རྐྱེན་བྱས་ཏེ་མེ་ལོང་ལྟ་བུ་༽དང་བདག་༼ལྷན་ཅིག་སྐྱེས་པ་དབང་ཤེས་ངར་འཛིན་གྱི་༽པོ་ངོས་བཟུང་སྟེ༔ དམིགས་པ་༼ཀུན་ཏུ་བརྟགས་པའི་ཡུལ་དྲུག་གིས་དམིགས་པའི་རྐྱེན་བྱས་ཏེ་མེ་ལོང་དུ་བྱད་ཤར་བ་ལྟ་བུ་༽ཉིད་དང་དུས་མཚུངས་པས༔ རྐྱེན་ནི་རྣམ་པ་བཞི་དག་གི༔ འདུ་ཤེས་བཟུང་བས་འཁྲུལ་ཞེས་བྱ༔ ཡང་རྒྱུད་ལས༔ ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད༔ ཅི་ཕྱིར་རིག་མེད་བེམ་པོར་སྣང༔ རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད༔ ཅི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར༔ འོད་ལྔ་ཡུལ་གྱི་འཁྲུལ་གཞིར་འཐད༔ ཁ་དོག་དབྱིབས་སུ་ཆོས་མཐུན་ཕྱིར༔ ཞེས་སོ༔

༄༅༔ བཅོམ་ལྡན་འདས་བྱ་བྲལ་རང་བཞག་ངང་ལ་ཕྱག་འཚལ་ལོ༔ ད་རིག་པ་ཡེ་ཤེས་དེ་གནས་པ་གང་ན་གནས་ན་དེ་ཡང་ལུས་ཀྱི་དཀྱིལ་ན་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་ཏེ༔ ཞི་བའི་སྐུ་ཉུང་འབྲུ་ཙམ་ཞེས་པ་ནི༔ ཕྲ་ཞིང་རྟོགས་པར་དཀའ་བའི་ཆ་ནས་བཞག་སྟེ་སྤྱན་ཕུལ་ཐག་ཙམ་ཞེས་པ་ནི༔ ཉམས་ཕྲ་མོ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་སྐྱེ་བ་ལ་དགོངས་པའོ༔ དེ་ཡང་ངོ་བོ་སྐུ་རུ་གནས་པ་བུམ་སྐུ་ལྟ་བུ༔ རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུའོ༔ ཐུགས་རྗེ་ཟེར་དུ་གནས་པ་ནི་ཡེ་ཤེས་ཀྱི་སྒྲོན་མའི་མདངས་མ་འགགས་པ་རང་གསལ་བའོ༔ དེའི་ཞོར་ལ་མ་རིག་པ་དང༔ ཉོན་མོངས་པ་དང༔ ལས་དང༔ བག་ཆགས་དང༔ རྣམ་པར་ཤེས་པ་ཡང་ལས་ཀྱི་རླུང་གིས་སྟོབས་བྱས་ནས་གློ་བ་ན་གནས་སོ༔ དེའི་ཤན་དབྱེ་བ་གལ་ཆེའོ༔

འོད་གསལ།

༄༅༔ འོད་གསལ་བཞུགས་སོ༔

༄༅༔ ནྱགྠ།ཅ།བྱ༔ བུདྡྷ་ཌཱཀྐི་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གང་ཟག་ལས་ཅན་དོན་དུ་ནི༔ ཀློང་གསལ་ཉི་མའི་ཏན་ཏྲ་ལས༔ སྟེང་སྒོ་འོག་སྒོ་བར་སྒོ་དང༔ བར་དོ་འོད་གསལ་འཕོ་བ་རྨི་ལམ་གྱིས༔ ཚེ་འདིར་སངས་རྒྱས་འཐོབ་བྱའི་(༡༠༠)ཕྱིར༔ ཡང་ཟབ་གནད་ཀྱི་གདམས་པ་བཏུས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གསང་སྔགས་གནད་ཀྱི་ཁྱད་འཕགས་ཕྱིར༔ ཉོན་མོངས་མི་སྤང་རང་གྲོལ་གནད༔ གཏི་མུག་ལམ་དུ་འཁྱེར་བ་ཡི༔ འོད་གསལ་གནད་ཀྱི་གདམས་པ་བསྟན༔ འདི་ལ་སྤྱི་དོན་རྣམ་པ་བཞི༔ གཞི་དང་ལམ་དང་འབྲས་བུའོ༔ དང་པོ་གཞི་ཡི་འོད་གསལ་ནི༔ ངོ་བོ་རང་བཞིན་ཐུགས་རྗེ་སྟེ༔ གནས་ལུགས་གཤིས་ཀྱི་འོད་གསལ་ལོ༔ དེ་དོན་རྟག་ཏུ་ཉམས་སུ་བླང༔ ལམ་གྱི་འོད་གསལ་བསྒོམ་པ་ནི༔ གཏི་མུག་ཅན་གྱི་རྣལ་འབྱོར་པས༔ གཉིད་ནི་མི་སྤང་ལམ་དུ་འཁྱེར༔ དེ་ལ་སྦྱོར་དངོས་མཇུག་དོན་ནོ༔ སྦྱོར་བ་དབེན་ཞིང་ཉམས་དགའ་བའི༔ གནས་སུ་ཤིན་ཏུ་དབེན་པའི་སར་ཕྱིན་ལ༔ སྐྱབས་སོང་འགྲོ་ལ་སེམས་བསྐྱེད་ནས༔ མཎྜལ་མཆོད་པ་ཚོགས་གཏོར་བྱ༔ རང་ཉིད་རྩ་བ་གསུམ་དུ་བསྐྱེད༔ ཚིག་བདུན་དབང་གིས་གསོལ་བ་གདབ༔ ཡང་ཡང་གདུང་བ་དྲག་ཏུ་བསྐྱེད༔ དངོས་གཞི་འོད་གསལ་བསྒོམ་པ་ནི༔ འབོལ་ཞིང་བདེ་བའི་སྟན་ལ་ནི༔ སེང་གེའི་ཉལ་སྟབས་དག་ཏུ་བྱ༔ རྨི་ལམ་རྨི་བར་མི་བྱ་ཞིང༔ འོད་གསལ་ཟིན་པར་བྱ་སྙམ་པའི༔ འདུན་པ་ཡང་ཡང་བཏང་བྱས་ལ༔ བདག་གི་སྨིན་ཕྲག་མཛོད་སྤུ་རུ༔ ཐིག་ལེ་དཀར་པོ་ཤེལ་འདྲ་བའི༔ སྣུམ་འཚེར་མདངས་དང་ལྡན་པ་ནི༔ སྲན་མ་ཙམ་ལ་སེམས་གཏད་ལ༔ སྐད་ཅིག་མ་ཡེངས་གཉིད་དུ་བཏང༔ ཉེར་གཅིག་བར་དུ་མ་ཆད་བྱ༔ ངོ་སྤྲོད་ཤར་གྱི་རྒྱུ་སྐར་རོ༔ ༼ཤར་གྱི་རྒྱུ་སྐར་ལ་མིག་མ་ཡེངས་བར་བལྟས་ནས་མིག་བཙུམས་པས་མཛོད་སྤུར་ཐིག་ལེ་འོང༔༽ འོད་གསལ་ཟིན་ན་འདི་ལྟར་འོང༔ རྨི་ལམ་བག་ཆགས་མི་རྨི་བར༔ གསལ་སྟོང་ནམ་མཁའ་ལྟ་བུའམ༔ དཀར་གསལ་རྟོག་པ་མེད་པ་རུ༔ རིམ་པ་བཞིན་དུ་ཐམས་ཅད་མཐོང༔ སེམས་གནས་རྟོག་པ་མེད་པ་དང༔ གཉིད་སྲབ་བདེ་བར་ཤར་བ་དང༔ གཉིད་སད་རྩི་ཞིང་འཕྲེང་བ་འོང༔ ཡང་ཡང་བསྐྱང་ལ་བསྒོམ་པར་བྱ༔ དེ་ནས་ཐིག་ལེ་དཀར་པོ་ལ༔ ཁ་དོག་འོད་ལྔས་བསྐོར་བར་བསྒོམ༔ གཏད་ཅིང་ཇེ་ཆེར་སྤེལ་ལ་བསྒོམ༔ སྣང་བ་ཞིང་ཁམས་ཐིག་ལེར་འཆར༔ སྐུ་གསལ་རྟོག་པ་མེད་པ་འབྱུང༔ ཁྱིམ་གྲོང་ཡུལ་ཁམས་སྟོང་(༡༠༡)གསུམ་གསལ༔ ལམ་བསྒོམ་པ་ཡི་འོད་གསལ་ལོ༔ དེ་ལྟར་བསྒོམས་པའི་འབྲས་བུ་ནི༔ ཉིན་ནུབ་འོད་གསལ་འཁོར་ཡུག་འདྲེས༔ ལྷག་མེད་ཀུན་བཟང་ས་ནོན་ནོ༔ འབྲིང་གིས་ཆོས་ཉིད་བར་དོ་ལ༔ འོད་གསལ་མ་བུ་འདྲེས་ནས་ནི༔ སྐད་ཅིག་དང་པོ་དེ་ལ་གྲོལ༔ ཐ་མས་ཞི་ཁྲོའི་བར་དོ་ལ༔ ཡེ་ཤེས་ཚང་གབ་བྱས་པ་ཡིས༔ སྣང་བ་རང་གྲོལ་བུདྡྷའོ༔ འོད་གསལ་བསྒོམས་པའི་འབྲས་བུའོ༔ གཏི་མུག་ལམ་དུ་འཁྱེར་བ་ཡི༔ མ་སྤངས་གཉིད་ཀྱི་རྣལ་འབྱོར་རོ༔ མ་སྤངས་གཉིད་ཀྱིས་སངས་རྒྱའོ༔ འོད་གསལ་གནད་ཀྱི་གདམས་པ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ གཏི་མུག་འོད་གསལ་གྱི་གདམས་པའོ༔ རྫོགས་སོ༔

མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན།

༄༅༔ མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན་བཞུགས་སོ༔

༄༅༔ ཐ།ཐ།ཐ།།རྒབྠི།༔ རིགས་ཀྱི་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་མའི་སྐལ་ལྡན་རིགས་ཀྱི་བུ༔ བདེ་བ་ལམ་དུ་འཁྱེར་བ་ལ༔ མཁའ་འགྲོ་ལྔ་ཡི་གཏུམ་མོ་བསྟན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ

དེ་ལ་དང་པོ་ལས་དང་ལྡན་པའི་བུས༔ ཕྱི་ནང་གི་བྱ་བ་ཐམས་ཅད་སྤངས་ལ༔ གནས་དབེན་པར་སྟན་བདེ་བ་༼དགོས་པའི་ཡོ་བྱད་བསགས་ལ་༽ལ་འདུག་སྟེ༔ ༼གཞན་དོན་༽བྱང་ཆུབ་ཏུ་སེམས་བསྐྱེད་ལ༔ རང་ལུས་རྡོ་རྗེ་ཕག་མོར་བསྐྱེད༔ ལུས་གནད་ཙོག་པུར་༼ཐ་མལ་ཤེས་པ་ཟློག་ཕྱིར་༽འདུག་ལ༔ རྐང་པ་གཉིས་བསྣོལ༔ ༼ལག་པ་༽མཉམ་བཞག་ལྟེ་བའི་འོག་ཏུ་༼སོར་བཞིར་དེས་བདེ་བ་སྐྱེ་༽བཅའ༔ སྒལ་ཚིགས་དྲང་པོར་བསྲངས་ལ་༼དེས་རླུང་གནས་སུ་ཚུད་༽མགྲིན་པ་དགུག༔ ༼མི་རྟོག་པ་སྐྱེ་༽དཔུང་པ་ཕྱིར་བརྒྱངས༔ ༼དེས་རླུང་གནད་དུ་ཚུད་༽ལུས་སེམས་བསྒྲིམ༔ ༼ལུས་དྲོད་སྐྱེ་༽མིག་སྣ་རྩེ་ལ་༼རྟོག་པ་མི་འཕྲོ་༽དབབ༔ བསྒོམ་ཐག་གིས་བསྡམ༔ ༼ཤེས་པ་གསལ་ལུས་མི་འཕྱུགས་༽རྩེ་མོར་རྩ་༼རྩའི་གནད་ནི་༽འདབ་སུམ་བརྒྱ་དྲུག་ཅུ༔ རོའི་གནས་ན་བཅུ་དྲུག༔ དྲན་པ་ན་སུམ་ཅུ་རྩ་གཉིས༔ སྐྱེད་བྱེད་ན་དྲུག་ཅུ་རྩ་བཞི༔ བདེ་བ་ནི་༼གསང་གནས་༽ཉི་ཤུ་རྩ་བརྒྱད༔ དེ་རྣམས་འཁོར་ལོ་བཞིན་༼དཀར་ཧྲབ་སེབ་༽དུ་བསྒོམ༔ དེའི་དབུས་ན་ཡང་ཀུན་དྷར་(༡༠༢)མ་སྲོག་ཤིང་ལྟར༔ རྩེ་མོ་སྤྱི་བོའི་རྩ་མདུད་ལ་ཟུག་པ༔ རྩ་བ་གསང་བའི་ནོར་བུ་ལ་ཟུག་པའོ༔ ༼གཡས་༽རོ་མ་དང་༼གཡོན་༽རྐྱང་མ་གཉིས་འཁོར་ལོ་ལྔ་ལ་འཁྱུད་ནས་ཀླད་པའི་སྟེང་ན་ཚུར་བྱུང་སྟེ༔ སྨིན་མཚམས་ན་མར་བྱུང་ནས༔ སྣ་བུག་གཉིས་ཀྱི་ནང་དུ་ཚུད་པར་བསམ་མོ༔ རྩ་དེ་གཉིས་ཀྱི་མར་སྣེ་ལྟེ་འོག་སོར་བཞི་རུ༔ ཀུན་དྷར་མའི་ནང་དུ་ཚུད་པར་༼རྡོ་རྗེའི་རྩ་བར་༽བསམ་མོ༔ རྩ་གསུམ་པོ་དེ་སྦོམ་ཕྲ་མདའ་སྙུག་ཙམ་ལ༔ ༼ནང་སྟོང་པ༔༽ ཁ་དོག་༼རྒྱ་སྐག་ལྟར་༽དམར་ཤད་ཀྱི་ཡོད་པར་བསྒོམ་མོ༔ ༼མི་སྒོམ་ན་སོ་སོར་གནས་༽སྟོང་ར་དང་ཁྲོལ་མ་སྔོན་དུ་༼དེས་རྩ་ལམ་སེལ་༽བསྒོམ༔ དེ་ནས་ལུས་གནད་༼སྔར་ལྟར་༽བཅས་ལ༔ རླུང་རོ་དྲག་པོ་ལན་གསུམ་ཕྱིར་ཕུལ༔ ༼དེ་མ་བྱས་ན་ནད་དུ་འགྲོའོ་༽དེ་ནས་སྣ་བུག་གཉིས་ནས་རླུང་འཇམ་ལ་རིང་བ་ནང་དུ་དྲངས༔ ༼རྔུབ་དྲག་ན་རྩ་བྱེར་ནས་འགྲོ་༽དེ་རྩ་གཉིས་ན་མར་རྒྱུ་མ་ཕུས་བཏབ་པ་ལྟར་སོང་བས༔ གསང་གནས་སུ་དབུ་མའི་ནང་དུ་སོང་བར་བསྒོམ༔ སྟེང་འོག་གི་རླུང་བསྡམ༔ ༼དེས་རླུང་རང་གནད་དུ་ཚུད༔༽ གསང་བའི་རྩ་མདུད་དུ་ཨཿདམར་པོ་གཅིག་བསྒོམ༔ ༼རེག་བྱ་ཚ་བ་ཟངས་ཁབ་ལྟ་བུ༔༽ དེའི་རླུང་གིས་བུས་པས་དམར་ལམ་གྱིས་བྱུང་སྟེ་མེ་རེག་བྱ་ཚ་བ་མར་མེ་ལྟ་བུ་བྱུང་སྟེ་ལྟེ་བའི་རྩ་མདུད་ནས་པདྨ་ཌཱཀྐི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ལ་ཕོག་པས༔ མེའི་དྲོད་ཀྱིས་ཧཾ་ཞུ༔ དེས་ཡབ་ཡུམ་བདེ་བ་སྐྱེས་སྦྱོར་བ་བྱས་པས༔ བྱང་སེམས་མར་ཁུ་ཞུ་བ་ལྟར་འཐིགས་ནས་བྱང་སེམས་མའི་རྣམ་པས་གསང་བའི་རྩ་མདུད་གང་བར་བསྒོམ༔ རླུང་ཐུབ་ཐང་དུ་མནན༔ མ་ཐུབ་ན་ཅུང་ཞིག་རྔུབ་ལ་མནན༔ དེས་ཀྱང་མ་ཐུབ་ན་ཕྱེད་ཙམ་བཏང་ལ་ལྷག་མ་བསྡམ་མོ༔ དེ་ནས་མ་ཐུབ་བཏང་བའི་དུས་སུ་སྣ་བུག་གཉིས་ན་ཕར་༼ལ་དལ་བར་༽བཏང་ཞིང༔ དམིགས་༼ཚ་གྲང་གི་དམིགས་པ་རིག་པས་ཤེས་སོ་༽པ་ནི་༼རླུང་༽ཀུན་དྷར་མའི་ནང་ན་ཡར་ཞུགས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ན་ཡར་སྔོ་སངས་ཀྱིས་སོང་བར་བསམ་མོ༔ དེ་ལྟར་ནུས་ཚད་བསྒོམས་པས་གསང་གནས་སུ་དྲོད་དང་བདེ་བ་འབར་བས༔ དྭངས་མ་འཆོར་བར་འདུག་ན་ལྟེ་བ་ནས་གཏུམ་མོ་སྦར་ལ་སྙིང་ཁར་བསྒོམ༔ དེ་ནས་ལྟེ་བར་བདེ་དྲོད་སྐྱེས་པ་དང༔ (༡༠༣)སྙིང་ཁ་ནས་མགྲིན་པར་སྦར་ལ་བསྒོམ༔ དེ་ནས་སྙིང་ཁར་བདེ་དྲོད་སྐྱེས་པ་དང༔ མགྲིན་པ་ནས་སྤྱི་བོར་སྦར་ལ་བསྒོམ༔ དེ་ལྟར་བསྒོམས་པས་རྩ་ཁ་ཕྱེ༔ རྩ་ཁ་ཕྱེ་བས་དྭངས་མ་རྒྱས༔ དྭངས་མས་བདེ་བ་རྒྱས་ཏེ་ལུས་ལ་བདེ་བ་མེ་ལྟར་འབར༔ ཐིག་ལེ་ཆུ་ལྟར་འབྲུབ་ནས་འོང༔ དེས་བདེ་སྟོང་གི་ཡེ་ཤེས་རྟོགས་པར་འགྱུར་བ་དང༔ ཐུན་མོང་གི་ཐིག་ལེའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་༔ གཏུམ་མོ་དང་ཕྱག་རྒྱ་མ་སྤེལ་ཞིང་བསྒོམས་ན་ཚེ་གཅིག་གིས་༼ལྷག་མེད༔༽ རིག་འཛིན་གྱི་ས་ལ་འཁོད་པར་འགྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ མཁའ་འགྲོའི་གཏུམ་མོ་ཁྱད་འཕགས་འདི༔ ཕྱི་རབས་རྣལ་འབྱོར་དོན་དུ་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཌཱཀྐི་གཏུམ་མོའི་གསང་ཁྲིད་རྫོགས་སོ༔ དགེའོ༔

འབྱུང་བ་རྡོའི་བཅུད་ལེན།

༄༅༔ འབྱུང་བ་རྡོའི་བཅུད་ལེན་བཞུགས་སོ༔

༄༅༔ རྦྱ།རྦྱ།བྲནྱ།༔ རིགས་ཀྱི་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་དང༔ ཇོ་མོ་མཚོ་རྒྱལ་གཉིས༔ གཞོ་སྟོད་ཏི་སྒྲོའི་བྲག་ལ་བཞུགས་པའི་དུས་སུ༔ ཇོ་མོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དུས་ཀྱི་སྙིགས་མ་ལ་ཆོས་བྱེད་པ་རྣམས༔ འཚོ་བས་གཡེངས་ནས༔ དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བར་གདའ་བས༔ འཚོ་བ་ལ་རྩོལ་སྒྲུབ་མི་དགོས་པའི་གདམས་ངག་ཅིག་ཞུ་དང་བགྱིས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ཁྱོད་ཀྱིས་ཞུ་བ་ཤིན་ཏུ་ལེགས་ཀྱི༔ སྤྱིར་ཆོས་གང་བསྒྲུབ་ཀྱང༔ ཁྱད་པར་དུ་མཁའ་འགྲོ་སྙིང་ཐིག་ཉམས་སུ་ལེན་པའི་མི་ལ༔ བདུད་རྩི་རྡོའི་བཅུད་ལེན་བསྟན་ཏེ༔ འཁོར་བ་བློས་བཏང་ལ་གདམས་པ་འདི་ལ་ཉམས་ལེན་དུ་བྱའོ༔ འདི་ལ་སྤྱིའི་དོན་རྣམ་པ་བརྒྱད་དེ༔ དེ་ལ་དང་པོ་རྡོ་བརྟག་པ་དང་གཅིག༔ རྡོ་ཐུ་བ་དང་གཉིས༔ བྱིན་གྱིས་རློབ་པ་དང་གསུམ༔ བཟའ་ཐབས་དང་བཞི༔ དམ་ཚིག་དང་ལྔ༔ གེགས་སེལ་དང་དྲུག༔ ཡོན་ཏན་དང་བདུན༔ རྡོ་ཁུངས་བསྟན་པ་དང་བརྒྱད་དོ༔ དེ་ལ་དང་པོ་རྡོ་བརྟག་པ་ནི༔ རྡོ་རིགས་ལྔ་སྟེ༔ རྡོ་ཤ་ཆེན་དང་ཚིལ་ཆེན་གཉིས༔ རུས་པ་ཅན་དང༔ མཁྲིས་པ་ཅན་གཉིས༔ ཤི་ཤ་ཅན་དང་ལྔའོ༔ དེ་ལ་ཤ་ཆེན་ནི༔ མདོག་གང་ཡང་རུང་བ་ལ་སོ་མི་རྩེ་ཞིང་སྙི་བའོ༔ (༡༠༤)ཚིལ་ཆེན་ནི་དཀར་ལ་སྙི་བའོ༔ རུས་པ་ཅན་ནི་དཀར་སྒོང་དང་མེ་རྡོ་ལྟ་བུའོ༔ མཁྲིས་པ་ཅན་ནི་གཡའ་མ་དང་ལྗང་གུ་སྣང་བའོ༔ ཤི་ཤ་ཅན་ནི་རྡོ་ཕལ་པ་རྣམས་སོ༔ བརྟེན་པ་ནི་ཤ་ཚིལ་གཉིས་བརྟེན་པའོ༔ གཞན་སྤང་བྱའོ༔ དེ་ནས་རྡོ་ཐུ་བ་ནི༔ སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ༔ རང་རྟ་མགྲིན་དུ་བསྒོམ༔ སོར་མོ་ལྔ་མཁའ་འགྲོ་ལྔར་བསྒོམ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་བསྐྱེད༔ རྡོ་བདུད་རྩིར་བསམས་ལ་སྔགས་འདི་བཟླས་ལ་བཏུའོ༔ ༀ་ཏྲིག་ཡེར་ཏྲིག་ཡེར་སྭཱ་ཧཱ༔ ཞེས་བཟླས་ལ་རྐོ་ཞིང་མདུན་དུ་བསགས༔ དེ་ལ་སངས་རྒྱས་དང་བོ་དྷི་ས་ཏྭ་བླ་མ་ཡི་དམ་ཌཱཀྐི་དཔའ་བོ་ཐམས་ཅད་བསྟིམས་ལ༔ མཆན་ཁུང་གི་སྒྱེ་བུར་བླུག་གོ༔ དེ་ནི་རྡོ་ཐུ་བའི་ཐབས་སོ༔ དེ་ནས་རྡོ་བཟའ་ཐབས་ལ་བཞི་ལས༔ ཁྲོལ་བུར་ཟ་ན་དེ་ཁ་ལྟར་བཟའོ༔ ཟ་འདྲོན་དུ་བྱེད་ན་ཡང་དེ་བཞིན་དུ་བྱའོ༔ འགམ་ཕྱེར་བྱེད་ན་ཡང་སྐྱོ་ཚ་དང་སྤགས་སོ༔ སྐྱོ་ཚ་བྱས་ཀྱང་ཆོག༔ སྔོ་དང་བསྲེས་ནས་ཚོད་མ་བྱས་ཀྱང་ཆོག་གོ༔ སྔོར་ནི་གང་ཡང་བཏབ་པས་ཆོག་གོ༔ ཚྭ་ཡོད་ན་བཏབ༔ མེད་ན་རྡོ་རང་ལ་བྲོ་ཡིན་ཡོད་དོ༔ དེ་ནས་བྱིན་གྱིས་རློབ་པ་ནི༔ ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ༔ ༀ་མུ་ལེ་མུ་ལེ་མཧཱ་མུ་ལེ་སྭཱ་ཧཱ༔ ཞེས་པའམ༔ ༀ་གོར་ཆུན་གོར་ཆུན་སྭཱ་ཧཱ༔ ཞེས་བཟླས་ལ༔ རང་བསྐྱེད་རྫོགས་དང་ལྡན་པས་བཟའོ༔ འདིའི་དམ་ཚིག་ལ་བྱིན་གྱིས་མ་བརླབས་པ་དང༔ ལྷ་མ་བསྒོམས་པར་མི་བཟའ་བ་དང༔ ཕུད་ཕྱིར་མི་གཏོར་བདག་ལ་མཆོད་པ་དང༔ ཁྲུད་ལྷག་ཕྱིར་མི་ཕོ་བ་དང༔ མི་ལ་གསང་ཞིང་ཉམས་ལ་འཛེམ་པ་དང༔ གཙང་སྦྲ་ལ་གནས་པར་བྱ་བ་དང༔ གཞན་གྱི་བསྙེན་བཀུར་གྱི་ཕུད་གཞན་ལ་མི་བྱིན་པ་དང༔ གསོག་འཇོག་མི་བྱ་བར་ཚོགས་སུ་བཏང་བ་དང༔ ཐིག་ལེ་ཉམས་སུ་མི་གཞུག་པ་དང༔ ཟས་ལ་མར་ནག་སྲུང་བ་དང༔ བྱིན་གྱིས་རློབ་ཅིང་སྔགས་འདྲེན་པའི་དུས་སུ་ངག་བཅད་པའོ༔ དམ་ཚིག་དེ་ཚོ་བསྲུང་ངོ་༔ དེ་ནས་གེགས་སེལ་ལ༔ དང་པོ་འདི་ཉམས་སུ་ལེན་པའི་དུས་སུ༔ ཚེ་འདི་བློས་བཏང་སྙིང་པོ་ཆེ་བྲང་འོག་ཏུ་འཇུག་དགོས༔ དེ་ལྟར་བྱས་ནས་རྡོ་ཟོས་པས་རྡོའི་གེགས་མི་འོང་བ་དང༔ ཟ་སྙིང་མི་འདོད་(༡༠༥)པ་དང་དཀའ་ཐུབ་ཀྱི་དམ་བཅའ་གཏོང་སྙིང་འདོད་པ་བྱུང་ན༔ གེགས་ཡིན་ཏེ་བདུད་ཀྱི་བར་ཆད་དུ་ཤེས་པར་བྱས་ལ༔ ཤི་རུང་གསོན་རུང་ལྟོགས་རུང་འཁྱགས་རུང༔ འདི་མགོ་ཐོན་པར་མི་བྱ་རེ་སྙམ་དུ་བློ་ཤེད་བསྐྱེད་དོ༔ རྡོ་ཉིད་ཀྱི་གེགས་སེལ་བ་ལ༔ དང་པོ་མར་མཐེ་བོང་ཙམ་རེ་རྡོ་ཟ་བའི་སྔ་ཕྱིར་བཏང༔ དེས་གེགས་མི་འོང་གལ་ཏེ་བྱུང་ནས་མ་སེལ་ན༔ ཆུ་བསྐོལ་ལ་མར་བཏབ་ལ་བཏུང༔ དེས་སེལ་ངེས་སོ༔ ཕྱིས་ལམ་བྱང་ནས་མར་མི་དགོས་སོ༔ མར་ནག་མིན་པ་ཟས་ལ་སྲུང་མཚམས་མེད་དོ༔ སྐྱུགས་ན་རྩ་ཁ་འཛིན་པའི་ཆུ་གྲོན༔ འབྱམས་ན་སྐྱོ་ཚ་བྱ༔ རླུང་ལ་རླུང་སྨན་དྲག་ཏུ་བསྟེན་པས་གེགས་སེལ་ལོ༔ འདིའི་ཡོན་ཏན་ལ༔ རྡོ་འདི་ཟ་བའི་དུས་སུ་རིམ་གྱིས་སྐྱེད་འབྲི་མི་དགོས༔ ཡོག་ཚད་ཟོས་པས་ཆོག༔ ལྟོ་གོས་དང་ཟས་ཀྱི་རྩོལ་བ་ཆད༔ ཞག་བདུན་བརྒྱད་ན་ལུས་ཀྱི་ཤ་འབྲི་ཞིང་དྲི་ཆུང་ཆགས༔ བཅུ་ལྷག་ནས་ཤེད་ཆེན་པོ་སྐྱེ༔ ཤ་སྐྱེ་དྲག་པ་འབུད༔ དཀར་ལ་དྭངས་ཤིང་སྣུམ་པ་འོང༔ ཟས་ཀྱི་ཞེན་པ་ལྡོག༔ ཤེས་པ་དྭངས་དབང་པོ་གསལ༔ རིག་པ་དྭངས་དགེ་སྦྱོར་ལ་བོགས་ཐོན༔ གདམས་ངག་ལ་ངེས་ཤེས་སྐྱེད༔ རྡོ་ལ་རོ་མཆོག་ཐོན༔ བཅུད་ལེན་འབྱོངས་པས་གྱེན་ལ་ཕྱིན་ཡང་ངལ་བ་མི་ཡོང༔ ལུས་ཡང་ཞིང་མགྱོགས༔ ལུས་ལ་སྲོག་ཆགས་མི་འབྱུང༔ ལུས་ཤིང་བལ་ལྟར་དཀར་ལ་འཇམ་ཞིང་ཡང༔ དྲོད་མེ་ལྟར་དུ་འབར་བ་ཡོང༔ བླ་མ་དང་སངས་རྒྱས་བོ་དྷི་ས་ཏྭ་ཐམས་ཅད་ཀྱིས་བྱིན་གྱིས་རློབ༔ དཔའ་བོ་ཌཱཀྐི་སྤྲིན་བཞིན་འདུ༔ ཆོས་སྐྱོང་དང་ལྷ་སྲིན་ཐམས་ཅད་བྲན་དུ་འགྱུར༔ ཟས་ནོར་ལོངས་སྤྱོད་ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རིག་པ་དྭངས་ནས་མངོན་ཤེས་དང་འོད་གསལ་གྱི་ཉམས་སྐྱེ༔ དགེ་སྦྱོར་ལ་བརྟན་པ་མྱུར་དུ་ཐོབ་ཡོང༔ སེར་སྣ་དང་ཆགས་པའི་དྲི་མ་ཐམས་ཅད་འདག༔ ཕྱི་མ་མུ་གེའི་བསྐལ་པ་ནས་ཐར་ནས་ལོངས་སྤྱོད་དང་ལྡན་པར་སྐྱེ༔ དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་༔ ཡོན་ཏན་བསྟན་པའོ༔ ད་རྡོའི་དམིགས་བསྟན་པ་ནི༔ སྤ་གྲོ་སྟག་ཚང་སེང་གེ་ཕུག་ན་ཡོད༔ དཔལ་ཆུ་བོ་རིའི་ནུབ་དང་བྱང་དང་ལུང་ལག་གསུམ་ན་ཡོད༔ ཕག་མོ་(༡༠༦)གྲུའི་སྟོད་ན་ཡོད༔ སྒོམ་པོ་ན་སྐོར་ལེ་སྐོར་ལར་ཡོད༔ རག་ཤ་པོ་བྲག་ཐོ་ཕྱི་ན་ཡོད༔ ཡར་གྱེར་གྱི་རྫའི་གསལ་དེ་ཡང་ཡིན༔ ཏི་སྒྲོ་བྲག་དཀར་གྱི་སྟོད་ན་ཡོད༔ ལྷ་གཉན་བྲག་ཕུག་གི་གནས་ཕ་ཟད་ཕྱིན་པ་ན་ཡོད༔ འདམ་དཀར་པོ་བྱ་བ་ན་རྡོ་ཚིལ་བུ་ཡོད༔ ལྷོ་བྲག་མཁར་ཆུ་ན་ཅོ་ལེ་ཡོད༔ འཕྲང་པོའི་གླེའུ་ཐང་ན་ཤ་ཆེན་ཡོད༔ ཡར་ལུང་བྱར་ཕྱི་ན་ཡོད༔ གཡོར་ངོས་ཀྱི་དཀར་རྩི་སོས་ཕེད་པ་དེ་ཡང་ཡིན༔ བྱར་སྨད་ཀྱི་ལྷ་རིའི་རྒྱབ་ན་ཡོད༔ བཟད་ཀྱི་བྱེ་མ་ལུང་ན་ཡོད༔ མཚོ་རྒྱལ་རྣལ་འབྱོར་པ༔ འཁོར་བ་བློས་བཏང་ནས་སྒྲུབ་པ་བྱེད་པ་བྱུང་ན༔ ལྟོའི་གཡེང་བ་དང་བྲལ་ལོ་གསུང༔ རྡོའི་བཅུད་ལེན་གང་བས་ཀྱང་འདི་ཁྱད་དུ་འཕགས༔ འདི་རྡོའི་སྙིང་པོ་ཡིན་གསུངས༔ བདུད་རྩི་རྡོའི་བཅུད་ལེན་གྱི་གདམས་པ༔ ཀུ་སུ་ལུའི་ཆ་རྐྱེན༔ ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ལས་འབྲེལ་རྩལ་གྱིས༔ གཏེར་གནས་ཁྲ་མོ་བྲག་ནས་གདན་དྲངས་པའོ༔

དྷཱཀྐི་སྙིང་ཏིག་གི་བཀའ་སྲུང་དཔལ་སྲོག་སྒྲུབ་ནག་མོའི་སྲོག་ལེན་སྤུ་གྲིའི་རྒྱུད།

༄༅༔ དྷཱཀྐི་སྙིང་ཏིག་གི་བཀའ་སྲུང་དཔལ་སྲོག་སྒྲུབ་ནག་མོའི་སྲོག་ལེན་སྤུ་གྲིའི་རྒྱུད་ཅེས་བྱ་བ་བཞུགས་སོ༔

༄༅༔ རྒྱ་གར་སྐད་དུ༔ བུདྡྷ་རུ་དྷཱཀྐི་ནི༔མཱ་ར་ཡ་ཏན་ཏྲ་ན་མ༔ བོད་སྐད་དུ༔ མུ་སྟེགས་སྲོག་སྒྲུབ་ནག་མོའི་རྒྱུད་ཅེས་བྱ་བ༔ སྲོག་ལེན་སྤུ་གྲི་ནག་མོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ དུར་ཁྲོད་དྷརྨ་ར་མི་ཞེས་བྱ་བ༔ ཉིན་མོ་དུད་པས་གནམ་ས་འཁྲིགས༔ མཚན་མོ་མེ་དང་རླུང་འཚུབས་སུ་འབར་བའི་གནས་ན༔ མུ་སྟེགས་ཀྱི་ལྷ་མོ་ཀུན་ཏུ་གསོད་ཅེས་བྱ་བ་ཡོད་དོ༔ ཟས་སུ་ཤ་ཟ༔ སྐོམ་དུ་ཁྲག་འཐུང༔ ཉིན་རེ་བཞིན་མི་བདུན་བདུན་གསོད་པ་ཞིག་ཡོད་དེ༔ མི་གསོད་པ་རྣམས་སེ་གོལ་གྱིས་མདུན་དུ་འབྱུང་བ་ཡོད་དེ༔ དེར་འཁོར་ཤ་ཟ་དྷཱཀྐི་མ་རྣམས་ཀྱིས་འདི་ལྟ་བུའི་རྫུ་འཕྲུལ་ཅིའི་རྒྱུ་ལས་བྱུང༔ འདི་ལྟ་བུའི་ནུས་པ་བདག་ཅག་དང་ཕྱི་རབས་ཀྱི་དོན་དུ་གནང་དུ་གསོལ༔ ཅེས་སོ༔ ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔

དེ་ནས་གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ ང་ཡི་རྫུ་འཕྲུལ་(༡༠༧)ནུས་མཐུ་ནི༔ འགྲོ་བ་མི་ཡི་སྲོག་གི་སྙིང༔ སྔོན་དུ་ངེས་པར་བཟླས་པས་བྱུང༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཨེ་མ་ལྷ་མོ་གསོད་བྱེད་མ༔ ངེས་པར་གསོད་པར་བྱེད་པའི་ལས༔ བདག་ལ་ལྷ་མོས་བཀའ་སྩོལ་ཅིག༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ དགྲ་བོ་ངེས་པར་གསོད་འདོད་ན༔ མཚན་མ་ལྟ་བུའི་བྲག་ཕུག་གམ༔ བྱང་ལྟ་སྲིན་པོའི་གདོང་འདྲའམ༔ མོན་ནག་ཁྲོས་འདྲའི་དུར་ཁྲོད་དམ༔ ཤིན་ཏུ་དབེན་པའི་གནས་ཉིད་དུ༔ ཁྲོས་པའི་སེམས་ཀྱིས་བསྒྲུབ་པར་བྱ༔ ཞེས་གསུངས་སོ༔ གནས་བསྟན་པའི་ལེའུ་སྟེ་གཉིས་པའོ༔

དེ་ནས་འཁོར་གྱིས་ཡང་ཞུས་པ༔ དེ་འདྲའི་གནས་སུ་ཇི་ལྟར་བསྒྲུབ༔ སྒྲུབ་པའི་ཐབས་དག་བསྟན་དུ་གསོལ༔ ཅེས་ཞུས་པས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ དེ་ལྟ་བུ་ཡི་གནས་དེ་རུ༔ དལ་མདའ་གང་ངམ་ཁྲུ་གང་ལ༔ སྒོ་བཞི་དབུས་སུ་གྲུ་གསུམ་བྲི༔ དེའི་ཕྱིར་ཐོད་ཕྲེང་མུ་ཁྱུད་བྲི༔ སྒོ་ཕྱིར་རྟ་བབས་མེ་རིའོ༔ དེ་ལྟ་བུ་ལ་བརྟེན་ནས་བསྒྲུབ༔ ཅེས་གསུངས་སོ༔ གསོད་བྱེད་སྲོག་སྒྲུབ་ནག་མོའི་རྒྱུད་ལས་ད་ལ་བསྟན་པའི་ལེའུ་སྟེ་གསུམ་པའོ༔

འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ དེ་ལ་བརྟེན་ནས་ཇི་ལྟར་བསྒྲུབ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ དེ་ལྟར་བྲིས་པའི་དལ་སྟེང་དུ༔ ཐོད་པ་བཅུད་ལས་གྲུབ་སྣོད་དག༔ ཤ་ཁྲག་གཏོར་ཆེན་མཐེབ་སྐྱུས་བསྐོར༔ རྐང་གསུམ་དག་གི་སྟེང་དུ་བཞག༔ དེ་ལྟར་རྫས་ལ་བརྟེན་ནས་བསྒྲུབ༔ ཅེས་བཀའ་བསྩལ་ཏོ༔ གསོད་བྱེད་ལྷ་མོའི་རྒྱུད་ལས་རྫས་བསྟན་པའི་ལེའུ་སྟེ་བཞི་པའོ༔

འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ རྫས་ལ་བརྟེན་ནས་ཇི་ལྟར་བསྒྲུབ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ དེ་ལྟར་རྫས་རྣམས་བཤམས་པ་དང༔ གྲོ་ག་ཤིང་ཤུན་རས་དག་ལ༔ རང་གི་དྲི་རླངས་མ་སོང་བར༔ དགྲ་དེའི་བླ་དེ་གང་ཡིན་གྱི༔ མིང་རུས་ཁྲག་གིས་ལིང་གར་བྲི༔ དཔྲལ་བར་༼དུ་དང་༽སྙིང་ཁར་༼སའུ་༽འདོམས་༼ཁིའུ་༽དག་ཏུ༔ རུས་དང་མིང་དང་བླ་དགས་བྲི༔ དུར་ཁྲོད་ཤིང་བུའི་(༡༠༨)རྩེ་༼ཤ་ཤིང༔༽ལ་བསྐྱོན༔ བྷ་ལིང་དེ་ཡི་སྟེང་དུ་གཟུག༔ དེ་ལྟར་བྱས་ལ་བསྒྲུབ་པར་བྱ༔ ཞེས་བཀའ་སྩལ་ཏོ༔ སྲོག་སྒྲུབ་ནག་མོའི་རྒྱུད་ལས༔ ལིང་ག་བསྟན་པའི་ལེའུ་སྟེ་ལྔ་པའོ༔

དེ་ནས་འཁོར་གྱིས་ཡང་ཞུས་པ༔ དེ་ལ་ཏིང་འཛིན་སྔགས་གང་ལགས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ ཏིང་འཛིན་སྔགས་རྣམས་བསྟན་པར་བྱ༔ རང་ཉིད་ཡི་དམ་གང་ཡིན་བསྐྱེད༔ གསོད་བྱེད་ལྷ་མོ་ནག་མོ་ཡིས༔ ཐོགས་པ་མེད་པར་དགྲ་བསད་བསམ༔ ཉུང་དཀར་ཉུང་ནག་སྐྱེ་ཤང་དུག༔ ཐུན་གྱིས་བྲབ་ཅིང་སྔགས་འདི་བཟླ༔ ༀ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ ཙ་བམ་བི་རུ་མུ་སོད༔ གྷ་ཡ་སོད༔ རྣྲི་ཡ་སོད༔ རཀྨོ་ཙིཏྟ་ཆེ་གེ་མོའི་སྲོག་ལ་རྦད༔ རཀྨོ་ཙིཏྟ་ཆེ་གེ་མོའི་སྲོག་ལ་རྦུད༔ སྔགས་འབྲུ་བཞི་བཅུ་ཐམ་པ་ཡོད༔ ན་རོ་བཅུ་གཅིག་ཡོད༔ ཀླད་ཀོར་གསུམ་ཡོད༔ གི་གུ་བདུན་ཡོད༔ ཡ་ཏ་གཉིས་ཡོད༔ ར་ཏ་གསུམ་ཡོད༔ ཞབས་ཀྱུ་གཉིས་ཡོད༔ དག་ཡིག་ཡིན༔ ཞེས་པའི་དྲག་སྔགས་བཞི་བཅུ་པོ་དེ་བཟླས་པས༔ སྤུ་གྲིའི་སོ་དང་སྤུ་སྤྲད་འདྲ༔ རྩྭ་སྐམ་མེ་ལྕེ་འཕྲད་པ་འདྲ༔ ཞག་བདུན་བཟླས་པས་དགྲ་བོ་ནི༔ སྐད་ཅིག་ཁྲག་སྐྱུགས་འཆི་བར་ངེས༔ ཞེས་གསུངས་སོ༔ ཏིང་ངེ་འཛིན་དང་སྔགས་ཐུན་བསྟན་པའི་ལེའུ་སྟེ་དྲུག་པའོ༔

དེ་ནས་འཁོར་གྱིས་ཡང་ཞུས་པ༔ དེ་ལ་འགྲུབ་རྟགས་ཇི་ལྟར་ཡོད༔ གསོད་བྱེད་ལྷ་མོས་བཀའ་སྩལ་པ༔ དེ་ལྟར་བསྒྲུབས་པས་རྟགས་འབྱུང་བ༔ སྲིང་མོ་ཆུང་མ་མ་སྲུ་དང༔ ཚ་མོ་བྲན་མོ་ཐོག་འཚེད་དང༔ འོད་དང་རླུང་གི་འཚུབས་མ་འོང༔ རྦད་པའི་རྟགས་དགྲ་ལ་འདི་ལྟར་འབྱུང༔ ང་སྔགས་པ་འདིས་བཏང་ཟེར་བ་དང༔ མིང་ནས་འབོད་དང་ཉལ་མི་སྟེར༔ སྐྲ་ནས་འཐེན་དང་ངུ་བ་དང༔ འོད་དང་འཚུབས་མས་ཁྱིམ་གང་དང༔ དེ་ནས་བུད་མེད་གཅེར་བུ་ལ༔ ཁྲག་དང་ཐལ་བས་ལུས་བྱུགས་ནས༔ མཚན་མ་བསྒྲད་ཅིང་མཆེ་བ་གཉེར༔ གྲི་ཐོགས་གསོད་ལ་ཁད་པ་འབྱུང༔ དེ་ལྟར་དགྲ་ལ་འབྱུང་བར་འགྱུར༔ ཞེས་བཀའ་བསྩལ་ཏོ༔ ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད་ལས༔ རྟགས་ཀྱི་ལེའུ་སྟེ་བདུན་པའོ༔

དེ་ནས་འཁོར་གྱིས་ཡང་ཞུས་པ༔ (༡༠༩)ཆོ་འཕྲུལ་ཆེ་དང་རྡུགས་པ་ན༔ དེ་ལ་གནད་འབེབས་ཇི་ལྟར་བྱ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ འཁུ་ན་བྱ་སེར་ཚིལ་བུ་བསྲེག༔ ཡི་དམ་ལྷ་ཡི་གདེང་ཡང་བསྐྱེད༔ རྡུགས་ཏེ་གོང་མས་རྟགས་མེད་ན༔ ཞག་བདུན་རྦད་སྔགས་འདི་བཟླའོ༔ མ་མ་རཀྨོ་རཀྨོ་མ་གཟིར་ནན༔ ཁམ་ཁུག་དྲོངས་ཆེ་གེ་མོའི་ཙིཏྟ་ལ་རྦད་སོད་ཡཱ༔ དེ་ལ་རྟགས་མེད་མི་སྲིད་དོ༔ དཀའ་ན་ཡིག་འབྲུའི་སྒྲོམས་སུ་གཞུག༔ དེ་བཟླས་གྲུབ་རྟགས་རང་ལ་རང་རྨུག་འདོད༔ རྡོ་རྒྱགས་མཚན་མ་སྟོན་པ་འབྱུང༔ དེ་ནས་འོག་མ་བསྔགས་པར་བྱ༔ ཞེས་སོ༔ གནད་འབེབས་རྦད་པའི་ལེའུ་སྟེ་བརྒྱད་པའོ༔

འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ རྟགས་རྫོགས་ལས་མཐའ་ཇི་ལྟར་བྱ༔ ཞེས་ཞུས་པས༔ གསོད་བྱེད་ལྷ་མོས་བཀའ་སྩལ་པ༔ རྟགས་རྫོགས་གཏོར་མ་དགྲ་ལ་འཕངས༔ ལིང་ག་རྩུབ་ཤིང་མེ་ལ་བསྲེག༔ ཐལ་བ་ལིང་ག་མནན་པ་བྱ༔ དེ་ལྟར་ལས་མཇུག་རྫོགས་བྱས་ན༔ ཚངས་པའི་ཚེ་དང་ལྡན་ན་ཡང༔ ཉི་ཤུ་གཅིག་གི་ཁོངས་སུ་ནི༔ འགུམ་པར་འགྱུར་བར་ཐེ་ཚོམ་མེད༔ ཅེས་བཀའ་བསྩལ་ཏོ༔ ལས་མཇུག་འཕང་སྲེག་མནན་པའི་ལེའུ་སྟེ་དགུ་པའོ༔

འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ འདི་ལྟར་ཟབ་མོའི་སྲོག་སྒྲུབ་འདི༔ སྦའམ་ཀུན་ལ་སྤེལ་བར་བྱ༔ ཞེས་ཞུས་པས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཀུན་ལ་སྤེལ་ན་འཇིག་རྟེན་ཕུང༔ དེ་བས་འདི་ཉིད་སྦ་བར་བྱ༔ རྡོ་རྗེ་གདན་གྱི་བྱང་ཤར་དུ༔ དབང་ཕྱུག་རྟེན་གྱི་ནུབ་ཏུ་སྦོས༔ ཞེས་བཀའ་བསྩལ་ཏོ༔ གཉེར་གཏད་པའི་ལེའུ་སྟེ་བཅུ་པའོ༔

དེ་སྐད་ཅེས་བཀའ་བསྩལ་པས༔ མི་བསྲུན་ཤ་ཟའི་འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཐལ་མོ་སྦྱར་ཏེ་རྗེས་སུ་ཡི་རངས་ཏེ༔ ལྷ་མོས་གསུངས་པ་ལ་མངོན་པར་བསྟོད་དོ༔ རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅུ་གཅིག་པའོ༔

གསོད་བྱེད་ལྷ་མོའི་སྲོག་སྒྲུབ་ནག་མོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ ཟབ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས།

༄༅༔ སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས་བཞུགས་སོ༔

༄༅༔ ལྷ་མོ་གསོད་བྱེད་མ་ལ་ཕྱག་འཚལ་ལོ༔ གསོད་བྱེད་སྲོག་སྒྲུབ་ནག་མོ་བསྒྲུབ་པར་འདོད་པས༔ དང་པོ་གནས་ནི༔ བུད་མེད་ཀྱི་མཚན་(༡༡༠)མ་འདྲ་བའི་བྲག་ཕུག་གམ༔ བྲག་སྲིན་པོ་ཁྲོས་པ་ལྟ་བུའམ༔ ནགས་མོན་མོ་ཁྲོས་པ་ལྟ་བུའི་གསེབ་བམ༔ ཤིང་རྐང་གཅིག་གི་རྩ་བའམ༔ དུར་ཁྲོད་དུ༔ སྟེགས་བུ་ཁྲུ་གང་བའམ༔ མདའ་གང་བ་ལ་ཆག་ཆག་ལེགས་པར་བཏབ་སྟེ༔ དེའི་དབུས་སུ་གྲུ་གསུམ་ནག་པོ་ལ༔ མུ་ཁྱུད་དམར་པོ༔ དེའི་ཕྱི་རིམ་རྩིབས་བཞི་ཡང་མཐིང་ནག༔ དེའི་ཕྱི་རིམ་ཐོད་ཕྲེང་དང་རྡོ་རྗེའི་ར་བ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་གཅིག་བསྐོར༔ སྒོ་དང་རྟ་བབས་གཞན་དང་མཐུན༔ ཕྱི་རིམ་མེ་རིའི་ཕྲེང་བ་བྲི༔ དེའི་སྟེང་དུ་ཁམ་སའི་མི་གཟུགས་ཁྲུ་གང་བ་གཅིག་གན་རྐྱལ་དུ་བཞག་ལ་དེའི་སྟེང་དུ་ཐོད་ཕོར་གཅིག་གི་ནང་དུ༔ གཏོར་མ་གཅིག་ལ་མཐེབ་སྐྱུ་བདུན་གྱིས་བསྐོར་ལ༔ ཤ་ཁྲག་གི་རྒྱན་བཏགས་ལ་བཞག༔ བླ་མ་ཡི་དམ་ལ་གཏོར་མ་ཕུལ་ལ་གསོལ་བ་གདབ༔ དེའི་གཏོར་མ་ལོགས་སུ་བྱེད་པ་ཡིན༔ ཡུལ་བདག་འབྱུང་པོ་ལ་གཏོར་མ་སྦྱིན་ལ༔ བཀའ་བསྒོ་བྱ༔ བར་ཆད་མ་བྱེད་ཅེས་བྱའོ༔ དེ་ནས་ལིངྒ་བྲི་བ་ནི༔ དགྲ་༼གང་ཡིན་གྱི་༽དེའི་བླ་ཁྲག་གིས་༼ཡང་ན་གྲི་ཁྲག་༽བྲི༔ དཔྲལ་བར་རུས༔ སྙིང་ཁར་མིང༔ འདོམས་སུ་བརླ་དྭགས་བྲི༔ ཐ་མ་སྔགས་ཀྱིས་བསྐོར༔ དེ་ཤིང་བུའི་རྩེ་ལ་བཙུག་ལ་གཏོར་མ་ལ་གཟུག་གོ༔ རྩིབས་བཞི་ལ་མ་མོ་ནག་མོས་དགྲ་དབང་མེད་དུ་བཀུག་ནས་གསོད་པར་བསམ༔ རང་ཡི་དམ་དུ་བསྐྱེད་ལ༔ སྔགས་འདི་དྲག་པོར་བཟླས་སོ༔ ༀ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་སྲི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ ཙ་བ་བི་རི་མུ་སོད༔ གྷ་ཡ་སོད༔ ཎྲི་ཡ་སོད༔ རག་མོ་ཙིཏྟ་ཆེ་གེ་མོའི་སྲོག་ལ་རྦད༔ རག་མོ་ཙིཏྟ་ཆེ་གེ་མོའི་སྲོག་ལ་རྦུད༔ ཅེས་ཐུན་གྱིས་བྲབ་ཅིང་བཟླས་པས༔ རྟགས་སུ༔ རེས་བུད་མེད་ཆོ་ངེས་འདེབས་པ་དང༔ མ་སྲིང་དང་ཆུང་མ་ལ་སོགས་པ་རྒྱུད་ནས་བཤད་པ་བཞིན་ཡོང་ངོ་༔ རང་ལ་ཆོ་འཕྲུལ་ཤིན་ཏུ་ཆེ་ན་བྱ་ངང་སེར་གྱི་ཚིལ་བུ་བསྲེག་གོ༔ ཞག་བརྒྱད་ཚུན་ལ་རྟགས་མ་བྱུང་ན༔ ཞག་བདུན་རྦད་སྔགས་འདི་བཏགས་ལ་བཟླས་སོ༔ མ་མ་རག་མོ་རག་མོ༔ མ་གཟིར་ནན༔ ཁཾ་ཁུག་དྲོངས་ཆྒཻའི་ཙིཏྟ་ལ་རྦད་སོད་ཡ༔ དེ་ལྟར་བཟླས་པས་རྟགས་རང་ལ་རང་རྨུག་སྙིང་འདོད་པ་དང༔ རྡོ་བརྡེག་པ་དང༔ མོ་མཚན་སྟོན་པ་བྱུང་ན༔ (༡༡༡)སྔགས་འོག་མ་རྐྱང་པ་བཟླས་སོ༔ མགོ་བསྒྲུབས་ནས་མ་ཐོན་གྱི་བར་ཏུ་གཏོར་ཆུང་རེ་བཤམས་ལ་བསྐུལ་འདི་གུང་གཉིས་ལ་བྱའོ༔ བྷྱོ་མཁའ་འགྲོ་ནག་མོ་མི་བསྲུན་མ༔ ཤ་ཟ་ཁྲག་མིག་སྲིན་པོའི་གདོང༔ འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ༔ སྐུ་མདོག་ནག་མོ་ཆར་སྤྲིན་མདོག༔ ཕྱག་ན་གསོད་པའི་མཚོན་ཆ་བསྣམས༔ ཆིབས་སུ་སྲིད་པའི་རླུང་ལ་ཞོན༔ རལ་པ་མཚོན་ཆ་ཤ་ར་ར༔ གཅེར་བུ་མི་ལྤགས་སྟོད་ལ་དཀྲིས༔ མི་ཡི་གློ་སྙིང་ཞལ་དུ་ནི༔ དམར་པོ་ཁྲག་འཛག་རྒྱུན་དུ་གསོལ༔ ཞལ་ནས་ཁྲག་འཛག་ཀྱུ་རུ་རུ༔ སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས༔ སྨ་ར་མཚོན་ཆ་མེ་ལྟར་འབར༔ ཤངས་ནས་འཚུབ་མ་མཚོན་ཆར་འགྱེད༔ བ་སྤུ་མཚོན་ཆ་མེ་ལྟར་འབར༔ མི་མགོ་རློན་པའི་དོ་ཤལ་ཅན༔ གསོད་བྱེད་མཁའ་འགྲོ་ཆེན་མོ་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འབུལ༔ དགྲ་བོ་སྒྲོལ་བའི་དུས་ལ་བབ༔ གཡས་ན་གསོད་བྱེད་ཤ་ཟ་མ༔ དམར་མོ་ཤ་ཟ་ཅེ་སྤྱང་གདོང༔ རོ་ལ་ཞོན་ནས་ཤ་ལ་ཟ༔ རྐན་བརྡབས་དགྲ་བོའི་མིག་འབྲས་འབྲུལ༔ ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན༔ དམར་མོ་ཁྲག་འཛག་ཞལ་དུ་གསོལ༔ གཡོན་ན་ནག་མོ་ཝ་ཡི་གདོང༔ བ་སྤུ་མཚོན་ཆ་སྤུ་གྲིའི་སོ༔ རེག་པ་ཙམ་གྱིས་མགོ་ལུས་འབྲལ༔ ཕྱག་ན་ཞགས་པ་གྲི་གུག་ཐོགས༔ ལུས་འཆིང་སྲོག་རྩ་དམར་པོ་གཅོད༔ ཤ་ཟ་ཁྲག་འཐུང་ཀེང་རུས་མུར༔ མདུན་ན་སྲོག་གཅོད་ཤ་ཟ་མ༔ ནག་མོ་འུག་གདོང་གནམ་ལྕགས་སྡེར༔ ཁྲག་གི་རལ་པ་མཚོན་ཆའི་ཟེར༔ མཚོན་སྡེར་དགྲ་བོའི་སྙིང་ལ་འདེབས༔ གནམ་ལྕགས་མཆུ་ཡིས་སྲོག་རྩ་གཅོད༔ སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ༔ རྐན་རྡེབ་སྲིད་གསུམ་སྙིང་ཁྲག་མཐུང༔ སྟོང་གསུམ་ཟས་ཟ་སྲིད་གསུམ་སྐོམ་དུ་འཐུང༔ ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར༔ ཤ་ཟ་དཔོན་གཡོག་འཁོར་དང་བཅས༔ འདིར་བྱོན་ནག་མོ་ལས་མཁན་མ༔ དགྲ་བོའི་ཤ་ཁྲག་གཏོར་མ་འབུལ༔ དགྲ་བོ་སྒྲོལ་བའི་དུས་ལ་བབ༔ རྒྱལ་བའི་བཀའ་ལས་མ་འདའ་བར༔ དམ་ཉམས་ཤ་ཟོ་ཁྲག་ལ་འཐུང༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཞེས་བསྐུལ་ཞིང་གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་རེ་འབུལ་ལོ༔ ལིང་ག་ཐུན་གྱིས་(༡༡༢)བྲབ་བོ༔

༈ དེ་ནས་རྟགས་རྫོགས་པ་དང་གཏོར་མ་ཁྱེར་ལ་བསྐུལ་བ་བྱ་ཞིང་ཉེན་དགྲའི་ཁང་པ་ལ་བརྡེག༔ རིང་ན་ཕྱོགས་སུ་འཕང་ངོ་༔ ལིང་ག་རྩུབ་ཤིང་གི་མེ་ལ་སྦྱིན་སྲེག་བྱའོ༔ ཐབ་ཏུ་མཁའ་འགྲོ་མ་བསྐྱེད་ལ་འབུལ་ལོ༔ ལིངྒ་དགྲ་བོ་དངོས་སུ་བསམ༔ གཏོར་མ་དགྲ་ཡི་ཤ་ཁྲག་ཏུ་བསམ༔ གོང་མ་ལ་རྟགས་བྱུང་ན་འོག་མ་གདགས་མི་དགོས༔ སྦྱིན་སྲེག་གི་ཐལ་བ་ལིང་ག་བྱས་ལ་ལམ་རྒྱ་གྲམ་མམ༔ མཆོད་རྟེན་འོག་ཏུ་མནན་པ་བྱ༔ ཅི་བྱས་ཀྱང་རྡུགས་ནས་དཀའ་ན༔ ཡིག་འབྲུའི་སྒྲོམ་དུ་གཞུག་པ་ནི༔ ཨུ་ནེ་ཨུ་ནེ་ཧཱུྃ་ཕཊ༔ ཡིག་འབྲུ་དྲུག་ཡོད་ཞབས་ཀྱུ་གསུམ༔ འགྲེང་བུ་གཉིས་དང་ཀླད་སྐོར་གཅིག༔ མགོའི་དག་ཡིག་གོ༔ བར་དུ་སྔགས་གཞུག་ཐ་མ་ལ༔ མྱགས་ཐུཾ་རིལ་རྦད༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ཡི་གེ་འབྲུ་བཅུ་ཡ་ཏ་གཅིག༔ ཞབས་ཀྱུ་གསུམ་དང་ཀླད་སྐོར་གཅིག༔ གི་གུ་གསུམ་སྟེ་མཇུག་གི་དག་ཡིག་གོ༔ ཞེས་བཟླས་པས་ཐེ་ཚོམ་མེད་དོ༔ དུས་མིན་དུ་མི་བྱའོ༔ འགོར་ཡང་ཞག་ཉི་ཤུ་རྩ་གཅིག་གིས་འགྲོ་བར་ཐེ་ཚོམ་མེད་དོ༔ འདི་ལ་ཆོ་འཕྲུལ་དང་མཐུ་གཉིས་ཀ་ཐོག་དང་འདྲའོ༔ འདི་ནི་ཤ་ཟའི་མཁའ་འགྲོ་མ་རྣམས་ཀྱིས༔ རྡོ་རྗེ་གདན་གྱི་བྱང་ཤར་དུ༔ དབང་ཕྱུག་གི་རྟེན་གྱི་ནང་དུ་སྦས་སོ༔ དེ་ནས་མུ་སྟེགས་ཀྱི་སྟོན་པ་གྷུ་ཡ་ཏྲི་བྱ་བས་བཏོན་ནོ༔ དེ་ལ་ཨོ་རྒྱན་པདྨ་བདག་གིས་གསེར་སྲང་སྟོང་ཕུལ་ནས་ཞུས་སོ༔ ཨེ་མ་ཧོ༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ རྒྱ་གར་ཡུལ་དུ་དཀའ་བ་སྤྱད༔ ལོ་ནི་སུམ་སྟོང་དྲུག་བརྒྱ་ལོན༔ ལས་ཀྱིས་བོད་ཡུལ་དབུས་སུ་ཡོང༔ ངན་སྔགས་ཁྲི་དང་སྟོང་བཞུགས་ཀྱང༔ འདི་ཉིད་སྤེལ་བར་བློས་མ་ཐེངས༔ ཕྱི་རབས་བསྟན་པ་བསྲུང་དོན་དུ༔ རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་འདི༔ འདྲ་མིན་གསུམ་ཙམ་གཏེར་དུ་སྦས༔ རྒྱུད་དང་གདམས་པར་བཅས་པ་ནི༔ འདི་མིན་གཞན་ལ་སྦས་པ་མེད༔ ཀུན་གྱི་ཐུན་མོང་མ་ཡིན་པས༔ ལྡང་ལྷའི་བཙན་དང་ཀླུ་ལ་གཏད༔ གཏད་དོ་གཉེར་རོ་ཕྱག་ཚགས་གྱིས༔ ཕྱི་མར་གྱུར་པའི་དུས་ཀྱི་ཚེ༔ སྐལ་ལྡན་ལས་ཅན་དེ་ལ་གཏད་པར་གྱིས༔ ལས་མེད་འདོན་ལ་དེ་ཡི་སྲོག་རྩ་ཆོད༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ དེ་དང་འཕྲད་ནས་ཀུན་(༡༡༣)ལ་མ་སྦེལ་གསང་བར་བྱ༔ གཏེར་རྒྱ༔ གསང་རྒྱ༔ ཁ་ཐཾ༔ དགེའོ༔

འགྱུ་དུས་ཐུན་དྲུག

༄༅༔ འགྱུ་དུས་ཐུན་དྲུག་བཞུགས་སོ༔

༄༅༔ དཔལ་སྲོག་གི་བདག་མོ་ལ་ཕྱག་འཚལ་ལོ༔ སྲོག་སྒྲུབ་གནད་ཀྱི་སྤུ་གྲི་འདི་ལ༔ གནད་འདི་མེད་ན་དཔའ་བོ་མཚོན་ཆ་མེད་པ་དང་འདྲ་སྟེ་དོན་མི་འགྲུབ༔ དེས་ན་མན་ངག་འདི་ལ་གཅེས་པར་བྱའོ༔ འདི་ལ་སྤྱི་དོན་རྣམ་པ་ལྔ་སྟེ༔ དང་པོ་དྲག་པོའི་འགྱུ་དུས་བསྟན་པ་དང་གཅིག༔ ཁམས་གཤེད་ལག་ལེན་བསྟན་པ་དང་གཉིས༔ བསད་པའི་དུས་དྲུག་བསྟན་པ་དང་གསུམ༔ ལས་མཇུག་བསྟན་པ་དང་བཞི༔ དགྲ་ཡི་འཆི་དུས་བསྟན་པ་དང་ལྔའོ༔ དང་པོ་དྲག་པོའི་འགྱུ་དུས་བསྟན་པ་ནི༔ ཚེས་གཅིག་གི་སྐྱ་རེངས་ཤར་ནས་ཉི་མ་ཤར་ཚུན་ཆད་ལ་གཙོ་མོ་འགྱུ་སྟེ་འབྱུང་བ་ཤིང་གི་ཁམས་སོ༔ ཉི་མ་དྲོས་ནས་ཕྱེད་ཚུན་ཆད་ལ༔ གཡས་ཀྱི་སྲོག་གཅོད་མ་འགྱུ་སྟེ་འབྱུང་བ་མེའི་ཁམས་སོ༔ གྲིབ་ཆུང་ལྡོག་ནས་བྱ་གདང་ཞོན་ཚུན་ཆད་ལ༔ གཡོན་གྱི་སྲོག་གཅོད་མ་འགྱུ་སྟེ་འབྱུང་བ་ལྕགས་ཀྱི་ཁམས་སོ༔ ས་སྲོས་ནས་ནམ་ཕྱེད་ཚུད་ཆད་ལ་མདུན་གྱི་སྲོག་གཅོད་མ་འགྱུ་སྟེ་འབྱུང་བ་ཆུའི་ཁམས་སོ༔ ཉི་ཤར་ཕྱེད་ཡོལ༔ ས་སྲོས་ནམ་ཕྱེད་ཡོལ༔ གཙོ་འཁོར་སྲུང་མ་དང་བཅས་པ་རྒྱུ་སྟེ༔ འབྱུང་བ་སའི་ཁམས་སོ༔

༈ གཉིས་པ་ཁམས་གཤེད་ལག་ལེན་བསྟན་པ་ནི༔ དང་པོ་བསྒྲུབ་པའི་ཚེས་གྲངས་བཟང་པོ་ཚེས་གཅིག་ལ་ཞུགས་ཏེ༔ བཅའ་གཞི་གཞུང་ལྟར་བྱས་ལ་ལིང་ག་བྱས་པ་མདུན་དུ་ལས་ཁུང་དུ་བཅུག་ལ༔ རང་ཉིད་ཤིང་ལས་གྲུབ་པའི་སྲོག་གཅོད་གཙོ་འཁོར་བསྐྱེད༔ ལིང་ག་ཕུར་པས་མནན་ལ༔ དྲག་པོའི་ཐུན༔ གདུག་པ་ཅན་གྱི་ཤིང་གི་ཕུར་པས་བརྩམ་ཞིང་དགུག་གཞུག་དང་དམིགས་པ་གསལ་བས༔ དང་པོ་འགྱུ་བའི་དུས་སུ་རྩ་སྔགས་ལ་འདི་བརྒྱ་རྩ་བརྒྱད་བཏགས་ཏེ༔ ཁ་ཤར་ཕྱོགས་སུ་བལྟས་ཏེ་བཟླས་སོ༔ ཆེ་གེ་མོའི་སྲོག་ལ༔ ༼སྔགས་འབྲུ་དྲུག་ཅུ་རྩ་དགུ་ཡོད༔༽ བྃ་མཱ་ར་ཡ་ཐུན་བྷྱོ༔ རག་མོ་ཤཾ་ཀུ་རུ་རྨུགས་ཐུམས་རྦད༔ རག་མོ་ཁ་ལ་ཙ་ཙི་དུན་བྷྱོ༔ རག་ཏུ་ཐུན་རྦད༔ ཙ་ལ་ཙ་ལ་ཐུན་བྷྱོ༔ ཙ་ཙིཏྟ་རྦད༔ སྙིང་ལ་དུན༔ རག་མོ་ཁ་ལ་ཙ་ཙ་དུན་བྷྱོ༔ ཏི་ཐ་བཾ་རིལ༔ ས་མ་ཡ་དུན་བྷྱོ༔ དགྲ་བོའི་སྲོག་ལ༔ མཱ་ར་ཡ་ཐུན་བྷྱོ༔ (༡༡༤)ཞེས་བཟླས་ཤིང་གི་ཕུར་པས་གདབ༔

༈ གཡས་ཀྱི་མ་མོ་འགྱུ་དུས་སུ༔ རང་མེ་ལས་གྲུབ་པར་བསྐྱེད༔ ལིངྒ་ལྕགས་སུ་བསྐྱེད༔ དྲག་པོའི་ཐུན་མེ་མགལ་གྱིས་བརྩམ་ཞིང་སྔགས་ཀྱི་དབུ་རྃ་དུ་བསྒྱུར་ལ༔ སྔགས་བརྒྱ་རྩ་བརྒྱད་བཟླས་སོ༔

༈ གཡོན་གྱི་མ་མོ་འགྱུ་དུས་སུ༔ རང་ལྕགས་ལས་གྲུབ་པར་བསྐྱེད༔ ལིངྒ་ཤིང་ལས་གྲུབ་པར་བསྐྱེད༔ དྲག་པོའི་ཐུན་ལྕགས་ཕུར་དང༔ མི་བསད་པའི་མཚོན་གྱིས་བརྡེག་ཅིང༔ ཐུན་སྔགས་ཀྱི་དབུ་སུཾ་དུ་བསྒྱུར་ལ་སྔགས་བརྒྱ་རྩ་བརྒྱད་བཟླས༔

༈ མདུན་གྱི་མ་མོ་འགྱུ་དུས་སུ༔ རང་ཆུ་ལས་གྲུབ་པར་བསྐྱེད༔ ལིངྒ་མེར་བསྐྱེད་ལ༔ དྲག་པོའི་ཐུན་བྲབ་དུག་ཆུ་ཏིག་ཅིང་ཐུན་སྔགས་ཀྱི་དབུ་ཁྃ་དུ་བསྒྱུར་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ༔ གཙོ་འཁོར་ཐམས་ཅད་འགྱུ་དུས་སུ༔ རང་ས་ལས་གྲུབ་པར་བསྐྱེད༔ ལིངྒ་ཆུ་ལས་གྲུབ་པའི་དགྲ་བོ་སྟོབས་དང་བྲལ་བར་བསམ་ལ༔ དྲག་པོའི་ཐུན་ཕུང་སའི་ཐུན་བྲབ་ཅིང༔ ཐུན་སྔགས་ཀྱི་དབུ་ལྃ་དུ་བསྒྱུར་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ༔ དེ་མིན་པའི་དུས་སུ་གཞུང་བཞིན་སྒྲུབ་པ་ཞག་ཉེར་གཅིག་པོ་བྱ༔ དེའི་བར་དུ་གསུམ་པ་དྲག་པོའི་དུས་ཐུན་མ་ཆག་པར་བྱའོ༔ ཐུན་གྱི་དུས་སུ་ཁ་ཡང་དེའི་ཕྱོགས་སུ་བལྟས་ལ་བྱ༔ འགྱུ་བའི་རྟགས་སུ་ལུས་སྦྲིད་པ་དང༔ སྐྱི་ཟིང་བ་དང༔ འཇིགས་ངམ་པ་ཡོང་ངོ་༔ དགྲའི་ཁམས་ངོ་ཤེས་ན་དེ་ཉིད་ཀྱི་གཤེད་བསྟུན་པས་ཆོག༔ ཐུན་སྔགས་ལྔ་ཀ་བྱ་མི་དགོས་སོ༔

བཞི་པ་ལས་མཇུག་མནན་པས་བཅད་པ་ནི༔ སྒྲུབ་པ་ཐོན་པ་དང༔ གཞུང་ལྟར་ལས་ལ་སྦྱར་བར་བྱ་སྟེ༔ སྔར་གྱི་ལིངྒ་ལས་ཁུང་དུ་དགྲ་བཅུག་ལ༔ དྲག་པོའི་ཐུན་སྣ་ཚོགས་པས་བྲབ་ལ་བྲུབ་ཁུང་ཁ་གཡམ་པས་གཅད་ལ་བཞག་གོ༔ དེ་ནས་ཀླུ་ལ་ཐེབས་པའི་དུས་སུ་རྫའི་གའུ་ཁ་སྦྱར་བཅོས་ལ༔ དགྲ་བོ་ཤིང་ཁམས་པ་ཡིན་ན་ལིངྒ་གའུ་དཀར་པོའི་ནང་དུ་བཅུག༔ དགྲ་གང་ཡིན་པའི་དྲི་མ་དྲོད་མ་ཡལ་བ་དང༔ དཀར་གསུམ༔ མངར་གསུམ༔ སྦྲུལ་ཤ༔ སྦལ་པ་ནག་པོའི་ཁྲག་རྣམས་བླུགས་ལ་གའུར་སྡིག་པ་ནག་པོ་གཅིག་བཅུག་ལ་གའུའི་ཁ་གཅོད་ལ་རྡོ་རྗེ་རྒྱ་གྲམ་བྲི༔ རྡོ་རྗེའི་ལྟེ་བ་ལ་ཆེ་གེ་མོ་ནན་བྱ་བ་བྲི༔ རྭ་བཞི་ལ་ༀ་ནན༔ ཨཱཿནན༔ ཧཱུྃ་ནན༔ སྟྭམྦྷ་ཡ་ནན༔ བྱ་བ་བྲིས་ལ༔ ཕ་ཝོང་གི་བྲུན་དང༔ དམེ་ཕོའི་ཆུས་བྱུག་གོ༔ དགྲ་བོ་ཤིང་ཁམས་པ་ཡིན་ན་མནན་པ་བྱེད་ས༔ ཆུ་མེད་ཅིང་ཀླུ་གནས་སར་སྦ༔ གའུ་ས་ཚོན་གྱིས་བསྐོར༔ ལག་ལེན་དང་ས་དམིགས་སྲུང་བ་(༡༡༥)རྣམས་གཏད་ཁྲོམ་ལྟར་བྱའོ༔ དགྲ་བོ་མེ་ཁམས་པ་ཡིན་ན་གའུ་ཆུ་མདོག་ཏུ་བྱ༔ ཆུ་མིག་གམ་ཆུ་ཁར་སྦའོ༔ དགྲ་བོ་ཆུ་ཁམས་ཡིན་ན་གའུ་སེར་པོ་བྱ༔ སའི་འོག་ཏུ་སྦའོ༔ དགྲ་བོ་ལྕགས་ཁམས་ཡིན་ན་གའུ་དམར་པོ་བྱ༔ ཆུ་མེད་སར་མནན༔ དགྲ་བོ་ས་ཁམས་ཡིན་ན་གའུ་ཤིང་གིས་བྱ་ཞིང་ཤིང་ལ་ཀླུ་གནས་སར་སྦའོ༔ ཤིང་ཁམས་ཡིན་ན་གའུ་ལྕགས་མདོག་བྱ༔ ལྕགས་རྡོ་ཡོད་སར་མནན་ནོ༔ དེ་ལྟར་གཤེད་བསྟུན་པ་གནད་དོ༔

༈ ལྔ་པ་དགྲ་བོ་འཆི་དུས་ནི༔ རབ་མནན་པ་རྫོགས་པ་དང་འཆི༔ འབྲིང་ཟླ་བ་གཅིག་ན༔ ཐ་མ་ཟླ་བ་གཉིས་ན༔ ཡང་ཐ་ཟླ་བ་གསུམ་མམ་བཞི་ན་ཐེ་ཚོམ་མེད་དོ༔ ཟླ་བ་བཞི་ན་རྟགས་མ་བྱུང་ན་མནན་པའི་ས་ན་ལྷ་འདྲེ་མེད་པ་ཡིན་པས་རྫས་རུལ་བ་ཞེས་བྱ་བ་ཡིན༔ སྒྲུབ་པ་བྱ་མི་དགོས༔ ཐུན་དྲུག་ལན་གསུམ་བསྐྱར་ལ་མནན་པ་ཁ་གསུམ་བཞིར་བྱ༔ མནན་པ་ལ་ནན་ཏན་བྱས་པ་གཅིག་པུས་ཆོག་གོ༔ མནན་པ་དམིགས་སུ་མ་སོང་ན་རྟགས་མི་འབྱུང་བས་མནན་པ་ལ་ནན་ཏན་བྱ་བ་གལ་ཆེའོ༔ གཞུང་སྒྲུབ་ཐེབ་གཅིག་ལས་ཕྱིས་སྒྲུབ་མི་དགོས་སོ༔ ནམ་དགོས་དུས་སུ་ཐུན་དྲུག་གི་ལས་ལ་སྦྱར་བ་ཆོག་གོ༔ ལྷ་མོ་འདིའི་མ་ཀླུ་ཡིན་པས་ལས་མཇུག་མནན་པས་མ་བཏུལ་ན་ལས་འགྱང་ངོ་༔ མནན་པ་གཅིག་པུས་ཀྱང་ལས་འགྲུབ་པ་ཡིན་ནོ༔ མ་མོའི་ལས་མཐའ་སྤུ་གྲི་གསང་བའི་ཡང་སྙིང་ཞེས་བྱ་བ་མནན་པ་འདི་མེད་ན་དཔའ་བོ་གོ་མཚོན་མེད་པ་དང་འདྲའོ༔ འདི་ཡོད་ན་དཔའ་བོ་གནམ་ལྕགས་ཀྱི་མཚོན་ཐོགས་པ་དང་འདྲའོ༔ སྲོག་གཅོད་ངན་ཐབས་ཚེའི་དུས་འདའ་བའི་སྤུ་གྲི་མནན་པ་ལས་ཀྱི་ཁ་སྐོང༔ དུག་དང་འདྲ༔ མེ་དང་འདྲ༔ མཚོན་དང་འདྲ༔ ཀུན་ལ་མེད་པའི་ཁྱད་ཆོས་འདི༔ བླ་མེད་གསང་བ་སྙིང་ཐིག་གི༔ བཀའ་སྲུང་ཉིད་དུ་བཅས་ནས་བཞག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏད་རྒྱ༔ བཀའ་རྒྱ༔ ཌཱཀྐིའི་རྒྱ༔ སྲོག་ལེན་ནག་མོའི་རྒྱ་ཡོད་དོ༔

༄༅༔ སྤྱི་གནད་ལ༔ ལྟ་བ་མེད་ན་དབང་དུ་མི་འདུ༔ དམ་ཚིག་མ་བསྲུངས་ན་མི་ཉན༔ དམ་རྫས་མ་ཚོགས་ན་མི་ཡོང༔ བཟླས་པ་མ་ཐེམ་ན་ལས་མི་འགྲུབ༔ ཞེ་སྡང་མེད་ན་སྒྲོལ་དུ་མི་བཏུབ༔ སྲོག་བདག་ནག་མོ་འདི་ནོར་ལ་ཤིན་ཏུ་གཟན༔ ལས་མྱུར་རོ༔ (༡༡༦)ས་མ་ཡ༔ རྒྱ་རྒྱ་རྒྱ༔ །ྱལེ༧ྲ།། དགེའོ༔

༄༅༔ ཏ།༢ཐ༧༔ མུ་སྟེགས་མཁའ་འགྲོ་ནག་མོ་ཡི༔ མན་ངག་ལོགས་སུ་གབ་པ་ནི༔ ལས་ཀྱི་ཁ་སྐོང་གསུམ་དུ་བསྟན༔ བླ་རྡོ་སྔགས་སྒྲོམ་ཆོ་འཕྲུལ་གནད༔ རྒྱ་རྒྱ་རྒྱ༔

༈ བླ་རྡོ་དྲགས་པ་སྤྱི་ཡི་གནད༔ འཕྱུགས་མེད་སྲོག་གི་གནད་དུ་བཤད༔ རྫས་ནི་ན་ཆུང་སྣེལ་ཕྲུག་གམ༔ ཤེལ་ནག་བྱ་ནག་སྙིང་དག་ཏུ༔ དུར་ཁྲོད་རས་ལ་ཙཀྲ་བྲི༔ མུ་ཁྱུད་གསུམ་ལ་རྩིབས་བརྒྱད་པ༔ རྩིབས་ལ་རྩ་སྔགས་བྲི་བར་བྱ༔ མུ་ཁྱུད་མ་མོ་སྤྱི་སྔགས་བྲི༔ ལྟེ་བར་མ་བྷྱོ་གཟབ་ཏུ་བྲི༔ རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི༔ རབ་གནས་བྱས་ལ་ལུས་ལ་བཅང༔ སྐབས་སུ་ཀླད་ལ་བསྐོར་ཞིང་བརྡབ༔ དེ་ཡིས་བྲན་བཞིན་ལས་བྱེད་འགྱུར༔ གལ་ཏེ་འགྱང་ཞིང་ལས་འགོར་ན༔ འབོད་རྦད་མཐའ་གཉིས་བཟློག་བྱས་ལ༔ བསང་སྔགས་བཏགས་ལ་བསྒྲུབ་པར་བྱ༔ དེ་ཡིས་བྲན་བཞིན་ལས་བྱེད་འགྱུར༔

༈ སྔགས་སྒྲོམ་གཞུང་དང་འདྲ་བ་ལ༔ སོད་མོས་ནག་ལེ་ཁ་ཁྱི་ༀ༔ སྲོག་མ་སྲིད་སོད༔ སྙིང་ཁ་ཁ་བཾ་ཡ་ཡ་སོད༔ ཙ་བ་བི་རི་མུ་སོད༔ གྷ་ཡ་སོད༔ རྣྲི་ཡ་སོད༔ རག་མོ་ཙིཏྟ་རྦད༔ རག་མོ་ཙིཏྟ་ཟློག་རྦུད༔ བར་བྱ༔ སརྦ་དུཥྚ་ན་ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ དེས་ཀྱང་འགྲུབ་པར་མ་གྱུར་ན༔ ༼གོང་བཞིན་སྒྲོམ་དུ་གཞུག༔༽ འབོད་རྦད་མས་ཤམ་བཟློག་པ་ལ༔ ༼ༀ་ནས་ཙིཏྟ་རྦུད་ཡན་ཆོད༔༽ བསད་སྔགས་རྦད་སྔགས་བཏགས་ལ་སྒྲུབ༔ དེ་ལྟ་བུ་ཡི་སྦྱོར་བ་ཡིས༔ ཚངས་པའི་ཚེ་དང་ལྡན་ཡང་སྒྲོལ༔ ཐེ་ཚོམ་སོམ་ཉི་མེད་པའོ༔

༈ ཆོ་འཕྲུལ་ལས་མཐའ་བསྟན་པ་ནི༔ མ་ཏྲཾ་༼འཇིམ་པའི་ཉ་བོ་༽སྙིང་ཁར་བྲུབ་ཁུང་བཅའ༔ དབུས་༼དེའི་སྟེང་དུ་༽སུ་གཏོར་མ་༼ལ་༽ལིང་ག་༼བཙུགས་ལ་༽བཞག༔ ལྟས་ངན་སེམས་ཅན་༼འདི་ལ་ལྟས་ངན་སྣ་ཚོགས་ཐོང་བྱ་བས་སྐོར་༽སྣ་ཚོགས་པའི༔ ཤའམ་སྙིང་ངམ་རུས་པ་༼སོགས་གང་རྙེད་༽ལ༔ ཕུང་ས་ཁྲག་དང་སྦྱར་བྱས་ལ༔ ཤ་ཟ་ཅེ་སྤྱང་མགོ་ཅན་༼གནོད་སྦྱིན་མ་༽ལ༔ ལག་གཉིས་ལྟས་ངན་༼སྤྲེའུ་ལ་སོགས་པའི་གཟུགས་སྣ་ཚོགས་༽ཁྱེར་བ་བྱ༔ སྲོག་སྔགས་འབྲུ་༼ཀྵ་༽གཅིག་ཐ་མ་རུ༔ ཆེ་གེ་༼ལ་༽ལྟས་ངན་སྣ་ཚོགས་ཐོང༔ བྱ་བས་བསྐོར་ལ་སྙིང་ཁར་གཞུག༔ གཤིན་རྗེ་ཝ་གདོང་ནག་མོར་བྱ༔ སྙིང་ཁར་སྲོག་སྔགས་༼ཡ་༽གཞུག་པ་འདྲ༔ སྲོག་(༡༡༧)གཅོད་ཤ་ཟ་ནག་མོ་ནི༔ འུག་གདོང་ཕྱག་མཚན་གོང་དང་འདྲ༔ སྙིང་ཁར་སྲོག་སྙིང་བྲིས་ལ་གཞུག༔ མགོ་ངོས་ཟུར་དུ་གནོད་སྦྱིན་མོ༔ གཡས་གཡོན་ཟུར་དུ་གཤིན་རྗེ་མོ༔ བདུད་མོ་རྣམ་གཉིས་བཞག་པར་བྱ༔ གཏོར་མའི་རྩེ་ལ་ལྷ་མོའི་གཟུགས༔ རོ་རས་དག་ལ་བྲིས་པ་ནི༔ གཏོར་མའི་རྩེ་ལ་གཟུག་པར་བྱ༔ རྩ་བའི་སྔགས་ལ་འདི་བཏགས་བཟླས༔ ཧེ་ཙ་དུ་ན་ཕོབ་ཡ༔ དེ་བཟླས་རང་ལ་ཆོ་འཕྲུལ་ཡོང༔ དེ་ནས་མ་ཏྲཾ་༼མོ་དཔོན་གཡོག་༽ལྷ་དང་གཟུགས༔ དགྲ་ཡོད་ཕྱོགས་སུ་ཁ་བསྒྱུར་ལ༔ རྒྱབ་ནས་ཐུན་གྱིས་བྲབ་བྱ་ཞིང༔ གོང་ན་རྦད་སྔགས་བཏགས་བྱས་ལ༔ དེ་ལ་འདི་བཏགས་བཟླས་པར་བྱ༔ ཆེ་གེ་མོ་ཁུ་ཙ་ཧེ་ཕཊ་ཡ༔ ཞེས་བཟླས་བསྐུལ་ཞིང་སྔགས་ཀྱིས་གཟིར༔ མ་ཉན་སྔགས་སྒྲོམ་གོང་དང་འདྲ༔ ལྷ་མོའི་ཆོ་འཕྲུལ་ཁྱད་འཕགས་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏ།ཏ།ཐག༔ ཁ་ཐཾ༔ ཨུ་ཁ་ཐཾ༔ ད་མ་རག་ཤ༔ ཁ་མ་རགྴ༔ ཁུ་མ་རིལ་མ་རིལ༔ མ་མོ་བྷྱོ༔ འདིས་མོ་རྒྱུད་ཐམས་ཅད་གནད་ལ་ཕེབས་སོ༔ ཞག་རེ་ལ་བརྒྱ་བརྒྱ་བཟླས་སོ༔ སྲོག་འཁོར་མུ་ཁྱུད་ལ་ཡང་འདི་འབྲི་བ་༼ཤོག་སེར་མཐོ་གང་སོར་བཞི་པ་གཅིག་ལས་ཞལ་བཤུས་པའི་དཔེའི་ཡང་ཚས་ཡིན་ནོ་༽ཡིན་ནོ༔

འགྱུ་དུས་ཐུན་དྲུག

༄༅༔ འགྱུ་དུས་ཐུན་དྲུག་བཞུགས་སོ༔

༄༅༔ དཔལ་སྲོག་གི་བདག་མོ་ལ་ཕྱག་འཚལ་ལོ༔ སྲོག་སྒྲུབ་གནད་ཀྱི་སྤུ་གྲི་འདི་ལ༔ གནད་འདི་མེད་ན་དཔའ་བོ་མཚོན་ཆ་མེད་པ་དང་འདྲ་སྟེ་དོན་མི་འགྲུབ༔ དེས་ན་མན་ངག་འདི་གཅེས་སོ༔ དྲག་པོའི་འགྱུ་དུས་བསྟན་པ་ནི༔ ཚེས་གཅིག་གི་སྐྱ་རེངས་ཤར་ནས་ཉི་མ་ཤར་ཚུན་ཆད་ལ་གཙོ་མོ་འགྱུ༔ ཉི་མ་དྲོས་ནས་ཕྱེད་ཚུན་ཆད་ལ་གཡས་ཀྱི་སྲོག་གཅོད་མ་འགྱུ༔ གྲིབ་ཆུང་བྱུང་ནས་བྱ་ཚད་ཞུགས་ཚུན་ཆད་ལ་གཡོན་གྱི་སྲོག་གཅོད་མ་འགྱུ༔ ས་སྲོས་ནས་ནམ་ཕྱེད་ཚུན་ཆད་ལ་མདུན་གྱི་སྲོག་གཅོད་མ་འགྱུ༔ ཉི་ཤར༔ ཕྱེད་ཡོལ༔ ས་སྲོས༔ ནམ་ཕྱེད་ཡོལ་དུས་སུ་གཙོ་འཁོར་སྲུང་མ་དང་བཅས་པ་འགྱུ་སྟེ༔ དྲག་པོའི་ལས་བྱའོ༔ ཐུན་དྲུག་ནི༔ ཤིང་ཚེར་མ་ཅན་གྱི་ཕུར་ཐུན་དང༔ དུག་ཆུའི་ཐུན་དང༔ ཕུང་སའི་ཐུན་དང༔ སྤྱི་ཐུན་ནི༔ ཉུང་དཀར༔ ཉུང་ནག༔ དུག༔ ཁྲག་(༡༡༨)ལ་སོགས་པའི་ཐུན་གྱིས་བྲབ་བོ༔ ཐུན་སྔགས་ནི༔ ཆེ་གེ་མོ་བཾ་མཱ་ར་ཡ་ཐུན་བྷྱོ༔ རག་མོ་ཤཾ་ཀུ་རུ་རྨུགས་ཐུཾ་རྦད༔ རག་མོ་ཁ་ལ་ཙ་ཙི་ཐུན་བྷྱོ༔ རག་ཏ་ཐུན་རྦད༔ ཙ་ལ་ཙ་ལ་ཐུན་བྷྱོ༔ ཙ་ཙིཏྟ་རྦད༔ སྙིང་ལ་ཐུན༔ རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ༔ ཏི་ཐ་བཾ་རིལ་ས་མ་ཡ་ཐུན་བྷྱོ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་ཐུན་བྷྱོ༔ ཞེས་བཟླས་ཤིང་བྲབ་བོ༔ མཇུག་མནན་པ་ནི༔ ལིང་རོ་ཐོད་པ་མཚན་ངན་ནང་དུ་བླུགས་ལ༔ ཀླུ་གཉན་ཡོད་པའི་སར་མནན་ནོ༔ ཐུན་ལྷག་དང་བྲབ་པའི་ཐར་ཐོར་བསྡུས་ལ་ཟོར་དུ་འཕང་ངོ་༔ དགྲའི་འཆི་དུས་ནི༔ རབ་བསྙེན་པ་རྫོགས་པ་དང་འཆི༔ འབྲིང་ཟླ་བ་གཅིག༔ ཐ་མ་ཟླ་བ་གཉིས་ན་འཆི༔ ཕྱི་ཐ་ཡང་ཟླ་བ་གསུམ་ན་ཐེ་ཚོམ་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

བཀའ་སྲུང་སྲོག་སྒྲུབ་ནག་མོའི་སྲོག་དབང་།

༄༅༔ བཀའ་སྲུང་སྲོག་སྒྲུབ་ནག་མོའི་སྲོག་དབང་བཞུགས་སོ༔

༄༅༔ རིགས་ཀྱི་ཌཱཀྐི་ཡབ་ཡུམ་ལྔ་ལ་ཕྱག་འཚལ་ལོ༔ དཔོན་སློབ་བར་ཆད་མི་འཇུག་ཕྱིར༔ ད་ལ་ལ་སོགས་གྲུབ་པ་ཡིས༔ ཤན་པ་ནག་མོའི་སྲོག་དབང་བསྐུར༔ དེ་ནས་དཔོན་སློབ་ཐམས་ཅད་ཀྱིས༔ མདུན་གྱི་ནམ་མཁའི་དཀྱིལ་དག་ཏུ༔ འོད་ཕུང་འབར་བ་མཐའ་ཡས་དབུས༔ བླ་མ་ཡི་དམ་ཌཱཀྐི་དམ་ཅན་ཚོགས༔ སྤྲིན་ཕུང་གཏིབས་པར་བསྒོམས་པའི་མདུན༔ ཤན་པ་ནག་མོ་འཁོར་བཅས་བསྐྱེད༔ རྒྱལ་བ་རིག་འཛིན་དམ་བཞིན་དུ༔ དེ་རིང་ལས་རྣམས་སྒྲུབ་པར་བསྒོམ༔ ཚོགས་གཏོར་མཆོད་པ་རྒྱ་ཆེར་འབུལ༔ གཙོ་འཁོར་བཞི་གཏོད་དབང་ཡང་བསྐུར༔ བྷྱོ་མཁའ་འགྲོ་མོ་ནི་མི་བསྲུན་མ༔ ཤ་ཟ་ཁྲག་མིག་སྲིན་པོའི་གདོང༔ འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ༔ ནག་མོ་སྲིད་པའི་མཚོན་ཆ་ཐོགས༔ བ་སྤུ་མཚོན་ཆ་བསྐལ་པའི་མེ༔ རླུང་ལ་ཞོན་ནས་རལ་པ་སྤྲུག༔ སྲིད་པའི་ཤུ་རྟགས་མི་ལྤགས་གྱོན༔ སྟོང་གསུམ་སྒྲོལ་བྱེད་སྙིང་དམར་ཞལ་དུ་གསོལ༔ ཞལ་ནས་ཁྲག་འབབ་ཀྱུ་རུ་རུ༔ སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས༔ ཨག་ཚོམ་མེ་འབར་འཚུབ་མ་མཚོན་ཆ་འགྱེད༔ མི་མགོའི་དོ་ཤལ་གསོད་བྱེད་རྒྱ་མཚོས་བསྐོར༔ ཨོ་རྒྱན་བཀའ་དང་རིག་འཛིན་བླ་མའི་བཀའ༔ ཁྱད་པར་མཁའ་འགྲོ་དམ་བཏགས་རྗེས་འབྲངས་ལ༔ དབང་བསྐུར་བཀའ་ལུང་བཀའ་ཡི་བསྟན་པ་སྲུངས༔ ༀ་ཁྱི་(༡༡༩)ཁ་ལེ་ནག་མོས་སོད༔ སྲོག་མ་སྲིད་སོད༔ སྙིང་ཁ་ཁ་བཾ་ཡ་ཡ་སོད༔ ཙ་བ་བི་རི་མུ་སོད༔ ག་ཡ་སོད༔ རྣྲི་ཡ་སོད༔ རག་མོ་ཙིཏྟ་རྦད༔ རག་མོ་ཙིཏྟ་རྦུད༔ དམ་ཚིག་མ་བསྲུངས་ཆད་པ་གཅོད༔ དམ་ཚིག་བསྲུངས་ན་སྟོང་གྲོགས་མཛོད༔ བྷྱོ་ཤ་ཟ་དམར་མོ་ཅེ་སྤྱང་གདོང༔ རོ་ཞོན་སྙིང་ཁྲག་ཞལ་དུ་གསོལ༔ གཡས་ཀྱི་ཤ་ཟའི་དབང་བསྐུར་ལས་མཛོད་ཅིག༔ ནག་མོ་ཝ་གདོང་རྔམས་པའི་གཟུགས༔ བ་སྤུ་མཚོན་ཆ་སྤུ་གྲིས་གཏམས༔ རེག་པས་སྟོང་གསུམ་སྒྲོལ་བྱེད་མ༔ ཞགས་པ་སྤུ་གྲིས་གློ་སྙིང་གཅོད༔ ཤ་ཟ་ཁྲག་འཐུང་ཀེང་རུས་མུར༔ བཀའ་ལུང་རྗེས་འབྲང་ལས་མཛོད་ཅིག༔ མདུན་ནས་སྲོག་གཅོད་ཤ་ཟ་མོ༔ ནག་མོ་འུག་གདོང་གནམ་ལྕགས་སྡེར༔ ཁྲག་རལ་མཚོན་སྟོང་དགྲ་སྙིང་འདེབས༔ གནམ་ལྕགས་མཆུ་སྡེར་སྲོག་རྩ་གཅོད༔ སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ༔ རྐན་རྡེབ་སྲིད་གསུམ་སྙིང་ཁྲག་འདྲུ༔ སྟོང་གསུམ་ཟས་ཟ་སྲིད་གསུམ་སྐོམ་དུ་འཐུང༔ གསོད་བྱེད་ལྷ་མོ་འཁོར་དང་བཅས༔ ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར༔ དཔོན་གཡོག་འཁོར་བཅས་ལས་མཛོད་ཅིག༔ དབང་དང་གདམས་པའི་སྒོ་ཕྱེས་ལ༔ དམ་ལ་གནས་པའི་རྣལ་འབྱོར་བཀའ་ཆད་སྲུངས༔ ཞེས་དབང་དང་རྗེས་གནང་བྱ༔ རེ་རེ་བཞིན་རོལ་མོ་སྒྲོག༔ དུས་ནི་ཉི་མ་ཤར་རམ༔ ཕྱེད་ཡོལ༔ ས་སྲོས༔ ནམ་ཕྱེད་ན་ཤིས་སོ༔ འདི་དུས་སུ་ཚོགས་གཏོར་བཟང་བ་གལ་ཆེའོ༔ ཨོ་རྒྱན་བཀའ་ལུང༔ ཡེ་ཤེས་མཚོ་རྒྱལ་ཞལ་གདམས༔ ཕྱག་ལེན་མེད་ཐབས་མེད་པ་རྫོགས་སོ༔ ཤན་པ་འཁོར་བཅས་ཀྱིས་བཀའི་བྱ་ར་མཛོད༔ ལུང་འདི་ཁྲོལ་ལ་ཆོས་འདི་ཁོ་ལ་གཏོད་ཅེས་བརྗོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དགེའོ༔ འདི་ཡིས་སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ བསྟན་འཛིན་སྐུ་དགྲ་མ་ལུས་སྒྲོལ་བར་ཤོག༔ མངྒ་ལཾ༔

སྙིང་ཏིག་གི་བླ་མའི་རྣལ་འབྱོར།

༄༅། །སྙིང་ཏིག་གི་བླ་མའི་རྣལ་འབྱོར་བཞུགས་སོ། །

༄༅༅། །བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །རང་ཉིད་ཡི་དམ་ལྷར་བསྒོམས་པའི་སྤྱི་བོར། རིན་པོ་ཆེའི་ཁྲི་དང་ཉི་ཟླ་པདྨའི་སྟེང་དུ། རྩ་བའི་བླ་མ་དང་ཨོ་རྒྱན་པདྨ་དབྱེར་(༡༢༠)མེད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་དམར་མོ་རུས་པའི་རྒྱན་དང་བཅས་པ། ཕྱག་གཡས་ཡབ་ལ་འཁྱུད་ཅིང་ཐོད་པ་བདུད་རྩིས་བཀང་བ་གཡོན་པས་ཡབ་ལ་སྟོབ་པ། ཡབ་ཡུམ་གཉིས་ཀྱི་གཡས་སུ་པདྨ་ལས་འབྲེལ་རྩལ་དང་། རང་བྱུང་རྡོ་རྗེ་འཇམ་པའི་དབྱངས་དང་འདྲ་བ། གཡས་རལ་གྲི་དང་གཡོན་ཨུཏྤ་ལའི་སྟེང་ན་སྙིང་ཏིག་གི་པོ་ཏི་བསྣམས་པ། གཡོན་ན་རྒྱལ་སྲས་ལེགས་པ་དང་ཤཱཀྱ་གཞོན་ནུ་གཉིས་སྤྱན་རས་གཟིགས་དང་འདྲ་བ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་མུ་ཏིག་གི་ཕྲེང་བ་འདྲེན་ཅིང་གཡོན་འོག་མས་པདྨ་དཀར་པོ་འཛིན་པ། མདུན་དུ་རོལ་པའི་རྡོ་རྗེ་དང་དར་མ་རྡོ་རྗེ་གཉིས་ཕྱག་རྡོར་དང་འདྲ་བ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྒྱབ་ཏུ་ནམ་མཁའ་རྡོ་རྗེ་དང་ཚུལ་ཁྲིམས་འབུམ་གཉིས་ཐུགས་རྗེ་ཆེན་པོ་དོང་སྤྲུག་དང་འདྲ་བ་གཡས་བདུད་རྩིའི་བུམ་པ། གཡོན་པདྨ་རཱ་གའི་ཕྲེང་བ་ཐུགས་ཀར་འདྲེན་པ། གུ་རུའི་སྤྱི་གཙུག་ཏུ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་རིག་འཛིན་ཤྲཱི་སིང་ཧ་སྐུ་མདོག་མི་ཤ་ཁ་ཞལ་གཅིག་ཕྱག་གཉིས་རྣམ་སྣང་གི་ཕྱག་རྒྱ་ཅན། དར་ངུར་སྨྲིག་གི་ན་བཟའ་གསོལ་བ་པཎྜི་ཏའི་ཆ་བྱད་ཅན་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་སྤྱི་གཙུག་ཏུ་རིག་འཛིན་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་སྡིགས་མཛུབ་ནམ་མཁར་གདེངས་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། དབུ་སྐྲ་ཐོར་གཙུག་དང་རུས་པའི་རྒྱན་དྲུག་གསོལ་བ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་སྤྱི་གཙུག་ཏུ་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རུས་པའི་རྒྱན་དྲུག་གསོལ་བ། དེའི་སྤྱི་བོར་རིགས་ལྔ་ཡབ་ཡུམ་ཕྱག་མཚན་རིགས་དང་མཐུན་པ། དེའི་སྤྱི་གཙུག་ཏུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྲིལ་སྦྱོར་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་(༡༢༡)པ། དེ་ལ་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་བརྒྱུད་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་འདྲེན་པའི་ཚུལ་དུ་བསྐོར་ནས་བཞུགས་པ། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྟེན་གསུམ་ཕོ་བྲང་བཅས་པ་བྱོན་པར་བསམ། བཛྲ་ས་མཱ་ཛ་དང་། ཛཿཧཱུྃ་བྃ་ཧོཿ བརྗོད་པས་སྤྱན་དྲང་ཞིང་བསྟིམ་པར་བྱའོ། །དེ་ལ་ཡན་ལག་བདུན་པ་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ། དེ་ནས་མོས་གུས་དང་ལྡན་པས་གསོལ་བ་འདེབས་པ་ནི།

ༀ་ཨཱཿཧཱུྃ་ཧྲཱིཿ དངོས་མེད་མཐའ་བྲལ་ཀ་དག་ཆོས་ཀྱི་སྐུ། །རང་རིག་གསལ་དྭངས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ཁྱབ་ཤར་གྲོལ་སྣ་ཚོགས་སྤྲུལ་པའི་སྐུ། །དུས་གསུམ་རང་རིག་བླ་མ་རྣམས་ལ་འདུད། །དམིགས་མེད་ཆོས་དབྱིངས་དག་པའི་ཕོ་བྲང་དུ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །ངོ་བོ་ཀ་ནས་དག་པར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་འོད་ཀྱི་ཕོ་བྲང་དུ། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ་གསོལ་བ་འདེབས། །རིག་པ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །ཐུགས་རྗེ་ཕྱོགས་རིས་མེད་པའི་ཕོ་བྲང་དུ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྣང་སེམས་འཛིན་པ་སྟོང་པར་བྱིན་གྱིས་རློབས། །དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་དུ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །ཆོས་ཉིད་དོན་དང་མཇལ་བར་བྱིན་གྱིས་རློབས། །རྒྱ་གར་སོ་ས་གླིང་གི་དུར་ཁྲོད་དུ། །རིག་འཛིན་ཤྲཱི་སིང་ཧ་ལ་གསོལ་བ་འདེབས། །བདེ་ཆེན་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གཏེར་གནས་ཁྲ་མོ་བྲག་གི་ཕོ་བྲང་དུ། །མཁའ་འགྲོ་སྙིང་ཏིག་ཉིད་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །ཚོགས་གཉིས་རྣམ་པར་དག་པའི་ཕོ་བྲང་དུ། །(༡༢༢)ལས་འབྲེལ་རྩལ་དང་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཕོ་བྲང་དུ། །ལེགས་ལྡན་པ་དང་ཤཱཀྱ་གཞོན་ནུ་ལ་གསོལ་བ་འདེབས། །འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས། །གར་བཞུགས་གནས་མཆོག་ཆོས་ཀྱི་ཕོ་བྲང་དུ། །རྒྱལ་བ་གཡུང་སྟོན་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །བསྐྱེད་རྫོགས་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་ཤར་བའི་ཕོ་བྲང་དུ། །དར་མ་བཛྲ་ནམ་མཁའ་རྡོ་རྗེ་ལ་གསོལ་བ་འདེབས། །ཕྱོགས་མེད་གདུལ་བྱར་སྨིན་པར་བྱིན་གྱིས་རློབས། །གསལ་སྟོང་འཛིན་པ་བྲལ་བའི་ཕོ་བྲང་དུ། །ཚུལ་ཁྲིམས་འབུམ་དང་དྷརྨ་ལཀྵ་ལ་གསོལ་བ་འདེབས། །ཉམས་རྟོགས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །སྙིང་དབུས་ཨ་བ་དྷཱུ་ཏིའི་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སྐུ་ལྔ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རང་ལུས་རྣམ་པར་དག་པའི་ཕོ་བྲང་དུ། །ཞི་ཁྲོ་ཌཱཀྐིའི་ཚོགས་ལ་གསོལ་བ་འདེབས། །ཉམས་ལེན་ཚད་དུ་སྐྱོལ་བར་བྱིན་གྱིས་རློབས། །དམ་ཚིག་རྣམ་པར་དག་པའི་ཕོ་བྲང་དུ། །བཀའ་སྲུང་གཏེར་བདག་རྣམས་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་མེད་པར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་ཅིག་ཆར་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །མཚན་འབུམ་ཅི་མང་འདོན།

༈ ༀ་ཨཱཿཧཱུྃ་མཧཱ་གུ་རུ་ཀུན་བཟང་ཡབ་ཡུམ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་རིགས་ལྔ་ཡབ་ཡུམ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་དགའ་རབ་རྡོ་རྗེ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་ཤྲཱི་སིང་ཧ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་པདྨ་འབྱུང་གནས་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་ཡེ་ཤེས་འཚོ་རྒྱལ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་པདྨ་ལས་འབྲེལ་རྩལ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་རང་བྱུང་རྡོ་རྗེ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་རྒྱལ་སྲས་ལེགས་པ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་ཤཱཀྱ་གཞོན་ནུ་ན་མོ་ཧཱུྃ། །ༀ་ཨཱཿ(༡༢༣)ཧཱུྃ་རོལ་པའི་རྡོ་རྗེ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་དར་མ་རྡོ་རྗེ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་ག་ག་བཛྲ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་ཚུལ་ཁྲིམས་འབུམ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་དྷརྨ་ལཀྵ་ན་མོ་ཧཱུྃ། །ༀ་ཨཱཿཧཱུྃ་པུཎྱེ་ལཀྵ་ན་མོ་ཧཱུྃ། །ཞེས་གསོལ་བ་འདེབས་པའི་དུས་སུ་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩི་བྱུང་ནས་རང་གི་སྤྱི་བོ་ནས་བབས། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །རྐང་མཐིལ་དང་སེན་མོའི་སྦུག་ནས་མར་ཐོན་ནས་ལུས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་མོ། །དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཨོ་རྒྱན་པདྨ་ཡབ་ཡུམ་ལ་བསྟིམ། བླ་མ་ཡབ་ཡུམ་གྱི་གནས་གསུམ་ནས་ༀ་ཨཱཿཧཱུྃ་གསུམ་འོད་ཟེར་དང་བཅས་པ་བྱུང་ནས་རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་དག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནས་བླ་མ་ཡབ་ཡུམ་མར་བྱོན་ནས་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྩ་བའི་བླ་མ་བསྟིམ་མོ། །སྐབས་འདིར་གསོལ་བ་གདབ་པ་དང་། སེམས་འཛིན་བྱེད་ལུགས་དང་། རླུང་གི་ཐུན་དང་། ཧཱུྃ་སྒྲུབ་སྦྱོར་བ་རྣམས་བླ་མའི་ཞལ་ལས་ཤེས་སོ། །དགེའོ།། །།

བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ།

༄༅༔ བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་བཞུགས་སོ༔

༄༅༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི༔ བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ རང་གི་སྤྱི་བོའི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ༔ རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་ཆ་བྱད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་པ་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ རལ་པའི་ཐོར་ཙུག་གྱེན་དུ་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེའི་སྤྱི་བོར་འཁོར་ལོའི་སྟེང་དུ་ༀ་དཀར་པོ༔ མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ༔ ཐུགས་ཀར་ཉི་ཟླའི་སྟེང་དུ་ཧཱུྃ་དཀར་པོ༔ ཧཱུྃ་དཀར་པོ་དེ་ལ་ཡི་གེ་བརྒྱ་པས་བསྐོར་ནས་སྒྲ་རང་གྲག་ཏུ་འཁོར་བར་བསམ༔ ཡི་གེ་གསུམ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པའི་མཆོད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་(༡༢༤)དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྡོ་རྗེ་སེམས་དཔའ་ལ་ཐིམ་རྡོ་རྗེ་སེམས་དཔའ་སྔར་བས་སྐུ་ཆེ་ཞིང་གཟི་བརྗིད་དང་ལྡན་པར་གྱུར༔ ཐུགས་ཀའི་ཧཱུྃ་དཀར་པོ་ལས་ཟག་མེད་ཀྱི་བདུད་རྩི་དངུལ་ཆུའི་མདོག་ལྟ་བུ་དཀར་ཤར་གྱིས་བྱོན་ཞབས་ཀྱི་མཐེབ་ཆེན་ལས་བབས་པས་༼རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་བབས་ནས༔༽ རྩ་དབུ་མའི་ནང་ན་མར་བརྒྱུད་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལ་ཐུག་གི་བར་དུ་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་འདུར་གྱིས་སོལ་ཁུ་ཆུས་ཁྱེར་བ་བཞིན་དུ་རྩ་ལམ་དང་ཆུ་ལམ་བ་སྤུའི་བུ་ག་ཐམས་ཅད་ལས་ཐོན་ནས་རང་ཉིད་ལུས་ཤེལ་སྒོང་དྲི་མ་མེད་པའམ༔ ཕྲུ་མ་ཕུས་བཏབ་པ་བཞིན་དུ་ངང་སངས་ཀྱིས་སོང་བར་བསམ་ཞིང༔ མ་ཡེངས་པར་ཡི་གེ་བརྒྱ་པ་ཅི་ནུས་སུ་འདྲེན༔ རྗེས་མི་དམིགས་པའི་ངང་ལ་བཞག༔ དེ་ནི་ཕྱིའི་བླ་མའི་རྣལ་འབྱོར་སྒྲིབ་པ་སྦྱོང་བའོ༔

༈ ནང་ལྟར་དུ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས༔ གོང་གི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཧཱུྃཿདཀར་པོ་ཚེག་དྲག་དང་ལྡན་པ་གཅིག་ཏུ་གྱུར༔ ཧཱུྃཿདེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར༔ དེ་རྣམས་ཐམས་ཅད་འོད་དུ་ཞུ་ནས་ཧཱུྃཿདཀར་པོའི་རང་བཞིན་དུ་གྱུར༔ ཡང་སྔར་གྱི་ཧཱུྃཿདེ་ལས་འོད་ཟེར་འཕྲོས་པས་ཧཱུྃཿདེ་དག་ཐམས་ཅད་ཚུར་བསྡུས་རྩ་བའི་ཧཱུྃཿལ་ཐིམ༔ ཧཱུྃཿདེ་སྔར་བས་གཟི་བརྗིད་དང་ལྡན་པ་གཅིག་ཏུ་གྱུར༔ དེ་ལས་འོད་ཟེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཧཱུྃཿལ་ཐིམ༔ ཧཱུྃཿཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པར་གྱུར༔ དེའི་སྐུ་ལ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཉི་མའི་དཀྱིལ་གྱི་སྟེང་དུ་ཧཱུྃཿདམར་སེར༔ དེ་ལས་འོད་ཟེར་ཡར་(༡༢༥)འཕྲོས་རྩ་དབུ་མའི་ནང་ན་ཡར་སོང་བས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ རང་གི་སྤྱི་བོའི་ཐད་ཀ་ཁྲུ་གང་གི་ཐད་དུ་སྣ་ཚོགས་པདྨ་འདབ་མ་བཞི་དང་ལྡན་པའི་སྟེང་དུ་བླ་མ་ཀུན་འདུས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ དེའི་ཐུགས་ཀར་ཧཱུྃ་དཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་གདུགས་ཕུབ་པའི་ཚུལ་དུ་སྤུང་ངེ་བཞུགས་པར་བསྒོམ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཧཱུྃ་དཀར་པོ༔ རང་གི་ཐུགས་ཀའི་ཧཱུྃ་དམར་སེར་གཉིས་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བརྒྱུད༔ ༀ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་རང་བསྒྲག་ཏུ་འདྲེན་པར་བསམ༔ ཐུན་མཚམས་སུ་རླུང་བུམ་པ་ཅན་འཛིན༔ རྗེས་མི་དམིགས་པའི་ངང་ལ་བཞག༔ ནང་གི་བླ་མའི་རྣལ་འབྱོར་རོ༔

༈ གསང་བའི་བླ་མའི་རྣལ་འབྱོར་བསྒོམ་པ་ནི༔ རང་ལུས་ལྷ་སྐུར་གསལ་བཏབ་ནས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་བཞིན་བདག་གིས་གསལ་གདབ་བོ༔ གོང་དུ་བསྒོམས་པ་རྣམས་འོད་དུ་ཞུ་བ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་ཧཱུྃ་མཐིང་ཁ་ཅིག་ཏུ་བསམ༔ འཕྲོ་འདུ་གོང་དང་འདྲ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ༔ དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྔོ་སྐྱ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ༔ དེའི་ཐུགས་ཀར་རྩ་འདབ་བཞི་བཅུ་རྩ་གཉིས༔ དེའི་དབུས་སུ་པདྨ་(༡༢༦)འདབ་མ་བཞི་པ༔ དེའི་དབུས་སུ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ རྒྱན་མེད་མཉམ་གཞག་གི་ཕྱག་རྒྱ་ཅན༔ དེའི་ཤར་དུ་རྡོ་རྗེ་སེམས་དཔའ༔ ལྷོར་རིན་ཆེན་འབྱུང་ལྡན༔ ནུབ་ཏུ་སྣང་བ་མཐའ་ཡས༔ བྱང་དུ་དོན་ཡོད་གྲུབ་པ༔ དེ་རྣམས་ཀྱིས་གཙོ་བྱས་ཞི་བ་བཞི་བཅུ་རྩ་གཉིས༔ ཀུན་ཏུ་བཟང་པོའི་མདངས་ལས་འབར་བ་ལྔ་བཅུ་རྩ་བརྒྱད༔ དེའི་སྤྱི་བོར་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་ལྡན་པ༔ དེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བཞིའི་དབུས་སུ༔ གུ་རུ་ཐོད་ཕྲེང་རྩལ༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ལྷོར་རཏྣ་ཐོད་ཕྲེང་རྩལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ དེ་རྣམས་ཐམས་ཅད་ཀྱང་ཡབ་ཡུམ་གྱི་རྣམ་པར་བསམ༔ མུ་ཁྱུད་ལ་རང་འདྲ་བ་དཔག་ཏུ་མེད་པས་བསྐོར་བར་བསམ༔ པདྨ་འདབ་མ་བརྒྱད་ལ་གུ་རུ་མཚན་བརྒྱད༔ གཡས་ཌཱ་རུ་གཡོན་དྲིལ་བུ་དཀུར་བརྟེན་པའོ༔ དེ་རྣམས་ལ་རང་འདྲ་བ་དཔག་ཏུ་མེད་པས་བསྐོར་བ༔ མུ་ཁྱུད་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ༔ གུ་རུ་ཐོད་ཕྲེང་རྩལ་གྱི་སྤྱི་བོར་ཨུ་རྒྱན་པདྨ་འབྱུང་གནས༔ དེའི་སྤྱི་བོར་ཤྲཱི་སིང་ཧ༔ དེའི་སྤྱི་བོར་དགའ་རབ་རྡོ་རྗེ༔ དེའི་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ༔ དེའི་སྤྱི་བོར་ཀུན་ཏུ་བཟང་པོ་ཡབ་ཡུམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་འཐིབ་པ་བཞིན་བཞུགས་པར་བསམ༔ རང་གི་སྤྱི་བོར་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུར་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་ཐེམ་འགག་ནེམ་འགག་བཞུགས་པར་བསྒོམ༔ དེ་རྣམས་ཐམས་ཅད་སྔགས་ཀྱི་རང་སྒྲ་དི་རི་རི༔ ཕྱིའི་འབྱུང་བ་ཡང་དེ་དང་འདྲ་བར་བསྒོམ༔ ཐུན་འཇོག་པའི་དུས་སུ་དབྱེར་མེད་པའི་ངང་ལ་བཞག་གོ༔

༈ གསང་བ་ལྟར་དུ་བཟླས་པ་ནི༔ རང་ལུས་གོང་ལྟར་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ༔ སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་དང་དབྱེར་མེད་པར་བསྒོམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ་རྣམས་སྤྲིན་འཐིབ་པ་ལྟ་བུར་བསམ༔ ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་ཧཱུྃ་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་དེ་ལས་ཧཱུྃ་ཡར་འཕྲོས་སྤྱི་གཙུག་ཏུ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ན་ཟླ་བ་ཉ་གང་བ་གཅིག་བསམ༔ དེའི་སྟེང་དུ་ཡི་གེ་ཧཱུྃ་(༡༢༧)དཀར་པོ་གཅིག་བསམ༔ མར་༼རྒྱུད་ལྟར་གཡོན་སླར་དཔྱད་༽སྐོར་དུ་བརྒྱུད་པར་བསམ༔ བ་སྤུའི་བུ་ག་ཐམས་ཅད་ཧཱུྃ་གིས་ཁེངས་པར་བསམ་མོ༔ དེ་ལྟར་འོད་ཟེར་གྱི་འཕྲོ་འདུ་རྒྱུན་མ་ཆད་པར་བསྒོམ་མོ༔ བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་རྫོགས་སོ༔

༈ དེ་ནས་གསོལ་བ་གདབ་པ་ནི། དངོས་མེད་མཐའ་བྲལ་ཀ་དག་ཆོས་ཀྱི་སྐུ། །རང་རིག་གསལ་དྭངས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ཁྱབ་ཤར་གྲོལ་སྣ་ཚོགས་སྤྲུལ་པའི་སྐུ། །དུས་གསུམ་རང་རིག་བླ་མ་རྣམས་ལ་འདུད། །དམིགས་མེད་ཆོས་དབྱིངས་དག་པའི་ཕོ་བྲང་དུ། །ཀུན་བཟང་ཡབ་ཡུམ་ཉིད་ལ་གསོལ་བ་འདེབས། །ངོ་བོ་ཀ་དག་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་འོད་ཀྱི་གཞལ་ཡས་སུ། །ལོངས་སྐུ་ཞི་ཁྲོའི་ཚོགས་ལ་གསོལ་བ་འདེབས། །རིག་པ་སྐུ་རུ་སྨིན་པར་བྱིན་གྱིས་རློབས། །ཐུགས་རྗེ་ཕྱོགས་རིས་མེད་པའི་ཕོ་བྲང་དུ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྣང་སེམས་འཛིན་པ་སྟོང་པར་བྱིན་གྱིས་རློབས། །དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་དུ། །དགའ་རབ་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ཆོས་ཉིད་དོན་དང་མཇལ་བར་བྱིན་གྱིས་རློབས། །དུར་ཁྲོད་སོ་ས་གླིང་གི་ཕོ་བྲང་དུ། །ཤྲཱི་སིང་ཧ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ། །ཨོ་རྒྱན་པདྨའི་སྐུ་ལ་གསོལ་བ་འདེབས། །འཆི་མེད་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། །གཞོ་སྟོད་ཏི་སྒྲོ་བྲག་གི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོ་མ་ལ་གསོལ་བ་འདེབས། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །མཁའ་སྤྱོད་རིག་འཛིན་དག་པའི་ཕོ་བྲང་དུ། །པདྨ་ལས་འབྲེལ་རྩལ་ལ་གསོལ་བ་འདེབས། །ཟབ་དོན་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །བྱར་ཡུལ་གྲོ་ས་ལུང་གི་དགོན་པ་རུ། །རྒྱལ་སྲས་ལེགས་ལྡན་པ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ལ་རྒྱབ་ལྷུན་གྲུབ་སྟེང་གི་གདན་ས་རུ། །རང་བྱུང་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འགྲོ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྣམ་དག་ལྷུན་གྱིས་གྲུབ་པའི་གཞལ་(༡༢༨)ཡས་སུ། །དར་མ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །གར་བཞུགས་དག་པ་ཆོས་ཀྱི་ཕོ་བྲང་ན། །ནམ་མཁའ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་བདེན་པ་མཐོང་བར་བྱིན་གྱིས་རློབས། །བསྐྱེད་རྫོགས་བརྟན་པ་ཐོབ་པའི་ཕོ་བྲང་ན། །ཚུལ་ཁྲིམས་འབུམ་པའི་ཞབས་ལ་གསོལ་བ་འདེབས། །སྐུ་ལྔ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་སྒྱུ་མར་རྟོགས་པའི་ཕོ་བྲང་ན། །དྷརྨ་ལཀྵའི་ཞབས་ལ་གསོལ་བ་འདེབས། །ཨ་འཐས་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །བཀའ་དང་དམ་ཚིག་དག་པའི་ཕོ་བྲང་ན། །བུདྡྷ་ཤྲཱིའི་ཞབས་ལ་གསོལ་བ་འདེབས། །ལོག་རྟོག་དྲི་མ་དག་པར་བྱིན་གྱིས་རློབས། །སྤྱི་གཙུག་བདེ་བ་ཆེན་པོའི་གཞལ་ཡས་སུ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟབ་དོན་སྙིང་པོ་ལོན་པར་བྱིན་གྱིས་རློབས། །རང་ལུས་རྣམ་པར་དག་པའི་ཕོ་བྲང་དུ། །ཞི་ཁྲོ་ཌཱཀྐིའི་ཚོགས་ལ་གསོལ་བ་འདེབས། །རང་སྣང་རང་ངོ་ཤེས་པར་བྱིན་གྱིས་རློབས། །ལྡང་ལྷ་ཁྲ་མོ་བྲག་གི་དབེན་གནས་སུ། །མཁའ་འགྲོ་སྙིང་ཐིག་ཉིད་ལ་གསོལ་བ་འདེབས། །གདོས་བཅས་འོད་ལུས་འགྲུབ་པར་བྱིན་གྱིས་རློབས། །བཀའ་དང་བསྟན་པ་སྲུང་བའི་ཕོ་བྲང་ན། །བཀའ་བདག་གཏེར་སྲུང་རྣམས་ལ་གསོལ་བ་འདེབས། །རྐྱེན་སྣང་བར་ཆད་ཞི་བར་བྱིན་གྱིས་རློབས། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །བདེན་པ་མངོན་དུ་མཐོང་བར་བྱིན་གྱིས་རློབས། །གྷར་དམ་པའི་སྒྲུབ་གནས་ཤུག་ཚར་དཔལ་གྱི་དགོན་པར་བདག་འཕགས་པ་དབོན་པོ་དར་མ་བཟང་པོས། འགྲོ་བ་རྣམས་བདེ་ཆེན་རྟོགས་པའི་སེམས་བསྐྱེད་དང་ལྡན་པས་སྙིང་ཏིག་གི་ཡིག་ཆ་ཆ་ཚང་བར་བཞེངས་པ་འདིའི་དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་ཤོག་ཅིག །དགེའོ།། །།

ཁྲེགས་ཆོད་ངོ་སྤྲོད་མཐའ་གྲོལ་ཀློང་ཡངས།

༄༅༔ ཁྲེགས་ཆོད་ངོ་སྤྲོད་མཐའ་གྲོལ་ཀློང་ཡངས་བཞུགས་སོ༔

༄༅༔ ཐྲམཱགུཤཅ།གསཱངྣ།༔ ངོ་བོ་ཁྱབ་བརྡལ་(༡༢༩)དོན་གྱི་ཀློང་ལ་ཕྱག་འཚལ་ལོ༔ སྐལ་ལྡན་ལམ་དུ་འཇུག་པ་ལ༔ གནད་ཀྱི་ཞལ་གདམས་བསྟན་པ་ནི་གཉིས་ལས༔ ཁྲེགས་ཆོད་དང་ཐོད་རྒལ་ལོ༔ དང་པོ་ནི༔ ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རྒྱ་ཆད་ཕྱོགས་ལྷུང་མེད་པ༔ མ་བཅོས་རྩོལ་སྒྲུབ་ཡེ་ནས་བྲལ་བའི་ངོ་བོ་ཀ་དག་གི་དོན༔ རྒྱུད་ལ་རྟོགས་པའི་གདེང་མ་ཐོབ་ན་དོན་མེད་དེ༔ ཀློང་གསལ་ལས༔ ཐེག་པའི་ཆོས་རྣམས་ངོ་བོར་རྫོགས༔ ངོ་བོ་ཆོས་རྣམས་ཀུན་གྱི་དོན༔ དེ་མེད་ཚིག་སོགས་དོན་མེད་འགྱུར༔ ཅེས་སོ༔ དེ་ལ་ཁྲེགས་ཆོད་ཀྱི་གཞིའི་དོན་ཇི་ལྟ་བ་བཞིན་ངོ་སྤྲོད་པ་གལ་ཆེ་སྟེ༔ དང་པོ་རྟོག་པ་རྩད་བཅད་པ་ནི༔ སེམས་ཀྱི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་ལས་གདངས་སྣ་ཚོགས་སུ་འཆར་བའི་ཕྲ་མོ་འདི༔ སྟོང་གསལ་དུ་མ་ཤེས་པས་བདག་འཛིན་རང་རྒྱུད་དུ་ཞེན་པས་འཁོར་བར་འཁྱམས་པ་ཡིན་ཏེ་བཏགས་གྲོལ་ལས༔ སྲིད་པའི་རྩ་བ་བདག་འཛིན་ཉིད༔ ཅེས་སོ༔ དེའི་རྩ་བ་རྩད་བཅད་པ་ནི༔ སྐྱེས་བུ་གཅིག་ལ་བྱེད་སྤྱོད་ཐམས་ཅད་ཀྱི་སྔོན་དུ་ལུས་ངག་ཡིད་གསུམ་པོ་འདི་ལས་གཞན་དུ་འགྲོ་རྒྱུ་མེད་པས༔ ལུས་ངག་ཡིད་གསུམ་པོ་འདིའི་མར་འཁོར་བར་འཁྱམས་མཁན་དེ་གང་ཡིན༔ ཡར་སངས་རྒྱས་ཐོབ་པར་འདོད་པ་དེ་གང་གིས་འདོད༔ བདེ་སྡུག་གི་རྟེན་ཐམས་ཅད་གང་གིས་བྱེད༔ ལུས་ངག་ཡིད་གསུམ་སོ་སོ་བས་བྱེད་དམ་ཚོགས་པ་གཅིག་པས་བྱེད༔ བརྟགས་པས་བྱེད་མཁན་གྱི་རྩ་བ་སེམས་སུ་ཐག་ཆོད་པར་འགྱུར་རོ༔ ཀློང་གསལ་ལས༔ ཉག་གཅིག་འཁོར་འདས་ཀུན་གྱི་གཞི༔ ཞེས་སོ༔

དེ་ནས་སེམས་ཀྱི་མཚང་བཙལ་བ་ནི༔ བྱེད་མཁན་སེམས་སུ་འདུག་ན་སེམས་ཀྱི་གཞི་འཁོར་འདས་ཙམ་དུ་མ་ཕྱེ་བའི་གོང་ནས་དང་པོ་སེམས་འཁོར་བར་འཁྱམས་མཁན་དེ་གང་ཡིན༔ སུས་བཟོས༔ ཇི་ལྟར་འཁྱམས་པ་ཡིན་བརྟགས་པས་དེ་གང་ནས་ཀྱང་རྙེད་པར་མི་འགྱུར་རོ༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་པ་མེད༔ དེ་བཞིན་མ་འཁྲུལ་པ་ཡང་ཅི༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་སོ༔

དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི༔ དེ་ལྟར་གཞིའི་མཚང་མ་རྙེད་ཀྱང༔ འཁོར་འདས་(༡༣༠)སུ་འཛིན་པའི་རྩ་བ་འདི་ཇི་སྲིད་དུ་བརྟགས་ཏེ༔ ཕྱི་སྣོད་ནང་བཅུད་ལུས་ཕྱི་ནང་མགོ་མཇུག་ལ་སོགས་པའི་གནས་གང་ནས་བྱུང༔ རྩ་བ་ཅི་ལས་སྐྱེས༔ ད་ལྟ་གང་ན་གནས༔ ཇི་ལྟར་བརྟེན༔ ཐ་མ་གང་ནས་གང་དུ་འགྲོ༔ འགགས་པ་ཡིན་ནམ་བརྟགས་པས་གང་ནས་ཀྱང་མ་བྱུང༔ གང་དུ་ཡང་མི་གནས༔ གང་དུ་ཡང་མི་འགྲོ༔ རྩ་བྲལ་འགྱུར་བ་མེད་པའི་དོན་གོ་བར་འགྱུར་རོ༔ བཏགས་གྲོལ་ལས༔ ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ༔ ཞེས་སོ༔ དེ་ལྟར་བརྟགས་ཤིང་གཞིག་བྱེད་ཀྱི་ཤེས་པ་ཉིད་ལ་བརྟགས་ཀྱང༔ རང་བཞིན་མ་གྲུབ་པས་རྡུལ་ཙམ་ཡང་མི་རྙེད༔ ཇི་ལྟར་ཡང་མཐོང་བས་རང་བཞིན་གྱི་སྟོང་པ་རྩ་བྲལ་དུ་འདུག་པས་བདག་འཛིན་རང་སར་གྲོལ་བའོ༔ དེ་ལྟར་བདག་འཛིན་རང་སར་གྲོལ་ཙ་ན་གཟུང་འཛིན་སྲིད་རྩའི་རྣམ་རྟོག་རང་སར་གྲོལ་བས་དཔེར་ན་རྩ་བ་བཅད་པའི་སྡོང་པོ་ལ་ལོ་འདབ་ངང་གིས་སྐམ་པ་བཞིན་ནོ༔ ལུང་ལས༔ ཀུན་གཞི་རྣམ་པར་དག་ཤེས་ན༔ གཞི་དོན་མངོན་གྱུར་རང་སར་གྲོལ༔ ཞེས་སོ༔

དེ་ནས་རྣམ་རྟོག་(༡༣༠)སེམས་སུ་ངོ་སྤྲད་པ་ནི༔ རིག་པའི་རང་རྩལ་མི་དྲན་དགུ་དྲན་འདི་ལ་སེམས་ཞེས་བྱ་སྟེ༔ རགས་པ་དང༔ ཕྲ་བ་དང༔ ལུང་དུ་མ་བསྟན་པའི་རྟོག་པ་ཕྲ་མོ་ཐམས་ཅད་རང་སྣང་རིག་པའི་འཆར་ཚུལ་དུ་མ་འདུས་པ་མེད་དེ༔ དེ་ཡང་ངོ་བོ་རིག་སྟོང་ཝལ་པོ་རྗེས་མེད༔ རང་ཤར་རང་གྲོལ༔ ངོ་བོ་སྟོང་གསལ་ལས་མ་འདས་ཏེ༔ རྒྱ་མཚོ་ལས་རླབས་གཡོ་བའམ༔ མཁའ་ལ་སེར་བུ་གཡོ་བ་བཞིན་ནོ༔ ཀློང་གསལ་ལས༔ སེམས་ལས་དྲན་བསམ་རིག་པའི་རྩལ༔ སྣང་ཤེས་དག་ཏུ་གྱུར་ཚད་ཀུན༔ རིག་པ་ཉིད་ལས་ལོགས་ན་མེད༔ ཅེས་སོ༔

དེ་ནས་སེམས་སྟོང་པར་ངོ་སྤྲད་པ་ནི༔ དེ་ལྟར་འཕྲོ་མཁན་གྱི་སེམས་གཞི་ནས་མེད་དེ་དེ་ལྟར་བརྟགས་པས་ཀྱང་ངོ་བོ་འདི་ཡིན་བསྟན་རྒྱུ་མི་རྙེད་ལ༔ གསལ་ཙམ་རིག་ཙམ་དུ་སྣང་ཡང་དཔེས་མཚོན་དུ་མེད༔ དངོས་སུ་བསྟན་དུ་མེད༔ ཚིག་གིས་འདི་ཞེས་བསྟན་རྒྱུ་མི་རྙེད་དོ༔ དཔེར་ན༔ འདུས་མ་བྱས་པའི་ནམ་མཁའ་དང་འདྲ་བའི་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ༔ གང་གིས་ཀྱང་མཚོན་དུ་མི་བཏུབ་པའོ༔ རྒྱུད་(༡༣༡)ལས་ཀྱང༔ འགྱུ་བྱེད་ཉིད་ལ་ཚུར་བལྟས་པས༔ མ་སྤངས་རང་གྲོལ་སེར་བུ་འདྲ༔ ཞེས་སོ༔ ཡི་གེ་མེད་པ་ལས༔ རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་དཔྱད་པའི་ཡུལ་མེད་དེ༔ སྔར་འདས་པ་མེད་དོ༔ ཕྱིས་འབྱུང་བ་མེད་དོ༔ ད་ལྟར་གནས་པ་ཡང་མེད་དོ༔ ལས་མེད་དོ༔ བག་ཆགས་མེད་དོ༔ མ་རིག་པ་མེད་དོ༔ སེམས་མེད་དོ༔ ཤེས་རབ་མེད་དོ༔ འཁོར་བ་མེད་དོ༔ མྱ་ངན་ལས་འདས་པ་མེད་དོ༔ རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ༔ ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ༔ དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་༔ ཞེས་སོ༔

དེ་ནས་སྟོང་བ་སྣང་བར་ངོ་སྤྲད་པ་ནི༔ དེ་ལྟར་མེད་བཞིན་དུ་རྩལ་སྣང་ཅིར་ཡང་སྣང་བས་ཀུན་ལ་ཁྱབ་བཞིན་དུ་འགྱུར་བ་མེད་པ༔ རྒྱ་མ་ཆད་པ༔ ཕྱོགས་སུ་མ་ལྷུང་བ༔ ཆོས་སྐུའི་ངོ་བོ་ཉིད་དུ་མ་གྱུར་པ་མེད་ཅིང་ཅིར་ཡང་སྣང་བའོ༔ རྒྱུད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ སྟོང་གསལ་རིག་ཅིང་འགྱུར་བ་མེད༔ ཅེས་སོ༔

སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི་དེ་ལྟར་སྣང་བ་ཐམས་ཅད་ཀྱང་རྒྱུ་རྐྱེན་འདི་ཡིན་བཙལ་བས་མི་རྙེད་ལ༔ འདི་ལ་སྣང་བྱ་བ་མེད་དེ་ཕྱོགས་རིས་མེད་པར་སེམས་ཉིད་ཀྱི་ཀློང་དུ་བརྡལ་ཏེ༔ གང་ལྟར་སྣང་ཡང་རང་གི་ངོ་བོས་སྟོང་པ་རྒྱ་མཚོ་ནང་གི་གཟའ་སྐར་བཞིན་ཡེ་ནས་སྣང་སྟོང་གཉིས་མེད་དུ་གནས་པའོ༔ རང་ཤར་ལས༔ སྣོད་བཅུད་ཡེ་ནས་སྟོང་པ་ཉིད༔ དོན་དམ་ཀུན་རྫོབ་གཟུགས་ཅན་ནོ༔ ཞེས་སོ༔ ཉི་ཟླ་ཁ་སྦྱོར་ལས༔ དམིགས་པས་སྣང་བའི་ཡུལ་རྣམས་ལ༔ རང་བཞིན་མེད་པར་སུས་རྟོགས་པ༔ འདི་ལ་སྣང་སྟོང་གཉིས་སུ་མེད༔ ཅེས་སོ༔

གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ནི༔ དོན་རང་བྱུང་གི་རིག་པ་གསལ་སྟོང་གཉིས་མེད་རང་གྲོལ༔ སངས་རྒྱས་ཀྱི་དགོངས་པར་ངོ་སྤྲད་དེ༔ རང་གི་རིག་པ་དངོས་པོ་དང་མཚན་མར་གྲུབ་པ་མེད་དེ༔ ངོ་བོ་སྟོང་པ་ངོས་བཟུང་མེད་པ་འདི༔ ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན་ནོ༔ སྟོང་པ་སྟོང་པར་ཕྱར་མ་ཆད་པ་སྟེ༔ རང་ས་ན་ས་ལེ་ཧྲིག་གེ་བ་འདི་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་ནོ༔ དེ་ལྟར་གསལ་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་དེ་ངོ་ཤེས་པས་ནི་རང་རིག་སྤྲོས་བྲལ་ཆོས་ཀྱི་སྐུར་གྲོལ་(༡༣༢)ལོ༔ རིག་རྩལ་འགགས་པ་མེད་པ་ནི༔ ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་ལོ༔ ཅིར་སྣང་རང་ཤར་རང་གྲོལ་དུ་ངོ་ཤེས་པ་ནི་སྤྲུལ་པའི་སྐུར་གྲོལ་ལོ༔ ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ ཅེས་སོ༔ ཐལ་འགྱུར་ལས༔ རང་སེམས་གྲོལ་བ་ཞེས་བྱ་བ༔ གཅིག་ནས་གཉིས་སུ་སོང་བ་མེད༔ གང་གིས་གྲོལ་བ་མེད་པའི་སེམས༔ གཞི་ནས་རྫོགས་པས་འགྲོ་འོང་མེད༔ བརྟགས་པས་མ་རྙེད་རྒྱུ་མཚན་མེད༔ གཞི་རྩ་མེད་པས་སྟོང་གསལ་གནས༔ ཞེས་སོ༔

དུག་ལྔ་རང་གྲོལ་དུ་ངོ་སྤྲད་དེ༔ དེ་ལྟར་དུག་ལྔའི་རྣམ་རྟོག་རང་གྲོལ་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ནི༔ ནང་དུག་ལྔའི་སེམས་ལ་མ་ཡེངས་པར་བལྟས་པས་ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་ཀྱི་ངང་དུ་རང་དག་སྟེ་གྲོལ༔ གཏི་མུག་ནི་མི་རྟོག་པ་སྟེ༔ ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་དེ་ལས་མ་གཡོས་པས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རང་གྲོལ༔ ཞེ་སྡང་ནི་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རང་གྲོལ༔ ང་རྒྱལ་ནི་ཀུན་ལས་ང་རྒྱལ་བས་ཏེ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ་སྟོང་དུ་རང་གྲོལ༔ འདོད་ཆགས་ནི་མ་འགགས་པའི་ངོས་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཏེ༔ བདེ་སྟོང་དུ་རང་གྲོལ༔ ཕྲག་དོག་ནི་ཐོགས་རྡུགས་མེད་པའི་ངོས་ནས་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་གྲོལ་བའོ༔ དེ་ལྟར་རྩ་བ་ཉོན་མོངས་པ་ལྔ་པོ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་རང་རིག་ཏུ་གྲོལ་ལོ༔ རྩ་བ་ཡེ་ཤེས་ལྔ་ལས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་པ་ཐམས་ཅད་གཅིག་ཤེས་ཀུན་ལ་མཁས་ཤིང་ཀུན་ཤེས་གཅིག་ཏུ་རང་གྲོལ་བའོ༔ ཀློང་གསལ་ལས༔ ཉག་གཅིག་འཁོར་འདས་ཀུན་གྱི་གཞི༔ རང་བྱུང་ཡེ་ཤེས་རང་ལས་བྱུང༔ དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད༔ ཅེས་སོ༔ ཡང༔ སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར༔ རིག་པ་སྟོང་པ་ཉིད་དུ་གྲོལ༔ འབངས་དང་རྒྱལ་པོ་ཇི་བཞིན་ནོ༔ ཞེས་སོ༔

དེ་ནས་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི༔ དེ་ལྟར་ཚོགས་དྲུག་གིས་བསྡུས་པའི་ཡུལ་ཡུལ་ཅན་གྱི་སྣང་བ་དང༔ རྟོག་པ་ཕྲ་རགས་ལ་བལྟས་པས་རང་བཞིན་མེད་དེ་ནམ་མཁའ་ལ་འཇའ་(༡༣༣)ཚོན་ཡལ་བ་བཞིན་གྲོལ་ལོ༔ རྩ་བ་གཅིག་ལས་མ་འགགས་པར་སོ་སོར་ཤར་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་གཡོས་པ་མེད་དེ༔ འགྱུ་བྱེད་རང་སར་དག་སྟེ་གྲོལ་ལོ༔ ཉི་ཟླ་ཁ་སྦྱོར་ལས༔ དམིགས་པས་སྣང་བའི་ཆོས་རྣམས་ལ༔ རང་བཞིན་མེད་པར་སུས་རྟོགས་པ༔ འདི་ལ་སྣང་སྟོང་གཉིས་སུ་མེད༔ ཚོགས་དྲུག་མ་འགགས་ལྷུག་པའོ༔ ཞེས་སོ༔ དེ་ལྟར་བསམ་འདས་བརྗོད་མེད་ཀྱི་ངང་ནས་མ་ཡེངས་པར་བལྟས་པས་ཆོས་སུ་འཛིན་པ་ཐམས་ཅད་ལས་གྲོལ་ཏེ༔ གདོད་མ་ནས་ཀ་དག་གི་གཞིར་རང་གྲོལ་ལོ༔ དེ་ལྟར་རྟོགས་པའི་དོན་ལ་བློས་གཏད་པས་བསྒོམ་དུ་མེད་དེ༔ བསྒོམ་མི་བསྒོམ་གྱི་འཛིན་པ་ལས་རང་གྲོལ་ལོ༔ མ་བསྒོམས་དོན་དང་མི་འབྲལ་བར་གདེང་ཆོས་སོ༔ རང་གི་ངོ་བོ་རང་གསལ་བས་རྣམ་རྟོག་གིས་གོས་པ་མེད་དེ༔ ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་རང་གྲོལ་ལོ༔ ཕྱི་ནང་མེད་པར་ཡེ་ཤེས་ཆེན་པོའི་འོད་དུ་རང་ཤར་ཏེ༔ དྲན་ཡེངས་མེད་པར་གདེང་ཆོས༔ ཐག་ཆོད་པའོ༔ ཡི་གེ་མེད་པ་ལས༔ ལྟ་བ་མེད་པས་དེ་ལ་ལྟ་རྒྱུ་མེད༔ ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ༔ ཞེས་དང༔ དེ་ལྟར་བལྟར་མེད་ཀྱི་དོན་རྟོགས་ན༔ ལྟ་བའི་དོན་ལས་མི་འདའོ༔ ལྟ་བ་ངང་གིས་མེད་དེ་ཡོད་པ་མ་ཡིན༔ དེའི་ངང་དུ་གནས་པའོ༔ ཞེས་སོ༔ དེ་ལྟར་ངོ་ཤེས་པས༔ དོན་རང་གནས༔ སྤྲོས་པ་རང་ཆོད༔ མཚན་མ་རང་གྲོལ༔ ཞེས་ཁོང་དུ་ཆུད་པས་རིག་པ་ཁྲེགས་ཆོད༔ འབྲས་བུ་རང་རྫོགས༔ གཅིག་ཤེས་ཀུན་གྲོལ༔ ཐལ་འགྱུར་ལས༔ རང་རིག་རྟོག་པ་ཀུན་བྲལ་བས༔ གྲོལ་ལུགས་ཆེན་པོ་བཞི་དང་བཅས༔ ཡེ་ནས་གྲོལ་བས་བསྐྱར་གཞི་མེད༔ ངང་གིས་གྲོལ་བས་གཉེན་པོ་མེད༔ ཅེར་གྱིས་གྲོལ་བས་མཐོང་སར་ཡལ༔ ཡོངས་སུ་གྲོལ་བས་འབད་རྩོལ་མེད༔ ཅེས་སོ༔ ཡང་དེ་ཉིད་ལས༔ དེ་ལྟར་རང་སེམས་གྲོལ་གྱུར་ན༔ བར་དོ་མེད་པར་སངས་རྒྱའོ༔ ཞེས་སོ༔ དེ་ལྟར་ངོ་སྤྲོད་པ་གལ་ཆེའོ༔ རྒ།ཐཏ།༔ གཉིས་པ་ཐོད་རྒལ་གྱི་ཁྲིད་ཡིག་གཞན་དུ་ཤེས་སོ༔ ངོ་སྤྲོད་ཀྱི་ཞལ་གདམས་ཌཱཀྐི་ཡེ་ཤེས་མཚོ་རྒྱལ་ལ་གདམས་པ༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

རྩལ་དབང་།

༄༅༔ རྩལ་དབང་བཞུགས་པ་ལགས་སོ༔

༄༅༔ རྠ།མཅ།ཀ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི༔ སྨིན་བྱེད་རིག་པའི་རྩལ་དབང་བསྐུར༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ སྐལ་བར་ལྡན་པའི་སློབ་བུ་ལ༔ རབ་འབྱམས་དབང་བསྐུར་གསུམ་དུ་བསྟན༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མེ་ཏོག་ལན་དང་བཅས་ཏེ་ཞུ༔ གཏོར་ཚོགས་བཞི་སྡེ་གསུང་རབ་ཀློག༔ རིན་ཆེན་སྨན་འབྲུའི་མཎྜལ་ཕུལ༔ འུཾགནཾ༔ མཧཱ་གུ་རུ་ཀུན་བཟང་ཡབ་ཡུམ་ན་མོ་ཧཱུྃ༔ མཧཱ་གུ་རུ་རྡོ་རྗེ་སེམས་དཔའ་ན་མོ་ཧཱུྃ༔ མཧཱ་གུ་རུ་དགའ་རབ་རྡོ་རྗེ་ན་མོ་ཧཱུྃ༔ མཧཱ་གུ་རུ་ཤྲཱི་སིངྷ་ན་མོ་ཧཱུྃ༔ མཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ན་མོ་ཧཱུྃ༔ མཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཧཱུྃ་ཨཱཿབྷོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྨིན་གྲོལ་དོན་གྱི་ཞུ་བ་དབུལ༔ དེ་ནས་རྩལ་དབང་སེམས་ལ་བསྐུར༔ སེམས་རྟོགས་པས་ནི་སངས་རྒྱས་ཏེ༔ གང་ཤར་རིག་པའི་རྩལ་དུ་གྲོལ༔ རང་རིག་དབང་ཐོབ་རེ་དོགས་བྲལ༔ སྣང་སྲིད་རང་གི་རྩལ་དུ་གྲོལ༔ ཏི་ལ་མངོན་སུམ་རྩལ་དབང་ཐོབ༔ ངང་དྭངས་རང་བཞིན་བདག་ཉིད་ཆེ༔ རབ་འབྱམས་རིག་པའི་དབང་ཐོབ་བོ༔ རིག་པའི་རྩལ་དབང་མ་ཐོབ་ན༔ འདུས་བྱས་ཆོ་གས་གྲོལ་མི་སྲིད༔ རང་རྒྱུད་མ་སྨིན་གཞན་མི་གྲོལ༔ བོགས་རྣམས་དབང་གིས་འབྱིན་པར་བྱེད༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ རང་རིག་རྩལ་གྱི་དབང་ཐོབ་ཚེ༔ ཆོས་རྣམས་སེམས་ལ་རྫོགས་ཕྱིར་གྲོལ༔ རབ་འབྱམས་བཀའ་ཡི་དབང་རྣམས་ཐོབ༔ སྨིན་གྲོལ་དབང་རྣམས་དེ་ལྟར་བསྐུར༔ རྒྱ་རྒྱ་རྒྱ༔ དགེའོ༔

རྒྱུད་ཀྱི་བཅངས་ཐབས།

༄༅༔ རྒྱུད་ཀྱི་བཅངས་ཐབས་བཞུགས་སོ༔

༄༅༔ ལྐྱ༔ ཡིད་བཞིན་ནོར་བུའི་རྒྱུད་འདི་རྣམས༔ བསྟན་པ་གང་ལ་བབས་པ་ཡི༔ རིན་ཆེན་བཞུ་བའི་ཁུ་བ་ཡིས༔ གླེགས་བམ་སོར་བརྒྱད་ལེགས་བྲིས་ལ༔ རབ་གནས་སྣ་ཚོགས་གོས་ཀྱིས་གྲིལ༔ མཎྜལ་ཁར་བཞག་ཚོགས་གཏོར་བྱ༔ རིན་ཆེན་འབྲུ་སྨན་མཎྜལ་དབུལ༔ དབང་བསྐུར་རྒྱུད་བཀླག་བུ་ལ་བཏགས༔ དེ་ཉིད་བཅངས་པས་འཚང་རྒྱའོ༔

གཞན་དོན།

༄༅༔ གཞན་དོན་བཞུགས་སོ༔

༄༅༔ བྦཐྐ༔ གཞན་གྱི་དོན་ཆེན་བྱ་བའི་ཕྱིར༔ མཚན་མ་འབྱུང་བའི་དུས་དག་ཏུ༔ རང་ཉིད་(༡༣༥)ཀུན་བཟང་རིགས་ལྔར་བསྒོམ༔ ཕྱོགས་དང་བསྟུན་ཏེ་རང་གི་ལྕེ༔ རྡོ་རྗེ་དང་ནི་རིན་ཆེན་དང༔ པདྨ་དང་ནི་རལ་གྲི་དང༔ འཁོར་ལོ་བསྒོམས་ཏེ་རྒྱུད་འདི་བརྗོད༔ འདི་ཡི་ཡོན་ཏན་བརྗོད་མི་ལངས༔ སྒྲ་འོད་མཚན་མ་དེ་དག་ཀུན༔ སུས་མཐོང་ཐོས་པར་གྱུར་པ་རྣམས༔ མྱུར་དུ་སངས་རྒྱས་སྤྲུལ་སྐུ་ཐོབ༔ འདི་ཉིད་མ་གསང་འབྲས་མི་འབྱུང༔

རྟགས་བསྟན།

༄༅༔ རྟགས་བསྟན་བཞུགས་སོ༔

༄༅༔ རྒརྕ།ས༔ ཨེ་མ་འདི་འཆང་བཏགས་གྲོལ་སྐྱེས་བུ་ནི༔ དུས་གསུམ་རྒྱལ་བའི་མཆོད་རྟེན་ཡིན༔ དེ་ཉིད་འདས་ཚེ་གདུང་བཞུ་བས༔ འཇའ་འོད་ཟེར་དང་མེ་འོད་དུད་པའི་རྟགས༔ གདུང་རིགས་ལྔའམ་གཅིག་འབྱུང་ངེས༔ རྣལ་འབྱོར་ཕྱིར་མི་ལྡོག་རྟགས་སུ༔ རྡོ་རྗེ་རིན་ཆེན་པདྨའི་གདུང༔ ལས་དང་དེ་བཞིན་གཤེགས་པའི་གདུང༔ ཤ་ཁྲག་རུས་དང་ཡན་ལག་དང༔ འབྱུང་འདུས་ལྔ་ལ་རྟེན་དུ་འབྱུང༔ ཤ་རཱི་རམ་དང་ཆུ་རཱི་རམ༔ བ་རཱི་རམ་དང་ཉ་རཱི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང༔ རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང༔ དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ༔ གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔ འཇའ་ཚོན་ནམ་མཁའ་དྭངས་གསལ་བ༔ ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ༔ གདུང་རིགས་ལྔ་ནི་འདི་ལས་འབྱུང༔ མགོ་དང་ཁྲག་དང་སྒལ་ཚིགས་དང༔ རྐང་དང་སྙིང་ལས་འབྱུང་བ་ཡིན༔ རྟགས་ལ་འབྲས་བུ་འདི་བཞིན་འབྱུང༔ ཤ་རཱི་ཆུ་རཱི་བ་རཱི་ཡིས༔ སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ༔ ཉ་རཱི་པཉྩ་རམ་གྱིས་སུ༔ སྤྲུལ་སྐུ་སྐུ་ལྔ་ངེས་པར་ཐོབ༔ སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔ༔ རྒྱུད་འདི་བཏགས་གྲོལ་བཅངས་པས་འབྱུང༔ གདུང་ཚད་ངེས་པ་མེད་པར་གསུངས༔

ཡོན་ཏན་འབྱུང་ཚུལ།

༄༅༔ ཡོན་ཏན་འབྱུང་ཚུལ་བཞུགས་སོ༔

༄༅༔ དྱཾ།༔ ཨེ་མ་འདི་ནི་ཁྱད་པར་འཕགས༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ༔ དབང་པོ་རྣམ་ལྔ་འོན་གྱུར་ཅིང༔ རྒན་གཞོན་ཕོ་མོ་དགེ་སྡིག་མེད༔ བག་ཆགས་བཟང་ངན་མེད་པ་རུ༔ འདི་ཉིད་བཅངས་པས་བུདྡྷའོ༔ ཐ་མ་དབུགས་ལ་བསླེབས་ཀྱང་གྲོལ༔ སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན༔

ཆེ་བ་བསྟན་པ།

༄༅༔ ཆེ་བ་བསྟན་པ་བཞུགས་སོ༔

༄༅༔ ཥྦྱ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉིད་ལས་(༡༣༦)མི་གཞན་སེམས་དཔའི་སྣོད༔ བྱིན་གྱིས་རླབས་ཀྱིས་བདག་ཉིད་ལ༔ བཏགས་པས་གཅིག་ཤེས་ཆོས་ཀུན་གྲོལ༔ བཅིངས་དང་གྲོལ་བའི་ཐབས་ལས་འདས༔ རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས༔ རང་བྱུང་དགའ་རབ་ཐུགས་ལ་ཤར༔ སེང་ཧ་ཉིད་ལ་རྒྱུད་གཏད་པ༔ ཀྱེ་ཀྱེ་ཛོ་ཀི་ཤྲཱི་སིང༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ས་བོན་འདི་ཉིད་མ་གཏོགས་པར༔ བསྟན་པའི་གསུང་ནི་ཚིག་ཙམ་ཡང༔ ལྕེ་ཡི་དབང་པོས་བརྗོད་མི་ནུས༔ བྱིན་གྱིས་བརླབས་ཀྱི་རྒྱུད་ཚིག་འདི༔ གང་ལ་གནང་བའི་མི་དེས་ཀྱང༔ མ་མཐོང་རྒྱུད་དང་བསྟན་བཅོས་རྣམས༔ ལྕེ་ཡི་དབང་པོས་བརྗོད་པར་ནུས༔ རྒྱུད་འདི་མ་རྟོགས་དགེ་བ་བཅུ༔ སྤྱད་ཀྱང་འཁོར་བ་ལས་མི་གྲོལ༔ དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང༔ འདི་ཕྲད་ངན་སོང་ལྟུང་མི་སྲིད༔ འདི་རིག་གཡོ་མེད་སྐྱེས་བུ་དེ༔ བསྒོམ་མི་དགོས་ཏེ་མཐོང་གྲོལ་འགྱུར༔ ཕ་རོལ་ཕྱིན་བཅུའི་སྙིང་པོའི་རྒྱུད༔ ཡང་དག་རྒྱུད་འདི་མ་རྟོགས་ན༔ དུས་གསུམ་ཀུན་ཏུ་སངས་མི་རྒྱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ འདི་ལ་བཏགས་གྲོལ་སངས་རྒྱས་ཏེ༔ སྐུ་ལྔ་འགྲོ་དོན་ལྷུན་གྱིས་གྲུབ༔ རང་རིག་རྣམ་དག་ས་གཅིག་ལ༔ ཐེག་པ་ཀུན་འདུས་ས་ལམ་རྫོགས༔ སྤྲུལ་སྐུས་དེ་སྐད་བཀའ་སྩལ་པས༔ སིང་ཧ་རང་རིག་གཟུང་འཛིན་གྲོལ༔ རང་བྱུང་དོན་ལ་ཡི་རངས་ཏེ༔ ཡང་ཏི་འབྲས་བུའི་རྒྱུད་འདི་བཟུང༔ ཨ་ཏི་རང་ཤུགས་ཚིག་ཏུ་བྱོན༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ ལྔ་ལྡན་བུ་ལ་འདི་སྟོན་ཅིག༔ སྐལ་ལྡན་སྤྱོད་ལམ་ངང་ཚུལ་བཟང༔ རིགས་ལྡན་འཁོར་སུན་བློ་ཆེ་བ༔ བླ་མ་ལ་གུས་སྒྲུབ་ལ་བརྩོན༔ ཤེས་རབ་སྡུག་སྲན་སྙིང་རྗེ་ཆེ༔ ཞབས་ཏོག་ཅི་གསུངས་སྒྲུབ་ལ་གཏད༔ སྐལ་མེད་འཁོར་བས་མི་སུན་ཅིང༔ བླ་མ་མི་ཁུར་བཀའ་བསྩལ་གཅོག༔ བློ་ཆུང་སྒྲུབ་གཡེལ་གསང་མི་ཐུབ༔ རྫ་ཤིང་སྣོད་ངན་དེ་འདྲ་ལ༔ མི་སྤེལ་གསང་རྒྱ་དྲག་ཏུ་གདབ༔ སྣོད་དང་མི་ལྡན་གང་ཟག་ལ༔ ཟབ་ཆོས་བསྟན་ཀྱང་ལོག་པར་རྟོགས༔ ཡི་དྭགས་ཟས་ལ་དགྲར་མཐོང་འདྲ༔ སྣོད་ལྡན་མ་གཏོགས་སྤེལ་མི་བྱ༔ འབྲས་བུ་(༡༣༧)ཡོངས་རྫོགས་བཏགས་གྲོལ་སྙིང་པོའི་རྒྱུད༔ དྲི་མེད་སྙིང་པོ་ཞེས་བྱ་བ་མཐར་ཐུག་དོན་གྱི་མཆོག༔ ཡང་གསང་ལེའུ་གཅིག་པ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ ཁྠཾ༔ ཨཱག།།ཐར༔ ཉ།ཐ།ས།༔ དགེའོ༔

ཐིག་ལེ་དྭངས་སྙིགས་འབྱེད་པ་དང་༔ རིགས་རྒྱུད་གཞག་ཐབས་ལག་ལེན།

༄༅༔ ཐིག་ལེ་དྭངས་སྙིགས་འབྱེད་པ་དང༔ རིགས་རྒྱུད་གཞག་ཐབས་ལག་ལེན་བཞུགས་པ་ལགས་སོ༔

༄༅༔ རྒཏྲགྲརྒས༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལས་དང་ལྡན་པའི་སྐྱེས་བུ་ལ༔ འབྱུང་བའི་དྭངས་སྙིགས་དབྱེ་བ་དང༔ རིགས་རྒྱུད་གཞག་པའི་གདམས་པ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ཐིག་ལེའི་དྭངས་སྙིགས་དབྱེ་བ་བསྟན་པ་ནི༔ ཡབ་ཡུམ་སྦྱོར་བ་བྱེད་པའི་དུས་སུ༔ ཐིག་ལེ་གསང་གནས་སུ་རྫོགས་འདོད་པའི་༼རྩེ་མཛོད་གཤམ་དགག་༽དུས་ནམ༔ རང་གི་སྨིན་མཚམས་སུ་གཡུང་དྲུང་འཁྱིལ་པའི་དབུས་ན༔ ཐིག་ལེ་དཀར་པོ་དྲུག་བརྩེགས་ལ་དམིགས་པ་མ་ཡེངས་པར་གཏད་པས་རང་གི་སྙིགས་མ་ཤོར་ཡང་དྭངས་མ་མི་འཆོར་ངེས༔ དེ་ལ་ཡུན་རིང་དུ་སྦྱང་བ་གལ་ཆེའོ༔ གོམས་ན་ཐེ་ཚོམ་མེད་དོ༔ རྒྱུད་འཛིན་གྱི་བུ་འཇོག་ན་ཐིག་ལེ་དྲུག་པོ་དེ་འཕངས་པ་ལྟར་ཡུམ་གྱི་དྭངས་མའི་དབུས་སུ་ཆིལ་གྱིས་སོང་བར་བསམ་མོ༔ ༼དུས་ཡ་ལ་མོར་ཡོང་ཟུང་ལ་ཕོར་ཡོང་ཕའི་རྒྱུ་ཕོར་ཡོང་མའི་རྒྱུ་མང་ན་མོར་ཡོང་ངོ་༽དེ་ལྟར་ཡང་ཡང་བྱས་པས་འབྱུང་ངེས་སོ༔ དེ་ལྟར་བཏང་བའི་དུས་ནི་དེ་ཡང་ཟླ་མཚན་འབབ་པའི་དུས་སུ་ཕབས་ཀྱང་མི་ཆགས་སོ༔ ཕལ་ཆེར་ཞག་གཉིས་པའི་ནུབ་མོ་ཡང་༼ཆགས་ཀྱང་བུ་མོར་ཡོང་ཟླ་མཚན་མང་བས་༽བུ་མོ༔ གསུམ་དང་བཞིའི་ནུབ་མོ་པདྨར་རྡོ་རྗེ་བཅུག་སྤྱོད་ཅིང༔ ཐིག་ལེ་མི་གཏོང་བར་མོའི་སྙིགས་མ་ཟགས་སུ་གཞུག༔ ཞག་བཞིའི་ཐོ་རངས་སྙིགས་མ་བཏང༔ དེ་ཡང་ཁྲག་ཞག་གཅིག་ལས་མི་འབབ་པ་དང༔ ཞག་མང་དུ་འབབ་པ་༼པདྨའི་ཁ་མི་འཛུམ་པར་༽ཡང་ཡོད༔ ཁྲག་གི་སྙིགས་མ་ཟད་པ་དང་ཞག་ཟུང་ཐེམ་ན་བུར་ཡོང༔ སྙིགས་མ་ཟད་ནས་ཞག་དྲུག་ཚུན་ཆད་ལ་ཆགས་སོ༔ ཁྲག་ཞག་མང་པོ་ཡོང་(༡༣༨)བ་ནི་མི་ཆགས་པ་ཡང་ཡོད༔ ཞག་གཅིག་རྩི་ལུགས་ནི་སྐྱ་རེངས་དང་པོ་ཤར་ནས་ཞག་ཕྱི་མའི་སྐྱ་རེངས་ཚུན་ཆད་ཞག་གོ༔ ཡང་ཁ་ཅིག་ལ་ཁྲག་བྱུང་ནས་ཞག་བདུན་ཚུན་ཆད་དུ་བུ་སྣོད་ཁ་ཕྱེ་བར་བཤད་པ་ཡང་ཡོད༔ ཞག་ཟུང་ལ་བུ༔ ཁ་ཡར་ལ་བུ་མོར་ཡོང་བར་བཤད༔ འགའ་ཞིག་ཡ་ལ་བུ༔ ཟུང་ལ་བུ་མོར་ཡོང་བ་ཡང་ཡོད༔ དུས་གང་ཡིན་ལ་ས་བོན་བཏང་ངོ༔ ཟླ་བ་ཕྱི་མར་ཁྲག་མ་བྱུང་ན་ཆགས་པ་ཡིན་ནོ༔ དེ་ཡང་ཟླ་བ་གཅིག་རབ་གཉིས་འབྲིང་ལ་ཚོར་རོ༔ ལུས་ཀྱི་གཡས་ལ་བརྟེན་ན་བུ་ཡིན༔ གཡོན་ལ་བྱུང་ན་བུ་མོར་ཡོང་བས་ལྟེ་བསྒྱུར་བྱའོ༔ གནད་ཀྱི་མན་ངག་གཉིས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྠཾ༔

གཞན་དོན་སྤྲུལ་སྐུ་གཞག་ཐབས།

༄༅༔ གཞན་དོན་སྤྲུལ་སྐུ་གཞག་ཐབས་བཞུགས་པ་ལགས་སོ༔

༄༅༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ སྙིགས་མ་ལྔ་བདོ་བའི་དུས་སུ༔ རང་ཚད་དང་ལྡན་པའི་རྣལ་འབྱོར་པས༔ སྤྲུལ་པའི་སྐུ་འགྱེད་དེ༔ གང་ལ་གང་འདུལ་དུ་འགྲོ་དོན་བྱ་བར་འདོད་ན༔ གོང་དུ་ཐིག་ལེ་བཟུང་བར་བཤད་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ༔ འདི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཡིན་གསང་སྔགས་ནས་གཞན་དོན་ཁོ་ན་སྟོན་པས་ཐེག་པ་ཆེན་པོ་ཞེས་བྱའོ༔ རྟེན་རབ་ཏུ་བྱུང་བའི་དགེ་སློང་ཡིན་ཡང་ཉེས་པ་ཏིལ་ཙམ་ཡང་མི་འབྱུང་སྟེ་བསམ་པ་བྱང་ཆུབ་ཀྱི་སེམས་གཙོ་ཆེ་བའི་ཕྱིར་རོ༔ དེ་ལྟར་མ་བྱས་ན་ཐེག་པ་ཆུང་ངུར་ལྟུང་སྟེ་དམ་ཚིག་ཉམས་སོ༔ རང་གི་དཔེ་རྒྱུད༔ ཚིག་རྒྱུད༔ དོན་རྒྱུད༔ སྐུ་ཡིས་བཟུང་བའི་ཕྱིར་སྤྲུལ་པའི་སྐུ་གང་ལ་གང་འདོད་དུ་འབྱུང་བར་འདོད་ན༔ ཡུམ་མཚན་དང་ལྡན་པ་ལ་བུ་འཛིན་པའི་དུས་སུ༔ མཁས་པ་ལྔའི་སྒོ་ནས་ཐིག་ལེ་བཏང་སྟེ༔ སེམས་བསྐྱེད་ཁྱད་པར་ཅན་གྱི་སྒོ་ནས་བདག་དང་ཕྱག་རྒྱ་མ་བདེ་བ་གསུམ་སེམས་སུ་ཤེས་པའི་ཡེ་ཤེས་རྟོགས་པར་བྱ་སྙམ་པ་ཡིས༔ ཕུང་པོ༔ ཁམས༔ སྐྱེ་མཆེད་ཀྱི་ལྷ་ཐམས་ཅད་གསལ་ཞིང་མཆོད་པར་དྲན་པ༔ བདེ་བ་དེས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱ་སྙམ་པ་དང༔ བདེ་བ་དེས་སྤང་བྱ་ཐམས་ཅད་ཞི་ནས་བདག་གཞན་ཐམས་ཅད་ཀྱིས་བདེ་སྟོང་གི་ཡེ་ཤེས་རྟོགས་(༡༣༩)པར་བྱ་སྙམ་པ་དང༔ བདག་གི་སྤྲུལ་པའི་སྐུ་འདིས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་ལ༔ སེམས་ཅན་བདེ་བ་ཆེན་པོའི་ངང་དུ་དྲང་བར་བྱའོ་སྙམ་པ་དེས༔ རྟེན་རབ་ཏུ་བྱུང་བའི་དགེ་སློང་ཡིན་ཡང་ཆོས་ལ་ཞུགས་ནས་ཉེས་པ་མི་འབྱུང་ངོ་༔ གོང་དུ་སྙིང་ཐིག་ལས༔ ཐིག་ལེ་ཉུང་འབྲུ་ཙམ་ལ་བརྒྱར་གཤགས་པའི་ཆ་ཙམ་ཉམས་ན༔ མཁའ་འགྲོ་མ་ཁྲི་འབུམ་དུ་དི་རི་རི་འོང་བར་བཤད་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ༔ ཀུན་ཏུ་བཟང་པོ་ཀློང་གསལ་ཉི་མའི་རྒྱུད་ལས༔ བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས༔ གཞན་དོན་ལྷུར་ལེན་སེམས་དཔའ་ཡིས༔ སྤྲུལ་པ་འཛིན་ལ་ཉེས་པ་མེད༔ ཅེས་པས༔ བདེ་བ་བྱང་སེམས་དེ་རང་གའམ་རྩིས་མེད་དུ་བཏང་ན་ཉེས་པ་གོང་བཞིན་དུ་འབྱུང་ངེས་སོ༔ གཞན་དོན་དུ་བཏང་བ་ནི༔ དགེ་བ་རླབས་ཆེ་བ་ཡིན་ཏེ་ཉེས་པ་མི་འབྱུང་ངོ་༔ གང་ལ་གང་འདུལ་དུ་སྤྲུལ་པ་འབྱུང་བར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེ་བར་འདོད་ན༔ མགོན་པོ་སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་གསལ་བར་བསྒོམ༔ དེ་བཞིན་འཇམ་དཔལ༔ ཕྱག་ན་རྡོ་རྗེ་གང་མོས་པའི་ཆོས་སྐྱོང་ངམ་ནོར་ལྷའམ་ལྷ་གང་འདོད་པ་དེའི་བསྐྱེད་རིམ་གསལ་བར་བསྐྱེད་ཅིང་ཡུམ་ཡང་དེ་དག་གི་ཡུམ་དུ་བསྐྱེད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ༔ ངག་ཏུ་བསྐྱེད་པའི་ཕྲིན་ལས་དེ་འདོན་པ་དང་བཅས་པས་གསལ་ཞིང་མ་ཡེངས་པར་རང་གི་ཐིག་ལེ་གང་འདོད་པའི་ལྷར་བསྐྱེད་དེ༔ ཡུམ་གྱི་མངལ་གཞལ་ཡས་ཁང་གི་ལྟེ་བ་ལ་ཡུམ་གྱི་ཐིག་ལེ་དམར་པོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཀྱི་ཐིག་ལེ་ལྷ་སྐུར་བྱོན་ནས་བཞུགས་པས་འདྲེས་པར་བསམ་སྟེ༔ བྷ་ག་པདྨའི་སྒོར་བསྒོམ༔ སྒོ་སྲུང་གིས་སྒོ་བཞི་ནས་སྲུང་བར་བསམ་པས་དེས་གང་འདོད་པའི་སྤྲུལ་སྐུ་འབྱུང་ངེས་སོ༔ དེ་ལ་བར་ཆད་གང་གིས་ཀྱང་མི་ཚུགས་སོ༔ དེ་ལྟར་འབྱུང་བར་ཅིས་ཞེ་ན༔ ཀུན་རྫོབ་རྒྱུའི་ཐིག་ལེ་དེ་སྟོབས་རྒྱས་པའི་དུས་ན་བསམ་པ་གོང་ལྟར་འབྱུང་བ་ནི༔ རླུང་སེམས་དྭངས་མ་གསུམ་གནད་གཅིག་པའི་དོན་ནོ༔ སྤྲུལ་པའི་སྐུས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་ཐེ་ཚོམ་མེད་དོ༔ ཐིག་ལེ་དངོས་པོ་དེ་ཉིད་ཉམས་(༡༤༠)པས་དགེ་སྦྱོར་ལ་སྐྱོན་མི་འབྱུང་ངམ་སྙམ་ན་རྒྱུའི་ཐིག་ལེ་དེ་བ་སྦྲུམ་མའི་འོ་མ་དང་འདྲ་སྟེ༔ དཔེར་ན༔ བ་སྦྲུམ་མའི་འོ་མ་དེ་ལུས་ཐམས་ཅད་ལ་ཁྱབ་ཀྱང་ནུ་མ་ནས་འཐེན་པའི་དུས་སུ་ནང་བཞོས་ཀྱང་ནངས་འབྱུང༔ ནུབ་བཞོས་ཀྱང་ནུབ་འབྱུང་སྟེ༔ ཟ་བ་ཟས་ཀྱི་འོ་མ་མིན་པར་འཕྲལ་དུ་འབྱུང་བ་ཡིན་ནོ༔ འོ་མ་བཞོས་པའི་བ་དེ་གཞན་པས་རྗུད་པ་ཡིན༔ འོ་མ་བཞོ་འཕྲོ་ལ་སྐམ་ན༔ བ་དེ་ལུས་སྟོབས་འགྲིལ་དུ་འགྲོ༔ དཔེ་དེ་བཞིན་དུ༔ རྒྱུའི་ཐིག་ལེ་ནངས་བཏང་ཀྱང་ནངས་འབྱུང༔ ནུབ་བཏང་ཀྱང་ནུབ་འབྱུང༔ ནངས་ནུབ་ཟས་དྭངས་མ་ཞུ་བས་འཕྲལ་དུ་སྐྱེ་བ་ཡིན༔ དེ་བཟུང་བས་ལུས་སྟོབས་མི་ཉམས་པ་ཡིན༔ བ་དེ་བེའུ་འབྱུང་བའི་དུས་ལ་བབ་ནས་མ་སྐྱེས་བར་དུ་འོ་མ་སྐྱེ་བ་ཡིན༔ བེའུ་ཕྱི་མ་ཚུད་ནས་འོ་མ་སྐམ་པ་ཡིན༔ དཔེ་དེ་དང་འདྲ་བར་བྱིས་པའི་དུས་ནས་ལོ་བཅུ་དྲུག་གི་བར་ལ་ཐིག་ལེ་སྐྱེ་བ་ཡིན༔ རྒས་ནས་སྐམ་པ་ཡིན༔ ཐིག་ལེ་རྒྱུན་དུ་ཉམས་ན་ནི༔ ལུས་སེམས་ཀྱི་ཏིང་ངེ་འཛིན་ལ་གནོད་པ་ཤིན་ཏུ་ཆེའོ༔ ཞལ་གདམས་གནད་ཀྱི་ཕྲེང་བ་འདི༔ པདྨ་བདག་འདྲས་ལོགས་སུ་གབ༔ མ་སྤེལ་རང་གི་སྙིང་ལ་ཟུང༔ ཀུན་གྱི་ཐུན་མོང་མ་ཡིན་པས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ བཀའ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཌཱཀྐིའི་རྒྱ༔ གབ་རྒྱ༔ རྒྱ་དྲུག་ནང་དུ་གདམས་པ་འདི་སྦས་སོ༔

བར་དོའི་ངོ་སྤྲོད།

༄༅༔ བར་དོའི་ངོ་སྤྲོད་བཞུགས་པས་གཟིགས་པར་ཞུའོ༔

༄༅༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རིགས་ཀྱི་བུ་དད་པ་དང་ལྡན་པ་དེ་ལ་ངོ་སྤྲོད་ཀྱི་གདམས་པ་བསྟན་པར་བྱ་སྟེ༔ དེ་ཡང་ཐོག་མའི་གཞི་ཀ་དག་ཆེན་པོ་ལས༔ འགག་མེད་ཀྱི་རྩལ་ལྷུན་གྲུབ་དང་ཐུགས་རྗེར་གསལ་བས༔ དེ་མ་རིག་པ་བཞིའམ་གསུམ་དུ་སོང་སྟེ༔ འཁྲུལ་བའི་ལུས་འདི་ལ་ཕྱི་ལྟར་ན་ཙིཏྟ་སྙིང་གི་གཞལ་ཡས་ན༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས༔ དེའི་རྩལ་ཀླད་པ་དུང་ཁང་གི་འཁོར་ལོ་ན་ཁྲག་འཐུང་གི་ཁྲོ་བོ་ལྔ་བཅུ་རྩ་བརྒྱད༔ ཡེ་ནས་ལྷུན་གྲུབ་ཏུ་བཞུགས་ཏེ་དེ་དག་ཀྱང་གཞི་འོད་ཁྱིམ་གྱི་དབུས་ན་སྐུ་ཡུང་འབྲུ་ཙམ་ལ་(༡༤༡)སྤྱན་ཕུལ་དག་ཙམ་དུ་གནས་ཏེ༔ ཡེ་ཤེས་ཀྱི་གཏིང་མདངས་སྒྲ་འོད་ཟེར་གསུམ་དབྱེ་བ་མེད་པའི་ཚུལ་དུ་བཞུགས་སོ༔ དེ་ཡང་ཀློང་གསལ་ལས༔ ཀ་དག་ནམ་མཁའ་ལྟ་བུ་ལ༔ ལྷུན་གྲུབ་ཐུགས་རྗེ་ཉི་མ་ལྟར༔ འོད་ཟེར་སྟོང་པ་དབྱེར་མེད་དོ༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ འདས་པ་དཀར་པོའི་ཆོས་རྣམས་ནི༔ ལུས་དང་སེམས་ལ་ཐམས་ཅད་རྫོགས༔ ཞེས་པ་དང༔ རང་ཤར་ལས༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཞེས་སོ༔ ནང་ལྟར་ན་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུར་གསལ༔ སྙིང་གི་དཀྱིལ་ན་བཞུགས་སོ༔ གསང་བ་ལྟར་ན་ཌཱཀྐི་ཡབ་ཡུམ་མངོན་རྟོགས་ལྟར་བཞུགས་སོ༔ དེ་དག་ཀྱང་གང་ཟག་གི་སྣང་ངོ་ལས་དོན་ལ་དབྱེ་བ་མེད་པར་ལྷུན་གྲུབ་གསལ་མདངས་ཆེན་པོར་བཞུགས་སོ༔ དེ་ཡང་ངོ་བོ་ཀ་དག་སྟོང་པ་དང༔ རང་བཞིན་ལྷུན་གྲུབ་སྐུ་དང་འོད་དུ་གསལ་བ་དང༔ ཐུགས་རྗེའི་འགྱུ་བྱེད་ཀུན་ལ་ཁྱབ་པ་གསུམ་པོ་འདི༔ དོན་གྱིས་སོ་སོ་མ་ཡིན་ཏེ༔ དབྱེ་བ་མེད་ཅིང་སོ་སོར་གསལ་བ་ལ༔ ཉི་མ་དང་འོད་ཟེར་ལྟ་བུའམ༔ ཆུ་དང་རླན་ལྟ་བུའམ༔ མེ་དང་དྲོད་ལྟ་བུའམ༔ ནམ་མཁའ་དང་སྟོང་པ་ལྟ་བུའམ༔ སོ་སོར་གསལ་བ་ལ་དབྱེ་བ་མེད་དེ་ཐ་མི་དད་པར་བཞུགས་སོ༔ གནས་ལུགས་དེ་དག་ཀྱང་ད་ལྟར་འབྱུང་བཞི་ལུས་ཀྱི་ཕོ་བྲང་ཙིཏྟ་དང་དུང་ཁང་ན་བཞུགས་ཏེ༔ ཐལ་འགྱུར་ལས༔ སྤྱི་དང་ཙིཏྟ་རྩ་ནང་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་པ་དང༔ མུ་ཏིག་ཕྲེང་བ་ལས༔ གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ༔ ཞེས་པ་དང༔ ཀློང་གསལ་ལས༔ རིག་མདངས་ལྷུན་གྲུབ་ཡེ་ཤེས་སྐུ༔ ཙིཏྟའི་ནང་ན་ཚོམ་བུར་བཞུགས༔ དེའི་རྩལ་ཀླད་པ་དུང་ཁང་ན༔ ཁྲོ་བོའི་སྐུ་རུ་གསལ་བར་བཞུགས༔ ཞེས་པས་སོ༔ དེ་ཡང་ལམ་རྩ་ལ་ཞུགས་ནས་སྒོ་དབང་པོའི་མིག་ལ་གསལ་ཏེ༔ མུ་ཏིག་ཕྲེང་བ་ལས༔ ལམ་ནི་རྩ་བཞི་འགྱུ་བྱེད་རླུང༔ ཞེས་པ་དང༔ ཀློང་གསལ་ལས༔ ལམ་ནི་རྩ་སྟེ་ཉི་ཞུར་བཞིན༔ སྒོ་ནི་དབང་པོའི་མིག་ལ་གསལ༔ ཡེ་ཤེས་མེ་ལོང་(༡༤༢)བྱད་ལྟར་དུ༔ རྐྱེན་གྱི་དབང་གིས་མཐོང་བར་འགྱུར༔ ཅེས་པ་དང༔ ནོར་བུ་འཕྲ་བཀོད་ལས༔ གནས་པ་འོད་ནི་ཙིཏྟའི་དཀྱིལ་ན་གནས༔ རང་བཞིན་འོད་ནི་ནམ་མཁའི་མཐོངས་སུ་གསལ༔ ཞེས་སོ༔

དེ་ལྟར་གནས་པའི་ཡེ་ཤེས་དེ་ངོ་སྤྲོད་པར་བྱེད་པ་ལ༔ དཔེ་དོན་རྟོགས་གསུམ་གྱིས་ངོ་སྤྲོད་དེ༔ དང་པོ་ནི་ལས་དང་ལྡན་པའི་བུ་དེས་དབེན་པའི་གནས་སུ༔ ཚོགས་གཏོར་རྒྱ་ཆེན་པོ་བཤམས་ལ༔ བླ་མ་ལ་ཡོན་འབུལ༔ ཕྱག་དང་བསྐོར་བ་བྱས་ཏེ་ནམ་མཁའ་རྐྱེན་དང་བྲལ་བའི་དུས་སུ༔ ཉིན་བྱེད་ལྷོ་ལ་སོང་བའི་དུས་སུ་བྱང་ངོས་སུ་ཡོལ་བ་དམར་པོའི་མདུན་དུ་མེ་ལོང་ལ་སོགས་པའི་མདངས་ཅན་རྣམས་བཀྲམ༔ ཞི་ཁྲོའི་སྐུ་བཀྲམ་པའམ༔ ཡང་ན་རྡོ་རྗེ་སྤུན་ཁྲོ་བོའི་ཆས་སུ་བཅུག་ལ་བཞག༔ སློབ་བུ་ལྷོའི་གྲིབ་མ་ནས་བྱང་དུ་ཁ་བལྟས་ཏེ༔ མན་ཤེལ་ཟུར་བརྒྱད་པ་དབང་པོ་ལ་གཏད་དེ་ནམ་མཁའ་ལ་བལྟས་པས༔ ཡེ་ཤེས་ཀྱི་འོད་ཟེར་དང་ཞི་ཁྲོའི་སྐུ་འཆར་ཏེ་དེ་ནི་བརྡ་དང་དཔེ་དོན་གྱིས་མཚོན་པ་སྟེ་ཡེ་ཤེས་རང་སྣང་དུ་ངོ་སྤྲད་དོ༔ ནུབ་མོ་ནི་མེ་ལོང་དང་མར་མེ་ལ་ངོ་སྤྲད་དོ༔ ཡང་ཚོས་ཀྱིས་བསྒྱུར་བའི་སེང་རས་ཙཀྵུ་ལ་བཀབ་སྟེ་སཱུརྱ་ལ་བལྟས་པས་ཡེ་ཤེས་ཀྱི་སྣང་བ་ལུ་གུ་རྒྱུད་དུ་གསལ་བར་འཆར་ཏེ་ངོ་སྤྲོད་པར་བྱའོ༔ དེ་ལ་ཡིད་མ་ཆེས་ན་མཚན་མོ་རང་གི་དབང་པོ་གུང་མོས་མནན་པས་ཡེ་ཤེས་ཀྱི་སྣང་བས་གང་བར་འཆར་རོ༔ རྣ་བ་ནི་རང་གི་གུང་མོས་བཀག་པས་ཆོས་ཉིད་ཀྱི་རང་སྒྲ་འབྱུང་སྟེ༔ དེ་ནི་ད་ལྟའི་རིག་པ་ལུས་ལ་གནས་པའི་རྟགས་ཡིན༔ ཉམས་སུ་མྱོང་བས་ཡིད་ཆེས་སོ༔ ཆོས་ཉིད་བར་དོའི་ངོ་སྤྲོད་ནི༔ ཉི་མ་གུང་བབ་པའི་དུས་སུ༔ ཁྱིམ་གྱི་མཐོངས་ཁུང་བཀབ་སྟེ་ཁྱིམ་དུ་བླ་མས་སློབ་མའི་རྩེའུ་ཆུང་མཐེ་བོང་གིས་དྲག་ཏུ་མནན་པས་བརྒྱལ་ལོག་སོང་བ་དང༔ ཁྱིམ་གྱི་སྐར་ཁུང་ལ་རྡོ་རྗེ་སེམས་དཔའི་མེ་ལོང་ཕྱར་བས་འཇའ་འོད་ཀྱི་ཟེར་གྱིས་ཁྱིམ་གང་བར་འོང༔ དེའི་དུས་སུ་རྡོ་རྗེ་སྤུན་རྣམས་ཀྱིས་ཁྲོ་བོའི་ཆས་སུ་ཞུགས་ཏེ༔ མགོ་བརྙན་དང་ཕྱག་མཚན་གྱིས་བསྡིགས༔ རོལ་མོའི་སྒྲ་ཐམས་ཅད་བསྒྲགས་པས་སློབ་བུ་བརྒྱལ་སང་བའི་དུས་སུ་བལྟས་པས་སྒྲ་འོད་ཟེར་གསུམ་ཁྲོ་བོའི་(༡༤༥)སྐུ་སྣང་བ་དེ་དག་ལ༔ སྔངས་པ་དང༔ བྲེད་པ་དང༔ ཀུས་འདེབས་པ་དང༔ མཆོངས་པ་ལ་སོགས་པ་བྱེད་དུ་འོང༔ དེ་ལྟར་བྱུང་ན་བར་དོ་མ་འབྱོངས་པ་ཡིན་ནོ༔ གོང་གི་དེ་དག་ལ་རང་སྣང་དུ་ངོ་ཤེས་ནས་འཇིགས་སྣང་གྲོལ་ན་བར་དོ་འབྱོངས་པ་ཡིན་ནོ༔ དེས་ན་དེ་དག་ལ་བསླབ་ཅིང་རང་སྣང་གི་འཆར་ཚུལ་དུ་འབྱོངས་པར་བྱའོ༔ བར་དོའི་ཞལ་གདམས་གནད་ཀྱི་དུམ་བུ་འདི༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ བཀའ་རྒྱ་མ་ཡིན་པས་སྦ་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨེ་མ་བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར༔ ཚེ་ལ་ལོངས་མེད་ལེ་ལོ་སྤངས་བྱས་ལ༔ ཐོས་བསམ་སྒོམ་གསུམ་དོན་ལ་མ་ཡེངས་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་བྱའོ༔ ཨེ་མ་བདག་ལ་འཆི་ཁའི་བར་དོ་ཤར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ལ༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་མཐོངས་སུ་འཕང༔ ཨེ་མ་བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ལ༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔ བར་དོའི་སྣང་འབྱུང་རིག་པར་ཤེས་པར་བྱའོ༔ ཨེ་མ་བདག་ལ་སྲིད་པའི་བར་དོ་ཤར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོའི་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ མངལ་སྒོ་དགག་དང་རུ་ལྡོག་དྲན་པར་བྱ༔ བར་དོའི་གནད་ཚིགས་སུ་བཅད་པ་འདི་བློ་ལ་བཟུང་ནས་ཁྱི་བདུན་གྱིས་དེད་ཀྱང་མི་བརྗེད་པར་བྱའོ༔ དེས་བར་དོ་ཟིན་ངེས་སོ༔ ཤིན་ཏུ་ཟབ་པས་གཏེར་དུ་སྦས༔ གང་ཟག་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྠཾ༔ གུ་ཧྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔

ཕྱི་མའི་དུས་ན་ཆུ་ཁམས་ཡོས་ཀྱི་ལོ༔ པད་མའི་རིགས་ལ་དོན་གྱི་བློ་ཡང་ལྡན༔ སྦས་ཚུལ་འཁོར་བའི་ཆ་འཛིན་དབང་པོ་གསལ༔ བརླ་གཡས་ཤ་སྨེ་ཌཱཀྐིའི་སྤྱན་འདྲས་མཚན༔ སྣ་ཚོགས་སྤྱོད་པ་ཆོ་རོལ་ཉིད་དུ་སྨྲ༔ དོན་བློར་ལྡན་ཡང་རྫུབ་ཆེ་ཞེན་པ་ཆུང༔ ཌཱཀྐིའི་རིགས་གྱུར་ཀུན་ཏུ་བརྟུལ་ཞུགས་སྤྱོད༔ ལས་ཅན་(༡༤༤)དེ་དང་གདམས་པ་འདི་འཕྲད་ཤོག༔ དེ་ཡི་ལས་ལྡན་སྟག་ཡོས་ལོ་པ་ལ༔ གོང་མའི་རྟགས་རྣམས་ཚང་བ་དུས་མཚུངས་འབྱུང༔ དེ་ལ་ཆོས་བཀའ་གཏད་པས་འགྲོ་དོན་འཕེལ༔ དེས་ཀྱང་གཏེར་དུ་སྦེད་པར་སྨོན་ལམ་འཚལ༔ རྒྱ་རྒྱ་རྒྱ༔

མངོན་སུམ་ངོ་སྤྲོད།

༄༅༔ མངོན་སུམ་ངོ་སྤྲོད་བཞུགས་སོ༔

༄༅༔ མཧཱ་གུ་རུ་ན་མོ་ཧཱུྃ༔ བླ་མས་རིགས་ཀྱི་བུ་ལ་མངོན་སུམ་གྱི་ངོ་སྤྲད་ནས་འདི་སྐད་དུ་སྤྲོ་བ་བསྐྱེད་པར་བྱའོ༔ འོ་རིགས་ཀྱི་བུ་འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཌཱཀྐི་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ༔ སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ༔ འོད་མཐིང་ཁ་གསལ་བས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང༔ ཉོན་མོངས་པ་གཏི་མུག་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར༔ ཞེས་རིགས་ལྔ་ལ་སྦྱོར༔ སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ༔ ལས་དང་བག་ཆགས་དང་སྡིག་སྒྲིབ་མ་རིག་པ་ཟད་པ་ཞེས་བྱའོ༔ ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ༔ ལས་དང་སྐལ་བར་ལྡན་པ་ཞེས་བྱའོ༔ བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ༔ སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ༔ རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ༔ དུས་དེ་རིང་ནས་སངས་རྒྱས་ཀུན་ཏུ་བཟང་པོ་དང་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ༔ ཞེས་བསྔགས་པ་བརྗོད་ལ་ངོ་སྤྲོད་གདབ་བོ༔ རྒྱ་རྒྱ་རྒྱ༔

བར་དོའི་མཚན་ཉིད་བཤད་པ་དང་སྐྱེ་གནས་རྣམས་ཀྱི་རྒྱུ་བསྟན་པ།

༄༅༔ བར་དོའི་མཚན་ཉིད་བཤད་པ་དང་སྐྱེ་གནས་རྣམས་ཀྱི་རྒྱུ་བསྟན་པ་བཞུགས་སོ༔

༄༅༔ དབང་པོ་ཐ་མ་ཆོས་འདིའི་སྒོ་མཐོང་ཡང་གོམས་པ་ཆུང་ཞིང་དམ་ཚིག་མ་ཉམས་པ་ཚན་གཅིག་སྤྲུལ་པ་སྐུའི་ཞིང་ཁམས་ལྔར་དབུགས་ཕྱུང་ནས་ཕྱིས་བར་དོ་མེད་པར་གྲོལ་བར་གསུངས་ཤིང༔ དབང་པོ་ཐ་མའི་ཐ་མ་ཞིག་སྲིད་པ་བར་དོར་འཁྱམས་ཤིང་ཡང་སྲིད་ལེན་དགོས༔ དེ་ལ་བཤད་པ་གཉིས༔ སྐྱེ་བོ་ཕལ་པ་དང༔ གྲུབ་མཐའ་འཛིན་པའོ༔ དང་པོ་དབུགས་ཆད་ནས་བརྒྱལ་ཏེ་དེ་ལས་ལངས་པ་དང༔ སྐུ་(༡༤༥)གསུམ་རང་སྣང་གི་འཆར་སྒོ་ལ་གོམས་འདྲིས་མེད་པས་ངོ་མ་འཕྲོད༔ སྒྲ་འོད་ཟེར་གསུམ་ལ་དངངས་སྐྲག་ནས་རྣམ་པར་ཤེས་པ་ཡིད་ཀྱི་ལུས་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་བའི་རྣམ་པ་ཅན་དུ་ལངས་པ་དེ་ལ་ནང་གི་དུག་གསུམ་གྱི་རང་གཟུགས་ལས་ཕྱིར་ཡ་ང་བའི་གཡང་ས་གསུམ་འབྱུང་སྟེ༔ འདོད་ཆགས་ལས་གཡང་དམར་ཡང་ངེ་བ༔ ཞེ་སྡང་ལས་གཡང་དཀར་ཆད་དེ་བ༔ གཏི་མུག་ལས་གཡང་ནག་ངམ་མེ་བ་ལྟ་བུ་ལ་ལྷུང་བ་དང༔ ལྷུང་ལ་ཁད་པའི་འཇིགས་སྐྲག་གི་སྡུག་བསྔལ་འབྱུང༔ འབྱུང་བ་བཞིའི་རང་གཟུགས་ལས་འཇིགས་པའི་སྒྲ་བཞི་འབྱུང་སྟེ༔ ས་རླུང་ལས་གད་གཡང་དང་ས་ཕུག་རྡིབ་པའི་འཇིགས་པ༔ ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་རྦ་རླབས་སུ་ཚུད་པ༔ མེ་རླུང་ལས་ནགས་ཚལ་ཆེན་པོའི་འཚིག་པའི་མེ་ཁྲོད་དུ་ཚུད་པ༔ རླུང་གི་རླུང་ལས་རླུང་ཚུབ་འཚུབས་པའི་ཁྲོད་དུ་ཚུད་པའི་འཇིགས་སྐྲག་འབྱུང༔ དེའི་དུས་སུ་དགེ་བའི་རང་གཟུགས་ལྷན་ཅིག་སྐྱེས་པའི་ལྷས་མགོན་སྐྱབས་དང་སྡོང་གྲོགས་བྱེད་པ་དང༔ སྡིག་པའི་རང་གཟུགས་ལས་ལྷན་ཅིག་སྐྱེས་པའི་འདྲེས་གནོད་འཚེ་དང་འགལ་རྐྱེན་བསྒྲུབས་པས་ཡིད་དུ་མི་འོང་བ་གཉིས་འགྲུབ་སྟེ༔ མཐོ་རིས་དང་ངན་སོང་གི་ལམ་ལ་ཕར་འཐེན་ཚུར་འཐེན་བྱེད༔ དགེ་སྡིག་ལ་རྩིས་གཞིག་བཏང་ཞིང་རྫུན་གྱིས་ཀྱང་སྒྲུབ་པར་བྱེད་དོ༔ དེ་ཚེ་རང་སྣང་ལོག་པས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་ཤར་ནས༔ ཆེ་བ་ནམ་མཁའི་མཐའ་དང་མཉམ་པ༔ འབྲིང་པོ་རི་རབ་ཙམ༔ མིག་ཤེལ་མིག་ཏུ་ཡོད་པ༔ སྐྲ་སྤྱི་བོར་བཅིངས་པ༔ གསུས་པ་ཆེ་བ༔ སྐེ་ཕྲ་བ༔ ལག་ན་ཁྲམ་ཤིང་དང་ལས་ཀྱི་མེ་ལོང་ཐོགས་པ༔ ཁ་ནས་རྒྱོབ་དང་སོད་ཀྱི་སྒྲ་སྒྲོགས་པ༔ ལས་ཀྱི་གཤིན་རྗེའི་འཁོར་དུ་མས་བསྐོར་ཏེ་ཞགས་པ་འདེབས་པ་དང༔ ཀླད་པ་འཐུང་བ་དང༔ མགོ་ལུས་འབྲལ་བ་དང༔ སྙིང་འདོན་པ་དེ་ལྟ་བུས་འཇིག་རྟེན་གྱི་ཁམས་གང་ནས་འོང་ངོ་༔ དེར་ལྷན་ཅིག་སྐྱེས་པའི་འདྲེས་སྡིག་པ་བྱས་ཚད་རྡེའུ་ནག་པོར་འགྲེམས༔ ལྷས་དགེ་བ་བྱས་ཚད་རྡེའུ་དཀར་པོར་འགྲེམས་སོ༔ དེ་དུས་ཤིན་ཏུ་བྲེད་སྔངས་སྐྲག་པས་འདར་ཞིང་ངས་སྡིག་པ་མ་བྱས་ཞེས་(༡༤༦)རྫུན་སྨྲ་བ་ལ་གཤིན་རྗེ་ན་རེ༔ ངའི་ལས་ཀྱི་མེ་ལོང་ལ་བལྟའོ་ཟེར་ནས༔ བསྟན་པས་གང་ཡིན་པ་ཐམས་ཅད་བཀྲ་ལམ་གྱིས་བྱུང་བ་དང༔ དགེ་བ་ཅན་ལྷས་ཡར་ཁྲིད་གཞན་ཡང་དགེ་སེམས་ཀྱིས་བསྒྲུབས་པའི༔ སྐུ་གསུང་ཐུགས་ཀྱི་རྟེན་ནམ༔ རྩ་བརྒྱད་མཆོད་རྟེན་ནམ༔ ཟམ་པའམ༔ ཁྲོན་པའམ༔ ངལ་སྟེགས་སུ་གྱུར་པ་ལ་སོགས་པ་སྐྱབས་གནས་སུ་འགྱུར་བར་སྣང་ངོ་༔ སྡིག་ཅན་རྣམས་གཤིན་རྗེའི་ཞགས་པས་བཏབ་སྟེ་ཐུར་ལ་དྲུད་ཏེ༔ བརྡེག་བརྡུང༔ སྐེ་འབྲེག༔ སྙིང་འདོན་རྒྱུ་མ་ཟ༔ གཅན་གཟན་གདུག་པ་ཅན་དང༔ ཁ་ཆར་དང་བུ་ཡུག་གིས་དེད་དེ་ཤིན་ཏུ་སྡུག་བསྔལ་ལོ༔ མུན་པ་མུན་ནག་གི་རྒྱལ་ཁམས་ན༔ མགོན་དང་སྐྱབས་དང་དཔུང་གཉེན་མེད་པར་ཤིན་ཏུ་སྡུག་བསྔལ་ལོ༔ སྲིད་པ་བར་དོ་ལ་ད་ལྟ་བས་ཤིན་ཏུ་རིག་པ་བདུན་འགྱུར་གྱིས་གསལ་ཞིང་ཕར་ཐམས་ཅད་མཐོང༔ ཚུར་རིགས་མཐུན་དང་ལྷ་མངོན་ཤེས་ཅན་མིན་པས་མི་མཐོང༔ རིག་པ་རྟེན་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་དབུགས་ཀྱི་རྟ་ལ་ཞོན་ནས་རིག་པ་འཕྱོ་ལང་ལང་ཡོང་ངོ་༔ ལུས་ཀྱིས་གདུངས་ནས་ལུས་གཅིག་ལོན་ན་ཅི་འདྲ་ན་སྙམ་ནས་ས་རྡོ་རི་བྲག་ཐམས་ཅད་དུ་འཚང་ངོ་༔ ཉེ་དུ་རྣམས་དང་རྨི་ལམ་ཙམ་དུ་འཕྲད༔ ངུ་བ་ཀུན་ལ་མ་ངུ་ང་འདི་ན་ཡོད་ཅེས་ཟེར༔ སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཡོད་པར་མདོ་རྒྱུད་ཀུན་ནས་གསུངས་སོ༔ ཞག་བདུན་ཕྲག་རེ་ལ་འཆི་ཐེབས་རེ་བྱེད༔ དེ་དུས་ཤུལ་མིས་དགེ་བའི་ལས་ལ་འབད་ན༔ དེའི་བསོད་ནམས་ཀྱིས་གྲུབ་མཐའ་བློས་བསྒྱུར་བ་རྣམས་དགེ་བ་སྟོབས་འཕེལ་ནས་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཤར་ཏེ་འདི་ནས་གྲོལ་བ་ཡང་ཡོད་དོ༔ སོ་སོའི་སྐྱེ་བོ་ལ་ཡང་ཆོ་ག་དག་པས་ཟློག་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཉིད་ཤི་ནས་ཞག་གྲངས་ནི༔ ཉི་ཤུ་རྩ་གཅིག་བར་དུ་ཡང༔ བདུན་པའི་ཚེ་ན་ཆོ་གར་འབད༔ དེ་ཚེ་དེ་ལ་ལམ་ཡང་བསྟན༔ ཅེས་སོ༔ དེ་ནས་བར་དོ་ཡིད་ཀྱི་ལུས་དེ་ནན་ལྟར་སྐྱོ་ནས་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་ཏེ༔ རང་དབང་མེད་པར་དྲི་ཟ་མངལ་སྒོ་ཉུལ་དུས་སྐྱེ་གནས་དང༔ མའི་མངལ་གྱི་རྣམ་པ་ཇི་ལྟ་བ་ལྟར་སྣང་(༡༤༧)ལུགས་ན༔ གནས་ལུང་ཆེན་མོའི་རྒྱུད་ལས༔ བ་གླང་མཚོ་དང་ངང་པ་དང༔ རྟ་ཡི་རྣམ་པར་སྣང་བ་དང༔ དེར་འཇུག་འདོད་པས་སྒྲ་མི་སྙན༔ ཤར་དང་ནུབ་ཏུ་རིམ་པ་བཞིན༔ འཛམ་གླིང་ཁང་བཟང་ཉམས་དགའ་བ༔ ལྷ་མིན་ནགས་ཚལ་སྟུག་པོ་སྟེ༔ ལྷ་ནི་རིན་ཆེན་གཞལ་མེད་ཁང༔ དུད་འགྲོ་ས་ཕུག་སྤྱིལ་པོར་མཐོང༔ ཡི་དྭགས་རང་གི་ལུས་ཀྱི་ཆ༔ རྡོ་རྡུམ་ཕྱར་བ་ལྟ་བུར་མཐོང༔ དམྱལ་བར་འགྲོ་ན་སྤྱི་གཙུག་ལོག༔ མཐོ་རིས་ལ་ནི་གྱེན་ལྟ་སྙམ༔ དུད་འགྲོ་འཕྲེད་ཀྱི་རྣམ་པའོ༔ ཞེས་གསུངས་པས༔ རླུང་ལྔའམ་དུག་ལྔ་འདུས་པའི་རྟེན་འབྲེལ་རྣམ་བྱང་གི་ལམ་ལྔ་འཆར་ཏེ༔ དེ་ཡང་ལྷར་སྐྱེ་ན་རྣམ་བྱང་དཀར་པོ་ལ་འཛིན༔ དེར་འགྲོགས་ལ་རིན་པོ་ཆེའི་གཞལ་ཡས་ཁང་དུ་མཐོང༔ དེ་ལ་དགའ་ཞིང་ཆགས་པས་དེར་ཕྱིན་པ་སྙམ་ལ་རྫུས་ཏེ་ཁྲོངས་ཀྱིས་སྐྱེའོ༔ མིར་སྐྱེ་ན་རྣམ་བྱང་སྔོན་པོའམ་དམར་པོ་ལ་འཛིན༔ མིའི་གླིང་བཞིའི་སྣང་བ་སོ་སོར་འཆར་ཏེ༔ ཤར་ལུས་འཕགས་པོར་སྐྱེས་ན་ངང་པ་ཕོ་མོས་བརྒྱན་པའི་མཚོར་སྣང༔ བྱང་སྒྲ་མི་སྙན་དུ་སྐྱེ་ན་གླང་ཕོ་མོས་བརྒྱན་པའི་མཚོ༔ ནུབ་བ་གླང་སྤྱོད་དུ་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོ༔ འཛམ་བུ་གླིང་པ་བསོད་ནམས་ཆེ་བས་ཁང་བཟང་ཉམས་དགའ་བ་དང་སྐྱེད་མོས་ཚལ་ཉམས་དགའ་བ་དང༔ དགེ་འདུན་གྱི་ཀུན་དགའ་ར་བ་ལ་སོགས་པར་སྣང་ངོ་༔ དུད་འགྲོར་སྐྱེ་ན་རྣམ་བྱང་ལྗང་གུ་ལ་འཛིན་དེར་འགྲོགས་ལ་ཁ་ཆར་དང་བུ་ཡུག་གིས་བདས་ནས་ས་ཕུག་དང་སྤྱིལ་བུ་ལ་སོགས་པར་མཐོང༔ དེར་འབྲོས་ཡིབས་སྙམ་ཙ་ན་སྐྱེ་གནས་འཛིན༔ ཡི་དྭགས་སུ་སྐྱེ་ན་རྣམ་བྱང་སེར་པོ་ལ་འཛིན༔ སྤྱི་གཙུག་ལོག་པའི་འཇིགས་སྐྲག་གི་སྣང་བ་ཤར་བ་ལ་འགོགས་ཐབས་ནི་དབང་བཞིའི་མངོན་པར་རྟོགས་པས་དགག་པ་ནི་ཞལ་ལས་ཤེས༔ དེ་ཡན་ཆད་ཀྱིས་སྲིད་པ་བར་དོ་ཡན་ཆད་ཀྱི་བཤད་པ་བསྟན་ཟིན་ཏོ༔

དེ་ནས་ཐུན་མོང་དུ་སོ་སོའི་ལས་ཀྱིས་སྐྱེ་བ་ལེན་ཚུལ་ནི་ཚུལ་ཁྲིམས་རྣམ་པ་བདུན་ཟག་པ་དང་བཅས་པའི་འབྲས་བུ་དང༔ དགེ་བ་བཅུ་དང་འབྲེལ་བའི་ལམ་ལས་གྲུབ་པའི་ལྷ་གནས་རྣམ་པ་གསུམ་སྟེ༔ འདོད་པ་གཟུགས་ཁམས་(༡༤༨)གཟུགས་མེད་དོ༔ དེ་ལ་རྒྱལ་ཆེན་བཞི༔ སུམ་ཅུ་རྩ་གསུམ༔ འཐབ་བྲལ༔ དགའ་ལྡན༔ འཕྲུལ་དགའ༔ གཞན་འཕྲུལ་དབང་བྱེད་རྣམས་འདོད་ལྷ་གཟུགས་མེད་དོ༔ གཟུགས་ཁམས་གནས་རིགས་བཅུ་བདུན་ཏེ༔ བསམ་གཏན་སྐྱེ་མཆེད་བཅུ་གཉིས་ནི༔ ཚངས་རིས་ཚངས་པ་མདུན་ན་འདོན༔ ཚངས་ཆེན་འོད་ཆུང་ཚད་མེད་འོད༔ འོད་གསལ༔ དགེ་ཆུང༔ ཚད་མེད་དགེ༔ དགེ་རྒྱས༔ སྤྲིན་མེད༔ བསོད་ནམས་སྐྱེས༔ འབྲས་བུ་ཆེ་བ༔ མི་ཆེ་མི་གདུང༔ གྱ་ནོམ་སྣང་བ༔ ཤིན་ཏུ་མཐོང་བ་དང༔ འོག་མིན་ནོ༔ གཟུགས་མེད་སྐྱེ་མཆེད་མུ་བཞི་ནི༔ ནམ་མཁའ་མཐའ་ཡས༔ རྣམ་ཤེས་མཐའ་ཡས༔ ཅི་ཡང་མེད་པ༔ ཡོད་མིན་མེད་མིན་དང་བཞིའོ༔ ལྷ་མིན་ལ་གནས་བཞི་ཡོད་དེ༔ སྣང་ལྡན་ཞེས་བྱ་བ་ན་ལྷ་མིན་རྒྱལ་པོ་བྱེ་བ་ཁྲག་ཁྲིག༔ ཟླ་ཕྲེང་ཞེས་བྱ་བ་ན་འགུལ་ཕྲེང་བསྟན་པ༔ གནས་བཟང་པོ་ན་མེ་ཏོག་ཕྲེང༔ མི་གཡོ་བ་ན་ལྷ་མིན་དབང་པོ་ཐག་བཟང་གནས་སོ༔ ལོངས་སྤྱོད་ལྷ་དང་མཉམ༔ སྐྱེ་བའི་རྒྱུ་ཟག་བཅས་དགེ་བ་ཕྲག་དོག་དང་འདྲེས༔ མིར་སྐྱེ་བའི་རྒྱུ་དགེ་བཅུ་ཟག་པ་དང་བཅས་པ༔ དུད་འགྲོར་སྐྱེ་བའི་རྒྱུ༔ གཏི་མུག་དང༔ ཆོས་སྤོང༔ རིགས་བྱེ་བྲག་སུམ་ཅུ་རྩ་དྲུག་གོ༔ ཁྱད་པར་བྱིངས་ན་གནས་པ་དང༔ ཁ་འཐོར་རོ༔ ལྷ་ཀླུ་མི་གསུམ་ཀར་ཁྱབ་བོ༔ སྐྱེ་བ་རྣམ་པ་བཞི་ལའང༔ སྒོང་སྐྱེས་བྱ༔ འབུ་སྲིན་དྲོད༔ རྟ་གླང་ལ་སོགས་མངལ་སྐྱེས༔ རྫུས་སྐྱེས་ནི་ལྷ་དང་དམྱལ་བའོ༔ ཡི་དྭགས་སུ་སྐྱེ་བའི་རྒྱུ་ནི༔ སེར་སྣ༔ དབྱེ་བ་ནི༔ ཕྱི་སྒོ་ཁུལ༔ སྤྱི་མཐུན་སྒྲིབ་པ་ཅན༔ མཁའ་ལ་རྒྱུ༔ མི་མ་ཡིན་རྣམས་སོ༔ དམྱལ་བ་ལ་ཡང་སོས་ཀྱི་རྒྱུ་མི་བསད་པ༔ ཐིག་ནག་གི་རྒྱུ་སྲོག་གཅོད་མ་སྦྱིན་ལེན༔ བསྡུས་འཇོམས་ཀྱི་རྒྱུ་དེའི་ཁར་འདོད་ལོག་སྤྱད་པ༔ ངུ་འབོད་ཀྱི་རྒྱུ་དེའི་ཁར་ཚུལ་ལྡན་དང་བསམ་གཏན་ལ་གནོད་པ་བྱས་པ༔ ངུ་འབོད་ཆེན་པོའི་རྒྱུ་དེའི་ཁར་ཆོས་མི་བདེན་བརྗོད་པ༔ ཚ་བར་སྐྱེ་བའི་རྒྱུ༔ དེའི་སྟེང་ལོག་པར་ལྟ་བ༔ རབ་ཏུ་ཚ་བ་ནི་མི་དགེ་བཅུ་རྫོགས་པ༔ ཁྱད་པར་བླ་མ་མཆེད་ལ་བརྙས་ཤིང་དམ་ཚིག་ཉམས་པ་དང༔ མཚམས་མེད་ལྔས་མནར་(༡༤༩)མེད་དུ་སྐྱེའོ༔ གྲང་དམྱལ་གྱི་རྒྱུ་ནི༔ རྟེན་གསུམ་ན་བཟའ་བཤུས་པ༔ འཕགས་པ་དང་སྐྱེ་འགྲོའི་གོས་བཤུས་པ༔ གསོན་ལྤགས་བཤུས་པ༔ སྤུ་བལ་སོགས་བྲེག་པའོ༔ རྣམ་གྲངས་ནི༔ ཆུ་བུར་ཅན༔ ཆུ་བུར་རྡོལ་བ་ཅན༔ ཨ་ཤུ་ཟེར་བ༔ སོ་ཐམ་ཐམ་པ༔ པད་མ་ལྟར་གས་པ༔ པད་མ་ལྟར་ཆེར་གས་པ༔ ཨུཏྤལ་ལྟར་གས་པ༔ ཨུཏྤལ་ལྟར་ཆེར་གས་པའོ༔ གནས་ནི༔ དྲན་པ་ཉེར་བཞག་ལས༔ ཉི་ཚེ་ཞེས་བྱ་འཛམ་གླིང་གི༔ ཁྲོད་དང་མུ་ཁྱུད་གླིང་བར་གྱི༔ མུན་པ་ལ་སོགས་རྣམས་སུ་གནས༔ ཞེས་གསུངས་སོ༔

བཏགས་གྲོལ་ཕྲན་དྲུག་གི་ཏི་ཀ

༄༅༔ བཏགས་གྲོལ་ཕྲན་དྲུག་གི་ཏི་ཀ་བཞུགས་པ་ལགས་སོ༔

༄༅༔ རྩལ་དབང་གི་ཏི་ཀ་རིག་པའི་སྒྲོན་མེ་བཞུགས་སོ༔ བྦམགུཐ།ཐ།ག༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི༔ སྨིན་བྱེད་རིག་པའི་རྩལ་དབང་བསྐུར༔ ཅེས་པས་སངས་རྒྱས་དགོངས་པ་འདུས་པ་བཀའ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བའི་ཐབས་འདི་ལ་གསུམ་སྟེ༔ སྦྱོར་བ་དངོས་གཞི་རྗེས་སོ༔ དེ་ཡང་མཚན་ཉིད་ལྡན་པའི་བླ་མ་ཡིས༔ སྐལ་བར་ལྡན་པའི་སློབ་བུ་ལ༔ རབ་འབྱམས་དབང་བསྐུར་གསུམ་དུ་བསྟན༔ ཅེས་པས་སོ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མེ་ཏོག་ལན་དང་བཅས་ཏེ་ཞུ༔ ཞེས་པས༔ དང་པོ་བླ་མ་ལྟ་དགོངས་མན་ངག་དང་ལྡན་པ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་མེ་ཏོག་ཕུལ་ཏེ༔ དབང་གི་ཞུ་བ་ཡང་ཡང་བྱའོ༔ གཏོར་ཚོགས་བཞི་སྡེ་གསུང་རབ་བཀླག༔ ཅེས་པས༔ བླ་མས་དབང་བསྐུར་བར་ཞལ་གྱིས་བཞེས་ནས༔ ཌཱཀྐི་ལ་མཆོད་པ་བཤམ༔ ཚོགས་གཏོར་ཆེན་པོ་ལན་བདུན་བཏང༔ དེས་བར་ཆད་སེལ་ལོ༔ དེ་ནས་དགེ་སློང་བཞི་སྡེ་བྱ༔ སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་ཐུན་བཟུང༔ འབྱུང་པོ་ལ་གཏོར་མ་རྒྱ་ཆེན་པོ་བཏང་ངོ་༔ དེས་སྔོན་འགྲོའི་བར་ཆད་ཐམས་ཅད་སེལ་ལོ༔ རིན་ཆེན་སྨན་འབྲུའི་མཎྜལ་དབུལ༔ ཞེས་པས༔ དེ་ནས་བླ་མ་ལ་གསེར་གྱི་མཎྜལ་ལན་བདུན་འབུལ༔ ༼གཞི་སྙིང་པོའི་དོན་རྟོགས་པའི་དགོས་པ་ཡོད་༽དེ་ནས་རིན་པོ་ཆེའི་མཎྜལ་༼སྐུ་ལྔ་ཡེ་ཤེས་ལྔ་རྟོགས་པའི་དགོས་པ་ཡོད་༽ལན་(༡༥༠)བདུན་འབུལ༔ དེ་ནས་སྨན་གྱི་མཎྜལ་༼ཉོན་མོངས་པ་དུག་ལྔ་དང་བྲལ་བའི་དགོས་པ་ཡོད་༽ལན་བདུན་འབུལ༔ དེ་ནས་འབྲུའི་མཎྜལ་༼དབུལ་ཞིང་ཕོངས་པ་དང་བྲལ་བའི་དགོས་པ་ཡོད་༽ལན་བདུན་འབུལ༔ དེ་ནས་དབང་ཞུ་བའི་གསོལ་འདེབས་ལན་གསུམ་བྱའོ༔ སྨིན་གྲོལ་དོན་གྱི་ཞུ་བ་དབུལ༔ ཞེས་པས༔ ཀྱཻ་བླ་མ་རྗེ་བཙུན་པ་རྣམས་ཀྱིས་བདག་སྨིན་པར་མཛད་དུ་གསོལ༔ རིག་པ་རྩལ་གྱི་དབང་བཀའ་རབ་འབྱམས་བསྐུར་དུ་གསོལ༔ བདག་གྲོལ་བར་མཛད་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ཅེས་པས་གསོལ་བ་དྲག་ཏུ་གདབ་བོ༔ དེ་ནས་རྩལ་དབང་སེམས་ལ་བསྐུར༔ ཅེས་པས༔ བླ་མས་སློབ་བུ་ལ་བོགས་འབྱིན་དབང་གི་ཡན་ལག་རིག་པའི་རྩལ་དབང་སེམས་ལ་བསྐུར་ཏེ༔ རིག་པའི་རྩལ་དབང་སློབ་དཔོན་གང་གིས་བསྐུར་ན༔ སློབ་དཔོན་སངས་རྒྱས་ཀྱི་ཆ་ལ་གཏོགས༔ སློབ་མ་སེམས་ཅན་གྱི་ཆ་ལ་གཏོགས་ཏེ༔ སེམས་རྟོགས་པས་ན་འཚང་རྒྱས་ཏེ་ཞེས་པས༔ སངས་རྒྱས་ཐམས་ཅད་ཀྱང་རང་བྱུང་གི་རིག་པ་རང་ཤར་དུ་རྟོགས་པས་འཚང་རྒྱས༔ སེམས་ཅན་ཡང་རང་བྱུང་གི་རིག་རང་ཤར་རང་གྲོལ་དུ་རྟོགས་ན་སངས་རྒྱ༔ ཞེས་ཏེ༔ རང་གི་རིག་པ་ངོ་བོ་ཀ་ནས་དག་པ༔ རང་བཞིན་སྣ་ཚོགས་སུ་གསལ་བ༔ ཐུགས་རྗེ་མ་འགགས་ཕྱོགས་རིས་མེད་པ༔ རང་བྱུང་གི་ཡེ་ཤེས་རང་རིག་རང་གསལ་རང་ངོ་ཤེས་ཙ་ན༔ བདེ་སྡུག་གི་རྟོག་པ་མ་འགགས་པའི་སྣང་བ་སྣ་ཚོགས་སུ་སྣང་ཡང་རྩ་བ་ཁོ་ལས་བྱུང༔ ཆུ་ནང་གི་འཁྱགས་པའམ༔ བར་སྣང་གི་ན་བུན་བཞིན་དུ་ཐམས་ཅད་ཁོ་རང་ལས་བྱུང་བས༔ གྲོལ་ཡང་ཁོ་རང་གི་ངང་དུ་རང་གྲོལ་བའོ༔ གང་ཤར་རིག་པའི་རྩལ་དུ་གྲོལ༔ ཞེས་པ་ནི༔ གོང་ལྟར་རྩ་བ་ཐག་ཆོད་པའི་དུས་སུ༔ སྣང་སྲིད་གཡོ་འགུལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དུ་ངོ་ཤེས༔ རང་རིག་པས་རང་ལ་དབང་ཐོབ་ཙ་ན་ཐམས་ཅད་རང་གི་དབང་དུ་མ་གྱུར་པ་མེད་དེ༔ རང་རིག་རང་ཤར་རང་གྲོལ་དུ་སོང་བའི་དུས་སུ༔ སངས་རྒྱས་ལ་རེ་བ་མེད་དེ་རིག་པ་རང་སངས་རྒྱས༔ ཡེ་ནས་གནས་པའི་དོན་རང་གིས་ངོ་ཤེས་ཐག་ཆོད༔ མ་ཁྱབ་པ་མེད་དེ་མཐའ་རྒྱས༔ འཁོར་བ་ལ་(༡༥༡)དོགས་པ་མེད་དེ་རིག་པ་རང་དག༔ འཁོར་འདས་རིག་པའི་རྩལ་དུ་གྲོལ༔ བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་རིག་པའི་རྩལ་དུ་དག་ཅིང་རང་གྲོལ་བ་དེ་ཉིད་ནང་རྟོགས་ན་ནང་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་ཏེ༔ གང་ཤར་ཐམས་ཅད་རྩ་བ་རིག་པའི་ཀློང་དུ་རང་གྲོལ་བའོ༔ རང་རིག་དབང་ཐོབ་རེ་དོགས་བྲལ༔ ཞེས་པ་ནི༔ གང་གིས་དེ་ལྟར་དུ་རྟོགས་ཤིང་ཁོང་དུ་ཆུད་ན་རིག་པ་རྩལ་གྱི་དབང་རང་གི་རིག་པ་ལ་རང་གིས་ཐོབ་པ་ཡིན་ཏེ༔ དེ་ཙ་ན་ཅི་སྣང་ཅི་སྲིད་ཅི་དྲན་ཐམས་ཅད་རང་གི་རིག་པའི་རྩལ་དུ་ཤར་བས༔ དགག་སྒྲུབ་རེ་དོགས་ཀྱི་མཐའ་ལས་གྲོལ་བའོ༔ སྣང་སྲིད་རང་གི་རྩལ་དུ་གྲོལ༔ ཞེས་པ་ནི༔ གོང་ལྟར་རེ་དོགས་བྲལ་བའི་ཚེ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དུ་མ་གྲོལ་བ་སྤུ་ཙམ་ཡང་མེད་པའོ༔ ཏི་ལ་མངོན་སུམ་རྩལ་དབང་ཐོབ༔ ཅེས་པ་ནི༔ དོན་ཐིག་ལེ་ཉག་གཅིག་རིག་པའི་ངོ་བོ་ཡེ་ཤེས་ཀྱི་རང་མདངས་ཞལ་ཕྱེ་ལ་བསྟན་ནོ༔ དེས་ནི་རྩལ་གྱི་ཡང་དག་རིག་པའི་དོན་ནོ༔ དབང་གི་དབང་མཆོག་ཐོབ་པ་ཡིན་ནོ༔ ངང་དྭངས་རང་བཞིན་བདག་ཉིད་ཆེ༔ ཞེས་པ་ནི༔ གང་གིས་དབང་དེ་ཐོབ་ཙ་ན༔ ངང་ནས་རང་རིག་པའི་ངང་དུ་ཆོས་ཀུན་འདུས་པ་ངོ་བོ་ཉིད་ལ་དབང་བསྒྱུར་བ་རང་བཞིན་རིག་པའི་རང་མདངས་ཐམས་ཅད་རང་རིག་ཡིན༔ བདག་ཉིད་ཆེན་པོ་ནི་རང་ལས་གཞན་པའམ་བདག་ཏུ་མ་འདུས་པ་སྤུ་ཙམ་ཡང་མི་འདུག་པས་རང་རིག་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་པས་ན༔ དབང་ཆེན་རབ་འབྱམས་རིག་པའི་རྩལ་དབང་ཐོབ་པའོ༔ རིག་པའི་རྩལ་དབང་མ་ཐོབ་ན༔ འདུས་བྱས་ཆོ་གས་གྲོལ་མི་སྲིད༔ ཅེས་པ་ནི༔ དེ་ལྟར་རིག་པའི་རྩལ་དབང་སེམས་ཀྱིས་མ་ཐོབ་ན་གང་ཟག་དེ་ལ་རྡུལ་ཚོན་རིན་པོ་ཆེ་སྣ་ལྔའི་དཀྱིལ་འཁོར་མང་པོ་བསྟན༔ བུམ་ཁྲུས་ཀྱིས་ཤ་ལ་བསྐུར༔ ཅོད་པན་གྱིས་འཐིབས་སུ་བཅུག༔ ཚོགས་འཁོར་གྱི་འདམ་དུ་བཅུག་ཀྱང༔ རིག་པ་རྩལ་གྱི་དབང་མ་ཐོབ་ན་སངས་རྒྱ་བ་ལ་རྟ་རྔའི་འདྲེས་གང་གིས་ཀྱང་ཉེར་མ་སོང་སྟེ༔ ཀློང་གསལ་ལས༔ རབ་འབྱམས་རིག་པའི་དབང་མེད་ན༔ འདུས་བྱས་དབང་གིས་སྨིན་མི་སྲིད༔ ཅེས་སོ༔ རང་རྒྱུད་མ་སྨིན་གཞན་མི་གྲོལ༔ ཞེས་པ་ནི༔ (༡༥༢)རང་གི་རིག་པའི་རྩལ་དབང་མ་ཐོབ་པར་གཞན་ལ་དབང་བསྐུར་ཡང་གྲོལ་མི་ནུས་ཏེ༔ རྒྱུད་ལས༔ བདག་མ་སྨིན་པར་གཞན་མི་གྲོལ༔ ཞེས་སོ༔ བོགས་རྣམས་དབང་གིས་འབྱིན་པར་བྱེད༔ ཅེས་པ་ནི་དེ་ལྟར་རིག་པའི་རྩལ་དབང་ཐོབ་ན་མ་རིག་པའི་སྒྲིབ་པ་ཐམས་ཅད་དབང་གིས་དག་ཅིང་བོགས་འབྱིན་པར་བྱེད་དོ༔ རྗེས་ནི་དབང་རྫོགས་པ་དང༔ བླ་མ་བཞེད་པ་མེད་ཀྱང་བདག་རྣམ་པར་དག་པར་བྱ་བའི་ཕྱིར་དབང་ཡོན་འབུལ་དགོས་ཏེ༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ ཞེས་པས་རིན་པོ་ཆེ་གསེར་ལ་སོགས་པ་ཕྱག་ཏུ་༼ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་ཡོད་༽འབུལ་ལོ༔ གཅེས་འཛིན་བློས་བཏང་བའི་ཕྱིར༔ རང་གི་བུ་འབུལ༔ ༼སངས་རྒྱས་ཀྱི་རིག་འཛིན་༽འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར༔ གཞན་གྱི་བུ་༼མི་མཆོག་འབུལ་ན་དོན་མཆོག་འགྲུབ༔༽ ལྡན་དབུལ༔ ཆགས་སྲེད་འཛིན་པ་དག་པའི་ཕྱིར༔ རང་གི་ཆུང་མ་འབུལ༔ ༼ཆོས་ཉིད་བདེ་བ་ཆེན་པོའི་དངོས་གྲུབ་འབྱུང༔༽ འགྲོ་བའི་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར༔ གཞན་གྱི་ཆུང་མ་དང༔ བུ་མོ་ཡིད་འཐད་གསེར་གཡུས་བརྒྱན་པ༔ ༼རིགས་གཙང་མ་དག་པས་ཏེ་ཆོས་ཉིད་བདེ་བ་ཆེན་པོ་འགྲུབ་པའི་དགོས་པ་ཡོད་༽དར་ཟབ་ཀྱིས་སྤྲས་པ༔ བླ་མའི་ལས་རྒྱ་ལ་འབུལ༔ ནོར་གྱི་དབྱིག་ནི་གཞན་དོན་མཐའ་དག་བསྒྲུབ་པའི་ཕྱིར༔ ནོར་སྣ་བསམ་གྱིས་མི་ཁྱབ་པ་བརྒྱ་འབུལ༔ སྟོང་འབུལ་༼བསྡུ་བ་བཞིའི་རྟེན་འབྲེལ་ལ་མཁས་པར་འགྱུར་རོ་༽བྱའོ༔ རབ་ཏུ་གཅེས་དང་ཞེས་པ་ནི༔ དེ་མ་ཡིན་པའི་རང་གི་གྲོགས་འཁོར་ཡུལ་ནོར་ལ་སོགས་པ་ཡིད་ལ་འཐད་པ་ཐམས་ཅད་ནོར་གྱིས་བསླུས་ཏེ་བླ་མ་ལ་འབུལ་ལོ༔ དེ་ཡང་ལུང་ལས༔ དེ་ལྟར་དུས་ཚོད་མཉམ་པས་འགྲུབ༔ ཅེས་པས་དབང་ཚར་བ་དང་ཡོན་དབུལ་བ་དུས་མཉམ་བྱའོ༔ རང་རིག་རྩལ་གྱི་དབང་ཐོབ་ཚེ༔ ཆོས་རྣམས་སེམས་ལ་རྫོགས་ཕྱིར་གྲོལ༔ རབ་འབྱམས་བཀའ་ཡི་དབང་རྣམས་ཐོབ༔ ཅེས་པ་ནི༔ སྣོད་ལྡན་དེ་ཉིད་རིག་པའི་རྩལ་དབང་ཐོབ་པས་དབང་ཐམས་ཅད་ཐོབ་པ་ཡིན་པས་བསྔགས་པ་བརྗོད་པར་བྱའོ༔ སྨིན་གྲོལ་གྱི་རྩལ་དབང་དེ་ལྟར་བསྐུར་(༡༥༣)བར་བྱའོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་ཐུགས་ཀྱི་སྙིང་པོ་འདི་ལ་དབང་ཐམས་ཅད་ཀྱི་རྩ་བ་རང་རིག་པའི་རྩལ་དབང་དུ་ངོ་སྤྲོད་པ་རིག་པའི་སྒྲོན་མེ་འདི༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

བཏགས་གྲོལ་བཅངས་ཐབས་ཀྱི་ཏི་ཀ

༄༅༔ བཏགས་གྲོལ་བཅངས་ཐབས་ཀྱི་ཏི་ཀ་བཞུགས་སོ༔

༄༅༔ གརྒབྱཐྭ།༔ འབྲས་བུ་ཡོངས་རྫོགས་ཆེ་ལ་ཕྱག་འཚལ་ལོ༔ རང་བྱུང་གི་རྒྱུད་བཅངས་པས་ཆོག་པར་བསྟན་པ་འདིའི་ལག་ལེན་བསྟན་པ་ནི༔ ཡིད་བཞིན་ནོར་བུའི་རྒྱུད་དྲུག་རྣམས༔ བསྟན་པ་གང་ལ་བབས་པ་ཡི༔ རིན་ཆེན་བཞུ་བའི་ཁུ་བ་ཡིས༔ གླེགས་བམ་སོར་བརྒྱད་ལེགས་བྲིས་ལ༔ ཞེས་པ་ནི༔ ནོར་བུ་ལྟ་བུའི་རྒྱུད་དྲུག་པོ་འདི་སྟོན་པ་གང་གི་གཙོ་བོའི་མདོག་ལྟར་རིན་པོ་ཆེ་ལེགས་པར་བཞུ་བའི་ཁུ་བས་གླེགས་བམ་སོར་བརྒྱད་པ་དེ་ཉིད་ཀྱི་ཁ་ལེན་པའི་མདོག་ལ་ཡི་གེ་རྣམས་འབྲུ་དང༔ གྲྭ་ཟུར་མ་ཉམས་པར་དག་པར་བྲིས་ཏེ་ཤིན་ཏུ་ལེགས་པར་བྱའོ༔ རབ་གནས་སྣ་ཚོགས་དར་གྱིས་དྲིལ༔ ཞེས་པ་ནི༔ གླེགས་བམ་རྣམས་ཞལ་ཕྱེ་ལ་མེ་ལོང་ལ་སྐུ་ཁྲུས་གསོལ༔ རབ་ཏུ་གནས་པ་གཞན་དང་མཐུན་པར་བྱའོ༔ སྤོས་ཀྱིས་བདུག་གོ༔ དེ་ནས་དར་ཟབ་སྣ་ཚོགས་པས་ལེགས་པར་དྲིལ་ལ་ལེགས་པར་བཅིངས་ཏེ་མཎྜལ་ཁར་བཞག་ཚོགས་གཏོར་བྱ༔ ཞེས་པ་ནི༔ གླེགས་བམ་དྲིལ་བ་དེ་རིན་པོ་ཆེའི་མཎྜལ་གྱི་ཁར་བཞག་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར༔ གཏོར་མ་རྒྱ་ཆེན་པོ་ཕུལ་ལ་གསོལ་བ་གདབ་བོ༔ རིན་ཆེན་འབྲུ་སྨན་མཎྜལ་དབུལ༔ ཅེས་པ་ནི་རིན་པོ་ཆེ་སྣ་ལྔའི་མཎྜལ་དང༔ གསེར་གྱི་མཎྜལ་དང༔ སྨན་དང་འབྲུའི་མཎྜལ་ཅི་འབྱོར་དུ་འབུལ་ལོ༔ དབང་བསྐུར་རྒྱུད་བཀླག་བུ་ལ་གདགས༔ ཞེས་པས༔ བླ་མས་ཀྱང༔ གླེགས་བམ་དེ་ཉིད་ཐོགས་ཏེ༔ རྩལ་དབང་བསྐུར་ཞིང་རྒྱུད་ལན་གསུམ་བརྗོད་དོ༔ སློབ་བུ་དེའི་སྤྱི་བོའམ༔ སྙིང་ཁའམ༔ མཆན་ཁུང་དུ་གདགས་སོ༔ དེ་ཉིད་བཅངས་པས་སངས་རྒྱའོ༔ ཞེས་པ་ནི་དེ་བཅངས་པའི་ཡོན་ཏན་འོག་ཏུ་ཤེས་པར་བྱའོ༔ སྣོད་རྒྱས་གདབ་པ་ཡང་རྒྱུད་དུ་བསྟན་པའོ༔ རྒྱུད་བཅངས་(༡༥༤)པའི་ལག་ལེན་བསྟན་པ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཐ།གམ༔ རྒྱ་རྒྱ་རྒྱ༔

གཞན་དོན་ཏི་ཀ

༄༅། །གཞན་དོན་ཏི་ཀ་བཞུགས་སོ༔

༄༅༔ བྦགྱཐབྠ༔ ཀུན་ཁྱབ་ཐུགས་རྗེའི་ངང་ལ་ཕྱག་འཚལ་ལོ༔ འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་བར་འདོད་པས་ནི༔ གཞན་གྱི་དོན་ཆེན་བྱ་བའི་ཕྱིར༔ མཚན་མ་བྱུང་བའི་དུས་དག་ཏུ༔ ཞེས་པས༔ སེམས་ཅན་གྱི་དོན་བྱ་བ་ནི༔ ནམ་མཁའ་ལ་འཇའ་འམ༔ འོད་དམ༔ འབྲུག་གམ༔ ས་གཡོས་པའམ༔ སད་སེར་རམ༔ ཁྱད་པར་དུ་ཉི་ཟླ་གཟས་ཟིན་པའི་ཚེ་ནའོ༔ རང་ཉིད་ཀུན་བཟང་རིགས་ལྔར་བསྒོམ༔ ཕྱོགས་དང་བསྟུན་ནས་རང་གི་ལྕེ༔ རྡོ་རྗེ་དང་ནི་རིན་ཆེན་དང༔ པད་མ་དང་ནི་རལ་གྲི་དང༔ འཁོར་ལོ་བསྒོམ་སྟེ་རྒྱུད་འདི་བརྗོད༔ ཅེས་པས་གོང་གི་མཚན་མ་དེ་དག་དབུས་སུ་བྱང་བའི་དུས་སུ་མཚན་མ་དེ་དང་རང་གཉིས་ཀུན་བཟང་ཡབ་ཡུམ་དུ་བསྒོམ་སྟེ༔ ཁ་སྟེང་དུ་བལྟས་ལ་རང་གི་ལྕེ་འཁོར་ལོ་རབ་ཏུ་འབར་བར་བསམ་སྟེ་རྒྱུད་ཚར་གཅིག་བསྒྲག་གོ༔ མཚན་མ་དེ་དག་འགྲོ་བ་གང་གིས་མཐོང་བ་དང༔ ཐོས་པ་དང༔ རེག་པ་ཐམས་ཅད་མྱུར་དུ་མངོན་པར་རྫོགས་པར་སྤྲུལ་པའི་སྐུ་འཐོབ་པར་འགྱུར་རོ༔ ཡང་གོང་གི་མཚན་མ་༼འཇའ་འོད་ལ་སོགས་པའི་༽དེ་དག་ཕྱོགས་གང་༼ཤར་ལྷོ་ནུབ་བྱང་ལ་སོགས་༽དུ་བྱུང་བའི་ཚེ༔ དེ་དག་གི་༼རིགས་ལྔ་ཡབ་ཡུམ་༽ལྷར་བསྒོམས་ལ་དེའི་ཕྱོགས་༼གང་བྱུང་ས་དེར་༽སུ་ཁ་བལྟས་ལ་རང་གི་ལྕེ་རྡོ་རྗེ་རིན་ཆེན་པདྨ་རལ་གྲིར་༼གང་ཡིན་དུ་༽བསྒོམས་ལ་རྒྱུད་ཚར་གཅིག་གསུང་བསྒྲག་གོ༔ ཡོན་ཏན་ནི་གོང་བཞིན་ནོ༔ ཡང་རྒྱུད་འདི་དག་རྫས་གང་རུང་ལ་བྲིས་ནས་འབབ་ཆུའམ༔ རླུང་ཆེན་པོ་རྒྱུ་བའི་རྩེ་ལ་བཙུག་ན་ཡང་གོང་བཞིན་འབྱུང་ངོ་༔ འདི་ཉིད་མ་གསང་འབྲས་མི་འབྱུང༔ ཞེས་པ་ནི༔ རྒྱུད་འདི་གར་བྱུང་བྱུང་དུ་སྨྲས་ན་རང་གི་འབྲས་བུ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ༔ རང་གི་གདུལ་བྱ་ནི་མ་གཏོགས་ཀྱིས་རྒྱུད་འདི་གསང་ནས་བཅངས་པ་ཙམ་གྱིས་འཆི་ཁའི་བར་དོའི་སྡུག་བསྔལ་ལས་གྲོལ་ནས་རང་བྱུང་གི་དོན་རྟོགས་པས༔ སངས་རྒྱས་སྤྲུལ་པའི་སྐུ་འཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

རྟགས་བསྟན་ཏི་ཀ

༄༅༔ རྟགས་བསྟན་ཏི་ཀ་བཞུགས་སོ༔

༄༅༔ ཏྱ།ཅྭ།སྭ༔ རྒྱུད་འདི་བརྟགས་ཤིང་བཅངས་པས༔ གྲོལ་བའི་རྟགས་བསྟན་པ་ནི༔ ཨེ་མ་འདི་འཆང་བཏགས་གྲོལ་སྐྱེས་བུ་ནི༔ དུས་གསུམ་རྒྱལ་བའི་མཆོད་རྟེན་ཡིན༔ ཞེས་པས༔ རྒྱུད་འདི་རྟོགས་ཤིང་བཅངས་པའི་སྐྱེས་བུ་ནི༔ སངས་རྒྱས་ཐམས་ཅད་ཀྱི་གདུང་འཛིན་སྲས་གཅིག་ཡིན་ཏེ༔ དེ་ཉིད་འདས་ཚེ་གདུང་བཞུ་བས༔ ཞེས་པ་ནི༔ དེ་ལྟ་བུའི་རྒྱུད་འཛིན་དེ་གཤེགས་པའི་ཚེ་མཆོད་པ་རྒྱ་ཆེན་པོ་བཤམས་ལ་དབུལ༔ དབེན་པའི་གནས་སུ་པུར་ཁང་ལེགས་པར་ནང་དུ༔ འོག་ཏུ་སླ་ང་བཤམས་དེའི་སྟེང་དུ་པུར་བཞུགས་ལ་ཙན་དན་དང་རྒྱ་ཤུག་ལེགས་པར་གཅེར་ལ༔ འབྲུ་མར་གྱིས་བླུགས་ཤིང་བླ་མ་དང་མཆེད་གྲོགས་དམ་ཚིག་གི་སེལ་མེད་པས་གཞུང་དང་མཐུན་པར་པུར་བཞུ༔ དེ་ལ་རྟགས་ནི༔ འཇའ་འོད་ཟེར་དང་དུད་པའི་རྟགས༔ ཞེས་པས༔ པུར་ཁང་གི་དབུས་མཐོངས་སུ་འཇའ་འཁྱིལ་པ་དང༔ དུད་པ་སྔོན་པོ་གྱེན་ལ་འགྲེང་བ་དང༔ གཡས་སུ་འཁྱིལ་པ་དང༔ མེ་འོད་དཀར་ལ་གསལ་བ་དང༔ གཡོ་འགུལ་མེད་ཅིང་མེ་ལྕེའི་རིགས་བུདྡྷའི་ཕྱག་མཚན་དུ་འབྱུང་བའོ༔ དུད་པ་ཡལ་བའི་དུས་སུ་བརྟག་པར་བྱ་སྟེ༔ གདུང་རིགས་ལྔའམ་གཅིག་འབྱུང་ངེས༔ ཞེས་པས༔ གང་ཟག་གི་རིགས་ཀྱིས་གདུང་རིགས་རྣམ་པ་ལྔ་འབྱུང་བའམ༔ གང་རུང་གཅིག་འབྱུང་ངེས་ཏེ༔ རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ རྡོ་རྗེ་རིན་ཆེན་པད་མའི་གདུང༔ ལས་དང་དེ་བཞིན་གཤེགས་པའི་གདུང༔ ཞེས་པས༔ བཏགས་གྲོལ་བཅངས་པའི་སྐྱེས་བུ་དེ༔ ཕྱིར་མི་ལྡོག་པའི་ས་ནོན་པའི་རྟགས་སུ་རྡོ་རྗེའི་གདུང་དང༔ རིན་པོ་ཆེའི་གདུང་དང༔ པད་མའི་གདུང་དང༔ ལས་ཀྱི་གདུང་དང༔ དེ་བཞིན་གཤེགས་པའི་གདུང་དང་ལྔའོ༔ ཤ་ཁྲག་ལུས་དང་ཡན་ལག་དང༔ འབྱུང་འདུས་ལྔ་ལ་རྟེན་དུ་འབྱུང༔ ཤ་རཱི་རམ་དང་ཆུ་རཱི་རམ༔ བ་རཱི་རམ་དང་ཉ་རཱི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང༔ རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང༔ དེ་རྣམས་སྐུ་ཐོབ་རྟགས་ཡིན་ནོ༔ ཞེས་པས༔ ཤའི་རྟེན་དུ་གདུང་ཤ་རཱི་རམ་འབྱོན་ཏེ༔ ཡང་དག་པའི་རྟེན་དུ་བཞག་པའོ༔ ཁྲག་གི་རྟེན་དུ་ཆུ་རཱི་རམ་འབྱོན་ཏེ་སྲ་ཞིང་མཁྲེགས་(༡༥༦)པ་རྡོ་རྗེའི་གདུང་དུ་བཞག་པའོ༔ རུས་པའི་རྟེན་དུ་བ་རཱི་རམ་འབྱོན་ཏེ་རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ༔ ཡན་ལག་གི་རྟེན་དུ་ཉ་རཱི་རམ་འབྱོན་ཏེ་ཤིན་ཏུ་སྲ་ཞིང་མཁྲེགས་པ་ལས་ཀྱི་གདུང་དུ་བཞག་པའོ༔ འབྱུང་བ་ལྔའི་དྭངས་མ་ལས་པཉྩ་རམ་འབྱོན་ཏེ༔ ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ༔ ཞི་བ་དང་ཁྲོ་བོའི་སྐུ་གང་བྱུང་ཡང་དེ་ཡན་ཆད་སྐུ་ཐོབ་པའི་རྟགས་བསྟན་པའོ༔ གསུང་ཐོབ་པའི་རྟགས་ནི༔ གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔ ཞེས་པས་མེ་འོད་ནི༔ འོད་ཁྱིམ་དང༔ གྱེན་འགྲེང་༼ཞག་ལྔ་ན་བུདྡྷ་ཐོབ་༽དུ་སྤྲས་པ་ལྟ་བུ་འབྱུང་ངོ་༔ སྒྲ་ཡང་༼ཞག་བདུན་ན་བུདྡྷ་ཐོབ་༽འུར་བ་དང༔ ཐུག་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་གསུང་ཐོབ་པའི་རྟགས་སོ༔ ཐུགས་ཐོབ་པའི་རྟགས་ནི༔ འཇའ་ཚོན་ནམ་མཁའ་དྭངས་གསལ་བ༔ ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ༔ ཞེས་པ་ནི༔ སེམས་ཅན་ཀུན་གྱི་སྙིང་གི་ནང་ན༔ མཐིང་ཀ་དང༔ དཀར་པོ༔ སེར་པོ༔ དམར་དང་ལྗང་བའི་མདངས་ཐུགས་ཀྱི་རྟགས་སུ་བཞག་པའོ༔ ནམ་མཁའ་དྭངས་ཤིང་གསལ་བ་དང༔ འཇའ་ཚོན་སྣ་ལྔ་ཤར་བ་ནི་ཐུགས་ཐོབ་པའི་རྟགས་སོ༔ གདུང་འབྱུང་བའི་གནས་ནི༔ གདུང་རིགས་ལྔ་ནི་འདི་ལས་འབྱུང༔ མགོ་དང་ཁྲག་དང་སྒལ་ཚིགས་དང༔ རྐང་དང་སྙིང་ལས་འབྱུང་བ་ཡིན༔ ཞེས་པས༔ གདུང་ཤ་རཱི་རམ་མགོ་ལས་འབྱུང༔ ཆུ་རཱི་རམ་ཁྲག་ལས་འབྱུང༔ བ་རཱི་རམ་སྒལ་ཚིགས་ལས་འབྱུང༔ ཉ་རཱི་རམ་ཡན་ལག་གི་རྐང་ལས་འབྱུང་ངོ་༔ པཉྩ་རམ་སྙིང་ལས་འབྱུང༔ གདུང་དེ་རྣམས་ཀྱིས་འབྲས་བུ་གང་ཐོབ་ན༔ རྟགས་ལ་འབྲས་བུ་འདི་བཞིན་འབྱུང༔ ཤ་རཱི་ཆུ་རཱི་བ་རཱི་ཡིས༔ སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ༔ ཉ་རཱི་པཉྩ་རམ་གྱིས་སུ༔ སྤྲུལ་སྐུ་སྐུ་ལྔ་ངེས་པར་ཐོབ༔ ཅེས་པས༔ གདུང་ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ༔ ཆུ་རཱི་རམ་གྱིས་ཡོན་ཏན་འཕེལ༔ བ་རཱི་རམ་གྱིས་ལོངས་སྐུ་ཐོབ༔ ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ༔ པཉྩ་རམ་གྱིས་སྐུ་ལྔ་ཐོབ་པའོ༔ སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔ༔ རྒྱུད་འདི་བཏགས་གྲོལ་བཅངས་པས་འབྱུང་གདུང་ཚད་ངེས་པ་མེད་(༡༥༧)པར་གསུངས༔ ཞེས་པས༔ ཡོན་ཏན་དེ་རྣམས་རྒྱུད་འདི་རྟོགས་པ་ལ་བཅངས་པས་འབྱུང་ངོ་༔ གདུང་རིགས་མང་ཡང་གཅིག་ལས་མ་བྱུང་ཡང་ཡོན་ཏན་གོང་ལྟར་ཐོབ་བོ༔ མང་ཉུང་ལ་ངེས་པ་མེད་དོ༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་ཀྱི་སྙིང་པོའི་བཅངས་ཐབས་དང༔ གཞན་དོན་དང་རྟགས་བསྟན་དང༔ འབྲས་བུའི་ཐོབ་ཚུལ་བསྟན་པའོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ན།ཏཅ།༔ རྒྱ་རྒྱ་རྒྱ༔

ཡོན་ཏན་འབྱུང་ཚུལ་གྱི་ཏི་ཀ

༄༅༔ ཡོན་ཏན་འབྱུང་ཚུལ་གྱི་ཏི་ཀའོ༔

༄༅༔ ༁བླཐམྲ༔ འཕྲད་ཆོག་དོན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ རྒྱུད་འདི་གནས་ལུགས་མ་རྟོགས་ཀྱང༔ འབྲས་བུའི་རྒྱུད་འདི་ཉིད་བཅངས་པ་ཙམ་གྱིས་ཀྱང༔ འཚང་རྒྱ་བས་ཁྱད་པར་འཕགས་ཏེ༔ རྒྱུད་ལས༔ ཨེ་མ་འདི་ནི་ཁྱད་པར་འཕགས༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ༔ དབང་པོ་རྣམ་ལྔ་འོན་གྱུར་ཅིང༔ རྒན་གཞོན་ཕོ་མོ་དགེ་སྡིག་མེད༔ བག་ཆགས་བཟང་ངན་མེད་པ་རུ༔ འདི་ཉིད་བཅངས་པས་བུདྡྷའོ༔ ཐ་མ་དབུགས་ལ་བསླེབས་ཀྱང་གྲོལ༔ སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན༔ ཞེས་པས་ཆོས་འདི་ལྟ་བུ་ནི་ཁྱད་པར་ལྔས་འཕགས་ཏེ༔ གང་རུང་རུང་གི་སྤྱོད་ཡུལ་མ་ཡིན་ནོ༔ འཛམ་བུ་གླིང་ལས་གཞན་ན་མེད་པར་ཡིད་ཆེས་སོ༔ རྒྱུད་འདི་བཏགས་པས་ཆོག་སྟེ་ཡི་གེ་ལྟ་མི་དགོས་པའི་ཕྱིར་རོ༔ མིག་ལོང་ཡང་ལྟོ་བ་མེད་དོ༔ བྱ་བ་ཚིག་རྒྱུད་གཞན་ཐམས་ཅད་དཔེ་ཆ་ལ་ལྟོས་པས་མིག་མེད་ན་ཚིག་དོན་མི་ཁྲོལ་བས་དོན་མེད་དེ༔ རྒྱུད་བཏགས་ཆོག་ཁྱད་པར་འཕགས་སོ༔ འདི་ལ་རྣ་བ་འོན་ཀྱང་ལྟོ་བ་མེད་དེ་ཐོས་པ་ལ་བརྟེན་མི་དགོས་པའི་ཕྱིར་རོ༔ རྒྱུད་གཞན་ཐོས་པ་ལ་མ་བརྟེན་པར་གྲོལ་བར་མི་ནུས་ཏེ་རྒྱུད་བཏགས་ཆོག་འདི་ཁྱད་པར་འཕགས་སོ༔ རྒྱུད་འདི་དཔེ་ཆ་ལ་མི་ལྟོས་པའི་ཆོས་ཡིན་ཏེ༔ ལུས་ཞ་གྲུམ་མཛེས་ཁྱེར་ཡང་མི་ལྟོ༔ རྒྱུད་གཞན་ལུས་ངག་གི་བྱ་བ་དང་བཟླས་བརྗོད་ལ་མ་བརྟེན་ན་དོན་མེད་དེ་རྒྱུད་བཏགས་ཆོག་ཁྱད་པར་དུ་འཕགས་སོ༔ རྒྱུད་འདི་བག་ཆགས་ལ་བཟང་ངན་མེད༔ སྲབ་འཐུག་མེད་པའི་ཆོས་ཡིན་ཏེ༔ རྒྱུད་གཞན་མ་བསྒོམས་ན་དོན་མེད་པ་མང་སྟེ་རྒྱུད་འདི་(༡༥༨)བསྒོམ་མི་དགོས་ཏེ༔ རྒྱུད་བཏགས་ཆོག་ཁྱད་པར་འཕགས་སོ༔ རྒྱུད་འདི་ལ་ན་སོ་ལ་རྒན་གཞོན་མེད་པའི་ཆོས་ཡིན་ཏེ༔ རྒྱུད་གཞན་ནི་གཞོན་དུས་སུ་རྩ་རླུང་སོ་མ་ལ་བྱེད་དགོས་པ་མང་སྟེ་འདི་དབུགས་ལ་བསླེབས་པས་ཆོག་པས་རྒྱུད་བཏགས་ཆོག་ཁྱད་པར་འཕགས་སོ༔ ལས་དགེ་སྡིག་རྣམ་སྨིན་གྱིས་མ་གོས་པའི་ཆོས་རྒྱུད་འདི་ཡིན་ཏེ༔ རྒྱུད་གཞན་དགེ་སྡིག་སྤང་བླང་མ་བྱས་ན་འབྲས་བུ་མི་ཐོབ་སྟེ༔ དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང༔ རྒྱུད་འདི་དང་འཕྲད་ནས་ངན་སོང་ལས་ཐར་བར་འགྱུར་ཏེ༔ རྒྱུད་བཏགས་གྲོལ་ཁྱད་པར་འཕགས་སོ༔ རྒྱུད་འདི་འགྲོ་བ་གང་གི་དབུགས་ལ་བསླེབས་པ་ཙམ་གྱིས་ཆོག་གོ༔ རྒྱུད་འདི་འགྲོ་བ་གང་གི་ལུས་ལ་བཅངས་པ་དེ་ནི་སངས་རྒྱས་ཀྱི་གདུང་འཛིན་པས་སངས་རྒྱས་སྲས་གཅིག་ཅེས་བྱའོ༔ རྒྱུད་བཅངས་པ་ཙམ་གྱིས་ཡོན་ཏན་འབྱུང་ཚུལ་བསྟན་པའོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁མཐཏྱ༔ ཅ།ཧར༔ བླཐསགྲ༔

ཆེ་བ་བསྟན་པའི་ཏི་ཀ

༄༅༔ ཆེ་བ་བསྟན་པའི་ཏི་ཀའོ༔

༄༅༔ གྲཏཐླ༔ ཇི་ལྟར་བརྒྱུད་པ་དང་ཆེ་བ་བསྟན་པ་ནི༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉིད་ལས་མི་གཞན་སེམས་དཔའི་སྣོད༔ ཅེས་པ་ནི༔ ཆོས་ཀྱི་སྐུ་ལས་ལོངས་སྐུའི་ཐུགས་སུ་རང་བྱུང་རང་ཤར་དུ་བརྒྱུད་པའོ༔ རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས༔ རང་བྱུང་དགའ་རབ་ཐུགས་ལ་ཤར༔ ཞེས་པ་ནི༔ ལོངས་སྐུའི་བྱིན་རླབས་ཀྱི་ཐུགས་བརྒྱུད༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་སུ་རང་བྱུང་ཤར་རང་དུ་བརྒྱུད༔ སྤྲུལ་སྐུས་རང་བྱུང་གི་རྒྱུད་འདི་ཆེ་བ་བདུན་དང་བཅས་ནས་ཤྲཱི་སིང་ཧ་ལ་གཏད་ཚུལ་ནི༔ སིང་ཧ་ལ་ནི་རྒྱུད་གཏད་པས༔ ཀྱེ་ཀྱེ་ཛོ་ཀི་ཤྲཱི་སིང༔ སྣང་སྲིད་འཁོར་འདས་ཐམས་ཅད་ལ༔ ས་བོན་འདི་ཉིད་མ་རྟོགས་པར༔ ཞེས་པ་ནི༔ དོན་གྱི་རྒྱུད་ཀྱི་མན་ངག་ཆེན་པོ་འདི༔ མ་རྟོགས་པའི་ཆོས་ནི་གཅིག་ཀྱང་མེད་ཀྱིས་ཐམས་ཅད་ཀྱི་ས་བོན་རང་བྱུང་ཆེན་པོ་འདི་ཉིད་མ་རྟོགས་ན་དོན་མེད་དོ༔ བསྟན་པའི་གསུང་ནི་ཚིག་ཙམ་ཡང༔ ལྕེ་ཡི་དབང་པོས་བརྗོད་མི་ནུས༔ ཞེས་པས༔ རང་རིག་(༡༥༩)ཡེ་ཤེས་མ་རྟོགས་པར༔ ཡང་དག་པའི་དོན་མི་འབྱུང་ངེས་སོ༔ བྱིན་གྱིས་བརླབས་པའི་རྒྱུད་ཚིག་འདི༔ གང་ལ་སྣང་བའི་མི་དེས་ཀྱང༔ ཞེས་པས༔ སྐུ་གསུམ་རིམ་པར་བརྒྱུད་པའི་རང་བྱུང་གི་རྒྱུད་ཚིག་གཅིག་པོ་འདི༔ དོན་རང་བྱུང་གི་ཡེ་ཤེས་རང་གི་རྒྱུད་ལ་གནས་ཤིང་རིག་པ་འདིས༔ རྒྱུད་ཐམས་ཅད་ཀྱི་དོན་བརྗོད་པར་ནུས་ཏེ༔ མ་མཐོང་རྒྱུད་དང་བསྟན་བཅོས་རྣམས༔ ལྕེ་ཡི་དབང་པོས་བརྗོད་པར་ནུས༔ ཞེས་པས་རང་བྱུང་གི་རྒྱུད་ཚིག་གཅིག་པོ་འདི་རྟོགས་པའི་དུས་ན༔ སྔར་མ་མཐོང་བའི་ཆོས་ཐམས་ཅད་ཀྱི་དོན་ཁྲོལ་ནས་བརྗོད་པར་ནུས་པའོ༔ རྒྱུད་འདི་མ་རྟོགས་དགེ་བ་བཅུ༔ སྤྱད་ཀྱང་འཁོར་བ་ལས་མི་གྲོལ༔ ཞེས་པས༔ རྒྱུད་རང་བྱུང་གི་ཡེ་ཤེས་འདི་མ་རྟོགས་ན༔ རྒྱུ་འབྲས་ཀྱི་མཐོ་རིས་ལས་ཆོས་སྐུ་མི་ཐོབ་བོ༔ དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང༔ འདི་འཕྲད་ངན་སོང་ལྟུང་མི་སྲིད་༔ ཅེས་པས་རིག་པ་རང་བྱུང་གི་ཡེ་ཤེས་འདི་རྟོགས་པའི་དུས་ན༔ ལས་དང་རྣམ་སྨིན་གྱིས་མི་གོས་ཏེ༔ དཔེ་ནམ་མཁའ་ལ་ཆུ་མི་ཆགས་པ་དང་འདྲ༔ འཁོར་འདས་ཆོས་སྐུར་གྲོལ་བ་ལ༔ ངན་སོང་དུ་འགྲོ་བའི་མཁན་པོ་མེད་པའོ༔ འདི་རིག་གཡོ་མེད་སྐྱེས་བུ་དེ༔ སྒོམ་མི་དགོས་ཏེ་མཐོང་གྲོལ་འགྱུར༔ ཅེས་པས༔ མཁན་པོ་དང་བྲལ་བའི་རིག་པ་རང་བྱུང་གི་ཡེ་ཤེས་རྟོགས་པའི་དུས་སུ༔ བསྒོམ་བྱ་དང་སྒོམ་བྱེད་གཉིས་སུ་མེད་དེ་དམིགས་གཏད་ཀྱི་འཛིན་པ་རང་གྲོལ་བའོ༔ ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད༔ ཡང་དག་རྒྱུད་འདི་མ་རྟོགས་ན༔ བསྐལ་པར་ཉན་བསམས་བསྒོམས་བསྒྲུབས་ཀྱང༔ དུས་གསུམ་ཀུན་ཏུ་སངས་མི་རྒྱ༔ ཞེས་པས༔ ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་བུདྡྷའི་ཐུགས་རྒྱུད༔ རང་བྱུང་བ་འདི་མ་རྟོགས་ན༔ བྱ་བའི་ཚིག་རྒྱུད་སྤྲོས་པའི་མཐའ་ལ་རྩོལ་སྒྲུབ་བྱས་ཀྱང་ནེ་ཚོ་དང་འདྲ་སྟེ༔ འདས་མ་འོངས་ད་ལྟར་དུས་གསུམ་དུ་ཡང་སངས་མི་རྒྱའོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ འདི་ལ་བཏགས་གྲོལ་སངས་རྒྱས་ཏེ༔ སྐུ་ལྔ་འགྲོ་དོན་ལྷུན་གྱིས་གྲུབ༔ ཅེས་པ་ནི་འདས་མ་འོངས་ད་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང༔ རང་རིག་སེམས་ཀྱི་(༡༦༠)རྒྱུད་ལ་ཐབས་ཀྱིས་བཏགས་ཤིང་ཤེས་རབ་ཏུ་གྲོལ་བས་མ་བསྒྲུབས་རྩོལ་མེད་དུ་གྲོལ་བས་སངས་རྒྱས་ཤིང་འབྲས་བུ་ཐོབ་པའོ༔ རང་རིག་རྣམ་དག་ས་གཅིག་ལ༔ ཐེག་པ་ཀུན་འདུས་ས་ལམ་རྫོགས༔ ཞེས་པ་དང༔ བླ་མེད་དོན་རྟོགས་ཐེག་པ་འདི་ནང་དུ༔ རྣམ་པར་ཐར་པའི་ཐེག་པ་ཐམས་ཅད་འདུས༔ ཞེས་པ་དང༔ དག་པའི་ས་ལམ་ས་ཀུན་བསྒྲོད༔ ཅེས་པའོ༔ སྤྲུལ་སྐུས་དེ་སྐད་བཀའ་སྩལ་པས༔ སིང་ཧ་རང་རིག་གཟུང་འཛིན་གྲོལ༔ རང་བྱུང་དོན་ལ་ཡི་རངས་ཏེ༔ ཨ་ཏི་འབྲས་བུའི་རྒྱུད་འདི་བཟུང༔ ཨ་ཏི་རང་ཤུགས་ཚིག་ཏུ་བྱོན༔ འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ ལྔ་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་པ་ནི་དགའ་རབ་ཀྱིས་སིང་ཧ་ལ་རྒྱུད་ཀྱི་ཆེ་བ་བདུན་བརྗོད་པས་རང་བྱུང་གི་དོན་ལ་ཡི་རངས་ཏེ༔ འབྲས་བུ་རང་བྱུང་གི་རྒྱུད་འདི༔ སིང་ཧས་ཨོ་རྒྱན་དང༔ ལས་འཕྲོ་ཅན་གྱི་ཐུགས་སུ་བརྒྱུད་དོ༔ སྣོད་རྒྱས་གདབ་པ་ནི༔ རྒྱུད་ན་གསལ་ལོ༔ བཏགས་གྲོལ་རྒྱུད་དྲུག་སྐོར་མ་ལུས་པའི་ཐེམ་བྱང་དང་བཅས་པ་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཕྲན་དྲུག་ཏི་ཀ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔ བཀྲ་ཤིས་སོ༔

རྟ་མགྲིན་ཡབ་ཡུམ་གྱི་ལུས་དཀྱིལ།

༄༅༔ རྟ་མགྲིན་ཡབ་ཡུམ་གྱི་ལུས་དཀྱིལ་བཞུགས་སོ༔

༄༅༔ པད་མ་དབང་གི་སྐུ་ལ་ཕྱག་འཚལ་ལོ༔ ཐུགས་དམ་རྟ་ཕག་ལུས་དཀྱིལ་འདི༔ སྒྲུབ་ཐབས་གསོལ་འདེབས་བསྟོད་པ་ཕྱོགས་གཅིག་བསྟན༔ རིག་རྩལ་ངར་དང་ལྡན་པས་འདི་ལྟར་བསྒོམ༔ ༀ་མི་གནས་མི་དམིགས་ཆོས་སྐུ་དེ་བཞིན་ཉིད༔ ཨཱཿཀུན་སྣང་ཀུན་ཁྱབ་འགྲོ་ལ་སྙིང་རྗེ་བསྒོམ༔ ཧཱུྃ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྲིན་ལས་ཀྱིས༔ ཧྲཱིཿཐབས་ཤེས་ཉི་ཟླ་རྟོག་མེད་བམ་གྱི་སྟེང༔ སྐད་ཅིག་རང་རིག་རྟ་མགྲིན་དབང་གི་རྒྱལ༔ པད་མ་རཱ་གའི་མདོག་ལྟར་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བསྒྲད༔ རལ་པ་ཁམ་ནག་གྱེན་བརྫེས་སྤྱི་བོའི་གཙུག༔ རྟ་མགོ་ལྗང་ཞུར་རྔོག་མ་ལེ་བརྒན་འབར༔ དྲག་པོའི་རྟ་སྐད་ཁམས་གསུམ་དབང་དུ་སྡུད༔ སྤྱན་བགྲད་ལྗགས་འདྲིལ་མཆེ་གཙིགས་ཧཱུྃ་སྒྲ་སྒྲོགས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཕྱག་ན་བསྣམས༔ འགྱིང་ཞིང་(༡༦༡)བརྗིད་ལྡན་སྐུ་ཆེ་ཡན་ལག་རགས༔ དཔལ་གྱི་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ འཇིགས་བྱེད་གཏུམ་དྲག་དབང་གི་ཆ་ལུགས་ཅན༔ སྣ་ཚོགས་ཐབས་ལྡན་འབར་བའི་གར་དགུར་རོལ༔ གཡོན་ན་རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ༔ སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་འབར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ལ་འཁྲིལ༔ སྤྱི་གཙུག་ཕག་ཞལ་མཐིང་ཁ་ངུར་སྒྲ་སྒྲོགས༔ གཅེར་བུ་སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་གྲོལ༔ བཅུ་དྲུག་ལང་ཚོ་བ་ག་ནུ་མ་རྒྱས༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་སྟོབ་ཅིང་ཁ་ཊྭཱཾ་བསྣམས༔ རུས་རྒྱན་མེ་ལོང་དྲིལ་བུའི་རྒྱན་ཆ་འཁྲོལ༔ འོད་ཟེར་རྡོ་རྗེའི་ཚ་ཚ་སྐར་ལྟར་འཁྲུགས༔ ཡེ་ཤེས་མེ་འབར་རྡོ་རྗེའི་གུར་ཁང་བཞུགས༔ དེ་ཉིད་སྤྱི་གཙུག་ཉི་ཟླ་པད་མའི་སྟེང༔ བླ་མ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ རྡོ་རྗེ་དྲིལ་འཛིན་གཉིས་མེད་ཡུམ་དང་སྦྱོར༔ ཀུན་ཏུ་བཟང་མོ་ཁྲོ་མོ་གནམ་ཞལ་མ༔ རྡོ་རྗེ་ཐོད་ཁྲག་བསྣམས་ནས་ཡབ་དང་འཁྲིལ༔ གཅེར་བུ་གཟི་མདངས་བདེ་བས་གང་བའི་སྐུ༔ ནམ་མཁའི་མདོག་ཅན་སྒེག་ཞལ་མཉེན་ལྕུག་ལྡན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ རིན་ཆེན་རུས་རྒྱན་ཅོད་པན་དུ་མས་མཛེས༔ ཙིཏྟའི་ནང་ན་ཞི་བ་བཞི་བཅུ་གཉིས༔ དུང་ཁང་ནང་ན་འབར་བ་ལྔ་བཅུ་བརྒྱད༔ བདག་ཉིད་ལུས་ལ་ཌཱཀྐི་ཡབ་ཡུམ་ལྔ༔ གྲངས་ཅན་གྲངས་མེད་གཙོ་འཁོར་ཚུལ་དུ་གསལ༔ ཡེ་ནས་རང་ཡིན་འཛིན་མེད་རང་གསལ་གདབ༔ བླ་མ་རང་རིག་རང་གསལ་ཀུན་ཏུ་བཟང༔ བདེ་ཆེན་རྣམ་དག་སྤྲོས་བྲལ་ཀུན་བཟང་མོ༔ སྐྱེ་འགག་འགྱུར་མེད་མཉམ་ཉིད་ཆོས་ཀྱི་སྐུ༔ འགྱུར་མེད་ཐག་ཆོད་དཔའ་བོ་ཤེས་རབ་མ༔ རང་བྱུང་རང་ཤར་ཅིར་ཡང་སྟོན་ཅིང་སྤྲུལ༔ ལྷུན་གྲུབ་འདུ་འབྲལ་མེད་པ་ཨ་ལ་ལ༔ སྣང་སྲིད་རྣམ་དག་དེ་ལ་རང་ལུས་རྫོགས༔ ཡེ་ཤེས་སྐུ་མཆོག་དེ་ལ་ཕྱག་འཚལ་ལོ༔ ༀ་ཨཱཿཧཱུྃ་ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨེ་ཡཾ་རཾ་བཾ་ལཾ༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཌཱཀྐིའི་རྐྱང་སྒྲུབ།

༄༅༔ ཌཱཀྐིའི་རྐྱང་སྒྲུབ་བཞུགས་པ་ལགས་པས་གཟིགས་མཛོད༔

༄༅༔ ༁ཏྲགྲརྱབྱ།༔ བླ་མ་ཡི་དམ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལས་དང་སྐལ་བར་ལྡན་པའི་བུས༔ མཁའ་འགྲོ་མ་ལུས་དང་གྲིབ་མ་བཞིན་དུ་བསྒྲུབ་པར་བྱ་སྟེ༔ དེ་ཡང་རྣལ་འབྱོར་གསུམ་ལྡན་གྱི་སྒོ་ནས་ཉམས་སུ་བླང༔ རྒྱ་རྒྱ་རྒྱ

དེ་ལ་དང་པོ་ལྷའི་རྣལ་འབྱོར་དང༔ གཉིས་པ་སྔགས་ཀྱི་རྣལ་འབྱོར་དང༔ གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་རོ༔ དང་པོ་ལྷའི་རྣལ་འབྱོར་བསྒོམ་པ་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་དུང་བ་གཅིག་གདབ༔ དེ་ནས་རང་སྐད་ཅིག་གིས་སྟོང་པ་ཉིད་དུ་བསྒོམ༔ སྟོང་པའི་ངང་ལས་རྡོ་རྗེ་ཕག་མོ་བསྒོམ་སྟེ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ ཁྲོ་ཞལ་དམར་མོ་སྤྱན་གསུམ་མ༔ སྤྱི་གཙུག་ན་ཕག་ཞལ་མཐིང་ཁ་ངུར་བ་གཡས་སུ་ལྟ་བ༔ རལ་པ་ཁམ་ནག་ཐུར་ལ་འཕྱང་བ༔ ཕྱག་གཡས་གྲི་གུག་བསྣམས་པ༔ གཡོན་པ་ཐོད་པ་ཁྲག་གིས་བཀང་པ་ཐོགས་པ༔ ཁ་ཊྭཱཾ་ག་མཆན་ཁུང་གཡོན་དུ་བཅུག་པ༔ རུས་པའི་རྒྱན་དྲུག་དང་མེ་ལོང་དང་དྲིལ་བུའི་སྒྲ་འཁྲོལ་བ༔ ཞབས་གཡོན་བརྐྱང་བའི་བརླ་ལ༔ གཡས་བསྐུམ་པའི་མཐེ་བོང་གཏད་པ༔ མེ་རི་འབར་བའི་ཀློང་ན་རོའི་གདན་ལ་ཕྱེད་སྐྱིལ་དུ་བཞུགས་པར་བསམ་མོ༔ དེའི་སྤྱི་གཙུག་ཏུ་རྡོ་རྗེ་ཌཱཀྐི་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་རྡོ་རྗེ་རྩེ་ལྔ་བསྣམས་པ༔ གཡོན་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པ༔ རྡོ་རྗེ་རྒྱ་གྲམ་དང་རོའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཧ་ལས་བསྐྱེད༔ མགྲིན་པར་རཏྣ་ཌཱཀྐི་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་རིན་ཆེན་བསྣམས་པ༔ གཡོན་ཐོད་པ་བསྣམས་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བ༔ རཏྣ་དང་རོའི་གདན་ལ་རི་ལས་བསྐྱེད༔ ཐུགས་ཁར་པདྨ་ཌཱཀྐི་དམར་མོ་གཡས་པདྨ་གཡོན་ཐོད་པ་བསྣམས་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བ༔ པདྨ་དང་རོའི་གདན་ལ་ནི་ལས་བསྐྱེད་དོ༔ ལྟེ་བར་ལས་ཀྱི་ཌཱཀྐི་ལྗང་གུ༔ ཕྱག་གཡས་རལ་གྲི་གཡོན་ཐོད་པ་བསྣམས་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བ༔ རལ་གྲི་དང་རོའི་གདན་ལ་ས་ལས་(༡༦༣)བསྐྱེད་དོ༔ ལྷའི་དེ་ཁོ་ན་ཉིད་ཀྱི་དོན་ཡང་ལྷ་རྡོ་རྗེ་ཕག་མོ་དེ༔ ཕྱི་ལྟར་ན༔ ཡུམ་ཕ་རོལ་ཏུ་ཕྱིན་མ༔ ནང་ལྟར་ན་རྡོ་རྗེ་རྣལ་འབྱོར་མ༔ གསང་བ་ལྟར་ན་ཡུམ་ཨེ་ཀ་ཙ་ཏི་ཡིན་ནོ༔ མཁའ་འགྲོ་མ་བཞི་ཡང་ཕྱི་ལྟར་ན་འབྱུང་བ་བཞི༔ ནང་ལྟར་ན་ལྷ་མོ་བཞི༔ གསང་བ་ལྟར་ན་ཡི་གེ་བཞིའི་ངོ་བོ་ཡིན་ནོ༔

༈ གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ མ་ཧ་རི་ནི་ས༔ ཞེས་པ་མཁའ་འགྲོ་ལྔ་ཡི་སྙིང་པོ་ཡིན་ནོ༔ ཞག་བདུན་བཟླས་པས་མཁའ་འགྲོ་མས་དངོས་སུ་བྱིན་གྱིས་བརླབ་པར་འགྱུར་རོ༔ སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡང་སྙིང་པདྨ་འདབ་བཞིའི་དབུས་སུ་ཡི་གེ་ལྔའི་ཚུལ་དུ་ཡོད་པ་ལས༔ དབུས་སུ་མ་དམར་པོ་སྲོག་གི་དྭངས་མར་གནས་སོ༔ ཤར་ཕྱོགས་ཆུའི་རྩ་འདབ་དཀར་པོ་ལ་ཧ་དཀར་པོ༔ ལྷོ་ཕྱོགས་སའི་རྩ་འདབ་སེར་པོ་ལ་རི་སེར་པོ༔ ནུབ་ཕྱོགས་མེའི་རྩ་འདབ་དམར་པོ་ལ་ནི་དམར་པོ༔ བྱང་ཕྱོགས་རླུང་གི་རྩ་འདབ་ལྗང་གུ་ལ་ས་ལྗང་གུ་གནས་སོ༔ ཡི་གེ་འབྲུ་ལྔ་པོ་ཌཱཀྐི་ལྔའི་སྲོག་གི་ས་བོན་ཡིན་པས་ཌཱཀྐི་མ་རྣམས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་ཅིང༔ སྙིང་མི་འཁོར་བར་ཡི་གེ་རྣམས་འཁོར་བར་བསམ་མོ༔ རྟགས་ནི༔ བདག་གི་ཤེས་པ་འགྱུར་བ་དང༔ འཕར་བ་དང༔ ལྡེག་པ་དང༔ འཁྲབ་པ་དང༔ གླུ་ལེན་གར་བྱེད་པ་དང་སེམས་བདེ་བར་ཤར་ནས་འཁྲབ་སྙིང་འདོད་པ་རྣམས་འབྱུང་ངོ་༔ དེ་ནས་ཏིང་ངེ་འཛིན་གྱི་ཐུན་འཇོག་ཙ་ན་འཁོར་འཕྲོ་བཅད་པས་ཉམས་བདེ་ལྷན་གྱིས་འགྲོ༔

༈ ༔གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ ཌཱཀྐི་མ་ལྔ་པོ་དེ་ཡང༔ ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་ཌཱཀྐི་ལྔ༔ གསང་བ་ལྟར་ན་ཡི་གེ་ལྔའོ༔ རྫོགས་རིམ་གྱི་དེ་ཁོ་ན་ཉིད་ཀྱི་དོན་ཡང༔ ཕྱི་ལྟར་ན༔ སངས་རྒྱས་ཌཱཀྐི་ཆོས་ཀྱི་སྐུ༔ རྡོ་རྗེ་ཌཱཀྐི་ལོངས་སྐུ༔ རིན་ཆེན་ཌཱཀྐི་སྤྲུལ་སྐུ༔ པདྨ་ཌཱཀྐི་ངོ་བོ་ཉིད་ཀྱི་སྐུ༔ ལས་ཀྱི་ཌཱཀྐི་མངོན་པར་བྱང་ཆུབ་པའི་སྐུའོ༔ ནང་ལྟར་ན༔ སངས་རྒྱས་ཌཱཀྐི་གཏི་མུག་རྣམ་པར་དག༔ རྡོ་རྗེ་ཌཱཀྐི་ཞེ་སྡང་རྣམ་པར་དག༔ རིན་ཆེན་ཌཱཀྐི་ང་རྒྱལ་རྣམ་པར་དག༔ པདྨ་ཌཱཀྐི་འདོད་ཆགས་རྣམ་པར་དག༔ ལས་ཀྱི་ཌཱཀྐི་ཕྲག་དོག་རྣམ་པར་དག་པའོ༔ གསང་བ་ལྟར་ན་ཡེ་ཤེས་ལྔ་སྟེ༔ སངས་རྒྱས་(༡༦༤)ཌཱཀྐི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ རྡོ་རྗེ་ཌཱཀྐི་མེ་ལོང་ལྟ་བུའི་ཡེ་ཤེས༔ རིན་ཆེན་ཌཱཀྐི་མཉམ་ཉིད་ཡེ་ཤེས༔ པདྨ་ཌཱཀྐི་སོར་རྟོགས་ཡེ་ཤེས༔ ལས་ཀྱི་ཌཱཀྐི་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་ལྟར་ཌཱཀྐི་ལྔ་བསྒོམས་ནས༔ སྔགས་ཡིག་འབྲུ་ལྔ་བཟླས་པས༔ ཌཱཀྐི་མ་དངོས་སུ་འགྲུབ་ནས་སྐུ་ལྔ་ལྷུན་གྱིས་གྲུབ༔ དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་རང་བཞིན་གྱིས་འཆར༔ འགྲོ་བ་རྣམས་སུ་རང་བཞིན་གྱི་སྐྱེ་བའི་རྒྱུན་ཆད༔ སྐྱེ་ཤི་ལ་ཉམ་མི་ང་བ་འབྱུང་ངོ་༔ ལྟ་བ་སངས་རྒྱས་ཌཱཀྐི་སྟེ༔ ཅིར་ཡང་མ་གྲུབ་རང་བཞིན་ཡིན༔ སྒོམ་པ་རྡོ་རྗེ་ཌཱཀྐི་སྟེ༔ མི་འགྱུར་མི་ཤིགས་སྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་ཌཱཀྐི་སྟེ༔ ཀུན་དང་མཐུན་པར་རང་བྱུང་ཤར༔ འབྲས་བུ་པདྨ་ཌཱཀྐི་སྟེ༔ འཁོར་བ་མ་སྤངས་རང་སར་གྲོལ༔ དམ་ཚིག་ལས་ཀྱི་ཌཱཀྐི་སྟེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་མཛད༔ བདག་འདྲ་པདྨ་འབྱུང་གནས་ལ༔ མཁའ་འགྲོ་སྡེ་ལྔའི་ལུང་བསྟན་ཐོབ༔ མཁར་ཆེན་བཟའ་ལ་བྱིན་རླབས་ཞུགས༔ མཁའ་འགྲོས་ལུང་བསྟན་གནང་བ་ཐོབ༔ ཙིཏྟ་ཐུགས་ཀྱི་དཀྱིལ་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཌཱཀྐི་ཐོད་རྒལ་དུ་བསྒྲུབ་པ་རྫོགས་སོ༔

༈ མཁའ་འགྲོ་མའི་སྲོག་གི་སྙིང་པོ༔ ཧ་རི་ནི་ས་ཌཱཀྐི་བཞི་དབང་དུ་སྡུད་པའི་སྙིང་པོ་ཡིན་པས་རྟོགས་པ་རྒྱུད་ལ་སྐྱེར་མ་བཏུབ་ན་རྡོ་རྗེ་ཌཱཀྐི་དབང་དུ་མ་འདུས་པ་ཡིན་པས་བདུད་རྩི་ལྔ་ལ་ལོངས་སྤྱོད༔ གཅེར་བུ་བྱ༔ སྨྱོན་སྤྱོད་བྱ༔ སྣང་བ་དཀྲུག་གོ༔ ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་བཟླས་ཤིང་དབང་དུ་བསྡུའོ༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེར་ཡོང་ངོ་༔ དེས་ལྟ་བ་ཕྱོགས་མེད་རང་སར་གྲོལ༔ ཟས་ནོར་གྱི་བསོད་ནམས་འཕེལ་དུ་མ་བཏུབ་ན་རིན་ཆེན་ཌཱཀྐི་དབང་དུ་མ་འདུས་པ་ཡིན་པས༔ མེ་ཚོགས་དང༔ གོས་ཚོགས་བྱ༔ ཆགས་ཞེན་བཅད༔ ནོར་ཟས་གཡང་ཉམས་པ་ཟློག༔ ཧ་རི་ནི་ས༔ རཏྣ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་བཟླས་ཤིང་དབང་དུ་བསྡུའོ༔ བསོད་ནམས་ཁྱད་པར་ཅན་སྐྱེའོ༔ དེས་ཟས་ནོར་གཏེར་རྡོལ་བ་ལྟར་འབུལ་དུ་འོང་ངོ་༔ ལུས་ལ་དྲོད་མི་སྐྱེ་ཞིང་བུད་མེད་མི་འདུ་སྣང་བའི་དངོས་པོ་ལ་ཆགས་ཞེན་ཆེ་ན་པདྨ་ཌཱཀྐི་དབང་(༡༦༥)དུ་མ་འདུས་པ་ཡིན་པས༔ དཀའ་ཐུབ་བྱ༔ གཏུམ་མོ་སྦར༔ གོས་གདབ༔ རི་ཁྲོད་འགྲིམ༔ བདུད་རྩི་ཟ༔ ཧ་རི་ནི་ས་པདྨ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་བཟླས་ཤིང་དབང་དུ་བསྡུའོ༔ ལུས་ལ་དྲོད་སྐྱེ༔ བུད་མེད་ཀུན་གྱི་ཡིད་འཕྲོག༔ སྣང་བའི་དངོས་པོ་ལ་ཆགས་ཞེན་མི་སྐྱེའོ༔ རྟེན་འབྲེལ་སྣ་ཚོགས་འཆར་དུ་མ་བཏབ་ན༔ ལས་ཀྱི་ཌཱཀྐི་དབང་དུ་མ་འདུས་པ་ཡིན་པས༔ རིག་པ་གཅུན༔ དཀའ་ཐུབ་བྱ༔ སྣང་བ་དཀྲུག༔ རྟེན་འབྲེལ་བརྩི༔ རི་ཁྲོད་འགྲིམ༔ མཆོད་བཤགས་བྱ༔ ཧ་རི་ནི་ས༔ ཀརྨ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་བཟླས་ཤིང་དབང་དུ་བསྡུའོ༔ རིག་པ་དྭངས་ཤིང་རྟེན་འབྲེལ་སྣ་ཚོགས་པ་འཆར༔ ཡིད་ལ་གང་བསམ་པ་འགྲུབ༔ དགྲ་བགེགས་གཉིས་ཀ་ཐུལ་ལོ༔ སྣང་བ་དབང་དུ་མ་འདུས་པར༔ འདུ་བ་གང་ཡང་མེད་ན༔ འཇིག་རྟེན་གྱི་མཁའ་འགྲོ་མ་དབང་དུ་མ་འདུས་པ་ཡིན་པས༔ རི་ཁྲོད་འགྲིམ༔ ཟས་ཚོགས་བྱ༔ སྦྱིན་སྲེག་བྱ༔ གཏོར་ཚོགས་བྱ༔ ལྕགས་བརྡབ༔ ཞེ་འདོད་མེད་པའི་སྒོ་ནས་ཅི་བྱུང་ཡང་ཕཊ་ཀྱིས་བརྡབ༔ མེ་ཚོགས་བྱ༔ ཕྱེ་མར་དང་རིན་ཆེན་བསྲེག༔ ཧ་རི་ནི་ས་འགུལ་འགུལ༔ མ་མ་ཧྲིང་ཧྲིང༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་སྡུས་སྡུས༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ ཞེས་བཟླས་སོ༔ ཁྲོམ་འདུ༔ མི་འདུ༔ ནོར་འདུ༔ ཟས་འདུའོ༔ ཌཱཀྐི་མའི་བཀའ་ཆད་བྱུང་ནས་ན་ཚ་དྲག་པོ་བྱུང་བའམ༔ ཅི་བྱས་ཅིར་མི་བཏུབ་ཅིང༔ ཤེས་པ་འཁྲུལ་ན༔ གཏོར་ཚོགས་བྱ༔ གཏུན་བུ་ཆག་ཐང་ཞིག་ཁུར་ལ༔ ཕྱོགས་བཞིར་ཕར་འགྲོ་ཚུར་འགྲོ་གོམ་པ་བཅུ་ཙམ་རེ་བྱ༔ དེ་ནས་ཕྱིར་བོར་བས༔ བཀའ་ཆད་བོར་བར་བསམ་མོ༔ རྡེའུ་བཅུ་གཅིག་བསྡུས་ལ༔ རང་ལ་བསྐོར་ལ་ཕྱོགས་རེར་གོམ་པ་བཅུ་ཙམ་རེ་བོར་ལ་ལྷག་མ་དོར་ལ་བར་ཆད་དོར་བར་བསམ་མོ༔ ཧ་རི་ནི་ས༔ བུ་ཙ་སྭཱ་བྷཱ་བ་ཨཏྨ་ཀོ྅ཧཾ༔ ཞེས་བཟླས་སོ༔ ལུས་བླ་མ་ཡི་དམ་ཌཱཀྐི་གསུམ་ལ་ཚོགས་སུ་འབུལ་ལོ༔ བཀའ་ཆད་དང་དམ་ཚིག་ཉམས་པ་ཐམས་ཅད་སངས་དག་ནས་སོང་བར་བསམ་མོ༔ རང་གི་སེམས་གསལ་སྟོང་དུ་བཞག་གོ༔ (༡༦༦)མཁའ་འགྲོ་མའི་གནད་ཡིག་རྟེན་འབྲེལ༔ གདམས་པ་ཁྱད་པར་འཕགས་པ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡེ་ཤེས་ཀྱི་མཁའ་འགྲོ་མཁར་ཆེན་བཟའ་མཚོ་རྒྱལ་གྱི་དོན་དུ་མཛད་པ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དགེའོ༔

མཁའ་འགྲོ་སྔགས་ཀྱི་ལྡེ་མིག

༄༅༔ མཁའ་འགྲོ་སྔགས་ཀྱི་ལྡེ་མིག་བཞུགས་སོ༔

༄༅༔ སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ མཁའ་འགྲོ་སྔགས་ཀྱི་ལྡེ་མིག་དེ༔ སློབ་དཔོན་ཐུགས་ཀྱི་སྒོ་ཕྱེ་འཚལ༔ སློབ་དཔོན་པདྨས་བཀའ་བསྩལ་པ༔ ཡི་གེ་བཞི་པ་ཞེས་བྱ་བ༔ འདོད་དགུ་འབྱུང་བའི་སྔགས་སུ་བཤད༔ ༀ་ཨཱཿཧཱུྃ༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཡི་གེ་བཅུ་གསུམ་མཐའ་བསྒྱུར་གཉིས་དང་བཅས༔ བདག་གི་དབང་དུ་མཁའ་འགྲོ་བསྡུ་བའོ༔ ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བརྒྱད༔ མཁའ་འགྲོ་ཐོད་རྒལ་དུ་སྒྲུབ་པའོ༔ ས་ནི་རི་ཧ༔ རི་ནི་ས་ཧ༔ ས་ནི་རི་ཧ༔ རྟགས་མ་བྱུང་ན་དཀྲུགས་པའོ༔ ཨཱ་ཧ་རི་ནི་ས་ཧཱུྃ༔ རཏྣ་སི་ཏི་སྡུས་སྡུས༔ ནོར་བསྡུ་བའོ༔ ཧ་རི་ནི་ས་རཾ་རཾ༔ དྲོད་སྐྱེད་པའོ༔ ཞི་བ་དང་ཚོགས་བསགས་པ་ལ༔ ཧ་རི་ནི་ས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པ་ལ༔ ཧ་རི་ནི་ས་པཱུཥྚིཾ་ཀུ་རུ་སྭཱ་ཧཱ༔ དབང་ལ༔ ཧ་རི་ནི་ས་པ་ཤཾ་ཀུ་རུ་སྭཱ་ཧཱ༔ དྲག་པོ་ལ༔ ཧ་རི་ནི་ས་ཆྒཻ་མོ་མཱ་ར་ཡ་སོད༔ དགྲ་བགེགས་བཟློག་པ་ལ༔ ཏྲི་ཨུ་ཙ་ཏ་ཡ་ཕཊ༔ ཕྱག་རྒྱ་མ་དབང་དུ་བསྡུ་ན༔ ཧ་རི་ནི་ས་ཆྒཻ་མོ་ཁུག་ཁུག༔ རྣོ་མཐོང་འདོད་ན༔ ཧ་རི་ནི་ས་ཆུ་བུར་མིག་གི་སྒོ་སོལ༔ སྲིའུ་གསོ་ན༔ ཧ་རི་ནི་ས་པུ་ཏྲ་སི་རཾ་བྲུཾ་ནི་རཀྵ་རཀྵ༔ ལམ་སྲུང་ན༔ ཧ་རི་ནི་ས་ཆོམ་རྐུན་ཟློག་ཟློག༔ མཁའ་འགྲོ་སྔགས་ཀྱི་ལྡེའུ་མིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

༄༅༔ ཤེས་རབ་མའི་མཚལ་འདོན་པའི་རྫས་ལ༔ བྱ་ཕོའི་ཟེ་བ་ཞིབ་པར་སྣུར་ལ༔ སྔགས་འདི་གདབ་བོ༔ ཀྲིག་ནན༔ ཀྲིག་ཕྱུང༔ ཀྲིག་ཕོབ༔ འདི་བརྒྱ་རྩ་བརྒྱད་གདབ་པོ༔ དེ་ནས་ཆུ་གྲང་ལ་སྦྱར་ལ་བཏང་ངོ་༔ འདིས་འབབ་ངེས་སོ༔ འདི་གཅོད་པའི་རྫས་ལ༔ གླ་རྩི་ཐུན་གཅིག་ལ་སྔགས་འདི་གདབ་བོ༔ ༀ་ན་ཡ་ནོན༔ ཧྲི་ཁོག༔ འབྱུང་བ་ཆོད་ཅིག་སྭཱ་ཧཱ༔ འདི་བརྒྱ་རྩ་བརྒྱད་ཆུ་ལ་(༡༦༧)བཏབ་ལ་བཏང་ངོ་༔ ཟབ་ ཡང་ལུགས་གཅིག་ལ༔ དགུན་ཉལ་གྱི་ཕྱི་བའི་མཚན་མ་དང༔ མཁྲིས་པ་དང༔ དོམ་མཁྲིས་སྦྱར་ལ༔ སྔགས་འདི་གདབ་བོ༔ ༀ་སིང་ཏི་རཀྟ་རྦུད་རྦུད༔ ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་ཆང་བཟང་པོ་ཕོར་གར་ལ་བཏབ་ཏེ་ལྟོར་བཏང༔ དེས་འབབ་པོ༔ དེ་ནས་མ་ཆོད་ན༔ ༀ་སི་ཏི་རག་ཏ་རྦད་རྦད༔ ཅེས་པ་འདི་ཆུ་ལ་བཏབ་ལ་བཏང་ངོ་༔ ཟབ་ཟབ༔ གསང་ངོ་༔ ཁྲག་དེ་བཟང་ངན་བརྟག་པ་ནི༔ སྐྱེས་པ་གཙང་མ་གྲོང་བའི་ཆོས་ཀྱི་མ་གོས་པའི་དྲི་ཆུ་གཙང་མ་ལ༔ ཁྲག་དེ་བག་ཙམ་གཅིག་བཅུག་པས་ཆུ་ནང་དུ་ཀ་བ་བཙུགས་པ་ལྟ་བུ་བྱུང་ན་བཟང་ངོ་༔ ཆུ་དང་འདྲེས་པ་ལྟར་སོང་ན་ངན་པར་ཤེས་པར་བྱའོ༔ ཟབ་པོ༔ ཤིན་ཏུ་གསང་བའི་མན་ངག་ཡིན་ནོ༔

སྙིང་ཐིག་གི་བདུད་རྩི་ཕྱག་མཆོད།

༄༅༔ སྙིང་ཐིག་གི་བདུད་རྩི་ཕྱག་མཆོད་བཞུགས་སོ༔

༄༅༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཚོགས་ཀྱི་འཁོར་ལོའི་ལག་མཆོད་བྱ་བ་ནི༔ ཐོད་པ་བདུད་རྩིས་བཀང་བ་མདུན་དུ་བཞག་ལ༔ སེམས་གསུམ་སྔོན་དུ་བཏང་ལ༔ གཡོན་པའི་སྲིན་ལག་གིས་ཆང་ལ་གཏུགས་ལ༔ གཡས་པའི་ལག་མཐིལ་དུ་ཆོས་སྐོར་དུ་མུ་ཁྱུད་གཉིས་ཀྱི་བར་ལ་པད་མ་འདབ་བཞི༔ ལྟེ་བ་ལ་རང་ངོས་ནས་ཆོས་འབྱུང་ཆོས་སྐོར་དུ་བྲི༔ དབུས་སུ་ཧྲཱི་མ་ཞེས་བརྗོད་ལ་ཐིག་ལེ་གཉིས་བརྩེགས་བྱས་ལ་རྟ་ཕག་ཡབ་ཡུམ་དུ་ཀྲོང་བསྐྱེད༔ སོར་མོའི་ངོས་ནས་ཟླ་གམ་གསུམ་ལ་ༀ་ཨཱཿཧཱུྃ་བརྗོད་ལ་ཐིག་ལེ་རེ་བྱ༔ དེ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཀྲོང་བསྐྱེད༔ པད་འདབ་བཞི་ལ་རང་ངོས་ཤར་དུ་ར་ཧ་ཞེས་བརྗོད་ལ་ཐིག་ལེ་གཉིས་བརྩེགས༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ ལྷོར་ཙ་རི་ཞེས་བརྗོད་ལ་ཐིག་ལེ་གཉིས་བརྩེགས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ ནུབ་ཏུ་ཧྲཱི་ནི་ཞེས་བརྗོད་པས་ཐིག་ལེ་གཉིས་བརྩེགས་པདྨ་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ བྱང་དུ་ས་ཡ་ཞེས་བརྗོད་པས་ཐིག་ལེ་གཉིས་བརྩེགས་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ དེ་ནས་ཆང་གི་སྟེང་དུ་ཁ་སྦུབ་ལ་ༀ་ཨཱཿཧཱུྃ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ས་མ་ཡ་སྟྭཾ༔ ཞེས་བརྗོད་པས༔ ཡབ་ཡུམ་(༡༦༨)རྣམས་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་བབས་པས་ཐོད་པའི་བདུད་རྩི་དང་འདྲེས་ནས་ཁ་དོག་དཀར་དམར་ལ་རོ་མཆོག་བརྒྱ་དང་ལྡན་པར་བསམས་ལ༔ དེ་ནས་ལག་པ་གཡས་གྱེན་ལ་བཏེག་ལ༔ གཡོན་པའི་སྲིན་ལག་གིས་ཐོད་པའི་བདུད་རྩི་བླངས་ལ༔ རང་གི་སྤྱི་གཙུག་གི་བླ་མ་ཡབ་ཡུམ༔ ཕྱག་མཐིལ་གྱི་གཙོ་བོ་ཡབ་ཡུམ༔ སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ༔ རིགས་བཞི་མཁའ་འགྲོ་ཡབ་ཡུམ་རྣམས་ལ་ཚར་རེ་འབུལ༔ ཞལ་དུ་ཐིམ་ནས་དགྱེས་ཏེ་གང་འདོད་ཀྱི་དངོས་གྲུབ་སྟེར་བར་བསམ་མོ༔ དེ་ནས་ཕྱག་མཐིལ་གཉིས་ཕུལ་ལ་གདོང་པ་ལ་ཕུལ་ཏེ་ལྷ་ཚོགས་རང་ལ་ཐིམ་པར་བསམ༔ རང་ལྷའི་ང་རྒྱལ་དང་ལྡན་པས་བདུད་རྩི་གསོལ༔ གཞན་དམ་ཚིག་གཅིག་པ་རྣམས་ལ་ཡང་སྦྱིན༔ འདི་ནི་རྩ་གསུམ་ཕྱི་ནང་གི་ཚོགས་མཆོད་ཅེས་བྱ་བ༔ ཨོ་རྒྱན་པདྨས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔

རྟགས་ཡིག་དང་ཚད་ཀྱི་ཡི་གེ།

༄༅༔ རྟགས་ཡིག་དང་ཚད་ཀྱི་ཡི་གེ་བཞུགས་སོ༔

༄༅༔ མི་འགྱུར་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིང་ཐིག་བཀའ་གསང་ངེས་པ་རྒྱ་ཆེན་ལས༔ ཉམས་བླངས་རྟགས་ཀྱི་རིམ་པ་དཔག་མེད་ཀྱང༔ ཅུང་ཟད་མདོར་བསྡུས་ཁྲིད་ཀྱི་རྟགས་ཡིག་བྲི༔ མ་འོངས་ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ལུས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབས་པས༔ ཕྱེད་པའི་རྟགས་འདི་ལྟར་འབྱུང་སྟེ༔ ལུས་ལ་ཆགས་ཞེན་མེད་པ་དང༔ བཀྲེས་སྐོམ་མེད་པ་དང༔ དེ་ལྟ་བུའི་ཉམས་སྐྱེས་འདུག་ན༔ ལུས་འཁོར་བ་དང་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས་ཆེད་དུ་མ་བཟུང་བར་རང་གྲོལ་དུ་ཡོང་བ་ཡིན་ནོ༔ དེ་ལྟར་བྱུང་ན་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སེམས་གསལ་བ་དང༔ དྭངས་པ་དང༔ (༡༦༩)འཁྲུལ་པ་མེད་པ་དང༔ བྲོད་པ་སྐྱེ་བ་དང༔ ཉམས་འབར་ཞིང་བདེ་བ་ལ་སོགས་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྒྱས་ཐེབས་པའི་རྟགས་ནི༔ སྣང་བ་ཐམས་ཅད་བན་བུན་དུ་འགྲོ་བ་བྱུང་ན་རྒྱས་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྒྱས་བཏབ་པས་ཐེབས་པའི་རྟགས་ནི༔ ལུས་ཀྱི་ནང་མི་བདེ་སྙམ་བྱེད་པ་དང༔ ནང་ན་ཧཱུྃ་མེར་རེ་རོང་ངེ་ཡོད་པ་སྙམ་བྱེད་པ་བྱུང་ན་ནང་ཕུང་པོ་ལ་རྒྱས་ཐེབས་པའི་རྟགས་ཡིན༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ཕྱིའི་སྣང་བ་ཐམས་ཅད་སེང་སེང་པོ་དང༔ ཁྲོལ་ཁྲོལ་བ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ལུས་ཀྱི་ཤ་ཁོལ་ཚེར་འཕར་ཞིང་ཁྲལ་མ་ཁྲོལ་དུ་སོང་བ་དག་འབྱུང་ངོ་༔ དེ་ལྟར་བྱུང་ན་ནང་ཕུང་པོ་ལ་རྩལ་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་གཉེན་བཙལ་འབྱོངས་པའི་རྟགས་ནི༔ ལུས་སྒྱིད་ལུག་ནས་མྱལ་མ་མྱོལ་དུ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལམ་དུ་གཞུག་པ་འབྱོངས་པའི་རྟགས་སུ་ཤེས་པ་བདེ་ལམ་པ་དང་འབོལ་ཤིག་པ་འབྱུང་ངོ་༔ དེ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ཀྱིས་རྡོ་རྗེ་སྐྱིལ་ཀྲུང་འབྱོངས་པའི་རྟགས་སུ་ལུས་ཀྱི་ཤ་རྣམས་ན་བ་དང༔ ཤག་ཤིག་ཏུ་སོང་བ་སྙམ་བྱེད་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་བྱུང་ས་བརྟགས་པས་འབྱོངས་པའི་རྟགས་ནི། སེམས་བྱུང་ས་མེད་པ་ཞིག་ཏུ་ཤེས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་གནས་ས་ལ་བརྟགས་པས་འབྱོངས་པའི་(༡༧༠)རྟགས་ནི༔ སེམས་འདི་གང་དུའང་གནས་པ་མེད་པར་ཤེས་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་འགྲོ་ས་ལ་བརྟགས་པས་སེམས་འདི་ལ་འགྲོ་ས་དང་བྲལ་བ་ཅིག་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་གི་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་ལ་ཐ་མལ་གྱི་ཞེན་པ་འགག་ན་རུ་ཤན་ཕྱེད་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པའི་རྟགས་ནི༔ ལུས་རྣལ་དུ་ཕེབས་པའི་རྟགས་སུ་མི་འགུལ་བར་སྡོད་པ་དང༔ ངག་རྣལ་དུ་ཕེབས་པའི་རྟགས་སྨྲ་མི་འདོད་པ་དང༔ ཡིད་རྣལ་དུ་ཕེབས་པས་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་སོར་ཆུད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐེངས་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་འབྱོངས་པའི་རྟགས་ནི༔ ལུས་ཀྱི་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང༔ ངག་ལྐུགས་པ་ལྟར་འགྲོ་བ་དང༔ སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་གནད་རྣམ་པ་བཞི་འབྱོངས་པའི་རྟགས་ནི༔ དང་པོ་སྒོའི་གནད་འབྱོངས་པའི་རྟགས་སུ་ནི་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་སོ༔ ཡུལ་གྱི་གནད་འབྱོངས་པའི་རྟགས་སུ་ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་རོ༔ རླུང་གི་གནད་འབྱོངས་པའི་རྟགས་སུ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ༔ རིག་པའི་གནད་འབྱོངས་པའི་རྟགས་ནི༔ ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ༔ དེ་མ་བྱུང་གི་བར་དུ་བསྐྱར་རོ༔ (༡༧༡) དེ་མན་ཆད་ཀྱི་སྣང་བ་བཞིའི་རྟགས་ནི༔ ཁྲིད་ཀྱི་ཏི་ཀ་ན་གསལ་ལོ༔ ཉམས་སུ་ལོན་པའི་རྟགས་ཡིག་ཟུར་ཙམ་བཀོད་པ་རྫོགས་སོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

༄༅༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ སྙིང་ཐིག་གསང་བ་བླ་མེད་ལས༔ ཉམས་སུ་ལེན་པའི་གང་ཟག་གི༔ ཚད་ཀྱི་ཡི་གེ་ཅུང་ཟད་བྲི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ དེའི་རྟགས་རྣམས་རྫོགས་ནས་ཕྱི་མར་འདི་དང་འཕྲད་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ལུས་ངག་ཡིད་གསུམ་གནད་དུ་གཅུན་པའི་ཚད་ནི༔ འདི་ཡི་རྟགས་རྫོགས་ནས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ༔ ཉམས་གོང་འཕེལ་གྱི་ཚད་ནི༔ དེའི་རྟགས་རྫོགས་ནས་བར་དོ་དང་པོ་ལ་སངས་རྒྱ་བ་ཡིན་ནོ༔ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བའི་རྟགས་ནི༔ དེའི་རྟགས་རྫོགས་ནས་བར་དོ་མེད་པར་སངས་རྒྱའོ༔ དེ་ནས་ཆོས་ཉིད་ཟད་པའི་ཚད་ནི༔ དེའི་རྟགས་རྫོགས་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ ཕྱིའི་ཚད་གདེང་བཞིའི་རྣལ་འབྱོར་རོ༔ དེ་ནས་ཕྱིའི་རྟགས་རྣམས་བཤད་དེ༔ འོད་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་འོད་འབྱུང༔ ཐིག་ལེ་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་སྐུ་གདུང་རིང་བསྲེལ་འབྱུང་ངོ་༔ རླུང་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་སྒྲ་འབྱུང་ངོ་༔ དབྱིངས་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་ས་གཡོ་བ་འབྱུང་ངོ་༔ ཞིང་ཁམས་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་འཇའ་ཚོན་འབྱུང་ངོ་༔ སྐུ་ཚད་ལ་ཕེབས་པའི་རྟགས་སུ་སྐུ་འབྱུང་བ་ཡིན་ནོ༔ དེ་རྣམས་ཕྱིའི་རྟགས་སོ༔ ཉམས་སུ་ལེན་པ་རྣམས་ཀྱི་ཆེད་དུ་ཚད་ཀྱི་ཡི་གེ་ཟུར་ཙམ་བཀོད་པ་འདི་གང་ཟག་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྫོགས་སོ༔

ཌཱཀྐི་དྲིལ་སྒྲུབ་གསང་བ་སྙིང་གི་དུམ་བུ།

༄༅༔ ཌཱཀྐི་དྲིལ་སྒྲུབ་གསང་བ་སྙིང་གི་དུམ་བུ་བཞུགས་པ་ལགས་སོ༔

༄༅༔ ཐརྣྱ།ཐས།༔ རིགས་ཀྱི་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་འཁོར་བ་བློས་བཏང་བ༔ རི་ཁྲོད་དགོན་པ་འགྲིམ་ནུས་པ་གཅིག་གིས༔ ཡང་གསང་ཌཱཀྐི་སྙིང་ཐིག་བསྒོམ་ཞིང༔ ཌཱཀྐི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འདོད་པས༔ ཌཱཀྐི་ཐོད་རྒལ་གནད་འབེབས་སུ་བསྒྲུབ་པར་བྱ་སྟེ༔ དེ་ལ་གསུམ་རྣལ་འབྱོར་བཞི་ལྡན་གྱི་སྒོ་ནས་ཉམས་སུ་བླང་ངོ་༔ དེ་ལ་དང་པོ་ལྷའི་རྣལ་འབྱོར་དང་གཅིག༔ སྔགས་ཀྱི་རྣལ་འབྱོར་དང་གཉིས༔ རྫོགས་རིམ་གྱི་རྣལ་འབྱོར་དང་གསུམ༔ ལས་མཐའི་རྣལ་འབྱོར་དང་བཞིའོ༔ རྒྱ་རྒྱ་རྒྱ༔

དེ་ལ་དང་པོ་ལྷའི་རྣལ་འབྱོར་བསྒོམ་པ་ནི༔ ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་ལས་ལ་སྦྱར་རོ༔ དེ་ཡང་རྒྱུའི་ཏིང་ངེ་འཛིན་ལ་བརྟེན་ནས་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་སྐུ་གསལ་གདབ་པ་ནི༔ ངག་ཏུ་ༀ་ཨཱཿཧཱུྃ་ཧྲཱིཿཔདྨ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཞེས་བརྗོད་པས༔ བདག་རྡོ་རྗེ་ཕག་མོར་བསྒོམ་སྟེ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཁྲོ་ཞལ་སྤྱན་གསུམ་ལ་སོགས་པ་གཞུང་དང་མཐུན༔ དེ་ལྟར་གཙོ་མོ་བསྐྱེད་ནས་དེ་ལ་བསྐོར་བའི་འཁོར་བསྐྱེད་པ་ནི༔ ཤར་དུ་རྡོ་རྗེ་ཌཱཀྐི་དཀར༔ ལྷོར་རིན་ཆེན་ཌཱཀྐི་སེར༔ ནུབ་ཏུ་པདྨ་ཌཱཀྐི་དམར༔ བྱང་དུ་ལས་ཀྱི་ཌཱཀྐི་ལྗང༔ བཞི་པོ་དེས་བསྐོར་བ་གཡས་བསྐོར་དུ་སྒོ་རོ་རོ་བསྐོར་བར་བསམས་ལ༔ སྔགས་ཡིག་འབྲུ་བཅུ་པོ་འདི་དྲག་ཏུ་བཟླས་སོ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ༔ ༼གཙོ་མོ་ཆོས་ཉིད་ཀྱི་ངང་དུ་འགྱུར་མེད་དུ་བསྒོམ་མོ་འཁོར་རྣམས་གླུ་དང༔ གར་དང༔ སྐོར་བ་དང༔ འཁྲབ་པ་དང༔ དགོད་པ་དང༔ ལྡེག་པ་དང་རྣམ་འགྱུར་སྣ་ཚོགས་སུ་བསྒོམ་མོ༔༽ ཞེས་དྲག་ཏུ་ཞག་བདུན་བཟླས་སོ༔ དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས༔ རྟགས་ནི་འདུ་བ་རྣམ་གསུམ་འབྱུང༔ ཁྲོམ་འདུ་མི་འདུ་བུད་མེད་འདུ༔ ནོར་དང་ཌཱཀྐི་ཆོས་སྐྱོང་འདུ༔ སྔགས་བཙུན་སྐྱེ་བོ་རྒྱལ་འབངས་འདུ༔ འབར་བ་གསུམ་འབྱུང་སྟེ༔ བདག་གི་ཤེས་པ་འགྱུར་བ་དང༔ འཕར་བ་དང༔ ལྡེག་པ་དང༔ འཁྲབ་པ་དང༔ སེམས་བདེ་བར་ཤར་ནས་འཁྲབ་སྙིང་འདོད་པ་རྣམས་འབྱུང་ངོ་༔ དེ་ནས་ཏིང་ངེ་འཛིན་གྱི་ཐུན་འཇོག་ཙ་ན་འཁོར་འཕྲོ་བཅད་པས་ཉམས་བདེ་(༡༧༣)ལམ་གྱིས་འགྲོའོ༔ དེ་ནས་གཏོར་མ་གཏོང་བ་ནི་དབུས་སུ་ཆེ་བ་གཅིག་ལ་མཐའ་མ་འདབ་མ་བཞིས་བསྐོར་བ་ལ་ཤ་ལྔ༔ བདུད་རྩི་ལྔ༔ མར༔ ནས༔ ཁུར་བ༔ ཆང༔ སྒོག་པ་ལ་སོགས་པ་ཅི་འབྱོར་བྲན་ནོ༔ སྟོང་གསུམ་གང་བར་སྤྲུལ་ནས་དབུལ་བ་ནི༔ ༀ་ཨཱཿཧཱུྃ་པདྨ་གུ་རུ་ཁཱ་ཧི་ཁཱ་ཧི༔ བུདྡྷ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ བཛྲ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ རཏྣ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ པདྨ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ ཀརྨ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ བྷི་ཤྭ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ ལོ་ཀ་ཌཱཀྐི་ནི་ཁཱ་ཧི་ཁཱ་ཧི༔ ལས་མཁན་ཌཱཀྐི་ནི་ཨེ་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ལོ༔ དེ་ནས་གྱེར་སྒོམ་དུ་བྱ་བའི་ཕྱིར་དབྱངས་དང་བཅས་པས་ཐོད་རྔ་དཀྲོལ་ཞིང་འདི་སྐད་དུ༔ ཧཱུྃ་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས༔ ཞེས་པ་སོགས་ཀྱིས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ་བོ༔ བསྐུལ་བྱ་ཞིང་ཉམས་སྐྱོང་ངོ་༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ངོ་༔ དེ་ལྟར་བསྒྲུབས་ན་རབ་ཞག་བདུན༔ འབྲིང་ཉེར་གཅིག་ཐ་མས་ཀྱང་ཟླ་བ་གཅིག་གིས་འགྲུབ་ངེས་སོ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ འདི་ལས་ཟབ་པའི་ཆོས་མེད་པས༔ འདི་དང་སྙིང་ཐིག་སྦྲེལ་བ་ན༔ རིན་ཆེན་གསེར་གྱི་མཎྜལ་ལ༔ གཡུ་ཡི་རྒྱན་གྱིས་བཀོད་དང་འདྲ༔ བདག་གཞན་དོན་གཉིས་འགྲུབ་པ་སྟེ༔ འགྲོ་དོན་དཔག་ཏུ་མེད་པ་འབྱུང༔ ལྡང་ལྷས་བཀའ་ཡི་བྱ་ར་གྱིས༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ གཅིག་ལས་སྤེལ་ན་སྙིང་ཁྲག་ཐང་ལ་ཕོས་ཤིང་གཏེར་སྲུང་རྣམས༔ རྒྱ་རྒྱ་རྒྱ༔

ལོ་རྒྱུས།

༄༅༔ ལོ་རྒྱུས་བཞུགས་སོ༔

༄༅༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ པདྨ་འོད་ཀྱི་གུར་ཁང་དུ༔ སངས་རྒྱས་རིགས་ཀྱི་ཌཱཀྐི་མས༔ མཁའ་འགྲོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ བསྟན་ནས་འདི་ཉིད་མ་བསྟན་པར༔ སྒོམ་སྒྲུབ་མཛོད་ཅིག་སྤྲུལ་པའི་སྐུ༔ ཟེར་ནས་མེད་པར་སོང་བ་དང༔ ཨོ་རྒྱན་པདྨ་བདག་གིས་སུ༔ བོད་ཡུལ་དབུས་སུ་ཁྱེར་ནས་བྱོན༔ དེ་ནས་གཙང་གཡའ་རི་གོང་དུ་སྒྲུབ་པ་མཛད་པའི་དུས་སུ་ནུབ་གཅིག་ཌཱཀྐི་མ་དངོས་སུ་བྱོན་ནས༔ ཨོ་རྒྱན་ཁྱོད་ཀྱིས་ངའི་ཆོས་ཟབ་ཟོང་དུ་མ་བཏང་ཞིག༔ ཟེར་ནས་མི་སྣང་བར་སོང་བ་ཏིང་ངེ་འཛིན་ལ་(༡༧༤)མཉམ་པར་བཞག་ནས་བལྟས་པས་ཐུགས་སྲོག་འདི་ཞུ་བ་བརྗེད་འདུག་པ་མཐོང་ནས༔ བདུད་རྩི་ཨ་མྲ྇་ཏ་ཁལ་གཅིག་ཕྱག་རྟེན་དུ་ཕུལ་ནས་གསོལ་བ་བཏབ་སྟེ༔ འདི་ཞུས་པས༔ འཁོར་གྱི་ཌཱཀྐི་རྣམས་མ་མཉེས་པར་སྤྱན་ཆབ་བཀུའོ༔ རྒྱ་རྒྱ་རྒྱ༔

རྫས།

༄༅༔ རྫས་བཞུགས་སོ༔

༄༅༔ ཨོ་རྒྱན་ལ་ན་མོ༔ ཌཱཀྐི་ཐོད་རྒལ་དུ་བསྒྲུབ་པ་ལས༔ སྦས་དང་གབ་མེད་གྱིབ་མེད་པའི༔ གནད་སྒྲུབ་མན་ངག་དམ་པ་འདི༔ སངས་རྒྱས་ཌཱཀྐི་ཉིད་ཀྱིས་སུ༔ བཀའ་རྒྱ་མནའ་དང་བཅས་ནས་བྱིན༔ གནད་སྒྲུབ་འཕྲུལ་གྱི་དུམ་བུ་ལས༔ མཁའ་འགྲོའི་རྫས་གནད་འདི་ལས་མེད༔ བུད་མེད་བཞི་བཅུ་མན་ཆད་ནས༔ བཅུ་གཉིས་ཡན་ཆད་གྲིར་ཤིའི་སྙིང༔ དེ་ཡང་མཚན་ལྡན་མཆོག་ཏུ་བཤད༔ བྱེ་༼བ་དང་༽ཡུགས་༼ས་མོ་༽ནད་བུ་གཅོང་ཅན་༼མཛེ་བྱུང་བ་༽མི་རུང་ངོ་༔ སྐྱེས་པ་དག་ཀྱང་དེ་དང་འདྲ༔ སྐྱེས་དར་གྲི་རུ་ཤི་བའི་སྙིང༔ ཕོ་མོ་མ་འཕྲད་པའི་བྱང་སེམས་༼དཀར་དམར་༽གཉིས་ཏེ་བཞིའོ༔ སིན་དྷུ་ར་དང་གཅིག༔ གྷི་ཝཾ་དང་གཉིས༔ ཨ་མྲ྇་ཏ་ཨེན་ཅིག་དང་གསུམ༔ མཐིང་གི་ཤོག་གུ་ལ་གསེར་དང་མཚལ་བསྲེས་པས་སྲོག་སྙིང་བྲིས་པ་དང་བཞི༔ མེ་ལོང་མཐོ་སྐོར་མ་དང་གཅིག༔ ཐོད་པ་ལྟག་སྤྲོད་རྔ་དང་གཉིས༔ དྲིལ་བུ་དང་གསུམ༔ ཐོད་པ་དུམ་བུ་གཅིག་པ་དང་བཞི༔ རྡོ་རྗེ་ཕག་མོའི་སྐུ་ཙཀ་ལི་དང་ལྔའོ༔ དེ་རྣམས་བསག་གོ༔ གནད་སྒྲུབ་འཕྲུལ་གྱི་དུམ་བུ་ལས༔ བསྒྲུབ་མི་དགོས་ཏེ་བསགས་པས་འགྲུབ༔ རྒྱ་རྒྱ་རྒྱ༔ འདི་རྫས་བསགས་པས་འགྲུབ་པ་ཡིན༔ སོག་པ་དང་འགྲུབ་པ་དུས་མཉམ་དུ་འབྱུང༔ མཛོད་ཀྱི་ཐིལ་ཡིན་རྫས་ཀྱི་སྒྲུབ་པ་འདི༔ བསམ་པས་འགྲུབ་པས་ཁྱད་པར་འཕགས་སོ༔ ཌཱཀྐི་༼སྒྲུབ་པ་༽ཐོད་རྒལ་སྒྲུབ་པ་ལ༔ སྒྲུབ་པའི་བཅའ་ཐབས་བསྟན་པར་བྱ༔ འདི་ནི་ཌཱཀྐིའི་གནད་༼སྲོག་སྙིང་འཆར་བར་བཅང་བའོ་༽ཡིག་ཡིན༔ གཞན་ལ་སྤེལ་ན་སྲོག་ལ་ཡོང༔ གནད་ཀྱི་ཡི་གེ་འདི་ལྟར་བཅའ༔ དང་པོ་རྣལ་འབྱོར་༼གདེང་དང་ལྡན་པས་༽བདག་ཉིད་ཀྱིས༔ དབེན་པའི་གནས་སམ་༼མཁའ་འགྲོ་མ་འདུ་བའི་ས་༽དུར་ཁྲོད་དུ༔ རྫས་དང་ཡོ་བྱད་ཀུན་ཁྱེར་ནས༔ མཎྜལ་ཟླ་གམ་༼དབང་དང་འདྲ་༽དམར་པོ་བྱུག༔ ཕྱོགས་ཀྱི་ཁ་དོག་༼ཞི་རྒྱས་༽(༡༧༥)གཞན་དང་མཐུན༔ དེ་སྟེང་མཉྫིའི་སྟེང་དུ་ནི༔ ཐོད་པ་དུམ་བུ་གཅིག་པ་བཞག༔ དེ་ཡི་ནང་དུ་གནད་༼སྲོག་སྙིང་༽ཡི་གེ༔ འཁོར་ལོ་རྫས་དང་༼ཙིཏྟ་དང་༽བཅས་པ་བཞུགས༔ བསྐྱེད་རིམ་འཁོར་ལོ་བསྐོར་བ་གཞུང་ལྟར་ཤེས༔ སྲོག་སྙིང་གནད་ནས་༼སྒྲུབ་དུས་ཐུན་བཞི་བཅག་ན་སྨྱོ་འབོགས་འོང་༽གཟིར་བ་དྲག་པོར་བཤད༔ གོང་མའི་༼ཧྲཱི་མ་ལ་སོགས་༽ཡི་གེ་བཅུ་པ་ལ༔ འདི་བཏགས་༼རྩ་དྲུག་པ་༽ཞག་བདུན་བཟླས་པས་འགྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧ་རི་ནི་ས༔ ཕཊ་ཕཊ་ཕཊ༔ ར་ཙ་ཧྲཱི་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་ཧྲིང་ཧྲིང་ཧྲིང༔ ཛ་ཛ་ཛ༔ ཞེས་བཟླས་སོ༔ དེ་ལྟར་གསང་སྔགས་སོ་དྲུག་པ༔ ཞག་བདུན་བཟླས་པས་རྟགས་རྣམས་རྫོགས༔ འདི་ལ་བསྙེན་པ་མ་ཐེམ་པར༔ ལས་ཚོགས་སྤྱད་ཀྱང་༼རང་ལ་ལྡོག་པས་༽དོན་མེད་དེ༔ ནུས་མེད་འདྲེ་རྡུང་བྱེད་དང་འདྲ༔ ཐེམ་ནས་ལས་ཚོགས་སྤྱད་པས་༼གསུམ་པ་དང་བརྒྱ་རྩ་ལ་༽ཆོག༔ ཐུན་བཞི་བཅག་ན་དམ་ཚིག་ཉམས༔ མཁའ་འགྲོ་གནད་ཀྱི་སྒྲུབ་ཐབས་༼སྲོག་སྒྲུབ་༽འདི་ཡིན་ནོ༔ འདི་མིན་གཏེར་དུ་སྦས་པ་མེད༔ རྒྱ་རྒྱ་རྒྱ༔

༈ གནད་འབེབས་བླ་རྡོ༔ ཨོ་རྒྱན་བདག་གི་ཐུགས་ཕྱུང་པ༔ གནད་འབེབས་སྲོག་སྙིང་བཅང་ཐབས་ནི༔ དང་པོ་གཙོ་མོའི་སྐུ་བྲིས་ལ༔ དེ་ཡི་ལྟོ་བར་འཁོར་ལོ་༼སིནྡྷུ་ར་བྱང་སེམས་དཀར་དམར་མཚལ་གྷི་ཝཾ༔ ཙནྡན་དཀར་དམར་གཉིས་བུད་མེད་མཚན་ལྡན་མ་རུས་པ་མི་གཅིག་པ་བཞིའི་གདོང་གི་དྲེག་པ་དེ་ཚོ་འཁོར་ལོ་བྲི་བའི་རྫས་སོ་༽བསྐོར༔ རྩིབས་བཞི་རྩེ་མོ་ནང་དུ་བསྟན༔ དེ་ལ་མོ་ཡིག་བཞི་པོ་བྲི༔ ༼མགོ་ནང་དུ་བསྟན་ལ་༽སྲོག་སྙིང་༼གནད་ཀྱི་ཡི་གེ་༽སོ་དྲུག་ལྟེ་བར་བྲི༔ རྩིབས་མཆན་དབང་དུ་༼ལྷ་འདྲེ་མི་གསུམ་༽སྡུས་ཤིག་བྲི༔ མུ་ཁྱུད་རྟེན་འབྲེལ་བྲི་བར་བྱ༔ གསེར་ལས་༼ཟུར་གསུམ་དག་ལ་༽བྲིས་པའི་སྙིང་པོ་དག༔ གཙོ་མོའི་སྙིང་ཁར་༼མགོ་མཐུར་དུ་བསྟན་༽རྒྱབ་ནས་དགབ༔ མགོ་མཇུག་མ་ལོག་དྲིལ་བྱས་ལ༔ དར་ཟབ་སྣ་ལྔ་དག་གིས་གྲིལ༔ ཟངས་ཀྱི་གའུའི་ནང་དུ་གཞུག༔ དེ་ནི་ཞིང་ཆེན་ལྤགས་ཀྱིས་གཏུམས༔ དེ་ནི་དར་ཟབ་དག་གིས་གྲིལ༔ གཡས་པའི་མཆན་འོག་དག་ཏུ་བཅང༔ མཁའ་འགྲོ་ལུས་དང་གྲིབ་མ་འདྲ༔ གཞན་ལ་སྤེལ་ན་རང་སྲོག་འཆད༔ མ་སྤེལ་སྙིང་གི་དཀྱིལ་དུ་ཆོངས༔ དྲིལ་སྒྲུབ་སྙིང་གི་དུམ་བུ་འདི༔ འདི་མིན་(༡༧༦)གཏེར་དུ་སྦས་པ་མེད༔ རྒྱ་རྒྱ་རྒྱ༔

༈ ལས་ཚོགས་གསུམ་གྱི་དང་པོ༔ ཨོ་རྒྱན་ཉིད་ལ་ན་མོ༔ གནད་སྒྲུབ་འཕྲུལ་གྱི་དུམ་བུ་༼མན་ངག་གི་བཅུད་ཡིན་༽ལས༔ རེ་མ་ཏི་ཐུགས་ཀྱི་སྒྲུབ་པ་ཡིན༔ ཨོ་རྒྱན་པདྨ་བདག་གིས་སུ༔ མ་ནིང་མཚོ་ཡི་འགྲམ་དུ་ནི༔ ཞག་བདུན་གཅོད་ཀྱི་དམིགས་པ་བསྐོར༔ བུད་མེད་དམར་ནག་གཅིག་གིས་ནི༔ ནད་ཀྱི་རྐྱལ་པ་ཐོགས་ནས་སུ༔ ཨོ་རྒྱན་བདག་ལ་འཐོར་དུ་བྱུང༔ ས་མ་ཏི་༼ཨོ་རྒྱན་བདག་གིས་༽ཡིས་ཟིལ་གྱིས་མནན༔ སྐད་ཅིག་མི་སྡུག་གཟུགས་ཞི་ནས༔ ན་ཆུང་མཛེས་མ་༼ལྷའི་བུ་མོ་༽སྟོང་དུ་སྤྲུལ༔ ཨོ་རྒྱན་བདག་ལ་སྲོག་སྙིང་ཕུལ༔ ཨེ་མ་མ་ཏྲི་ཛ༔ མ་མ་རག་མོ་རཾ་མ་ག་མ་ཛ༔ རག་མོ་སིང་ང་ཛ༔ རག་མོ་རུ་རུ་ཛ༔ མ་མ་དུཾ་དུཾ་ཛ༔ མ་མོ་མ་མོ༔ ས་མ་ཡ་ཏྲི་ག་ཏྲི་ག་རྦད་རྦད་ཛ༔ ཞེས་ཕུལ་ནས༔ ཨོ་རྒྱན་གྱི་བཀའ་ཅི་བསྒོ་ཉན་པར་དམ་བཅས་སོ༔ དེ་ནས་ཨོ་རྒྱན་གྱིས་ཞུས་པ༔ ཁྱོད་ཀྱི་མིང་དང༔ རིགས་དང༔ དྲག་རྩལ་རྣམས་ཤོད་ཅིག༔ ཅེས་བརྗོད་པས་ཁོང་ན་རེ༔ ངེད་ལས་ཀྱི་རིགས་ཀྱི་གནོད་སྦྱིན་དྲག་རྩལ་ཅན་མོ་ཡིན༔ མིང་གནོད་སྦྱིན་མོ་ཉི་མའི་འོད་ཟེར་ཞེས་ཀྱང་ཟེར༔ མ་མོ་ཉི་མ་རླུང་གི་གཤོག་པ་ཅན་ཡང་ཟེར༔ ལས་མཁན་དབང་མོ་ཆེ་ཞེས་ཀྱང་ཟེར་རོ༔ དྲག་རྩལ་ནི་སྐད་ཅིག་མ་ལ་གླིང་བཞི་བསྐོར་ནུས༔ སྐད་ཅིག་ལ་སྲིད་གསུམ་དབང་དུ་སྡུད་ནུས་པ་ཡིན་ཟེར་རོ༔ དེ་ནས་ཨོ་རྒྱན་གྱིས་བདུད་རྩི་མཆོད་ནས་ཞུས་པ༔ སྙིགས་མའི་དུས་སུ་རང་མ་སྨིན་པར་གཞན་ལ་དབང་བསྐུར༔ འགྲོ་བ་མ་ཐུལ་པར་༼དད་གུས་མ་སྐྱེས་པའི་༽ཆོས་ཟབ་ལྟོ་རུ་འཚོང་བའི་༼ནོར་འདོད་བྱེད་ཅིང་༽དུས་སུ་འབྱུང༔ དེ་དུས་ཨོ་རྒྱན་ངའི་ཆོས་ཟབ་འདེབས་པ་ལ༔ མོས་གུས་ཀྱི་སྔོན་དུ་དགོས་པས༔ འགྲོ་བ་དབང་དུ་སྡུད་པའི་ཐབས་ཤིག་སྟོན་ཅིག་གསུངས་པ་དང༔ ཁོང་ན་རེ་ངེད་ཀྱིས་བསྟན་ཀྱང་དམ་ཚིག་ཐུབ་པར་དཀའ༔ བོད་ཀྱི་མི་ལ་སྙིང་རུས་མེད་ཟེར་རོ༔ དམ་ཚིག་དཀའ་བ་ཅི་དང་ཅི་བསྲུང་དགོས་ཞུས་པས༔ ཁོང་ན་རེ༔ ངེད་གནོད་སྦྱིན་མོ་ཡིན་པས་དམ་ཚིག་མ་ཐུབ་ན་ལོག་ལྟ་ཆེ་བས་སྲོག་ལ་འོང༔ དམ་ཚིག་ཐུབ་ན་རྫུ་འཕྲུལ་སྤྲུལ་པའི་སྐུ་བས་ཆེའོ༔ ངེད་ལ་སྒྲུབ་པ་བྱས་ནས་སུ༔ རྒྱུན་གྱི་(༡༧༧)གཏོར་མ་མ་ཆག་དགོས༔ མཛེ་ཡུགས་ཤན་པ་མི་ཐོང་དང༔ བྱེ་མ་ལ་སོགས་གྲིབ་ཅན་རྣམས་ལ་འཛེམ༔ ༼གནོད་སྦྱིན་མོ་སྒྲུབ་པའི་དུས་སུ་དེ་རྣམས་ལ་མ་འཛེམ་ན་དམ་ཉམས་པས་མི་འགྲུབ་བོ༔༽ དེ་ལྟར་དམ་ཚིག་ཐུབ་བམ་གསུང༔ ཨོ་རྒྱན་བདག་གིས་ཐུགས་དགོངས་ནས༔ སྒྲུབ་ཐབས་སྟོན་ཅིག་དམ་ཚིག་བསྲུང་ངོ་ཞུས་པས༔ དེ་ནས་བསྟན་པ་ཕག་མོ་ཁོང་རང་གིས༔ ཡང་གསང་གཏེར་གྱི་སྒྲུབ་པ་ཕྱི་ནང་གསང་གསུམ་དྲིལ་ནས་གསུངས་སོ༔ རྒྱ་རྒྱ་རྒྱ༔

དེ་ནས་བཅའ་ཐབས་འདི་ལྟར་བྱ༔ རོ་རས་ཞིང་ཆེན་དག་ལ་ནི༔ འཁོར་ལོ་རྩིབས་ནི་བཅུ་དྲུག་༼རི་བོང་ཁྲག༔ ར་ཁྲག༔ ཁྱི་དམར་མོའི་ཁྲག༔ རྟ་ཁྲག༔ ཙནྡན་དམར་པོའི་ཆུ་ཉ་མཁྲིས་དེ་རྣམས་འཁོར་ལོ་བྲི་བའི་རྫས་ཡིན་ནོ་༽བྲི༔ ལྟེ་བར་གནོད་སྦྱིན་མོ་ནག་མོ༔ ཞལ་གཅིག་ཕྱག་བཞི་ཡོད་པ་ཕྱག་གཡས་ན་འཕྲུལ་གྱི་ཞགས་པ་བསྣམས་པ༔ འོག་མ་ན་དབང་སྡུད་ཀྱི་འཁོར་ལོ་བསྣམས་པ༔ གཡོན་ན་གསལ་བྱེད་ཀྱི་མེ་ལོང་བསྣམས་པ༔ འོག་མ་ན་ལྕགས་ཀྱུ་བསྣམས་པ་བྲི༔ དེའི་ཐ་མ་༼གོང་མའི་༽སྲོག་སྔགས་ཀྱིས་བསྐོར༔ རྩིབས་བཅུ་དྲུག་གི་རྩེ་མོ་ནང་དུ་བསྟན༔ དེ་ལ་བྲི་བའི་སྔགས་འདིའོ༔ ཡིག་མགོ་ནང་དུ་བསྟན་ལ༔ མ་མ་རག་མོ་རག་མོ༔ སིང་ང་སིང་ང༔ རག་མོ་ཐུཾ་རག་མོ་ཐུཾ༔ རག་མོ་རྒྱུགས་རག་མོ་རྒྱུགས༔ རུ་ལུ་རྒྱུགས་རུ་ལུ་རྒྱུགས༔ ཨེ་རུ་ལུ་རྒྱུགས༔ ཨེ་རུ་ལུ་རྒྱུགས༔ ཛ་ཏྲི་ཛ་ཛ་ཏྲི་ཛ་ཛ༔ ཞེས་རྩིབས་ལ་བྲིའོ༔ དྲག་སྔགས་མཐའ་དག་གིས་བསྐོར༔ དེའི་ཐ་མ་རང་གི་ཡི་དམ་སྔགས་ཀྱིས་བསྐོར༔ ༼གནོད་སྦྱིན་མོ་༽དགུག་འདྲེན་བྱས་ནས་མཛོ་མོ་ནག་མོའི་རྭ་ནང་གཞུག༔ ༼མགོ་མཇུག་ཟློགས་ལ༔༽ ཁ་བལ་ནག་གིས་བཅད་ལ་རང་གི་གདན་འོག་གྲུ་གསུམ་ནང་དུ་༼མགོ་གཞུག་བཟློག་༽གཞུག༔ དེའི་སྟེང་དུ་སེང་ལྡེང་ཕུར་པ་སོར་བཅུ་གཉིས་པ་གཟུག་གོ༔ དེའི་སྟེང་དུ་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་དགབ༔ དེའི་སྟེང་དུ་རང་ཉལ་བར་༼བསྐྱེད་རིམ་གསལ་བས་༽བྱའོ༔ བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བའི་སྔགས༔ ༼ཡང་གསང་བླ་ན་མེད་པ༔༽ ཨེ་མ་མ་ཏྲི་ཛ༔ མ་མ་རག་མོ་རག་མོ་ཛ༔ རག་མོ་སིང་ང་ཛ༔ རག་མོ་རུ་རུ་ཛ༔ རག་མོ་དུཾ་དུཾ་ཛ༔ མ་མོ་མ་མོ་ས་མ་ཡ༔ ཏྲིག་ཏྲིག་རྦད་རྦད་ཛ༔ བག་ཁུག་བག་ཁུག༔ མ་དུང་མ་དུང་ཁུག༔ རྣྲི་(༡༧༨)དཀྲུགས་དཀྲུགས༔ ཆོག་ཆོག༔ གནོད་སྦྱིན་ནག་མོས་དབང་དུ་སྡུས་དབང་དུ་སྡུས༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག༔ ཛ་ཛ༔ ཧྲིང་ཧྲིང་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བཟླས་པ་༼སྔགས་འདི་བཟླས་པའི་དུས་སུ་ནི༔ བརྟུལ་ཞུགས་དག་དང་མ་ལྡན་ན༔ རང་སྲོག་ཆད་དེ་ཉེས་པ་ཆེ༔ དེ་ཚེ་ཤིན་ཏུ་གཙང་བར་བྱའོ་༽དྲག་ཏུ་བྱའོ༔ རྟགས་ནི་རབ་འབྲིང་ཐ་མ་གསུམ༔ རབ་ནི་མངོན་སུམ་དག་ཏུ་འབྱུང༔ འབྲིང་ནི་རྨི་ལམ་དག་ཏུ་འབྱུང༔ ཐ་མའང་ཤེས་པ་༼ཕྱད་ཕྱོད་དུ་༽འགྱུར་ཙམ་འབྱུང༔ དེ་ལ་རྟགས་རྣམས་མ་བྱུང་ན༔ སྔགས་དཀྲུགས་རྩ་གསུམ་ཞལ་ཕྱེ་ལ༔ ཞག་བདུན་ཐུན་༼ཐུན་སྔགས་གཞན་ནས་༽གྱིས་དུས་བཞིར་བྲབ༔ དེ་ཡིས་རྟགས་རྣམས་༼ནུབ་རེ་ལ་བརྒྱ་རྩ་བརྒྱད་༽མངོན་གསུམ་སྟོན༔ དེ་ལས་མང་༼ཞག་བདུན་ལས་༽ན་རང་སྲོག་འཆད༔ དེ་ནས་ཙཀྲ་སྨན་ཆུས་བཀྲུ༔ དེ་ནས་གནོད་སྦྱིན་བུད་མེད་༼ཕྱག་མཚན་གོང་དང་འདྲའོ་༽ཀྱི་གཟུགས་བསེའི་སྐྲ་བཤལ་ནས་རྒྱུག་པའི་གཟུགས་བྲིས་ལ༔ སྙིང་ཁར་སྲོག་སྔགས་བྲིས་ལ་མདུན་དུ་བཞག༔ དྲག་པོ་ཐུན་གྱིས་༼ཉུང་ཀར་ལ་དུག་ཁྲག་སྦོལ་ལ་༽མོའི་རྒྱབ་ནས་གཟིར༔ དམ་ཚིག་གནད་ཀྱི་བསྐུལ་ཚིག་བདུན་པ་འདིས་བསྐུལ་ལོ༔ ཀྱཻ་གནོད་སྦྱིན་ནག་མོ་བསེ་ཡི་རལ་བ་ཅན༔ མུ་མེན་མཚོ་ཡི་འགྲམ་ཤེད་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ མདོངས་གསོལ་སྲོག་གི་སྙིང་པོ་ཕུལ༔ ཁས་བླངས་དམ་བཅས་ད་རྒྱུགས་ཤིག༔ གནོད་སྦྱིན་ཆེན་མོ་ད་རྒྱུགས་ཤིག༔ ལྷ་འདྲེ་མི་གསུམ་དབང་དུ་བསྡུས་ལ་ཤོག་ཅེས་དྲག་ཏུ་བསྐུལ་ལོ༔ ༼རྒྱུན་གཏོར་སྦྱིན་ལ་དྲག་ཏུ་དུས་བཞིར་༽དེ་ལྟར་བསྒྲུབས་ན་མོས་ལུགས་རྣམ་༼མ་དང་བུ་མོ་ཕ་ལ་སོགས་པ་༽བཞིའི་སྒོ་ནས་འགྲོ་བ་རྣམས་ཤ་ལ་སྦྲང་བཞིན་༼ཁྱད་པར་བུད་མེད་༽འདུའོ༔ རྒྱ་རྒྱ་རྒྱ༔ དབང་སྡུད་ལས་ཀྱི་འཁོར་ལོ་འདི༔ མཁས་པའི་ཚིག་ལ་མ་བརྟེན་པར༔ གནོད་སྦྱིན་ཉིད་ཀྱིས་དངོས་སུ་བསྟན༔ འགྲོ་བ་དབང་དུ་སྡུད་པ་ལ༔ འདི་ཉིད་ཡོད་ན་མི་འདུས་མེད༔ དེས་ན་འདི་ཉིད་ཟབ་པར་བཤད༔ རྒྱ་རྒྱ་རྒྱ༔

༈ ཐ།ཐ།ཐ།།མག༔ ༼ལས་ཚོགས་གཉིས་པ༔༽ དེ་ལྟར་སྒྲུབ་པ་ཐོན་ནས་ནི༔ རྒྱལ་ཁམས་དབང་དུ་སྡུད་(༡༧༩)འདོད་ན༔ རྟེན་འབྲེལ་འདི་ལྟར་ཤེས་པར་བྱ༔ རིགས་མི་གཅིག་པའི་༼མཚན་བརྟགས་པ་གལ་ཆེ་༽བུད་མེད་ནི༔ རྒྱལ་རིགས་རྗེའུ་༼དར་མ་རིགས་ཀྱི་བུ་མོ་༽རིགས་བྲམ་ཟེའི་རིགས༔ དམངས་རིགས་གདོལ་བའི་རིགས་དང་ལྔ༔ བརྒྱ་དང་བཅུ་གཉིས་མན་ཆད་པར༔ སྐྱེས་པས་མ་སྤྱད་ཆུ་ཤུལ་ས་༼ཞག་དུ་མ་ལོན་པ་༽བླངས་ལ༔ བྱང་སེམས་དཀར་དམར་གཉིས་དང་བསྲེ༔ གཡང་ཁའི་ས་དང་སྦ་ཡི་རྩི༔ མི་མང་འདུས་པའི་ས་དང་ལྔ༔ རྩི་བཞིན་སྣུར་ལ་ཐོད་པ་ནི༔ དུམ་བུ་གཅིག་པའི་ནང་དུ་བླུག༔ དེ་ནི་མཎྜལ་དབུས་སུ་བཞག༔ སྔགས་འདི་ཞག་བདུན་བར་དུ་བསྒྲུབ༔ ཨེ་མ་དུང་དུང༔ དིང་དིང༔ ཧྲིང་ཧྲིང༔ ཤ་ཤོ་ཤ་ཤོ༔ གཡེར་ཡ་གཡེར་ཡ༔ ཛ་ན་ཛ་ན༔ ཛ་ཛ༔ ཤུལ་ཆུམ་ཤུལ་ཆུམ༔ གཡོས༔ གཡོས༔ ཁམས་གསུམ་གཡོས༔ དཀྲུགས་དཀྲུགས་སྲིད་གསུམ་དཀྲུགས༔ སྡུས་སྡུས་སྲིད་གསུམ་དབང་དུ་སྡུས༔ གཡོས་ཁམས་གསུམ་གཡོ་རུ་ཆུག༔ དུང་ཛ་དུང་ཛ༔ ཨེ་དུང་ཨེ་དུང་སྭཱ་ཧཱ༔ ཞེས་དུས་བཞིར་སྔགས་ཆུས་རྫས་ལ་ཁ་ཕྲུ་གདབ༔ དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས༔ རྟགས་ནི་རང་ཉིད་རླུང་གིས་ཁྱེར་བ་རྨི༔ དངོས་སུ་མིག་རྩ་འགུལ་དུ་འོང༔ ལུས་ཀྱི་ཤ་ཡང་འགུལ་དུ་འོང༔ དེ་ལྟར་རྟགས་རྣམས་བྱུང་ནས་ནི༔ རྫས་ཕྱེད་སྙུག་རྒོད་ནང་དུ་ནི༔ བླུགས་ལ་རང་གི་སྤྱི་བོར་བཅང༔ རྫས་ཕྱེད་ལུང་གསུམ་མདོ་ན་རླུང་ལ་༼ཉི་མ་དམར་ཐག་ཆད་པའི་༽དུས་སུ་ཕྱར༔ དེས་ནི་རྒྱལ་ཁམས་དབང་དུ་༼ཕ་མ་བཞིན་དུ་༽འདུས༔ ཐམས་ཅད་དབང་དུ་སྡུད་པ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ ཙིཏྟ་རིན་ཆེན་ཁ་ཕྱེ་ཡང༔ འདི་ལས་ཟབ་པ་ཡོད་རེ་སྐན༔ ལྡང་ལྷས་བཀའ་ཡི་བྱ་ར་གྱིས༔ རྒྱ་རྒྱ་རྒྱ༔

༈ གྷབྦྱཐ།༔ ༼ལས་ཚོགས་གསུམ་པ༔༽ ཨོ་རྒྱན་ཉིད་ལ་ན་མོ༔ དམ་ཚིག་ཅན་གྱི་རྣལ་འབྱོར་པས༔ འགྲོ་བ་དབང་དུ་འདུས་ནས་ནི༔ གསང་སྔགས་བདེ་བ་སྦྱོར་འདོད་ན༔ ཌཱཀྐི་མཚན་ལྡན་བརྟགས་ནས་ནི༔ རྣལ་འབྱོར་ཐབས་དང་ལྡན་པ་ཡིས༔ གསང་སྤྱོད་རི་ཁྲོད་འགུགས་འདོད་ན༔ རྟེན་འབྲེལ་གནད་ནི་གསུམ་དུ་བཤད༔ བདག་ཉིད་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་ལྗང་གུ་དག་ཏུ་བསྒོམ༔ ཕྱག་(༡༨༠)མཚན་ཆ་ལུགས་གོང་དང་འདྲ༔ སྤྲོ་བསྡུ་༼དམིགས་ཡུལ་གང་ཡིན་ན་༽དགུག་གཞུག་དྲག་ཏུ་བྱ༔ རྒྱ་རྒྱ་རྒྱ༔ རྫས་ཀྱི་གནད་ནི་འདི་རུ་འདུས༔ གང་འགུགས་ཆུ་ཤུལ་ས་དང་གཅིག༔ བྱང་སེམས་དཀར་དམར་གཉིས་ཏེ་གསུམ༔ སྦྲང་རྒོད་ཆང་གི་ནུར་རྩི་ལྔ༔ ཁྱིམ་བྱའི་མཚན་༼རྡོ་རྗེ་༽དང་མི་མཚན་༼རྡོ་རྗེ་༽དང༔ དེ་རྣམས་རྩི་བཞིན་བཏགས་ནས་ནི༔ བ་རུ་༼གསོན་པོ་ལ་༽བུད་པའི་ནང་དུ་བླུག༔ གོང་གི་མཎྜལ་༼མཁའ་འགྲོའི་ཟླ་གམ་༽སྟེང་བཞག་བསྒྲུབ༔ ཆྒཻ་འདྲ་བའི་ལིང་ག་༼རྒྱན་དང་ལྡན་པ་༽གཅིག༔ བྱང་སེམས་དཀར་དམར་༼སྣག་ཚ་དང་བསྲེས་ལ་༽གཉིས་ཀྱིས་བྲི༔ དེ་ཡང་བ་རུའི་ནང་དུ་གཞུག༔ ༼ཁ་སྤྲ་ཚིལ་བཅད་༽དཀར་དམར་༼བལ་ཚོན་༽སྐུད་པས་གཟུངས་ཐག་བྱ༔ གཟུངས་ཐག་རང་གིས་མཚན་མ་༼རྡོ་རྗེའི་རྐེད་པ་ལ་༽ལ༔ བཏགས་ལ་སྔགས་འདིས་ཞག་གསུམ་བསྒྲུབ༔ ཀརྨ་ཌཱཀྐི་ནི་ཀརྨ་དཔའ་བོ་ཧཱུྃ་ཧཱུྃ་ཛ་ཛ༔ ཧ་རི་ནི་ས་ཆྒཻ་ཆུམ་ཆུམ༔ དུང་དུང་བྲེང་བྲེང༔ འདུར་འདུར་ཁོལ་གཡའ་ཁོལ༔ བྲམ་ཤིག་བྲམ་ཤིག༔ ཀློང་ཤོག་སློག་ཤུགས༔ མ་རི་ཁུར་མ་རི་ཁུར༔ ཉོང་ཉོང༔ ཧ་ཌཱ་ནི་ཁུག༔ ཆྒཻ་ཁུག་ཤོག་ཁུག་ཤོག༔ རྣམ་པར་ཤེས་པ་ཆོས་བཞིན་བདག་གི་དབང་དུ་སྡུས་ཤིག༔ ཅེས་བཟླས་སོ༔ རྒྱ་རྒྱ་རྒྱ༔ རྟགས་ནི་འདི་ལྟར་ཤེས་པར་བྱ༔ གསང་བའི་རྡོ་རྗེ་ཟ་འགུལ་འབྱུང༔ རྨི་ལམ་བུད་མེད་ཚོགས་འདུས་ནས༔ བདག་ལ་མནའ་ནི་བསྒག་ཏུ་འོང༔ དེ་ལྟར་བྱུང་ན་འགྲུབ་པ་ཡིན༔ གཏོང་༼རབ་ཁོང་དུ་༽དང་བྱུག་༼འབྲིང་ལུས་ལ་༽དང་གདབ་༼ཐ་མ་སྤྱི་བོར་༽གསུམ་བྱ༔ འདི་ནི་ཤིན་ཏུ་ཟབ་པའོ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ མཁའ་འགྲོའི་སྒྲུབ་ཐབས་མང་བཞུགས་ཀྱང༔ སྲོག་སྙིང་གནད་ཀྱི་དྲིལ་སྒྲུབ་འདི༔ འདི་མིན་གཏེར་དུ་སྦས་པ་མེད༔ བསྐལ་པ་སྙིགས་མ་བྱུང་བའི་ཚེ༔ ལས་ཅན་གཅིག་གིས་རྙེད་པར་ཤོག༔ ལྡང་ལྷས་བཀའ་ཡི་བྱ་ར་གྱིས༔ གཅིག་ལས་སྤེལ་ན་སྙིང་ཁྲག་ཐང་ལ་ཕོས་ཤིག༔ གཏེར་སྲུང་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཚན་ལྡན་༼གྱི་ཕྱག་རྒྱ་མ་༽རིག་མའི་བརྟག་༼པ་ལམ་འབྲས་ན་ཡོད་༽འགུགས་༼བ་གོང་གི་༽འདི༔ ལུང་༼རྒྱལ་བ་དང་༽བཞིན་༼ཨོ་རྒྱན་གྱི་༽སྤྱད་པས་དངོས་གྲུབ་(༡༨༡)༼མཆོག་དང་ཐུན་མོང་༽ཐོབ༔ ༼འཕྲལ་དུ་ཚེ་འདི་ལ་༽ཕལ་པ་༼འདི་མེད་༽རྣམས་ལ་ཅི་ཆ་ཡོད༔ ཉམས་སུ་༼ཌཱཀྐི་ལམ་འབྲས་ནས་བཤད་པ་བཞིན་དུ་༽ལོང་ལ་ཚུལ་༼ཏེ་གཞུང་༽བཞིན་༼དུ་༽གྱིས་ཤིག༔ མངྒ་ལཾ༔

ཌཱཀྐིའི་ལུས་དཀྱིལ་ཆེན་མོ།

༄༅༔ ཌཱཀྐིའི་ལུས་དཀྱིལ་ཆེན་མོ་བཞུགས་སོ་ཨང༔

༄༅༔ ཨོ་རྒྱན་སྐད་དུ༔ ནམཅ།མབྷཆྱ༔ བོད་སྐད་དུ༔ མཁའ་འགྲོ་གསང་བ་སྙིང་གི་སྒྲུབ་པ༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འཁོར་བ་བློས་བཏང་བ༔ རི་ཁྲོད་དགོན་པ་འགྲིམ་ནུས་པ་ཞིག་གིས༔ ཡང་གསང་མཁའ་འགྲོ་སྙིང་ཐིག་བསྒོམ་ཞིང༔ མཁའ་འགྲོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འདོད་པས༔ མཁའ་འགྲོ་མ་ཐོད་རྒལ་དུ་བསྒྲུབ་པར་བྱ་སྟེ༔ དེ་ལ་གསུམ་སྟེ་རྣལ་འབྱོར་བཞི་ལྡན་གྱི་སྒོ་ནས་ཉམས་སུ་བླང་ངོ་༔ དེ་ལ་དང་པོ་ལྷའི་རྣལ་འབྱོར་དང་གཅིག༔ སྔགས་ཀྱི་རྣལ་འབྱོར་དང་གཉིས༔ རྫོགས་རིམ་གྱི་རྣལ་འབྱོར་དང་གསུམ༔ ལས་མཐའི་རྣལ་འབྱོར་དང་བཞིའོ༔ རྒྱ་རྒྱ་རྒྱ༔

དེ་ལ་དང་པོ་ལྷའི་རྣལ་འབྱོར་བསྒོམས་པ་ལ་གསུམ་སྟེ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཚད་མེད་པ་བཞི་བསྒོམ༔ དེ་ནས་རྒྱུའི་ཏིང་ངེ་འཛིན་ནི༔ བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་སྐུ་གསལ་གདབ་པ་ནི༔ ངག་ཏུ༔ ༀ་ཨཱཿཧཱུྃ༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཞེས་བརྗོད་པས༔ བདག་རྡོ་རྗེ་ཕག་མོར་བསྒོམ་སྟེ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ ཁྲོ་ཞལ་དམར་མོ་སྤྱན་གསུམ་མ་གཡས་ན་གྲི་གུག་བསྣམས་པ༔ གཡོན་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ༔ ཁ་ཊྭཱཾ་མཆན་ཁུང་གཡོན་ན་བཅུག་ནས་འཛིན་ཅིང་དབུ་སྐྲ་ཐུར་ལ་འཕྱང་བ༔ མེ་ལོང་དྲིལ་བུའི་སྒྲ་འཁྲོལ་བ༔ ཞབས་གཡོན་བརྐྱང་གཡས་བསྐུམ་པ༔ རུས་པའི་རྒྱན་གྱིས་བརྒྱན་པ་མེ་རི་འབར་བའི་ཀློང་ན་རོའི་གདན་ལ་ཕྱེད་སྐྱིལ་དུ་བཞུགས་པར་བསྒོམ༔ དེ་ལྟར་བསྒོམས་པའི་སྤྱི་གཙུག་ཀླད་པ་དུང་ཁང་གི་གཞལ་ཡས་ཁང༔ རྩེ་མོ་རྣམ་པར་བཀོད་པ༔ རྩ་འདབ་སུམ་བརྒྱ་དྲུག་ཅུའི་ལྟེ་བའི་རྩ་མདུད་ཀྱི་དབུས་ན་འབྱུང་བ་ཆུའི་དྭངས་མ༔ ཕ་མའི་རྒྱུའི་(༡༨༢)ཐིག་ལེ་དཀར་པོ་ལ༔ ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་ཡི་གེ་ཧ་དང་རའི་ངོ་བོར་གནས་ཏེ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི༔ སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་རྡོ་རྗེ་རྩེ་ལྔ་བསྣམས་པ༔ གཡོན་པ་ཀ་པཱ་ལ་བསྣམས་པ༔ རོའི་གདན་ལ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བ༔ ཕྱག་མཚན་མཐུན་པ་གསལ་གདབ༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་མཁའ་འགྲོ་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ༔ སྐུ་མདོག་ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་མཐུན་པ༔ ཡབ་ཡུམ་འཁྲིལ་སྦྱོར་དུ་བདེ་བའི་ངང་ལ་བཞུགས་པ་གསལ་གདབ༔ དེ་ཡང་ཡེ་ཤེས་ལྔའི་རྩལ་གྱི་རྣམ་པ་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་བཞུགས་པ༔

དེ་ཡང་གདོད་མ་ནས་ཡེ་ཤེས་ཀྱི་རང་རྩལ་འབྱུང་བཞིའི་དྭངས་མ་ཡི་གེ་དང་སྐུ་རུ་རང་བྱུང་དུ་ལྷུན་གྱིས་གྲུབ་ཅིང༔ དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པས་འདིར་གསལ་གདབ་པའོ༔ མགྲིན་པར་རོ་འདུས་རྩ་འདབ་བཅུ་དྲུག་གི་ལྟེ་བའི་རྩ་མདུན་དུ་འབྱུང་བཞིའི་དྭངས་མ་ཕ་མའི་ཁུ་ཁྲག་ལ་ཡི་གེ་རི་དང་ཙ་རྣམས་སེར་པོ་ལ་ཡེ་ཤེས་ཀྱི་ཁ་དོག་ལྔ་ལྡན་དུ་གནས་ཏེ༔ རཏྣ་ཌཱཀྐི་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི༔ ཡབ་ཡུམ་གཉིས་ཀའི་ཕྱག་གཡས་ན་རིན་ཆེན་འབར་བ་བསྣམས་པ༔ གཡོན་ཐོད་པ་བསྣམས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ རཏྣའི་གདན་ལ་འཁྲིལ་སྦྱོར་དུ་གསལ་གདབ༔ རྩ་འདབ་བཅུ་དྲུག་ལ་ཡབ་ཡུམ་གཉིས་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ སྙིང་ཁ་ན་དྲན་པ་རྣམ་པར་བཀོད་པ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བ་ལ་ཙིཏྟ་རིན་ཆེན་ཟུར་བརྒྱད་ཀྱི་ནང་ན་ཡེ་ཤེས་ཀྱི་དྭངས་མ་རྒྱུ་བའི་ཐིག་ལེ་སྣང་ལ་རང་བཞིན་མེད་པ་མཐིང་ཁ་ལ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དྭངས་པ༔ ཡི་གེ་མ་དང་ཧཱུྃ་གི་རང་བཞིན་དུ་གནས་ཏེ༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་པས་དེར་གསལ་གདབ་པ་ནི་ཀུན་ཏུ་བཟང་མོ་ཡབ་ཡུམ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་མཚན་མེད་པ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ༔ རུས་པའི་རྒྱན་དྲུག་དང་ལྡན་པ་ཞབས་བརྐྱང་(༡༨༣)བསྐུམ་ཉི་ཟླའི་གདན་ལ་བཞུགས་པ་གསལ་གདབ༔ རྩ་འདབ་སུམ་ཅུ་རྩ་གཉིས་ལ་གཙོ་བོ་ཡབ་ཡུམ་དང་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ ལྟེ་བ་ན་སྐྱེད་བྱེད་དྲུག་ཅུ་རྩ་བཞིའི་རྩ་འདབ་ཀྱི་དབུས་ཀྱི་ལྟེ་བ་ན༔ འབྱུང་བཞིའི་དྭངས་མ་ཕ་མའི་རྒྱུའི་ཐིག་ལེ་ཁ་དོག་དམར་པོ་ལ༔ ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་ཡི་གེ་ནི་དང་ཧྲིའི་ངོ་བོར་གནས་པ༔ པད་མ་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་ཏེ་དེར་གསལ་གདབ་པ་ནི་པད་མ་མཁའ་འགྲོ་ཡབ་ཡུམ་དམར་པོ༔ ཕྱག་གཡས་གཉིས་ན་པད་མ་བསྣམས་པ༔ གཡོན་གཉིས་ན་ཐོད་ཁྲག་བསྣམས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པད་མའི་གདན་ལ་བཞུགས་པ་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ འཁོར་གཙོ་བོ་ཡབ་ཡུམ་དང་འདྲ་བ་རྩ་འདབ་ཀྱི་གྲངས་དང་མཉམ་པ་གསལ་གདབ་བོ༔ གསང་གནས་བདེ་བ་མྱོང་བྱེད་རྣམ་པར་བཀོད་པའི་རྩ་འདབ་ཉི་ཤུ་རྩ་བརྒྱད་ཀྱི་ལྟེ་བའི་རྩ་མདུད་ལ༔ འབྱུང་བཞིའི་དྭངས་མ་ཕ་མའི་ཁུ་ཁྲག་ཁ་དོག་ལྗང་གུ་ལ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་དུ་གསལ་བ༔ ཡི་གེ་ས་དང་ཡའི་ངོ་བོར་གནས་པ་དེ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དངོས་ཡིན་ཏེ༔ དེར་གསལ་གདབ་པ་ནི་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་ལྗང་གུ་ཕྱག་གཡས་རལ་གྲི་གཡོན་ཐོད་པ་བསྣམས་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཡབ་ཡུམ་འཁྲིལ་སྦྱོར་དུ་གསལ་གདབ་བོ༔ རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་གཙོ་བོ་ཡབ་ཡུམ་འདྲ་བའི་འཁོར་གསལ་གདབ༔ དེ་ཡང་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའོ༔ དེ་ནི་གྲངས་ཅན་གྱི་རྩ་ལས་རང་བྱུང་གི་ལྷ་ལྔ༔ བཞི་བརྒྱ་དང་བདུན་ཅུ་རྩ་ལྔ་གནས་པ་གསལ་གདབ་པའོ༔ གྲངས་མེད་ནི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ལ་རྩ་གྲངས་ལས་འདས་པའི་ནང་ན་མཁའ་འགྲོ་ཡབ་ཡུམ་གྲངས་ལས་འདས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ཙམ་གནས་པ་ཡིན་པས་དེ་ཡང་གསལ་གདབ་བོ༔ ལྷའི་དེ་ཁོ་ན་ཉིད་ཀྱི་དོན་ཡང་རང་ལུས་རྡོ་རྗེ་ཕག་མོར་བསྒོམ་པ་ནི༔ ཕྱི་ལྟར་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་(༡༨༤)མ་ཡིན་ལ༔ ནང་ལྟར་ན་རྡོ་རྗེ་ཕག་མོ་ཡིན༔ གསང་བ་ལྟར་ན་ཡུམ་ཨེ་ཀ་ཙ་ཏི་ཡིན་ནོ༔ སྙིང་ཁའི་ཡུམ་ཀུན་ཏུ་བཟང་མོ་ཡང་ཕྱི་ལྟར་ན་འབྱུང་བ་ནམ་མཁའི་ངོ་བོ་ཡིན༔ ནང་ལྟར་ན་ཀུན་ཏུ་བཟང་མོ༔ གསང་བ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ མཁའ་འགྲོ་མ་བཞི་ཡང་ཕྱི་ལྟར་ན་འབྱུང་བཞི༔ ནང་ལྟར་ན་ལྷ་མོ་བཞི༔ གསང་བ་ལྟར་ན་ཡི་གེ་བཞིའི་ངོ་བོ་ཡིན་ནོ༔ རྡོ་རྗེ་ཕག་མོའི་ཡབ་རྟ་མགྲིན་བསྐྱེད་པ་ཡང་ཕྱི་ལྟར་ན་པདྨ་གར་གྱི་དབང་ཕྱུག༔ ནང་ལྟར་ན་རྟ་མགྲིན༔ གསང་བ་ལྟར་ན་ཡི་གེ་ཧྲཱིཿའི་ངོ་བོ་ཡིན་ནོ༔ དཔའ་བོ་བཞི་ཡང༔ ཕྱི་ལྟར་ན་ཉོན་མོངས་པ་བཞི༔ ནང་ལྟར་ན་དཔའ་བོ་གིང་བཞི༔ གསང་བ་ལྟར་ན་ཡི་གེ་བཞིའི་ངོ་བོ་ཡིན་ནོ༔ རང་གི་ལུས་ཡབ་ཡུམ་གཉིས་སུ་མེད་པར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པའོ༔ སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་འཁོར་ལོ་ལྔའི་རྩའི་དབུས་སུ་བསྐྱེད་པའི་མཁའ་འགྲོ་ཡབ་ཡུམ་དེ་དག་གི་སྙིང་གི་དཀྱིལ་ན་རང་རང་གི་ས་བོན་རྣམས་གསལ་བ་ལས་འཁོར་ལོ་བཀོད་པའི་ཕྲིན་ལས་འོག་ཏུ་གསལ་ལོ༔

གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ རང་གི་སྙིང་གི་དཀྱིལ་གྱི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གྱི་སྙིང་ཁར་པདྨ་འདབ་བཞིའི་དཀྱིལ་དུ༔ ཡབ་ཡུམ་གཉིས་ཀྱི་ས་བོན་ལ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་བརྒྱད་ཀྱིས་སོ་སོར་བསྐོར་བར་བསམས་ལ༔ དེ་དག་རྣམས་ཆོས་སྐོར་དུ་སྒ་ར་ར་འཁོར་བར་བསམས་ལ༔ ཧ་རི་ནི་ས༔ ར་ཙ་ཧྲཱིཿཡ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ མཁའ་འགྲོ་ཡབ་ཡུམ་རྣམས་ཀྱང་རང་རང་གི་སྙིང་པོ་དི་རི་རི་བཟླས་པར་བསམ༔ དེ་ཡང་སྙིང་མི་འཁོར་བར་ཡིག་འབྲུ་རྣམས་འཁོར་བར་བསམ༔ སྙིང་འཁོར་བར་བསམ་ན་སྨྱོ་བའི་ཉེན་ཡོད་དོ༔ དེ་ལྟར་ཞག་བདུན་བཟླས་པས༔ དཔའ་བོ་དང་མཁའ་འགྲོས་དངོས་སུ་བྱིན་གྱིས་རློབ་པར་འགྱུར་ཏེ༔ རྟགས་ནི༔ རང་གི་ཤེས་པ་འགྱུར་བ་དང༔ འཕར་བ་དང༔ ལྡེག་པ་དང༔ འཁྲབ་པ་དང༔ གླུ་ལེན་པ་དང་གར་བྱེད་པ་ལ་སོགས་པ་འབྱུང་ངོ་༔ སེམས་བདེ་བར་ཤར་ནས་འཁྲབ་སྙིང་འདོད་པ་དང་འཁྲབ་པ་དངོས་འབྱུང་ངོ་༔ དེ་ནས་ཏིང་ངེ་འཛིན་གྱི་ཐུན་འཇོག་ཙ་ན༔ འཁོར་འཕྲོ་བཅད་(༡༨༥)པས་ཉམས་བདེ་ལྷན་གྱིས་འགྲོའོ༔

གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ མཁའ་འགྲོ་ལྔ་པོ་དེ་ཡང་ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་མཁའ་འགྲོ་ཡབ་ཡུམ་ལྔ༔ གསང་བ་ལྟར་ན་ཡི་གེ་ལྔ༔ རྫོགས་རིམ་གྱི་དེ་ཁོ་ན་ཉིད་ཀྱི་དོན་ཡང་ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལོངས་སྐུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྤྲུལ་སྐུ༔ པད་མ་མཁའ་འགྲོ་ཡབ་ཡུམ་ངོ་བོ་ཉིད་ཀྱི་སྐུ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་མངོན་པར་བྱང་ཆུབ་པའི་སྐུའོ༔ ནང་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གཏི་མུག་རྣམ་པར་དག་པ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་ང་རྒྱལ་རྣམ་པར་དག་པ༔ པདྨ་མཁའ་འགྲོ་ཡབ་ཡུམ་འདོད་ཆགས་རྣམ་པར་དག་པ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཕྲག་དོག་རྣམ་པར་དག་པའོ༔ གསང་བ་ལྟར་ན་ཡེ་ཤེས་ལྔ་ནི༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་མེ་ལོང་ལྟ་བུའི་ཡེ་ཤེས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ པདྨ་མཁའ་འགྲོ་ཡབ་ཡུམ་སོ་སོར་རྟོགས་པའི་ཡེ་ཤེས༔ ལས་ཀྱི་ཌཱཀྐི་ཡབ་ཡུམ་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ དེ་ལྟར་མཁའ་འགྲོ་ཡབ་ཡུམ་ལྔ་བསྒོམས་ནས་ཡིག་འབྲུ་ལྔ་བཟླས་པས༔ མཁའ་འགྲོ་ཡབ་ཡུམ་རྣམས་ཞལ་མངོན་སུམ་དུ་མཐོང༔ སྐུ་ལྔ་ལྷུན་གྱིས་གྲུབ༔ དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་རང་བཞིན་གྱིས་འཆར༔ འགྲོ་བ་རང་བཞིན་གྱིས་སྐྱེ་རྒྱུད་འཆད༔ སྐྱེ་ཤི་ལ་ཉམ་མི་ང་བར་འབྱུང་སྟེ༔ ལྟ་བ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ ཅི་ཡང་མ་གྲུབ་རང་བཞིན་ཡིན༔ བསྒོམ་པ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ མི་འགྱུར་མི་ཤིགས་སྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ ཀུན་དང་མཐུན་པར་རང་བྱུང་རང་ཤར༔ འབྲས་བུ་པདྨ་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ འཁོར་བ་མ་སྤངས་རང་སར་གྲོལ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཡིན་ཏེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་མཛད༔ དེ་ལྟར་(༡༨༦)ཕྱི་ནང་གསང་བའི་ཚུལ་དུ་ཉམས་སུ་བླང་ངོ་༔ ལས་མཐའི་རྣལ་འབྱོར་ནི༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེར་མ་བཏུབ་ན༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དབང་དུ་མ་འདུས་པ་ཡིན་པས༔ སྤྱི་གཙུག་ཏུ་རྩ་མདུད་ཀྱི་ཡི་གེ་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གསལ་གདབ་སྟེ༔ ཡབ་ཡུམ་གཉིས་ཀྱི་ཐུགས་ཁར་རང་རང་གི་ས་བོན་བསམ༔ འཁོར་ལོ་རྩིབས་བཞི་དང་པདྨ་འདབ་མ་བཞིའི་དབུས་སུ་བསམ༔ དེ་ལ་བཛྲ་ཌཱཀྐི་ནི་ཧཱུྃ་ཛ༔ ཞེས་པ་དང༔ བཛྲ་དཔའ་བོ་ཧཱུྃ་ཛ༔ ཞེས་པ་གཉིས་ཀྱིས་སོ་སོར་སྐོར་བ་གཡས་སྐོར་གཡོན་སྐོར་དྲག་ཏུ་འཁོར་བར་བསམས་ལ༔ ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ བཛྲ་ཌཱཀྐི་ནི་ཧཱུྃ་ཛ༔ བཛྲ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ བདུད་རྩི་ལྔ་ལ་ལོངས་སྤྱོད༔ གཅེར་བུ་བྱ༔ སྨྱོན་སྤྱོད་བྱའོ༔ སྣང་བ་དཀྲུག་གོ༔ དེ་ལྟར་བྱས་པས་དབང་དུ་འདུས་ཏེ༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ༔ དེས་ལྟ་བ་ཕྱོགས་མེད་དུ་གྲོལ་འགྲོའོ༔ ཟས་ནོར་དང་བསོད་ནམས་འཕེལ་དུ་མ་བཏུབ་ན༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དབང་དུ་མ་འདུས་པ་ཡིན་པས༔ མགྲིན་པའི་རྩ་མདུད་རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་འཁོར་ལོ་གོང་དང་འདྲ་བའི་དབུས་སུ་ཡབ་ཡུམ་གྱི་ས་བོན་ལ༔ རཏྣ་ཌཱཀྐི་ནི་ཧཱུྃ་ཛ༔ རཏྣ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས་ཤིང༔ མེ་ཚོགས་དང༔ གོས་ཚོགས་བྱ༔ གཏོར་ཚོགས་བྱ༔ ཆགས་ཞེན་བཅད༔ དེས་དབང་དུ་འདུས་ཏེ་བསོད་ནམས་ཁྱད་པར་ཅན་སྐྱེ༔ ཟས་ནོར་གཏེར་རྡོལ་བ་བཞིན་འབུལ་དུ་འོང་ངོ་༔ ལུས་ལ་དྲོད་མི་སྐྱེ༔ བུད་མེད་མི་འདུ་ན༔ པདྨ་མཁའ་འགྲོ་མ་དབང་དུ་མ་འདུས་པ་ཡིས་པས༔ ལྟེ་བར་རྩ་མདུད་ཀྱི་ནང་དུ༔ པདྨ་མཁའ་འགྲོ་ཡབ་ཡུམ་གྱི་སྙིང་ཁར༔ པདྨ་དང་འཁོར་ལོའི་དབུས་སུ་སྲོག་སྙིང་ལ༔ པདྨ་ཌཱཀྐི་ནི་ཧཱུྃ་ཛ༔ པདྨ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས༔ དཀའ་ཐུབ་བྱ༔ གཏུམ་མོ་སྦར༔ གོས་གདབ༔ རི་ཁྲོད་འགྲིམ༔ བདུད་རྩི་ཟའོ༔ དེ་ལུས་ལ་དྲོད་སྐྱེ༔ བུད་མེད་ཀུན་ཀྱི་ཡིད་འཕྲོག་སྣང་བའི་དངོས་པོ་ཅི་ལ་ཡང་ཆགས་ཞེན་མི་སྐྱེའོ༔ རྟེན་འབྲེལ་སྣ་ཚོགས་(༡༨༧)འཆར་དུ་མ་བཏུབ་ན་ལས་ཀྱི་མཁའ་འགྲོ་དབང་དུ་མ་འདུས་པ་ཡིན་པས༔ གསང་གནས་མཁའ་འགྲོ་གསལ་གདབ༔ དེའི་ཐུགས་ཀར་རང་རང་གི་ས་བོན་ལ༔ ཀརྨ་ཌཱཀྐི་ནི་ཧཱུྃ་ཛ༔ ཀརྨ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་པས་སོ་སོར་བསྐོར་བར་བསམས་ལ་དེ་གཉིས་མྱུར་དུ་འཁོར་བར་བསམ་ཞིང༔ ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཀརྨ་ཌཱཀྐི་ནི་ཧཱུྃ་ཛ༔ ཀརྨ་དཔའ་བོ་ཧཱུྃ་ཛ༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླས་ཤིང༔ རིག་པ་གཅུན༔ དཀའ་ཐུབ་བྱ༔ སྣང་བ་དཀྲུག༔ རི་ཁྲོད་འགྲིམ༔ མཐོལ་བཤགས་བྱ༔ རྟེན་འབྲེལ་བརྩི༔ དེས་རིག་པ་དྭངས་ཤིང་རྟེན་འབྲེལ་སྣ་ཚོགས་འཆར་བ༔ ཡིད་ལ་ཅི་བསམ་འགྲུབ༔ དགྲ་བགེགས་ཐུལ་ལོ༔ སྣང་བ་དབང་དུ་མ་འདུས་ཤིང་འདུ་བ་གང་ཡང་མེད་ན༔ འཇིག་རྟེན་མཁའ་འགྲོ་དབང་དུ་མ་འདུས་པ་ཡིན་པས་རི་ཁྲོད་འགྲིམ༔ ཟས་ཚོགས་བྱ༔ སྐྲ་སེན་བྲེག༔ སྣོད་ཚོགས་བྱ༔ ལྕགས་གདབ༔ ཞེ་འདོད་མེད་པའི་སྒོ་ནས་ཅི་བྱུང་ཡང་མི་བསྡུ་བར་ཕཊ་གྱིས་གདབ་བོ༔ མེ་ཚོགས་བྱ༔ ཕྱེ་མར་དང༔ རཏྣ་བསྲེག༔ ཧ་རི་ནི་ས༔ འགུལ་འགུལ་མ་མ་ཧྲིང་ཧྲིང༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང༔ སྡུས་སྡུས༔ མ་མ་ཁ་ཤི་བམ་སྭཱ་ཧཱ༔ མི་ནོར་ཟས་གསུམ་དབང་དུ་སྡུས་སྡུས༔ ཞེས་བཟླས་པས༔ ཁྲོམ་འདུ༔ མི་འདུ་ཟས་འདུ༔ ནོར་འདུ༔ དེ་ལྟར་བསྒོམ་བཟླས་བྱས་ན་ཤེས་པ་བཞི་འབྱུང་ངོ་༔ སྡུག་བསྔལ་ཆོས་ཉིད་དུ་ཤེས༔ རྐྱེན་ངན་དངོས་གྲུབ་ཏུ་ཤེས༔ བར་ཆད་དགེ་བསྐུལ་དུ་ཤེས༔ བདུད་ལྷ་རུ་ཤེས་པ་འབྱུང་ངོ་༔ ཡང་ལྟ་སྒོམ་སྤྱོད་པ་གསུམ་འབྱུང་ངོ་༔ རྟོགས་པ་ནང་ནས་ཉམས་སུ་མྱོང་བའི་ལྟ་བ༔ རིག་པ་ཁོང་ནས་ཤར་བའི་སྒོམ་པ༔ རྐྱེན་ངན་དང་བར་ཆད་གྲོགས་སུ་ཆོད་པའི་སྤྱོད་པ་གསུམ་འབྱུང་ངོ་༔ དེ་ལ་མི་གཏོང་བ་བཞི་ཤེས་དགོས༔ གཞི་མྱོང་བ་ཡུལ་ཐོག་ཏུ་མི་གཏོང༔ དབང་པོ་ཁ་ཡན་ཏུ་མི་གཏོང༔ ཡིད་དཔྱོད་ལྟོ་ཕྱིར་མི་གཏོང༔ འབྱུང་བའི་ལུས་ལ་ཆེས་ཆེར་མི་བཟུང་ངོ་༔ མི་ཕོད་པ་བརྫི་བ་བཞི་ལམ་དུ་ཁྱེར་ཏེ༔ ཕྱི་ཡུལ་གྱི་མི་ཕོད་པ་བརྫི༔ ནང་ལུས་ཀྱི་(༡༨༨)མི་ཕོད་པ་བརྫི༔ གསང་བ་དུག་ལྔ་མི་ཕོད་པ་བརྫི༔ དེ་ཁོ་ན་ཉིད་སེམས་བུ་ནོར་གྱི་མི་ཕོད་པ་བརྫི༔ དེ་ལྟར་ཉམས་སུ་བླངས་པས་འཁྲི་བ་ཆོད་པ་བཞི་འབྱུང་སྟེ༔ ཕྱི་ཡུལ་ལ་འཁྲི་བ་ཆོད༔ ནང་ལུས་ཀྱི་འཁྲི་བ་ཆོད༔ གསང་བ་དུག་ལྔའི་འཁྲི་བ་ཆོད༔ དེ་ཁོ་ན་ཉིད་དུ་སེམས་ཀྱི་འཁྲི་བ་ཆོད་པར་འགྱུར་རོ༔ རྐྱེན་ངོས་བཟུང་བ་ནི༔ ཆོས་དང་མི་མཐུན་པ་ངོས་བཟུང་ལ་མཚང་ཡུལ་ནས་འདོན༔ རིག་པ་ལ་དྲི་མ་མི་གནས་པར་བཞག་གོ༔ རང་རིག་བླ་མར་ཤེས་ནས་རྟོགས་པ་ནང་ནས་འཆར་རོ༔ རིག་པ་ཕྱོགས་མེད་དུ་གྲོལ་ནས་སྣང་བ་དབང་དུ་འདུའོ༔ རང་ཉིད་ཕག་མོར་གསལ་གདབ༔ རྩ་མདུད་ལྔར་མཁའ་འགྲོ་ཡབ་ཡུམ་བཅུ་གསལ་གདབ༔ ཙཀྲ་བཅུ་བསྐོར་ཞིང་མི་སྡོད་པ་གསུམ་ལམ་དུ་ཁྱེར༔ ལུས་མི་སྡོད་སྒུལ་བསྐྱོད་བྱ༔ ངག་མི་སྡོད་ཧ་རི་ནི་ས་བཟླ༔ ཡིད་མི་སྡོད་ཏིང་ངེ་འཛིན་གསལ་གདབ༔ དེ་ལ་རྟགས་ནི་འདུ་བ་གསུམ་འབྱུང་སྟེ༔ འཁོར་དང་བུད་མེད་ཟས་ནོར་འདུ༔ མཁའ་འགྲོ་དང་ཆོས་སྐྱོང་འདུ༔ སྔགས་བཙུན་དང་སྐྱེ་བོ་འདུ༔ རྒྱལ་དམངས་དང་ཁྲོམ་འདུ༔ འབར་བ་གསུམ་འབྱུང་སྟེ༔ ལུས་ལ་བདེ་བ་འབར་ནས་ན་ཚ་ཞི༔ ངག་ལ་ནུས་པ་འབར་ནས་འདྲེ་གདོན་ཞི༔ སེམས་ལ་རྟོགས་པ་འབར་ནས་ཉོན་མོངས་པ་ཆོས་ཉིད་དུ་འཆར་རོ༔ རྟགས་གསུམ་འཆར་ཏེ༔ ལུས་བྱིན་གྱིས་བརླབས་པའི་རྟགས་གར་དང་ལྡེག་པའོ༔ ངག་བྱིན་གྱིས་བརླབས་པའི་རྟགས་ཅི་སྨྲས་ཆོས་སུ་འོང༔ ཡིད་བྱིན་གྱིས་བརླབས་པའི་རྟགས་ཆོས་ཉིད་ལ་བརྟན་པ་ཐོབ་པའོ༔ དྲོད་བཞི་འབྱུང་སྟེ༔ ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང༔ ནང་གི་དྲོད་དབུགས་ཕྱི་ནང་འགྱུ་བ་མི་ཚོར་བ་དང༔ གསང་བའི་དྲོད་ལུས་ཤིང་བལ་ལྟར་ཡང་བའོ༔ ཚུད་པ་རྣམ་པ་གསུམ་གསུང་སྟེ༔ གདམས་ངག་ལ་རང་བྱན་ཚུད༔ ཉམས་མྱོང་ལ་མཇལ་ཀ་ཚུད༔ སེམས་ལ་སྡུག་བསྲན་ཚུད་པའོ༔ མངོན་ཤེས་གསུམ་འབྱུང་སྟེ༔ ཁྱད་པར་གྱི་མངོན་ཤེས་སེམས་ཆོས་སྐུར་ཤེས་པ་དང༔ ཐུན་མོང་གི་མངོན་ཤེས་ལེགས་ཉེས་ཅི་ཡོང་ཤེས་པ་དང༔ གསང་བའི་མངོན་ཤེས་ཡི་དམ་ལྷའི་ཞལ་མཐོང་གསུང་ཐོས་པའོ༔ ཐོབ་པ་གསུམ་འབྱུང་སྟེ༔ ཆོས་སྐུ་སྐྱེ་བ་མེད་པ་ཐོབ༔ ལོངས་སྐུ་(༡༨༩)འགགས་པ་མེད་པ་ཐོབ༔ སྤྲུལ་སྐུ་གང་ལ་གང་འདུལ་ཐོབ་བོ༔ དེ་ལྟར་ཉམས་སུ་བླངས་ན༔ འཁྲི་བ་བཙན་ཐབས་སུ་ཆོད༔ འཇིག་རྟེན་པའི་མི་དང་བློ་མི་མཐུན༔ རི་ཁྲོད་ལ་འགྲོ་སྙིང་འདོད༔ མཁའ་འགྲོ་ཡབ་ཡུམ་རྣམས་ཀྱིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ལུང་སྟོན༔ ཆོས་འཆད༔ ལེགས་ཉེས་ཐམས་ཅད་སྨྲ་བར་འགྱུར་རོ༔ ཟབ་རྒྱ༔ གཏད་རྒྱ༔ མཁའ་འགྲོ་མའི་རྒྱ༔ རྒྱ་རྒྱ་རྒྱ༔