cover

ཀློང་ཆེན་པའི་གསུང་འབུམ། ཚ༽

གླེགས་བམ་བཅོ་བརྒྱད་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྙན་བརྒྱུད་དོན་གྱི་མེ་ལོང་།

༄༅། །སྙན་བརྒྱུད་དོན་གྱི་མེ་ལོང་བཞུགས་སོ། །

༄༅། །སྙན་བརྒྱུད་དོན་གྱི་མེ་ལོང་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་མའི་གནས་སུ་མངོན་པར་བྱང་ཆུབ་སྟེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །དོན་གཉིས་ལྷུན་གྲུབ་དང་པོའི་སངས་རྒྱས་དང་། །རིག་འཛིན་སྙན་བརྒྱུད་བླ་མའི་ཞབས་ལ་འདུད། །ཐིག་ལེ་མཆོག་གསང་བླ་ན་མེད་པ་ལས། །ཡི་གེ་མེད་པའི་སྙན་བརྒྱུད་རིན་པོ་ཆེ། །རིམ་ནས་རིམ་བརྒྱུད་ཟབ་མོ་གནད་ཀྱི་ཆོས། །ཕྱི་རབས་དོན་དུ་བདག་གིས་གསལ་བར་བྱ། །

བཀའ་རྫོགས་པ་ཆེན་པོ་ཐེག་པ་ཀུན་གྱི་རྩེ་རྒྱལ། རྒྱུད་ལུང་མན་ངག་གསུམ་གྱི་སྙིང་ཁུ། ཐིག་ལེ་ཕྱི་ནང་གསང་གསུམ་གྱི་ཡང་ཞུན། དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ། ལྟ་སྒོམ་སྤྱོད་པ་གསུམ་གྱི་མཐར་ཐུག །གཞི་ལམ་འབྲས་བུ་གསུམ་གྱི་གནད་འགག །སྒོ་གསུམ་རང་གྲོལ་དུ་སྟོན་པ། སྐུ་གསུམ་ཅེར་མཐོང་དུ་སྟོན་པ། སངས་རྒྱས་ལག་བཅངས་སུ་སྟོན་པ། སྙན་ནས་སྙན་དུ་བརྒྱུད་པ། སྙན་བརྒྱུད་དོན་གྱི་མེ་ལོང་འདི་ལ་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པའི་ལོ་རྒྱུས། ཇི་ལྟར་གདམས་ཚུལ་གནད་ཀྱི་མན་ངག །རྟོགས་ཤིང་གྲོལ་བ་ངོ་སྤྲོད་ཀྱི་གདམས་པའོ། །དང་པོ་ལ་གསུམ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་སྟེ། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །གང་ཟག་ཕྲལ་བཅས་མ་ཡིན་པས། །དུས་གསུམ་སངས་རྒྱས་བརྒྱུད་པ་བཤད། །རྒྱལ་བས་གསུངས་པར་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པ་བཤད། །ལྡེམ་པོའི་དགོངས་དོན་མ་ཡིན་པར། །ངེས་པའི་དོན་གསུངས་ཡིད་ཆེས་འགྱུར། །མ་འོངས་གང་ཟག་རྣ་བརྒྱུད་ཤོད། །འབྲེལ་མ་ཆད་པར་ཡིད་ཆེས་འགྱུར། །ཞེས་སོ། །དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པའང་གསུམ་ལས། ཆོས་སྐུའི་བྱིན་གྱིས་བརླབས་ཀྱིས་གསུངས་པ་ནི། གནས་ཁྱད་པར་ཅན་ཆོས་ཀྱི་དབྱིངས་པདྨ་བདེ་གསལ་གྱི་གྲོང་ཁྱེར་མཐོ་དམན་དང་མཐའ་དབུས་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཉིད་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། བསྟན་པའི་སྙིང་པོ་ཡེ་ཤེས་ལྔ་རང་སྣང་རྟོགས་པའི་འཁོར་རིགས་ལྔ་ལ། མ་ངེས་པའི་དུས་སུ་རང་བཞིན་བྱིན་གྱིས་བརླབས་(༤༤)ཀྱིས་གསུངས་པ་ནི། བསྡུས་རྒྱུད་ལས། ང་ཉིད་མ་འོངས་སྔོན་རོལ་ན། །སྟོན་པ་ཀུན་རིག་ཆོས་ཀྱི་རྗེ། །པདྨ་བདེ་གསལ་གྲོང་ཁྱེར་དུ། །བསྟན་པའི་སྙིང་པོ་ཡེ་ཤེས་ལྔ། །རང་སྣང་རྟོགས་པའི་འཁོར་རྣམས་ལ། །རྟོག་མེད་བྱིན་གྱིས་བརླབས་ཀྱིས་བཤད། །ཅེས་པ་དང་། གསང་བ་རིག་པ་བཀོད་པའི་རྒྱུད་ལས། ཆོས་སྐུའི་བྱིན་གྱིས་བརླབས་ཀྱིས་བཤད་པའི་དུས། །རྟོགས་པའི་རྡོ་རྗེ་རང་སྣང་དུས་ན་ཡིན། །ཞེས་སོ། །

ལོངས་སྐུ་རང་གི་ངོ་བོས་གསུངས་པ་ནི། གནས་ཁྱད་པར་ཅན་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སྟོན་པ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་བཞི་དང་། རིགས་བཞི་སོ་སོའི་འཁོར་བཞི་ལ། དུས་རིག་པ་ཡུལ་ལ་ཤར་བའི་ཚེ། བསྟན་པ་རང་སྣང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ། དངོས་སུ་ཚིགས་ལས་འདས་པ་ངོ་བོས་གསུངས་ཏེ། བསྡུས་རྒྱུད་ལས། སྟོན་པ་ཀུན་རིག་ཡེ་ཤེས་ཀྱིས། །ཆོས་ཉིད་གསལ་བའི་རང་གདངས་ལས། །ཡེ་ཤེས་འགག་མེད་དཀྱིལ་འཁོར་བྲིས། །རང་ཉིད་དབུས་ཀྱི་གཙོར་གནས་ཏེ། །ཉིད་ལས་མི་གཞན་སྟོན་པ་བཞི། །རང་རང་རིགས་ཀྱི་འཁོར་རྣམས་ལ། །གསུང་གི་ཆོས་རྣམས་མི་འཆད་པར། །བྱིན་རླབས་རང་ངོའི་སྒོ་ནས་སྟོན། །ཞེས་པ་དང་། གསང་བ་རིག་པ་བཀོད་པ་ལས། ལོངས་སྐུ་རང་གི་ངོ་བོས་བཤད་པའི་དུས། །སྐུ་མཆོག་འོད་གསལ་སྣང་བའི་ཚེ་ན་ཡིན། །ཞེས་སོ། །

སྤྲུལ་སྐུའི་སྒྲ་ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་ནི། གནས་རྣམ་པར་དག་པ་ཡིད་འདྲེས་པའི་ཚལ་དུ། སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་མེ་ཏོག་པདྨའི་སྡོང་པོ་ཁ་སྟོང་དང་ལྡན་པའི་དབུས་སུ། བརྫུས་ཏེ་བྱོན་ནས། ཐུགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་ཏེ། གཞི་ཇི་བཞིན་པ་རྡོ་རྗེ་སེམས་དཔའ་དོན་གྱི་ངོ་སྤྲོད་མཛད། དོན་ཇི་བཞིན་པ་རིན་ཆེན་འབྱུང་ལྡན་རྟགས་ཀྱི་ངོ་སྤྲད་མཛད། བརྡའ་ཇི་བཞིན་པ་སྣང་བ་མཐའ་ཡས་ཀྱི་དཔེའི་ངོ་སྤྲོད་མཛད། སྒྲ་ཇི་བཞིན་པ་དོན་ཡོད་གྲུབ་པའི་སྒྲ་ཚིག་ཏུ་བཤད་དེ། ལོ་བརྒྱད་ནས་བཅུ་དྲུག་གི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ཀྱི་འཁོར་ལོ་ནང་དུ་བསྐོར་ཏེ། ཕྱོགས་ལྷུངས་མེད་པའི་ཤེས་རབ་སོ་སོར་(༤༥)རྟོགས་པའི་ཡེ་ཤེས་ཀྱིས་བདག་བསྒྲལ་ཏེ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བཞུགས་སོ། །ལོ་བཅུ་དྲུག་ནས་ཉི་ཤུ་རྩ་ལྔའི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔའི་འཁོར་ལོ་ཕྱིར་བསྐོར་ཏེ་གཞན་དོན་མཛད་པ་ནི་ཐུགས་ཀ་ནས་རང་བྱུང་གི་སྤྲུལ་སྐུ་ཐུབ་པ་དྲུག་སྤྲུལ། ཐུན་མོང་མ་ཡིན་པའི་འཁོར་སྨིན་མཚམས་ནས་དགའ་རབ་རྡོ་རྗེ་སྤྲུལ་ཏེ། སངས་རྒྱས་ཀྱི་རིག་འཛིན་དུ་བཞག །ཤངས་ནས་གསང་བའི་བདག་པོ་སྤྲུལ་ཏེ་ཞུ་བ་པོར་བསྐོས། སྙན་གཉིས་ནས་འཇམ་དཔལ་དང་སྤྱན་རས་གཟིགས་སྤྲུལ་ཏེ་གསང་བའི་ཆོས་བསྟན། ལྷ་གནས་མི་འདྲ་བ་གསུམ་དུ་བརྡའ་སྒྲ་ངེས་པས་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐུགས་རྗེས་གཞན་བསྒྲལ་ལོ། །དེ་ནས་མྱ་ངན་ལས་འདས་པར་དགོངས་ཏེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་སྙན་བརྒྱུད་ལུང་དང་མན་ངག་ཐམས་ཅད་སྟེར། མ་འོངས་པའི་དུས་སུ་སྤེལ་ཅིག་ཅེས་གསུངས་ནས། རང་ལོ་ཉི་ཤུ་རྩ་ལྔར་འགྲོ་བའི་ཐོ་རངས་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དགའ་རབ་རྡོ་རྗེས་གསོལ་བ་བཏབ་པས། འདས་རྗེས་གསུམ་བབས་ཏེ་གདུང་བ་བསལ་ལོ། །དེ་ཡང་བསྡུས་རྒྱུད་ལས། ཨུ་དུམ་ཝཱ་ར་འབར་བ་ཆེན་པོ་ལས། །ང་ཉིད་བརྫུས་ཏེ་ཡོད་པའི་ཚེ། །ང་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ། །དབང་གི་ཆུ་བོ་བཞི་རྫོགས་པས། །རྟོགས་པའི་ཡེ་ཤེས་རང་དབང་ཐོབ། །བརྡ་སྒྲ་ངེས་པའི་དོན་གསུམ་བཤད། །ཅེས་པ་དང་། གསང་བར་རིག་པ་བཀོད་པ་ལས། སྤྲུལ་སྐུའི་ཚིག་སྦྱོར་ལེགས་པར་བཤད་པའི་དུས། །མཐུན་པའི་སེམས་ཅན་རྣམས་ལ་གནང་བ་ཡིན། །ཞེས་སོ། །རྒྱལ་བ་དགོངས་པའི་བརྒྱུད་པའོ།། །།

༈ རིག་འཛིན་བརྡའ་ཡི་བརྒྱུད་པ་ནི། དཔལ་རྡོ་རྗེ་སེམས་དཔས་སྤྲུལ་ཞིང་སངས་རྒྱས་ཀྱི་རིག་འཛིན་དུ་བཞག་པའི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད། མི་རྣམས་འདུལ་བའི་ཕྱིར་འཛམ་བུའི་གླིང་དུ་སྐྱེ་བ་བཞེས་ཚུལ་བསྟན་པ་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་རྒྱལ་བུ་ཨུ་པ་རཱ་ཛ་དང་། བཙུན་མོ་གསལ་བའི་འོད་ལྡན་མའི་སྲས་མོ་དགེ་སློང་མ་སུ་དྷརྨ་ཞེས་བྱ་བ་དེ་ནུབ་ཕྱོགས་དྷ་ན་ཀོ་ཤའི་གླིང་ན་བསམ་གཏན་ལ་བཞུགས་པའི་རྨི་ལམ་ན། ཤེལ་གྱི་མི་དཀར་པོ་གཅིག་གིས་ཤེལ་གྱི་བུམ་པ་སྤྱི་བོར་བཞག་སྟེ། དབང་(༤༦)བསྐུར་བར་རྨིས་ནས། ཟླ་བ་དགུ་ངོ་དང་བཅུ་ན་རྩིབ་མ་གཡས་པའི་སྒོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་དུ་འབར་བ་ཞིག་བལྟམས་པས་ཡུམ་བྲེད་དེ། ཕ་མེད་བུ་འདི་འཇིག་རྟེན་འདྲེ་བས་གཞན་པ་སུ། །འཇིག་རྟེན་བདུད་དམ་ཚངས་པ་ལ་སོགས་སམ། །ཁམས་གསུམ་དག་ན་འདོད་ལྡན་སུ་ཞིག་ཡིན། །འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །ཀྱེ་མ། བདག་ནི་ཁྲིམས་གཙང་སྲིད་ལས་རྒྱལ་འདོད་པས། །ལོག་སྲེད་འགྲོ་བས་དཔྱས་གྱུར་སྡིག་རེ་ཆེ། །ཞེས་བརྗོད་ནས། ཐལ་བའི་གོང་བུར་དོར་བ་དང་། ས་ཆེན་པོ་ཡང་གཡོས། མེ་ཏོག་གི་ཆར་ཆེན་པོ་ཡང་བབས། བར་སྣང་ནས་ལྷ་རྣམས་ཀྱིས་བཀྲ་ཤིས་ཚིགས་སུ་བཅད་པ་ཡང་བརྗོད་པ། མགོན་པོ་སྟོན་པ་བཅོམ་ལྡན་འདས། །རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་བསྐྱབ་པ་དང་། །མཁའ་ཡི་རྡོ་རྗེ་དེང་བདག་སྩོལ། །ཞེས་བརྗོད་ཅིང་། མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་སྤྲིན་ཕུང་གཏིབས། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པས་ཙན་དན་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱོགས་ཀུན་ནས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཆོས་ཀྱི་རྔ་རྡུང་། དུང་འབུད། རྒྱལ་མཚན་འཛུགས། བ་དན་བསླངས་པ་ལ་སོགས་པ་བྱེད་པ་དང་། དྲང་སྲོང་གི་རྒྱལ་པོ་རྣམས་ཀྱིས་ཀྱང་། སྨན་གྱི་ཚོགས་དཔག་ཏུ་མེད་པའི་སྤྲིན་གྱིས་གཏིབས་པ་མཐོང་ནས། སྤྲུལ་པར་ཤེས་ཏེ་བཟོད་པར་གསོལ་ནས། དར་དཀར་གྱིས་ལྕིབས་མོས་བླངས་སྤོས་ཆུ་དང་འོ་མས་བཀྲུས་ཏེ་གསོས་པས། མཚོ་ཆེན་པོའི་པདྨ་ལྟར་གཞན་ལས་ཆེར་བསྐྱེད་ཅིང་འཕགས་སོ། །མཚན་ཡང་མཁའ་འགྲོ་མ་རྣམས་ཀྱིས་རོ་ལངས་ཐལ་མདོག་ཅེས་གསོལ་ཏོ། །ལོ་བདུན་ནས་ཆོས་རྣམས་མ་བསླབས་པར་རང་འཁྲུངས་སུ་མཁྱེན་པའི་ཚུལ་གྱིས། ཨོ་རྒྱན་གྱི་པཎྜི་ཏ་ལྔ་བརྒྱ་དང་རྩོད་ཅིང་གླེང་བས། ཕར་དྲིས་པ་ལས་སུས་ཀྱང་མ་ཐུབ། ཚུར་དྲིས་པའི་ལན་ཐོགས་མེད་དུ་བྱུང་བས། པཎྜི་ཏ་རྣམས་ཀྱིས་སློབ་དཔོན་ཆེན་པོ་པྲཛྙཱ་བྷ་ཞེས་གསོལ། རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེར་གསོལ། ཡུལ་མི་ཀུན་གྱིས་རོ་ལངས་བདེ་བར་གསོལ་ཏེ། མཚན་གྱི་རྣམ་གྲངས་བཞིར་བྱུང་བ་ནི། སྔོན་བྱུང་སྟོན་པའི་ཉེ་འཁོར་དུ་སྐྱེ་བ་བཞིའི་ལུས་ཀྱི་འདུན་(༤༧)མའི་བསོད་ནམས་ལས་བྱུང་བའོ། །དེ་ནས་བྱང་ཕྱོགས་སུ་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ལ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་དགོངས་པ་ཏིང་ངེ་འཛིན་ལ་བཞུགས་ནས། མ་ལ་ཡའི་རྩེར་བྱོན་ཏེ། སྔར་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་རིན་པོ་ཆེ་རྣམས་དང་། ཁྱད་པར་དུ་རྫོགས་པ་ཆེན་པོ་ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་ཡི་གེར་བཀོད་དེ། མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་པ་མཁའ་འགྲོ་མ་རྣམས་ལ་གཏད་དོ། །དེ་ནས་སློབ་དཔོན་ཆེན་པོ་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ཁྱེར་ན། ཡབ་བྲམ་ཟེ་ལེགས་ལྡན་སྟོན་པ་དང་། ཡུམ་སྣང་གསལ་མཛེས་མའི་བུ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ། རིག་པའི་གནས་ལྔ་ལ་མཁས་པ་ཞིག །དུར་ཁྲོད་གསང་ལུང་ན་སྤྱོད་པ་མཛད་ཅིང་བཞུགས་པ་ན། འཇམ་དཔལ་རྣོན་པོ་ནམ་མཁའ་ལ་བྱོན་ཏེ་ལུང་སྟོན་པ། ཀྱེ་རིགས་ཀྱི་བུ་འབྲས་བུ་ངེས་པའི་དོན་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག །ཅེས་ཐོས་མ་ཐག་བྱོན་པས། ཞལ་མཇལ་ཕྱག་དང་བསྐོར་བ་བྱས་ནས་རྗེས་སུ་གཟུང་བར་ཞུས་པས། གནང་སྟེ་ཆོས་ཐམས་ཅད་རྫོགས་པར་གསུངས་ནས། བླ་མ་ཉིད་ཆུ་བོ་དན་ཏིག་གི་མགོར་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

དེ་ནས་སློབ་དཔོན་འཇལ་དཔལ་བཤེས་གཉེན་གྱིས་དཔེ་རྒྱུད་ཐམས་ཅད་རྡོ་རྗེ་གདན་གྱི་བྱང་ཤར། ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་གྱི་འོག་ཏུ་རང་རྒྱས་གདབ་སྟེ། དུར་ཁྲོད་སོ་ས་གླིང་དུ་བཞུགས་སོ། །དེའི་ཚེ་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཤོ་འཁྱམས་ནག་པོ་ཞེས་བྱ་བ་ན། ཁྱིམ་བདག་དགེ་བ་དང་ལྡན་པའི་ཡིད་ཅན་དང་། སྣང་གསལ་མཁྱེན་མའི་བུ་སློབ་དཔོན་ཆེན་པོ་ཤྲཱི་སེངྷ་ཞེས་པ། མཁས་པར་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཞིག །ནུབ་ཕྱོགས་གསེར་གླིང་དུ་ཐད་ཀ་སྟོང་པའི་ནམ་མཁའ་ལ་སྤྱན་རས་གཟིགས་བྱོན་ནས་ལུང་བསྟན་པ། ཀྱཻ་སྐལ་ལྡན་འབྲས་བུ་ངེས་པའི་དོན་འདོད་ན། རྒྱ་གར་གྱི་དུར་ཁྲོད་སོ་སའི་གླིང་དུ་སོང་ཞིག །ཅེས་པ་ཐོས་ནས། རྐང་མགྱོགས་བསྒྲུབས་ཏེ་བྱོན་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ནས་ཕྱག་དང་བསྐོར་བ་བྱས། རྗེས་སུ་གཟུང་བར་ཞུས་པས། (༤༨)ཆོས་ཐམས་ཅད་རྫོགས་པར་གནང་། དཔེ་བརྒྱུད་རྣམས་ལུང་བསྟན་ཏེ་དུར་ཁྲོད་དེ་ཉིད་ཀྱི་མཆོད་རྟེན་གྱི་རྩེ་ལ་ལྷག་མེད་དུ་གཤེགས་སོ། །དེ་ནས་སློབ་དཔོན་ཆེན་པོ་ཤྲཱི་སེངྷས་རྡོ་རྗེ་གདན་གྱི་བྱང་ཤར་ནས་དཔེ་རྣམས་བཏོན་ནས་རྒྱ་ནག་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བྱོན་ཏེ། དཔེ་རྣམས་སྦས་ནས། དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་དགོངས་པ་ལ་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་ན་རྒྱལ་པོ་དྷརྨཱ་ཨ་ཤོའི་སྲས་མོ་དྷརྨཱ་བོ་དྷིའི་སྲས་སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲ་ཞེས་བྱ་བ་ལ། ༼འདི་ལ་ཁ་ཅིག་ཕ་མེད་པས་ཡུམ་གྱིས་བྱེ་མའི་ཁུང་བུར་སྦས་པས་མ་ཤི་བར་མིག་བཀྲ་ཧྲིག་གེ་འདུག་པས་བྱེ་མ་ལ་མུ་དྲྭ་ཞེས་པ་དང་། ཁ་ཅིག་ཆོས་བྱེ་མའི་ལ་བརྒལ་ཙམ་ཤེས་པས། དེ་སྐད་ཟེར་བར་འདོད་པ་ནི་རྡོལ་ཐབས་སུ་སྨྲ་བ་སྟེ། གཡུ་ཡིག་ཅན་དུ་ཡབ་བཤད་པ་དང་འགལ་ལོ། །དེས་ན་ཨ་ཏི་བཀོད་པ་ཆེན་པོ་ལས། ཕྱག་རྒྱ་ཅན་ཞེས་བྱ་བའི་མཁས་པ་མཆོག་དེ་ཀ་མ་རུར་གནས། ཞེས་ལུང་བསྟན་པ་ལྟར། བྱེ་མ་བསྒྱུར་བས་རྒྱ་ཆེན་མུ་ཏྲ་ཕྱག་རྒྱ་སྟེ། བྱེ་མ་ལ་མུ་ཏྲའོ། །རབ་ཏུ་བྱུང་བའི་མཚན་ནི། བི་མ་ལ་མི་ཏྲ་སྟེ། དྲི་མེད་བཤེས་གཉེན་བྱ་བའི་མཚན་ཡོད་པའོ། །ལོ་ལྔ་ནས་རིག་པའི་གནས་ཐམས་ཅད་རང་འཁྲུངས་སུ་མཁྱེན་པ་ཞིག་དང་། སློབ་དཔོན་ཡེ་ཤེས་མདོ་གཉིས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འདམ་བུའི་ཚལ་དུ་སྐྱོ་སངས་ལ་བྱོན་པ་ལས། སྟེང་གི་ནམ་མཁའ་ནས་རྡོ་རྗེ་སེམས་དཔས་ལུང་བསྟན་པ་ལས། ཀྱཻ་སྐལ་ལྡན་ཚེ་གཅིག་གི་འབྲས་བུ་ངེས་པར་འདོད་ན། བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་སོང་ཞིག །ཅེས་ཐོས་པ་ལས། སློབ་དཔོན་བྱེ་མ་ལས་བྱོན་ནས་མཇལ་ཏེ། སྙན་བརྒྱུད་རྣམས་གནང་བ་དང་། སླར་རྒྱ་གར་དུ་བྱོན་ཏེ་དུར་ཁྲོད་ཆེན་པོ་སྣང་བྱེད་དུ་དགོངས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷིས་གདན་དྲངས་ནས་བླ་མཆོད་དུ་མཛད་དོ། །རིག་འཛིན་བརྡ་ཡི་བརྒྱུད་པའོ།། །།

༈ གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། དུས་དེའི་ཚེ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བྲག་དམར་དཔལ་གྱི་བསམ་ཡས་བཞེངས། ལོ་པཎ་མང་པོས་རྒྱུ་འབྲས་ཀྱི་ཆོས་དཔག་ཏུ་མེད་པ་བསྒྱུར་ཀྱང་ཐུགས་མ་ཚིམ་སྟེ། ད་དུང་ཆོས་འདི་ལས་ཟབ་པ་རྒྱུ་འབྲས་ལ་བཟླ་བ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ཆོས་ཤིག་འོང་ཐང་སྙམ་པའི་ཚེ། རྗེའི་ཆོས་བློན་ཉང་ཏིང་འཛིན་བཟང་པོའི་ཞལ་ན་རེ། ཀྱཻ་མངའ་བདག་རྗེ། རྒྱ་གར་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་བླ་མཆོད་པཎྜི་ཏ་(༤༩)ལྔ་བརྒྱ་བཞུགས་ཟེར་བས། དེ་དག་གི་ནང་ནས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་གདན་དྲངས་འཚལ་ཞེས་ཞུས་པས། ལོ་ཙཱ་བ་ཀ་ཅོག་རྨ་གསུམ་ལ་གསེར་ཕྱེ་དང་གསེར་གྱི་པ་ཏྲ་མང་པོ་སྐྱེས་སུ་བསྐུར་ནས་གདན་འདྲེན་དུ་བཏང་བས། ལོཙྪ་བས་སྐྱེས་ཕུལ་བཀའ་དྲིན་གསོལ་བའི་སྐྱེས་ལན་དུ། རྒྱལ་པོས་པཎྜི་ཏ་རྣམས་ལ་ཁྱེད་རྣམས་ཀྱི་དཀྱིལ་ན་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བོད་དུ་གཤེགས་པར་ཞུ་ཞེས་ཚ་བའི་གྲལ་ལ་བསྐུལ་དུས། ཡར་གྱི་ཕྱེད་དང་སུམ་བརྒྱས་མར་ལ་གཟིགས། མར་གྱི་ཕྱེད་དང་སུམ་བརྒྱས་ཡར་ལ་གཟིགས་པའི་དཀྱིལ་ན། བྱེ་མ་ལ་བསྐུལ་བར་མཁྱེན་ཏེ། ཀ་པཱ་ལི་སོར་བཞི་པ་གཅིག་ཏུ་ཆོས་ཀྱི་སྡོམ་འདུས་པ་བསྣམས་ནས་བྱོན་དུས། བོད་དུ་ཕྱགས་ཕེབས་བསུ་བ་ཆེན་པོ་མཛད། ཕྱི་ནང་གི་ཆོས་མང་པོ་བསྒྱུར་ཞིང་གསུངས། ཁྱད་པར་དུ་རྒྱལ་པོ་ཡབ་སྲས་དང་། ཉང་ལ་ཐིག་ལེ་སྐོར་གསུམ་རྣམས་གསུངས་ཏེ། ཐུགས་ཚིམས་པར་མཛད་ནས། བི་མ་ལ་རྒྱ་ནག་རི་བོ་རྩེ་ལྔར་གཤེགས། དེ་ནས་ཉང་ཏིང་འཛིན་བཟང་པོས་དབུ་རུ་གཞོའི་བྲག་དཀར་པོ་ལ་བྱོན་ནས་བཞུགས་དུས། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་ནས་གྲོ་ཁལ་ལྔ་བརྒྱ་ཙམ་ཡོད་པ་ལ་ཁྲལ་ཕབ་སྟེ། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་བཞེངས་ནས། ཐིག་ལེ་སྐོར་རྣམས་དཔེ་བརྒྱུད་དང་སྙན་བརྒྱུད་གཉིས་སུ་ཕྱེས་ཏེ། དཔེ་བརྒྱུད་རྣམས་གཏེར་དུ་སྦས། སྙན་བརྒྱུད་འདི་ཀའི་སྲོལ་མི་ཉམས་པར་བྱ་བའི་ཆེད་དུ། འཕན་ཡུལ་བ་སྦས་བློ་གྲོས་དབང་ཕྱུག་སྐལ་ལྡན་དུ་གཟིགས་ནས་གནང་སྟེ་ཆིག་བརྒྱུད་ལས་སྤེལ་དུ་མེད་པས། སྣོད་ལྡན་གཅིག་ལ་གཏོད་ཅིག་གསུངས་ནས་བཀའ་རྒྱ་དང་བཅས་པ་མཛད་དོ། །དེས་འབྲོམ་སྟོན་རིན་ཆེན་འབར་བ་གདམས་པའི་སྣོད་ལྡན་དུ་གཟིགས་ནས་བཀའ་རྒྱ་བཅས་པ་གནང་ངོ་། །དེས་ལྡང་མ་ལྷུན་གྱི་རྒྱལ་མཚན་བཀའི་བདག་པོར་གཟིགས་ནས་གནང་ངོ་། །ལྡང་མ་ལ་དམ་ཅན་གྱིས་ལུང་བསྟན་ནས་གཏེར་དཔེ་རྣམས་ཕྱུངས་ཏེ་ལོ་སྐོར་གཅིག་གསང་བའི་འོག་ཏུ་གདམས་པ་བཞག་པའི་སྣོད་འཚོལ་དུ་བྱོན་པ་དང་། ཉང་རེའི་ལྕེ་ཐུབ་པའི་དབང་པོ་དང་ཁྱུང་མོ་བཟའ་ལེགས་མའི་བུ་ལྕེ་བཙུན་སེང་གེ་དབང་ཕྱུག་དད་པ་སྐྱེས་ནས་ཆོས་(༥༠)འཚོལ་དུ་བྱོན་པ་གཉིས། རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ། ལས་ཅན་དུ་གཟིགས་ནས་སྙན་བརྒྱུད་རིགས་མི་འདྲ་བ་བདུན་གནང་། ལྕེ་བཙུན་གྱི་ཤོང་པ་རས་པ་ལས་ཅན་དུ་གཟིགས་ནས་གསུངས། དེས་ཟབ་སྟོན་ཆོས་འབར་སྐལ་ལྡན་དུ་གཟིགས་ནས་གསུངས། དེས་དམ་པ་དགྱེར་སྟོན་གདམས་པའི་བདག་པོར་མཁྱེན་ནས་གསུངས། དེས་སྐྱེ་མེད་ཇོ་སྐྱབས་ལ་གསུངས། དེས་དགྱེར་སྟོན་ཇོ་མེས་ལ་གསུངས། དེ་ཡབ་སྲས་གཉིས་ཀ་ལས་གཉེན་སྟོན་ཤེས་རབ་རྩེ་མོས་གསན་པས་ཉེ་བརྒྱུད་ལས། དགྱེར་གྱིས་གཉེན་ལ་གནང་བར་བྱེད། རིང་བརྒྱུད་ལ་སོ་སོར་བྱེད་དོ། །གཉེན་སྟོན་དབུས་སུ་བྱོན་པ་དང་། རིན་པོ་ཆེ་ཡོན་ཏན་སྒང་པ་མཇལ་ནས་ལས་ཅན་དུ་གཟིགས་ཏེ། གདམས་པ་ཐམས་ཅད་གནང་། ཡར་བཞུད་དུས་དཔེ་རྣམས་བཞག་ནས་ངའི་གདམས་པ་མ་ལུས་པ་ཁྱོད་ཀྱིས་ཤེས་པར་ཡོད་པས། ད་འགྲོ་དོན་གྱིས་ཤིག་གསུངས་ནས་བཀའ་རྒྱ་བཀྲོལ། བརྒྱུད་པ་གཏད་དེ་སངས་རྒྱས་ལག་བཅངས་སུ་གྲགས་སོ། །རིན་པོ་ཆེ་བས་བླ་མ་ནམ་མཁའ་རྡོ་རྗེ་ལས་ཅན་ཡིན་གསུངས་ནས་རྫོགས་པར་གནང་ངོ་། །དེ་ལ་བླ་མ་དམ་པ་ཀུ་མ་རཱ་ཛས་ཞུས་ཏེ་ངོ་སྤྲོད་རྒྱབ་ཆོས་དང་བཅས་པ་གཞུག་ཆོད་པར་མཛད། རིན་པོ་ཆེའི་གཅུང་པོ་དགེ་སློང་ལ་རིན་པོ་ཆེའི་ཞལ་ནས་སྙན་བརྒྱུད་ཀྱི་བཀའ་འདི་ཀུ་མ་རཱ་ཛ་ལ་གཏོད་ཅིག་གསུངས་པ་ཡིན་གསུངས་ནས་གདམས་གཞུག་ཆོད་པར་གནང་། ཡང་རིན་པོ་ཆེ་ཡོན་ཏན་སྒང་པས་བླ་མ་རྩེ་ཞིང་ལ། དེ་ལ་བླ་མ་རིན་པོ་ཆེས་ཞུས། ཡོན་ཏན་སྒང་པས་སྟོན་པ་རིན་ཆེན་སེང་གེ། དེས་སྐལ་ལྡན་ཆོས་ཀྱི་ཤེས་རབ། དེས་བླ་མ་ཀུ་མ་རཱ་ཛ། ཡང་གཙང་ཉང་སྟོད་མགར་གྱི་ཉི་མ་ལུང་དུ། གྲུབ་ཐོབ་ཆེན་པོ་ནས་བརྒྱུད་པའི་སློབ་དཔོན་ཡེ་ཤེས་མགོན་ལ་བླ་མ་དམ་པས་ཞུས་ཏེ། དཀའ་བ་དུ་མ་སྤྱད་ནས་གདམས་པའི་ཆུ་བོ་རྫོགས་པར་མཛད་དོ། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛས། བདག་ལ་གཏད་དེ་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འོང་གསུངས་ནས། མཉེས་ཚོར་ཆེན་པོ་ཡང་མཛད་དོ། །གང་ཟག་སྙན་ཁུང་དུ་བརྒྱུད་པའོ།། །།

༈ དེ་ལྟར་ཐོག་མའི་མགོན་པོ་ནས། རྣལ་འབྱོར་པ་བདག་ཡན་ཆད་ལ་དམ་ཚིག་ལ་སེལ་མེད། གདམས་པ་ལ་བསླད་མེད། ཉམས་ལེན་ལ་(༥༡)འགལ་འཁྲུལ་མེད། གཞན་དོན་བར་མ་ཆད། གྲོལ་ཚད་རྒྱ་མ་ཆད། བྱིན་རླབས་ཟམ་མ་ཆད་པས་བརྒྱུད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ཇི་ལྟར་གདམས་ཚུལ་གནད་ཀྱི་མན་ངག་ལ་གསུམ་སྟེ། གང་གིས་གདམས་པ་སློབ་དཔོན་གྱི་མཚན་ཉིད་ནི། ཕྱི་ཐོས་བསམ་གྱིས་ཤེས་རྒྱུད་གྲོལ་བ། ནང་ཉམས་ལེན་གྱིས་ཡོན་ཏན་རྫོགས་པ། གསང་བ་ཟུང་འཇུག་གིས་གཞན་དོན་སྤྱོད་པའོ། །གང་ལ་གདམས་པ་སློབ་མའི་མཚན་ཉིད་ནི། ཕྱི་དད་བརྩོན་དང་ཤེས་རབ་ཆེ་བ། ནང་མོས་གུས་དང་གཏོང་ཕོད་ཆེ་བ། གསང་བ་ཞི་དུལ་དང་སྙིང་རྗེ་ཆེ་བ། གང་ལྟར་གདམས་པ་གནད་ཀྱི་མན་ངག་ནི། ཕྱི་རྒྱུད་ལུང་མན་ངག་གི་གདམས་པ་སྣོད་མེད་ལ་མི་བཤད། ནང་སྙན་བརྒྱུད་ངོ་སྤྲོད་ཀྱི་གདམས་ངག་ཡི་གེའི་རིས་སུ་མི་གདབ། གསང་བ་ཐུགས་བརྒྱུད་མན་ངག་གི་གདམས་པ་ཁ་འབྱམས་སུ་མི་བཤད་དོ། །གསུམ་པ་རྟོགས་ཤིང་གྲོལ་བ་ངོ་སྤྲོད་ཀྱི་གདམས་པ་ལ་ལྔ་སྟེ། གཞི་ལམ་འབྲས་གསུམ་གྱིས་གཏན་ལ་དབབ། སྒྲོན་མ་དྲུག་གིས་གནད་བཅིངས། རང་བྱུང་ཡེ་ཤེས་སུ་འགགས་བསྡམ། ཐེམ་ཡིག་ལྔས་གཟེར་གདབ། གཙིགས་ཆེ་བས་བཀའ་རྒྱས་གདབ་པའོ། །དང་པོ་ལ་གསུམ་སྟེ། གཞི་རང་ལུགས་སུ་བཤད་པ། ལམ་དམར་ཁྲིད་དུ་བཤད་པ། འབྲས་བུ་གྲོལ་ཚུལ་དུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོག་མའི་སྤྱི་གཞི། ཀུན་ཏུ་བཟང་པོའི་གྲོལ་གཞི། མ་རིག་སེམས་ཅན་གྱི་འཁྲུལ་གཞི་བསྟན་པའོ། །དང་པོ་ནི་རྟོགས་ཏེ་སངས་རྒྱས་སུ་མ་ཤར། མ་རྟོགས་སེམས་ཅན་དུ་མ་བྱུང་བའི་སྔོན་རོལ་ན། ཡུལ་ཆོས་ཀྱི་དབྱིངས་སྟོང་པ་གོ་འབྱེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། དྭངས་ལ་མི་གཡོ་བ་རྒྱ་མཚོའི་གཏིང་ལྟ་བུ། གསལ་ལ་གོ་མ་འགགས་པ། མེ་ལོང་གཡའ་དག་པའི་ངོས་ལྟ་བུ། ཆོས་ཉིད་ཀྱི་ཀློང་ན་སྙིང་པོ་གཞི་འཛིན་པའི་རིག་པ་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །དེ་ཡང་འཁོར་བར་མ་ཆད་ལ། འཁོར་བར་འཆར་བའི་གོ་མ་འགགས་པ་ག་པུར་ལྟ་བུ། མྱང་འདས་སུ་མ་ཆད་ལ། མྱང་འདས་སུ་འཆར་བའི་གོ་མ་འགགས་པ་ག་པུར་ལྟ་བུ། ངོ་བོ་གང་དུ་མ་ཆད་ཀྱང་རྐྱེན་གྱིས་ཐ་དད་དུ་འགྱུར་བ། གཞི་ལ་སྐྱོན་ཡོད་མེད་ལ། འཆར་གཞི་(༥༢)ཙམ་དུ་གང་འདོད་དུ་འབྱུང་བས་ཡིད་བཞིན་གྱི་ནོར་བུ་ལྟར་ཀུན་གྱི་འབྱུང་གནས་ཆེན་པོར་གནས་ཏེ། ཀུན་གསལ་ལས། མ་བྱུང་མ་སྐྱེས་སྔོན་རོལ་ན། །ཐོག་མའི་མགོན་པོ་འོད་མི་འགྱུར། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །ནམ་མཁའ་རྒྱ་མཚོ་རིན་ཆེན་ག་པུར་བཞིན། །ཞེས་པ་དང་། མ་བྱུང་མ་སྐྱེས་སྔོན་རོལ་ན། །རྟོགས་ཏེ་སངས་རྒྱས་མ་བྱུང་ལ། །མ་རྟོགས་སེམས་ཅན་མ་བྱུང་ལ། །གཉིས་ཀར་མི་གནས་སྔོན་རོལ་ན། །ཐོག་མའི་མགོན་པོ་འོད་མི་འགྱུར། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཏེ། །ཆད་པ་མ་ཡིན་འོད་གསལ་སྐུ། །རྟག་པ་མ་ཡིན་དངོས་པོ་མེད། །ནམ་མཁའ་འཇའ་ཚོན་ཚུལ་དུ་གནས། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །ཀུན་གྱི་དངོས་གཞིར་གྱུར་པ་ལ། །རྒྱ་ཆད་ཕྱོགས་ལྷུངས་ཀུན་དང་བྲལ། །དབྱེར་མེད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ། །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་འདིའི་ངོ་བོ་ནི། ཡེ་ནས་ལྷུན་གྱིས་གྲུབ་པས་ནོར་བུ་ལྟ་བུ། འཁོར་འདས་གང་རུང་དུ་མ་ཆད་ལ། རྟོགས་མ་རྟོགས་ཀྱི་རྐྱེན་གྱིས། འཁོར་འདས་སུ་འཆར་བའི་གོ་མ་འགགས་པར་ག་པུར་ལྟ་བུ་དེ་ངོ་བོ་ཕན་གནོད་གང་དུའང་ཆད་པ་མེད་ལ། ཚད་པ་དང་གྲང་བའི་ནད་སོ་སོའི་རྐྱེན་གྱིས། ཕན་གནོད་ཀྱི་རྣམ་པར་འཆར་བའི་གོ་མ་འགགས་པ་ལྟ་བུ། གང་དུའང་མ་གྲུབ་པའི་རིག་པ་ཉིད། རྐྱེན་གྱིས་གང་ལྟར་ཡང་འཆར་བའི་གཞི་བྱས་དུས། དོན་ལ་བཟང་ངན་འཕོ་འགྱུར་མེད་པ་ལ་གཞིའི་གནས་ལུགས་ཞེས་བྱ་སྟེ། ངོ་མཚར་བའི་དོན་ནོ། །ཀུན་ཏུ་བཟང་པོའི་གྲོལ་གཞི་ནི། གཞི་རང་ཐོག་ནས་རང་ངོ་ཤེས་པས་སངས་རྒྱས་ཏེ། དཔལ་ཀུན་ཏུ་བཟང་པོ་ལ་རང་བྱུང་གི་ཆོས་གསུམ་ཡོད་པ་ནི། ལུང་ལས་མ་བྱུང་བའི་མན་ངག་ངང་ལས་ཤར་ཏེ་སངས་རྒྱས། ལུང་སྟོན་པའི་བླ་མ་མེད་པར་རང་རིག་གོ། །སེམས་ལས་མ་བྱུང་བའི་སངས་རྒྱས་རང་གིས་རིག་སྟེ་སངས་རྒྱས། ལུས་ངག་སེམས་མེད་པའི་གཞི་རང་གིས་རིག་གོ། །རྒྱུ་ལས་མ་བྱུང་བའི་འབྲས་བུ་རང་ལ་གྲུབ་པས་སངས་རྒྱས། གཞི་སྐུ་གསུམ་དུ་རྐྱེན་མེད་པར་རང་གིས་རིག་པའོ། །དེའང་གཞི་གནས་ཀྱི་ཡེ་ཤེས་གསུམ་པོ་དེ་རང་རིག་པའི་ཤེས་རབ་ཀྱི་ནུས་པས་འབྲས་བུ་སྐུ་གསུམ་དུ་རང་འཁྲུངས་པ་ཡིན་ནོ། །ཡང་ཀུན་ཏུ་བཟང་པོ་ལ་གྲོལ་གཞི་གསུམ་ཡོད་དོ། །(༥༣)ཡུལ་གྱི་གྲོལ་གཞི་རང་སྣང་གིས་རང་ངོ་ཤེས། སྐུ་ཡི་གྲོལ་གཞི་རང་སྣང་གཟུགས་སྐུ་རང་ངོ་ཤེས། ཐུགས་ཀྱི་གྲོལ་གཞིར་མཁྱེན་པའི་ཡེ་ཤེས་ཤར་ནས་རང་གྲོལ་ཏེ། ཀུན་གསལ་ལས། རང་བྱུང་དཀྱིལ་འཁོར་རང་སྣང་ལ། །རང་ངོ་ཤེས་པ་ལྷན་ཅིག་པས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར། །ང་ནི་ཆོས་སྐུ་དྲི་མེད་པས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། །ཆོས་སྐུ་རང་རིག་རང་ཤར་ཤེས། །ཞེས་སོ། །

དེ་ཡང་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ངོ་བོ་ཉིད་ཀྱི་སྐུ་དེ་རང་མལ་ལས་མ་གཡོས་པར་རང་གིས་རིག་ཅིང་རྟོགས་པས། ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུའི་སངས་རྒྱས་གཞི་ཐོག་ནས་བྱང་ཆུབ་པ་ཡིན་ནོ། །མ་རིག་པ་སེམས་ཅན་གྱི་འཁྲུལ་གཞི་ནི། གཞི་སྣང་རང་ངོ་མ་ཤེས་པས་འཁྲུལ་ཏེ། དེ་ཡང་ཡུལ་གྱི་འཁྲུལ་གཞི་འོད་གསལ་རང་སྣང་གི་གནས་ངོ་མ་ཤེས་པས་འཁྲུལ། ལུས་ཀྱི་འཁྲུལ་གཞི་འོད་ལྔ་གཟུགས་སྐུ་རང་ལུས་སུ་ངོ་མ་ཤེས་པས་འཁྲུལ། སེམས་ཀྱི་འཁྲུལ་གཞི་རིག་པ་རང་ངོ་མ་ཤེས་པས་འཁྲུལ་ལོ། །ཀུན་གསལ་ལས། ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་རིག་མེད་བེམས་པོར་གནས། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད། །ཁ་དོག་དབྱིངས་སུ་ཕྱོགས་མཐུན་ཕྱིར། །ཡེ་གཡོས་སེམས་སུ་འཁྲུལ་པ་སྟེ། །བྱེད་པ་པོ་ནི་ང་བདག་ཡིན། །གཟུང་འཛིན་སྐྱེས་པའི་དུས་ན་འཁྲུལ། །དུས་ནི་རྣམ་པ་གཉིས་སུ་རྟོགས། །འབྲས་བུ་འོད་གསལ་ལྷ་ལས་ནི། །སྣོད་བཅུད་སྲིད་པ་རིམ་གྱིས་ཆགས། །ཞེས་སོ། །གཞི་བསྐལ་པ་དང་པོ་ལས། གཞིར་སྣང་བར་ཀྱི་བསྐལ་པ་ཤར་དུས། རང་ངོ་མ་ཤེས་པས་འཁྲུལ་སྣང་བསྐལ་པ་ཕྱི་མར་ཁ་བརྒྱུད་དེ། ཁམས་གསུམ་རིགས་དྲུག་གི་སྣོད་བཅུད་དུ་ཆགས་པ་ལས། སྣོད་ཀྱི་རིམ་པ་ནི་དེ་ཉིད་ལས། དེ་དུས་གཟུང་འཛིན་རྣམ་རྟོག་གིས། །རང་བཞིན་འོད་ལྔ་གསལ་མི་ནུས། །གཟུགས་སོགས་ལྔ་ལ་བག་ཆགས་པས། །མཚོ་དར་ཞོ་ལ་སྤྲིས་ཆགས་ལྟར། །གླིང་བཞི་རི་རབ་གླིང་ཕྲན་སྣང་། །བཅུད་ལས་སྲིད་པའི་སྒོ་ང་དང་། །ནགས་ཚལ་སྨན་དང་མེ་ཏོག་འཁྲུངས། །རླན་དང་དྲོད་ལས་སྐྱེས་པ་ཡིན། །དེ་ལྟར་བར་གྱི་བསྐལ་པ་ལས། །སྣོད་ཀྱི་འཇིག་རྟེན་ལོགས་(༥༤)སུ་བསྐལ། །ཞེས་སོ། །བཅུད་ནི་ཡང་དེ་ལས། ནམ་མཁའ་སྟོང་པར་རླུང་རྒྱུ་བཞིན། །ཡིད་ནི་རླུང་ཆེན་ཀུན་ཏུ་རྒྱུ། །སྤྱན་གྱི་སྦྱོར་བས་སྒོ་ང་མཐོང་། །ཐུགས་ཀྱི་སྦྱོར་བས་མཛེས་པར་མཁྱེན། །ཞལ་གྱི་སྦྱོར་བས་ཆགས་སེམས་སྐྱེས། །རིག་པ་ཡིད་དང་བཅས་པ་ཞུགས། །སེམས་ཅན་ཕོ་མོ་སོ་སོར་སྨིན། །སྐྱེ་བ་བཞི་ལས་སྒོང་སྐྱེས་ཡིན། །དེ་ནས་མངལ་ནས་སྐྱེ་བ་བྱུང་། །མི་མཇེད་འཇིག་རྟེན་རིམ་པར་ཆགས། །ཉོན་མོངས་རགས་ཤིང་འབྲས་བུ་ངན། །དེ་ནས་མནར་མེད་གནས་ལ་ཐུག །ཅེས་གསུངས་སོ། །

གཉིས་པ་ལམ་དམར་ཁྲིད་དུ་བཤད་པ་ལ་གསུམ་ལས། བག་ཆགས་ལུས་ཀྱི་གྲུབ་ཚུལ། སེམས་དང་ཡེ་ཤེས་ཀྱི་གནས་ཚུལ། གདམས་པ་ངོ་སྤྲོད་ཀྱི་མཚོན་ཚུལ་ལོ། །དང་པོ་ནི། ཀུན་གསལ་ལས། དང་པོ་ལུས་ཆགས་མིག་ནས་བཟུང་། །དེ་ནས་ལུས་བྱིང་བསྐྱེད་པ་སྟེ། །མིག་གཉིས་རྩ་གཉིས་ཤར་བ་ལས། །དེ་ནས་རྩ་ཡི་མདུད་པར་གྱུར། །དེ་ནས་ལུས་བྱིང་བསྐྱེད་པ་ཡིན། །རྩ་ཡི་ཡན་ལག་རྣམས་ཤར་རོ། །དེ་ཡི་དུས་སུ་ཙིཏྟ་དང་། །གློ་བ་ལ་སོགས་ནང་ཁྲོལ་རྣམས། །དོན་སྙིང་ལ་སོགས་སོ་སོར་གྲུབ། །(༥༥)སྡུད་བྱེད་ལུས་ཀྱི་ཆགས་ལུགས་ཡིན། །ཞེས་པས། ལུས་ཆགས་པ། བསྐྱེད་པ། གནས་པ་གསུམ་ལས། དང་པོ་ནི་ཕ་མའི་ཐིག་ལེ་དཀར་དམར་གཉིས། དྲི་ཟ་ཉེ་བར་འཁོར་བའི་སེམས་ཅན་གྱི་རླུང་སེམས་གཉིས་ཏེ་བཞི་འདྲེས་པ་ལས། ཞག་བདུན་ཚན་དང་པོ་ལ་མེར་མེར་པོ་ཉུང་འབྲུའི་སུམ་ཆ་ཙམ་གྱི་དབུས་སུ་རྩ་མདུད་གྲུ་གསུམ་དེའི་དབུས་སུ་མིག་གཉིས་ཆགས་སོ། །བདུན་ཚན་གཉིས་པ་ལ་ནུར་ནུར་པོ་ལས་ཤར་གྱི་རྩའི་ནང་དུ་ཁྲག་གི་དྭངས་མ་རྟ་རྔ་བརྒྱར་གཤགས་པ་ཙམ་གཅིག་ཆགས་སོ། །བདུན་ཚན་གསུམ་པ་ལ་ཏར་ཏར་པོ་ལས་ལྷོའི་རྩའི་ནང་དུ་ཤའི་དྭངས་མ་ཆགས་སོ། །བདུན་ཚན་བཞི་པ་ལ་གོར་གོར་པོ་ལས་ནུབ་རྩའི་ནང་དུ་དྲོད་ཀྱི་དྭངས་མ་ཆགས་སོ། །བྱང་ཤར་དབུགས་ཀྱི་དྭངས་མ་ཆགས་སོ། །བདུན་ཚན་ལྔ་པ་ལ་འཁྲང་འགྱུར་ཏེ་རྩ་གསུམ་འཁོར་ལོ་བཞི་ཆགས་སོ། །བདུན་ཚན་དྲུག་པ་ལ་ཁྱབ་འཇུག་ཉ་ལྟ་བུ་མའི་ཆག་གང་བར་ཆགས་སོ། །བདུན་ཚན་བདུན་པ་ལ་རུས་སྦལ་གྱི་རྣམ་པའི་མཁྱིད་གང་བ་ཡན་ལག་དོད་པ་ཙམ་དུ་ཆགས་སོ། །བདུན་ཚན་བརྒྱད་པ་ལ་ཁྱབ་འཇུག་སྦལ་པའི་རྣམ་(༥༥)པ་འདྲ་བ་མའི་མཐོ་གང་བ་དབང་པོ་དང་ཡན་ལག་རྫོགས་པར་ཆགས་སོ། །ལུས་བསྐྱེད་པ་ནི། རླུང་དབུ་མར་ཚུད་མས་ཟས་ཟོས་པའི་དྭངས་མས་གཟུགས་སུ་སྨིན་ཅིང་བསྐྱེད་དེ། ཟླ་བ་དགུ་ངོ་དང་བཅུར་ཁྱད་པར་དུ་ལུས་རྫོགས་པ་ཡིན། ཀུན་གསལ་ལས། ལུས་བསྐྱེད་བཅུད་ཀྱི་ཆགས་ལུགས་ནི། །མ་བུ་ལྟེ་བ་གཉིས་འབྲེལ་ཏེ། །ལྟེ་བའི་གནས་ནས་སྐྱེད་པར་བྱེད། །དེ་ཡི་སྟོབས་དང་གཟི་མདངས་བསྐྱེད། །ཅེས་སོ། །

དེ་ནས་མངལ་སྐྱེས་ནས་ལུས་གནས་པ་ནི། རྩ་རླུང་ཐིག་ལེ་གསུམ་གྱི་འཕེལ་གནས་འགྲིབ་གསུམ་གྱིས་བྱེད་དེ། རྩ་ལུས་ཀྱི་རྟེན། དེ་ལ་ཐིག་ལེ་དང་རླུང་བརྟེན་ནོ། །རྩ་ལ་གཙོ་བོ་གསུམ། འཁོར་ལོ་བཞི། རྩ་བྲན་བྱེ་བ་གཅིག་གནས་ཏེ། དེ་ཉིད་ལས། ལུས་ཀྱི་རྒྱབ་མདུན་རྩ་ཡི་འཁོར་ལོ་བཞི། །འཁོར་ལོ་དྲྭ་བ་བཞིན་དུ་མང་འབྲེལ་ཡང་། །མཆོག་ཏུ་དྲང་བ་ཀ་བའི་ཚུལ། །སྐུ་གསུམ་བསྐྱེད་པའི་ཡེ་ཤེས་རྩ་གསུམ་གནས། །ཞེས་སོ། །རྩ་འདབ་ལ་ལྟེ་བ་ན་དྲུག་ཅུ་རྩ་བཞི། སྙིང་ག་ན་བརྒྱད། མགྲིན་པ་ན་བཅུ་དྲུག །སྤྱི་བོ་ན་སུམ་ཅུ་རྩ་གཉིས་སོ། །དེ་དག་ལས་གྱེས་པ་ཕྲ་མོ་དཔག་ཏུ་མེད་དོ། །རླུང་ལ་རྩ་ལ་རྒྱུ་བ་ཆེ་ཆུང་གཉིས་སོ། །ལས་བྱེད་པའི་རླུང་ནི་ལྔ་སྟེ། འདེགས་བྱེད་ཀྱི་རང་ཚིགས་བཞི་ལ་གནས་པས། ཤ་དང་རུས་པའི་སྟོབས་བསྐྱེད། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས་པས་ཁྲག་དང་ཆུ་སེར་གྱི་སྟོབས་བསྐྱེད། མེ་མཉམ་གྱི་རླུང་ཕོ་བ་ན་གནས་པས་ཟས་འཇུ་བར་བྱེད། དྭངས་སྙིགས་འབྱེད་པའི་རླུང་སྟེང་འོག་གཉིས་ལ་གནས་པས་དྭངས་མ་ལུས་ལ་འགྲེམས། སྙིགས་མ་ཕྱིར་དོར་བར་བྱེད། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་རིག་པ་དང་དབྱེར་མེད་པ་སྙིང་གར་གནས། འཁོར་བ་ཆོས་ཉིད་དུ་སྒྲོལ་བའི་ལས་བྱེད་དོ། །བྱང་ཆུབ་ཀྱི་སེམས་ནི་རྩའི་ནང་ནས་རྒྱུ་བ་ལས། དོན་དམ་ཐིག་ལེས་རྐྱང་མ། ཀུན་རྫོབ་ཐིག་ལེས་རོ་མ། རང་བཞིན་གྱི་ཐིག་ལེས་དབུ་མ་ནས་རྒྱུའོ། །བུད་མེད་རྣམས་ལ་དེ་གོ་ལོག་པའོ། །ཐིག་ལེ་དཀར་པོས་ཀླད་པ། རྐང་མར་དེས་རུས་པ། ཚིལ། ཆུ་རྒྱུས་བསྐྱེད་དོ། །དམར་པོས་ཤ །དེས་ཆུ་སེར། དེས་པགས་པ། དེས་སྐྲ་དང་བ་སྤུ་བསྐྱེད་དོ། །དེའི་གནད་ཀྱི་དྭངས་མ་རྒྱས་དུས་ལུས་མཛེས་ཤིང་སྐྲ་དཀར་དང་གཉེར་མ་མེད་ལ། རྒུད་དུས་འབྱུང་བའོ། །སེམས་དང་ཡེ་ཤེས་ཀྱི་གནས་(༥༦)ཚུལ་ལ། ཆོས་གཞན་ནས་ཕྱེ་བ་མེད་ཀྱང་། འདིར་གདམས་ངག་གི་ཁྱད་པར་གྱིས་སེམས་དང་ཡེ་ཤེས་གཉིས་པོ་དེ། གནས་དང་ལམ་དང་། སྒོ་དང་། འབྲས་བུ་བཞིས་སོ་སོར་འབྱེད་པ་ལས། དང་པོ་ཡེ་ཤེས་ཀྱི་གནས། ཙིཏྟ་རིན་པོ་ཆེ་ན་དཀྱིལ་འཁོར་མུ་ཁྱུད་གསུམ་པ་ལ་ཞི་བ་དང་། དེའི་གདངས་སུ་དུང་ཁང་ན་ཁྲོ་བོ་བཞུགས་ཏེ། མཚན་བརྗོད་ལས། འོད་བཟང་འབར་བ་དཔལ་བེའུ། །ཞེས་པ་དང་། ཀུན་གསལ་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ། །འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །ཞེས་པ་དང་། རིན་ཆེན་ཟུར་བརྒྱད་ཁང་པ་ན། །སྐུ་དང་ཡེ་ཤེས་མར་མེ་ལྟར། །ལོགས་ན་མི་གནས་ལྷུན་གྱིས་གྲུབ། །ཅེས་སོ། །དེའང་རིག་པ་ཡེ་ཤེས་ལྔའི་རང་གདངས་ཀྱི་ཀློང་ན་བཞུགས་པ་དཔེ་རྨ་བྱའི་སྒོང་ང་ལྟ་བུ་སྟེ། ངོ་བོ་སྟོང་པ་སྒོ་ངའི་དབྱིབས་ཟླུམ་ལ་ཟང་ཐལ་བ། རང་བཞིན་གསལ་བ་ནང་གི་ཆུ་རིས་འོད་ལྔར་འཁྱིལ་བ། ཐུགས་རྗེ་རིག་པ་དབུས་ཀྱི་ཕྲུ་གུའི་ཤེས་པ་ལྟ་བུར་མཚོན་ཏེ། དུར་ཁྲོད་ཕུང་པོ་འབར་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །དབྱིབས་སུ་གྲུབ་པ་ཆོས་སྐུ་སྟེ། །ཆུ་རིགས་འོད་ལྔར་འབར་བ་ཉིད། །ལོངས་སྐུ་མཚོན་པའི་དཔེ་རུ་བསྟན། །རྨ་བྱའི་ཕྲུ་གུར་བྱུང་བའི་ཚེ། །སྤྲུལ་པ་སྐུ་ཡི་དཔེ་རུ་བསྟན། །ཞེས་སོ། །ཡེ་ཤེས་ཀྱི་ལམ་ནི་སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་ཁྲག་དང་ཆུ་སེར་མེད་པ་ལ་བརྒྱུད་དེ། ཀུན་གསལ་ལས། རིན་ཆེན་རྒྱ་མཚོར་འབྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གོས་པར། །ཡེ་ཤེས་ཆེན་པོ་ཀུན་ཏུ་རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །ཅེས་སོ། །སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་རང་གདངས་འོད་དུ་གསལ་ལོ། །འབྲས་བུ་སྐུ་གསུམ་རང་ལ་ལྷུན་གྲུབ་ཏུ་རྫོགས་པའོ། །སེམས་ཀྱི་གནས་ནི་སྙིང་ནས་གློ་བར་རྩ་གྲོ་སོག་གི་སྦུ་གུ་ཙམ་གྱིས་འབྲེལ་བར་ཡེ་ཤེས་ཀྱི་རང་གདངས་རླུང་དང་འབྲེལ་ཡོད་པ་སྟེ་གློ་བའི་རྩའོ། །ལམ་ནི་གློ་བ་ནས་སྒོ་ལྔའི་དབང་ཤེས་འཆར་བའི་རྩ་འདབ་སོ་སོའོ། །སྒོ་ནི་ཁ་སྣ་དང་སྒོ་ལྔའི་འདོད་ཡོན་སྣང་བའི་དབང་རྟེན་དྭངས་མ་རྣམས་སོ། །བྱེད་ལས་གཟུང་འཛིན་ལས་དང་བག་ཆགས་གསོག་པར་བྱེད། འབྲས་བུ་འཁོར་བ་གྲུབ་པར་བྱེད་པའོ། །(༥༧)སེམས་ཀྱི་ངོ་བོ་ཡེ་ཤེས་ཀྱི་རང་གདངས་རླུང་དང་འབྲེལ་བས་རྣམ་རྟོག་ཡུལ་ལ་འཇུག་པ་ཡིན་ནོ། །ཡེ་ཤེས་ཀྱི་རང་གདངས་མི་འཕྱེ་བོ་མིག་ཅན་ལྟ་བུའོ། །རླུང་གི་རྒྱུ་བ་རྟ་ལོང་བ་རྐང་ཅན་ལྟ་བུས་ཁུར་བ་ལས། ཕྱི་ནང་ཚོགས་དྲུག་གི་ཡུལ་གྱི་ཤེས་པ་སེམས་བྱུང་གི་རྣམ་པར་བྱུང་སྟེ། རིག་པའི་རང་གདངས་ཡིན་པས། མི་བཀྲ་དགུ་བཀྲར་བྱུང་། རླུང་གིས་བསྐྱོད་པས་མི་འགྱུ་དགུ་འགྱུ་བྱུང་བའོ། །ཀུན་གསལ་ལས། སེམས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་ན་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །གཅིག་པ་དང་ནི་ཐ་དད་ལས། །གྲོལ་བའི་མ་གྲོལ་ཞེས་བྱའོ། །ཞེས་པ་དང་། དུར་ཁྲོད་ཕུང་པོ་འབར་བ་ལས་ཀྱང་། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལས་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །གཟུང་འཛིན་རྟོག་པ་ཆེས་སོང་ངོ་། །གནས་ནི་རླུང་ཅན་གྲོང་ན་གནས། །ལམ་ནི་མགྲིན་པ་དག་ཏུ་རྒྱུ། །སྒོ་ནི་འདོད་པའི་སྒོ་ལྔར་ཤར། །རྐྱེན་ནི་རྟོག་པ་སྣ་ཚོགས་བསྐྱེད། །ལས་ནི་གཟུང་འཛིན་ངར་འཛིན་བྱེད། །ཅེས་པ་དང་། དགའ་རབ་རྡོ་རྗེའི་གསེར་ཕྲེང་ལས། རིན་ཆེན་སྒྲོན་མར་འབྲེལ་ཏེ་དར་སྐུད་ཙམ་དེ་དཀར། །རིན་ཆེན་རླུང་ཅན་འབྲེལ་ཏེ་སོག་སྦུག་ཙམ་དེ་དམར། །རླུང་ཅན་སྒོ་དང་འབྲེལ་ཏེ་གཉུག་ལྡོམ་ཙམ། །ཞེས་སོ། །

དེ་ཡང་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་གཉིས་ལས་ལྷུན་གྲུབ་རང་བཞིན་གྱི་གདངས་ཡེ་ཤེས་འཆར། སྙིང་ནས་གློ་བར་འབྲེལ་བའི་རྩ་གཉིས་ལ་ཐུགས་རྗེའི་རང་གདངས་འཆར་བ་རླུང་དང་འབྲེལ་བས་སེམས་སུ་ཤར་བའོ། །གདམས་པ་ངོ་སྤྲོད་ཀྱིས་མཚོན་ཚུལ་ལ་གསུམ་སྟེ། རྡེ་སྐོར་ས་ལ་བཀོད་པ། བརྡ་སྐོར་མཁའ་ལ་བསྟན་པ། དོན་སྐོར་རང་ལ་གནས་པའོ། །དང་པོ་ནི་གནས་ཀྱི་ཚོད་དང་སྦྱར་བའི་མཎྜལ་ལ་ཚངས་ཟུར་གྱི་ཐིག་གདབ། མུ་ཁྱུད་རིམ་པ་གསུམ་འོད་ལྔ་ལྡན་དུ་བཀོད་པའི་ལྟེ་བ་མཐིང་ཀ །མུ་ཁྱུད་ནང་དམར། པདྨ་བཅུ་གཉིས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཐིང་། མུ་ཁྱུད་ཕྱི་མ་པདྨ་བཅུ་དྲུག་མཛེས་ཚོན་དུ་བྱས་པ་ལ། གཞིའི་རྡེའུ་ཉེར་བརྒྱད་བཀྲམ་པ་ནི། གཞི་རྫོགས་ཀྱི་ལྷའི་དག་པའོ། །བརྡའ་སྐོར་མཁའ་ལ་བཀྲམ་པ་ནི། དེ་ཡང་བརྡ་མིག་ལ་བསྟན། ངག་(༥༨)རྣ་བར་བླུགས། ཞེས་པ་དང་། སྡུད་པའི་རྒྱུད་ལས། འཁོར་གྱི་རིག་པ་འཛིན་པ་རྣམས། །ང་ཡི་རྗེས་སུ་འཇུག་རྣམས་ལ། །བརྡ་རྣམས་ཕྱོགས་མཐུན་དངོས་སྟོན་ལ། །ངག་གི་ངེས་དོན་གཏན་ལ་ཕབ། །ཅེས་པས། བླ་མའི་གཡོན་ངོས་སུ་སྟན་འཚམས་པའི་སྟེང་དུ་སློབ་མ་རེ་བཞག་ལ། མན་ཤེལ་བཟུང་སྟེ་འདི་སྐད་བརྗོད་དོ། །དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། ང་ལ་མ་དྲི་རྡོ་རྗེ་སེམས་དཔའི་མེ་ལོང་ལ་དྲིས་གསུངས་པ་དང་། འཁོར་བ་དོང་སྤྲུག་གི་རྒྱུད་ལས། ཆོས་ལས་འདས་པའི་སྐུ་ངོ་མ་ཤེས་རང་གི་རིག་པ་ལྟོས་ཤིག །དེ་ཉིད་མཚོན་པའི་དཔེ་ངོ་མ་ཤེས་ན་རྡོ་རྗེ་སེམས་དཔའི་མེ་ལོང་ལ་ལྟོས་ཤིག །དེ་ཉིད་རང་ལ་གནས་པའི་རྟགས་ངོ་མ་ཤེས་ན། བྱང་ཆུབ་ཀྱི་སྒྲོན་མ་ལ་དྲིས་ཤིག །ཅེས་པ་དང་། གཞི་སྦགས་ལས། དེ་ཡང་སྣང་བ་མཐའ་ཡས་ཐུགས་ཀ་ནས། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ། ཁྲི་འཕང་རེ་རེ་ལ་རིགས་ལྔ་འཁོར་དང་བཅས་པ་རྫོགས་པ། སངས་རྒྱས་དང་དབྱེར་མེད་པའི་སྐུ་གདུང་ཆེན་པོ་བབས་ཏེ། དེ་ནི་དངོས་སུ་ཕྱག་གཡོན་དུ་བབས་སོ། །དེ་ཡེ་ཤེས་ཀྱི་མེ་ལོང་དུ་གྱུར་ནས་མཐོང་བ་དང་། རྟོགས་པ་དང་གྲོལ་བ་དུས་གཅིག་ལ་ཤར་ཏེ་ཤེས་བྱའི་མེ་ལོང་དུ་གྱུར་ཏོ། །ཞེས་གསུངས་སོ། །

དེ་ནས་སློབ་མའི་མིག་གིས་རྡེ་སྐོར་ཤེལ་གྱི་ནམ་མཁར་བཏེག་ལ་དབང་པོའི་མངོན་སུམ་དུ་བཀྲ་ལམ་གྱིས་བསྟན་ནས། ཀྱཻ་སྐལ་ལྡན་རང་གི་སྙིང་གི་དཀྱིལ་ན། རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེས་གཉིས་སུ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རང་གདངས་སུ་གསལ་བ་ལ། གཞི་རྫོགས་ཀྱི་དཀྱིལ་འཁོར་མུ་ཁྱུད་གསུམ་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོར་གནས་པའི་བརྡ་མིག་གིས་མཐོང་བས། ངོ་ཤེས་ཤིང་རིག་པས་གོ་བས་ཐེ་ཚོམ་མེད་པར་ཐག་ཆོད་ཅིག །ཀུན་གསལ་ལས། སྐུ་གསུམ་རང་བྱུང་དཀྱིལ་འཁོར་ན། །དབུས་ན་སྐུ་གཉིས་འོད་དཔག་མེད། །ཀུན་བཟང་ཡབ་ཡུམ་ཆོས་སྐུར་གནས། །བར་ན་འཇའ་ཚོན་འབར་བའི་སྐུ། །རིགས་ལྔ་ཡབ་ཡུམ་ལོངས་སྐུར་གནས། །ཕྱི་རིམ་སྤྲུལ་པའི་འཁོར་ཡིན་ཏེ། །སེམས་དཔའ་བཅུ་དྲུག་སྤྲུལ་སྐུར་གནས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཙམ། །ཡན་ལག་མེད་པ་རྩིས་ལས་འདས། །ཞེས་སོ། །

དོན་སྐོར་རང་ལ་གནས་པས་ངོ་སྤྲད་པ་ལ་གསུམ་སྟེ། དཔེ། རྟགས། (༥༩)དོན་ངོ་སྤྲད་པའོ། །དཔེ་ལ་བཞི་སྟེ། ཆོས་སྐུ་མན་ཤེལ། ལོངས་སྐུ་འདྲ་འབག །སྤྲུལ་སྐུ་འོད་ཁྱིམ། འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ལ་ངོ་སྤྲད་པའོ། །དང་པོ་ནི་སྐྱེས་བུ་ལས་དག་པའི་སྤྱན་གཡོན་མའི་སྟེང་དུ། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱཻ་སྐལ་བར་ལྡན་པའི་སྐྱེས་བུ་ཀུན། །སྣོད་ལྡན་ཐུགས་ཀྱི་མེ་ལོང་འདི། །ཆོས་སྐུ་དངོས་ནི་མ་ཡིན་ཏེ། །དཔེ་ནི་འདི་འདྲར་ཤེས་པར་བྱ། །དཔེ་འདི་ལ་ཕྱི་ནང་མེད་པ་ལྟར། ཆོས་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག །དཔེ་འདི་ལ་མདུན་རྒྱབ་མེད་པ་ལྟར། ཆོས་སྐུ་ལ་མདུན་རྒྱབ་མེད་པར་ངོ་ཤེས་པར་གྱིས་ཤིག །དཔེ་འདི་ལ་ཟང་ཐལ་བ་ལྟར། ཆོས་སྐུ་དྲི་མེད་ཟང་ཐལ་དུ་ཤེས་པར་གྱིས་ཤིག །འདི་ལ་ནང་མེད་པས་ན་རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར། ཆོས་སྐུ་ཟང་ཐལ་གྱི་ནང་ན། གཟུགས་སྐུ་ནང་གསལ་ལྷུན་གྲུབ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་ཤེས་པར་གྱིས་ཤིག །ནང་མེད་པའི་ནང་ནས་འོད་ལྔ་ཕྱིར་འཆར་ནུས་པ་ལྟར། ཆོས་སྐུ་ལས་གཟུགས་སྐུ་གཉིས་གདུལ་བྱ་ལ་སྣང་ནུས་པར་ཤེས་པར་གྱིས་ཤིག །ཅེས་གསུངས་པས། རང་རིག་པའི་ཡེ་ཤེས་ཆོས་སྐུར་ངོ་སྤྲད་དེ། ཞལ་ཆེམས་ལས། མན་ཤེལ་ལྟ་བུའི་དཔེ་བསྟན་ཚེ། །མཐོང་བ་དེ་ཉིད་དོན་ཞེས་བྱ། །ཞེས་སོ། །

གཉིས་པ་ནི་རང་སྣང་ལོངས་སྐུ་གཞོན་ནུ་བུམ་པ་སྐུའི་འཆར་ཚུལ་ངོ་ཤེས་པར་བྱེད་པ་སྟེ། བླ་མའི་སྐུ་ལ་རུས་རྒྱན་གསོལ། །སློབ་མའི་སྤྱན་གཡས་ཀྱི་སྟེང་དུ་མེ་ལོང་བསྟན་པ་བཏེག་ལ། ཀྱཻ་སྐལ་ལྡན། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སྟོང་པ་ཟང་ཐལ་ནམ་མཁའི་སྐུ། །སྐྱེ་ཤི་འཕོ་འགྱུར་མེད་པའི་སྐུ། །ཞེས་གསུངས་པ་ཉིད་ངོ་སྤྲད་ན། བཤད་རྒྱུད་ལས། འདྲ་འབག་མེ་ལོང་བསྟན་པའི་ཚེ། །མེ་ལོང་དག་ཅིང་གསལ་བ་ལྟར། །ཆོས་ཉིད་དག་ཅིང་གསལ་བའོ། །མེ་ལོང་གི་ནང་ན་གཟུགས་བརྙན་སྣང་ལ་རང་བཞིན་མེད་པ་ལྟར། ཆོས་ཉིད་སྟོང་པའི་ཀློང་ན་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གནས་སོ། །སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ། །འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །ཞེས་པ་དང་། ད་ལྟ་རང་ལ་གནས་པའི་སྙིང་གའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་གདངས། དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་སྐུ་ཡུངས་འབྲུ་ཙམ་ལས་མེད་ཀྱང་། གནས་ཡངས་དོག་གི་ཕྱིར་བར་དོར་ཆེ་བ་ནམ་མཁའ་དང་མཉམ་པ། དེའི་འོག་མ་རི་རབ་ཙམ། (༦༠)ཆུང་བ་མཁར་ཐབས་ཙམ། ཡང་ཆུང་རང་ལུས་ཙམ་པས་ནམ་མཁའ་ཁེངས་པར་འཆར་རོ། །དེའི་ཚེ་རང་སྣང་གཟུགས་སྐུར་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་མཐོང་ཁུང་ཐམས་ཅད་བཀག་ལ་རི་རབ་ཀྱི་རྩེ་ནས། ཉི་མ་ནུབ་པའི་ཚེ་ཡེ་ཤེས་ཁོང་གསལ་གྱི་དགོངས་པ་ངོ་སྤྲད། སཱུརྱ་སྐྱོང་དུ་བཅུག་ལ་དཔལ་བེ་ནས་སྒྲོན་མར་འབྲེལ་བའི་རྩ་ལམ་ངོ་སྤྲད། སཱུརྱའི་ཟུར་ལ་མེ་ལོང་ཕྱར་ལ་སེམས་དང་ཡེ་ཤེས་རྒྱབ་གྱེས་པའི་དུས་ངོ་སྤྲད། མེ་ལོང་སྒྲིལ་ཞིང་གཞི་སྣང་ངོ་སྤྲད། རྩ་གཏེམས། རོལ་མོ་དཀྲོལ། མེ་ལོང་སྒྲིལ་ཞིང་སྒྲ་འོད་ཟེར་གསུམ་ངོ་སྤྲད། དེ་ཡང་ཆོས་ཉིད་བར་དོར་འོད་ལྔའི་རང་སྣང་སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟ་བུའི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དང་། ཟེར་མཚོན་ཆའི་ཆར་བབས་པ་འདྲ་བ་འོང་བས། སྒྲ་རང་སྒྲ། འོད་རང་འོད། ཟེར་རང་ཟེར་དུ་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད། དེ་ཡང་ད་ལྟ་མི་མོས་ཡེ་ཤེས་ཁོང་གསལ་དང་རྩ་ལས་ངོ་སྤྲད། གཏེམས་པས་རིག་པ་བརྒྱལ་བ་ངོ་སྤྲད། གཞི་སྣང་སྒྲ་འོད་ཟེར་གསུམ་ངོ་སྤྲད་པ་ཞེས་སོ། །

སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་ལ་ངོ་སྤྲད་པ་ནི། ཐུགས་རྗེ་འཆར་ཚུལ་མ་འགགས་པར་མཚོན་པ་སྟེ། ཉི་ཞུར་གྱི་འོད་མེ་ལོང་གི་འོད་འཛོམས་པ་ལ་མིག་གཏད་དེ། སྙིང་གའི་རང་གདངས་རྒྱང་ཞགས་སུ་འཆར་བ་ཁ་སྦྱར་ལ་ངོ་སྤྲད་དེ། ཀུན་གསལ་ལས། ཀྱཻ་མ་རིགས་ཀྱི་བུ། མེ་ལོང་དག་ཅིང་གསལ་བ་ལྟར། ཆུ་ཡི་སྒྲོན་མ་རྣམ་པར་དག་པའི་ཆོས་ཉིད་དོ། །མེ་ལོང་ལ་ཕྱག་རྒྱ་མ་བསྐྱེད་པའི་སྐུ་ལྔ་འོད་དུ་གསལ་བ་ནི། ཇི་ལྟ་བ་རྟགས་ཀྱི་ཡེ་ཤེས་ཡིན་ཏེ་སྤྲུལ་སྐུའོ། །ཞེས་གསུངས་སོ། །

སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལ་ངོ་སྤྲད་པ་ནི། ཚོན་གྱིས་བསྒྱུར་བའི་སེང་རས་ཚགས་དམ་ལྷོད་རན་པས་གདོང་གཡོགས་ཏེ་ཉི་མའི་དཀྱིལ་འཁོར་ལ་བལྟས་པས། འོད་ལྔའི་ཀློང་ན་ཉི་མ་ཟེར་སྣ་ཚོགས་སུ་འཕྲོ་བ་ཐིག་ལེ་ལུ་གུ་རྒྱུད་དང་བཅས་པ་མཐོང་དུས། ཡི་གེ་མེད་པའི་བརྡ་བཞིས་མཚོན་ཏེ། ཉི་མའི་སྙིང་པོ་ཆོས་སྐུའི་དཔེ། འོད་ལྔ་ལོངས་སྐུའི་དཔེ། ཟེར་སྤྲུལ་སྐུའི་དཔེ། དེ་གསུམ་གཞི་གཅིག་ལ་འདུ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཔེ་སྟེ། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། མཚོན་དཔེ་ཉི་མའི་སྙིང་པོ་བཞིན། །ཉི་མའི་སྙིང་པོ་(༦༡)ཆོས་སྐུའི་དཔེ། །དེ་ལས་འོད་ཟེར་སྣ་ཚོགས་ཤར། །དེས་ནི་འགྲོ་དྲུག་མུན་པ་སེལ། །དེ་བཞིན་ཆོས་སྐུ་རྟོག་མེད་གསལ། །ལོངས་སྐུ་ཤེས་རབ་འགག་མེད་སྤྱོད། །སྤྲུལ་སྐུ་ཐུགས་རྗེས་ཉོན་མོངས་སྒྲོལ། །དེ་གསུམ་ཐ་དད་གཅིག་གི་ངང་། །ཞེས་པ་དང་། ཀུན་གསལ་ལས། ཉི་མའི་སྙིང་པོ་ལ་ཟེར་མི་འགག་པ་བཞིན་དུ། ཆོས་སྐུ་ལ་གཟུགས་སྐུ་གཉིས་ཀྱིས་བརྒྱན་ཏེ་འཆར་རོ། །ཉི་མའི་སྙིང་པོ་དང་འོད་ཟེར་མ་འབྲལ་བ་ལྟར། སྐུ་གསུམ་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པས། དོན་ལ་ཆོས་སྐུ་འདུ་འབྲལ་མེད་པ་ངས་བཤད་དོ། །ཞེས་སོ། །རྟགས་ལ་ངོ་སྤྲོད་པ་ནི། ཡེ་ཤེས་རང་ལ་འོད་གསལ་ལྷུན་གྲུབ་ཏུ་ཡེ་ནས་གནས་པའི་རྒྱུ་མཚན། བྱང་ཆུབ་སེམས་ཀྱི་སྒྲོན་མ་རང་ལ་ཡོད་པ་བསྟན་པས་ཡིད་ཆེས། དེའང་ད་ལྟར་རང་ལ་ཡོད་པའི་ཡེ་ཤེས་བར་དོར་འཆར་བ་ངོ་ཤེས་པར་བྱེད་པ་ལ་གཞི་སྣང་ངོ་སྤྲོད་ཀྱིས་མཚོན་ཏེ། དེ་ཡང་ལུས་སེམས་བེམས་རིག་གི་འབྲེལ་ཐག་ནི་ཆད། འཇིག་རྟེན་འདིའི་སྣང་བ་ནི་ནུབ། སྲིད་པ་བར་དོ་མ་ཤར་བའི་བར་དེར་སྐད་ཅིག་མ་གསུམ་མམ་དྲུག་ལ་སོགས་པ་ཆོས་ཉིད་ཀྱི་བར་དོ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བའི་རྟགས་ལ། རྣ་བ་གླང་པོ་ཆེའི་འུར་སྒྲ་ངོ་སྤྲོད་པས་སྒྲ་རང་སྒྲར་ཡིད་ཆེས། ཆུའི་སྒྲོན་མ་ཉིང་ལག་གིས་གཏེམས་པས་བྱང་ཆུབ་སེམས་ཀྱི་སྒྲོན་མའི་སྣང་བ་མཐོང་སྟེ། འོད་རང་འོད་དུ་ཡིད་ཆེས་ཏེ། སྙན་བརྒྱུད་ཏི་ཀ་ལས། དཔལ་བེའུ་སྒྲོན་མ་རྩ་ཡིས་འབྲེལ། །སྒྲོན་མ་ཆོས་ཉིད་རང་ཤར་སྒོ། །སྐར་ཁུང་བཀག་པས་སྣང་བ་གསལ། །ཞེས་སོ། །སེང་རས་ཀྱི་ཆུའི་སྒྲོན་མ་སཱུཪྻ་ལ་གཏད་པས་ཡེ་ཤེས་ཀྱི་འོད་ཟེར་ལྷུག་པར་འཆར་བ་མཐོང་སྟེ། ཟེར་རང་ཟེར་དུ་ཡིད་ཆེས་པས་རྟགས་གསུམ་མོ། །

དེ་ཡང་འོད་གསལ་མ་བུ་འཕྲད་པའི་དུས། དེར་འོད་ཐམས་ཅད་འགུལ་བ་འཕྲིགས་པ། ཟེར་མཚོན་ཆའི་རྩེ་མོའི་ཉི་ཟེར་བཞིན་འཕྲོ་བའི་ནང་ནས། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བ་རང་སྣང་དུ་ཤེས་པར་བྱའོ། །དེ་ནས་ངོ་སྤྲོད་ནི། རང་གི་ཐུགས་ཀ་དཔལ་གྱི་བེའུ་ཡེ་ཤེས་ཀྱི་གཞལ་མེད་ཁང་ན་སྐུ་གསུམ་འདུ་འབྲལ་མེད་པར་གནས་པ་དེ། དཔེས་ངོ་སྤྲད་པས་ངོ་ཤེས། རྟགས་ཀྱིས་ངོ་སྤྲད་པས་རང་ལ་ཡིད་ཆེས། དོན་གྱིས་ངོ་སྤྲད་པས་རང་ལ་ཡོད་པར་ཐག་ཆོད། ཚིག་(༦༢)གིས་ཤན་སྦྱར་བས་དཔེ་རྟགས་དོན་གསུམ་ད་ལྟ་རང་ལ་ཡོད་པ་ཕྱིས་བར་དོར་འཆར་བར་ཤན་ཕྱེད་དོ། །ཀུན་གསལ་ལས། ཐུགས་ཀྱི་ཀློང་ན་འོད་གསལ་བ། །བུམ་པ་ནང་གི་མར་མེ་བཞིན། །འགྱུར་བ་མེད་པའི་ཡེ་ཤེས་ནི། །མ་འཁྲུལ་གཞི་ཡི་ཡེ་ཤེས་ཏེ། །དོན་གྱི་ཡེ་ཤེས་དམ་པ་ཡིན། །ཡེ་ཤེས་ཆེན་པོའི་མེ་ལོང་ནི། །མ་བྱས་པ་ཡི་ཆོས་ཡིན་ཏེ། །དཔེ་ཡི་ཡེ་ཤེས་དམ་པ་ཡིན། །ཚོན་གང་འོད་ཀྱི་དཀྱིལ་འཁོར་ནི། །མི་འགྱུར་བ་ཡི་ལྟ་བ་སྟེ། །རྟགས་ཀྱི་ཡེ་ཤེས་དམ་པ་ཡིན། །ཞེས་གསུངས་སོ། །ངོ་སྤྲོད་ཐོབ་པའི་གང་ཟག་རྣམས་ཀྱིས་འདིར་བསྟན་པ་བཞིན་ཉམས་སུ་བླངས་པས། གོལ་དུ་གོལ་ས་མེད། རང་སྣང་དཀྱིལ་འཁོར་ཤར། འཁྱར་དུ་འཁྱར་ས་མེད། ཆོས་ཉིད་མ་བུ་འདྲེས་སོ། །དེ་ལྟར་ཡིན་གྱིས་ཀྱང་། ཕྱིས་བར་དོ་འོད་གསལ་མ་བུ་འཕྲད་ནས་འཁོར་འདས་ཀྱི་རུ་ཤན་འབྱེད་པའི་དུས་དེར་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་ཉམས་མེད་ན། གདམས་ངག་གིས་ཕན་མི་ཐོགས་པས་ཉམས་སུ་ལེན་པའི་ཕྱག་བཞེས་ལ་ཡང་ཡང་བརྟག་ཅིང་འདྲིས་པ་ཤིན་ཏུ་གལ་ཆེ་བས། ཉམས་ལེན་ལ་བརྩོན་པར་མཛོད། དེ་རིང་ནས་ཁྱོད་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཁྱད་མེད་ཅེས་ཟེར་ཏོ། །ལམ་དམར་ཁྲིད་དུ་བཤད་པའོ། །

༈ གསུམ་པ་འབྲས་བུ་གྲོལ་ཚུལ་ལྟར་བཤད་པ་ལ་གསུམ་སྟེ། རབ་རང་བཞིན་གྱི་བར་དོར་གྲོལ་ཚུལ། འབྲིང་ཆོས་ཉིད་ཀྱི་བར་དོར་གྲོལ་ཚུལ། ཐ་མ་སྲིད་པའི་བར་དོ་ནས་འཁོར་བའི་རུ་བཟློག་པའོ། །

དང་པོ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱི་རབ་ཡིན་ལུགས་ངོ་སྤྲད་པས་གྲོལ་ཏེ། བཤད་རྒྱུད་ལས། ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ། རྟོགས་པ་ཐོབ་པ་དང་ཆོས་བོར་བ་དུས་མཉམ། ཆོས་བོར་བ་དང་འཁྲུལ་རྟོག་འགགས་པ་དུས་མཉམ། འཁྲུལ་རྟོག་འགགས་པ་དང་མ་རིག་པ་སངས་པ་དུས་མཉམ། མ་རིག་པ་སངས་པ་དང་ཡེ་ཤེས་རྒྱས་པ་དུས་མཉམ། ཡེ་ཤེས་རྒྱས་པ་དང་མངོན་སངས་རྒྱས་པ་དུས་མཉམ། བརྡ་དོན་བཤད་ལ་རྒྱལ་བའི་གྲལ་ལ་བཞག །ཅེས་གསུངས་སོ། །རབ་ཀྱི་འབྲིང་ཉམས་སུ་བླངས་པས་གྲོལ་བ་ནི། མན་ངག་ཅན་ལམ་ཐོག་ཏུ་རང་ས་བཟུང་བས་གྲོལ་བ་ནི། དེ་ཉིད་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནས། །ཐིག་ལེ་ཁྲག་གིས་མ་གོས་པ། །(༦༣)ཡེ་ཤེས་ཆེན་པོ་དེ་ནས་འཆར། །ཞེས་པའི་དོན་ཉམས་སུ་བླངས་པས། མ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ། བུ་རང་བྱུང་གི་ཡེ་ཤེས་འཆར་ཏེ། རང་ཤར་སྐྱེ་འགག་མེད་པ་ལ། རང་གྲོལ་འདུ་འབྲལ་མེད་པ་ཉམས་སུ་བླངས་པས། སྐུ་གསུམ་འདུ་འབྲལ་མེད་པར་གྲོལ་ཏེ། ཆོས་ཉིད་བར་དོའི་སྣང་བ་མེད་དོ། །རབ་ཀྱི་ཐ་མ་ལུས་བོར་བ་དང་གྲོལ་བ་ནི། ལེ་ལོ་ཅན་གཞི་ཐོག་ཏུ་རང་ངོ་ཤེས་པར་གྲོལ་ཏེ། དཔེར་ན་ཚེས་བཅོ་ལྔའི་ཉི་ཟླ་བར་མེད་པ་བཞིན་དུ། བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །རིག་པ་ལ་སྐྱེ་ཤི་མེད་ཀྱང་རྣལ་འབྱོར་པ་ལུས་རྒྱའི་གྲོལ་ལུགས་ནི། ས་ཡི་རླུང་ཆུ་ལ་ཐིམ་པས་པག་བཞི་ས་ལ་ལྷུངས་ཏེ་ལུས་ལྕི། ཆུ་ཡི་རླུང་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་ཡི་རླུང་རླུང་ལ་ཐིམ་པས་ལུས་ཀྱི་མཐའ་བཞི་ནས་དྲོད་ཤོར། རླུང་གི་རླུང་ནམ་མཁའ་ལ་ཐིམ་པས། ཤེས་པ་མི་གསལ། དེའི་དུས་སུ་སེམས་རླུང་དང་བསྡོངས་ནས་གློ་བའི་ནང་ནས་ཐོན། ལམ་མིད་པ་དཀར་ནག་ལ་ཞུགས་སྒོ་ཁ་སྣ་ལས་ཐོན་ནས་དབུགས་ཕར་ལ་ཧ་ཟེར་ནས་ཕྱིར་སོང་ནས་ཚུར་ལ་མ་འདུས་པས་འཆི་བ་ཞེས་བྱ་སྟེ། རླུང་སེམས་ནམ་མཁའི་ངང་དུ་ཞ་སྟེ། གློ་བར་རླུང་མེད་པས་རྟ་ལོང་བ་རྐང་ཅན་དང་མི་འཕྱེ་བོ་མིག་ཅན་གཉིས་བྲལ་ཏེ། སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །དེའི་དུས་སུ་ལུས་གྱི་ཁྲག་ཐམས་ཅད་སྲོག་རྩར་འདུས། སྲོག་རྩ་ནས་སྙིང་ནང་དུ་ཁྲག་འོང་བའི་དུས་སུ། རྒྱལ་པོ་གདན་ལ་བཞུགས་པ་ལ། བློན་པོའི་སྒྱོགས་ཕྱུང་བ་ཞེས་བྱ་སྟེ། དངངས་ཡེད་དེ་བ་བྱུང་ཡང་བློ་ཡི་མིས་མི་ཚོར། ཡེ་ཤེས་སྙིང་ནས་དོན། ལམ་རྩ་དར་དཀར་གྱི་བུ་ག་ལས་ཞུགས། སྒོ་ཆུའི་སྒྲོན་མ་ལས་ཐོན་པའི་དུས་སུ། ཡེ་ཤེས་ཟང་ཐལ་དུ་ཤར་བ་དེ་རང་སྣང་དུ་ངོ་ཤེས་པས། བར་དོ་མེད་པར་སྐད་ཅིག་མ་དང་པོ་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ། ངོ་སྤྲོད་སྤྲས་པ་ལས། །དེའི་ཚེ་ཡེ་ཤེས་མིག་ནས་ཐོན། མིག་ཐུགས་རྗེ་རྒྱུན་མི་ཆད་ཀྱི་ཐག་པ་ལ་གཏད་པས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །ཞེས་གསུངས་སོ། །དེ་ཡང་སྣང་བ། རྟོགས་པ། གྲོལ་བ། ཐུགས་རྗེ་འབྱུང་བ་རྣམས་དུས་མཉམ་མོ། །དབང་པོ་འབྲིང་ཆོས་ཉིད་བར་དོར་གྲོལ་བ་ལ་ཡང་གསུམ་ལས། འབྲིང་གི་རབ་སྐད་ཅིག་མ་ལ་གྲོལ་བ་ནི། འཁོར་བ་དོང་སྤྲུག་གི་སྐད་ཅིག་མ་ལ་ཕྱི་ནང་ཡུལ་སེམས་ཀྱི་འཁྲུལ་པ་འགགས་(༦༤)ནས་རང་གདངས་འོད་དུ་གསལ། ཆོས་ཉིད་བདེན་པ་མཐོང་བའི་སྐད་ཅིག་མ་ལ་ཚོམ་བུའི་སྐུར་སྣང་ལ་འཛིན་པ་མེད་པའི་ཤེས་རབ་སྐྱེ། རྡོ་རྗེ་ལྟ་བུའི་སྐད་ཅིག་མ་ལ་རང་དོན་ཆོས་སྐུ་ཐོབ་ནས་གཞན་དོན་གཟུགས་སྐུ་འབྱུང་། ཞེས་པས། སྐད་ཅིག་དང་པོ་ལ་ཡེ་ཤེས་ཤར། གཉིས་པ་ལ་ངོ་ཤེས། གསུམ་པ་ལ་གྲོལ་ནས་གཞན་དོན་འབྱུང་བའོ། །འབྲིང་གི་འབྲིང་སྐད་ཅིག་མ་དྲུག་ལ་གྲོལ་བ་ནི། བཤད་རྒྱུད་དེ་ཉིད་ལས། དང་པོ་ཕྱི་ནང་འཁྲུལ་པ་འགགས། །གཉིས་པ་རང་གདངས་འོད་དུ་གསལ། །གསུམ་པ་དེ་ལས་སྐད་ཅིག་གནས། །བཞི་པ་རང་ལ་ཤེས་རབ་སྐྱེ། །ལྔ་པ་ལྔ་ལྡན་དགོངས་པ་རྫོགས། །དྲུག་པ་བློ་འདས་ཆོས་སྐུར་ཐིམ། །ཞེས་སོ། །འབྲིང་གི་ཐ་མ་ལ། བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ནི། ཕྱི་འབྱུང་ཉི་མ་ནུབ་པ་ལྟར། སྒོ་ལྔའི་ཡུལ་སྣང་འགགས། ནང་འབྱུང་ས་སྲོས་པ་ལྟར་ཚོགས་དྲུག་གི་སེམས་འགགས། གསང་འབྱུང་ཟླ་བ་ཤར་བ་ལྟར་ཡེ་ཤེས་ཀྱི་སྣང་བ་ཤར་བའི་ཚེ། འོད་གསལ་རིགས་ལྔའི་ཚོམ་བུ་ཤར་བ་དུས་གཅིག་ཤར་ཡང་། ངེས་པ་རིམ་གྱིས་རྙེད་དོ། །དེ་ཉིད་ལས། འོད་གསལ་སྣང་བ་དུས་གཅིག་ཤར། །རྟོགས་པའི་ཤེས་རབ་རིམ་གྱིས་སྐྱེ། །ཞེས་སོ། །དེའང་ཞག་དང་པོ་ལ་འོད་མཐིང་ག་མཐོང་བ་དང་རིག་པའི་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་གདངས་སུ་ངོ་ཤེས་པས། རང་སྣང་རྣམ་པར་སྣང་མཛད་ཀྱི་ཚོམ་བུར་གྲོལ་ལོ། །

གཉིས་པ་ལ་འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་གདངས་སུ་ངོ་ཤེས་པས། རྡོ་རྗེ་སེམས་དཔའི་ཚོམ་བུར་གྲོལ་ལོ། །གསུམ་པ་ལ་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་གདངས་སུ་ངོ་ཤེས་པས། རིན་ཆེན་འབྱུང་ལྡན་གྱི་ཚོམ་བུར་གྲོལ་ལོ། །བཞི་པ་ལ་དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས། འོད་དཔག་མེད་ཀྱི་ཚོམ་བུར་གྲོལ་ལོ། །ལྔ་པ་ལ་ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས། དོན་ཡོད་གྲུབ་པའི་ཚོམ་བུར་གྲོལ་ལོ། །གཅེར་ཕྲེང་ལས། དཀར་དང་སེར་དང་དམར་དང་ལྗང་། །མཚན་ཉིད་འཛིན་པ་དབུས་གནས་ཏེ། །རེ་རེ་ལ་ཡང་བཞི་བཞི་སྟེ། །རྡོ་རྗེ་རིན་ཆེན་པདྨ་དང་། །རྡོ་རྗེ་རྒྱ་གྲམ་ཐུགས་ཀར་གསལ། །ཡུམ་ཡང་ལུས་དང་གྲིབ་མའི་ཚུལ། །གཞི་ཡི་གདན་ལ་རྫོགས་ཚུལ་དུ། །ཚོམ་བུའི་དཀྱིལ་འཁོར་དང་པོའོ། །རྡོ་རྗེ་མི་བསྐྱོད་(༦༥)དབུས་གནས་ཏེ། །ས་ཡི་སྙིང་པོ་ལཱ་སྱེ་དང་། །བྱམས་པ་དྷཱུ་པེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་གཉིས་པ་ཡིན། །རིན་ཆེན་འབྱུང་ལྡན་དབུས་གནས་ཏེ། །ནམ་མཁའི་སྙིང་པོ་མཱ་ལྱེ་དང་། །ཀུན་བཟང་པུཥྤེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་གསུམ་པ་ཡིན། །སྣང་བ་མཐའ་ཡས་དབུས་གནས་ཏེ། །སྤྱན་རས་གཟིགས་དབང་གཱིརྟི་དང་། །འཇམ་དབྱངས་མར་མེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་བཞི་པའོ། །དོན་ཡོན་གྲུབ་པ་དབུས་གནས་ཏེ། །ཕྱག་ན་རྡོ་རྗེ་ནཱིརྟི་དང་། །སྒྲིབ་སེལ་གནྡྷེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་ལྔ་པ་ཡིན། །འདྲ་བ་མངོན་དུ་བྱེད་པའི་ཕྱིར། །དེ་དང་དེ་ལས་བྱུང་བ་དེ། །སྐུ་མདོག་ཕྱག་མཚན་གཙོ་དང་མཐུན། །འགྲོ་དྲུག་འདུལ་མཛད་ཐུབ་པ་དྲུག །ཚད་མེད་བཞིས་འདུལ་སྒོ་བ་བཞི། །མཐའ་བཞི་ལས་གྲོལ་སྒོ་མ་བཞི། །དབྱིངས་དང་ཡེ་ཤེས་མི་འབྲལ་བས། །ཀུན་བཟང་ཡབ་དང་ཡུམ་དུ་གསལ། །རྟོགས་པས་ཡོན་ཏན་སྐུར་གྲོལ་ལོ། །ཞེས་གསུངས་སོ། །

དེའི་ཚེ་མངོན་ཤེས་དྲུག་འཆར་ཏེ། སྤྱན་གྱི་མངོན་པར་ཤེས་པས་ཡར་གྱི་བློ་འདས་ཆོས་སྐུའི་ཞིང་ཁམས་གཟིགས། ཐད་ཀར་ལོངས་སྐུའི་ཞིང་ཁམས་གཟིགས། མར་སྤྲུལ་སྐུའི་ཞིང་ཁམས་རིགས་དྲུག་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་གསུང་ཡེ་ཤེས་རྩེ་གཅིག་པ་ཉིད་ལ་གླེང་བ་གསན། ཐད་ཀར་ལོངས་སྐུའི་ཡེ་ཤེས་ལྔའི་རང་སྒྲ་གསན། མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་རང་སྒྲ་གསན། ཐུགས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་དགོངས་པ་མཁྱེན། ཐད་ཀར་ལོངས་སྐུའི་དགོངས་པ་མཁྱེན། མར་རིགས་དྲུག་གི་སེམས་ཤེས་སོ། །གནས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་བཞུགས་གནས། ཐད་ཀར་ལོངས་སྐུ། མར་སྤྲུལ་སྐུའི་རིགས་དྲུག་གི་གནས་མཁྱེན་ནོ། །ལས་ཀྱི་མངོན་པར་ཤེས་པས་རང་གཞན་གྱི་རྒྱུ་འབྲས་ཐམས་ཅད་མཁྱེན་ཏོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པས་སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས་པ་གང་ལ་གང་འདུལ་མཁྱེན་ནས་སྤྲུལ་ཏེ། སེམས་ཅན་གྱི་དོན་མཛད་དོ། །དེ་དག་ལ་རྟོག་མེད་ཆོས་ཀྱི་སྤྱན་ཞེས་བྱའོ། །ཚུལ་དེ་དག་ཀུན་གསལ་ལས། མི་གནས་ཡེ་ཤེས་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་ཡི་མཚན་ཉིད་ཅན། །རང་བྱུང་ཡེ་(༦༦)ཤེས་འབྱུང་བ་ལྔ། །ཆོས་ཉིད་དག་པའི་ཀློང་དུ་ཤར། །ཐིག་ལེ་འོད་ཀྱི་ཁ་དོག་ལྔ། །མཐིང་ཀ་ལ་སོགས་སྣ་ལྔར་གསལ། །རིགས་ལྔའི་སངས་རྒྱས་ངོ་བོར་ཤེས། །སྐུ་ལྔ་ཡེ་ཤེས་ལུས་ཅན་རྫོགས། །བཞི་བཅུ་རྩ་གཉིས་འོད་དུ་གསལ། །རང་རང་ཡེ་ཤེས་གདངས་ལ་བཞུགས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །ཡེ་ཤེས་ལྔ་ལ་གཞལ་མེད་ཁང་། །གསལ་དང་རོ་དང་བསིལ་བ་དང་། །ཡངས་དང་ཡང་ཞིང་ཁྱབ་པའི་བདག །ཀུན་འབྱུང་ཡེ་ཤེས་ཕུང་པོར་འབར། །གདན་གསུམ་ངང་ལ་མ་བསྐྱེད་རྫོགས། །སྦྱོར་བ་གསུམ་གྱིས་སྤྲུལ་པ་འབྱིན། །འགྲོ་བའི་མ་རིག་མུན་པ་སེལ། །ཞེས་སོ། །དོན་མཛད་ཚུལ་ནི། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས་འོད་ཟེར་འཕྲོས་པས་སྐྱེས་བུ་ལས་དག་པ་འཕྲོ་འདུ་བྱེད་པའི་སྤྱན་ནས་ལྷུམས་སུ་ཞུགས། སྤྲུལ་པའི་སྐུར་གྱུར་ནས་གང་ལ་གང་འདུལ་གྱི་དོན་མཛད་ནས། སྤྲུལ་སྐུ་དེ་ཡང་རིན་ཆེན་གསང་བའི་སྦུབས་སུ་འཁྱིལ་ཏེ། ནང་གསལ་དབྱེར་མེད་ཆེན་པོ་གཅིག་གི་ངང་དུ་གནས་སོ། །དེ་ལྟར་སྤྲུལ་པ་རྒྱུན་མི་ཆད་པར་དོན་མཛད་པ་ནི། རྫོགས་ལྡན་ཏེ། མཚན་བརྗོད་ལས། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་མཛད་པའོ། །ཞེས་སོ། །འབྲས་བུའི་རྫོགས་ཚུལ་ནི། རྫོགས་ལྡན་ལ་རིག་པ་ཐུགས་རྗེའི་རྩལ་མ་འགགས་པར་སྣང་བས་དོན་མཛད་པའི་སྐུར་སྣང་བ་དེ་དག་ཀྱང་ཕྱིར་གསལ་ནང་དུ་ཐིམ་པའི་ཚུལ་གྱིས་ཐ་མ་རིག་པའི་ངང་དུ་འདུ་བར་བསྟན་ཏེ། དེ་ཉིད་ལས། མྱ་ངན་འདས་པ་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་གསལ་བའི་མཐར་འགྱུར་བ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འཕྲོ་ཁྱབ་པ་པོ། །ཞེས་སོ། །དེ་ལྟར་གྲོལ་བའི་ཀ་དག་གི་ནང་དབྱིངས་བསྟན་པ་ལ་ལྔར་གནས་ཏེ། ཤེས་རབ་མཁའ་ལ་འདེགས་པ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འཁྱིལ་བ། རིག་པ་རང་ས་ཟིན་པའོ། །དང་པོ་ནི་ཡེ་ཤེས་ཀྱི་རང་རླུང་གིས་གཟུགས་སྐུ་ཆོས་ཉིད་ཀྱི་ཀློང་དུ་བསྐྱེད་པ་སྟེ། སྲོག་རླུང་བཞི་དག་པས་སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བསྟན་མ་(༦༧)བཞིའོ། །སྟོབས་ལྡན་མས་ཡེ་ཤེས་ཀྱི་རླུང་གི་གཙོ་འཁོར་གཉིས་དབྱེར་མེད་དུ་སྦྱོར་ཏེ། དོན་ལ་དབྱེར་མེད། ཤུགས་འཆང་མས་གཙོ་འཁོར་ལྔ་པོ་སྐད་ཅིག་ལ་ཆོས་སྐུའི་ངང་དུ་བསྐྱེད། འདེགས་བྱེད་མས་རྟེན་དང་བརྟེན་པ་དབྱེར་མེད་ཆོས་སྐུའི་ངང་དུ་གཟུགས་སྐུར་གནས་སོ། །བསྟན་མས་དགོངས་པ་མི་རྟོགས་ནང་གསལ་ལོ། །འབྱུང་བ་མ་ལ་ཞ་བ་ནི། ས་སྲ་བ། ཆུ་གཤེར་བ། མེ་ཚ་བ། རླུང་གཡོ་བ། ནམ་མཁའ་ཁྱབ་པ་དེ་སྙིགས་མའི་འབྱུང་བ་ལྔ་དྭངས་མ་ལྔར་གྲོལ་བ་སྟེ། རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་ཏེ་དམ་ཚིག་གི་ལྷ་མོ་མཁའ་ལ་འཁྱིལ་བ་གཡོ་བ་མེད་པའི་རླུང་དབྱིངས་སུ་ཐིམ། ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ་ཀློང་གཅིག་ཏུ་དྲིལ་བས་གཤེར་བ་མེད་པའི་ཆུ་དབྱིངས་སུ་ཐིམ། ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་གཤིས་པས་སྲ་བ་མེད་པའི་ས་དབྱིངས་སུ་ཐིམ། མེ་པདྨ་འདྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་པས་ཚ་བ་མེད་པའི་དབྱིངས་སུ་ཐིམ། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པས་ཁྱབ་པ་མེད་པའི་ནམ་མཁའ་དབྱིངས་སུ་ཐིམ་པའོ། །ཀུན་གསལ་ལས། དེ་ལྟར་འབྱུང་བ་ལྔ་མ་ཐོག་ནས་ཤར་བས། ཐ་མ་ཡང་མ་ཐོག་ཏུ་གྲོལ་ཏེ། མི་གནས་པས་མ་ལ་ཞ་བའོ། །ཞེས་སོ། །ཡེ་ཤེས་དབྱིངས་སུ་ཐིམ་པ་ལ། སྣང་བ་ཅན་ལུས་ཀྱི་ཐིམ་ཚུལ་གསུམ་ལས། སྣང་བ་གསུམ་གཅིག་ལ་གཅིག་ཐིམ་སྟེ། མ་དག་པ་འཁྲུལ་པའི་སྣང་བ་དག་པ་ཆོས་ཉིད་ཀྱི་སྣང་བ་ལ་ཐིམ། དག་པ་ཆོས་ཉིད་ཀྱི་སྣང་བ་ཤིན་ཏུ་དག་པ་ཡེ་ཤེས་ཀྱི་སྣང་བ་ལ་ཐིམ་པའོ། །སྤྱན་གསུམ་གཅིག་ལ་གཅིག་ཐིམ་སྟེ། ད་ལྟ་ཤེས་རབ་ཀྱི་སྤྱན་བར་དོར་ཆོས་ཉིད་ཀྱི་སྤྱན་ལ་ཐིམ། ཆོས་ཉིད་ཀྱི་སྤྱན་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་སྟེ། ཤེས་རབ་ཀྱི་སྤྱན་དག་པས་མི་སྤྱོད། ཆོས་ཉིད་ཀྱི་སྤྱན་དག་པས་མི་གཟིགས། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་རིན་པོ་ཆེའི་སྦུབས་ནི་ཡེ་ཤེས་ནང་གསལ་གྱི་དགོངས་པ་ལ་འགྱུར་བ་མེད་པའོ། །ལུས་གསུམ་གཅིག་ལ་གཅིག་ཐིམ་སྟེ། ད་ལྟར་ཤ་ཁྲག་གི་ལུས་བར་དོར་ཡེ་ཤེས་ཀྱི་ལུས་ལ་ཐིམ། ཡེ་ཤེས་ཀྱི་ལུས་ཆོས་སྐུ་རིན་པོ་ཆེ་གསང་བའི་ལུས་ལ་ཐིམ་མོ། །

ཤེས་རབ་མཁའ་ལ་འཁྱིལ་བ་ལ་བཞི་(༦༨)སྟེ། ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་པ་ལ་གོ་མི་འབྱེད་པའོ། །དང་པོ་ནི། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ། སྐུ་གསུམ་འདུ་འབྲལ་མེད་པས་ཡེ་ཤེས་ནང་གསལ་དུ་གནས་པའོ། །གཉིས་པ་ནི། ཆོས་སྐུ་ལ་དྲི་མ་མེད་པར་གསལ། མདུན་རྒྱབ་མེད་པར་གསལ། སྟེང་འོག་མེད་པར་གསལ། ཕྱོགས་མཚམས་མེད་པར་གསལ་བའི་ནང་ན། རིན་པོ་ཆེ་འོད་འབར་བའི་སྐུ་དང་རང་སྣང་རྣམ་དག་གི་སྐུར་གསལ་ཡང་། བག་ཆགས་ཀྱི་ལུས་མེད་པས་འགྱུ་བྱེད་ཀྱི་རླུང་མེད་པའི་ཕྱིར་རྟོག་དཔྱོད་ཀྱི་སེམས་མེད་པའོ། །གསུམ་པ་ནི། ཡིན་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡིན་ཡང་བག་ཆགས་ཀྱི་བདག་དང་བྲལ་བའོ། །བཞི་པ་ནི། ཆོས་སྐུའི་ཀློང་ན་རིན་པོ་ཆེ་འབར་བའི་སྐུ་ལྔ་འོད་ཀྱི་ཀློང་ན་ཕྱག་རྒྱ་མ་འདྲེས་པ་སོ་སོར་གསལ་ཡང་མཚན་མ་རིས་ཅན་གྱི་ཞལ་ཕྱག་དང་གཞི་སྣང་འཁྲུལ་པའི་གོ་མི་འབྱེད་དོ། །ནང་དབྱིངས་ཀ་ནས་དག་པའི་ཕྱིར་རོ། །རིག་པ་རང་ས་ཟིན་པ་ལ་བཞི་ལས། ཆོས་སྐུ་ལ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ནི། རིག་པ་ཆོས་སྐུས་གཟུགས་སྐུའི་བདག་བྱས་པས་ཆོས་སྐུ་འཇིག་འབྲལ་མེད་པའོ། །ཡེ་ཤེས་ལ་འགགས་པ་མེད་པས་གཡུང་དྲུང་ལྟ་བུའི་ཚེ་ནི་ལོངས་སྐུ་ནང་གསལ་གྱི་རང་བཞིན་རྟག་པར་གནས་པའོ། །རྒྱུན་གྱི་ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པ་ནི། ཐུན་མཚམས་ལས་འདས་པའི་དགོངས་པ་ཆུ་བོའི་གཞུང་ལྟ་བུའོ། །རིག་པ་ལ་གསལ་འགྲིབས་མེད་པ་ནི། དྲི་མ་ཐམས་ཅད་དང་བྲལ་བས་ཡེ་ཤེས་རང་གསལ་བ་ཉི་མའི་སྙིང་པོ་ལྟ་བུའི་སྐུ་ཐོབ་སྟེ། རིན་པོ་ཆེའི་སྦུབས་ལ་འཕོ་འགྱུར་མེད་པར་གནས་སོ། །དེ་དག་ནི་གདན་ཆེན་པོ་གཅིག་ལ་འདུག་པའི་མན་ངག །ཞིང་ཁམས་གཅིག་ཏུ་འདྲེས་པའི་མན་ངག །སྣང་བ་གཅིག་ཏུ་གསལ་བའི་མན་ངག །སྦུབས་ཆེན་པོ་གཅིག་ཏུ་འདུས་པའི་མན་ངག །སངས་རྒྱས་ལ་ཡུལ་མེད། ཡེ་ཤེས་ལ་ཆོས་མེད། འབྲས་བུ་ལ་བདག་མེད། དགོངས་པ་ལ་ཐུན་མཚམས་འཚུན་མེད། དེ་ལས་ཡར་གཤེགས་ཀྱང་དགུང་ལ་ཤུལ་མི་མངའ་བའོ། །རྫོགས་ལྡན་ཆེན་པོ་རིན་ཆེན་གསང་བའི་སྦུབས་བསྟན་པའོ། །དབང་པོ་ཐ་མ་སྲིད་པའི་བར་དོ་ནས། འཁོར་བའི་རུ་བཟློག་པ་ཡུར་(༦༩)བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུའི་མན་ངག་ནི། སྲིད་པའི་བར་དོ་ཞེས་བྱ་བ་སྐྱེ་བ་འདིའི་ལུས་དང་བྲལ། ཆོས་ཉིད་ཀྱི་བར་དོ་རང་སྣང་ངོ་མ་ཤེས་པ་ཡེ་ཤེས་ཀྱི་སྣང་བ་ནུབ་སྟེ། སྔར་གྱི་བག་ཆགས་ལངས་པས་དྲན་བྱེད་ལུས་ཅན་རྨི་ལམ་གྱི་སྣང་བ་ལྟ་བུ། དབང་པོ་ཚང་བ་རྫུ་འཕྲུལ་དང་ལྡན་པ། རང་བཞིན་གྱིས་ཉམ་ང་ཞིང་ས་གཅིག་ཏུ་མི་གནས་པར་ཀུན་ཏུ་འགྲོ་བ། བར་དོ་ནང་དང་ལྷའི་མིག་ཡོད་པ་ལས་གཞན་གྱིས་མི་མཐོང་བ། ལུས་དང་འདུག་ས་འཚོལ་བ་ལ་བརྩོན་པ་སྟེ། བཤད་རྒྱུད་ལས། ཆོས་ཉིད་འོད་གསལ་སྣང་བ་ལ། །རྟོགས་པའི་ཤེས་རབ་མ་སྐྱེས་པས། །སྔར་གྱི་བག་ཆགས་སྣང་བ་ལངས། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་སྤྱོད། །ལུས་དང་འདུག་ས་འཚོལ་བར་བྱེད། །ཁང་བཟངས་རི་སུལ་མུན་རུམ་དང་། །གྲོག་ཕུག་ཕྱིན་པས་སྐྱེ་གནས་ཚུད། །དམྱལ་བ་ཡི་དྭགས་ཡིད་ཀྱི་ལུས། །ཞེས་སོ། །འདིའི་དུས་སུ་ཤེས་པ་སྔར་བས་བདུན་འགྱུར་གྱིས་གསལ་བས། རྗེས་དྲན་དྲུག་ལས། སྣང་བ་འོད་ཀྱི་འཁོར་ལོ་དང་། བླ་མའི་གདམས་ངག་ལ་སོགས་པ་དྲན་པར་བཤད་པས། ཐ་མའི་རབ་ཀྱིས་སྒྱུ་མ་ལྟ་བུའི་བློའི་འཁོར་བའི་རུ་བཟློག་སྟེ། ཡི་དམ་ལྷའི་བསྐྱེད་རིམ་བསྒོམས་པས་གྲོལ་བར་གསུངས། ཐ་མའི་འབྲིང་གིས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན་དཔལ་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་མཆིའོ་ལ་སོགས་པ་ཞིང་དག་པ་དང་དེའི་སངས་རྒྱས་ཀྱི་ཡོན་ཏན་ཡིད་ལ་བྱ་སྟེ། སྐྱབས་འགྲོའི་ཞིང་དེ་དག་ཏུ་གྲོལ་བར་གསུངས། ཐ་མའི་ཐ་མ་རྣམས་ངོ་སྤྲོད་ཀྱི་གནད་མཐོང་བའི་ལས་བཟང་པོས་འཕགས་ཏེ། ཕ་མ་དད་ཅན་གྱི་བུ་ཚར་སྐྱེས་ནས་ལས་ཀྱི་འཕྲོ་སད་དེ་ཆོས་འདི་དང་ལོ་ཉི་ཤུ་རྩ་ལྔའམ། སུམ་ཅུ་རྩ་ལྔ་ན་འཕྲད་ནས་བར་དོ་མེད་པར་གྲོལ་ལོ། །དེ་དག་གིས་གཞི་ལམ་འབྲས་བུ་གསུམ་གྱི་རྒྱས་པར་བཤད་པ་བསྟན་ཟིན་ཏོ། །

༈ དོན་གཉིས་པ་སྒྲོན་མ་དྲུག་གི་གནད་བཅིངས་པ་ལ་དྲུག་ལས། གནས་པ་གཞིའི་སྒྲོན་མ་ནི། གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་དེས་འཁོར་འདས་ཐམས་ཅད་ལ་ཁྱབ་པ་ནི་འོ་མ་ལ་མར་གྱིས་ཁྱབ་པ་བཞིན་གནས་(༧༠)ཏེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་། མཚན་བརྗོད་ལས། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་པ་དང་། མཁའ་འགྲོ་མ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། འཁོར་ལོ་བཞི་སྦགས་ལས། མ་བྱུང་མ་སྐྱེས་འོད་ལྔའི་སྙིང་པོ་ཅན། །འགྲོ་བ་ཡོངས་ཀྱི་གཞི་རྩ་མཆོག །ཅེས་སོ། །ཙིཏྟ་ཤའི་སྒྲོན་མ་ནི། སྙིང་ནང་ན་སྐུ་དང་ཡེ་ཤེས་རང་འོད་དང་བཅས་པ་བུམ་པ་ནང་གི་མར་མེ་ལྟར་གནས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། སེམས་ཅན་ཐམས་ཅད་ཀྱི་ནང་ན་ཐོག་མ་ཇི་ལྟ་བ་ལས་མ་གཡོས་པར་གནས་སོ། །ཞེས་པ་དང་། མཚན་བརྗོད་ལས། སོ་སོར་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ་དང་། ཀྱཻ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང་། ཐིག་ལེ་འདུས་པ་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་ཉིད་ཀྱི་ངོ་བོར་གནས། །ཞེས་སོ། །དཀར་འཇམ་རྩའི་སྒྲོན་མ་ནི། སྙིང་ནས་མིག་ཏུ་རྩ་དར་དཀར་ཀྱི་སྐུད་པ་འདྲ་བའི་ནང་ན། ཡེ་ཤེས་ཀྱི་རང་གདངས་འཆར་བ་རྒྱ་སྐར་གྱི་ཉི་ཞུར་ལྟ་བུ་སྟེ། མདོ་ཚིགས་སུ་བཅད་པ་རྒྱས་པ་ལས། ཡེ་ཤེས་སྒྲོན་མར་འབྲེལ་བས་ནི། །ཕྱོགས་བཅུའི་ཞིང་ཁམས་གསལ་བར་མཐོང་། །ཞེས་པ་དང་། མཚན་བརྗོད་ལས། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་པ་དང་། ཕལ་ཆེན་ལས། གཞི་ནས་རྒྱ་མཚོར་འོད་གསལ་བ། །ལ་ལ་ནམ་མཁའི་དབྱིངས་ན་གསལ། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ཞེས་པ་དང་། ཐིག་ལེ་འདུས་པ་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་དུ་ཟུག་པར་གནས། །ཞེས་སོ། །རྒྱང་ཞགས་ཆུའི་སྒྲོན་མ་ནི། མིག་གི་དྭངས་མ་ཡེ་ཤེས་ལྷུག་པར་འཆར་བའི་སྒོ་གཉིས་ཏེ། ཤར་གྱི་ལ་ཁར་ཉི་མའི་མདངས་ནུབ་རི་ལ་གསལ་བ་ལྟ་བུའོ། །ཡུལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་དང་། མཚན་བརྗོད་ལས། ཡེ་ཤེས་(༧༡)མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཤེས་པ་རང་སྣང་མངོན་སུམ་གནད། །ལེགས་པའི་ཡེ་ཤེས་རང་སྣང་བ། །ཞེས་པ་དང་། ཀུན་གསལ་ལས། ཆོས་ཉིད་གསལ་བའི་ཡེ་གདངས་ནི། །ནམ་ལངས་ཞོགས་པ་ལྟ་བུའོ། །ཞེས་སོ། །བར་དོ་དུས་ཀྱི་སྒྲོན་མ་ནི། གཞི་སྣང་སྐུ་དང་ཡེ་ཤེས་སུ་ཤར་བ་རང་ངོ་ཤེས་པས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་སྟེ། འདའ་ཁ་ཡེ་ཤེས་ལས། རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མི་ཆགས་བསྒོམས། །ཞེས་པ་དང་། མཚན་བརྗོད་ལས། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྐར་མ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕུང་པོ་བལྟ་ན་སྡུག །ཅེས་པ་དང་། གསང་འདུས་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བའི་འོད་དང་ལྡན། །ཡེ་ཤེས་འབར་བས་ཀུན་ལ་ཁྱབ། །ཅེས་པ་དང་། ཐིག་ལེ་འདུས་པ་ལས། རང་བྱུང་ཡེ་ཤེས་ཆེན་པོ་ལས། །རང་གདངས་སྣ་ཚོགས་རིགས་ལྔར་གསལ། །ཞེས་སོ། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི། གཞི་སྣང་དབྱིངས་སུ་ཐིམ་པ་རིག་པ་རང་ས་ཟིན་པ་རིན་པོ་ཆེ་གསང་བའི་སྦུབས་ལས་འཕོ་འགྱུར་མེད་པ་སྟེ། དེ་ལས་མཐར་ཐུག་པའམ་བོགས་དབྱུང་དུ་མེད་པ་སྟོན་ཀའི་ལོ་ཐོག་སྨིན་ལེགས་པ་ལྟ་བུའོ། །ཡུམ་ལས། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏེ། ཞེས་པ་དང་། མཚན་བརྗོད་ལས། མྱ་ངན་འདས་པ་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །ཞེས་པ་དང་། རྒྱུད་ཀྱི་སྙིང་པོ་ལས། སྣང་སྲིད་འཁོར་འདས་ཆོས་རྣམས་ལ། །ཡེ་ཤེས་སྤྱི་བླུགས་རྒྱས་ཐེབས་ན། །སྐུ་དང་ཡེ་ཤེས་རང་བཞིན་ལས། ཁམས་གསུམ་འཁོར་བར་མི་འགྱུར་ཏེ། །ཐམས་ཅད་ཟབ་མོ་ཆོས་ཉིད་ཀློང་། །ཞེས་པ་དང་། ཐིག་ལེ་ཀུན་གསལ་ལས། གཉིས་མེད་ཆོས་སྐུ་མི་འགྱུར་བ། །སྟོང་ཉིད་རྡོ་རྗེའི་སྐུ་ཐོབ་བོ། །གཉིས་མེད་ཆོས་སྐུའི་ངང་ལས་ནི། །རིག་པའི་ཡེ་ཤེས་མི་འགག་གསལ། །ཞེས་གསུངས་སོ། །སྒྲོན་མ་དྲུག་གི་མདོ་བཅིངས་པ་བསྟན་ཟིན་ཏོ། །

༈ དོན་གསུམ་པ་རང་བྱུང་ཡེ་ཤེས་འགག་བསྡམ་པ་ནི། བར་དོའི་ཆོས་ཚན་ཐམས་ཅད་(༧༢)བསྡུ་ན། ལིངས་ཀྱིས་བསྐྱུར་བ་སྒྱུ་ལུས་ཀྱི་ཕུང་པོ། ཐིབས་ཀྱིས་འགག་པ་འགྱུ་བྱེད་ཀྱི་རང་སེམས། ལྟར་གྱིས་ཤར་བ་རང་སྣང་གི་དཀྱིལ་འཁོར། ཧྲིག་གེར་རིག་པ་རང་བྱུང་གི་ཡེ་ཤེས། ཕྱམ་མེར་གྲོལ་བ་གདོད་མའི་གནས་ལུགས། ཞེས་པར་བསྡུ་ལ། དེའི་རྒྱུ་མཚན་ནི། སྒྱུ་ལུས་གཡར་པོ་ཡིན་པས་འབོར་བ་ཡིན། །རང་སེམས་འཁྲུལ་པ་ཡིན་པས་འགག་པ་ཡིན། །ཡེ་ཤེས་ཡེ་ནས་ཡོད་པས་འཆར་བ་ཡིན། །འབྲས་བུ་རང་ངོ་ཤེས་པས་གྲོལ་བ་ཡིན། །ཞེས་པར་ཐུག་ལ། དེ་ཡང་བསྡུ་ན། ཧྲིག་གེར་རིག་པ་རང་བྱུང་གི་ཡེ་ཤེས་ཞེས་པར་བསྡུ་སྟེ། རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་བླ་མས་ངོ་སྤྲོད་པ་རྟོགས་ཤིང་ཉམས་སུ་བླངས་པས་འདིའམ། རང་སྣང་གྲོལ་ཞེས་པས་བར་དོར་གྲོལ་ཏེ། རིན་ཆེན་གསང་བའི་སྦུབས་ལ་རིག་པ་རང་ས་ཟིན་པས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུ་སྟེ། བཤད་རྒྱུད་ལས། ཐམས་ཅད་རང་བྱུང་ཡེ་ཤེས་ངང་། །ཞེས་སོ། །དེ་ཡང་གཞི་ཡེ་སངས་རྒྱས་པ། ལམ་མངོན་སངས་རྒྱས་པ། འབྲས་བུ་རྫོགས་སངས་རྒྱས་པ། ཞེས་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པ་མཉམ་ཁད་ཀྱིས་འདྲེས་སོ། །རང་བྱུང་གི་ཡེ་ཤེས་སུ་དོན་བསྡུ་བ་བསྟན་ཟིན་ཏོ། །

༈ དོན་བཞི་པ་ཐེམས་ཡིག་ལྔས་གཟེར་གདབ་པ་ལ་གསུམ་ཚོ་ལྔ་སྟེ། གསལ་འདེབས་ཤར་བའི་དུས་གསུམ། བར་ཆད་མེད་པའི་རྟགས་གསུམ། སྐྱེ་བ་མི་ལེན་པའི་གཏན་ཚིགས་གསུམ། གདམས་པའི་གནད་འགག་གསུམ། སངས་རྒྱ་ཚུལ་གསུམ། དང་པོ་ནི་འོད་ཟེར་རྐྱེན་དུ་ཤར་ཏེ་གསལ་གདབ། ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། དཀྱིལ་འཁོར་རྐྱེན་དུ་ཤར་ཏེ་གསལ་གདབ། གསུམ་རིག་གཙང་མ་དག་པ་སྟེ། གདམས་ངག་རྐྱེན་དུ་ཤར་བ་སྟེ་གསལ་གདབ། ཡང་དག་སངས་རྒྱས་ལམ་རིག་པ། གཉིས་པ་ནི་བརྡ་ལ་བར་ཆད་མེད་པ་ཆུ་ཟླ་ལྟ་བུ། རྟགས་ལ་བར་ཆད་མེད་པ་ལུས་དང་གྲིབ་མ་ལྟ་བུ། དོན་ལ་བར་ཆད་མེད་པ་ཆོས་ཉིད་འོད་གསལ་ལོ། །གསུམ་པ་ནི་ཕྱི་གཟུང་བའི་ཡུལ་དག་སྟེ་སྐྱེ་བ་ལེན་པའི་གནས་མེད། ནང་འཛིན་པའི་སེམས་དག་སྟེ་སྐྱེ་བ་ལེན་པའི་བདག་མེད། འོད་གསལ་གྱི་དཀྱིལ་འཁོར་མཁའ་ལ་ཤར་བས་སྐྱེ་བ་རྒྱུན་ཆད་དོ། །བཞི་པ་ནི་འཁོར་དུ་འཁོར་ས་མེད་དེ་སྣང་སྲིད་གཞི་ནས་དག །འཁྲུལ་(༧༣)དུ་འཁྲུལ་ས་མེད་དེ་སྣང་སྲིད་དཀྱིལ་འཁོར་དུ་ཤར། འཁྱར་དུ་འཁྱར་ས་མེད་དེ་ཡེ་ཤེས་མ་བུ་མཇལ་ལོ། །ལྔ་པ་ནི་དབང་པོ་གསུམ་ལ་རབ་འབྲིང་ཐ་གསུམ་ལས། རབ་ཀྱི་རབ་ནི། རབ་སེང་གེའི་མཆོངས་སྟངས་ཀྱིས་སངས་རྒྱ། འབྲིང་ཉི་ཟླ་གའུ་ཁ་སྦྱོར་གྱི་ཚུལ་དུ་སངས་རྒྱ། ཐ་མ་དཔག་ཆེན་མདའི་ཚུལ་དུ་སངས་རྒྱ། འབྲིང་གི་རབ་རི་བོང་དང་འཛིན་པའི་ཚུལ་དུ་སངས་རྒྱ། འབྲིང་ཁྱུང་དང་སྒོ་ངའི་ཚུལ་དུ་སངས་རྒྱ། ཐ་མ་ནེའུ་ཕྲུག་དང་ཁྱུ་བརྒྱའི་ཚུལ་དུ་སངས་རྒྱའོ། །ཐ་མའི་རབ་མགྲོན་པོ་རང་ཁྱིམ་དུ་སླེབས་པ་ལྟ་བུར་སངས་རྒྱ། འབྲིང་མ་པང་དུ་བུ་རྒྱུག་པ་ལྟ་བུར་སངས་རྒྱ། ཐ་མ་ཨ་ནེ་བྱམས་མའི་སྤྱན་དུ་ཚ་བོ་འགྲོ་བ་ལྟ་བུར་སངས་རྒྱའོ། །དེ་དག་གིས་མན་ངག་གི་རང་གནད་མི་འཆུགས་པར་བསྟན་ཟིན་ཏོ། །

༈ དོན་ལྔ་པ་གཙིགས་ཆེ་བས་བཀའ་རྒྱས་གདབ་པ་ལ་གསུམ་ལས། བླ་མའི་བཀའ་རྒྱ་ནི། དུས་འདི་ནས་བཟུང་ནས་ལས་རྒྱུ་འབྲས་ཁྱད་མི་གསད། གྲུབ་མཐའ་དམའ་བ་ལ་མི་གཤེ། བླ་མ་ལ་གསོལ་བ་བཏབ་ཅིང་རྒྱུན་དུ་ཉམས་ལེན་ལ་འབུངས། དམ་ཚིག་ཚུལ་བཞིན་དུ་བསྲུང་ཞིང་གཞན་ལ་རབ་ཏུ་གསང་ངོ་། །ཡི་དམ་གྱི་མནའ་རྒྱ་ནི། ཐུབ་པའི་སྐུ་གཅིག་མགོ་ཐོག་ཏུ་བཞག་ལ། འདི་ནས་འབྱུང་བའི་མན་ངག་ཉམས་སུ་ལེན་ཞིང་། གསང་བའི་མན་ངག་སྐལ་མེད་ལ་མ་བསྟན་ཅིག །སྟོན་ན་ཆད་པ་དྲག་པོ་ཕོབ་ཅིག་ཅེས་མནའ་དགག་གོ། །བཀའ་སྲུང་གི་གཏད་རྒྱ་ནི། འདིའི་སྲུང་མ་དཔལ་མཧཱ་ཀཱ་ལ་དང་། ཨེ་ཀ་ཙ་ཏི་དང་། དམ་ཅན་གསུམ་བསྐོས་པ་ཡིན་པས། བཀའི་བྱ་ར་བྱེད་ཅིང་ལེགས་ཉེས་ཀྱི་སྟངས་བཟུང་ནས། དམ་ཚིག་གི་རྗེས་གཅོད་ངེས་པ་ཡིན་ནོ། །བཀའ་དང་དམ་ལས་མ་འདའ་ཞིག །ཅེས་བརྗོད་དོ། །བཀའ་རྒྱ་འདས་ན་ཁ་ནས་ཁྲག་སྐྱུགས། མིག་འབྲས་ཐང་ལ་བྲུལ། ཤི་ནས་རྡོ་རྗེའི་དམྱལ་བར་སྐྱེའོ། །གཏད་རྒྱ་འགལ་ན་ཕན་མི་ཐོགས། མནའ་རྒྱ་འགལ་ན་སྲོག་ལ་འོང་། ཚུལ་བཞིན་སྤྱད་ན་འདི་དང་ཕྱི་མའི་ལེགས་དགུ་འགྲུབ་ཅིང་། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་ཡིན་ནོ། །

དེ་ལྟར་མཆོག་གསང་མན་ངག་སྙིང་པོའི་བཅུད། །ཚེ་འདིར་འཁོར་བའི་རྒྱ་མཚོ་བརྒལ་ནུས་པ། །ངེས་དོན་བླ་མེད་སྙན་བརྒྱུད་ཟབ་མོའི་དོན། །གཞན་ལས་འཕགས་པའི་དམ་ཆོས་ཨེ་མ་(༧༤)ཧོ། །བླ་མའི་གསུང་སྒྲོས་ཕྱག་བཞེས་མན་ངག་དོན། །དཀྱུས་སུ་སྦས་ཤིང་མི་གསལ་འཐོར་བ་རྣམས། །འདིར་གཅིག་བསྡུས་ཏེ་ཕྱི་རབས་དོན་དུ་བཀོད། །སྲུང་མ་དམ་ཅན་རྒྱ་མཚོས་བྱ་ར་མཛོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་རྣམས། །ཀུན་བཟང་ཆོས་རྗེ་བླ་མའི་གནས་ཐོབ་ཤོག །འོད་གསལ་སྙན་བརྒྱུད་བསྟན་པ་དར་བ་དང་། །སྐལ་ལྡན་དམ་ཆོས་དགའ་སྟོན་འཕེལ་བར་ཤོག །སྙན་བརྒྱུད་དོན་གྱི་མེ་ལོང་ཞེས་བྱ་བ་འོད་གསལ་སྙིང་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ། འོད་ཟེར་སྤྲིན་གྱི་ནགས་ནང་ཀུན་ཏུ་བཟང་པོའི་ཁང་བཟང་། ཟླ་བ་ཆུ་ཤེལ་གྱིས་འཚེར་བ་ལ་སྦྱར་བ་རྫོགས་སོ།། །།

འདི་དོན་ཆོས་ལ་དད་པ་དང་། །མན་ངག་སྟོན་པའི་བླ་མ་དང་། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །རྟག་ཏུ་བསྟེན་ཅིང་བརྩོན་པར་ཤོག །དགེའོ། །

དགེའོ། །དགེའོ།། །།

ལག་ཁྲིད་སྙིང་པོ།

༄༅། །ལག་ཁྲིད་སྙིང་པོ་བཞུགས་སོ། །

༄༅། །ལག་ཁྲིད་སྙིང་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ལྷུན་གྲུབ་ཕྲིན་ལས་འོད་སྟོང་འཕྲོ། །རིམ་གསུམ་རིམ་བརྒྱུད་བླ་མའི་ཞབས་བཏུད་དེ། །ཐིག་ལེ་འོད་གསལ་ཉམས་སུ་བླང་བའི་དོན། །ལག་ཁྲིད་སྙིང་པོ་ཡང་ཟབ་མན་ངག་བྲི། །

འདི་ལ་གསུམ་སྟེ། ལུས་གནད་ངེས་པས་གཞི་བཅའ། རླུང་གནད་ངེས་པས་ལམ་བཙལ། རིག་གནད་ངེས་པས་མངོན་དུ་བྱ་བའོ། །

དང་པོ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། འདུ་འབྲལ་མེད་པའི་ལྟ་སྟངས་དང་བཞི་ལས། ཆོས་སྐུ་སེངྒེ་ལྟ་བུ་ནི། ལུས་འགྱིང་ཚུགས་སུ་འདུག །ལག་སོར་གཉིས་བསྒོངས་ལ་གློ་གཡས་གཡོན་གྱི་ས་ལ་བཙུགས། རྩལ་མཇིང་པ་ལ་བཀལ་ལ་མིག་ནམ་མཁར་གཏད་པའོ། །ལོངས་སྐུ་གླང་པོ་ཆེ་ལྟ་བུ་ནི། ཁ་སྦུབས་ལ་པུས་བྲང་སྦྱར། ལག་པའི་གྲུ་མོ་ས་ལ་བཙུགས། ཐལ་མོ་མགྲིན་པ་ལ་བཀབ་པའོ། །སྤྲུལ་སྐུ་དྲང་སྲོང་ལྟ་བུ་ནི། པུས་བྲང་ལ་སྦྱར། ཙོག་པུར་འདུག་པའི་པུས་མོའི་སྟེང་དུ་གྲུ་མོ་བསྣོལ་བའོ། །འདུ་འབྲལ་མེད་པ་རྡོ་རྗེ་ལྟ་བུ་ནི། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པས། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྒལ་ཚིགས་དོང་རྩེ་བརྩེགས་པ་ལྟར་བསྲངས། མཇིང་པ་ཅུང་ཟད་དགྱེད་ལ་སྒལ་ཚིགས་དེ་དང་མཐུན་པར་བྱེད་པས་དབུ་མ་ཚུགས་པའོ། །(༧༥)དེས་དྲན་རྟོག་རང་འགག་རླུང་རང་དག་ཏུ་འཆིང་བའོ། །ལུས་གནད་འདི་བཞི་གང་མོས་སུ་ལས་གཞི་ཆེར་རྡོ་རྗེ་བཅའ་བ་ལ་བསླབ་པར་བྱའོ། །

གཉིས་པ་རླུང་གནད་ངེས་པས་ལམ་གསལ་བ་ལ། འཕངས་པ། གཟུང་བ། དགུག་པ། བསྐྱིལ་པ་དང་བཞི་ལས། དང་པོ་ལ། འཕངས་པ་ནི་ཕྱིར་དལ་བུས་ཇི་ཙམ་འགྲོ་རིང་དུ་འགྲོར་འཇུག་པའོ། །གཟུང་བ་ནི་དར་ཅིག་ཕྱིར་སོང་བ་དེ་ནང་དུ་མི་གཏང་བར་དེའི་ངང་ལ་ཐུབ་ཐང་གཟུང་ངོ་། །དགུག་པ་ནི། དེ་ནས་དལ་བུས་ནང་དུ་འཇུག་པའོ། །བསྐྱིལ་བ་རང་བབས་སུ་ཇི་ཙམ་ནང་དུ་གནས་ནས་འཇོག་པའོ། །སེམས་ཀྱི་རྟ་རླུང་ཡིན་པས། རླུང་ཟིན་དུས་སེམས་ཟིན་ལ། རླུང་ཕྱིར་དངོས་སུ་བཟུང་བས། ནང་དུ་ཤུགས་ལས་ཟིན་པ་ནི་ངོ་མཚར་བའི་གནད་དོ། །དེ་ཡང་དལ་བ་ཁོ་ན་གཅེས་ཏེ། ཆེད་དུ་རྩོལ་བ་ཐམས་ཅད་གེགས་སུ་འགྱུར་ལ། རྩོལ་མེད་རང་འགྲོས་ལ་གེགས་འབྱུང་མི་སྲིད་དོ། །ཐ་མལ་རང་འགྲོས་སུ་འགྱུ་བ་ལ་གེགས་མེད་པ་བཞིན་ནོ། །ཡོན་ཏན་ཡོད་པ་དལ་བའི་གནད་ཤེས་པ་ལས་བྱུང་བའོ། །དེ་ཡང་རིག་པ་སྐྱོང་བའི་གནད་དུ། རླུང་ཁོ་ན་གལ་ཆེ་བར་གསུངས་པ་ཡིན་ཏེ། སྣང་བའི་འཕེལ་དང་ཟད་པ་ཐམས་ཅད་རླུང་ལ་རག་པའི་ཕྱིར་རོ། །རླུང་དང་པོར་ཟིན་པས་སྣང་བའི་འོད་གསལ་འཕེལ་ལོ། །རླུང་མཐར་དག་ཅིང་ཟད་པས་འོད་གསལ་ཕྱིར་བསྐྱོད་པའི་རྟ་དང་བྲལ་ཏེ། ནང་ཐིམ་ས་ཟད་པའོ། །གནད་འདི་ནི་ཤིན་ཏུ་ཆེ་བར་ཡོད་པས་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། ཁྱད་པར་དུ་ཉོན་མོངས་པ་དྲག་པོ་སྐྱེས་པ་དང་། སྙིང་མི་དགའ་ཞིང་ཚིག་པ་ཟ་དུས་ཧའི་སྒྲ་དང་བཅས་པས་ཕྱིར་ལ་སྤུར་བས་རང་སངས་ལ་འགྲོའོ། །དད་པ་དང་ཏིང་ངེ་འཛིན་ལ་སོགས་བཟང་པོ་སྐྱེས་དུས་ནང་དུ་བཟུང་བས་གོང་འཕེལ་དུ་འགྲུབ་སྟེ་གནད་ཀྱི་མན་ངག་གོ། །

གསུམ་པ་རིག་གནད་ངེས་པས་མངོན་དུ་བྱ་བ་ལ། སྒོ་ཡི་གནད། ཡུལ་གྱི་གནད། རིག་པའི་གནད་དང་གསུམ་ལས། སྒོ་ཡི་གནད་གཟིགས་སྟངས་གསུམ་སྟེ། ཉན་ཐོས་ཞི་བ་ཐུར་དུ་བལྟ་བ། བྱང་ཆུབ་སེམས་དཔའ་ཐད་དུ་བལྟ་བ། དེ་བཞིན་གཤེགས་པ་གྱེན་དུ་བལྟ་བའོ། །འདི་དག་ལ་མིག་རང་བབས་ཆ་དལ་གྱིས་རྩོལ་མེད་དུ་བྱ་བ་གནད་དུ་ཆེའོ། །མིག་དྲག་ཏུ་ཧུར་བཏོན་པས་མིག་ན་ཞིང་མཆི་མ་འཛག་ལ་མིག་ཤས་ངན་པ་བལྟ་སྙིང་མི་འདོད་པར་(༧༦)འགྱུར་རོ། །ཆ་བབས་ལ་དལ་བས་གཟིགས་སྣང་འཕེལ་ཞིང་སྐྱོན་ལས་གྲོལ་བ་ཡིན་ནོ། །ཡུལ་གྱི་གནད་ནམ་མཁའ་སྤྲིན་དང་བྲལ་བའི་དཀྱིལ་དུ་བལྟ་བ་སྟེ། དབྱིངས་ཀྱི་གནད་ས་གཅིག་ལས་མ་འཆུགས་པ་ཁོ་ན་གནད་དུ་ཆེའོ། །རེས་དེར་བལྟ། རེས་དེར་མི་བལྟ་བྱས་ན་སྣང་བ་ལ་འཆར་བའི་ཡུལ་མེད་དོ། །དེས་ནས་གཅིག་ཏུ་བལྟ་བ་གནད་དོ། །རིག་པའི་གནད་སྒོ་གཞན་ལ་མ་ཤོར་བར་མིག་ཁོ་ན་ནས་དྭངས་ཕྱིན་པར་ལམ་སྟོན་ནས། ནམ་མཁའི་དཀྱིལ་དེར་ཅེར་རེ་མ་ཡེངས་པར་གཏད་པས། དྲན་རྟོག་ཡལ་ཡུལ་ཇི་ཤར་ཡང་ས་གཅིག་ལས་མ་འཕགས་པ་བྱང་བུ་ལ་སྟོད་པ་འཕར་བ་བཞིན་རང་ས་ཟིན་ནས། ཐོག་མར་འོད་དཀར་ཆེམ་དང་། ཁྱག་ཁྱུག་ལས། འོད་ལྔ་དང་ཐིག་ལེར་སྣང་སྟེ། དེའི་ནང་དུ་མིག་གཏད་པས་ཕྱི་འོད་དུ་གསལ་བ། ནང་དྭངས་སང་ཕྱེད་པ། བར་འཛིན་མེད་ཕྱལ་པ་གསུམ་དུས་གཅིག་ལ་འོང་སྟེ། ཕྱི་སྣང་བའི་འོད་གསལ་ཀུན་རྫོབ་བསྐྱེད་པའི་རིམ་པ་ཐབས་སུ་སྣང་བ་ལ། ནང་སྟོང་པའི་འོད་གསལ་དོན་དམ་རྫོགས་པའི་རིམ་པ་ཤེས་རབ་ཏུ་ཤར་བས། རིག་པ་ཆོས་སྐུའི་རང་མལ་དུ་རང་ས་ཟིན་པའོ། །འདིའི་དུས་སུ་རིག་པ་རང་མལ་དུ་གནས་པ་རྒྱལ་པོ་གདན་ལས་མི་འགྱུར་བས། རླུང་བག་ལ་ཞ་བས་དྲན་རྟོག་འཕྲོ་འདུ་མེད་པས་བློན་པོ་བཙོན་དུ་ཟིན་ལ། སྒོ་ལྔ་གཞན་དུ་མི་ཡེངས་པར་འོད་གསལ་མཁའ་ལ་ཤར་བས། དམངས་ཆམ་ལ་ཕེབས་པ་གསུམ་བྱུང་སྟེ། དགོངས་པ་ཆོས་ཉིད་ཀྱི་ངང་དང་འདུ་འབྲལ་མེད་པས། སྟོང་གསལ་ལ་འགག་མེད་ཀྱི་རིག་པ་སྐུ་གསུམ་ལྷུན་གྲུབ་ཏུ་རང་སོར་གནས་པ་དེ་བསླབ་བྱ་དོན་གྱི་ངོ་བོར་མངོན་དུ་གྱུར་པའོ། །དེ་ལས་ཉིན་མཚན་བསྒོམས་པ་ལས། འཁོར་འདས་ལ་རེ་དོགས་མེད་པས། དུས་བཞི་ཆོས་ཉིད་ལས་མི་གཡོ་བ། མཁའ་འགྲོས་ལུང་སྟོན་པ་ལ་སོགས་པ་སྒོམ་ཚད་སྟོན་པའི་ཡོན་ཏན་མངོན་དུ་ཐོབ་པའོ། །དེ་ལྟར་སྒོམ་པ་རབ་རྣམས་བག་ཆགས་ཀྱི་སྦུབས་དག་ནས་ཡེ་ཤེས་འོད་ཀྱི་སྦུབས་སུ་སྣང་བ་ལས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཚེ་འདིར་འཇུག་པར་འགྱུར་རོ། །འབྲིང་རྣམས་ཆོས་ཉིད་ཀྱི་འོད་གསལ་རང་ངོ་ཤེས་ནས་ཡེ་ཤེས་འོད་ཀྱི་སྦུབས་ལྷུན་གྲུབ་ཀྱི་སྦུབས་སུ་གྲོལ་ཏེ་རིག་པས་རང་ས་ཟིན་ནོ། །སྒོམ་པ་ཐ་མ་རྣམས་ཕྱི་མ་ལ་ཆོས་འདི་དང་འཕྲད་ནས་སངས་རྒྱས་པའི་ཕྱིར། གསང་བ་གནད་(༧༧)ཀྱི་མེ་ལོང་སངས་རྒྱས་ལག་བཅངས་སུ་གཏོད་པའི་གདམས་པ་ཞེས་བྱའོ། །

ཚུལ་འདི་གསང་ཆེན་ངེས་པའི་གནད་བསྡུས་ནས། །སྣ་ཚོགས་རང་སར་གྲོལ་བའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བས་འགྲོ་ཀུན་མ་ལུས་སངས་རྒྱས་ཤོག །ལག་ཁྲིད་སྙིང་པོ་ཞེས་བྱ་བ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་།

དོན་དང་པོ། བྱུང་ཚུལ་ལོ་རྒྱུས་ཀྱི་རིམ་པས་ངོ་མཚར་བསྐྱེད་པ།

དང་པོ། རྒྱལ་བ་དགོངས་པའི་བརྒྱུད་པ།

༄༅། །སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་བཞུགས་སོ། །

༄༅། །ཟབ་དོན་གནད་ཀྱི་མེ་ལོང་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཡེ་ཤེས་གཟིགས་པ་རྒྱ་ཆེ་བས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་མངོན་སུམ་གྱུར། །གཞན་དོན་མཛད་པ་མཐའ་ཡས་རླབས་ཆེ་བས། །ཀུན་བཟང་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ཆོས་རྣམས་ཀུན་གྱི་མཐར་ཐུག་ངེས་པའི་དོན། །གསང་བ་འོད་གསལ་ཐིག་ལེའི་སྐོར་ཉིད་ལས། །རྟོགས་དཀའི་གནད་རྣམས་མ་ལུས་མངོན་ཕྱུང་སྟེ། །ཕྱི་རབས་དོན་དུ་བདག་གིས་འདིར་གསལ་བྱ། །

དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་རྩེ་མོ་འོད་གསལ་རྡོ་རྗེ་སྙིང་པོའི་མཐར་ཐུག །ཐིག་ལེ་གསང་བའི་སྐོར་གྱི་ངེས་པའི་དོན་མ་ལུས་པར་བསྡུས་པའི་སྙིང་པོ་འདི་ལ་གཉིས་ཏེ། བྱུང་ཚུལ་ལོ་རྒྱུས་ཀྱི་རིམ་པས་ངོ་མཚར་བསྐྱེད་པ་དང་། ཟབ་ཅིང་རྒྱ་ཆེ་བའི་གནས་ཀྱིས་སྨིན་གྲོལ་ལ་འགོད་པའོ། །

དང་པོ་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །དེ་སྐད་དུ་ཡང་རྒྱུད་ཆེན་ཐིག་ལེ་ཀུན་གསལ་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །གང་ཟག་འཕྲལ་བྱས་མ་ཡིན་པར། །དུས་གསུམ་སངས་རྒྱས་བརྒྱུད་པ་བཤད། །རྒྱལ་བས་གསུངས་པར་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པ་བཤད། །ལྡེམ་པོའི་དོན་དགོངས་མ་ཡིན་པར། །ངེས་དོན་ཡིན་པར་ཡིད་ཆེས་འགྱུར། །མ་འོངས་དུས་སུ་གང་ཟག་རྣ་བརྒྱུད་བཤད། །བརྒྱུད་པ་འབྲེལ་མ་ཆད་པར་ཡིད་ཆེས་འགྱུར། །ཞེས་སོ། །

དང་པོ་ལ་གདོད་མའི་གནས་ཚུལ། ཞི་བ་གནས་ཚུལ། གནས་ལུགས་དོན་གྱི་དགོངས་པས་བརྒྱུད་ཚུལ། སྒྲ་དོན་ངེས་པའི་རྒྱུ་མཚན་དགོང་ཚུལ་དང་གསུམ་ལས། དང་པོ་ནི། རྟོགས་ཏེ་སངས་རྒྱས་སུ་མ་ཤར། (༧༨)སྐུ་དང་ཡེ་ཤེས་སུ་མ་གྲགས། ཐུན་མོང་གི་སངས་རྒྱས་སྟོང་རྩ་གཉིས་དང་། ཐུན་མོང་མ་ཡིན་པའི་སངས་རྒྱས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པ་དེ་དག་ཀྱང་མ་གྲུབ། མི་གནས། མི་བཞུགས། མ་བྱོན་པའི་དུས། མ་རྟོགས་ཏེ་སེམས་ཅན་དུ་མ་བྱུང་། ཕྱིས་འབྱུང་བའི་རྒྱ་མ་ཆགས། ནང་ཤེས་བྱའི་ཁ་མ་རལ། ལུས་དང་བག་ཆགས་སུ་མ་གྲུབ། ཕྱི་ཡུལ། བར་ལུས། ནང་སེམས་རྣམས་ཀྱང་མ་གྲུབ། མི་གནས། མ་བྱུང་། མེད་པའི་དུས་ཀྱི་སྔོན་རོལ་ན། ཡུལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ལ་གོ་འབྱེད་པ། ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ་ཕྲ་རགས་ཀྱི་འབྱུང་བ་གང་གིས་ཀྱང་མ་གོས་པ། གསལ་བ་སྒྲིབ་པ་མེད་པ་མེ་ལོང་དཀྱིལ་འཁོར་གཡའ་ཕྱིས་པ་ལྟ་བུ་གང་གི་ཡང་འཆར་གཞི་བྱེད་པ། སྟོང་པ། གསལ་བ། མི་འགགས་པ། ཐོགས་པ་མེད་པ་དེ་མཚན་ཉིད་ལྔ་ལྡན་གྱི་རིག་པ་བུམ་ནང་གི་མར་མེ་ལྟ་བུ། དབྱིངས་ནང་གསལ་དུ་གནས་པ་ལ་ཡེ་ཤེས་ཀྱི་རླུང་གཡོས་ཏེ། རླུང་གིས་ལྷུན་གྲུབ་ཀྱི་རང་གདངས་ཆོས་ཉིད་ཀྱི་ཀློང་དུ་ཤར་བ་ལས། འཁོར་འདས་ཀྱི་གྱེས་མདོར་གྱུར་ཏེ། རང་ངོ་མ་ཤེས་པ་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པས། གཟུང་འཛིན་གྱིས་གཞི་བྱས་ཏེ་སེམས་ཅན་དུ་འཁྲུལ་ལོ། །ཤེས་པ་རང་རིག་སྟེ་སངས་རྒྱ་བ་ལས། ཐོག་མའི་ཀུན་ཏུ་བཟང་པོ་ནི། དེའི་ཚེ་རང་གི་ཤེས་རབ་ཀྱི་རྟ་བྱས་ཏེ། རང་མལ་ཆོས་ཀྱི་སྐུ་ལས་རང་གདངས་ཡེ་ཤེས་ལྔར་གསལ་བ་རང་ངོ་ཤེས་པས། ཡེ་ཤེས་ཆོས་ཀྱི་སྐུར་སྨིན་ཏེ། གཞི་རང་ཐོག་ཏུ་གྲོལ་བས་སངས་རྒྱས་ཐམས་ཅད་ཀྱི་མེས་པོ། དཔལ་ཀུན་ཏུ་བཟངཔོ་གཞི་ནས་སངས་རྒྱས་པའོ། །ཐུགས་ཀྱི་རྒྱུད་ལས། ཤེས་རབ་རང་གི་རིག་པ་གཞི་ནས་ཤར་བ་ལས། རྣ་བས་ཉན་ཅིང་ལྕེ་ཡིས་བརྗོད་མི་དགོས། །མགོན་པོ་གཞི་ནས་རྫོགས་སངས་རྒྱས་པ་ལ། །བག་ཆགས་འཁྲུལ་པའི་དྲི་མ་ཀ་ནས་དག །ཅེས་སོ། །

གཉིས་པ་ནི་གནས་ལུགས་དོན་གྱི་དགོངས་པས་བརྒྱུད་ཚུལ་ལ་གསུམ་སྟེ། ཆོས་སྐུ་དབྱིངས་སུ་བྱིན་རླབས་ཀྱིས་བཤད། ལོངས་སྐུ་རང་གི་ངོ་བོ་གསལ་བས་བཤད་པ། སྤྲུལ་སྐུ་འདུལ་ངོར་ཚིག་སྦྱོར་ལེགས་པས་བཤད་པའོ། །

དང་པོ་ནི་རང་བཞིན་ཆོས་ཀྱི་སྐུ་ཡེ་ཤེས་ལྷུན་གྲུབ་ཏུ་ཡོད་པ་ལ། ཡེ་ཤེས་གདངས་ལྔ་རླབ་ཀྱི་ཚུལ་འོད་ལྔར་ཤར་བ་ཡང་། ཆོས་ཀྱི་སྐུ་(༧༩)དེའི་ངོ་བོ་སྟོང་པའི་ངོས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་གདངས་འོད་མཐིང་གར་ཤར་བས། ཡིད་ལས་འདས་པའི་ཤེས་རབ་ཀྱིས། རང་སྣང་དུ་ཤེས་པས་ཡོན་ཏན་རྣམ་པར་སྣང་མཛད་ཀྱི་སྐུར་སྨིན། ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསལ། ཆོས་སྐུ་ངོ་བོ་སྟོང་གསལ་ལ་དབང་བསྒྱུར་རོ། །ཆོས་སྐུ་སྙིང་པོ་མ་འགགས་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་གདངས་འོད་དཀར་པོར་ཤར་བ། ཡིད་ལས་འདས་པའི་ཤེས་རབ་ཀྱིས་རང་སྣང་དུ་ཤེས་པས། ཡོན་ཏན་རྡོ་རྗེ་སེམས་དཔའི་སྐུར་སྨིན། ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་སྐུ་གསལ་བ་ལ་དབང་བསྒྱུར་རོ། །ཆོས་སྐུ་རིག་སྟོང་དབྱེར་མེད་དུས་གསུམ་མཉམ་པ་ཉིད་དུ་གནས་པས། མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་གདངས་འོད་སེར་པོ་ཤར་བ། ཡིད་ལས་འདས་པའི་ཤེས་རབ་ཀྱིས་རང་སྣང་དུ་ཤེས་པས། ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་སྐུར་སྨིན། ཐུགས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གསལ་བས། ཆོས་སྐུ་རིག་སྟོང་དབྱེར་མེད་མཉམ་པ་ཆེན་པོ་ལ་དབང་བསྒྱུར་རོ། །ཆོས་སྐུ་ལ་དེར་ཤེས་ཀྱི་ཤེས་རབ་མི་འགགས་པས་སོ་སོར་རྟོགས་པའི་ཡེ་ཤེས། དེའི་གདངས་འོད་དམར་པོར་ཤར་བ། ཡིད་ལས་འདས་པའི་ཤེས་རབ་ཀྱིས་རང་སྣང་དུ་ཤེས་པས། ཡོན་ཏན་སྣང་བ་མཐའ་ཡས་ཀྱི་སྐུར་སྨིན། ཐུགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གསལ་བས། ཆོས་སྐུ་ལ་དེར་ཤེས་ཀྱི་ཤེས་པ་མི་འགགས་པས་སོ་སོར་རྟོགས་པ་ལ་དབང་བསྒྱུར་རོ། །ཆོས་སྐུ་ཤེས་བྱ་ལ་ཐོགས་པ་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས། དེའི་གདངས་འོད་ལྗང་གུར་ཤར་བ། ཡིད་ལས་འདས་པའི་ཤེས་རབ་ཀྱི་རང་སྣང་དུ་ཤེས་པས། ཡོན་ཏན་དོན་ཡོད་གྲུབ་པའི་སྐུར་སྨིན། ཐུགས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གསལ་བས། ཆོས་སྐུ་ཤེས་བྱ་ཐོགས་པ་མེད་པ་ལ་དབང་བསྒྱུར་རོ། །དེ་ཡང་དབྱིངས་ཀྱི་རིག་པ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་ལས། སོ་སོའི་རང་གདངས་འོད་ལྔར་ཤར་བ་རང་ངོ་ཤེས་པས་ཡེ་ཤེས་སྐུ་ལྔར་སྨིན་ཏེ། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔར་རང་གསལ་ལ་དབང་བསྒྱུར་བ་པོ་ནི། ཆོས་སྐུའི་བྱིན་གྱིས་བརླབས་ཀྱིས་བཤད་པའི་དུས་ཞེས་བྱ་སྟེ། དགོངས་ཉམས་དྲུག་པ་ལས། སྔར་སྨིན་པ་ལས་ཡེ་ཤེས་བྱུང་། །ཞེས་པ་དང་། བསྡུས་རྒྱུད་ལས། ང་ཉིད་མ་འོངས་སྔོན་རོལ་ན། །སྟོན་(༨༠)པ་ཀུན་རིག་ཆོས་ཀྱི་རྗེ། །པདྨ་བདེ་གསལ་གྲོང་ཁྱེར་དུ། །བསྟན་པའི་སྙིང་པོ་ཡེ་ཤེས་ལྔ། །རང་སྣང་རྟོགས་པའི་འཁོར་རྣམས་ལ། །རྟོག་མེད་བྱིན་གྱིས་བརླབས་ཀྱིས་བཤད། །ཅེས་སོ། །པདྨ་བདེ་གསལ་ནི་ནང་དབྱིངས་ལྷུན་གྲུབ་རང་གསལ་གྱི་ཞིང་ངོ་། །ཕལ་གྱིས་མདངས་དང་། གདངས་མ་ཕྱེད་པར་གདངས་ཐམས་ཅད་མདངས་སུ་ཤོར་བ་མང་སྟེ། འདི་ཕྱིན་མདངས་རང་ངོ་རང་གསལ་གྱི་ནང་འོད་དང་ཁ་དོག་སྔོ་སྐྱར་སྣང་བ་ལྟ་བུ་ལ། གདངས་ཕྱིར་གསལ་གྱི་ཆ་སྟེ་འོད་ལྔ་དང་དཀར་ཕྲ་ཕྲོ་སྣང་བ་བཞིན་ནོ། །དབྱིངས་ནང་གསལ་དུ་མདངས་ཞེས་བྱ། ཕྱིར་གསལ་དུ་གདངས་ཞེས་བྱ། ངོ་བོ་དང་དབྱེར་མེད་པར་མདངས་ཞེས་བྱ། དེ་ལས་ཤར་བ་གདངས་ཞེས་བྱ་བས་དབྱེས་ཕྱེད་པར་བྱའོ།། །།

༈ གཉིས་པ་ལོངས་སྐུ་རང་གི་ངོ་བོས་བཤད་པ་ནི། ཡེ་ཤེས་ཀྱི་གདངས་ལྔ་ཡོན་ཏན་གྱི་སྐུ་ལྔར་སྨིན་པ་དེ་ཉིད་ལས་མི་གཞན་པའི་གདུལ་བྱ་སོ་སོར་སྣང་བའི་ངོ་བོ་གང་ལ་གསལ་སྟེ། རྣམ་སྣང་རིགས་ལ་གནང་། རིགས་བཞི་སོ་སོའི་འཁོར་བཞི་ལ་གནང་སྟེ། མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་འཁོར་ལ་གནང་། རིན་འབྱུང་རིན་ཆེན་རིགས་ཀྱི་འཁོར་ལ་གནང་། འོད་དཔག་མེད་པདྨའི་རིགས་ཀྱི་འཁོར་ལ་གནང་། དོན་གྲུབ་ལས་ཀྱི་རིགས་ཀྱི་འཁོར་ལ་གནང་བའོ། །དེ་ལྟར་ལོངས་སྐུ་རང་སྣང་གི་ཞིང་ན། གདན་ཁྲི་སྐུ་མདོག་ཕྱག་མཚན། བཞུགས་ཚུལ་རང་གི་ངོ་བོས་བཤད་པ་དང་བཞི་ལས། དང་པོ་གདན་ཁྲི་ལ་རྟགས་ཁྱད་པར་གྱི་ཆོས་གསུམ་ལས། རྟགས་ཀྱི་གནས་ལྔ་རང་གི་ངོ་བོས་བཤད་པ་ལས། རྣམ་པར་སྣང་མཛད་སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སུ། སེང་གེའི་གདན་ཁྲི་ལ་བཞུགས་པ། འཁོར་རིགས་བཞི་གཟིགས་པས་དེ་བཞིན་དུ་གོའོ། །རྡོ་རྗེ་མི་བསྐྱོད་ཆོས་ཉིད་མི་འགྱུར་བའི་རྟགས་སུ། གླང་པོ་ཆེའི་གདན་ལ་བཞུགས་པ། རྡོ་རྗེ་རིགས་ཀྱི་འཁོར་གྱིས་གཟིགས་པས་དེ་བཞིན་དུ་གོའོ། །རིན་ཆེན་འབྱུང་ལྡན་ཐུགས་རྗེ་མཉམ་པའི་རྟགས་སུ། རྟ་མཆོག་གི་ཁྲི་ལ་བཞུགས་པ། རིན་ཆེན་རིགས་ཀྱི་འཁོར་གྱིས་གཟིགས་པས་དེ་བཞིན་དུ་གོའོ། །སྣང་བ་མཐའ་ཡས་མོས་པ་སོ་སོའི་དོན་ལ་སྦྱོར་བའི་རྟགས་སུ། རྨ་བྱའི་གདན་ལ་བཞུགས་པ། པདྨ་རིགས་ཀྱི་འཁོར་གྱིས་གཟིགས་པས་དེ་བཞིན་དུ་གོའོ། །དོན་ཡོད་གྲུབ་པ་ཤེས་བྱ་ཐོགས་པ་མེད་པའི་རྟགས་སུ། (༨༡)ཤང་ཤང་གི་ཁྲི་ལ་བཞུགས་པ། ལས་ཀྱི་རིགས་ཀྱི་འཁོར་གྱིས་གཟིགས་པས་དེ་བཞིན་དུ་གོའོ། །དེ་ཡང་གདུལ་བྱ་ལ་གནང་བའི་ངོས་ནས་དེ་ལྟར་བཞུགས་ལ། དགོངས་པ་ནང་དབྱིངས་སུ་མྱ་ངན་ལས་འདས་པའི་དུས་ན། དོན་གྱི་གདན་ལས་མཚན་མ་རིགས་ཅན་གྱི་རྟགས་སུ་ཡང་མི་གནས་སོ། །ཁྱད་པར་གྱི་གདན་རང་གི་ངོ་བོའི་བཤད་པ་གཉིས་ནི། ཆོས་སྐུ་ལྟ་བ་ཁ་སྦྱོར། ལོངས་སྐུ་ཤེས་རབ་ཁ་སྦྱོར། སྤྲུལ་སྐུ་ཐུགས་རྗེ་ཁ་སྦྱོར། ཐབས་དང་ཤེས་རབ་ཐུགས་རྗེ་སྐུ་དང་ཡེ་ཤེས་སུ་མི་འགགས་པའི་རྟགས་སུ། ཉི་ཟླའི་གདན་ལ་བཞུགས་པ། འཁོར་སོ་སོར་གཟིགས་པས་དེ་བཞིན་དུ་གོའོ། །ཆོས་ཀྱི་གདན་རང་གི་ངོ་བོས་བཤད་པ་འཁོར་ལོ་དང་པདྨ་གཉིས་ལས། ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔའི་འཁོར་ལོ་ནང་དུ་བསྐོར་ནས། རྟོགས་པས་བདག་བསྒྲལ་བ་དང་། རིན་པོ་ཆེའི་དར་སྐུད་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་ནས་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ཕྱི་ལྟར་བསྐོར་ཏེ། ཐུགས་རྗེས་གཞན་བསྒྲལ་བའི་རྟགས་སུ། འཁོར་ལོའི་གདན་ལ་བཞུགས་པ། འཁོར་གྱིས་གཟིགས་ཏེ་དེ་བཞིན་དུ་གོའོ། །དེ་ལྟར་ཆོས་ཀྱི་སྐུ་ལ་མཚན་མའི་སྐྱོན་གྱིས་མ་གོས་ཤིང་། གཟུགས་སྐུ་གཉིས་ཀྱིས་དོན་མཛད་ཀྱང་། གདུལ་བྱའི་ལས་དང་ཉོན་མོངས་པས་མ་གོས་པའི་རྟགས་སུ། པདྨའི་གདན་ལ་བཞུགས་པས། འཁོར་རྣམས་ཀྱིས་གཟིགས་པས་དེ་བཞིན་དུ་གོའོ། །སྐུ་མདོག་རང་གི་ངོ་བོས་བཤད་པ་ནི། ཆོས་ཉིད་མི་འགྱུར་བའི་རྟགས་སུ། རྣམ་པར་སྣང་མཛད་མཐིང་ཀ །དྲི་མས་མ་གོས་པའི་རྟགས་སུ། རྡོ་རྗེ་སེམས་དཔའ་དཀར་པོ། ཡོན་ཏན་རྒྱས་པའི་རྟགས་སུ། རིན་ཆེན་འབྱུང་ལྡན་སེར་པོ། ཐུགས་རྗེས་འགྲོ་དོན་མཛད་པའི་རྟགས་སུ། སྣང་བ་མཐའ་ཡས་དམར་པོ། ཕྲིན་ལས་བཞི་རྫོགས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་རྟགས་སུ། དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་བསྟན་པ། འཁོར་སོ་སོས་དེ་བཞིན་དུ་གཟིགས་ཤིང་གོའོ། །ཕྱག་མཚན་རང་གི་ངོ་བོས་བཤད་པ་ནི། ཆོས་ཀྱི་སྐུ་ལ་ཕྱོགས་ལྷུང་མེད་པའི་ཤེས་རབ་མངའ་བས་འཁོར་ལོའི་ལྟེ་བ་ལྟར་བསྟན་པ། ལོངས་སྤྱོད་རྫོགས་པའི་སྐུ་ལ་འབྱེད་པ་མེད་པའི་ཤེས་རབ་མངའ་བས། འཁོར་ལོའི་མུ་ཁྱུད་ལྟར་བསྟན་པ། སྤྲུལ་པའི་སྐུ་ལ་སོ་སོར་རྟོགས་པའི་ཤེས་རབ་མངའ་བས། འཁོར་ལོའི་རྩིབས་(༨༢)ལྟར་བསྟན་པ། དེའི་རྟགས་སུ་རྣམ་སྣང་གི་འཁོར་ལོ་བསྣམས་པས། འཁོར་གྱིས་དེ་ལ་གཟིགས་པས་དེ་བཞིན་དུ་གོའོ། །ཐུགས་རྗེ་སྐུ་ལྔ་ཡེ་ཤེས་ལྔ་ཐིག་ལེ་ཉག་ཅིག་མངའ་བའི་རྟགས་སུ། མི་བསྐྱོད་པ་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། རིན་པོ་ཆེའི་སྦུབས་ན་ཡོན་ཏན་གྱི་སྣང་ཚུལ་མ་འགགས་པར་འཆར་བའི་རྟགས་སུ། རིན་ཆེན་འབྱུང་ལྡན་རིན་པོ་ཆེ་འོད་འབར་བ་ཐུགས་ཀར་བསྣམས་པ། ཆོས་སྐུ་དངོས་དང་མཚན་མས་མ་གོས། གཟུགས་སྐུ་གདུལ་བྱའི་ལས་དང་བག་ཆགས་ཀྱིས་མ་གོས་པའི་རྟགས་སུ། སྣང་བ་མཐའ་ཡས་ཐུགས་ཀར་པདྨ་བསྣམས་པ། མཐའ་བཞི་རྒྱས་བཏབ་ཅིང་ཕྲིན་ལས་བཞིས་དོན་མཛད་པའི་རྟགས་སུ། དོན་ཡོད་གྲུབ་པ་ཐུགས་ཀར་རྒྱ་གྲམ་བསྣམས་པ། སོ་སོའི་འཁོར་གྱིས་གཟིགས་པས། དེ་བཞིན་དུ་གོའོ། །བཞུགས་ཚུལ་རང་གི་ངོ་བོས་བཤད་པ་ནི། སྣང་ལུགས་ལ་རིགས་ལྔར་སྣང་ཡང་། གནས་ལུགས་ལ་གཞི་ཆོས་སྐུ་རོ་གཅིག་ཐ་དད་མེད་པའི་རྟགས་སུ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་ལས། འཁོར་སོ་སོའི་གཟིགས་པས་དེ་བཞིན་དུ་གོའོ། །འཁོར་གྱི་སེམས་དཔའ་དང་སེམས་མ་རྣམས་ཕྱེད་ཀྲུང་དུ་བཞུགས་པ། དོན་གྱི་དགོངས་པའི་ཕྱེད་ཆོས་སྐུའི་རོལ་པར་ཤར་བར་གོའོ། །དེ་དག་ཀྱང་བསྡུས་རྒྱུད་ལས། སྟོན་པ་ཀུན་རིགས་ཡེ་ཤེས་ཀྱིས། །ཆ་ཉིད་གསལ་བའི་རང་མདངས་ལས། །ཡེ་ཤེས་འགགས་མེད་དཀྱིལ་འཁོར་བྲིས། །རང་ཉིད་དབུས་ཀྱི་གཙོར་གནས་ཏེ། །ཉིད་ལས་མི་གཞན་སྟོན་པ་བཞི། །རང་རང་རིགས་ཀྱི་འཁོར་རྣམས་ལ། །གསུང་གི་ཆོས་རྣམས་མི་འཆད་པར། །བྱིན་རླབས་རང་ངོའི་སྒོ་ནས་སྟོན། །ཞེས་པ་དང་། གསང་བ་རིག་པའི་དགོངས་པ་ལས། ལོངས་སྐུ་རང་གི་ངོ་བོས་བཤད་པའི་དུས། །སྐུ་མཆོག་འོད་གསལ་སྣང་བའི་ཚེ་ན་ཡིན། །ཞེས་སོ། །དེའང་ལྷུན་གྲུབ་རང་སྣང་གི་དུས་ན་འཁོར་རྣམས་ཉིད་ལས་གཞན་མ་ཡིན་ཏེ། སྐུའི་རྩལ་ལས་སེམས་དཔའ་དང་སེམས་མ་རིགས་བཞི་སོ་སོར་རྣམ་སྣང་ལས་བཤད་པའི་ཕྱིར། དགོངས་པ་གཅིག་པ་ཡང་ངོ་བོས་བཤད་པར་སྦྱར་ཞིང་། དེའི་གདངས་ས་བཅུའི་སེམས་དཔའ་སྣང་དུས། བརྡ་རྟགས་དེ་དག་ཉིད་ལས་གཞན་སྣང་གི་གདུལ་བྱ་ཉིད་ཀྱང་ངོ་བོས་བཤད་(༨༣)པའོ། །དེ་གཉིས་ཀ་ལའང་ལོངས་སྐུ་རིགས་གཅིག་པས། ལོངས་སྐུ་རང་གི་ངོ་བོས་བཤད་པའི་དུས་ཞེས་བྱའོ།། །།

༈ གསུམ་པ་སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད་པ་ལ། གདུལ་བྱ་སེམས་ཅན་གྱི་ལོ་རྒྱུས་དང་། འདུལ་བྱེད་སྤྲུལ་སྐུའི་ལོ་རྒྱུས་གཉིས་ལས། དང་པོ་ནི་གདུལ་བྱ་སེམས་ཅན་མེད་ན། འདུལ་བྱེད་སྟོན་པ་མི་འབྱོན་པས། སེམས་ཅན་གྱི་ལོ་རྒྱུས་བཤད་དེ། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ཡང་། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་བའི་ཕྱིར། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་བརྗོད། །ཅེས་སོ། །དེ་ཡང་སེམས་ཅན་ལོག་ལྟ་ཅན་གྲུབ་མཐའ་ངན་པས་རྒོལ་བ་མུ་སྟེགས་ཅན་རྣམས་གདུལ་བར་བྱ་སྟེ། ལམ་ལོག་པར་འཇུག་པ་ཉིད་ཐུགས་རྗེའི་ཡུལ་དུ་སྣང་བའི་ཕྱིར་ན། འདུལ་བྱེད་སྟོན་པས་ཆོས་ཀྱི་བདུད་རྩི་བསྟན་དགོས་པས་འབྲེལ་བ་བསྒྲུབ་པར་སྟོན་པ་ཡིན་ནོ། །དེ་ཡང་ཐོག་མའི་གཞི་འཁོར་འདས་གང་དུ་ཡང་མ་གྲུབ་པའི་སྔོན་རོལ་ཆོས་ཉིད་ལ་འབྱུང་བའི་དྲི་ཕྲ་རགས་གསུམ་དང་བྲལ་བའི་དག་གསལ། མེ་ལོང་གི་དཀྱིལ་འཁོར་གསལ་བར་ཕྱིས་པ་ལྟ་བུ། ནང་གསལ་མཚན་ཉིད་ལྔ་ལྡན་བུམ་པའི་མར་མེ་བཞིན་གནས་པ་ལ། ཡེ་ཤེས་ཀྱི་རླུང་གཡོས་ཏེ། རླུང་གི་ལྷུན་གྲུབ་ཀྱི་རང་གདངས་ཆོས་ཉིད་ཀྱི་ཀློང་དུ་ཕྱིར་ཤར་བ་ལས། རང་སྣང་དུ་ངོ་མ་ཤེས་པས། ལྷན་ཅིག་སྐྱེས་པའི་མ་རིག་པ། གཟུང་འཛིན་དུ་སྒྲོ་བཏགས་པས། ཀུན་ཏུ་བཏགས་པའི་མ་རིག་པ་རང་ཤར་དུས། མ་རིག་པའི་རྐྱེན་གྱིས་རང་བཞིན་གྱི་འོད་ལྔ་གསལ་མ་ནུས། གཟུགས་བརྙན་གྱི་འོད་ལྔ་ལ་བག་ཆགས་པས། ཕྱི་ནང་སྣོད་བཅུད་དུ་འཁྲུལ་ཏེ། ཕྱི་སྣོད་འཇིག་རྟེན་མཚོ་ལ་དར་ཆགས་པའམ། ཞོ་ལ་སྤྲིས་ཆགས་པ་ལྟར་རི་རབ་གླིང་བཞི་གླིང་ཕྲན་ལ་སོགས་པར་སྣང་ངོ་། །ནང་བཅུད་ལ་ཤེས་པས་མ་བཟུང་བ་དང་། བཟུང་བ་གཉིས་ལས། མ་བཟུང་བ་སྣོད་ཀྱི་དྭངས་མ་བཅུད་དུ་བསྡུས་པ་ལས། རྩྭི་ཤིང་ནགས་ཚལ་སྨན་མེ་ཏོག་ལོ་ཐོག་འབྲས་བུ་སྨིན་ལ། ཁྱད་པར་འབྱུང་བའི་དྭངས་མ་འོད་ལྔའི་སྒོ་ང་དང་། སྟོན་པའི་འཁྲུངས་རྟེན་ཨུ་དུམ་ཝཱ་རའི་མེ་ཏོག་གཉིས་གྲུབ་པ་ནི། སེམས་ཅན་དང་སྟོན་པའི་རྟེན་དུ་ཤར་བའོ། །དེའི་དུས་(༨༤)སུ་བར་གྱི་བསྐལ་པའི་རྡོ་རྗེ་མི་བསྐྱོད་པའི་ཡེ་ཤེས་ཆེན་པོར་གནས་པས། འོད་ཀྱི་སྒོ་ང་མཐོང་སྟེ། སྤྱན་གྱི་སྦྱོར་བས་སྒོ་ང་གཟིགས། ཐུགས་ཀྱི་སྦྱོར་བས་མཛེས་པར་མཁྱེན། ཞལ་གྱི་སྦྱོར་བས་བག་ཆགས་སེམས་སྐྱེས་པས། དཔྱོད་བྱེད་ཡིད་ཀྱི་ཤེས་པས་རིག་པ་བསྐྱེད་ནས་སྒོ་ང་ལ་རྣམ་ཤེས་ཞུགས་པས་སེམས་ཅན་ཕོ་མོ་གཉིས་སུ་སྨིན་ཏེ། བསྐལ་པ་ཐ་མར་གྲུབ་བོ། །སྒྲ་སྦས་ཚུལ་ལྟར་བརྗོད་ན་སེམས་ཅན་ཕོ་མོར་དང་པོར་ཤར་བ་ལ། ཕྱི་ལྟར་འདོད་ཆགས་བྱ། ཞེ་སྡང་སྦྲུལ། ནང་ལྟར་ཤེད་བུ་དང་ཤེད་གྲོགས། ཞེས་བྱ། གསང་བ་ལྟར་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མེད་ཅེས་བྱའོ། །དེའི་དུས་སུ་རང་འོད་དང་བཅས་པས་རྫུ་འཕྲུལ་གྱིས་བསྐྱེད་དེ། ནམ་མཁའ་ལ་འགྲོ་ཞིང་འདུག་པ་དང་། ཟས་སུ་ཏིང་ངེ་འཛིན་གྱི་རོ་ལ་སྤྱོད་པས། ཕོ་མོ་སོ་སོའི་དབང་པོའི་སྒོ་མ་དོད་པར་གནས་པའོ། །དེ་ནས་བསོད་ནམས་རིམ་གྱིས་འགྲིབས་ཏེ། སའི་ཞག་སྦྲང་རྩི་ལྟ་བུ་ལ་ཟོས་ཤིང་སྤྱད་པས། ལུས་ལྕི་ནམ་མཁའ་ལ་འགྲོ་བར་མི་ནུས། དེ་ནས་རེ་ཞིག་ན་དེ་ཡང་ནུབ་ནས། ཨེ་མ་སའི་ཞག་ཅེས་མྱ་ངན་བྱས་པས། ཡང་སའི་བཅུད་སྔར་བས་ཡོན་ཏན་ཅུང་ཟད་ཆུང་ངུ་བྱུང་སྟེ། ཟོས་པས་ལུས་ཀྱི་རང་འོད་ནུབ་པས་མྱ་ངན་བྱས་པས། འགྲོ་བའི་ལས་དང་སྟོན་པའི་ཐུགས་རྗེ་ལས་ཉི་ཟླ་གཉིས་འཇིག་རྟེན་དུ་བྱུང་ངོ་། །

དེ་ནས་སའི་བཅུད་ཀྱང་ནུབ་དུས། ལྡུམ་བུའི་ཚལ་བྱུང་བ་ལ་སྤྱོད་དོ། །དེ་ཡང་ནུབ་ནས། མ་རྨོས་པའི་ལོ་ཏོག་འབྲས་ས་ལུ་ཞེས་བྱ་བ་རྩ་བ་ནས་རྩེ་མོའི་བར་ཐམས་ཅད་ལ་འབྲས་བུ་ཡོད་པ། ནངས་བརྔས་པས་ནུབ་སྐྱེ་བ་ལ་སྤྱོད་དུས། ལེ་ལོ་ཅན་གཅིག་གིས་གསོག་འཇོག་བྱས་པས། ཐམས་ཅད་ཀྱིས་དེ་ལྟར་བྱས་པས། དེ་ཡང་ནུབ་དུས་མྱ་ངན་བྱས་པས། འབྲས་ཐོ་རྩེ་ཞེས་བྱ་སྟེ། རྩེ་མོ་ལ་འབྲས་བུ་ཡོད་པ་འདི་བྱུང་ངོ་། །དེའི་དུས་སུ་འདོད་འཇོའི་བ་དང་། ཅང་ཤེས་ཀྱི་རྟ་དང་། ཁྲུས་ཀྱི་རྫིང་བུ་དང་། དཔག་བསམ་གྱི་ཤིང་ལ་སོགས་པ་ལོངས་སྤྱོད་དུ་མ་བྱུང་ངོ་། །དེ་ནས་དབང་པོ་སོ་སོའི་སྒོ་དོད་པ་ན། གཅིག་ལ་གཅིག་བལྟ་བའི་འདོད་ཆགས་དང་། དགོད་པའི་འདོད་ཆགས་དང་། ཅུང་ཟད་འབུར་དུ་དོད་པ་ལས། གཅིག་ལ་གཅིག་ལག་པ་བཅངས་(༨༥)པའི་འདོད་ཆགས་དང་། ཕོ་མོའི་དབང་པོ་སོ་སོར་དོད་པ་ལས། འཁྱུད་དེ་སྦྱོར་བའི་འདོད་ཆགས་བཞི་ཡང་རིམ་གྱིས་བྱུང་ངོ་། །དེ་ནས་ས་ཕྱོགས་ལ་བདག་ཏུ་བཟུང་བས། ཡུལ་ལ་མེད་པ་འཇའ་ཐོ་ཐོ་རིས་སུ་ཁྱིམ་ལ་སྔ་བ་འཇགས་མའི་སྤྱིལ་པོ་ཕུབ་པའོ། །དེའི་དུས་སུ་སྟོན་པ་ལ་སྔ་བ། སྟོན་པ་ཁྱེའུ་སྣང་བ་དམ་པ་བྱོན་ནོ། །བསམ་གྱིས་མི་ཁྱབ་པ་ལྷའི་དབང་པོ་ལ་རྒྱལ་སྲས་བུ་བཞི། བཙུན་མོ་བཞི་སྟེ་བརྒྱད་ལས། གླིང་བཞི་ཁོད་སྙོམས་པར་མི་རྣམས་སོ་སོའི་རྒྱལ་པོར་གྱུར་ཏོ། །ཁྱད་པར་འཛམ་བུའི་གླིང་འདིར་འབྲས་ཀྱི་ཞིང་བགོས་པ་ལས། མི་ངང་ཚུལ་བཟང་པོ་ཞིག་བགོས་པར་བསྐོས་པ་དེ། རང་གི་སྐལ་བ་ཆད་པ་ལ། མི་རྣམས་ཀྱིས་བཙས་བསྡུས་ནས་བྱིན་ཏེ། ངེད་རྣམས་ཀྱི་རྒྱལ་པོར་བྱའོ། །ཞེས་སྨྲས་པས། མང་པོས་བསྐུར་བའི་རྒྱལ་པོ་བྱུང་ངོ་། །དེ་ནས་རྐུ་བ་དང་། ཁྲོ་བ་དང་། རྨོངས་པའི་དབང་གིས་ངན་སོང་གི་གནས་ཀྱང་། ཡི་དྭགས། དུད་འགྲོ། དམྱལ་བ་རྣམས་སོ་སོར་བྱུང་ངོ་། །བསམ་གཏན་བསྒོམས་པས་གཟུགས་དང་གཟུགས་མེད་པའི་ལྷར་སྐྱེ་བ་ཡང་བྱུང་ངོ་། །ཁམས་གོང་མ་གཉིས་དེའི་གོང་ནས་ཡས་མར་བྱུང་ངོ་། །ཁམས་གསུམ་རིགས་དྲུག་སོ་སོར་སྣང་བས། གདུལ་བྱ་སེམས་ཅན་གྱི་ཁམས་སུ་ཤར་རོ། །

གཉིས་པ་འདུལ་བྱེད་སྤྲུལ་སྐུའི་བྱོན་ཚུལ་ལ། སྤྲུལ་སྐུའི་རྒྱུ། རྟེན། འཁྲུངས་ཚུལ། ཤེས་རབ། གདུལ་བྱ། ཆ་ལུགས། བསྟན་པ། ཡོན་ཏན། དགུང་ལོ། འདས་ཚུལ་བསྟན་པ་དང་བཅུ་ལས། རྒྱུ་ལ་ངོ་བོའི་རྒྱུ་ལྷུན་གྲུབ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡོད་པས། གསལ་བའི་རྒྱུ་སངས་རྒྱས་ནམ་མཁའི་སྙིང་པོ་དང་། ཡུམ་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་དེ། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ཀྱི་པདྨ་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་འོད་ཀྱི་ཐིག་ལེ་དཀར་དམར་རྒྱུ་ཡི་རང་བཞིན་ལ། འབྲས་བུའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་པའི་སྙིང་པོར་བཞུགས་པས། གསལ་བའི་རྒྱུ་བྱས་པའོ། །རྟེན་ནི་འབྱུང་བ་ལྔ་ཡི་བཅུད་ལས་གྲུབ་པ། ཨུ་དུམ་ཝཱ་རའི་མེ་ཏོག་ཁ་སྟོང་དང་ལྡན་པ་ལྗོན་ཤིང་རྒྱས་པ་ལྟ་བུའི་སྦུབས་སོ། །འཁྲུངས་ཚུལ་ནི་པདྨའི་སྦུབས་ལས་བྱིས་པ་ལོ་བརྒྱད་པའི་ཚུལ་དུ་སྤྲུལ་ནས་རང་བྱོན། ཐུགས་རྗེ་ཤེས་རབ་(༨༦)རྒྱས་ཚུལ་ནི། དབྱིངས་དག་པ་ཆོས་ཀྱི་སྐུའི་ངང་ལས། པདྨའི་སྦུབས་སུ་སྔར་ལེན་མ་མྱོང་བའི་ལུས་སྤྲུལ་སྐུ་ལོ་བརྒྱད་པར་བླངས་ཏེ། ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་སྐུར་བཞེངས་ཏེ། སྔར་མཐོང་མ་མྱོང་བའི་ཡུལ་འགྲོ་དྲུག་གི་ཡུལ་སྣང་སྒྱུ་མ་ལྟ་བུར་མཐོང་བ་དང་། ནང་དུ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་མེ་ལོང་གི་གཟུགས་བརྙན་ལྟར་རང་གི་ཐུགས་ཀར་འོད་ཀྱི་ཀློང་ན་ཡེ་ཤེས་སྒྱུ་མ་ལྟར་མཐོང་ངོ་། །སྐུ་ལྔ་འཁོར་དང་བཅས་པར་སྣང་བ་ཡང་རང་སྣང་། རང་ཤར། རང་གསལ་དུ་གཟིགས་ཤིང་མཁྱེན་ནོ། །ཤེས་མ་མྱོང་བའི་གཏམ་ནི། དེའི་ཚེ་སྤྲུལ་སྐུའི་གནས་དྲུག་ནས་ཡི་གེ་དྲུག་གི་རང་སྒྲ་ཚིག་སྦྱོར་ལེགས་པའི་གསུང་འགྱུར་ཏེ། སྤྲུལ་པ་རང་གི་ཐུགས་ཀར་ལོངས་སྐུ་ལ་ཞུས་ཏེ་གསོལ་བ་གདབ་པ་ནི། ཀྱེ་མཉམ་པའི་རྒྱལ་པོ་ཀུན་རིག་ཆོས་ཀྱི་རྗེ། །འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་དཔའ་རང་སེམས་རྟོགས་བྱའི་ཕྱིར། །བླ་མེད་ངོ་མཚར་ཆེ་བའི་སངས་རྒྱས་ནི། །རྨང་དང་རྩ་བ་བཅད་པའི་སངས་རྒྱས་སེམས་ལས་བྱུང་། །སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། །རང་བྱུང་དཀྱིལ་འཁོར་འཆར་ནུབ་རྙོག་མེད་པ། །འགྲོ་བ་རྣམས་ལ་ཇི་ལྟར་བསྟན་པར་བྱ། །ཞེས་གསོལ་བ་བཏབ་པས། རིགས་ལྔའི་བདེ་བར་གཤེགས་པས་དགོངས་པ། སེམས་ལས་སངས་རྒྱས་འབྱུང་བ་སྔར་ཡང་མ་གསུངས། ད་ཡང་མི་གསུང་། ཕྱིས་ཀྱང་གསུང་བར་མི་འགྱུར་བས། བཞག་པར་ལུང་བསྟན་པས་ཅི་ཡང་མི་གསུང་མི་བརྗོད་པར། མི་གསུངས་པ་ཉིད་དུ་རྒྱ་ཆེར་བཤད་དེ། རང་སྣང་བརྡ་ཡི་དགོངས་པ་ངོ་བོས་རང་ཤར་ཀློང་རྡོལ་དུ་བསྟན་པ་ནི། ཤར་ཕྱོགས་རྡོ་རྗེ་རྩེ་མོ་རྣམ་པར་བཀོད་པ་ཞེས་བྱ་བ་གཞན་གྱིས་མི་སྣང་བའི་དབྱིངས་ན། རང་བྱུང་གི་ཉི་མ་བཞི་ཤར་ཏེ། རྡོ་རྗེ་རྒྱལ་མཚན་མཐར་མི་ནུབ་པའི་ཡེ་ཤེས་ཀྱི་ཉི་མ་ཞེས་བྱ་སྟེ། ཆོས་སྐུའི་རྟོགས་པ་ཤར། རྡོ་རྗེ་རིན་པོ་ཆེ་སྙིང་པོ་ཡོངས་སུ་རྫོགས་པའི་ཉི་མ་ཞེས་བྱ་སྟེ། ལོངས་སྐུའི་རྟོགས་པ་ཤར། རྡོ་རྗེ་པདྨ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཉི་མ་ཞེས་བྱ་བ་ཐུགས་ལ་ཐིམ་པས་སྤྲུལ་སྐུའི་རྟོགས་པ་ཤར། རྡོ་རྗེ་འདུས་པ་དཔའ་བར་འགྲོ་བ་ཡེ་ཤེས་ཀྱི་ཉི་མ་ཞེས་བྱ་བས་རང་ཉིད་སྤྲུལ་པའི་སྐུར་རྟོགས་པའོ། །

དེ་དག་ཀྱང་ཤར་ཕྱོགས་རྡོ་རྗེ་རྩེ་མོ་བཀོད་པ་ནི། ཐུགས་ཀ་རྡོ་རྗེ་(༨༧)མི་བསྐྱོད་པའི་ཞིང་ཁམས་གཞན་གྱིས་མི་སྣང་བ་རང་སྣང་ལོངས་སྐུའི་དབྱིངས་སྣང་དུ་ཤར་བའོ། །ཡེ་ཤེས་ཀྱི་ཉི་མ་བཞི་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངང་ནས་སྐུ་གསུམ་འདུ་འབྲལ་མེད་པ་དེ་རང་ས་སྤྲུལ་སྐུའི་ཐུགས་ཀར་རྫོགས་པར་སྟོན་པའི་ཆའོ། །ཆོས་སྐུ་དེ་ཡང་རྡོ་རྗེ་དང་འདྲ་སྟེ། འཇིག་འབྲལ་མེད་པས་མཚན་མའི་ཆོས་ལ་མི་གནས། རྒྱལ་མཚན་གྱི་རྩེ་མོ་དང་འདྲ་སྟེ། ནུབ་པ་མེད་པའི་ཟང་ཐལ་ཆེན་པོ། ཉི་མ་དང་འདྲ་སྟེ། སྙིང་པོ་མི་འགྱུར་ལ་ཐུགས་རྗེའི་ཟེར་མི་འགགས་པའོ། །དངོས་རིག་པ་གསལ་སྟོང་ངོ་། །ཡང་རྡོ་རྗེ་སྐུ་མི་འགྱུར་བ། རིན་པོ་ཆེ་ཡོན་ཏན་མི་འགགས་པ། ཡོངས་སུ་གྲུབ་པའི་ལོངས་སྐུ། ཉི་མ་སྐུ་མདོག་རྒྱན་ཆ་ལ་སོགས་པ་གསལ་ལ་མ་འདྲེས་པའོ། །དངོས་རང་སྣང་སྐུར་ཤར་བའོ། །ཡང་རྡོ་རྗེ་ཐུགས་མི་འགྱུར་བ། པདྨ་ལས་གྲུབ་པ་ནི་སྐྱོན་གྱིས་མ་གོས་པའི་གཞི་དག་པ་ལས། འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བ། ཉི་མ་ཐུགས་རྗེས་འགྲོ་བའི་མ་རིག་པ་སེལ་བའོ། །དངོས་ཐུགས་རྗེས་འགྲོ་བ་སྐྱོབ་པའི་ཐབས་སོ། །ཡང་རྡོ་རྗེ་ནི་སྐུ་གསུམ་མི་འགྱུར་བ། འདུས་པ་ནི་འདུ་འབྲལ་མེད་པ། དཔའ་བར་འགྲོ་བ་ནི་དེ་ལས་འགྲོ་དོན་འབྱུང་བ། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། འཇམ་དཔལ་སྙིང་པོའོ། །ཉི་མ་ནི་ཀུན་ལ་སྙོམས་པར་མཛད་དེ། དངོས་ཕྲིན་ལས་དག་པའོ། །དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་སུ། ཐུགས་རྗེའི་འོད་གསལ་གྱི་དཀྱིལ་འཁོར་འདོམ་གང་བ་ཞིག་རང་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། །དེའི་ཚེ་རྡོ་རྗེ་སྤྲུལ་སྐུར་ཐོན་ནས་འོད་དང་རང་ཆས་ནས་རང་བྱུང་ངོ་། །ཉི་མ་དང་པོ་གསུམ་ནི་ནང་གནས་ཀྱི་སྐུ་གསུམ་ལས། བཞི་པ་ནི་ཕྱི་གསལ་སྤྲུལ་སྐུར་ཤར་བ་སྟེ། དོན་ལ་རྡོ་རྗེ་སེམས་དཔའ་སྐུ་གསུམ་ཕྲིན་ལས་དང་བཅས་པའོ། །དེའི་ཚེ་སེམས་ཅན་གྱི་ཉོན་མོངས་པ་རགས་སུ་སོང་བའི་དབང་གིས་ཐུགས་རྗེའི་སྐུའི་འོད་ནུབ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་རུམ་དུ་གྱུར་པ་ལས། སྤྲུལ་པ་སྐུའི་སྣང་གསལ་ཐུགས་རྗེའི་སྒྲོན་མ་ཞེས་བྱ་བ་ཉི་ཟླ་གཉིས་སེམས་ཅན་གྱི་དོན་དུ་བཞག་གོ། །ཐུན་མོང་པ་རྣམས་སེམས་ཅན་གྱི་ལས་ལ་གྲུབ་པར་འདོད་དོ། །སྟོན་པའི་འོད་ལ་ནུབ་པ་མེད་ཀྱང་། སེམས་ཅན་རང་གི་ལས་ཀྱིས་སྟོན་པའི་འོད་མཐོང་བའི་(༨༨)སྐལ་བ་ཟད་པས་ནུབ་པར་སྣང་དུས། ཉི་ཟླ་ཙམ་དུ་བཞག་ཅིང་བྱིན་གྱིས་བརླབས་པའོ། །ལྷོ་ཕྱོགས་བཻ་ཌཱུཪྻ་འདུ་འབྲལ་མེད་པའི་དབྱིངས་ནས། རིན་པོ་ཆེའི་ལྷ་མོ་ལྔ་ཤར་ཏེ། སྤྱན་ལ་ཐིམ་མོ། །ཆོག་མི་ཤེས་པས། ཀློང་ཡངས་པ། ཨཱ་ལི་ཀཱ་ལིའི་སྒྲ་རྣམས་པར་སྒྲོགས་པ་དང་། ས་དང་ལམ་ལ་མི་གནས་དང་། པན་ཏི་ཀ །བཛྲ་མ་ནི། ཡིད་གཞན་དུ་མི་འགྱུར་བ། ཨ་ཏི་ཀ་མ་ལ། ཞེས་པའི་སྒྲ་སྒྲོགས་མ་དང་། ཕྲེང་བའི་རྒྱན་བཟང་མ། བཻ་ཌཱུཪྻའི་མདོག་ཅན་རྣམ་པར་གཟིགས་མ། གཞན་གྱིས་མི་མོས་མ་བསེལ་མ། རཏྣ་སིདྡྷི་གྷུཧྱ། ཞེས་བྱ་བའི་སྒྲ་སྒྲོགས་མ་དང་། བྱེ་རུའི་མདོག་ཅན་མ། དཔའ་མོ་ལོག་པར་དད་སེལ་མ། འོད་ལྡན་མ། རྨ་བྱའི་གཟུགས་ཅན་མ། པདྨ་ལོ་ཀཱི་མཧཱ་སིདྡྷི། ཞེས་པའི་སྒྲ་སྒྲོགས་མ་དང་། ཤུགས་འགྲོ་མ། ཡིད་ཀྱི་ལྷ་མོ། རང་སྒྲ་ལས་བསྐྱེད་མ། ལས་ཀྱི་བཛྲ་ཁ་བཞི་འཛིན་མ། ཡིད་ལ་འཇུག་པའི་སྟོབས་ཅན་མ་དང་། ལྔ་ནི་ཡིད་ཀྱི་སྒྲོན་མ་ལས་ཤར་ཞིང་ཡེ་ཤེས་ཀྱི་སྒྲོན་མ་ལ་བཞུགས་སོ། །དེ་དག་ཀྱང་ལྷོ་ཕྱོགས་བཻ་ཌཱུཪྻའི་དབྱིངས་ནི་རིན་ཆེན་འབྱུང་ལྡན་ཐུགས་ཀར་གསལ་བའོ། །རིན་པོ་ཆེའི་ལྷ་མོ་ལྔ་ནི། ཕྱི་ལྟར་ན་སངས་རྒྱས་སྤྱན་མ་ལ་སོགས་པ་འབྱུང་བ་ལྔ་དག་པའི་ལྷ་མོ་ལྔའོ། །ནང་ལྟར་ན་ཡེ་ཤེས་ཀྱི་གདངས་འོད་ལྔའོ། །གསང་བ་ལྟར་ན་ཆོས་ཀྱི་དབྱིངས་ལ་སོགས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །སྤྲུལ་སྐུའི་སྤྱན་ལས། ལྷ་མོ་ལྔ་ལས། ལྔ་ཚན་ལྔར་འཕྲོས་ཤིང་འདུ་བ་ནི་སྐུ་དང་ཡེ་ཤེས་ཀྱི་རོལ་པའོ། །དེ་ཉི་ཤུ་རྩ་ལྔ་ནི་ཡེ་ཤེས་དང་སྐུའི་དབྱེ་བ་ཉི་ཤུ་རྩ་ལྔར་བཤད་པའོ། །དང་པོ་ལ་གསུམ། ཐབས་དང་ཤེས་རབ་ཀྱི་གཉིས་ནི་ཨཱ་ལི་ཀཱ་ལིའི་ཞར་ལ་འཕྲོས་པས་ལྔ་ཡོད་པའོ། །གཞན་རྣམས་ལྔ་ལྔར་དངོས་སུ་ཡོད་དོ། །ནུབ་ཕྱོགས་པདྨ་བདེ་གསལ་གྱི་དབྱིངས་ན། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཤར་ཏེ། ལས་རབ་རྡོ་རྗེ་རྒྱ་གྲམ་གྱི་གདན་ཨིནྡྲ་ནཱི་ལའི་མདོག་རང་བཞིན་གྱི་འོད་གསལ་བའི་ཁྲི་འཕང་དང་པོ་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཆེན་པོའི་སྐུའི་སྤྲུལ་པར་རང་བྱུང་ངོ་། །སྐྱོན་མེད་པདྨ་བརྩེགས་པའི་གདན་པདྨ་རཱ་གའི་མདོག་རང་བཞིན་གྱི་འོད་གསལ་བའི་ཁྲི་འཕང་གཉིས་པ་ལ་བཅོམ་ལྡན་འདས་འོད་དཔག་མེད་ཆེན་(༨༩)པོའི་སྐུའི་སྤྲུལ་པར་རང་བྱུང་ངོ་། །ཡོན་ཏན་འབྱུང་ལྡན་རིན་པོ་ཆེ་བརྩེགས་པའི་གདན་བཻ་ཌཱུརྱ་ཞུན་མའི་མདོག་ཅན་རང་བཞིན་གྱི་འོད་གསལ་བའི་ཁྲི་འཕང་གསུམ་པ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་སྐུའི་སྤྲུལ་པར་རང་བྱུང་ངོ་། །རྡོ་རྗེ་ལྟ་བུ་མེ་ལོང་ཡེ་ཤེས་ཀྱི་གདན་རིན་པོ་ཆེ་དངུལ་གྱི་མདོག་རང་བཞིན་གྱི་འོད་གསལ་བའི་ཁྲི་འཕང་བཞི་པ་ལ་བཅོམ་ལྡན་འདས་མི་བསྐྱོད་པའི་སྐུའི་སྤྲུལ་པར་རང་བྱུང་ངོ་། །རང་བཞིན་གྱིས་རྣམ་པར་དག་པའི་གདན་རིན་པོ་ཆེ་གསེར་གྱི་མདོག་འོད་གསལ་བའི་ཁྲི་འཕང་ལྔ་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་སངས་རྒྱས་པའི་སྐུའི་སྤྲུལ་པར་རང་བྱུང་ངོ་། །དེའི་སྟེང་དུ་ཡུམ་ཆེན་མོ་ལྔའི་བུམ་རྟེན་རིན་པོ་ཆེ་ཁ་དོག་ལྔ་འོད་འདྲིལ་མར་བཞུགས་པར་རང་བྱུང་ངོ་། །དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོ་བུམ་པ་རྟོག་མེད་ཀྱི་ཡེ་ཤེས་རང་གསལ་བའི་འོད་མན་ཤེལ་རང་གི་ངོ་བོར་རང་བྱུང་གི་བཅོམ་ལྡན་འདས་སུ་རང་བྱུང་ངོ་། །དེ་ལ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས་གསུང་བ་ཉིད་རྒྱ་ཆེར་བཤད་ཅེས་བྱ་སྟེ། དངོས་རྡོ་རྗེ་འཆང་གི་ཕྱག་གཡོན་དུ་བབས་ཏེ། རང་བཞིན་གྱི་འོད་གསལ་དུས་སུ། དངོས་པོ་དང་དངོས་པོ་མེད་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་ཤར་རོ། །

དེ་དག་ཀྱང་ནུབ་ཕྱོགས་པདྨ་བདེ་ལྡན་གྱི་ཞིང་དབྱིངས་ནི་སྣང་བ་མཐའ་ཡས་ཐུགས་ཀར་གསལ་བའི་ཀློང་ངོ་། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་བུམ་རྟེན་བུམ་པ་དང་བཅས་པ་ནི། དངོས་རིག་པ་ཡེ་ཤེས་ལྔའི་རང་འོད་འབྱུང་ལྔ་ཡུམ་ལྔར་དག་པ་ཀ་དག་ཆེན་པོའོ། །དེ་དང་འདྲ་རུང་གི་མཆོད་རྟེན་དཔེའི་མེ་ལོང་དུ་སྔོན་བྱུང་བྱིན་རླབས་ལས་རང་ཤར་བ་ནི་གདུལ་བྱའི་དོན་དུ་ཕྱིར་ཤར་བ་སྟེ། རིག་པ་ཡེ་ཤེས་ཀྱི་མཆོད་རྟེན་མཚོན་པའི་དཔེར་བྱོན་པའོ། །བྱང་ཕྱོགས་ལས་རབ་རྫོགས་པའི་དབྱིངས་ནས་ལས་ཀྱི་ཕྱག་རྒྱ་ལྔ་རང་བྱུང་སྟེ། རྡོ་རྗེ་རྒྱ་གྲམ་དང་། འཁོར་ལོ་རྩིབས་བརྒྱད་དང་། རལ་གྲི་སོ་མང་དང་། རྡོ་རྗེ་ལྕགས་ཀྱུ་དང་། མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ་རྣམས་སོ། །རྡོ་རྗེ་རྒྱ་གྲམ་ལས་ཕྲིན་ལས་མཐར་ཕྱིན་པ་དབང་གི་རྒྱུད་བྱུང་། འཁོར་ལོ་རྩིབས་བརྒྱད་ལས་ཡོངས་སུ་རྫོགས་པ་བཤད་པའི་རྒྱུད་བྱུང་། རལ་གྲི་སོ་མང་ལས་འགྱུར་བ་མེད་པ་ལྟ་བའི་རྒྱུད་བྱུང་། རྡོ་རྗེ་ལྕགས་ཀྱུ་ལས་ངེས་པར་(༩༠)སྟོན་པའི་རྒྱུད་དང་མན་ངག་གཉིས་བྱུང་། པདྨ་ཁ་སྟོང་ལས་སྐྱོན་མེད་དགོངས་པ་ཉག་ཅིག་མཚོན་པའི་ཚིག་རྣམས་བྱུང་ངོ་། །དེ་དག་ཀྱང་བྱང་ཕྱོགས་ལས་རབ་རྫོགས་པའི་དབྱིངས་ནི་ཐུགས་ཀར་དོན་གྲུབ་སྣང་བའོ། །ཕྱག་མཚན་ལྔ་ནི། དེའི་ཕྱག་མཚན་དངོས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་འཁོར་ལོ། ཤར་གྱི་རྭ་ལྕགས་ཀྱུ། ལྷོ་ཡི་རྭ་རལ་གྲི། ནུབ་ཀྱི་རྭ་པདྨ། བྱང་གི་རྭ་རྡོ་རྗེའོ། རྒྱུད་ལུང་མན་ངག་རྣམས་ཕྱག་མཚན་ལས་རྫོགས་ལུགས་བསྟན་ཏེ། རྒྱ་གྲམ་ལས་དབང་གི་རྒྱུད་ནི། དབང་བསྐུར་བླ་མའི་རྒྱུད། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་དོ། །འཁོར་ལོ་ལས་བཤད་པའི་རྒྱུད་ལ། ཡིད་ཆེས་གཏན་ལ་ཕེབས་པའི་རྒྱུད། བསམ་གཏན་བྱམས་པ་བརྩེགས་པ། གོལ་སྒྲིབ་གདར་ཤ་གཅོད་པའི་རྒྱུད། མཁའ་གསལ་ཉི་མ། དགོངས་པ་ཤན་འབྱེད་ཀྱི་རྒྱུད། རྨ་བྱ་འཇིང་བསྣོལ། པདྨ་འཁྱིལ་བ། རྡོ་རྗེ་རྩེ་མོ་འདུས་པ་རྣམས་སོ། །རལ་གྲི་ལས་ལྟ་བའི་རྒྱུད་རིན་ཆེན་སྤུངས་པ། སྤྱོད་པ་ཐམས་ཅད་ཀྱི་རྒྱུད་ཡེ་ཤེས་བླ་མ། འབྲས་བུ་བརྗིད་གནོན་གྱི་རྒྱུད་འཁོར་བ་དོང་སྤྲུག་གོ། །རྡོ་རྗེ་ལྕགས་ཀྱུ་ལས་ངེས་པ་སྟོན་པའི་ལུང་རིན་ཆེན་ཕྲེང་བ་བམ་པོ་གསུམ་པ་དང་། མན་ངག་གཟུགས་སྐུའི་རྒྱུད་འོད་ཟེར་ཅན། དོན་གྱི་ཏི་ཀ་བཞི། གཟེར་དྲུག་དང་བཅས་པའོ། །པདྨ་ལས་སེམས་ཕྱོགས་ཆེན་མོ། རྡོ་རྗེ་མཁའ་འགྲོ་མ། དམ་པའི་དཔལ། འཇམ་དཔལ་དང་བཞི་རྣམས་སོ། །དེ་དག་དགོངས་པ་ནང་དབྱིངས་སུ་ཐུགས་ཀར་རྡོ་རྗེ་སེམས་དཔའ་འགྲོ་བའི་སྟོན་པ་ལ་སྣང་སྟེ། རྟོགས་པས་བདག་བསྒྲལ་བ་དེ། ཕྱིར་གསལ་དུ་རྗེས་འཇུག་ལ་ཀུན་གསལ་དང་། ཀུན་འདུས་ལ་སོགས་པ་ཕྱག་མཚན་གྱི་རྒྱུད་སྡེ་ལས་གཞན་པ་དུ་མ་གསུངས་སོ། །དེ་ལྟར་ཕྱག་མཚན་ལས་རྒྱུད་ལུང་མན་ངག་གི་དགོངས་པ་རང་སྣང་རང་ཤར་དུ་གནས་པས་ན། དབང་གི་ཆུ་བོ་བཞི་ཡང་རང་རྫོགས་སུ་བབས་ཏེ། ཉིད་ལས་མི་གཞན་པའི་དབང་གི་ཆུ་བོ་དང་། ཐུགས་རྗེ་རང་བྱུང་གི་དབང་གི་ཆུ་བོ་དང་། དཔའ་བོ་འབྲུ་ལྔའི་དབང་གི་ཆུ་བོ་དང་། ཡེ་ཤེས་བཞི་སྦྱོར་དབང་གི་ཆུ་བོ་རྣམས་རང་ཤར་དུ་རང་ལས་བབས་པའོ། །དེ་དག་ཀྱང་བྱང་ཕྱོགས་ལས་རབ་རྫོགས་པའི་དབྱིངས་ཀྱི་ཐུགས་ཀར་དོན་གྲུབ་སྣང་བ་སྟེ། (༩༡)ཕྱག་མཚན་ནི་རྒྱུ་མཚན་ལྔའི་དོན་རྟགས་སུ་ཤར་བ་ལས། གཞི་ལམ་འབྲས་བུ་ཡེ་ནས་ལྷུན་གྲུབ་ཀྱི་རྒྱུད་ལུང་མན་ངག་རྣམས་རང་ཤར་དུ་སྣང་ཞིང་དབང་གི་ཆུ་བོ་བཞི་རང་རྫོགས་སུ་བབས་པས། ལོངས་སྐུས་སྤྲུལ་སྐུ་ལ་བརྒྱུད་ཅིང་། བྱིན་གྱིས་བརླབས་པ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་ཐུགས་ཀར་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་དུས། ཡེ་ཤེས་ཇི་བཞིན་པ་རྣམ་པར་སྣང་མཛད་ཀྱི་ངང་ལས་མ་གཡོས་པར། གཞི་ཇི་བཞིན་པ་རྡོ་རྗེ་སེམས་དཔས་དོན་གྱི་ངོ་སྤྲོད་མཛད། དོན་ཇི་བཞིན་པ་རིན་ཆེན་འབྱུང་ལྡན་གྱིས་རྟགས་ཀྱི་ངོ་སྤྲོད་མཛད། བརྡ་ཇི་བཞིན་པ་སྣང་བ་མཐའ་ཡས་ཀྱིས་དཔེ་ཡི་ངོ་སྤྲོད་མཛད། སྒྲ་ཇི་བཞིན་པ་དོན་ཡོད་གྲུབ་པས་སྒྲ་དང་ཚིག་ཏུ་བཤད་དེ། ལོ་བརྒྱད་ནས་བཅུ་དྲུག་གི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ཀྱི་འཁོར་ལོ་ནང་དུ་བསྐོར་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་བྱ་ཐམས་ཅད་ལ་དབང་བསྒྱུར་ཞིང་རྟོགས་པས་བདག་བསྒྲལ་ཏེ། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བཞུགས་སོ། །གདུལ་བྱ་གང་གི་ངོ་གང་ལ་གནང་བ་ནི། ལོ་བཅུ་དྲུག་ནས་ཉི་ཤུ་རྩ་བཞིའི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔ་ཡི་འཁོར་ལོ་ཕྱིར་བསྐོར་ཏེ། ཐུགས་རྗེས་གཞན་དོན་མཛད་ཚུལ་ནི། སྨིན་མཚམས་ནས་དགའ་རབ་རྡོ་རྗེར་སྤྲུལ། ཐུགས་ཀ་ནས་ཐུབ་པ་དྲུག་སྤྲུལ། སྙན་གཉིས་ནས་འཇམ་དཔལ་དང་སྤྱན་རས་གཟིགས་སྤྲུལ། ཤངས་ནས་གསང་བའི་བདག་པོ་སྤྲུལ་ཏེ། ཞུ་བ་དང་། སྐྱེ་བར་གནས་པ་དང་། ཉན་པ་དང་། སྡུད་པའི་འཁོར་དུ་བྱིན་གྱིས་བརླབས་ནས་དོན་མཛད་པའོ། །སྐུ་ཡི་ཆ་ལུགས་ཇི་ལྟར་སྣང་བ་དང་། བསྟན་པའི་སྙིང་པོ་གང་གསུངས་པ་ནི། ལྷ་གནས་དང་པོར་སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པས། ཐུབ་པ་དྲུག་དང་དགའ་རབ་རྡོ་རྗེ་ལ་སོགས་པའི་འཁོར་ལ། བསྟན་པའི་སྙིང་པོ་ཕ་རོལ་ཏུ་ཕྱིན་པ་བཅུ། གཞི་ལམ་འབྲས་བུ་གསུམ་དུ་སྟོན་པ་ཞལ་ཆེམས་གསུམ་དང་བཅས་པ་གསུངས། ཡོན་བདག་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱས། སྡུད་པ་པོ་ཕྱག་ན་རྡོ་རྗེའོ། །དེའི་ཚེ་རྒྱུད་ཐམས་ཅད་ནམ་མཁའ་ལྟར་བཤད། ལུང་ཐམས་ཅད་ཉི་ཟླ་ལྟར་བཤད། མན་ངག་ཐམས་ཅད་སྐར་ཚོགས་ལྟར་བཤད་དོ། །ལྷ་གནས་བར་པ་མེ་རི་འབར་བའི་རྩེ་(༩༡)མོ། སྟོན་པ་གཞོན་ནུ་ཁྲོ་གཉེར་ཅན་གྱིས། བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་གྱི་ཤུགས་ཅན་དང་། སྟོབས་ཀྱི་གླང་པོ་དང་། དགའ་བྱེད་གཞོན་ནུ་དང་། ཏིང་འཛིན་བཟང་པོ་དང་། ལག་ན་རིན་པོ་ཆེ་དང་། རྡོ་རྗེ་གཅོད་བྱེད་དང་། ཉི་མའི་འཁོར་ལོ་སྟེ། སྤྲིན་གྱི་ཤུགས་ཅན་བདུན་དང་། པུརྞ་ཞི་བ་ལ་སོགས་པ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པའི་འཁོར་ལ། བསྟན་པའི་སྙིང་པོ་རྡོ་རྗེ་མཁའ་འགྲོ་མ་གཙུག་ན་མེ་འབར་གྱི་རྒྱུད་དང་། སྣང་བ་བསྟན་པའི་རྒྱུད་དང་། ཊི་ཀ་བཞི་གསུངས་སོ། །ཡོན་བདག་མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བ། དྲང་སྲོང་ཟླ་འོད་གཞོན་ནུ། ཚངས་པ་དུང་མགྲིན་ཅན་གསུམ་གྱིས་བྱས་སོ། །སྡུད་པ་པོ་ཕྱག་ན་རྡོ་རྗེའོ། །ལྷ་གནས་ཐ་མ་བྱ་རྒོད་སྤུངས་པའི་རི་ལ། སྟོན་པ་སངས་རྒྱས་འོད་སྲུངས་བགྲེས་པོས། ཤཱ་རིའི་བུ་སྐར་མ་འོད་བཟང་པོ་ལ་སོགས་པས་ཞུ་བ་པོ་བྱས་པ་ལ། གཞོན་ནུ་བཟང་པོ། ཟླ་བའི་གཙུག་ཏོར། ནོར་བུ་དྲི་མེད། བུམ་པའི་མར་མེ། ལག་ན་རིན་ཆེན། སྤྱན་མཐའ་ཡས། ཚུལ་ཁྲིམས་ལྡན་ཏེ། དགྲ་བཅོམ་པ་བདུན་བཅས་པའི་འཁོར་ལ། བསྟན་པའི་སྙིང་པོ་རྒྱུད་ལུང་མ་བུ་ཏི་ཀར་བཅས་པ་གསུངས། ཡོན་བདག་དགེ་སློང་མ་པདྨའི་སྤྱན། བྲམ་ཟེའི་མཚན་བཟང་པོ། དགྲ་བཅོམ་པ་དྲི་མེད་སྙིང་པོ་གསུམ་གྱིས་བྱས། ཕྱག་ན་རྡོ་རྗེས་བསྡུས། དམ་པའི་དཔལ་བཞིས་བསྟན་པ་འཛིན་ཞིང་། རྒྱུད་ལུང་འབྱུང་བར་ལུང་བསྟན་ནོ། །དམ་པའི་དཔལ་བཞི་ནི། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། འཇམ་དཔལ་དྲི་མེད་སྙིང་པོ། བྱམས་པ་རྣམ་པར་གཟིགས་བཞིའོ། །སྐུ་ཆེ་བའི་ཡོན་ཏན་ནི། པདྨ་ལས་བརྫུས་ཏེ་སྐྱེས་པས་མངལ་གྱི་དྲི་མ་མེད། རྡོས་བཅས་ཀྱི་ལུས་མེད་པས། གདུལ་བྱ་བཀྲ་ཤིས་པའི་རྟགས་སུ་བཀྲ་ཤིས་པའི་རྟགས་བརྒྱད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དཔེ་དང་ལྡན་པའོ། །ཐུན་མོང་ནི་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུའོ། །ཐུན་མོང་མ་ཡིན་པ་ནི། སྤྱི་བོར་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བྱུང་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན། ལྗགས་སྟེང་དུ་སྣང་བ་མཐའ་ཡས་གསུང་ལྷ་མོ་བཞིའི་ཕྱག་རྒྱ་ཅན་བྱུང་བས། འགྲོ་བ་ལ་ཆོས་སྟོན་ཅིང་དག་པ་ཕུལ་དུ་འཛིན། ཐུགས་རྡོ་རྗེ་མི་བསྐྱོད་པ་དེ་བཞིན་(༩༣)གཤེགས་པའི་ཕྱག་རྒྱ་ཅན་བྱུང་བས་ཆོས་ཐམས་ཅད་དགོངས་པ་ཉག་ཅིག་ཏུ་བསྡུས་པར་མཁྱེན་ཏེ། གསུང་གི་ཆེ་བ་ནི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་ཟད་མི་ཤེས་པ་དང་། ཉེ་རིང་མེད་པར་གདངས་མཉམ་པ་དང་། ཐེག་པ་གཞན་ཟིལ་གྱིས་གནོན་པ་དང་། ཆོས་ཐམས་ཅད་ཚིག་ཏུ་ཤེས། དོན་དུ་གོ། རྒྱུད་ལ་སྨིན་པས་བྱིན་རླབས་ཆེ་བ་དང་། ལྡེམ་པོར་མི་གསུང་ངེས་པའི་དོན་འབའ་ཞིག་གསུངས་པས་ཆེ་བའོ། །ཐུགས་ཀྱི་ཆེ་བའི་ཡེ་ཤེས་ལྷའི་མཚན་ཉིད་དུ་སངས་རྒྱས་པས། ཆོས་ཐམས་ཅད་ལ་མངའ་དབང་རྫོགས་པར་བསྒྱུར་ཞིང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་སྤྱོད་པའོ། །ཡོན་ཏན་གྱི་ཆེ་བ་རིན་པོ་ཆེ་གསང་བའི་སྦུབས་མངའ་བས་སྣང་ཚུལ་བཞིར་ཤར་ཏེ། ཟ་འོག་གི་བེར་ཁྱིམ་ལྟར་གནས་པ་ལས། ཕྱོགས་མེད་དུ་སྣང་སྟེ། རང་བྱུང་དུ་འབྱུང་དུ་བཏུབ་པས་རང་ཞིར་ཞིར་བཏུབ་པའི་ཡོན་ཏན་ནོ། །རང་ཤར་དུ་ཤར་བས་རང་གྲོལ་དུ་གྲོལ་དུ་བཏུབ་པའི་ཡོན་ཏན། རང་སྣང་དུ་སྣང་བས་རང་ལོག་ཏུ་ལོག་ཏུ་བཏུབ་པའི་ཡོན་ཏན། རང་གསལ་དུ་གསལ་བས་རང་དག་ཏུ་དག་ཏུ་བཏུབ་པའི་ཡོན་ཏན་མངའ་བའོ། །ཕྲིན་ལས་ཀྱི་ཆེ་བ་ནི། སངས་རྒྱས་གཞན་ལྟར་བདག་གཞན་གྱི་དོན་དུ་ཐུགས་བསྐྱེད། དཀའ་བ་སྣ་ཚོགས་སྤྱད་ནས་སངས་རྒྱས་པ་ལྟ་བུ་མ་ཡིན། ཀུན་ཏུ་བཟང་པོ་གཞི་ཡི་སྟོན་པ་ཉིད་རང་གཞན་དོན་དུ་རང་བྱོན་པའོ། །ཐབས་ལ་མཁས་པས་ཐུན་མོང་གི་ཕྲིན་ལས་གང་ལ་གང་འདུལ་མཛད། ཁྱད་པར་ཕྲིན་ལས་སྐད་ཅིག་མ་འཁོར་བའི་རྒྱ་མཚོ་མཐའ་རིས་མེད་པ་རྣམ་པར་དག་པའི་ཞིང་དུ་གྲོལ་བ་དང་། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བ་དང་། སྡུག་བསྔལ་གྱི་བྱེ་བྲག་ལ་ནོར་བུ་རིན་པོ་ཆེར་བསྒྱུར་བ་སྟེ་གསུམ་མཛད་དོ། །འཇིག་རྟེན་དུ་དགུང་ལོ་དུ་འགྲོ་བའི་དོན་དུ་བཞུགས་ན། སྟོང་བརྒྱད་བརྒྱ་བཞུགས་སོ། །

འོ་ན་ལོ་ཉི་ཤུ་རྩ་བཞིར་བཤད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། ལྷ་གནས་གསུམ་བསྡོངས་པའི་ལོ་གྲངས་སྟོང་བརྒྱད་བརྒྱ་ཡིན་ལ། ཐ་མར་ལོ་ཉི་ཤུ་རྩ་བཞི་ཡིན་ནོ། །མྱ་ངན་འདས་ལུགས་ནི། སྟོན་པའི་ངོ་བོ་ལ། འདས་མ་འོངས་མི་མངའ་ཡང་། སེམས་ཅན་ལེ་ལོ་ཅན་འདུལ་བའི་དོན་དུ་མངའ་བར་བསྟན་ཏེ། སྣང་སྲིད་ཐམས་ཅད་ཉིད་ཀྱི་ཀློང་དུ་བསྟིམས། ཡེ་ཤེས་ཀྱི་འབྱུང་བ་ཆེན་པོ་ལྔ་(༩༤)ཡང་འུར། འོད་ཟེར་གྱི་ཕུང་པོ་ཐམས་ཅད་ནམ་མཁའི་ཀློང་དུ་བསྟིམས། མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ། ཤར་མཐོ་ན་ནི་ནུབ་དམའ། ནུབ་མཐོ་ན་ནི་ཤར་དམའ། འཇིག་རྟེན་ཆེར་གཡོས་པ་དེའི་ཚེ། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡན་ཆད་རྒྱལ་བ་དགོངས་པའི་བརྒྱུད་པ་དངོས་སོ། །འཕྲོས་ལས། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་བཏོན་པ། ཀྱེ་མ་ཀྱི་ཧུད་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཕ་མེད་དོ། །མགོན་མེད་དོ། །སྐྱབས་མེད་དོ། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་ཟུར་ཙམ་ཡང་མི་གཟིགས་སམ། ཞེས་གསུངས་ནས་ཉིན་མཚན་མེད་པར་བརྒྱལ་ལོ། །དེའི་ནམ་མཁའ་ལས་སརྦ་སིདྡྷི་ཞེས་པའི་སྒྲ་རང་བྱུང་བས་བརྒྱལ་བ་སད་དེ། ནམ་མཁར་གཟིགས་པས། དུས་མ་འགྱུར་བར་སྣང་བ་འགྱུར་ཏེ། རིག་པ་འོད་ཀྱི་ཁང་པ་ཅན་ཤར་ཏེ། གཞི་སྣང་ཆེན་པོའི་ངོ་སྤྲོད་མཛད། འོད་ཀྱི་སྦུབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ངའི་སྐུ་མྱ་ངན་ལས་འདས་ཏེ་མངོན་པར་རྫོགས་པར་སངས་རྒྱའོ། །གསུང་མྱ་ངན་ལས་འདས་ཏེ། སྤྲོས་པ་ཐམས་ཅད་ཉེ་བར་ཞིའོ། །ཐུགས་མྱ་ངན་ལས་འདས་ཏེ། དྲན་རྟོག་ཐམས་ཅད་དབྱིངས་སུ་ཐིམ་མོ། །རིགས་ཀྱི་བུ་ངའི་སྐུ་མྱ་ངན་ལས་འདས་ཀྱང་། སྐུའི་གདུང་བསྐྱིན་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་བཞག་ནས་ཡོད་དོ། །གསུང་མྱ་ངན་ལས་འདས་ཀྱང་། གསུང་གི་གདུང་བསྐྱིན་བདུད་རྩིའི་ཡང་ཞུན་ལ་སོགས་པ། རྒྱུད་ལུང་མན་ངག་རྣམས་བཞག་ནས་ཡོད་དོ། །ཐུགས་མྱ་ངན་ལས་འདས་ཀྱང་། ཐུགས་ཀྱི་གདུང་བསྐྱིན་རྟགས་ཀྱི་ཡེ་ཤེས་རང་ཆས་སུ་བཞག་ནས་ཡོད་པས། ཁྱོད་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་ལུང་བསྟན་ཏོ། །དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ། ཡོངས་བླ་མའི་སྟོན་པ་མྱ་ངན་ལས་འདས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་སྟོན་པ་དངོས་དང་འདྲ་བ་བཞག་ནས། འདུག་སྙམ་དུ་དགོངས་པ་དང་། དེའི་ཚེ་སྟོན་པས། འོད་ཀྱི་སྦུབས་ནས་ཕྱག་གཡས་པ་བརྐྱང་སྟེ། གཡུའི་ཟ་མ་ཏོག་སེན་གང་བ་གཅིག་དགའ་རབ་རྡོ་རྗེའི་དབུ་ཐོག་ཏུ་བབས་སོ། །དེར་སློབ་དཔོན་གྱིས་གཟིགས་པས། །གསེར་གྱི་ཤོག་བུ་ལ་གཡུའི་ཡི་གེ་དྷརྨཱ་རཏྣ་སིདྡྷི་ཀཾ། ཞེས་པ་སྟེ། སངས་རྒྱས་ཀྱི་ཐུགས་ཀྱི་རིང་བསྲེལ་ཞལ་(༩༥)ཆེམས་སུ་བཞག་པ། རིན་པོ་ཆེའི་རྒྱལ་མཚན་རྩེ་མོའི་རྒྱུད་ཅེས་བྱ་བ་གཟིགས་ཤིང་དགོངས་སོ། །དེ་ནས་ལུང་བསྟན་པ་བཞིན་བསྟན་པའི་སྙིང་པོ་རྣམས་རྒྱས་པར་བྱའོ་སྙམ་པ་ལས། ནམ་མཁའ་ལས་ཆོས་ཉིད་ཀྱི་རང་སྒྲ་བསྒྲགས་པ། ཏི་ཏི་རི་ཏི་ཏི་རི་ཏི་ཏི་རི་ཀ་ལ་པིང་ཀཱ་ལ་པིང་། མ་ན་ཏྲ་ཐ། མ་ན་ཏྲ་ཐཱ། ཏི་རི་ཏི་རི། ཏི་ཏྲ་ཏི་མ་ན། ཞེས་བསྒྲགས་སོ། །བར་སྣང་ན་རྡོ་རྗེ་སེམས་དཔའི་སྤྲུལ་པའི་བྱས་གོང་གི་རྗེས་སུ་བཟློས་ཏེ། ཏི་ཏི་རི་ཞེས་བརྗོད་ཅིང་འཕུར། ཀ་ལ་པིང་ཀ་བརྗོད་ཅིང་གཤོག་པ་གདེངས། མ་ན་ཏྲ་ཐཱ་བརྗོད་ཅིང་གཤོག་པ་སྤྲུག །ཏི་རི་ཏི་རི་པྲ་ཏི་མ་ན། བརྗོད་ཅིང་གཤོག་པ་དྲག་ཏུ་སྤྲུག་པའི་ཚེ། ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་པའི་ཚལ། པདྨ་བརྩེགས་པའི་གནས་ན་སློབ་དཔོན་གྱིས་གསན་ཅིང་གཟིགས་ཏེ། ཏི་ཏི་རིའི་སྒྲའི་དབྱིངས་སུ་མཁྱེན། ཀ་ལ་པིང་ཀ་སྒྲའི་སྒྲུབ་བྱེད་དུ་མཁྱེན། མ་ན་ཏྲ་ཐཱ་སྒྲའི་གཞན་སེལ་དུ་མཁྱེན། ཏི་རི་ཏི་རི་སྒྲ་ཕན་པའི་རྐྱེན་དུ་མཁྱེན་ནས། མཁའ་ལྡིང་ཚངས་པའི་བྱ་འཕྲིན་པར་བསྔགས་ཏེ། ལྷ་ཁྱབ་འཇུག་བོས་ནས། སློབ་དཔོན་གྱིས་སློབ་མར་བཅུག་སྟེ་སྒྲ་བསྒྱུར་ཞིང་བསྡེབས་པ་ནི། རྒྱུད་གསེར་མདོག་ཅན། ལུང་ཐོ་ཡིག་ཅན། མན་ངག་ཕྲ་ཡིག་ཅན་དུ་བཀོད་ནས། སྙིང་པོའི་བསྟན་པ་མི་ཡུལ་དུ་སྣང་བར་བྱས་སོ། །དེ་དག་ཀྱང་ཀུན་གསལ་ལས། སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་དང་པོ་བྱིས་པ་ལོ་བརྒྱད་པའི་ཚུལ་དུ་སྐྱེས་སོ། །དེ་ནས་ལོ་བརྒྱད་ཀྱི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔའི་འཁོར་ལོ་ནང་དུ་བསྐོར་ཏེ། རྟོགས་པས་བདག་བསྒྲལ་ཏེ། དགོངས་པ་ཉིད་ལས་ཉིད་གྲོལ་ལོ། །དེ་ནས་ལོ་བརྒྱད་ཀྱི་ནང་དུ་སྤྲུལ་པ་མང་དུ་སྤྲུལ་ནས་འགྲོ་བའི་དོན་བྱས་ཏེ། ལྷ་གནས་དང་པོར་འཁོར་རྣམས་ཀྱི་སྡུག་བསྔལ་གྱིས་གདུང་བ་བསལ་ཏེ། རིན་པོ་ཆེའི་དར་སྐུད་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་ནས། ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔའི་འཁོར་ལོ་ཕྱི་ལྟར་བསྐོར་ཏེ། ཐུགས་རྗེས་གཞན་བསྒྲལ་བའི་ཕྱིར་རོ། །ལྡེམ་པོའི་དོན་ལ་དགོངས་ནས་ཐེག་པ་ཐུན་མོང་རྣམས་བཤད་དེ། དེ་ནས་ངས་མེ་རི་འབར་བའི་རྩེ་མོ་ལ་སངས་རྒྱས་ཀྱི་བདེན་པ་ངེས་པར་མཐོང་བའི་སྣང་བ་སྟོན་པའི་ཆོས་རྣམས་བཤད་དོ། །དེ་ནས་བྱ་རྒོད་སྤུངས་པའི་རི་ལ་རྒྱུད་ཆེན་པོ་གསང་བ་རྨད་དུ་བྱུང་བ་རྣམས་(༩༦)ཐུགས་ལས་བཀྲོལ། མགུར་གྱི་བུམ་པར་དྲིལ། ལྗགས་ཀྱིས་པདྨ་ལ་བརྒྱངས། ཡོན་ཏན་སྒོ་ལྔའི་རྣམ་ཤེས་ལ་བཀྲམ། གསུང་རིག་པའི་ཁུ་བྱུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་གཅིག་ཏུ་བཤད་དེ། འཁོར་གྱི་བློ་ཡི་ཐེ་ཚོམ་དང་སྤྲོས་པ་ཐམས་ཅད་བཅད་དོ། །ལོ་ཉི་ཤུ་རྩ་བཞི་ལ་མྱ་ངན་ལས་འདས་ཁར་ཞལ་ཆེམས་གསུམ་བཤད་དོ། །རྗེས་འཇུག་གི་དོན་དུ། ངས་ཐིག་ལེ་ཀུན་གསལ་དང་། ཀུན་འདུས་གཉིས་བཤད་དེ། ངའི་རྗེས་སུ་འཇུག །ང་དང་འཕྲད་སྐལ་མེད་པ་རྣམས་ཀྱི་དོན་དུ་བཞག་པའོ། །ང་ཡིས་སྐུ་གསུང་ཐུགས་ཀྱི་གདུང་རྟེན་བཞག་ནས། ང་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་མ་འོངས་པའི་དོན་དུ། དེ་སྐད་ཅེས་སྨྲོས་ཤིག་ཅེས་གསུངས་སོ།། །།

༈ དོན་གསུམ་པ་སྒྲ་དོན་ངེས་པའི་རྒྱུ་མཚན་དགོད་ཚུལ་ལ། དུས་གསུམ་སངས་རྒྱས་དགོངས་པས་བརྒྱུད་ཅེས་པས། ཐུན་མོང་གི་ལུང་ལས། དུས་གསུམ་སངས་རྒྱས་འདས་པའི་མར་མེ་མཛད། ད་ལྟར་ཤཱཀྱ་ཐུབ་པ། མ་འོངས་མགོན་པོ་བྱམས་པ་གསུམ་ལ་གྲགས་ཀྱང་། འདིར་ཆོས་སྐུ་འདས་པ། ལོངས་སྐུ་ད་ལྟར། སྤྲུལ་སྐུ་མ་འོངས་པ་གསུམ་ལ་བྱ་སྟེ། ཆོས་སྐུ་སྤྲོས་པའི་མཐའ་ལས་འདས་པའི་ཕྱིར་དང་། ལོངས་སྐུ་ཚེ་དཔག་ཏུ་མེད་པར་བཞུགས་པའི་ཕྱིར་དང་། སྤྲུལ་སྐུ་ལོངས་སྐུའི་ས་ན་མེད་ལ། སྤྱིར་འགྲོ་དྲུག་གི་གནས་ན་གང་ལ་གང་འདུལ་དུ་བྱུང་བའི་ཕྱིར་རོ། །དེ་གསུམ་ཡང་རང་དོན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་གཅིག་ལ། གཞན་དོན་ཐུགས་རྗེ་རྒྱུན་གྱི་འཁོར་ལོར་དགོངས་པ་གཅིག་པས། རྒྱལ་བ་དགོངས་པའི་བརྒྱུད་པའོ། །བརྒྱུད་ལུགས་ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་སྐུར་འཆར་བའི་རྟེན་དུ་བརྒྱུད་པའོ། །ཡང་དུས་གསུམ་གྱི་སངས་རྒྱས་དགོངས་པ་རང་བྱུང་ཡེ་ཤེས་གཅིག་གི་གནས་སྐབས་ལས་མི་འགྱུར་བར་བརྒྱུད་པས་ཀྱང་ཕྱེ་སྟེ། བསྐལ་པ་དང་པོར་གཞི་ལྷུན་གྲུབ་ཀུན་གྱི་སྔོན་རོལ་དུ་བྱུང་བས་འདས་པའི་སངས་རྒྱས། དེ་ལས་བར་གྱི་བསྐལ་པ་གད་པ་གྱེས་འདོར་ཤར་བ་དང་ད་ལྟར་གྱི་སངས་རྒྱས། དེ་ལས་འབྲས་བུ་འཁོར་འདས་གྲུབ་པ་བསྐལ་པ་ཐ་མ་ལ་སླར་གྲོལ་བ་མ་འོངས་པའི་སངས་རྒྱས་ཏེ། གནས་སྐབས་གསུམ་ཡང་རིག་པ་འཕོ་འགྱུར་མེད། བརྒྱུད་པ་ཞེས་བྱའོ། །གར་བརྒྱུད་(༩༧)ན་གཞི་ལྷུན་གྲུབ་ཀྱི་དགོངས་པ་དབྲི་བསྣན་མེད་དོ། །སྔ་ཕྱི་རིས་མེད་གཅིག་ཏུ་གནས་པ་སྟེ། གསུང་གི་རྒྱུད་ལས། བསྐལ་པ་དང་པོ་ལ་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཆོས་ཐམས་ཅད་ཀྱི་ས་བོན་གྱི་ཚུལ་དུ་གནས་པ་དང་། བར་གྱི་བསྐལ་པ་ལ་རྡོ་རྗེ་མི་བསྐྱོད་པ་མྱུ་གུའི་ཚུལ་དུ་བྱུང་བ་དང་། བསྐལ་པ་ཐ་མ་ལ་སངས་རྒྱས་འོད་སྲུངས། འབྲས་བུ་སྨིན་པའི་དུས་དང་གསུམ་གསུངས་སོ། །སེམས་ཕྱོགས་མཛོད་ལས་ཀྱང་། ས་བོན་གཞི་རྫོགས་སུ་གནས་པའི་དུས། འབྲས་བུ་དུས་སུ་སྨིན་པའི་དུས། ཐུགས་རྗེ་གདུགས་བཞིན་སྐྱོབ་པའི་དུས་དང་གསུམ་དུ་གསུངས་སོ། །སངས་རྒྱས་ལ་གསང་ཆེན་གྱི་སངས་རྒྱས། སྐུ་གསུམ་གྲགས་ཆེན་གྱི་སངས་རྒྱས་རིགས་ལྔར་གསུངས་ལ། དེ་ཡང་གཞི་ལྷུན་གྲུབ་དང་འབྲས་བུ་ནང་དབྱིངས་སྐུ་གསུམ་ངོ་བོར་རང་བཞིན་ཐུགས་རྗེའི་སྙིང་པོ་དག་པའི་སྐབས་ལ། ལྷུན་གྲུབ་རིན་ཆེན་གསང་བའི་སྦུབས་ཀྱི་སངས་རྒྱས་ཡིན་པས། གསང་ཆེན་གྱི་སངས་རྒྱས་སྐུ་གསུམ་ཞེས་བྱའོ། །དེ་ལ་ཕྱིར་གསལ་ལོངས་སྐུའི་རིགས་ལྔར་སྣང་དུས་རྟག་པ་རྒྱུན་གྱི་འཁོར་ལོ། སེམས་དཔའ་ས་བཅུའི་རིག་འཛིན་དག་པའི་དོན་བྱེད་པར་གྲགས་པས། གྲགས་ཆེན་གྱི་སངས་རྒྱས་རིགས་ལྔ་སྟེ། ཞིང་དག་པ་དང་། འཁོར་དང་སྐུ་ཚེ་མཐའ་ཡས་པས། འགྲོ་བའི་དོན་མཛད་པའོ། །ཐུབ་པ་དྲུག་པོའི་སྣང་ངོར་མཛད་པ་ནི། འགྲོ་འདུལ་གྱི་སངས་རྒྱས་ཞེས་བྱ་སྟེ། གདུལ་བྱ་མ་དག་པ་རྣམས་འདུལ་བ་ལ་དེ་ལྟར་སྣང་བའི་ཕྱིར་རོ། །འདི་དག་སྒྱུ་མ་བཞིན་དུ་ཐབས་ལ་མཁས་པའི་རོལ་པ་ཚད་མེད་པས་འཁོར་བ་མ་སྟོངས་ཀྱི་བར་དུ། ཐུགས་རྗེས་གཞན་དོན་མཛད་ཅིང་། དེ་བཞིན་གཤེགས་པ་སྔ་མ་ལས་ཕྱི་མ་སྤྲུལ་པ་ཟམ་མ་ཆད་པ་རྒྱ་ཆེར་འབྱུང་བས། སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའོ། །དེའི་ཕྱིར་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱ་སྟེ། སྐུ་གསུང་ཐུགས་དབྱིངས་ཀྱི་དགོངས་པ་ཆོས་ཉིད་དུ་གཅིག་པ། ཐུགས་རྗེའི་རོལ་པ་ཕྲིན་ལས་སུ་གཅིག་པར་བརྒྱུད་པས། དོན་གཉིས་རྫོགས་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྲོ་བའི་ལས་དག་པ་ལས་རང་བྱོན་པའོ།། །།

གཉིས་པ། རིག་འཛིན་བརྡའི་བརྒྱུད་པ།

༈ དོན་གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ལ། དཔལ་རྡོ་རྗེ་སེམས་དཔའམ། དངོས་ཀྱི་སྤྲུལ་པ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད་མི་(༩༨)ཡུལ་དུ་འཁྲུངས་ཚུལ་བསྟན་པའི་ལོ་རྒྱུས་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོ་ཨུ་པ་རཱ་ཙ་དང་། བཙུན་མོ་གསལ་བའི་འོད་ལྡན་མའི་སྲས་མོ། དགེ་སློང་མ་སུ་དྷརྨཱ་ཞེས་བྱ་བ། ནུབ་ཕྱོགས་དྷ་ན་ཀོ་ཤའི་མཚོ་གླིང་དུ། འཇགས་མའི་སྤྱིལ་བུ་ཕུབ་ནས། བསམ་གཏན་ལ་བཞུགས་པའི་རྨི་ལམ་དུ། ཤེལ་ལས་གྲུབ་པའི་མི་དཀར་པོ་གཅིག་གིས། ཤེལ་གྱི་བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་བར་རྨིས་པའི་རྨི་ལམ་གཡོག་མོ་ལ་བཤད་པས། བདེ་བར་གཤེགས་པའི་ལྟས་ལགས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་རྩིབས་ལོགས་གཡས་པའི་སྒོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལྷའི་གོས་དང་བཅས་པ་ཞིག་བལྟམས་སོ། །དེའི་ཚེ་ཡུམ་བྲེད་ནས། ཕ་མེད་བུ་འདི་འཇིག་རྟེན་འདྲེ་བས་སུ། །འཇིག་རྟེན་བདུད་དམ་ཚངས་པ་ལ་སོགས་སམ། །ཁམས་གསུམ་དག་ན་འདོད་ལྡན་སུ་ཞིག་ཡིན། །འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །ཀྱེ་མ་བདག་ནི་ཁྲིམས་གཙང་སྲིད་ལས་རྒྱལ་འདོད་པས། །ལོག་སྲིད་འགྲོ་བས་དཔྱས་གྱུར་སྡིག་རེ་ཆེ། །ཞེས་བརྗོད་ནས་ཐལ་བའི་དོང་དུ་བོར་བ་ལས། ཞག་གསུམ་ན་ཅི་ཡང་མ་ཉེས་པར་མདངས་སལ་ལེ་འདུག །དེའི་ཚེ་བར་སྣང་ལས་ལྷ་རྣམས་ཀྱིས་ཁྲུས་གསོལ་ཏེ། མགོན་པོ་སྟོན་པ་བཅོམ་ལྡན་འདས། །རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་བསྐྱབ་པ་དང་། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ཤིས་པ་བརྗོད་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་སྤྲིན་གཏིབས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲང་སྲོང་གི་རྒྱལ་པོ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས། ཕྱོགས་ཀུན་ནས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཆོས་ཀྱི་རྔ་བརྡུང་དུང་འབུད་རྒྱལ་མཚན་བསྒྲེངས་པ་མཐོང་བ་དང་། སྤྲུལ་པར་ཤེས་ནས་དར་དཀར་གྱི་ལྕིབས་མོས་བླངས་ནས། གསོས་པས་གཞན་ལས་སྐྱེད་ཆེ་བར་གྱུར། ཐལ་བའི་ཁུང་དུ་དོར་ཡང་མ་ཤི་བས། རོ་ལངས་ཐལ་མདོག་ཅེས་གྲགས་སོ། །ལོ་བདུན་ནས་ཡུམ་ལ་པཎྜི་ཏ་མཁས་པ་རྣམས་དང་གསུང་གླེང་བྱེད་པར་ཞུས་པས་གནང་སྟེ་ཨོ་རྒྱན་དུ་བྱོན་པས། པཎྜི་ཏ་ལྔ་བརྒྱ་དང་རྩོད་པས། སློབ་དཔོན་རྒྱལ་ཏེ། ཤེས་རབ་ཆེ་བ་ལ་དགོངས་ནས། སློབ་དཔོན་པྲཛྙཱ་བྷ་ཝ་ཞེས་མཚན་གསོལ། རྒྱལ་པོ་དགྱེས་པས་སློབ་དཔོན་དགའ་རབ་རྡོ་རྗེ་མཚན་(༩༩)གསོལ། ཡུལ་མི་ཀུན་གྱིས་ཐལ་བའི་ཁུང་དུ་དོར་ཡང་མ་འགྲོངས་པར་སླར་བདེ་བས། སློབ་དཔོན་རོ་ལངས་བདེ་བར་མཚན་གསོལ་ཏེ། བཞིར་གྲགས་པ་ནི། སྔོན་སྟོན་པའི་ཉེ་དྲུང་དུ་སྐྱེ་བ་བཞིའི་ལུས་ཀྱིས་འདུད་པའི་བསོད་ནམས་ལས་བྱུང་བའོ། །དེ་ནས་སློབ་དཔོན་དེ་བྱང་ཕྱོགས་སུ་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ལ་བྱོན་ནས། ལོ་སུམ་ཅུ་རྩ་གཉིས་སུ་དགོངས་པ་ལ་བཞུགས་སོ། །དེ་ནས་རི་བོ་མཱ་ལ་ཡར་བསྟན་པའི་ལས་རྒྱས་པའི་རྩེར་བྱོན་ཏེ། སྔར་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་ཡི་གེར་བཀོད་དེ། མཁའ་འགྲོ་མ་མངོན་པར་བྱུང་བའི་ཕུག་ཏུ་ཆོས་རྟགས་ཀྱི་ཕྱག་རྒྱ་བཏབ་སྟེ། མཁའ་འགྲོ་མ་ལ་གཏད་ནས་མཆོད་པར་བྱེད་དོ། །དེ་ནས་སློབ་དཔོན་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་དགོངས་པ་ལ་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ཁྱེར་ན། ཡབ་བྲམ་ཟེ་ལེགས་ལྡན་སྟོན་པ་དང་། ཡུལ་སྣང་གསལ་མཛེས་མའི་བུ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་བྱ་བ། རིག་པའི་གནས་ལྔ་ལ་མཁས་པ་ཞིག །དུར་ཁྲོད་གསང་ལུང་ན་སྤྱོད་པ་མཛད་པ་ལ། འཇམ་དཔལ་རྣོན་པོས་ལུང་བསྟན་ནས། ཀྱཻ་རིགས་ཀྱི་བུ། འབྲས་བུ་ངེས་པའི་དོན་འདོད་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག །ཅེས་ཐོས་མ་ཐག་ཏུ་བྱོན་པས། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ་ཏེ་རྗེས་སུ་བཟུང་ནས། ཆོས་ཐམས་ཅད་རྫོགས་པར་གནང་སྟེ། སློབ་དཔོན་ཉིད་ཆུ་བོ་དན་ཏིག་གི་མགོར་འོད་ཕུང་དུ་གཤེགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དཔེ་རྒྱུད་རྣམས། རྡོ་རྗེ་གདན་གྱི་བྱང་ཤར་མཚམས་ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་གྱི་འོག་ཏུ་སྦས་ནས། དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བཞུགས་སོ། །དེའི་ཚེ་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཤོ་འཁྱམས་ནག་པོ་ཞེས་བྱ་བ་ན། ཡབ་ཁྱིམ་བདག་དགེ་བ་དང་ལྡན་པའི་ཡིད་ཅན། ཡུམ་སྣང་གསལ་མཁྱེན་མའི་བུ། སློབ་དཔོན་ཤྲཱི་སིངྷ་ཞེས་བྱ་བ་མཁས་པ་ལ་སྦྱངས་པའི་ཡོན་ཏན་ལྡན་པ་ཞིག །ནུབ་ཕྱོགས་གསེར་གྱི་གླིང་དུ་འགྲོ་སྙམ་ནས། རྔ་མོང་སྟོབས་ལྡན་ཞིག་ལ་ཞོན་ནས་བྱོན་པའི་ལམ་ཁ་ཐང་སྟོང་པ་ཞིག་གི་སྟེང་(༡༠༠)གི་ནམ་མཁའ་ལས། སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ། ཀྱཻ་སྐལ་ལྡན་འབྲས་བུ་ངེས་པའི་དོན་འདོད་ན། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སོང་ཞིག །ཅེས་བྱ་བ་ཐོས་ནས། གསང་སྔགས་ཕྱི་ནང་དང་རྐང་མགྱོགས་ཀྱི་དངོས་གྲུབ་བསྒྲུབས་ནས་ཕྱིན་པས། མཇལ་ཏེ་རྗེས་སུ་བཟུང་། ཆོས་རྣམས་རྫོགས་པར་གནང་ནས། དཔེ་བརྒྱུད་རྣམས་ལུང་བསྟན་ཏེ། དུར་ཁྲོད་དེ་ཉིད་དུ་མཆོད་རྟེན་གྱི་རྩེར་ལྷག་མེད་དུ་གཤེགས་སོ། །དེ་ནས་སློབ་དཔོན་ཆེན་པོ་ཤྲཱི་སེངྷས། དཔེ་རྣམས་བཏོན་ནས་རྒྱ་ནག་གི་དུར་ཁྲོད་བསིལ་སྦྱིན་དུ་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་གི་གྲོང་ཁྱེར་ན། རྒྱལ་པོ་དྷརྨཱ་ཨ་ཤྭའི་སྲས་སློབ་དཔོན་ཆེན་པོ་བྱེ་མ་ལ་མུ་ཏྲ་ཞེས་བྱ་བ་སྟེ། བཀོད་པ་ཆེན་པོར། ཕྱག་རྒྱ་རྒྱ་ཅན་ཞེས་བྱ་བའི་མཁས་པ་མཆོག་དེ་ཀ་མ་རུར་གནས། ཞེས་ལུང་བསྟན་པ་དེ་དང་། སློབ་དཔོན་ཆེན་པོ་ཡེ་ཤེས་མདོ་གཉིས། རྡོ་རྗེ་གདན་གྱི་ནུབ་ཕྱོགས་འདམ་བུའི་ཚལ་དུ་སྐྱོ་བསངས་ལ་བྱོན་པའི་སྟེང་གི་ནམ་མཁའ་ནས་རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀྱཻ་སྐལ་ལྡན་གཉིས། ཚེ་གཅིག་གི་འབྲས་བུ་ངེས་པར་འདོད་ན། རྒྱ་ནག་པོའི་ཡུལ་དུར་ཁྲོད་བསིལ་སྦྱིན་དུ་སོང་ཞིག །ཅེས་ཐོས་མ་ཐག་བྱེ་མ་ལ་བྱོན་པས། སློབ་དཔོན་ཆེན་པོ་ཤྲཱི་སེངྷ་དང་མཇལ། གདམས་པ་རྣམས་གནང་ནས་སླར་རྒྱ་གར་དུ་བྱོན་ཏེ། དུར་ཁྲོད་ཆེན་པོ་སྣང་བྱེད་དུ་དགོངས་པ་ལ་བཞུགས་ཤིང་། དེའི་འོག་ཏུ་གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཨིནྡྲ་བོ་དྷིའི་བླ་མཆོད་མཛད་དོ།། །།

གསུམ་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ།

༈ གསུམ་པ་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། དེའི་ཚེ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། པཎྜི་ཏ་མང་པོ་གདན་དྲངས། རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཡང་ཐུགས་མ་ཆེས་ཏེ། འདི་དག་ལས་ཟབ་པའི་ཆོས་འབད་པ་མེད་པར་ཚེ་གཅིག་ལ་སངས་རྒྱ་བའི་ཆོས་ཤིག་ཡོང་བར་ཐང་བ་ལ་སྙམས་ནས། ཉང་བན་ཆེན་པོ་ལ་བཀའ་བགྲོས་པས། ཉང་གི་མངོན་ཤེས་ཀྱིས་གཟིགས་ནས། མཁྱེན་ཏེ་གསོལ་པ། ཀྱཻ་མངའ་བདག་རྗེ། རྒྱ་གར་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་བཞུགས་པའི་ནང་ནས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་འདུག་པས། གདན་དྲོངས་ཞེས་བརྗོད་པ་དང་། ལོ་ཙཱ་བ་སྐ་ཅོག་རྨ་གསུམ་ལ་གསེར་ཕྱེ་དང་གསེར་གྱི་པ་ཏྲ་མང་པོ་སྐྱེས་སུ་བསྐུར་ནས། སྐྱེས་ལན་དུ་པཎྜི་ཏ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བརྫང་བར་བསྔགས་པ་ལས། རྒྱ་གར་གྱི་རྒྱལ་པོས་ནངས་པར་ཚ་བའི་གྲལ་ལ་དེ་སྐད་གསུངས་དུས། པཎྜི་(༡༠༡)ཏ་ཡར་གྱི་ཕྱེད་དང་སུམ་བརྒྱས་མར་ལ་གཟིགས། མར་གྱི་ཕྱེད་དང་སུམ་བརྒྱས་ཡར་ལ་གཟིགས་པས། བི་མ་ལ་བསྐུལ་བར་ཤེས་ཏེ། བཞེངས་ནས། ཀ་ཀ་པ་རི་ཞེས་བརྗོད་པའི་སྒྲ་ལ་གོ་ལུགས་གསུམ་བྱུང་སྟེ། ཀ་པ་ལི་སོར་བཞི་པ་གཅིག་ཏུ་ཡི་གེའི་སྡོམ་རྣམས་བསྡམས་ནས། བོད་དུ་བྱོན་དུས་བསུ་བ་རྒྱ་ཆེན་པོ་མཛད། ཕྱི་ནང་གི་ཆོས་མང་པོ་གསུངས་ཤིང་བསྒྱུར་བའི་རྗེས་ལ། མངའ་བདག་རྗེ་འབངས་ལ་སོགས་པར་རྫོགས་པ་ཆེན་པོ་ཐིག་ལེའི་སྐོར་གསུངས་ནས་བི་མ་ལ་རྒྱ་ནག་ཏུ་གཤེགས་ཏེ། ལོ་བརྒྱ་བརྒྱ་ན་རྫོགས་པ་ཆེན་པོའི་ཆོས་གསལ་བར་བྱེད་པའི་སྤྲུལ་པ་རེ་བོད་དུ་བྱོན་པར་ཞལ་གྱིས་བཞེས་པ་ལས། དེང་སང་ནི་བདག་ཅག་གི་བླ་མ་དམ་པ་དཔལ་ལྡན་ཆོས་ཀྱི་རྗེ་འགྲོ་བའི་མགོན་པོ་ཀུ་མ་རཱ་ཛ་དེ་ཡིན་ཏེ། ཤངས་ཀྱི་རྩེར་ཨ་ཡིས་མཚན་པ་ཡོད་ཅིང་། རྫོགས་པ་ཆེན་པོའི་བསྟན་པ་ཆེས་གསལ་བར་མཛད་པའི་ཕྱིར་རོ། །བི་མ་ལ་འདི་རྒྱུད་ནས། ཕྱག་རྒྱ་རྒྱ་ཆེན་པཎྜི་ཏ་ཞེས་ལུང་བསྟན་ཏེ། དྲི་མེད་བ་ཡེ་མ་ལའི་སྒྲ་ནི། རྒྱ་ཆེན་པོའི་དོན་ཏེ། བ་ལ་ཡ་བཏགས་ནས་འགྲེང་བུ་བྱིན་པས་བྱེ་མ་ལའོ། །མི་ཏྲ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོ། རབ་ཏུ་བྱུང་བའི་མཚན་ནི་བི་མ་ལ་མི་ཏྲ་ཞེས་ཏེ། དྲི་མེད་བཤེས་གཉེན་ནོ། །འདི་ལ་ཁ་ཅིག་སྦྱོར་མ་ཤེས་ཟེར་བ་ཁོ་རང་གིས་སྦྱོར་བཟོ་མ་ཤེས་པར་ཟད་དོ། །བྱེ་མ་ལའི་སྒྲས་ཆོས་དེའི་གྲངས་ཙམ་མཁྱེན་པ་དང་། བྱེ་ཕུང་དུ་མིག་ཧྲིག་གེ་བ་ལ་སྦྱོར་བ་ནི་ཤིན་ཏུ་མི་རིགས་ཏེ། སྒྲའི་སྦྱོར་སོ་མ་གོ་བར་ཟད་དོ། །དེ་ནས་ཉང་ཏིང་འཛིན་བཟང་པོས་དབུ་རུ་གཞོ་སྟོད་བྲག་དཀར་པོ་ལ་བཞུགས་དུས། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་གྲོ་ཁལ་ལྔ་བརྒྱ་ཁྲལ་ཕབ་པས། གཞི་བྱས་པའི་གཙུག་ལག་ཁང་བཞེངས་ནས། དཔེ་བརྒྱུད་རྣམས་གཏེར་དུ་སྦས། སྙན་བརྒྱུད་རྣམས་མཆན་དུ་བཏབ་ནས། སྦས་བློ་གྲོས་དབང་ཕྱུག་ལ་གཏད་དེ། ལྷ་ས་བྲག་ལྷའི་ཕུག་ཏུ་ལྷག་མེད་དུ་གཤེགས་སོ། །འཕན་ཡུལ་བ་སྦས་བློ་གྲོས་དབང་ཕྱུག་གིས། འབྲོམ་རིན་ཆེན་འབར་བ་ལ་སྙན་བརྒྱུད་བཀའི་རྒྱ་དང་བཅས་པ་གནང་སྟེ། དེས་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་བཀའི་བདག་པོར་གཟིགས་ནས་གནང་ངོ་། །ཁོང་ལ་དམ་ཅན་གྱིས་དཔེ་རྣམས་ལུང་བསྟན་ནས། གཏེར་ནས་བཏོན་ཏེ། གདམས་པའི་(༡༠༢)སྣོད་འཚོལ་དུ་བྱོན་པས། ཉང་རོའི་ལྕེ་ཐུབ་པའི་དབང་པོ་དང་། ཁྱུང་པོ་བཟའ་ལེགས་མའི་བུ། ལྕེ་བཙུན་སེང་གེ་དབང་ཕྱུག་ཆོས་འཚོལ་དུ་བྱོན་པ་གཉིས། གཙང་གི་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ། ལས་ཅན་དུ་གཟིགས་ནས་དཔེ་བརྒྱུད་དང་སྙན་བརྒྱུད་མ་ལུས་པ་གནང་ངོ་། །ལྕེ་བཙུན་གྱིས་དཔེ་བརྒྱུད་ཀྱི་སྣོད་འཚོལ་དུ་ཕྱིན་པས། རོང་སྣར་མདའི་ལྕེ་སྒོམ་ནག་པོ་སྣོད་ལྡན་དུ་གཟིགས་ནས་དེ་ལ་གནང་ངོ་། །ཁོང་ལས་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་གྱིས་ཞུས་ཏེ། ལོ་གཅིག་ལ་གདམས་པ་ཞུན་མཐར་ཕྱིན་པར་མཛད་དོ། །དེས་མཁས་པ་ཉི་འབུམ་ལ་གནང་། དེས་ཆོས་བདག་ཇོ་འབེར་ལ་གནང་། དེས་སེང་གེ་རྒྱབ་པ་ལ་གནང་། དེས་ཟླ་བ་མུན་སེལ་ལ་གནང་། དེས་ཆོས་ཀྱི་རྗེ་ཀུ་མ་རཱ་ཛ་ལ་གནང་། ཡང་ཁོང་གི་ཉང་སྟོད་དུ་བླ་མ་ཡེ་ཤེས་མགོན་ལ་དག་པར་གཏུགས་ཏེ། གྲུབ་ཐོབ་ལྕེ་སྒོམ་ནག་པོའི་སྲས་ནས་བརྒྱུད་པ་མང་བ་གཅིག་ཀྱང་གདའོ། །ཁོང་ལ་ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་ཞུས་ཏེ། དགྱེས་བཞིན་པས་དཔེ་བརྒྱུད་བཀའ་དང་བཅས་པ་རྫོགས་པར་གནང་ངོ་། །སྙན་བརྒྱུད་ལ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་ཤོང་པ་རས་པ་སྣོད་ལྡན་དུ་གཟིགས་ནས་གསུངས། དེས་ཟབ་སྟོན་ཆོས་འབར་ལ་སྐལ་ལྡན་དུ་གཟིགས་ནས་གསུངས། དེས་དམ་པ་དགྱེར་སྟོན་བསྟན་པའི་བདག་པོར་མཁྱེན་ནས་གསུངས། དེས་སྐྱེ་མེད་ཆོས་སྐྱབས་ལ་གསུངས། དེས་དགྱེར་སྟོན་ཇོ་འབེར་ལ་གསུངས། དེ་ཡབ་སྲས་གཉིས་ཀ་ལས་གཉན་སྟོན་ཤེས་རབ་རྩེ་མོས་གསན་པས། ཉེ་བརྒྱུད་ལ་གཅིག་ཏུ་འདྲེན། རིང་བརྒྱུད་ལ་སོ་སོར་འདྲེན་ནོ། །གཉན་སྟོན་དབུས་སུ་བྱོན་པ་ལས། རིན་པོ་ཆེ་ཡོན་ཏན་སྒང་པས་ཞུས་ཏེ། ལས་ཅན་དུ་གཟིགས་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ནས། བཀའ་རྒྱ་བཀྲོལ། བསྟན་པ་གཏད་ནས་འགྲོ་དོན་གྱིས་གསུངས་པ་ལ་བརྟེན་ནས་མཛད་པས། ཡོན་ཏན་སྒང་པའི་སངས་རྒྱས་ལག་བཅངས་སུ་གྲགས་སོ། །དེ་ལས་བླ་མ་ནམ་མཁའ་རྡོ་རྗེས་ཞུས་ཏེ་ལས་ཅན་ཡིན་གསུངས་སོ། །དེ་ལ་དྲིན་ཆེན་རིན་པོ་ཆེ་ཀུ་མ་རཱ་ཛས་ཞུས་སོ། །ཡང་ཡོན་ཏན་སྒང་པའི་གཅུང་པོ་དགེ་སློང་ལ་རིག་འཛིན་བླ་མས་ཞུས་སོ། །ཡོན་ཏན་སྒང་པ་ཆེན་པོའི་ཞལ་ནས། ཁྱེད་ལ་བརྒྱུད་པ་གཏོད་གསུང་བ་ཡོད་གསུང་ཞིང་མཉེས་ཚོར་ཆེན་པོ་མཛད་(༡༠༣)དེ། སྙན་བརྒྱུད་ཀྱི་བཀའ་དང་བཅས་པ་གནང་ངོ་། །དེ་ལས་བདག་ཀུན་མཁྱེན་སྣ་ཚོགས་རང་གྲོལ་གྱིས་ཞུས་ཏེ། དབང་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་བྱས་པའོ། །དེ་ལྟ་བུའི་བརྒྱུད་པ་རིན་པོ་ཆེ་འདི་ལ། སངས་རྒྱས་དངོས་དང་ཟམ་མ་ཆད་པར་བརྒྱུད་པས་བྱིན་རླབས་ཀྱི་བཀའ་མ་ཆད། རྒྱུད་ལུང་མན་ངག་གི་དཔང་པོ་ཡོད་པས་གཟུ་ལུམས་རང་གཟོའི་དྲི་མས་མ་གོས། དམ་ཚིག་གཙང་མའི་རྒྱུད་མ་ཆད་པས་དམ་ཉམས་འདྲེས་ཁྱེར་གྱི་སེལ་མ་ཞུགས། གྲུབ་པ་ཐོབ་པའི་རྒྱུད་མ་ཆད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཚེ་འདིར་ཐོབ་པའི་ཉེ་ལམ་ཟམ་མ་ཆད་པའོ།། །།

དོན་གཉིས་པ། ཟབ་ཅིང་རྒྱ་ཆེ་བའི་གནད་ཀྱིས་སྨིན་གྲོལ་ལ་འགོད་པ།

སྤྱི་དོན་དང་པོ། རང་བཞིན་གཞི་ཡི་གནས་ཚུལ། 75

༈ དོན་གཉིས་པ་ཟབ་ཅིང་རྒྱ་ཆེ་བའི་གནད་ཀྱིས་སྨིན་གྲོལ་ལ་འགོད་པ་ལ་རྡོ་རྗེའི་གནས་བདུན་ཏེ། རང་བཞིན་གཞི་ཡི་གནས་ཚུལ། མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ། འཁྲུལ་དུས་དགོངས་པའི་གནས་ཚུལ། གདམས་པ་ཉམས་ལེན་གྱིས་མཚོན་ཚུལ། ཆོས་གཞན་ངེས་པའི་རྣམ་གྲངས། བར་དོ་གནད་ཀྱི་གདམས་ཚུལ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ་བསྟན་པའོ། །

དང་པོ་ལ་གསུམ་སྟེ། གཞི་ངོ་བོ་གནས་ལུགས། གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན། འཆར་ཚུལ་ཐུགས་རྗེའི་རོལ་པ་བསྟན་པའོ། །དང་པོ་ལ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། མཚོན་དཔེ། གཞན་སེལ་དང་དྲུག་ལས། གཞི་ཡི་ངོ་བོ་ནི་འཁོར་འདས་གང་དུ་ཡང་མ་གྲུབ་ལ། གང་གིའང་འཆར་གཞིར་གྱུར་པ། འགག་མེད་རང་བྱུང་གི་ཡེ་ཤེས། སྒྲིབ་མེད་ཟང་ཐལ་ཆེན་པོ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་མོ་ལས། འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགགས་ཟང་ཐལ་ཏེ་སྒྲིབ་པ་མེད་པས། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་སོ། །ངེས་ཚིག་དེ་ཉིད་ལས། ཐམས་ཅད་འབྱུང་བའི་ཕྱིར་ན། གཞི་ཞེས་བྱའོ། །ཞེས་སོ། །མཚན་ཉིད་ནི་གཞི་ངོ་བོ་ཉིད་ཀྱི་ཆོས་སྐུ་དེ་ཡེ་ཤེས་ལྔའི་དགོངས་པ་འདུ་འབྲལ་མེད་པ་སྟེ། བཤད་རྒྱུད་ལས། མཚན་ཉིད་ནི་ཡེ་ཤེས་ལྔའོ། །ཞེས་སོ། །དབྱེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ངོ་བོ་སྟོང་པ་ཆོས་སྐུ་དྲི་མེད་ཟང་ཐལ། རང་བཞིན་གསལ་བ་ལོངས་སྐུ་ལྷུན་གྲུབ་གཏིང་གསལ། ཐུགས་རྗེའི་རིག་པ་སྐུ་གཉིས་འགག་མེད་(༡༠༤)སྤྲུལ་སྐུར་བཞུགས་སོ། །ངོ་བོ་སྟོང་པས། དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་གསལ་བས་གཞི་སྣང་འཆར་ཚུལ་མ་འགགས། ཐུགས་རྗེའི་རིག་པས་ཕྱག་རྒྱ་མ་བསྐྱེད་པའི་སྐུ་ལྔ་རང་གསལ་ལས། ཕྱིར་གསལ་དུ་འཆར་བ་གདུལ་བྱ་ལ་སྣང་ནུས་སོ། །ངོ་བོ་ཆོས་སྐུར་གནས་པས་གཟུགས་སྐུ་གཉིས་ཀྱི་རྟེན་བྱེད། རང་བཞིན་གསུང་དུ་ཡོད་པས་འོད་གསལ་གྱི་ཀློང་ན་ཆོས་ཉིད་ཀྱི་རང་སྒྲར་རང་སྣང་། ཐུགས་རྗེ་ཐུགས་སུ་མཁྱེན་པས་ཡེ་ཤེས་གསུམ་གྱི་མཁྱེན་པ་མ་འགགས་པའོ། །གཞི་གནས་ཀྱི་ཡེ་ཤེས་རང་བྱུང་གི་རིག་པ་ལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་དུ་མཁྱེན་ནས། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལ་མ་འགགས་གསལ་བའི་དགོངས་པ་ལྷུན་གྲུབ་ཏུ་མཁྱེན། ཡུལ་སྣང་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་མ་འདྲེས་ཡོངས་སུ་མཁྱེན་ནོ། །གང་གི་གཞིར་བྱུང་ན། ངོ་བོར་རང་མལ་གྱི་དུས་ན་སྐུ་དང་ཡེ་ཤེས་ཀྱི་གཞིར་བྱུང་། མ་འགགས་འཆར་ཚུལ་གྱི་དུས་ན་ཡེ་དོན་གྱི་ཀུན་གཞིར་བྱུང་སྟེ། འཁོར་འདས་ཐམས་ཅད་རིག་པ་ལུང་མ་བསྟན་གྱི་རྟེན་གཞིར་གྱུར་པ་ལ་བརྟེན་པའི་ཕྱིར་ཏེ། ཀུན་གསལ་ལས། འཁོར་འདས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །ཞེས་སོ། །རང་བཞིན་ནི་རང་མལ་གྱི་དུས་ན། ཡེ་ཤེས་ལྔའི་འཆར་གཞི་ལྷུན་གྲུབ་གཞི་སྣང་དུ་བྱུང་ལ། མ་འགགས་འཆར་ཚུལ་གྱི་དུས་ན་བག་ཆགས་སྣ་ཚོགས་ཀྱི་ཀུན་གཞིར་བྱུང་སྟེ། ལས་དང་བག་ཆགས་ཐམས་ཅད་དུག་ལྔ་ལ་དུག་ལྔ་ཐུག་པ་དེ། ཡེ་ཤེས་ལྔའི་རྩལ་མ་འགགས་པ་ལ་ཐུག་པ་དེ་ཡེ་ཤེས་ལྔ་ལ་ཐུག་ལ། དེ་ལྷུན་གྲུབ་ལ་བརྟེན་པའི་ཕྱིར་རོ། །ཐུགས་རྗེ་རང་མལ་གྱི་དུས་ན། རིག་པའི་གདངས་ལ་གཟུགས་སྐུའི་འཆར་གཞི་བྱེད་ལ། མ་འགགས་འཆར་ཚུལ་གྱི་དུས་ན། སྦྱོར་བ་དོན་གྱི་ཀུན་གཞི། དབྱེར་མེད་ཐུགས་རྗེའི་རང་རྩལ་དེས་རང་ངོ་ཤེས་ན། ཡེ་ཤེས་དབྱིངས་སུ་སྦྱོར་བས་མྱ་ངན་ལས་འདས་པ་ལ་མ་ཤེས་ན་སེམས་ཅན་འཁྲུལ་སྣང་ལ་སྦྱོར་བས། འཁོར་བའི་བདེ་སྡུག་ལ་སྤྱོད་པ་ཚོགས་བརྒྱད་སེམས་ཀྱི་གཞིར་བྱུང་བའོ། །ཀུན་གསལ་ལས། དབྱེ་བ་ནི་གསུམ་སྟེ། ཡེ་ཡོད་ཀྱི་ཀུན་གཞི་དང་། བག་ཆགས་གསོག་པའི་ཀུན་གཞི་དང་། སྦྱོར་བ་དོན་གྱི་ཀུན་གཞིའོ། །ཞེས་སོ། །

མཚོན་དཔེ་ལ། ངོ་(༡༠༥)བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་མ་ལྟ་བུ། ཐུགས་རྗེའི་འཆར་གཞི་ཡོད་པ་ནང་གསལ་ཤེལ་གོང་ལྟ་བུ། རང་ཤར་རོལ་པར་མ་འགགས་པ་སྤྲིན་ཆར་ལྟ་བུ། སྐུ་གསུམ་གཞི་གནས་ཀྱི་ཡེ་ཤེས་ཉི་མ་ལྟ་བུ་དེ། ཐམས་ཅད་ནང་དབྱིངས་གཏིང་གསལ་དུ་གནས་པ་ཤེལ་གྱི་ནང་འོད་ལྟ་བུ་འཆར་གཞིར་ཡོད། དོན་ལ་མ་ཤར། འཆར་སྒོ་མ་འགགས། རང་མལ་ཀ་དག་ཆེན་པོའི་དཔེ་ཕྱོགས་རེ་ནས་མཚོན་ཏེ། བཤད་རྒྱུད་ལས། ཆོས་སྐུ་ལ་ཡེ་ཤེས་ནང་གསལ་དུ་གནས་པ་ནི་ཤེལ་དང་། དེའི་ནང་གི་འོད་ལྔར་གསལ་བ་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགགས་པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་ནི་རྨ་བྱའི་སྒོ་ངའམ། ཉི་མ་ཉིད་དམ། ནམ་མཁའི་སྤྲིན་དང་ཆར་པ་བཞིན་ནོ། །ཡང་ན་མན་ཤེལ་བཞིན་ནོ། །ཞེས་སོ། །རྨ་བྱའི་སྒོ་ང་ནི་ངོ་བོ་ཀ་དག་ལ་ཡེ་ཤེས་གཞན་གཉིས་གཏིང་གསལ་དང་། འཆར་ཚུལ་རོལ་པར་ཡོད་པའི་དཔེའོ། །ཉི་མ་ནི་རང་བཞིན་འོད་གསལ་གྱི་དཔེའོ། །ནམ་མཁའི་སྤྲིན་ཆར་ནི་ཐུགས་རྗེ་རིག་སྟོང་ནམ་མཁའ་ལྟ་བུ་ལས། རྩལ་སྤྲིན་ལྟར་ཤར་བའི་རོལ་པ་ཆར་པ་ལྟ་བུའི་དཔེའོ། །ཤེལ་ནི་དེ་ཐམས་ཅད་རོལ་པ་གཅིག་ཏུ་འདུ་འབྲལ་མེད་པའི་དཔེའོ། །གཞན་སེལ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་སྟོང་པས་དངོས་པོ་དང་མཚན་མ་སེལ་བ། ནམ་མཁའ་ལྟ་བུ་ལས། རིག་པ་ཕྱང་ཆད་ཀྱང་མ་ཡིན་པས། རིགས་མཐུན་དང་རིགས་མི་མཐུན་པ་ཐམས་ཅད་སེལ་ལོ། །རང་བཞིན་ལ་གསལ་བས་ཆད་པ་ཕྱང་ཆད་སེལ་བ་ལྷུན་གྲུབ་འོད་གསལ་ཁ་དོག་ལྔར་བསྟན་ལ། དངོས་སུ་རང་མལ་དུ་འཇའ་ཚོན་ལྟ་བུའི་རིགས་ཅན་ཀྱང་མ་ཡིན་པས། ལྷུན་གྲུབ་གཏིང་གསལ་གྱི་ཆ་ལ། རིགས་མཐུན་དང་རིགས་མི་མཐུན་པ་ཐམས་ཅད་སེལ་ལོ། །ཐུགས་རྗེ་ལ་འཆར་བ་གོ་མ་འགགས་པས། གཅིག་ཏུ་ངེས་པ་དང་ཡུལ་སྣང་མི་རིགས་པ་སེལ་བས་མེ་ལོང་དྭངས་པའི་དཀྱིལ་ལྟ་བུ་ལ། ཕྱི་གསལ་ཡུལ་ཕྱིར་ཤོར་བ། ཚོགས་བརྒྱད་སེམས་སུ་སྣང་བ་ལས་ཀྱང་ལོག་པས། རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་རིགས་མཐུན་རིགས་མི་མཐུན་ཀུན་སེལ་བའོ། །ཀ་དག་དེ། ཀུན་གསལ་ལས། གཞན་སེལ་ནི། རིག་པར་འདུག་པས་བེམས་པོ་སེལ། །སྟོང་པར་འདུག་པས་དངོས་(༡༠༦)པོ་སེལ། །གཉིས་མེད་ཡིན་པས་གཉིས་སྣང་སེལ། །རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ། །ལྷུན་གྲུབ་ཡིན་པས་རེ་དོགས་སེལ། །དག་པ་ཡིན་པས་དྲི་མ་སེལ། །མེད་པ་ཡོད་པས་ཆད་ལྟ་སེལ། །ཡོད་པའི་མེད་པས་རྟག་ཆད་སེལ། །ཀྱཻ་རྡོ་རྗེ་འཛིན་པས་ལེགས་པར་ཟུང་ཞིག །ཡང་དག་པ་དོན་གྱི་གཞི་ནི་རིགས་མཐུན་པ་ཙམ་ལས་ཀྱང་ལོག་སྟེ། རིགས་པ་མཐུན་པ་རྣམ་པར་ཤེས་པའི་ཚོགས་གྲོལ་ལོ། །དེ་ཡང་ཇི་ལྟར་གྲོལ་ན། འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་པར་ཤེས་པ་ལས་གྲོལ་ལོ། །ངར་འཛིན་མེད་པས་ཉོན་མོངས་པའི་ཡིད་ལས་གྲོལ་ལོ། །གཟུང་འཛིན་མེད་པས་ཡིད་ལས་གྲོལ། སྐྱེ་འགགས་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །གསང་བའི་བདག་པོ་སྟོང་པ་རིགས་མཐུན་གཅིག་པ་ལས་ལོག་སྟེ། རང་བཞིན་དག་པའི་ནམ་མཁའ་ལ་ཁ་དོག་དང་བཅས་པ། དབྱིབས་དང་བཅས་པ། བག་རྡུལ་དང་བཅས་པ་མ་ཡིན་ནོ། །ཀྱཻ་སེམས་དཔའ་ཆེན་པོ། རིགས་མི་མཐུན་པ་ལས་ཀྱང་ལོག་སྟེ། རིག་པ་དང་རིགས་མི་མཐུན་པ་བེམས་པོ་མེད་དོ། །སྟོང་པ་དང་རིགས་མི་མཐུན་པ་ཕྱི་ནང་གི་འབྱུང་བ་བཞི་ལས་བསྐྱེད་པའི་དངོས་པོ་མེད་དོ། །རིགས་ཀྱི་བུ་དོན་ཆེན་པོ་དེ་ནི་གཉིས་ཀ་ལས་ཀྱང་ལོག་པར་ཤེས་པར་བྱའོ། །གཉིས་ཀ་མ་ཡིན་པའི་དངོས་པོར་འཛིན་པ་དང་ཡང་བྲལ་ལོ། །ཞེས་གསུངས་སོ།། །།

༈ གཉིས་པ་གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད། དཔེ། རྣམ་གྲངས་བསྟན་པ་དང་དྲུག་ལས། གཞི་སྣང་གི་ངོ་བོ་ནི་གཞི་ཀ་དག་གི་ནང་མདངས་ལྷུན་གྲུབ་གཏིང་གསལ་གྱི་རིག་གདངས་འཁོར་འདས་གང་དུ་རྒྱ་ཆད་མེད་པ་རང་གསལ་ཟང་ཐལ་ཆེན་པོ་སྟེ། བཤད་རྒྱུད་ལས། རང་གི་རིག་པ་ངོ་བོ་དངོས་མེད་ཀྱི་ཡེ་ཤེས་ཡེ་དག་ཟང་ཐལ་དུ་གནས་ལ། རྡོས་པ་ཅན་གྱི་ཆོས་མིན་པས་ཡོན་ཏན་གྱི་སྒོ་ཡངས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངོ་བོ་རྒྱ་མ་ཆད་པའོ། །ཞེས་སོ། །ངེས་ཚིག་ནི་གཞི་རིག་པའི་རང་གདངས་ནང་གསལ་ཡིན་པའི་གཞི་སྣང་སྟེ། དེ་ཉིད་ལས། དེའི་རང་སྣང་ཡིན་པས་ན། ངོ་བོ་ཉིད་ཀྱི་སྣང་བའོ། །ཞེས་སོ། །མཚོན་དཔེ་ལ་ངོ་བོ་དང་། རྣམ་གྲངས་གཉིས་ལས། ངོ་བོ་མཚོན་དཔེ་ལ། ངོ་བོ་ཉིད་ཀྱི་སྣང་བའི་མཚོན་དཔེ་ནི་ནང་དབྱིངས་སུ་ཡོད་ཀྱང་། ཕྱི་གསལ་དུ་མེད་པས་ནམ་མཁའ་སྤྲིན་མེད་(༡༠༧)ལྟ་བུའི་ངང་ན། ངོ་བོ་ཉིད་ཀྱི་སྐུའི་མཚོན་དཔེ་ཕྱག་རྒྱའི་སྐུ་ལྔ་འཆར་ཞིང་ཡོད་པ་ཉི་མའི་སྙིང་པོའམ། གནམ་གང་གི་ཟླ་བ་ལྟ་བུ་དེ་། བཤད་རྒྱུད་ལས། དཔེ་ཇི་ལྟ་བུ་ཞེ་ན། ནམ་མཁའ་དང་ཉི་མ་ལྟ་བུའོ། །རིགས་ཀྱི་བུ་ངོ་བོ་ཉིད་ཀྱི་སྣང་བ་ནི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའོ། །ངོ་བོ་ཉིད་ཀྱི་སྒྲ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་སོ། །རྣམ་གྲངས་ཀྱི་མཚོན་དཔེ་ནི། གཞི་སྣང་གི་ལྡོག་ཆོས་བསྡོམས་ཏེ། དཔེ་དུ་མར་མཚོན་ཡང་དོན་གཅིག་ཏུ་འདུག །ཉི་མའི་དཀྱིལ་འཁོར་གཅིག་པུ་ལ། ཟླུམ་པས་སྒོ་ང་ལྟ་བུ། གསལ་བས་སྒྲོན་མེ་ལྟ་བུ། ཚ་བས་མེ་ལྟ་བུ་ཞེས་སྨོས་ཀྱང་། དབྱིབས་དང་འོད་དང་འོད་ཟེར་གྱི་ལྡོག་པ་ཐ་དད་རང་བརྗོད་ཀྱིས། དོན་སོ་སོ་བ་མེད་པ་ལྟར་གོ་བར་བྱའོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ངས་གཞི་སྣང་ཆེན་མོ་མཚོན་པའི་དཔེ་དང་བརྡ་བཤད་པར་བྱའོ། །མི་གཡོ་བ་རྒྱ་མཚོའི་གཏིང་ལྟ་བུའོ། །སྟོང་པ་དང་ཡངས་པ་ཁྱབ་པ་ནི་ནམ་མཁའ་ལྟ་བུའོ། །དྲི་མ་མེད་པ་མན་ཤེལ་ལྟ་བུའོ། །དག་ཅིང་གསལ་ལ་མ་འདྲེས་པ་མེ་ལོང་དང་གཟུགས་བརྙན་ལྟ་བུའོ། །སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་བཞིན་ནོ། །འགྱུར་བ་མེད་པ་རྡོ་རྗེའམ། གླང་པོ་ཆེ་བཞིན་ནོ། །ཐམས་ཅད་འབྱུང་བས་ས་གཞི་ལྟ་བུའོ། །དངོས་སུ་མི་གནས་པར་བྱིན་རླབས་ལས་འབྱུང་བ་ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །རང་གི་ངོ་བོ་གསལ་ལ་མི་འགགས་པ་ཉི་མའི་སྙིང་པོ་བཞིན་ནོ། །རྒྱུན་ཆད་མེད་པས་ཆུ་བོ་བཞིན་ནོ། །བརྟན་པ་རི་བོ་བཞིན་ནོ། །གཅིག་ཉིད་དུ་མར་སྣང་བ་ཉི་ཟླ་བཞིན་ནོ། །གཅིག་ཉིད་ཀུན་ལ་ཁྱབ་པ་ཆུའི་ལྦུ་བ་ལ་བྱད་ཀྱི་སྣང་བ་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུ་ཤར་བ་ནི་མེ་ལོང་ལ་ཉི་མ་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུར་ཁྱབ་པ་ནི་འོ་མ་དང་མར་བཞིན་ནོ། །ཆོས་ཉིད་ཀྱི་སྙིང་པོར་རིག་པ་གནས་པ་ནི་ནམ་མཁའ་དང་ཉི་མ་བཞིན་ནོ། །ཆོས་ཉིད་མི་རྟོག་པ་ཆོས་སྐུའི་རྩལ་ཡོད་པ་སྤུ་གྲིའི་ལྟག་པ་དང་སོ་བཞིན་ནོ། །མ་འདྲེས་པར་རྫོགས་པ་ནི་ཟ་འོག་གིས་གུར་ཁྱིམ་དང་གཟུགས་བརྙན་བཞིན་ནོ། །སྣ་ཚོགས་གཉིས་སུ་མེད་པ་ནི་ཤིང་དང་གྲིབ་མ་བཞིན་ནོ། །གཞི་ལས་རྩལ་འཕྲོ་ཞིང་འདུ་བ་ནི་རྒྱ་མཚོ་དང་ཆུ་བྲན་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུས་བརྒྱན་པ་མཛེས་པ་ནི། གཡུ་ཡི་མཎྜལ་ལ་གསེར་གྱི་མེ་ཏོག་(༡༠༨)བཀྲམ་པ་བཞིན་ནོ། །ཆོས་སྐུ་ལ་ཡེ་ཤེས་ནང་གསལ་དུ་གནས་པ་ནི་ཤེལ་དང་དེའི་ནང་གི་འོད་ལྔ་གསལ་བ་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགགས་པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེའི་དཔེ་ནི་རྨ་བྱའི་སྒོ་ངའམ་ཉི་མ་ཉིད་དམ། ནམ་མཁའི་སྤྲིན་དང་ཆར་བཞིན་ནོ། །ཡང་ན་མན་ཤེལ་བཞིན་ནོ། །འཁོར་འདས་ཡོན་ཏན་དུ་འཆར་ཡང་རིག་པའི་ངོ་བོ་གཅིག་པས་ན་ག་པུར་བཞིན་ནོ། །གནས་ལུགས་དང་སྣང་ཚུལ་ནི་མར་མེ་དང་མེ་ལོང་བཞིན་ནོ། །རིག་པ་དང་ཡེ་ཤེས་ནི་གསེར་དང་དེའི་སེར་པོ་བཞིན་ནོ། །ཆོས་ཉིད་དང་ཆོས་སྐུ་གཙོ་བོར་མཚོན་པའི་དཔེའོ། །ཞེས་གསུངས་སོ། །རྣམ་གྲངས་བསྟན་པའང་གཞི་དང་གཞི་སྣང་གི་ཆའི་མིང་དུ་གདགས་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ། ངོ་བོ་ཉིད་ཀྱི་སྣང་བ། སྣང་བ་ཆེན་པོ། བཅོས་མིན་གྱི་སྐུ། རིག་པ་རང་བྱུང་གི་ཡེ་ཤེས། ཐིག་ལེ་ཉག་ཅིག་ཀུན་བྱེད། ཀུན་གཞི་མེ་ལོང་ལྟ་བུའི་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས། གཞི་ཇི་བཞིན་པའི་དྲུག་པ་རྡོ་རྗེ་འཆང་། སངས་རྒྱས་ཐམས་ཅད་ཀྱི་མེས་པོ། ཐོག་མའི་མགོན་པོ་འོད་མི་འགྱུར་བ། གཞོན་ནུ་བུམ་པའི་སྐུ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས། དང་པོའི་སངས་རྒྱས། སངས་རྒྱས་འོད་དཔག་མེད། རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ། ཐོག་མ་གཞིའི་ཀུན་ཏུ་བཟང་པོ། ཞེས་པ་དང་། ངོ་བོ་འཆར་གཞི་ལ་ལྟོས་ནས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡེ་ཤེས་མི་གཅིག །གཉིས་མེད། ཉག་ཅིག །ཟང་ཐལ། རྩ་བ། བརྗོད་བྱ། ཤེས་བྱ། གཤིས། རྒྱུ། ས་བོན། ཀ་དག །རིན་པོ་ཆེ། འབྱེད་པ་མེད་པའི་ཤེས་རབ། ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། རྣམ་གྲངས་སུམ་ཅུ་རྩ་གསུམ་གྱི་གཞི་དང་གཞི་སྣང་གི་མིང་སྟེ། བཤད་རྒྱུད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །གཞི་བརྗོད་ཚིག་ཚོགས་མང་གིས་ཀྱང་། །མདོར་བསྡུས་ངས་བཤད་ཁྱོད་ཀྱིས་ཟུངས། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་ན་ངོ་བོ་ཉིད་ཀྱི་སྐུའོ། །དེའི་རང་སྣང་ཡིན་པས་ན་ངོ་བོ་ཉིད་ཀྱི་སྣང་བའོ། །

དེ་ཡང་རང་གདངས་ཆེན་པོ་མི་འགགས་པས་སྣང་བ་ཆེན་པོའོ། །འཁོར་འདས་ཀྱི་ཐ་སྙད་ལས་གྲོལ་བས་བཅོས་མིན་གྱི་སྐུའོ། །ཡོན་ཏན་དུ་ཕྱིས་འཁོར་འདས་(༡༠༩)གསལ་ཞིང་སྣང་བ་དང་། འབྲས་བུའི་མིང་དུ་བཏགས་པས་ཆོས་སྐུའོ། །མ་རིག་པ་དང་བེམས་པོ་ལས་ལོག་སྟེ། ཡང་དག་པའི་ཤེས་པའི་ངོ་བོར་གནས་པས་ན་རིག་པའོ། །རྒྱུ་རྐྱེན་ལས་འདས་པས་ན་རང་བྱུང་ངོ་། །གློ་བུར་དུ་བྱུང་བ་མེད་དེ་ཡེ་ནས་གནས་པ་རིག་པའི་བདག་ཉིད་དུ་གྱུར་པས་ན་ཡེ་ཤེས་སོ། །རང་ལས་གཞན་སྣང་མེད་ཅིང་། ངོ་བོ་མི་འགྱུར་བར་སྣང་བ་རང་གདངས་ཆེན་པོ་གསལ་བས་ཐིག་ལེ་ཉག་ཅིག་གོ། །དེའི་གོང་ན་གཞན་མེད་པས་ཆེན་པོའོ། །དེ་བས་སྔ་བ་མེད་པས་སྔོན་བྱུང་ངོ་། །དེ་ཐམས་ཅད་ལས་ཤར་ཞིང་སྣང་བས་ཀུན་བྱེད་དོ། །འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགགས་ཟང་ཐལ་ཏེ་སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡུལ་ཆོས་ཉིད་སྟོང་པ་དང་རིག་པ་འདུས་མ་བྱས་སྟོང་པ་དབྱེར་མེད་གསལ་བ་ཟང་ཐལ་བའི་ནང་ན། སྐུ་གཉིས་ནང་གསལ་དུ་བཞུགས་ཤིང་འདུ་འབྲལ་མེད་དེ་དོན་དབྱེར་མེད་མི་ཕྱེད་པས་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་དང་དྲུག །ཡུམ་ལྔ་བདག་མེད་པ་དང་དྲུག །རིགས་ལྔ་ཨའི་རིགས་དང་དྲུག །འོད་ལྔ་རང་བཞིན་གྱི་འོད་དང་དྲུག །འབྱུང་བ་ལྔ་རང་འབྱུང་དང་དྲུག །ཡུལ་ལྔ་ཆོས་དང་དྲུག །ཉོན་མོངས་པ་ལྔ་ཁོང་ཁྲོ་དང་དྲུག །འགྲོ་བ་རིགས་དྲུག་རྣམས་དོན་གཉིས་སུ་མེད་པར་བཞུགས་ཤིང་། ཕྱིས་ཡོན་ཏན་དུ་འཆར་བ་མི་འགགས་པས་དྲུག་པ་རྡོ་རྗེ་འཆང་ངོ་། །གཟུགས་ཀྱི་སྐུའི་སངས་རྒྱས་གྲངས་ལས་འདས་པ་ཐམས་ཅད་དེའི་དོན་རྟོགས་པ་ལས་ཤར་ཞིང་འབྱུང་བས་ན་སངས་རྒྱས་ཐམས་ཅད་ཀྱི་མེས་པོའོ། །རང་གི་ངོ་བོ་ལ་དྲི་མ་མེད་ཅིང་ཡེ་ཤེས་ཀྱི་རང་གདངས་ཆེན་པོ་མི་འགགས་པར་གསལ་བ་དང་། དེ་ཀུན་གྱི་གོང་དུ་གྱུར་པ་དང་། རིག་པ་རང་སྣང་དང་བཅས་པ་མི་འགྱུར་བས། ཐོག་མའི་སངས་རྒྱས་འོད་མི་འགྱུར་བའོ། །ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་སྣང་ལ་རང་གི་ངོ་བོ་ལ་དབྱེ་བ་མེད་པ་ཐམས་ཅད་གཉིས་མེད་ཆེན་པོར་རོ་གཅིག་པས་ཀུན་ཏུ་བཟང་པོའོ། །ཆོས་ཉིད་གསལ་བའི་རང་གདངས་ལས་ཡེ་ཤེས་དག་པའི་ཟེར་གདངས་ཤར། འགག་མེད་འོད་ཀྱི་གཞལ་མེད་ན། སྙིང་པོ་སྐུ་ལྔ་ནང་གསལ་བས་བུམ་པའི་སྐུའོ། །བགྲེས་པ་མི་མངའ་བས་གཞོན་ནུའོ། །རིག་པ་དང་ཡེ་ཤེས་འདུ་འབྲལ་མེད་པས་ཐབས་(༡༡༠)འགག་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་དེ། ཆོས་ཉིད་ཀྱི་ཀློང་དུ་རིག་པ་གནས་ཤིང་། རིག་པའི་ཀློང་དུ་འོད་ལྔ་གསལ་ལ། འོད་ལྔའི་ནང་དུ་སྐུ་ལྔ་ཡོན་ཏན་གྲུབ་པས་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །ངོ་བོ་ཉིད་དང་སྐུ་དབྱེར་མི་ཕྱེད་པའི་ངང་ན་རང་བཞིན་འོད་ཀྱི་བུམ་པ་ལྔ་གསལ་ཏེ། ཐུགས་རྗེ་སྙིང་པོའི་སྐུ་ལྔ་ཕྱག་རྒྱ་མ་བསྐྱེད་པའི་ཚུལ་དུ་གནས་པས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ཀྱཻ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །གཞན་ཐམས་ཅད་ཐ་སྙད་ཡིན་ལ། ཡང་དག་པའི་དོན་ལྟར་གནས་པས་ན་དངོས་པོའི་གནས་ལུགས་སོ། །རང་བྱུང་གི་ཡེ་ཤེས་ཡིན་པས་ན་དང་པོ་སངས་རྒྱས་རྒྱུ་མེད་པས། སངས་རྒྱས་ཐོག་མ་ཐ་མ་མེད་པའོ། །གཟིགས་སྣང་ལས་འདས་པའི་གསལ་བ་མི་འགགས་པ་ཡེ་ཤེས་མི་གཅིག་གོ། །གཉིས་སུ་སྣང་བ་ནི་རྟག་ཆད་དང་ཡོད་མེད་དང་། བཟང་ངན་དང་། ཆེ་ཆུང་དང་། མཐོ་དམན་དང་། ཡངས་དོག་དང་། གཟུང་འཛིན་དང་། དགག་སྒྲུབ་དང་། དག་མ་དག་དང་། ཕྱི་ནང་དང་། སྤངས་ཐོབ་དང་། ཡིན་མིན་གཉིས་ཀྱི་ཆོས་དེ་བཞིན་དུ། སྣང་བ་མེད་པས་ན་གཉིས་མེད་དོ། །མི་མཐུན་པ་མེད་པས་ན་གཅིག་གོ། །སྒྲིབ་པ་མེད་པས་ན་ཟང་ཐལ་ལོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་ཞིང་དེ་ལ་ཐུག་པས་ན་རྩ་བའོ། །བརྗོད་བྱ་བསམ་གྱིས་མི་ཁྱབ་ཀྱང་། དོན་ཡང་དག་པ་དེ་ལས་མི་མངའ་བས་བརྗོད་བྱའོ། །ཞེས་བྱའོ། །མ་བཅོས་པ་རང་གི་གནས་པས་གཤིས་སོ། །ཐམས་ཅད་དེ་ལས་བྱུང་བས་རྒྱུའོ། །གཞི་ཆེན་པོ་དེ་ལས་ཐམས་ཅད་བསྐྱེད་ཅིང་འཕེལ་བས་ན་ས་བོན་ནོ། །ཀ་ནས་དག་པའི་ཡེ་ཤེས་ཡིན་ཏེ། དྲི་མར་གྱུར་པ་མི་གནས་པས། རྣམ་པར་དག་པའོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་བའི་རིན་པོ་ཆེའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྣ་ཚོགས་སུ་ཤར་ཞིང་སྣང་ཡང་ངོ་བོ་མི་རྟོག་པས་འབྱེད་པ་མེད་པའི་ཤེས་རབ་བོ། །རང་གི་ངོ་བོ་རིག་པ་དངོས་མེད་ཀྱི་ཡེ་ཤེས་ཡེ་དག་ཟང་ཐལ་དུ་གནས་པ་ལས། དེ་རྡོས་པ་ཅན་གྱི་ཆོས་མ་ཡིན་པས། ཡོན་ཏན་གྱི་སྒོ་ཡངས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངོ་བོ་རྒྱ་མ་ཆད་པའོ། །ཀྱཻ་རྡོ་རྗེ་འཛིན་པ་ངས་བསྟན་པའི་རྒྱུད་ལུང་ཚིག་དེ་རྣམས་གར་བྱུང་ཡང་གཞི་མཚོན་པའི་ཚིག་ཏུ་ཤེས་པར་(༡༡༡)གྱིས་ཤིག །ཅེས་གསུངས་སོ།། །།

༈ གསུམ་པ་འཆར་ཚུལ་ཐུགས་རྗེའི་རོལ་པ་ལ་གསུམ་སྟེ། འཆར་ཚུལ་གསུམ་གྱིས་གོ་དོན་མདོར་བསྟན། སོ་སོར་རང་བཞིན་རྒྱས་པར་བཤད། ཀུན་ཏུ་བཟང་པོའི་གྲོལ་ཚུལ་བསྟན་པའོ། །

དང་པོ་ནི། རྩལ་དང་། རྒྱན་དང་། རོལ་པ་གསུམ་པོ་དེ་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞི་དང་གཞི་སྣང་ལ་ཡོད་པ་ཉིད། ཕྱིར་གསལ་དུ་འཆར་བ་ཡིན་ཏེ། བྱད་ཀྱི་རྣམ་པ་མེ་ལོང་དུ་ཤར་བ་བཞིན་ནོ། །ནང་དབྱིངས་སུ་ཇི་ལྟར་ཡོད་ན། རིག་པའི་ངོ་བོ་སྟོང་པ་ལ་འཆར་ཚུལ་གོ་མ་འགགས་པར་ཡོད་པས་རྩལ་ཡོད་པའོ། །སྟོང་ཆད་དུ་མ་སོང་བས། ཡེ་ཤེས་ཀྱི་རྒྱན་ལྷུན་གྲུབ་རིག་ཅན་དུ་མ་སོང་བར་ཟང་ཐལ་དངོས་མེད་ཀྱི་རྒྱན་རང་གདངས་བེམས་སྟོང་དུ་མ་སོང་བར་རིག་པས་བརྒྱན་པས་རྒྱན་ཡོད་པའོ། །རིག་པ་རང་གདངས་ལ་རོལ་པ་དང་། གདངས་ཡེ་ཤེས་སུ་རོལ་པ་དེ་ལས་ཕྱིར་གསལ་དུ་འཆར་བ་རོལ་པས་རོལ་པ་ཡོད་པའོ། །དེ་གསུམ་ཡང་གཞི་རིག་པ་གཅིག་པས་དོན་གཉིས་སུ་མེད་དོ། །དེ་གསུམ་ལ་རྟོགས་དུས་ཡོན་ཏན་ཞེས་བྱའོ། །རིག་པ་ཉིད་ཀྱི་ཆེ་བ་དེ་ལྟར་སྣང་བའི་ཕྱིར་རོ། །

གཉིས་པ་ལ་གསུམ་སྟེ། རྩལ། རྒྱན། རོལ་པ་བསྟན་པའོ། །དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ། འཆར་ཚུལ་དང་ལྔ་ལས། དང་པོ་བཞི་ནི། ཀུན་གསལ་ལས། ངོ་བོ་ནི་མ་འགགས་པའོ། །ངེས་ཚིག་ནི་འབྱུང་བའི་སྟོབས་དང་ལྡན་པས་ན་རྩལ་ལོ། །དབྱེ་བ་ནི། འཁྲུལ་སྣང་འཁོར་བར་སྣང་བ་དང་། རྟོགས་ཏེ་མྱ་ངན་ལས་འདས་པར་སྣང་བ་སྟེ། འཁོར་འདས་གཉིས་སོ། །དཔེ་ནི་ཉི་མ་གཅིག་ཉི་མ་དུ་མར་སྣང་བའམ། ཉི་མ་ལ་འོད་ཟེར་མི་འགགས་པའམ། བཙན་དུག་སྔགས་ཀྱིས་ཟིན་མ་ཟིན་ནམ། ག་པུར་རམ། གློག་རྒྱུ་བ་ལྟ་བུའོ། །ཞེས་སོ། །ལྔ་པ་ནི་ནང་གསལ་འཆར་རུང་ངམ་འཆར་ནུས་ཙམ་དུ་རིག་པ་སྟོང་པ་ཤེལ་གོང་ལྟ་བུའི་ནང་ན། ཡེ་ཤེས་ལྔའི་རང་གདངས་འོད་ལྔ་གསལ་བའི་རང་རྩལ་ལས། ཕྱི་གསལ་དུ་ཤར་བའི་སྣང་བ་སྐུ་དང་ཡེ་ཤེས་གསལ་བ་ལ། མ་རྟོགས་གཟུང་འཛིན་གྱི་འཁོར་བའི་རྩལ་འཁྲུལ་སྣང་དུ་རང་ཤར། རྟོགས་པ་ཡེ་ཤེས་ཀྱི་མྱ་ངན་ལས་འདས་པའི་རྩལ་དག་སྣང་གཟུགས་སྐུ་གཉིས་སུ་ཤར་ཏེ། བཤད་རྒྱུད་ལས། ཆོས་སྐུ་གཅིག་ལས་ཐ་དད་སྣང་། །རིག་(༡༡༢)པའི་རྩལ་དུ་ཤར་ཚུལ་གསུངས། །དེ་ནས་སྟོན་པས་བཀའ་སྩལ་པ། །རིག་པ་དངོས་མེད་ཟང་ཐལ་ལས། །སྟོང་པ་འགག་མེད་གཉིས་སུ་མེད། །དེར་ཤེས་ཐོགས་པ་མེད་པ་ནི། །ཡེ་ཤེས་ལྔ་རུ་རང་ཤར་ཡིན། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་དུ་མཐིང་གར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགག་མེད་ངང་དུ་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ཀློང་དུ་སེར་པོར་གསལ། །ཀུན་རྟོགས་ཆེན་པོའི་རང་གདངས་ནི། །གསལ་བའི་ཀློང་དུ་དམར་པོར་གནས། །བྱ་བ་གྲུབ་པའི་རང་གདངས་ནི། །ཐོགས་མེད་ཀློང་དུ་ལྗང་གུར་གྲུབ། །དེ་ལྔ་ཆོས་ཉིད་ཀློང་ན་ཤར། །ཡེ་ཤེས་འོད་དུ་ཤར་ཞེས་བྱ། །རྟོགས་པས་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་སྣང་། །དཔེར་ན་མེ་ལོང་དག་པ་ལ། །གང་འཕྲད་རྐྱེན་དེ་སྣང་མོད་ཀྱང་། །སྣང་བའི་དུས་ན་གོལ་ས་མེད། །གོལ་ས་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། །ཤར་ཡང་རང་རིག་གཅིག་པུར་གནས། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་ཟང་མ་ཐལ་བྱུང་སྣང་། །གཟུགས་སྐུ་གཉིས་པོ་སྣང་བ་ཡང་། །རང་ལ་མི་སྣང་རྣམ་པར་དག །ཅེས་སོ། །ཤར་ཚུལ་དངོས་ནི། རིག་པའི་རྩལ་ལས་ཡེ་ཤེས་ལྔར་ཤར། དེའི་རྩལ་འོད་ཟེར་ལྔ་ལས་འབྱུང་བ་ལྔར་ཤར། དེའི་རྩལ་ལས་སྣོད་ཀྱི་འབྱུང་གཟུགས་སུ་ཤར། དེའི་རྩལ་ལས་སོ་སོའི་མེ་ཏོག་ལ་སོགས་པར་ཤར། ཐིག་ལེ་འོད་ལྔ་ལས་ལུས་ཀྱི་འབྱུང་ལྔ་རྩལ་དུ་ཤར། དེ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པར་ཤར་རོ། །ཡང་རྟོགས་པས་མྱང་འདས་ཀྱི་རྩལ། སྐུ་ལྔ་ཡེ་ཤེས་ལྔ་ཕྲིན་ལས་དང་བཅས་པ་ཤར་ཏེ། ཡོན་ཏན་མ་འགགས་པར་རང་བྱུང་བ་ནི། དེ་ཉིད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །རྩལ་ཞེས་བྱུང་ན་འདི་སྐད་བཤད། །རིག་པའི་རྩལ་ནི་ཡེ་ཤེས་ལྔ། །དེ་ཡི་རྩལ་ནི་འོད་ཟེར་ལྔ། །འོད་ལྔའི་རྩལ་ནི་འབྱུང་བ་ལྔ། །འབྱུང་ལྔའི་རྩལ་ནི་འདི་ལྟ་སྟེ། །ནམ་མཁའི་རྩལ་ལས་སྤྲིན་དང་རླུང་། །ཡངས་དང་སྐབས་དབྱེ་དེ་བཞིན་ནོ། །རླུང་གི་རྩལ་དུ་འུར་སྒྲ་དང་། །ཡང་དང་བསྐྱོད་པ་དེ་བཞིན་ནོ། །ཆུ་(༡༡༣)ཡི་རྩལ་དུ་ཤྭ་སྒྲ་དང་། །རླན་ཞིང་སྡུད་པ་དེ་བཞིན་ནོ། །ས་ཡི་རྩལ་དུ་གཟུགས་རྣམས་སྣང་། །སྲ་དང་བརྟན་པ་དེ་བཞིན་ནོ། །མེ་ཡི་རྩལ་དུ་ཚ་ཞིང་བསྲེག །སྨིན་ཞིང་རྫོགས་པ་དེ་འདྲའོ། །འབྱུང་བ་འདུས་པའི་རང་རྩལ་དུ། །རྩི་ཤིང་ནགས་ཚལ་སྨན་སྤོས་དང་། །མེ་ཏོག་ལོ་ཏོག་འབྲས་བུར་སྣང་། །འོད་ལྔའི་རྩལ་དུ་ཕྱི་ལྟར་ཤར། །ཐིག་ལེའི་རྩལ་དུ་ནང་ལྟར་བསྟན། །དཀར་པོ་དག་ལས་ཤ་རུས་སྣང་། །སེར་པོ་དག་ལས་ཆུ་སེར་སྣང་། །དམར་པོ་དྲོད་དུ་དེ་བཞིན་སྣང་། །ལྗང་གུ་དབུགས་སུ་སྣང་བ་ཡིན། །མཐིང་ག་ལུས་ཀྱི་གོ་སྐབས་ཀྱི། །གཟུགས་ཀྱི་ཕུང་པོ་དེ་བཞིན་སྣང་། །དེ་ནི་རྩལ་དུ་སྣང་བ་ཡིན། །ཕུང་པོ་ལྔ་དང་དུག་ལྔ་སྣང་། །དབང་པོ་ལྔ་བརྟེན་རྣམ་ཤེས་ཡུལ། །དེ་ལྟར་སྣང་ནུས་སྟོབས་སུ་བཤད། །དེ་ལྟར་བྱུང་བས་འབྱུང་བའོ། །གཞན་ལས་མ་བྱུང་རང་བྱུང་བས། །ཡོན་ཏན་འབྱུང་བའི་རང་བྱུང་ཡིན། །དེ་ལྟར་ཤར་བས་རང་ཤར་ཡིན། །ཡོན་ཏན་ཞེས་ཀྱང་དེ་ལ་བྱ། །ཐམས་ཅད་འབྱུང་དང་ཀུན་འབྱུང་དང་། །མང་པོ་རགས་པ་བྱུང་འབྱུང་སྣང་། །རིག་པར་ཤར་བས་འདི་བཞིན་སྣང་། །སྐུ་ལྔར་སྣང་དང་ཡུལ་ལྔར་སྣང་། དེ་ནི་སེམས་དཔའ་སེམས་མར་སྣང་། །དེ་ནི་ཐུགས་རྗེའི་མཛད་སྤྱོད་སྣང་། །དེ་མཚུངས་སྣང་བ་སྣ་ཚོགས་ཤར། །སྒྱུ་མ་ལྟ་བུར་གསུངས་པ་དང་། །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རྟོག་མེད་ཅེས་བྱུང་ན། །རྩལ་ལ་རང་བཞིན་མེད་པར་བཤད། །ཐམས་ཅད་རང་སྣང་རང་ཤར་ཡིན། །ཞེས་སོ། །ཞར་ལ་ལོག་རྟོག་བསལ་བ་ནི། ཁ་ཅིག་ཡེ་ཤེས་ཀྱི་འོད་ལ་བཟུང་བས་འོད་ཉིད་སྣོད་བཅུད་དུ་འཁྲུལ་དུས། སྣང་བ་འཁྲུལ་པར་སྣང་ཡང་། དོན་ལ་རང་འོད་ཡིན་པས། ཡེ་ཤེས་སུ་སྣང་བའི་ཕྱིར་སྣང་བ་སེམས་སུ་འཐད་ལ། ཉམས་སུ་བླངས་པས་སྣང་བ་དག་པར་སོང་བ་ཡང་རང་འོད་སྣང་། འཁྲུལ་པ་དེ་ཉིད་མ་འཁྲུལ་པའི་སར་གནས་པའོ། །ཞེས་སེམས་ཡིན་དུ་རྟོགས་པ་ནི་མི་འཐད་དེ། གདངས་ལ་འཛིན་པ་སྐྱེས་དུས། གདངས་འཁྲུལ་པར་སོང་བ་མ་ཡིན་གྱི། གདངས་ལ་རྣམ་པ་འདྲ་བར་འཛིན་པས། དེའི་བག་ཆགས་སྣང་བ་སྟེ། ཁ་སང་རྟ་གླང་མཐོང་བའི་བག་ཆགས་རྨི་ལམ་གྱི་རྟ་གླང་དུ་མ་སོང་ཡང་། དེའི་བག་ཆགས་སྣང་བ་བཞིན་ནོ། །འཛིན་པ་སྐྱེས་དུས། རང་བཞིན་ཡེ་ཤེས་ཀྱི་རང་འོད་ནུབ་ནས་འཁྲུལ་(༡༡༤)སྣང་བག་ཆགས་ཀྱི་སྣང་བ་ལངས་ཏེ། ལུས་དང་ཡུལ་སྣང་དུ་སྣང་བ་ཤར་ཡང་། སེམས་མ་ཡིན་ཏེ། ཁ་དོག་ལ་སོགས་པ་དངོས་སུ་སྣང་བའི་ཕྱིར་དང་། སེམས་སྣང་བ་ལས་གཞན་མ་ཡིན་ཏེ། འཁྲུལ་སྣང་ཡིན་པའི་ཕྱིར་རོ། །དེས་ན་མེད་བཞིན་དུ་སྣང་བས་མེད་པ་ལ་གསལ་སྣང་སྟེ། ཉམས་སུ་བླངས་པས་དག་འགྲོ་བའི་འཐད་པའང་དེ་ཡིན་ནོ། །དེས་ན་རྩལ་དང་ངོ་ཕྱེད་པར་བྱའོ།། །།

༈ གཉིས་པ་རྒྱན་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དཔེ། མཚོན་ཚིག་གོ། །རྒྱན་གྱི་ངོ་བོ་ནི་ངོ་བོའི་ཆོས་ལ་ཁྱད་པར་གྱི་ཆོས་ཀྱིས་མཛེས་པའོ། །ངེས་ཚིག་གང་ཡོད་པས་ཡོད་པ་མཛེས་པའི་ཕྱིར་རྒྱན་ནོ། །དབྱེ་ན་གསུམ་སྟེ། ཆོས་ཉིད་ཀྱི་རྒྱན་དུ་སྐུ་གསུམ། ཆོས་སྐུའི་རྒྱན་དུ་གཟུགས་སྐུ་གཉིས། གཉིས་ཀའི་རྒྱན་དུ་ཡེ་ཤེས་ལ་རང་གདངས་འོད་ལྔ་དང་བཅས་པའོ། །དེ་ཡང་ཀུན་གསལ་ལས། ངོ་བོ་དབྱེ་བའི་སྒོ་ནས་བསྟན། །ངེས་ཚིག་མཛེས་པས་རྒྱན་ཞེས་བྱ། །ཆོས་ཉིད་རྒྱན་དང་ཆོས་སྐུའི་རྒྱན། །ཆོས་ཉིད་རྒྱན་ནི་སྐུ་གསུམ་ཡིན། །ཆོས་སྐུའི་རྒྱན་ནི་གཟུགས་སྐུ་གཉིས། །མཚན་ཉིད་འཛིན་པའི་འོད་ལྔ་ཡང་། །གཉིས་ཀའི་རྒྱན་དུ་དེ་བཞིན་བརྗོད། །མཚོན་དཔེ་གསེར་ལ་གཡུས་སྤྲས་འདྲ། །ངེས་ཚིག་དོན་གྱི་དབྱེ་བ་ནི། །ཆོས་ཉིད་དག་ལ་ཆོས་སྐུས་བརྒྱན། །སྟོང་པ་ཕྱང་ཆད་གསལ་བས་མཛེས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན། ཡོན་ཏན་འགགས་པ་མེད་པས་མཛེས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན། །འགྲོ་དྲུག་དོན་ལ་སྦྱོར་བས་མཛེས། །དེ་ཕྱིར་མཛེས་པའི་རྒྱན་ཞེས་བྱ། །ཞེས་སོ། །དཔེ་ལ་གསུམ། ཆོས་ཉིད་སྟོང་པ་ལ་ཆོས་སྐུས་བརྒྱན་པ་ནམ་མཁའ་ལ་ཉི་མས་བརྒྱན་པ་ལྟ་བུ། ཆོས་སྐུ་སྐུ་ལྔ་ལ་རིག་པ་ཡེ་ཤེས་ཀྱིས་བརྒྱན་པ་རྨ་བྱའི་སྒོ་ང་འོད་ལྔ་ཕྲུ་གུའི་རིག་པས་བརྒྱན་པ་ལྟ་བུ། ཡེ་ཤེས་རྟོག་མེད་ལ་ཐུགས་རྗེས་བརྒྱན་པ་མན་ཤེལ་ལས་འོད་ལྔ་ཕྱིར་གསལ་དུ་ཤར་བ་ལྟ་བུའམ། གསེར་ལ་གཡུས་སྤྲས་པ་དང་། མན་ཤེལ་ལ་འོད་གསལ་བ་དང་སྒོ་ང་རྡོལ་ནས་ཕྱིས་ཕྱུང་བ་ལྟར་རིམ་པ་བཞིན་ཤེས་པར་བྱ་སྟེ། དེ་ཉིད་ལས། ནམ་མཁའི་དཀྱིལ་གསལ་གནས་དང་གཅིག །རིན་ཆེན་གསེར་ལ་གཡུ་ཡི་ཕྲ་བཅུག་གཉིས། །ཆོས་ཉིད་ཆོས་སྐུས་བརྒྱན་པའི་དཔེ་རུ་བསྟན། །རྨ་བྱའི་སྒོ་ང་ཁ་དོག་ལྔ་(༡༡༥)ལྡན་དང་། །མན་ཤེལ་སྐུ་ལ་ཁ་དོག་མི་འགགས་པ། ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པའི་དཔེ། །མན་ཤེལ་རྐྱེན་འཕྲད་སྣང་བ་ཕྱིར་ཕྱུང་དང་། །སྒོ་ང་བྱར་སྨིན་ཕྱིར་ཕྱུང་བྱ་བ་བྱེད། །ཉི་མའི་སྙིང་པོ་འོད་དང་ཟེར་བྱུང་བ། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པའི་དཔེ། །ཞེས་སོ། །མཚོན་ཚིག་ནི་ཡང་དེ་ཉིད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ཆོས་ཉིད་ངང་ན་ཆོས་སྐུ་གནས། །དེ་སྐད་བརྗོད་པའི་ཚིག་བྱུང་ན། །ཆོས་ཉིད་ཆོས་སྐུས་བརྒྱན་པར་བཤད། །རིག་པའི་མཚན་ཉིད་ཡེ་ཤེས་ལྔ་བརྗོད་ཅིང་། །དེ་ཡི་རང་གདངས་ཡེ་ཤེས་ལྔ་བརྗོད་ན། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པར་བཤད། །ཡེ་ཤེས་འོད་ལྔ་སྐུ་རུ་རྫོགས་ལུགས་དང་། །དེ་ཡི་རིགས་དང་ཁ་དོག་དབྱིབས་བརྗོད་པ། །ཡེ་ཤེས་བདག་ལ་ཐུགས་རྗེས་བརྒྱན་པར་བཤད། །ཅེས་སོ།། །།

༈ གསུམ་པ་རོལ་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ། རྟོགས་ཚུལ་ལོ། །རོལ་པའི་ངོ་བོ་ནི་ཕུན་སུམ་ཚོགས་པ། ཆོས་སུ་འབྱོར་པ། རྗེས་འགྲོ་བྱེད་པའོ། །ངེས་ཚིག་ནི་རང་ལས་ཤར་བ་ལ་རོལ་པས་རོལ་པའོ། །དབྱེ་ན། དག་པ་ཆོས་ཉིད་ཀྱི་རོལ་པ་རིག་པའི་གདངས་སུ་སྐུ་དང་ཡེ་ཤེས་ཐུགས་རྗེར་ཤར་བ་དང་། མ་དག་པ་འཁོར་བའི་རོལ་པ་སྣོད་བཅུད་འཁྲུལ་པར་སྣང་བ་དེ། གཟུགས་སྣང་སྐུའི་རོལ་པ། སྒྲ་སྣང་གསུང་གི་རོལ་པ། དྲན་རིག་ཐུགས་ཀྱི་རོལ་པ་སྟེ། སྐུ་གསུང་ཐུགས་ཀྱི་གདངས་ལས་ཤར་ཞིང་། ད་ལྟ་སྒོ་གསུམ་གྱི་རོལ་དུ་ཡོད་པའོ། །བཤད་རྒྱུད་ལས། ད་ནི་རོལ་པའི་དོན་བསྟན་པ། །མ་འགགས་གཉིས་མེད་འབྱོར་པ་ནི། །རོལ་པའི་ངོ་བོར་ང་ཡིས་བསྟན། །ཅིའི་ཕྱིར་རོལ་པ་བཏགས་ཞེ་ན། །རང་ལས་ཤར་ཞིང་རང་ལས་འབྱོར། །ངེས་ཚིག་གཏན་ཚིགས་བྱས་པ་ཡིན། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །དག་པ་ཆོས་ཉིད་རོལ་པ་དང་། །འཁོར་བ་རང་རྒྱུད་རོལ་པའོ། །དག་པ་ཆོས་ཉིད་རོལ་པ་ནི། །མ་བཅོས་པ་ཡི་ཆོས་ཉིད་དང་། །མ་གཡོས་པ་ཡི་ངང་ཉིད་ལས། །རང་བཞིན་འགགས་པ་མེད་པར་ཤར། །བག་དང་བྲལ་བའི་ནམ་མཁའ་ལ། །འབྱུང་བ་བཞི་ཡི་གདངས་ཤར་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས། །མ་འགགས་རང་གདངས་ཆེན་པོར་གསལ། །འཁོར་བས་རང་རྒྱུད་རོལ་པ་ནི། །ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས། །(༡༡༦)གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །སྒྲ་སྐད་ཐམས་ཅད་གསུང་ཡིན་ཏེ། །བྲག་ཆ་བཞིན་དུ་རང་བཞིན་མེད། །དྲན་ཅིང་རྟོག་པ་ཐུགས་ཡིན་ཏེ། །ཆུ་ལ་རི་མོ་བྲིས་པ་བཞིན། །འཛིན་པར་རང་རྒྱུད་ཡོད་མ་ཡིན། །དེ་ལྟར་གཟུགས་རྣམས་སྐུ་ཡི་རོལ་པ་ཡིན། །སྒྲ་སྐད་ཐམས་ཅད་གསུང་གི་རོལ་པ་ཡིན། །དྲན་རྟོག་ཐམས་ཅད་ཐུགས་ཀྱི་རོལ་པ་ཡིན། །དེ་ལྟར་མ་ཤེས་མཚན་མ་རང་རྒྱུད་འཛིན། །དེ་ནི་འཁོར་བའི་རོལ་པ་ཡིན། །ཞེས་སོ། །དཔེ་དེ་ཉིད་ལས། རྒྱ་མཚོར་ཆུ་བྲན་འཕྲོ་ཞིང་འདུ་བ་ལྟར། །སྒྱུ་མའི་སྦྱོར་བས་གཟུགས་བརྙན་སྣ་ཚོགས་སྣང་། །ཡོན་ཏན་མ་འགགས་རོལ་པ་ཅིར་ཡང་གསལ། །རོལ་པའི་དཔེ་དེ་མང་ཡང་བསྡུས་པ་ཡིན། །ཞེས་སོ། །རྟོགས་ཚུལ་ནི་ཐ་མལ་པ་ལ་འཁྲུལ་སྣང་རང་གར་ཤར། རང་གར་འཛིན། བདེན་ཞེན་ལ་གནས་པ་ཉིད། རྣལ་འབྱོར་པས་མེད་པ་གསལ་སྣང་རིག་པའི་རྒྱན་དང་། རོལ་པར་ཤེས་པས་སྒྱུ་མ་རང་སྣང་དུ་གྲོལ་ཏེ། ཡོད་མེད་མཐའ་བྲལ་དུ་རྟོགས་པ་ནི། དེ་ཉིད་ལས། གང་ཞིག་རྣལ་འབྱོར་རྟོགས་ལྡན་པ། །རྒྱན་དང་རོལ་པའི་སྣང་བ་སྣ་ཚོགས་ཀུན། །སྒྱུ་མའི་དཔེ་བཞིན་སྣང་ཡང་རང་བཞིན་མེད། །ཆོས་ཉིད་ཆོས་སྐུ་མི་སྣང་རང་བཞིན་མེད། །ཡོད་པའི་མེད་པ་རྟོགས་པས་མཚན་མ་ཟིལ་གྱིས་གནོན། །མེད་པའི་ཡོད་པ་རྟོགས་པས་རིག་པ་རང་ས་ཟིན། །དེ་ཕྱིར་རྒྱན་དང་རོལ་པ་བསྟན་པ་ཡིན། །ཞེས་སོ། །དེ་ཡང་འཁྲུལ་སྣང་ཡོད་ཡོད་འདྲ་ཡང་དོན་ལ་མེད་པར་རང་གསལ་རྟོགས་པས། གཟུང་འཛིན་འཁྲུལ་པའི་འཁོར་བ་གཏན་མེད་དུ་འཇིག །རིག་པ་དངོས་མེད་ཟང་ཐལ་མེད་མེད་འདྲ་ཡང་། དོན་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལྷུན་གྲུབ་ཆེན་པོར་རྟོགས་པས། མྱ་ངན་ལས་འདས་ཏེ་རིག་པ་ཆོས་སྐུ་རང་ས་ཟིན་པར་བྱེད་དོ། །གནད་འདི་ནི་གལ་པོ་ཆེའོ།། །།

༈ གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ་གཉིས་ཏེ། རྫོགས་ཆེན་སྣང་མེད་པ་ཡེ་ཇི་བཞིན་པར་སངས་རྒྱས་པའི་ལུགས་དང་། སྣང་བཅས་པ་གཞི་སྣང་ཕྱིར་གསལ་དུ་ཤར་བ་ལ། སངས་རྒྱས་པར་འདོད་པའི་ལུགས་སོ། །

དང་པོ་ནི་གཞི་སྟོང་པ་ལས་མ་གཡོས་པར་རང་མལ་ཆོས་སྐུར་ཤེས་པའི་སྐད་ཅིག་ལ་སངས་རྒྱས་པར་འདོད་དེ། དགོངས་པ་བཀའ་བགྲོའི་རྒྱུད་ལས། དེའི་ཚེ་ཀུན་(༡༡༧)བཟང་ཆོས་དྲུག་གི། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡོད་པ་སྟོངས། །རིག་ཙམ་བྱུང་བས་རིག་སྒྲིབ་བརླག །སལ་གྱིས་གསལ་བས་མུན་གཡོགས་སངས། །ཝལ་གྱིས་བྱུང་བས་འཐིབ་པོ་མེད། །སྒྲོ་སྐུར་བྲལ་བས་མ་རིག་སངས། །འགྱུར་བ་མེད་པས་ནམ་མཁའ་འདྲ། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ན། །ཝལ་གྱིས་གསལ་བས་སྒྲོ་སྐུར་བྲལ། །ཞེས་སོ། །འདི་དག་གཞི་ཀ་དག་གི་རང་ངོ་ཐུགས་རྗེ་རིག་པས་སངས་རྒྱས་པར་བཞེད་དེ། སྣང་བཅས་པ་ནི་གཞི་སྣང་ལྷུན་གྲུབ་ཀྱི་རང་གདངས་རང་ངོ་ཤེས་པས། གཟུགས་སྐུ་ཆོས་སྐུ་རང་མལ་དུ་གཞི་ཐོག་ནས་སངས་རྒྱས་སོ། །དེ་ཡང་གཞི་ལྷུན་གྲུབ་གྱི་རང་གདངས་ཐུགས་རྗེ་སྐད་ཅིག་ལ་བྱེ་བྲག་ཕྱེད་ནས། གཉིས་པར་གྲོལ། གསུམ་པར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འབྲས་བུར་འཁྱིལ་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །འདི་གཉིས་ཀའང་གཞི་ལ་ཐུགས་རྗེ་ཤར་བས། གཡོས་པ་འདྲ་ལ། ཡུལ་ཕྱིར་མ་བཟུང་སྐད་ཅིག་ལ་རང་མལ་དུ་གྲོལ་བས་གཞི་ཐོག་ནས་སངས་རྒྱས་པར་དོན་གཅིག་གོ། །དེ་ཡང་ཤེས་རབ་རང་ཤར་རང་རིག་པས་གཞི་ལ་སངས་རྒྱས་ཏེ། ཀུན་གསལ་ལས། དེ་བཞིན་ཕྱོགས་ལྷུང་མེད་པའི་ཤེས་རབ་ཀྱིས། །མགོན་པོ་གཞི་ནས་རྫོགས་སངས་རྒྱས་པ་ལ། །བག་ཆགས་འཁྲུལ་པའི་དྲི་མ་ཀ་ནས་དག །ཅེས་སོ། །སྤྱིར་བར་དོ་ལ་སོགས་གར་གྲོལ་ཡང་། གཞི་ཐོག་ཏུ་གྲོལ་བ་ཡིན་མོད་ཀྱི། གཞི་ལས་སེམས་ཅན་དུ་འཁྲུལ་ནས་ཡང་གྲོལ་བ་ལ་ལྟོས་ནས་གཞི་ཐོག་ནས་གྲོལ་བ་ཡིན་ཡང་། གཞི་ཐོག་ནས་གྲོལ་བ་མ་ཡིན་པས། ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་མི་འདྲ་བར་ཤེས་པར་བྱའོ། །ལུགས་གཉིས་གཅིག་ཏུ་བསྡུ་བ་ནི། ལྷུན་གྲུབ་ཀྱི་གཞི་ལ། སྟོང་པ་དང་གསལ་བ་གཉིས་རང་སོ་དང་རང་གདངས་སུ་ཡེ་ནས་ཡོད་པ་དེ། ཐུགས་རྗེའི་ངོ་བོ་སྟོང་པ་ཆོས་སྐུར་རིག །རང་བཞིན་ལྷུན་གྲུབ་ལོངས་སྐུར་རིག །ཐུགས་རྗེའི་རང་ངོ་སྤྲུལ་སྐུར་རིག་ནས། རང་གསལ་ལས་མ་གཡོས་བཞིན་དུ་གཞི་ཐོག་ཏུ་སངས་རྒྱས་པ་ཡིན་ནོ། །དེ་ལ་ཀུན་ཏུ་བཟང་པོ་ནི་རང་མལ་ལས་མ་གཡོས་པར་ངོ་བོ་ཀ་(༡༡༨)དག་ཏུ་གྲོལ། རང་བཞིན་ལྷུན་གྲུབ་ཏུ་གྲོལ། ཐུགས་རྗེ་རང་རིག་ཏུ་གྲོལ་བས། སྣང་བཅས་སྣང་མེད་གཉིས་ཀ་ལྡོག་པས་ཕྱེ་བ་ལས། ངོ་བོ་རྫས་གཅིག་སྟེ། སྐུ་གསུམ་རང་མལ་དུ་དུས་གཅིག་ལ་གྲོལ་བའི་ཕྱིར་རོ། །ལུགས་གཉིས་པོ་སློབ་དཔོན་སྔ་མ་དག་སོ་སོར་འདོད་ཀྱང་། ཁོ་བོ་གཅིག་ཏུ་འདོད་དེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་སྣང་མེད་སྟོང་པ་ནང་དབྱིངས་སུ། རང་བཞིན་འོད་གསལ་སྣང་བ་རྩལ་དུ་ཤར་བ་དེ་གཉིས་གཞི་རང་མལ་འོད་རང་གདངས་སུ། ཐུགས་རྗེའི་རིག་ཚུལ་འཆར་གཞི་འཁོར་འདས་མ་འགགས་པས། ཕྱིས་ལ་ལྟོས་ནས་སྐྱོན་ཡོན་ལྟར་སྣང་ཡང་རང་དུས་གང་དུའང་མ་ཆད་པ། རང་ངོ་ཤེས་པས་ཡོན་ཏན་དུ་གྲོལ་ཏེ། གཞི་སྣང་ག་པུར་ལྟར་རྐྱེན་གྱིས་ཐ་དད་ངོ་བོ་གང་དུའང་མ་ཆད་རྟོགས་པས་སངས་རྒྱས་པས། ངོ་བོ་རང་བཞིན་གཉིས་རྟོགས་བྱ། ཐུགས་རྗེ་རྟོགས་བྱེད་དུ་ཤར་ཏེ། ལྷུན་གྲུབ་རིན་པོ་ཆེ་འབྲས་བུ་རང་ས་ཟིན་པ་ནི། ཀུན་གསལ་ལས། རང་རིག་གཅིག་ལས་མེད་བཞིན་དུ། །འཁོར་འདས་གཉིས་ལ་ཐ་དད་སྣང་། །ག་པུར་སྨན་དུག་དབྱེར་མེད་ཀྱང་། །སྨན་དང་དུག་ཏུ་སྣང་བ་བཞིན། །གཉིས་མེད་གཞི་སྣང་ཆེན་པོ་དེ། །གཉིས་མེད་ངང་ལས་མ་གཡོས་ཀྱང་། །ཡོན་ཏན་སྟོབས་ཀྱིས་སྣང་བའོ། །དུ་མར་སྣང་བ་ཡོད་ཏན་ལ། །འཁྲུལ་པར་སྣང་བ་སྐྱོན་ལྟར་བཤད། །རྟོགས་པས་སྐྱོན་ཉིད་ཡོན་ཏན་གྲོལ། །ཞེས་གསུངས་སོ།། །།

སྤྱི་དོན་གཉིས་པ། མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ།

༈ སྤྱི་དོན་གཉིས་པ་མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ་ལ་གཉིས་ཏེ། བསྐལ་པ་གསུམ་གྱི་རིམ་པ་སྤྱིར་བསྟན་པ་དང་། འཁྲུལ་ཚུལ་དངོས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི་རིག་པ་ལྷུན་གྲུབ་ཀྱི་གཞི་ལ་གཞི་སྣང་རང་ཆས་སུ་ཡོད་པ་དེ། ཐུགས་རྗེའི་རྩལ་དུ་ཡོད་པས་རང་གཡོས་ཏེ། ཕྱིར་སྣང་གདངས་སུ་ཤར་ནས་གཟུང་བས་འཁྲུལ་པ་ལ་བསྐལ་པ་གསུམ་རྩི་བ་ནི། གཞི་སྣང་དབྱིངས་ལས་མ་གཡོས་པ་བསྐལ་པ་དང་པོ། རང་གདངས་ཕྱིར་གསལ་བ་ལ་འཁྲུལ་ཡང་མ་འཁྲུལ་ཡང་། མ་གྲོལ་བར་དར་ཅིག་གནས་པ་བར་གྱི་བསྐལ་པ་དེ། མ་རིག་དངོས་སུ་མེད་ལ། རང་ངོ་མ་ཤེས་པའི་ཆ་མཚུངས་ལྡན་ཙམ་དུ་ཡོད་པས་མྱུ་གུའི་གནས་སྐབས་ཏེ། ཆ་ཡི་མ་རིག་པ་འོད་ལྔ་ནང་དུ་འགྲིབ་པར་ཕྱོགས་ཀྱང་། སེམས་ཅན་དུ་(༡༡༩)མ་འཁྲུལ་མ་བསྐྱེད་པས་མི་བསྐྱོད་རྡོ་རྗེ་རིག་པར་ཕྱེའོ། །གསལ་བའི་བདག་ཉིད་ཅན་ཞེས་བྱའོ། །དེ་ནས་འཛིན་པ་སྐྱེས་ནས་སེམས་ཅན་དུ་འཁྲུལ་དུས། བསྐལ་པ་ཐ་མ་ཞེས་བྱའོ། །དེ་ཐམས་ཅད་ཀྱི་གནས་སྐབས་ན་གཞི་རང་ངོ་ལ་སྔར་མ་འཁྲུལ། ད་ལྟ་འཁྲུལ་པ་མེད། ཕྱིས་འཁྲུལ་མི་སྲིད་པ་ཆོས་སྐུ་དྲི་མེད་ཟང་ཐལ་དུ་གནས་པ། ཉི་མ་ལ་མུན་པ་སྔ་ཕྱི་དུས་གསུམ་དུ་མེད་པ་ལྟ་བུའོ། །འོན་ཀྱང་རྐྱེན་ནམ། རྣམ་པ་ལ་འཁྲུལ་པར་སྣང་བ་སྤྲིན་གྱིས་བསྒྲིབས་པར་སྣང་བའམ། མན་ཤེལ་རས་གང་འཕྲད་དུ་དར་ཅིག་འགྱུར་འགྱུར་འདྲ་བ་བཞིན་ཏེ། བཤད་རྒྱུད་ལས། རིགས་ཀྱི་བུ་ལེགས་པར་ཉོན་ཅིག །གཞི་འགྱུར་བ་མེད་པ་ཡེ་ནས་སངས་རྒྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པས། སྔར་ཡང་འཁྲུལ་མ་མྱོང་། ད་ལྟར་ཡང་མ་འཁྲུལ་ལ། ཕྱིས་ཀྱང་འཁྲུལ་མི་སྲིད་དོ། །དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟ་བུའམ། མན་ཤེལ་རྐྱེན་གང་འཕྲད་པ་དེར་སྣང་ཡང་དག་པའི་སྟོབས་ཀྱིས་སྣང་མོད་ཀྱི་ཤེལ་ལ་མ་གོས་པ་བཞིན་ནོ། །ཞེས་སོ། །བསྐལ་པ་གསུམ་ཡང་དེ་ཉིད་ལས། རིགས་ཀྱི་བུ་དེ་ལ་མཚོན་པའི་ཚིག་བསྟན་པ། དང་པོ་གཞི་སྣང་གོང་དུ་གནས། སངས་རྒྱས་འོག་ཏུ་གནས། དེ་གཉིས་བར་དུ་རྩལ་སྦྱོར་བ། །བར་གྱི་བསྐལ་པར་བཤད་པ་ཡིན། །རང་གི་སོ་ལ་གནས་པས་ན། །མི་བསྐྱོད་པ་ཞེས་དེ་ལ་བྱ། །དེ་མ་ཡིན་ལ་དེ་འཛིན་གྱིས། །འོད་ལྔ་འགྲིབ་ཤིང་རིག་པ་སྟོང་། །མི་བསྐྱོད་རྡོ་རྗེ་ཡིན་པར་བཤད། །གྲོལ་མ་ནུས་པས་འཕྱེ་བོ་ཡིན། །ངོ་བོ་གསལ་ལ་མ་འགགས་ཀྱང་། །དངོས་སུ་གསལ་མ་ནུས་པས་ན། །མི་གསལ་གསལ་བའི་བདག་ཉིད་ཅན། །གཞི་ལས་འཕགས་ཀྱང་དངོས་༼སངས་རྒྱས་སེམས་ཅན་གང་རུང་མ་ཡིན། །བར་དུ་མྱུ་གུ་བཞིན་དུ་གནས། །མྱུ་གུར་བྱུང་ཞེས་དེ་ལ་བྱ། །དེ་ནི་ངས་བསྟན་རྒྱུད་ནང་དུ། །གང་བྱུང་དེ་ནི་ཤེས་པར་གྱིས། །ཞེས་པ་དང་། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པ། །ཚོགས་བརྒྱད་བཅས་ཕྱིར་སེམས་ཅན་ནོ། །དེ་ཡང་འགྱུར་བྱེད་ཀྱི་དབུགས་ཡོད་པས་རྟོགས་བྱེད་ཀྱི་སེམས་ཡོད་པར་བཤད་དོ། །ཞེས་སོ།། །།

༈ གཉིས་པ་འཁྲུལ་ཚུལ་དངོས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། བཤད་རྒྱུད་ལས། འཁྲུལ་ལུགས་(༡༢༠)རྒྱས་པར་ངས་བཤད་ཀྱི། །འཁྲུལ་པའི་གཞི་དང་རྒྱུ་དང་དུས། །འཁྲུལ་པའི་རྐྱེན་དང་འཁྲུལ་པ་དངོས། །ཞེས་པས། དང་པོ་འཁྲུལ་པའི་གཞི་ལ་གསུམ། ལྷུན་གྲུབ་ཀྱི་ཆོས་ཉིད་རིག་པ། འོད་ལྔ་རྣམས་ཕྱིར་གསལ་དུ་ཡུལ་དང་། སེམས་དང་ལུས་ཀྱི་འཁྲུལ་གཞིར་དང་པོ་དང་། བར་དང་། ཐ་མ་གསུམ་གྱིས་བཤད་ནས། འཁྲུལ་གཞིར་ཕྱོགས་ཙམ་མཐུན་པས་འཐད་པ་ཡང་། དེ་ཉིད་ལས། དང་པོ་འཁྲུལ་པའི་གཞི་བསྟན་པ། །དེ་ལ་ཡང་ནི་རྣམ་པ་གསུམ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །རིག་པ་སེམས་ཀྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་བསྟན། །དང་པོ་ཆོས་ཉིད་རིག་པ་སྟོང་། །བར་དུ་ཡེ་ཤེས་རྣམ་པར་ཤར། །ཐ་མར་འཛིན་རྟོག་བག་ཆགས་བརྟས། །དེ་ལས་སྙིགས་མ་མེད་བཞིན་སྣང་། །དེ་ནི་ཡུལ་གྱི་འཁྲུལ་གཞིར་བསྟན། །ད་ནི་སེམས་ཀྱི་འཁྲུལ་གཞི་བཤད། །དང་པོ་རིག་པ་འགགས་མེད་འགྱུས། །བར་དུ་གདངས་ལ་འཛིན་པ་སྐྱེས། །ཐ་མ་སེམས་ཀྱི་རྒྱུ་ཕྱུངས་པས། །དེ་ལས་སེམས་རྟོག་དུ་མ་ཤར། །སེམས་ཀྱི་གཞི་རུ་དེ་བསྟན་ནོ། །ད་ནི་ལུས་ཀྱི་འཁྲུལ་གཞི་བསྟན། །དང་པོ་རིག་པའི་ཀློང་ན་༼སྙིང་པོ་ལྔ་གསལ། །བར་དུ་ཆོས་ཉིད་ཀློང་ན་ཤར་༼སྐུ་ལྔ་པོ་དེ། །ཐ་མ་དེ་ལ་བག་ཆགས་པས། །གཟུགས་ཀྱི་ཕུང་པོ་རྡོས་བཅས་སྣང་། །ལུས་ཀྱི་འཁྲུལ་གཞི་དཔེ་བསྟན་ནོ། །གཞི་གསུམ་འཐད་པ་ངས་བཤད་ཀྱིས། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་རིག་མེད་བེམས་པོར་སྣང་། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར། །འོད་ལྔ་ཡུལ་གྱི་འཁྲུལ་གཞིར་འཐད། །ཁ་དོག་དབྱིབས་སུ་ཕྱོགས་མཐུན་ཕྱིར། །ཞེས་སོ། །སྤྱིར་གྱི་གཞི་ནི་ལྷུན་གྲུབ་ཡིན་ལ། འཁྲུལ་གཞི་ནི་དེ་ལས་བར་གྱི་བསྐལ་པར་ཤར་བའི་རིག་གདངས་ཡིན་པས་ཕྱེད་པ་གཅེས་སོ།། །།

༈ གཉིས་པ་འཁྲུལ་རྒྱུ་མ་རིག་པ་ལས། ངོ་བོ་ཤེས་པ་རྨོངས་པ། ངེས་ཚིག་མི་ཤེས་པ། དབྱེ་ན་རིག་པའི་ཆ་ལ་རང་ཉིད་ཡེ་ཤེས་སུ་མི་ཤེས་པའི་ཆས་ལྷན་ཅིག་སྐྱེས་པ་དང་། རང་ལས་གཞན་དུ་འཛིན་པ་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་སོ། །དཔེ་རྒན་མོ་ལོང་མས་ས་ཚུགས་མེད་པར་འཁྱམས་པ་ལྟ་བུའོ། །འཁྲུལ་(༡༢༡)ཚུལ་ནི། ཐག་པ་སྦྲུལ་འཛིན་ལྟར་རང་ངོ་ལ་མེད་ཀྱང་སྣང་ངོ་ལ་ཤར་བ་ལ་སོགས་པས་བཟུང་བས་འཁྲུལ་ལོ། །མིང་གི་རྣམ་གྲངས་མ་རིག །གཏི་མུག །མི་ཤེས། མ་རྟོགས། མ་མཐོང་། འཁྲུལ་པ། ཕྱིན་ཅི་ལོག་ཅེས་པ་སྟེ། ཀུན་གསལ་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་ཚུལ་དང་བརྗོད་ཚིག་བསྟན། །རིགས་ཀྱི་བུ་མ་རིག་པའི་ངོ་བོ་ནི། གཏི་མུག་དང་། དེ་མ་ཡིན་པ་ལ་དེར་འཛིན་པའོ། །ངེས་ཚིག་ནི། དོན་ལ་རྨོངས་པའི་ཕྱིར་མ་རིག་པའོ། །དབྱེ་ན་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གང་ལས་གང་དང་། གང་ལྷན་ཅིག་ཏུ་སྐྱེས་ན། གང་གིས་གང་མ་རིག་ཅེ་ན། རིགས་ཀྱི་བུ་གང་ལས་ཞེ་ན། གཞི་འཛིན་པའི་རིག་པ་ལས་སོ། །གང་དང་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་རིག་པ་གཉིས་སོ། །གང་ཞེ་ན། བཅོས་པས་མ་འཆོས་པའི་ཆོས་ཉིད་ཀློང་དུའོ། །གང་གིས་གང་མ་རིག་ཅེ་ན། རང་བཞིན་གྱི་འོད་བྱད་ལྟ་བུས། གཟུགས་བརྙན་གྱི་འོད་བྱད་ཀྱི་རྣམ་པ་མེ་ལོང་ལ་སྣང་བ་ལྟ་བུ་དེ་མ་རིག་གོ། །དོན་དེས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །ཀུན་ཏུ་བརྟགས་པ་ནི་ཡུལ་ལ་རྟོགས་པ་རགས་སུ་སྐྱེས་ཏེ། སྐད་ཅིག་མ་སྔ་ཕྱིའི་ཚུལ་ལོ། །དཔེ་ནི་རྒན་མོ་ལོང་མ་དང་འདྲའོ། །ཀྱེ་མ་རིགས་ཀྱི་བུ་མ་རིག་པ་དེ་ཡང་། ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། འོ་ན་ཇི་ལྟ་བུར་ཞེ་ན། ཐོ་ཡོར་རམ། ཐག་པ་ལ་སྦྲུལ་དང་། མི་མེད་ཡང་རྒྱུས་མེད་པ་དང་། སྔར་སུན་པའི་མི་ལ་དགྲར་སྣང་བའམ། རྣམ་པ་ཐག་པ་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་ནི་ཡང་དག་པར་མེད་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པའོ། །རིགས་ཀྱི་བུ་དཔེ་དེ་བཞིན་དུ། མ་རིག་པ་དངོས་སུ་མེད་ལ་ཉམས་ལ་ཡོད་པའོ། །དེ་ཅིས་བྱུང་ཞེ་ན། ལུས་ཀྱི་མཐའ་མ་རྫོགས་པས། ཤེས་རབ་ཀྱི་རྩལ་མ་རྫོགས། མཐོང་བའི་ཡུལ་ཡེ་ཤེས་ཀྱི་གདངས་འོད་ལྔ་ལ་ཤེས་པའི་དྲན་པ་མ་སད་དོ། །དེ་སད་མ་གཡོས་པའི་ངང་ཀུན་ཏུ་བཟང་པོ་ལས། དེའི་རང་བཞིན་ཡེ་ཤེས་ཀྱི་འབྱུང་བ་ཡུལ་ལ་མ་འགགས་པར་སྣང་བ་ལ། སྔར་མཐོང་མ་མྱོང་བས་དེ་ལ་ང་ཡིས་ཡིད་འགྲོགས་ཏེ། རང་སྣང་ཆེན་(༡༢༢)པོ་རྟོགས་པའི་མཐའ་མ་ཆོད་པའོ། །རིགས་ཀྱི་བུ་མ་རིག་པའི་གཏན་ཚིགས་སོ། །མ་རིག་པ་དང་། གཏི་མུག་དང་། མ་ཤེས་པ་དང་། མ་རྟོགས་པ་དང་། དོན་མ་མཐོང་བ་དང་། འཁྲུལ་པ་དང་། ཕྱིན་ཅི་ལོག་ལ་སོགས་པ། གར་བྱུང་ཡང་མ་རིག་པ་ཉིད་དུ་བཤད་དོ། །ཞེས་སོ། །

གསུམ་པ་འཁྲུལ་དུས་ནི། གཞི་སྣང་རང་བཞིན་གྱི་འོད་གསལ་ལས། རང་གདངས་གཟུགས་བརྙན་གྱི་འོད་ཤར་དུས། འཛིན་པ་སྐྱེས་ནས་འཁྲུལ་ཏེ། དེ་ཉིད་ལས། ཀྱེ་གསང་བའི་བདག་པོ། འཁྲུལ་པའི་དུས་ནི་རང་རིག་ཡུལ་ལ་ཤར་ཏེ་འཛིན་པ་སྐྱེས་པའི་དུས་སོ། །ཞེས་སོ།། །།

༈ བཞི་པ་འཁྲུལ་པའི་རྐྱེན་ལ་བཞི། རྒྱུ་ཡི་རྐྱེན་རིག་པ་རང་བཞིན་གྱི་འོད་ཅན། བདག་པོའི་རྐྱེན་གཟུགས་བརྙན་གྱི་འོད་རང་ལས་ཤར་བ། དམིགས་པའི་རྐྱེན་ལ་ཡུལ་དུ་འཛིན་པའི་རྟོག་པ་སྐྱེས་པ། དེ་མ་ཐག་རྐྱེན་དེ་གསུམ་དུས་མཚུངས་པ་སྟེ། རང་བཞིན་གྱི་འོད་གསལ་མ་ནུས། གཟུགས་བརྙན་གྱིས་འོད་ལ་བག་ཆགས་པས་འཁྲུལ་ལོ།། །།

༈ ལྔ་པ་འཁྲུལ་པ་དངོས་ནི། སེམས་ཅན་དུ་སྨིན་ནས་སྣོད་བཅུད་དུ་སྨིན་པ་སྟེ། གཟུགས་བརྙན་གྱི་འོད་(༡༢༢)ལྔ་ལ་བག་ཆགས་པས་སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་ལ་སོགས་པ་འགྲོ་དྲུག་སོ་སོའི་ཡུལ་ཁམས་སུ་སྣང་བ་དང་། འོད་ཀྱི་ཐིག་ལེ་སྒོ་ང་ལྟ་བུ་ལ་འཛིན་པ་སྐྱེས་པས་ལུས་སུ་འཁྲུལ་ཏེ། འོད་ལྔའི་ཐིག་ལེ་འབྱུང་བཞི་ནམ་མཁའ་དང་བཅས་པ་ལས་ཕུང་པོ་ལྔའི་བག་ཆགས་གྲུབ་པོ། །འདི་ལ་སྒོང་སྐྱེས་ཟེར་ཡང་བྱ་ཡི་སྒོ་ང་མ་ཡིན་ལ། ཤེད་བུ་ཤེད་གྲོགས་ཟེར་ཡང་། འཛམ་གླིང་དུ་དང་པོ་བྱུང་བའི་ལྷ་གཉིས་ལ་མི་ཟེར། འོད་ཀྱི་སྒོ་ང་ལ་འཛིན་པ་སྐྱེས་ནས། སེམས་ཅན་ཕོ་མོར་ཤར་བའི་མིང་ངོ་། །དེ་ཡང་རིག་པའི་ངང་ནས་འོད་དང་ཐིག་ལེ་ཤར་བ་ལ་བག་ཆགས་པས་ཡུལ་དང་ལུས་སུ་གྲུབ་པའོ། །དེ་ནས་སྐྱེ་བ་བཞི་དང་། འགྲོ་བ་དྲུག་ལ་སོགས་པ་ཐ་དད་འཁྲུལ་པའི་ཆོས་སུ་སྣང་སྟེ། ཀུན་གསལ་ལས། དེ་དུས་གཟུང་འཛིན་རྣམ་རྟོག་གིས། །རང་བཞིན་འོད་ལྔ་གསལ་མ་ནུས། །གཟུགས་བརྙན་ལྔ་ལ་བག་ཆགས་པས། །མཚོ་དར་ཞོ་ལ་སྤྲིས་ཆགས་ལྟར། །གླིང་བཞིར་རི་རབ་གླིང་ཕྲན་རྣམས། །དེ་ཡི་བཅུད་ལས་སྲིད་པའི་སྒོ་ང་དང་། །རྩི་ཤིང་ནགས་ཚལ་སྨན་དང་མེ་ཏོག་འཁྲུངས། །རླན་དང་དྲོད་(༡༢༣)ལས་སྐྱེས་པ་ཡིན། །ཞེས་པ་དང་། ནམ་མཁའ་སྟོང་ལ་རླུང་འགྱུ་བཞིན། །ཡིད་ཀྱི་རླུང་ཆེན་ཀུན་ཏུ་འགྱུ། །སྤྱན་གྱི་སྦྱོར་བས་སྲིད་པའི་སྒོ་ང་མཐོང་། །ཐུགས་ཀྱི་སྦྱོར་བས་སྒོ་ང་ལེགས་པར་མཁྱེན། །ཞལ་གྱི་སྦྱོར་བས་དེ་ལ་ཆགས་སེམས་སྐྱེས། །རིག་པ་ཡིད་དང་བཅས་པ་བཞུགས། །སེམས་ཅན་ཕོ་མོ་གཉིས་སུ་སྨིན། །སྐྱེ་བ་བཞི་ལས་སྒོང་སྐྱེས་ཡིན། །ཆེན་པོ་ལྔ་ཡི་ཕུང་པོ་བརྟེན། །དེ་ལ་འབྱུང་བ་ལྔ་རྫོགས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ། །ཤེད་བུ་ཤེད་ལ་གྲོགས་སུ་གྲགས། །དེ་ལས་མངལ་ལས་སྐྱེ་བ་བྱུང་། །མི་མཇེད་འཇིག་རྟེན་རིམ་པར་ཆགས། །ཉོན་མོངས་རགས་ཤིང་འབྲས་བུ་ངན། །མཐའ་མ་མནར་མེད་གནས་ལ་ཐུག །ཅེས་སོ། །དེའང་རང་བཞིན་གཟུགས་བརྙན་གྱི་འོད་ཤར་དུས། སྐུ་ལྔའི་གདངས་འོད་ཀྱི་བུམ་པ་ལྔ་ལས། ཐིག་ལེ་སྣང་བ་ལ་སྨིན་པའི་སྣང་བ་སྟེ། དེ་ལ་བག་ཆགས་པས། འོད་ལྔ་ཡུལ། ཐིག་ལེ་ལུས་ཀྱི་རྟེན་དུ་འཁྲུལ་པ་ལས། ཉམས་སུ་ལེན་དུས་འོད་དང་ཐིག་ལེ་གོང་འཕེལ་ལས། འོད་ཞིང་ཁམས་སུ་གྲོལ། ཐིག་ལེ་སྐུར་སྨིན་ནས། ལུས་རྡོས་པ་དང་ས་རྡོའི་འཁྲུལ་པ་དག་སྟེ། མཐར་རང་བཞིན་འོད་ཀྱི་བུམ་པ་ལྔ། ནང་གསལ་དུ་གྲོལ་བའི་གནད་དེ། དེས་ན་འོད་ལ་བཟུང་བས་གཟུགས་བརྙན་གྱི་འོད་ཐིག་ལེ་དང་བཅས་པ་རང་མལ་ཏེ། དེའི་བག་ཆགས་བརྟན་པས་སྣོད་བཅུད་བདེ་སྡུག་ཏུ་སྣང་བ་འདི་ཡིན་ནོ།། །།

སྤྱི་དོན་གསུམ་པ། འཁྲུལ་དུས་དགོངས་པའི་གནས་ཚུལ།

༈ སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ་བསྟན་པ་ལ་ལྔ་སྟེ། བསྐལ་པ་ཐ་མའི་ཆོས་སྤྱིར་བསྟན། འབྱུང་བའི་ཆོས་བྱེ་བྲག་ཏུ་བཤད། སྐུ་དང་ཡེ་ཤེས་ཀྱི་དགོངས་པ་བསྟན། སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བརྗོད། ངེས་དོན་མཐུན་པའི་རྣམ་གྲངས་དགོད་པའོ། །

དང་པོ་ལ་བཅུ་གསུམ་སྟེ། ཕུང་པོ་ལྔ། དབང་པོ་ལྔ། རྟེན་ལྔ། ཤེས་པ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད། འགྲོ་བ་དྲུག །སྐྱེ་བ་བཞི། ལམ་ལྔ། གནས་དྲུག །ཉོན་མོངས་པ་དྲུག །རྟེན་འབྲེལ་བཅུ་གཉིས། རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །དང་པོ་ནི་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོ་ལྔའོ། །གཉིས་པ་ནི། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལྔའོ། །གསུམ་པ་(༡༢༤)ནི། མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་རྟེན་གྲོ་ག་གཅུས་པ་ལྟ་བུ། སྣའི་དབང་རྟེན་ཟངས་མའི་སྦུ་གུ་གཤིབས་པ་ལྟ་བུའོ། །ལྕེའི་དབང་རྟེན་ཟླ་བ་གམ་པ་ལྟ་བུའོ། །ལུས་ཀྱི་དབང་རྟེན་རེག་ན་འཇམ་པའི་པགས་པ་ལྟ་བུ་དང་ལྔ་ནི་ཡུལ་ལྔ་མཐོང་བའི་རྟེན། དབང་ཤེས་ཡུལ་ལ་ཤར་བའི་སྒོ་བྱེད་པས་སྒོ་ལྔའོ། །བཞི་པ་ནི། གཟུགས་འཛིན་པ་མིག་གི་རྣམ་ཤེས། སྒྲ་འཛིན་པ་རྣ་བའི་རྣམ་ཤེས། དྲི་འཛིན་པ་སྣའི་རྣམ་ཤེས། རོ་འཛིན་པ་ལྕེའི་རྣམ་ཤེས། རེག་བྱ་འཛིན་པ་ལུས་ཀྱི་རྣམ་ཤེས་དང་ལྔའོ། །ཡུལ་གྱི་རྣམ་པར་ཤེས་པས་རྣམ་ཤེས་ཏེ། དེ་དང་འདྲ་བ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ནི། གཟུགས། སྒྲ། དྲི། རོ། རེག །ཆོས། མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་མཆེད་དེ། ཡུལ་དྲུག་གི་རྣམ་པར་ཤེས་པ་ལ། ཤེས་པ་དྲུག་འཆར་ཞིང་མཆེད་པ་དང་། སྔ་མ་ལས་ཕྱི་མ་སྐྱེ་ཞིང་། མཆེད་པས་སྐྱེ་མཆེད་དོ། །ཁམས་བཅྭ་བརྒྱད་ནི། ཡུལ་དྲུག །དབང་པོ་དྲུག །དབང་ཤེས་དྲུག །སྤེལ་བ་སྟེ། མིག་དང་། གཟུགས་དང་། (༡༢བན)མིག་གི་རྣམ་པར་ཤེས་པ་དང་། ལྕེའི་ཡིད་ཀྱི་བར་ལ་སྦྱོར་རོ། །མང་ཞིང་རྒྱ་ཆེ་བས་ཁམས་ཞེས་བྱའོ། །འགྲོ་བ་དྲུག་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷའི་འགྲོ་བའོ། །མི་རྟག་ཅིང་གཅིག་ནས་གཅིག་ཏུ་འཕོ་ཞིང་འགྲོ་བའི་སེམས་ཅན་ཡིན་པས་འགྲོ་བ་ཞེས་བརྗོད་དོ། །སྐྱེ་བ་བཞི་ནི། སྒོང་སྐྱེས། མངལ་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་སོ། །ཤེས་པའི་རྟེན་ལུས་ཀྱི་སྣང་བ་ཙམ་སྐྱེ་བ་སྣང་བའི་ཕྱིར་རོ། །ལམ་ལྔ་ནི། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོག་པའི་ལམ། བྱོལ་སོང་མུན་པའི་ལམ། མི་འདམ་པའི་ལམ། ལྷ་ཡེངས་པའི་ལམ་མོ། །རང་ས་དཔེ་ད་ལྟ་དང་ཕྱིས་ཀྱི་བདེ་སྡུག་ཏུ་བགྲོད་ཅིང་ཕྱིན་པར་བྱེད་པས་ལམ། རིགས་མི་འདྲ་བ་ལྔ་ཡོད་པས་ན་ལམ་ལྔའོ། །ལྷ་མིན་ནི་འདོད་ལྷར་བསྡུས་པའོ། །གཞུང་ཁ་ཅིག་ལས་སྟོད་རིགས་ལྷ། སྨད་རིགས་དུད་འགྲོར་ཡང་བཤད་དོ། །གནས་དྲུག་ནི། དམྱལ་བ་བཟོད་ལྡན་གྱི་གནས། ཡི་དྭགས་ཡིད་ལྡན་གྱི་གནས། བྱོལ་སོང་སྙོམས་ལྡན་གྱི་གནས། མི་འདོད་ལྡན་གྱི་གནས། ལྷ་མིན་རྩོད་ལྡན་གྱི་གནས། ལྷ་དགའ་ལྡན་(༡༢༥)གྱི་གནས་སོ། །ས་དེར་བརྟེན་པས་ན་གནས་ཞེས་བྱའོ། །ཉོན་མོངས་པ་དྲུག་ནི། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག །ཁོང་ཁྲོ། སྡུག་བསྔལ་ལ་སྦྱོར་བར་བྱེད་པ་ཐ་མའི་སེམས་སུ་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །གཅིག་ལ་གཅིག་བརྟེན་རྒྱུ་རྐྱེན་འབྲེལ་ཆགས་སུ་འབྱུང་བས། འཁོར་བ་ལུགས་འཇུག་ཏུ་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་ཤེས་ཚོགས་བརྒྱད་ནི། ཀུན་གཞིའི་རྣམ་ཤེས། ཡིད་ཤེས། ཉོན་ཡིད། སྒོ་ལྔའི་རྣམ་ཤེས་དང་བརྒྱད་དོ། །གཞན་ཡུལ་གྱི་རྣམ་པར་ཤེས་པ་སེམས་ཡིན་པས་རྣམ་ཤེས་ཞེས་བཏགས་སོ། །བརྒྱད་ནི། ནང་ཚན་མི་འདྲ་བའི་བྱེ་བྲག་གོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་ནི། སེམས་ཀྱི་ཀུན་འགྲོར་ལྡན་པ་དེའི་ཁོངས་སུ་བསྡུས་ཏེ། མདོར་ན་ཁམས་གསུམ་སྣོད་བཅུད་དུ་སྣང་བ་འཁྲུལ་པའི་ཆོས་ཐམས་ཅད་བསྐལ་པ་ཐ་མར་བརྗོད་དོ། །ཀུན་གསལ་ལས། ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པ། །ཚོགས་བརྒྱད་བཅས་ཕྱིར་སེམས་ཅན་ནོ། །དེ་ཡང་འགྱུ་བྱེད་ཀྱི་དབུགས་ཡོད་པས་རྟོགས་བྱེད་ཀྱི་སེམས་ཡོད་པར་བཤད་དོ། །ཕུང་པོ་ཞེས་མང་པོར་འདུས་པའི་དོན་ནོ། །ཁམས་ཞེས་པ་མཚན་མའི་ཆོས་ཉིད་ཅན་དུ་བཤད་དོ། །མཚན་མར་སྐྱེ་བའི་ཕྱིར་སྐྱེ་མཆེད་དུ་བཤད་དོ། །སོ་སོར་ཡང་དག་པའི་སྒོ་གསལ་ཞིང་རང་རང་གི་ཡུལ་ལ་དབང་བའི་ཕྱིར། དབང་པོར་བཤད་དོ། །ཁ་དོག་དང་དབྱིབས་སུ་སྣང་བའི་ཕྱིར། གཟུགས་ཞེས་བརྗོད་དོ། །འབྱུང་བ་རྐྱང་པ་འདུས་པའི་སྒྲ་དང་། འབྱུང་བ་བརྩེགས་མའི་སྒྲ་དང་། དེ་གཉིས་འབྲེལ་བ་ལས་བྱུང་བ་ནི་སྒྲ་ཞེས་བཤད་དོ། །སྣའི་ཡུལ་དུ་གྱུར་པས་དྲི་ཞེས་བཤད་དོ། །ལྕེའི་ཡུལ་དུ་གྱུར་པས་རོ་ཞེས་བཤད་དོ། །ལུས་ཀྱི་ཡུལ་དུ་གྱུར་པས་རེག་ཅེས་བཤད་དོ། །དུ་མར་མྱོང་བའི་ཕྱིར། ཚོར་བ་ཞེས་བཤད་དོ། །ཡུལ་ལ་མཚན་མར་འཛིན་པའི་ཕྱིར། འདུ་ཤེས་སུ་བཤད་དོ། །ཐམས་ཅད་ནས་བྱེད་པ་དང་། རྒྱུ་(༡༢༦)རྐྱེན་ལས་བྱུང་བའི་ཕྱིར། འདུ་བྱེད་དུ་བཤད་དོ། །རྣམ་པར་རིག་པའི་ཕྱིར། རྣམ་པར་ཤེས་པར་བཤད་དོ། །གློ་བུར་དུ་སྨིན་པའི་ཕྱིར། རླན་ལས་སྐྱེ་བར་བཤད་དོ། །རྫོགས་པར་སྨིན་པའི་ཕྱིར། བརྫུས་ཏེ་སྐྱེ་བར་བཤད་དོ། །རིམ་པར་སྨིན་པའི་ཕྱིར། མངལ་ལས་སྐྱེ་བར་བཤད་དོ། །རྒྱུར་དེ་སྨིན་པའི་ཕྱིར། སྒོ་ང་ལས་སྐྱེ་བར་བཤད་དོ། །དམྱལ་བ་གདུང་བའི་ལམ་དང་། ཡི་དྭགས་འགོག་པའི་ལམ་དང་། བྱོལ་སོང་གཏི་མུག་མུན་པའི་ལམ་དང་། མི་འདམ་པའི་ལམ་དང་། ལྷ་གཡེང་བའི་ལམ་མོ། །བགྲོད་པར་བྱ་བའི་ཕྱིར་ལམ་ཞེས་བརྗོད་དོ། །དམྱལ་བ་བཟོད་ལྡན་གྱི་གནས་སོ། །ཡི་དྭགས་ཡིད་ལྡན་གྱི་གནས་སོ། །བྱོལ་སོང་སྙོམས་ལྡན་གྱི་གནས་སོ། །མི་འདོད་ལྡན་གྱི་གནས་སོ། །ལྷ་མ་ཡིན་རྩོད་ལྡན་གྱི་གནས་སོ། །ལྷ་དགའ་ལྡན་གྱི་གནས་སོ། །བརྟན་པའི་ཕྱིར་གནས་ཞེས་བཤད་དོ། །རིགས་ཀྱི་བུ་དེ་དག་གི་རྒྱུ་ནི་ཉོན་མོངས་པ་སྟེ། ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ཀྱི་དོན་མ་ཤེས་པས་མ་རིག་པར་བཤད་དོ། །ཞེན་པའི་ཕྱིར་འདོད་ཆགས་སུ་བཤད་དོ། །ཁེངས་པའི་ཕྱིར་ང་རྒྱལ་དུ་བཤད་དོ། །འཁྲུགས་པའི་ཕྱིར་ཞེ་སྡང་དུ་བཤད་དོ། །མནར་སེམས་པའི་ཕྱིར་ཁྲོ་བར་བཤད་དོ། །དེ་དག་ནི་རྒྱུ་དྲུག་གོ། །དེ་ལས་ངོ་བོ་དྲུག་དང་འབྲས་བུ་དྲུག་ཏུ་སྨིན་པའོ། །ཀྱེ་གསང་བའི་བདག་པོ་དེ་རྣམས་ནི་འགྲོ་དྲུག་ད་ལྟ་གནས་པའི་ཆོས་ཏེ། རྒྱུད་གར་བྱུང་ཡང་བསྐལ་པ་ཐ་མའི་ཆོས་སུ་འདིར་བཤད་པ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདི་དག་ལས་དང་ཉོན་མོངས་པ་ལ་བརྟེན། དེ་སེམས་ལ་བརྟེན། དེའི་རྩ་བ་རིག་པ་ནམ་མཁའ་ལྟ་བུ་ལ་བརྟེན་པས། དཔྱད་ན་རྟེན་དང་གནས་མེད་པ་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རང་བཞིན་མེད་ལ་རིག་པ་འགྱུར་བ་མེད་པ་སྟེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདིར་ཉེ་བར་གོས་པ་མེད། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མ་ཚིག །ས་ནི་ཆུ་ལ་ཆུ་རླུང་ལ། །(༡༢༧)རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་ནི་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱིས། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བ་ལྟར། །རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་བཞིན་རྐྱེན་མི་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེད། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་ཆགས་པ་དང་། །སྐྱེ་དང་འཇིག་པར་གྱུར་པ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་ཡིན་རྟོག་ལས་བྱུང་འདོད་ཆགས་སྩོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པ་དང་། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཀུན་ཏུ་དབེན་པ་དེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །

གཉིས་པ་འབྱུང་བའི་ཆོས་བྱེ་བྲག་ཏུ་བཤད་པ་ལ། ངོ་བོ། ངེས་ཚིག །དབྱེ་བ། དཔེ། མཚན་ཉིད། ཤར་ལུགས། གྲོལ་ལུགས་དང་བདུན་ལས། འབྱུང་བའི་ངོ་བོ་ནི། གཞི་སྣང་ལས་འཁོར་འདས་འབྱུང་བའི་རྩལ་མ་འགགས་པར་སྣང་བ། དྭངས་མའི་ངོ་བོ་ཡེ་ཤེས་ལྔའི་རང་གདངས་སུ་སྣང་བ། སྙིགས་མའི་ངོ་བོ་ས་ཆུ་མེ་རླུང་ནམ་མཁའི་སྣང་བའོ། །ངེས་ཚིག་ནི་གདངས་ལ་རོལ་པ་མ་འགགས་པར་(༡༢༨)འབྱུང་བས་འབྱུང་བའོ། །ནང་ཡེ་ཤེས་ཀྱི་རང་སྣང་དག་པས་དྭངས་མ་དང་། ཕྱི་བག་ཆགས་འཁྲུལ་པར་བྱུང་བས་སྙིགས་མའི་འབྱུང་བ་ཞེས་བྱའོ། །དབྱེ་ན་བཞི་སྟེ། དྭངས་མ། སྙིགས་མ། དྭངས་མའི་སྙིགས་མ། སྙིགས་མའི་དྭངས་མའོ། །དྭངས་མ་ནི་ལྷུན་གྲུབ་ཀྱི་འབྱུང་ཆེན་ལྔ་སྟེ། སྲ་བ་མེད་པའི་ས། གཤེར་བ་མེད་པའི་ཆུ། ཚ་བ་མེད་པའི་མེ། གཡོ་བ་མེད་པའི་རླུང་། ཁྱབ་པ་མེད་པའི་གདངས་ཅན་ནམ་མཁའ་འོ། །བྱེད་ལས་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་བྱེད་པས། གསང་འབྱུང་ཡེ་ཤེས་རྣམ་པར་དག་པའོ། །སྙིགས་མ་ནི་ཕལ་ཆེར་རིག་ཤེས་དང་བཅས་པའོ། །སྲ་བ་ས། གཤེར་བ་ཆུ། ཚ་བ་མེ། གཡོ་བ་རླུང་། ཁྱབ་པ་ནམ་མཁའ་སྟེ། ནང་འབྱུང་ལུས་ཀྱི་རྟེན་དུ་གྱུར་པའོ། །དྭངས་མའི་སྙིགས་མ་ཤ་རུས་ས། ཁྲག་དང་ཆུ་སེར་ཁུ་བ་ཆུ། དྲོད་མེ། དབུགས་རླུང་། ནང་གི་ཁོང་སྟོང་ནམ་མཁའོ། །སྙིགས་མའི་དྭངས་མ་ལ། སྙིགས་མ་ཕྱིའི་འབྱུང་གཟུགས་ས་ཆུ་མེ་རླུང་ནམ་མཁར་སྣང་བ་དང་ལྔའོ། །དེའི་དྭངས་མ་འཇའ་ཚོན་ལྔའོ། །བསྡོམས་པས་སྙིགས་མའི་དྭངས་མའོ། །དཔེ་ནི། ཉི་མའི་འོད་ཟེར་སྣང་བའམ། ཤེལ་ལས་འོད་སྣང་བ་ལྟ་བུའོ། །མཚན་ཉིད་ལ། སྤྱིའི་གང་ཞིག་གང་ལས་བྱུང་། བྱེ་བྲག་གི་མཚན་ཉིད་ལ་གཉིས་ལས། ཡེ་ཤེས་ཀྱི་འབྱུང་ཆེན་ལྔའི་མཚན་ཉིད། རིག་པའི་རང་གདངས་ཁ་དོག་ལྔས་སྐུ་དང་སྣང་བའི་ཆ་འཛིན་ཞིང་མཆེད་གཞིར་གནས་པས་དབྱེ་ན། སྲ་བ་མེད་པར་བརྟན་པ། གཤེར་བ་མེད་པར་སྡུད་པ། གཡོ་བ་མེད་པར་བསྐྱོད་པ། ཚ་བ་མེད་པར་བསྲེགས་པ། ཁྱབ་པ་མེད་པའི་གདངས་ཅན་དེ། ཡེ་ཤེས་ལྔའི་འབྱུང་ཆེན་ནི། ས་སངས་རྒྱས་སྤྱན། ཆུ་མ་མཱ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མ་སྟེ། ཡུམ་ལྔ་དག་པའི་ཀློང་ན་རིགས་ལྔའི་སངས་རྒྱས་ཐམས་ཅད་བཞུགས་ལ། དེའི་གདངས་གཟུགས་བརྙན་གྱི་འོད་ལས་སྙིགས་མ་ལྔར་སྣང་བ་ཡང་ཡུམ་ལྔའི་གདངས་སམ་རྩལ་ལས་ཤར་བར། ཡུམ་ལྔའི་རྣམ་དག་ཏུ་སྦྱོར་བའི་དབྱིངས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་པས། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་ཞེས་བྱའོ། །སྙིགས་མའི་འབྱུང་ལྔའི་མཚན་ཉིད། གཟུགས་བརྙན་གྱི་འོད་ལས་(༡༢༩)སོ་སོའི་ཆར་འབྱུང་བཞིར་སྣང་ཞིང་། ཆོས་གཞན་འབྱུང་བའི་དབྱིངས་སུ་གནས་པ་དབྱེ་ན། སྲ་ཞིང་བརྟན་པ། གཤེར་བ། ཚ་བ། གཡོ་བ། ཡངས་པས་གོ་འབྱེད་པ་སྟེ། རྨི་ལམ་གྱི་འབྱུང་བ་ལྟ་བུས། སྣོད་བཅུད་ཀྱི་རྟེན་དང་འབྱུང་གནས་བྱེད་པའོ། །ཤར་ལུགས་གཉིས་ལས། དྭངས་མ་ལྔ་ནི། རང་བཞིན་གྱི་འོད་ལྔ་སྙིང་པོ་འོད་ལྔའི་ཀློད་དུ་ཡེ་ནས་ཤར་བ་ཤེལ་གྱི་ནང་འོད་ལྟ་བུ་ལས། གཟུགས་བརྙན་གདངས་ཀྱི་འོད་ཡེ་ཤེས་རླུང་གིས་བསྐྱོད་པས་རང་ཤར་བའོ། །སྙིགས་མའི་ཤར་ལུགས་གཟུགས་བརྙན་གྱི་འོད་ལས་སྙིགས་མ་ཤར་ཏེ། སྲ་བ་མེད་པ་སའི་འོད་དཀར་པོ་ལས་སྲ་བའི་ས་ཤར། གཤེར་བ་མེད་པའི་ཆུ་འོད་སེར་པོ་ལས་གཤེར་བའི་ཆུ་ཤར། ཚ་བ་མེད་པའི་མེ་འོད་དམར་པོ་ལས་ཚ་བའི་མེ་ཤར། གཡོ་བ་མེད་པའི་རླུང་གི་འོད་ལྗང་གུ་ལས་གཡོ་བའི་རླུང་ཤར། ཁྱབ་པ་མེད་པའི་ནམ་མཁའི་འོད་མཐིང་ཀ་ལས་ཁྱབ་ཅིང་གོ་འབྱེད་པའི་ནམ་མཁར་ཤར་རོ། །གྲོལ་ལུགས་ནི་དང་པོ་གང་ལས་ཤར་བ་དེའི་ངང་ལས་གྲོལ་བ་སྟེ། འབྱུང་བ་མ་ལ་ཞ་དགོས་པའི་ཕྱིར་རོ། །དེ་ཡང་སྙིགས་མའི་འབྱུང་བ་ལྔ་གཟུགས་བརྙན་གྱི་ངང་དུ་གྲོལ་ཏེ། སྣང་སྲིད་ཞིང་ཁམས་གསུམ་སྣང་བའི་དུས་སུ་འཁྲུལ་སྣང་ནུབ་པའོ། །གཟུགས་བརྙན་གྱི་འོད་རང་བཞིན་དྭངས་མའི་འོད་ལྔ་སོ་སོའི་ངང་དུ་ཐིམ་པས། འོད་གསལ་ཞིང་ནང་དུ་ཤར་བ། གཞི་རང་མལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཁྱིལ་བ་རིག་པ་རང་ས་ཟིན་པའི་དུས་སོ། །དེས་ན་འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །མཚམས་བཞི་བླ་དང་སྟེང་འོག་གྲུབ། །མ་ངེས་ཁ་དོག་ཁྱད་པར་ལས། །རིགས་ཀྱི་ཁྱད་པར་སོ་སོར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་ལས་གཙོ་ཆེན་ཡིན། །ཞེས་སོ། །ཀུན་བྱེད་དུ་གསུངས་པ་བཞིན་ནོ། །ཚུལ་དེ་དག་རྒྱས་པར་ཀུན་གསལ་ལས། འབྱུང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་བཅས་པ་རྣམས། །ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུངས། །ངོ་བོ་ནི་དབྱེ་བའི་སྒོ་ནས་བསྟན་ཏེ། འབྱུང་བའི་དྭངས་མ་དང་སྙིགས་མའོ། །དྭངས་མའི་ངོ་བོ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །སྙིགས་མའི་ངོ་བོ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །(༡༣༠)འབྱུང་བའི་ངེས་ཚིག་ནི་རིག་པའི་རྩལ་དུ་འབྱུང་ཞིང་། རྩལ་ལས་འཁོར་འདས་སུ་འབྱུང་བའི་ཕྱིར་འབྱུང་བའོ། །དབྱེ་ན་མུ་བཞི་སྟེ། དྭངས་མ་དང་། སྙིགས་མ་དང་། དྭངས་མའི་སྙིགས་མ་དང་། སྙིགས་མའི་དྭངས་མ་བཞིའོ། །རིགས་ཀྱི་བུ་ལེགས་པར་ཟུང་ཞིག །འབྱུང་བའི་དྭངས་མ་ནི་ཡེ་ཤེས་ལྔའོ། །སྙིགས་མ་ནི་ས་ཆུ་མེ་རླུང་ངོ་། །དྭངས་མའི་སྙིགས་མ་ནི་རུས་པ་དང་ཤ་ལ་སོགས་པའོ། །སྙིགས་མའི་དྭངས་མ་ནི་ནམ་མཁའི་འཇའོ། །དཔེ་ནི་ཉི་མའི་འོད་ཟེར་སྣང་བའམ། ཤེལ་ལས་འོད་སྣང་བ་ལྟ་བུའོ། །ཞེས་པ་དང་། རྡོ་རྗེ་འཛིན་པ་ཉོན་ཅིག །ས་ཡི་མཚན་ཉིད་སྲ་བ་ཡིན། །ཆུ་ཡི་མཚན་ཉིད་གཤེར་བ་ཡིན། །མེ་ཡི་མཚན་ཉིད་ཚ་བ་ཡིན། །རླུང་གི་མཚན་ཉིད་གཡོ་བ་ཡིན། །ནམ་མཁའི་མཚན་ཉིད་ཡངས་པ་ཡིན། །རང་རང་ལས་ཀྱང་དེ་བཞིན་བྱེད། །དྭངས་མའི་ས་ལས་འོད་ཟེར་དཀར་པོ་བྱུང་། །དེ་ལས་སྙིགས་མའི་ས་རུ་སྣང་། །དེ་ནི་དྭངས་མའི་འབྱུང་་བ་ལས། །འོད་ཟེར་རྣམ་པ་བཞི་རུ་བྱུང་། །དེ་ལ་སྙིགས་མ་བཞི་རུ་སྣང་། །དྭངས་མའི་འབྱུང་བའི་མཚན་ཉིད་ནི། །སྲ་བ་མེད་པར་བརྟན་པ་དང་། །གཤེར་བ་མེད་པར་སྡུད་པ་དང་། །གཡོ་བ་མེད་པར་བསྐྱོད་པ་དང་། །ཚ་བ་མེད་པར་བསྲེག་པ་དང་། །ཁྱབ་པ་མེད་པའི་གདངས་ཅན་ཡིན། །ཆོས་ཉིད་ཆོས་སྐུ་འགྱུར་བ་མེད། །སྲ་བ་མེད་པར་བརྟན་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །དག་པ་ཟང་ཐལ་དྲི་མ་མེད། །ཐམས་ཅད་དེ་ཡི་ངང་དུ་འདུས། །གཤེར་བ་མེད་པར་སྡུད་པའི་ཆུ། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །གཡོ་བ་མེད་པ་ཐོགས་པ་མེད། །གཡོ་བྱེད་མེད་ལ་བསྐྱོད་པའི་རླུང་། །ངན་སོང་གནས་ན་ཕྱིན་པ་ནའོ། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །རང་གདངས་ངང་ནས་ཡེ་ཤེས་ལ། །གཞན་སྣང་རྣམ་རྟོག་མི་མངའ་བས། །ཚ་བ་མེད་པར་བསྲེགས་པའི་མེ། །གཞན་སྣང་མེད་པར་གསལ་བ་ནི། །ཁྱབ་པའི་ཡེ་ཤེས་གདངས་དང་བཅས། །ནམ་མཁའ་ཁྱབ་མེད་གདངས་ཅན་ཡིན། །སྙིགས་མའི་འབྱུང་ལྔ་འོད་ལྔར་གྲོལ། །འོད་ལྔ་དྭངས་མའི་གོ་གོར་ཐིམ། །དེ་ནི་བརྟགས་ཀྱང་རིམ་པར་འབྱུང་། །ཞེས་གསུངས་སོ། །དེ་ལྟར་དྭངས་མའི་འབྱུང་ལྔ་ལས་གདངས་ཤར་བ་སྙིགས་མར་འཁྲུལ་པ་ལ། བསྐལ་པ་གསུམ་(༡༣༡)དུ་བརྗོད་ཚུལ་ལ། བསྐལ་པའི་ངོ་བོ། ངེས་ཚིག །དབྱེ་བ་དོན་བཤད་བཞི་ལས། ངོ་བོ་བསྐལ་པ་དང་པོ། ཆོས་ཉིད་ཡུལ་ལས་བསྐལ་ཏེ། འཆར་གཞི་མ་འགགས་པ་ཙམ་ལས། ཡུལ་དངོས་མི་སྣང་བའི་ཕྱིར་རོ། །བར་གྱི་བསྐལ་པ་གཞི་ལྷུན་གྲུབ། འབྲས་བུ་འཁོར་འདས་དང་བསྐལ་ཏེ། རང་སྣང་གཟུགས་བརྙན་གྱི་འོད་ཙམ་དུ་སྣང་བ་ལ། གཞི་ལས་འཕགས། འབྲས་བུར་མ་ཕྱིན་པའི་དུས་ཡིན་པའི་ཕྱིར་རོ། །བསྐལ་པ་ཐ་མ་རྟོགས་མ་རྟོགས་ཀྱི་འཁོར་འདས་ལས། འོད་གཉིས་དང་བསྐལ་ཏེ། གཟུང་འཛིན་གྱིས་འཁོར་བར་དངོས་སུ་སྨིན་པའི་ཕྱིར་རོ། །ངེས་ཚིག་ནི་ངོ་བོ་དག་པ་ལ་བསྐལ་པ་ལྷུན་གྲུབ་དང་། རང་སྣང་གཟུང་འཛིན་གྱི་བསྐལ་པ་དྲི་མ་སྟེ། བསྐལ་ཚུལ་གཉིས་ལ་བལྟོས་ནས་བསྐལ་པ་ཞེས་བྱའོ། །དབྱེ་ན་བསྐལ་པ་དང་པོ་གཞི་ལྷུན་གྲུབ་བར་མ་གཟུགས་བརྙན་གྱི་འོད་ལྔ་སྐུ་དང་ཡེ་ཤེས་སུ་ཕྱིར་གསལ། མཐའ་མ་འཁྲུལ་སྣང་འཁོར་བ་སྣང་བ་དང་གསུམ་མོ། །བསྐལ་དོན་ནི་སྣང་བ་དེ་དག་ལ་ཡུན་དུ་གནས་པས་བསྐལ་པའི་རྒྱུ་མཚན་ཏེ། ལོ་དང་ཟླ་བ་ལ་སོགས་པས་གཞལ་(༡༣བན)དུ་མེད་པར་གནས་པའོ། །ཡང་གཞི་ལས་གཟུགས་བརྙན་གྱི་འོད་འཆར་བས་དང་པོ་བསྐལ། འོད་ལས་སྣོད་བཅུད་ཀྱི་གཟུང་འཛིན་འཆར་བས་བར་པ་བསྐལ། གཟུང་འཛིན་ལས་འཁྲུལ་སྣང་གི་བདེ་སྡུག་འཆར་བས་ཐ་མ་བསྐལ་པའི་ཕྱིར་ཡང་བསྐལ་དོན་དུ་ཤེས་པར་བྱ་སྟེ། བཤད་རྒྱུད་ལས། བསྐལ་པའི་ངོ་བོ་བསྟན་པ་ནི། །གཞི་ལམ་འབྲས་བུ་ང་ཡིས་བསྟན། །དང་པོ་ཡེ་ཤེས་ཡུལ་ལ་ཤར། །ཤར་བྱ་ཤར་བྱེད་ལྟར་སྣང་བས། །དང་པོའི་དུས་སུ་ཆོས་ཉིད་བསྐལ། །བར་དུ་འཛིན་པའི་རྣམ་རྟོག་གིས། །ཡེ་ཤེས་སྣང་བ་ནང་དུ་ནུབ། །དེ་ཡིས་རྣམ་པ་སྣོད་དུ་ཆགས། །སྣོད་ཀྱི་འཇིག་རྟེན་བསྐལ་ཞེས་བྱ། །མཐའ་མ་གཟུང་འཛིན་གཉིས་སུ་བསྐལ། །སངས་རྒྱས་སེམས་ཅན་དེ་ནས་བསྐལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཡུན་དུ་གནས་པས་བསྐལ་པར་བརྗོད། །ཅེས་གསུངས་སོ། །འབྱུང་བའི་གནས་བཤད་ཟིན་ཏོ།། །།

༈ གསུམ་པ་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ལ་གཉིས་ཏེ། སྐུའི་གནས་ཚུལ་སྤྱིར་བསྟན་པ་དང་། ཡེ་ཤེས་ཀྱི་གནས་(༡༣༢)ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྐུ་གསུམ་དུ་བསྟན་པ་དང་སྐུ་ལྔར་བསྟན་པའོ། །

དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ། རྣམ་གྲངས་དང་ལྔ་ལས། ཆོས་ཀྱི་སྐུའི་ངོ་བོ་ནི་ལྷུན་གྲུབ་འདུས་མ་བྱས་ཀྱི་རིག་པ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་སྟེ། ཀུན་གསང་ལས། ཆོས་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ། གཉིས་སུ་མེད་པའོ། །ཞེས་པ་དང་། ཡང་ངོ་བོ་ནི་མ་བྱས་པ། མ་བཅོས་པ། མ་བསླད་པ། མི་འགྱུར་བ། རང་བཞིན་གྱིས་རྣམ་པར་དག་པ། འདུས་མ་བྱས་པའི་ཡེ་ཤེས་ཆེན་པོ། ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ། རང་བཞིན་ནི་རང་གཞིར་གནས་ཀྱི་ཡེ་ཤེས་ལ། གཞི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མི་འགགས་པར། ངོ་བོའི་ངང་ན་འོད་དུ་གསལ་བའོ། །ཐུགས་རྗེ་ནི་སྙིང་པོའི་སྐུ་ལྔ་ཕྱག་རྒྱ་མི་འགགས་པར་གསལ་བའོ། །རིགས་ཀྱི་བུ་གཞི་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས། གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལ་འབྲས་བུ་དག་པ་གཟུགས་སྐུ་གཉིས་ནང་གསལ་ལ་གནས་པ་ནི། ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གནས་པའི་སྐུ་ཞེས་བྱའོ། །

ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་སྐུའི་ངེས་ཚིག་ནི། ཁྱད་པ་དང་སྟོན་བྱེད་པའོ། །ཞེས་སོ། །

དབྱེ་བ་ཡང་དེ་ཉིད་ལས། དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་གཟུང་དང་བྲལ་ཞིང་། མི་འགྱུར་བ་ཆོས་ཀྱི་སྐུའོ། །རིག་པ་ཤེས་རབ་ཀྱི་མཁྱེན་པ་མ་འགགས་པར། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལྔ་ནི་ཆོས་སྐུའི་ལོངས་སྐུའོ། །གདུལ་བྱ་ལ་སྣང་བའི་འཆར་གཞི་བྱེད་པའི་སྐུ་ལྔ་ནི་ཆོས་སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱ། གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱ། འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱ། སྐུ་གསུམ་གྱ་ལོག་ཆེན་པོ་ཞེས་ཀྱང་བྱ། འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ཞེས་སོ། །

མཚོན་དཔེ་ནི་སྐུ་དང་ཡེ་ཤེས་བུམ་ནང་གི་མར་མེ་ལྟ་བུ། ལྷུན་གྲུབ་ཀྱི་རང་གདངས་ཇི་ལྟར་གནས་པ་མི་གནས་སྦྲེལ་མར་འབྲེལ་ཏེ། (༡༣༣)རྒྱང་ཞགས་ནས་འོད་གསལ་དུ་འཆར་ཞིང་། ཐུགས་རྗེའི་རྩལ་ལས་དུང་ཁང་ནས་ཁྲོ་བོར་གསལ་བ་ཡེ་ཤེས་ཁང་གསལ་གྱི་དཔེ་ནི། བཤད་རྒྱུད་ལས། ཀྱཻ་གསང་བདག་ངེས་པར་ཟུང་ཞིག་པདྨ་འདམ་ན་གནས་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་ལྟར། ཕྱི་ནང་འཁྲུལ་པར་བཤད་ཀྱང་། རང་རིག་མ་འཁྲུལ་ཡེ་ནས་གོས་པ་མེད། མ་འཁྲུལ་པའི་སངས་རྒྱས་ཡིན། རིགས་ཀྱི་བུ་གཞི་དག་པ་ཆོས་ཀྱི་སྐུ་ལ། འབྲས་བུ་དག་པ་གཟུགས་སྐུ་གཉིས་ཀྱིས་བརྒྱན་ནས། དོན་སྐུ་གསུམ་འདུ་འབྲལ་མེད་པ་ནི་བུམ་པའི་ནང་གི་མར་མེ་ལྟར་ཡེ་ཤེས་ནང་གསལ་དུ་གནས་ཏེ། རིགས་ཀྱི་བུ་གཟུགས་ཀྱི་ཕུང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་གཞལ་ཡས་ཁང་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ནང་ན། སྐུ་གསུམ་གྱི་རང་གདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་གཞལ་མེད་ཁང་འོད་དུ་གསལ་ཏེ། དེའི་ངང་ན་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་ཏེ་རང་བཞིན་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགགས་པ་མེད་པར་གནས་སོ། །དེའི་ཐུགས་རྗེ་ནི་ཧེ་རུ་ཀ་ལྔ་ལྟར་སྣང་བ་ཡང་མི་འགགས་པས། ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་ཏེ། དེ་ལྟར་གནས་པ་ནི་མ་འཁྲུལ་པའི་སངས་རྒྱས་སོ། །རིགས་ཀྱི་བུ་མ་འཁྲུལ་པའི་སངས་རྒྱས་ལ་བྱས་པའི་ཆོས་བསྟན་པ་ནི་ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི་བྱས་པའི་མེ་ལོང་གིས་གཏན་ལ་ཕེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས་འགགས་པ་མེད་པར་གསལ་བ་དག་པ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་དག་པ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན། མགར་བས་ལག་གི་འདུ་བྱེད་མ་བྱས་པར། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ནས། རང་བྱུང་དུ་རང་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དཔེ་བརྡ་བསྟན་པའི་ཚེ། ཟག་བཅས་ཀྱི་སྒྲོམ་བུས། ཟག་མེད་ཀྱི་ཡེ་ཤེས་མ་ཐུབ་པར། ཐུགས་ཡེ་ཤེས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་སྣང་ངོ་། །དེ་ནི་འཁྲུལ་གཞི་མན་ངག་གི་ཏི་ཀ་ཆེན་པོ་གཏན་ལ་ཕབ་པའོ། །དོན་དེ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་གསུམ་དུ་འགྱུར་མ་མྱོང་སྟེ། མི་འགྱུར་ལྟ་བ་ཐོད་རྒལ་ཆེན་པོའོ། །དེ་ནི་འཁྲུལ་པ་ལོག་ནས་ཡེ་ཤེས་སྐྱེ་བ་ཁོ་ན་ཉིད་ཀྱི་(༡༣༤)ཏི་ཀ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལ་སྣང་བ་མཐའ་ཡས་ནི། ཐོག་མའི་སངས་རྒྱས་འོད་དཔག་མེད་རིག་པ་རང་བྱུང་གི་ཡེ་ཤེས་སོ། །ཐུགས་ཀྱི་ཀློང་ནི་དེ་ཡི་ངང་ངོ་། །ཤེལ་གྱི་མཆོན་རྟེན་ནི་རང་བཞིན་གྱི་འོད་ལས་གཟུགས་བརྙན་གྱི་འོད་དུ་ཤར་བའོ། །དེ་ཕྱག་ཏུ་བབས་ནས་བརྡའི་མེ་ལོང་དུ་གྱུར་པ་ནི། ཡེ་ཤེས་རྒྱང་ཞགས་ནས་ནམ་མཁར་ཤར་བ་དེ་ནི། རིག་པ་འོད་གསལ་གྱི་ཀློང་ན་ཡོད་པར་ངེས་ཤེས་བསྐྱེད་པའོ། །ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཚོགས་བརྒྱད་ཀྱི་ཀུན་གཞི་དང་མི་གཅིག་སྟེ། རིག་པ་ཉིད་འཁོར་འདས་སུ་མ་ཆད་དྲི་མ་མ་དག་པའི་ཆའམ། ལྡོག་པས་ན་ཀུན་གཞིར་བཏགས་པ་དེ། ཉམས་སུ་བླངས་པས་རྟོགས་པ་མངོན་དུ་གྱུར་དུས། ཕན་ཆད་འཁོར་བར་མི་སྟོན་པས། རིག་པ་ལ་ཀུན་གཞིའི་སྒྲ་ལོག་ནས། མྱ་ངན་འདས་པ་གཅིག་པུའི་གཞིར་དག་པས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ། །དེས་ན་རིག་པའི་གནས་ལ་མིང་ཐ་དད་དུ་བཏགས་པ་ཡིན་ཏེ། དྲི་མ་མཐའ་དག་དང་བཅས་དུས་སེམས་ཅན། ལམ་གྱི་ལ་ལ་སྦྱངས་པས་དག་ལ་མ་དག་པ་འདྲེས་དུས་བྱང་ཆུབ་སེམས་དཔའ། ཐམས་ཅད་དག་དུས་དེ་བཞིན་གཤེགས་པ་ཞེས་བརྗོད་པའི་ཚུལ་དང་འདྲ་སྟེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། །ད་ལྟ་ཀུན་གཞིར་བཞག་དུས་ཀྱི་མིང་དོན་གཉིས་ཀ་སངས་རྒྱས་དུས། ཆོས་སྐུར་དག་དེ་དྲི་མེད་ཆོས་སྐུར་སོང་ངོ་། །ཁ་ཅིག་མིང་ལོག་དོན་མ་ལོག་ཅེས་པས་བཅིངས་ཏེ། ཀུན་གཞིར་དྲི་མས་བཞག་པས་དྲི་མ་ལྡོག་དགོས་པའི་ཕྱིར་རོ། །རིག་པ་ལ་དུས་གསུམ་འགྱུར་བ་མེད་པ་མི་རྟོག་པར་ཀུན་གཞི་མི་རྟོག་པས་འཇོག་པ་ནི་ཆ་མ་ཕྱེད་པ་ཡིན་ཏེ། རིག་པའི་རང་ངོ་འགྱུར་མེད་གང་དུའང་མ་ཆད་རྟེན་དང་བརྟེན་པར་མ་གྲུབ་པས་ཀུན་གཞིར་མི་འཇོག །དེའི་ཆ་ལ་སྒྲིབ་པ་གློ་བུར་བ་བདེན་སྟོབས་ཀྱིས་རིག་པ་དྲི་བཅས་ཀྱི་སྐབས་ལ་ཚོགས་དོན་ཀུན་གཞིར་བཏགས་པ་ཡིན་ནོ། །དེ་འདྲ་འཁོར་འདས་ཀྱི་འཆར་གཞི་མ་འགགས་པས། ཀུན་གཞིར་བརྗོད་དོ། །མ་རིག་པ་མཚུངས་ལྡན་དེ་རྟོགས་ནས་སྤངས་པ་མེད་(༡༣༥)པའི་ཕྱིར་རོ། །དེ་ཡང་ཚོགས་བརྒྱད་ཀྱི་ཀུན་གཞི་ལུང་མ་བསྟན་ལ་དྲི་མ་དངོས་སུ་བསྟན་ལ། དབྱིངས་ཀྱི་ཀུན་གཞི་མེ་ལོང་ལྟ་བུ་ལ་རང་ངོ་མ་ཤེས་པ་མཚུངས་ལྡན་དུ་ཡོད་པས། རྒྱུད་ནས་བསྟན་པ་ཙམ་ལས་རང་ངོ་ཆོས་སྐུ་ཟང་ཐལ། དྲི་མེད་རང་བཞིན་རྣམ་དག་ཡིན་པའི་ཁྱད་པར་ལ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །གནས་འདི་ནི་རྟོགས་དཀའ་ལ་ཕྲ་བའི་ཆོས་ཡིན་ནོ།། །།

༈ ལྔ་པ་རྣམ་གྲངས་བསྟན་པ་ནི། གཞི་དག་པ་ཆོས་སྐུའི་མིང་དོན་ངེས་པ་རྣམས་ཡོན་ཏན་གྱི་སྒོ་ནས་བསྡུ་ན། སངས་པ། རྒྱས་པ། བཅོམ་པ། ལྡན་པ། འདས་པ་དང་ལྔ་ལས། གཞི་རང་བྱུང་གི་ཡེ་ཤེས་ཉི་མ་ལྟར་ཡེ་ནས་འོད་གསལ་བས་བསྒྲིབས་པ་རང་ནི་སྒྲིབ་པ་རྣམ་དག་ཏུ་བྱང་ཞིང་སངས། ལྷུན་གྲུབ་གཞི་མ་བཙལ་རང་བྱུང་དུ་ཆུབ་ཅིང་རྒྱས་ཏེ། བཤད་རྒྱུད་ལས། ཆོས་སྐུ་མཚན་མའི་ཆོས་རྣམས་དང་། །གཉིས་སུ་སྣང་བ་ཐམས་ཅད་སངས། །དྭངས་གསལ་གཉིས་མེད་ཡེ་ཤེས་རྒྱས། །ཞེས་སོ། །འོ་ན་ཐམས་ཅད་སྟོང་པར་གསུངས་པ་མིན་ནམ། རྒྱས་པ་མི་འཐད་དོ་སྙམས་ན་མ་ཡིན་ཏེ། ཉི་མའི་རང་ངོ་མུན་པས་སྟོང་ལ། འོད་ཟེར་ཡེ་ནས་ལྷུན་གྱིས་གྲུབ་པ་མི་འགལ་བ་ལྟར། རྣམ་པར་དབྱེར་ཡོད་ལ་བྲལ་ཤེས་པ་དྲི་མའི་ཆོས་ཐམས་ཅད་ཀྱིས་སྟོང་ལ། རང་ངོ་དང་དབྱེར་མེད་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱིས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་གསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་འགའ་ཡང་མེད་དེ། གློ་བུར་གྱི་དྲི་མ་དང་བྲལ་བ་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱུང་བའི་རྒྱུ་མཚན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི། ཆོས་དག་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་(༡༣༦)དབྱེར་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱིས། ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་གསུངས་པ་བཞིན་ནོ། །བཅོམ་པ་ནི་རིག་པ་ལ་ཡེ་ནས་བདུད་བཞི་མེད་པས་བཅོམ་སྟེ། ཀུན་གསལ་ལས། ཆོས་སྐུ་སྐྱེ་འགགས་མེད་པས་འཆི་བདག་བདུད་ཀྱང་བཅོམ། མཚན་མའི་ཕུང་པོ་མེད་པས་མཚན་མའི་བདུད་ཀྱང་བཅོམ། དེ་ལ་གཉིས་སུ་མེད་པས་ཉོན་མོངས་ནས་ལྷའི་བུའི་བདུད་ཀྱང་བཅོམ། དེ་ནི་ཡེ་ནས་ངང་གིས་བཅོམ་པ་ཡིན། །ཞེས་སོ། །ལྡན་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་ལྡན་ཏེ། དེ་ཉིད་ལས། ཆོས་སྐུ་ཡོན་ཏན་སྒོ་ཡངས་པ། །ཡེ་ཤེས་ལྔ་དང་སྐུ་གཉིས་ལྡན། །ཞེས་སོ། །འདས་པ་ནི་རིག་པ་ལ་ཡོད་མེད་སྤྲོས་པ་དང་མཚན་མའི་ཆོས་ཐམས་ཅད་ཡེ་ནས་འདས་པ་སྟེ། དེ་ཉིད་ལས། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ཞེས་སོ།། །།

༈ གཉིས་པ་སྐུ་ལྔར་བསྟན་པ་ལ་གསུམ་སྟེ། སྐུ་ལྔའི་ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བའོ། །

དང་པོ་ནི་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་རང་གདངས་སྐུ་ལྔར་ཡེ་ནས་གནས་པ་ནི། བཤད་རྒྱུད་ལས། སྐུ་གཅིག་སྐུ་ལྔར་གསལ་བས་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་བས། །འོད་དཔག་མེད་དེ་རྣམ་པར་པད་མའི་སྐུ། །དྲི་མེད་ཐོགས་པ་རབ་མེད་ཅིང་། །བདག་གཞན་དོན་གཉིས་ལྷུན་གྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་སྐུ། །ཞེས་སོ། །

རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རིགས་ལྔའི་དབྱིངས་དང་། གཙོ་འཁོར་གྱི་གནས་ཚུལ་བསྟན་པའོ། །

དང་པོ་རང་རིག་ལྷུན་གྲུབ་ཀྱི་ཐིག་ལེ་རང་བཞིན་འོད་ལྔའི་ཀློང་ནི། གཞོན་ནུ་བུམ་པ་སྐུ་ཡི་ནང་དབྱིངས་ཏེ། ཡང་དེ་ཉིད་ལས། ཆོས་སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོག་མེད་བརྟན་པ་རྒྱ་གྲམ་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་(༡༣༧)བས། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ན་འགགས་པ་མེད། །དེ་ཡི་ངང་ནས་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་གྱི་སྣང་བ་དེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་དང་ཁྱད་པར་འཕགས། །ཞེས་སོ། །

གཉིས་པ་ནི། རིག་པ་ལྷུན་གྲུབ་སྟུག་པོ་བཀོད་པ་རང་བཞིན་འོད་དུ་གསལ་བའི་ཞིང་ཁམས་ན། ཐུགས་རྗེ་འགགས་མེད་སྐུ་ལྔའི་ཚོམ་བུ་མཚན་རྫོགས་རྡོ་རྗེ་འཆང་གི་སར་བཀོད་དེ། ངོ་བོ་སྟོང་པ་ཀུན་བཟང་ཡབ་ཡུམ་གྱི་ཀློང་དུ་འཁྱིལ་བ་ནི། ཤེས་རབ་ཀྱི་སྐུ་ལྔ་མ་འདྲེས་སོ་སོར་གསལ་བ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རང་སྣང་བ་སྟེ། ཐིག་ལེ་ཀུན་གསལ་ལས། རྣམ་དག་སྟུག་པོ་བཀོད་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་། །ཡེ་ཤེས་རང་གདངས་བུམ་པ་ལྔ། །མ་འགག་གསལ་བའི་མྱུ་གུར་སྣང་། །ཆོས་ཉིད་དག་པའི་སྣང་ཆ་ལྔར། །མཐིང་ཁ་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་ཀློང་། །དེ་ཡི་ངང་ན་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ཏེ། །བཞི་པོ་རྣམ་པ་ཀུན་ཏུ་ཞལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །དཔག་མེད་དོན་ཡོད་ཆེན་པོར་སྣང་། །ཕྱག་མཚན་རང་བཞིན་ཐུགས་ལ་གནས། །ཁ་དོག་ལྔ་ཡི་མཚན་ཉིད་འཛིན། །གདན་གསུམ་ངང་ལ་ཡོངས་སུ་རྫོགས། །གདུལ་བྱ་རིགས་བཞིའི་སངས་རྒྱས་ཏེ། །དག་ཅིང་གསལ་བའི་མེ་ལོང་ལ། །བྱད་ཀྱི་རྣམ་པ་འཆར་བ་ལྟར། །མཚན་རྟོག་རྡོ་རྗེ་འཆང་གི་ས། །ཆོས་ཉིད་དག་པའི་སྣང་བ་ལ། །མི་བསྐྱོད་རིན་ཆེན་འབྱུང་ལྡན་དང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །གདན་གསུམ་ངང་ལ་ལྷུན་གྱིས་རྫོགས། །རང་རང་ཕྱག་མཚན་ཐུགས་ལ་གབ། །དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་ལྔ་ཡི་སྦུབས་ན་གསལ། །རང་རང་སོ་སོའི་ཆོས་ཉིད་ལས། །ལྔ་པོ་སོ་སོའི་དབུས་ན་གནས། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཡེ་ཤེས་ལྔ་རྫོགས་མཚན་ཉིད་འཛིན། །ཡུམ་ལྔ་ལུས་དང་གྲིབ་མ་བཞིན། །ཐབས་དང་ཤེས་རབ་ཞལ་སྦྱར་ནས། །རྣམ་སྣང་ཞལ་གཟིགས་དགོངས་པ་མཁྱེན། །རྣམ་སྣང་རང་སྣང་གཞན་སྣང་མེད། །རང་བྱུང་རང་སྣང་རང་གིས་མཁྱེན། །རང་རྩལ་རྩེ་གཅིག་བྱེད་(༡༣༨)པ་མེད། །ཅེས་སོ། །མྱུ་གུར་སྣང་བ་ནི། གཞི་ལྷུན་གྲུབ་ཀྱི་དུས་འབྲས་བུར་སྨིན་རུང་ཡོད་པར་མཚོན་པའོ། །ཕྱག་མཚན་ཐུགས་ལ་གབ་པ་ནི། དངོས་པོ་རང་མཚན་གཞན་སྣང་དུ་མེད་པ་ལས། འཆར་གཞི་ལྷུན་གྲུབ་རིག་སྟོང་ཐུགས་ཀྱི་ངང་ན་རང་གསལ་བའོ། །གཞན་སྣང་མེད་པ་ནི་ཕྱིར་མི་སྣང་སྟེ་ཁ་དོག་མཚན་མར་མེད་པའོ། །རྩེ་གཅིག་བྱེད་པ་མེད་པ་ནི་ནང་ཡེ་ཤེས་རིན་པོ་ཆེའི་སྦུབས་ན། ཕྲ་བའི་ཡེ་ཤེས་སུ་གསལ་བ་ལས། མ་གཡོས་པར་གནས་པའོ། །

གསུམ་པ་ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བ་ནི། གཞི་རིག་པ་ལ་ཡོད་པའི་ཆོས་དེ་ཕུན་སུམ་ཚོགས་པ་ལྔར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཏེ། དེ་ཉིད་ལས། བདག་མེད་སྐུ་ནི་སྟོན་པར་ཆེ། །རང་རིག་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །མངོན་པར་སངས་རྒྱས་ཆེ་བ་ཡིན། །ཞེས་སོ། །དེ་ཡང་རིག་པའི་ཀློང་ན་སྐུ་དང་ཡེ་ཤེས་ཕྲ་བ་ལྷུན་གྲུབ་ཀྱི་རང་གདངས་འཆར་གཞིའི་ཆ་ཙམ་ལས་མཚན་མ་རིགས་ཅན་དུ་མེད་ལ། མེད་པ་ཕྱང་ཆད་དུ་མ་སོང་བ། ཤེལ་གྱི་ནང་འོད་ལྟར་ཤེས་རབ་ཀྱི་སྐུར་གནས་པ་སྟེ། དེ་ཉིད་ལས། ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །གདུལ་བྱ་རྣམས་ལ་ཤར་བར་ཟད། །རང་ལ་ཤེས་རབ་སྐུ་རུ་སྣང་། །མཚན་མར་བཅས་པའི་སྐུ་མི་གནས། །ཡེ་ཤེས་རང་བྱུང་ཆེན་པོ་ལ། །མཚན་མ་གཞན་སྣང་རྣམ་རྟོག་མེད། །ཅེས་སོ། །དེ་ལ་ཤེས་རབ་སྐུ་ཡི་ངོ་བོ་ནི། རིག་པ་གཅིག་ཉིད་ཡེ་ཤེས་ལྔའི་སྐུར་འཆར་བ་མ་འགགས་གཞི་ལ་ལྷུན་གྲུབ་ཏུ་གནས་པའོ། །ངེས་ཚིག་ནི་མཁྱེན་ཆར་ཡོད་པའོ། །དབྱེ་ན་རྣམ་སྣང་ལ་སོགས་པ་ལྔའོ། །དེ་ལྟར་ཡང་བཤད་རྒྱུད་ལས། ཀྱཻ་སྟོན་པ་ཐུགས་རྗེ་ཆེ་མངའ་བ། །ཤེས་རབ་སྐུ་ལྔ་གསུང་དུ་གསོལ། །དེ་ནས་སྟོན་པས་བཀའ་སྩལ་པ། །རིག་པ་གཅིག་གི་ངོ་བོ་ལས། །ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར། །ཀུན་སྣང་ཆེན་པོ་ཞེས་ཀྱང་བྱ། །རང་རིག་ཡོན་ཏན་མ་འགགས་པས། །རིན་འབྱུང་ཆེན་པོ་ཞེས་ཀྱང་བྱ། །ཐུགས་རྗེའི་སྟོབས་ལྡན་འོད་དཔག་མེད། །ཤེས་བྱ་ཐོགས་མེད་དོན་ཡོད་གྲུབ། །དེ་ཉིད་འགྱུར་མེད་མི་བསྐྱོད་པ། །སྟོང་རིག་གཉིས་མེད་ཐོགས་པ་མེད། །ཤེས་རབ་སྐུ་ལྔའི་ངོ་བོ་ཡིན། །དབྱེ་བ་ཡོན་ཏན་སྒོ་ནས་ཕྱེ། །ངེས་ཚིག་ཤེས་རབ་དེ་ལྟར་མཁྱེན་པ་མ་འགགས་(༡༣༩)པས་ཤེས་རབ་ཀྱི་སྐུའོ། །ཡང་ན་རང་ལ་ཤེས་རབ་མ་འགགས་ལ། གདུལ་བྱ་ལ་སྐུར་མི་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ། །རང་ནི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་གཞན་སྣང་མེད་པས་རང་ཞེས་བཤད་དོ། །མཚན་མའི་སྐུ་གསུམ་མེད་པས་རིག་པ་དངོས་མེད་དོ། །སྤྱན་རྣམ་པ་གཉིས་ལས་གྲོལ་ཏེ་དྲི་མ་མེད་པས། ཡེ་ཤེས་ཀྱི་སྤྱན་གསང་བ་ཟང་ཐལ་བའོ། །དེའི་གོང་ན་གཞན་མེད་པས་ཆེན་པོ་ཞེས་གསུངས་སོ། །སྤྱན་རྣམ་པ་གཉིས་ནི་ད་ལྟ་ཤེས་རབ་ཀྱི་སྤྱན། བར་དོར་ཡེ་ཤེས་ཀྱི་སྤྱན། དེའང་གཞི་ལྷུན་གྲུབ་ཀྱི་དུས་སུ་དེ་གཉིས་ལས་འདས་ཏེ། དྲི་མ་མེད་པའི་ཟང་ཐལ་ཆེན་པོའི་སྤྱན་དུ་གནས་པའོ། །

གཉིས་པ་ཡེ་ཤེས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཆོས་སྐུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ། སྤྲུལ་སྐུའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་གཉིས་ཏེ་སྡེ་ཚན་གསུམ་དུ་གནས་པ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་འདུས་ཏེ། ངོ་བོ་ཆོས་དབྱིངས་ཡེ་ཤེས། རང་བཞིན་དང་མཚན་ཉིད་འཛིན་པ་རང་ངོ་ལྔ། མཁྱེན་པ་གཉིས་སོ་སོར་རྟོགས་པའི་ཡེ་ཤེས་སུ་འདུ་བས། འདིར་ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་བཞག་པ་ལ། ཡེ་ཤེས་ལྔ་རང་གདངས་ལྔ་དབྱེར་མེད་དུ་གནས་ཏེ། ཆོས་ཀྱི་དབྱིངས་རིག་སྟོང་ནམ་མཁའ་ལྟ་བུ་དང་། གདངས་མཐིང་གས་བརྒྱན་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་རིག་པ་གསལ་ལ་རྟོག་མེད་གདངས་དཀར་པོས་བརྒྱན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་རིག་པ་ཡིད་བཞིན་ནོར་བུ་ལྟ་བུ་དང་། གདངས་སེར་པོས་བརྒྱན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པའི་རིག་པ་མཁྱེན་གསལ་པདྨ་ལྟ་བུ་རང་གདངས་དམར་པོས་བརྒྱན་པ་ནི་སོར་རྟོགས་ཡེ་ཤེས་སོ། །བྱ་བ་གྲུབ་པའི་རིག་པ་ཟང་ཐལ་རྡོ་རྗེ་ལྟ་བུ་དང་། རང་གདངས་ལྗང་གུས་བརྒྱན་པ་ནི་བྱ་གྲུབ་ཡེ་ཤེས་སོ། །འདི་ཡང་རིག་པ་རང་བྱུང་གི་ཡེ་ཤེས་རང་བཞིན་གྱི་འོད་ལྔ་སྙིང་པོ་ལྔས་བརྒྱན་པའི་ལྡོག་པ་ནས་ཡེ་ཤེས་ཞེས་བཏགས་ཏེ། དོན་ལ་སེམས་ཉིད་རང་བཞིན་གྱི་(༡༤༠)འོད་གསལ་བ། འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་སུ་གནས་པ་སྒྲིབ་མེད་ཟང་ཐལ་ཆེན་པོ་དེ། ཀུན་གསལ་ལས། རིག་པ་དངོས་མེད་ཟང་ཐལ་ལས། །སྟོང་པ་འགགས་མེད་གཉིས་སུ་མེད། །དེར་ཤེས་ཐོགས་པ་མེད་པས་ནི། །ཡེ་ཤེས་ལྔ་རུ་རང་ཤར་ཡིན། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་དུ་མཐིང་ཀར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགགས་མེད་ངང་དུ་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ཀློང་དུ་སེར་པོར་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །གསལ་བའི་ཀློང་དུ་དམར་པོར་གནས། །བྱ་བ་གྲུབ་པའི་རང་གདངས་ནི། །ཐོགས་མེད་ཀློང་ན་ལྗང་གུར་གྲུབ། །དེ་ལྔ་ཆོས་ཉིད་ཀློང་ན་ཤར། །ཡེ་ཤེས་འོད་དུ་ཤར་ཞེས་བྱ། །རྟོགས་པ་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་ཤར། །དཔེར་ན་མེ་ལོང་དག་པ་ལ། །གང་འཕྲད་རྐྱེན་དེ་སྣང་མོད་ཀྱང་། །སྣང་བའི་དུས་ན་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་ནི་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། ཤར་ཡང་རང་རིག་གཅིག་པུར་གནས། །གཅིག་པུར་གནས་པ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པས་ཆེན་པོར་གནས། །སྒྲིབ་མེད་ཟང་མ་ཐལ་བྱུང་སྣང་། །གཟུགས་སྐུ་གཉིས་པོ་སྣང་བ་ཡང་། །རང་ལ་མི་སྣང་རྣམ་པར་དག །ཅེས་སོ། །དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ལ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མི་འགགས་པར་ལྷུན་གྲུབ་ཡོད་པས། རྟོགས་ན་དག་པ་སངས་རྒྱས་ཀྱི་ཞིང་དང་། སྐུ་གསུང་ཐུགས་སུ་འཆར་བ་དང་། མ་རྟོགས་ན་འཁྲུལ་སྣང་སྣོད་བཅུད་ཀྱི་སྣང་བ་དང་། ལུས་ངག་སེམས་གསུམ་འཆར་བའི་གནད་ཐམས་ཅད་རིག་པ་ལ་ཡེ་ནས་མ་འགགས་རང་ཤར་གྱི་སྒོ་ཡོད་པ་ལ་ཐུག་པས་གནད་གལ་པོ་ཆེའོ།། །།

༈ དོན་བཞི་པ་སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བསྟན་པ་ལ་གསུམ་སྟེ། གོ་དོན་མདོར་བསྟན་པ། གནས་ཚུལ་རྒྱས་པར་བཤད་པ། སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བའོ། །

དང་པོ་ནི་ཐེག་པ་ཐུན་མོང་པས་རྟོག་བཅས་རྟོག་མེད་ལ་སེམས་ཡེ་ཤེས་སུ་ཕྱེ་བ་ཙམ་ལས་གསལ་པོ་མེད་ཀྱང་། འདིར་ཁྱད་པར་གསལ་བར་ཕྱེ་ནས་བསྟན་ཏེ། ཡེ་ཤེས་ནི་ཡེ་ནས་ལྷུན་གྲུབ་ཀྱིས། འདུས་མ་བྱས་པ། རྣམ་པར་མི་རྟོག་པ། སངས་རྒྱས་ཀྱི་ཆོས་སྐུ་དྲི་(༡༤༡)མ་མེད་པའི་འཆར་གཞི། དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས། སྐུ་དང་ཡེ་ཤེས་ཀྱི་རང་བཞིན། བྲལ་གཞི་བྲལ་འབྲས་ཀྱི་ཆར་གནས་སྐབས་ཀྱི་བཞག་པ་ཅན་ཡིན་ཏེ། སངས་རྒྱས་རང་ཆས་ཆེན་མོའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ། ཡེ་ཤེས་ཀྱི་སྐུ་ལ་འཕེལ་འགྲིབ་མེད་པས། དུས་བཞི་མཉམ་པ་ཉིད་དུ་རང་རིག་སྟོང་པ་འོད་གསལ་ཆེན་པོར་འདུག་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འདུས་མ་བྱས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་སོ། །སེམས་ནི་གློ་བུར་གྱི་དྲི་མར་གྱུར་པ། འཁོར་བའི་རྩ་བའི་རྒྱུ་བྱེད་པ། ཁམས་གསུམ་པའི་བག་ཆགས་བརྟེན་པ། གསོན་པ་འདུ་བྱེད་པ་བྲལ་བྱ་ཡིན་པ་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། རིགས་ཀྱི་བུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཞེས་པ་དང་། སངས་རྒྱས་རང་ཆས་ཆེན་མོ་ལས། སེམས་ལ་སངས་རྒྱས་མེད་དོ། །སངས་རྒྱས་ལ་ཆོས་མེད་དོ། །ཆོས་འཁོར་བའི་ཆོས་ཅན་ཡིན་ནོ། །སེམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །ཆོས་ནི་བྱས་པའི་ཆོས་ཅན་ཡིན་ནོ། །སངས་རྒྱས་ནི་འདུས་མ་བྱས་ཏེ། རང་བྱུང་གི་ཡེ་ཤེས་སོ། །འགྱུར་བ་མེད་དོ། །སངས་རྒྱས་ཆོས་ལས་མ་བྱུང་སྟེ། བྱས་པའི་ཆོས་ཀྱིས་སངས་རྒྱས་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཆོས་ནི་འཁོར་བའི་ཆོས་ཅན་ནོ། །ཞེས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། དྲི་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །སེམས་ནི་བྱ་བ་ཐམས་ཅད་ཀྱི་བདག་ཉིད་དོ། །སྙིང་པོ་བྱང་ཆུབ་ཀྱི་འདུག་ཚུལ་ནི། ཆོས་ཐམས་ཅད་ལས་འདས་པའོ། །སེམས་ཀྱི་བག་ཆགས་སམ། རྟོག་པའི་མདུད་པ་འདི་གྲོལ་བའི་ཕྱིར་རོ། །སེམས་ལས་བྱུང་བའི་ཆོས་ཇི་སྙེད་བྱ་བ་ཡང་། ཚེ་འདིར་འབྲས་བུ་བླ་ན་མེད་པ་ལ་སྦྱོར་བར་མི་ནུས་སོ། །ཞེས་གསུངས་སོ།། །།

༈ གཉིས་པ་གནས་ཚུལ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། དེ་གཉིས་ཀྱི་ཆོས་གཞན་བསམ་པའོ། །

དང་པོ་རྟེན། གནས། ལམ། སྒོ། ངོ་བོ་དང་ལྔ་ལས། ཡེ་ཤེས་ཀྱི་རྟེན་ལུས་ཀྱི་སྟོད། གནས་ནི་ཙིཏྟ་རིན་པོ་ཆེའོ། །ལམ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའོ། །སྒོ་ཆུ་ཡི་སྒྲོན་མ་དང་། གླང་པོའི་འུར་སྒྲ་གཉིས་ཏེ། རིག་པ་ལ་སྐུ་གསུང་(༡༤༢)ཐུགས་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་གསུམ་ལས། སྐུའི་འོད་གདངས་གཉིས་རྒྱང་ཞགས་ལ་གནས། གསུང་གི་སྒྲ་རྣ་བ་ལ་གནས། ཐུགས་ཀྱི་རིག་གདངས་གློ་བར་འབྲེལ་བར་སེམས་སུ་གསལ་ལོ། །ཡེ་ཤེས་རང་གི་ངོ་བོ་གཞི་དག་པ་ཆོས་ཀྱི་སྐུ་སྟོང་གསལ་ལྷུན་གྲུབ་ཆེན་པོར་འཁོར་འདས་ཀུན་ཁྱབ་ཏུ་བཞུགས་པ་དེ་ཡིན་ནོ། །འདིས་སེམས་ཅན་ལ་གཞིའི་བྱ་བ་བྱེད་དོ། །རྣལ་འབྱོར་པ་ལ་རྟོགས་ནས་ཉམས་སུ་ལེན་པས་ལམ་གྱི་བྱ་བ་བྱེད་དོ། །མངོན་དུ་གྱུར་དུས་རང་ངོ་རྣམ་པར་དག་པས་འབྲས་བུའི་བྱ་བ་བྱེད་དོ། །དེ་ཡང་གཞི་ལ་འོད་ཡོད་པས་གདངས་ཀྱི་རྩལ་ལམ་སྣོད་ཀྱི་བྱ་བ་བྱེད་དོ། །སྐུ་ཡོད་པའི་རྩལ་ལས་སེམས་ཅན་པའི་ལུས་ཀྱི་བྱ་བ་བྱེད་དོ། །རིག་པ་ཡོད་པའི་རྩལ་ལས་སེམས་ཅན་གྱི་བྱ་བ་བྱེད་པའི་ཕྱིར། སེམས་ཅན་ལ་གཞིའི་བྱ་བ་བྱེད་པར་བཞག་གོ། །ཡང་འོད་ཡོད་པས་ཉམས་སུ་ལེན་དུས་དབྱིངས་སྣང་གི་བྱ་བ་བྱེད་དོ། །སྐུ་ཡོད་པས་ཐིག་ལེ་ལུ་གུ་རྒྱུད་སྨིན་པས་སྐུའི་བྱ་བ་བྱེད་དོ། །རིག་པ་ཡོད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་གསལ་སྟོང་པའི་ཉམས་སུ་རང་འཆར་ཞིང་། རིག་པ་རང་ས་ཟིན་པ་ལ་སྦྱོར་བའི་བྱ་བ་བྱེད་པའི་ཕྱིར། རྣལ་འབྱོར་པ་ལ་ལམ་གྱི་བྱ་བ་བྱེད་པར་བཞག་གོ། །དག་པ་མྱ་ངན་ལས་འདས་པའི་ཚེ། འོད་ཀྱི་ཞིང་དང་གཞལ་ཡས་ཁང་གི་བྱ་བ་བྱེད། སྐུས་ལོངས་སྐུ་རང་སྣང་གི་བྱ་བ་བྱེད། རིག་པས་སྤངས་རྟོགས་མཐར་ཕྱིན་པའི་བྱ་བ་བྱེད། ཤིན་ཏུ་དག་པས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཆོས་སྐུ་ཐིག་ལེ་ཉག་ཅིག་གི་བྱ་བ་བྱེད་པའི་ཕྱིར། མྱ་ངན་ལས་འདས་པས་འབྲས་བུའི་བྱ་བ་བྱེད་པ་ཞེས་བཞག་གོ། །དེ་ཐམས་ཅད་ཀྱང་ཡེ་ཤེས་རང་གི་ངོ་བོ་ཡེ་ཇི་བཞིན་པ་ལས། མ་གཡོས་པས་གང་གི་དུས་ནའང་དེའི་ཕྱོགས་སུ་མ་ལྷུང་། རྒྱར་མ་ཆད་ལ། སྣང་ཚུལ་གོ་མ་འགགས་པ་ལས་དེ་ལྟར་སྣང་བའི་ཕྱིར། འཁོར་འདས་སུ་སྣང་བ་ནས་གཉིས་གྲུབ་ལ་རང་སྣང་བས་མཉམ་པ་ཉིད་ཅེས་བྱའོ། །གང་དུ་མཉམ་ན་རིག་ངོར་སྣང་ངོ་། །ཇི་ལྟར་མཉམ་ན་རང་གདངས་གསལ་བ་ཙམ་དུ་མཉམ་པའོ། །མཉམ་པའི་འཐད་པ་ནི། རྟོགས་པས་མྱང་འདས་སུ་སྣང་ཡང་རང་གདངས་སྐུ་གསུམ་དུ་སྣང་བ་ཙམ་མ་གཏོགས་སེམས་ཅན་དུ་སྣང་ཡང་རང་གདངས་སྐུ་གསུམ་ཐུགས་རྗེའི་(༡༤༣)རྩལ་དང་རོལ་པར་ཤར་བ་ཙམ། དོན་རང་ངོ་ལ་ལྷུན་གྲུབ་རང་ས་འཁོར་འདས་ལས་འདས་པའི་དབྱིངས་ཡེ་ཇི་བཞིན་པའི་དགོངས་པར་གནས་པའི་ཕྱིར་རོ། །འདི་ནི་ཤིན་ཏུ་དཀའ་བའི་གནས་ཏེ། ཁྱད་པར་རིག་པ་ལ་མཁས་པ་རྣམས་ཁོ་ནའི་སྤྱོད་ཡུལ་ལོ། །

འདིར་ཁོ་བོ་ཅག་མཁས་པའི་འདུན་སར་དབང་གསལ་བར་བྱས་མོད་སྤྲོས་པས་ཆོག་གོ། །མཁས་པ་རྣམས་ནི་ཤེས་བྱ་ཤིན་ཏུ་ལྐོག་གྱུར་གྱི་དོན་མཇལ་བ་ན་བདེ་བར་གཤེགས་པའི་བཀའ་ལུང་ཚད་མར་བྱེད་པས་ཡིད་ཆེས་པའི་གནས་ལུགས་འཛིན་གྱི། བབ་འཆོལ་དུ་སྨྲ་བ་མ་ཡིན་པས། འདིར་ཡང་སྔ་ཕྱིར་རྒྱུད་ལུང་གི་དཔང་པོ་ལེགས་པར་བཀོད་པ་དང་། དགོད་པར་འགྱུར་ལ། བཤད་མ་ཐག་པའི་དོན་དེ་ལྟར་ཡེ་ཤེས་ཀྱི་རྟེན་པ་ལ་སོགས་པ་འདི་དག་གང་ལས་བྱུང་ཞེ་ན། བླ་ན་མེད་པའི་རྒྱུད་ཀྱི་གནས་ངོ་སྤྲོད་སྤྲས་པ་ཞེས་བྱ་བ་ལས། གསང་བའི་བདག་པོ། བདེ་བར་གཤེགས་པ་ཡེ་ཤེས་ཀྱི་ལུས་ཅན་རྟེན་པ་རང་གི་ལུས་ཀྱི་བྱང་ཁོག་སྟོད་འདི་ལ་བརྟེན་ནས་ཡོད་དོ། །གནས་པ་སྙིང་ན་གནས་སོ། །ལམ་ནི་སྙིང་དང་མིག་གི་བར་དུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་མཉེན་ལ་འཁྲིལ་པ། ཁྲག་དང་ཆུ་སེར་མེད་པ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པའི་སྒོ་གཉིས་དང་། ལྐོག་ཏུ་གྱུར་པའི་སྒོ་གཉིས་ཏེ། བཞི་ཡིན་ནོ། །མངོན་དུ་གྱུར་པའི་སྒོ་གཉིས་ནི་རང་གི་མིག་གཉིས་ཡིན་ནོ། །ལྐོག་ཏུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །ཡེ་ཤེས་རང་གི་ངོ་བོ་ནི་གཞི་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་འོད་གསལ་བར་བཞུགས་སོ། །སྙིང་པོ་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི་རང་གི་རིག་པ་འདི་ཉིད་དངོས་པོ་དང་མཚན་མ་གང་ཡང་མ་གྲུབ་པས་ངོ་བོ་སྟོང་པར་འདུག་པ་འདི་ཉིད་ཡིན་ནོ། །ཡེ་ཤེས་འོད་གསལ་ལ་བཞུགས་པ་ནི། རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ཡིན་ནོ། །རིགས་ཀྱི་བུ་རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །སྙིང་པོ་ཟང་ཐལ་དུ་བཞུགས་པ་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་ཐུམས་པར་མིག་གི་རྣམ་པར་ཤེས་པ་ལ་མཐོང་བ་མ་འགགས་པར་འོད་དུ་གསལ་བ་འདི་ཡིན་ནོ། །འདི་ཁོ་ན་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་(༡༤༤)སོ། །

གཉིས་པ་སེམས་ཀྱི་གནས་ཚུལ་ལ། རྟེན། གནས། ལམ། སྒོ། ངོ་བོ་དང་ལྔ་ལས། སེམས་ཀྱི་རྟེན་རོ་སྟོད། གནས་གློ་བ། ལམ་མགྲིན་པ་སྟེ། གློ་བ་ནས་མགྲིན་པར་རྩ་སོགས་སྦུག་ཙམ་འབྲེལ་བ་ནས་དབུགས་འགྱུ་བའོ། །སྒོ་ཁ་སྣའོ། །སེམས་རང་གི་ངོ་བོ་ཚོགས་དྲུག་གམ་བརྒྱད་ཡུལ་ལ་ཤར་བ་ཕྱི་ནང་དུ་རྟོག་པ་དེ་ཡང་དེ་ཉིད་ལས། གསང་བའི་བདག་པོ། སེམས་ཀྱི་རྟེན་ནི་རང་གི་ཤ་ཁྲག་གི་ལུས་བྱང་ཁོག་སྟོད་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་ནས་མགྲིན་པར་རྩ་གྲོ་སོག་གི་སྦུག་མ་ཙམ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནས་མར་དབུགས་འགྱུ་བ་དེ་སེམས་ཀྱི་ལམ་ཡིན་ནོ། །སྒོ་ནི་འདོད་པའི་སྒོ་གསུམ་སྟེ། སྣ་བུག་གཉིས་ཁ་དང་གསུམ་ཡིན་ནོ། །འདོད་པའི་ཤེས་པ་དེ་ལས་བྱུང་ངོ་། །སེམས་རང་གི་ངོ་བོ་ནི་རྣམ་པར་རྟོག་པ་དང་བཅས་པ། དབུགས་ཕྱི་ནང་དུ་འགྱུ་བ་འདི་རང་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྙིང་ནས་གློ་བར་རྩ་སོག་སྦུག་ཙམ་འབྲེལ་བའི་ནང་ན། ཡེ་ཤེས་ཐུགས་རྗེའི་གདངས་ཤར་བ་རླུང་དང་འདྲེས་པས་སེམས་ཞེས་བྱ་སྟེ། གདངས་མི་འཕྱེའོ་མིག་ཅན་ལྟ་བུ། རླུང་རྟ་ལོང་བ་རྐང་ཅན་ལྟ་བུ་ལ་ཞོན་ནས། རླུང་ཕྱིར་འགྱུ་ཁ་སྣ་ནས་འགྲོ་འོང་བྱེད་སྒོ་ལྔའི་ཡུལ་འཛིན། ནང་དུ་རྩ་འདབ་རྣམས་སུ་རྒྱུ་ཡིད་ཀྱི་ཡུལ་ཆོས་ལ་རྟོག་དཔྱོད་དུ་འཛིན་ཏེ། ཆོས་ནི་སྒོ་ལྔའི་ཡུལ་ལྟར་དངོས་སུ་བལྟར་མེད་ཀྱང་། ཞེན་ནས་ཡིད་ཀྱིས་ཀུན་ནས་སེམས་ཏེ། བློ་ཡི་ཡུལ་དུ་དོན་སྤྱི་ཡིད་ལ་བྱེད་པ་ཐམས་ཅད་དོ། །དེ་ཡང་རིིག་གདངས་ཀྱིས་མི་བཀྲ་དགུ་བཀྲར་བྱུང་ལ། རླུང་གིས་མི་འགྱུ་དགུ་འགྱུར་བྱུང་བས་རླུང་རིག་ཏུ་འདྲེས་པ་ལ་སེམས་ཞེས་བཏགས་སོ། །ལམ་དུས་རླུང་དག་ན་གདངས་གཞི་ལས་མ་གཡོས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་མལ་དུ་གནས་པ་རྒྱལ་བའི་དགོངས་པ་ལྷུན་གྱིས་གྲུབ་པ་ལ་འཇོག་ཅིང་། རླུང་གི་གནད་བསྟུན་པ་ཐམས་ཅད་འདི་ལ་ཐུག་པ་ཡིན་ནོ།། །།

༈ གསུམ་པ་དེ་གཉིས་ཀྱི་ཆོས་གཞན་བསམ་པ་ལ། ད་ལྟ་འཕྲད་ཚུལ་དང་། ཐ་མ་གྱེས་ཚུལ་གཉིས་ལས། འཕྲད་ཚུལ་ནི། གློ་བ་ནས་སྙིང་དུ་འབྲེལ་བའི་རྩ་ནང་དུ། སྙིང་གའི་ཐུགས་རྗེའི་གདངས་རླུང་ལ་འདྲེས་པ་འདི་སེམས་ཡིན་ལ། རྣལ་འབྱོར་པས་ལྟ་སྟངས་དང་། གཟིགས་སྟངས་གཅུན་པའི་གནད་ཀྱིས། གློ་(༡༤༥)བའི་རླུང་སྙིང་ནང་དུ་འདུས་པས་ཐུགས་རྗེའི་གདངས་རང་ངོར་ཐིམ་ནས། རྟོག་པ་མེད་པ། རླུང་གི་ཆས་གསལ་བར་ཤར་ཏེ། གསལ་སྟོང་མི་རྟོག་པའི་རིག་པ་ཤར་བ་ནི་སེམས་དང་ཡེ་ཤེས་འཕྲད་ཚུལ་ལོ། །དོན་ལ་ཐུགས་རྗེའི་གདངས་རང་མལ་དུ་ཐིམ་པ་ལ་སེམས་དང་ཡེ་ཤེས་འཕྲད་ཅེས་བྱའོ། །དེ་ནས་རླུང་རང་ངོར་གློ་བར་ཞ་བས་དར་ཅིག་གྱེས་པ་ཡང་དོན་གྱི་གནས་སོ། །ཐ་མ་གྱེས་ཚུལ་ནི་འབྱུང་བཞི་ཐིམ་ནས་གློ་བའི་དབུགས་ཕྱིར་སོང་ནས་ནང་དུ་མ་འདུས་པས་ཕར་ཆད་རྟ་ལོང་བ་རྐང་ཅན་ནམ་མཁར་ཞ། ཡེ་ཤེས་ཀྱི་གདངས་ཚུར་འདུས་སྙིང་ལ་ཐིམ་པ་དེ་ལམ་དར་དཀར་ལྟ་བུ་ནས་ཆུའི་སྒྲོན་མར་ཐོན་ཏེ། སྣང་སྲིད་ཐམས་ཅད་ཞིང་ཁམས་སུ་ཤར་བའི་དུས་སུ་སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །དོན་ལ་རླུང་གི་རྟ་དང་རིག་པ་བྲལ་བ་ལ། སེམས་དང་ཡེ་ཤེས་རྒྱབ་གྱེས་པ་ཞེས་བྱའོ། །འདིའི་དུས་སུ་རང་སྣང་རང་ངོར་ཤེས་པས། སངས་རྒྱས་པ་ཡིན་ནོ། །ངོ་སྤྲོད་སྤྲས་པ་ལས། གསང་བའི་བདག་པོ། ད་ལྟ་འཕྲད་ཚུལ་ནི། རང་གི་སྙིང་གི་ནང་ན་རིག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པ་འདུས་མ་བྱས་པ་ནམ་མཁའ་ལྟ་བུར་གནས་སོ། །རིག་པ་རང་གི་ངོ་བོ་དངུལ་དཀར་གྱི་ཡང་ཞུན་ལྟ་བུར་གནས་སོ། །རིག་པ་རང་གི་ལུས་འོད་ཀྱི་གོང་བུ་ཚོན་སྣ་ལྔའི་གྲུ་གུ་བསྔོགས་པ་ལྟར་གནས་སོ། །རིག་པ་ཆོས་ཀྱི་སྐུ་ཡེ་ཤེས་ལྔའི་མཚན་དུ་བཞུགས་སོ། །ཡེ་ཤེས་ལྔ་འོད་ལྔའི་རང་བཞིན་དུ་ཡོད་དོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་རྣམ་པ་ལྔ་མེར་རེ་ཡོད་དོ། །སེམས་གློ་བ་ན་ཡོད་དོ། །གློ་བ་ནས་སྙིང་དུ་རྩ་སོག་མའི་སྦུག་ཙམ་གྱིས་འབྲེལ་ནས་ཡོད་དོ། །སེམས་གློ་བ་ནས་དོན་ནས། རྩ་སོག་མའི་སྦུག་མ་ཙམ་དེ་ན་ཡར་ལ་དབུགས་འགྱུས་པས། སྙིང་གའི་ནང་ན་སྐུ་གསུམ་ཡེ་ཤེས་ལྔ་ཡོད་པ་དང་འཕྲད་དེ། རང་གི་སྙིང་གི་དཀྱིལ་དུ་རིག་པ་དབུགས་ཀྱི་རྟ་དང་འཕྲད་པས་དབུགས་མེད་པའི་འགྱུ་བ་ཡེ་ཤེས་ཞེས་བྱའོ། །

ཐ་མ་རྒྱབ་གྱེས་ཚུལ་ནི། རང་འཆི་བའི་དུས་སེམས་གློ་བའི་ནང་ནས་དོན། ལམ་རྩ་གྲོ་སོག་གི་སྦུག་མ་ཙམ་དེ་ནས་སྣ་བུག་གཉིས་ཁ་དང་གསུམ་ནས་ཕར་ལ་ཧ་ཟེར་ནས་དབུགས་ཕར་རྒྱུ། ཧུ་ཟེར་ནས་དབུགས་ཚུར་ལ་འདྲེན་ནོ། །གསང་བའི་བདག་པོ་སྲིད་པའི་རི་བོས་བརྒལ་བའི་དུས་སུ། སྲོག་ཏུ་གྱུར་པའི་རླུང་ནང་དུ་འདྲེས་པ་སྟོབས་ཆེ་སྟེ། འདུས་(༡༤༦)མ་བྱས་པའི་ནམ་མཁའ་ནས་དྲངས་པས། ཚུར་འདུས་ཐུགས་རིག་པའི་ཡེ་ཤེས་ལ་ཐིམ། ཕར་འཕྲོས་པས་འདུས་མ་བྱས་པའི་ནམ་མཁའ་ལ་ཐིམ་པས་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ཞེས་བྱའོ། །ཐ་མ་ཧ་ཟེར་ནས་ཕར་ལ་སོང་བ། ཧུ་ཟེར་ནས་ཚུར་ལ་མ་འདུས་པའི་ཚེ། དབུགས་འདོད་པའི་སྒོ་གསུམ་དུ་འཆད་དོ། །རིགས་ཀྱི་བུ་དེའི་ཚེ་ཡེ་ཤེས་རང་གི་སྙིང་གི་དཀྱིལ་ནས་ཐོན། ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་ན་ཡར་སོང་ནས། སྒོ་རང་གི་མིག་ན་ཕར་ལ་ཐོན་ནོ། །དེའི་དུས་སུ་ཡེ་ཤེས་རྒྱབ་གྱེས་སོ། །ཞེས་གསུངས་སོ། །དེ་ཡང་ད་ལྟ་འཕྲད་དུས་རླུང་གིས་སྙིང་ནང་གི་ཡེ་ཤེས་འོད་ལྔའི་གདངས་ལ་ཞུགས་པས་དབྱིངས་དང་ལུ་གུ་རྒྱུད་འགྲོ་འོང་དུ་སྣང་བ་ཡིན་ལ། རླུང་ཇེ་དག་ལ་སོང་བས་སྣང་བ་ཇེ་བརྟན་ལ་སོང་ནས་ཚད་དུ་ཕེབས་ལ་འོད་ཀྱི་རྡོས་བཅས་དག་དུས། རླུང་ཐམས་ཅད་ཤིན་ཏུ་དག་པས། ཟད་པར་སོང་སྟེ། ཡེ་ཤེས་ཀྱི་གདངས་རླུང་དང་བྲལ་བས། ལྷུན་གྲུབ་ལ་ཐིམ་ནས་ཕྱིར་མི་སྣང་། ཆོས་སྐུ་ནང་གསལ་ཐིག་ལེ་ཉག་ཅིག་ཏུ་གྲོལ་བའི་གནད་ཐམས་ཅད་དེ་ལ་ཐུག་གོ། །དེས་ན་(༡༤༦)ཉམས་སུ་ལེན་དུས། སེམས་ཡེ་ཤེས་ལ་འཕྲད་ནས་ཐིམ་ནས་རྟོག་མེད་རང་གསལ་དུ་གནས་ཀྱང་། རླུང་གི་གདངས་བསྐྱོད་པས། དབྱིངས་རིག་གི་སྣང་བ་ཕྱིར་གསལ་ཏེ། འགྲོ་འོང་འགུལ་འཕྲིགས་སུ་སྣང་བ་དང་། རྟོག་པ་རང་ས་རྗེས་མེད་ཟང་མ་ཐལ་བྱུང་དུ་སྣང་བའང་། རླུང་གིས་ཐུགས་རྗེའི་གདངས་སྔར་བཞིན་ཡུལ་ལ་རྒྱ་ཡན་དུ་མ་བསྐྱོད་ཀྱང་། སྐད་ཅིག་ཕྲ་མོར་སྤྱོད་པ་ལས་བྱུང་སྟེ། ལུས་གནད་འཆིང་བས་རྩོལ་མེད་རང་གྲོལ་ལ་འགྲོ་བའི་གནད་ཐམས་ཅད་དེ་ལ་ཐུག་པའོ། །མདོར་ན་རིག་གདངས་ཕྱིར་གསལ་དུ་འཆར་ཞིང་སྤྱོད་པ་ཐམས་ཅད་རླུང་གིས་ཕྱིར་ཕུལ་བ་ལས་བྱུང་ལ། རླུང་དག་པ་ན། ནང་ཐིམ་ལ་སོང་ནས་ཕྱིར་མི་སྣང་བ་ནི། འདི་ཡིས་རྟོགས་དཀའ་བའི་གནས་སོ།། །།

༈ གསུམ་པ་སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བ་ནི། ཡེ་ཤེས་དེའི་གདངས་རླུང་དང་འདྲེས་པའི་སེམས་སུ་བརྗོད་པས། སེམས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག་པ་དང་། སེམས་ཀྱི་རང་དུས་ཡུལ་ཕྲ་བར་རིག་པ་དེ་ཡེ་ཤེས་ཀྱི་རང་རྩལ་ལམ། རང་གདངས་ཡིན་པས། གཅིག་པ་འདྲ་ལ་མི་གཅིག་པ་ནི། རླུང་དང་འདྲེས་པས་འགྱུ་ཆར་ཤར་བ་སྟེ། (༡༤༧)ཡེ་ཤེས་མི་རྟོག་པའི་ཕྱིར་ནི། སེམས་དང་ཡེ་ཤེས་གཅིག་དང་ཐ་དད་ལས་གྲོལ་བའི་མ་གྲོལ་བ་ཞེས་བྱ་བ་སྟེ། རྟེན་དང་གནས་ལ་སོགས་པ་སོ་སོར་བརྟེན་པ་ཡིན་ནོ། །དེའི་ཕྱིར་སེམས་འཁོར་བའི་གཞི་དང་། །ཡེ་ཤེས་མྱ་ངན་ལས་འདས་པའི་གཞིར་བརྗོད་ཅིང་བཏགས་པའོ། །ཚུལ་འདི་དག་ཀུན་གསལ་ལས། །རྡོ་རྗེ་འཛིན་པ་ངེས་པར་ཟུང་ཞིག །སེམས་དང་ཡེ་ཤེས་རྣམ་པ་གཉིས། གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་ལས་ཡེ་ཤེས་ཡིན། །དེ་བས་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་ལས། །གྲོལ་བའི་མ་གྲོལ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་དང་། །གནས་ཀྱི་སྒོ་ནས་དབྱེ་བ་དང་། །ལམ་གྱི་སྒོ་ནས་དབྱེ་བ་དང་། །སྒོ་ཡི་སྒོ་ནས་དབྱེ་བ་དང་། །སྐྱོན་ཡོན་སོ་སོའི་སྒོ་ནས་དབྱེ། །རང་བཞིན་རྣམ་པར་དག་པས་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་འདུག་པས་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཟང་ཐལ་ལ། །སྐུ་གསུམ་དབྱེར་མེད་དངོས་པོའི་སྒྲིབ་ལས་འདས། །ཞིབ་ཏུ་གང་བཤད་འདིར་མི་བརྗོད། །སེམས་ཀྱི་ངོ་བོ་བསྟན་པ་ནི། །སྦུབས་དང་བཅས་པའི་གཟུང་འཛིན་ཡིན། །སེམས་དང་ཡེ་ཤེས་གནས་བསྟན་པ། །ཡེ་ཤེས་ཆེན་པོའི་བཞུགས་གནས་ནི། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཡིན། །ད་ལྟར་རིན་ཆེན་ཀློང་ན་བཞུགས། །འདུག་ཚུལ་གནས་དང་སྣང་ཚུལ་མཇལ། །གོང་དང་འོག་ཏུ་ཤེས་པར་བྱ། །སེམས་ནི་རླུང་ཅན་གྲོང་ན་གནས། །ལམ་ཀྱང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོར་འབྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གོས་པར། །ཡེ་ཤེས་ཆེན་པོ་ཀུན་ཏུ་འགྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བགྲོད། །དེ་ལ་དབུགས་རྒྱུ་འགྱུ་སྲང་ཡིན། །སྒོ་ལ་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ལ་གཉིས་ཡིན་ཏེ། །ཁྱབ་ལ་མི་སྣང་ལྐོག་འགྱུར་སྒོ། །རྣ་བ་གཉིས་སུ་བསྟན་པ་ཡིན། །གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་དུ་སྒོ་དེ་སྤྱན་དུ་བསྟན། །སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །དབུགས་འགྱུ་མི་འགྱུས་དབྱེ་བའོ། །ཡེ་ཤེས་ཡོན་ཏན་སྐུར་སྣང་ངོ་། །སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་(༡༤༨)འབྱུང་བར་རྩི། །ཞེས་ལེགས་པར་གསུངས་སོ།། །།

༈ དོན་ལྔ་པ་ངེས་དོན་མཐུན་པའི་རྣམ་གྲངས་འགོད་པ་ནི། ཚུལ་འདི་དག་གི་དགོངས་པ་ཟབ་མོ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་མདོར་གསུངས་པ། འཕགས་པ་བྱམས་པས་རྒྱུད་བླ་མར་གཏན་ལ་ཕབ་པའི་དོན་ཅུང་ཟད་བསྡུ་ན། རང་བཞིན་གྱི་འོད་གསལ་བའི་ཆོས་སྐུ་དེ་བཞིན་གཤེགས་པའི་རིགས་ཟབ་མོར་བསྟན་པ་དང་། སྙིང་པོས་ཀུན་ལ་ཁྱབ་པར་བསྟན་པ་དང་། བདེན་ཞིང་འགྱུར་བ་མེད་པར་བསྟན་པ་དང་། ཇི་ལྟར་གནས་པའི་དཔེ་བསྟན་པ་དང་། རྣམ་གྲངས་ངེས་པའི་ཆོས་བསྟན་པ་དང་། དོན་ཆིངས་རྣམ་པ་ལྔས་འདི་ཡི་གནས་རིག་པར་བྱ་སྟེ། དང་པོ་ནི་སེམས་ཀྱི་དམ་པ་འོད་གསལ་བ་ཉིད་གློ་བུར་དྲི་བཅས་སུ་གནས་ཀྱང་། དེ་སྦྱངས་ན་ངོ་བོ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཆོས་སྐུ་དག་པ་གཉིས་ལྡན་འབྱུང་བས། སངས་རྒྱས་ཀྱི་ཡོན་ཏན་འབྱུང་བ་དང་། ཕྲིན་ལས་འབྱུང་བའི་ཕྱིར་དེ་བཞིན་གཤེགས་པའི་རིགས་སོ། །སངས་རྒྱས་ཀྱི་གདུང་ཞེས་བྱ་སྟེ། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་པ་དང་། དེའི་འགྲེལ་པ་ལས། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་དེ་ཉིད་སངས་རྒྱས་གནས་ཡོངས་སུ་གྱུར་པའི་མཚན་ཉིད། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པ། འཇིག་རྟེན་པ་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་ཅིང་། ཆད་པ་མེད་པས་རྒྱུན་མ་ཆད་པས། བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པའོ། །ཞེས་གསུངས་སོ། །གནས་བཞི་པོ་འདི་ཡང་རིགས་གཅིག་པོ་ཉིད་དྲི་མ་ཡོད་མེད་ཙམ་ལས། ངོ་བོ་རང་(༡༤༩)བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལས་འགྱུར་བ་མེད་པས། བསམ་གྱིས་མི་ཁྱབ་པའི་ཆོས་སུ་བཤད་དེ། རྒྱུད་བླ་མ་ལས། དེ་ཡང་རྣམ་བཞིའི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པ་དང་། དེའི་འགྲེལ་པར། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཅིག་ཆར་དུས་གཅིག་ལ་རྣམ་པར་དག་པ་ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར། གནས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ། རང་སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ་སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་བ་དང་། སེམས་སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ཁྱོད་དམ། ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ། ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི། ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་ཡེ་ཤེས་རང་ངོ་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ། ཕྱིས་༼གློ་བུར་དྲི་བྲལ་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱི་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་ཅིག་དང་ལྡན་པའི་ཤེས་རབ་ཀྱིས། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས། དེ་བཞིན་གཤེགས་(༡༥༠)པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི། ཐམས་ཅད་མཁྱེན་པའི་༼ད་ལྟ་འཛིན་པ་སེམས་ཀྱིས་བཅིངས་པའི་ཡེ་ཤེས་དངོས་སུ་མི་སྣང་། བར་དོར་སེམས་མེད་པས་འཛིན་པ་མེད་དུས་སྐུ་དང་ཡེ་ཤེས་སུ་སྣང་བའི་འཐད་པའོ། །ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོག་མ་མེད་པར་རབ་ཏུ་བྱུང་ངོ་། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པའི་དར་ཡུག་ཆེན་པོ་ཞིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཚད་དུ་ནི། སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི། རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི། འཛམ་བུ་གླིང་། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི། ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཚད་དུ་ནི། ནུབ་ཀྱི་བ་གླང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི། བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི། རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་གཟུགས་ན་སྤྱོད་པའི་གཞལ་ཡས་ཁང་བྲིའོ། །དར་ཡུག་ཆེན་པོ་དེ་ཡང་སྟོང་གསུམ་ཆུ་ཞེངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་གྱི་ཚད་ཙམ་གྱུར་ལ། དར་ཡུག་ཆེན་པོའི་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །

ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། དེ་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་(༡༥༡)ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་། ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གི་རྣམ་པར་ཕྱེ་སྟེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི། རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་། མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདིས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བྱའོ། །སྙམ་པས་དེས་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཅི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་དེ་འགྲོ་བ་ཐ་དག་ལ་ཉེ་བར་མཁོ་བར་བྱེད་ཅིང་། གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱཻ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་། སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི། འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་ངོ་། །མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པས་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ཀྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས། སློབ་དཔོན་གྱི་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་ལ་ལ་སེམས་ཅན་འདི་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱིས་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོ་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་(༡༥༢)པ་ཉིད་དུ་རྗེས་སུ་ཐོབ་པ་བཞིན་དུ། དེ་དག་ལ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། །

དེ་ལ་རྒྱལ་བའི་མཛད་པ་ནི་ཅིག་ཆར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་། གདུལ་བྱ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་སྙིང་པོས་འགྲོ་བ་ཀུན་ལ་ཡེ་ནས་ཁྱབ་པར་ཡང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་། དེའི་འགྲེལ་པར། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེ་བ་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །ཞེས་སོ། །སྙིང་པོ་དེ་ཉིད་བདེན་ཞིང་མི་འགྱུར་བ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ཡི་ངོ་བོར་ལྷུན་གྱིས་གྲུབ་པ་ནི། སྔ་མ་ལས། གཙང་བདག་བདེ་དང་བདག་ཉིད་ཀྱིས། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་པ་དང་། དེའི་མདོ་སྦྱར་དུ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་རྣམ་པར་བཞག་སྟེ། འདི་ལྟ་སྟེ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། བདག་གི་ཕ་རོལ་ཏུ་ཕྱིན་པ་དང་། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་དང་། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ། བདག་(༡༥༣)ཏུ་འདུ་ཤེས་པ། གཙང་མར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །ཞེས་སོ། །ཡང་འགྱུར་བ་མེད་པ་དང་། ཕྱི་མའི་མཐར་གནས་པ་དང་། གཉིས་སུ་མི་རྟོག་པ་དང་། འཇིག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འཆི་བ་མེད་པ་དང་། ན་བ་མེད་པ་དང་། རྒས་པ་མེད་པའི་ཕྱིར། རྟག་པ་དང་། བརྟན་པ་དང་། ཞི་བ་དང་། གཡུང་དྲུང་གི་ཆོས་སུ་ལྷུན་གྱིས་གྲུབ་པ་དང་། རྟག་པ་ཡིན་ནོ། །རྒྱུད་བླ་མར། གཞན་འགྱུར་མི་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱིས། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་གྱུར་པ་ཡིས། །འཆི་འཕོས་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱི། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་སོ། །

མདོར་ན་འགྱུར་བ་མེད་པས་བརྟན་པ་སྟེ། དེ་ཉིད་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །འདི་ལ་ལྷུན་གྲུབ་ཀྱི་ཡོན་ཏན་དབྱེར་མེད་ལྡན་པས་དེ་བཞིན་ཆོས་སྐུ་དམ་པ། ཡེ་ནས་སྐུ་གསུང་ཐུགས་ཀྱི་རིགས་འཇིག་མེད་ཐོབ་པས། དེ་བཞིན་གཤེགས་པ་འདུས་མ་བྱས་འཕོ་འགྱུར་མེད་པ། རྫུན་པ་དང་བསླུ་བ་མ་ཡིན་པའི་ཆོས་ཉིད་ཀྱིས་དོན་དམ་པའི་བདེན་པ་དང་། གདོད་མ་ནས་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ཞེས་མིང་གི་རྣམ་གྲངས་ངོ་བོ་ལ་ལྟོས་ནས་བཞིར་བཤད་དོ། །དེ་ཉིད་ལས། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་བཞིན་དེ་རིགས་ཐོབ་པ་དང་། །རྫུན་མེད་བསླུ་མེད་ཆོས་ཉིད་དོ། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་སོ། །དྲི་མ་མ་དག་པ་སེམས་(༡༥༤)ཅན་གྱི་ཁམས་དང་། ཅུང་ཟད་དག་པ། ཡོངས་སུ་མ་དག་པ་བྱང་ཆུབ་སེམས་དཔའི་ཁམས་དང་། ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་ཁམས་ཞེས་གནས་སྐབས་ལ་ལྟོས་ནས་གསུམ་དུའང་བརྗོད་དོ། །དེ་ཉིད་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །དཔེ་ལ་གསུམ་སྟེ། རྣམ་དག་ལྷུན་གྱིས་གྲུབ་པའི་དཔེ། །ཁྱབ་ཅིང་འགྱུར་བ་མེད་པའི་དཔེ། །རྣམ་གྲངས་ཤིན་ཏུ་གསལ་བའི་དཔེའོ། །དང་པོ་གཞིའི་སྐུ་གསུམ་ཡེ་ནས་རང་ལ་གྲུབ་པ་ནམ་མཁའ་དང་། ནོར་བུ་དང་། ཆུ་དག་པ་ལྟར། སྟོང་པ་དང་། ལྷུན་གྱིས་གྲུབ་པ་དང་། སྙིང་རྗེ་འཆར་བའི་དབང་དུ་བྱས་ཏེ། རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །མཐུ་དང་གཞན་དུ་མི་འགྱུར་དང་། །རླན་པའི་ངོ་བོ་རང་བཞིན་ཕྱིར། །འདི་དག་ཡིད་བཞིན་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཅེས་སོ། །གཉིས་པ་ནི་རང་ངོ་གཞན་གྱི་དཔེ་ལས་འདས་པ། རང་གིས་མཚོན་པ་དེ་བཞིན་གཤེགས་པ་དང་། ཟབ་ཅིང་རྟོགས་པར་དཀའ་བ་སྦྲང་རྩིའི་གཟུགས་ལས་རོ་དང་། ཀུན་གྱི་སྙིང་པོར་ཁྱབ་པ་སྣོད་ནང་གི་ནམ་མཁའ་ལྟ་བུ་དང་། ངོ་བོ་མི་འགྱུར་བ་གསེར་གྱི་རིགས་ཀྱི་དཔེ་བཞིས་མཚོན་པ་ནི། དེ་ཉིད་ལས། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩིའི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །རང་བཞིན་འགྱུར་བ་མེད་པ་དང་། །བདེ་དང་རྣམ་པར་དག་ཕྱིར་རོ། །དེ་བཞིན་ཉིད་དེ་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་པ་དང་། དེའི་འགྲེལ་པ་ལས། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས། ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ་ནམ་མཁའི་ཁམས་ལས་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ནི་རྟག་ཏུ་(༡༥༥)ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང་། །དེ་བཞིན་འདི་ཡང་སེམས་ཅན་ཀུན་སོང་འདོད། །ཅེས་སོ། །

གསུམ་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི་རྒྱུད་བླ་མ་ལས། སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལས། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡིས། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །

རྒྱས་པར་བཤད་པ་ལ་དགུ་ལས། དཔེ་དང་པོ་ནི། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མི་མཐོང་ན། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མའི་མུར་གནས་ཐུགས་རྗེ་ཡིས། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་མཛད། །ཅེས་སོ། །

དཔེ་གཉིས་པ་ནི། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ན། །སྐྱེས་བུ་མཁས་པ་དེ་དོན་གཉེར་པ་ཡིས། །མཐོང་ནས་ཐབས་ཀྱིས་དེ་དང་སྲོག་ཆགས་ཚོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤང་བར་མཛད་པ་ཡིན། །ཞེས་སོ། །

དཔེ་གསུམ་པ་ནི། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་ལོངས་སྤྱོད་མི་འགྱུར་བ། །ཟས་བཙོག་དོན་དུ་གཉེར་པ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་ནི་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་སོ། །

དཔེ་བཞི་པ་ནི། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་བའི་ནང་དུ་ལྷུང་གྱུར་པ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་སྟེ། །ལྷ་མིག་རྣམ་དག་དང་ལྡན་ལྷ་དགའ་ཡིས། །མཐོང་ནས་མི་ལ་འདི་ན་ཡོད་(༡༥༦)པའི་གསེར། །རིན་ཆེན་མཆོག་ནི་སྦྱངས་ལ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆར་ཆེན་འབེབས། །ཞེས་སོ། །

དཔེ་ལྔ་པ་ནི། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཀྱང་། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་གསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་པོའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདི་ཡིས་མྱོང་། །ཞེས་སོ། །

དཔེ་དྲུག་པ་ནི། ཇི་ལྟར་ཨ་འབྲས་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་སྨོས་ཆུ་བཙོག་ལྡན་པའི་ལྗོན་ཤིང་གིས། །རྒྱལ་པོའི་དངོས་པོར་རིམ་གྱིས་གྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་སོ། །

དཔེ་བདུན་པ་ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་ཧྲུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་ནས་དོན་དེ་དེ་ལ་སྨྲས་པ་ལྟར། །དེ་ནི་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་ཏེ། །ཐར་པར་བྱ་བའི་དོན་དུ་ཐབས་དོན་མཛད། །ཅེས་སོ། །

དཔེ་བརྒྱད་པ་ནི། ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་ནས་སུ་ནི་འདུག་འགྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་སོ། །

དཔེ་དགུ་པ་ནི། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་པ་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་(༡༥༧)སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་པ། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཅེས་སོ། །

རྣམ་གྲངས་ངེས་པའི་ཆོས་གཞན་བསམ་པ་ལ། རིགས་ཀྱི་རང་བཞིན་དེ་ཡོད་པའི་རྟགས། སྟོང་ཚུལ། ཚུལ་གཞན། དྲང་དོན་དུ་བསྟན་པ། འདི་ཉིད་ངེས་དོན་གསུང་ཚུལ། ཕན་ཡོན་དང་བཅས་པ་ལྔས་རིག་པར་བྱ་བ་ལས། ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཡི་རང་བཞིན་ནི། ཡེ་ནས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། རྒྱུད་བླ་མའི་འགྲེལ་པར། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །

དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཞེས་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་བཞག་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ། རང་བཞིན་ལས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་འགྲེལ་པ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་སོ། །བྲལ་བ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གནས་དང་གཞི་དང་རྟེན་ལ་སོགས་པ་ཞེས་བྱའོ། །དེ་ཡོད་ན་ནི་འགྲོ་ཀུན་དང་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །ཞེས་གསུངས་པའོ། །མྱ་ངན་ལས་འདས་པ་ལ་ཡང་ཐོབ་པར་འགྱུར་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡིད་འབྱུང་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་(༡༥༨)ལ་ཡང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ་ཞེས་རྒྱས་པར་གསུངས་པའོ། །ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི། རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ། ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ། །ཞེས་བྱ་བ་ནི། ཆོས་ཉིད་མཚན་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་སོ། །རིགས་དེ་སེམས་ཅན་ལ་ཡོད་པའི་རྟགས་སུ་བདེ་བ་འདོད། སྡུག་བསྔལ་མི་འདོད་པའི་བློ་ཡོད་པས་ཤེས་ལ། རིགས་དེ་སད་པའི་རྟགས་སུ་འཁོར་བ་ལ་སྐྱོ་ཞིང་། ཐར་པ་ལ་སྨོན་པའི་བློ་ཡོད་པས་མཚོན་ཏེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་དེ་ཡི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ནི་གང་ཕྱིར་ཏེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །རིགས་དེའི་སྟོང་ཚུལ་ནི། དབྱེར་ཡོད་ཅིང་བྲལ་ཤེས་པ་དྲི་མའི་ཆོས་གློ་བུར་གྱིས་བསྒྲིབས་པས། རང་ངོ་ལ་གོས་པ་མེད་པས་སྟོང་པ་དག་དུས་བྲལ་བས་སྟོང་ལ། བློས་བསམ་པ་སྟོང་དེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རྣམ་པར་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་སྟེ། འདུས་མ་བྱས་པའི་རང་བཞིན་རྟག་ཏུ་འཕོ་འགྱུར་མེད་པར་གནས་པའི་ཕྱིར་རོ། །དེ་སྐད་དུའང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱི་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས། བསལ་བ་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཉིད་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་(༡༥༩)རོ། །

འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས། གདྒཱ་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་། །ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་པར་གྱུར་པ་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཞེས་གསུངས་སོ། །འདི་ཉིད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ།། །།

༈ ཚུལ་གཞན་དྲང་བའི་དོན་དུ་བསྟན་པ་ནི། བཀའ་བར་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཕྱི་རོལ་པ་གང་ཟག་གི་བདག་ཏུ་ལྟ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཆོས་ཀྱི་བདག་ཏུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དངོས་པོ་ལ་མངོན་པར་ཞེན་ཅིང་། གཉེན་པོ་ལ་མཆོག་ཏུ་འཛིན་པ་རྣམས་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ལ་དྲང་བའི་ཕྱིར་སྟོང་པ་ཉིད་ནམ་མཁའ་ལྟ་བུ་གསུངས་ཏེ། དགོངས་གཞི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་དོན་དམ་པ་སྟོང་པ་ཉིད་ལ་དགོངས་པའོ། །དགོས་བྱེད་སོ་སོའི་འཛིན་པ་བྲལ་བར་བྱེད། དངོས་ལ་གནོད་བྱེད་ནི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། དེ་ལ་སྟོང་པ་ཉིད་སེམས་རྣམ་པར་ཡེངས་པ་ནི། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འམ། སྟོང་པ་ཉིད་ཀྱི་ཚུལ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལས་མཉམ་པ་དག་ལ་བརྗོད་དེ། ཞེས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བསྟན་ཏོ། །ཞེས་པའོ། །མྱ་ངན་ལས་འདས་པའི་མདོ་ལས། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་(༡༦༠)ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་བལྟ་བ། འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་པའི་གནད་དོ། །གནས་ལུགས་རང་བཞིན་གྱིས་དག་ཅིང་ལྷུན་གྱིས་གྲུབ་པར་མ་ཤེས་ན། ཕྱིན་ཅི་ལོག་བཞིའི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། མི་གཙང་བར་བསྒོམས་ཀྱང་ལམ་དེས་གྲོལ་བར་མི་ནུས་ཏེ། རྣལ་དོན་མ་རྟོགས་པའི་ཕྱིར་རོ། །ཡང་དེ་ཉིད་ལས། དགེ་སློང་དག །དཔེར་ན་སོ་ཀའི་དུས་ལ་བབ་པ་ན། སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གི་ཆུ་ལ་རྩེའོ། །དེས་ན། དེར་གཅིག་གི་རིགས་དང་ལྡན་པའི་ནོར་བུ་བཻ་ཌཱུཪྻ་ཆུའི་ནང་དུ་བཞག་པ་དང་། དེ་ནས་བཻ་ཌཱུཪྻའི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཆུ་ལ་ཞུགས་པར་འགྱུར་རོ། །དེ་ནས་དེ་ན་ཡོད་པའི་གསེག་མའམ། གྱོ་མོ་དེ་དག་ནོར་བུར་སྙམ་ནས་བཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་བྱུང་ངོ་། །བྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་འདི་ནི་ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ། །རྫིང་གི་ཆུ་དེ་ཡང་ནོར་བུའི་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས། ཨེ་མ་ཧོ། ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་ལ་མཁས་ཤིང་ཡིད་གཞུངས་པ་ཞིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པར་གྱུར་ཏེ། དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་ཁྱེད་ཀྱིས། ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་སྡུག་པའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམ་ཞིང་བསྒོམ་ལ་མང་དུ་བྱས་ཤིང་མང་དུ་བྱས་པ་ཉེ་བར་བཞག་པ་དེ་དག་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་རྣམ་པར་གནས་པ་(༡༦༡)ལེན་པ་ལྟར། མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག །ཅེས་གསུངས་སོ། །

དོན་དམ་པ་སྟོང་པ་ཉིད་ཀྱི་ཚུལ་མི་ཤེས་པར་གང་ཡང་མེད་པའི་སྟོང་པར་འདོད་པ་ནི་ཆད་པར་ལྷུངས་པས་ཕྱི་རོལ་པ་དང་དོན་ལ་མཚུངས་པས་སྨད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་དག་བདག་ཏུ་བལྟ་བའི་རི་རབ་ཙམ་ནི་སླ་ཡིས། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་པ་དང་། བཞི་བརྒྱ་པ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་བསྒྲུབས་པ་ལོག་པ་བཞིན། །ཞེས་པ་བཞིན་ནོ། །འདི་ཉིད་ངེས་དོན་དུ་གསུང་ཚུལ་ཕན་ཡོན་དང་བཅས་པ་ནི། བཀའ་བར་པ་ཆོས་ཐམས་ཅད་སྟོང་པར་བསྟན་པ་ལས་ཆེས་ཁྱད་པར་དུ་འཕགས་པ། ཐ་མར་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་འོད་གསལ་ངེས་པའི་དོན་དུ་གསུངས་པས། གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱིས་རྟོགས་ཏེ། སེམས་ཞུམ་པ་མེད་པས་བྱང་ཆུབ་ཏུ་སེམས་རླབས་ཆེར་བསྐྱེད་དེ་བརྩོན་པ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་མཐོང་བས་གུས་ཤིང་རང་ལ་རློམ་སེམས་མེད་པ་དང་། གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པས་ཤེས་རབ་རྒྱ་ཆེན་འཕེལ་ཞིང་ལོག་པར་ལྟ་བ་མེད་པ་དང་། བདག་དང་སེམས་ཅན་མཚུངས་པར་མཐོང་བས་བྱམས་པ་སྐྱེ་བ་དང་། སྒྲོ་སྐུར་ཞི་བའི་བདེན་པ་མཐོང་བ་ལ་འཇུག་པས། སྟོང་པ་སྐུར་འདེབས་ཀྱི་མཐའ་དང་བྲལ་ཏེ། སངས་རྒྱས་མྱུར་དུ་ཐོབ་པ་ཉིད་དུ་རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་ཡང་དོན་དུ་གསུང་། །ཞེས་པ་དང་། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་བསྐྱེད། །ཆོས་ལྔ་སྐྱེ་ཕྱིར་དེ་ལ་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་(༡༦༢)སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་གསུངས་སོ། །གནས་འདི་ནི་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྲུན་པ། དབང་པོ་སྦྱངས་པ། དགེ་བའི་བཤེས་གཉེན་དམ་པས་ཟིན་པ་རྣམས་ཀྱིས་དད་པས་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི། སོ་སོ་སྐྱེ་བོ་ཕལ་དང་ཉན་རང་གི་རིགས་ཅན་དང་སྟོང་པ་མཐར་འཛིན་དུ་ཞེན་པ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་ཏེ། དེ་ཉིད་ལས། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པ་དང་། དེའི་འགྲེལ་པར། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་བལྟ་བར་ལྟུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱིས་སྤྱོད་ཡུལ་མ་ལགས་སོ། །ཞེས་བྱ་བ་ཡིན་ནོ། །ཞེས་སོ། །ནམ་མཁའ་འདྲ་བའི་ཆོས་ཀྱི་སྒོ་འདི་ནི། །རང་བཞིན་དག་པའི་སྤྱོད་ཡུལ་ངོ་མཚར་རྨད། །གང་གིས་དེ་རྟོགས་རྒྱལ་བའི་གོ་འཕང་འཛིན། །ཟབ་ཅིང་རྒྱ་ཆེའི་དོན་ལ་མཁས་པ་ཡིན། །དེ་ལྟར་འཕྲོས་དང་བཅས་པས་འཁྲུལ་དུས་དགོངས་པའི་གནས་ཚུལ་བསྟན་པ་བཤད་ཟིན་ཏོ།། །།

སྤྱི་དོན་བཞི་པ། གདམས་པ་ཉམས་ལེན་གྱིས་མཚོན་ཚུལ།

༈ སྤྱི་དོན་བཞི་པ་གདམས་པ་ཉམས་ལེན་གྱིས་མཚོན་ཚུལ་བསྟན་པ་ལ་གསུམ་སྟེ། གདམས་གཞི་རྒྱུད་ལུང་བབས་ཚུལ་གྱིས་ཁོག་བཅིངས། གདམས་ཚུལ་དབང་གི་ཆུ་བོས་རྒྱུད་སྦྱང་། གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱའོ། །

དང་པོ་ནི་གཞི་ལྷུན་གྲུབ་ཆེན་པོའི་ངང་ལས། ཐུགས་རྗེས་རང་སྣང་དུ་རིག་པས་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་ཡེ་རྫོགས་རང་བྱུང་ཆེན་པོར་ཐོབ་སྟེ། དགོངས་པ་རང་བྱུང་གི་མན་ངག་རང་ཤར་བས། ལུང་སྟོན་པའི་བླ་མ་མེད་པར་སངས་རྒྱས་པ་ན། ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་བྱང་ཆུབ་པའོ། །དེ་ནས་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ། རྣམ་དག་སྟུག་པོ་བཀོད་པའི་ཞིང་དུ་རིགས་ལྔའི་དཀྱིལ་འཁོར་མངོན་པར་སྣང་བ་དང་། སྟོན་པ་རྣམ་པར་སྣང་མཛད་ཀྱིས་འཁོར་རིགས་བཞིའི་སངས་རྒྱས་ཚོམ་བུར་རང་སྣང་དུ་གསལ་བ་ལ། དགོངས་པ་བཞི་འདུས་ཀྱི་དབང་རང་རྫོགས་ལྷུན་གྲུབ་ཏུ་རྫོགས་ཏེ། (༡༦༣)རང་གི་ངོ་བོས་བརྡའི་ཆོས་བསམ་གྱིས་མི་ཁྱབ་པའི་དུས་སུ་གསུངས་སོ། །དེ་ནས་ལོངས་སྐུ་ཡབ་ཡུམ་གྱི་བྱིན་རླབས་ཐུགས་རྗེ་རང་ཤར་གྱི་རྩལ་ལས་སྤྲུལ་པའི་སྐུ་དཔལ་རྡོ་རྗེ་སེམས་དཔའ་རང་བྱོན་ཏེ། དགོངས་པ་ཡེ་རྫོགས་ཀྱི་དབང་དང་ཆོས་ཉིད་རང་བྱུང་གི་གདམས་པ་ཡེ་བབས་ལྷུན་གྲུབ་ཆེན་པོར་ཐོབ་ནས། གནས་རིགས་གསུམ་དུ་གདུལ་བྱའི་དོན་མཛད་དོ། །ཀུན་གསལ་ལས། ངས་ལེན་མ་མྱོང་བའི་ལུས་གཉིས་བླངས་པས། མཐོང་མ་མྱོང་བའི་ཡུལ་གཉིས་མཐོང་། གྲགས་མ་མྱོང་བའི་སྒྲ་གཅིག་བྱུང་། བརྗོད་མ་མྱོང་བའི་ཚིག་གཅིག་བྱུང་། དེའི་ཚེ་རྟོགས་པའི་ཡེ་ཤེས་སྐྱེས་སོ། །ཞེས་སོ། །ལེན་མ་མྱོང་བའི་ལུས་ནི་ཆོས་སྐུ་ནང་གསལ། ལོངས་སྤྲུལ་གཉིས་བྱུང་བའོ། །ཡུལ་གཉིས་ནི་ལོངས་སྐུར་རང་སྣང་གི་ཞིང་དང་། སྤྲུལ་སྐུའི་གདུལ་ཞིང་ངོ་། །སྒྲ་ནི་ལོངས་སྐུར་རང་སྒྲ་ཡི་གེ་དྲུག་གི་འཁོར་ལོའོ། །ཚིག་ནི་གདུལ་བྱའི་རང་སྣང་ཚངས་པའི་དབྱངས་སུ་ཐོས་པའོ། །ཡང་ལུས་ནི་སྐུ་གསུམ། ཡུལ་ནི་ནང་ལྷུན་གྲུབ་དང་ཕྱི་ཞིང་ཁམས། སྒྲ་ནི་རང་བྱུང་གི་ཡི་གེ། ཚིག་ནི་རང་ཤར་རང་གྲོལ་དུའང་སྦྱོར། དེ་ཐམས་ཅད་ཀྱང་སྐུ་གསུམ་གྱི་མཛད་པ་སྟེ། དེ་ཉིད་ལས། རིགས་ཀྱི་བུ། ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས་གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལ། འབྲས་བུ་དག་པ་གཟུགས་སྐུ་གཉིས་ནང་གསལ་དུ་གནས་པ་ནི་ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གྲུབ་པའི་སྐུ་ཞེས་བྱའོ། །ཀྱཻ་གསང་བའི་བདག་པོ། རྣམ་སྣང་ལ་ལོངས་སྐུར་བཞག་པ་ནི། རྣམ་སྣང་ལས་རིགས་བཞི་འབྱུང་ཞིང་། རྣམ་སྣང་ལས་ཡོན་ཏན་ཁྱབ་པ་སྟེ། རིགས་བཞིའི་གཞི་མའམ། ཤེས་བྱ་གྱུར་པའོ། །རིགས་བཞི་ཡང་རྣམ་སྣང་གི་ཐུགས་རྣམ་པར་དག་པ་ལ་ལོངས་སྤྱོད། མར་འཁོར་བ་སྨིན་པའི་སེམས་དཔའ་སེམས་ལ་ཐུགས་རྗེས་སྤྱོད་པའོ། །དཔེ་རིགས་བཞི་ལ་ལོངས་སྐུའོ། །དེ་ལས་ཐུགས་རྗེའི་བྱེ་བྲག་མི་འདྲ་བ་སྣང་བས་སེམས་དཔའ་སེམས་མར་སྤྲུལ་སྐུའོ། །དེ་བཞིན་དུ་ཆོས་སྐུའི་སྐུ་གསུམ་དང་། སྤྲུལ་སྐུའི་སྐུ་གསུམ་ཡང་ཤེས་པར་གྱིས་ཤིག །སྐུ་ཡི་ཆེ་བ་ཡོངས་སུ་རྫོགས་ཏེ་གདུལ་བྱའི་འཁོར་སྨིན་(༡༦༤)པ་རྣམས་ལ་མངོན་པར་སྣང་བས། འབྲས་བུ་མངོན་པར་གསལ་བ་ཞེས་བྱའོ། །ཐུགས་ཀྱི་མཁྱེན་པས་ཡར་ཆོས་སྐུ་གསལ་ཞིང་། སྤྱན་གྱི་མཁྱེན་པས་མར་སྤྲུལ་སྐུ་གསལ་ཏེ། བར་ན་སྐུ་མཆོག་འོད་གསལ་བ་ཙམ་དུ་སྣང་བས་ན་ལོངས་སྐུར་རྣམ་པར་བཞག་པའོ། །ཆོས་ཀྱི་སྤྱན་གྱིས་རྣམ་རྟོག་མི་མངའ་བར་གཟིགས་ལ། ཞལ་གྱི་བར་ནས་ཡི་གེ་དྲུག་གི་འོད་འཕྲོས་པས། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ན་རྡོ་རྗེ་སེམས་དཔའ་རེ་རེ་གསལ་ཞིང་། འགྲོ་དྲུག་ཕྱིའི་གནས་ན་ཐུབ་པ་དྲུག་སྣང་བས་ཐུགས་རྗེ་འབྱུང་བའི་སྐུ་གསུམ་མོ། །ཞེས་སོ། །སྐུ་དེ་དག་དབྱེ་བ་དངོས་ནི་དེ་ཉིད་ལས། དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་བཟུང་དང་བྲལ་ཞིང་མི་འགྱུར་བ་ཆོས་ཀྱི་སྐུའོ། །རིག་པ་ཤེས་རབ་ཀྱི་སྐུ་མཁྱེན་པ་མ་འགགས་པ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལྔ་ནི་ཆོས་སྐུའི་ལོངས་སྐུའོ། །གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི་ཆོས་སྐུའི་སྤྲུལ་སྐུའོ། །དེ་དག་ནི་སྐུ་གསུམ་རྣམ་དག་གྱ་ལོག་ཆེན་པོ་ཞེས་ཀྱང་བྱ། འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་ཆོས་སྐུ་ནི་རྣམ་སྣང་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་ནི་རིགས་བཞིའོ། །ལོངས་སྐུའི་སྤྲུལ་སྐུ་ནི་སེམས་དཔའ་སེམས་མ་རྣམས་སོ། །དེ་རྣམས་ལ་མཚན་གྱི་བྱེ་བྲག་ནི་འབྲས་བུ་མངོན་པར་གསལ་བའི་དུས་ཞེས་ཀྱང་བྱ། སྐུ་གསུམ་རྣམ་པར་དག་པ་ཞེས་ཀྱང་བྱ། དངོས་ལོངས་སྐུའི་སྐུ་གསུམ་མོ། །སྤྲུལ་སྐུའི་སྐུ་གསུམ་ནི་རིགས་བཞིའི་སངས་རྒྱས་ཆོས་སྐུ། སེམས་དཔའ་སེམས་མ་ལོངས་སྐུ། ཐུགས་རྗེ་འོད་ཟེར་སྤྲུལ་སྐུའོ། །ཀྱཻ་སེམས་དཔའ་ཆེན་པོ། དེ་ལ་ནི་ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་ཀྱང་བྱ། སྐུ་གསུམ་མཐའ་ལ་བསྐྱལ་བ་ཞེས་ཀྱང་བྱ་སྟེ། དེ་རྣམས་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་ཤིང་། སྟོན་པས་དོན་མཛད་པས་འགྲོ་བ་འདུལ་བའི་སྐུ་གསུམ་ཞེས་ཀྱང་བྱའོ། །ཀྱཻ་གསང་བདག་དགོངས་པར་ཟུང་ཞིག །རྡོ་རྗེ་སེམས་དཔའ་ནི་སྤྲུལ་སྐུའི་ཆོས་སྐུའོ། །དེ་ཡི་དབུ་ཡི་ཐོར་ཙུག་དང་། མཛོད་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་ལ་སོགས་པ་ནས་བྱུང་བའི་སྐུ་འཇམ་དཔལ་ལམ་དྲི་མེད་སྙིང་པོ་ལ་སོགས་རྣམས་ནི་སྤྲུལ་སྐུའི་ལོངས་སྐུའོ། །ཐུབ་པ་དྲུག་དང་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་ནི་སྤྲུལ་སྐུའི་སྤྲུལ་སྐུའོ། །(༡༦༥)ཞེས་སོ། །དེ་ལྟར་སྟོན་པས་སྐུ་གསུམ་དགོངས་པར་བརྒྱུད་ནས། དཔལ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ལ་སོགས་པའི་འཁོར་ལ། བཞི་རྫོགས་དབང་གི་ཆུ་བོ་ཕབ། རྒྱུད་ལུང་མན་ངག་གི་གསང་སྒོ་ཕྱེས། ཚིག་སྦྱོར་ལེགས་པའི་སྒོ་ནས་དཔེ་དོན་རྟགས་གསུམ་གྱིས་སྨིན་ཅིང་གྲོལ་བར་མཛད་དོ། །དེ་ནས་རིམ་པར་བརྒྱུད་དེ་དབང་དང་གདམས་པའི་བཀའ་བབས་ཟམ་མ་ཆད་པར་བརྒྱུད་པ་ནི། གདམས་ཁྲིད་ཆེན་མོ་ལས་རྟོགས་པ་ཡེ་བབས་མན་ངག་གི་ཁོག་བཅིངས་པས། ཟབ་དོན་སྙིང་པོའི་གཞི་ལ་བསྐྱལ་བ་ཞེས་བྱའོ།། །།

༈ གཉིས་པ་གདམས་ཚུལ་དབང་གི་ཆུ་བོས་རང་གི་རྒྱུད་སྦྱོང་བ་ལ་གསུམ་སྟེ། རྟེན་དཀྱིལ་འཁོར་གྱི་རང་བཞིན། དེ་སྒྲུབ་པའི་ཆོ་ག །ཇི་ལྟར་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་གྱི་རང་བཞིན་སྤྱིར་བསྟན་པ་དང་། ཚོམ་བུའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ་དང་བཞི་ལས། ངོ་བོ་གཞི་ལམ་འབྲས་བུའི་ཆོས་ཀྱི་རང་བཞིན་གང་ཞིག་ངོ་བོ་དང་ཁྱད་པར་གྱི་ཆོས་སུ་སྣང་བའོ། །ངེས་ཚིག་ཆོས་གང་ལ་གང་གིས་བསྐོར་བས་མཛེས་པ། དབྱེ་ན། རྟེན་བརྡའི་དཀྱིལ་འཁོར། དམིགས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ་མོ། །དཔེ་ཉི་ཟླ་གཟའ་སྐར་གྱི་དཀྱིལ་འཁོར་འོད་གསལ་བ་ལྟ་བུ་སྟེ། བཤད་རྒྱུད་ལས། དང་པོ་དཀྱིལ་འཁོར་བཤད་བྱ་ལ། །ངོ་བོ་དང་ནི་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །ངོ་བོ་རྣམ་པ་གསུམ་ཡིན་ཏེ། །མཚོན་པ་བརྡ་ཡི་ངོ་བོ་ནི། །བྲིས་དང་འབུར་དུ་བཏོད་པ་ཡིན། །དམ་ཚིག་ཏིང་འཛིན་ངོ་བོ་ནི། །གང་བསྒོམས་ཡིད་ལ་གསལ་བ་ཡིན། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ནི། །སྐུ་གསུམ་རྒྱལ་བའི་དབང་པོ་ཡིན། །རིག་པ་དཀྱིལ་ལ་ཡེ་ཤེས་འཁོར། །ཆོས་སྐུའི་ངོ་བོ་ངེས་ཚིག་ཡིན། །གཙོ་བོ་དཀྱིལ་ལ་སེམས་དཔའ་འཁོར། །ལོངས་སྐུའི་ངོ་བོ་ངེས་ཚིག་ཡིན། །ཀུན་གཞི་དཀྱིལ་ལ་ཚོགས་བརྒྱད་འཁོར། །སྤྲུལ་སྐུའི་ངོ་བོ་ངེས་ཚིག་ཡིན། །དབྱེ་བ་རྣམ་པ་གསུམ་དུ་བཤད། །མཚོན་པ་བརྡ་ཡི་དཀྱིལ་འཁོར་དང་། །དམ་ཚིག་ཏིང་འཛིན་དཀྱིལ་འཁོར་དང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་(༡༦༦)རོ། །དཔེ་ནི་ཉི་ཟླ་གཟའ་སྐར་བཞིན། །བརྗོད་ཚུལ་མང་ཡང་བསྡུས་པ་ཡིན། །ཞེས་སོ། །

གཉིས་པ་ལ་ལྔ་སྟེ། བཞུགས་གནས། གདན། གཙོ་འཁོར་བཞུགས་ཚུལ། དོན་རྟགས་སོ། །དང་པོ་ཚོམ་བུའི་དཀྱིལ་འཁོར་གྱི་བཞུགས་གནས་ནི། ནང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཆོས་སྐུ་བྱང་ཆུབ་སེམས་ཀྱི་མཁའ་ཀློང་ཡངས་པ་ནི་འཆར་གཞིའི་གནས་ལ། ཡུལ་ཡངས་པ་ཡེ་ཤེས་ཀྱི་རང་སྣང་དག་པ་ཆོས་ཉིད་ཡུལ་སྣང་གི་ནམ་མཁའ་ནི། གདངས་ཀྱི་གནས་ཏེ། དོན་ལ་རིག་སྟོང་ཡངས་པ་ཆེན་པོའི་ངང་ནི་གནས་མེད་དོན་གྱི་གནས་སུ་བསྟན་ཏེ། དེ་ཉིད་ལས། གནས་མེད་གནས་ཆེན་ཆོས་ཉིད་རྣམ་པར་དག །མ་བྲིས་དཀྱིལ་འཁོར་འགགས་མེད་གསལ། །ཡང་དག་གསལ་བའི་དཀྱིལ་འཁོར་ཏེ། །བཞུགས་གནས་ཆེན་པོ་དེར་བཤད་དོ། །ཞེས་སོ། །

གདན་ནི་རྟགས་ཀྱི་གདན་སེམས་ཅན་དུ་སྣང་བ་ལྔ། ཁྱད་པར་གྱི་གདན་ཉི་ཟླ་གཉིས། ཆོས་ཀྱི་གདན་པདྨ་དང་འཁོར་ལོ་སྟེ། ངོ་བོ་ངེས་ཚིག་དབྱེ་བ་དཔེ་དང་བཅས་པ་ཡང་། དེ་ཉིད་ལས། ངོ་བོ་ཆོས་ཉིད་འགྱུར་མེད་ཡིན། །བསྡུས་པས་དེ་ལས་མེད་མོད་ཀྱི། །དབྱེ་བའི་སྒོ་ནས་མཚོན་ན་མང་། །རྟགས་ཀྱི་གདན་ལ་རྣམ་པ་ལྔ། །ཁྱད་པར་གདན་ལ་རྣམ་པ་གཉིས། །ཆོས་ཀྱི་གདན་ཡང་དེ་དང་མཚུངས། །རང་རང་དོན་གྱི་ངོ་ལ་སྦྱར། །ངེས་ཚིག་བཞུགས་ཕྱིར་གདན་ཞེས་བྱ། །དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །རྟགས་དང་ཁྱད་པར་ཆོས་དང་གསུམ། །རྟགས་ལ་ལྔ་སྟེ་ཁྱད་པར་གཉིས། །ཆོས་ལ་འཁོར་ལོ་པདྨའོ། །དཔེ་ནི་འཇིག་རྟེན་གདན་དང་མཚུངས། །ཞེས་སོ། །གཙོ་འཁོར་ནི། རྣམ་སྣང་ལ་རིགས་བཞིས་བསྐོར་བ་དབུས་ཀྱི་ཚོམ་བུ། མི་བསྐྱོད་པ་རང་གི་འཁོར་གྱིས་བསྐོར་བ་ཤར་གྱི་ཚོམ་བུ། དེ་བཞིན་དུ་རིན་འབྱུང་། འོད་དཔག་མེད། དོན་གྲུབ་ལ་སོ་སོའི་འཁོར་གྱིས་བསྐོར་བ། ཕྱོགས་ཀྱི་ཚོམ་བུ་འོད་ལྔའི་མུ་ཁྱུད་ཀྱི་ཀློང་ན་གསལ་བ་སྟེ། ཀུན་གསལ་ལས། ཆོས་ཉིད་དག་པའི་སྣང་ཆ་ལྔར། །མཐིང་ག་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་རྫོགས། །དེ་ཡི་ངང་ལས་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ཀྱི་ནང་ཀུན་ཡེ་ཤེས་ཏེ། །གཞི་ནི་རྣམ་སྣང་ཀུན་ཏུ་གསལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །དཔག་མེད་དོན་ཡོད་ཆེན་པོར་སྣང་། །ཞེས་དང་། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལ། །(༡༦༧)ས་སྙིང་བྱམས་པ་གཡས་དང་གཡོན། །ཐུགས་རྗེའི་ཐབས་ཀྱིས་སྐུ་རུ་ཤར། །ཡུམ་ཆེན་སངས་རྒྱས་སྤྱན་དག་ལས། །ལཱ་སྱེ་པུཥྤེ་གཡས་དང་གཡོན། །ཐབས་དང་ཐབས་ཀྱི་ཆ་འཛིན་པ། །ཤེས་རབ་ཤེས་རབ་ཆ་འཛིན་པ། །རེ་རེ་ལ་ཡང་གཉིས་གཉིས་སྣང་། །ཚོམ་བུའི་དཀྱིལ་འཁོར་གཅིག་ཏུ་གསལ། །དེ་བཞིན་རིན་ཆེན་འབྱུང་ལྡན་ལས། །ཀུན་བཟང་ནམ་མཁའི་སྙིང་པོ་གཉིས། །གཡས་དང་གཡོན་དུ་ཤར་ཞིང་གསལ། །མཱ་མ་ཀཱི་ལ་གཡས་གཡོན་དང་། །མཱ་ལྱེ་དྷཱུ་པེ་གཉིས་སུ་གསལ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །སྤྱན་རས་གཟིགས་དང་འཇམ་དཔལ་གཉིས། །མ་འགགས་གཡས་དང་གཡོན་དུ་གསལ། །ཡུམ་ཆེན་ན་བཟའ་དཀར་མོ་ལ། །གཱིརྟི་མ་དང་ཨཱ་ལོ་ཀེ། །གཡས་དང་གཡོན་ན་དེ་བཞིན་གནས། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །ཕྱག་ན་རྡོ་རྗེ་སྒྲིབ་པ་སེལ། །གཡས་དང་གཡོན་དུ་རྣམ་པར་གསལ། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལ། །ནཱིརྟི་གནྡྷེ་གཡས་དང་གཡོན། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །ཡབ་རྣམས་ཀུན་ཏུ་བཟང་པོ་ལ། །ཡུམ་རྣམས་ཀུན་ཏུ་བཟང་མོ་ཡིན། །དེ་ཡི་ཆ་འཛིན་ཡབ་ཡུམ་གསལ། །དེ་རྣམས་ཕྱིན་ཅི་ལོག་བཞི་དང་། །རྟག་ཆད་མཐའ་བཞི་རྣམ་དག་པས། །སྒོ་བ་སྒོ་མ་ཡབ་ཡུམ་བརྒྱད། །རྩལ་སྟོབས་མ་འགགས་བཞི་བཅུ་གཉིས། །མཚན་དང་དཔེ་བྱད་མ་ལུས་རྫོགས། །ཐུགས་རྗེ་རྒྱན་དང་རོལ་པར་ཤར། །ཞེས་སོ། །

བཞུགས་ཚུལ་ནི། འོད་ལྔའི་ཀློང་ན་སྣང་ལ་རང་བཞིན་མེད་པ་གསལ་འཚེར་ལྷུན་སྡུག་མཚན་དཔེའི་འོད་དུ་འབར་བར་བཞུགས་ཏེ། དེ་ཉིད་ལས། རྣམ་སྣང་ལ་སོགས་རིགས་ལྔའི་སྐུ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་སྐུ། །ཐུན་མོང་མཚན་དང་ལྡན་པ་ནི། །སྐུ་རེ་ལ་ཡང་ཡོངས་རྫོགས་པས། །ཐུན་མོང་སྤྱི་ཡི་མཚན་དཔེར་ལྡན། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །སྐུ་ཡི་རྔམ་དང་གཟི་བརྗིད་ཀྱི། །སྤྲུལ་སྐུ་མཚན་མ་ཟིལ་གནོན་པ། །ཆེ་བའི་ཡོན་ཏན་མདོར་བསྡུས་ཡིན། །ཞེས་སོ། །

དོན་རྟགས་ལ་གསུམ་ལས། གནས་ཀྱི་དོན་རྟགས་ནི། རིག་པ་མཚོན་བརྗོད་ལས་འདས་པ། ལྷུན་གྲུབ་རང་གསལ་དུ་ཡེ་ནས་དག་པའི་དོན་གྱི་རྟགས་སུ། དེའི་བཞུགས་གནས་(༡༦༨)རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཆོས་ཀྱི་དབྱིངས་དག་པ་ཆེན་པོར་བརྗོད་དེ། ཆོས་དབྱིངས་གནས་ནི་མཚན་རྫོགས་ཀུན་ལས་འདས། །སྐྱེ་མེད་རྟགས་སུ་སྟོང་གསལ་མཐའ་དབུས་མེད། །གདན་གྱི་དོན་རྟགས་ནི། ཡང་ཀུན་གསལ་ལས། དེ་བཞུགས་གདན་གྱི་ཁྱད་པར་ནི། །རྟགས་དང་ཁྱད་པར་ཆོས་ཀྱི་གདན། །རྟགས་ལ་རྣམ་པ་ལྔར་བཤད་དེ། །སྐུ་གསུམ་འདུ་འབྲལ་མེད་པའི་རྟགས། །རྩལ་གསུམ་རྫོགས་པ་སེང་གེའི་རྟགས། །འགྱུར་མེད་བརྡ་ཡིན་སྐུ་གསུམ་ངང་དུ་གནས། །སྐུ་གསུམ་ཆོས་ཉིད་ངང་དུ་གནས་པས་ན། །མི་འགྱུར་གླང་ཆེན་གདན་དུ་བཏིང་། །དངོས་མེད་བརྡ་ཡིན་ཆོས་ཉིད་ངང་ལ་བཞུགས། །སྐུ་གཉིས་ཐུགས་རྗེ་འབྱུང་བའི་རྟགས། །བསྐྱེད་པའི་ཤུགས་འཆང་རྟ་མཆོག་ལྡན། །མཚོན་པའི་བརྡ་ཡིན་དངོས་པོ་མེད། །བྱིན་རླབས་ཐུགས་རྗེ་ཤུགས་ཀྱིས་བསྐྱོད། །ཐུགས་རྗེ་མཚོན་པའི་དོན་བྱེད་པས། །མཛེས་པའི་རྨ་བྱ་གདན་དུ་བཏིང་། །དེ་མཚོན་དཔེ་ཡིན་མཐུན་པར་སྣང་། །རྫུ་འཕྲུལ་སྟོབས་ཀྱིས་ཕྲིན་ལས་ཐོགས་མེད་མཛད། །དེ་ཡི་རྟགས་སུ་མཁའ་ལྡིང་ཐོགས་མེད་གདན། །དེ་རང་མ་ཡིན་ཆོས་མཐུན་མཚོན་པའི་དཔེ། །དངོས་སུ་ཐུགས་རྗེ་རྫུ་འཕྲུལ་སྟོབས་དང་ལྡན། །ཐབས་ནི་འགགས་པ་མེད་པའི་ཡེ་ཤེས་ཀྱི། །ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ལས། །གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་གསལ། །དེ་ཡི་རྟགས་སུ་ཉི་ཟླ་རྣམ་གཉིས་གདན། །བརྗོད་མཚོན་བརྡ་དེ་རིག་པའི་ཡེ་ཤེས་དངོས། །རང་རིག་འཁོར་ལོ་ཁོང་ཤར་པདྨ་དྲི་མས་གོས་པ་མེད། །དེ་མཚོན་བརྡ་དེ་གཉིས་མེད་དོན་ལ་སྦྱོར། །ཞེས་སོ། །ལྷའི་དོན་རྟགས་ནི་ཡང་དེ་ཉིད་ལས། བཞི་བཅུ་རྩ་གཉིས་འོད་གསལ་བ། །རང་རང་ལྷ་ཡི་དོན་བཤད་ན། །སྐུ་གཅིག་སྐུ་ལྟར་སྣང་བས་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཕྱོགས་མེད་ཡོན་ཏན་འབྱུང་བས་རིན་ཆེན་སྐུ། །དྲི་མེད་ཐུགས་རྗེའི་རྩལ་སྣང་འོད་དཔག་མེད། །དོན་གཉིས་གྲུབ་པས་ཕྲིན་ལས་མཐར་ཕྱིན་སྐུ། །ཡོན་ཏན་ཆེན་པོ་ཀུན་ཏུ་རྒྱས་པ་དང་། །ཤེས་རབ་རྣམ་གཉིས་རྣམ་དཔྱོད་ཡོངས་རྫོགས་པས། །ཐུགས་ཀྱི་རང་བཞིན་འཁོར་ལོ་རྩིབས་བརྒྱད་གསལ། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མི་འགྱུར་མི་ཕྱེད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔར་གསལ། །ངོ་བོ་མི་འགྱུར་རང་གསལ་མི་(༡༦༩)འགགས་ཤིང་། །ཐུགས་རྗེའི་ཡོན་ཏན་ཕྱོགས་མེད་འབྱུང་བས་ན། །ཐུགས་ཀྱི་རང་བཞིན་ནོར་བུ་རིན་ཆེན་གསལ། །རང་གི་ངོ་བོ་དྲི་མེད་རྣམ་དག་པས། །ཐུགས་ཀྱི་རང་བཞིན་པདྨ་འདབ་བརྒྱད་གསལ། །ཐུགས་ཀྱི་དགོངས་པ་མཐའ་བཞི་ལས་འདས་ཤིང་། །ཚད་མེད་ཡེ་ཤེས་ཕྲིན་ལས་རྣམ་པ་བཞིས། །འགྲོ་དོན་མ་ལུས་རབ་ཏུ་རྫོགས་མཛད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་གསལ། །ཡུམ་ནི་ཡེ་ཤེས་སྣང་བ་སྟེ། །སྐུ་མདོག་ཕྱག་མཚན་ཡབ་དང་མཐུན། །གཉིས་མེད་ཡེ་ཤེས་འོད་དུ་གསལ། །མ་བཅོས་རང་བཞིན་ཁྱབ་པའི་དབྱིངས། །ཡུམ་གྱུར་ཀུན་ཏུ་བཟང་མོའི་དོན། །ངོ་བོ་མི་འགྱུར་རང་བཞིན་འགགས་པ་མེད། །ཡུམ་གྱུར་སངས་རྒྱས་སྤྱན་གྱི་དོན་ལ་སྦྱར། །ཡོན་ཏན་དོན་བསྡུས་རང་བཞིན་མཉམ་པར་སྦྱོར། །ཡུམ་གྱུར་མཱ་མ་ཀཱི་ཡི་དོན་ལ་སྦྱར། །ཡོན་ཏན་སྨིན་བྱེད་འོད་ཀྱི་མདངས་དང་ལྡན། །དྲི་མས་མ་གོས་མོས་པ་སོ་སོར་སྦྱོར། །ཡུམ་གྱི་རང་བཞིན་གོས་དཀར་མོ་དང་སྦྱོར། །བསྐྱོད་པར་བྱེད་ཅིང་མི་རྟོག་གནས་སུ་སྒྲོལ། །མི་འདའ་འགྱུར་མེད་ངང་ལ་གནས་པས་ན། །ཡུམ་གྱུར་དམ་ཚིག་སྒྲོལ་མའི་དོན་ལ་སྦྱོར། །ཞེས་པ་དང་། འཁོར་གྱི་རྣམ་གྲངས་མང་མོད་ཀྱང་། །ཡབ་ཀྱི་ཆ་འཛིན་ཡབ་ལ་སྦྱར། །ཡུམ་གྱི་ཆ་འཛིན་ཡུམ་ལ་སྦྱར། །ཡབ་ཡུམ་གོང་དུ་སྦྱར་བ་བཞིན། །མི་བསྐྱོད་ཆེན་པོའི་ཞལ་ལ་གཟིགས། །མེ་ལོང་ཡེ་ཤེས་དོན་རིག་པས། །ས་ཡི་སྙིང་པོ་དོན་གྱི་མཚན། །གསལ་བའི་རྟེན་འགྱུར་བྱམས་པའི་དོན། །གཟིགས་བྱ་མ་འགགས་ལཱ་སྱེའོ། །དེ་གཉིས་དུས་མཚུངས་པུཥྤེའི་མཚན། །རིན་འབྱུང་ཆེན་པོའི་ཞལ་ལ་གཟིགས། །མཉམ་ཉིད་རིག་པས་ཀུན་ཏུ་བཟང་། །གསལ་བས་ནམ་མཁའི་སྙིང་པོའི་དོན། །གསལ་དུས་མ་ལྱེ་དྷུ་པེའི་དོན། །འོད་དཔག་མེད་པའི་ཞལ་ལ་གཟིགས། །སོ་སོར་ཀུན་རྟོགས་དོན་རིག་པས། །སྤྱན་རས་གཟིགས་ཀྱི་དོན་དང་སྦྱར། །གསལ་དོན་མ་སྐྱེས་འཇམ་དཔལ་དོན། །སྐྱེ་བའི་དོན་གྱུར་གཱིརྟི་མ། །ཡེ་ཤེས་དོན་རྣམས་སོ་སོར་བསྟན། །ཇི་ལྟར་སྐྱེ་དུས་མར་མེ་བསྟན། །དོན་གྲུབ་ཆེན་པོའི་ཞལ་ལ་གཟིགས། །བྱ་གྲུབ་ཡེ་ཤེས་དོན་རིག་པས། །ཕྱག་ན་རྡོ་རྗེའི་དོན་གྱི་མཚན། །སྐྱེ་བའི་སྟོན་འགྱུར་མ་སྐྱེས་གསལ། །སྒྲིབ་པ་རྣམས་སེལ་དོན་གྱི་མཚན། །སྐྱེ་བྱ་སྐྱེས་དུས་མ་སྐྱེས་པར། །ངེས་པ་ནཱིརྟི་གནྡྷེ་མ། །(༡༧༠)བརྗོད་བྱ་མང་ཡང་མདོར་བསྡུས་པའོ། །དབྱིངས་དང་ཡེ་ཤེས་ཀུན་བཟང་ཡབ་ཡུམ་དོན། །མཐའ་བཞི་ལས་གྲོལ་བདུད་བཞི་ངང་གིས་བཅོམ། །ཕྱིན་ཅི་ལོག་ལས་གྲོལ་བ་སྒོ་བ་བཞི། །ཚད་མེད་བཞི་ཡི་དོན་མཛད་སྒོ་མའི་དོན། །སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །མ་འགགས་དོན་སྦྱོར་ཐུབ་པ་དྲུག་གི་དོན། །ཞེས་སོ།། །།

༈ གཉིས་པ་དེ་སྒྲུབ་པའི་ཆོ་ག་ལ་ལྔ་སྟེ། མཆོད་པ། སྔགས། ཕྱག་རྒྱ། བསྙེན་སྒྲུབ། ཕྲིན་ལས་བསྟན་པའོ། །

དང་པོ་ལ་མཆོད་རྫས་དང་། ཏིང་འཛིན་གཉིས་ལས། མཆོད་རྫས་ནི་འོག་མར་ཕྱི་ནང་གསང་བའི་མཆོད་རྫས་ལས། ཆེས་འཕགས་པ། འདིར་སྐུ་གསུམ་རང་སྣང་གི་མཆོད་རྫས་གསུམ་སྟེ། དབྱིངས་ཆོས་སྐུའི་ངང་ནས་ཡེ་ཤེས་འགགས་མེད་ཀྱི་མཆོད་པ། ལྷུན་གྲུབ་ལོངས་སྐུའི་ངང་ལས་ཡེ་ཤེས་རང་སྣང་གི་མཆོད་པ། ཐུགས་རྗེ་སྤྲུལ་པའི་ངང་ནས། འདོད་ཡོན་རང་སྣང་གི་མཆོད་པར་ཡེ་ནས་སྣང་བ་ནི། བཤད་རྒྱུད་ལས། ཆོས་ཉིད་དག་པའི་ཕོ་བྲང་དུ། །རང་རིག་ཡེ་ཤེས་མ་འགགས་ཤར། །ཡེ་ཤེས་དབྱིངས་ལ་ཤར་བ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་འགྱུར། །ཡེ་ཤེས་གཉིས་མེད་མཆོད་པ་ཡིན། །མཚན་རྫོགས་རྡོ་རྗེ་འཆང་གི་སར། །ཡབ་ཡུམ་བཞི་བཅུ་རྩ་གཉིས་འཕྲོས། །ཡེ་ཤེས་ལྔ་ཡི་ངང་ལ་རོལ། །མ་འགགས་གཉིས་མེད་མཆོད་པ་ཡིན། །སྤྲུལ་སྐུའི་མཆོད་པ་རྣམ་པ་ལྔ། །མཆོད་རྫས་གཟུགས་སྒྲ་དྲི་རོ་རེག །སེམས་དཔའ་ཁྱེའུ་ལྔས་བླངས་ནས། །རིག་བྱེད་ངང་དུ་གཉིས་མེད་ཐིམ། །རྒྱ་མཚོའི་ཆུ་བོ་འཕྲོ་འདུ་བཞིན། །མཆོད་པ་རྒྱུན་མི་ཆད་པའོ། །ཞེས་སོ། །ཏིང་འཛིན་ཐུན་མོང་པ་འཁོར་གསུམ་དུ་རྟོགས་པའི་ཏིང་འཛིན་ལས་འཕགས་པ། གང་སྣང་རིག་པའི་རང་གདངས་སུ་ཤེས་པ། བླང་དོར་བཅོས་བསླད་མེད་པར་ཅོག་བཞག་དོན་གྱི་དགོངས་པར་རོལ་པ་སྟེ། སེམས་དང་བྲལ་བ་ཆོས་སྐུའི་ཏིང་ངེ་འཛིན། གསལ་ལ་མི་རྟོག་པ་ལོངས་སྐུའི་ཏིང་ངེ་འཛིན། ཤར་གྲོལ་རིས་མེད་སྤྲུལ་སྐུའི་ཏིང་ངེ་འཛིན་དུ་རྣལ་འབྱོར་པས་སྤྱོད་པ་ནི། མཆོད་པའི་དོན་རང་བྱུང་ཡེ་ཤེས་ལ་འབུལ་བ་ཞེས་བྱ་སྟེ། དེ་ཉིད་ལས། དེ་ནས་ཡང་རྣལ་འབྱོར་གསུངས་པ། །སྐུ་གསུམ་འདུ་འབྲལ་མེད་པ་ཡི། །དོན་ལ་གནས་བྱེད་རྣལ་འབྱོར་ཡིན། །རྣལ་འབྱོར་ཆེན་པོ་སྒོམ་ལས་འདས་པར་རྟོགས། །རྟོགས་པའི་དོན་ལ་བྱ་རྩོལ་མི་མངའ་བར། །རང་གདངས་ཆེན་པོའི་དོན་ལ་གནས་པ་ཡིན། །རྣལ་འབྱོར་དབང་ཕྱུག་བྱ་རྩོལ་འདས་པ་ཡིན། །དེ་དོན་རང་ལ་གནས་པ་ནི། །རྣལ་འབྱོར་བླ་ན་མེད་པ་ཡིན། །རྣལ་འབྱོར་དོན་གྱི་ངོ་བོ་ཡང་། །གཉིས་སུ་མེད་པའི་དགོངས་པ་ཡིན། །རྣལ་འབྱོར་དག་གི་ངེས་ཚིག་ཀྱང་། །བློ་དང་དངོས་པོ་གཉིས་མེད་རྣལ། །སྐུ་གསུམ་གཉིས་མེད་འབྱོར་ཞེས་བྱ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །མིང་ཡང་དོན་དུ་ང་ཡིས་བཤད། །དོན་གྱི་རྣལ་འབྱོར་གང་བསྟན་ཡིན། །ཞེས་སོ། །

སྔགས་ཀྱི་ཐུན་མོང་པས་ཡི་གེ་འཕྲོ་བ་བཟླས་པ་ལས་འཕགས། ཤེས་རབ་དང་སྙིང་རྗེ། ཤེས་རབ་དང་ཡེ་ཤེས། ཤེས་རབ་དང་ཏིང་ངེ་འཛིན་དབྱེར་མེད་དུ་རྟོགས་པའི་ངང་ལ་མ་ཡེངས་པར་རྩལ་སྦྱངས་ཏེ་ངོ་བོ་རང་བྱུང་གི་ཡེ་ཤེས། ངེས་ཚིག་དེ་སྙེད་རྟོགས་པས་འཁོར་བ་ལས་སྐྱོབ་པའི་ཕྱིར་སྔགས་སོ། །དབྱེ་ན་རྟོགས་པའི་སྔགས། རང་རྩལ་རིག་སྔགས། ཏིང་འཛིན་གཟུངས་སྔགས་ཏེ་གསུམ། ཕྲིན་ལས་བག་ཆགས་བསལ་བ་སྟེ། དེ་ཉིད་ལས། དང་པོ་སྔགས་ཀྱི་དོན་བཤད་པ། །མཆོག་ཏུ་གྱུར་པའི་སྔགས་དོན་ནི། །ངོ་བོ་ངེས་ཚིག་དབྱེ་བ་བསྟན། །དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ། །གསང་སྔགས་དག་གི་ངོ་བོ་ནི། །ཤེས་རབ་སྙིང་རྗེ་གཉིས་སུ་བསྟན། །རིག་སྔགས་དག་གི་ངོ་བོ་ནི། །ཤེས་རབ་དང་ནི་ཡེ་ཤེས་ཡིན། །གཟུངས་སྔགས་དག་གི་ངོ་བོ་ནི། །ཤེས་རབ་དང་ནི་ཏིང་འཛིན་ཡིན། །སྔགས་གསུམ་དག་གི་ངེས་ཚིག་ནི། །ཤེས་སྐྱོབ་ཕྱིར་ན་དེ་བརྗོད་པའོ། །སྔགས་གསུམ་དག་གི་ཕྲིན་ལས་ནི། །མ་རིག་བག་ཆགས་ལོག་ལྟ་སེལ། །ཞེས་སོ། །

ཕྱག་རྒྱ་ནི་ཐུན་མོང་པ་སྒོ་གསུམ་འཆིང་གྲོལ་གྱི་ཕྱག་རྒྱ་ལས་འཕགས་པ། སེམས་ཉིད་འགྱུར་བ་མེད་པ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱའི་ངོ་བོ། དེའི་ངང་ལས་རྟག་ཏུ་མི་འདའ་བ་ངེས་ཚིག །དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་ཡི་དང་། སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་གཉིས་མེད་དམ་ཚིག་ཕྱག་རྒྱ། ཡེ་ཤེས་ཆོས་ཀྱི་ཕྱག་རྒྱ། ཐུགས་རྗེ་ལས་ཀྱི་ཕྱག་རྒྱ་སྟེ། བཞི་ནི་བསྡུས་པའི་ཕྱག་རྒྱ་བཞིའོ། །དཔེ་འདའ་བར་དཀའ་བ་རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལྟར། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མི་འདའ་བ་སྟེ། བཤད་(༡༧༢)རྒྱུད་ལས། ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །འགྱུར་བ་མེད་པའི་ཡེ་ཤེས་ཡིན། །ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི། །མི་འདའ་བས་ན་ཕྱག་རྒྱ་ཡིན། །དབྱེ་བ་སྤྱི་དང་བསྡུས་པ་ཡིན། །ཕྱག་རྒྱ་བཞི་དང་རྩ་ལྔ་ཡོད། །འདི་རུ་བསྡུས་ཏེ་བཞི་བསྟན་པ། །སྤྲོས་དང་བྲལ་བའི་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །རང་རིག་ཡེ་ཤེས་དབྱིངས་ལ་ཤར། །དབྱིངས་དང་རིག་པ་དང་ལྡན་པ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཡིན། །དམ་ཚིག་དག་གི་ཕྱག་རྒྱའོ། །རང་བྱུང་ཡེ་ཤེས་མ་འགགས་པར། །གསལ་བ་ཆོས་ཀྱི་ཕྱག་རྒྱ་ཡིན། །ཐུགས་ཀྱི་སྐུ་གཉིས་མི་འགགས་པས། །རྟོག་མེད་ཐུགས་རྗེས་དོན་མཛད་པས། །ལས་ཀྱི་ཕྱག་རྒྱ་ངས་བསྟན་པའོ། །ཕྱག་རྒྱའི་དཔེ་ནི་ནམ་མཁའ་དང་། །རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལ། །དེ་ལས་འདའ་བར་མི་ནུས་བཞིན། །ཞེས་སོ། །ཁྱད་པར་དུ། རྣལ་འབྱོར་པའི་རིག་པ་སྟོང་གསལ་དང་ཆོས་ཐམས་ཅད་ཀྱི་ངོ་བོ་སྐྱེ་མེད་བསམ་ཡུལ་ལས་འདས་པར་རྟོགས་པ་ཕྱག་རྒྱ་ཆེན་པོའོ། །སྣོད་བཅུད་སྣང་བ་སྣང་སྟོང་སྐྱེ་མེད་དུ་སྣང་བ་དམ་ཚིག་གི་ཕྱག་རྒྱ། སྒྲར་སྣང་གྲགས་སྟོང་བརྗོད་མེད་དུ་རྟོགས་པས་རང་སྒྲ་ཆོས་ཀྱི་ཕྱག་རྒྱ། དྲན་རིག་རིག་སྟོང་སྐྱེ་མེད་དུ་རྟོགས་པས་ཤར་གྲོལ་ལས་ཀྱི་ཕྱག་རྒྱ་བཞིར་སྣང་བས། རྣལ་འབྱོར་པའི་བྱ་བྱེད་ཐམས་ཅད་ཕྱག་རྒྱའི་ངང་ལས་མི་འབྲལ་བའོ། །

བསྙེན་སྒྲུབ་ནི་ཐུན་མོང་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་བསྙེན་སྒྲུབ་ལས་འཕགས་པ། རྫོགས་པ་ཆེན་པོ་དོན་གྱི་བསྙེན་སྒྲུབ་ནི། རང་བྱུང་གི་ཡེ་ཤེས་རང་ངོ་སྤྲད་པས་ཆོས་སྐུ་རང་ངོ་ཤེས་པ་བསྙེན་པ། དེའི་ངང་ལ་སྐྱོང་བ་ཉེ་བར་བསྙེན་པ། བདག་འཛིན་གྲོལ་བ་སྒྲུབ་པ། འབྲས་བུ་མངོན་དུ་གྱུར་པ་སྒྲུབ་པ་ཆེན་པོ་སྟེ། དེ་ཉིད་ལས། ལྟ་བ་རང་རིག་ཡེ་ཤེས་ཏེ། །ངོ་སྤྲོད་རྣམ་བཞིས་གཏན་ལ་ཕེབས། །རང་གི་མཚན་ཉིད་ཉམས་སུ་མྱོང་། །དེ་ནི་བསྙེན་པའི་དོན་དུ་བཤད། །ལམ་གྲོལ་འགྱུར་བ་སྒྲུབ་པ་ཡིན། །ལམ་ལ་གནས་པ་ཉེ་བསྙེན་ཡིན། །ལམ་གྱི་འབྲས་མཐར་ཕྱིན་པ་ལ། །སྒྲུབ་པ་ཆེན་པོར་གྱུར་པའོ། །རྟོགས་པ་རྣམ་བཞི་བསྙེན་སྒྲུབ་བཞི། །གསང་སྔགས་མི་བཟླས་དོན་ལ་བཞག །ཕྱག་རྒྱ་མི་བསྒོམ་མ་བསྐྱེད་པར། །ལྷུན་གྱིས་གྲུབ་སྟེ་འདུ་འབྲལ་མེད། །ཅེས་སོ། །

ཕྲིན་ལས་ནི། ཐུན་མོང་པ་ལས་བཞི་(༡༧༣)མཚན་བཅས་སུ་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པ། རང་བྱུང་གི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པས་དོན་གཉིས་འབད་རྩོལ་མེད་པར་འབྱུང་སྟེ། ངོ་བོ་ངེས་ཚིག་དབྱེ་བ་དཔེ་དང་བཅས་པ། ཀུན་གསལ་ལས། མ་བྲིས་མ་བསྐྱེད་མ་བསྒོམས་པར། །རང་བཞིན་གསལ་བའི་དཀྱིལ་འཁོར་ལ། །བྱ་རྩལ་འདས་པའི་ཕྲིན་ལས་ཀྱིས། །ཐོགས་པ་མེད་པར་དོན་མཛད་དེ། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །སྟོན་པས་སྐུ་གསུམ་དོན་མཛད་པའི། །སྐུ་ཡི་འོད་དང་གསུང་གི་ཟེར། །སྟོན་པ་སྐུ་གསུམ་མ་བཙལ་འགྲུབ། །བྱིན་རླབས་རང་ངོ་ཚིག་སྦྱོར་གྱིས། །ཕྲིན་ལས་འགྲོ་དོན་ཐོགས་མེད་མཛད། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །ཕྲིན་ལས་དག་གི་ངོ་བོ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཕྲིན་ལས་དག་གི་ངེས་ཚིག་ནི། །རང་བཞིན་བྱ་རྩལ་ལས་འདས་པ། །སོ་སོར་དོན་མཛད་ཕྲིན་ལས་ཡིན། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །རྩོལ་བྱས་རྩོལ་བ་བྲལ་བའོ། །རྩོལ་བྱས་རྩོལ་བྲལ་ཕྲིན་ལས་རྣམ་པ་བཞི། །ཆོས་སྐུ་དངོས་མེད་སྤྲོས་པ་མེད། །རྟོགས་པས་སྤྲོས་པ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་ཞེས་སུ་བྱ། །ཡོན་ཏན་ནོར་བུ་བཞིན་དུ་འབྱུང་། །རྒྱས་པའི་ཕྲིན་ལས་ཞེས་སུ་བྱ། །ཐམས་ཅད་འབྱུང་ཡང་དེ་ལས་བྱུང་། །ཐམས་ཅད་གནས་ཀྱང་དེ་ལ་གནས། །ཐམས་ཅད་ཐིམ་ཡང་དེ་ལ་ཐིམ། །ཐམས་ཅད་མངའ་མཛད་དབང་བསྐུར་བས། །དབང་གི་ཕྲིན་ལས་ཞེས་སུ་བྱ། །རིག་པ་དངོས་མེད་རྡོས་བཅས་མེད། །ཕྱོགས་མེད་གང་ལའང་ཐོགས་མེད་འཆར། །དྲག་པོའི་ཕྲིན་ལས་ཞེས་སུ་བྱ། །བྱ་རྩལ་མེད་པ་ཉི་མའི་འོད་ཟེར་གྱིས། །ཁམས་གསུམ་མཚན་མོའི་མུན་པ་སེལ་བ་ལྟར། །ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །བྱ་རྩལ་མེད་པའི་ཕྲིན་ལས་ཆེན་པོ་འགྲུབ། །ཅེས་སོ། །རྣལ་འབྱོར་པ་ལ་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཉེ་བར་ཞི་བ། ལྟ་སྒོམ་གྱི་རྩལ་གསུམ་རྒྱས་པ། ཐམས་ཅད་རིག་པའི་རང་སྣང་དུ་དབང་བསྒྱུར་བ། ཤར་གྲོལ་རིས་མེད་རང་སྣང་ཆེན་པོར་གྲོལ་བ་རྣམ་པ་བཞིས། ཕྲིན་ལས་བཞིའི་དོན་ཏེ་ལྷུན་གྱིས་གྲུབ་པའོ།། །།

༈ གསུམ་པ་ཇི་ལྟར་དབང་བསྐུར་བའི་ཚུལ་ལ། གོ་དོན་སྤྱིར་བསྟན། བསྐུར་ཚུལ་བྱེ་བྲག་ཏུ་བཤད་པ། (༡༧༤)གྲོགས་དམ་ཚིག་བསྟན་པ་དང་གསུམ་ལས། དང་པོ་ནི། སྤྱིར་ལུས་ངག་ཡིད་གསུམ་གྱི་བྱ་བ་དྲི་མ་མཐའ་དག་སྦྱང་བ་དང་བཞི་ལ་ལྟོས་ནས་དབང་བཞི་དང་། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་བཞིའི་ཚིག་བསྟན་པ་དང་གསུམ་ལས། ནུས་པ་འཇོག་པ་ལ་ལྟོས་ནས། ཨ་བྷི་ཥཱིཉྩའི་སྒྲའི་དབང་ཞེས་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཚིག་དབང་རིན་པོ་ཆེ་བཞིར་བཤད་ཀྱང་། འདིར་ཡེ་ཤེས་རྡོ་རྗེའི་དབང་དུ་བྱས་ནས། ཡེ་རྫོགས་ལྷུན་གྱིས་གྲུབ་པའི་དོན་ད་ལྟ་མངོན་དུ་བྱེད་པ་ལ་དབང་བའི་ཕྱིར། བྱིས་པ་ཉེར་སྤྱོད་ཀྱི་དབང་ལས་ཆེས་འཕགས་པ་སྤྱི་བླུགས་བུམ་པའི་དབང་། རྒྱས་གདབ་ཕྱག་རྒྱའི་དབང་། རིག་པ་རྩལ་གྱི་དབང་དང་གསུམ་དུ་བཤད་དེ། གཞི་ལྷུན་གྲུབ་ཀྱི་སྦུབས་ན་སྒོ་གསུམ་ཡེ་ཤེས་རྡོ་རྗེ་དག་པའི་དབང་གི་ཆུ་བོ་བཞི་ཡོད་དེ། སྙིང་པོ་ཡེ་ཤེས་ཀྱི་བུམ་པ་ལྔ་ནི། རིན་པོ་ཆེའི་སྐུ་ལྔ་རང་གསལ་བས་ཡེ་བབས་བུམ་པའི་དབང་། གཞི་ནས་རྫོགས་པའི་ཚུལ་དུ་རང་བྱུང་བའི་ཡེ་ཤེས་ལ་ཡེ་ཐོབ་ཏུ་རྫོགས་པས། ད་ལྟའི་སྤྱི་བླུགས་བུམ་དབང་འབྱུང་བའི་གནད་དོ། །ཡེ་ཤེས་རང་སྣང་གི་སྐུ་ལྔ་ལ་རང་རྟགས་ཕྱག་རྒྱའི་མཚན་ཉིད་རིན་པོ་ཆེ་ཡི་གེ་ལྔས་མཚན་པ་རྡོ་རྗེ་བཞིར་རྫོགས་པའི་དབང་གི་ཆུ་བོ་བཞི་ལྷུན་གྲུབ་ཏུ་ཡོད་པ་དེ་རང་བྱུང་གི་ཡེ་ཤེས་ལ་ཡེ་བབས་སུ་ཐོབ་པས། ད་ལྟ་རྒྱས་བཏབ་ཕྱག་རྒྱའི་དབང་བྱུང་བའི་གནད་དོ། །ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཐུགས་རྗེ་འགགས་མེད་ཀྱི་ཡེ་ཤེས་དང་། ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་རྫོགས་ཏེ། འགགས་མེད་འཆར་གཞིའི་རང་རྩལ་ཐུགས་རྗེའི་དབང་ཡེ་ནས་རང་རྫོགས་སུ་ཐོབ་པ། རྡོ་རྗེ་བཞི་རྫོགས་ཀྱི་དབང་ཆེན་དུ་ལྷུན་གྱིས་གྲུབ་པ་ཉིད། ད་ལྟ་རིག་པ་རྩལ་གྱི་དབང་འབྱུང་བའི་གནད་དོ། །དེ་ཡང་བཤད་རྒྱུད་ལས། དབང་ལ་རྣམ་པ་གསུམ་དུ་བསྟན། །གཞི་ལ་རྫོགས་ཚུལ་བསྟན་པ་དང་། །རིམ་པས་བབས་ལུགས་བསྟན་པ་དང་། །དབང་གི་དངོས་པོ་བསྟན་པའོ། །དང་པོ་གཞི་ལ་རྫོགས་ཚུལ་ནི། །མི་རྟོག་འགྱུར་མེད་ཆོས་སྐུ་ལ། །མཁྱེན་པའི་ཡེ་ཤེས་སྣ་ལྔ་གསལ། །རང་ལ་མི་སྣང་གཞན་སྣང་བའི། །རིན་ཆེན་འོད་འབར་སྐུར་གསལ་བས། །རང་བྱུང་དབང་གི་ཆུ་བོའོ། །མ་བསྐུར་གཞི་ལ་ཡེ་ནས་རྫོགས། །སྐུ་ལྔའི་ཐུགས་རྗེ་མ་འགགས་(༡༧༥)པར། །ཁྲག་འཐུང་ཧེ་རུ་ལྔར་སྣང་བས། །ཐུགས་རྗེ་དབང་གི་ཆུ་བོ་བཞི། །མ་བཙལ་གཞི་ལ་ཡེ་ནས་རྫོགས། །རང་སྣང་ཡེ་ཤེས་ལུས་ཅན་པས། །དེ་ཉིད་ངང་དུ་སྣང་ཞིང་གྲོལ། །ཡེ་ཤེས་དབང་གི་ཆུ་བོ་བཞི། །མ་བསྐུར་གཞི་ལ་ཡེ་ནས་རྫོགས། །དེ་མཚོན་གསུང་གི་ངོ་བོ་ནི། །རིན་པོ་ཆེ་ཡི་ཡི་གེ་ལྔ། །མ་བཙལ་གཞི་ལ་ཡེ་ནས་རྫོགས། །འབྲུ་ལྔའི་དབང་གི་ཆུ་བོ་བཞི། །མ་བཙལ་མ་བསྐུར་རང་ལ་རྫོགས། །ཡེ་ཤེས་གཞན་ལ་རག་མ་ལུས། །རིགས་ཀྱི་བུ། རིམ་པས་བབས་ལུགས་བཤད་པ་ནི། །ཤེས་རབ་ཀྱི་སྐུ་བཞིས་དེ་བཞིན་གཤེགས་པ་ཀུན་སྣང་གི་ཡེ་ཤེས་ལ་དབང་བཞི་རྫོགས་སུ་མནོས་པའོ། །མཁྱེན་པའི་སྟོབས་མ་འགགས་པས་འགྱུར་བ་མེད་པའི་ཆོས་ཀྱི་སྐུ་ལ། ཤེས་རབ་འགགས་པ་མེད་པར་དབང་ཡས་བབས་སུ་ཐོབ་པའོ། །ཤེས་རབ་འགགས་པ་མེད་པ་སྐུ་བཞི་ལས། གདུལ་བྱ་ལ་སྣང་བའི་སྐུ་བཞིར་ཤར་བའི་ཚེ། ཉིད་ལས་མི་གཞན་པའི་ཚེ་སྐུ་བཞིར་ཞལ་གཟིགས་པས་གཟུགས་མཁྱེན་ཏེ། ཤེས་རབ་རིག་པའི་སྐུ་ལྔ་ལས་དབང་ཡས་བབས་སུ་ཐོབ་པའོ། །དེ་བཞིན་དུ་རིགས་བཞི་ལས་སེམས་དཔའ་སེམས་མ་བཞིའི་དབང་ཡས་བབས་སུ་ཐོབ་པའོ། །ང་སྤྲུལ་པའི་སྐུར་ཤར་ཏེ་སྨིན་ཅིང་རྫོགས་པའི་ཚེ། ཐུགས་ཀྱི་ཀློང་ནས་རང་བབས་སུ་གནས་པ་ངས་མཐོང་ཞིང་གསལ་ཏེ། དེའི་ཚེ་ངས་རྟོགས་པའི་ཡེ་ཤེས་རང་དབང་སྐད་ཅིག་མས་ཐོབ་བོ། །དེ་བཞིན་དུ་ཁམས་གསུམ་པ་ཐམས་ཅད་ལ་དབང་བཞི་རྫོགས་སུ་གནས་པས། རིམ་པས་རིག་པ་རྩལ་དབང་དུ་ཐོབ་པར་འགྱུར་བས་ངས་ལུང་བསྟན་ཞེས་སོ། །དེ་ནི་ཡས་རྫོགས་དང་སྦྱར་བའོ། །རྒྱལ་རྟགས་ཕྱག་རྒྱའི་དབང་སྤྲུལ་སྐུ་སེམས་དཔའ་སེམས་མས་རིགས་བཞི་ལ་ཐོབ། སྤྱི་བླུགས་བུམ་པའི་དབང་རིགས་བཞིས་ཀུན་སྣང་ལ་ཐོབ། རིག་པ་རྩལ་གྱི་དབང་ཀུན་སྣང་གི་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་རང་རྫོགས་སུ་ཐོབ་པ་ནི་ཡར་རྫོགས་སྐུར་མཁན་དང་སྦྱར་བའོ། །མདོར་ན་ལྔ་ལྡན་དང་། རྫོགས་ལྡན་དང་། རྫོགས་ལྡན་ཆེན་པོ་གསུམ་གཞི་སྣང་ལ་འཆར་ཚུལ་མ་འགགས་པ་དེ་རྣམས་རྣལ་འབྱོར་པས་རང་དབང་ཐོབ་པར་བྱེད་པ་ལ། བུམ་པ། ཕྱག་རྒྱ། རྩལ་དབང་གསུམ་བྱུང་བའོ། །

བསྐུར་ཚུལ་ནི་ཚིག་དབང་(༡༧༦)རིན་པོ་ཆེ། སྤྱི་བླུགས་བུམ་པ། རྒྱལ་རྟགས་ཕྱག་རྒྱ། རིག་པ་རྩལ་དབང་བཞི་ཕྱག་བཞེས་ལྟར་རམ། བསྡུས་པ་སྙན་བརྒྱུད་བརྡ་དབང་བཞི་ཕྱག་བཞེས་ལྟར་བསྐུར་བའོ། །དེ་ཡང་བཤད་རྒྱུད་ལས། ཀྱཻ་རྡོ་རྗེ་འཛིན་པ་ངོས་ཟུང་ཞིག །དབང་གི་དངོས་གཞི་ནི་བསྐུར་ཐབས་གཉིས་ཏེ། ཁྱད་པར་གྱི་དབང་རྫས་བཞི་ནི། ཤེས་རབ་ལ་བརྟེན་ནས་བཞི་རྫོགས་སུ་བསྐུར་བ་དང་། ཐུན་མོང་གི་རྫས་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་གྱི་གདམས་ངག་དང་སྦྲེལ་ཏེ་བསྐུར་ཞིང་ཐོབ་པར་བྱེད་པའོ། །ཁྱད་པར་གྱི་རྫས་ནི་ཤེས་རབ་ལ་བརྟེན་ནས་གཞི་རྫོགས་པ་ཆེན་པོ་རིག་པ་རྩལ་དབང་དུ་བསྐུར་བ་ནི། བརྒྱུད་འཛིན་བུམ་པའི་དབང་ལྔ་སྟོང་ཉིད་དུ་བསྐུར་ཏེ། མཁའ་ཀློང་རྣམ་པར་དག་པའི་ངང་ན། ཡུམ་ལ་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་འོད་ཀྱི་བུམ་པ་ལྔར་གསལ་ཏེ། དེ་བཞིན་གཤེགས་པ་ལྔ་བཞུགས་པའི་རྟེན་དུ་གྱུར་པས་ན་བུམ་པ་ཞེས་བྱ་སྟེ། ངོ་བོ་དབྱིངས་སྟོང་པ་ཉིད་དུ་རིག་པས། དངོས་པོའི་མཐའ་ལས་ལོག་གོ། །རྒྱལ་པོར་རང་རྟགས་ཕྱག་རྒྱའི་དབང་བསྐུར་ནི། བུམ་པ་ལྔའི་ཀློང་ན་དེ་བཞིན་གཤེགས་པ་ལྔ་བཞུགས་ལུགས་བཤད་དེ། ཤེས་རབ་ཀྱི་བདག་ཉིད་ཡེ་ཤེས་ལྔར་གསལ་ཞིང་། ཐུགས་རྗེའི་བདག་ཉིད་ཕྱག་རྒྱ་ལྔར་བཤད་པས། སྣོད་བཅུད་དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད། ཕྱག་རྒྱ་མ་བསྐྱེད་པའི་དེ་བཞིན་གཤེགས་པ་ལྔ་དང་། ཕྱག་རྒྱ་གསལ་བའི་དེ་བཞིན་གཤེགས་པར་གྱུར་པས། དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་རིག་པས་དངོས་པོ་དང་མཚན་མ་མ་ལུས་པ་སྐུ་དང་ཡེ་ཤེས་སུ་དག་པས། མཚན་མ་ཟིལ་གྱིས་མནན་ནོ། །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་དབང་ནི། འཕགས་པའི་ནོར་བདུན་ཏེ། དཔེར་ན་རྒྱལ་པོ་ལ་སྲིད་ནོར་བུ་བདུན་ཡོད་པ་དང་འདྲ་བར། རང་གི་ངོ་བོ་གང་ལ་ཡང་མི་གནས་ཤིང་། ཡོན་ཏན་ཅིར་ཡང་སྣང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཏེ། ཡིད་བཞིན་གྱི་ནོར་ལྟར་རིག་གོ། །རང་རིག་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པས་ཐམས་ཅད་འབྱུང་བའི་གཞི་མ་འགགས་ཡོན་ཏན་འཁོར་འདས་སུ་འབྱུང་ཞིང་། དོན་ཉམས་པ་མི་མངའ་བས་ཚུལ་ཁྲིམས་དང་ལྡན་ཏེ། བཙུན་མོ་ལྟ་བུར་རིག་གོ། །རིག་པ་ཆོས་ཀྱི་སྐུ་ལ་འགྲན་ཟླ་མེད་པ་རིག་པའི་སྐུ་ལྔ་སྣང་ཡང་། དོན་གཉིས་(༡༧༧)སུ་མེད་པར་ཡུལ་གྱི་མཚན་མ་ངང་གིས་བཅོམ་སྟེ། ཉོན་མོངས་པ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། དམག་དཔོན་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་དེ་བྱ་རྩལ་མི་མངའ་བས་ཡོན་ཏན་རང་ལ་རྫོགས་ཏེ། ཐུགས་རྗེ་ཤུགས་ཀྱིས་འཆར་ལ་བརྗེད་པ་མེད་པར་གཟུངས་ཐོབ་པས་བརྩོན་འགྲུས་དང་ལྡན་ཏེ། རྟ་མཆོག་རིན་པོ་ཆེ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་དེ་རང་གི་ངོ་བོ་མི་འགྱུར་ལ་དུས་ཐམས་ཅད་མི་གཡོ་བར་གནས་པས་བསམ་གཏན་དང་ལྡན་ཏེ། གླང་པོ་ཆེ་ལྟ་བུར་རིག་གོ། །རིག་པ་ཆོས་སྐུ་དེ་རང་གི་ངོ་བོ་ཕྱོགས་ལྷུང་མེད་པའི་ཤེས་རབ་ཏུ་གནས་ཤིང་། རྩལ་སོ་སོར་རྟོགས་པའི་ཤེས་རབ་མི་འགགས་པར་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། འཁོར་ལོ་རིན་པོ་ཆེ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་ཏེ་ཐབས་མ་འགགས་པ་དང་སྟོབས་མ་འགགས་པ་ཐམས་ཅད་ཀྱི་རེ་མོས་སུ་གྱུར་པས་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་ཏེ། བློན་པོ་ལྟ་བུར་རིག་པར་བྱའོ། །དེ་ལྟར་ཚིག་དབང་དུ་བསྐུར་བས་རྟོགས་པ་རྒྱུད་ལ་སྐྱེས་ཏེ། གྲུབ་པའི་མཐའ་ལ་ཡོན་ཏན་གྱི་སྒོ་མ་འགགས་པས། ཡོན་ཏན་དང་ལྡན་ཞིང་སྐྱོན་དང་བྲལ་བའོ། །དེ་ལྟར་རྟོགས་པས་སྤྲོས་པ་ཐམས་ཅད་ཆོད་སྤྲོས་པ་གཅོད་པའི་ཆོས་བཞིས་རྒྱུད་ཀྱི་སྙིང་པོ་གསུམ་དུ་ལྟ་བ་ལ་བཟླས་པས། དོན་གྱི་དགོངས་པ་གཞི་ལ་གནས་པ་ནི། དོན་བརྒྱད་རྫས་སུ་བསྟན་པས། ཐུན་མོང་གི་རྫས་ལ་རག་མ་ལུས་ཏེ། ཐུགས་རྗེ་སེམས་ཅན་ལ་འོད་འབར་རོ། །རིགས་ཀྱི་བུ་དཔེ་ནི་རིག་པའི་མཚན་ཉིད་རྟགས་ཀྱི་རྩལ་མ་འགགས་པར་རྟོགས་པས་དབང་ཡེ་རྫོགས་སུ་ཐོབ་པའོ། །ཀྱཻ་རྡོ་རྗེ་འཛིན་པ། ཐུན་མོང་གི་རྫས་ལ་བརྟེན་ནས་བསྐུར་བས་ཐོབ་པ་ནི་ཚིག་དབང་རིན་པོ་ཆེ་སྟེ། ཕྱིར་ཚིག་དབང་རྫས་ལ་བརྟེན་ནས་བསྐུར། ནང་དུ་བག་ཆགས་ཀྱི་ལུས་ལ་སྐུ་གསུམ་གཞི་རྫོགས་སུ་ལུང་བསྟན་ནོ། །རིགས་ཀྱི་བུ། དབང་ནི་ཡེ་ཤེས་སྤྱི་བླུགས་དང་། རྒྱལ་རྟགས་ཕྱག་རྒྱ་དང་། རིག་པ་རྩལ་གྱི་དབང་གསུམ་སྟེ། ཕྱིར་རྫས་ཀྱི་བུམ་པ་ལྔ་ལ་བརྟེན་ཏེ་དབང་བསྐུར། ནང་དུ་ལོངས་སྐུ་རང་ལ་གྲུབ་ལུགས་དང་། ལྔ་ལྡན་གྱི་དགོངས་པ་རྫོགས་པར་བཤད་དེ། ཕྱིར་ཕྱག་མཚན་དྲུག་ལ་བརྟེན་ནས་དབང་བསྐུར། ནང་དུ་ད་ལྟ་ཚོགས་དྲུག་སྤྲུལ་(༡༧༨)པར་ཤར་ལུགས་དང་རྫོགས་ལྡན་གྱི་སྐབས་སུ་སྤྲུལ་སྐུ་འབྱིན་ལུགས་བཤད་དོ། །ཕྱི་༼ཤེལ། མེ་ལོང་། རྨ་བྱ། བུམ་པ་དབང་རྫས་ལ་བརྟེན་ཏེ་དབང་བསྐུར། ནང་ཆོས་སྐུའི་གནས་ལུགས་དང་། རིན་པོ་ཆེའི་སྦུབས་བཤད་དོ། །རིན་པོ་ཆེའི་གདམས་ངག་དང་འབྲེལ་བར་བཤད་པ་ཉིད་དོ། །ཞེས་སོ། །

གྲོགས་དམ་ཚིག་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉི་ཤུ་རྩ་བདུན། བྱེ་བྲག་ཏུ་དམ་ཚིག་ཆེན་པོ་བཞི་ལས་མི་འདའ་བར་བྱའོ། །ཆེན་པོ་བཞི་ནི། མེད་པ་ཕྱལ་པ་གཅིག་པུ་ལྷུན་གྲུབ་སྟེ། རང་བྱུང་གི་ཡེ་ཤེས་ལ་གང་དུའང་མ་གྲུབ་པས་ནམ་མཁའ་འདའ་མཉམ། བསྲུངས་མཚམས་ཀྱི་རིས་ལས་འདས་པས་དངོས་མེད་ཟང་ཐལ་ཆེན་པོའི་ལྟ་བ། ངང་གདངས་ཕྱལ་པ་བར་མེད། རང་གསལ་རྒྱ་ཡན་དག་པའི་སྒོམ་པ་དང་། གང་ཤར་རང་བྱུང་ཡེ་ཤེས་རང་གྲོལ་གཅིག་པུར་དག་པའི་སྤྱོད་པ་དང་། རང་རིག་འོད་གསལ་ལྷུན་གྲུབ་ཆོས་སྐུ་རང་མལ་དག་པའི་འབྲས་བུར་རྟོགས་པ་ལས། མི་འདའ་བའི་དམ་ཚིག་ལ་གནས་པར་བྱའོ། །དེ་ཡང་གཞི་ལྷུན་གྲུབ་ཆེན་པོའི་དབང་ལ་མ་བཅོས་མཉམ་པ་ཆེན་པོའི་དམ་ཚིག་གིས་གནས་པར་བྱ་སྟེ། དེ་ཉིད་ལས། དམ་ཚིག་དབང་ལས་སྐྱེ་བས་ན། །མ་ཉམས་པ་ཡི་དབང་ཆེན་ལ། །བསྲུང་དུ་མེད་པའི་དམ་ཚིག་བཞི། །མ་ཉམས་ཡེ་བསྲུངས་གདེང་དང་ལྡན། །ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་དམ་ཚིག་གྲངས། །ང་མི་བསྲུང་བས་མེད་ཅེས་བྱ། །འོག་མའི་དམ་ཚིག་གྲངས་གྲོལ་ཞིང་། །རང་གི་སྒོ་གསུམ་སྤངས་པ་ནས། །ཕྱལ་པ་ཞེས་སུ་བཏགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ནས་གཅིག་པུ་བས། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་རྩལ་མེད་པར་ཡེ་བསྲུངས་པས། །ལྷུན་གྲུབ་ཅེས་སུ་བཏགས་པ་ཡིན། །ཞེས་སོ། །རྣལ་འབྱོར་པས་རང་བྱུང་ཡེ་ཤེས་གཅིག་པུ་ལས་མ་གཡོས་པར་ཡེ་བསྲུངས་ཆེན་པོའི་དམ་ཚིག་ཏུ་བཞག་སྟེ། གང་བསྲུང་ན། གཟུང་འཛིན་ཞེན་རྟོག་གི་བཅོས་མ་རང་མཚན་པ་རྣམས་རང་གར་མ་ཤོར། གཉེན་པོས་མ་སྤངས་ཐད་ཀར་ཆོད་པས་(༡༧༩)གཞི་ལ་བསྐྱལ་ཏེ། གང་ཅི་སྣང་ཅི་ཤར་ཡང་རང་བྱུང་གི་ཡེ་ཤེས་ལས་གཞན་མེད་པས། རང་རང་བྱུང་ཡེ་ཤེས་སུ་ཕྱལ་ཡངས་པ། རང་བྱུང་གི་གཅིག་པུའི་རོལ་པ། རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཐག་བཅད་ལ་ཁྱབ་གདལ་བར་བྱའོ།། །།

༈ གསུམ་པ་གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱ་བ་ལ་གཉིས་ཏེ། གོ་དོན་སྤྱིར་བསྟན་པ་དང་། ཉམས་སུ་བླང་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །

དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ་དང་བཞི་ལས། ལྟ་བའི་ངོ་བོ་ཤེས་བྱ་གཤིས་ཀྱི་གནས་ལུགས་སོ། །རྟོགས་པའི་དོན་མ་ནོར་བར་མཐོང་བའོ། །ངེས་ཚིག་ནི་དོན་ལ་བློ་སྦྱོང་བས་ལྟ་བའོ། །དབྱེ་ན་འཇུག་ཐབས་རྒྱུའི་ལྟ་བ་རང་ངོ་ཡང་དག་པ་མ་ཡིན་པ་ཐེག་པ་བརྒྱད་དང་། བཞུགས་དོན་འབྲས་བུའི་ལྟ་བ་ཨ་ཏི་ཡོ་ག་ཡང་དག་པའི་ཐེག་པ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་གཉིས་སོ། །དཔེ་དོན་གྱི་ངོ་བོ་ལ། སོ་སོར་འཛིན་པ་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པ་གཉིས་ཏེ། བཤད་རྒྱུད་ལས། རིགས་ཀྱི་བུ་ལྟ་བའི་ངོ་བོ་ནི་སོ་སོའི་དབྱེ་བ་ལས་ཤེས་པར་བྱའོ། །ངེས་པའི་དོན་ལྟ་བ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ་བོ། །ངེས་ཚིག་ནི། ཡང་དག་པའི་ཤེས་བྱ་གྲུབ་པའི་མཐར་གྱུར་པའི་ཕྱིར་ལྟ་བ་ཞེས་བྱའོ། །དབྱེ་བ་གཉིས་སོ། །ཡང་དག་པའི་ལྟ་བ་དང་ཡང་དག་པ་མ་ཡིན་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་ནི་ཨ་ཏི་ཡོ་གའོ། །ཡང་དག་པ་མ་ཡིན་པ་ནི་ཨ་ནུ་ཡོ་ག་མན་ཆད་དོ། །ལྟ་བའི་དཔེ་གཉིས་ཏེ། ཡང་དག་པའི་དཔེ་མན་ཤེལ་དང་སྣང་བ་ལྟ་བུའོ། །ཡང་དག་པ་མ་ཡིན་པའི་དཔེ་ནི། དོན་དམ་པ་ནམ་མཁའ་ལྟ་བུ། ཀུན་རྫོབ་སྒྱུ་མ་ལྟ་བུ་ནི་ཨ་ནུ་མན་ཆད། བོ་དྷི་སཏྭ་ཡན་ཆད་ཀྱི་དཔེའོ། །ཉན་ཐོས་རང་རྒྱལ་གྱི་དཔེ་ནི། འཛིན་པའི་དཔེ་ཆུ་བོ་ལྟ་བུ། སྐད་ཅིག་མས་མི་རྟག་པ་རྒྱུན་གྱི་རྟག་པའི་དཔེའོ། །ཡུལ་གཟུང་བའི་དཔེ་གཡག་རྔ་དང་ནེའུ་གསེང་ལྟ་བུའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་ཀུན་རྫོབ་ཀྱི་དཔེ་རྒྱས་པར་བསྟན་ན། སྐྲ་ཤད་ལ་སོགས་པའི་མེད་སྣང་དང་། ཆུ་ཟླ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་དང་། རྗེ་འབངས་ལྟ་བུ་དང་། གྲོགས་པོ་ལྟ་བུ་དང་། རང་གཅིག་པུ་མདའ་ལེན་འབེན་འཛུགས་ལྟ་བུ་དང་། ཡབ་ཡུམ་གཉིས་སུ་མེད་པ་ལྟ་བུའོ། །(༡༨༠)ཀྱཻ་རིགས་ཀྱི་བུ། ལྟ་བ་བྱ་རྩོལ་དང་རྩོལ་སྒྲུབ་ལས་འདས་པ་ནི་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུའོ། །ཞེས་སོ། །དེ་ཡང་ཨ་ཏི་པས་ལྟ་བ་རང་བྱུང་གི་ཡེ་ཤེས་རང་གདངས་འཁོར་འདས་སུ་ཤར་བ་གཞི་ནས་དག་པའི་དཔེ་ཤེལ་དང་སྣང་བ་ལྟ་བུར་ངོ་སྤྲད། ལྟ་བ་ཡིན་ཐོག་ཏུ་སྒོམ་པས་ཀློང་དུ་གྱུར་པས་ཁྱུང་ཆེན་ནམ་མཁའ་ལྡིང་བ་ལྟ་བུར་ལ་བཟླ་བའོ། །མཚོན་ཚིག་ངོས་གཟུང་བ་ནི། དེ་ཉིད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ལྟ་བ་ཞེས་པའི་ཚིག་ཚོགས་དང་། །གྲུབ་མཐའ་ཞེས་པའི་ཚིག་ཚོགས་དང་། །ཡང་དག་ཅེས་པའི་ཚིག་བྱུང་དང་། །མཐར་ཐུག་ཅེས་པ་གར་བྱུང་ཡང་། །དེ་མཚོན་ཚིག་ཏུ་བསྡུས་པ་ཡིན། །ཞེས་སོ། །

སྒོམ་པ་ལའང་ལྔ་སྟེ། དེ་ཉིད་ལས། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་བརྗོད་པའི་ཚིག་ཏུ་བསྟན། །ངོ་བོ་རྩེ་གཅིག་གནས་པ་ཡིན། །སྒོམ་པའི་ངེས་ཚིག་རྣམ་པ་བཞི། །དོན་ལ་དམིགས་པས་བསྒོམ་པ་ཡིན། །མ་ཡེངས་གནས་པས་བསྒོམ་པ་ཡིན། །མི་འབྲལ་གནས་པས་བསྒོམ་པ་ཡིན། །གོམས་ཤིང་འདྲིས་པས་བསྒོམ་པ་ཡིན། །དབྱེ་ན་རྣམ་པ་གཉིས་སུ་བསྟན། །མཚན་བཅས་མཚན་མ་མེད་པའོ། །མཚན་མེད་ལའང་རྣམ་པ་གཉིས། །རྩོལ་བ་མེད་པའི་བསྒོམ་ཐབས་དང་། །རྩོལ་བ་མ་བྲལ་བསྒོམ་པའོ། །མཚན་བཅས་ལའང་དེ་བཞིན་ནོ། །སྒོམ་པ་མཚོན་པའི་དཔེ་བཞི་ནི། །མར་མེ་སྡོང་བུ་ལྟ་བུ་དང་། །ཆུ་དང་འོ་མ་འདྲེས་འདྲ་དང་། །ནོར་བུ་ཆུ་དྭངས་ལྟ་བུ་དང་། །བུམ་པའི་མར་མེ་ལྟ་བུའོ། །ཀྱཻ་གསང་བདག་ངེས་པར་ཟུང་། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །དགོངས་པ་ཞེས་པ་གར་བྱུང་ཡང་། །སྒོམ་པ་བསམ་གཏན་ཏིང་འཛིན་དང་། །མ་ཡེངས་པ་དང་མ་འཕྲོས་པ། །འདུ་འབྲལ་མེད་དང་གནས་པ་དང་། །གོམས་དང་འདྲིས་པར་བྱ་བའི་ཚིག །གར་བྱུང་བོད་སྐད་བསྡེབས་ལ་བཤད། །ཅེས་སོ། །དཔེ་ཡང་རང་གི་སྒོམ་པ་ཨ་ཏི་ཡོ་ག་རང་བྱུང་གི་ཡེ་ཤེས་མཚན་མེད་དང་། སྤྱིའི་སྒོམ་པ་ཨ་ནུ་མན་ཆད་བསྐྱེད་རྫོགས་མཚན་བཅས་སོ། །སྤྱིའི་དོན་སོ་སོའི་སྐབས་ཏེ་སྤྲོས་པས་ཆོག་གོ། །རང་གི་སྒོམ་པ་ལའང་། དབང་པོ་གསུམ་ལས་ཐ་མ་སྒོམ་པ་དང་། འབྲིང་རང་གནས་དང་། རབ་སྒོམ་མེད་རྣམས་དང་། དེ་དག་གི་ངོ་བོ་ལ་(༡༨༡)སྒོམ་དུ་མེད་པར་ལ་བཟླ་བས། དེའི་དོན་ངོ་བོ། ངེས་ཚིག །དབྱེ་བ། དཔེ། མཚོན་ཚིག་དང་ལྔས་ཤེས་པར་བྱ་བ་ནི། བཤད་རྒྱུད་ལས། ལག་ན་རྡོ་རྗེ་ངེས་ཟུང་ཞིག །སྒོམ་མེད་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་ཚིག་བཤད། །ངོ་བོ་རང་བཞིན་རྒྱུན་ཆད་མེད། །ངེས་ཚིག་ཡིད་ལ་མི་བྱེད་པ། །ངང་གནས་མི་བྱེད་བྱ་མི་དགོས། །སྒོམ་མེད་དབྱེ་བ་རྣམ་པ་གཉིས། །མཚན་བཅས་བསྒོམ་དུ་མེད་པ་དང་། །མཚན་མེད་བསྒོམ་དུ་མེད་པའོ། །རེ་རེ་ལའང་གཉིས་གཉིས་བསྟན། །གཤིས་ལ་བསྒོམ་དུ་མེད་པ་དང་། །རྟོགས་པས་བསྒོམ་དུ་མེད་པའོ། །མ་བསྒོམས་རྒྱུན་ཆད་མེད་པའི་དཔེ། །ཆུ་བོ་ལྟ་བུར་གནས་པ་ཡིན། །མ་བསྒོམས་དོན་དང་མི་འབྲལ་བ། །སྦྱོར་རྩིས་སྦྲང་འདབ་འབྱར་བ་བཞིན། །མ་བསྒོམས་ངང་གིས་ཚིག་རྣམས་དང་། །ངང་དྭངས་རང་བཞིན་བདག་ཉིད་ཆེ། །ཡེ་ནས་འདུ་འབྲལ་མེད་པ་དང་། །བྱ་རྩོལ་རྣམས་ལས་འདས་པ་དང་། །ལམ་ལ་བགྲོད་དུ་མེད་པ་དང་། །རྟོགས་པ་མངོན་གྱུར་སངས་རྒྱས་དང་། །རང་བྱུང་ཡེ་ཤེས་ཡིན་པ་དང་། །ལྷུན་གྲུབ་ཡེ་སངས་རྒྱས་པ་དང་། །ཡིད་ལ་བྱ་རུ་མེད་པ་དང་། །དམིགས་པའི་ཡུལ་དང་བྲལ་བ་དང་། །སྒོམ་མེད་གཞན་དུ་མེད་པ་དང་། །བསྒོམ་དུ་མེད་པའི་ཚིག་རྣམས་ཀུན། །ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་སོ། །

སྤྱོད་པ་ལ་ཡང་རང་དང་སྤྱིའི་མཚན་ཉིད་བླང་དོར་མེད་པ་དང་ཡོད་པར་ཕྱེ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དཔེ་བརྗོད་ཚིག་དང་བཅས་པ། དེ་ཉིད་ལས། སྤྱོད་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་བརྗོད་ཚིག་ཏུ། །བསྡུས་ཏེ་སྤྱོད་པའི་དོན་དུ་བཤད། །སྤྱོད་པའི་ངོ་བོ་བྱེད་པ་དེ། །མ་འགགས་དོན་ལ་སྤྱོད་པའོ། །སྤྱོད་པའི་ངེས་ཚིག་དོན་སོ་སོ། །མཐུན་པར་སྤྱོད་པས་སྤྱོད་པའོ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །བླང་དོར་བཅས་པའི་སྤྱོད་པ་དང་། །བླང་དོར་མེད་པའི་སྤྱོད་པའོ། །དཔེ་ནི་གར་མཁན་མཁས་པ་ཡིས། །སྣ་ཚོགས་གར་གྱིས་བསྒྱུར་བ་དང་། །བཟོ་བོ་མཁས་པའི་སྐྱེས་བུ་ཡིས། །ལག་གི་འདུ་བྱེད་ལྟ་བུའོ། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །སྤྱོད་པ་དང་ནི་ཕྲིན་ལས་དང་། །བྱ་བ་བྱེད་པའི་ཚིག་རྣམས་དང་། །རྣལ་འབྱོར་རབ་འབྲིང་ཐ་མ་དང་། །གཞི་ལམ་འབྲས་བུའི་སྤྱོད་པ་དང་། །གང་བྱུང་ངས་བསྟན་བཞིན་དུ་(༡༨༢)བཤད། །ཅེས་སོ། །

འབྲས་བུ་ལའང་རང་དང་སྤྱིའི་མཚན་ཉིད་མཐར་ཕྱིན་པ་དག་གི། ངོ་བོ། ངེས་ཚིག །དབྱེ་བ། དཔེ་མཚོན་ཚིག་དང་བཅས་པ་ཉིད། བཤད་རྒྱུད་ལས། འབྲས་བུའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་ཚིག་རྣམས། །བསྡུས་ལ་ངེས་པར་ང་ཡིས་བཤད། །འབྲས་བུའི་ངོ་བོ་ནི་ལྟ་བ་ཡོངས་སུ་རྫོགས་པའོ། །འབྲས་བུའི་ངེས་ཚིག་ནི། གྲོལ་སྨིན་རྫོགས་གསུམ་མཐར་ཕྱིན་ཕྱིར་མི་བཟློག་པའོ། །དབྱེ་ན་ཟག་བཅས་དང་། ཟག་པ་མེད་པའོ། །དཔེ་གཉིས་རིགས་མིན་ཅིག་ཆར་རྫོགས། །ཤིང་ཐོག་ལོ་ཐོག་སྨིན་པ་དང་། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །སོ་སོའི་འབྲས་བུ་གར་བྱུང་ཡང་། །འདིར་བསྟན་བཞིན་དུ་ཤེས་པར་བྱ། །འབྲས་བུ་མཚོན་པའི་ཚིག་རྫོགས་ཡིན། །མཐར་ཕྱིན་པ་དང་རྫོགས་པ་དང་། །སྨིན་པ་དང་ནི་གྲུབ་པ་དང་། །གྲོལ་དང་ཕྱིར་མི་ལྡོག་ལ་སོགས། །དང་པོ་དགྲ་བཅོམ་ཞེས་པ་དང་། །ཐ་མར་རང་ས་ཟིན་ཤེས་པར། །ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རང་དང་ཕྱིའི་ཐེག་པ་གཉིས་ཀྱི་གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་འབྲས་བཞི་བསྟན་པ་ནི། གདམས་པ་འདིས་ཤེས་བྱར་གཏན་ལ་དབབ་བྱ་སྟེ། མདོ་ཆིངས་ངེས་པའི་གནད་གལ་པོ་ཆེར་བསྟན་པའོ།། །།

༈ གཉིས་པ་ཉམས་སུ་བླང་ཚུལ་བྱེ་བྲག་ཏུ་བསྟན་པ་ལ་བཞི་སྟེ། ལྟ་བས་གཏན་ལ་དབབ། སྒོམ་པས་ངང་ལ་བསྐྱང་། སྤྱོད་པས་འཛིན་མེད་དོར། འབྲས་བུ་རང་ས་གཟུང་བའོ། །

དང་པོ་ནི། རིག་པ་རང་བྱུང་གི་ཡེ་ཤེས་སྟོང་གསལ་ལྷུན་གྲུབ་ཆེན་པོར་སྤྲོས་པའི་མཐའ་དང་བྲལ་བ། རྟག་ཆད་མཚན་མའི་རིས་དང་བྲལ་བ། འཁོར་འདས་སྐྱོན་ཡོན་གྱི་རྩིས་དང་བྲལ་བ། ཡེ་ཡིན་ཀ་ནས་དག་པས་དངོས་པོ་དང་མཚན་མར་མ་གྲུབ། རང་བྱུང་ལྷུན་གྱིས་གྲུབ་པས་ཡོན་ཏན་རང་རྫོགས་སུ་གནས་པ། སྐུ་གསུམ་ཡེ་ཤེས་ཀྱིས་བརྒྱན་པས། ཆོས་སྐུ་ཐིག་ལེ་ཉག་གཅིག་མི་འགྱུར་བའི་ལྟ་བ་ཐོད་རྒལ་ཆེན་པོ། ཕྱི་ནང་བར་མེད་ཟང་ཐལ་གྱི་རང་རིག །རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་རྒྱལ་བའི་དགོངས་པ་དུས་གཅིག་མཉམ་པ་ཉིད་ཀྱི་ཡེ་ཤེས། རང་ངོ་སྟོང་གསལ་ལྷུན་གྲུབ་ཆེན་པོའི་ངང་ནས། རང་གདངས་འཁོར་འདས་སུ་སྣང་བ་མ་འགགས་པར་རང་ཤར་བས། ཕྱི་ནང་སྣོད་བཅུད་བདེ་སྡུག་མཐོ་དམན། བདག་(༡༨༣)གཞན་ཅི་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རྩལ་ལས་རང་ཤར། རང་སྣང་། རང་གནས། རང་གྲོལ་བས། བླང་དོར་དང་འབད་རྩོལ་ཐམས་ཅད་ལས་འདས་ཏེ། སྣང་མཚན་རང་གི་རང་གདངས་རང་སྣང་དུ་སྣང་བ་ལས་གཞན་མེད་པས། རང་བྱུང་ཡེ་ཤེས་ཀྱི་རོལ་པ་དང་། རྩལ་དུ་སྣང་བ་ལ་རང་གྲོལ་བས། རང་ངང་ན་རང་སྣང་འཕྱོ་བ་ལ་བཟང་ངན་གྱི་རྩིས་མི་གདབ། རྨི་ལམ་གཉིད་ཀྱི་ངང་དུ་འཕྱོ་བ་ལྟར་ཐག་བཅད་ནས། ཕྱི་ནང་སྣོད་བཅུད་ཐམས་ཅད་རིག་པའི་རང་གདངས་མ་དག་པ་མེད་པ་གསལ་སྣང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པར་ཕྱི་ན་རང་སེམས་དང་སེམས་ལས་གཞན་མིན་གཞི་མེད་སྟོང་པར་ལ་བཟླ། རང་རིག་རིག་སྟོང་རྩ་བྲལ་ངོ་བོ་སྟོང་པས་གང་དུ་ཡང་མ་གྲུབ། རང་བཞིན་གསལ་བས་གཞི་སྣང་ལྷུན་གྱིས་གྲུབ། ཐུགས་རྗེ་མ་འགགས་རོལ་པ་ཅིར་ཡང་འཆར་ཞིང་མཐའ་གཅོད། ད་ལྟའི་དུས་ན་རིག་སྟོང་ཆོས་སྐུ་ཟང་མ། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ངང་ལ་གནས། ངང་ལ་འགྲོ། ངང་ལ་ཉལ། ངང་ལ་ལངས། ངང་ལ་ཟ། ངང་ལ་འཆགས། ངང་ལ་ལབ། ངང་ལ་སེམས། ངང་ལ་རྟོགས། ངང་ལ་ལྟ། ངང་ལ་སྒོམ། ངང་ལ་སྤྱོད། ངང་ལ་གྲོལ། དཔེར་ན་བྱ་གར་ཕྱིན་ཡང་ནམ་མཁའ་ལས་མ་འདས་པ་ལྟར། རྣལ་འབྱོར་པ་ལ་ཅི་སྣང་ཅི་བྱེད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལྟ་བ་རྒྱལ་པོའི་རང་གདངས་ལས་མ་འདས་པར་ཤེས་པར་བྱེད་པ་ནི། ལྟ་བ་ལ་བཟླ་བ་ཞེས་བྱ་སྟེ། ལྟ་བས་ཐག་བཅད་པ་ཞེས་སུ་བྱ། ལྟ་བས་རང་ངོ་སྤྲད་པ་ཞེས་བྱ་བ། ལྟ་བས་གཏན་ལ་དབབ་པ་ཞེས་བྱ་སྟེ། ཀ་ནས་དག་པའི་ངང་ན་ལྷུན་གྱིས་གྲུབ་པས། ཐོད་རྒལ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཡེ་དག་ཆོས་སྐུ་ཟང་ཀ་དེ། གཞི་བྲལ་ཡངས་པ་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་མེད་པ་གཏད་མེད་ཕྱལ་པ་ཆེན་པོར་རྫོང་བཅའ་བ་ནི། ཐིག་ལེ་ཀུན་གསལ་ལས། བལྟར་མེད་ལྟ་བའི་དོན་བསྟན་པ། །གཟའ་གཏད་མེད་པའི་ལྟ་བ་སྟེ། །དངོས་མེད་ཡེ་ཤེས་ཟང་ཐལ་བས། །རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ། །དེ་ལས་མ་གཏོགས་གཞན་མེད་པས། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བས་གཞི་ནས་རྫོགས་སངས་རྒྱས། །ཡུལ་མེད་གཟུང་འཛིན་རྣམ་པར་དག །རང་རིག་རང་གི་གདངས་ལ་བཞུགས། །རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དོན་(༡༨༤)གྱི་ནམ་མཁའ་རྒྱས། །ཆོས་ཉིད་དོན་གྱི་ནམ་མཁའ་ལ། །རང་རིག་ཡེ་ཤེས་ཉི་མ་ཤར། །ཕྱོགས་རིས་མེད་པར་ཀུན་གསལ་ལས། །ཡིད་ཀྱི་རྣམ་རྟོག་ཅི་འགྱུ་ཡང་། །མ་ཕངས་གསེར་གྱི་ཉ་མོ་འགྱུ། །མ་འགགས་རང་བཞིན་མེད་པའི་དོན། །བལྟས་ཤིང་བཙལ་བས་མཐོང་རྙེད་བྲལ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །བྱིས་པའི་སྐྱེ་བོ་རྣམས་ལ་སྣང་མོད་ཀྱི། །རང་རིག་དངོས་མེད་ཡེ་དག་ཟང་ཐལ་ལ། །དངོས་པོ་མཚན་མ་སྒྲིབ་པ་ཡེ་ནས་དག །ཀུན་བཟང་ཞལ་གྱིས་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །ཁམས་གསུམ་མ་ལུས་ཐིག་ལེ་ཆེན་པོའི་ངང་། །ལྟ་བ་རྣམ་དག་རང་བྱུང་ཡེ་ཤེས་ལ། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སེམས་ཅན་མེད་པས་ཁམས་དང་འབྱུང་བ་མེད། །མན་ཤེལ་སྐུ་ལྟར་རང་བཞིན་རྣམ་པར་དག །དྲི་མ་མེད་པ་ཟང་ཐལ་ཆོས་ཀྱི་སྐུ། །ས་ཆུ་མེ་རླུང་ནམ་མཁར་སྣང་བ་ཡང་། །མ་རྟོགས་བློ་ལ་མཚན་མར་སྣང་མོད་ཀྱིས། །རང་བཞིན་མེད་དེ་ཡེ་ཤེས་གདངས་སུ་གསལ། །དཔེར་ན་མཁའ་ལ་འཇའ་ཚོན་གསལ་བ་ཡང་། །རང་ཤར་རང་སྣང་རང་གསལ་ཡེ་ཤེས་དྭངས། །གློག་ལྟར་སྣང་ཞིང་འགགས་པ་མེད་པར་གསལ། །གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། །རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས། །ལས་དང་ཐུགས་རྗེའི་མཐའ་གཉིས་རྣམ་པར་དག །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་བྱང་ཆུབ་མཆོག་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་སྦྱངས། །མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། །བཀོད་པ་ལྷ་ཡི་དཀྱིལ་འཁོར་བསྒོམ་མི་དགོས། །དཀྱིལ་འཁོར་ཁྲོ་བདག་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་སྐུ་བསྐྱེད་ནས། །སྐུ་གསུང་ཐུགས་ཀྱི་བཟླས་པ་དག །ཆུ་བོའི་རྒྱུན་བཞིན་བཟླས་གྱུར་ཀྱང་། །རང་རིག་ཡེ་ཤེས་རྒྱབ་ཀྱིས་ཕྱོགས། །ཡེ་ནས་བྱས་ཟིན་ད་སྡོད་རྩོལ་བ་མེད། །ཆེད་དུ་དབྱེར་མེད་ཆེད་དུ་བསྒྲུབ་པ་མེད། །མར་མེ་རང་གི་འོད་ལ་གནས་པ་ལྟར། །རང་རིག་ཡེ་ཤེས་རང་གི་གདངས་ལ་གནས། །འདས་(༡༨༥)དང་མ་བྱོན་ད་ལྟར་སངས་རྒྱས་དང་། །གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན། །ཞེས་སོ། །དེ་ཡང་། རིག་པ་རང་ངོ་ལྷུན་གྲུབ་ཆེན་པོར་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་དངོས་ཡིན་ལ། དེའི་རང་གདངས་ལས། ཡེ་ཤེས་ཀྱི་རྩལ་ཤར་བ་ལས། སྣོད་བཅུད་དུ་སྣང་ངོ་ཅོག་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་བ་རྣམས་ལྟ་བའི་རྣམ་གཞག་རང་གདངས་སོ་སོའི་ཆ་ཙམ་དུ་རང་བྱུང་ཡེ་ཤེས་ཀྱི་ངང་ན་མེད་སྣང་འཇའ་ཚོན། སྤྲུལ་པ་ལྟར་གཞི་མེད་དུ་ཤེས་པར་བྱ་བ་ལས། ལྟ་བ་དངོས་ནི། དེ་ཉིད་ལས། རིགས་ཀྱི་བུ་མ་འཁྲུལ་པའི་སངས་རྒྱས་པ་མ་བྱས་པའི་ཆོས་བསྟན་པ་ནི་ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི། བྱས་པའི་མེ་ལོང་གིས་གཏན་ལ་འབེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས་འགགས་པ་མེད་པའི་གསལ་བ་ཀུན་གཞི། མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་དག་པ་ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན། མགར་བའི་ལག་གི་འདུ་བྱེད་ཀྱིས་མ་བྱས་པར། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ནས་རང་བྱུང་དུ་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕངས་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དེ་བརྡ་བསྟན་པའི་ཚེ། ཟག་བཅས་ཀྱི་སྒྲོམ་བུས་ཟག་མེད་ཀྱི་ཡེ་ཤེས་ལ་ཁྱབ་པར་ཐུགས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་སྣང་ངོ་། །དེ་ནི་འཁྲུལ་ཞིག་མན་ངག་གི་ཏི་ཀ་ཆེན་པོར་གཏན་ལ་ཕབ་པའོ། །ཞེས་སོ། །དོན་དེ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་གསུམ་དུ་འགྱུར་མ་མྱོང་བ་སྟེ། མི་འགྱུར་བའི་ལྟ་བ་ཐོད་རྒལ་ཆེན་པོའོ། །ཞེས་སོ། །རྩལ་སྣང་མ་དག་པ་སོ་སོའི་རང་གདངས་སུ་རྣམ་པར་སྦྱར་ན། དང་པོའང་རང་བྱུང་གི་ཡེ་ཤེས་ཀྱི་ངང་ནས་རང་གདངས་སྐུ་དང་ཡེ་ཤེས་སུ་ཤར་བ་སོ་སོ་ལ་བཟུང་བས་དེ་དང་འདྲ་བར་སྣང་བའི་སྣོད་བཅུད་ལུས་སེམས་ཀྱི་སྣང་བ་འདི། མཐར་ཡང་དེའི་ངང་དུ་གྲོལ་དགོས་པས། ནང་ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས་ལྔ་དག་པར་སྦྱར་བ་ནི། ཡང་དེ་ཉིད་ལས། སྤྲུལ་པའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་བའི་ཆོས་ཉིད་ལས། །ལས་ལ་མ་རྨོངས་ཐབས་ཀྱི་ཞིང་། །གཟུང་འཛིན་མི་གནས་རང་དྭངས་ཉིད། །རང་དུ་མངོན་སངས་རྒྱས་པའི་མི། །ཕུང་པོ་ལྔ་རྣམས་སྣང་བ་ཡང་། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་ཆེ། །(༡༨༦)རྣམ་ཤེས་བརྒྱད་དུ་སྣང་བ་ཡང་། །སེམས་དཔའ་བརྒྱད་དེ་རང་ལ་རྫོགས། །གཞན་མིན་རང་ཉིད་ཡིན་པས་ཆེ། །རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་ཀྱང་། །རང་ལ་གནས་པའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །གཞན་ན་མེད་པས་བདག་ཉིད་ཆེ། །རང་ལས་བྱུང་ཞིང་རང་ལ་སྣང་། །རང་གདངས་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་སྣང་ཆེན་པོ་ལ། །བགྲོད་དུ་མེད་པས་ཀུན་ལས་ཆེ། །ཞེས་པ་དང་། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་གསུངས་སོ།། །།

༈ གཉིས་པ་སྒོམ་པས་ངང་ལ་སྐྱོང་བ་ལ་གསུམ་སྟེ། དབང་པོ་ཡང་རབ་འབྲིང་དང་ཐ་མ་གསུམ། དང་པོ་ནི། ལྟ་བའི་དོན་ལ་ངོ་སྤྲད་པ་ཙམ་གྱིས་གྲོལ་ཏེ། གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངང་དྭངས་འདུ་འབྲལ་མེད་པར་སྒོམ་དུ་ཡོད་མེད་ལས་འདས་ཏེ། ཆོས་སྐུ་ཟང་ཐལ་རྗེན་པའི་ངང་ལ་རང་གནས་ལྷུན་གྲུབ་ཆེན་པོར་དུས་བཞི་ཆོས་ཉིད་ཀྱི་དཀྱིལ་འཁོར་འཁྱིལ་བས། ཡིད་ལ་བྱེད་པའི་སྒོམ་དང་། རྩོལ་སྒྲུབ་ཀྱི་ཆོས་ལས་འདས་ཏེ། རང་བཞིན་ཆུ་བོ་རྒྱུན་གྱི་དགོངས་པར་བསྟན་པ་ནི། བཤད་རྒྱུད་ལས། ངས་བསྟན་གཉིས་མེད་བདེ་ཆེན་ལ། །སྒོམ་དུ་ཡོད་མེད་མཐའ་དང་བྲལ། །ཤེས་རབ་སྟོང་གསལ་རང་རིག་དོན་རྟོགས་ལས། །བསྒོམ་དང་མི་བསྒོམ་ཐ་སྙད་རྣམ་པར་དག །གཉིས་མེད་བདེ་ཆེན་རང་གི་ངང་ལ་གནས། །མ་བཙལ་བཞག་པས་འདུ་འབྲལ་ཡོངས་ཀྱིས་མེད། །རྒྱུན་ཆད་མེད་པ་ཆུ་བོ་གངྒཱ་བཞིན། །དབང་པོ་ཡང་རབ་དོན་དུ་དེ་བསྟན་ནོ། །ཞེས་སོ། །དབང་པོ་འབྲིང་སྒོམ་མེད་ལ་ཡེངས་མེད་རྒྱུན་གྱི་ཏིང་འཛིན་བསྟན་པ་ལ། ཐག་ཆོད་པས་བསྒོམ་མི་དགོས་པར་ལ་བཟླ་བ་དང་། ངང་ལ་གནས་པས་ཡེངས་སུ་མེད་པར་རང་གནས་གཉིས་ལ་ལ་བཟླ་བ་ནི། རིག་པ་ལྷུན་གྲུབ་ཟང་ཀ་ཡིན་པས་བསྒོམ་དུ་མེད། བསྒོམ་མི་དགོས་བཟང་དུ་མི་འགྲོ་བས། རང་གདངས་ཡེ་བབས་རང་གནས་སུ་གཞི་བཞག་སྟེ་འབད་རྩོལ་བྱ་མི་དགོས། (༡༨༧)འཁྲུལ་སྣང་ཡེ་ཤེས་ལྔའི་རང་རྩལ་ལམ་རོལ་པར་ཤར་བས་སྤང་མི་དགོས། བླང་མི་དགོས། གང་སྣང་བཅོས་བསླད་མེད་པར་སྣང་དུ་ཆུག །དང་པོ་ཡང་གཞི་ལས་ཤར། ད་ལྟ་ཡང་གཞིའི་ངང་ནས་རང་སྣང་། མཐར་ཡང་གཞིར་གྲོལ་བས། ཤེས་བྱ་བུམ་འཇུག་གི་དགོངས་པར་ལ་བཟླའོ། །ངང་ལ་གནས་པས་ཡོངས་སུ་མེད་པར་གནས་པ་ནི། ཕྱི་གང་སྣང་ཡུལ་མེད་དུ་ཕྱམ་གདལ། ནང་གང་ཤར་ཟང་ཀར་རང་ཡལ། བར་ཕྱལ་པ་བར་མེད་དུ་ཧར་སངས། གཞི་ཕྱམ་ཕྱམ། དོག་མེར་མེར། རང་གསལ་འཛིན་མེད་དུ་མ་ཡེངས་ཙམ་གྱི་ངང་ལ་གློད་པས། སྣང་བ་བདེན་མེད་དུ་རང་སྣང་། རིག་པ་གཏད་མེད་དུ་རང་གྲོལ། སྒོ་ལྔ་རྒྱ་ཡན་དུ་རང་དྭངས། ཆོས་ཟད་བློ་ཟད་དུ་ཕྱལ་ཡས་ཏེ། མཚན་མོའང་ཕྱི་ཡུལ་སྣང་རང་སྟོང་རང་འདུས་རིག་སྟོང་རང་མལ་དུ་གཉིད་ལོག་པས། ཤེས་བྱ་བུམ་འཇུག་གི་དགོངས་པ་སྟེ། འོད་གསལ་སྟོང་པར་རང་གྲོལ་ལོ། །ཉིན་མོའི་རིག་སྟོང་ཟང་ཀའི་བུམ་ནང་ལས། ཡུལ་སེམས་འཕྲོ་འདུའི་འཛིན་པ་ཡལ་བར་བཞག་དུས། ཤེས་བྱ་བུམ་འཇུག་གི་དགོངས་པའོ། །དེ་ལྟར་ཉིན་མཚན་གོམས་པའི་བེམ་རིག་བྲལ་དུས་འཁྲུལ་སྣང་ཡེ་ཤེས་སུ་དག་ནས། ཡེ་ཤེས་ལྷུན་གྲུབ་ཀྱི་བུམ་པར་ཐིམ་པ་ནི་ཤེས་བྱ་བུམ་འཇུག་གི་དགོངས་པ་ཞེས་པའོ། །

དེ་ཡང་རིག་པ་ཆོས་ཉིད་ཀྱི་ངང་ནས། སྣང་སེམས་ཅི་སྣང་ཡང་བཟང་རྟོག་གིས་མ་བསླད། ངན་རྟོག་གིས་མ་བསྒྱུར། རང་སངས་སུ་ཡལ་དུ་བཅུག་པས་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མི་འདའ་སྟེ། ཕྱི་སྣང་སྲིད་ཡེ་ཤེས་ཀྱི་རོལ་པ་རྩལ་རང་གདངས་སུ་ཤེས་པས། ཕྱལ་པ་རང་སྣང་དུ་རང་གྲོལ། ནང་རིག་པ་ཤར་གྲོལ་དུ་རང་ཡལ་བས་ཐུགས་རྗེའི་རོལ་པར་རང་དག །ཆེད་དུ་དམིགས་པའི་སྒོམ་པ་མེད་པས་བསྐྱེད་རྫོགས་སེམས་འཛིན་གྱི་སྒོམ་པ་གཏད་ཡལ། བྱ་གར་ཕྱིན་ཡང་ནམ་མཁའ། ཉ་གར་ཕྱིན་ཡང་ཆུ་བོ། མི་གར་ཕྱིན་ཡང་ས་གཞི་ལས་མ་འདས་པ་ལྟར་རྣལ་འབྱོར་པས་གང་བྱེད་ཅི་སྒོམ་ཅི་སྤྱོད་ཀྱང་། རང་བྱུང་ཡེ་ཤེས་ཀྱི་རིག་པ་སྟོང་པ། གསལ་བ། འཛིན་མེད་གསུམ་གྱི་ངང་ལས་མ་གཡོས་པས། སྐུ་གསུམ་རང་རྫོགས་ཆེན་པོར་གྲུབ་སྟེ། ཆོས་སྐུ་རང་མལ་ལས་མ་གཡོས་པ། གཞི་ཐོག་ལྷུན་གྲུབ་ཆེན་པོར་གནས་པས། སྒོམ་མེད་ཡེངས་(༡༨༨)མེད་ཆེན་པོ་ལ་ངང་བསྐྱངས་པ་ཞེས་བྱ་སྟེ། རིག་པ་ཡེ་སངས་རྒྱས་པས་བསྐྱར་ནས། བསྒོམ་མི་དགོས་པར་རང་གི་ངང་ལ་རང་སར་གནས་པས། རང་མལ་ཆོས་སྐུ་ལྷུན་གྲུབ་ཏུ་བསྟན་པ་ནི། བཤད་རྒྱུད་ལས། རྟེན་གྱི་གང་ཟག་ཤེས་རབ་འབྲིང་རྣམས་ལ་སྒོམ་དུ་མེད་པའི་དགོངས་པ་བསྟན་ཏེ། བདག་ཉིད་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཏི་ཀ་ལ་གཞི་བཅའོ། །དེ་ནི་དོན་རྟོགས་ན་སྒོམ་དུ་མེད་དེ། རང་བཅས་སུ་གནས་པས་འདུ་འབྲལ་མེད་དེ། ཡུལ་དང་ཡུལ་ཅན། བསྒོམ་བྱ་དང་སྒོམ་བྱེད་ཐམས་ཅད་སོ་སོ་དང་མཚན་མར་དམིགས་གཏད་མེད་དེ། དཔེར་ན་གར་སྤྱིན་ལ་སྦྲང་བུའི་འདབ་མ་འབྱར་བ་ལྟ་བུའོ། །ཆོས་ཉིད་དོན་གྱི་ཐ་མལ་མ་རྟོགས་པར། སོ་སོ་སྐྱོ་བོ་ཐ་མལ་གྱིས་མི་གྲོལ་ཏེ། གང་ལྟར་རྟོགས་དགོས་པས་ཡེངས་སུ་མེད་པའོ། །ངེས་པར་རྟོགས་པ་ཙམ་ན་ངེས་པ་མེད་དེ། འདུག་ཀྱང་ཆོས་ཉིད་ཀྱི་རང་སྣང་ཙམ་ལས་མ་གཡོས་པ་ཙམ་དུ་འདུག་གོ། །འགྲོ་ཡང་ཡེ་ཤེས་རང་གདངས་ཀྱི་ངང་ལས་རང་བཞིན་མ་འགགས་ཙམ་དུ་འགྲོ་སྟེ། མར་མེའམ། ཉི་མ་རང་སྣང་དང་བཅས་ནས་འགྲོ་བ་བཞིན་ནོ། །ཉལ་ཡང་ངང་ལས་མ་གཡོས་པའི་ཀློང་རིག་པ་ཟང་ཐལ་གྱི་ངང་ན་རྩལ་གཞི་ལ་འདུས་ཏེ། རང་བཞིན་གཞི་ལ་ཐིམ། མཚན་མ་རང་སར་གྲོལ། དོན་འབྱོར་པ་ཆེན་པོར་འགྱུར་རོ། །ལངས་ཀྱང་ངང་མ་བཅོས་པ་ལ་རིག་པ་རང་ཤར་ཏེ། རང་བཞིན་མ་འགགས་པར་གསལ་ལོ། །ཀྱེ་མ་རིགས་ཀྱི་བུ་ལེགས་པར་ཡིད་ལ་ཟུང་ཞིག །སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། རང་རིག་གདིང་གི་ངང་ལས་མི་འདའ་ཞིང་ཆོས་ཉིད་ལས་མི་གཡོས་པ་ནི། དཔེར་ན་བྱ་གར་འཕུར་ཡང་ནམ་མཁའ་ལས་མི་འདའ། ཉ་གར་འཕྱོ་ཡང་ཆུ་ལས་མི་འདའ། མི་གར་ཕྱིན་ཡང་ས་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་དོན་གྱི་དགོངས་པ་ལ་གནས་སོ། །རིགས་ཀྱི་བུ། བསྒོམ་བྱ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ནི་ལོགས་ན་མེད་དེ་རང་གི་རིག་པ་ཆོས་སྐུ་ཁོ་ནའོ། །ཤར་བ་ཐམས་ཅད་ནི་རང་ཤར་ཏེ། རིག་པ་ཆོས་སྐུ་སྟོང་པ། འགགས་པ་མེད་པ་དང་། དེ་གཉིས་དབྱེར་མེད་པ་དང་། དེ་ལྟར་ཤེས་པ་མི་འགགས་པ་དང་། དེ་ལ་ཐོགས་པ་མེད་པ་དང་། མཚན་ཉིད་ལྔར་བཤད་དོ། །ཡེ་ཤེས་ལྔ་འོད་དུ་ཤར་རོ། །འོད་ལ་རིགས་ལྔར་ཤར་རོ། །(༡༨༩)རིགས་ལྔ་སྐུ་ལྔར་ཤར་རོ། །སྐུ་ལྔ་ཡབ་ཡུམ་ལྔ་མི་འགག་གོ། །ཡབ་ཡུམ་ལ་སེམས་དཔའ་སེམས་མ་མི་འགག་གོ། །རིགས་ལྔ་ཡབ་ཡུམ་ལས་སྒོ་ལྔ་ཤར་རོ། །སེམས་དཔའ་རྣམས་ལས་དབང་པོ་དང་རྣམ་ཤེས་ཤར་རོ། །སེམས་མ་རྣམས་ལས་ཡུལ་དུ་ཤར་རོ། །དེ་ནི་རིག་པ་རང་ཤར་གྱི་དགོངས་པས་སྣང་བ་རྒྱས་བཏབ་སྟེ། རང་སྣང་གི་ཡེ་ཤེས་ལ་གཞི་སྣང་གི་རྟོག་པ་མེད་པའོ། །འགགས་པའི་དུས་སུ་མཚན་མ་རང་གྲོལ་གྱི་དགོངས་པ་ཙམ་གཞི་ལ་འདུག་སྟེ། ཡུལ་ལྔ་སྒོ་ལྔའི་ནང་དུ་གྲོལ། སྒོ་ལྔ་སེམས་དཔའ་སེམས་མའི་ངང་དུ་གྲོལ། སེམས་དཔའ་སེམས་མ་སྐུ་ལྔ་ཡུམ་གྱི་ངང་དུ་གྲོལ། དེ་ལྔ་ཡང་ཡེ་ཤེས་ལྔའི་ངང་དུ་གྲོལ། ཡེ་ཤེས་ལྔ་རང་རིག་པའི་མཚན་ཉིད་ལྔར་གྲོལ། མཚན་ཉིད་ལྔ་རིག་པ་འཛིན་མེད་རང་གསལ་དུ་གྲོལ་ཏེ། དབང་པོ་སྣ་བདུན་གྱི་མལ་ན། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པའོ། །

དེ་ལྟར་གྲོལ་ནས་ངང་ལས་མ་གཡོས་པ་ནི་ཤེས་བྱ་བུམ་པར་ཚུད་པ་སྟེ། ཆོས་ཉིད་ཆོས་སྐུ་དབྱེར་མེད་ཟང་ཐལ་གྱི་བུམ་པ་ན་རང་རིག་པའི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བས། ཤེས་བྱ་བུམ་འཇུག་གི་མན་ངག །གཏི་མུག་གི་གཉིད་ལོག་པས་ཤེས་རབ་ཀྱི་དོན་དེ་ཁོ་ན་ཉིད་ལ་འབྱོར་པའོ། །ཐམས་ཅད་བྱུང་ཡང་རང་ལས་བྱུང་། སྣང་ཡང་རང་ལས་སྣང་། གསལ་ཡང་རང་ལས་གསལ། དག་ཅིང་གྲོལ་ཡང་རང་གི་ངང་དུ་གྲོལ་བས་ན་ཡེ་ཤེས་རང་དག་ཆེན་པོའོ། །དེ་ནི་ངོ་བོ་ཉིད་ཀྱི་སྣང་བ་རང་སྣང་ཆེན་པོ་ལས་གཞན་སྣང་མེད་པར་བསྟན་པའོ། །ནམ་མཁའ་ལ་སྤྲིན་དང་ཁུ་རླངས་བྱུང་ཡང་ནམ་མཁའ་ལས་བྱུང་། སྣང་ཡང་ནམ་མཁའ་ལས་སྣང་། གནས་ཀྱང་ནམ་མཁའི་ངང་དུ་གནས། དག་ཀྱང་ནམ་མཁའི་ངང་དུ་དག །གྲོལ་ཡང་ནམ་མཁའི་ངང་དུ་གྲོལ་བ་ལྟ་བུའོ། །ཞེས་གསུངས། འདི་ནི་རང་སྣང་ཡེ་ཤེས་ཀྱི་དགོངས་པ་སྒོམ་མེད་ཡེངས་མེད་ཆེན་པོར་བསྟན་པ་ཡིན། དབང་པོ་ཐ་མ་ཆོས་ཉིད་རང་སྣང་གི་བསྒོམ་པ་བསྟན་པ་ལ་གཉིས་ཏེ། སྒོམ་པའི་འཐད་པ་དང་། བསྒོམ་ཚུལ་གཉིས་སོ། །འཐད་པ་ནི། ཀུན་གསལ་ལས། བློ་ཞེན་རྣམས་ལ་སྒོམ་པ་བསྟན། །སྒོམ་དུ་མེད་པར་མ་ཤེས་ན། །མ་ཚོར་ཡིད་ལ་བྱེད་པ་དང་། །བྱ་རྩོལ་འདས་པར་མི་རྟོགས་ཏེ། །རྒྱུན་གྱི་ཏིང་འཛིན་དོན་མི་རྙེད། །སྒོམ་དུ་(༡༩༠)ཡོད་པར་མ་ཤེས་ན། །ཐ་མལ་རྣམས་དང་ཁྱད་པར་མེད། །ཐ་མལ་རང་རྒྱུད་གོལ་སར་འགྲོ། །སྒོམ་དུ་མེད་པའི་བསྒོམས་ཤེས་པས། །སངས་རྒྱས་ཉག་ཅིག་འདུ་འབྲལ་མེད། །སྒོམ་པས་མི་བསྒོམ་དོན་ཤེས་པས། །དམིགས་གཏད་བློ་ཡི་མཐའ་ལས་ལྡོག །གཉིས་སུ་མེད་པའི་དོན་རྟོགས་པས། །ཕྱོགས་དེར་འཛིན་པའི་མུ་དང་བྲལ། །སྒོམ་དུ་ཡོད་པའི་དོན་བསྟན་པས། །གནས་ལུགས་གཞི་ལ་ཟད་སར་ཕྱིན། །ཞེས་སོ། །

བསྒོམ་ཚུལ་ལ་གསུམ་སྟེ། བསླབ་ཐབས། བསླབ་བྱ། ལོབས་པའི་ཚད་བསྟན་པའོ། །དང་པོ་ལ་ཕྱི་ནང་གསང་བ་གསུམ་ལས་ཕྱི་འཁྲུལ་པའི་བྱ་བ་སྤངས་ནས་སྒོ་གསུམ་རང་མལ་དུ་བཞག་པས། རྩ་རླུང་དལ་འཁོད་སྙོམས་ནས་རིག་པ་རང་མལ་དུ་གནས་པར་བྱེད་དོ། །ནང་ལུས་དང་མིག་རླུང་མི་འགུལ་བར་ལྟ་སྟངས་ལ་གནས་པས། རྣམ་རྟོག་རང་སར་འགགས་ནས་འོད་གསལ་རང་སྣང་དུ་འཆར་བའི་གནད་དོ། །གསང་བ་ལ། རྒྱལ་པོ་གདན་ལ་བཞག་པ། བློན་པོ་བཙོན་དུ་གཟུང་བ་འབངས་ཆམ་ལ་འབེབས་པ་དང་གསུམ་ལས། དང་པོ་ནི། རང་རིག་གཞི་ལས་མ་གཡོས་པར་རང་གཞག་པ་སྟེ། ཐིག་ལེ་ལྔའི་གནས་ལ་རང་རིག་མ་ཡེངས་པར་གདངས་གསུམ། རང་གནད་གསུམ་གང་རུང་གཅུན་ནས་བཞག་སྟེ། ལུས་ཆོས་བདུན་དང་དྲང་སྲོང་གླང་པོ་སེང་གེ་གང་རུང་གི་ལྟ་སྟངས། རླུང་འགྲོ་འོང་རབ་ཏུ་དལ་བ། མིག་ནམ་མཁའི་དཀྱིལ་དུ་གཏད་པ་དེ་བཞིན་གཤེགས་པའི་དགོངས་པ། བར་སྣང་ལ་ཐད་སོར་བལྟ་བ་ལ་མགྲིན་པ་ཅུང་ཟད་གཅུས་ཏེ་དཔུང་པའི་ཁར་ཨོག་མ་བཞག །རླུང་རང་འགགས་ལ་བཅར་བ་བྱང་ཆུབ་སེམས་དཔའི་བསམ་གཏན། མིག་ཐུར་ལ་ཕབ། མགྲིན་པ་ཅུང་ཟད་དགུག །རླུང་རང་ཞིར་བཏང་བ་ལྷ་དང་མིའི་སེམས་འཛིན་ནོ། །

དེ་ལྟར་བྱས་པས་རིག་པ་སྟོང་གསལ་རང་མལ་ལས་མི་འགྱུར་བ་ནི། རྒྱལ་པོ་གདན་ལ་གཞག་པའོ། །གདན་ཐིག་ལེ་ལྔ་ནི། དབྱིངས་ཀྱི་ཐིག་ལེ་སྲ་བ་མེད་པར་བརྟན་པའི་ས་ནི། ནང་དབྱིངས་རང་བཞིན་འོད་གསལ་དང་གདངས་ཕྱི་དབྱིངས་རྣམ་པར་དག་གོ། །དབྱིངས་རྣམ་པར་དག་པའི་ཐིག་ལེ་གཤེར་བ་མེད་པའི་སྡུད་པའི་ཆུ་ནི། རྒྱང་ཞགས་ཆུའི་སྒྲོན་མ་སྟེ། ཡེ་ཤེས་དངོས་ཙིཏྟར་གནས་ཀྱང་། རང་གདངས་སྒོར་ཟང་ཐལ་དུ་ཚང་ཁར་འཆར་བས་བྱ་ཁྲ་ལྟ་བུའོ། །ཡེ་ཤེས་(༡༩༡)ཆེན་པོའི་ཐིག་ལེ་གཡོ་བ་མེད་པར་སྐྱེད་པའི་རླུང་ནི། རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་རང་གདངས་ལྔར་ནམ་མཁའི་དཀྱིལ་ནས་འགྲོ་འོང་དུ་སྣང་བ་རྣམས་སོ། །ལྷུན་གྱིས་གྲུབ་པའི་ཐིག་ལེ་ཚ་བ་མེད་པར་བསྲེག་པའི་མེ་ནི། ལུ་གུ་རྒྱུད་མཐོང་བས་རང་གསལ་རིག་པའི་ཡེ་ཤེས། མ་སྨིན་དུས་ཐིག་ལེ་རང་གསལ། སྨིན་དུས་སྐུ་དང་སྣང་སྟོང་དག་ཏུ་ཤར་བའོ། །ལྷུན་གྱིས་གནས་པའི་ཐིག་ལེ་ཁྱབ་པ་མེད་པའི་གདངས་ཅན་ནམ་མཁའ་ནི། རང་སྣང་ལས་གཞན་སྣང་མེད་པར་དག་པས་ཟད་པའི་ཆོས་ཉིད་དུ་སྦྱོར་བ། ཀ་དག་རང་ངོའི་དགོངས་པ་དང་འདུ་འབྲལ་མེད་པའོ། །དེ་ལྔ་ཡང་། ངོ་བོ་ཙིཏྟའི་ནང་ན་གཞི་ནས་དག་པ། མ་འགགས་གསལ་བ། ཡེ་ཤེས་ལྔ་འཆར་བ། ལྷུན་གྲུབ་ཏུ་གནས་པ། རང་སྣང་དུ་དག་པར་གནས་པ། དེའི་གདངས་ལས་ཕྱིའི་ཡུལ་མཐིང་ག་ཁྱབ་ཆེན་གྱི་ནམ་མཁའ། ནམ་མཁའ་རྡུལ་བྲལ་གྱི་དཀྱིལ་ན་རང་སྣང་བས། རང་སྣང་གི་ཡུལ་བྱེད། རྒྱང་ཞགས་ཟང་ཐལ་དུ་སྣང་བས། རང་སྣང་གི་སྒོ་བྱེད། ཡེ་ཤེས་འོད་ལྔར་སྣང་བས་རང་སྣང་གི་གནས་བྱེད། ལུ་གུ་རྒྱུད་ཐིག་ལེར་སྣང་བས་རང་སྣང་གི་སྐུ་བྱེད། དག་པ་རང་སྣང་དུ་སྣང་བས་རང་སྣང་གི་མཐའ་སྡུད་དེ། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་སྦྱོར་བར་བྱེད་དོ། །གདངས་གསུམ་ནི་སྣང་བ་གསུམ་སྦྱོར་དུ་བསྟན་ཏེ། མཐོང་བྱ་རང་བཞིན་དག་པའི་ནམ་མཁའ་རིག་སྟོང་ཀ་དག་ཟང་ཀ་ནི་ནམ་མཁའ་དག་པའི་ཡེ་གདངས་ཏེ་བར་སྣང་རྡུལ་དང་བྲལ་བ་མཚན་མོའི་ནམ་མཁའ་ལྟ་བུའོ། །དེའི་ངོ་བོ་དག་པའི་ཆུའི་སྒྲོན་མར་རིག་པ་ཟང་ཐལ་ནི། ཆོས་ཉིད་དག་པའི་རང་གདངས་ནམ་ལངས་པའི་ནམ་མཁའ་ལྟ་བུའོ། །རང་སྣང་ཡུལ་ལ་ཤར་བ་འོད་སྣང་ཐིག་ལེ་དང་བཅས་པ་ཡེ་ཤེས་དག་པའི་ཟེར་གདངས་ནི། ཉི་མ་ཤར་བའི་ནམ་མཁའ་ལྟ་བུའོ། །དེ་གསུམ་ཡང་དགོངས་པ་ནང་དབྱིངས་ན་གནས་པ་གཞི་ཐོག་གི་དུས། རིག་གདངས་བར་སྣང་ལ་གསལ་བ་ངང་གདངས་ཀྱི་དུས། རང་སྣང་ཕྱི་རུ་ཤར་བ་ཟེར་གདངས་ཀྱི་དུས་གསུམ་སྟེ། ཕྱི་ཟེར་སྣང་ལ་བལྟས་པས་བར་ངང་གདངས་སུ་ཤར་ཏེ་ནང་གནས་ལུགས་ལས་མི་གཡོ་བས། རྒྱལ་པོ་གདན་ལ་གཞག་པའི་མན་ངག་གོ། །བློན་པོ་བཙོན་དུ་བཟུང་བ་ནི། རླུང་འགྲོ་འོང་གི་རྟ་གཟུང་བ་སྟེ། ཕྱིར་རིང་དུ་བཟུང་། བར་དུ་དལ། (༡༩༢)ནང་དུ་རང་གནས་ལ་བཞག་པས། སེམས་འཕྲོ་འདུ་ཆད་དེ། མི་རྟོག་པའི་ཏིང་འཛིན་ལ་རང་བབས་སུ་གནས་པའོ། །སེམས་ནི་ཡུལ་ལ་རྟོག་འཇུག་མང་བས། བློན་པོ་ལྟ་བུ་སྟེ། རྟ་རླུང་དང་བྲལ་བས་རྟོག་མེད་དུ་བཙོན་ལ་ཟིན་དུས་དགོངས་པ་འགྱུར་མེད་དུ་གནས་པའི་ཕྱིར་རླུང་གི་གནད་ཅེས་བྱའོ། །དམངས་ཆམ་ལ་ཕབ་པས་མི་འགྱུར་བ་ནི་སྒོ་ལྔ་ལ་ཡུལ་མི་རྟོག་པར་རིག་པ་རང་གདངས་ལ་མ་ཡེངས་པར་གཏད་པས། ཚོགས་དྲུག་ལྷུག་པར་གྲོལ་བའི་གནད་དོ། །དེ་དག་བསྡུ་ན། རྒྱང་ཞགས་གཟིགས་སྟངས་ཀྱི་གནད་གཅུན་པས། རྒྱལ་པོ་གདན་ལ་བཞག་པ། རླུང་རབ་ཏུ་དལ་བས་བཞག་པར་གཟུང་བ། བློན་པོ་བཙོན་དུ་བཟུང་བ། རིག་པ་དབྱིངས་རིག་ལ་གཏད་པ་དམངས་ཆམ་ལ་དབབ་པ་སྟེ། ལྟ་སྟངས་དང་གཟིགས་སྟངས་གཅུན་པས། རིག་པ་ཁོང་ནས་གསལ། རླུང་སེམས་བག་ལ་ཞ། དམིགས་གཏད་འཛིན་པ་གྲོལ་ཏེ། ཆོས་སྐུ་རང་མལ་དུ་གནས་པའི་མན་ངག་བསྟན་པའོ། །གསང་བའི་བསླབ་ཐབས་གསུམ་མོ།། །།

༈ གཉིས་པ་བསླབ་པར་བྱ་བ་ནི། ངང་དྭངས། རང་བཞིན། བདག་ཉིད་གསུམ་མོ། །ངང་དྭངས་ནི་མིག་ནམ་མཁར་གཏད་པས་རིག་པ་སྟོང་པར་དག་སྟེ། རྟོག་མེད་རང་མདངས་སུ་གནས་པ་ནི། ཆོས་སྐུའི་ངང་ཞེས་བྱའོ། །མིག་འོད་སྣང་ལ་གཏད་པས་རིག་པ་རང་གསལ་དུ་དག་སྟེ། འོད་གསལ་དངོས་མེད་དུ་སྣང་བ་ནི་རང་བཞིན་ལོངས་སྐུར་གསལ་བ་ཞེས་བྱའོ། །མིག་ཟེར་གདངས་ལ་གཏད་པས་སྒོ་ལྔ་རང་ཡན་དུ་དག་སྟེ། ཤར་གྲོལ་རིས་མེད་དུ་ཟང་ཐལ་བས་འཛིན་མེད་ཐུགས་རྗེར་དག་པ་ནི། བདག་ཉིད་ཆེན་པོ་ཞེས་བྱའོ། །དོན་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ་རང་མལ་གྱི་དགོངས་པ་ལ་བསླབ་པར་བྱའོ། །

གསུམ་པ་ལོབས་པའི་ཚད་ནི། ཆོས་ཉིད་མ་དང་བུ་འཕྲད། རང་རིག་ཟད་སར་ཕྱིན། ཤེས་པ་རྐྱེན་དབང་དུ་མི་འགྲོ། རྣམ་རྟོག་རང་གྲོལ་ལ་དག །དགག་སྒྲུབ་འཆིང་བ་ཆད། དུས་བཞི་ཆོས་ཉིད་ལ་གནས། དབྱིངས་རིག་འདུ་འབྲལ་མེད་པས། ཕྱིར་སྣང་བའི་འོད་གསལ་སྐུ་དང་ཡེ་ཤེས་སུ་སྣང་བ་རྣམ་པར་དག །སྣང་སྲིད་ཞིང་ཁམས་སུ་ཤར་བས་སྐུ་གསུམ་ལམ་དུ་བྱས། ནང་རིག་པའི་འོད་གསལ་སྟོབས་སུ་གྱུར་པས་སྤྱན་དང་མངོན་ཤེས་གསལ། དགོངས་པ་ཐུན་མཚམས་(༡༩༣)དང་བྲལ། རང་རིག་ལྷུན་གྲུབ་ལ་གྲོལ་བས་སྦུབས་གསུམ་གཅིག་ཏུ་འཁྱིལ། ནང་དབྱིངས་འཕོ་འགྱུར་མེད། དོན་གཉིས་ལྷུན་གྲུབ་ཏུ་བྱུང་བ་ནི་ཚད་དུ་ཕྱིན་པ་སྟེ་མཐར་ཐུག་གི་དོན་ནོ། །གནས་སྐབས་སུ་སྒོམ་པ་བརྟན། གཟུང་འཛིན་གྲོལ། ཉམས་སྣང་འཕེལ། བླ་མ་མཁའ་འགྲོས་བྱིན་གྱིས་རློབ་ཅིང་ལུང་སྟོན་པ་ལ་སོགས་ཏེ་རེ་དོགས་བླང་དོར་ལས་འདས་པའི་དོན་མངོན་དུ་འགྱུར་བར་བྱེད། འདི་དག་ནི་ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པ་སྟེ། དབང་པོ་རབ་འབྲིང་ཁྲེགས་ཆོད་ཀྱི་སྒོམ་ལས་སླར་མ་ལོག་པས་ཕྱི་མ་མགྱོགས་པ་ཞེས་བྱ་བས། གཟུང་འཛིན་འཁོར་བའི་འཁྲུལ་རྟོག་དག་ནས་མྱུར་དུ་གྲོལ་བར་བྱེད་པའི་མན་ངག་གི་རང་གནད་གལ་པོ་ཆེའོ། །

དེ་ཡང་དབང་པོ་རབ་བག་ཆགས་ཀྱི་སྦུབས་སུ་རྟོགས་པའི་གདེང་གིས་གྲོལ། འབྲིང་བར་དོའི་འོད་ཀྱི་སྦུབས་སུ་གྲོལ། ཐ་མ་སྤྲུལ་པའི་ཞིང་དུ་སྐྱེ་བ་སྟེ། ཡང་མཐའ་ཡང་ཕྱི་མ་ལས་མི་འགྱངས་པར་གྲོལ་ལོ། །དེ་དག་ཀྱང་བཤད་རྒྱུད་ལས། སྒོམ་དུ་མེད་པའི་དོན་བསྟན་པས། །བསླབ་ཐབས་བསླབ་བྱ་ལོབས་པའི་ཚད། །རྣམ་པ་གསུམ་དུ་བསྡུས་ལ་བསྟན། །བསླབ་ཐབས་རྣམ་པ་གསུམ་དུ་བསྟན། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་ངག་ཡིད་གསུམ་གློད། །བྱ་བ་བཏང་ལ་བསྡད་པ་ཡིན། །ནང་ནི་རྩ་ཡི་རླུང་སྒོ་སྡོམ། །རང་བྱུང་དབྱིངས་ཀྱི་ཐིག་ལེ་གནས། །དང་པོ་ལུས་ཀྱི་སྲིད་པ་ཆགས། །རྩ་ཤར་རྩ་མདུད་ལྟེ་བར་གྱུར། །དེ་ལས་རྩ་གྱེས་ལུས་བྱིང་བསྐྱེད། །དེ་ཡི་ནང་ཁྲོལ་ལ་སོགས་རྒྱས། །དེ་ལ་དབུགས་ཡོད་རྣམ་རྟོག་ཤར། །དེ་བས་རྩ་ཉིད་རྟགས་ཡིན་པས། །ཅིར་སྣང་རང་གི་སྣང་བ་ལ། །རྣམ་རྟོག་མ་ཞུགས་ཅེ་རེ་བལྟ། །རྟགས་མ་འགུལ་བས་རྩལ་མི་འགྱུར། །རྩལ་དང་མ་འགྲོགས་རླུང་སེམས་ཀྱང་། །རང་སོར་བཞག་པས་རྟོགས་མི་ནུས། །རླུང་སེམས་དེ་ལ་སྐྱོན་མི་བལྟ། །རླུང་ཡོད་རྟོགས་པའི་ཤེས་རབ་རྒྱས། །ཐབས་ཀྱིས་མི་རྟོག་རང་སར་གནས། །གསང་བར་བསླབ་པའི་ཐབས་གསུམ་སྟེ། །རྒྱལ་པོ་དག་ནི་གདན་ལ་གཞག །བློན་པོ་དག་ནི་བཙོན་དུ་གཟུང་། །དམངས་རྣམས་ངང་གིས་ཆམ་ལ་ཕབ། །ཀྱཻ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །རྒྱལ་པོ་ནི་རང་རིག་པའི་ཡེ་ཤེས་དག་པ་ཆོས་ཀྱི་སྐུའོ། །གདན་ནི་རང་བཞིན་(༡༩༤)དག་པའི་ནམ་མཁའ་ཡུལ་དུ་སྣང་བ་འདིའོ། །དེ་ནི་དབྱིངས་ཀྱི་ནམ་མཁའ་སྟེ་སྲ་བ་མེད་པར་བརྟན་པའོ། །དེ་ཉིད་ཀྱི་དོན་བག་ཆགས་དང་བྲལ་བ་ནི། དབྱིངས་རྣམ་པར་དག་པའི་རིག་པ་ཡེ་ཤེས་བཞུགས་པའི་གདན་ཏེ། ད་ལྟ་བྱང་ཆུབ་སེམས་ཀྱི་སྒྲོན་མ་ཆུ་ཡི་རང་བཞིན་དག་ཅིང་གསལ་བ་ལ་སྦྱོར་རོ། །

དེ་ཡང་འདུག་ཚུལ་གྱི་གནས་པ་དང་། སྣང་ཚུལ་གྱི་བྱམས་པས་དཔེར་ན། བྱ་ཁྲ་གནས་རི་བྲག་གི་ནང་དུ་བྱས་ནས། སྡོད་པ་ཚང་སྒོར་སྡོད་དོ། །དཔེ་དེ་བཞིན་དུ། རང་རིག་པའི་ཡེ་ཤེས་གནས་ཙིཏྟར་བཞུགས་ཏེ། ངོ་བོ་རང་གི་ངོ་བོ་བརྟགས་ནས། མིག་མངོན་པར་གསལ་ལོ། །དེ་ནི་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་ཟང་ཐལ་ལོ། །དེ་བས་དབྱིངས་རྣམ་པར་དག་པའི་ཐིག་ལེ་ནི་ཆུ་ཡི་སྒྲོན་མའོ། །ཅིས་ཏེ་གོང་བཞིན་ཡེ་ཤེས་ཀྱི་སྣང་བ་འོད་དུ་གསལ་བས་སོ། །དེ་ནས་གཤེར་བ་མེད་པར་སྡུད་པའི་ཆུའོ། །གདན་དེ་ལ་བཞུགས་པའི་ཡེ་ཤེས་ཀྱི་སྣང་བ་ནི་ཡེ་ཤེས་ཆེན་པོའི་ཐིག་ལེ་སྟེ། མ་འགགས་པར་གསལ་བའི་ཕྱིར། རླུང་གཡོ་བྱེད་མེད་པའི་བསྐྱོད་པའོ། །ཡེ་ཤེས་ཀྱི་སྙིང་པོར་རིག་པ་གནས་ཤིང་རིག་པ་ལ་ཡེ་ཤེས་གསལ་བར་ལྷུན་གྱིས་གྲུབ་པའི་ཐིག་ལེ་སྟེ། མཚན་མའི་ཆོས་དང་རྣམ་རྟོག་མི་གནས་པས། མེ་ཚ་བ་མེད་པར་བསྲེག་པའོ། །དེ་ལྟར་མི་འགྱུར་བར་གནས་ཤིང་རང་སྣང་ལས་གཞན་སྣང་མེད་པ་ནི། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ནོ། །དེ་ནི་ལྷུན་གྱིས་གནས་པའི་ཐིག་ལེ་སྟེ། དོན་སྣང་བ་གསུམ་སྦྱོར་དུ་བསྟན་ན། མཐོང་བྱ་དག་པའི་ནམ་མཁའ་ནི། ནམ་མཁའ་དག་པའི་ཡེ་གདངས་སོ། །དེའི་ངོ་བོ་དག་པ་དང་མཐོང་བྱེད་ཆུའི་སྒྲོན་མ་ནི་ཆོས་ཉིད་དག་པའི་རང་གདངས་སོ། །རིག་པ་ཡུལ་ལ་ཤར་བ་ནི། ཡེ་ཤེས་དག་པའི་ཟེར་གདངས་སོ། །ཀྱེ་ནམ་མཁའ་དག་པའི་ཡེ་ཤེས་གདངས་ནི་མཚན་མོའི་ནམ་མཁའ་ལྟ་བུའོ། །ཆོས་ཉིད་དག་པའི་རང་གདངས་ནི་ནམ་ལངས་པའི་ནམ་མཁའ་ལྟ་བུའོ། །ཡེ་ཤེས་ཆེན་པོའི་ཟེར་གདངས་ནི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །རྒྱལ་པོ་གདན་ལ་གཞག་པ་ནི། སྤྲོས་བྲལ་གྱི་དབྱིངས་འགྱུར་མེད་ཀྱི་ངང་དུ་རིག་པ་ཡེ་ནས་གནས་ཏེ། དེ་ལས་མ་གཡོས་པར་བཞག་གོ། །འཆི་བདག་བདུད་ཀྱི་སྒོ་མགྲིན་པ་ནས་ཡེ་(༡༩༥)ཤེས་རྩ་གསུམ་གནས་པས་དེ་གསུམ་གཅུན་ཏེ། དེ་བཞིན་གཤེགས་པའི་དགོངས་པ་ལ་ཐུན་མཚམས་མེད་པ་དང་། མཚན་མ་མི་གནས་པས། སྤྱན་ནམ་མཁའི་དཀྱིལ་ལ་བལྟ་སྟེ། རྩ་ལྟ་སྟངས་སྟོང་འགག་གསུམ་གྱིས་རླུང་སྒོ་གདམ་མོ། །བྱང་ཆུབ་སེམས་དཔའི་ཏིང་འཛིན་ནི། སངས་རྒྱས་སེམས་ཅན་གྱི་བར་ན་གནས་པས་སྤྱན་བར་སྣང་ལ་བལྟའོ། །མགྲིན་པ་ཅུང་ཟད་གཅུས་ཏེ་དཔུང་པའི་ཁར་ཨོག་མ་གཞག་གོ། །རྩ་གསུམ་རླུང་གི་འགྱུ་སྲང་བཅར་བའོ། །ལྷ་དང་མིའི་བསམ་གཏན་སེམས་འཛིན་ནི། མཚན་མ་ཤས་ཆེ་བས་གོང་མ་གཉིས་ཀ་སྟེ་སྤྱན་ས་ལ་བལྟའོ། །མགྲིན་པ་ཅུང་ཟད་བཀུག་སྟེ། ཨོག་མ་ལ་བྲང་རེག་ལ་ཁད་དུ་བྱའོ། །དེ་ནི་རྒྱལ་པོ་གདན་ཐོག་ཏུ་གཏད་ཅིང་གདན་ལ་བཞུགས་པའོ། །དེས་རིག་པ་རྒྱལ་པོ་དང་འདྲ་སྟེ་ས་འཛིན་པའོ། །བློན་པོ་ནི་སེམས་ཏེ་རིག་པའི་རྩལ་རླུང་ཐོག་ཏུ་མ་ཤོར་བས་རྟོག་བཅས་སུ་མི་བརྒྱུད་རྟོག་མེད་དུ་གསལ་ཏེ། དཔེར་ན་བློན་པོ་བཙོན་དུ་ཟིན་པས། གྲོས་དང་བློ་དང་བྱ་བ་བྱེད་མཁན་མེད་པ་ལྟ་བུའོ། །ལུས་དང་མ་བྲལ་བས་དབུགས་ཡོད་དོ། །རིག་པ་ལ་རྟ་ཡོད་པས་བློན་པོ་ལྟ་བུའོ། །བཙོན་དུ་ཟིན་པ་དང་འདྲ་སྟེ་རྟོག་པའི་རྒྱུ་ཡོད་ལ་རྒྱུ་མི་ནུས་པའོ། །སྒོ་ལྔ་འབངས་དང་འདྲ་སྟེ་ལས་བྱེད་པ་ཡིན་ཏེ། དུས་དེར་གསལ་ལ་མི་རྟོག་པའོ། །དེ་ནི་འབངས་ཆམ་ལ་ཕེབས་པ་ལྟ་བུའོ། །ཀྱཻ་རིགས་ཀྱི་བུ། བསླབ་པར་བྱ་བ་ནི་ངང་དྭངས། རང་བཞིན། བདག་ཉིད་ཆེན་པོའོ། །རང་བཞིན་དག་པའི་ནམ་མཁའ་དང་། ཆོས་ཉིད་དག་པའི་ནམ་མཁའ་གཉིས། རང་རིག་མི་རྟོག་ཆོས་སྐུ་གསུམ་དབྱེར་མེད་པས་སྟོང་ཞིང་མི་རྟོག་པ་ནི་མ་བཅོས་པའི་ངང་ཞེས་བྱའོ། །རང་རིག་ཡེ་ཤེས་གསལ་བ་དང་འབྱུང་བཞི་དྭངས་སུ་གསལ་བ་ནི། རང་བཞིན་མ་འགགས་གདངས་སུ་གསལ། །གསལ་བ་སྣང་ལ་རང་བཞིན་མེད། །སྟོང་པ་མི་སྣང་རང་བཞིན་མེད། །དབྱེར་མེད་བདག་ཉིད་ཆེན་པོ་ཡིན། །ལོབས་པའི་ཚད་ནི། ཤེས་པ་རྐྱེན་དབང་དུ་མི་འགྲོ་ཞིང་། རྣམ་རྟོག་རྒྱུན་ཆད། མཚན་མ་ཟིལ་གྱིས་གནོན་པའོ། །དྲོད་རྟགས་མི་འདོད་བཞིན་དུ་འབྱུང་། །འདུས་བྱས་ཞིང་ཁམས་ཆེན་པོར་བཟློག །ལུང་སྟོན་ཡོན་ཏན་རིམ་པར་འབྱུང་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ལ། །དངོས་དང་འབྱུང་བའི་སྒྲ་(༡༩༦)ལ་བརྟེན། །དེ་ཡིས་ངེས་ཤེས་རྒྱུད་ལ་སྐྱེ། །ཞེས་སོ། །

དེ་དག་ཀྱང་མན་ངག་ལག་ཁྲིད་དུ་བསྡུ་ན། བསླབ་ཐབས་གསུམ་གྱིས་ཆོས་ཉིད་རང་ངོ་སྤྲད་པ། བསླབ་བྱ་གསུམ་གྱིས་འོད་གསལ་རང་ལ་བསྐྱང་བ། ལོབས་ཚད་གསུམ་གྱིས་དེའི་རྟགས་ཚད་གཟུང་བ་དང་གསུམ་ལས། དང་པོ་ལ་སྔོན་དུ་ལུས་ངག་ཡིད་གསུམ་གྱི་དལ་བ་བརྟེན་པ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། གནད་གསུམ་གྱིས་མངོན་དུ་བྱ་བ་དང་གསུམ་ལས། དང་པོ་ནི། ལུས་ངག་ཡིད་གསུམ་ཅི་ཡང་མི་བྱེད་མི་བརྗོད་མི་རྟོག་པར་གློད་པས། རླུང་སེམས་ཁོད་སྙོམས་པའི་དགོས་པ་ཡོད་དོ། །གཉིས་པ་ནི་མིག་རླུང་། རིག་པ་གསུམ་གཏད་པ་ལས་མི་འགུལ་བར་བྱས་པས། འོད་གསལ་དངོས་སུ་འཆར་བའི་དགོས་པ་ཡོད་དོ། །གསུམ་པ་ལ། རྒྱལ་པོ་གདན་ལ་གཞག་པ། བློན་པོ་བཙོན་དུ་གཟུང་བ། དམངས་ཆམ་ལ་དབབ་པ་དང་གསུམ་ལས། དང་པོ་ནི། ཐིག་ལེ་དྲུག་གི་དོན་སྣང་བ་གསུམ་སྦྱོར་དུ་བསྟན་པ་གཟིགས་སྟངས་གསུམ་གྱིས་བལྟ་བ་སྟེ། ཡུལ་གྱི་གནད་ནམ་མཁའ་སྟོང་པར། སྒོ་ཡི་གནད་གཟིགས་སྟངས་མ་འགུལ་བས། རིག་པའི་གནད་མ་ཡེངས་པར་བལྟ་བའོ། །དེས་སྙིང་གར་རིག་པ་རྒྱལ་པོ་འདྲ་བའི་རང་གདངས་ནམ་མཁར་ཤར་བ་ལ་གཏད་པས། སྒོའི་རང་གདངས་སྟོང་པ་ཟང་ཐལ་དུ་ཤར་བས་གནད་རང་སྣང་དག་པར་རིག་སྟོང་བཟུང་ནས་བཞག་པའི་གནད་དོ། །བློན་པོ་བཙོན་དུ་གཟུང་བ་ནི། དེ་དུས་རླུང་གི་གནད་དལ་བས་ཕྱིར་བཟུང་ལ་བསླབས་པས། རྟོག་པ་རང་འགག་པའི་གནད་དོ། །དང་པོ་ཕྱིར་བཟུང་། ཚུར་དལ་བུས་བརྔུབས་པས་ནང་དུ་རང་གནས་སུ་དལ་ཆགས་པས་ངང་གིས་གནས་ཏེ། ཕྱིར་བཟུང་བས་དེ་བས་ལྷག་པ་ནང་དུ་ཟིན་ཏེ། རྟོག་མེད་སྟོང་གསལ་དུ་གནས་པ་ནི། འདིར་གནད་གལ་པོ་ཆེའོ། །དམངས་ཆམ་ལ་དབབ་པ་ནི། རིག་པ་དབྱིངས་ནང་གི་རང་གདངས་ལས་མ་ཡེངས་པར་གཏད་པས། སྒོ་ལྔའི་རྣམ་ཤེས་རང་བཞིན་གྱིས་རྟོག་མེད་རང་གྲོལ་ཆམ་ལ་ཕེབས་ཏེ། འོད་སྣང་གི་ཁ་དོག་ཐིག་ལེ་བློན་པོ་འདྲ་བ་ཡང་རིག་པའི་ངང་དུ་ཆམ་ལ་ཕེབས་པས་དམངས་ཆམ་ལ་ཕེབས་པའི་གནད་དོ། །གཟིགས་སྟངས་མ་འགུལ། རླུང་དལ་བ། རིག་པ་དྭངས་ལ་མ་ཡེངས་པའི་གནད་ཀྱིས་(༡༩༧)འོད་གསལ་དངོས་སུ་ཤར་བ་རིག་པའི་རང་གདངས་སུ་ངོ་སྤྲད་དོ། །ཤེས་པ་མིག་ལ་གཏད་པས་ཟང་ཐལ་སྟོང་སངས་དག་པའི་ཤེས་པ་འཆར་བ་ངོས་གཟུང་ངོ་། །སྒོ་ཟང་ཐལ་ལ་ཡོད་པས། དེར་གཏད་དུས་རིག་པ་ཟང་ཐལ་དུ་ཤར་བའི་གནད་དོ། །

བསླབ་བྱ་གསུམ་ནི། དེ་ལྟར་ངོ་འཕྲོད་ནས་རྟོག་མེད་ཀྱི་ངང་། རང་གསལ་གྱི་གདངས། རིས་མེད་མཉམ་པའི་བདག་ཉིད་གསུམ་འདུ་འབྲལ་མེད་པས་རྟག་ཏུ་བསླབ་པར་བྱའོ། །ལོབས་ཚད་གསུམ་ནི། དེ་ལྟར་ཉམས་སུ་བླངས་པས་ཤེས་པ་རྐྱེན་དབང་དུ་མི་འགྲོ། རྣམ་རྟོག་རྒྱུན་ཆད། མཚན་མ་ཟིལ་གྱིས་གནོན་པ་གསུམ་ངང་གིས་འབྱུང་བ་ནི། རྟགས་ཚད་བསྟན་པའོ། །ཆིངས་འདི་དག་ནི་མན་ངག་རིན་པོ་ཆེའི་པྲ་ཁྲིད་དུ་བསྟན་པའོ།། །།

༈ གསུམ་པ་སྤྱོད་པ་འཛིན་ཞེན་སྟོར་བ་ལ་རྣམ་གྲངས་བཅོ་ལྔ། ཆིངས་གཉིས་ཀྱིས་བཤད་པར་བྱ་བ་ལས། མཉམ་གཞག་གི་དུས་ན་དགོངས་པ་ཆོས་ཉིད་ལ་གནས། བླང་དོར་མེད་པའི་སྤྱོད་པ་མཚན་འཛིན་མེད་པ་ཆོས་ཉིད་དོན་གྱི་སྤྱོད་པ། གསལ་ལ་རྟོག་པ་མེད་པ་རང་རིག་ཡེ་ཤེས་ཀྱི་སྤྱོད་པ། རྩོལ་སྒྲུབ་མེད་པ་ལྟ་བ་དོན་གྱི་སྤྱོད་པ། ངང་ལས་མ་གཡོས་པ་དགོངས་པ་དོན་གྱི་སྤྱོད་པ། རང་གདངས་ལས་མི་འདའ་བ་འབྲས་བུ་དོན་གྱི་སྤྱོད་པ་རྣམ་པ་རིག་ངོར་ཐ་དད་མེད་པར་སྤྱོད་པའོ། །རྗེས་ཐོབ་ལ་གཉིས་ལས། རང་དོན་ཆོས་ཉིད་ཀྱི་རོལ་པར་སྤྱོད་པ་ལ། མཉམ་གཞག་གི་ཉམས་རྗེས་ཐོབ་ཏུ་དྲན་པས། སྤྱོད་པ་ཡིད་ཀྱིས་སྤྱོད་པ། རང་གཞན་གྱི་བརྗོད་པ་ལས་རྗེས་མི་སྤྱོད་རང་མལ་དུ་སྤྱོད་རང་མདང་སྤྱོད་པ། ཐམས་ཅད་བདེན་མེད་དུ་སྤྱོད་པ་སྒོ་གསུམ་རང་གྲོལ་གྱི་སྤྱོད་པ། གང་ལའང་ངོས་འཛིན་མེད་པ་ཞེན་པ་མེད་པའི་སྤྱོད་པ། གང་སྣང་ལ་སྤྱད་པས་རྟོག་དཔྱོད་མི་བྱེད་པ། ཕྱལ་པ་ཟང་ཐལ་དུ་སྤྱོད་པ་དྲན་པ་མེད་པའི་སྤྱོད་པ། ཅི་ལའང་ཆགས་ཞེན་མེད་པ་ཆགས་པ་མེད་པའི་སྤྱོད་པ། སྒོ་གསུམ་ལ་ཆེད་དུ་མི་དགག །ཟང་ཀ་ཆེད་དུ་མི་བསྒྲུབ་ཟང་ཀ་རང་ཤར་རྗེས་མེད་དུ་སྤྱད་པ་གཉིས་སུ་མེད་པའི་སྤྱོད་པ་རྣམས་ཀྱིས་གཟུང་འཛིན་དང་སྣང་སེམས་ཆོས་ཉིད་དུ་བསྲེའོ། །གཞན་དོན་ཐུགས་རྗེའི་སྤྱོད་པ་གང་ལ་ཡང་གཞན་དོན་དུ་འཆར་བ་ཐུགས་རྗེ་ཆེན་པོའི་སྤྱོད་པ་དང་། སེམས་ཅན་ལ་སྙིང་རྗེ་རང་དབང་མེད་པར་འབྱུང་(༡༩༨)བས་དོན་བྱེད་པ་ཐུགས་རྗེའི་གདུང་བའི་སྤྱོད་པ་གཉིས་ཀྱིས་གདུལ་བྱ་གདུལ་བྱའི་སྤྱོད་པའོ། །

དེ་དག་ཀྱང་ཀུན་གསལ་ལས། བླང་དོར་མེད་པའི་སྤྱོད་པ་ནི། །སྤྱད་རྒྱུ་མེད་པས་སྤྱོད་པའི་མཆོག །ཆོས་ཉིད་དོན་གྱི་སྤྱོད་པ་ནི། །མཚན་མ་མེད་པ་ནམ་མཁའ་བཞིན། །ཆོས་ཅན་མཚན་མར་མི་ལྟ་བར། །རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས། །ངེས་མེད་ནམ་མཁའ་བཞིན་དུ་སྤྱད། །རང་གི་ཡེ་ཤེས་སྤྱོད་པ་ནི། །འགགས་པ་མེད་པར་མེ་ལོང་བཞིན། །ཡེ་ཤེས་རང་བཞིན་མ་འགགས་པར། །རང་སྣང་རང་བཞིན་མེད་པར་སྤྱད། །ལྟ་བ་དོན་གྱི་སྤྱོད་པ་ནི། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །རྩོལ་མེད་རང་སྣང་ཆེན་པོ་ལ། །རང་ཤར་རྩོལ་བ་མེད་པར་སྤྱད། །དགོངས་པ་དོན་གྱི་སྤྱོད་པ་ནི། །ཆུ་བོའི་རྒྱུན་ལྟར་རྒྱུན་ཆད་མེད། །ངང་ལས་མ་གཡོས་ཐོགས་མེད་སྤྱད། །འབྲས་བུ་དོན་གྱི་སྤྱོད་པ་ནི། །ཉི་མ་ཟེར་དང་བཅས་པ་བཞིན། །སྐུ་གསུམ་འདུ་འབྲལ་མེད་པར་སྤྱད། །སྟོང་པ་ཡེ་ཤེས་སྐུ་རུ་གསལ། །སྣང་བ་གཟུགས་སྐུའི་དོན་ལ་སྤྱད། །དགོངས་པའི་ངང་ལས་མ་གཡོས་པར། །ཤེས་རབ་ཆེན་པོའི་དོན་ལ་སྤྱད། །རྣལ་འབྱོར་ཡིད་ཀྱི་སྤྱོད་པ་ཡིན། །རྣལ་འབྱོར་ངག་གི་སྤྱོད་པ་ནི། །དཔེར་ན་བྲག་ཆ་སྒྲ་སྒྲོགས་ལྟར། །སྒྲ་རྣམས་ཞེན་པ་མེད་པར་སྤྱད། །ལུས་ངག་ཡིད་གསུམ་སྤྱོད་པ་ནི། །འཇིག་རྟེན་འཁོར་འདས་ཆོས་འདི་ལ། །དཔེར་ན་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་ཞེན་ཆགས་མེད་པར་སྤྱོད། །ཞེན་པ་མེད་པའི་སྤྱོད་པ་ནི། །མེ་ལོང་གཟུགས་བརྙན་བཞིན་དུ་སྤྱད། །དྲན་པ་མེད་པའི་སྤྱོད་པ་ནི། །རྣལ་འབྱོར་ཚུལ་འཆོས་མི་བྱེད་པར། །གླང་ཆེན་གར་ཆང་འཐུང་བ་བཞིན། །རྣལ་འབྱོར་དྲན་རྟོག་མེད་པར་སྤྱད། །ཆགས་པ་མེད་པའི་སྤྱོད་པ་ནི། །བུང་བ་མེ་ཏོག་འཇིབས་པ་བཞིན། །རྣལ་འབྱོར་གང་ལའང་མ་ཆགས་སྤྱད། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །ཉི་མའི་སྙིང་པོ་བཞིན་དུ་འབྱུང་། །སྒོ་གསུམ་འགྲོ་དོན་རྫོགས་པར་སྤྱད། །ཐུགས་རྗེ་གདུང་བའི་སྤྱོད་པ་ནི། །བུ་གཅིག་པ་ཡི་མ་བཞིན་འབྱུང་། །རྣལ་འབྱོར་པ་ཡིས་འགྲོ་དོན་སྤྱད། །གཉིས་སུ་མེད་པའི་སྤྱོད་པ་ནི། །ཆེད་དུ་མི་དགག་བསྒྲུབ་མི་བྱ། །ཆེད་དུ་མི་སྤྱད་སྤྱོད་མི་སྤང་། །མ་བཅོས་རང་ཤར་འགག་མེད་སྤྱད། །ཅེས་སོ། །

བཞི་པ་འབྲས་བུ་རང་ས་བཟུང་བ་ལ་གཉིས་(༡༩༩)ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། ལྟ་བའི་དོན་མངོན་སུམ་དུ་མཐོང་བས། དབྱིངས་དང་ཡེ་ཤེས་ཀྱི་སྣང་བ་དང་པོ་མཐོང་། དེ་ལས་མཆེད། མཆེད་པ་རྫོགས་མཐར་ཟད་པ་བཞིའོ། །དེ་ཡང་ལྷུན་གྲུབ་རང་བཞིན་གྱི་འོད་ཡོད་པས། ཡེ་ཤེས་ལྔའི་གདངས་ཕྱིར་ཤར་བས། འོད་ལྔའི་སྣང་བ་ཐིག་ལེ་དང་བཅས་པ་མཐོང་བའོ། །དབྱིངས་ན་སྐུ་ཡོད་པས་ཐིག་ལེ་སྣང་བ་དག་གོང་དུ་མཆེད་པ་ལས་འོད་དང་ཐིག་ལེ་ནམ་མཁའ་ཁྱབ་པར་ཤར་ནས། མཆེད་པ་རྫོགས་དུས་ཐམས་ཅད་སྐུ་ལྔའི་སྣང་བ་ཞིང་ཁམས་སུ་གསལ་བའོ། །དེ་དག་ནི་གཟུགས་སྐུའི་གདངས་སམ་རྩལ་ལོ། །ཟད་པ་ནི་རླུང་དག་པས་གདངས་ནང་དུ་ཞ་སྟེ། ཆོས་སྐུའི་རང་གདངས་ནི་ནམ་མཁའ་སྤྲིན་མེད་པ་འདྲ་བའི་ངང་ལ་དར་ཅིག་ཟིན་པ་ཟད་པར་གནས་སོ། །དེ་དག་གི་དུས་སུ་སྤྱན་དང་མངོན་ཤེས་དང་ཏིང་འཛིན་དཔག་ཏུ་མེད་པ་ཡང་ཐོབ་བོ། །མཐར་ཐུག་གི་འབྲས་བུ་ནི་ཆོས་སྐུའི་གདངས་སུའང་སྣང་བ་མེད་པར་ནང་དབྱིངས་སུ་ལྷུན་གྲུབ་རིན་པོ་ཆེ་རང་ས་ཟིན་པའོ། །དེའང་བཤད་རྒྱུད་ལས། འབྲས་བུ་ནི་ལྟ་བའི་དོན་མངོན་དུ་གྱུར་པ་སྟེ། དེའི་གནས་ལུགས་ནི། ཆོས་ཉིད་ཕྱི་ནང་མེད་པར་གསལ། །རིག་པ་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་ཀྱི་རྡོ་རྗེའི་ལུས། །རང་གསལ་འཛིན་མེད་ངང་དུ་གནས། །དེ་ལ་མཁྱེན་པ་མ་འགགས་པས། །རིག་པའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། །ཡུམ་གྱི་རང་བཞིན་ཡེ་ཤེས་བུམ་པ་ལྔ། །སྣང་ལ་དངོས་མེད་ནམ་མཁའ་འཇའ་ཚོན་བཞིན། །དེ་ཡི་ངང་ནས་སྤྲུལ་པའི་སྐུ་ལྔ་གསལ། །གསལ་ལ་མི་རྟོག་བུམ་པའི་མར་མེ་བཞིན། །སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པར་གནས། །རིག་པ་རང་སྣང་གསལ་བ་ཟང་ཐལ་བས། །སྐུ་གཉིས་ཡུལ་དུ་མི་སྣང་འདུ་འབྲལ་མེད། །སྐུ་གཉིས་མི་འགགས་ཡོད་པའི་མེད་པ་སྟེ། །ཆོས་སྐུ་མི་འགྱུར་མེད་པའི་ཡོད་པ་ཡིན། །འཁར་གཞོང་ཆུ་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པས་མཚན་མའི་སྐྱོན་དང་བྲལ། །མི་སྣང་རང་བཞིན་ཡོད་པས་སྟོང་ཆའི་སྐྱོན་ལས་འདས། །མཐའ་བཞི་ལས་གྲོལ་འཁོར་བའི་རྒྱ་ཡིས་ཐེབས། །དོན་ལ་འགྱུར་མེད་རིག་པ་རང་ས་ཟིན། །ཅེས་སོ།། །།

སྤྱི་དོན་ལྔ་པ། ཆོས་གཞན་ངེས་པའི་རྣམ་གྲངས།

༈ སྤྱི་དོན་ལྔ་པ་ཆོས་གཞན་ངེས་པའི་(༢༠༠)རྣམ་གྲངས་བསྟན་པ་ལ་གསུམ་སྟེ། ཐོག་མའི་སྒྲོ་འདོགས་བཅད་པ། སྒྲ་མཐུན་དོན་འཕགས་ཀྱིས་ལམ་བརྩི་བ། རང་གི་གྲུབ་མཐའ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐེག་པའི་སྒྲོ་འདོགས་སྤྱིར་བཤད་པ་དང་། རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། གོ་དོན་སྤྱིར་གཞག་པ་དང་། ཁྱད་པར་བྱེ་བྲག་ཏུ་བསྟན་པའོ། །

དང་པོ་ནི་ཡཱ་ནའི་སྒྲ་ཐེག་པ་སྟེ། གང་ལ་བརྟེན་ནས་འདོད་སར་སྐྱོལ་བས་ན་ཐེག་པ། ངོ་བོ་ཤེས་རབ་དང་སྙིང་རྗེ། ངེས་ཚིག་བཞོན་པའམ་ཐེག་བྱེད་དུ་གྱུར་པ། དབྱེ་ན་ཆེ་ཆུང་དང་རྒྱུ་འབྲས་གཉིས། དཔེ་གཞན་ནས་གྱུར་པ་གཞན་དུ་བསྐྱོད་པ་གྲུ་གཟིངས་དང་། རང་མལ་གཞི་ལས་འདེགས་པས་གཞིའམ་ཟམ་པ་ལྟ་བུ་སྟེ། བཤད་རྒྱུད་ལས། ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་མཐོ་དམན་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་སྐྱོབ་པ་ཡིན། །དབྱེ་ན་མང་པོའང་བསྡུས་པས་གཉིས་ལས་མེད། །རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །རྐྱལ་པ་གྲུ་གཟིངས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་སོ། །མཚན་ཉིད་ནི། རྒྱུ་རྐྱེན་ལས་སྐུ་གསུམ་བསྒྲུབ་པར་འདོད་པས། རྒྱུ་ལམ་དུ་བྱེད་པ་ལ། སྔགས་ཀྱི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཁས་བླངས་ནས། འོག་མས་དེ་དང་མཐུན་པར་སྐུ་གསུམ་གྱི་དཀྱིལ་འཁོར་བསྐྱེད་རྫོགས་བསྒོམས་པས་ཐོབ་པར་འདོད་ལ། ཐུན་མོང་མ་ཡིན་པ་འདིར། རིག་པ་ལ་བལྟས་པས་རང་གདངས་སྐུ་གསུམ་དུ་ཤར་ཏེ། ལོངས་སྤྲུལ་གཟུགས་སྐུ་འོད་སྣང་དུས། ཆོས་སྐུ་སྟོང་གསལ་ཁོང་ནས་ཤར་བ་ལམ་དུ་བྱེད་པས། འབྲས་བུར་གྲགས་པ་སྐུ་གསུམ་གྱི་སྣང་བ་ལམ་དུ་བྱེད་པའི་ཕྱིར། ཆོས་གཞན་ནས་སྐུ་གསུམ་འབྲས་བུར་བཞག་པ་འདིར་ལམ་དུ་ཤར་བས་སྐུ་གསུམ་ལམ་དུ་བྱེད་པ་སྟེ། སྐུ་གསུམ་གྱི་རང་གདངས་ལས་ངོ་བོ་ལ་ས་ཟིན་པར་བྱེད་པ་ནི་འབྲས་བུ་ལམ་བྱེད་དུ་བཞག་གོ། །

གཉིས་པ་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། འཕགས་ཚུལ། གོལ་སྒྲིབ། མཚོན་ཚིག་བསྟན་པའོ། །

དང་པོ་ལ་དགུ་ལས། ཉན་ཐོས་ཀྱི་ཐེག་པའི་ངོ་བོ། གང་ཟག་གི་བདག་མེད་རྟོགས་ནས་ལམ་བསྒོམ་པ། རང་སངས་རྒྱས་ཀྱི་ཐེག་པའི་ངོ་བོ་གང་ཟག་དང་། (༢༠༡)ཆོས་ཀྱི་བདག་ཕྱེད་བཟུང་བ་རང་བཞིན་གྱིས་རྟོགས་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པ། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་བདག་མེད་གཉིས་རྟོགས་ནས་ལམ་བསྒོམ་པ་ལ། ཀྲ྇་ཡའི་ཐེག་པའི་ངོ་བོ་བདེན་པ་གཉིས་རྟོགས་ནས་བདག་དང་ལྷ་དང་རྗེ་དང་བྲན་ལྟར་བསྒོམ་པ། ཨུ་པའི་ངོ་བོ་བདེན་གཉིས་རྟོགས་ནས་སྤུན་དང་གྲོགས་ལྟར་བསྒོམ་པ། ཡོ་གའི་ངོ་བོ་བདེན་གཉིས་རྟོགས་ནས་གཉིས་མེད་རེས་འཇོག་གི་ལྷ་བསྒོམ་པ། མཧཱའི་ངོ་བོ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས་ནས་བསྐྱེད་རྫོགས་གཉིས་མེད་དུ་བསྒོམ་པ། ཨ་ནུའི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་རྟོགས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ། ཨ་ཏིའི་ཐེག་པའི་ངོ་བོ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་རང་གདངས། རང་གནས། ཅོག་བཞག་གི་དགོངས་པར་འཇོག་པ་སྟེ། སོ་སོའི་ལུང་ནི་འོག་ཏུ་འབྱུང་བ་བཞིན་ནོ། །

ངེས་ཚིག་ནི་ཀུན་གསལ་ལས། སོ་སོའི་མིང་གི་ངེས་ཚིག་ནི། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །སྟོན་པས་གསུངས་པའི་ཚིག་དོན་རྣམས། །རྣ་བས་ཉན་ཅིང་ཡིད་ཀྱིས་ཐོས། །རང་རིག་ཁོང་ནས་མི་འཆར་བར། །སྟོན་པའི་གསུང་ལ་རག་ལས་པས། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པ་གཞན་ལ་མི་ལྟོས་པར། །རང་གི་མཐུ་ཡིས་རང་སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤངས་དང་ཡེ་ཤེས་ཐུགས་རྗེ་དང་། །ཕྲིན་ལས་ཕུན་སུམ་ཚོགས་པ་ནི། །དེ་དོན་གཞན་ལ་སྒྲོགས་བྱེད་པ། །བྱང་སེམས་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཙོར་བསྟན་པས། །ཀྲ་ཡཱ་ཞེས་སུ་བསྟན་པ་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས། །ཨུ་པའི་མིང་གི་ངེས་ཚིག་ཡིན། །རིགས་བཞི་སངས་རྒྱས་སྐུ་རྣམས་ལ། །རང་གི་ལུས་ངག་ཡིད་གསུམ་སྦྱོར། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་གསུམ་དང་ཐབས་ཤེས་གཙོར་བསྟན་པའི། །དོན་ལ་འཇུག་པ་མཧཱའི་ངེས་ཚིག་ཡིན། །མ་བསྐྱེད་རྫོགས་པའི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྲུབ་ཆོས་སྐུར་ཡེ་ནས་རྫོགས་སངས་རྒྱས། །གནས་ལུགས་གཉིས་མེད་ཚུལ་གྱིས་འཇུག་པ་ནི། །རྣལ་འབྱོར་རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཞེས་སོ། །

དབྱེ་(༢༠༢)ན་ཆུང་ངུའི་ཆུང་ངུ་ཉན་ཐོས། ཆུང་ངུའི་འབྲིང་ནི་རང་རྒྱལ། ཆུང་ངུའི་ཆེན་པོ་བྱང་ཆུབ་སེམས་དཔའ་སྟེ། རྒྱུའི་ཐེག་པ་གསུམ། འབྲིང་གི་ཆུང་ངུ་ཀྲ་ཡཱ། འབྲིང་གི་འབྲིང་ཨུ་པ། འབྲིང་གི་ཆེན་པོ་ཡོ་ག་སྟེ་སྔགས་ཕྱི་མའི་ཐེག་པ་གསུམ། ཆེན་པོའི་ཆུང་ངུ་མཧཱ། ཆེན་པོའི་འབྲིང་ལ་ཨ་ནུ། ཆེན་པོའི་ཆེན་པོ་ཨ་ཏི་སྟེ་ནང་པ་གསུམ་བསྡོམས་པས་ཐེག་པ་དགུའོ། །

འཕགས་ཚུལ་སྤྱིའི་འཕགས་ཚུལ་དང་། ཁྱད་པར་གྱི་ཆེ་བ་གཉིས་ལས། དང་པོ་ནི། ཡང་དེ་ཉིད་ལས། མ་རྟོགས་ལོག་པར་རྟོགས་ལས་ཉན་ཐོས་ཁྱད་པར་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེས་བྱ། །གང་ཟག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རང་དོན་སྤྱད་པས་སྤྱོད་པ་ཁྱད་པར་འཕགས། །བདེན་བཞིའི་སྒོ་ནས་བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། །ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་དག་ལ། །ཕྱོགས་གཅིག་བདག་མེད་ལྟ་བས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རྫུ་འཕྲུལ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །བཤེས་གཉེན་མི་བརྟེན་སྒོམ་ཤུགས་བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། །ནེ་ཙོ་བསེ་རུ་ལྟར་གནས་འབྲས་བུ་ཁྱད་པར་འཕགས། །རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་འཕགས། །ཚད་མེད་བསྡུ་བཞིས་དོན་མཛད་སྤྱོད་པ་འཕགས། །ཕ་རོལ་ཕྱིན་བཅུ་བསྒྲུབས་པས་སྒྲུབ་པ་འཕགས། །ཀུན་ཏུ་འོད་ཀྱི་ས་གནོན་འབྲས་བུ་འཕགས། །བྱང་སེམས་དག་ལས་ཀྲ་ཡཱ་བཞིས་འཕགས་ཏེ། །དོན་དམ་སྐྱེ་འགག་མེད་པར་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་སེམས་དཔའི་ལྷ། །རྗེ་དང་བྲན་དུ་ལྟ་བས་ལྟ་བ་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་འཕགས། །སྒོམ་རྒྱུད་བྱིན་རླབས་བསྒྲུབས་པས་སྒྲུབ་པ་འཕགས། །རིག་གསུམ་འབྲས་བུ་གནོན་པས་འབྲས་བུ་ཁྱད་པར་འཕགས། །ཀྲ་ཡཱ་དག་ལས་ཨུ་པ་འཕགས་པ་ཡང་། །ལྷ་བདག་དཔོན་གཡོག་ལྟ་བས་ལྟ་བ་འཕགས། །མཚན་མ་ཡོད་མེད་སྤྱོད་པས་སྤྱོད་པ་འཕགས། །ཁོ་ན་ཉིད་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞིའི་གོ་འཕང་ཐོབ་པས་འབྲས་བུ་འཕགས། །ཨུ་པ་(༢༠༣)དག་ལས་ཡོ་ག་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་སུ་ལྟ་བས་ལྟ་བ་འཕགས། །ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་འཕགས། །ཕྱག་རྒྱ་རྣམ་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞི་སངས་རྒྱས་འགྲུབ་པས་འབྲས་བུ་འཕགས། །ཡོ་ག་དག་ལས་མཧཱ་བཞིས་འཕགས་ཏེ། །རང་ལུས་དཀྱིལ་འཁོར་ལྟ་བས་ལྟ་བ་འཕགས། །སྦྱོར་སྒྲོལ་གཉིས་མེད་སྤྱོད་པས་སྤྱོད་པ་འཕགས། །ཐབས་ཤེས་གཉིས་མེད་བསྒྲུབས་པས་སྒྲུབ་པ་འཕགས། །སྟུག་པོ་བཀོད་པའི་ས་ཐོབ་འབྲས་བུ་འཕགས། །མཧཱ་དག་ལས་ཨ་ནུ་བཞིས་འཕགས་ཏེ། །དབྱིངས་དང་ཡེ་ཤེས་རྟོགས་པས་ལྟ་བ་འཕགས། །དབྱིངས་ཀྱི་ཡེ་ཤེས་དག་ལས་སྤྱོད་པ་དང་། །ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ་འཕགས། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རིགས་ལྔ་ཡབ་ཡུམ་བསྒྲུབས་པས་སྒྲུབ་པ་འཕགས། །པདྨ་ཅན་གྱི་ས་ཐོབ་འབྲས་བུ་འཕགས། །ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། །སྣང་སྲིད་ཆོས་སྐུར་སངས་རྒྱས་ལྟ་བ་འཕགས། །ཆོས་སྐུ་འགྲོ་དོན་སྤྱོད་པས་སྤྱོད་པ་འཕགས། །བྱ་རྩོལ་མེད་པར་བསྒྲུབས་པས་སྒྲུབ་པ་འཕགས། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ཡན་ཆོད་ནས། །ཉི་ཤུ་རྩ་གཅིག་མན་ཆོད་འབྲས་བུ་འཕགས། །ཞེས་སོ། །ཁྱད་པར་གྱི་ཆེ་བ་ནི། ཡང་དེ་ཉིད་ལས། གནས་སྐབས་སུ་འགྱུར་བའི་ཆེ་བ་རྣམས། ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡིན། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །མངོན་པར་སངས་རྒྱས་ཆེ་བ་དང་། །བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལས། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་ཆེན་པོར་རང་རྫོགས་ལྔ། །ཡེ་སངས་རྒྱས་པའི་ཆེ་བ་དང་། །གཏན་ལ་འབེབས་པའི་ཐབས་ཆེན་ལྔས། །སངས་རྒྱས་ཡིན་པ་ཆེ་བ་དང་། །དྲི་མེད་རྣམ་དག་ལྔས་འཕགས་པ། །ཐམས་ཅད་སངས་རྒྱས་ཆེ་བ་ལྔ། །མཐར་ཐུག་ཆེ་བ་རྣམ་ལྔ་ཡིན། །ཞེས་སོ། །ཆེ་བ་ལྔ་ཡང་རིམ་པ་ལྟར། དེ་ཉིད་ལས། བདག་མེད་སྐུ་ནི་སྟོན་པ་ཆེ། །རང་བྱུང་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །མངོན་པར་སངས་རྒྱས་ཆེ་བ་ཡིན། །ཞེས་པ་དང་། ཆོས་སྐུའི་དཀྱིལ་འཁོར་(༢༠༤)བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྤྱད་པར་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོགས་མེད་བརྟན་པ་རྡོ་རྗེའི་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བ། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ན་འགགས་པ་མེད། །དེ་ཡི་ངང་ལ་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་དུ་སྣང་བ་སྟེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་དེ་ཁྱད་པར་འཕགས། །ཞེས་པ་དང་། སྤྲུལ་པའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་བའི་ཆོས་ཉིད་ལས། །ལས་ལ་མ་རྨོངས་ཐབས་ཀྱི་ཞི། །གཟུང་འཛིན་མི་གནས་རང་གདངས་ཉིད། །དང་དུ་མངོན་སངས་རྒྱས་པ་ཆེའོ། །ཕུང་པོ་རྣམ་ལྔ་སྣང་བ་ཡང་། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་ཆེའོ། །རྣམ་ཤེས་བརྒྱད་དུ་སྣང་བ་ཡང་། །སེམས་དཔའ་བརྒྱད་དེ་རང་ལ་རྫོགས། །གཞན་མེད་རང་སྣང་ཡིན་པས་ཆེ། །རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ཀྱང་། །རང་ལ་སྣང་བའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །གཞན་སྣང་མེད་པས་བདག་ཉིད་ཆེ། །རང་ལས་བྱུང་ཞིང་རང་ལས་སྣང་། །རང་གདངས་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་སྣང་ཆེན་པོ་ལ། །བགྲོད་དུ་མེད་པས་ཀུན་ལས་ཆེ། །རང་ཆས་ཡིན་པས་བཙལ་དུ་མེད། །མ་བཙལ་ལྷུན་གྱིས་གྲུབ་པ་ཆེ། །རང་ལ་རང་ནི་མི་བསྒྲུབ་པས། །མི་རྩོལ་རྩོལ་སྒྲུབ་འདས་པ་ཆེ། །རྟོགས་པའི་དོན་ལ་འདུ་འབྲལ་མེད་པས་ཆེ། །མི་འགྱུར་བ་ལ་སྤྱད་དུ་མེད་པས་ཆེ། །བགྲོད་མེད་ལམ་ལ་དམིགས་སུ་མེད་པས་ཆེ། །ཆོས་རྣམས་ཐམས་ཅད་བདག་ཉིད་ཆེ། །འོག་མ་དག་གིས་ཤེས་པ་མེད། །དེས་ན་བདག་ཉིད་ཆེ་བར་བཤད། །ཅེས་པ་དང་། མཚོན་པའི་བརྡ། ཡི་གེ་མེད་པའི་བརྡ་བཞིས་འཕགས་པས་དཔེ་རུ་མེད། །སྐུ་གསུམ་འདུ་འབྲལ་མེད་པས་དོན་དུ་ཆེ། །རྒྱང་ཞགས་ཡེ་ཤེས་གསལ་བས་རྟགས་སུ་ཆེ། །བརྡ་བཞི་དཔེ་རུ་ཡིན་པར་ངེས། །འདུ་འབྲལ་མེད་པའི་དོན་(༢༠༥)དུ་ངེས། །ཡེ་ཤེས་སྒྲོན་མ་རྟགས་སུ་ངེས། །དེ་བས་ངེས་པ་གསུམ་གྱིས་ཆེ། །དང་པོའི་སྟོན་པ་ལ་སོགས་པ། །གཏན་ཕབ་གཏན་ཚིགས་ལྔ་ཡིས་ཆེ། །སངས་རྒྱས་ཡིན་པས་ཆེ་ཞེས་བྱ། །ཞེས་པ་དང་། རང་རིག་འགྱུར་མེད་ཆོས་སྐུ་ལ། །ངོས་གཟུང་མེད་པས་བསམ་ལས་ཆེ། །སྒོམ་དུ་མེད་པས་ཁྱད་པར་འཕགས། །ཆོས་སྐུ་དངོས་མེད་ཟང་ཐལ་ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །གཉིས་སུ་མེད་པས་ཁྱད་པར་འཕགས། །རིག་པ་དངོས་མེད་ཞི་བ་ལ། །སྤྲོས་དང་དངོས་པོའི་མཚན་མ་མེད། །རང་གདངས་ཆེན་པོས་འཕགས་ཏེ་ཆེ། །རང་རིག་གཉིས་མེད་བདེ་ཆེན་ལ། །ཕྱོགས་མེད་མཚོན་པའི་དཔེ་མེད་པས། །མཚོན་དུ་མེད་པས་འཕགས་ཏེ་ཆེ། །ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །འགྱུར་བ་མེད་པས་དག་སྟེ་ཆེ། །རང་རིག་དྲི་མ་ལྔ་བྲལ་བས། །ཐམས་ཅད་སངས་རྒྱས་ཆེ་བར་བཤད། །ཅེས་སོ། །

གོལ་སྒྲིབ་བསྟན་པ་ལ་གཉིས་ཏེ། གོལ་སྒྲིབ་སྤྱིར་བསྟན་པ་དང་། གོལ་སྒྲིབ་ཡོད་མེད་བྱེ་བྲག་ཏུ་བསྟན་པའོ། །

དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ་དང་བཞི་སྟེ། བཤད་རྒྱུད་ལས། གོལ་སྒྲིབ་ངོ་བོ་མ་རིག་པ། །གོལ་སྒྲིབ་ངེས་ཚིག་བསྟན་པ་ནི། །གོང་མ་མ་མཐོང་བསྒྲིབས་པ་ཡིན། །འོག་མའི་དོན་སྤྱོད་གོལ་བ་ཡིན། །གོལ་སྒྲིབ་དབྱེ་ན་གྲངས་མང་སྟེ། །བསྡུ་ན་རྣམ་པ་བཞི་ཡིན་ནོ། །ལྟ་བ་དག་གི་གོལ་སྒྲིབ་དང་། །སྒོམ་པ་དག་གི་གོལ་སྒྲིབ་དང་། །སྤྱོད་པ་དག་གི་གོལ་སྒྲིབ་དང་། །འབྲས་བུ་དག་གི་གོལ་སྒྲིབ་བོ། །གོལ་སྒྲིབ་མཚོན་པའི་དཔེ་བསྟན་པ། །བྱང་དུ་དོན་གཉེར་ལྷོ་རུ་ཕྱིན། །ལྷོར་ཕྱིན་བྱང་གི་དོན་མི་འགྲུབ། །གོང་མའི་དོན་འདོད་འོག་མ་སྤྱད། །འོག་མས་གོང་མའི་དོན་མི་རྙེད། །ཅེས་སོ། །

གཉིས་པ་ནི། འོག་མ་བརྒྱད་གོལ་སྒྲིབ་དང་བཅས་པ་ལ། ཨ་ཏི་གོལ་སྒྲིབ་མེད་པར་བསྟན་ཏེ། དེ་ཉིད་ལས། ཐེག་པ་དགུ་ཡི་གོལ་སྒྲིབ་རྣམས། ཕྱེ་ན་བསམ་གྱིས་མི་ཁྱབ་སྟེ། བསྡུ་ན་༼ཐེག་བརྒྱད་རེ་རེ་ལའང་ལྟ་སྒོམ་སྤྱོད་འབྲས་བཞི་བཞི་རྩ་བ་བཞི་༽སུམ་ཅུ་རྩ་དྲུག་ཡོད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །མཚན་ཉིད་སྡེ་གསུམ་སྒྲིབ་པ་མང་། །སུམ་ཅུ་རྩ་དྲུག་རྩ་གཉིས་༼རྩ་བ་མ་བསྣན་ན་༽དང་། །རྩ་བརྒྱད་གསུམ་ལ་རིམ་པ་ཡོད། །བཅུ་གཉིས་བརྒྱད་དང་བཞིར་གནས་སོ། །ཕྱི་པ་སྡེ་གསུམ་གོལ་སྒྲིབ་མཉམ། །(༢༠༦)སྒྲིབ་པ་བཅུ་གཉིས་མུན་པས་ཆོད། །ལྟུང་བའི་གོལ་ས་བཅུ་གཉིས་ཡོད། །ནང་པ་སྡེ་གཉིས་གོལ་ས་ཡང་། །སོ་གཉིས་རྩ་བརྒྱད་རིམ་པས་ཡོད། །སྒྲིབ་པ་བཞི་དང་བརྒྱད་དུ་གནས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག །ཀུན་བྲལ་ཉག་གཅིག་སྤྱིར་མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་སུ་སྣང་བའི་གོལ་སྒྲིབ་མེད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་ཡེ་ཤེས་པས། །རྒྱུ་རྐྱེན་འདུས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་སྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །སྒོམ་སྒྲུབ་རེ་དོགས་རྩོལ་བ་ཡིན། །གོལ་ས་སྒྲིབ་པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་པས། །སྒྲིབ་མེད་གསལ་བའི་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་ན་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །འབྱེད་མེད་ཤེས་རབ་ངང་ལ་གནས། །མ་འདྲེས་རྫོགས་པའི་ཡེ་ཤེས་པས། །ལྟུང་བའི་གོལ་ས་རྣམ་པར་དག །འབྱེད་མེད་ཤེས་རབ་རང་གསལ་ལས། །གོལ་སྒྲིབ་གཉིས་སུ་འབྱེད་མེད་གསལ། །ཞེས་སོ། །དེ་ཡང་འོག་མ་ཡིད་དཔྱོད་འདྲ་མིན་རྩོལ་སྒྲུབ་དང་བཅས་པས། དེ་འདྲ་ལ་མིན་པའི་གོལ་ས་དང་། དོན་མ་མཐོང་བའི་སྒྲིབ་པ་ཡོད་དོ། །ཨ་ཏི་རང་བྱུང་གི་ཡེ་ཤེས་ཉག་གཅིག་དངོས་སུ་མཐོང་བས་རྩོལ་སྒྲུབ་མེད་པའི་ཕྱིར། གོལ་སྒྲིབ་མེད་པ་ཡིན་ནོ། །

མཚོན་ཚིག་ནི། ཡང་དེ་ཉིད་ལས། ཀྱཻ་སེམས་དཔའ་ཆེན་པོ་གཟུང་འཛིན་གཉིས་སུ་སྨྲ་ན་ཉན་ཐོས་ལྟ་བར་བཤད། །འཛིན་པ་ཡོད་ལ་གཟུང་བ་མེད་ན་རང་རྒྱལ་ལྟ་བར་བཤད། །སེམས་དང་རྣམ་པར་སྨྲ་བ་དང་། །དོན་དམ་པ་ཀུན་རྫོབ་སྨྲ་ན་བྱང་ཆུབ་སེམས་དཔའི་ལྟ་བར་བཤད། །དོན་དམ་ཐམས་ཅད་མཐུན་པ་ལ། །རིགས་གསུམ་འདོད་པའི་ཚོགས་རྣམས་ནི། །ཕྱི་པ་ཀྲི་ཡཱའི་ལྟ་བར་བཤད། །ཆ་གཉིས་འདོད་པ་ཨུ་པའི་ལྟ་བར་བཤད། །སུམ་ཅུ་རྩ་བདུན་མཚོན་པའི་ཚིག་བྱུང་ན། །དེ་ནི་ཡོ་གའི་ལྟ་བར་བཤད། །བཞི་བཅུ་རྩ་གཉིས་མཚོན་པའི་ཚིག་བྱུང་ན། །མཧཱ་ཡོ་གའི་ལྟ་བར་བཤད། །མ་སྐྱེས་པ་ཡི་ཚིག་ཚོགས་དང་། །དབྱིངས་དང་ཡེ་ཤེས་ཚིག་བྱུང་ན། །ཨ་ནུ་ཡོ་གའི་ལྟ་བར་བཤད། །བྱ་རྩོལ་འདས་པའི་ཚིག་ཚོགས་དང་། །རང་བྱུང་ཡེ་ཤེས་ཚིག་རྣམས་དང་། །ལྷུན་གྲུབ་(༢༠༧)ཡེ་ཤེས་སངས་རྒྱས་སོགས། །འདི་རྣམས་རྫོགས་ཆེན་ལྟ་བར་བཤད། །ཅེས་སོ། །

གཉིས་པ་རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྒྱུད་ལུང་མན་ངག་གི་དོན་བཤད་པའོ། །དེ་ལ་དང་པོ་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། ལྡང་ཚད། བཤད་ཚུལ་ལོ། །

དང་པོ་ནི། རང་བྱུང་གི་ཡེ་ཤེས་དང་། མཚོན་ཚིག་གཞི་ལམ་འབྲས་བུ་བཀོད་ཅིང་། སྦྲེངས་པའི་གནད་ཐམས་ཅད་དོ། །ངེས་ཚིག་ནི། འབྲེལ་ཚད་རྫོགས་དཀྲུགས་ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དཔེ་ནི་དྲ་བ་ནོར་བུ་ལྗོན་ཤིང་ཐགས་ཀྱི་རྒྱུ་སྤུན་ལྟ་བུའོ། །ཚུལ་དེ་དག་ཀྱང་ཀུན་གསལ་ལས། རྒྱུད་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །རྒྱུད་ཀྱི་ངོ་བོ་བསྟན་པ་ནི། །ཚིག་གི་རྒྱུད་ཀྱི་ངོ་བོ་དང་། །དོན་གྱི་རྒྱུད་ཀྱི་ངོ་བོའོ། །དོན་གྱི་རྒྱུད་ཀྱི་ངོ་བོ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །ཚིག་གི་རྒྱུད་ཀྱི་ངོ་བོ་ནི། །བསྣན་དབྲི་མ་བྱས་དགོས་པ་ཚང་། །གླེགས་བམ་ཚིག་གི་ཚོགས་སུ་བསྟན། །རྒྱུད་ཀྱི་ངེས་ཚིག་རྣམ་པ་ལྔ། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་དང་དཀྲུགས་པ་དང་། །ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དབྱེ་བ་ཚིག་དང་དོན་རྒྱུད་གཉིས། །གོང་བསྟན་བཞིན་དུ་ང་ཡིས་བཤད། །འབྲེལ་པའི་དཔེ་ནི་དྲ་བ་བཞིན། །དགོས་པ་ཚང་བས་ནོར་བུ་བཞིན། །ཡོངས་སུ་རྫོགས་པས་ལྗོན་ཤིང་བཞིན། །དཀྲུགས་པ་ཐགས་ཀྱི་སྤུན་བཞིན་ནོ། །ངས་བསྟན་རྒྱུད་རྣམས་དེ་ལྟར་བཤད། །ཅེས་སོ། །དཀྲུགས་པ་ནི། མིང་དང་ཡི་གེ་ཡང་ཡང་སྦྲེངས་པ་ཐ་དད་པའི་སྡེ་བ་ལས་ཚིག་དོན་བརྒྱུད་མར་བྱུང་བས་ཏེ། དཔེར་ན་ཨ་ལ་མ་སྤེལ་ཞིང་དཀྲུགས་པས་དྲིན་ཅན་དུ་མཚན། ཨ་ཉིད་རུ་དང་སྤེལ་བ་སྨན་དུ་མཚོན་པ་ལ་སོགས་པ་བཞིན་ནོ། །ཁ་ཅིག་རྒྱུད་དཀྲུགས་པ་ལ་གོ་དོགས་ནས་གོང་འོག་འཁྲུགས་པ་ལ་ངོས་འཛིན་པ་ནི་ཕྱུག་པ་དག་བསྒྱིངས་པ་ཅན་ནོ། །ལྡང་ཚད་ནི། ཕུལ་དྲུག་གི་བྲེ་གང་དུ་ལོངས་པའི་ལྡང་ཚད་ལྟར། རྒྱུད་ཆེན་པོ་གཅིག་ལ་བྱང་ཆུབ་བསྒྲུབ་པའི་གནས་ཐམས་ཅད་དང་པོ་ནས་ཐ་མའི་བར་ཚང་བར་སྟོན་པ་ཡིན་ལ། དུམ་བུ་སྟོན་ན་བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་བའི། རྒྱུད་ཆེན་པོར་མི་བཞག་གོ། །དེ་ལ་དོན་གྱི་རྒྱུད་ལ་ཆོས་ཐམས་ཅད་ཚང་བས་རྒྱུད་ཆེན་པོའོ། །

ཚིག་གི་(༢༠༨)རྒྱུད་ལས་སྤྱིར་གསང་སྔགས་ཕྱི་ནང་གི་བསྐྱེད་རྫོགས་ཀྱི་གནས་དབང་གདམས་པ་གྲོགས་གསུམ་ཆ་ཤས་ཚང་བར་སྟོན་ན་རྩ་རྒྱུད། དེའི་འཕྲོས་ཀྱི་ཡན་ལག་རེ་རེ་སྟོན་པའམ་ཁ་ཡར་སྟོན་ན། ཡན་ལག་གི་རྒྱུད་དམ། འཕྲོས་པ་ཆ་མཐུན་གྱི་རྒྱུད་དམ། བཀོལ་བ་དུམ་བུའི་རྒྱུད་ཅེས་བྱའོ། ཁྱད་པར་དུ་རྫོགས་རིམ་ལ། རྩ་རླུང་ཐིག་ལེ་ཉམས་སུ་མྱང་བྱ་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆུང་ངུའོ། །རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆེན་པོའི་རྒྱུད་དོ། །འདི་ལའང་རྩ་བའི་རྒྱུད་ཐམས་ཅད་ཚང་བ་དང་། ཡན་ལག་གི་རྒྱུད་ཆ་རེ་སྟོན་པ་གཉིས་གཉིས་སུ་ཡོད་དོ། །

སྤྱིར་བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་གཉིས་སུ་ཡོད་དེ། ཚིག་བརླིང་ཞིང་རྟོགས་པར་དཀའ་ལ་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ནས་གོ་དཀའ་བར་བཤད་རྒྱུད་ཅེས་བྱ་སྟེ། །གསང་སྔགས་ཐུན་མོང་གི་རྒྱུད་ཕལ་ཆེ་བ་བཞིན་ནོ། །ཚུལ་བཞི་ནི། དྲང་དོན། ངེས་དོན། དགོངས་པ། ལྡེམ་དགོངས། མཐའ་དྲུག་ནི། དེའི་སྟེང་དུ། སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་སོ། །དྲང་དོན་ནི་ཁ་དྲང་བའི་ཕྱིར་བློ་དང་མཐུན་པར་སྟོན་པ་སྟེ། ཚོང་ལ་དྲང་བའི་ཕྱིར་ཁབ་ཀྱིས་རྟ་འཁུག་ཅེས་པ་ལྟར། དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཀྱི། མཚན་གཅིག་ཐོས་པས་མཚམས་མེད་པ་ལྔའི་སྒྲིབ་པ་ཟད་པར་འགྱུར་རོ། །ཞེས་པ་ལྟ་བུའོ། །ངེས་དོན་ནི་ཡེ་ནས་འོད་གསལ་བའི་དོན་བསྟན་པ་སྟེ། ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་ལྟ་བུའོ། །དགོངས་པ་ནི་དགོངས་གཞི་གཙོ་བོར་སྟོན་པ་དེ། མཚོན་རྣོན་པོ་ལ་འདིས་རེག་པ་ཙམ་གྱིས་ཆོག་ཅེས་མྱུར་དུ་ཆོད་པ་ལ་དགོངས་ཏེ། ཕུང་པོ་ལྔ་ལ་རིགས་ལྔར་བརྗོད་པ་ལ་སོགས་པ་དག་བྱ་དང་གདངས་སུ་ཤར་བ་ལྟ་བུའོ། །ལྡེམ་དགོངས་ནི་དགོས་ཆེད་གཙོར་སྟོན་པ་སྟེ། གཞན་བཞག་པའི་ཕྱིར་འབད་དགོས་ཀྱང་ལེ་ལོ་ཅན་དུས་དེར་འཇུག་པའི་ཆེད་དུ་འབད་མི་དགོས། དེ་བཞིན་གཤེགས་པའི་མཚན་ལན་གཅིག་གིས་སངས་རྒྱས་ཞེས་པའམ། བརྙས་པ་སྤང་བའི་ཕྱིར་ང་དེའི་ཚེ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་མ་ཡིན་ཡང་དུས་(༢༠༩)སུ་འདོམས་པས་དགོས་ཆེད་དུ་གསུངས་པ་རྣམས་སོ། །སྒྲ་ཇི་བཞིན་པ་སྡིག་པ་སྤང་པ་དང་། ལྷའི་སྐུ་མདོག་བསྟན་པ་ལྟ་བུའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་སྒྲ་སྦས་པ་སྟེ། ཕ་དང་མ་ནི་གསད་པར་བྱ། །ཞེས་པའམ། ཉི་ཟླ་ཟ་བའི་དབང་བྱིན་ནས། །ཞེས་པ་ལྟ་བུའོ། །དེ་ལ་འདིར་རྫོགས་པ་ཆེན་པོའི་རྒྱུད་རྣམས་ནི། གོ་སླ་བ། དོན་མི་འཛོལ་བ། ངེས་པའི་དོན་འབའ་ཞིག་ཏུ་བསྟན་པས། མན་ངག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཐའ་དྲུག་ཚུལ་བཞིར་སྟོན་པའི་ཚུལ་ལས་འཕགས་པར་བསྟན་པའོ། །

དེ་ལྟར་བསྟན་པའི་རྒྱུད་ལས། བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་ལ་དེའི་དབང་དཀྱིལ་འཁོར་ལ་སོགས་པ་དང་། རྫོགས་པ་ཆེན་པོ་དེའི་དཀྱིལ་འཁོར་བརྡ་དབང་མཚོན་པའི་ཕྱག་རྒྱ་ལ་སོགས་པ་བཅུར་བཤད་དེ། བཤད་རྒྱུད་ལས། རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བསྟན། །དཀྱིལ་འཁོར་ཕྲིན་ལས་གཉིས་སུ་བཤད། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བསྟན། །བསྐྱེད་དང་རྫོགས་པ་གཉིས་སུ་བརྗོད། །ཅེས་སོ། །

བཤད་ཚུལ་ལ། ངོ་བོ། ངེས་ཚིག །དཔེ། དབྱེ་བ། དགོངས་པ། གསུངས་པ་དངོས་དང་དྲུག་ལས། ཕུན་སུམ་ཚོགས་པའི་ངོ་བོ་ནི། གང་དགོས་རང་ལ་ཚང་བའོ། །ངེས་ཚིག་ནི་རང་སྣང་ལ་ཚང་ཞིང་། གཞན་ལ་རག་མ་ལུས་པའོ། །དཔེ་ནི་རྒྱལ་བློན་དམངས་གསུམ་གནས་གཅིག་ཏུ་འཚོགས་པས། བཀའ་བགྲོས་བྱུང་བ་ལྟ་བུ་སྟེ་དེ་ཉིད་ལས། ཕུན་སུམ་ཚོགས་པའི་ངོ་བོ་དང་། །ཕུན་སུམ་ཚོགས་པའི་ངེས་ཚིག་དང་། །ཕུན་སུམ་ཚོགས་པའི་དབྱེ་བ་དང་། །ཕུན་སུམ་ཚོགས་པའི་དཔེ་རྣམས་བསྟན། །དང་པོ་ངོ་བོ་བསྟན་པ་ནི། །དགོས་པའི་ཡོན་ཏན་དུས་མཚུངས་ལྡན། །ཅི་ཕྱིར་ཕུན་སུམ་ཚོགས་ཞེ་ན། །མ་ཚང་མེད་པས་ཕུན་སུམ་ཚོགས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་གོང་དུ་བསྟན་པ་ཡིན། །དཔེར་ན་རྒྱལ་བློན་དམངས་དང་གསུམ། །གང་ཚོགས་བཀའ་བགྲོས་འབྱུང་བ་བཞིན། །དཔེ་མཚོན་ཕྱོགས་གཅིག་དཔེར་བསྟན་པའོ། །ཞེས་སོ། །

དབྱེ་ན་གསུམ་སྟེ་ཡང་དེ་ལས། དེ་ལ་དབྱེ་བ་རྣམ་གསུམ་སྟེ། །ཆོས་སྐུའི་ཕུན་སུམ་ཚོགས་པ་དང་། །ལོངས་སྐུའི་ཕུན་སུམ་ཚོགས་པ་དང་། །སྤྲུལ་སྐུའི་ཕུན་སུམ་ཚོགས་(༢༡༠)པའོ། །ཆོས་སྐུའི་ཕུན་སུམ་ཚོགས་ལྔ་ནི། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བ་རིག་པའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པ། །རིགས་ལྔའི་བདེ་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །འདས་པའི་དུས་དེ་མ་བྱོན་སྔོན་རོལ་ནི། །རྟོགས་མེད་བསྟན་པའི་བྱིན་གྱིས་རླབས་ཀྱིས་བཤད། །ལོངས་སྐུའི་ཕུན་སུམ་ཚོགས་ལྔ་ནི། །སྟོན་པ་རིགས་ལྔའི་བདེ་གཤེགས་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་ལྔ། །འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །གནས་ནི་ཡེ་ཤེས་འོད་ལྔའི་ཀློང་། །དུས་ནི་རྣམ་རིག་ཡུལ་ལས་ཤར། །ཚིག་དང་ཡི་གེ་མི་འཆད་པར། །ཆོས་སྐུའི་ཆ་བྱད་སྒོ་ནས་འཆད། །བདེ་གཤེགས་རྣམ་པར་སྣང་མཛད་ཀྱིས། །རིགས་བཞིའི་སངས་རྒྱས་འདུས་པ་ལ། །སྐུ་ཡི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །རྡོ་རྗེ་རིགས་ཀྱི་འཁོར་རྣམས་ལ། །ཐུགས་ཀྱི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །རིན་ཆེན་སེམས་དཔའ་སེམས་མ་ལ། །ཡོན་ཏན་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །པདྨ་རིགས་ཀྱི་སེམས་དཔའ་ལ། །གསུང་གི་རྒྱུད་ཆེན་ངོ་བོས་བཤད། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །ལས་ཀྱི་རིགས་ཀྱི་འཁོར་རྣམས་ལ། །ཕྲིན་ལས་རྒྱུད་ཆེན་ངོ་བོས་བཤད། །དགོངས་པ་ཡེ་ཤེས་རྣམ་ལྔར་གསལ། །བཤད་པ་མ་ཡིན་ཉན་པ་མེད། །གཙོ་བོའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ། །རང་གི་ངོ་བོས་ཏིང་འཛིན་དགོངས་པ་བཤད། །སྤྲུལ་པ་སྐུ་ཡི་ཕུན་སུམ་ཚོགས་ལྔ་ནི། །སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ངས། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ལྔ་དང་། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུལ་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུ་སྡེབ་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིང་ཐབས་དོན་གྱི་སྤྱི་ཁོག་ཕུབ། །སྟག་མོའི་མཆོངས་སྟངས་དཀྱུས་ཀྱི་ས་རྣམས་གཅོད། །རུ་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་བཅོམ། །སེང་གེའི་གདངས་(༢༡༡)སྐད་ཐེག་བརྒྱད་ཟིལ་གྱིས་མནན། །གླག་མོས་གཟན་ཚོལ་དོན་གྱི་མན་ངག་དྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབས་བདུན་ལས། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་དབབ། །པདྨ་བརྩེགས་པའི་གཞལ་ཡས་ཁང་ཆེན་དུའོ། །ཞེས་སོ། །

སངས་རྒྱས་རབས་བདུན་ནི། རང་གིས་སྤྲུལ་ཏེ་འཁོར་དུ་སྣང་བ་ཡིན་གྱིས་ཐུན་མོང་བ་ལྟར་མ་ཡིན་ཏེ་དུས་འགལ་བ་དང་སྤྲུལ་སྐུ་གཅིག་གིས་གདུལ་བྱར་གཅིག་མི་རུང་བའི་ཕྱིར་རོ། །སངས་རྒྱས་སུ་སྣང་བ་ནི་བསྐལ་པ་དེ་དག་གི་མཚན་གྱིས་འདུལ་བ་ལ་དགོངས་ནས། དོན་གྱི་དགོངས་པ་གཅིག་ཏུ་བསྟན་པའི་ཕྱིར་དེ་ལྟར་སྤྲུལ་པ་ཡིན་ནོ། །དགོས་པ་དེ་ཡང་དེ་ལས། ཕུན་སུམ་ཚོགས་པ་རྣམ་པ་ལྔ། །སྨོས་པའི་དགོས་པ་ཇི་ལྟར་ལགས། །མ་བསྟན་བར་དུ་ཇི་ལྟར་འགྱུར། །དེ་ནས་སྟོན་པས་བཀའ་སྩལ་པ། །སྟོན་པ་ཕུན་སུམ་ཚོགས་པའི་དགོས་པ་ནི། །གང་ཟག་རིགས་ཆོས་མིན་པར་སངས་རྒྱས་ཉིད་ཀྱིས་གསུངས། །མི་བསླུ་བདེན་པའི་གཏན་ཚིགས་དག་ཏུ་འགྱུར། །བསྟན་པ་ཕུན་སུམ་ཚོགས་པའི་དགོས་པ་ནི། །བབ་ཆོལ་མ་ཡིན་དོན་དང་ལྡན་པར་ཡིད་ཀྱང་ཆེས། །འདུས་པའི་འཁོར་ཚོགས་སྨོས་པའི་དགོས་པ་ནི། །ཀུན་གྱི་ཐུན་མོང་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་གསུང་བའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུང་བར། །ངེས་པའི་གནས་འདིར་གསུངས་པས་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་སུམ་ཚོགས་པའི་དགོས་པ་ནི། །སྔ་ཕྱིར་མ་བསྐལ་དུས་ཚོད་ཟིན་པར་ཡིད་ཆེས་ཀྱང་། །ཞེས་སོ། །

གང་གསུང་བ་དངོས་ནི། སྙིང་པོའི་རྒྱུད་ལྔ། མན་ངག་གི་རྒྱུད་བཞི། ཡང་བྱེད་ཀྱི་རྒྱུད་བཞི། ཡན་ལག་གི་རྒྱུད་གསུམ་སྟེ། གནས་བཅུ་དྲུག་རྣམ་གྲངས་ཉི་ཤུ་རྩ་གཉིས་དང་བཅས་པ་ནི། ཡང་དེ་ཉིད་ལས། པདྨ་འཁྱིལ་པ་སྐུ་ཡི་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་དོན་ཁྲིད་མ་ནོར་བར། །དང་པོའི་གནས་ལུགས་བར་དུ་འཁྲུལ་ལུགས་དང་། །འཁྲུལ་པ་བཟློག་པའི་ཐབས་ཀྱི་རིམ་པ་རྣམས། །བརྒྱུད་པ་གསུམ་གྱི་སྤྱི་ཡི་ཁོག་ཕུབ་ལ། །རིན་ཆེན་རྩར་ལ་བརྒྱུས་པ་བཞིན་དུ་བཤད། །རྡོ་རྗེ་རྩེ་མོ་འདུས་པ་གསུང་གི་རྒྱུད། །རྒྱུད་ཀུན་སྤྱི་ཁོག་དོན་བཤད་མ་ནོར་བར། །གྱི་ལིང་སྒྲོག་བཀྲོལ་སྒོ་ལྕགས་ཕྱེ་བ་བཞིན། །རྒྱུད་རྣམས་ཀུན་གྱི་དགོངས་པ་བཀྲོལ་ལ་བཤད། །རིན་(༢༡༢)ཆེན་སྤུངས་པ་ཐུགས་ཀྱི་རྒྱུད་ཆེན་ནི། །ལྟ་བའི་སྤྱི་ཁོག་དོན་གྱི་ཁོག་བསྡེབས་ལ། །བྱ་རྩོལ་མེད་པ་ཁྱུང་ཆེན་ལྡིང་ལྟར་བཤད། །ཡོན་ཏན་རྒྱུད་ཆེན་བྱམས་པ་བརྩེགས་པ་ནི། །ཡོན་ཏན་འབྱུང་ཚུལ་སྤྱི་ཁོག་ཀུན་བསྡེབས་ལ། །མ་འདྲེས་རྫོགས་པ་མཆོད་རྟེན་ལྟ་བུར་བཤད། །འཕྲིན་ལས་རྒྱུད་ཆེན་མཁའ་གསལ་ཉི་མ་ཡང་། །བྱར་མེད་ཕྲིན་ལས་སྤྱི་ཁོག་ཀུན་བསྡེབས་ལ། །གོལ་སྒྲིབ་སྐྱོན་མེད་ཡོངས་སུ་རྒྱས་པར་བཤད། །ཡེ་ཤེས་བླ་མ་མན་ངག་རྒྱུད་ཆེན་ནི། །ལྟ་བའི་ངོ་བོ་རང་ལ་སྦྱར་བྱས་ལ། །མཚན་མའི་དངོས་པོ་ཟིལ་གྱིས་མནན་ཏེ་བཤད། །ལྟ་བའི་གནད་གཅོད་འཁོར་བ་དོང་སྤྲུག་ནི། །སྒྲ་བདུན་བརྡ་བདུན་དོན་གྱི་ཁོག་བསྡེབས་ལ། །དོན་གནད་གཅར་ཞིང་རང་ས་ཟིན་པར་བཤད། །རྨ་བྱ་མཇིང་བསྣོལ་སྒོམ་པའི་མན་ངག་ནི། །དགོངས་པ་སྒོམ་པའི་སྤྱི་ཁོག་མཐའ་བཀྲོལ་ལ། །སྒོམ་དུ་ཡོད་མེད་བློ་དང་འཚམས་པ་ནི། །དོན་གྱི་བསྡེབས་དང་ཁྲིགས་སུ་མཐུན་པར་བཤད། །གཟུགས་སྐུའི་མན་ངག་རྒྱུད་ཆེན་འོད་ཟེར་ཅན། །ཡེ་ཤེས་སྐུ་ཡི་སྤྱི་ཁོག་མཐའ་བཀྲོལ་ལ། །གནས་ལུགས་སྣང་ལུགས་མ་ནོར་དོན་གྱིས་བཤད། །བུ་བཞི་མ་བཞི་དོན་གྱི་གནད་བཅད་དེ། །རང་རང་མ་ཡི་དོན་སྙིང་ཕྱུང་ལ་བཤད། །ཡེ་ཤེས་གསང་སྐོར་རྒྱུད་ཀྱི་ལྡེ་མིག་ནི། །ཐམས་ཅད་བཀྲོལ་ཏེ་གཅིག་ཏུ་བསྡུས་ལ་བཤད། །དགོངས་པ་ཀུན་འདུས་མན་ངག་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་མན་ངག་ཀུན་བཀྲོལ་ན། །བརྡ་སྒྲ་ངེས་པ་གསུམ་དུ་དྲིལ་ལ་བཤད། །ཀུན་གྱི་དོན་འགྱུར་སེམས་ཕྱོགས་ཆེན་པོའི་རྒྱུད། །བཤད་ལུགས་རྣམ་བཞིས་དོན་གྱི་ཁོག་ཕུབ་ལ། །སྒྲ་དང་དོན་གྱི་དགོངས་པ་མཐའ་བཀྲོལ་ཏེ། །ད་ལྟར་འབྲས་བུ་མངོན་པར་སངས་རྒྱས་བཤད། །རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་བཞི་པོ། །ཕྱི་ནང་གསང་བའི་རྒྱུད་ཀྱི་དོན་བཀྲོལ་ལ། །མ་འདྲེས་གསལ་བའི་དོན་དུ་སྦྱར་ཏེ་བཤད། །མན་ངག་དོན་གྱི་ཏི་ཀ་རྣམ་པ་བཞི། །དོན་གྱི་མཚན་ཉིད་རྣམ་བཞིས་ཁོག་ཕུབ་ལ། །ངོ་སྤྲོད་རྒྱས་དང་བསྡུས་པའི་དོན་སྦྱར་ཏེ། །སྐད་ཅིག་གསུམ་དང་གཅིག་གིས་གྲོལ་བར་བཤད། །རིན་ཆེན་ཕྲེང་བ་ལུང་གི་རྒྱལ་པོ་ནི། །ལོ་རྒྱུས་དགོངས་པ་སྤྱི་དང་སྦྱར་ལ་བཤད། །མན་ངག་མ་ལུས་དོན་གནད་བཅད་དེ་བཤད། །ཅེས་སོ།། །།

༈ གཉིས་པ་ལུང་ལ། ངོ་བོ། ངེས་ཚིག །དབྱེ་བ། (༢༡༣)དཔེ། བཤད་ཐབས་དང་ལྔ་ལས། ལུང་གི་ངོ་བོ་ནི། རིག་པ་དང་དེ་སྟོན་པའི་ཚུལ་སྟོན་པས་གསུངས་པ་ལ་བསྣན་འཕྲི་མེད་ཅིང་ཡིད་ཆེས་པའི་གནས་ལུགས་སུ་གྱུར་པའོ། །ངེས་ཚིག་ནི། ཚིག་གིས་དོན་མཚོན་པས་ཡིད་ཆེས་པའོ། །དབྱེ་བ་དོན་གྱི་ལུང་རིག་པ་དང་། ཚིག་གི་ལུང་སྟོན་པས་གསུངས་པ་ལ་བསྣན་འཕྲི་མེད་པ་གཉིས་སོ། །དཔེ་ནི་རྒྱལ་པོའི་ལུང་ལྟར་བཀའ་བཙན་པ། སྣོད་ཀྱི་ལུང་ལྟར་གནད་ཡོད་ཅིང་ཁྱེར་བདེ་བ་སྟེ། དེ་ཉིད་ལས། རིགས་ཀྱི་བུ་ལུང་གི་ངོ་བོ་ནི། དབྱེ་བའི་སྒོ་ནས་བསྟན་ཏེ། དོན་གྱི་ལུང་གི་ངོ་བོ་ནི་མི་འགྱུར་བ་སེམས་ཀྱི་ལུང་ཞེས་བྱ་སྟེ་རིག་པ་ཉིད་དོ། །ཚིག་གི་ལུང་གི་ངོ་བོ་ནི་སྟོན་པས་གསུངས་པ་ལ་བསྣན་འཕྲི་མ་བྱས་པའི་ཚིག་གོ། །ཚིག་གི་ལུང་ལ་གཉིས་ཏེ། སྙན་ཁུང་བརྒྱུད་པ། མངོན་དུ་ཕྱུང་བའོ། །དེ་ལ་གཉིས་ཏེ། དྲང་དོན་དང་། ངེས་དོན། ལུང་གི་ངེས་ཚིག་ནི། ཚིག་གིས་དོན་མཚོན་པའི་ཕྱིར་ལུང་ཞེས་བྱ། ཡིད་ཆེས་པར་བྱ་བའི་ཕྱིར་ལུང་ཞེས་སོ། །ཟིན་པས་ལུང་ཞེས་བྱ། བདེ་བླག་ཏུ་རྟོགས་པས་ལུང་ཞེས་བྱ། ཁྱེར་བདེ་བས་ལུང་ཞེས་བྱ། ཀུན་དང་འབྲེལ་བཏུབ་པས་ལུང་ཞེས་བྱའོ། །དཔེ་ནི་རྒྱལ་པོའི་བཀའ་སྩལ་པ་ལྟ་བུ་དང་། སྣོད་སྤྱད་ཀྱི་ལུང་ནས་ཟིན་པ་ལྟ་བུ་དང་། སྣོད་ལུང་མེད་ཁྱེར་མི་བདེ་བ་ལྟ་བུ་དང་། ལུང་ཅན་ཁྱེར་བདེ་བ་ལྟ་བུ་དང་། འདམ་གྱི་ཕུར་བ་ལྟ་བུའོ། །ཞེས་སོ། །བཤད་ཐབས་ལས། ཡིད་ཆེས་པ། འགྱུར་བ་མེད་པ། ཚིག་སྦྱོར་ལེགས་པ། བསླད་མེད་པ། བཀའ་འདུས་པའི་ཆེ་བ་དང་ལྔས་བཤད་དེ། དེ་ཉིད་ལས། ལུང་རྣམས་ཆེ་བ་ལྔས་བཤད་དེ། །སྟོན་པའི་ཞལ་ནས་གསུངས་པ་ལ། །ལུང་གཞན་ལ་ནི་མ་བརྟེན་པས། །ལུང་ཡིད་ཆེས་པས་ཆེ་བ་དང་། །སྟོན་པའི་སྐུ་ནི་རྣམ་དག་ལ། །དང་པོ་རྒྱུ་ནི་མེད་པ་ལ། །བར་དུ་རྐྱེན་མེད་མཐའ་མི་འགྱུར། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱུ་མེད་པས། །ཞལ་ནས་གསུངས་པ་བདེན་པ་དེ། །འགྱུར་མེད་ལུང་གིས་ཆེ་བའོ། །ངེས་པའི་འཁོར་མི་ལས་ཁྱད་པར་དུ་གྱུར་པ་དགའ་རབ་རྡོ་རྗེའི་དོན་དུ། སྟོན་པའི་ཞལ་ནས་གསུངས་པ་ལས། ལུང་མ་ནོར་བ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྻ་ཞུན་མས་རང་གནས་སུ་བྲིས་པས། ཚིག་གི་བསླད་མ་ཞུགས་ཏེ། ལུང་གི་ཆེ་བའོ། །བསྐྱེད་རྫོགས་གསུམ་འདུ་འབྲལ་མེད་པའི་(༢༡༤)དགོངས་པ་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཚུལ་དུ་ཐ་མི་དད་པར་བསྟན་པས། གསང་སྔགས་མཐའ་དག་དང་མཐུན་པར་གྱུར་ཏེ། ལུང་སྤྱི་དང་མི་འགལ་བར་གསང་སྔགས་མཐའ་དག་པའི་བཀའ་འདུས་པས། ལུང་ཡིད་ཆེས་པས་ཆེ་བའོ། །ཞེས་སོ།། །།

༈ གསུམ་པ་མན་ངག་ལ། ངོ་བོ། ངེས་ཚིག །དབྱེ་བ། དཔེ། སྙིང་པོ། བཤད་ཐབས་དང་དྲུག་ལས། མན་ངག་གི་ངོ་བོ་ནི་དགོངས་དོན་ཟབ་མོ་དང་དེ་སྟོན་པའི་ཚིག་ཉུང་འདུས་འབྲེལ་བའི་གནས་སོ། །ངེས་ཚིག་ནི་ཚེགས་ཆུང་ལ་དོན་ཆེ་བའི་ཐབས་དམ་པའོ། །དབྱེ་ན་དོན་གྱི་མན་ངག་བདེ་བར་གཤེགས་པའི་དགོངས་པ་ཟབ་མོ་བླ་མའི་ཐུགས་ལ་གབ་པ་རྣམས་དང་། ཚིག་གི་མན་ངག་དེའི་མཚོན་ཚིག་ཏུ་བཀོད་པའོ། །དང་པོ་ནི་མ་ཡིས་བུ་ལ་གདམས་པ་ལྟ་བུ་སྟེ། བཤད་རྒྱུད་ལས། མན་ངག་དོན་གྱི་ངོ་བོ་དང་། །མིང་གི་ངེས་ཚིག་བསྟན་པའོ། །དབྱེ་བ་དཔེ་དང་བཅས་པ་བསྟན། །དོན་གྱི་མན་ངག་ངོ་བོ་ནི། ཁོང་ནས་གབ་སྦས་དོན་འབྱིན་པས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གསལ་ལ་ཞལ་དུ་མ་བརྗོད་པའོ། །ཚིག་གི་མན་ངག་ངོ་བོ་ནི། །ཞལ་ནས་གསུང་བའི་ཚིག་ཚོགས་རྣམས། །མ་ནོར་དོན་དང་ཁྲིད་བསྡེབས་ནས། །བདེ་བླག་རྟོགས་ཕྱིར་དཀར་ཆག་བསྣན། །ཚིག་དོན་གསལ་བར་བྱེད་པ་ཡིན། །ངོ་བོ་དབྱེ་བ་དཔེ་བསྟན་ནོ། །དེ་ཡི་ངེས་ཚིག་བསྟན་པ་ནི། །ཚེགས་ཆུང་དོན་ཆེ་མན་ངག་སྟེ། །ངེས་དོན་རྣམ་དག་གང་ཡིན་པ། །བརྗོད་བྲལ་གསང་བའི་མན་ངག་གོ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །མ་ཡིས་བུ་ལ་གདམས་པ་འདྲ། །ཞེས་སོ། །སྙིང་པོ་ནི་རྒྱུད་གསུམ་གྱི་གཞི་ལམ། འབྲས་བུའི་ཚིག་དང་དོན་དང་འབྲེལ་པ་གསུམ་ཉུང་ལ་གོ་སླ་བར། དཔེ་རྟགས་དོན་གསུམ་གྱིས་མཚོན་པ་སྟེ། དེ་ཉིད་ལས། སྐུ་དང་གསུང་དང་ཐུགས་རྒྱུད་གསུམ། །མཛོད་གསུམ་མན་ངག་ཀུན་གྱི་གཞི། །གཞི་ཡི་གནས་ལུགས་མན་ངག་དང་། །དེ་བརྗོད་ཚིག་གི་མན་ངག་དང་། །ཚིག་དང་དོན་སྦྱར་མན་ངག་གསུམ། །བསྡུས་པའི་མན་ངག་ཚིག་གསུམ་པོ། །སྐུ་གསུང་ཐུགས་ཀྱི་མཛོད་ནས་ཕྱུང་། །སྙིང་པོ་གསུམ་དུ་ཤེས་པར་བྱ། །ཞེས་སོ། །

ཕྱུང་ལུགས་ནི། དཔེ་མ་ནོར་བར་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་ཤེལ་གྱི་མཆོད་རྟེན་སྤྲོས་པ་སྐུའི་མཛོད་ནས་ཕྱུང་སྟེ་བརྡ་མཚོན། རྟགས་མ་ནོར་བ་བྱང་ཆུབ་སེམས་ཀྱི་(༢༡༥)སྒྲོན་མ་མི་བསྐྱོད་པའི་སྤྱན་ལས་སྤྲོས་པས་ཤན་སྦྱར། དོན་མ་ནོར་བ་ཀུན་ཏུ་བཟང་པོའི་དབྱིངས་ལས་ཕྱུང་སྟེ་གནས་ལུགས་རང་ངོ་སྤྲད། སྐུ་ལས་དཔེ་ཕྱུང་། གསུང་ལས་ཚིག་སྤྲོས། ཐུགས་ལས་དོན་སྦྱར་ཏེ། དཔེ་དོན་རྟགས་གསུམ་དུ་མན་ངག་གི་སྙིང་པོ་ཕྱུང་བའོ། །བཤད་ཐབས་ལ་ལྔ་སྟེ། ཡང་དེ་ཉིད་ལས། མན་ངག་དོན་གྱི་བཤད་ལུགས་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད། །ལོ་རྒྱུས་དོན་དུ་བཤད་པ་དང་། །རྩ་བའི་དོན་དུ་བཤད་པ་དང་། །ཚིག་གི་དོན་དུ་བཤད་པ་དང་། །ཡོ་གའི་དོན་དུ་བཤད་པ་དང་། །དགོས་ཆེད་དོན་དུ་བཤད་པའོ། །ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །གང་ཟག་འཕྲལ་བྱས་མ་ཡིན་པས། །དུས་གསུམ་སངས་རྒྱས་བརྒྱུད་པ་བཤད། །སངས་རྒྱས་གསུངས་པར་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པ་བཤད། །ལྡེམ་པོའི་དགོངས་དོན་མ་ཡིན་པར། །ངེས་པའི་དོན་དུ་ཡིད་ཆེས་འགྱུར། །མ་འོངས་གང་ཟག་རྣ་བརྒྱུད་ཤོད། །འབྲེལ་མ་ཆད་པར་ཡིད་ཆེས་འགྱུར། །རྩ་བའི་དོན་དུ་བཤད་པ་ནི། །རང་རིག་ཡེ་ཤེས་ཆེན་པོར་བཤད། །ཚིག་གི་དོན་དུ་བཤད་པ་ནི། །ངོ་བོ་ངེས་པའི་ཚིག་བསྡེབས་ཏེ། །སྐུ་གསུམ་རྒྱལ་བས་བཤད་པའི་ལུགས། །མཚོན་བྱེད་ངེས་པའི་དོན་བཤད་པས། །གོང་བཤད་བཞིན་དུ་ཤེས་པར་བྱ། །ཡོ་གའི་དོན་དུ་བཤད་པ་ནི། །ཐེག་པའི་ཤ་མདངས་ཕྱེ་སྟེ་བཤད། །སྐུ་ཡི་རྒྱུད་དང་གསང་སྐོར་དང་། །ཞིབ་ཏུ་ཀུན་གསལ་འདིར་བསྟན་ཞིང་། །དགོས་ཆེད་དོན་དུ་བཤད་པ་ནི། །འཁྲུལ་པ་གསུམ་ལས་རང་ལོག་སྟེ། །རབ་འབྲིང་ཐ་མའི་རིམ་གྲོལ་ནས། །རིན་ཆེན་ལྟ་བུའི་སྐོར་རྫོགས་བསྟན། །ཞེས་སོ། །དེ་ལྟར་རྒྱུད་ལུང་མན་ངག་གསུམ་ཀྱང་སྟོན་པས་བྱ་ཚུལ་གཅིག་ལ། དགོངས་ཚུལ་དགོས་ཆེད་ཀྱི་ཐ་དད་དུ་བཞག་སྟེ། དབྱིངས་མི་འགྱུར་ཞིང་རྒྱུན་ཆད་མེད་པ་དང་། ཚིག་ཚོགས་མང་ལ་འབྲེལ་ཆགས་པས་རྒྱུད་ཅེས་བཞག །དགོངས་པ་ཀུན་གྱི་ཐུགས་རིག་པ་དང་། དེའི་མཚོན་ཚིག་ཡིད་ཆེས་པའི་གནས་ཐ་སྙད། འབྲིང་དུ་གསུང་བས་ལུང་ཞེས་བཞག །དགོངས་པ་རྟོགས་དཀའ་བའི་གནས་དཔེ་དོན་རྟགས་གསུམ་གྱི་ལག་ཁྲིད་དུ་ཉུང་ལ་གོ་སླ་བར་གསུངས་པས། མན་ངག་ཅེས་བཞག་གོ། །

རྒྱུད་ནི་དབང་དང་བསྐྱེད་རྫོགས་ལ་སྤྲོས་པ་རྒྱ་ཆེར་སྟོན་པའོ། །ལུང་ནི་གདམས་པ་དངོས་དང་མདོ་ཆིངས་(༢༡༦)ངེས་པར་སྤྲོས་པ་འབྲིང་དུ་བསྟན་པའོ། །མན་ངག་ནི། ལག་ཁྲིད་ངེས་པར་གཅར་ཕོག་ཏུ་སྤྲོད་ཅིང་སྤྲོས་པ་ཆུང་བར་སྟོན་པའོ། །འདིར་རྫོགས་པ་ཆེན་པོའི་དབྱིངས་གཅིག་འཇལ་བ་ལ་ཟབ་ཅིང་རྒྱ་ཆེའི་རྒྱུད་ཀྱིས་སྤྲོས། ལུང་དུ་བསྡུས། མན་ངག་ཏུ་དྲིལ་ནས་སྟོན་པས་གསུངས་པས། དོན་ལ་འཁྲུལ་མེད། ཚིག་ལ་བསླད་མེད། བརྡ་དོན་སེལ་མེད། ལག་ཁྲིད་མཐོང་བ་བརྒྱུད་པས། དབང་པོ་ཡང་རབ་ཚེ་འདིར་སངས་རྒྱས། འབྲིང་བར་དོར། ཐ་མའང་ཕྱི་མ་ལས་མི་འགྱངས་པ་གྲོལ་ཏེ། ངེས་པའི་མཐའ་གཅིག་ཏུ་སྟོན་པས་ཁྱད་པར་འཕགས་སོ། །རྒྱུད་ལུང་མན་ངག་གསུམ་འཛོམ་ན་འདོད་པའི་དོན་རྣམས་ཕུན་སུམ་ཚོགས་པར་འགྲུབ་པ་རྗེ་བློན་འབངས་གསུམ་འཛོམ་པ་ལྟ་བུ་སྟེ། དེ་ཉིད་ལས། སྤྱིར་ན་རྒྱུད་ལུང་མན་ངག་རྣམས། རྗེ་བློན་དམངས་དང་འདྲ་བར་བཤད། ཅེས་སོ། །འདི་དག་ནི་ཆིངས་མི་འགྱུར་བ་རྡོ་རྗེའི་གནས་ཏེ་མཆོག་ཏུ་གཅེས་སོ། །

གཉིས་པ་སྒྲ་མཐུན་དོན་དཔགས་ཀྱི་ལམ་བརྩི་བ་ལ་གཉིས་ཏེ། གོ་དོན་མདོར་བསྟན་པ་དང་། དབྱེ་བས་རྒྱས་པར་བཤད་པའོ། །

དང་པོ་རྫོགས་པ་ཆེན་པོ་ནི། གཞི་རང་མལ་ལས་མི་གཡོ་བར་བཙན་ས་ཟིན་པས། གཞན་དུ་བགྲོད་ཅིང་རྩོལ་སྒྲུབ་ཀྱི་མཐའ་ལས་འདས་པས་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་ལྟ་བུའི་ས་ལམ་དང་ཕ་རོལ་ཏུ་ཕྱིན་པ་བརྩིར་མེད་དེ། རིག་པ་རང་བྱུང་གི་ཡེ་ཤེས་ལས་ལམ་དང་རྩོལ་བསྒྲུབ་གང་ཡང་མེད་པའི་ཕྱིར་དང་། འདིར་དེའི་རང་གདངས་དགོངས་པ་རང་མལ་ལས་མི་གཡོ་བ་དངོས་ཉམས་སུ་ལེན་པའང་ལམ་ཐུན་མོང་བར་བརྩིར་མེད་དེ་ལམ་བསྒོམ་ཚུལ་མི་འདྲ་བའི་ཕྱིར་རོ། །འོན་ཀྱང་དག་ཚུལ་ཁམས་ཀྱི་དྲི་མ་རང་དྭངས་སུ་བྲལ་བར་གཅིག་པ་ཙམ་དང་། སྒྲ་འཇུག་རུང་ཙམ་ལ་ལྟོས་ནས་འོག་མ་རྣམས་འཇུག་པའི་ཡན་ལག་ཏུ་སྒྲ་མཐུན་ལ། དོན་འོག་མ་ལས་སྤར་ཏེ་ཁྱད་པར་དུ་འཕགས་པར་བརྗོད་ན། བཤད་རྒྱུད་ལས། མན་ངག་རྫོགས་པ་ཆེན་པོ་ལ། །ས་ལས་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕ་རོལ་ཕྱིན་བཅུ་སྤྱད་དུ་མེད། །འོན་ཀྱང་སྤྱི་དང་སྒོ་བསྟུན་ལ། །སྦྱང་དུ་མེད་པའི་ས་རིམ་དང་། །བགྲོད་དུ་མེད་པའི་ལམ་རིམ་དང་། །སྤྱད་མེད་ཕ་རོལ་ཕྱིན་བཅུ་བཤད། །ཅེས་སོ། །

གཉིས་པ་ལ་གསུམ་སྟེ། ས་ལམ་ཕ་རོལ་ཏུ་ཕྱིན་པ་བཤད་པའོ། །དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་(༢༡༧)བ། དཔེ། བརྩི་ཚུལ་དང་ལྔ་ལས། ས་ཡི་ངོ་བོ་བརྟན་པའི་གཞི་བྱེད་པ་སྟེ། ཡོན་ཏན་གྱི་དབྱིངས་སམ་འབྱུང་གནས་སུ་གྱུར་པའོ། །ངེས་ཚིག་ནི་གནས་ཤིང་བརྟན་གཞིར་གྱུར་པའོ། །དབྱེ་ན་དགེ་བཅུ་དང་། བསམ་གཏན་གཟུགས་མེད་ལ་སོགས་པ་བརྟེན་པ་འཇིག་རྟེན་པའི་ས་དང་། མཐོང་སྒོམ་གྱི་དྲི་མ་ཅི་རིགས་པས་དག་པ་སོ་སོའི་ཡོན་ཏན་གྱི་རྟེན་བྱེད་པ་ཐེག་པ་ཆུང་ངུ་དང་ཆེན་པོའི་ས་འཇིག་རྟེན་ལས་འདས་པ་གཉིས་སོ། །དཔེ་ནི་ས་སོ་སོའི་ཡོན་ཏན་མ་འདྲེས་པ་རྫོགས་པས། མཆོད་རྟེན་གྱི་བང་རིམ་ལྟ་བུ་སྟེ་དེ་ཉིད་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་དཔེ་རུ་བསྡུས་ལ་བསྟན། །རིགས་ཀྱི་བུ་སའི་དོན་གྱི་ངོ་བོ་ནི་ཆོས་ཉིད་མི་འགྱུར་བའོ། །ས་མཐོ་དམན་གྱི་ངོ་བོ་ནི་ཤེས་རབ་དང་སྙིང་རྗེ་ཆེ་ཆུང་ངོ་། །སའི་དབྱེ་བ་ནི་འཇིག་རྟེན་པའི་ས་དང་། འདས་པའི་སའོ། །འདས་པའི་ས་ལ་གཉིས་ཏེ། ཐེག་པ་ཆེན་པོའི་ས་དང་། འོག་མའི་སའོ། །ཐེག་པ་ཆེན་པོའི་ས་ལ་སྦྱང་དུ་ཡོད་པ་དང་མེད་པའོ། །མེད་པ་ལ་ཡོན་ཏན་གྱི་ས་བཅོ་ལྔར་བརྩིས་པའོ། །ངེས་པ་ནི་མི་འགྱུར་བས་སའོ། །གནས་པས་ན་སའོ། །དཔེ་ནི་མ་འདྲེས་ལ་རྫོགས་པ་མཆོད་རྟེན་གྱི་ཁྲི་འཕང་ལྟ་བུའོ། །ཞེས་སོ། །བརྩི་ཚུལ་ནི་སྦུབས་གསུམ་ལ་གང་ཟག་གཅིག་དང་ངོ་བོ་སྤྲད། ཉམས་སུ་བླངས་པས་རྡོས་པ་དག་ལྔ་ལྡན་དང་རྫོགས་ལྡན་གྱི་དགོངས་པ་ཤར་ནས་རྫོགས་ལྡན་ཆེན་པོར་རང་ས་ཟིན་པའི་བར་གྱི་གདམས་པས་ཡོན་ཏན་གྱི་ཆོས་ཐོབ་ཚུལ་རིག་པ་གཅིག་གི་སྟེང་ནས་མས་བརྩིས་པ་སྟེ་ས་བཅོ་ལྔའི་མིང་འོག་མ་དང་མཐུན་ཡང་དོན་ཐ་དད་པར་བསྟན་པ་ནི། ཡང་དེ་ཉིད་ལས། རྫོགས་ལྡན་ཆོས་ཉིད་ས་གཅིག་ལ། །ཡོན་ཏན་རྫོགས་ཚུལ་བཅོ་ལྔ་བརྩིས། །རྒྱུད་ལུང་སྤྱི་ཡི་ཁོག་དོན་ཀུན་བགྲོལ་ནས། །ངོ་སྤྲོད་བཞི་ཡིས་ཚེ་འདིར་བདེན་པ་མཐོང་། །རབ་ཏུ་དགའ་བའི་ས་ཞེས་ངས་བཤད་དོ། །མན་ངག་དོན་གྱི་བློ་ཡིས་ཐེ་ཚོམ་བསལ། །རང་གི་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས། །དྲི་མ་མེད་པའི་ས་རུ་བཏགས་པ་ཡིན། །འོད་བྱེད་དབང་དུ་འདུས་ཏེ་རྩལ་དུ་ཤེས། །ཤེས་པའི་དོན་ཚོགས་གཞན་ལ་རག་མ་ལུས། །བཞི་པ་འོད་འཕྲོ་དེ་ཉིད་ཀུན་ཏུ་སྒྲོགས། །ལྔ་པ་དུག་ལྔ་དུག་གསུམ་ངང་དུ་དག །དྲུག་པ་སྦུབས་གསུམ་སྐབས་ཀྱི་སྐུ་གསུམ་གསལ། །བདུན་པ་ཐེག་བརྒྱད་(༢༡༨)དོན་ལ་རབ་ཏུ་འཕགས། །བརྒྱད་པ་རང་གི་དོན་ལས་མ་གཡོས་མཁྱེན། །དགུ་པ་ཡོན་ཏན་རང་ལ་རྫོགས་པར་མཁྱེན། །བཅུ་པ་ཆོས་རྣམས་གང་ལ་ཐོགས་མེད་མཁྱེན། །བག་ཆགས་སྦུབས་སུ་རྟོགས་པ་བསྐྱེད་ལུགས་ཡིན། །རྟོགས་ལྡན་འཁྲུལ་པའི་སྣང་བ་འགགས་པའི་ཚེ། །ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ། །བཅུ་རྫོགས་གནས་པས་བཅུ་གཅིག་ཀུན་ཏུ་འོད། །རང་སྣང་ཡིན་པས་མཁྱེན་པ་ཁོང་ནས་ཤར། །ཤེས་རབ་སྐྱེས་པའི་སྟོབས་ཀྱི་སྐུར་གསལ་བས། །ཚོམ་བུ་ལྔ་པ་ཆོས་ཀྱི་སྤྱན་དྲུག་ཤར། །གསལ་ལ་མི་གནས་བཅུ་གཉིས་པདྨ་ཅན། །གསུང་གི་ངོ་བོ་རང་བྱུང་ཡི་གེ་དྲུག །ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པ། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ས། །སྤྲུལ་པ་སྐུ་ཡི་འགྲོ་དོན་རྫོགས་མཛད་པས། །རྡོ་རྗེ་འཛིན་པ་བཅུ་བཞིའི་ས་རུ་བཞག །ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡི། །ཐུགས་རྗེས་གནས་ནས་སྒྲོལ་ཞིང་གཞི་ལ་སྦྱོར། །གསང་གནས་དོན་གྱི་སྦྱོར་སྒྲོལ་ཞེས་སུ་བཏགས། །རང་བྱུང་ཚིག་ལྔས་ཞི་བ་མྱ་ངན་འདས། །རིན་ཆེན་སྦུབས་སུ་སྐུ་གསུམ་ཀློང་ནས་འཁྱིལ། །དཔེར་ན་གནམ་སྟོང་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་ཟླ་བ་མི་སྣང་བ། །ཚེས་གཅིག་དགོངས་ན་བཅོ་ལྔར་རྫོགས་གྱུར་ཏེ། །དེ་ལས་ཟླ་བ་སྐྱེ་རུ་མེད་པ་ལྟར། །རིན་ཆེན་སྦུབས་དང་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་མངོན་དུ་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔ་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་གུང་ལ་ཤུལ་མི་མངའ། །ཉི་ཤུ་རྩ་གཅིག་སུམ་ཅུ་རྩ་རྫོགས་རྣམས། །བཅོ་ལྔའི་འདུག་ཚུལ་ཡོན་ཏན་ཟུར་ཙམ་ཡིན། །བརྩི་བ་མས་རྩི་ཤེས་རབ་ཐད་ཀར་ཆོད། །གཟིགས་པས་མ་འགགས་མཁྱེན་པས་ཡས་གཟིགས་ཏེ། །རྣམ་རྟོག་མི་མངའ་ས་ལེར་མཁྱེན་པའོ། །ཞེས་སོ། །

ལམ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ། བརྩི་ཚུལ་དང་ལྔ་ལས། ལམ་གྱི་ངོ་བོ་འབྲས་བུའི་སར་བགྲོད་པའི་ཐབས། ངེས་ཚིག་བགྲོད་པར་བྱེད་ལ། དབྱེ་ན་རྒྱུ་མཚན་ཉིད་ཀྱི་ལམ་དང་། འབྲས་བུ་སྔགས་ཀྱི་ལམ་གཉིས་སོ། །དཔེ་ནི་འགྲོ་བའི་ལམ་འཇིག་རྟེན་གྱི་ལམ་དང་། རྩོལ་མེད་ཀྱི་ལམ་ནམ་མཁའ་བྱའི་ལམ་དུ་གྱུར་པ་ལྟ་བུ་སྟེ། དེ་ཉིད་ལས། ལམ་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །(༢༡༩)ངས་བསྟན་ལམ་གྱི་ངོ་བོ་ནི། །འདུ་འབྲལ་མེད་པའི་རྣལ་འབྱོར་ཡིན། །ལམ་གྱི་ངེས་ཚིག་བསྟན་པ་ནི། །གཞན་དུ་བགྲོད་ཅིང་འཇུག་པ་སྟེ། །མི་འབྲལ་ལམ་པས་ལམ་ཞེས་བྱ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །རྒྱུ་དང་འབྲས་བུ་ངེས་ལམ་མོ། །དཔེ་ནི་འཇིག་རྟེན་ལམ་དང་མཚུངས། །རྩོལ་བྲལ་ལམ་གྱི་མཚོན་དཔེ་ནི། །མཁའ་ལ་ཁྱུང་ཆེན་ལྡིང་བ་འདྲ། །ཞེས་སོ། །བརྩི་ཚུལ་ནི། བླ་མ་དམ་པའི་དྲུང་དུ་སློབ་མ་སྣོད་ལྡན་གྱིས་བརྟེན་ནས་གདམས་ཁྲིད་ངོ་སྤྲོད་ཉམས་སུ་བླངས། མཐར་གདེང་རྙེད་པའི་བར་གྱི་ཡོན་ཏན་གྱི་ཆོས་དང་སྦྱར་ཏེ། དབྱེ་བ་ནི། དེ་ཉིད་ལས། ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་གནད་ཆེ་བ། །ཕྱིན་པར་འདོད་པ་རི་དྭགས་སྨིག་རྒྱུ་རྙེད་པ་འདྲ། །དེ་བས་ངེས་པའི་ལམ་མ་ཡིན། །བགྲོད་མེད་ལམ་ལ་རབ་གནས་པའི། །འདུ་འབྲལ་མེད་པའི་དགོངས་པ་ལ། །མ་ནོར་ངེས་པའི་ལམ་ཆེན་གཅིག །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་སེམས། །རྩོལ་བས་བགྲོད་པ་ཡེ་ཤེས་མཐའ་ལ་རིང་། །འཇུག་ཏུ་མེད་དོ་ཡེ་ཤེས་རང་རིག་ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །འོན་ཀྱང་མ་བཤད་གོ་བར་མི་འགྱུར་བར། །བགྲོད་མེད་ལམ་གཅིག་རང་བཞིན་རྟོགས་པའི་ཐབས། །སྤྱི་དང་སྒྲ་མཐུན་དོན་དཔགས་ལམ་རྣམས་བཤད། །བླ་མའི་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པའི་ཚེ། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་དེ། །གདམས་ངག་རྣམ་གཉིས་དོན་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་བཤད་པ་ཡིན། །སྒོམ་དུ་མེད་པའི་དགོངས་པ་དང་། །སྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །སྒོམ་པའི་ལམ་དུ་ངས་བསྟན་པའོ། །སངས་རྒྱས་དགོངས་པ་གདོང་ཆེན་བཞི། །མི་གནས་ཚུལ་གྱི་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་བཤད་པ་ཡིན། །ཞེས་སོ། །

ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ། བརྩི་ལུགས་དང་ལྔ་ལས། ཕ་རོལ་ཕྱིན་པའི་ངོ་བོ་ནི། སྤྱོད་པ་རླབས་པོ་ཆེའི་ཆོས་སུ་གྱུར་པ། ངེས་ཚིག་ནི་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པར་བྱེད་པ། དབྱེ་ན་རྒྱུ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། འབྲས་བུ་ཤེས་(༢༢༠)རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་བཅུའོ། །དང་པོ་ནི་སྦྱིན་པ་ཚུལ་ཁྲིམས། བཟོད་པ་བརྩོན་འགྲུས། བསམ་གཏན་ནོ། །གཉིས་པ་ནི་ཤེས་རབ་ནི་ངོ་བོ། ཐབས་ནི་ཁྱད་པར། སྟོབས་ནི་ཡོན་ཏན། སྨོན་ལམ་ནི་ཡན་ལག །ཡེ་ཤེས་ནི་འབྲས་བུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང་དོན་གཅིག་གོ། །དཔེ་ནི། བཞོན་པ་དང་། གྲུ་དང་། མདའ་ལྟར་འདོད་པའི་སར་ཕྱིན་པ་སྟེ། བཤད་རྒྱུད་ལས། ཕ་རོལ་ཕྱིན་པའི་ངོ་བོ་དང་། །ངེས་ཚིག་དབྱེ་བ་མཐུན་དཔེ་རྣམས། །བསྡུས་ཏེ་དོན་རྣམས་གསལ་བར་བཤད། །དང་པོ་ངོ་བོ་བཤད་བྱ་བ། །རྣམ་གྲངས་ངེས་པའི་དོན་ལ་བཞག །དབྱེ་བའི་སྒོ་ནས་བསྟན་པ་ཡིན། །ངེས་ཚིག་གཏན་ཚིགས་བཅས་པ་ནི། །མི་གནས་མཐར་རྫོགས་ཕ་རོལ་ཕྱིན། །དབྱེ་ན་རྣམ་པ་གཉིས་སུ་འདུས། །རྒྱུ་ཡི་ཕ་རོལ་ཕྱིན་པ་དང་། །འབྲས་བུའི་ཕ་རོལ་ཕྱིན་པའོ། །དཔེར་ན་དོན་གཉེར་ལམ་ཞུགས་པས། །འདོད་པའི་ལམ་དུ་ཕྱིན་པ་བཞིན། །གྲུ་ལ་བརྟེན་པ་མཚོ་ལས་ཐར། །སྐྱེས་བུའི་མཐེབ་མོས་མདའ་བསྐྱོད་བཞིན། །ཞེས་སོ། །བརྩི་ཚུལ་ནི་དང་པོ་རྩོལ་བསྒྲུབས་ལས་འདས་པར་དབྱེར་མེད་ཀྱང་། ཡོན་ཏན་ཆ་ཤས་(༢༢༠)བཅུ་བརྩི་བ་ནི། ཡང་དེ་ཉིད་ལས། ཕ་རོལ་ཕྱིན་པ་ཆེན་པོ་བཅུ། །ཟིན་པས་རྩོལ་བའི་ནད་སྤངས་པ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །སྙིང་པོ་ཡེ་ནས་སངས་རྒྱས་ལ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །བསམ་གཏན་ཏིང་འཛིན་སྐུ་ལ་བསྒྲིབས། །སངས་རྒྱས་སྐུ་ནི་མ་བསྒྲིབས་གསལ། །ལྷུན་གྲུབ་ཆེན་པོ་མ་གཏོགས་པ། །ངེས་པའི་ཕ་རོལ་ཕྱིན་པ་ཡིན། །ཡང་དག་ངེས་པའི་དོན་ཆེན་དེ། །ངོ་བོ་ནམ་མཁའ་ལྟ་བུ་ལ། །ཡོན་ཏན་སྣང་བ་ཕྱོགས་མེད་ཤར། །ཤར་བས་རང་རིག་རྣམ་པར་དག །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །དྲི་མེད་རྣམ་དག་ཚུལ་ཁྲིམས་ཕ་རོལ་ཕྱིན། །འགྲན་ཟླ་མེད་པས་བཟོད་པའི་ཕ་རོལ་ཕྱིན། །བརྗེད་པ་མེད་པས་བརྩོན་འགྲུས་ཕ་རོལ་ཕྱིན། །གཡོས་པ་མེད་པས་བསམ་གཏན་ཕ་རོལ་ཕྱིན། །འགགས་པ་མེད་པས་ཤེས་རབ་ཕ་རོལ་ཕྱིན། །གཏི་མུག་མ་རིག་མེད་པ་དེ་བཞིན་ནོ། །བྱ་རྩོལ་མེད་པས་ཐབས་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་ཀུན་འབྱུང་སྟོབས་ཀྱི་ཕ་རོལ་ཕྱིན། །སྐད་ཅིག་གཅིག་གིས་བསྐྱོད་པ་དེ་བཞིན་ནོ། །ཡོན་ཏན་རང་རྫོགས་སྨོན་ལམ་ཕ་རོལ་ཕྱིན། །ཡེ་ཤེས་ཡིན་པས་ཤེས་རབ་ཕ་རོལ་(༢༢༡)ཕྱིན། །ཞེས་སོ། །

གསུམ་པ་རང་གི་གྲུབ་མཐའ་བཤད་པ་ལ་སྣང་བ། སྦུབས། སྤྱན། མཚོན་དཔེ། མུ་བཞི། བརྒལ་ལན་དང་དྲུག་ལས། དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ་དང་བཞི་ལས། སྣང་བའི་ངོ་བོ་ནི་རིག་པའི་རང་གདངས་སུ་ཤར་བ། ངེས་ཚིག་འགག་མེད་ཡུལ་དུ་མཐོང་བ། དབྱེ་ན་བཞིར་དབྱེ་བ་དང་། གསུམ་དུ་དབྱེ་བ་གཉིས་སོ། །བཞིར་དབྱེ་ན་འགྲོ་དྲུག་ཞེན་པའི་སྣང་བ་བདེ་སྡུག་སྣ་ཚོགས། རྒྱུ་འབྲས་བློ་ཡི་སྣང་བ་གྲུབ་མཐའ་སོ་སོ། རྟོགས་ལྡན་དོན་གྱི་སྣང་བ་རྒྱན་ཤར། ཀུན་ཏུ་བཟང་པོའི་སྣང་བ་གཞི་སྣང་ལྷུན་གྲུབ་བོ། །གསུམ་དུ་ཕྱེ་ན་མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་སོ་སོ། དག་པ་འཇིག་རྟེན་གྱི་སྣང་བ་ས་བཅུའི་རང་སྣང་། ཡང་དག་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་གཞི་སྣང་། དཔེ་ནི་ཉི་མ་དང་མར་མེ་རང་གདངས་ལ་གནས་པ་ལྟ་བུ་སྟེ། བཤད་རྒྱུད་ལས། སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བར་སོ་སོའི་དཔེ་རུ་བཤད། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་བཟང་སྣང་བའོ། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་དང་། །དག་པ་འཇིག་རྟེན་སྣང་བ་དང་། །ཡང་དག་ཡེ་ཤེས་སྣང་བའོ། །དང་པོ་རྒྱས་པར་བཤད་བྱ་བ། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགགས་པའི། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་བ་ཚ་གྲང་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བ་གསུམ། །ཕྱི་ནི་ཟས་ལ་རྣག་ཁྲག་དང་། །གོས་ལ་ཚེར་མ་ལྟ་བུའོ། །སྤྱི་ལ་ཟས་སྣང་སྲུང་མས་བསྲུངས། །ནང་ལ་སྲུང་མེད་ཟོས་པས་དུག །དེ་ནི་ཡི་དྭགས་གསུམ་ལ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིང་ལ་གནས་པ་མུན་པ་སྟེ། །ཁ་འཐོར་རྣམས་ལ་གྱེན་ཐུར་དང་། །བཟའ་བཏུང་མ་འགགས་ཐད་ཀར་སྣང་། །མི་ལ་སྣང་བ་འདི་ཉིད་དེ། །ཡུལ་དང་ས་ཕྱོགས་ཁྱིམ་ལ་སོགས། །ལྷ་མ་ཡིན་ལ་གོ་མཚོན་སྣང་། །ལྷ་ལ་རིན་ཆེན་བདུད་རྩིར་སྣང་། །བློ་སྣང་ཞེན་པའི་བག་ཆགས་ཡིན། །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་(༢༢༢)ཡང་། །རྟག་པའི་དངོས་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །འདི་སྣང་གློ་བུར་བྱུང་བ་ལ། །ཞིག་པས་འབྱུང་ལྔའི་ངང་དུ་ཞི། །མེད་ཆར་སྣང་ལ་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེ་སིང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་རྟག་ཏུ་མཐོང་། །རང་རྒྱལ་གོང་མཐུན་ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་བདག་མེད་སྟོང་། །མདོ་སྡེ་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་པོ་དང་། །དོན་དམ་མདོ་སྡེར་མཐུན་པ་ལ། །ཀུན་རྫོབ་སྣང་བ་སོ་སོར་མཐོང་། །ཀྲི་ཡས་རིགས་གསུམ་རྗེ་འབངས་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོར་མཐོང་། །མཧཱས་བདག་དང་ལྷ་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་ཤེས་མཐོང་། །ཀུན་གྱིས་རྒྱུ་འབྲས་མ་སྤངས་ཤིང་། །དངོས་པོར་མི་བདེན་བློ་ལ་སྣང་། །རྒྱུ་འབྲས་བློ་ཡི་སྣང་བ་ཡིན། །སྟོབས་ལྡན་དོན་གྱི་སྣང་བ་ཡིན། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་ངོ་བོར་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ནི། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་གཞི་སྣང་འདུག་ཚུལ་ནི། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་ཡིན། །དག་པ་འཇིག་རྟེན་ས་བཅུའི་བྱང་སེམས་ཡིན། །ཡང་དག་ཡེ་ཤེས་གཞི་སྣང་གོང་དང་མཐུན། །སྣང་བའི་དབྱེ་བ་རྒྱས་བསྡུས་བསྟན་པའོ། །སྣང་བའི་ངོ་བོ་བསྟན་པ་ནི། །དབྱེ་བའི་ཁོང་ནས་བསྟན་པར་གྱིས། །འདི་རུ་ཟུར་ཙམ་བརྗོད་མི་ལང་། །ཡང་དག་ངེས་པའི་ངོ་བོ་ནི། །ཆོས་ཉིད་གདངས་དང་བཅས་པ་ཡིན། །སྣང་བ་དག་གི་ངེས་ཚིག་ནི། །འགག་མེད་ཡུལ་སྣང་སྣང་བར་བཏགས། །དཔེ་ནི་དབྱེ་བའི་ཁོངས་སུ་བསྟན། །འདི་རུ་ངེས་པའི་དཔེ་བསྟན་པ། །ཉི་མ་དག་ལས་ཟེར་སྣང་དང་། །མར་མེ་དག་ལས་འོད་སྣང་བཞིན། །ཅིར་སྣང་རང་གི་གདངས་ལ་བཞུགས། །དེ་ནི་ཡེ་ཤེས་ཆེན་པོ་ལ། །ཡེ་ཤེས་རང་གདངས་ཟང་ཐལ་སྣང་། །ཡེ་ཤེས་རང་གི་གདངས་ལ་བཞུགས། །ཆོས་ཉིད་དག་པའི་དཔེ་བསྟན་པ། །མེ་ལོང་ལ་སོགས་བཞིན་སྣང་ཞིང་། །ཞེས་སོ། །

གཉིས་པ་སྦུབས་ལ། ངོ་བོ། ངེས་(༢༢༣)ཚིག །དབྱེ་བ། དཔེ་དང་བཞི་སྟེ། དེ་ཉིད་ལས། སྦུབས་ཀྱི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་པའི་དཔེ་ཡིས་བཤད། །རིན་ཆེན་སྦུབས་དང་འོད་ཀྱི་སྦུབས། །བག་ཆགས་སྦུབས་དང་གསུམ་དུ་བསྟན། །དང་པོ་མཚན་ཉིད་བསྟན་པ་ནི། །ཆོས་སྐུ་ཟང་ཐལ་འགྱུར་མེད་ལ། །འགགས་མེད་ཀུན་གསལ་ཡེ་ཤེས་སྐུ། །ཕྱོགས་གཅིག་མཚོན་པ་མན་ཤེལ་བཞིན། །ཞིབ་ཏུ་གོང་བསྟན་གཞི་སྣང་བཞིན། །རིན་ཆེན་སྦུབས་དེ་ཆོས་སྐུ་ཡིན། །བར་མའི་མཚན་ཉིད་བསྟན་པ་ནི། །འགགས་མེད་ཡེ་ཤེས་འོད་ཀྱི་སྐུ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འགགས་མེད་ཡེ་ཤེས་འོད་ཀྱི་སྦུབས། །མཐའ་མའི་མཚན་ཉིད་བསྟན་པ་ནི། །ཆགས་ལུགས་རྣམ་བཞི་ཡོངས་རྫོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་བཅས། །ཚོགས་བརྒྱད་སེམས་དང་བཅས་པ་ནི། །བག་ཆགས་སྦུབས་སུ་ང་ཡིས་བསྟན། །དེ་ལ་སྦུབས་གསུམ་ངོ་བོ་ནི། །གོང་བསྟན་སྐུ་གསུམ་ཡིན་པར་བཤད། །སྦུབས་ཞེས་བྱ་བའི་གཏན་ཚིགས་ནི། །བཞུགས་པའི་ཀློང་ན་བརྟན་གྱུར་པའོ། །སྦུབས་ཞེས་བྱ་བའི་སྤྱི་ཚིག་ལ། །སོ་སོ་ངེས་པར་བསྟན་པ་ནི། །ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས། །རང་བཞིན་མེད་པ་འོད་ཀྱི་སྦུབས། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །འཇའ་ཚོན་ལྟ་བུ་དཔེ་ཡིས་བསྟན། །རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། །ཞེས་སོ། །ཆོས་འདི་ཡི་གྲུབ་མཐའ་སྦུབས་གསུམ་པོ་འདི་ལ་བཅའ་བ་གནད་གལ་པོ་ཆེའོ། །

གསུམ་པ་སྤྱན་ལའང་ངོ་བོ། ངེས་ཚིག །མཚན་ཉིད། དཔེ་དང་བཞི་སྟེ། བཤད་རྒྱུད་ལས། སྤྱན་གྱི་ངོ་བོ་དབྱེ་བ་དང་བཅས་པ་ནི། ཡེ་ཤེས་ཀྱི་སྤྱན་འབྱེད་པ་མེད་པར་རྩེ་གཅིག་ཏུ་གསལ་བ་དང་། ཆོས་ཀྱི་སྤྱན་རྟོག་པ་མེད་པར་རྣམ་པ་མཁྱེན་ཅིང་གསལ་བ་དང་། ཤེས་རབ་ཀྱི་སྤྱན་རྟོག་པ་དང་བཅས་པ་རྣམ་པར་ཆོད་ཅིང་སོ་སོར་གསལ་བ་དང་། ལྷའི་སྤྱན་རྣམ་པར་དག་པ་བག་ཆགས་ཟད་པས་ན་སྣང་བ་དང་། ཤའི་སྤྱན་རྣམ་པར་དག་པའི་ཏིང་ངེ་འཛིན་ལས་སུ་རུང་བ་ལ་གསལ་བ་དང་། ཆུ་སྦུར་གྱི་མིག་བག་ཆགས་ཀྱི་ལུས་ཅན་རྣམས་ལ་ཐུན་མོང་དུ་གསལ་བའོ། །ངེས་ཚིག་ནི་དོན་མཐོང་ཞིང་མ་འགགས་པར་གསལ་བས་ན་སྤྱན་ནོ། །མཚན་ཉིད་ནི་སོ་སོའི་སྒྲིབ་པ་དང་བྲལ་བའོ། །དཔེ་ནི་ཉི་(༢༢༤)མའི་སྙིང་པོ་ལྟ་བུའོ། །ཞེས་སོ། །

བཞི་པ་དཔེ་ལའང་། ངོ་བོ་དོན་མཚོན་པའི་བརྡའོ། །ངེས་ཚིག་ཕྱོགས་མཐུན་སྟོན་པས་དཔེའོ། །དབྱེ་ན་གཞིའི་དཔེ། རྩལ་གྱི་དཔེ། གྲོལ་བའི་དཔེ། གཉིས་མེད་ཀྱི་དཔེ་དང་བཞིའོ། །རྣམ་གྲངས་ནི་ཉི་ཤུ་རྩ་ལྔ་སྟེ། དེ་ཉིད་ལས། རིགས་ཀྱི་བུ་ངེས་པར་ཟུང་ཞིག །བག་ཆགས་སྦུབས་ན་གནས་པ་ནི། །སེང་ཕྲུག་དང་ཁྱུང་ཕྲུག་ལྟ་བུའོ། །སྦུབས་འཕོ་བའི་དཔེ་བྱེའུ་ཕྲུག་སྒོ་ང་ནས་བྱུང་བ་དང་། སྦྲུལ་སྐོགས་པ་དང་བྲལ་བ་བཞིན་ནོ། །འདིར་རྟོགས་པས་བར་དོ་ཆོད་པ་ནི། སྔར་འདྲིས་པ་ཕྱིས་ཤེས་པ་ལྟ་བུའོ། །སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པའི་དཔེ་ནི། ཚང་མང་ནས་སྒྲོན་མེ་ཕྱིར་བཏོན་པས། ཚང་མང་མུན་པར་གྱུར་ནས་མི་དེ་ལག་པ་སྒྲོན་མེ་དང་མི་འབྲལ་བར་འགྲོགས་ཏེ། འགྲོ་སར་ཕྱིན་པ་ལྟ་བུའོ། །འཁྲུལ་པ་ལྡོག་པའི་དཔེ་གཉིད་སད་པ་ལྟ་བུའོ། །རྟོགས་པ་ཅན་འཆི་ཁར་རྐྱེན་གྱིས་དཀྲུགས་ཀྱང་། མི་བརྗེད་པའི་གཟུངས་ཐོབ་སྟེ། ཤེས་རབ་ཀྱི་འཆར་བའི་དཔེ་ཆུ་ལ་རྡོ་བརྒྱབ་པས་ཆུ་འཁྲུགས་ནས་མི་གསལ་ཀྱང་། ཆུ་དྭངས་པས་ཕ་རོལ་ཏུ་གསལ་བ་ལྟ་བུའོ། །ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་མངོན་དུ་འཆར་བའི་དཔེ། ཉི་མ་ཤར་གྱི་ལ་ཁ་ན་འདུག་ཀྱང་འོད་ནུབ་རི་ལ་འབྱུང་བ་ལྟ་བུའོ། །སྐད་ཅིག་མའི་ཆོས་གསུམ་ན་འཛིན་པར་བྱེད་པའི་ལྕགས་ཀྱུས་འོད་ལྔ་མ་གཟུང་བའི་ཚུལ་གྱིས་བཟུང་བར་གྱུར་པ་དང་། སྡུད་པར་བྱེད་པའི་དྭངས་མ་ཆོས་ཉིད་ཀྱི་ངོ་བོར་ཡེ་ཤེས་ཤར་བའི་ངང་དུ་ཐིམ་པ་དང་། མི་བརྗེད་གཟུངས་རྒྱུན་གྱི་ཐགས་པས་བྱས་པ་དང་གསུམ་མོ། །སྐད་ཅིག་མ་ལ་གྲོལ་བའི་དཔེ་ནི་སེང་གེ་མཆོངས་པ་ལྟ་བུ་དང་། བུམ་པ་ཆག་པས་མར་མེ་གསལ་བ་ལྟ་བུའོ། །སྐད་ཅིག་གསུམ་ལ་གྲོལ་བའི་དཔེ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུའོ། །ཡེ་ཤེས་ལ་མྱུར་བར་འཇུག་པ་ནི་གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའོ། །ཕྱིར་མི་ལྡོག་པ་ནི་ཐོག་དང་དཔག་ཆེན་གྱི་མདའ་བཞིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པའི་དཔེ་ནི། ནམ་ལངས་པས་རི་ཀླུང་མེད་པར་གསལ་བ་ལྟ་བུའོ། །རྒྱ་མཚོ་ལ་གཟའ་སྐར་ཤར་བ་དང་ཆུ་ཟླ་ལྟ་བུའོ། །བར་དོ་ནས་སེམས་དང་ཁ་དོག་མངོན་སུམ་མེད་པ་ལས་ཕྱིས་འཆར་བ་ནི་ས་བོན་སྐྱེད་(༢༢༥)དུས་ལ་མྱུ་གུ་སྔོན་པོ་སྔོན་མེད་པར་ཕྱིས་བྱུང་བ་ལྟ་བུའོ། །སྤྲུལ་སྐུའི་དོན་བྱས་ནས་ནང་རང་གྲོལ་བ་ནི་ཆུ་བྲན་རྒྱ་མཚོར་འདུ་བ་དང་ཉི་མ་ནུབ་ཁར་ཟེར་རང་ལ་འདུ་བ་བཞིན་ནོ། །མྱ་ངན་ལས་འདས་པའི་དཔེ་ནི་འཇའ་ཚོན་ནམ་མཁར་ཐིམ་པ་ལྟ་བུའོ། །ཞིང་ཁམས་གཅིག་པ་ལ་རིག་པ་ཐ་དད་པའི་དཔེ་མར་མེ་མང་དུ་བཏང་བས། འོད་མི་ཕྱེད་པར་སྙིང་པོ་སོ་སོར་གསལ་བ་ལྟ་བུའོ། །རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ས་བོན་གཅིག་ལ་ལྡོང་བུ་ཡལ་ག་སོ་སོར་གྱེས་ཏེ། དེ་ལ་སྙེ་མ་སོ་སོར་བྱུང་ནས་འབྲས་བུ་མང་པོར་རྫོགས་པ་བཞིན་ནོ། །རང་ས་ནས་རང་སར་གྲོལ་ནས་དབྱེར་མེད་དུ་གནས་པའི་དཔེ་ནམ་མཁའ་གུད་དུ་བཅད་པ་སླར་བཏང་བ་ལྟ་བུའོ། །མུ་བཞིའི་དཔེ་ནི་གཅིག་དང་ཐ་དད་ལས་གྲོལ་བ། གསེར་དང་གསེར་གྱི་སེར་པོ་ལྟ་བུའོ། །མ་གྲོལ་བ་སྨིག་རྒྱུ་དང་ཆུ་ལྟ་བུ། གྲོལ་བའི་མ་གྲོལ་བ་ཁམ་དང་བུམ་པ་ལྟ་བུའོ། །མ་གྲོལ་བའི་གྲོལ་བ་ཉི་མ་དང་འོད་ལྟ་བུའོ། །ཡེ་ཤེས་རང་ལ་གནས་པའི་རྟགས་ཀྱི་དཔེ། ཆང་འཐུངས་པ་དང་ར་རོ་བ་ལྟ་བུའོ། །རྟོག་པ་མེད་པར་བསྒོམས་པས་མི་གྲོལ་བའི་དཔེ་ནི་རི་མོའམ་ལྡེར་བཟོ་ལྟ་བུའོ། །རིན་པོ་ཆེའི་སྦུབས་ན་དགོངས་པ་རང་གསལ་ལས་གཞན་མི་གསལ་བའི་དཔེ་ནི། གནས་ཁང་ཡངས་སར་མཚན་མོ་མགྲོན་པོ་སྔ་ཕྱི་ཚོགས་ནས་ཉལ་བ་ལྟ་བུའོ། །དང་པོ་རིན་པོ་ཆེའི་སྦུབས་ལས་འཁྲུལ་པ་ནི་བྱིས་པས་མེ་ལོང་དུ་རང་གི་བྱད་ཤར་བ་ངོ་མ་ཤེས་པར་གཞན་དུ་མཐོང་བ་ལྟ་བུའོ། །ཕྱིས་མི་འཁྲུལ་པའི་དཔེ་ནི། བྱིས་པ་རང་ལུས་ཀྱི་མཐའ་རྫོགས་རང་དུ་ངོ་ཤེས་པ་ལྟ་བུའོ། །ལོ་ཐོག་ནས་སུ་སྨིན་ནས་ལྗོང་པར་མི་ལྡོག་པ་བཞིན་ནོ། །རིགས་ཀྱི་བུ་དཔེའི་ངོ་བོ་ནི་སོ་སོ་མཚོན་པའི་བརྡའ་ཇི་བཞིན་པའོ། །དཔེ་ཡི་ངེས་ཚིག་ནི་ཕྱོགས་མཐུན་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ན་དཔེའོ། །དབྱེ་ན་གཞི་མཚོན་པའི་དཔེ་དང་། རྩལ་མཚོན་པའི་དཔེ་དང་། གྲོལ་བ་མཚོན་པའི་དཔེ་དང་། གཉིས་མེད་མཚོན་པའི་དཔེའོ། །དགོས་པ་ནི་དོན་རྟོགས་པའོ། །ཞེས་སོ། །དཔེ་སིལ་བུར་གནས་ཀྱང་དོན་རླབས་པོ་ཆེ་སྟོན་པས་གནད་གལ་པོ་ཆེའོ། །

ལྔ་པ་མུ་བཞི་ལའང་ངོ་བོ་གཅིག་ཉིད་སྐབས་ཀྱི་ཆོས་ལ་ལྟོས་ནས་གཅིག་ཐ་དད་གྲོལ་མ་གྲོལ་དུ་སྣང་བ། ངེས་ཚིག་མུ་བཞིར་དབྱེར་ཡོད་པས་མུ་བཞིའོ། །དབྱེ་ན་དུས་ཀྱི་མུ་བཞི་དང་། (༢༢༦)གྲོལ་མ་གྲོལ་གྱི་མུ་བཞི་སྟེ་གཉིས་སོ། །དཔེ་ནི་སྔར་བསྟན་པ་བཞིན་ཏེ། དེ་ཉིད་ལས། མུ་བཞིའི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། དཔེ་ནི་གོང་བཞིན་ཤེས་པར་བྱའོ། །ངོ་བོ་ནི་དབྱེ་བ་དང་བཅས་པའི་གཉིས་ཏེ། དུས་ཀྱི་མུ་རྣམ་པ་བཞི་དང་། གྲོལ་མ་གྲོལ་གྱི་མུ་རྣམ་པ་བཞིའོ། །དུས་ཀྱི་མུ་རྣམ་པ་བཞི་ནི། མི་ལུས་གཙང་མ་ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་རྩལ་རྫོགས་པའི་དུས་དང་། ལས་ཀྱི་མཐའ་ཟད་དེ་ཆེ་བའི་ཡེ་ཤེས་རང་ལ་རྫོགས་པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་མཐའ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་དང་ཐ་དད་ལས་གྲོལ་བ་ནི་ཐིག་ལེ་དང་རང་བྱུང་ཡེ་ཤེས་སོ། །རིགས་ཀྱི་བུ་ཅི་སྟེ་ཞེ་ན། ཐིག་ལེ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་ལ། རང་བྱུང་ཡེ་ཤེས་ཐིག་ལེ་ལས་དབྱེར་མི་ཕྱེད་དོ། །དོན་གཉིས་སུ་མེད་པས་ནའོ། །གཅིག་པ་དང་ཐ་དད་ལས་གྲོལ་བ་ནི། ཆོས་ཀྱི་སྐུ་དང་ནམ་མཁའ་འོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཐ་དད་པའི་ཕྱིར་ཏེ་རང་བཞིན་དག་པའི་ནམ་མཁའ་ནི་རི་རབ་དང་གླིང་བཞིའི་དབང་གིས་ཁ་དོག་བཞི་དང་དབྱིབས་བཞིའི་བདག་ཉིད་ཅན་ནོ། །འབྱུང་བ་བཞིའི་རང་བཞིན་དག་ཀྱང་བག་ཆགས་མ་བྲལ་ཏེ་ངོ་བོ་རིས་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི་སྟོང་པར་མཐུན་ཀྱང་དེ་རྣམས་ལས་གྲོལ་བའོ། །དེ་བས་ན་གཅིག་པ་དང་ཐ་དད་ལས་མ་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི་སེམས་དང་ཡེ་ཤེས་སོ། །གྲོལ་བ་ནི་གཞི་གཅིག་པའོ། །མ་གྲོལ་བ་ནི་ཡེ་ཤེས་རྟོག་མེད་དུ་གསལ་ལ། སེམས་རྟོག་པ་སྣ་ཚོགས་སུ་འཆར་བའོ། །དེ་གཞིའི་ངོས་ནས་གྲོལ་བ། རྩལ་གྱི་ངོས་ནས་མ་གྲོལ་བས་གྲོལ་བའི་མ་གྲོལ་བ་ཞེས་བྱའོ། །མ་གྲོལ་བའི་གྲོལ་བ་ནི་ཐིག་ལེ་དང་ཡུལ་ཏེ། ཐིག་ལེ་རིག་པ་འགག་པ་མེད་པས། ཡུལ་ཆོས་ཉིད་རིག་པར་འགྱུར་མེད་དུ་གནས་པས་སོ། །དཔེར་ན་གྲོལ་བ་ནི་མ་གྲོལ་ཏེ། ཆོས་ཅན་ཐ་དད་པ་ལྟ་བུ་མ་ཡིན་ཏེ། སྟོང་པ་དབྱེར་མེད་དུ་གནས་ཏེ། ཆོས་ཅན་མེད་པས་སྟོང་པར་གཅིག་པས་གཉིས་ལས་གྲོལ་ཏེ། རིག་པ་ཡུལ་ཤར། སྟོང་པ་ཡུལ་རིག་པར་གྲོལ་ཏེ། སྟོང་པ་དབྱེར་མེད། གསལ་བ་ཟང་ཐལ་མ་དེས་གྲོལ་ཏེ། དོན་དཔེ་གཅིག་པ་དང་ཐ་དད་ལས་མ་གྲོལ་བའི་གྲོལ་བ་ཞེས་བྱའོ། །ཞེས་སོ། །

དྲུག་པ་བརྒལ་ལན་ནི། རང་(༢༢༧)གི་གྲུབ་མཐའ་བརྟན་པོར་བཟུང་ཞིང་དེའི་ལོག་རྟོག་གི་གནོད་པ་སྤང་བ་དང་། ཐེག་པ་འོག་མ་སྐྱོན་ཅན་དུ་བསྟན་པས། ཐེག་པའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའི་དཔུང་རྒྱན་དུ་མཚོན་ཏེ། ཀུན་གསལ་ལས། ངས་བསྟན་པའི་དོན་དེ་རྣམས་རྩོད་པར་གྱུར་ན། གང་རྩོད་པ་དང་རྗེ་བློན་འབངས་༼རྒྱུད་ལུང་མན་ངག་༽དང་གསུམ་དཔང་པོར་བཞག་ལ། དྲི་ལུགས་དང་དམ་བཅའ་མ་ནོར་བར་བྱས་ལ། སྒྲུབ་བྱེད་ཀྱིས་གང་ཡིན་པ་བསྒྲུབ་ཅིང་། གཞན་སེལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ཏེ་ཕན་པའི་རྐྱེན་ཅན་གྱིས་སྟངས་སྟབས་ལ་དོན་མི་འགྱུར་བའི་དབྱིངས་ལ་བསྐྱལ་ལོ། །ལོག་ལྟ་ཅན་གྱི་སྒྲུབ་བྱེད་མི་མཐུན་པའི་ཕྱོགས་སུ་གཏོང་ངོ་། །ཁོ་ཡི་གཞན་སེལ་ནི་མཐུན་པའི་སྒྲུབ་བྱེད་དུ་གཏང་ངོ་། །ཁོ་ཡི་ཕན་པའི་རྐྱེན་ལ་གནོད་པའི་རྐྱེན་གཏོང་ངོ་། །རང་རིག་པའི་ཡེ་ཤེས་དོན་དགག་སྒྲུབ་དང་བྲལ་བ་ནི། དབྱིངས་སུ་བཞག་སྟེ་བཙན་པོའི་ཡུལ་མཁར་ལྟ་བུའོ། །དེའི་ཕྱོགས་ནས་བསྒྲུབ་པའོ། །གཏན་ཚིགས་གསུམ་༼ངང་དང་རང་བཞིན་བདག་ཉིད་༽དང་། བཞིས་ཕན་པའི་རྐྱེན་བྱའོ། །གནོད་རྐྱེན་ཀྱང་དེ་རྣམས་གཏོང་ངོ་། །གཞི་སྣང་ལ་སོགས་པ་གང་ལ་རྩོད་ཀྱང་གྲོགས་དེ་རྣམས་ཀྱིས་བྱས་ལ། ངས་བཤད་པ་བཞིན་དོན་གྱི་གནད་དྲི་བ་དང་ལན་གདབ་པར་བྱའོ། །མཐུན་ན་སྒྲུབ་བྱེད་ཀྱིས་དབྱིངས་ལ་སྦྱོར། མི་མཐུན་ན་གཞན་སེལ་གྱིས་བསྐལ་ལོ། །དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། ཤེས་བྱ་གཏན་ལ་འབེབས་པས་གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པར་གཏོང་ངོ་། །དེས་སོམ་ཉི་ཐམས་ཅད་བྲལ་བར་འགྱུར་རོ། །ཞེས་སོ། །དེའང་རང་བྱུང་ཡེ་ཤེས་ལ་རྫོང་དང་གཞི་བཅས་ལ། ཐམས་ཅད་དེའི་ངང་ལ་གནས་པ་དང་། རྩལ་ལས་ཤར་བར་མཐའ་གཅད་དོ། །འོག་མ་རྣམས་སོ་སོའི་གྲུབ་མཐའ་ནང་འགལ་དུ་ཡོད་པས་མཐར་ཐུག་འཇོག་མི་ཤེས་པའི་ཕྱིར་འདིས་གནོད་དེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མས་འོག་མ་རྣམས་ལ་གནོད། །ཅེས་པ་ལྟར། ཐེག་པའང་གོང་མས་འོག་མ་ལ་གནོད་ཅིང་ཟིལ་གྱིས་གནོན་པ་རྒྱལ་པོས་རང་གི་མངའ་འོག་ལ་བྱ་བ་བཞིན་ནོ། །འདི་ནི་ངེས་པའོ།། །།

སྤྱི་དོན་དྲུག་པ། བར་དོ་གནད་ཀྱི་གདམས་ཚུལ།

༈ སྤྱི་དོན་དྲུག་པ་བར་དོ་གནད་ཀྱི་གདམས་ཚུལ་བསྟན་པ་ལ་གཉིས་ཏེ། བར་དོའི་གནས་སྤྱིིར་བསྟན་པ་དང་། གདམས་(༢༢༨)པའི་མཚོན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། རང་བཞིན་གྱི་བར་དོ། ཏིང་ངེ་འཛིན་གྱི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོའོ། །

དང་པོ་ནི་སྐྱེས་ནས་མ་ཤི་བའི་བར་གྱི་སྣང་བ་འདི་ཡིན་ཏེ་ངོ་སྤྲོད་བཞིས་ཤེས་བྱའི་སྒྲོ་འདོགས་བཅད་ནས་སེམས་དང་ཡེ་ཤེས་དབྱེ་བའི་མན་ངག་ཉམས་སུ་བླང་ངོ་། །གཉིས་པ་ནི་རྣལ་འབྱོར་པ་ཆོས་ཉིད་རང་ངོ་ལ་རྩེ་གཅིག་ཏུ་འཇོག་དུས་ཏེ་དགོངས་པ་རང་བྱུང་ཡེ་ཤེས་ལས་མ་གཡོས་པར་ཉམས་སུ་བླང་ངོ་། །གསུམ་པ་ནི་འཁྲུལ་སྣང་འགགས་ནས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རང་སྣང་དུ་ཤར་བའི་དུས་ཏེ། རང་སྣང་རང་ངོ་ཤེས་ནས་རིག་པ་བཙན་ས་ཟིན་པའི་གནད་ལ་སློབ། གཞི་པ་ནི་ཆོས་ཉིད་ནུབ་ནས་སྐྱེ་བ་ཕྱི་མ་མ་ལོན་པའི་བར་གྱི་འཁྲུལ་སྣང་རྨི་ལམ་ལྟ་བུ་སྟེ། སྐྱབས་སུ་འགྲོ་བ་དང་སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་དང་། བླ་མའི་གདམས་ངག་གིས་ཐམས་ཅད་བདེན་མེད་དུ་སྦྱངས་ལ། ལས་ཀྱི་འཕྲོ་མཐུད་པའི་ཐབས་ངོས་ཟིན་པར་བྱའོ། །དེ་དག་ཀྱང་ངོ་བོ། ངེས་ཚིག །དབྱེ་བ། དཔེ། གདམས་ཚུལ་དང་ལྔས་བསྟན་པ་ནི། ཀུན་གསལ་ལས། བར་དོ་རྣམ་པ་བཞིར་བཤད་དེ། རང་བཞིན་དག་གི་བར་དོ་དང་། ཏིང་ངེ་འཛིན་གྱི་བར་དོ་དང་། ཆོས་ཉིད་འོད་གསལ་བར་དོ་དང་། སྲིད་པ་བར་དོ་རྣམས་སོ། །དེ་ལ་རང་བཞིན་གྱི་བར་དོ་ནི། ད་ལྟའི་འཁྲུལ་སྣང་འདི་ཉིད་ཡིན། །ཏིང་འཛིན་བར་དོ་ཞེས་བྱ་བ། །ལས་སུ་མ་རུང་སྒོམ་དུས་ཡིན། །ཆོས་ཉིད་བར་དོ་ཞེས་བྱ་བ། །འཁྲུལ་སྣང་འགགས་ནས་ཞག་ལྔའི་བར། །རང་སྣང་ཡེ་ཤེས་འོད་དུ་ཤར། །འོད་ལ་གནས་པས་བར་དོ་ཡིན། །སྲིད་པའི་བར་དོ་ཞེས་བྱ་བ། །ཆོས་ཉིད་འོད་གསལ་སྣང་བ་ལ། །རྟོགས་པའི་ཤེས་རབ་མ་སྐྱེས་པས། །སྔ་མའི་ཡེ་ཤེས་བག་ལ་ཞ། །སྔར་གྱི་བག་ཆགས་སྣང་བ་ཤར། །དབང་པོ་ཀུན་ཚང་ཐོགས་མེད་ལྡན་། སྲིད་པའི་ཤ་གཟུགས་མངོན་དུ་ཤར། །རང་དང་རིགས་མཐུན་ལྷ་མིག་མཐོང་། །ལུས་དང་འདུག་ས་ཚོལ་བར་བྱེད། །ངོ་བོ་དབྱེ་བ་བཅས་པའོ། །ངེས་པའི་དོན་ལ་མི་གནས་པས། །རང་ས་མ་ཟིན་བར་དོ་ཡིན། །ངེས་པའི་གཏན་ཚིགས་ཞེས་བྱའོ། །དཔེར་ན་འཇིག་རྟེན་དོན་གཉེར་བ། །འགྲོ་སར་མ་ཕྱིན་བར་ཞག་བཞིན། །རང་བཞིན་གནས་པའི་བར་དོ་ལ། །རྒྱུད་ལུང་ཀུན་གྱི་ཁོག་བཀྲོལ་ཏེ། །ངོ་སྤྲོད་རྣམ་བཞིས་གཏན་ལ་དབབ། །རང་རིག་ལྟ་བའི་ཐག་གཅད་(༢༢༩)པའོ། །ཏིང་འཛིན་བར་དོ་གསལ་གདབ་བྱ། །ཆོས་ཉིད་བར་དོ་ངོས་གཟུང་བའོ། །གལ་ཏེ་དེ་ལྟར་མ་གྱུར་པས། །སྲིད་པ་ལས་ཀྱི་འཕྲོ་འཐུད་དོ། །ཞེས་སོ། །དེའང་རང་མལ་གཞི་ལས་གཡོས་ཏེ། བར་དོ་བཞིར་སྣང་བ་མ་དག་འབྲས་བུར་མ་སླེབས་པས་བར་དོ་ཞེས་བྱ་སྟེ། གཞི་ལས་རྩལ་སྣང་ལ་འཁྲུལ་ནས་ཁ་ཕྱིར་བལྟས་པའི་དུས་སུ་རྡོས་པ་དང་བྲལ་དུས་གཞི་སྣང་ལ་རང་ས་གཟུང་བ་ཤིན་ཏུ་གཅེས་སོ། །

གཉིས་པ་གདམས་པའི་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ངོ་སྤྲོད་བཞིས་གཏན་ལ་དབབ་པ། དུས་གནད་བཞིས་ཆས་སུ་ཞུགས་པ། གྲོལ་ཚུལ་གསུམ་གྱིས་རིམ་པ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཆོས་སྐུ་རིན་པོ་ཆེའི་སྦུབས། ལོངས་སྐུ་ལྔ་ལྡན། སྤྲུལ་སྐུ་བར་དོ། སྐུ་གསུམ་འདུ་འབྲལ་མེད་པ་རྫོགས་ལྡན་ཆེན་པོའི་ངོ་སྤྲོད་དོ། །

དང་པོ་གཞི་ལྷུན་གྲུབ་དང་། རྟོགས་པ་མངོན་གྱུར་གཉིས་ལས། དང་པོ་ནི་གཞི་ལ་ཚང་ཚུལ་དང་། དེ་ལས་ཤར་ཚུལ་གྱི་དབང་དུ་བྱས་ནས། ཆོས་སྐུ་མན་ཤེལ་ལ་ངོ་སྤྲོད། ལོངས་སྐུ་འདྲ་འབག་ལ་ངོ་སྤྲོད། སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་ལ་ངོ་སྤྲོད། སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ལ་ངོ་སྤྲོད་དོ། །འོད་ཁྱིམ་ཁ་སྦྱོར་ནི། ནང་སྙིང་གའི་རང་འོད་དང་། ཕྱི་མན་ཤེལ་གྱི་འོད་ཁྱིམ་གཉིས། བར་རྒྱང་ཞགས་སུ་རྟགས་ཀྱི་འོད་ཁ་དོག་སྟེ་འོད་གསུམ་ངོ་སྤྲད། ནང་གི་དོན་དམར་སེར་རྟགས། ཕྱིའི་འོད་དཔེའོ། །རྟོགས་པ་མངོན་གྱུར་ནི་བར་དོ་ལ་བརྩི་སྟེ་འོད་གསལ་ངོས་ཟིན་ནས་སྤྲུལ་པ་འབྱིན་པ་སྤྲུལ་སྐུ་ངོ་སྤྲོད་དོ། །ལྔ་ལྡན་ཚོམ་བུར་སྣང་བ་ལོངས་སྐུ་ངོ་སྤྲོད། སྐུ་གསུམ་རང་སྣང་དུ་འདུ་འབྲལ་མེད་པར་རྫོགས་ལྡན་ཏེ་ལོངས་སྐུའོ། །རིན་པོ་ཆེའི་སྦུབས་སུ་ཕྱིན་པ་ནི་རྫོགས་ལྡན་ཆེན་པོ་ཆོས་སྐུའི་ངོ་སྤྲོད། ཡང་ན་ཆོས་ཉིད་རང་སྣང་ཤར་བ་སྤྲུལ་སྐུ། ཚོམ་བུར་སྣང་བ་ལྔ་ལྡན་ལོངས་སྐུ། གྲོལ་ནས་སྤྲུལ་པ་འབྱིན་པ་རྫོགས་ལྡན་ཏེ་འདུ་འབྲལ་མེད་པས་རིན་པོ་ཆེའི་སྦུབས་ཆོས་སྐུར་ངོ་སྤྲོད་དོ། །དེ་ལྟར་བཞི་ཡང་། ཆོས་ཉིད་ཐིག་ལེ་ཉག་ཅིག་གི་ངོ་སྤྲོད། ལོངས་སྐུ་མཧཱ་ཡོ་གའི་ངོ་སྤྲོད། སྤྲུལ་སྐུ་ཨ་ནུ་ཡོ་གའི་ངོ་སྤྲོད། འདུ་འབྲལ་མེད་པ་རྫོགས་ལྡན་རྫོགས་པ་ཆེན་པོའི་ངོ་སྤྲོད་བཞིར་བསྟན་ཏེ། སྤྲོད་ཚུལ་ནི་མན་ཤེལ་ལ་བརྟེན་ནས་ལག་ཁྲིད་ལྟར་གཟབས་ལ་བྱའོ། །དེ་དག་ཀྱང་བཤད་རྒྱུད་ལས། ཀྱཻ་གསང་བའི་བདག་པོ། ངོ་སྤྲོད་(༢༣༠)རྣམ་པ་བཞིར་ཤེས་པར་བྱའོ། །ཅི་སྟེ་ཡུལ་བཞིར་ངེས་པའི་ཕྱིར་ནའོ། །བཞི་གང་ཞེ་ན། ཆོས་སྐུ་རིན་པོ་ཆེའི་སྦུབས་དང་གཅིག །ལོངས་སྐུ་ལྔ་ལྡན་དང་གཉིས། སྤྲུལ་སྐུ་བར་དོ་དང་གསུམ། སྐུ་གསུམ་འདུ་འབྲལ་མེད་པ་རྫོགས་ལྡན་དང་བཞིའོ། །དེ་བཞི་མི་བརྫུན་ཅིང་ངེས་པར་ཐེ་ཚོམ་དང་བྲལ་ཏེ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ངོ་སྤྲོད་པར་བྱ་བ་ཤེས་བྱ་མ་འགགས་པའོ། །རིགས་ཀྱི་བུ་དེ་བས་ན། གྲངས་ངེས་པའི་གཏན་ཚིགས་སོ། །གདམས་པ་འགྲོགས་པའི་ཚེ་སྒོམ་འདྲིས་གཉིས་སུ་བསྟན་ནོ། །གཞི་ལྷུན་གྲུབ་ཀྱི་སྒོམ་དང་། རྟོགས་པ་མངོན་གྱུར་གྱི་སྒོམ་མོ། །ཀྱཻ་གསང་བདག །གཞི་ལྷུན་གྲུབ་ཀྱི་སྒོམ་ནི། དང་པོ་ཆོས་སྐུར་ངོ་སྤྲོད་དོ། །དེ་ནས་ལོངས་སྐུར་ངོ་སྤྲོད་དོ། །དེ་ནས་སྤྲུལ་སྐུར་ངོ་སྤྲོད་དོ། །དེ་ནས་འདུ་འབྲལ་མེད་པའི་ངོ་སྤྲད་དོ། །སྤྲད་ཐབས་ལ་གཉིས་ཏེ། བརྡ་དང་། ངག་གོ། །མཚོན་དཔེ་བརྡ་ལ་བཞི་སྟེ། ཆོས་སྐུ་མཚོན་པ་རྡོ་རྗེ་སེམས་དཔའི་མེ་ལོང་དང་། ལོངས་སྐུ་མཚོན་པ་འདྲ་འབག་དང་། སྤྲུལ་སྐུ་མཚོན་པ་འོད་ཁྱིམ་ཁ་སྦྱོར་དང་། འདུ་འབྲལ་མེད་པ་མཚོན་པ་ཉི་མའོ། །བརྗོད་པའི་སྒྲ་བཞི་སྟེ། དང་པོ་ཆོས་སྐུ་མཚོན་པའི་ཚེ། །ཀྱཻ་སྣོད་ལྡན་ཐུགས་ཀྱི་མེ་ལོང་འདི། །ཆོས་སྐུ་དངོས་ནི་མ་ཡིན་ཏེ། །འདི་ཅི་འདྲ་བར་ཤེས་པར་བྱའོ། །དཔེ་འདི་ལ་ཕྱི་ནང་མེད་པ་ལྟར། ཆོས་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག །དཔེ་འདི་ལ་མདུན་རྒྱབ་མེད་པ་ལྟར། ཆོས་སྐུ་ལ་མདུན་རྒྱབ་མེད་པར་ཤེས་པར་གྱིས་ཤིག །དཔེ་འདི་དག་པ་ཟང་ཐལ་བ་བཞིན་དུ། ཆོས་སྐུ་དྲི་མེད་ཟང་ཐལ་དུ་ཤེས་པར་གྱིས་ཤིག །འདི་ཡི་ནང་མེད་པའི་ནང་ན། རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར། ཆོས་སྐུ་ནང་གསལ་གྱི་ནང་ན་གཟུགས་སྐུ་ནང་གསལ་དུ་གྲུབ་སྟེ། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་ཤེས་པར་གྱིས་ཤིག །འདིའི་ནང་ནས་འོད་ཕྱིར་འཆར་ནུས་པ་ལྟར། ཆོས་སྐུ་ལ་གཟུགས་སྐུ་གཉིས་གདུལ་བྱ་གཉིས་ལ་སྣང་ནུས་པར་ཤེས་པར་གྱིས་ཤིག །རིགས་ཀྱི་བུ་ལོངས་སྐུའི་གདམས་ངག་ནི། འདྲ་འབག་མེ་ལོང་ལ་བསྟན་པའི་ཚེ། མེ་ལོང་འདི་དག་ཅིང་གསལ་བ་ལྟར། ཆོས་ཉིད་དག་ཅིང་གསལ་བའོ། །མེ་ལོང་ནང་ན་གཟུགས་བརྙན་སྣང་ལ་རང་བཞིན་མེད་པར་གནས་པ་བཞིན། ཆོས་ཉིད་ཀྱི་ཀློང་ན་སྐུ་ལྔ་ཕྱག་རྒྱ་མ་བསྐྱེད་པ་ནི་ཕྱག་མཚན་གབ་སྟེ་ཕྱག་རྒྱ་ཙམ་རེའོ། །སྣང་ལ་རང་བཞིན་(༢༣༡)མེད་པར་གནས་པའོ། །ཀྱེ་རིགས་ཀྱི་བུ་སྤྲུལ་སྐུ་བརྡ་དང་སྦྱོར་བའི་དུས་སུ། ངག་ནི་མེ་ལོང་དག་ཅིང་གསལ་བ་ལྟར། ཆུའི་སྒྲོན་མ་རྣམ་པར་དག་ཅིང་གསལ་བའོ། །མེ་ལོང་ལ་ཕྱག་རྒྱ་མ་བསྐྱེད་པའི་སྐུ་ལྔར་སྣང་བ་འོད་དུ་གསལ་བ་ནི། འདི་ལྟ་བ་རྟགས་ཀྱི་ཡེ་ཤེས་ཡིན་ཏེ་སྤྲུལ་པའི་སྐུའོ། །སྐུ་གསུམ་འདུ་འབྲལ་མེད་པར་བརྡའ་དང་ངག་སྦྱོར་བའི་ཚེ། ཀྱཻ་གསང་བདག་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགགས་པ་བཞིན་དུ་ཆོས་སྐུ་ལས་གཟུགས་སྐུ་གཉིས་ཀྱིས་བརྒྱན་ཏེ། དོན་འདུ་འབྲལ་མེད་པར་བཤད་དོ། །

ཀྱཻ་གསང་བའི་བདག་པོ་ངེས་པར་ཡིད་ལ་ཟུང་ཞིག །རྟོགས་པ་མངོན་གྱུར་གྱི་སྒོམ་འདྲིས་ནི། བར་དོ་ཡན་ཆད་བརྩི་བས་ཏེ། སྤྲུལ་པ་སྐུའི་ངོ་སྤྲོད་ནི། །ཆོས་ཉིད་བར་དོའི་ངོ་སྤྲོད་ཡིན། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་ནི། །ལྔ་ལྡན་དག་གི་ངོ་སྤྲོད་ཡིན། །སྐུ་གསུམ་འདུ་འབྲལ་མེད་པ་ནི། །རྫོགས་ལྡན་དག་གི་ངོ་སྤྲོད་ཡིན། །ཆོས་ཀྱི་སྐུ་ཡི་ངོ་སྤྲོད་ནི། །རྫོགས་ལྡན་ཆེན་པོའི་ངོ་སྤྲོད་ཡིན། །བརྡ་ངག་མཐུན་པར་བཤད་པ་ལ། །དང་པོར་བར་དོའི་ངོ་སྤྲོད་བྱ། །དེ་རྟོགས་སྐུ་རུ་སྣང་བས་ཡིན། །དེ་ནས་ལྔ་ལྡན་ངོ་སྤྲོད་བྱ། །དེ་ལ་མངོན་ཤེས་ལ་སོགས་པའི། །ཆེ་བ་ཡོངས་སུ་རྫོགས་པས་ན། །རྫོགས་ལྡན་ངོ་སྤྲོད་བྱ་བ་ཡིན། །ཐུགས་རྗེའི་འབྱུང་གནས་མྱ་ངན་འདས། །དེ་ནས་རྫོགས་ལྡན་ཆེན་པོ་ཡི། །ངོ་སྤྲོད་གདམས་ངག་ངེས་པར་བསྟན། །དཔེ་ནི་གོང་གི་བརྡ་བཞི་ལ། །རྟགས་ནི་བྱང་ཆུབ་སེམས་ཡིན་ཏེ། །ངོ་སྤྲོད་བཞི་ཡིས་འགྱུར་མེད་རྟགས། །དོན་ནི་སྐུ་གསུམ་འདུ་འབྲལ་མེད། །བདེན་དོན་རྣམ་པ་བཅུ་གཉིས་ཡིན། །སྤྲད་པའི་ཡུལ་བཞི་གོང་བསྟན་པས། །དེ་ཉིད་རྣམ་པ་བཅུ་དྲུག་རིགས། །དེ་ལ་དགོངས་པ་རྣམ་པ་བཞི། །ལྷུན་གྲུབ་ངེས་པའི་གདམས་ངག་བཞིས། །ངོ་སྤྲོད་རྟོགས་པ་ཐོབ་པར་འགྱུར། །དེ་ནི་དགོངས་པས་མདོར་བསྡུས་ཡིན། །དེ་ཡི་ཚིག་བཤད་རྒྱས་བཤད་པ། །ཐིག་ལེ་ཉག་ཅིག་ངོ་སྤྲོད་ཀྱིས། །ཆོས་སྐུ་རང་གནས་དོན་རྟོགས་ཤིང་། །རིན་ཆེན་སྦུབས་ཀྱི་དགོངས་པ་ཆོད། །མཧཱ་ཡོ་གའི་ངོ་སྤྲོད་ཀྱིས། །ལོངས་སྐུ་རང་གནས་དོན་རྟོགས་ཤིང་། །ཡེ་ཤེས་ལྔ་ལྡན་དགོངས་པ་ཆོད། །ཨ་ནུ་ཡོ་གའི་ངོ་སྤྲོད་ཀྱིས། །སྤྲུལ་སྐུ་རང་གནས་དོན་རྟོགས་ཤིང་། །ཆོས་ཉིད་བར་དོའི་དགོངས་པ་ཆོད། །རྫོགས་པ་ཆེན་པོའི་ངོ་སྤྲོད་ཀྱིས། །འདུ་འབྲལ་མེད་པའི་དོན་རྟོགས་ཤིང་། །(༢༣༢)རྫོགས་ལྡན་དག་གི་དགོངས་པ་ཆོད། །ངོ་སྤྲོད་རྣམ་བཞི་བྱས་པ་ཡིས། །ཡུལ་བཞི་རིམ་པར་ཤར་བའི་ཚེ། །ཤེས་པའི་དྲན་པ་རེ་རེ་སད། །སོ་སོའི་གྲུབ་མཐའ་རེ་རེ་རྫོགས། །ཡུལ་ལ་དྲན་པ་རེ་རེ་སད། །དྲན་པ་བཞི་ཡི་ཏིང་འཛིན་རྒྱལ། །དེ་ཚེ་མངོན་པར་སངས་རྒྱས་ཤིང་། །ཞི་བ་མྱ་ངན་འདས་པས་ན། །རྣམ་པ་ཉི་ཤུ་བྱང་ཆུབ་པའོ། །དེ་ལྟར་རྟོགས་ན་སངས་རྒྱས་པས། །རྣམ་པ་ཀུན་རིག་སངས་རྒྱས་མཆོག །ངོ་སྤྲོད་བཞི་ཡི་དགོངས་པ་ཡིན། །ཞེས་སོ། །དེ་ལྟར་ངོ་འཕྲོད་པས་བར་དོར་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་གོམས་པར་བྱ་བ་གཅེས་སོ། །

གཉིས་པ་དུས་གནད་བཞིས་ཆས་སུ་ཞུགས་པ་ལ་བཞི་སྟེ། འཁྲུལ་པའི་སྣང་བ་འགགས་པ། ཡེ་ཤེས་ཀྱི་སྣང་བ་འཆར་བ། རང་རིག་ཤེས་པ་ལ་འཇུག་པ། རྟགས་ཀྱི་རིམ་པ་འབྱུང་དུས་སོ། །

དང་པོ་ནི་སྦུབས་མཐོ་བ་ལ་ཕྱོགས་དུས་ཕྱི་ཡུལ་སྣང་གི་འཁྲུལ་པར་འཛིན་པ་ནང་གི་སེམས་ལ་འདུས་པས། གཟུང་བ་ཡུལ་དང་བྲལ་བའོ། །སེམས་ཡེ་ཤེས་སུ་འདུས་པས་འཛིན་པ་སེམས་དང་བྲལ་ལོ། །དང་པོ་ཡེ་ཤེས་ལ་ཤར་བས་ཐ་མ་ཡེ་ཤེས་སུ་འདུས་པའོ། །གཉིས་པ་ནི་ཡེ་ཤེས་ཁོང་གསལ་བུམ་ནང་གི་མར་མེ་ལྟར་གསལ་བ། གསུམ་པ་ནི་དུས་དེར་རང་གི་ཤེས་པ་སྙིང་གའི་ཡེ་ཤེས་ཁོང་གསལ་དུ་འཇུག་སྟེ། རླུང་མེད་པས་སེམས་མེད། སེམས་མེད་པས་གདངས་ཀྱི་ཤེས་པ་གཞན་དུ་འཇུག་པའི་ས་མེད་པའོ། །དོན་ལ་ཐམས་ཅད་རིག་པ་ཡེ་ཤེས་སུ་འཇུག་ཅིང་འདུས་པའི་དུས་སོ། །བཞི་པ་ནི། འཁྲུལ་པ་འགགས་དུས་སུ་རྟགས་འདི་རྣམས་འབྱུང་སྟེ། ས་ས་ལ་ཐིམ་པས་ལུས་ལྕི། ཤེས་པ་འཐིབས། ཆུ་ཆུ་ལ་ཐིམ་པས་ཁ་སྣའི་ཆུ་སྐམ། མེ་མེ་ལ་ཐིམ་པས་མཐའ་བཞིའི་དྲོད་འཆོར། རླུང་རླུང་ལ་ཐིམ་པས་ལུས་དང་ཤེས་པ་བྱིངས། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཚོར་བ་རྣམ་རྟོག་འགག །ཐམས་ཅད་སྔོ་ཕྱམ་པ་ཀ་དག་གི་སྣང་བ་དར་ཅིག་འཆར། ནམ་མཁའ་འོད་གསལ་ལ་ཐིམ་པས་ཆོས་ཉིད་རང་སྣང་དུ་ཤར་བ་འབྱུང་། དེ་ནས་ཡེ་ཤེས་གཞི་ནས་བཏེག་སྟེ་ལམ་དར་དཀར་གྱི་སྐུད་པ་འདྲ་བར་ཞུགས་ནས་རྒྱང་ཞགས་ནས་འཐོན་ཏེ་སྣང་སྲིད་ཞིང་ཁམས་སུ་གསལ་བའི་རྟགས་འཆར་ཏེ། ཡང་དེ་ཉིད་ལས། འཇིག་རྟེན་འཁྲུལ་པའི་སྣང་བ་འདི། །དང་པོ་རང་ལས་ཤར་བའི་ཕྱིར། །ཐ་མ་རང་གི་ངང་དུ་གྲོལ། །གོང་བསྟན་རང་(༢༣༣)ཤར་རང་གྲོལ་བཞིན། །སྣང་བ་སེམས་ཀྱི་དབང་འདུས་པས། །གཟུང་བར་བྱ་བའི་ཡུལ་དང་བྲལ། །སེམས་རྟོག་ཡེ་ཤེས་དབང་གྱུར་པས། །འཛིན་པར་བྱེད་པའི་སེམས་དང་བྲལ། །གཟུང་འཛིན་བྲལ་བའི་རིག་པ་ལ། །ཡེ་ཤེས་རང་གདངས་འོད་གསལ་བས། །མཁའ་ལ་འཇའ་ཚོན་གསལ་བ་ལྟར། །ཆོས་ཉིད་ཀློང་ན་ཡེ་ཤེས་གསལ། །མཐའ་དབུས་མེད་པར་ཀུན་ཏུ་གསལ། །དེ་ཚེ་ཤེས་པ་དེ་ལ་འཇུག །དྭངས་མའི་འབྱུང་བ་རྣམ་པ་ལྔ། །རང་རང་ངང་དུ་དག་ཅིང་ཐིམ། །འབྱུང་བའི་སྐབས་སུ་བསྟན་པ་བཞིན། །དང་པོ་ས་ལ་ས་ཐིམ་པས། །ལུས་ལྕི་ཤེས་པ་འཐིབས་པ་ཡིན། །དེ་ནས་ཆུ་ལ་ཆུ་ཐིམ་པས། །ལུས་པོ་ཁ་སྣ་བསྐམ་པ་ཡིན། །དེ་ནས་རླུང་ལ་རླུང་ཐིམ་པས། །ལུས་དང་ཤེས་པ་འཐིབས་ཤིང་བྱིང་། །དེ་ཚེ་མེ་ལ་མེ་ཐིམ་པས། །ལུས་ཀྱི་དྲོད་དང་བྲལ་བ་ཡིན། །རྣམ་ཤེས་ནམ་མཁའི་དབྱིངས་ལ་ཐིམ། །ཚོར་བ་བདེ་སྡུག་རྣམ་རྟོག་བྲལ། །ཁྱབ་པ་མེད་པའི་གདངས་ལ་གནས། །ཆོས་ཉིད་རང་གི་ངོ་བོ་ལྔ། །ཐིག་ལེ་ལྔ་ཡི་བདུད་རྩི་ཅན། །རང་བཞིན་དག་པའི་ནམ་མཁའ་དང་། །གཉིས་མེད་གཅིག་མིན་དོན་གྱི་གནས། །ཅི་ཕྱིར་འདི་ལས་ལོགས་མེད་དེ། །བག་དང་མ་བྲལ་ཁ་དོག་དབྱིབས། །དེར་སྣང་དེ་ཡི་ངོ་བོ་ལ། །དེ་ཕྱིར་དེ་ལ་དེ་སྐད་བརྗོད། །ཡེ་ཤེས་གཞི་ལ་འབྲོས་པའི་རྟགས། །རི་རབ་རྩེ་ཡི་ཉི་མ་ནུབ། །རླུང་བཞི་རིམ་པས་ཞི་གྱུར་ནས། །ལས་ཀྱི་རླུང་གིས་བསྐྱོད་པའི་རྟགས། །འཆི་བདག་བདུད་ཀྱི་གྲོང་ཁྱེར་ནས། །བདུད་ཀྱི་སོ་པ་མི་གཅིག་བཏང་། །དུས་ལ་བབ་དང་མ་བབ་བལྟ། །མང་ཡང་དེ་རྟགས་བསྡུས་པ་ཡིན། །ཞེས་སོ། །

གསུམ་པ་གྲོལ་ཚུལ་གསུམ་གྱིས་རིམ་པ་བསྟན་པ་ལ། དབང་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་དེ་ཡེ་ཤེས་ཟང་ཐལ་ཆེན་པོར་ད་ལྟ་རྟོགས་པའི་རླུང་དང་འདུ་འབྲལ་མེད་པས། ཁང་ནང་གི་ནམ་མཁའ་དེ་མཐོངས་ཀྱི་ནམ་མཁའ་ཆེན་པོ་དང་འབྲེལ་བ་ལྟར་རྟོགས་པ་ཟང་ཐལ་བག་ཆགས་སྦུབས་ཀྱི་རིག་པ་དེ་ཆུ་ཡི་སྒྲོན་མ་ཟང་ཐལ་གྱི་མཚམས་སྦྱོར་ནས་ཆོས་སྐུ་ལྷུན་གྲུབ་ཀྱི་སྦུབས་དང་གཉིས་མེད་ཆེན་པོར་འབྲེལ་བས་བག་ཆགས་ཀྱི་སྦུབས་ཀྱིས་མ་བསྒྲིབས་པར་ད་ལྟར་ཆོས་སྐུར་འབྲེལ། སྦུབས་འཕོ་དུས་ཁང་པ་ཞིག་པས་ནམ་མཁའ་གསུམ་རྣམས་དབྱེར་མེད་པ་ལྟར། ཆོས་ཉིད་བར་དོ་འཆར་ལོངས་མེད་(༢༣༤)པར་རིན་པོ་ཆེའི་སྦུབས་ལ་རང་ས་ཟིན་པ་སེང་གེ་མཆོངས་སྟབས་གཅིག་གིས་ས་བཅད་པ་ལྟ་བུའོ། །ནམ་མཁའ་ཚན་གསུམ་གྱི་དཔེ་ཡང་ནམ་མཁའ་རིགས་གཅིག་བསྟན་ལ་རིག་པ་ཚན་གསུམ་བྱས་ཀྱང་ཕྱི་ནང་བར་གསུམ་གཅིག་ཏུ་དྲིལ་བ་མ་ཡིན་ཏེ། ད་ལྟའི་ཟང་ཐལ་སྦུབས་དང་བྲལ་བས་རྗེན་པར་སོང་བ་རིན་ཆེན་སྦུབས་སུ་ངོས་འཛིན་པའོ། །ད་ལྟ་ལུས་ཡོད་པས་དེར་མ་བརྗོད་ཀྱང་། དོན་ལ་ད་ལྟ་རིན་ཆེན་སྦུབས་སུ་ངོས་འཛིན་པའོ། །འདི་ལ་གོམས་དགོས་མི་དགོས་ཀྱི་ཆ་ནས་རབ་འབྲིང་ཐ་གསུམ་དུ་ཕྱེ་ལ། དོན་ཟང་ཐལ་གཅིག་ཏུ་གནས་པས་ངོ་བོ་ལ་རྩིར་མེད་པའི་ཕྱིར། རབ་སེང་གེའི་མཆོངས་སྟབས་ཀྱིས་སངས་རྒྱས་པ་ཞེས་གཅིག་ཏུ་བསྟན་པའོ། །འབྲིང་ལ་གསུམ་ལས། འབྲིང་གི་རབ་སྐད་ཅིག་མ་གསུམ་ལ་གྲོལ། འབྲིང་གི་འབྲིང་བསམ་གཏན་གྱི་ཞག་ལྔ་ལ་གྲོལ། འབྲིང་གི་ཐ་མ་རང་སྣང་གི་འཆར་ཚུལ་དྲུག་རྫོགས་ནས་གྲོལ་བའོ། །འདི་དག་འཁྲུལ་པ་རིམ་གྱིས་བགག །ཡེ་ཤེས་རིམ་གྱིས་འཆར། རང་སྣང་རིམ་གྱིས་རྟོགས་པ་ལ་ལྟོས་ནས་རབ་འབྲིང་གསུམ་དུ་གནས་པ་ཡིན་ནོ། །ཐ་མ་ལ་གསུམ་དུ་ཕྱེ་ཡང་དོན་གྱི་དབང་པོ་དམན་པས་སྐྱེ་བ་གཅིག་གིས་ཐོགས་པའི་ཕྱིར་གཅིག་ཏུ་བཞག་པ་ཡིན་ནོ། །དེ་ཡང་ཀུན་གསལ་ལས། དབང་པོ་ཡང་རབ་གྱུར་པ་ལ། །ཡེ་ནས་ཟང་ཐལ་ཆེན་པོ་ལ། །བར་དོ་མེད་ཅིང་སྐད་ཅིག་མེད། །ད་ལྟ་ཉིད་དུ་གནས་པ་ཡིན། །རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ངོ་བོ་གནས། །དེ་ལ་རིག་པ་ཟང་ཐལ་ཤར། །ཤར་བ་མ་ཡིན་གནས་པ་ཡིན། །དཔེར་ན་ནམ་མཁའ་ཟང་ཐལ་ལ། །ཁང་ཁྱིམ་བྱས་པས་གུད་དུ་ཆད། །ཁང་པ་ནང་གི་ནམ་མཁའ་དང་། །རང་བཞིན་དག་པའི་ནམ་མཁའ་གཉིས། །སྒོ་འམ་མཐོངས་ནས་སྒྲིབ་མེད་པར། །ནམ་མཁའ་གཉིས་པོ་སྒྲིབ་མེད་གསལ། །བག་ཆགས་སྦུབས་ཀྱི་རིག་པ་དང་། །ནམ་མཁའ་ལ་གནས་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་ལུས་ཀྱིས་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེང་གེ་མཆོངས་པས་ས་ཆོད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོ་སྐྱེ་འགག་མི་གནས་པར། །རིན་ཆེན་སྦུབས་ཀྱི་ངང་དུ་གཅོད། །དེ་བས་ཡེ་གྲོལ་ཆེན་པོར་གནས། །དེ་ལ་རྩིས་གདབ་མི་བྱའོ། །ཇི་ལྟར་དོན་བརྗོད་མི་ཤེས་(༢༣༥)པའི། །དབང་པོ་དམན་པའི་གང་ཟག་ལ། །གྲོལ་ལུགས་རྩིས་གདབ་བྱ་རྒྱུ་མེད། །བྱས་ཀྱང་ངེས་པ་མི་རྙེད་པས། །སྐྱེ་བ་གཅིག་གིས་ཐོགས་པར་བཤད། །དེ་ནས་དེ་ཉིད་འཕྲད་པར་འགྱུར། །འབྲིང་ལ་རབ་འབྲིང་ཐ་མ་གསུམ། །འབྲིང་གི་རབ་དང་འབྲིང་གི་འབྲིང་། །འབྲིང་གི་ཐ་མ་རྣམ་པ་གསུམ། །འབྲིང་གི་རབ་ཀྱི་གྲོལ་ལུགས་ནི། །སྐད་ཅིག་གསུམ་ལ་གྲོལ་བར་འགྱུར། །དང་པོ་སྣང་བ་ཚུར་ལ་འཇུག །སྒོ་ལྔའི་རྣམ་ཤེས་དག་པའོ། །ནང་གི་འབྱུང་བ་འོད་ལ་འདུ། །རྣམ་ཤེས་ལྔ་པོ་དེ་བཞིན་འཇུག །རྩལ་སྣང་གཞི་ལ་འདུས་པ་ནི། །ཚོན་གྱི་གྲུ་གུ་བསྡོགས་པ་བཞིན། །དེ་ཚེ་རླུང་བཞི་རིམ་ཞི་ནས། །སྙིང་རྗེ་མེད་པ་ལས་ཀྱི་རླུང་། །སྲོག་པ་རྩ་ནས་ལྡང་བར་འགྱུར། །དེ་ཚེ་གནས་ནས་ལམ་དུ་འཇུག །ལམ་ནས་སྒོ་རུ་མྱུར་དུ་འཇུག །སྒོ་ལྔ་ཆོས་ཉིད་ཀློང་ན་འཆར། །ཐུགས་རྗེ་རྒྱུན་གྱི་ཐག་པ་ལ། །ཞོན་ནས་ཡེ་ཤེས་རང་གདངས་འཇུག །དེ་ནི་སྐད་ཅིག་དང་པོ་ལའོ། །དེ་ཚེ་སྐུར་སྣང་ཤེས་རབ་སྐྱེ། །བཞི་བཅུ་རྩ་གཉིས་མངོན་གསལ་ནས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཡེ་ཤེས་ལྔ་ལྡན་དགོངས་པ་ཡིན། །གོང་དུ་ཞིབ་པར་བཤད་པའི་ཕྱིར། །འདི་རུ་བརྗོད་པར་མི་བྱའོ། །དེ་ལས་མངོན་ཤེས་ཆོས་ཅན་འཆར། །སྐུ་གསུམ་རྣམ་པར་བཞག་པ་དེ། །ཡི་གེ་དྲུག་པའི་འོད་ཟེར་འཕྲོ། །སྤྲུལ་པའི་སྐུར་གྱུར་དོན་རྣམས་བྱེད། །དེ་ཚེ་རྫོགས་ལྡན་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གཉིས་ལའོ། །དེ་ནས་མྱ་ངན་འདས་གྱུར་ཏེ། །བློ་དང་འཁོར་བའི་ཆོས་ཅན་ལས། །འདས་ཏེ་མི་གནས་ངང་དུ་ཐིམ། །ཡེ་ཤེས་སྤྱན་གཅིག་འགྱུར་མེད་གསལ། །རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གསུམ་ལའོ། །འབྲིང་གི་འབྲིང་གི་གྲོལ་ལུགས་ནི། །དང་པོ་ཕྱི་ནང་འཁྲུལ་པ་འགག །གཉིས་པ་རང་གདངས་འོད་དུ་གསལ། །གསུམ་པ་དེ་ལ་སྐད་ཅིག་གནས། །བཞི་པ་རང་སྣང་སྐད་ཅིག་སྐྱེ། །ལྔ་པ་ལྔ་ལྡན་དགོངས་པ་རྫོགས། །མ་རིག་བདུད་བཞི་ངེས་བཅོམ་དེ། །བཞི་བཅུ་རྩ་གཉིས་མངོན་སངས་རྒྱས། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ནམ་མཁའི་མཐོངས་ནས་ཉི་ཤར་ལྟར། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཤར། །ལས་སྩོགས་ཡི་གེ་རྣམ་དྲུག་འཕྲོ། །དེ་ནི་སྤྲུལ་སྐུའི་རྒྱུ་ཡིན་ཏེ། །ལས་དང་གང་ཟག་རྣམ་པ་གཉིས། །འདུ་འཕྲོ་བྱེད་པའི་བར་དུ་འཕྲོ། །དཀར་དམར་རྣམ་གཉིས་ལུས་ཀྱི་རྒྱུ། །ཡི་གེ་དྲུག་ལ་བྱང་ཆུབ་སེམས། །ལུས་ཀྱི་རྒྱུ་ལ་སེམས་ཀྱི་(༢༣༦)རྒྱུ་ཤར་བས། །དཀར་དམར་ཀློང་ན་རིག་པ་གནས་པ་ཡིན། །གནས་པ་གནས་གབ་ལུས་དང་སེམས་ཀྱི་ཚུལ། །རིམ་པས་ལུས་རྫོགས་སྤྲུལ་སྐུས་འགྲོ་དོན་མཛད། །འགྲོ་བ་མ་ལུས་ཐམས་ཅད་ལ། །རང་རིག་ཡེ་ཤེས་ཡེ་གནས་པས། །སྙིང་པོ་འགྱུར་མེད་འགགས་པ་མེད། །དེ་དོན་ངེས་པར་སྒྲོགས་པར་བྱེད། །ཐུགས་ཀྱི་སྙིང་པོ་འགྲོ་ལ་འཆར། །སྟོན་པའི་དགོངས་པ་ལོངས་གྱུར་པས། །ཡིད་འབྲས་བཅུད་ལ་བཅུད་གབ་འགྱུར། །དེ་ཡིས་ངེས་པར་གྲོལ་བར་འགྱུར། །འབྲིང་གི་རྫོགས་ལྡན་དགོངས་པ་རྫོགས། །དེ་ནས་སྐད་ཅིག་དྲུག་པ་ལ། །སངས་རྒྱས་མྱ་ངན་ཡོངས་འདས་ཏེ། །ཡེ་ཤེས་རླུང་གི་སྟོབས་རྣམས་ཀྱིས། །དང་པོ་ཆོས་སྐུ་གཟུགས་སྐུར་བསྐྱོད། །ཐ་མ་རིམ་པས་ཐིམ་གྱུར་ཏེ། །ཡེ་ཤེས་རླུང་གིས་ཆོས་ཉིད་ངང་ལ་བསྐྱེད། །དེ་ཚེ་འབྱུང་བའི་མཚན་མ་རང་སར་ཐིམ། །སྤྲུལ་སྐུ་འབྱུང་ལྔ་འོད་ལྔའི་ངང་དུ་ཐིམ། །དེ་ལྔ་ཡེ་ཤེས་ངོ་བོའི་འབྱུང་སར་གྲོལ། །མ་ལས་ཤར་བས་མ་ཡི་ངང་དུ་ཐིམ། །དང་པོ་ཤར་ཡང་དབྱིངས་ཀྱི་ངང་དུ་ཤར། །བར་དུ་གནས་ཀྱང་ཆོས་ཉིད་ཀློང་ན་གནས། །ཐ་མ་ཐིམ་ཡང་ཆོས་ཉིད་ངང་དུ་ཐིམ། །སྤྱན་གསུམ་རྣམ་དག་འགྱུར་མེད་གཅིག་ཏུ་གསལ། །ཆོས་ཉིད་ངང་ན་རིག་པའི་ཡེ་ཤེས་གནས། །ཕྱིར་མི་གསལ་ལ་ཡེ་ཤེས་ནང་དུ་གསལ། །བུམ་པའི་ནང་གི་མར་མེ་གསལ་བ་བཞིན། །དེ་ཚེ་བསྒྱུར་མེད་སྐུ་གསུམ་རང་ས་ཟིན། །འབྲིང་གི་རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །འབྲིང་གི་ཐ་མའི་གྲོལ་ལུགས་ནི། ཕྱིའི་འབྱུང་བ་ལྔ་སྣང་བྱེད་ཀྱི་སྒྲོན་མ་ལྔ་ལ་ཚུར་གྲོལ་ཏེ་གཟུང་བའི་ཡུལ་དང་བྲལ་ལོ། །སྒོ་ལྔ་གསལ་བའི་སྒྲོན་མ་ཡེ་ཤེས་ཀྱི་དབང་དུ་འདུས་པས་འཛིན་རྟོག་དང་བྲལ་ལོ། །ནང་གི་འབྱུང་བ་ལྔ་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་ལྔ་ལ་འདུས་ཏེ། རྩལ་གཞི་ལ་འདུས་སོ། །དེའི་ཚེ་ཐུགས་ཀ་རིན་པོ་ཆེ་ཉི་ཟླ་ཁ་སྦྱོར་གྱི་ཀློང་ན་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་དྲིལ་ལོ། །དེ་ནི་བག་ཆགས་སྦུབས་ཀྱི་རང་ས་དེ་སྐད་ཅིག་མ་དང་པོ་ལ་གནས་སོ། །དེ་ཚེ་འབྱུང་བ་བཞི་ལ་འབྲོས་གནས་རྟགས་རིམ་པས་འབྱུང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ལ་སོགས་པ་ལྔ་ནི། འདེགས་པར་བྱེད་པའི་རླུང་ཚིགས་ལ་གནས་ཏེ། ལུས་ཡང་ཞིང་བསྐྱོད་ནུས་སོ། །དེ་ཞི་བས་ལུས་མི་ཐེག་སྟེ་དེ་ནི་ས་དང་འགྲོགས་པའི་རླུང་ངོ་། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལུས་སྤྱིར་ཁྱབ་པར་གནས་སོ། །དེ་(༢༣༧)ནི་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ། ལུས་ཀྱི་སྣུམ་བག་དང་མདངས་འབྱིན་ཏེ་ཤིན་ཏུ་བསྡོངས་པས་རྐྱེན་ཕྲ་མོས་ཀྱང་འབྲོས་ནུས་ཏེ་ལུས་བྲལ་བ་དང་བཀྲག་འཆོར་བའོ། །དེ་ནི་ཆུ་དང་འགྲོགས་པའི་རླུང་ངོ་། །དེ་ཞི་བས་མཾ་ས་ཉམས་སོ། །མེ་དང་མཉམ་པའི་རླུང་ནི་ཕོ་བ་ན་གནས་ཏེ། དེས་ཟས་འཇུ་བ་དང་། ལུས་དྲོ་བར་བྱེད་དོ། །དེ་ཞི་བས་དྲོད་འཆར་རོ། །ཟས་མི་འཇུ་སྟེ་མེ་དང་འགྲོགས་པའི་རླུང་ངོ་། །དྭངས་སྙིགས་འབྱེད་པའི་རླུང་དེ་སྒོ་འོག་སྒོ་གཉིས་ལ་ཁྱབ་པར་གནས་ཏེ། དེ་ནི་རླུང་གི་རླུང་དེ། ཟས་དྭངས་སྙིགས་འབྱེད་པ་དང་། སྙིགས་མ་གྱེན་མཐུར་དུ་སེལ་བར་བྱེད་དེ། ཐིག་ལེ་དཀར་དམར་དང་དྲི་ཆུ་ལ་སོགས་པ་སེལ་ལོ། །དེ་ཞི་བས་ཕོ་བ་རྫིང་བ་དང་། ཤེས་པ་དང་ལུས་བྱིང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ནི་རླུང་འཁོར་བ་སྲོག་པ་རྩ་ན་གནས་ཏེ། སྲོག་འཛིན་པའི་རླུང་ཡིན་པས། ཇི་སྲིད་གནས་ཀྱི་བར་དུ་ལུས་སེམས་མི་འབྲལ་བའོ། །དེ་ནི་རྣམ་པར་ཤེས་པ་དང་འགྲོགས་པའི་རླུང་སྟེ། དེ་བསྐྱོད་པས་ཙིཏྟ་ནས་ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་དེར་བསྐྱེད་དོ། །རྟགས་ཀྱི་མིག་གསང་སྒོར་ཕྱིན་ནོ། །དེའི་ཚེ་ཉི་མ་ཤར་གྱི་ལ་ཁར་ཕྱིན་ཡང་འོད་ནུབ་རི་ལ་འབྱུང་བའི་བར་ན་ཟེར་འདུག་པ་བཞིན་དུ་རིག་པའི་ཡེ་ཤེས་སྒོ་ལྔ་ན་གནས་ལ། དེའི་སྣང་བ་ཡུལ་ཆོས་ཉིད་ལས་གསལ་ཏེ། ཡེ་ཤེས་ཟང་ཐལ་ཡིན་པས། བར་ཆད་མེད་པ་ཐུགས་རྗེ་རྒྱུན་གྱི་ཐག་པས་འབྲེལ་ལོ། །ཐུགས་རྗེ་རྒྱུན་གྱི་ཐག་པ་ལ་ཞོན་ནས་རང་གི་གདངས་ལ་འཇུག་གོ། །ཡེ་ཤེས་ཀྱི་གདངས་ལ་ཞག་ལྔར་གནས་ཏེ། རིགས་ཀྱི་བུ་འཆར་བ་དུས་གཅིག་ལ་འཆར་ཏེ། ཡེ་ཤེས་ཀྱི་སྣང་བ་ལྔ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་ངོ་། །དེ་ལ་རྟོགས་པའི་ཤེས་རབ་རིམ་པས་སྐྱེས་ཏེ། ཞག་དང་པོ་ལ་འོད་མཐིང་ག་གསལ་བ་རིག་པ་ངོས་གཟུང་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་སྣང་རང་ཤར་རང་གསལ་རང་གདངས་སུ་ཤེས་པས་ཤེས་ལ་སྤྱོད་བྱེད་མེད་དོ། །ཞག་གཉིས་པ་ལ་ཆོས་དབྱིངས་ཡེ་ཤེས་གསལ་བའི་སྟེང་དུ། མེ་ལོང་ཡེ་ཤེས་འཆར་ཏེ། འོད་དཀར་པོ་ཡུལ་དུ་འཆར་བའི་ཚེ། དེ་ཉིད་རང་སྣང་རིག་པ་འགག་པ་མེད་པ་མེ་ལོང་ཡེ་ཤེས་སུ་ཆོད་དོ། །ཞག་གསུམ་པ་ལ་འོད་ཟེར་སེར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རིག་པ་སྟོང་པ་དབྱེར་(༢༣༨)མེད་རང་སྣང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་བཞི་པ་ལ་འོད་དམར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་ཤེས་པའི་ཤེས་རབ་མ་འགགས་པས། རང་སྣང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་ལྔ་པ་ལ། འོད་ལྗང་གུ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རང་སྣང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །སྐྱེ་བ་རིམ་པས་སྐྱེ་བས་ཞག་རེ་ལ་ཡེ་ཤེས་ཀྱི་སྣང་བ་རེ་གསལ་ལོ། །ཆོད་པ་ཐད་ཀར་ཆོད་པས་སྣང་བ་རེ་ལ་རྟོགས་པའི་ཤེས་རབ་རེ་སྐྱེ་སྟེ། སེམས་མེད་པས་ཤེས་པས་ཤེས་ཀྱང་རང་ཡལ་རྗེས་འཛིན་མེད་དོ། །སྤྱོད་བྱེད་མེད་དོ། །ཞག་ལྔས་ལུས་ཀྱི་མཐར་རྫོགས་པས་ཤེས་རབ་མཐར་རྫོགས་ཏེ། སྐད་ཅིག་ལ་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་ནང་ཚོམ་བུ་ལྔ་ཕྱག་རྒྱ་མི་འགགས་པར་གསལ་ལོ། །དེས་ཐ་མའི་ལྔ་ལྡན་གྱི་དགོངས་པ་རྫོགས་པའོ། །སྐུ་དེ་རྣམས་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྤྱན་རྣམ་པ་གསུམ་ལས་ཆོས་ཉིད་ཀྱི་སྤྱན་ནོ། །དེ་ཇི་ལྟར་འཆར་ན་སྤྱན་གྱི་མངོན་པར་ཤེས་པས། ཡར་གཟིགས་སུ་མེད་པས་ཆོས་སྐུ་རིན་པོ་ཆེ་ལྟ་བུར་གཟིགས། ཐད་ཀ་ན་ལོངས་སྤྱོད་རྫོགས་པའི་སྐུ་བཞི་བཅུ་རྩ་གཉིས་ཕྱག་རྒྱ་མི་འགགས་པར་འོད་དུ་གསལ། མར་སྤྲུལ་པ་སྐུའི་ཞིང་ཁམས་བག་ཆགས་ཀྱི་སྦུབས་ན་ཇི་ལྟར་གནས་པ་ཐམས་ཅད་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པས་ནི་ཡར་དུས་གསུམ་གྱི་སངས་རྒྱས་༼གནས་འདི་བསམ་གྱིས་མི་ཁྱབ་པས་༽ཐམས་ཅད་པས། ཐུགས་རྗེ་ཡེ་ཤེས་རྩེ་གཅིག་པ་ཉིད་ལ་གླེང་བ་གསན། དུས་གསུམ་དུས་གཅིག་ཏུ་མི་ཚོགས་ཀྱང་དེ་ལྟར་རང་སྣང་དུ་འཆར་བ་སེལ་ལོ། །ཐད་༼ཡི་གེ་དྲུག་པའི་རང་སྒྲ་གསན་༽ཀར་ལོངས་སྐུ་ཚོམ་བུ་ལྔ་རང་གསལ་ལོ། །མར་སྤྲུལ་སྐུའི་ཞིང་ན་ཇི་སྐད་སྨྲ་བ་ཐམས་ཅད་གསན་ནོ། །ཐུགས་རྗེའི་མངོན་པར་ཤེས་པས་ཡར་ཆོས་སྐུ་རིན་པོ་ཆེའི་སྦུབས་ན། འབྱེད་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གསལ་རང་སྣང་གི་ཡེ་ཤེས་ལ། གཞན་སྣང་གི་རྣམ་རྟོག་མེད་པར་བཞུགས་པ་མཁྱེན་ནོ། །ཐད་ཀར་རང་གི་དགོངས་པ་མི་འགགས་པར་གསལ་ལོ། །མར་སེམས་ཅན་གྱི་རྟོག་པ་མངོན་དུ་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པས་ནི། སྐུ་གསུམ་གྱི་བཞུགས་གནས་ཆོས་ཀྱི་དབྱིངས་དང་། འོད་ཀྱི་སྣང་བ་དང་། འབྱུང་བ་(༢༣༩)བཞི་ལ་སྟེགས་བྱས་ལུགས་མཁྱེན་ནོ། །རིགས་དྲུག་གནས་གཞན་མ་འགགས་པར་གསལ་ལོ། །ལས་ཀྱི་མངོན་པར་ཤེས་པས་ནི། སྔོན་རང་གིས་ཇི་ལྟར་སྤྱད་པ་དང་། ད་ལྟ་འགྲོ་བ་གཞན་ཇི་ལྟར་སྤྱོད་པ་དང་། དེའི་རྣམ་པར་སྨིན་པ་རྣམས་མཁྱེན་ནོ། །ཐུགས་རྗེ་བྱིན་རླབས་ཀྱི་མངོན་པར་ཤེས་པས་ནི། མཐུན་པའི་སེམས་ཅན་ལ་སྣང་བས་རིགས་དྲུག་མཐུན་པས་མཐུན་པ་འདུལ་བར་གཟིགས་ཏེ། སྤྲུལ་པའི་སྐུ་དྲུག་འཆར་ལུགས་མཁྱེན་ནོ། །རིགས་ཀྱི་བུ་དེ་ལ་ཆོས་ཀྱི་སྤྱན་ཞེས་ཅིའི་ཕྱིར་བཏགས་ཞེ་ན། སྤྲུལ་པའི་སྐུ་འཁོར་བའི་ཆོས་དང་། ཆོས་སྐུ་རིན་པོ་ཆེ་མྱ་ངན་ལས་འདས་པའི་ཆོས་གཉིས་རྣམ་རྟོག་མི་མངའ་བར་གསལ་བས་ཆོས་ཀྱི་སྤྱན་ནོ། །མངོན་པར་ཤེས་པ་ནི་ལྐོག་ཏུ་གྱུར་པར་གསལ་བའི་ཕྱིར་ནའོ། །སྤྱན་གསལ་ལ་མ་རྟོག་པ་དེ། དྲུག་སྙན་ལ་སོགས་པའོ། །དེའི་ཚེ་རང་བྱུང་གི་ཡི་གེ་དྲུག་འཆར་བ་ནི། འ་དང་། ཨ་དང་། ཧ་དང་། ཤ་དང་། ས་དང་། མ་སྟེ། རིགས་ཀྱི་བུ་ཡི་གེ་དྲུག་པོ་དེ་བཞིན་ཆོས་ཀྱི་སྐུ་ལ་དོན་དུ་བཞུགས་སོ། །དབྱིངས་དང་། ཆོས་སྐུ་དང་། ཡེ་ཤེས་ལྔ་དང་། ཤེས་རབ་མ་འགགས་པ་དང་། དོན་མི་འགྱུར་བ་དང་། མཉམ་པ་ཉིད་དབྱེར་མེད་པས་གསན་པའོ། །བག་ཆགས་ཀྱི་ལུས་ཅན་སྤྲུལ་པའི་སྐུ་ལུས་ཀྱི་གནས་དྲུག་ན་གནས་ཤིང་། གསུང་འགགས་པ་མེད་པའི་དོན་ལ་སྦྱོར། ལོངས་སྐུའི་ལྗགས་ལས་འཕྲོ་བ་ནི། ཐུགས་རྗེ་རང་འབྱུང་བའི་གཞི་མ་འགགས་པའོ། །

དེའི་ཚེ་ཡི་གེ་དྲུག་ལས། འོད་ཟེར་དཀར་དམར་གཉིས་རིན་པོ་ཆེའི་སྲད་བུ་བསྒྲིལ་བའི་སྙེ་ཚོན་འདྲིལ་བ་ལྟར་འཕྲོས་པས། ལས་དག་པའི་སྤྲུལ་པ་ཕོ་མོའི་སྤྱན་ནས་འཇུག་གོ། །སེམས་ཅན་ལས་ཀྱི་སྐྱེ་བ་ནི་མངལ་ནས་མས་འཇུག་གོ། །བདེ་ཆེན་གསང་བའི་གནས་ནས་བདེ་བ་ཆེན་པོའི་འོད་འབར་བའི་རྟ་ལ་ཞོན་ཏེ། བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པའི་ཐིག་ལེ་བཅུད་ཀྱི་ཚུལ་དུ་གབ། དེ་སྤྲུལ་པའི་སྐུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པས་དོན་ཡོད་འགྲོ་བའི་དོན་བྱེད་པའོ། །རྟོག་མེད་དུ་འབྱུང་བས་འདུན་པ་ཀུན་གྱི་དོན་ཡངས་པའོ། །དེ་བཞིན་གཤེགས་པ་སྔ་མའི་ལས་ཕྱི་མ་ཕྱི་མ་འཆར་ཞིང་སྤྲུལ་པ་རྒྱུན་མ་ཆད་པས་སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ། །ཕྱོགས་གཅིག་མ་ངེས་ཏེ་གདུལ་བྱ་གང་ལ་གནས་པའི་དོན་མཛད་པས་ན་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་(༢༤༠)འགྱེད་པའོ། །མཐུན་པས་མཐུན་པ་འདུལ་བས་ནི་ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །དངོས་ཐུབ་པ་དྲུག་གིས་འགྲོ་དྲུག་གི་དོན་བྱེད་པའོ། །ཐུགས་རྗེའི་ལྕགས་ཀྱུས་ཞིང་དག་པ་ངེས་པའི་ས་ལ་འཛིན་པའོ། །རྫོགས་ལྡན་གྱི་དགོངས་པའོ། །དེ་ནས་བདག་ཉིད་ཆོས་སྐུར་གྲོལ་བས་མི་གནས་པའི་ཡེ་ཤེས་ཆེན་པོས་འབྱེད་པ་མེད་པའི་ཀློང་དུ་ཁོད་སྙོམས་སོ། །དེ་བས་ན་མཐའ་མའི་རྫོགས་ལྡན་ཆེན་པོའོ། །ཞེས་གསུངས་སོ། །བར་དོར་སྤྱན་ལ་སོགས་པ་རང་སྣང་དུ་ཐོབ་ནས། སྐད་ཅིག་ལ་སྤྲུལ་པ་འགྲོ་དྲུག་གི་གནས་སུ་འཕྲོས་པས་དོན་བསྐལ་པ་རྒྱ་མཚོར་མཛད་པ་སྟོན་ཏེ། སྐད་ཅིག་བསྐལ་པ་རྒྱ་མཚོར་སྟོན་ཅིང་། བསྐལ་པ་རྒྱ་མཚོར་དོན་མཛད་པ་ཡང་། སྐད་ཅིག་སོང་བའི་ཡུན་ནས་ལྷུན་གྲུབ་ཏུ་ཐིམ་པས། བསྐལ་པ་རྒྱ་མཚོར་སྐད་ཅིག་ཏུ་སྟོན་པ་སྟེ་གནས་འདི་ནི་བསམ་གྱིས་མི་ཁྱབ་པའོ། །ཡང་བར་དོའི་སྐད་ཅིག་བྱ་རྫོགས་ཀྱི་སྐད་ཅིག་ལ་གཞན་དོན་མཛད་ནས། དབྱིངས་སུ་ཐིམ་པར་སྦྱོར་རོ། །བར་དོ་བསྟན་ཟིན་ཏོ།། །།

སྤྱི་དོན་བདུན་པ། མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ།

༈ སྤྱི་དོན་བདུན་པ་མཐར་ཕྱིན་འབྲས་བུའི་གྲུབ་ཚུལ་བསྟན་པ་ལ་གསུམ་སྟེ། གྲོལ་བ་སྤྱིའི་ངོ་བོར་བསྟན་པ། མྱ་ངན་ལས་འདས་པའི་རང་བཞིན་བཤད་པ། ལྷུན་གྲུབ་རིན་པོ་ཆེའི་རྣམ་པར་བཞག་པའོ། །དང་པོ་ལ་གཉིས་ཏེ། རང་དོན་གྲོལ་བ་དང་། གཞན་དོན་ཐུགས་རྗེའོ། །

དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ། དཔེ་དང་བཞི་ལས། ངོ་བོ་ནི་འཁོར་བའི་ཆོས་འཁྲུལ་སྣང་འཁྲུལ་རྐྱེན་དང་བཅས་པ་སྦུབས་གཉིས་ལས་གྲོལ་བའོ། །ངེས་ཚིག་ནི་འཁྲུལ་སྣང་གི་འཆིང་བ་ཆ་དང་བཅས་པ་ལས་དག་གོ། །དབྱེ་ན་ཡུལ་ལས་གྲོལ་བ་ཕྱིར་སྣང་འཁྲུལ་པའི་རྒྱུ་རྐྱེན་མེད་པས། ལུས་ལས་གྲོལ་བ་འབྱུང་བཞི་རྡོས་པའི་སྦུབས་ལས་འདས་པ། སེམས་ལས་གྲོལ་བ་ཚོགས་བརྒྱད་ཀུན་གཞིའི་བརྟན་ཆོས་བྲལ་བ་དང་གསུམ་མོ། །ཀུན་གཞི་མེད་དེ་འཁོར་འདས་བརྟན་དུས་ཀུན་གཞིར་བཞག་པ་ལ། དེ་འཁོར་བ་མི་བརྟན་པས་མྱང་འདས་ཀྱི་ཆོས་གཅིག་པུ་ལྷུན་གྲུབ་རྣམ་དབྱེར་མེད་པར་རང་ས་ཟིན་པའི་ཕྱིར་རོ། །དེའང་དྲི་བཅས་ཀྱི་རིག་པ་ལ་ཀུན་གཞིར་བཞག་པ་དེ་དྲི་མ་མེད་དུས་ཆོས་སྐུར་གནས་པ་ཡིན་ནོ། །དཔེ་ནི་མདུད་པའི་འཆིང་བྱེད་གྲོལ་བ་བཞིན་ནོ། །གཞན་དོན་ཐུགས་རྗེ་ནི་གྲོལ་ནས་རྒྱུན་ཆད་མེད་པར་ལྷུན་གྲུབ་རྩོལ་མེད་དུ་འབྱུང་སྟེ། (༢༤༡)ཐུགས་རྗེའི་ངོ་བོ་གཟུགས་སྐུ་གཉིས་ཀྱི་རོལ་པ་ཡེ་ཤེས་དང་བཅས་པས་གང་ལ་གང་འདུལ་དུ་དོན་མཛད་པ། ངེས་ཚིག་འཁོར་བ་ལས་ཞི་བར་འདྲེན་ཞིང་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་ཐུགས་རྗེའོ། །དབྱེ་ན་ཇི་ལྟ་བ་དང་། ཇི་སྙེད་པ་ཡེ་ཤེས་གཉིས་ཀྱིས་དོན་མཛད་པ་སྟེ། རྟོག་མེད་དང་། རྟོག་བཅས་ཞེས་དམིགས་ཡུལ་ཆོས་ཉིད་ཆོས་ཅན་གཉིས་ལ་ལྟོས་ནས་བཏགས་པའོ། །དཔེ་ནི་འདྲེན་པ་ལྕགས་ཀྱུ་ལྟ་བུའོ། །གྲོལ་བས་གྲུ་དང་མ་རིག་སེལ་བས་ཉི་མ་དང་། ཉོན་མོངས་ཀྱི་ནད་འཇོམས་པས་སྨན་དང་ཐབས་སྟོན་པས་སྨན་པ་ལྟ་བུའོ། །དེ་ཡང་ཀུན་གསལ་ལས། འཁོར་བའི་ཆོས་ལ་མི་གནས་པར། །མྱ་ངན་འདས་པའི་དོན་ལ་གནས། །གྲོལ་བ་སྤྱི་ཡི་ངོ་བོར་བཤད། །རང་གི་ངོ་བོ་སོ་སོ་སྟེ། །ཡུལ་ལས་གྲོལ་བའི་ངོ་བོ་ནི། །རང་གདངས་ཆེན་པོར་གསལ་བ་ཡིན། །ལུས་ལས་གྲོལ་བའི་ངོ་བོ་ནི། །རིག་པ་དངོས་མེད་རིན་ཆེན་སྦུབས། །སེམས་ལས་གྲོལ་བའི་ངོ་བོ་ནི། །རྟོག་མེད་རིག་པ་རང་གསལ་ཡིན། །གྲོལ་བ་ཞེས་པའི་ངེས་ཚིག་ནི། །རྩོལ་བའི་ཆོས་ལས་རབ་འདས་ཤིང་། །འཁྲུལ་པ་གསུམ་གྱིས་མ་བཅིངས་པས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བའི་ངོ་བོ་སྐབས་སུ་བཤད། །དཔེ་ནི་སྦྲུལ་མདུད་གྲོལ་བ་དང་། །རྔ་མ་དག་གི་མདུད་པ་བཞིན། །ཐུགས་རྗེའི་ངོ་བོ་ངེས་ཚིག་ནི། །ངོ་བོ་མ་འགགས་གཟུགས་སྐུ་ཡིན། །ཅིའི་ཕྱིར་ཐུགས་རྗེ་ཞེས་བྱ་བ། །མ་འགགས་གནོད་པ་སེལ་བའི་རྟགས། །དབྱེ་བ་ཆེན་པོ་ཆུང་ངུ་གཉིས། །རྟོག་མེད་དང་ནི་རྟོག་བཅས་ཏེ། །འཛིན་པར་བྱེད་པའི་ལྕགས་ཀྱུ་བཞིན། །སྒྲོལ་བར་བྱེད་པའི་གྲུ་བཞིན་ནོ། །མ་རིག་སེལ་བས་ཉི་མ་བཞིན། །སྡུག་བསྔལ་ནད་འཇོམས་སྨན་པ་བཞིན། །དཔེར་མཚོན་མར་ཡང་བསྡུས་པ་ཡིན། །ཞེས་སོ། །

གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་ལ། །ངོ་བོ། ངེས་ཚིག །དབྱེ་བ། མཚན་ཉིད་བཞི་ལས། ངོ་བོ་ནི་མི་གནས་པའི་ཡེ་ཤེས་བདེ་བ་ཆེན་པོའི་གོ་འཕང་ཐོབ་པའོ། །ངེས་ཚིག་ནི། འཁོར་བ་སྡུག་བསྔལ་གྱི་ཆོས་ལས་འདས་པའོ། །དབྱེ་ན་ཟག་བཅས་བག་ཆགས་ཀྱི་སྦུབས་དང་མ་བྲལ་བར་རྟོགས་པས་འཁོར་བ་ཆོད་པ་དང་། ཟག་མེད་སྦུབས་གཉིས་ལས་གྲོལ་ཏེ་རིན་པོ་ཆེ་ལ་མཐར་ཕྱིན་པ་གཉིས་སོ། །མཚན་ཉིད་ནི་ཆོས་སྐུ་མཐའ་ལས་འདས་པའམ་དབྱིངས་སུ་རང་ས་ཟིན་པ་སྟེ། (༢༤༢)བཤད་རྒྱུད་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་རྣམ་པ་བཞི་ཡིས་བཤད། །མྱ་ངན་འདས་པའི་ངོ་བོ་ནི། །མི་གནས་པའི་ཡེ་ཤེས་ཆེན་པོའོ། །ངེས་ཚིག་ནི། སྡུག་བསྔལ་གྱི་མཐའ་ལས་འདས་ཏེ་མི་རྟོག་པའི་བདེ་བ་ཆེན་པོ་ལ་གནས་པའི་ཕྱིར་ནའོ། །དབྱེ་བ་ནི། ཟག་བཅས་ཀྱི་མྱ་ངན་ལས་འདས་པ་དང་། ཟག་པ་མེད་པའོ། །མཚན་ཉིད་ནི། མཐའ་རྣམ་པ་བཞི་ལས་འདས་པའོ། །ཞེས་སོ། །

གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རྣམ་པར་གཞག་པ་ལ་ལྔ་སྟེ། ཤེས་རབ་མཁའ་ལ་འདེགས་པ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འཁྱིལ་བ། རིག་པ་རང་ས་ཟིན་པ་སྟེ། དེ་ཉིད་ལས། ཤེས་རབ་མཁའ་ལ་འདེགས་པ་ཡིས། །མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད། །འབྱུང་བ་མ་ལ་ཞ་བ་ཡིས། །མཚན་མ་རང་སར་གྲོལ་བར་བྱེད། །ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས། །རྩལ་སྟོབས་གཞི་ལ་ཐིམ་པར་སྟོན། །ཤེས་རབ་མཁའ་ལ་འཁྱིལ་བ་ཡིས། །སྐུ་གསུམ་ཡེ་ཤེས་ནང་གསལ་སྟོན། །རིག་པ་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །ཞེས་སོ། །དང་པོ་ནི་རླུང་ལྔ་ཡོན་ཏན་རྫོགས་པ་ཞེས་ཡང་ཏིག་ཡིད་བཞིན་ནོར་བུའི་སྙན་བརྒྱུད་ཆེན་མོར་བཤད་པ་ཡིན་ནོ། །ཡེ་ཤེས་ཀྱི་རང་རླུང་ནང་དུ་འཕོ་འགྱུར་མེད་པར་གནས་པའི་ལྡོག་ཆ་སྟེ། སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བརྟན་མ་བཞི་ལས། སྟོབས་ལྡན་མས་ཕྱིར་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ། ནང་དབྱིངས་ལྷུན་གྲུབ་ཀྱི་ངང་དུ་སྐད་ཅིག་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད། ཤུགས་འཆང་མས་སྐུ་དང་ཡེ་ཤེས་སུ་དང་པོ་རྩོལ་མེད་དུ་ཤར་བས། ཐ་མའང་རྩོལ་མེད་དུ་རིན་པོ་ཆེའི་སྦུབས་སུ་འདུས་པར་བྱེད་དོ། །འདེགས་བྱེད་མས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཟང་ཐལ་ཆེན་པོར་གནས་པར་བྱེད་དོ། །བརྟན་མས་རིན་པོ་ཆེའི་སྦུབས་ལས་མི་གཡོ་བར་བྱེད་དོ། །

འབྱུང་བ་མ་ལ་ཞ་བ་ནི། དང་པོའང་ལྷུན་གྲུབ་ལས་ཡེ་ཤེས་སུ་ཤར་བ་ལས་རྩལ་སྣང་འབྱུང་ལྔར་སྣང་བ། མཐར་ཡང་ལྷུན་གྲུབ་རང་བཞིན་གྱི་ནང་འོད་ལྔར་ཐིམ་པའོ། །དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་དགོད་ལེགས་ཏེ། གདན་དུ་བཏིང་བ་གཡོ་བ་མེད་པའི་བསྐྱོད་པའི་རླུང་ངོ་། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ་ཀློང་གཅིག་ཏུ་འདྲིལ་བ་གཤེར་བ་མེད་པའི་ཆུའོ། །ས་རིན་པོ་(༢༤༣)ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཏེ་མ་འདྲེས་ལ་རྫོགས་ལ་སྲ་བ་མེད་པའི་སའོ། །མེ་པདྨ་འདྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱེད་པ་ཚ་བ་མེད་པར་བསྲེག་པའི་མེའོ། །ནམ་མཁའ་རྒྱལ་མཚན་གྱི་རྩེ་མོ་ལྟར་སྐྱེ་འགགས་དང་འཆར་ནུབ་མེད་པ་ཁྱབ་པ་མེད་པའི་གདངས་ཅན་ནོ། །

ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཕྱིར་སྣང་སྐུ་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་རང་གདངས་དང་བཅས་པ་ནང་དབྱིངས་ལྷུན་གྲུབ་ལ་ཐིམ་པའི་ཚེ། ཕྱི་ཡུལ་ལ་སྤྱོད་པའི་ཤེས་རབ་དང་། གཟུང་འཛིན་ནང་གི་ཡུལ་ལས་འདས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་རྩེ་གཅིག་ཏུ་གསལ་ཏེ། ད་ལྟ་ཤེས་རབ་ཀྱི་སྤྱན་བར་དོར་ཆོས་ཀྱི་སྤྱན་ལ་ཐིམ། དེ་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་པས་ཡེ་ཤེས་རྩེ་གཅིག་གོ། །སྣང་བ་གསུམ་དང་། ལུས་གསུམ་ཀྱང་གཅིག་ལ་གཅིག་ཐིམ་སྟེ། ལྷུན་གྲུབ་རང་གསལ་དུ་གནས་སོ། །

ཤེས་རབ་མཁའ་ལ་འཁྱིལ་བ་ལ། ཐིམ་པ་ལ་མ་རྨུགས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་པ། གོ་མི་འབྱེད་པ་བཞི་ལས། དུས་དེར་སྐུ་དང་ཡེ་ཤེས་ཀྱི་གསལ་ཆ་ཐམས་ཅད་ནང་དུ་ཐིམ་ཀྱང་། ཅང་མེད་རྨུགས་འཐིབས་སུ་མ་སོང་སྟེ་ནང་གསལ་ལྷུན་གྲུབ་ཀྱི་རང་གདངས་སུ་གནས་སོ། །དེ་ཡང་འཁོར་གཙོ་བོ་ལ་ཐིམ། གཙོ་བོ་ལྔ་འོད་ཀྱི་ཚོམ་བུ་གཅིག་ནང་གསལ་བ་ལ་ཤེས་རབ་ཀྱི་བུམ་པ་ལྔའམ། ཡུམ་གྱི་བུམ་པ་ལྔ་ནི་ཡེ་ཤེས་ཀྱི་སྐུ་གསལ་བ་ཞེས་བྱའོ། །འདི་ཉིད་སྐུ་རྣམས་ཀྱི་འཆར་གཞི་ཕྲ་བའི་སྐུར་བཞུགས་སོ། །འདི་གནད་ཆེ་བར་ཡོད་དོ། །རང་གསལ་ཡེ་ཤེས་སུ་གསལ་ཡང་ཚོགས་བརྒྱད་ཀྱི་སེམས་མེད་པས། གཅོད་བྱེད་ཀྱི་འཛིན་རྟོགས་གང་ཡང་མེད་དོ། །རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ཡང་དངོས་པོ་དང་མཚན་འཛིན་གྱི་ཆོས་ལས་གྲོལ་བས། བདག་དང་བདག་གིར་འཛིན་པ་གང་ཡང་མེད་དོ། །ལྷུན་གྲུབ་ཀྱི་ཀློང་ན་སྐུ་དང་ཡེ་ཤེས་སོ་སོར་གསལ་ཀྱང་ཐ་དད་རིགས་ཚུན་དུ་འབྱེད་པའི་ཆོས་སུ་མེད་དེ། རིག་པ་ཆོས་སྐུ་གཅིག་ཏུ་གནས་པའི་ཕྱིར་རོ། །

རིག་པ་རང་ས་ཟིན་པ་ནི། གདངས་དབྱིངས་སུ་འཁྱིལ་བས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་འཕོ་འགྱུར་མེད་པར་བཞུགས་ཏེ། ཆོས་སྐུ་རྡོ་རྗེ་ལྟ་བུའི་སྐུ། །ལོངས་སྐུ་གཡུང་དྲུང་ལྟ་བུའི་ཚེ། །སྤྲུལ་སྐུ་ཡེ་ཤེས་དག་པའི་སྤྱན། །དགོངས་པ་རྒྱུན་གྱི་ཏིང་ངེ་འཛིན་ཆུ་བོ་ལྟ་བུ་(༢༤༤)རྣམས་ཐོབ་ནས། རང་དོན་ཆོས་སྐུ་ལས་གཞན་དོན་གཟུགས་སྐུའི་རོལ་པ་འཆར་བས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི། ཆོས་སྐུ་རིན་པོ་ཆེ་གསང་བའི་སྦུབས་ཀྱི་རྣམ་པར་གཞག་པ་སྟེ། ཀུན་གསལ་ལས། སངས་རྒྱས་མྱ་ངན་འདས་པའི་ཚུལ། །ཟུར་ཙམ་གོང་དུ་ངས་བསྟན་ཀྱང་། །ཁྱོད་ཀྱིས་ངེས་པར་མ་ཤེས་ན། །རྒྱས་པར་ངས་བཤད་ལེགས་པར་ཟུང་། །ཤེས་རབ་མཁའ་ལ་༼རླུང་ལྔ་ཡོན་ཏན་རྫོགས་པ་༽འདེགས་པ་ལ། །མཚན་ཉིད་རྣམ་གྲངས་རྣམ་པ་བཞི། །སྟོབས་ལྡན་མ་དང་ཤུགས་འཆང་མ། །འདེགས་བྱེད་མ་དང་བརྟན་མ་བཞི། །སྟོབས་ལྡན་མས་ནི་འཆར་བ་དང་། །གཉིས་སུ་མེད་པར་སྦྱོར་བར་བྱེད། །ཤུགས་འཆང་མས་ནི་དང་པོ་རིག་པའི་རྩལ་སྐུ་དང་ཡེ་ཤེས་སུ་ཤར་བ་དེ་ཡང་རྩོལ་བ་མེད་པའི་ངང་གིས་ཤར་ལ། ཐ་མ་འཁོར་གཙོ་བོ་ལ་འདུས་ཏེ། གཙོ་བོ་ཆོས་སྐུ་རིན་པོ་ཆེའི་སྦུབས་སུ་གཤེགས་པ་དེ་ཡང་རྩོལ་བ་དང་བཅས་སྤྱོད་པ་མ་ཡིན་ཏེ། ངང་གིས་གྲོལ་བའི་ཕྱིར་ན་ཤུགས་འཆང་ངོ་། །དེའི་དུས་ཆོས་སྐུ་རིན་པོ་ཆེ་ལྟ་བུ་ལ་རྡོས་པ་ཅན་གྱི་ཆོས་མེད་དེ། ཆོས་ཉིད་ནམ་མཁའ་ལྟ་བུ་དང་། །ཆོས་སྐུ་ནམ་མཁའ་ལྟ་བུ་གཉིས། །གཉིས་སུ་མེད་པར་ཟང་ཐལ་བ། །བྱིང་བ་སིང་ངེ་གནས་པས་འདེགས་བྱེད་མའོ། །དུས་དེ་ཙམ་ན་ཡེ་ཤེས་ཀྱི་རླུང་མི་གཡོ་བར་གནས་པས་བརྟན་མའོ། །དེ་རྣམས་ནི་རླུང་གི་མཚན་ཉིད་སྤྱི་ལས་བརྩིས་པའོ། །རིགས་ཀྱི་བུ། འབྱུང་བ་མ་ལ་ཞ་བ་ལ་མཚན་ཉིད་ལྔ་སྟེ། འབྱུང་བ་ལྔ་པོ་རྣམས་ཡེ་ཤེས་ཀྱི་གདངས་ལྔ་ལ་འདུས་ཏེ། ཡེ་ཤེས་ལྔ་ཡི་གདངས་ཀྱང་རང་ལ་བྱུང་གི་འབྱུང་བ་ལྔ་ལ་འདུས་སོ། །དེའི་ཚེ་རླུང་རྡོ་རྗེ་རྒྱ་གྲམ་འགོད་ལེགས་ཏེ་གདན་ཐིངས་སོ། །དེ་ཡང་རླུང་ནི་མ་བྱིང་བའོ། །དུས་དེར་གཡོ་བྱེད་མེད་པར་གནས་པ་ནི་རྡོ་རྗེ་རྒྱ་གྲམ་ལྟ་བུའོ། །དེ་ནི་རླུང་གཡོ་བྱེད་མེད་པར་བསྐྱོད་པའོ། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ། འབྱེད་པ་མེད་པའི་ཤེས་རབ་ཀློང་དུ་དྲིལ་ཏེ། གཤེར་བ་མེད་པའི་ཆུ་བོ། དེ་ནི་རྣམ་པར་དག་པའི་དབྱིངས་ཏེ་བརྩེགས་ལེགས་པའོ། །

དེ་ཡང་དབྱིངས་རྣམ་པར་དག་པའི་ངང་ན་རིག་པ་གནས་པ་སྟོང་པ་དང་དབྱེར་མེད་པའོ། །དེའི་ངང་ནས་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་ཤར་བ་འོད་ཀྱི་བུམ་པ་ལྔར་གནས་ལ། དེའི་སྙིང་པོར་རིགས་ལྔའི་སྐུ་གསལ་ལ་མ་འགགས་པར་གནས་སོ། །དེ་ནི་དེ་བས་བརྩེགས་(༢༤༥)ལེགས་སོ། །རིགས་ཀྱི་རང་གསལ་འཛིན་པ་མེད་པའོ། །དེའི་དུས་སུ་སྲ་བ་དང་བཅས་པའི་ས་སྲ་བ་མེད་པའི་ངང་དུ་གྲོལ་ཏེ། དོན་འགྱུར་བ་མེད་པའོ། །དེ་ཡང་རང་གི་ངོ་བོ་འགྱུར་བ་མེད་པའི་ངང་ན་གོང་བཞིན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་ལ། མཆོད་རྟེན་ལྟ་བུའོ། །དེ་ལ་བཟང་ངན་ཆེ་ཆུང་དང་ཡངས་དོག་མེད་པར་གནས་པས་ཀུན་ཏུ་ཁོད་སྙོམས་པའོ། །འདུག་ཚུལ་སྐུའི་ཡེ་ཤེས་ལ་སྣང་ཚུལ་སྐུའི་ཡེ་ཤེས་ཤར་བས། རྟོགས་ཚུལ་གཉིས་མེད་ཆེན་པོར་རྟོགས་ཏེ། འབྱེད་པ་མེད་པའི་ཚུལ་དུ་ཤེས་པའོ། །རིགས་ཀྱི་བུ་ཚ་བ་དང་བཅས་པའི་མེ་ཚ་བ་མེད་པར་བསྲེགས་པའི་ངང་དུ་གྲོལ་བས། རང་རིག་པའི་ཡེ་ཤེས་ལ་གཞན་སྣང་གི་རྟོགས་པ་མེད་དོ། །དྲི་མ་མེད་པའི་རིགས་པ་ལ་སྐུ་དང་ཡེ་ཤེས་གནས་ཀྱང་། དེ་གཉིས་སུ་མེད་པར་གསལ་ཏེ། ས་བོན་འབྲས་བུར་སྨིན་ནས། འབྲས་བུ་འགྱུར་བ་མེད་བར་གནས་པས། མེ་པདྨ་འདྲ་བར་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་སོ། །རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས་འོད་ལས་འདས་པའི་ཡེ་ཤེས། ཡིད་ལས་འདས་པའི་ཤེས་རབ། དུས་ཐམས་ཅད་སྐྱེ་འགག་དང་ནུབ་པ་མེད་པར་གནས་པས། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཏེ། རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །དེ་ལྟར་འབྱུང་བ་ལྔ་མ་ཐོག་ནས་ཤར་བས། ཐ་མ་ཡང་མ་ཐོག་ཏུ་གྲོལ་ཏེ། མི་གནས་པས་མ་ལ་ཞ་བའོ། །དེ་ཡང་དང་པོ་དབྱིངས་དང་རིག་པ་དབྱེར་མེད་ཀྱི་ངང་ལ་ཤར་ལ། ཐ་མ་དེའི་ངང་དུ་དག་ཅིང་ཐིམ་པས། ཡེ་ཤེས་དབྱིངས་སུ་ཐིམ་པའི་མན་ངག་གོ། །ཡེ་ཤེས་དབྱིངས་སུ་ཐིམ་པས་སོ་སོར་རྟོགས་པའི་ཤེས་རབ་ལས་འདས་ཤིང་། གཟུགས་སྣང་གི་ཡུལ་ལས་འདས་ཤིང་གཉིས་སུ་མེད་པས། ཡེ་ཤེས་རྩེ་གཅིག་པར་གསལ་ཏེ། ཡེ་ཤེས་ཀྱི་སྤྱན་ནོ། །དེའི་ཚེ་ཤེས་རབ་དང་ཆོས་ཀྱི་སྤྱན་ལས་གྲོལ་བའོ། །རིགས་ཀྱི་བུ་ཡེ་ཤེས་དབྱིངས་སུ་ཐིམ་ཡང་སྟོང་པ་ཕྱང་ཆད་དུ་མ་སོང་སྟེ། དབྱིངས་ཀྱི་ཐིག་ལེ་གཤེར་བ་མེད་པའི་ཆུས་ནང་མེད་པའི་ནང་དུ་བསྡུས་ཏེ། སྐུ་དང་ཡེ་ཤེས་ནང་གསལ་དུ་གནས་པས། ཤེས་རབ་མཁའ་ལ་འཁྱིལ་བའོ། །དེ་ཡང་རིགས་ཀྱི་བུ་མཚན་ཉིད་བཞི་སྟེ། སྐུ་དང་ཡེ་ཤེས་དབྱིངས་སུ་ཐིམ་ཡང་། རིག་པ་རང་གསལ་དབྱིངས་ན་མི་འགགས་པར་ཐིམ་ལ་མ་རྨུགས་པའོ། །མ་རྨུགས་ཀྱང་སེམས་རྣམ་པར་དག་པ་ནི། རང་སྣང་གི་ཡེ་ཤེས་ལ་(༢༤༦)གཞན་སྣང་གི་རྟོག་པ་མི་མངའ་བས། འཛིན་རྟོག་བྲལ་བའི་ཡེ་ཤེས་སོ། །རིགས་ཀྱི་བུ་དེ་ནི་གཞན་མ་ཡིན་ཏེ། རང་གི་རིག་པ་ཉིད་དོ། །

འདི་ཉིད་རྟོགས་པ་ལྟར་སྣང་བ་ནི། རྐྱེན་ཕྲ་མོའི་དབུགས་སྣང་བའོ། །དོན་ཤེས་པ་གནས་འགྱུར་བ་མ་ཡིན་ཏེ། དཔེར་ན་ཁྱིམ་གྱི་ནམ་མཁའ་བསྒྲིབས་པས་བཅད་ཀྱང་། མཐོངས་ན་ཡར་ཟང་ཐལ་ཏེ། ནམ་མཁའ་དབྱེར་མེད་དོ། །དེ་བཞིན་དུ་བག་ཆགས་ཀྱི་སྦུབས་ཀྱིས་བཅད་ཀྱང་དོན་ཡེ་ཤེས་ཟང་ཐལ་ཏེ། རྟག་མི་རྟག་གཉིས་ལ་སྒྲིབ་པ་མེད་པར་ཟང་ཐལ་ལོ། །དེ་བས་ན་ཡིན་པ་ལ་བདག་མེད་པའོ། །དེའི་ངང་ལ་དུས་གསུམ་དུ་བཞུགས་ཀྱང་། འབྱེད་པ་མེད་པའི་ཤེས་རབ་རང་གསལ་རྟོག་པ་མེད་པར་བཞུགས་སོ། །རིག་པའི་ཡོན་ཏན་དང་པོ་རང་གི་ཀློང་ནས་ཤར་བས། ཐ་མ་མི་འགགས་པར་རང་གི་ཀློང་ན་གནས་ཏེ། ཡུམ་གྱི་བུམ་པ་ལྔ་ལ་ཡེ་ཤེས་ཀྱི་སྐུ་སོ་སོར་གསལ་བ་རང་སྣང་ལས་གཞན་སྣང་མེད་དོ། །དོན་དེ་སོ་སོར་མ་འདྲེས་ལ་མི་འབྱེད་པར་བཞུགས་སོ། །དུས་དེར་རིག་པ་རང་ས་ཟིན་ཏེ། གཉིས་མེད་ཆོས་སྐུ་མི་འགྱུར་བས། སྟོང་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ། །གཉིས་སུ་མེད་པའི་ཆོས་སྐུའི་ངང་ནས། རིག་པ་ཡེ་ཤེས་ཀྱི་སྤྱན་མི་འགགས་པར་གསལ་བས། ལོངས་སྤྱོད་རྫོགས་པའི་སྐུ་འགགས་པ་མེད་པས་གཡུང་དྲུང་ལྟ་བུའི་ཚེའོ། །དེའི་ཚེ་རིགས་ལྔ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྤྱན་ནི་ངང་ན་གནས་པས། དེ་གསུམ་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འཁྱིལ་ནས། ཐུན་མེད་པའི་ཐུན་ཆེན་པོ་གཅིག་གི་ངང་དུ་དྲིལ་ཏེ། རྒྱུན་གྱི་ཏིང་ངེ་འཛིན་རྩེ་གཅིག་གི་ངང་ལ་གནས་སོ། །དེའི་ཚེ་ཡུལ་གཉིས་འོད་རྟོག་བཅས་ལ་གྲོལ་ཏེ། རང་སྣང་ལས་གཞན་སྣང་མེད་དོ། །སྤྱན་གཉིས་དག་ནས་ཡེ་ཤེས་རང་གསལ་གྱི་སྤྱན་རྩེ་གཅིག་པའོ། །ལུས་གཉིས་ལས་འདས་ནས། རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུའི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ། །ཞེས་གསུངས་སོ། །མཐར་ཕྱིན་པ་རིན་པོ་ཆེའི་སྦུབས་རིག་པ་དྲི་མེད་ཆོས་སྐུ་ནང་གསལ་ལྷུན་གྲུབ་སྐུ་ལྔའི་བུམ་པ་ལྔ་ཡེ་ཤེས་ཀྱི་སྤྱན་དུ་གསལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་འཁོར་བའི་འཆར་གཞི་བྱེད་པ་དག་པས། འབྲས་བུ་ལྷུན་གྲུབ་དང་ཕྱིས་འཁོར་མི་སྲིད་པ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ལས་གཞན་དོན་སྐུ་དང་ཡེ་ཤེས་སུ་འཆར་བའི་གོ་མ་འགགས་པར་གནས་པ་སྟེ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །(༢༤༧)ཞེས་གསུངས་པ་གང་ཡིན་པའོ། །འབྲས་བུ་བསྟན་ཟིན་ཏོ། །

དེ་ལྟར་ཆོས་ཚུལ་རིན་ཆེན་སྙིང་པོའི་དོན། །རྡོ་རྗེ་རྩེ་མོ་ལྷུན་གྱིས་གྲུབ་དབྱིངས་ལས། །ཡང་གསང་རབ་འབྱམས་ཟབ་ཅིང་རྒྱ་ཆེའི་དོན། །མ་ལུས་མངོན་ཕྱུང་ལེགས་པར་བཀོད་པ་ཡིན། ༡ །འདི་དང་གང་འཕྲད་སྲིད་པ་ཐ་མའི་ཆོས། །ངོ་མཚར་གནས་ལ་སྤྱད་དུ་ཡོད་པ་རྣམས། །དབུལ་པོས་གཞན་གྱིས་མ་མཐོང་གཏེར་རྙེད་བཞིན། །གསང་ཞིང་སྤྱད་དེ་ཤིན་ཏུ་དགའ་བར་རིགས། ༢ །འདི་འདྲའི་ཆོས་མཆོག་སྟོན་བྱེད་བླ་མ་ལ། །བཀའ་དྲིན་དྲན་པས་སྤྱི་གཙུག་འཁོར་ལོའི་རྒྱན། །ཉིན་མཚན་ཡེངས་མེད་གསོལ་བ་གདབ་པ་དང་། །རྡོ་རྗེའི་མཆེད་ལ་མཆོག་ཏུ་གུས་པར་རིགས། ༣ །ཁོ་བོ་སྔོན་སྦྱངས་བསགས་པ་རྣམ་དག་པས། །ཚེ་འདིར་ཐེག་མཆོག་སྙིང་པོའི་དོན་ལ་མཁས། །བླ་མ་རབ་མཉེས་ཐུགས་ཀྱི་གསང་སྒོ་སྐོར། །རྒྱུད་ལུང་མན་ངག་གདམས་ཁྲིད་མ་ལུས་རྫོགས། ༤ །དེ་བས་ཚུལ་འདི་ཟབ་ཅིང་རྒྱ་ཆེའི་གནས། །མ་ལུས་གཅིག་བསྡུས་ཉམས་ལེན་སྙིང་པོར་བཀོད། །ཇི་ལྟར་ཕ་ཡིས་བུ་ལ་གདམས་པ་བཞིན། །ཕྱི་རབས་རྗེས་འཇུག་དད་ལྡན་རྣམས་ལ་གདམས། ༥ །འདི་ཉིད་རང་ཉམས་ངེས་པའི་གནད་རྣམས་དང་། །རྟོགས་དཀའི་གནད་ཀུན་གསལ་བར་བྱེད་པས་ཏེ། །ཁོ་བོའི་སྙིང་གཏམ་ཟབ་མོའི་འདས་རྗེས་བཞིན། །བསྲི་ཕངས་མེད་པར་མངོན་ཕྱུང་གསལ་བར་བསྡེབས། ༦ །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །བག་ཆགས་སྦུབས་ལ་རྟོགས་པས་བདག་གྲོལ་ཏེ། །ཡེ་ཤེས་སྦུབས་ལ་ཐུགས་རྗེས་གཞན་བསྒྲལ་ནས། །རིན་ཆེན་སྦུབས་ལས་གདོད་མའི་སར་ཕྱིན་ཤོག ༧ །ད་ནི་ཁོ་བོ་སྲིད་ལས་རབ་སྐྱོ་བས། །ནགས་ནང་མེ་ཏོག་བུང་བ་འཕུར་ལྡིང་དང་། །གཅིག་པུར་ཞི་བའི་ཏིང་འཛིན་མཐར་ཕྱིན་ནས། །ལྷུན་གྲུབ་སྦུབས་ལ་ཀུན་ཏུ་བཟང་པོར་ཤོག ༨ །གང་ལ་བསམས་ཀྱང་མི་རྟག་སྐྱོ་ཤས་འཕེལ། །ཅི་ལ་བསམས་ཀྱང་དོན་མེད་སྙིང་པོ་སྟོར། །འཁོར་དང་ཡོ་བྱད་ཚེ་འདིའི་སྣང་བ་ལ། །ཆགས་མེད་ཞི་བའི་གནས་སུ་བསྒོམ་པར་ཤོག ༩ །སྣ་ཚོགས་རྣམ་གཡེང་མངོན་པར་སྐྱོ་བ་ཅན། །བྱིས་པ་འདུ་འཛིའི་ཚོགས་ལས་རྒྱང་བསྲིངས་ཏེ། །འཁྲུགས་དང་ཅ་ཅོ་ཞི་བའི་ནགས་ནང་དུ། །གཅིག་པུར་དབེན་སར་གནས་པས་དགའ་བར་ཤོག ༡༠ །ཟབ་དོན་གནད་ཀྱི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ། ཀུན་ཏུ་བཟང་པོའི་ཁང་བཟང་དུ་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

ཟབ་མོ་ཡང་ཏིག་གི་བཀའ་སྲུང་དྲག་པོ་སུམ་སྒྲིལ།

༄༅། །ཟབ་མོ་ཡང་ཏིག་གི་བཀའ་སྲུང་དྲག་པོ་སུམ་སྒྲིལ་བཞུགས་སོ། །

༄༅། །དཔལ་གྱི་སྲུང་མའི་སྒྲུབ་ཐབས་དྲག་པོ་སུམ་སྒྲིལ་ཞེས་བྱ་བ། སྔགས་བདག་དམ་ཅན་རྒྱ་མཚོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ། །དཔལ་གྱི་འཁོར་ཚོགས་སྲུང་མ་དམ་ཚིག་ཅན། །སྔགས་བདག་གཟའ་དང་དམ་ཅན་ཞབས་བཏུད་དེ། །དེ་ཡི་དྲིལ་སྒྲུབ་གསང་བའི་ཡང་ཁོལ་བྲི། །

འདི་ལ་གཉིས་ཏེ། སྔོན་དུ་བསྙེན་ཅིང་སྒྲུབ་པའི་རིམ་པ་དང་། དེའི་ལས་སྦྱོར་བསྟན་པའོ། །དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་བྲིས་སྐུའམ་གསང་བའི་རྒྱུད་ལུང་མན་ངག་གི་རྟེན་གྱི་དྲུང་དུ། ཚོགས་དང་གཏོར་མ་དང་མཆོད་པ་ཅི་འབྱོར་དུ་བཤམས་ལ། བདག་ཉིད་བླ་མའི་རྣལ་འབྱོར། གསོལ་བ་འདེབས་པ་ལ་སོགས་པ་བྱས་ལ། ཡི་དམ་གང་མོས་དབྱིངས་ཀྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་མཉམ་གཞག་ཅན་དུ་བསྒོམས་ལ། སྣང་སྲིད་ཐམས་ཅད་འོད་ལྔ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བའི་ངང་ལས། ཨ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཅི་འགྲུབ་བཟླས་པ་ནི་བདག་གི་རྣལ་འབྱོར་ཏེ། ལྷ་མཆོག་ཐམས་ཅད་ཀྱི་རྗེ་དཔོན་རྒྱལ་པོར་བདག་ཉིད་སྒྲུབ་བོ། །དེ་ནས་བདག་གི་བཀའ་ཉན་པའི་ཚུལ་དུ་བཀའ་སྡོད་སྲུང་མར་སྒྲུབ་པ་ནི། ཨེ་ལས་ནམ་མཁའ་འབྱམས་ཀླས་པའི་ངང་དུ་ཡཾ་ལས་རླུང་ནག་འཁྲུགས་པའི་དཀྱིལ་དུ། རཾ་ལས་མེའི་ཀློང་ཆེན་པོར། ལཾ་ལས་ཡེ་ཤེས་འབར་བའི་གཞལ་ཡས་ཁང་རཀྟའི་དབའ་ཀློང་འཁྲུགས་ཤིང་ཐོད་མཁར་གྱི་རི་རབ་བརྩེགས་པའི་ནང་དུ། འབར་བ་ཆེན་པོའི་ཀློང་། པདྨ་ཉི་ཟླའི་གདན། ཞིང་ཆེན་བསྒྱེལ་བའི་སྟེང་དུ། མ་ཏྲི་ཏྲི། སྨུག་ནག །ལྗང་ནག །དམར་ནག་ཡོངས་སུ་གྱུར་པ་ལས། སྐུ་བསྐྱེད་པ་ནི། མ་ལས་དབུས་སུ་སྔགས་ཀྱི་བདག་མོ་སྨུག་ནག་ཞལ་གཅིག་སྤྱན་གཅིག་ཚེམས་གཅིག་རལ་པ་གཅིག་མ། ཕྱག་གཡས་ཞིང་དབྱུག་རྒྱལ་མཚན་འཕྱར་ཞིང་། གཡོན་པས་སྙིང་དང་རྒྱུ་ཞགས་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གཅེར་བུར་བཞེངས་པ། ཐལ་ཆེན་ཞག་གི་ཟོ་རིས་བྱས་པ། ཐོད་ཕྲེང་མི་མགོའི་རྒྱན་ཆས་མཛེས་པ། ཞིང་ལྤགས་གཡང་གཞི་སྟོད་ལ་དཀྲིས་པ། དཔའ་བརྗིད་རྔམ་ཞིང་འོད་ཟེར་འཕྲོ་བའི་ཐུགས་ཀར་ཉི་མའི་སྟེང་དུ་མ་སྨུག་ནག་འོད་འཕྲོ་བར་བསམ་མོ། །(༢༤༩)དེའི་གཡས་སུ་ཏྲི་ལྗང་ནག་ལས། གཟའ་བདུད་ཆེན་པོ་ལྗང་ནག་འབར་བ། སྐུ་སྨད་དུག་སྦྲུལ་ཀུན་ཏུ་འཁྱིལ་པ། སྐུ་སྟོད་ཞལ་དགུ་ཤིན་ཏུ་རྔམ་པ། ཕྱག་གཡས་མདའ་དང་ཆུ་སྲིན་རྒྱལ་མཚན། གཡོན་པས་གཞུ་དང་སྦྲུལ་ཞགས་བསྣམས་པ། སྤྱན་སྟོང་བསྐལ་པའི་མེ་དཔུང་འབར་བ། སྟེང་ན་བྱ་རོག་ཀང་ཀ་སྒྲོགས་པ། ཐུགས་ཀར་ཉི་མའི་དབུས་སུ་ཏྲི་ལྗང་ལས་འོད་ཟེར་ཀུན་ནས་འཕྲོ་བར་བསམ་མོ། །གཡོན་དུ་ཏྲི་ལས་སྐྱེས་མཆོག་དམ་ཅན་དམར་ནག་ཞལ་གཅིག་སྤྱན་གསུམ་བགྲད་པ། ཐོད་ཕྲེང་མི་མགོའི་དོ་ཤལ་འཕྱང་བ། ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར་བ། གཡོན་པས་མི་སྙིང་ཞལ་དུ་གསོལ་བ། ཞིང་ལྤགས་རློན་པས་སྟོད་དཀྲིས་བྱས་པ། སྟག་ཤམ་སྐུ་ཡི་སྨད་དུ་དཀྲིས་པ། སེང་གེ་དཀར་མོ་ཆིབས་སུ་བཅིབས་པ། ཐུགས་ཀར་ཉི་སྟེང་ཏྲི་དམར་འཕྲོ་བ། བརྗིད་རྔམས་དྲག་པོའི་འོད་ཟེར་འཕྲོ་བར་བསམ་མོ། །དེའི་མཐའ་བསྐོར་དུ་ལྷ་སྲིན་སྡེ་བརྒྱད་འཇིག་རྟེན་པའི་འཁོར་ཚོགས་སྐུ་མདོག་དང་ཆ་ལུགས་སྣ་ཚོགས་སུ་གསལ་བ་སྤྲིན་ཕུང་འཐིབས་པ་ཙམ་དང་། བདུད་བྱ་དང་ཅེ་སྤྱང་དང་། སྟག་གཟིག་དང་དོམ་དྲེད་དང་། ཁྱི་ནག་ལ་སོགས་པ་ཕོ་ཉ་ཡང་སྤྲུལ་ལས་མཁན་དང་བཅས་པ་ཚད་མེད་པའི་འཕྲོ་འདུ་སྐར་མདའ་འཁྲུགས་པ་ཙམ་བསམ་མོ། །

དེ་ཐམས་ཅད་ཀྱང་བདག་གི་བཀའ་ཉན་ཅིང་གསུང་སྒྲུབ་ལ་ཐུགས་བརྩེ་བར་བསམ་མོ། །དེ་ནས། ཨཱ་མ་མ་ཏྲག་རཀྴ་ཏྲི་ཏྲི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛ། ཞེས་བདུན་བརྗོད་པས། ནམ་མཁའི་དབྱིངས་ནས་སྔར་བསྒོམས་པ་ཁོ་ན་འདྲ་བའི་ཡེ་ཤེས་པ་བྱོན་ནས་དེ་ལ་ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམས་ལ། སྙིང་པོ་དེ་ཉིད་ཅི་འགྲུབ་བཟླས་པས་ལྷ་གསུམ་གྱི་ཐུགས་ཀའི་མ་ཏྲི་ཏྲི་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་གཏུབས་པས་རེངས་ཤིང་བརྒྱལ་བར་གྱུར། འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ཀྱི་ནུས་པ་དུས་གཅིག་བསྡུས་ཐུགས་ཀར་ཐིམ་པས་གཟི་བརྗིད་དུ་འབར། འཁོར་གྱི་དྲེགས་པ་ཅན་རྣམས་ལས་ལ་བསྐུལ། བདག་གིས་ཕྲིན་ལས་ཅི་བསྒོ་སྒྲུབ་པ་ལ་བྲན་བཞིན་གྱུར། སྣང་སྲིད་ཐམས་ཅད་དུས་གཅིག་ལ་གཡོ་ལྡེག་འཕར་བར་བསམས་ལ་སྐད་ཅིག་ཀྱང་མ་ཡེངས་པས། སྔགས་དང་དམིགས་པའི་འཕྲོ་འདུ་ལ་བརྩོན་པར་བྱའོ། །ཐུན་རྫས་གཏོར་མ་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས་ཏེ། ཨ་ཨཱཿཧཱུྃ་གིས་ཤ་ཁྲག་གི་རི་དང་(༢༥༠)རྒྱ་མཚོར་བསམས་ལ། རྩ་སྔགས་ཀྱི་གཤམ་དུ་མཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་ལ་ལྔའམ་བདུན་གྱིས་ཕུལ་བས། གཙོ་འཁོར་རྣམས་ཀྱིས་གསོལ་བས་མཉེས་པར་བསམས་ལ་དམ་ཚིག་བསྐུལ་བ་ནི། རྡོ་རྗེ་བཀའ་དར་གྱི་དམ་ལ་གནས་པ་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ། མ་སྲིང་དབང་ཕྱུག་འབར་མ་འཁོར་བཅས། ཚུར་གཤེགས་ཨེ་ཧྱེ་ཧི་རྣལ་འབྱོར་པ་བདག་གིས་བཅོལ་བའི་ཕྲིན་ལས་གཉན་པོ་སྒྲུབས་ཤིག །ཅེས་བརྗོད་ལ། བསྟོད་པས་ཀྱང་བསྟོད་ནས། སླར་གསལ་གདབ་ལ་བསྔོ་བ་བྱའོ། །དེ་ལྟར་ཐུན་བཞིའམ་སྲོད་ལ་ཐུན་ཆེར་བྱས་པས་དངོས་སུ་ཐོག་འཚེག །འོད་འཕྲོ། སྒོ་བརྡུང་། སྒྲ་སྐད་གྲག །བྱིན་འུར་བག་དྲོ། དཔའ་གདེང་སྐྱེ། གཟི་བྱིན་ལ་དང་པོར་འཇིགས་འུབ་འུབ་པ་ལས་རྗེས་ལ་དགའ་ཡལ་ཡལ་འོང་། རྨི་ལམ་དང་པོར་འཚུབས་ལ་འཇིགས་པ། ས་གཡོ། ཐོག་དང་། སྐར་མདའ་འཁྲུགས། རི་བལྡེགས། དམག་དཔུང་འཁྲུགས། སེམས་ཅན་གསོད་པ་ལ་སོགས་པ་འབྱུང་། རྗེས་ལ་བུད་མེད་ཀྱི་ཁྲོམ་འདུས་ནས་ཕྱག་འཚལ། སྐྱེས་བུའི་ཚོགས་ཀྱིས་ཕྱག་འཚལ། གདན་ཁྲི་ཆེན་པོ་ལ་རང་འདུག་ཁྲོམ་འདུས་ནས་མངོན་པར་བསྟོད་པ་ལ་སོགས་པ་འབྱུང་ངོ་། །གཞན་ཡང་འཚིག་ཅིང་མི་དགའ་ན་དམིགས་པ་རྒྱ་བསྐྱེད། ཚོགས་གཏོར་བསྐང་བཤགས་བྱའོ། །རྨི་ལམ་དུ་སྨྱོན་པ་བྱུང་ན་མ་ཆུན་པས་རང་ཉིད་དྲག་པོའི་ལྷར་བསྐྱེད་པའམ། ལྟ་བའི་གདེང་གིས་ཐམས་ཅད་རང་སེམས་སྟོང་པའི་ངང་དུ་ལ་བཟླའོ། །མཛེ་ཕོ་དང་ཡུགས་སར་བྱུང་ན་དམ་ཚིག་ཉམས་པས་བསྐང་བཤགས་བྱ། སྤྲང་པོར་བྱུང་ན་ཚོགས་གཏོར་གྱིས་བསྐང་ངོ་། །རྟག་ཏུ་སྐོང་མཆོད་ལ་བརྩོན་པས་ཅི་བསམ་འགྲུབ་པ་ཡིན་ནོ། །སྔོན་དུ་བསྙེན་ཞིང་སྒྲུབ་པའི་ཆོ་གའོ། །

གཉིས་པ་དྲག་པོའི་ལས་ལ་སྦྱོར་བ་ལ། རྫས་བཅའ་བ། སྒོམ་བཟླས་བྱ་བ། ལས་མཐའ་བརྟུལ་བ་དང་གསུམ་ལས། དང་པོ་ནི་བྲག་ཕུག་བྱང་ཤར་དུ་ལྟ་བའམ། འཇིགས་ཤིང་སྐྱི་གཡའ་བའི་གནས་སུ། མཎྜལ་གྲུ་གསུམ་མདའ་གང་བ། རོ་སོལ་གྱིས་བྱུགས་པའི་སྟེང་དུ། མ་ཊཾ་གི་སྙིང་གར་འབྲུབ་ཁུང་གྲུ་གསུམ་གྱི་ནང་དུ། དགྲའི་ལིང་ག་མིང་རུས་མཚངས་གསུམ་བྲིས་པ་ཐ་མ་ཛས་བསྐོར་བ། དགུག་གཞུག་ཡང་ཡང་བྱས་པ། ཤི་སྐྲས་བཅིངས་པ་བཅུག་ལ། ལྕགས་ཀྱི་འཁོར་ཁང་མུན་ནག་འཁོར་(༢༥༡)མཐར་དུས་མེད་པར་དགྲ་བོ་ཚུད་པར་བསམ། དེའི་སྟེང་དུ་རྟག་གཏོར་གྲུ་གསུམ་དམར་གྱིས་བརྒྱན་པ་ལྷ་གསུམ་དུ་བསྐྱེད་པས་མནན་ལ་བཞག །ལིངྒ་གཅིག་རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པར་གཞུག །དེས་ནི་བདག་གི་དབང་དུ་བྱེད་ཅིང་འཕགས་མི་ནུས་ལ། ཁོའི་སྲུང་མ་རང་གཤེད་ལ་བབ་པའི་གནད་དོ། །ཐུན་ལ་ལྕགས་ཟངས་འཁར་བའི་ཕྱེ་མ་དུག་སྣ་ཁྲག་སྣ་ཉུང་དཀར་དང་བཅས་པའི་ཐུན་དོང་བྱ། དམར་གཏོར་ཟུར་པ་རེ་ཡང་ཐུན་རྗེས་ལ་བཏང་ཞིང་རྦད་དུ་བྱའོ། །སྒོམ་བཟླས་བྱ་བ་ནི། བདག་ཉིད་ཡེ་ཤེས་ཀྱི་མ་མོ་སྔར་བསྐྱེད་པ་ལྟར་སྟོང་ཁམས་གང་བ་སྐུ་ཆེ་ལ་ཡན་ལག་རགས་པར་བསྐྱེད་ལ། ཨཱ་མ་མ་ཏྲག་རཀྨོ་ཏེ་ཀེཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླས་པས། སྟོང་ཁམས་ཀྱི་དྲེགས་པའི་དབང་ཕྱུག་ཐམས་ཅད་སྔངས་འདར་སྐྲག་བཀའ་ཉན་པའི། སྤྲུལ་པ་འབུམ་གྱི་ལས་མཁན་ཤན་པ་མིང་སྲིང་གསུམ་དུ་གྱུར་ཏེ། མ་ཏྲི་ཏྲི་ལས་སྔར་བསྐྱེད་པ་ལྟ་བུར་ཁྲོས་ཤིང་རྔམས་ལ་ཐོག་དང་མཚོན་གྱི་སྐར་མདའ་དགྲའི་སྟེང་དུ་འབེབས་པར་རྡུལ་ཕྲན་བཞིན་དུ་སོང། སྤྲུལ་པའི་འཕྲོ་འདུས་དགྲ་བོ་ཡུལ་འཁོར་དང་བཅས་པ་མདུན་དུ་བཀུག་ནས་ཐོ་བས་བརྡུང་མཚོན་ཆས་འདེབས། རླུང་གིས་གཏོར་བར་བསམ་ཞིང་། ཨཱ་མ་མ་ཏྲི་ཏྲི་རཀྴ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ༔ མ་ཏྲི་ཛ་མ་ཏྲི་ཛ། ཧུར་ཐུམས་རྦད་རི་ལི་ལི། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། །ཅེས་རིག་པ་ངར་བསྐྱེད་ལ་དྲག་ཏུ་བཟླས། ཐུན་ཞབས་སུ་འབྲུབ་ཁུང་གི་ལིངྒ་ཐུན་གྱིས་བྲབ་ཅིང་དྲག་སྔགས་དེ་ཉིད་ཞེ་སྡང་གི་ངར་བསྐྱེད་ལ་བཟླས། དེ་ནས་དམར་གཏོར་དགྲའི་ཤ་ཁྲག་ཏུ་བསམས་ལ། ཨ་མ་མ་ཏྲི་ཏྲི་རཀྴ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ།

ཧཱུྃ་ཁམས་གསུམ་ཀུན་གྱི་གཙོ་མོ་ནི། །ཁྲག་འཐུང་འབར་མ་རལ་གཅིག་མ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད། །འཇིགས་པའི་གཟའ་བདུད་རཱ་ཧུ་ལ། །ཞེ་སྡང་འབར་བའི་ཁྲག་འཐུང་གཙོ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་བསྒྲལ་བའི་དུས་ལ་བབ། །ཤན་པ་མི་བསྲུན་འཇིགས་པའི་སྐུ། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །དམར་ཆེན་གཏོར་མ་འདི་བཞེས་ལ། །སྡང་བྱེད་དགྲ་བོ་འདིར་སྒྲོལ་ཞིག །འཁོར་གྱི་མ་སྲིང་སྡེ་བརྒྱད་ཚོགས། །ཕོ་ཉ་ཡང་སྤྲུལ་ཟ་བྱེད་རྣམས། །(༢༥༢)ཤ་ཁྲག་གཏོར་མ་འདི་ལོངས་ལ། །མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག །ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊཿཅེས་བརྗོད་དོ། །ཐལ་མོ་གདབ། དམོད་བཅོལ་བྱའོ། །དེ་ལྟར་ཞག་བདུན་བསྒྲུབ་ཅིང་ལས་ལ་སྦྱར་བས། རྨི་ལམ་དུ་རྡོ་གཤག་པ། ཤིང་གཅོད་པ། ལིངས་བྱེད་པ་རྣམས་འབྱུང་སྟེ་འགྲུབ་པའི་རྟགས་སོ། །གལ་ཏེ་རྟགས་འགྱངས་ན། སྲོག་སྔགས་དཀྲུགས་ལ་གཏོར་མ་དང་ལིང་ག་གཉིས་ཀ་ཐུན་གྱིས་བྲབ་པས། ཆོ་འཕྲུལ་ལ་ཟད་པ་མེད། འཇིགས་སྔངས་ལ་ཚུགས་པ་མེད། དེ་ལྟ་བའི་ངར་བསྐྱེད་ལ་མ་ཞུམ་པར་བྱའོ། །ཕཊ་ཕཊ༔ མ་མ་ཡ་ཏྲི་ཛ་ཛ༔ ཧཱུྃ་ཧཱུྃ་རཀྵ་ཏྲི་ཏྲི་ཛ༔ ཆེ་གེའི་སྲོག་ལ་ཧུར་ཐུམས་ཛ༔ རྦད་ཡ་རྦད་ཡ༔ རི་ལི་རི་ལི་ཞེས་པའོ། །འདི་ནི་ཤིན་ཏུ་དྲག་པོའི་ལས་མཐའོ། །དམིགས་གནད་མིང་སྲིང་གསུམ་མགོ་རྟིང་ལོག །འཁོར་རྣམས་ཕན་ཚུན་འཁྲུགས། སྡེ་བརྒྱད་ནང་འཐབས། མཚོན་གྱི་སྐར་མདའ་འཁྲུགས། ཁྲག་གི་བུ་ཡུག་ལངས། དགྲ་བོ་འཁོར་བཅས་ཕུང་བར་བསམ་མོ། །ཁ་ཐཾ། གསུམ་པ་ལས་ཀྱི་མཐའ་བརྟུལ་བ་ནི། རྟགས་ཕྱུང་ནས་ལིང་ག་མཚོན་གྱིས་གཏུབས་ལ། ཚེར་མའི་ཧོམ་སྦར་བའི་ནང་དུ་ལྷ་གསུམ་འཁོར་བཅས་བསྐྱེད་པའི་ཞལ་དུ་ཕུལ་བས་ལས་འགྲུབ་པར་བསམ། ལྷ་གཤེགས་ཐལ་བ་བསྡུས། རྟག་གཏོར་དགྲ་ཕྱོགས་སུ་ཟོར་དུ་འཕངས་པས། མ་སྲིང་འཁོར་བཅས་དགྲ་ཡུལ་དུ་དམག་དཔུང་ཆས་ནས་རྡུལ་ཕྲན་བཞིན་དུ་བཅོམ། ནད་དང་མཚོན་གྱི་བསྐལ་པ་བཏང་བར་བསམ། ཐལ་བ་ལམ་རྒྱ་གྲམ་མམ་ས་བདག་ཀླུ་གཉན་གནས་སར་དོང་བྲུས་ལ་མནན། གཡམ་པས་ཁ་དགག །དགྲ་བོ་འཁོར་བཅས་ས་རིམ་པ་དགུའི་འོག་ཏུ་སོང་ནས་བསྐལ་པར་མི་ཐར་བར་བསམ་མོ། །ལས་མཇུག་འཕངས་བསྲེག་མནན་པ་གསུམ་མོ། །སྒྲུབ་ཁང་ཡིན་ན་བཅའ་གཞི་བསྡུས་ལ་མི་མངོན་པར་བྱ། བཀྲ་ཤིས་བརྗོད།

འདི་ནི་དྲག་སྔགས་འདུས་པའི་ཡང་ཁོལ་ལས། །ཡང་ཟབ་བཅུད་བསྡུས་གསལ་བར་བཀོད་པ་སྟེ། །བསྟན་པའི་སྙིང་པོ་རྣལ་འབྱོར་བཀའ་འཁོར་བཅས། །མ་ལུས་བསྲུང་ཞིང་མཐུ་རྩལ་རྒྱས་པར་ཤོག །དྲག་པོ་སུམ་སྒྲིལ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་བཀོད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

ཟབ་མོ་ཡང་ཏིག་ལས། བསྐང་གསོ་དངོས་གྲུབ་ཆར་འབེབས།

༄༅། །ཟབ་མོ་ཡང་ཏིག་ལས། བསྐང་གསོ་དངོས་གྲུབ་ཆར་འབེབས་བཞུགས་སོ། །

༄༅། །དཔལ་གྱི་སྲུང་མའི་བསྐང་གསོ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཐུ་རྩལ་ཡོན་ཏན་རྨད་དུ་བྱུང་། །དྲག་པོ་ཁྲོས་པ་བཀའ་སྲུང་དམ་ཅན་ལ། །དཔལ་འབྱོར་འདོད་སླད་དང་བས་ཕྱག་འཚལ་ཏེ། །དཔལ་གྱི་བསྐང་གསོ་དངོས་གྲུབ་ཆར་འབེབས་བྲི། །

གསང་ཕྱེ་གཙང་མ་ལ་དཔལ་གཏོར་མཐེབ་སྐྱུ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བའི་གཡས་སུ་གཟའི་བཤོས་བུ་དགུས་བསྐོར། གཡོན་དུ་དམ་ཅན་གྱི་བཤོས་བུ་མཁར་ཐབས་བཙན་བཤོས་ར་སྐྱེས་ཀྱིས་བརྒྱན་པ་བཤམས་ལ། དཀར་དང་དམར་གྱིས་ཐིག་བཀྱེ། དར་ཟབ་གདུགས་ལྡེམ་གྱི་འཕུར་ལྕེས་བརྒྱན་པའི་སྤྱན་གཟིགས་རྒྱ་ཆེར་བཤམས། མཆོད་པ་ལྔས་མཐའ་བསྐོར། རྔ་དང་དུང་དང་ཆ་ལང་དང་མི་རྐང་གི་གླིང་བུ་དང་། ཚིལ་ཆེན་གྱི་དུད་པ་ལ་སོགས་པས་ཕུན་སུམ་ཚོགས་པར་བྱས་ལ། རོལ་མོས་བྱིན་དབབ་ཅིང་། ཨཱ་ཨཱཿཧཱུྃ་གིས་འདོད་པའི་ཡོན་ཏན་ཤ་ཁྲག་གི་ཞལ་ཟས་རི་དང་རྒྱ་མཚོར་མཉམ་པར་བྱིན་གྱིས་བརླབས་ལ། སྔོན་འགྲོ་བགེགས་གཏོར་བྱིན་ནས་རོལ་མོ་དང་སུམྦྷ་ནིས་བགེགས་བསྐྲད་དེ་འཁོར་ནས་མགྲིན་གཅིག་ཏུ། བླ་མ་ཡི་དམ་མཁའ་འགྲོ་ལ་སྐྱབས་སུ་སོང་ནས། དང་པོ་ལ་མཚམས་གཅད་པ། ཧཱུྃ་རང་ཉིད་ཡེ་ནས་སངས་རྒྱས་པའི། །སྲིད་གསུམ་བདེ་འགྲོ་ཁམས་གསུམ་ཡུམ། །ཞལ་གཅིག་ཕྱག་གཉིས་ཞིང་དབྱུག་འཛིན། །རལ་གཅིག་སྤྱན་གཅིག་མཆེ་བ་གཅིག །ཐལ་ཆེན་ཞག་གི་ཟོ་རིས་མཚན། །ཐོད་ཕྲེང་ཞིང་ལྤགས་རྣམ་པར་དཀྲིས། །ཞབས་གཉིས་བརྐྱང་བསྐུམ་སྟོང་ཁམས་ཁྱབ། །སྨུག་ནག་གསང་བའི་བྷ་ག་ལས། །ཧཱུྃ་དང་ཕཊ་ཀྱི་སྒྲ་འཕྲོས་པས། །སྤྲུལ་པའི་ཁྲོ་ཆུང་གློག་ལྟར་འཁྱུག །ཁྲོ་བོའི་གསུང་སྒྲ་འབྲུག་ལྟར་སྒྲོགས། །བསྐལ་པའི་མེ་རི་འདུ་འཕྲོ་འབར། །ཡང་སྤྲུལ་གྲངས་མེད་སྤྲིན་ལྟར་འཁྲིགས། །ཡེ་ཤེས་ཕོ་ཉ་གློག་ལྟར་འཁྱུག །ཕྱག་མཚན་གསུང་སྒྲ་འབྲུག་ལྟར་སྒྲོགས། །བསྐལ་པའི་མེ་རི་འདུ་འཕྲོ་འབར། །དུར་ཁྲོད་མ་མོ་ཆར་ལྟར་འབབ། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བར་ཆད་བགེགས་རྣམས་སྨོས་ཅི་དགོས། །ཨ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྲ྇ཧྞ་གྲ྇ཧྞ་ཧཱུྃ། གྲ྇ཧྞཱ་པ་ཡ་གྲ྇ཧྞཱ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ། དེ་ནས་དབང་ཆེན་གྱི་གཞལ་ཡས་(༢༥༤)ཁང་ལྷ་དང་བཅས་པ་བསྐྱེད་པ་ལས། དང་པོ་ཏིང་ངེ་འཛིན་གསུམ་ནས་རིམ་པར་གསལ་གདབ་པ་ནི། ཧཱུྃ་སྟོང་པ་རང་བཞིན་མ་བཅོས་ཉིད། །མཁའ་ལྟར་རྣམ་དག་འདུས་མ་བྱས། །ཕྱི་དང་ནང་མེད་ཆོས་ཀྱི་དབྱིངས། །བསམ་བརྗོད་བྲལ་བའི་ཀློང་ཉིད་དོ། །ཨ་མཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུྃ་མ་ནི་སྐྱེ་བ་མེད་པ་ལས། མ་ནི་འགགས་པ་མེད་པར་འབྱུང་། །ཏྲི་དང་ཏྲི་ཡི་འཕྲོ་འདུ་ལས། །སྙིང་རྗེའི་རང་བཞིན་བསྒོམ་པར་བྱ། །ཨ་མཧཱ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅ཧཾ། ཧཱུྃ་སྣང་སྲིད་གསལ་བའི་གཞལ་ཡས་འདིར། །ཨེ་དང་ཡྃ་གི་འཕྲོ་འདུ་ལས། །ཁཾ་དང་སཾ་དང་རཾ་ཡི་གེ། །ཐམས་ཅད་འཇིག་ཅིང་ཆགས་སྟོངས་སོ། །ཨེ་ཡཾ་ཁཾ་སཾ་རཾ་སྥ་ར་ཎ་ཕཊ། ཨེ་ནང་ཡཾ་གི་གནས་གསལ་བས། །རླུང་ནག་འཁྲུགས་པའི་རྒྱ་གྲམ་སྟེང་། །ཁཾ་དང་རཾ་གྱི་གནས་གསལ་བས། །རཀྟའི་ཆུ་བོ་མེ་རླུང་འབར། །ཀེཾ་དང་བྷྲཱུྃ་གྱི་གནས་གསལ་བས། །ཀེང་རུས་ས་གཞི་གཞལ་མེད་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཐོད་མཁར་རིན་ཆེན་འབར་བས་བརྒྱན། །སྒོ་བཞི་གྲུ་བཞི་རྟ་བབ་བཞི། །འཁོར་ལོ་གདུགས་དང་མི་མགོའི་ཏོག །ཞིང་ཆེན་བླ་བྲེས་རྒྱལ་མཚན་འཕན། །རྒྱུ་མའི་དྲྭ་ཕྱེད་དོན་སྙིང་འཕྱར། །ཁྲག་དང་ཞག་གི་ཞམ་ཆུ་འབབ། །ཚིལ་ཆེན་བདུག་སྤོས་སྤྲིན་ཕུང་འཁྲིགས། །གློག་དང་འོད་ཀྱི་ཚོགས་འགྱུ་ཞིང་། །ཐོག་དང་མཚོན་ཆ་སྐར་མདའ་འཁྲུགས། །མཁའ་འགྲོ་འཇིགས་པའི་སྤྲིན་འཕྲོ་ཞིང་། །ཧཱུྃ་དང་ཕཊཿཀྱི་འབྲུག་སྟོང་སྒྲོགས། །རཀྟའི་བཟེད་ཕོར་མཆོད་སྤྲིན་འགྱེད། །འབར་བའི་ཀློང་གི་གཞལ་ཡས་ཁང་། །རབ་འཇིགས་ཡངས་པ་ཆེན་པོའི་དབུས། །ཉི་ཟླ་པདྨ་བམ་ཆེན་སྟེང་། །མ་དང་མ་ཡི་འཕྲོ་འདུ་ལས། །སྨུག་ནག་རལ་གཅིག་གནམ་ས་ཁྱབ། །ཐོད་ཕྲེང་མི་མགོ་འབར་བས་བརྗིད། །ཞལ་གཅིག་སྤྱན་གཅིག་མཆེ་བ་གཅིག །བྲང་གི་ལྷན་སྣར་རབ་ཏུ་སླེབས། །ཕྱག་གཡས་ཞིང་དབྱུག་གཡོན་ན་མོ། །སྙིང་ཞགས་ཁྲག་འབབ་ཞལ་དུ་གསོལ། །གཅེར་བུར་ཞབས་གཉིས་བརྐྱང་བསྐུམ་བཞུགས། །བ་སྤུ་མེ་འོད་མཚོན་ཆ་འཕྲོ། །ཞིང་ལྤགས་སྟོད་དཀྲིས་རུས་པས་བརྒྱན། །ཧཱུྃ་དཔའ་མོ་མི་བསྙེངས་འཇིགས་པའི་གཡས། །གཟའ་བདུད་ལྗང་ནག་དབུ་དགུ་པ། །ཞལ་རེ་སྤྱན་གསུམ་བྱ་རོག་མགོ། །མདའ་གཞུ་ཆུ་སྲིན་རྒྱལ་མཚན་གཞུ། །གཡས་དང་གཡོན་གྱི་ཕྱག་ན་བསྣམས། །སྐུ་སྨད་དུག་སྦྲུལ་འཁྱིལ་(༢༥༥)བ་སྟེ། །མགོ་ལུས་མེད་པར་མིག་གིས་ཁེངས། །སྐུ་ལས་བསྐལ་པའི་མེ་དཔུང་འབར། །ཧཱུྃ་ཁྲག་འཐུང་འབར་མ་ཆེན་མོའི་གཡོན། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །དམར་ནག་ཞལ་གཅིག་སྤྱན་གསུམ་བརྗིད། །ཕྱག་གཡས་རྡོ་རྗེ་སྙིང་ཞགས་གཡོན། །སེང་གེ་དཀར་མོ་ཆིབས་པ་སྟེ། །ཐོད་ཕྲེང་མི་ལྤགས་གཡང་གཞི་དང་། །འཇའ་ཚོན་འབར་བས་སྐུ་ལ་འཁྱིལ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཧཱུྃ་འབར་བ་ཀློང་གི་བར་ཁྱམ་དང་། །ཕྱོགས་མཚམས་ཁྱབ་པར་མཁའ་འགྲོ་གིང་། །དྲེགས་པ་སྡེ་བརྒྱད་འཁོར་ཚོགས་དང་། །སྟེང་ན་སྤྲུལ་པའི་ཕོ་ཉ་ནི། །བྱ་ཚོགས་མང་པོ་སྐར་ལྟར་འཁྲུགས། །མཐའ་བསྐོར་སྟག་གཟིག་དོམ་དྲེད་ཁྱི། །མི་ནག་འོ་དོད་འབོད་པས་འཁྲིགས། །མི་རྐང་གླིང་བུ་དི་རི་རི། །རྔམས་པའི་བཤུགས་གླུ་ཀྱུ་རུ་རུ། །རྒོད་པའི་གད་རྒྱངས་ཡ་ལ་ལ། །འཇིགས་པའི་བྲོ་ཆེན་ཆེམས་སེ་ཆེམ། །འབར་བའི་དཀྱིལ་འཁོར་ཀུན་ཏུ་གསལ། །ཨ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེ་ནས་བཞེངས་སུ་གསོལ་ཞིང་སྤྱན་དྲངས་ཏེ་མཆོད་བསྟོད་བྱས་ལ་བསྟིམ་པ་ནི། ཚིག་ཕྱིར་སེམས་གཞོལ་བས། ཧཱུྃ་ངང་ཉིད་ཆོས་སྐུ་འགྱུར་མེད་དག་པའི་ཀློང་། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་ནས། །དཔལ་ཆེན་སྐུ་ལ་གཉིས་མེད་འཁྲིལ་སྦྱོར་བ། །ཨེ་ཀ་ཛ་ཊཱི་གུ་ཧྱ་གསང་བའི་ཡུམ། །དཔལ་གྱི་འཁོར་ཚོགས་ཡེ་ཤེས་རོལ་པ་ལས། །ཆོས་ཀྱི་དབྱིངས་ལས་སྒྱུ་མར་སྐུ་བཞེངས་ལ། །ཡེ་ཤེས་མཐོངས་ཕྱེ་མ་རིག་མུན་པ་སོལ། །མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེ། །ཨ་བཛྲ་དྷྲིཀ་ཛ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་བསྐལ་པ་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ལས་ཀྱི་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །དཔལ་ལྡན་གཙོ་མོ་ཨེ་ཀ་ཛ་ཊཱི་མ། །བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགས། །ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་སྣ་ཚོགས་སྟོན། །གློག་ལྟར་འཁྱུག་ཅིང་གང་ལའང་ཐོགས་པ་མེད། །དུས་བཞིར་ཉུལ་ཞིང་བསྟན་པའི་དམ་རྫས་སྲུང་། །རྣལ་འབྱོར་སྐྱོང་ཞིང་རེ་བ་བསྐང་ངོ་ཞེས། །ཞལ་བཞེས་གང་ལགས་རྗེས་སུ་མཐུན་དགོངས་ལ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །བདག་ལ་བྱིན་རློབས་དཀྱིལ་འཁོར་གཉན་པོ་ཟུང་། །ཕྱི་ནང་གསང་བའི་མཆོད་ཡོན་འདི་བཞེས་ལ། འདོད་པའི་དོན་དགོངས་ཕྲིན་ལས་རྫོགས་པར་མཛོད། །ཉི་ཟླ་པདྨ་རིན་ཆེན་(༢༥༦)གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨ་མ་མ་ཏྲི་ཏྲི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ས་མཱ་ཡ་ཏིཥྛ་ལྷན། དེ་ནས་དམ་བཅའི་མཆོད་པ་དང་། ཕྱི་ནང་གི་མཆོད་བཤགས་དང་། བསྟོད་གསོལ་གྱི་མཆོད་པ་རྣམས་བྱ་བ་ལས། དམ་བཅའ་བའི་མཆོད་པ་ལ་གདུང་སེམས་བསྐྱེད་ལ་ཐལ་མོ་སྦྱར་ལ། ཧཱུྃ་དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །གཡར་དམ་གཅིག་པས་ཐུགས་རྗེས་དགོངས་སུ་གསོལ། །སྐུ་མདོག་ཕྱག་མཚན་མོས་པས་གསལ་བར་བྱ། །ལུས་ངག་ཡིད་ཀྱི་གདུང་བ་དམ་པ་ཡིས། །ལྷ་མཆོག་ཉིད་དང་ཇི་སྲིད་གནས་ཀྱི་བར། །བདག་དང་མི་འབྲལ་སེམས་ཀྱིས་གོམས་པར་བགྱི། །བདག་ནི་ཁྱོད་མཐོང་དངོས་སུ་བལྟར་མེད་པས། །མུན་པའི་ཚོགས་དང་འདྲ་བར་མཆིས་མོད་ཀྱིས། །གདུང་སེམས་དམ་པས་ཡིད་ཆེས་དངོས་ཇི་བཞིན། །རེ་ཞིང་ལྟོས་སོ་བྱམས་ལྡན་ཐུགས་རྗེའི་ཡུམ། ཁྱོད་ནི་ཡེ་ཤེས་སྒྲིབ་མེད་ཞལ་མངའ་བས། །དུས་འདིར་བྱིན་རློབས་ཐུགས་རྗེའི་ཞལ་བཟང་སྟོན། །རྡོ་རྗེ་མཆོག་གསུམ་སྒྲུབ་པའི་དམ་ཚིག་མཆོག །དེང་ནས་བརྩམས་ཏེ་བདག་གིས་གཟུང་བར་བགྱི། །ཞེས་པ་གསུམ་བརྗོད་དོ། །

ཕྱི་ནང་གི་མཆོད་བཤགས་ལ། སྤྱིར་བྱ་བ་དང་། ཁྱད་པར་དུ་བྱ་བ་གཉིས་ལས། དང་པོ་ལ། མཆོད་རྫས་བྱིན་གྱིས་བརླབས་པ་ནི། བདག་གི་སྙིང་ཁ་ནས་རྃ་ཡྃ་ཁྃ་འཕྲོས་མཆོད་གཏོར་ལ་ཕོག །རཾ་གྱིས་བསྲེགས། ཁཾ་གིས་སྦྱངས། ཡཾ་གིས་གཏོར། ཅི་ཡང་མི་དམིགས་པའི་ངང་ལས་ཨ་ཨཱཿཧཱུྃ་འཕྲོས། ཕྱི་ནང་གསང་བའི་མཆོད་པ་སོ་སོ་ས་དང་བར་སྣང་གང་བར་བསམས་ལ། དབུལ་བ་ནི། ཧཱུྃ་དཔལ་ལྡན་གཙོ་མོ་འཁོར་བཅས་སྤྱན་སྔ་རུ། །སྤོས་དང་མེ་ཏོག་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་རོལ་མོ་འཕན་གདུགས་རྒྱལ་མཚན་སོགས། །གཙང་སྦྱར་མཆོད་སྤྲིན་ནམ་མཁའ་གང་བར་འབུལ། །ཨ་བཛྲ་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཨ། གནྡྷེ་གན། ནཻ་ཝི་ཏེ་ཨཱཿཤབྟ་ཧཱུྃ། ཚ་ཏྲཾ་ཏྲཾ། དྷྭ་ཛ་ས་མཱ་ཡེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །ཕྲིན་ལས་ཚད་མེད་བརྙེས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་འགྱུར་བ་མེད་ལ་ཕྱག་འཚལ་ལོ། །གཟུགས་སྐུ་ཅིར་ཡང་སྟོན་ལ་ཕྱག་འཚལ་ལོ། །སྤྲུལ་པ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །མཐུ་སྟོབས་རྨད་དུ་བྱུང་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཐོགས་པ་མེད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུགས་བཞིན་སྐྱོབ་ལ་ཕྱག་འཚལ་ལོ། །ཆེ་བའི་ཡོན་ཏན་བརྙེས་ལ་ཕྱག་འཚལ་ལོ། །དཔལ་(༢༥༧)གྱི་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་བསྟན་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དཔལ་གྱི་ཡུམ་ཆེན་དམ་ཅན་རྒྱ་མཚོའི་ཚོགས། །མ་ལུས་འཁོར་བཅས་གསན་ཅིང་དགོངས་སུ་གསོལ། །བདག་ནི་སྒྲུབ་མཆོག་ངེས་པའི་རྣལ་འབྱོར་གཅིག །གསང་ཆེན་བླ་ན་མེད་པའི་ལམ་ཞུགས་ཏེ། །རྩ་བ་ཡན་ལག་དམ་ཚིག་མནོས་པ་ལས། །འགལ་འཁྲུལ་ཉམས་ཆག་ནོངས་པ་མཐོལ་ལོ་བཤགས། །སྲུང་མ་ཁྱེད་བསྟེན་བསྒྲུབ་པར་ཁས་བླངས་ཀྱང་། །རྐྱེན་དབང་ལེ་ལོས་དེ་ལྟར་རྔོ་མ་ཐོགས། །ཚོགས་མཆོད་ཆུང་ཞིང་སྐོང་བ་མ་རྫོགས་སོགས། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཐལ་ཆེན་གཡང་གཞི་ཞིང་ཆེན་གསར་རྙིང་སོགས། །སྒྲུབ་པའི་རྫས་མཆོག་མ་ཚང་མ་འབྱོར་བས། །འགལ་འཁྲུལ་ནོངས་པ་ཐམས་ཅད་མཐོལ་ལོ་བཤགས། །ཛ་གད་ཕུད་དང་པཉྩ་ཨ་མྲ྇་ཏ། །ཤ་ཁྲག་དམར་གྱི་གཏོར་མ་ལ་སོགས་ཏེ། །མཆོད་ཅིང་བསྐང་བའི་དམ་རྫས་མ་ཚང་བས། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྒྲུབ་པ་ཡུན་ཐུང་བཟླས་གྲངས་ཉུང་བ་དང་། །ཐུན་ཟོར་མ་ལྕོགས་ལེ་ལོའི་དབང་གྱུར་པས། །ལྷ་མཆོག་ཁྱེད་དང་ད་དུང་ཞལ་མ་མཇལ། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །བདག་ནི་དང་པོའི་ལས་ཅན་གཏི་མུག་པས། །སེམས་ཉིད་དོན་གྱི་བདེན་པ་མ་མཐོང་སྟེ། །ཐེ་ཚོམ་སོམ་ཉི་ཉོན་མོངས་ལོག་ལྟ་སོགས། །ཆོས་ཉིད་དོན་གྱིས་འགལ་བ་མཐོལ་ལོ་བཤགས། །མ་རིག་བདག་འཛིན་ཉོན་མོངས་དབང་གྱུར་པས། །འཁོར་རྐྱེན་ངན་པའི་ལས་ཀྱིས་མཚམས་སྦྱར་ཏེ། །མུ་མཐའ་མེད་པས་སྲིད་པར་འཇུག་ལ་སོགས། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །གསང་སྔགས་སྒྲུབ་རྫས་ཚོགས་པར་དཀའ་བ་དང་། །དུས་ངན་སྐྱེ་བོ་ལོག་རྟོག་ཆེ་བ་དང་། །བདག་ནི་ཉམ་ཆུང་བློ་གྲོས་རབ་དམན་པས། །གསང་ཆེན་ཐབས་དང་འགལ་བ་མཐོལ་ལོ་བཤགས། །བསྐྱེད་རྫོགས་ཏིང་འཛིན་ཆུ་བོའི་གཞུང་ཆེན་བཞིན། །བསྒྲུབ་ཅིང་དཔྱད་པས་དང་དུ་བླང་རྒྱུ་ལས། །དོན་མེད་འཁྲུལ་པའི་ལས་ལ་གཡེངས་གྱུར་པ། །འགལ་འཁྲུལ་ཉེས་པ་ཐམས་ཅད་མཐོལ་ལོ་བཤགས། །ངོ་མཚར་(༢༥༨)ཆེན་པོ་བདེ་བར་གཤེགས་རྣམས་ཀྱི། །བརྟུལ་ཞུགས་སྤྱོད་པ་རྨད་བྱུང་རོལ་པ་རྣམས། །དང་དུ་མ་བླངས་སྨད་ཅིང་ལོག་པར་བལྟས། །སྦྱོར་སྒྲོལ་ལས་མཐའ་ལོག་པ་མཐོལ་ལོ་བཤགས། །དབེན་པར་བསྒྲུབ་ཅིང་དང་དུ་བླང་རྒྱུ་ལ། །གསང་སྒོ་འཆོལ་ཞིང་མང་པོའི་ཚོགས་སུ་བསྒྲགས། །དམ་ཅན་རྒྱ་མཚོའི་ཐུགས་དང་ཅི་འགལ་བ། །ཉམས་གྲིབ་ཉེས་ལྟུང་ཐམས་ཅད་མཐོལ་ལོ་བཤགས། །བདག་གིས་འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ། །ཡེ་ཤེས་སྤྱན་མངའ་ཁྱེད་ཀྱི་ཐུགས་ལ་འགལ། །དེ་ཀུན་མ་ལུས་དུས་འདིར་མཐོལ་ལོ་བཤགས་ཁྱེད་ཀྱི་ཐུགས་རྗེས་དག་པར་མཛད་དུ་གསོལ། །སྔོན་ཚེ་དཔལ་ཆེན་འབར་བའི་སྤྱན་སྔ་རུ། །ཉམས་ཆག་བསྐང་ཞིང་བསྟན་པ་བསྲུང་ངོ་ཞེས། །ཞལ་བཞེས་གང་ལགས་དུས་འདིར་བསྒྲུབས་ལགས་ཀྱི། །བདག་གི་འགལ་འཁྲུལ་ཉམས་ཆག་སྦྱང་དུ་གསོལ། །བེམས་པོའི་རང་བཞིན་ནོར་བུ་འབར་བ་ཡང་། །ལྷ་མིའི་རེ་འདོད་ཡིད་བཞིན་སྐོང་མཛད་ན། །ཁྱེད་ནི་བསམ་འཕེལ་ཡིད་བཞིན་ཅིས་མི་མཛད། །བདག་གི་མངོན་འདོད་རེ་བ་བསྐང་དུ་གསོལ། །དོན་དམ་མ་སྐྱེས་མཁའ་ལྟར་དག་པ་ལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་རང་བཞིན་དུ། །འགལ་འཁྲུལ་ཉེས་པ་ཐམས་ཅད་མཐོལ་ལོ་བཤགས། །ཁྱེད་ནི་སྒྱུ་མའི་རང་བཞིན་ཅིར་ཡང་བསྒྱུར། །བདག་གིས་འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ། །བཤགས་པས་ཚངས་ཏེ་དག་པའི་དངོས་གྲུབ་སྩོལ། །ཐུགས་རྗེས་བསྐྱང་ཞིང་རེ་བ་བསྐང་དུ་གསོལ། །ཨ་བཛྲ་སཏྭ་ས་མཱ་ཡ་ཞེས་པའི་ཡི་གེ་བརྒྱ་པ་བརྗོད་དོ། །

གཉིས་པ་ཁྱད་པར་བྱ་བ་ལ། བྱིན་གྱིས་བརླབ་པ་དང་འབུལ་བ་གཉིས་ལས། དང་པོ་ནི། བདུད་རྩིའི་བསངས་ཆུ་གཏོར་ལ་ཚིག་གི་ཕྱིར་སེམས་གཞོལ་བས། ཧཱུྃ་བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཚོགས་གཏོར་སྦྱང་ཕྱིར་ཡི་གེ་སྤྲོ། །རཾ་ལས་མེ་འབར་ཐམས་ཅད་བསྲེག །ཡཾ་ལས་རླུང་བྱུང་མ་ལུས་གཏོར། ཁཾ་ལས་ཆུ་བྱུང་དག་པར་སྦྱངས། །ཨ་ལས་འདོད་ཡོན་རྣམ་ལྔར་གྱུར། །ཨཱཿལས་མཁའ་དབྱིངས་མ་ལུས་ཁྱབ། །ཧཱུྃ་ལས་འདོད་དགུའི་དངོས་པོར་གྱུར། །ཐམས་ཅད་མ་ལུས་ཆོས་སོ་ཅོག །བླ་མེད་མཆོད་པའི་སྤྲིན་དུ་འཁྲིགས། །རཾ་ཡཾ་ཁཾ། ཨ་ཨཱཿཧཱུྃ་མཧཱ་པཱུ་ཛ་མེ་ག་སུ་ར་ཏོ་ཧོ་ཏི་པུ་ཕེ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འབུལ་བ་ལ་དྲུག་ལས། དང་པོ་སྨན་འབུལ་བ་ནི་དྲིའི་དུང་ཆོས་ནས་(༢༥༩)འཐོར་ཞིང་། ཧཱུྃ་སྣ་ཚོགས་འདུས་པ་བདུད་རྩིའི་རོ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །ཨེ་ཀ་ཛ་ཊཱི་འཁོར་བཅས་ལ། །རྣམ་པར་དག་པའི་བདུད་རྩིས་མཆོད། །ཨ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲ྇་ཏ་ཧཱུྃ་ཧྲཱིཿཐཱཿ། རཀྟ་ནི་དངོས་སམ་བཤམས་པ་ལ་དམིགས་ཏེ། ཧཱུྃ་ཆགས་པ་དངོས་དག་རང་བྱུང་ཀ་པཱ་ལར། །འདོད་ཆགས་རྣམ་དག་དམར་གསལ་རཀྟའི་རྒྱུན། །བདེ་ཆེན་དབྱིངས་སུ་དད་པས་འབུལ་ལགས་ཀྱི། །དགྱེས་པར་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །ཨ་མཧཱ་རཀྟ་ལ་ཁཱ་ཧི། བདུད་རྩི་ནི་མཐེབ་སྲིན་གྱིས་འཐོར་ཞིང་། ཨ་འབྲུ་བཅུད་དྭངས་མ་དངོས་གྲུབ་དམ་པའི་རྫས། །ཛ་གད་དཔའ་བོ་ཀུན་ནས་བྱིན་ཆེ་བ། །ཏིང་འཛིན་དངོས་བཤམས་དག་པས་འབུལ་ལགས་ཀྱིས། །ཐུགས་རྗེས་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །ཨ་མཧཱ་པཉྩ་ཨ་མྲ྇་ཏ་ཧཱུྃ་ཧྲཱིཿཐཱཿ གཏོར་མ་ནི་བདུད་རྩིས་བྲན་ལ། ཨ་གཞོང་པ་རྣམ་དག་ཆོས་དབྱིངས་ནམ་མཁའི་རྒྱར། །གཏོར་མ་རྣམ་དག་རི་དང་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་བཀྱེ་ཤ་ཁྲག་བདུད་རྩིས་བྲན། །ཨེ་ཀ་ཛ་ཊཱི་འཁོར་དང་བཅས་ལ་འབུལ། །དམ་རྫས་དངོས་འབྱོར་དག་པའི་གཏོར་ཆེན་འདི། །ཏིང་འཛིན་དགོངས་ཀློང་དག་པས་བྱིན་བརླབས་ཏེ། །ནམ་མཁའི་དབྱིངས་ཀུན་གང་བར་ཕུལ་བ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨ་མཧཱ་བ་ལིཾ་ཏ། ཏེ་ཛོ་བ་ལིཾ་ཏ། མཧཱ་ཀོ་ནྲི་ཐ། མཧཱ་མཾ་ས་ལ་ཁཱ་ཧི། མཧཱ་རཀྟ་ལ་ཁཱ་ཧི། མཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི། ཚོགས་མཆོད་ནི། གསུམ་དུ་བཅད་པ་སྣོད་སོ་སོར་ཕུལ་ལ། ཧཱུྃ་དཔལ་ཆེན་གསང་བ་དབྱིངས་ཀྱི་ཡུམ། །འཁོར་དང་བཅས་པ་མ་ལུས་པ། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །འདིར་གཤེགས་རྣལ་འབྱོར་ཚོགས་ལ་རོལ། །ཧཱུྃ་ཁྲག་འཐུང་འབར་བ་རལ་གཅིག །ཆེན་མོ་དང་། །སྤྲུལ་པའི་གཟའ་མཆོག་ཡང་སྤྲུལ་ཕོ་ཉ་བརྒྱད། །སྐྱེས་མཆོག་འབར་བ་མཆེད་དང་སྐུ་འཁོར་བཅས། །དབྱིངས་ཀྱི་ཡུམ་དྲུག་ཉི་ཟླ་ཐོད་ཕྲེང་དང་། །དཀར་མོ་སྤྱན་གཅིག་སྨན་མོ་ལྔ་བཅུ་གཉིས། །དྲེགས་པ་སྡེ་བརྒྱད་མཁའ་འགྲོ་ཕོ་ཉ་གིང་། །དམ་ཅན་སྲུང་མ་བརྟེན་ཅིང་བསྒྲུབས་པའི་ལྷ། །བོད་ཁམས་སྐྱོང་བའི་ལྷ་ཆེན་བསྟན་མར་བཅས། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས། །རྣམ་དག་འདོད་ཡོན་ལྔ་ཡི་ཚོགས་ལ་རོལ། །ཨ་ཨཱཿཧཱུྃ་མཧཱ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ལུས་ངག་ཡིད་གསུམ་སྡིག་པའི་ལས་རྣམས་ལ། །འདོད་ཆགས་ཞེ་སྡང་གཏི་(༢༦༠)མུག་རྐྱེན་བསླངས་ནས། །ལས་ཀྱི་དབང་གིས་ཁམས་གསུམ་འཁོར་འབྲས་ནི། །མ་རིག་མ་ཤེས་མ་མཐོང་གསུམ་གྱིས་ནི། །ལས་ཀྱི་མཚམས་རྩལ་འཁོར་བའི་ལས་འབྲས་བསགས། །ཉམས་དང་འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་ཀུན། །གནོང་འགྱོད་གདུང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །དག་ནས་ཚངས་ཏེ་བཟོད་པའི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སོགས་པའི། །ཉམས་ཆག་འགལ་འཁྲུལ་ནོངས་པ་བགྱིས་པ་རྣམས། །ཚོགས་ཀྱི་མཆོད་ཆེན་འདིས་བསྐང་མཐོལ་ལོ་བཤགས། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་བརྗོད་ནས། དུག་གསུམ་ཤ་ཁྲག་གི་མཆོད་པ་ནི། ཉ་བོ་བསྒྲལ་ལ་གཏོར་མར་ཕུལ་ཏེ། ཧཱུྃ་བསྟན་པ་ཡོངས་ལ་གནོད་པ་དང་། །སེམས་ཅན་ཀུན་ལ་འཚེ་བ་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་ལ་སྡང་བའི་དགྲ། །དམ་ཉམས་འཁོར་དང་བཅས་པ་ཡི། །ཤ་རུས་རི་རབ་བརྩེགས་པ་ལ། །རཀྟའི་ཞམ་ཆུ་རྒྱ་མཚོར་བསྐྱིལ། །དབང་པོ་རྣམ་ཤེས་དྲོད་དང་དབུགས། །ཕུང་པོ་སྐྱེ་མཆེད་ཁམས་དང་བཅས། །དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཨ་ཨཱཿཧཱུྃ་མཧཱ་རཱུ་ཏྲ་ཆེ་གེ་འཁོར་དང་བཅས་པ་ཐམས་ཅད་ཁ་རཾ་ཁཱ་ཧི། ཞེས་པ་དང་རཀྟས་བྲན་ནོ། །སྐོང་མཆོད་ནི་གཏོར་མར་སྨན་རག་བྲན། བདུད་རྩིའི་རྒྱུན་བྲན་ལ་གསུར་གྱི་དུད་པ་དང་རོལ་མོའི་སྒྲས་མཆོད་ཅིང་། ཧཱུྃ་དཔལ་གྱི་དམ་ཅན་རྒྱ་མཚོ་ལ། །ཕྱི་མཆོད་རིན་ཆེན་སྣ་ལྔས་བསྐང་། །སྤོས་དང་མར་མེས་ཐུགས་དམ་བསྐང་། །ཞལ་ཟས་རོལ་མོས་ཐུགས་དམ་བསྐང་། །སིལ་སྙན་གླུ་གར་དབྱངས་ཀྱིས་བསྐང་། །གདུགས་དང་རྒྱལ་མཚན་དར་ཟབ་བསྐང་། །སྨན་དང་མེ་ཏོག་རིན་ཆེན་བསྐང་། །ལྷ་མིའི་འདོད་ཡོན་རྣམ་ལྔས་བསྐང་། །བསྐངས་པས་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །ནང་མཆོད་བདུད་རྩི་རྣམ་ལྔ་དང་། །སྨན་དང་རཀྟས་ཐུགས་དམ་བསྐང་། །ཛ་གད་དམར་ཆེན་གཏོར་མས་བསྐང་། །ཞུན་ཆེན་སྣང་གསལ་མར་མེས་བསྐང་། །གསུར་ཆེན་དྲི་ཡི་དུད་པས་བསྐང་། །ཞིང་ཆེན་བླ་བྲེས་རྒྱན་གྱིས་བསྐང་། །ཐོད་ཕྲེང་ཞིང་དབྱུག་བྷན་དྷས་བསྐང་། །མདའ་གཞུ་རྒྱལ་མཚན་ཞགས་(༢༦༡)པས་བསྐང་། །རྡོ་རྗེ་དགྲ་སྙིང་འབར་བས་བསྐང་། །ཕྱག་མཚན་ཞིང་ལྤགས་ཆས་ཀྱིས་བསྐང་། །སེང་གེ་གླང་ཆེན་རྟ་མཆོག་བསྐང་། །ཁྱུ་མཆོག་གཟིག་དང་མ་ཧེས་བསྐང་། །ཅེ་སྤྱང་དོམ་དྲེད་བདུད་བྱས་བསྐང་། །མི་ནག་བྱ་ནག་ཁྱི་ནག་བསྐང་། །དཔལ་གྱི་ཕོ་ཉའི་ཐུགས་དམ་བསྐང་། །བསྐངས་པས་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་དཔལ་འབར་ཆེན་མོ་འཁོར་བཅས་ལ། །གསང་མཆོད་སྦྱོར་སྒྲོལ་མཆོད་པས་བསྐང་། །ཐབས་དང་ཤེས་རབ་དགྱེས་སྤྲིན་བསྐང་། །མཁའ་མཉམ་བྱང་ཆུབ་སེམས་ཀྱིས་བསྐང་། །སྣང་སྲིད་སངས་རྒྱས་ཞིང་དུ་བསྐང་། །སྣོད་བཅུད་ལྷ་དང་ལྷ་མོར་བསྐང་། །གཟུགས་སྣང་སྐུ་ཡི་དཀྱིལ་འཁོར་བསྐང་། །སྒྲར་སྣང་གསུང་གི་དཀྱིལ་འཁོར་བསྐང་། །དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་བསྐང་། །ཉོན་མོངས་ཡེ་ཤེས་ཆེན་པོར་བསྐང་། །དགག་སྒྲུབ་བྱང་ཆུབ་སེམས་སུ་བསྐང་། །ཆོས་རྣམས་མ་སྐྱེས་སྟོང་པར་བསྐང་། །སྟོང་རིག་ཆོས་དབྱིངས་གདལ་བར་བསྐང་། །བསྐངས་པས་དངོས་གྲུབ་སྩལ་དུ་གསོལ། །

བསྟོད་གསོལ་གྱི་མཆོད་པ་ལ་གཉིས་ལས། དང་པོ་བསྟོད་པ་ནི། ཧཱུྃ་བདག་ཉིད་ཆེན་མོ་ཨེ་ཀ་ཛ་ཊཱི་མ། །ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུར་སྤྲུལ་ཏེ། །རྒྱལ་བའི་བསྟན་པ་ཡུན་རིང་སྐྱོང་མཛད་མ། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོར་བསྟོད། །ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད་རྟགས་སུ། །སྐུ་མདོག་སྨུག་ནག་རལ་གཅིག་སྤྱན་གཅིག་ཚེམས། །ཐིག་ལེ་ཉག་གཅིག་ངང་ལས་མ་གཡོས་མ། །བསམ་བརྗོད་སྤྲོས་དང་བྲལ་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་རྣམ་པར་འཕྲུལ་བའི་རྟགས། །ཞབས་གཉིས་བརྐྱང་བསྐུམ་ཕྱག་གཉིས་ཞིང་དབྱུག་དང་། །སྙིང་ཞགས་འཛིན་པས་གར་ཡང་ཐོགས་པ་མེད། །འགྲོ་བའི་དོན་མཛད་མ་ལ་ཕྱག་འཚལ་བསྟོད། །དཔའ་མོ་མི་བསྙེངས་བདུད་ལས་རྒྱལ་བའི་རྟགས། །གཅེར་བུ་བརྗིད་རྔམས་སྟོང་ཁམས་འབར་བའི་སྐུ། །ཡེ་ཤེས་ལྔ་ལྡན་ཐོད་ཕྲེང་གཡང་གཞིས་མཚན། །གཙོ་མོ་བདེ་གཤེགས་ལྷུན་གྱིས་གྲུབ་ལ་བསྟོད། །ཧཱུྃ་ངང་ཉིད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཀྱང་། །འགྲོ་བའི་དོན་ཕྱིར་འབར་བའི་སྐུར་བཞེངས་པ། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཐུ་ཆེན་དྲག་པོ་འདོད་དགུར་བསྒྱུར་ལ་བསྟོད། །ཐེག་པ་རིམ་དགུ་ས་དགུ་འདས་པའི་རྟགས། །དབུ་དགུ་སྟེང་ཞལ་བྱ་རོག་བརྩེགས་པའི་གདོང་། །དུས་གསུམ་གཟིགས་ཤིང་བསྟན་པ་བསྲུང་བའི་རྟགས། །སྤྱན་སྟོང་བསྐལ་པའི་མེ་དཔུང་འབར་ལ་བསྟོད། །དོན་གཉིས་ལྷུན་གྲུབ་མཐའ་བཞི་དག་པའི་རྟགས། །གཡས་གཡོན་མདའ་གཞུ་ཞགས་པ་རྒྱལ་མཚན་ཕྱར། །འཁོར་བ་དག་ཀྱང་(༢༦༢)ཐུགས་རྗེས་སྒྲོལ་བའི་རྟགས། །སྐུ་སྨད་སྦྲུལ་སྟོང་ཆུན་པོས་མཛེས་ལ་བསྟོད། །ཧཱུྃ་ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འབར་བའི་ཆ་ལུགས་ཅིར་ཡང་སྟོན། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །བཛྲ་ཐིག་ལེ་རྩལ་ལ་ཕྱག་འཚལ་བསྟོད། །རིག་འཛིན་ས་བཞི་ལྷུན་གྱིས་གྲུབ་པའི་རྟགས། །སྐུ་མདོག་དམར་ནག་འཇའ་ཚོན་འབར་བ་ལ། །དགོངས་པ་ཆོས་ཉིད་དབྱིངས་སུ་དག་པའི་རྟགས། །ཐོར་ཚུགས་རྩེ་ནས་དུད་སྤྲིན་འཕྱུར་ལ་བསྟོད། །རིམ་དགུ་དམ་ཆོས་སྙིང་པོ་འཛིན་པའི་རྟགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་གནམ་ལ་གསོར། །སྙིང་ཏིག་བསྲུང་ཞིང་ཉམས་པ་སྒྲོལ་བའི་རྟགས། །ཕྱག་གཡོན་སྙིང་ཞགས་ཐུགས་ཀར་འཛིན་ལ་བསྟོད། །སྟོབས་དང་རྫུ་འཕྲུལ་དབང་ཕྱུག་བརྙེས་པའི་རྟགས། །མི་བཟད་སེང་གེ་དཀར་མོའི་སྟེང་ན་ཆིབས། །འདོད་དགུར་བསྒྱུར་ཞིང་བསྟན་པ་བསྲུང་བའི་རྟགས། །དཔལ་གྱི་ཆས་བརྒྱད་སྐུ་མཆོག་མཛེས་ལ་བསྟོད། །ཧཱུྃ་འབར་བའི་འཁོར་ན་བཀའ་ཉན་སྲུང་མའི་ཚོགས། །བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད། །རྣལ་འབྱོར་སྐྱོང་ཞིང་བདུད་འདུལ་དྲག་པོའི་སྐུ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་རང་བྱུང་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག །བོད་ཁམས་སྐྱོང་བའི་ལྷ་རབས་བསྟན་མར་བཅས། །ཡུལ་ལྷ་གཞི་བདག་ཚོགས་ལ་ཕྱག་འཚལ་བསྟོད། །མངའ་གསོལ་བ་ནི། ཕུད་དང་གཙང་མར་སྦགས། མཚམས་སུ་རོལ་མོ་དཀྲོལ་ཞིང་། གསུར་གྱི་དུད་པ་འཐུལ། མེ་ཏོག་གི་ཆར་དབབ་ཅིང་འདི་སྐད་དོ། །ཧོ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། །ཡངས་པ་ཆེན་པོའི་གནས་མཆོག །ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས། དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དཔལ་མགོན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད། ངང་ཉིད་ཆོས་ཀྱི་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ། །བདག་གི་གནས་མཆོག་དམ་པ་འདིར་དད་པས་སྤྱན་འདྲེན་གྱིས། ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་སྐད་ཅིག་ཉིད་ལ་འབྱོན་པར་མཛད་དུ་གསོལ། བྱོན་ནས་ཀྱང་ཉི་ཟླ་པདྨ་རིན་པོ་ཆེའི་གདན་ལ་བཞུགས་ཏེ། (༢༦༣)རྣལ་འབྱོར་གྱི་མཆོད་ཡོན་དམ་པ་བཞེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་སྩལ་དུ་གསོལ། ཨ་བཛྲ་ས་མཱ་ཡ་ཛཿ། ཨ་བཛྲ་ས་མཱ་ཡ་སྟྭཾ། ཨ་བཛྲ་ས་མཱ་ཡེ་ཏིཥྛ་ལྷན།

ཧོཿ། སངས་རྒྱས་ཐམས་ཅད་ཀྱི་མངའ་བདག །ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་རང་བཞིན། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ། ཕྱི་ནང་གསང་བའི་མཆོད་པ། དགྱེས་ཤིང་བསྒྲུབ་པའི་དམ་རྫས། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་ཨརྒྷཾ། ཛ་གད་ཕུད་ཀྱི་དྭངས་མ། ཞལ་ཟས་གཏོར་མའི་རོལ་པ། བྱང་ཆུབ་སེམས་ཀྱི་རང་བཞིན། ཀུན་ཏུ་བཟང་པོའི་མཆོད་སྤྲིན། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པར་རྒྱས་པར་བཀང་སྟེ། འབུལ་ལོ། །གསོལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཞིག །སྒྲུབ་པའི་རྟགས་ཕྱུང་ཞིག །འདོད་དགུའི་རེ་བ་སྐོངས་ཤིག །ལྟ་དགོངས་དང་ཏིང་ངེ་འཛིན་སྤེལ་ཞིང་། འགལ་འཁྲུལ་དང་ཉམས་ཆག་སྐོངས་ཤིག །འཁོར་དང་འབྱོར་པ་སྤེལ་ཞིག །བཀའ་དང་བསྟན་པ་སྲུངས་ཤིག །རྐྱེན་དང་བར་ཆད་ཟློག་ཅིག །བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཧོ་དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ། ཀུན་ཏུ་བཟང་མོའི་སྤྲུལ་པ་ཆེན་མོ། མཁའ་འགྲོ་འབར་བའི་གཙོ་མོ་ཆེན་མོ། ལས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེ་མོ་ཆེན་མོ། ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། སྐུ་འབར་བའི་ཆ་ལུགས་ཤིན་ཏུ་རྔམས་པས་བརྗིད་པ། སྐུ་མདོག་སྨུག་ནག་འོད་སྟོང་འབར་བ། །ཞལ་གཅིག་ཕྱག་གཉིས་འཇིགས་སུ་རུང་བ། །སྤྱན་གཅིག་སྐྱེ་དགུ་ཀུན་ལ་གཟིགས་པ། །ཚེམས་གཅིག་དམ་ཉམས་ཞལ་དུ་གསོལ་བ། །ཕྱག་གཡས་ཞིང་གི་རྒྱལ་མཚན་འཕྱར་བ། །གཡོན་ན་སྙིང་དང་རྒྱུ་ཞགས་འཛིན་པ། །ཞབས་གཉིས་བརྐྱང་བསྐུམ་རབ་ཏུ་བརྗིད་པ། །ཐོད་ཕྲེང་མི་མགོའི་དོ་ཤལ་འཕྱང་བ། །ཐལ་ཆེན་ཞག་གིས་ཐིག་ལེས་མཚན་པ། །ཞིང་ལྤགས་རློན་པ་སྟོད་ལ་དཀྲིས་པ། །གཅེར་བུ་ཧ་ཧ་ཧཱུྃ་སྒྲ་རྒོད་པ། །ཧི་ཧི་དགྱེས་པའི་ང་རོ་སྒྲོགས་པ། །བཤུགས་པའི་འཐོར་རླུང་ཤིན་ཏུ་འཇིགས་པ། །རུ་ལུའི་སྒྲ་སྐད་འབྲུག་སྟོང་(༢༦༤)ལྡིར་བ། །སྐུ་གཅིག་སྟོང་ཁམས་ཀུན་ཏུ་ཁྱབ་པ། །གསུང་གཅིག་ནམ་མཁའི་མཐའ་ལ་འཇལ་བ། །ཐུགས་གཅིག་ཤེས་བྱའི་དཀྱིལ་འཁོར་ཁྱབ་པ། །དུས་གསུམ་སངས་རྒྱས་རྒྱན་དུ་ཐོགས་པ། །ཁམས་གསུམ་སེམས་ཅན་ཕྱག་ན་བསྣམས་པ། །སྣང་སྲིད་འཁོར་འདས་བྷ་གར་ཚུད་པ། །འཁོར་འདས་ཡོངས་ཀྱི་རྗེ་མོ་ཆེན་མོ། །ཀུན་ཏུ་བཟང་མོའི་མཁའ་ཀློང་ཡངས་པ། །དུས་བཞི་དབྱིངས་ཀྱི་བདག་མོ་ཆེན་མོ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཅིག །སྒྲུབ་པའི་རྟགས་ཕྱུང་ཞིག །དཔལ་གྱི་མདངས་སྐྱེད་ཅིག །རྡོ་རྗེ་རྣལ་འབྱོར་པའི་ལྟ་དགོངས་དང་ཏིང་ངེ་འཛིན་སྤེལ་ཞིག །མཐུ་དང་དཔལ་དང་དབང་ཕྱུག་སྐྱེད་ཅིག །བརྗིད་གནོན་དང་བསོད་ནམས་སྤེལ་ཞིག །གཞན་ལས་རྒྱལ་བའི་སྡེ་དཔུང་སྐྱེད་ཅིག །གཞན་ཡང་རྒྱལ་པོའི་ཆད་པ་ཟློག་ཅིག །བློན་པོའི་དལ་ཁ་སྒྱུར་ཅིག །སྐྱེ་བོའི་མི་ཁ་ཆོམ་ཞིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། ནོར་རྫས་ལ་གཏོར་བརླག་མ་བཏང་། ཁ་སྨྲས་དང་གླེང་བརྗོད་མ་བཏང་། དེས་ལེན་དང་དེས་ཉེས་མ་བཏང་། མི་མང་སར་སྨ་མ་དབབ། བྱ་མང་སར་སྤུ་མ་བཏོག །རང་བས་ཞན་པས་བརྙས་སུ་མ་བཅུག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་གཉིས་གོང་གི་རྒྱལ་ཁ་གཏོད་ཅིག །འཁོར་དང་གྲགས་པའི་དངོས་གྲུབ་སྩོལ་ཅིག །མངའ་ཐང་འབྱོར་པ་ཕྱོགས་བཅུར་སྤེལ་ཅིག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས་ཤིག །འགལ་འཁྲུལ་ཉམས་ཆགས་མ་ལུས་སྐོངས་ཤིག །བླ་ན་མེད་པའི་བསྟན་པ་སྲུངས་ཤིག །དམ་ལ་གནས་པའི་རྣལ་འབྱོར་སྐྱོངས་ཤིག །འདོད་དགུར་བསྒྱུར་བའི་ཕྲིན་ལས་མཛོད་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་ཞིག །ཧོ་གཟའ་མཆོག་བཀའི་ཕོ་ཉ་ཆེན་པོ། དཔལ་ཆེན་འབར་བའི་ལས་མཁན་ཆེན་པོ། སྟོང་ཁམས་ཡོངས་ཀྱི་བདག་པོ་ཆེན་པོ། སྐྱེ་འགྲོ་ཡོངས་ཀྱི་སྲོག་བདག་ཆེན་པོ། སྐུ་མདོག་ལྗང་ནག་འོད་དུ་འབར་བ། དབུ་དགུ་སྲིད་པ་གསུམ་ན་གསལ་བ། སྤྱན་སྟོང་བསྐལ་པའི་མེ་དཔུང་འབར་བ། ཕྱག་གཡས་མདའ་དང་ཆུ་སྲིན་རྒྱལ་མཚན། གཡོན་པས་གཞུ་དང་སྦྲུལ་ཞགས་བསྣམས་པ། སྐུ་སྨད་སྦྲུལ་སྟོང་ཆེན་པོས་བསྒྱིངས་པ། ཐོག་དང་སེར་ཆེན་དུག་མདའ་འབེབས་པ། ནད་དང་(༢༦༥)མཚོན་གྱི་བདག་པོ་ཆེན་པོ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཅིག །གྲུབ་པའི་རྟགས་ཕྱུང་ཞིག །བཅོལ་བའི་ལས་མཛོད་ཅིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་མི་ལ་ནད་རིམས་མ་བཏང་། ནོར་ལ་སྟོར་བརླག་མ་བཏང་། བསམ་པ་ལ་བར་ཆད་མ་བཏང་། བཀའ་ཆད་དང་ཡེ་འདྲོག་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། རྒྱལ་པོའི་ཆད་པ་མ་བཏང་། བློན་པོའི་དབང་བསྒྱུར་མ་བཏང་། དམངས་ཀྱི་ཡོ་ལང་མ་བཏང་། བན་བོན་གྱི་ཟོར་ཁ་མ་བཏང་། སྔགས་འཆང་གི་ཕུར་ཁ་མ་བཏང་། བདུད་ཀྱི་ཁྲོམ་ཁ་མ་བཏང་། བཙན་གྱི་ཤོད་ཁ་མ་བཏང་། གཟའི་དལ་ཁ་མ་བཏང་། སྡེ་བརྒྱད་ཀྱི་གནོད་པ་མ་བཏང་། རྐྱེན་དང་བར་ཆད་མ་བཏང་། གཞན་ཡང་མཐའ་བཞིར་རྒྱལ་བའི་རུ་དར་ཕྱོར་ཅིག །དཔལ་འབྱོར་མངའ་ཐང་སྡེ་དཔུང་སྐྱེད་ཅིག །ཐམས་ཅད་འདུན་པའི་མཐུ་དཔལ་སྐྱེད་ཅིག །སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས་ཤིག །ཡུལ་ཁམས་བསྒྱུར་བའི་དབང་ཕྱུག་སྡུས་ཤིག །ཚེ་དཔལ་འབྱོར་པའི་དངོས་གྲུབ་སྩོལ་ཅིག །བསམ་པ་བསྒྲུབ་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག

ཧོ། འཛམ་བུ་གླིང་གི་སྐྱེས་མཆོག་ཆེན་པོ། སྔོན་ཚེ་དཀའ་བ་སྣ་ཚོགས་སྤྱད་པས། ད་ལྟ་མཐུ་དང་རྫུ་འཕྲུལ་བརྙེས་པ། བླ་ན་མེད་པའི་བསྟན་པ་སྲུང་ཞིང་། དམ་ལ་གནས་པའི་རྣལ་འབྱོར་སྐྱོང་བ། མཁན་པོ་ཆེན་པོ། ལས་མཁན་ཆེན་པོ། སྒྲོལ་གིང་ཆེན་པོ། སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །སྐུ་མདོག་དམར་ནག་འཇིགས་སུ་རུང་བ། །རལ་པའི་རྩེ་ནས་དུ་བ་འཕྱུར་བ། །སྤྱན་གསུམ་བསྐལ་པའི་མེ་འོད་འཕྲོ་བ། །ཞལ་གདངས་རྣོ་དཀར་མཆེ་བ་གཙིགས་པ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར་བ། །གཡོན་པས་སྙིང་དང་ཞགས་པ་འཛིན་པ། །ཐོད་ཕྲེང་མི་ལྤགས་གཡང་གཞི་གསོལ་བ། །སྟག་ཤམ་སྐུ་ཡི་རྣམ་ཕྱེད་དཀྲིས་པ། །ཐལ་ཆེན་ཞག་གི་ཐིག་ལེ་བྱས་པ། །སེང་གེ་དཀར་མོ་ཆིབས་སུ་བཅིབས་པ། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཆས་པ། །ནད་དང་ཚོན་གྱི་གྲུ་གུ་རྐྱོང་པ། །འཆི་བདག་ལས་ཀྱི་གཤིན་རྗེ་རྔམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ལེགས་པ་ཆོས་ཤིག །ཉེས་པ་ཟློག་ཅིག །བསམ་པ་དང་རེ་བ་ཐམས་ཅད་སྐོངས་ཤིག །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མི་ལ་ན་ཚ་མ་བཏང་། (༢༦༦)ཕྱུགས་ལ་གོད་ཁ་མ་བཏང་། ཁ་སྨྲས་དང་གླེང་བརྗོད་མ་བཏང་། མི་ཁ་དང་དལ་ཡམས་མ་བཏང་། དགྲ་རྐུན་དང་འཚེ་བ་མ་བཏང་། གཞན་ཡང་གཞི་ལ་སྡོད་ན་ལེགས་པར་སྲུངས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །ལམ་འཕྲང་འཇིགས་སར་སྐྱེལ་བསུ་གྱིས་ཤིག །ཆུ་ལ་འགྲོ་ན་སྒྲོལ་འདོན་མཛོད་ཅིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །དགྲ་དང་རྩོད་ན་ཕ་རོལ་ནོན་ཞིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་གཉིས་གོང་དུ་ལེགས་པར་ཐོན་ཞིག །སྙན་པ་བསྒྲུབ་ལ་གྲགས་པ་སྒྲོགས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག

ཧོ། བཀའ་སྡོད་ལས་ཀྱི་སྤྲུལ་པ་ཆེན་པོ། །ཕོ་ཉ་ཡང་སྤྲུལ་དམ་ཅན་རྒྱ་མཚོ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ། །སྐུ་མདོག་ཕྱག་མཚན་ཅིར་ཡང་བསྒྱུར་བ། །མཐུ་སྟོབས་རྫུ་འཕྲུལ་དཔག་ཏུ་མེད་པ། །ལ་ལ་ཐོག་དང་སེར་ཆེན་འབེབས་པ། །ལ་ལ་ནད་དང་སྐར་མདའ་གཏོང་བ། །ལ་ལ་མདའ་གཞུ་རྒྱལ་མཚན་འཕྱར་བ། །ལ་ལ་མི་རྐང་གླིང་བུ་འབུད་པ། །ལ་ལ་རུ་མཚོན་བ་དན་འཕྱར་བ། །ལ་ལ་སྟག་གཟིག་དོམ་དྲེད་ཞོན་པ། །ལ་ལ་མི་ནག་འོ་དོད་འབོད་པ། །ལ་ལ་མི་ལྤགས་གཡང་གཞི་གདེངས་པ། །ལ་ལ་བདུད་བྱ་སྤྲིན་ལྟར་ལྡིང་བ། །ལ་ལ་ཁྱི་སྤྱང་འུར་བ་རྒྱུག་པ། །འབུམ་ཕྲག་བྱེ་བ་དཔག་ཏུ་མེད་པ། །ཕོ་ཉ་ཡང་སྤྲུལ་ལས་མཁན་གྱི་ཚོགས་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཅིག །གྲུབ་པའི་རྟགས་ཕྱུང་ཞིག །བཀའ་ཡི་བྱ་ར་གྱིས་ཤིག །བཅོལ་བའི་ཕྲིན་ལས་མཛོད་ཅིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག །རྒྱབ་ཀྱི་བརྟེན་མ་གྱིས་ཤིག །མདུན་གྱི་འཁར་བ་གྱིས་ཤིག །གཡས་ཀྱི་དཔུང་གཉེན་གྱིས་ཤིག །གཡོན་གྱི་མགོན་སྐྱབས་གྱིས་ཤིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །རྐྱེན་ངན་དང་བར་ཆད་སོལ་ཅིག །འདོད་དོན་དང་ཕྲིན་ལས་སྒྲུབས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག

ཧོ། གངས་རི་རྒྱུད་ཀྱི་བདག་པོ་ཆེན་པོ། །ཆོས་རྒྱལ་རྗེ་ཡི་མགུར་ལྷ་ཆེན་པོ། །རིན་ཆེན་གཏེར་གྱི་བདག་པོ་ཆེན་པོ། །སློབ་དཔོན་པདྨའི་དགེ་བསྙེན་ཆེན་པོ། །གནོད་སྦྱིན་ཆེན་པོ་རྡོ་རྗེ་ཤམ་པོ། རྡོ་རྗེ་ཐང་ལྷ། རྡོ་རྗེ་གང་བཟང་། རྡོ་(༢༦༧)རྗེ་ར་སྐྱེས། རྡོ་རྗེ་མཁའ་རི་ལ་སོགས་པ་ལྷ་གཉེན་ཆེན་པོ་ཉི་ཤུ་རྩ་གཅིག་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཅིག །གྲུབ་པའི་རྟགས་ཕྱུང་ཞིག །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །ཚེ་དང་དཔལ་འབྱོར་སྤེལ་ཞིག །ཡུལ་ཁམས་དང་ས་ཕྱོགས་སྐྱོངས་ཤིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །མི་ཁ་དང་དལ་ཡམས་སྒྱུར་ཅིག །བསམ་དགུ་དང་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །དཀྱིལ་འཁོར་གཉེན་གྱི་སྲུང་མ་ཆེན་མོ། མཁའ་འགྲོ་འབར་བའི་གཙོ་མོ་ཆེན་མོ། བོད་ཡུལ་སྐྱོང་བའི་བསྟན་མ་ཆེན་མོ། སློབ་དཔོན་པདྨའི་བྲན་གཡོག་ཆེན་མོ། བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའི་འཁོར་ན་གནས་པ། ནག་མོ་མི་སྡུག་པའི་བུ་མོ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲག་འཛག་མའི་བུ་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པ་གནོད་སྦྱིན་མོ་ཆེན་མོ་བཞི་དང་། དཀར་ཤམ་བཞིན་བཟངས་མའི་བུ་མོ་རྡོ་རྗེ་བོད་ཁམས་སྐྱོང་བ་ལ་སོགས་པ་སྨན་མོ་ཆེན་མོ་བཞི་དང་། ཡུལ་ལྷ་བཞི་བདག་གི་ཚོགས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དགྱེས་པའི་ཞལ་སྟོན་ཅིག །གྲུབ་པའི་རྟགས་ཕྱུང་ཞིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་དང་གནོད་པ་སྐྱོབས་ཤིག །ཚེ་དང་དཔལ་འབྱོར་སྤེལ་ཞིག །མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །བསམ་དགུའི་རེ་བ་སྐོངས་ཤིག །རྐྱེན་ངན་དང་བར་ཆད་སོལ་ཅིག །བདག་ལས་འཕགས་པའི་གྲགས་པ་སྒྲོགས་ཤིག །གཞན་ལས་རྒྱལ་བའི་རུ་དར་ཕྱོར་ཞིག །མཉམ་གཉིས་ལྷག་པའི་གོང་དུ་ཐོན་ཞིག །མཐུ་སྟོབས་རྫུ་འཕྲུལ་དཔག་མེད་སྐྱེད་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོ་བདག་ཅག་རྡོ་རྗེ་དཔོན་སློབ་འཁོར་དང་བཅས་པ། དགུང་སྔོན་མཐོན་པོ་བས་དཔངས་མཐོ་བར་མཛོད་ཅིག །ཉི་ཟླ་གཟའ་སྐར་བས་འོད་གསལ་བར་གྱིས་ཤིག །རི་བདུན་རོལ་མཚོ་བས་བརྗིད་ཆེ་བར་གྱིས་ཤིག །གླིང་བཞི་གླིང་ཕྲན་པས་གནས་མང་བར་གྱིས་ཤིག །ལྷ་དབང་བརྒྱ་བྱིན་བས་བཀའ་བཙན་པར་གྱིས་ཤིག །འཁོར་ལོས་སྒྱུར་རྒྱལ་བས་མངའ་ཐང་ཆེ་བར་གྱིས་ཤིག །རྒྱ་མཚོ་ཆེན་པོ་བས་ཀློང་ཡངས་པར་གྱིས་ཤིག །ཡིད་བཞིན་ནོར་བུ་བས་(༢༦༨)དགོས་འདོད་འབྱུང་བར་གྱིས་ཤིག །ཀླུ་དབང་ཆེན་པོ་བས་བརྗིད་ཆེ་བར་གྱིས་ཤིག །གངས་རི་བརྩེགས་པ་བས་རིང་དུ་འཚེར་བར་གྱིས་ཤིག །དཔག་བསམ་ཤིང་ཆེན་བས་འཁོར་འདབ་རྒྱས་པར་གྱིས་ཤིག །བུམ་པ་བཟང་པོ་བས་བཀྲ་ཤིས་པར་གྱིས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་གྱིས་ཤིག །ཅེས་བརྗོད་དོ། །

དེ་ནས་གཏོར་མ་ཅུང་ཟད་བསྒྱུར་ལ་བདུད་རྩི་བྲན་ཏེ། བྷྱོཿ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན། ཆོས་དབྱིངས་བརྙེས་ཀྱང་འཇིག་རྟེན་ཆ་ལུགས་འཛིན། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྟོན། །སོ་སོའི་རིགས་དང་མིང་སྲིན་ལྕམ་དྲལ་ཚུལ། །བདག་ཅག་རྡོ་རྗེ་རྣལ་འབྱོར་འཁོར་བཅས་ཀྱི། །ཆག་ཆེན་ཉམ་ང་ཐམས་ཅད་བཟློག་ཏུ་གསོལ། །བྷྱོཿ དཀར་མོ་སྤྱན་གཅིག་རྡོ་རྗེ་རིགས་ཀྱི་ལྕམ། །ཉིད་ཀྱི་མིང་པོ་སྲོག་བདག་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཤར་ཕྱོགས་གློ་བུར་ཡེ་འགྲོག་ཤོར་ར་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་ཤར་ཕྱོགས་གློ་བུར་ཡེ་འགྲོག་སྒྱུར། །བྷྱོཿ སྔོན་མོ་ཤུགས་འཆང་རིན་ཆེན་རིགས་ཀྱི་ལྕམ། །ཉིད་ཀྱི་མིང་པོ་གཤིན་རྗེའི་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ལྷོ་ཕྱོགས་གཤིན་རྗེའི་ཁྲམ་ལ་བཏབ་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་གཤིན་རྗེའི་ཁྲམ་ལ་བཏབ་པ་སྒྱུར། །བྷྱོཿ དམར་མོ་ཤུགས་འཆང་པདྨ་རིགས་ཀྱི་ལྕམ། །ཉིད་ཀྱི་མིང་པོ་ཀླུ་རྒྱལ་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ནུབ་ཕྱོགས་ཀླུ་ཡིས་བྱད་དུ་བཅུག་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་ཀླུ་ཡིས་བྱད་དུ་བཅུག་པ་སྒྱུར། །བྷྱོཿ ནག་མོ་ཤུགས་འཆང་ལས་ཀྱི་རིགས་ཀྱི་ལྕམ། །ཉིད་ཀྱི་མིང་པོ་གནོད་སྦྱིན་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །བྱང་ཕྱོགས་གནོད་སྦྱིན་གདོན་གྱིས་ཟིན་ཏ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་གནོད་སྦྱིན་གདོན་གྱིས་ཟིན་པ་སྒྱུར། །བྷྱོཿ སྲིད་པ་བདེ་འགྲོ་མ་ནི་ཕྱྭ་ཡི་ལྕམ། །ཉིད་ཀྱི་མིང་པོ་ཕྱྭ་ཡི་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །མགོན་ཚུལ་ཕྱྭ་ཡི་གྲ་སྙིང་ཕྱེ་ཡ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་ཕྱྭ་ཡི་གྲ་སྙིང་འབྱེད་པ་སྒྱུར། །བྷྱོཿ སྲིད་པ་བདེ་འགྲོ་མ་ནི་བདུད་ཀྱི་ལྕམ། །ཉིད་ཀྱི་མིང་པོ་ཀོས་རྗེ་ཁ་སྒྱུར་(༢༦༩)ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། བདུད་སྡེ་ནག་པོའི་ཁྲམ་ལ་བཏབ་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་བདུད་ཀྱིས་ཁྲམ་ལ་བཏབ་པ་སྒྱུར། །བྷྱོཿ ཨེ་ཀ་ཛ་ཊཱི་ནག་མོ་ཐལ་མདོག་མ། །ཉིད་ཀྱི་མིང་པོ་བདུད་སྡེའི་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །བདུད་ཀྱིས་ཚེ་དང་སྲོག་ལ་བརྐུས་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་བདུད་ཀྱིས་ཚེ་ལ་བརྐུ་བ་སྒྱུར། །བྷྱོཿ དཀར་མོ་ཆེན་མོ་ཉི་ཟླ་ཐོད་ཕྲེང་ཅན། །ཉིད་ཀྱི་མིང་པོ་གནམ་ཐེའུ་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །རྡོ་རྗེ་རྒྱལ་པོ་དམངས་སུ་ཕབ་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་གནམ་ཐེའུ་དཀར་པོའི་ཆོ་འཕྲུལ་སྒྱུར། །བྷྱོཿ དཀར་མོ་ཆེན་མོ་མི་བཟད་ཉི་མའི་མདངས། །ཉིད་ཀྱི་མིང་པོ་གཟའ་བདུད་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །གཟའ་བདུད་ནག་པོའི་དལ་ཁ་བབ་པ་དེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་གཟའ་ཡི་དལ་ཁ་བབ་པ་སྒྱུར། །བྷྱོཿ བཙན་ལ་རག་མོ་རྡོ་རྗེ་སྨན་གཅིག་མ། །ཉིད་ཀྱི་མིང་པོ་བཙན་བདུད་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །བཙན་བདུད་སྡེ་བཞིའི་ཤོད་ལ་འགོད་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་བཙན་བདུད་ཤོད་ལ་འགོད་པ་སྒྱུར། །བྷྱོཿ ས་བདག་ཆེན་མོ་འཇིགས་བྱེད་པད་མའི་ཕྲེང་། །ཉིད་ཀྱི་མིང་པོ་ས་སྲིན་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ས་སྲིན་ལྟེ་པོའི་གདོན་གྱིས་ཟིན་ཏ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག །བསྒྱུར་རོ་ས་བདག་གདོན་གྱིས་ཟིན་པ་སྒྱུར། །བྷྱོཿ འཇིགས་བྱེད་ཆེན་མོ་ཁྲག་གི་རལ་པ་ཅན། །ཉིད་ཀྱི་མིང་པོ་འབྱུང་པོའི་ཁ་སྒྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །འབྱུང་པོའི་ཆོ་འཕྲུལ་ཡུལ་དུ་ཕེབས་པ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་འབྱུང་པོ་ནག་པོའི་ཆོ་འཕྲུལ་སྒྱུར། །མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མི་ནད་ཕྱུགས་ནད་གོད་ཁ་ཤོར་ར་རེ། །དམ་ཉམས་དགྲ་ཡི་གནོད་པ་བྱུང་ང་རེ། །གློ་བུར་ཡེ་འདྲོག་རྐྱེན་ངན་བྱུང་ང་རེ། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བྱུང་ང་རེ། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བྱུང་ང་རེ། །(༢༧༠)མི་མཐུན་གནོད་པའི་རྐྱེན་ངན་བྱུང་ང་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་མི་མཐུན་གནོད་པའི་རྐྱེན་རྣམས་སྒྱུར། །བཟློག་ཅིག་བཟོར་ཅིག་མིང་སྲིང་འཁོར་བཅས་རྣམས། །བར་ཆད་སོལ་ལ་འདོད་དོན་གྲུབ་པར་མཛོད། ཨ་མ་མ་ཏྲི་ཏྲི་རཀྴ་ས་མཱ་ཡ་བྷྱོ་བྷྱོཿ ཞེས་བརྗོད་དོ། །དེ་ནས་མངོན་སྤྱོད་ཀྱི་ལས་འགའ་ཞིག་སྒྲུབ་པའི་དུས་ཡིན་ན། མ་སྲིང་ལས་ལ་བསྐུལ། དུས་མིན་ན་བསྟན་མ་སྐྱོང་བ་ལ་སོགས་པ་བྱ་ལ། ལས་ལ་བསྐུལ་ན་དང་པོ་མ་ཉེས་པའི་གཟུ་དང་། དཔང་གཟུག་པ་ནི།

ཧཱུྃ་བྷྱོཿ རང་དོན་གྲུབ་ནས་གཞན་དོན་རྫོགས་པའི་དཔལ། །བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །མ་ལུས་སྙན་གསོན་གཟུ་དང་དཔང་མཛོད་ཅིག །སྔགས་འཆང་རིགས་ལ་བཟང་པོའི་རྒྱུད་དུ་སྐྱེས། །མི་རབས་མང་པོར་སེམས་ཅན་ཕན་བདེ་བྱས། །ད་ལྟ་བསྡུ་བཞིས་གཞན་དོན་བྱེད་པ་ལ། །དམ་ཉམས་དགྲ་བོས་ཅི་བྱར་མ་སྟེར་རོ། །རིམ་གསུམ་བླ་མས་གཟུ་དང་དཔང་མཛོད་ཅིག །དམ་ཅན་སྲུང་མ་གསན་ཅིང་དགོངས་སུ་གསོལ། །དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། །རི་དྭགས་བཞིན་དུ་ཀུན་ལ་བག་ཡོད་བྱས། །དམའ་བའི་ས་བཟུང་ཧྲུལ་པོའི་གོས་གྱོན་ཡང་། །རང་ཡུལ་བག་ཡངས་སྡོད་དུ་མ་སྟེར་རོ། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །མཁའ་འགྲོ་དམ་ཅན་མ་ལུས་དགོངས་སུ་གསོལ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །ཕོངས་པ་སྐྱོང་ཞིང་འཕགས་པ་མཆོད་སྙམ་ཡང་། །དམ་ཉམས་དགྲ་བོས་བགྱིད་དུ་མ་སྟེར་རོ། །རིགས་བཞི་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག །བསྟན་པའི་དམ་ཅན་མ་ལུས་སྙན་གསོན་ཞིག །ཡེ་ནས་སྤྲོས་བྲལ་རང་བཞིན་དགོངས་པའི་ཀློང་། །གཉིས་མེད་དབྱིངས་ཀྱི་ཐིག་ལེ་བསྒོམ་སྙམ་པས། །སྡང་བའི་དགྲ་བོས་སྒོམ་དུ་མ་སྟེར་རོ། །གསང་བའི་དམ་ཅན་རྒྱ་མཚོས་དཔང་མཛོད་ཅིང་། །གསང་བདག་ཆེན་པོ་གསན་ཅིང་དགོངས་སུ་གསོལ། །དོན་དུ་ལྷ་གཉེར་ལས་སུ་ཆོས་བྱས་ཤིང་། །རྟག་ཏུ་གཞན་ཕན་སྲུང་མ་ཁྱེད་མཆོད་ཀྱང་། །དམ་ཉམས་དགྲ་བོས་སྡོད་དུ་མ་སྟེར་རོ། །གཟའ་མཆོག་ཆེན་པོ་གསན་ཅིང་དགོངས་སུ་གསོལ། །འཇིག་རྟེན་འདི་ཡི་ཉེ་འབྲེལ་ནོར་དང་རྫས། །གཏན་ཡུལ་མ་ལུས་སྤངས་ནས་(༢༧༡)དམ་ཆོས་བསྒྲུབས། །སྲུང་མ་བརྟེན་ཡང་མགོན་དང་སྐྱབས་མེད་དོ། །སྐྱེས་བུ་ཆེན་པོ་གསན་ཅིང་དགོངས་སུ་གསོལ། །ཆེ་བའི་དཔོན་དང་མཛའ་བཤེས་བཀུར་སྟི་བཞག །སྲུང་མ་དམ་ཅན་རྗེ་དང་གྲོགས་བཞིན་བརྟེན། །གསོལ་མཆོད་ཡུན་དུ་བསྒྲུབས་ཀྱང་དོན་རེ་ཆུང་། །ལས་ཀྱི་ཕོ་ཉ་གསན་ཅིང་དགོངས་སུ་གསོལ། །སྔགས་འཆང་བདག་ལ་དམ་ཉམས་དགྲ་བོས་བསྡོས། །སྲུང་མ་ཁྱེད་ལ་མཐུ་སྟོབས་མེད་ཅེས་སྒྲོགས། །མཆོད་གཏོར་ཡུན་དུ་བརྟེན་ཡང་དོན་རེ་ཆུང་། །གཏེར་བདག་དམ་ཅན་མ་ལུས་སྙན་གསོན་ཞིག །ཆོས་བྱེད་བརྙས་ཤིང་སྲུང་མ་ཁྱད་དུ་གསོད། །སྐྱེ་བོ་ཡོངས་ཀྱིས་མི་ཁ་ཕྱོགས་བཅུར་བསྒྲགས། །ནག་པོའི་མཐུ་ལ་བུ་ལོན་བཞིན་དུ་བསྙགས། །སྡིག་པའི་རྣམ་སྨིན་འདི་ལ་ཡོང་དུས་མེད། །དྲེགས་པ་མིང་སྲིང་གཟུ་དང་དཔང་མཛོད་ཅིག །བོད་ཡུལ་ལྷ་གཉན་འཁོར་བཅས་སྙན་གསོན་ཞིག །བཀའ་བཞིན་རྗེས་སུ་སྒྲུབ་པའི་རྣལ་འབྱོར་བདག །མཁའ་ལྟར་ཡངས་ཀྱང་སྤྲིན་ལྟར་འཐིབ་ཏུ་བྱུང་། །སྤྱི་མཐུན་བསོད་ནམས་ཉི་ཟླ་འཆར་དབང་མེད། །མཚོ་ལྟར་འཁྱིལ་ཡང་དབའ་ལྟར་རྙོག་ཏུ་བྱུང་། །མ་ཉེས་རང་བཞིན་མེད་པར་བསྡད་དབང་མེད། །གངས་ལྟར་དཀར་ཡང་གཡའ་ལྟར་གནག་ཏུ་བྱུང་། །བཟང་སེམས་ཀུན་སྤྱོད་དགེ་བ་བྱ་དབང་མེད། །བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་དང་། །དཀར་ཕྱོགས་ལྷ་འདྲེ་མ་ལུས་སྙན་གསོན་ཞིག །ནང་པ་རྣམས་ལ་མུ་སྟེགས་བཞིན་དུ་འཚེས། །སངས་རྒྱས་བསྟན་པ་འདི་ལ་དར་དབང་མེད། །ཆོས་བྱེད་རྣམས་ལ་བགེགས་རིགས་བཞིན་དུ་འཚེས། །དམ་ཆོས་རིན་ཆེན་ཚུལ་བཞིན་སྤྱད་དབང་མེད། །བཤེས་ལྟར་བརྟེན་ཡང་དགྲ་ལྟར་འཁོན་དུ་བྱུང་། །རིགས་དང་མི་རིགས་བདེན་རྫུན་ཡུལ་ན་མེད། །ཕུབ་ལྟར་བཟེད་ཀྱང་མདའ་ལྟར་འབིགས་སུ་བྱུང་། །ངན་པའི་བློ་ལ་ནམ་ཡང་འཛད་དུས་མེད། །སྦྲུལ་ལྟར་འཁྱིལ་ཡང་ཤིང་ལྟར་འཛུགས་སུ་བྱུང་། །ངན་པའི་ཀུན་སྤྱོད་འདི་ལ་བཟོད་བླག་མེད། །བདག་ལ་སྡང་བྱེད་དམ་ཉམས་དགྲ་བོ་འདིས། །ཡོངས་ལ་འཚེ་ཞིང་ཆོས་བྱེད་སྒོམ་སྒྲུབ་དཀྲུགས། །བསྟན་པ་བཤིག་ཅིང་སྲུང་མ་ཁྱད་དུ་བསད། །རྡོ་རྗེ་རྒྱལ་པོ་དེ་རིང་དམངས་སུ་ཕབ། །དེ་བས་དམ་ཅན་སྲུང་མའི་ཚོགས་རྣམས་ཀུན། །མ་ལུས་སྙན་གསོན་གཟུ་དང་དཔང་མཛོད་ཅིག །བདེན་རྫུན་ཤན་ཕྱེ་དམ་ཉམས་དགྲ་བོ་ལ། །མངོན་སྤྱོད་དྲག་པོའི་(༢༧༢)བཀའ་ཆད་མྱུར་དུ་ཕོབ། །རྣལ་འབྱོར་བདག་གི་སྒྲུབ་པའི་གྲོགས་མཛོད་ལ། །དགྲ་བགེགས་ཐུལ་ནས་བསྟན་པ་རྒྱས་པར་མཛོད། །ས་མཱ་ཡ། བྷྱོ་བྷྱོཿ

དེ་རྦད་བསྐུལ་བྱ་བ་ནི། ཤིན་ཏུ་ཁྲོས་ནས། ཧཱུྃ་ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཞི་ཁྲོ་རབ་འབྱམས་སྒྲུབ་པ་བཀའ་བརྒྱད་ལྷ། །གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །མི་མངོན་དབྱིངས་ནས་བདག་གི་སྟོང་གྲོགས་མཛོད། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཧཱུྃ་རབ་འཇིགས་འབར་བ་ཀློང་དགུའི་དུར་ཁྲོད་ནས། །སྔགས་བདག་ཆེན་མོ་སྨུག་ནག་ཁྲོས་མའི་སྐུ། །ཞལ་གཅིག་ཕྱག་གཉིས་ཞིང་དབྱུག་ཙིཏྟ་འཛིན། །མངོན་སྤྱོད་དྲག་པོས་དགྲ་བགེགས་མྱུར་དུ་སྒྲོལ། །ཧཱུྃ་འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །དབུ་དགུ་ཕྱག་བཞི་བསྐལ་པའི་མེ་དཔུང་འབར། །མདའ་གཞུ་ཞགས་པ་རྒྱལ་མཚན་དུག་མདའ་ཡིས། །དམ་ཉམས་དགྲ་ཡི་སྙིང་ལ་གཟེར་ཆེན་ཐོབ། །ཧཱུྃ་སྐྱེས་མཆོག་འབར་བ་དམར་ནག་ཐིག་ལེ་རྩལ། །ཕྱག་གཡས་རྡོ་རྗེ་དམ་ཉམས་དགྲ་ལ་གསོར། །གཡོན་པ་སྙིང་ཞགས་དམ་ཉམས་དགྲ་ལ་ཐོབ། །ཞུབ་ཅན་དམག་དཔུང་དམ་ཉམས་དགྲ་ལ་འཕྱོ། །ཧཱུྃ་མ་སྲིང་རྒྱ་མཚོ་ཕོ་ཉ་ལས་མཁན་རྣམས། །དམག་དཔུང་ཆོས་ལ་དགྲ་བོའི་ཡུལ་ཁམས་ཆོམས། །ནད་ཀྱི་རྐྱལ་པ་དམ་ཉམས་དགྲ་ལ་ཡཱ། །ཚོན་གྱི་གྲུ་གུ་དམ་ཉམས་དགྲ་ལ་རྐྱོངས། །དུས་ཀྱི་འཁྲུགས་པ་དམ་ཉམས་དགྲ་ལ་ཡཱ། །གློ་བུར་ཡེ་འདྲོག་དམ་ཉམས་དགྲ་ལ་ཐོང་། །ཧཱུྃ་བོད་ཡུལ་གཏེར་བདག་མཁའ་འགྲོ་བསྟན་མའི་ཚོགས། །ཡུལ་ལྷ་གཞི་བདག་མཐུ་སྟོབས་རྫུ་འཕྲུལ་ཅན། །སོ་སོའི་དཔུང་དང་དྲག་པོའི་མངོན་སྤྱོད་ཀྱིས། །དམ་ཉམས་དགྲ་ལ་དུས་འདིར་ད་ཆོས་ཤིག །མི་ནད་ཕྱུགས་ནད་དམ་ཉམས་དགྲ་ལ་འཕྱོ། །གློ་བུར་གྲི་རྒོད་འཁྲུག་པ་དགྲ་ལ་འཕྱོ། །སད་དང་སེར་ཆེན་སྐར་མདའ་དགྲ་ལ་འཕྱོ། །རིངས་པར་ད་རྒྱུག་བཅོལ་བའི་ལས་མཛོད་ཅིག །ཧཱུྃ་དམ་ཅན་སྲུང་མ་མཁའ་འགྲོ་བསྟན་མའི་ཚོགས། །དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ། །ཞེ་སྡང་འབར་བའི་ཐུགས་ཀྱིས་ད་དགོངས་ལ། །འདུ་བ་རྣམ་བཞིའི་རིམས་ནད་ཁོང་ནས་སློང་། །པགས་བཞི་ས་ལ་ལྷུངས་ནས་རྡེབ་ཏུ་ཆུག །དོན་སྙིང་སྨད་ལྔ་སྙིང་ཁྲག་སྐྱུག་ཏུ་ཆུག །དམ་ཉམས་འཁོར་(༢༧༣)བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་སྔགས་ཅོང་ཅོང་འོ་དོད་འབོད་དུ་ཆུག །འཆི་བའི་དུག་མདའ་སྨྱོ་འབོག་གསོད་པར་མཛོད། །ལས་ཀྱི་རླུང་ནག་འཚུབས་མས་རྒྱབ་ནས་ཕུལ། །འཇིགས་པའི་མུན་ནག་ཆེན་པོས་མདུན་ནས་སུས། །ལྟག་ནས་བདུད་ཆོད་མདུན་ནས་འོད་འཕྲོག་ལ། །ལྟས་ངན་ཆོ་འཕྲུལ་དམ་ཉམས་དགྲ་ལ་བྷྱོ། །སྤྱང་ཀི་སྔོན་པོ་ཤ་ལ་འདུར་དུ་ཆུག །དུར་ཁྲོད་གཅན་གཟན་ཝ་མོ་བརྒྱལ་དུ་ཆུག །སྲོད་ལ་ཁྱིམ་བྱ་དེ་ཕོ་མཚེར་དུ་ཆུག །སྒོ་ཁྱི་དུན་པོ་ཐོ་རངས་ངུ་རུ་ཆུག །གསེར་གྱི་འུག་པ་ཐོག་ཀར་དགོད་དུ་ཆུག །ལྟས་ངན་སྲིན་བྱ་ཁྱིམ་དུ་གནོད་ལ་ཆུག །སྲམ་དང་རི་བོང་སྲེག་པ་ལ་སོགས་པ། །ཆོ་འཕྲུལ་སྣ་ཚོགས་དམ་ཉམས་དགྲ་ལ་ཐོང་། །ཕུ་ནས་ཤ་ཕོའི་རྭ་འཛིང་དགྲ་ལ་ཐོང་། །མདའ་ནས་ཉ་མོའི་རྔ་འཛིང་དགྲ་ལ་ཐོང་། །བར་ན་གླང་པོའི་མཆེ་འཛིང་དགྲ་ལ་ཐོང་། །སྟེང་ནས་བྱ་ནག་སྡེར་འཛིང་དགྲ་ལ་ཐོང་། །འོག་ནས་སྲེ་མང་བྱི་ཁྱེར་དགྲ་ལ་ཐོང་། །གྲོང་ནས་ནག་མོའི་སྡེེར་འཛིང་དགྲ་ལ་ཐོང་། །ལྟས་ངན་སྣ་ཚོགས་དམ་ཉམས་དགྲ་ལ་ཐོང་། །གློ་བུར་ཡེ་འདྲོག་དམ་ཉམས་དགྲ་ལ་ཐོང་། །སྡང་བྱེད་དགྲ་བོ་མ་ལུས་འཁོར་བཅས་ཀྱི། །གནམ་གྱི་འཇུ་༼ཚེ་གཟུགས་ཐག་དཀར་པོ་ཆོད་ལ་ཤོག །ས་ཡི་༼གྲིབ་མ་རྟེན་ཕུར་ནག་པོ་ཕྱུང་ལ་ཤོག །གནམ་༼ལག་ངར་༽ས་གཉིས་ཀྱི་འབྲེལ་ཐག་ཆོད་ལ་ཤོག །མགོ་དང་ལུས་ཕྲོལ་དོན་སྙིང་ཕྱུང་ལ་ཤོག །དབང་པོ་ལྔ་ཐོན་སྲོག་རྩ་ཆོད་ལ་ཤོག །སྙིང་ཁྲག་འཇིབས་ལ་དབུགས་དང་ཕྲོལ་ལ་ཤོག །སྟེང་གི་ཁྱོ་སོད་འོག་གི་ཆུང་མ་སོད། །མཆན་གྱི་བུ་སོད་ནང་མི་གཉེན་འདུན་སོད། །ཕུགས་ཀྱི་སྲིས་རྐུས་ར་བའི་ནོར་དང་ཕྲོལ། །འབྲུ་ཡི་ཞིང་ཡང་གཏན་དུ་སྐྱེར་མ་གཞུག །ཡུལ་མཁར་ཁྱིམ་ཡང་རྒྱ་གྲམ་ལམ་བཞིན་ཤིག །ཡར་གྱི་འདུན་གསུམ་ཡར་ལ་སྙོགས་ལ་ཤོག །ཕ་དང་མེས་པོ་རྩད་ནས་ཆོད་ལ་ཤོག །མར་གྱི་འདུན་གསུམ་མར་ལ་སྙོགས་ལ་ཤོག །བུ་དང་ཚ་ཡུགས་རྔུབས་ནས་ཐོན་ལ་ཤོག །བར་གྱི་འདུན་གསུམ་བར་ནས་སྙོགས་ལ་ཤོག །གཉེན་རིགས་སྲིད་གསུམ་ཕུང་དུ་ཆུག་ལ་ཤོག །དམ་ཉམས་དགྲ་བོ་མི་ནོར་འཁོར་དང་བཅས། །མིང་ཙམ་མེད་པར་ཐལ་བ་རྡུལ་དུ་རློག །ཡེ་ཤེས་ལྷ་དང་སྲུང་མ་དམ་ཅན་ཚོགས། །བསྟན་པ་བསྲུང་ཕྱིར་ལས་འདི་གྲུབ་པར་མཛོད། །མ་མ་ཏྲག་རཀྵ་ཏྲི་ཏྲི་བྷྱོཿ། རཾ་བྷྱོཿ ཡཾ་བྷྱོཿ ཁཾ་བྷྱོཿ ཨེ་བྷྱོཿ ཧཱུྃ་བྷྱོཿ བྷྱོ་བྷྱོཿ ཞེས་ངར་བསྐྱེད་ལ་བྱ།

དེ་ནས་ཆད་མདོ་བྱ་བ་ནི། ཕུད་དང་རཀྟ་བྲན་ལ། ཧཱུྃ་སྔོན་ཚེ་འདས་དུས་བསྐལ་(༢༧༤)པའི་དང་པོ་ལ། འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས། །བླ་མེད་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་མཛད་པར་མ་ཆད་དམ། །དྲེགས་པའི་དབང་ཕྱུག་ཆེན་པོ་ཁྱེད་རྣམས་ཀྱིས། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འགལ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དང་པོ་ལ། །བོད་ཡུལ་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །སྙིང་ཏིག་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་མཛད་པར་མ་ཆད་དམ། །དྲེགས་པའི་དབང་ཕྱུག་ཆེན་པོ་ཁྱེད་རྣམས་ཀྱིས། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འགལ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་ཚིགས་དབུས་མ་ལ། །བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །སློབ་དཔོན་ཆེན་པོ་བི་མ་མི་ཏྲ་དང་། །སློབ་མ་རྗེ་བློན་བྱང་ཆུབ་སེམས་དཔའ་ཡིས། །བླ་མེད་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྔགས་བདག་གཟའ་དང་དམ་ཅན་རྒྱ་མཚོ་ཡིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་མཛད་པར་མ་ཆད་དམ། །དྲེགས་པའི་དབང་ཕྱུག་ཆེན་པོ་ཁྱེད་རྣམས་ཀྱིས། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འགལ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་རྩོད་ལྡན་ལྔ་བརྒྱའི་ཐ་མ་ལ། །ཡར་ཀླུངས་ཤམ་པོ་གངས་ཀྱི་དབེན་གནས་སུ། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དང་། །སློབ་མ་ཀུན་མཁྱེན་སྣ་ཚོགས་རང་གྲོལ་གྱིས། །སྙིང་ཏིག་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྔགས་བདག་(༢༧༥)གཟའ་དང་དམ་ཅན་རྒྱ་མཚོ་ཡིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་མཛད་པར་མ་ཆད་དམ། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འགལ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ནས། བསྟན་མ་སྐྱོང་བ་ནི། གཏོར་མ་གང་གཏོང་དེར་བཏེག་ནས་བཞག །སྤོས་དང་གསུར་གྱི་དུད་པ་དང་རོལ་མོའི་སྒྲས་མཛེས་པར་བྱས་ལ། ཧཱུྃ་བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་བྱོན་རྒྱན་གྱི་གཏོར་མ་བཞེས། །ཧཱུྃ་བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོར་གྲགས་པ་ཁྱེད་བཞི་དང་། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོར་གྲགས་པ་ཁྱེད་བཞི་དང་། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་དྲག་མོ་རྡོ་རྗེ་སྨན་གཅིག་མ། །མོ་བཙུན་ཨུག་ཆོས་རྡོ་རྗེ་གཡའ་མོ་སིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོར་གྲགས་པ་ཁྱེད་བཞི་ཡང་། །རིན་ཆེན་ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །ཕོ་ཉ་བྲན་གཡོག་མང་པོའི་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ། །མཆོད་དང་གཏོར་མ་དམ་པ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཧཱུྃ་བསྟན་མ་ཆེན་མོ་ཁྱེད་རྣམས་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །རྒྱ་ཡུལ་དེ་ནི་གདན་བཟངས་ཀྱི། །ཨ་སུ་ར་ཡི་བྲག་ཕུག་ཏུ། །རྣམ་ལྔ་ཞིང་གི་མཆོད་བཤམས་ནས། །ཞིང་ཆེན་བསྒྱིལ་བའི་གདན་སྟེང་དུ། །དམར་ཆེན་ཨརྒའི་མཆོད་བཤམས་ནས། །ལག་ཏུ་རྡོ་རྗེ་གཏད་ནས་ཀྱང་། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ལྕེ་ལ་ཨརྒཾ་བཞག་ནས་ཀྱང་། །དམ་ཚིག་བསྲུང་བར་ཁས་བླངས་ནས། །རྣལ་འབྱོར་བསྒྲུབ་པའི་གྲོགས་གྱིས་ཞེས། །ཐར་པ་ཐོབ་པར་མིང་བཏགས་ཏེ། །དགོས་པ་ཐམས་ཅད་བསྒྲུབ་པོ་ཞེས། །བྲན་གྱི་ཚུལ་དུ་ཁས་བླངས་མ། །དམ་ཚིག་དེ་ལས་ཁྱོད་མ་འདའ། །དམ་ཚིག་དེ་ལས་ཁྱོད་འདས་ན། །(༢༧༦)བཛྲ་ཡཀྵ་ཁྲོ་བོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ནས། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་བོད་ཁམས་སྐྱོང་བའི་ཚོགས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དམར་ཆེན་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ལ་ལཱ། ལི་ལཱི། དྷི་དྷི། དྷེ་དྷེ། རྡོ་རྗེ་སྲིང་འགྲོ་མཧཱུྃ་བྷྱོ་ཧཱུྃ། རཀ་མོ་རཀ་མོ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ་བྷྱོཿ ཞེས་འཕངས་སོ། །སྤྲོས་པ་ལ་དགའ་ན་ཟོར་ལམ་དབྱེ་བ་དང་། གཏོར་མནན་དང་། རྟ་བྲོ་རྣམས་སྤྱི་གསོལ་ཆེན་མོར་བསྟན་པ་བཞིན་བྱའོ། །

དེ་ནས་ནང་དུ་འོང་སྟེ་ལས་ཀྱི་རྗེས་ལ་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་དབབ་ཅིང་། ཤིས་པ་བརྗོད་ལ། ཨ། བཀྲ་ཤིས་གང་ཞིག་དངོས་གྲུབ་ཆར་དུ་དབབ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་བསོད་ནམས་ཞིང་གི་མཆོག །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ཏེ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་དངོས་གྲུབ་ཡི་དམ་ལྷ། །བདེ་གཤེགས་རིགས་ལྔ་ཞི་ཁྲོ་འབར་བའི་ཚོགས། །དག་པ་ཞིང་གི་རྡུལ་སྙེད་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་འདོད་དགུར་བསྒྱུར་བའི་དཔལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་བསམ་དོན་ཆོས་བཞིན་འགྲུབ། །རང་དོན་རྫོགས་ནས་གཞན་དོན་འབྱུང་བའི་དཔལ། །སྐྱེ་དགུ་ཀུན་གྱིས་བསྟོད་པའི་ཆར་འབེབས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་རྒྱ་ཆེར་བརྗོད་དོ། །དཔལ་གྱི་སྲུང་མ་མཆོད་པའི་རིམ་པ་འདི། །ཀུན་མཁྱེན་སྣ་ཚོགས་རང་གྲོལ་བཟང་པོ་ཡིས། །གསང་བའི་སྒྲུབ་ཡིག་མན་ངག་གནད་བཀྲོལ་ནས། །ཕྱི་རབས་དོན་དུ་ལག་ཁྲིད་གསལ་བར་བཀོད་། དགེ་བ་འདི་ཡིས་རྗེས་ཞུགས་འགྲོ་བ་དང་། །བསྟན་པའི་སྙིང་པོ་བསྲུང་ཞིང་བཀྲ་ཤིས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །

དཔལ་གྱི་སྲུང་མའི་བསྐང་གསོ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ། རྒྱུད་ལུང་དང་མན་ངག་(༢༧༧)གི་གནས་ལ་མང་དུ་ཐོས་པའི་བློ་གྲོས་ཅན། ཐེག་པ་ཆེན་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁངས་བཟང་། ཆོས་མཐོང་བ་རིན་པོ་ཆེའི་ཁྲི་ལ། དྲི་མ་མེད་པའི་བློ་གྲོས་ཀྱིས་ལེགས་པར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

ཟབ་མོ་ཡང་ཏིག་ལས། དཀར་ཆག་གི་ཉི་ཟླ་གཟའ་སྐར་ཞེས་བྱ་བ།

༄༅། །ཟབ་མོ་ཡང་ཏིག་ལས། དཀར་ཆག་ཉི་ཟླ་གཟའ་སྐར་ཞེས་བྱ་བ་བཞུགས་སོ། །

༄༅། །ཟབ་མོ་ཡང་ཏིག་གི་དཀར་ཆག་ཉི་ཟླ་གཟའ་སྐར་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་ཀྱི་སྙེ་མའི་ཕྲེང་ཚོགས་ཅན། །མཚན་སྟོང་གིས་འབར་དཔེ་བྱད་བཟང་པོས་སྤྲས། །མགོན་པོ་དོན་གཉིས་རྫོགས་པའི་བཅོམ་ལྡན་ལ། །དད་བརྒྱའི་གཙུག་གི་འདབ་སྟོང་གཡོ་བས་མཆོད། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་ཆེ། །རྡོ་རྗེ་རྩེ་མོ་ལྷུན་གྱིས་གྲུབ་དབྱིངས་ལས། །མངོན་སུམ་སྙིང་ཏིག་ངེས་དོན་གནད་བསྡུས་ཏེ། །ཟབ་མོ་ཡང་ཏིག་དཀར་ཆག་གསལ་བར་བྱ། །རང་བཞིན་རྫོགས་པ་ཆེན་པོ་རྡོ་རྗེའི་དབྱིངས། །ཐིག་ལེ་མཆོག་གསང་བླ་ན་མེད་པའི་གནས། །བཤད་དཔེའི་རྒྱུད་དང་སྙན་བརྒྱུད་གཉིས་སུ་བསྡུས། །དེ་དོན་ངེས་པ་གནས་འདིར་བསྟན་པ་ལས། །དང་པོ་བཤད་རྒྱུད་ངེས་པ་རྡོ་རྗེའི་ཆིངས། །སྔོན་འགྲོ་དབང་ཁྲིད་རྒྱབ་ཆོས་བཞིར་ཤེས་བྱ། །གདམས་ཁྲིད་ཉམས་ལེན་ཀུན་གྱི་སྔོན་འགྲོའི་ཆོས། །ཐོག་མར་ལོ་རྒྱུས་འོད་ཀྱི་ཕྲེང་བ་ཡིས། །ཟབ་མོའི་ཆོས་ལ་ངོ་མཚར་ཡིད་ཆེས་བསྟན། །བརྒྱུད་པའི་ཕྱག་འཚལ་ཡིད་བཞིན་ནོར་བུ་ཡིས། །རང་རྒྱུད་རྣམ་དག་སྣོད་དུ་རུང་བར་བྱེད། །གསོལ་འདེབས་རིམ་པ་བདུད་རྩིའི་ཆར་རྒྱུན་གྱིས། །བརྒྱུད་པའི་བྱིན་རླབས་དངོས་སུ་འཕོ་བར་བསྟན། །མཎྜལ་རིམ་པ་གླིང་བཞི་རྒྱན་གྱུར་གྱིས། །ཚོགས་ཆེན་རྫོགས་ཤིང་སྒྲིབ་གཉིས་བྱང་བར་བསྟན། །པཎ་ཆེན་གུ་རུའི་བི་མའི་སྒྲུབ་ཐབས་ཀྱིས། །ཟབ་མོའི་ཆོས་དང་བྱིན་རླབས་གསང་སྒོ་འབྱེད། །སྙིང་པོ་ཡེ་ཤེས་བླ་མའི་སྒྲུབ་པ་ཡིས། །སྨིན་གྲོལ་ཟབ་མོའི་དེ་ཉིད་མངོན་དུ་བྱེད། །དེ་ལྟར་སྔོན་འགྲོ་ངེས་པའི་ཆོས་དྲུག་གིས། །ཉམས་ལེན་མཐར་ཕྱིན་དངོས་གྲུབ་སྒྲུབ་པའི་གྲོགས། །མེད་དུ་མི་རུང་ཤིན་ཏུ་གཅེས་པར་བསྟན། །སྨིན་པར་བྱེད་པ་དབང་གིས་རིམ་པ་ལ། །སྤྲོས་བཅས་དབང་ཆོག་དངོས་གྲུབ་ཆུ་བོ་ཡིས། །རྡོས་བཅས་ལུས་སྦྱོང་རྡོ་རྗེའི་སྐུར་སྨིན་བྱེད། །དེ་ཡི་གནད་ཡིག་མིང་གི་རིགས་བྱེད་ཀྱིས། །སོ་སོའི་རིགས་ཆེན་གང་(༢༧༨)ཡིན་མངོན་དུ་ཤེས། །སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བོ་ཡིས། །འཁྲུལ་པའི་ངག་སྦྱོང་རྡོ་རྗེའི་གསུང་སྨིན་བྱེད། །དེ་ཡི་གནད་ཡིག་བུམ་པའི་བརྡ་དོན་གྱིས། །དོན་གྱི་སྙིང་པོ་གདོད་མའི་གཞི་མཚོན་བྱེད། །ཤིན་ཏུ་སྤྲོས་མེད་ཡེ་ཤེས་ཆུ་བོ་ཡིས། །འཁྲུལ་རྟོག་སེམས་སྦྱོང་རྡོ་རྗེའི་ཐུགས་སྨིན་བྱེད། །རབ་ཏུ་སྤྲོས་མེད་བྱིན་རླབས་ཆུ་བོ་ཡིས། །སྒྲིབ་ཀུན་རྣམ་དག་འོད་གསལ་མངོན་དུ་བྱེད། །དེ་དག་ཡན་ལག་དམ་ཚིག་གསུམ་བཀོད་ཀྱིས། །གསང་སྔགས་འདུལ་བ་སྤང་བླང་མཚམས་ཤེས་བྱེད། །དེ་ལྟར་སྨིན་བྱེད་དབང་གི་ཆོས་བདུན་གྱིས། །ལམ་གྱི་གཞི་འདིངས་མ་སྨིན་སྨིན་བྱེད་པས། །གསང་མཆོག་རྒྱལ་པོར་མེད་པའི་ཐབས་མེད་པས། །དེ་ཡི་གནད་དུ་འདི་ཀུན་ཚང་བར་བསྟན། །དམ་པའི་ཕྱག་བཞེས་ཡིན་ནོ་ཨེ་མ་ཧོ། །གྲོལ་བྱེད་གདམས་ཁྲིད་ངེས་པའི་ཆོས་ཚན་ལ། །ཐུན་མོང་སྔོན་འགྲོ་རིན་ཆེན་པྲ་ཁྲིད་ཀྱིས། །ཟབ་མོའི་དོན་རྣམས་རིམ་གྱིས་འཇུག་པར་བསྟན། །དངོས་གཞིའི་དོན་ཁྲིད་སངས་རྒྱས་མཉམ་སྦྱོར་གྱིས། །གསང་ཆེན་ངེས་པའི་ལམ་གྱི་སྙིང་པོ་བསྟན། །གཞི་གནས་མ་བཅོས་དེ་བཞིན་ངོ་སྤྲོད་ཀྱིས། །ཁྲེགས་ཆོད་དོན་ཁྲིད་ཀ་དག་ཆོས་ཟད་བསྟན། །ཨར་གཏད་མུན་ཁྲིད་འོད་གསལ་འཁོར་ལོ་ཡིས། །མཚན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་བསྟན། །དེ་ལྟར་གྲོལ་བྱེད་ཁྲིད་ཀྱི་ཆོས་བཞི་ཡིས། །རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་གནད། །མེད་དུ་མི་རུང་ཤིན་ཏུ་གཅེས་པས་ན། །སྙིང་དང་འདྲ་བའི་ཆོས་བཞི་ཨེ་མ་ཧོ། །ཀུན་གྱི་རྒྱབ་ཆོས་ངེས་པའི་རྣམ་གྲངས་ལ། །ཁྱུང་ཆེན་གཤོག་རྫོགས་དོན་གྱི་དགོངས་པ་བསྟན། །བླ་མེད་སྤྱི་བབས་གདམས་པའི་སྤྱི་ཆིངས་བསྟན། །ཟབ་མོའི་བཅུད་བསྡུས་དགོངས་པའི་ཡིན་ཚུལ་བསྟན། །འོད་གསལ་སྙིང་པོས་གདངས་གསུམ་ཉམས་ལེན་བསྟན། །ངེས་དོན་སྙིང་པོས་དགོངས་པའི་ལ་བཟླ་བསྟན། །དོན་གྱི་སྙིང་པོས་དགོངས་པའི་འཕྱོང་ཆེན་བསྟན། །གཞི་ལམ་འབྲས་བུས་གདམས་པའི་ཡིན་ཚུལ་བསྟན། །རྣལ་འབྱོར་བཞི་རིམ་ཉམས་ལེན་སྙིང་པོ་བསྟན། །ཟབ་མོ་པྲ་ཁྲིད་གདམས་པའི་གནད་འགག་བསྟན། །སྙིང་པོའི་ཡང་བཅུད་འཆུགས་མེད་གཟེར་བུ་བསྟན། །བརྟུལ་ཞུགས་སྤྱོད་པ་རྩལ་སྦྱོང་བོགས་འབྱིན་བསྟན། །དུས་ཀྱི་གསལ་བྱེད་འཆི་བ་བརྟག་བསླུ་བསྟན། །འདའ་ཁ་དོན་གྱི་འཆི་དུས་ཁྱེར་སོ་བསྟན། །བཏགས་གྲོལ་སྙིང་པོས་མ་བསྒོམས་སངས་རྒྱས་བསྟན། །ཟབ་དོན་སྙིང་པོས་གདམས་པའི་ཡང་ཞུན་བསྟན། །ཚིག་(༢༧༩)དོན་སྙིང་པོས་མན་ངག་གནས་རྣམས་བསྟན། །གདམས་ཁྲིད་མདོ་ཆིངས་ཇི་ལྟར་གདམས་ཚུལ་བསྟན། །དེ་ལྟར་རྒྱབ་ཆོས་རྣམ་གྲངས་བཅོ་བརྒྱད་ཀྱིས། །ཉམས་ལེན་གནད་རྣམས་འཆུགས་མེད་གཏན་ལ་ཕབ། །ཚང་ལ་མ་ནོར་ངེས་པའི་སྙིང་པོར་བསྟན། །གཅིག་ལ་ཀུན་ཚང་ཀུན་ལའང་གཅིག་དགོས་པས། །མེ་ལོང་དུམ་བུ་གཟུགས་ཀྱི་ཡན་ལག་བཞིན། །མེད་ཐབས་མེད་པ་གནད་ཀྱི་མན་ངག་ཏུ། །གསང་བའི་རྒྱབ་ཆོས་ངོ་མཚར་ཨེ་མ་ཧོ། །དེ་དག་ཀུན་གྱི་དཔེ་བརྒྱུད་ངེས་པའི་དོན། །བཤད་བརྒྱུད་སྙིང་པོ་རྫོགས་པར་བསྟན་པ་སྟེ། །བཅུ་བདུན་རྒྱུད་དང་བཏགས་གྲོལ་རྒྱུད་གསུམ་དང་། །བརྒྱ་དང་བཅུ་བདུན་ཡང་ཟབ་པོ་ཏི་བཞི། །མཁའ་འགྲོ་སྙིང་ཏིག་གསང་བའི་ཐེམ་དང་བཅས། །མ་ལུས་ཀུན་གྱི་སྙིང་པོའི་བཅུད་བསྡུས་ནས། །འདིར་གཅིག་ངེས་པས་ཡང་ཟབ་སྙིང་པོར་བཀོད། །བཤད་དཔེའི་དོན་བརྒྱུད་ངོ་མཚར་ཨེ་མ་ཧོ། །

༈ སྙན་བརྒྱུད་སྙིང་པོ་དོན་གྱི་མན་ངག་ལ། །སྔོན་འགྲོ་དབང་ཁྲིད་རྒྱབ་ཆོས་རྣམ་བཞི་ལས། །ཐོག་མར་སྔོན་འགྲོ་ངེས་པའི་ཆོས་ཚན་ལ། །གནད་ཀྱི་མདོ་ཆིངས་གདམས་པའི་འདེབས་ཚུལ་བསྟན། །བྱིན་རླབས་སྤྲིན་ཕུང་བརྒྱུད་པའི་ཕྱག་འཚལ་བསྟན། །དངོས་གྲུབ་ཆར་འབེབས་བརྒྱུད་པའི་གསོལ་འདེབས་བསྟན། །དེ་ཕྱིར་སྔོན་འགྲོ་ངེས་པའི་ཆོས་གསུམ་གྱིས། །གདམས་ཚུལ་བྱིན་རླབས་སྣོད་དུ་རུང་བར་བསྟན། །ཉམས་ལེན་གྲོགས་སུ་ཤིན་ཏུ་གཅེས་པས་ན། །མེད་པའི་ཐབས་མེད་ངོ་མཚར་ཨེ་མ་ཧོ། །སྨིན་པར་བྱེད་པའི་དབང་གི་རིམ་པ་ནི། །རིན་ཆེན་གསལ་བའི་སྒྲོན་མེ་གཏན་ལ་ཕབ། །བྱིན་རླབས་རང་བྱུང་གནས་ལུགས་རིག་པའི་དབང་། །ཀུན་ལས་མཆོག་གྱུར་ངོ་མཚར་ཨེ་མ་ཧོ། །གྲོལ་བྱེད་ཁྲིད་ཀྱི་རིམ་པ་བསྟན་པ་ནི། །མཆོག་ཏུ་གསང་བའི་ལམ་ཁྲིད་ཆེན་མོས་ཏེ། །དེ་ཕྱིན་གྲོལ་བའི་གདམས་ཁྲིད་རྨད་དུ་བྱུང་། །ལག་ཁྲིད་གསལ་བ་ངོ་མཚར་ཨེ་མ་ཧོ། །དེ་དག་ཀུན་གྱི་རྒྱབ་ཆོས་རིམ་པ་ལ། །ཡེ་གྲོལ་སོར་བཞག་མཐར་ཕྱིན་དགོངས་པ་བསྟན། །ཆོས་ཟད་བློ་འདས་མཁའ་ལྟར་དག་པ་ཡིན། །ཐུགས་ཀྱི་མེ་ལོང་ད་ལྟའི་ཉམས་ལེན་བསྟན། །དགོངས་པ་རང་གནས་ཐེ་ཚོམ་བྲལ་བ་ཡིན། །དོན་གྱི་མེ་ལོང་བར་དོའི་རང་གནད་བསྟན། །རང་སྣང་རང་གྲོལ་མངོན་པར་སངས་རྒྱས་ཡིན། །ལག་ཁྲིད་སྙིང་པོས་ཡང་རབ་ཉམས་ལེན་བསྟན། །ཆོས་ཉིད་འོད་གསལ་ཚེ་འདིར་མཐོང་བ་ཡིན། །གནད་ཀྱི་མེ་ལོང་རྒྱབ་ཆོས་ཆེན་མོ་བསྟན། །ཟབ་ཅིང་རྒྱ་ཆེའི་དགོངས་དོན་གསལ་བ་ཡིན། །(༢༨༠)དེ་ལྟར་རྒྱབ་ཆོས་དོན་གྱི་གནས་ལྔ་ཡིས། །སྙན་བརྒྱུད་གནད་རྣམས་འགྱུར་མེད་གཏན་ལ་ཕབ། །འཕྱུགས་མེད་གཟེར་བཏད་གནད་འགག་ཆིངས་སུ་བསྡམས། །ཡང་ཟབ་སྙིང་པོའི་མན་ངག་ཐེམས་སུ་བཀོད། །གཞན་ལས་ཁྱད་འཕགས་སྙན་བརྒྱུད་ཨེ་མ་ཧོ། །དེ་དག་ཀུན་གྱི་ཟབ་ཆོས་སྲུང་མ་ལ། །དྲག་པོ་སུམ་སྒྲིལ་སྒྲུབ་པའི་ཟབ་རྒྱ་བསྟན། །དེ་ཡི་ཆ་ལག་དངོས་གྲུབ་ཆར་འབེབས་བཀོད། །བར་ཆད་སེལ་ཞིང་འདོད་དགུ་ཀུན་འགྲུབ་པས། །གཏེར་བདག་དམ་ཅན་སྒྲུབ་པ་ཨེ་མ་ཧོ། །དེ་ལྟར་བཤད་རྒྱུད་ཆོས་སྡེ་སུམ་ཅུ་ལྔ། །སྙན་བརྒྱུད་ཟབ་མོ་དོན་གྱི་ཆོས་སྡེ་བཅུ། །སྲུང་མའི་སྒྲུབ་པ་དོན་གྱི་ཆོས་སྡེ་གཉིས། །དཀར་ཆག་ཉིད་དང་བསྡོམས་པའི་མདོ་ཆིངས་ལ། །ཟབ་མོ་ཡང་ཏིག་ཆོས་སྡེ་བཞི་བཅུ་བརྒྱད། །གསང་ཆེན་ངེས་པ་དོན་གྱི་སྙིང་པོར་བཀོད། །ཐེག་པའི་ཡང་ཞུན་བཏུས་པ་ཨེ་མ་ཧོ། །ཚུལ་འདི་རྒྱལ་བའི་དགོངས་པ་རྨད་བྱུང་ལས། །ཐ་མ་དོན་དམ་ངེས་པའི་འཁོར་ལོ་མཆོག །དེ་ལས་གསང་ཆེན་རྡོ་རྗེ་ཐེག་པའི་རྩེ། །བླ་མེད་བསྐྱེད་རྫོགས་ཐུན་མོང་ཟུང་འཇུག་ལས། །མཆོག་ཏུ་གསང་བ་རྫོགས་པ་ཆེན་པོའི་གནས། །སེམས་སྡེ་ཀློང་སྡེ་མན་ངག་སྡེ་གསུམ་ལས། །མཆོག་ཏུ་ཟབ་པ་མན་ངག་སྙིང་པོའི་སྡེ། །ཕྱི་ནང་གསང་བ་བླ་ན་མེད་བཞི་ལས། །དོན་གྱི་སྙིང་པོ་གཅིག་བསྡུས་བླ་མེད་སྐོར། །བཤད་བརྒྱུད་སྙན་བརྒྱུད་དོན་གྱི་ཡང་ཟབ་བཅུད། །མ་ལུས་ཀུན་བསྡུས་འདིར་གཅིག་གསལ་བར་བྱ། །འདི་འདྲའི་ཟབ་ཆོས་ཡིད་བཞིན་རིན་པོ་ཆེ། །འཇིག་རྟེན་ཁམས་ན་དཀོན་པའི་མན་ངག་མཆོག །བདེ་གཤེགས་ཁམས་དེ་མངོན་སུམ་བལྟར་ཡོད་པས། །སྲིད་པ་ཐ་མའི་དམ་ཆོས་ཨེ་མ་ཧོ། །འདི་དང་སུ་འཕྲད་ཚེ་འདིར་སྲིད་མཚོ་བརྒལ། །རྣམ་གྲོལ་མྱ་ངན་འདས་པའི་གླིང་དུ་ཕྱིན། །ཐར་པའི་བྱང་ཆུབ་ཆོས་སྐུ་རང་ལས་རྙེད། །རྡོས་བཅས་ལུས་ལ་རྒྱལ་བའི་དགོངས་པ་རྫོགས། །དོན་དམ་ནམ་མཁའ་འདྲ་བའི་ཆོས་ཀྱི་སྒོ། །དྲི་མེད་འོད་གསལ་ཉི་མའི་སྙིང་པོས་མཛེས། །སྣང་སྲིད་སྣོད་བཅུད་འཁོར་འདས་ཡོངས་ལ་ཁྱབ། །རིན་ཆེན་བྱང་ཆུབ་སེམས་ལེགས་ཨེ་མ་ཧོ། །འདི་འདྲའི་ཚུལ་དང་སུ་འཕྲད་སྐལ་བ་རབ། །ཉམས་སུ་ལེན་ཚད་རིག་འཛིན་སེམས་དཔའ་སྟེ། །སྙིང་པོའི་དོན་སྟོན་བླ་མ་སངས་རྒྱས་དངོས། །འགྲོ་བའི་དོན་ལ་བྱོན་པ་ཨེ་མ་ཧོ། །ཁོ་བོའི་དཔལ་མགོན་རིག་འཛིན་ཐུགས་རྗེ་ཅན། །བི་མ་མི་ཏྲ་བདེ་གཤེགས་སྤྲུལ་པ་དངོས། །གངས་རིའི་ཡུལ་དུ་དེང་སང་དངོས་(༢༨༡)སུ་བྱོན། །དེ་དང་བདག་མཇལ་འདི་འདྲའི་ཟབ་ཆོས་ཐོབ། །ཉིན་དང་མཚན་བསམ་བཀའ་དྲིན་བསམ་ལས་འདས། །དད་གུས་ཚད་མེད་སྙིང་ནས་མོས་གུས་བསྐྱེད། །དེ་ཡི་དབང་གིས་བྱིན་རླབས་རྒྱུན་ཆད་མེད། །ལྟ་དགོངས་ཏིང་འཛིན་རྟོགས་པ་ངང་གིས་འཆར། །འདུ་འབྲལ་མེད་དོ་ཆོས་ཉིད་དོན་གྱི་དབྱིངས། །གཞི་བདེའི་མལ་ན་བློ་བདེ་རྒྱུན་མི་ཆད། །སྒྱུ་མའི་རྣལ་འབྱོར་ནམ་མཁའ་རབ་འབྱམས་ཏེ། །སྣ་ཚོགས་རང་གྲོལ་ཆོས་ཉིད་གཏན་ཡུལ་ཟིན། །ཕྱི་རབས་རྗེས་སུ་འཇུག་པའི་སྐལ་ལྡན་རྣམས། །ཡི་གེ་འདི་ལ་རྟག་ཏུ་གཅེས་སྤྲས་མཛོད། །ཁོ་བོའི་ཉམས་ལེན་སྙིང་གི་ཟབ་ཆོས་རྣམས། །འདི་རུ་མངོན་ཕྱུང་གསལ་བར་བཀོད་པ་ཡིན། །ཟབ་མོ་ཡང་ཏིག་གསང་བའི་ཐེམས་འདི་རྣམས། །སྔགས་བདག་གཟའ་དང་དམ་ཅན་གསུམ་ལ་གཏད། །ཡི་གེ་འདི་ལ་འདྲ་མིན་འཆོས་པ་དང་། །བརྩམས་གཞི་འཐུ་ཞིང་ལུང་མེད་གཞན་ལ་སྟོན། །སྣོད་མིན་རྣམས་ལ་སྟོན་ན་བཀའ་ཆད་ཕོབས། །སྲོག་ཆོད་དབུགས་ཕྲོགས་མིག་འབྲས་ཐང་ལ་ཕྲུལ། །སྐལ་ལྡན་བསྟན་པའི་བདག་པོ་བྱུང་བའི་ཚེ། །གསང་བ་བྱིན་ལ་དར་ཞིང་རྒྱས་པར་མཛོད། །བརྒྱུད་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་དང་། །བཀའ་སྲུང་དམ་ཅན་རྣམས་ཀྱི་མཐུ་དཔལ་དང་། །མཁའ་འགྲོ་གྲུབ་པ་རྣམས་ཀྱི་བདེན་ཚིག་དང་། །བདག་གི་ལས་སྨོན་བསོད་ནམས་སྟོབས་དག་གིས། །ཟབ་མོ་ཡང་ཏིག་བསྟན་པ་དར་བར་ཤོག །སྐལ་བཟང་རྣམས་ཀྱི་ཐར་ལམ་སྒྲོན་མེར་ཤོག །རྟག་ཏུ་གཞན་ཕན་ཡིད་བཞིན་ནོར་བུར་ཤོག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཟབ་མོ་ཡང་ཏིག་གི་དཀར་ཆག་ཉི་ཟླ་གཟའ་སྐར་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་བློ་གྲོས་རྒྱ་ཆེ་ཞིང་། གསང་ཆེན་ངེས་པའི་རྒྱུད་ལུང་མན་ངག་གི་དོན་ལ་ལེགས་པར་སྦྱངས་པའི་བློ་མིག་ཅན། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ། ཀུན་ཏུ་བཟང་པོའི་ཁང་བཟངས། ཟླ་བ་ཆུ་ཤེལ་གྱིས་འཚེར་བ། རིན་ཆེན་འོད་ཀྱི་སྙེ་མའི་རྒྱལ་མཚན་གྱིས་མཐོ་བའི་གནས་སུ། སྟོན་དུས་མེ་ཏོག་དང་འབྲས་བུར་སྨིན་པའི་ཚེ་ལེགས་པར་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

༈ རྒྱུད་ལུང་མན་ངག་ཟབ་མོའི་འཇིངས་ཟབས་ནས། །སྐལ་ལྡན་བགྲོད་པའི་ལམ་བཟང་ཐེག་གཞན་ལས། །ཁྱོག་དང་རྩལ་ལྡན་སྐྱེས་བུས་མདའ་འཕང་དཔེ། །མྱུར་(༢༨༢)བུལ་ཁྱད་ཆོས་མང་ལྡན་རྫོགས་པ་ཆེ། །རིག་འཛིན་གསེང་ལམ་སྙིང་གི་ཏི་ཀ་ལྟར། །སྐལ་མེད་ཕལ་གྱི་སྤྱོད་ཡུལ་མ་གྱུར་པའི། །སྙིང་ཏིག་མ་གཉིས་བུ་གཉིས་ཡ་བཞི་ཡི། །མན་ངག་གནད་བསྡུས་ཟབ་མོ་ཡང་ཏིག་འདི། །གཅིག་ལས་དུ་མར་མཆེད་པའི་པར་གྱི་འཕྲུལ། །ལེགས་བྱས་འདི་དང་དུས་གསུམ་དགེ་ཚོགས་ཀུན། །གཅིག་བསྡུས་སྲས་བཅས་རྒྱལ་བས་ཡོངས་བསྔོ་བཞིན། །ཡིད་ཅན་རྣམ་མཁྱེན་གོ་འཕང་རྒྱུར་གྱུར་ཅིག །ཅེས་རྣམ་དཀར་བྱེད་པོ་རང་གིས་བཀྲ་ཤིས་དགེ་འཕེལ་གླིང་དུ་སྨྲས་པ་དགེ།། །།

ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥནཱ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ།། །།

ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ།

༄༅། །ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ་བཞུགས་སོ། །

༄༅། །གཟོད་ནས་འཁྲུལ་པའི་དངོས་ཀུན་མི་འཛིན་པས། །སྒྲིབ་གཉིས་ཆ་དང་བཅས་པའི་དག་བྱ་ཀུན། །རང་བཞིན་མ་གྲུབ་འདུས་མ་བྱས་པའི་གཞིར། །ཆོས་སྐུའི་རོལ་པར་བལྟས་ཏེ་ངང་གིས་འདུད། །རྣམ་གྲོལ་མཁའ་ལ་སྣ་ཚོགས་གསལ་བའི་ཆ། །འགོགས་མེད་ཆུ་འཛིན་བསྒྲོད་བྱེད་བསིར་བུའི་ཟླར། །ལམ་བདེན་སྨྲ་ཚིག་བྱ་རྩོལ་ཡོངས་བྲལ་ཡང་། །ལོངས་སྐུའི་དགྱེས་ཚུལ་སྟོན་ལ་གོམས་བཞིན་གུས། །སྔར་མེད་གསར་ཐོབ་མ་ཡིན་གསང་བ་བཞིས། །ཆོད་པ་དེ་བསལ་བུམ་ནང་མར་མེ་བཞིན། །སྐུ་ཡི་འདུ་འབྲལ་མེད་པ་བྲལ་སྨིན་གྱིས། །ཡོན་ཏན་ཀུན་རྫོགས་སྤྲུལ་སྐུར་མོས་གུས་བསྟེན། །འགྲོ་ཀུན་རྨོངས་པའི་ཐིབ་བུར་བག་མེད་པས། །འཕྱན་ལས་གདོན་ནུས་བློ་གྲོས་མི་ཟད་མིག །སྦྱིན་བྱེད་དུས་གསུམ་མཁས་དང་གྲུབ་པའི་ཚོགས། །རིས་སུ་མ་ཆད་ཡོངས་ལ་དད་ཕྱག་འབུལ། །མཧཱ་སེནྡྷིའི་ལུང་རྟོགས་དམ་པའི་མཛོད། །བལྟ་འདོད་ཚིག་བརྒྱུད་མི་ཆད་ཡི་གེའི་ཕྱིར། །སྤེལ་བའི་ངོ་མཚར་རྡོ་རྗེ་ཆོས་གཉིས་པ། ཁྱོད་ལས་གཞན་དུ་མི་དམིགས་ཡི་རངས་འབུལ། །གང་གིས་བཀའ་དྲིན་གྲིབ་མ་སྣུམ་པོ་ལ། །ལས་ཉོན་ཚ་གདུང་དྲག་པོ་ནམ་དུའང་མིན། །ཞི་བསིལ་མྱང་འདས་གོ་སར་འཇུག་འདོད་ཆེད། །སྔར་མེད་ཟབ་པ་པོད་བཞིའི་ཐེམ་སྐས་གསར། །འགྲོ་ཁམས་རྒྱ་མཚོར་འབབས་པ་ཇི་སྙེད་ཀྱི། །ཆོས་ཆར་རྒྱ་མཚོར་འབེབས་པའི་ཀླུ་དབང་ནི། །རྫོགས་སངས་རྒྱས་ཏེ་ཡེ་ཤེས་རྒྱ་མཚོ་དང་། །ཡོན་ཏན་རྒྱ་མཚོའི་འབྱུང་གནས་དུ་ཤེས་བྱ། །དེས་གསུངས་ནང་གི་མངོན་པའི་ཡོངས་རྩེ་ནི། །ཉེ་ལམ་ཁྱད་པར་ཅན་གྱུར་བརྩོན་འགྲུས་རབ། །སྐྱེ་བ་གཅིག་གིས་རིག་འཛིན་གྲལ་སྙོགས་པ། །རྫོགས་པ་ཆེན་པོ་སྙིང་ཐིག་ལས་གཞན་མིན། །དེ་དོན་ཉམས་སུ་ལེན་དང་འཛིན་པ་ནི། །སྐྱེས་སྦྱོངས་ཡོན་ཏན་ཕུན་ཚོགས་སྐལ་ལྡན་ཡིན། །ཕྱོགས་རེའི་བློ་ཅན་ཁྲོན་པའི་འཕར་འགྲོ་ཡིས། །གཏིང་མཐའ་མི་མངོན་རྒྱ་མཚོའི་ཚུལ་མི་ཕིག །དགའ་རབ་རྡོ་རྗེ་ནས་བརྩམས་དེང་གི་བར། །གསང་མཛོད་འཆང་རྣམས་རྒྱལ་བ་ཉི་མའི་གཉེན། །གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་སྐུ་ལས། །ཐ་དད་མ་ཡིན་ངོ་བོ་ཉིད་དུ་གཅིག །ལུང་གི་རྗོད་བྱེད་ཐིག་པའི་རིམ་ཀུན་ཡང་། །འགལ་བར་མི་འགྲོ་བརྗོད་བྱའི་གནད་ཀྱིས་མཐུན། །ལམ་གྱི་ཁྱད་པར་མྱུར་བུལ་ཡོད་མེད་དེ། །འབྲས་བུ་མྱང་འདས་གོ་སར་ཆབས་ཅིག་འབབས། །རྒྱ་བོད་གཉིས་ཀར་མཆོག་གསང་ལམ་འདི་ཡིས། །གྲུབ་པའི་གོ་སར་གཤེགས་པ་དུ་མའི་ཕྱིར། །མི་བསླུའི་ཚད་མ་ཡོད་པས་འཁྲུལ་པ་བྲལ། །དེ་ཕྱིར་ལམ་འདིར་མི་བརྩོན་ཤེས་ལྡན་སུ། །སྙིང་ཐིག་རྣམ་བཞི་འོ་མའི་རྒྱ་མཚོ་ལས། །གདམས་ངག་ཡོངས་བཅུད་མར་གྱི་གང་བུ་འཁྲུངས། །ཟབ་མོ་ཡང་ཐིག་ཀུན་མཁྱེན་ཀློང་ཆེན་པའི། །མཁྱེན་དཔྱོད་དྭངས་ཤེལ་སྣོད་ལས་བཏོན་པ་བཞིན། །དྲི་མེད་ལྷ་ལམ་ཡངས་པར་བརྒྱ་ཕྲག་གི། །འོད་ཟེར་འགྱེད་པའི་ཉི་མ་གསར་འཁྲུངས་དེས། །ལྷུན་གྲུབ་སྣང་བཞིའི་པད་ཚལ་བཞད་པ་ན། །ཚེ་གཅིག་གྲོལ་འདོད་རྐང་དྲུག་ཅི་དགར་རྩེ། །དེ་ཚུལ་ཡི་གེའི་ཕྱི་མོ་པར་གྱི་འཕྲུལ། །གླེག་བམ་གཉིས་སུ་བྱས་པའི་དཔེ་ཐོ་ནི། །དཔག་བསམ་ལྗོན་པ་བློ་ལྡན་རྣམ་པད་ཀྱི། །ཚོགས་ལ་སྨན་ཕྱིར་བཀོད་པ་དོན་ལྡན་ཡིན། །དེ་ལ་ཐོག་མར་དཀར་ཆག་དཔག་བསམ་ལྗོན་པ་སྡེབ།

བཤད་རྒྱུད་སྐོར་ལ། ༼ ཀ ༽ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བ་སྡེབ་༡༠། ༼ ཁ ༽

ཕྱག་འཚལ་ཡིད་བཞིན་ནོར་བུ་སྡེབ་༥། ༼ ག ༽གསོལ་འདེབས་བདུད་རྩིའི་ཆར་རྒྱུན་སྡེབ་༣། ༼ ང ༽མཎྜལ་ཆོ་ག་གླིང་བཞི་རྒྱན་གྱུར་སྡེབ་༨། ༼ ཅ ༽བི་མ་ལའི་སྒྲུབ་ཐབས་སྡེབ་༣། ༼ ཆ ༽སྙིང་པོ་ཡེ་ཤེས་བླ་སྒྲུབ་སྡེབ་༤། ༼ ཇ ༽སྤྲོས་བཅས་དབང་ཆོག་དངོས་གྲུབ་ཆུ་བོ་སྡེབ་༡༠། ༼ ཉ ༽སྤྲོས་བཅས་མིང་གི་རིམ་པ་སྡེབ་༤།

༼ ཏ ༽སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བོ་སྡེབ་༡༢། ༼ ཐ ༽བུམ་པའི་བརྡ་དོན་སྡེབ་༣། ༼ ད ༽ཤིན་ཏུ་སྤྲོས་མེད་དབང་ཆོག་ཡེ་ཤེས་ཆུ་བོ་སྡེབ་༣། ༼ ན ༽རབ་ཏུ་སྤྲོས་མེད་དབང་ཆོག་བྱིན་རླབས་ཆུ་བོ་སྡེབ་༥། ༼ པ ༽དམ་ཚིག་གསུམ་བཀོད་སྡེབ་༡༢། ༼ ཕ ༽ཐུན་མོང་རིན་ཆེན་པྲ་ཁྲིད་སྡེབ་༣། ༼ བ ༽ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་སྡེབ་༢༣། ༼ མ ༽གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ་སྡེབ་༣༢། ༼ ཙ ༽རྒྱ་མཚོ་ཨར་གཏད་སྡེབ་༤། ༼ ཚ ༽ཁྱུང་ཆེན་གཤོག་རྫོགས་སྡེབ་༣། ༼ ཚ ༽ཁྱུང་ཆེན་བསྡུས་དོན་སྡེབ་༤། ༼ ཛ ༽གསང་བ་བླ་མེད་སྤྱི་བབས་སྡེབ་༣། ༼ ཝ ༽ཟབ་མོ་བཅུད་བསྡུས་སྡེབ་༢། ༼ ཞ ༽སྙིང་པོ་དོན་བསྡུས་སྡེབ་༢།

༼ ཟ ༽འོད་གསལ་སྙིང་པོ་སྡེབ་༢། ༼ འ ༽ངེས་དོན་སྙིང་པོ་སྡེབ་༢། ༼ ཡ ༽མཐར་ཐུག་དོན་གྱི་སྙིང་པོ་སྡེབ་༧། ༼ ར ༽གཞི་ལམ་འབྲས་བུ་གནས་གསལ་བ་སྡེབ་༧། ༼ ལ ༽རྣལ་འབྱོར་བཞིའི་རིམ་པ་སྡེབ་༡༩། ༼ ཤ ༽ཟབ་མོ་པྲ་ཁྲིད་སྡེབ་༩། ༼ ས ༽སྙིང་པོ་ཡང་བཅུད་སྡེབ་༤། ༼ ཧ ༽རིག་པ་བརྟུལ་ཞུགས་སྡེབ་༣། ༼ ཨ ༽

དུས་ཀྱི་གསལ་བྱེད་སྡེབ་༦། ༼ ཀི ༽འདའ་ཁ་དོན་གྱི་མན་ངག་སྡེབ་༧། ༼ ཁི ༽བཏགས་གྲོལ་སྙིང་པོ་སྡེབ་༤། ༼ གི ༽ཟབ་དོན་སྙིང་པོ་སྡེབ་༩། ༼ ངི ༽ཚིག་དོན་སྙིང་པོ་སྡེབ་༡། ༼ ཅི ༽གདམས་ཁྲིད་དོན་གྱི་མདོ་ཆིངས་སྡེབ་༤རྣམས་སོ། །

༈ པོད་གཉིས་པར་སྙན་བརྒྱུད་སྐོར་ལ། ༼ ཆི ༽སྙན་བརྒྱུད་གནད་ཀྱི་མདོ་ཆིངས་སྡེབ་༤། ༼ ཇི ༽བརྒྱུད་པའི་ཕྱག་འཚལ་བྱིན་བརླབ་སྤྲིན་ཕུང་སྡེབ་༣། ༼ ཉི ༽

དགོངས་བརྒྱུད་གསོལ་འདེབས་སྡེབ་༦། ༼ ཏི ༽གསང་སྐོར་དབང་གི་ལག་ལེན་གསལ་བའི་སྒྲོན་མེ་སྡེབ་༧། ༼ ཐི ༽མཆོག་གསང་ལམ་ཁྲིད་ཆེན་མོ་སྡེབ་༣། ༼ དི ༽

ཡེ་གྲོལ་སོར་བཞག་སྡེབ་༥། ༼ ནི ༽སྙན་བརྒྱུད་ཐུགས་ཀྱི་མེ་ལོང་སྡེབ་༧། ༼ པི ༽

སྙན་བརྒྱུད་དོན་གྱི་མེ་ལོང་སྡེབ་༢༤། ༼ ཕི ༽ལག་ཁྲིད་སྙིང་པོ་སྡེབ་༣། ༼ བི ༽སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་སྡེབ་༡༢༣། ༼ མི ༽བཀའ་བསྲུང་དྲག་པོ་སུམ་སྒྲིལ་སྡེབ་༥། ༼ ཙི ༽བསྐང་གསོ་དངོས་གྲུབ་ཆར་འབེབས་སྡེབ་༢༡།

༼ ཚི ༽དཀར་ཆག་ཉི་ཟླ་གཟའ་སྐར་སྡེབ་༥སྟེ་ཆོས་སྡེ་བཞི་བཅུ་རྩ་དགུ་སྡེབ་གྲངས་རྣམས་བཞུགས་སོ། །

འདིར་སྨྲས་པ། རྨི་ལམ་ཙམ་གྱི་ཉི་ཚེའི་བདེ་བ་ལ། །མི་ཞེན་གཏན་གྱི་སྡུག་བསྔལ་སྤོང་འདོད་རྣམས། །ཐོས་བསམ་སྒོམ་པས་རང་རྒྱུད་ཆོས་མཐུན་ཏུ། །མཛད་ན་དམ་པ་རྣམས་ཀྱི་རྗེས་སུ་བསྙེགས། །དེ་ཡང་རྟོག་དཔྱོད་ནང་བལྟས་ཆོས་མིན་དབང་། །སྐད་ཅིག་མི་བཏང་ཉོན་མོངས་རག་པའི་མགོ། །རིམ་ནོན་བློ་སྣ་ཐུང་ངུས་ཆོས་བརྒྱད་ལ། །འདོད་པ་ཆུང་ན་ཉམས་ལེན་གནད་སོང་རྟགས། །དེ་ལྟར་རང་རྒྱུད་ཆོས་དང་མི་མཐུན་ན། །ཡང་ཟབ་གདམས་པར་འཕྲད་ཀྱང་མི་གྲོལ་བས། །སྒོ་གསུམ་བག་ཡོད་དྲན་དང་ཤེས་བཞིན་གྱིས། །དལ་འབྱོར་དོན་ཡོད་མཛོད་ཅེས་ཐལ་མོ་སྦྱར། །ཚུལ་འདི་ངལ་བརྒྱས་པར་དུ་བསྐྲུན་པ་པོ། །ལྷ་སྲས་མཆོག་གང་སྔོན་དགེའི་བག་ཆགས་ཁམས། །སད་ལྟར་ཆོས་མཐུན་ཐུགས་འདོད་ཡོངས་རྫོགས་ནས། །ཞབས་པད་བརྟན་ཅིང་ཆོས་སྲིད་རྒྱས་གྱུར་ཅིག །ཡུལ་འདིར་ཕྱྭ་བཅུད་དཔལ་འབྱོར་ཆེར་རྒྱས་ནས། །ལོ་ལེགས་ལྗོངས་འཁྲུངས་མི་ཕྱུགས་ནད་ཀུན་མེད། །ཆར་ཆུ་དུས་བབ་བཙའ་སད་སེར་གསུམ་ཞི། །རྫོགས་ལྡན་བསྐལ་པའི་བདེ་སྐྱིད་འཕེལ་གྱུར་ཅིག །རྒྱལ་བསྟན་རི་མོ་གཡས་སུ་འཁྱིལ་པའི་དུང་། །དཀར་ཕྱོགས་རྒྱལ་བའི་མཚན་མར་སྒྲོགས་པའི་དབྱངས། །སྲིད་གསུམ་ཀུན་ཏུ་ཁྱབ་པའི་ལྷའི་རོལ་མོ། །མཆོག་གསུམ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་ཟབ་མོ་ཡང་ཐིག་པོད་གཉིས་པར་དུ་བསྒྲུབས་པའི་དཀར་ཆག་དཔག་བསམ་ལྗོན་པ་འདི་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར་འཁྲུངས་པ་ལེགས་བྱས་ཡོན་ཏན་གྱིས་སྤ་བ་ལྷ་སྲས་དམ་ཚིག་རྡོ་རྗེའི་བཀའ་གནང་བཞིན་ཞེ་ཆེན་པ་ཤཱཀྱའི་དགེ་སློང་མཐུ་སྟོབས་རྣམ་པར་རྒྱལ་བས་ཉུང་ངུའི་ཚིག་གིས་འདོམ་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཁ་བྱང་ཉི་མའི་སྙིང་པོ།

༄༅། །ཁ་བྱང་ཉི་མའི་སྙིང་པོ་བཞུགས་སོ། །

༄༅། །ཁ་བྱང་ཉི་མའི་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་མའི་མགོན་པོ་རྒྱལ་བ་གངས་ཅན་མཚོ། །མཁྱེན་བརྩེའི་རང་བཞིན་གཏིང་དཔག་མི་ནུས་ཤིང་། །ཕྱི་མའི་མུ་མཐར་འགྲོ་བའི་བདེ་འབྱུང་གནས། །གང་ཡིན་དེ་ལ་ཐོག་མར་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས། །ངེས་པའི་སྙིང་པོ་མངོན་སུམ་འོད་གསལ་ལམ། །གསང་བ་སྙིང་ཐིག་ཡི་གེ་གྲངས་མང་དོན། །ཡང་ཟབ་ཡིད་བཞིན་ནོར་བུ་གསལ་བར་བྱ། །གསང་བ་ཡང་གསང་ཡང་ཟབ་རྨད་བྱུང་གང་། །གཅིག་དང་བཞི་དང་གསུམ་ཚན་བཅུ་དང་གསུམ། །སྐལ་ལྡན་རྣམས་ཀྱི་མ་རིག་མུན་པ་སེལ། །རྣམ་པར་དབྱེ་ན་སྡེ་ཚན་འདི་དག་གོ། །ལོ་རྒྱུས་དང་ནི་དབང་ཆོག་རྣམ་པ་བཞི། །རྒྱ་མཚོ་སྐོར་གསུམ་དོན་ཁྲིད་སྐོར་གསུམ་དང་། །རྒྱབ་ཡིག་སྐོར་(༢)གསུམ་སྤྲིན་ཕུང་སྐོར་གསུམ་དང་། །ནམ་མཁའ་སྐོར་གསུམ་བདུད་རྩི་སྐོར་གསུམ་དང་། །སྒྲོན་མེ་སྐོར་གསུམ་འཁོར་ལོ་སྐོར་གསུམ་དང་། །གེགས་སེལ་སྐོར་གསུམ་ནོར་བུ་སྐོར་གསུམ་དང་། །མེ་ལོང་སྐོར་གསུམ་སྙན་བརྒྱུད་སྐོར་གསུམ་དང་། །སྒྲུབ་ཐབས་སྙིང་གི་དུམ་བུ་སྐོར་གསུམ་མོ། །དེ་དག་སོ་སོའི་དགོས་པ་བསྟན་པ་ནི། །ལེགས་པར་བཤད་ཀྱི་རབ་ཏུ་ཡིད་ལ་ཟུངས། །ལོ་རྒྱུས་རིན་ཆེན་ཕྲེང་བ་ཉིད་ཀྱིས་ནི། །ངེས་པའི་བཀའ་ལ་ངོ་མཚར་ཡིད་ཆེས་བསྟན། །དབང་ཆོག་སྐོར་བཞིས་སྐལ་ལྡན་སྨིན་པ་སྟེ། །སྤྲོས་བཅས་བུམ་དབང་རྡོ་རྗེའི་སྐུ་ཐོབ་ཅིང་། །བསྐྱེད་རྫོགས་ཟུང་འབྲེལ་དོན་ལ་དབང་བར་བྱེད། །སྤྲོས་མེད་གསང་དབང་རྡོ་རྗེའི་གསུང་ཐོབ་ཅིང་། །ཡེ་ཤེས་དྲོད་འབེབས་ཡི་གེ་འཁོར་ལོའི་དབང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱིས། །རྡོ་རྗེའི་ཐུགས་ཐོབ་བདེ་ཆེན་དོན་ལ་སྦྱོར། །རབ་ཏུ་སྤྲོད་མེད་ཚིག་དབང་རིན་པོ་ཆེས། །ཡེ་ཤེས་དོན་ཐོབ་གདོད་མའི་ཟད་སར་ཕྱིན། །དེ་ཡི་ཕྱིར་ན་དང་པོར་དབང་ཐོབ་གཅེས། །རྒྱ་མཚོ་སྐོར་གསུམ་དངོས་གྲུབ་མྱུར་དུ་འགྲུབ། །དེ་ལ་དམ་ཚིག་རྣམ་གྲོལ་རྒྱ་མཚོ་ཡིས། །སྤང་བླང་མཚམས་ཕྱེད་རང་རྒྱུད་དག་པར་བྱེད། །ཚོགས་མཆོད་རིམ་པ་ཡིད་བཞིན་རྒྱ་མཚོ་ཡིས། །ཚོགས་གཉིས་རྫོགས་ཤིང་དངོས་གྲུབ་རྣམ་གཉིས་ཐོབ། །བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཡིས། །བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་འཆར། །དེ་ཡི་ཕྱིར་ན་འདི་དག་ཤིན་ཏུ་གཅེས། །དོན་ཁྲིད་སྐོར་གསུམ་སྨིན་རྗེས་གྲོལ་བར་བྱེད། །སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཀྱིས། །གོང་མའི་དོན་ལ་འཇུག་པའི་རྐང་སྟེགས་བྱེད། །དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ཀྱིས། །བདེ་གཤེགས་སྙིང་པོའི་དོན་ལ་དངོས་སུ་སྦྱོར། །ཁྲེགས་ཆོད་ཡེ་བབས་སོར་གཞག་དོན་ཁྲིད་ཀྱིས། །གཤིས་ཀྱི་ངང་དེར་མཐར་འཛིན་སྒྲོ་འདོགས་གཅོད། །དེ་ཡི་ཕྱིར་ན་འདི་དག་སྙིང་དང་འདྲ། །རྒྱབ་ཡིག་སྐོར་གསུམ་ཉམས་ལེན་ཡིད་ཆེས་བསྐྱེད། །ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་དྲི་མེད་ཀྱིས། །བྱ་རྩོལ་གཉིས་མེད་རེ་དོགས་བྲལ་བར་བྱེད། །ཐོད་རྒལ་རྒྱབ་ཡིག་ཉི་ཟླ་གཟའ་སྐར་གྱིས། །འོད་གསལ་རང་སྣང་གོང་འཕེལ་བཙན་ས་ཟིན། །(༣)བཏགས་གྲོལ་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཀྱིས། །མངོན་སུམ་གོང་འཕེལ་བར་དོར་གྲོལ་བའི་གྲོགས། །སྤྲིན་ཕུང་སྐོར་གསུམ་སེམས་སྦྱོང་རྒྱབ་ཡིག་སྟེ། །དབང་པོ་དམན་རྣམས་གོང་མར་དྲང་བའི་ཐབས། །དེ་ལ་བདེ་སྟོང་བདུད་རྩིའི་སྤྲིན་ཕུང་གིས། །བདེ་ཆེན་ངང་དུ་འོད་གསལ་ཆེན་པོར་སྦྱོར། །རླུང་གི་སྦྱོར་བ་ཡེ་ཤེས་སྤྲིན་ཕུང་གིས། །གསལ་སྟོང་གཉིས་མེད་འོད་གསལ་ངང་ལ་སྦྱོར། །རྣམ་པར་མི་རྟོག་ནམ་མཁའི་སྤྲིན་ཕུང་གིས། །ཆོས་ཉིད་འོད་གསལ་བློ་འདས་ཆེན་པོར་སྦྱོར། །དེ་ཡི་ཕྱིར་ན་འདི་དག་གྲོགས་སུ་གཅེས། །སྒྲོན་མེ་སྐོར་གསུམ་ཡང་ཟབ་གསལ་བར་བྱེད། །དེ་ལ་གཞི་སྣང་ཡེ་ཤེས་སྒྲོན་མེ་ཡིས། །ཐོག་མའི་གནས་ལུགས་མཆེད་ལུགས་གསལ་བར་སྟོན། །དཔེ་དོན་གསལ་བྱེད་འོད་གསལ་སྒྲོན་མེ་ཡིས། །གཞི་ལམ་འབྲས་བུའི་ཉམས་ལེན་སྙིང་པོར་སྟོན། །ཉམས་ལེན་གནད་ཀྱི་སྒྲོན་མེ་གསལ་བ་ཡིས། །སྙིང་པོ་ཡེ་ཤེས་གནད་དུ་བསྣུན་ཐབས་སྟོན། །ཡི་གེ་འདི་གསུམ་ཤིན་ཏུ་གཅེས་པ་སྟེ། །སྙིང་དང་མིག་འདྲ་མེད་པའི་ཐབས་མེད་པས། །གཅིག་ལ་གཅིག་འབྲེལ་ཟུང་དུ་ཚོགས་པར་བྱ། །རིན་ཆེན་གསེར་ལ་གཡུ་ཡིས་ཕྲ་བཀོད་བཞིན། །སྙིང་པོའི་དེ་ཉིད་གསལ་མཛེས་འབར་བར་བྱེད། །འཁོར་ལོ་སྐོར་གསུམ་རྟག་ཏུ་འོད་གསལ་སྦྱོར། །དེ་ལ་གནད་གསུམ་ཆོས་ཉིད་འཁོར་ལོ་ཡིས། །ལྟ་སྟངས་གཟིགས་སྟངས་གནད་ཀྱི་སྙིང་པོ་སྟོན། །ཉིན་མཚན་གཉིས་མེད་འོད་གསལ་འཁོར་ལོ་ཡིས། །དངོས་དང་རྨི་ལམ་བག་ཆགས་འབྲེལ་རྒྱུན་གཅོད། །ཡང་ཟབ་གནད་བསྡུས་ཡེ་ཤེས་འཁོར་ལོ་ཡིས། །ཉིན་མཚན་ཏིང་འཛིན་གོ་རིམ་གསལ་བར་བྱེད། །དེ་ཡི་ཕྱིར་ན་ཡང་ཟབ་ཡི་གེ་གསུམ། །ཉམས་ལེན་དུས་ན་ཤིན་ཏུ་གཅེས་པས་ན། །གོམས་ཤིང་འདྲིས་པའི་གྲོགས་སུ་མཁས་པས་ཟུངས། །གེགས་སེལ་སྐོར་གསུམ་ཉམས་ལེན་མཐར་ཕྱིན་བྱེད། །ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་གིས། །འབྱུང་བཞིའི་ནད་སེལ་རྩ་ཁམས་སྙོམས་པར་བྱེད། །སྒོ་ཡི་གེགས་སེལ་སྒྲོན་མ་སྣང་བྱེད་ཀྱིས། །འོད་གསལ་འཆར་སྒོ་མིག་གི་བཅོས་ཐབས་བཤད། །སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད་ཀྱིས། །ཏིང་འཛིན་སྐྱོན་བསལ་རིག་པའི་ཡེ་ཤེས་སྟོན། །ཡི་གེ་འདི་དག་གྲོགས་སུ་གཅེས་པར་ཟུངས། །ནོར་བུ་སྐོར་གསུམ་མཆོག་དང་ཐུན་མོང་འགྲུབ། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །ལྟ་སྒོམ་རྟོགས་པ་བྱིན་རླབས་དངོས་གྲུབ་སྟེར། །ཡི་དམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་(༤)པར་བྱེད། །མཁའ་འགྲོའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །ལས་བཞིའི་ཕྲིན་ལས་དོན་གཉིས་འགྲུབ་པར་བྱེད། །དེ་ཡི་ཕྱིར་ན་དཀོན་པའི་ཡི་གེ་གསུམ། །སྒྲུབ་པའི་གྲོགས་སུ་མེད་དུ་མི་རུང་བས། །ཉིན་མཚན་ཐུན་བཞིའི་རྣལ་འབྱོར་རིམ་པ་ལ། །སྐལ་ལྡན་རྣམས་ཀྱིས་རྟག་ཏུ་བསྒོམ་པར་བྱ། །དེས་ནི་གེགས་དང་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མེ་ལོང་སྐོར་གསུམ་འདི་ཕྱིའི་དོན་གཉིས་འགྲུབ། །དེ་ལ་ངོ་སྤྲོད་དྲན་པའི་མེ་ལོང་གིས། །ཚེ་འདིར་ཡིད་ཆེས་བར་དོར་གྲོལ་བར་བྱེད། །འཆི་ལྟས་གསལ་བྱེད་དྲན་པའི་མེ་ལོང་གིས། །རྣལ་འབྱོར་ཕུང་པོ་འདོར་བའི་དུས་ཚིགས་འཛིན། །འཆི་བསླུ་ཡང་ཟབ་དྲན་པའི་མེ་ལོང་གིས། །དལ་འབྱོར་རིང་གནས་ཚེ་འདིའི་སྣང་བ་སྟོན། །དེ་ཕྱིར་འདི་དག་ཤིན་ཏུ་གཅེས་པ་ཡིན། །སྙན་བརྒྱུད་སྐོར་གསུམ་བར་དོའི་གདམས་པ་སྟོན། །སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་གིས། །ད་ལྟའི་ཉམས་ལེན་གཙོ་བོར་གསལ་བར་བྱེད། །སྙན་བརྒྱུད་འབྲིང་པོ་འོད་གསལ་རང་སྣང་གིས། །བར་དོའི་ངོ་སྤྲོད་གདམས་པ་གསལ་བར་བྱེད། །སྙན་བརྒྱུད་ཆེན་མོ་ངེས་དོན་རང་སྣང་གིས། །དེ་དག་ཀུན་གྱི་རྒྱབ་ཆོས་གསལ་བར་བྱེད། །དེ་ཡི་ཕྱིར་ན་དཀོན་པའི་ཡི་གེ་གསུམ། །ཐིག་ལེ་གསང་བའི་གནད་ལ་ཤིན་ཏུ་གཅེས། །གོང་མའི་སྐོར་རྣམས་དཔེ་བརྒྱུད་གདམས་པ་སྟེ། །གཙོ་བོར་ཚེ་འདིར་གྲོལ་བའི་མན་ངག་བསྟན། །སྙན་བརྒྱུད་འདི་གསུམ་དོན་བརྒྱུད་གདམས་པ་སྟེ། །གཙོ་བོར་བར་དོར་གྲོལ་བའི་གདམས་པ་བསྟན། །འདི་གཉིས་གཅིག་གི་གྲོགས་སུ་གཅིག་དགོས་ལ། །གྲུབ་མཐའ་གཅིག་པས་ཡང་གསང་བླ་མེད་ཀྱི། །ཡི་གེ་ཡོད་མེད་གདམས་པའི་ཁྱད་ཡིན་གསུངས། །གང་ལས་ཞེ་ན་སྒྲོན་མ་སྣང་བྱེད་ལས། །ཡི་གེ་མེད་པའི་སྙན་བརྒྱུད་འདི་ཉིད་འབྲེལ། །ཞེས་གསུངས་དེ་ཕྱིར་ཟབ་མོའི་སྙན་བརྒྱུད་གསུམ། །སྙིང་ཐིག་དངོས་ཡིན་བར་དོར་གྲོལ་བའི་ཆོས། །གསང་སྐོར་ཞེས་བཏགས་བརྡ་ཙམ་ཤེས་པར་མཛོད། །གཞན་ནི་ཡང་འདིར་དེ་བཞིན་སྙིང་པོ་གསུམ། །དེ་བས་གནད་འདི་རབ་ཏུ་ཤེས་པ་གཅེས། །དེ་དག་རྣམས་ཀྱིས་ཆོས་མཛོད་བསྲུང་བ་ལ། །རྒྱལ་བ་རིག་འཛིན་རིམ་པས་བཀའ་བསྒོས་པ། །དམ་ཅན་རྒྱ་མཚོ་དཔག་གིས་མི་ལང་ཡང་། །གཙོ་བོའི་བཀའ་སྲུང་སྒྲུབ་ཐབས་སྐོར་གསུམ་ལས། །མ་མོའི་གསང་སྒྲུབ་སྙིང་གི་དུམ་བུ་ཡིས། །རང་དང་ཆོས་སྲུང་འགལ་བྱེད་ཆོམ་ལ་འབེབས། །གཟའ་རྒོད་(༥)གསང་སྒྲུབ་སྙིང་གི་དུམ་བུ་ཡིས། །ཕ་རོལ་དགྲ་དཔུང་ཐལ་བ་རྡུལ་དུ་བརླག །དམ་ཅན་གསང་སྒྲུབ་སྙིང་གི་དུམ་བུ་ཡིས། །བཀའ་ཉན་ལས་བྱེད་ཆོ་འཕྲུལ་བསམ་མི་ཁྱབ། །དེ་ཡི་ཕྱིར་ན་དགོན་པའི་སྒྲུབ་ཡིག་གསུམ། །ཞལ་གདམས་དམར་ཁྲིད་ཉམས་ལེན་བཀོད་པས་ན། །རྟག་ཏུ་མཆོད་བསྟོད་བསྐང་གསོའི་ལས་ལ་འབད། །རང་དང་འཁོར་འདབ་འབྱོར་པ་རྒྱས་བྱེད་ཅིང་། །བར་ཆད་ཀུན་སེལ་དངོས་གྲུབ་ཡིད་བཞིན་གཏེར། །ནོར་བུའི་རྒྱལ་ལས་ཡོན་ཏན་ལྷག་པ་ཡིན། །དེ་ལྟར་ཆོས་སྡེ་སུམ་ཅུ་རྩ་ལྔ་ཡིས། །ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོའི་སྐོར། །ཤིན་ཏུ་ཡང་ཟབ་གནད་ཀུན་ཚང་བར་བསྟན། །རྒྱུད་ལུང་མན་ངག་ཤིན་ཏུ་གྲངས་མང་ཡང་། །དོན་རྣམས་བསྡུས་ན་འདི་ལས་ལྷག་པ་མེད། །དེང་སང་དུས་ན་ཚེ་ཐུང་འབྱོར་པ་ཆུང་། །སྐལ་བ་དམན་པས་གདམས་པ་ཐོབ་པར་དཀའ། །ཡི་གེ་གྲངས་མང་ཁ་ཚང་མཐོང་བར་དཀོན། །མཐོང་ཡང་རང་ལ་མི་འཛོམ་དེ་ཡི་ཕྱིར། །ཉུང་བསྡུས་དོན་འགྲུབ་རིན་ཆེན་སྙིང་པོའི་ཆོས། །ཡང་ཟབ་ཡིད་བཞིན་ནོར་བུའི་སྙིང་པོ་འདི། །བདག་གི་རྗེས་འཇུག་སྐལ་ལྡན་དོན་ཆེད་དུ། །ཀློང་ཆེན་རབ་འབྱམས་བཟང་པོའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན། །དགེ་བ་དེ་ཡིས་སྲིད་པ་ཁམས་གསུམ་པོ། །ཐམས་ཅད་ཕྱམས་ཅིག་འཁོར་བའི་མཚོ་བརྒལ་ནས། །གདོད་མའི་ས་ལ་རང་བཞིན་ལྷུན་གྲུབ་སྟེ། །བདེ་ཆེན་ཀུན་བཟང་ཆོས་ཀྱི་རྒྱལ་པོར་ཤོག །ཁ་བྱང་ཉི་མའི་སྙིང་པོ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ། ཨོ་རྒྱན་རྫོང་གི་གནས་སུ་བཀོད་པ་རྫོགས་སོ།། །།

དཔལ་སྔགས་ཀྱི་བདག་མོ་དང་། གཟའ་བདུད་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པ་གསུམ་ལ། ཁ་བྱང་འདིའི་ཆོས་སྡེ་སུམ་ཅུ་རྩ་ལྔ་པོ་རྣམས་གཏད་པ་ཡིན་པས། ཡི་གེ་འདྲ་མིན་འཆོས་པ་བྱུང་ན་ཆད་པ་ཕོབ་ལ་སོད་ཅིག །སྐལ་མེད་ལ་མ་གཏད་ཅིག །སྐལ་ལྡན་ལ་གཏོད་ཅིག །ས་མ་ཡ།། །།

ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ།

དང་པོ། རྒྱལ་བ་དགོངས་པས་བརྒྱུད་པ།

༄༅། །ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །

༄༅། །ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་མའི་མགོན་པོ་མངའ་དབང་རྫོགས་པའི་དཔལ། །རྒྱལ་ཚབ་རིགས་ལྔ་རྒྱལ་བ་འཁོར་དང་བཅས། །དེད་དཔོན་དམ་པ་རིམ་ནས་རིམ་བརྒྱུད་པའི། །བླ་མ་དམ་པ་རྣམས་ལ་གུས་ཕྱག་(༦)འཚལ། །ཐོག་མའི་རྒྱལ་བ་འོད་གསལ་བརྙེས་པ་ནས། །ཆོས་མཛོད་ཉི་མ་གང་དུ་ཤར་བའི་ཚུལ། །དེང་སང་རིག་འཛིན་དམ་པའི་རྗེས་འགྲོ་བ། །དེ་དག་ལོ་རྒྱུས་རིན་ཆེན་ཕྲེང་བ་བྲི། །

འདིར་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་ལོ་རྒྱུས་ལ་གསུམ་སྟེ། རྒྱལ་བ་དགོངས་པས་བརྒྱུད་པ་དང་། རིག་འཛིན་བརྡས་བརྒྱུད་པ་དང་། གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །

དང་པོ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་པར་བཞུགས་པའི་ཚུལ་ལ། ནང་གསལ་ཆོས་ཀྱི་སྐུའི་གནས་སྐབས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱིངས་ཀྱི་སྐུ་གསུམ་དུ་གནས་པའི་རྣམ་པ་ཡུལ་ལ་མི་སྤྱོད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་གིས་འོད་གསལ་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པའི་ངང་དུ་འོད་གསལ་བའོ། །དེ་ནས་དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱུང་བ་ནི། རང་བཞིན་གྱི་སྣང་ཆ་ལས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་ཀྱང་ཡེ་ཤེས་ལྔའི་རང་གདངས་ལས་བྱུང་བ། སྟེང་དང་འོག་དང་ཕྱོགས་མཚམས་མ་ཡིན་ཞིང་། འོད་ཁྱིམ་རིན་པོ་ཆེའི་ཁང་བུ་བཀོད་ལེགས་པ་ན། རིགས་ལྔའི་སངས་རྒྱས་སོ་སོའི་དཀྱིལ་འཁོར་གྱི་ཚོམ་བུ་འབུམ་ཕྲག་བརྗོད་ལས་འདས་པས་བསྐོར་བ་རྣམས་ཀྱང་གདུལ་བྱ་དང་། འདུལ་བྱེད་མ་ཡིན་ཞིང་རང་སྣང་ལྷུན་གྱིས་གྲུབ་པའི་མངའ་དབང་དུ་རང་བྱུང་བའོ། །དེ་ཉིད་ཀྱི་སྣང་ཆ་ལས་རིགས་ལྔའི་སངས་རྒྱས་གྲངས་མེད་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་སྣང་བ་ཐམས་ཅད་ཀྱང་། ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟར་བཀོད་ལེགས་ཤིང་། ཁ་དོག་ལྔར་འོད་འབར་བ་ནི། ཞལ་དང་ལྗགས་ཀྱི་དཀྱིལ་འཁོར་ལས་ཡི་གེ་དྲུག་གི་འོད་ཟེར་མུ་མེད་པ་འཕྲོ་བ་ལས་རང་བྱུང་བའོ། །(༧)དེའི་ཚེ་གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་པས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ་རང་ཆས་སུ་ངང་གིས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པར་སྟོན་ཏོ། །དེ་ཉིད་ཀྱི་ངང་ལས་སྤྲུལ་པའི་སྐུ་མངོན་པར་འཕྲོ་བ་ནི། གདུལ་བྱའི་དབང་ལས་འོད་འཕྲོ་བ་རང་སྣང་བ་ཆུའི་ཟླ་བ་ལྟ་བུ་སྟེ། འདིའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཀྱི་འགྲོ་བ་དྲུག་སོ་སོར་འཁྲུལ་པའི་དབང་གིས་རང་རང་གི་གནས་དང་བདེ་སྡུག་གི་སྣང་བ་དུ་མ་ལ་སྤྱོད་པས་སེམས་ཀྱི་འཁྲུལ་སྣང་ལ་ཞེན་པའི་ཚེ། ས་དང་པོ་ནས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ལ་ཕྱོགས་བཅུའི་ཞིང་དུ། རང་བཞིན་སྤྲུལ་པའི་རིགས་ལྔ་སོ་སོར་སྣང་བས་དོན་མཛད་ཅིང་འགྲོ་བ་དྲུག་གི་གནས་སུ་ཐུབ་པ་བཅོམ་ལྡན་འདས་གྲངས་མེད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དོན་མཛད་པ་ལས། རེ་ཞིག་མི་མཇེད་འདིར་སྤྲུལ་པའི་འཕྲོ་ཚུལ་ནི། དེ་ལྟར་རང་སྣང་སྟུག་པོ་བཀོད་པའི་ཞིང་ནས་སྤྲུལ་པ་ཆེན་པོ་གཉིས་སྣང་བ་ལས། བྱིན་རླབས་མཆོག་གི་སྤྲུལ་པ་ནི་གསུམ་སྟེ། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་བྱུང་བར་སྣང་བའི་སྐུ་གཟུགས་འགྲོ་བ་དྲུག་གི་ཚེ་ལོའི་ལུས་བོངས་དང་མཉམ་པ་ལས། ཆོ་འཕྲུལ་དུ་མ་འབྱུང་བས་འགྲོ་བ་གྲོལ་བར་བྱེད་པ་དང་། རིན་པོ་ཆེ་ལས་རང་བྱུང་བར་སྣང་བའི་ཡི་གེ་ཆེན་པོ་བསྟན་པའི་བུ་གཅིག་ལས། ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པར་རང་གྲགས་པས་དོན་བྱེད་པ་དང་། ཆོས་ཉིད་ཀྱི་རྡོ་རྗེ་ཚེ་ལོ་དང་པོའི་མི་རྣམས་ཀྱི་ཆག་གང་བ་ལས་གང་ལ་གང་འདུལ་གྱི་ཆོས་དང་ཡོ་བྱད་ཀྱི་ཆར་འབེབས་པར་བྱེད་ཅིང་གྲོལ་བར་བྱེད་པ་དང་གསུམ་སྟེ། ཡི་གེ་དེ་ཡང་སྐད་རིགས་མི་གཅིག་པ་གང་གི་སྒྲ་སྐད་དེར་གྲགས་པའོ། །དེ་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འགྱེད་ཅིང་འགྲོ་བ་དཔག་ཏུ་མེད་པ་རང་བཞིན་གྱིས་འབད་པ་མེད་པར་གྲོལ་བའི་ཕྲིན་ལས་མཛད་དེ། སྐུ་གསུང་ཐུགས་ལས་རང་བྱུང་གི་སྤྲུལ་པ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་དམ་པའི་སྤྲུལ་པ་ནི་འགྲོ་བ་གང་དང་གང་གི་གཙོ་བོ་ལ་སོགས་པར་སྣང་བས་དོན་མཛད་པ་སྟེ། དེ་ཡང་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱལ་བ་ཐམས་ཅད་ཀྱི་(༨)སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་རང་བྱུང་བ་སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་ཆ་བྱད་དུ་ཞིང་འདིའི་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ལ་པདྨའི་སྟེང་དུ་རང་བྱོན་ནས། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་དང་ཡི་གེ་ལས་འདས་པ་དགོངས་པས་རང་སྣང་དུ་གོ་བར་མཛད་དོ། །དེའི་ཚེ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་སྟོན་པ་ཕུན་སུམ་ཚོགས་པར་རང་བྱོན་ནས། འཁོར་ཕུན་སུམ་ཚོགས་པ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ། ཆོས་ཕུན་སུམ་ཚོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་ཡང་གསང་འོད་གསལ་གྱི་རྒྱུད་བཅུ་བདུན། དུས་ཕུན་སུམ་ཚོགས་པ་ཡེ་ཤེས་རང་སྣང་བའི་ཚེ་རང་ཤར་དུ་གསུངས་སོ། །དེའང་སྟོན་པ་དང་འཁོར་ཐ་དད་མེད་ཀྱང་འགྲོ་བ་འདུལ་བ་ལ་དགོངས་ནས་སོ་སོར་སྣང་བའོ། །ཇི་ལྟར་ཞེ་ན། བསྐལ་པ་འདི་ལ་སངས་རྒྱས་ཀྱི་མཚན་ཐ་དད། དུས་ཐ་དད། ཆོས་ཐ་དད་པས་འདུལ་བར་དགོངས་ནས་རིམ་པ་ཐ་དད་པར་བྱོན་པའོ། །སྐབས་འདིར་རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་གསུངས་པ་ནས་བརྒྱུད་པར་གྲགས་སོ། །

དེ་ནས་སྤྲུལ་སྐུའི་མཆེད་ཚུལ་ནི། བསྐལ་པ་དང་པོ་ལ་དགའ་ལྡན་བརྩེགས་པར་སྟོན་པ་ཁྱེའུ་སྣང་བ་དམ་པ་བྱོན་པའི་འོག་ཏུ། གནས་འཇིག་རྟེན་མི་མཇེད་དུ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་བྱོན་ནོ། །དེ་ནས་གནས་འོད་ཀྱི་ཕུང་པོར་སྟོན་པ་འཇིགས་པ་སྐྱོབ་དང་། གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ་དང་། གནས་རི་རབ་ཀྱི་ལྷོ་ཕྱོགས་འཚོ་བྱེད་གཞོན་ནུའི་ལྡུམ་རར་སྟོན་པ་རྡོ་རྗེ་འཆང་དང་། གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། གནས་སྲིན་པོ་རུ་ལུའི་སྒྲ་དང་ལྡན་པར་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་། བྱ་རྒོད་ཕུང་པོའི་རི་ལ་སྟོན་པ་གསེར་འོད་དམ་པ་དང་། སོག་པོ་གཡུའི་སྨིན་མ་ཅན་གྱི་གནས་སུ་སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་དང་། བྱ་རྒོད་ཕུང་པོར་སྟོན་པ་འོད་སྲུངས་བགྲེས་པོ་དང་། རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོ་དང་། སེར་སྐྱའི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བར་དུ་བྱོན་ཏེ། ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱ་པའི་བར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན་དམ་པར་རང་བྱོན་པའོ། །དེ་བཞིན་དུ་མ་འོངས་པ་ན་བྱམས་(༩)པ་འབྱུང་བ་ནས་བཟུང་སྟེ། ཐ་མ་སངས་རྒྱས་མོས་པའི་བར་དུ་འགྲོ་བ་རྣམས་ཀྱི་ཁ་ལོ་བསྒྱུར་བ་རིམ་པར་འབྱུང་བ་ཡིན་ནོ། །དེ་ལྟར་བྱོན་པའི་རྒྱལ་བ་རྣམས་ཀྱང་ཀུན་ཏུ་བཟང་པོ་གཅིག་གི་ངོ་བོ་ལས་དུས་དེ་དང་དེ་དག་ཏུ་རང་བྱོན་པའི་ཕྱིར་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་རིམ་པར་འབྱུང་བ་ལྟར་སྣང་བས་རྒྱལ་བ་དགོངས་པས་བརྒྱུད་པ་ཞེས་བྱའོ།། །།

གཉིས་པ། རིག་འཛིན་བརྡའི་བརྒྱུད་པ།

དོན་གཉིས་པ་རིག་འཛིན་བརྡ་ཡིས་བརྒྱུད་པ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རི་རབ་ཀྱི་བྱང་ཕྱོགས་སུ་དུར་ཁྲོད་མེ་རི་འབར་བའི་གནས་ན་མཁའ་འགྲོ་མ་རྣམས་དང་། གྲུབ་པ་དང་རིག་པ་འཛིན་པ་རྣམས་ལ་ཆོས་སྟོན་པ་དང་། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་། བཙུན་མོ་སྣང་བ་གསལ་བའི་འོད་ལྡན་མ་གཉིས་ཀྱི་སྲས་མོ་སུ་དྷརྨཱ་ཞེས་བྱ་བའི་དགེ་སློང་མ་ཞིག་རྒྱ་མཚོའི་གླིང་དུ་དཀའ་ཐུབ་ལ་བཞུགས་པའི་དུས་སུ་རྨི་ལམ་ན་ཤེལ་གྱི་མི་དཀར་པོ་ཞིག་གིས་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་པར་རྨིས་ཏེ། ཟླ་བ་བཅུ་ནས་བུ་གཅིག་བཙས་པ་ལས། ཡུམ་བྲེད་དེ་ཐལ་བའི་ཁུང་དུ་སྦས་པས། མཁའ་འགྲོ་མ་དང་ལྷ་དང་ཀླུ་ཐམས་ཅད་ཀྱིས་ནམ་མཁའ་ནས་མཆོད་པ་བྱེད་པ་མཐོང་སྟེ། སླར་བཟོད་པར་གསོལ་ནས། རོ་ལངས་དྷེ་ཝ་ཞེས་མཚན་དུ་བཏགས་ཏེ་གསོས་པ་ལས། ལོ་བདུན་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་ཤར་ཏེ། ཡུམ་ལ་ཞུས་ནས། ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་དང་རྩོད་པ་ལས། སློབ་དཔོན་རྒྱལ་བས་པྲཛྙཱ་བྷ་ཝར་མཚན་གསོལ་དུས། རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ། མཁའ་འགྲོ་མ་རྣམས་ཀྱིས་རོ་ལངས་ཐལ་མདོག་ཅེས་མཚན་གསོལ་ལོ། །དེ་ནས་རི་བོ་ཉི་མ་སྣང་བྱེད་ལ་སྐུ་མཉམ་པར་བཞག་ནས། སླར་ཡང་དུར་ཁྲོད་མེ་རི་འབར་བར་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་གསན་ནས་མ་ལ་ཡ་བསྟན་པའི་ལས་རྒྱས་པའི་རྩེར་བྱོན་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གླེགས་བམ་དུ་བཀོད་དེ། མཁའ་འགྲོ་མ་རྣམས་ལ་གཏད་ནས། སློབ་དཔོན་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་སོ། །དེའི་ཚེ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་ན་ཡབ་བྲམ་ཟེ་ལེགས་ལྡན་སྟོན་པ་དང་། ཡུམ་སྣང་བ་སྒྲོན་མའི་སྲས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་(༡༠)ཡོད་པ་ལ། འཕགས་པ་འཇམ་དཔལ་རྣོན་པོས་ལུང་བསྟན་པ། ཀྱེ། རིགས་ཀྱི་བུ་ཚེ་གཅིག་གིས་སངས་རྒྱས་པར་འདོད་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག །ཅེས་ཐོས་མ་ཐག་ཏུ་ཕྱིན་པས། སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ནས། དབང་ཁྲིད་རྫོགས་པར་མཛད་པ་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་འོད་ཕུང་དུ་གཤེགས་པ་ལ། འཇམ་དཔལ་བཤེས་གཉེན་གྱིས་གདུང་བའི་སྨྲེ་སྔགས་ཕྱུང་བ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་བརྗོད་པས། རིན་པོ་ཆེའི་གའུ་སེན་གང་བ་ནས་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་བབས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་ནས། དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ལས། སྙན་བརྒྱུད་དང་བཤད་བརྒྱུད་གཉིས་སུ་ཕྱེ་སྟེ། སྙན་བརྒྱུད་གསང་བ་རྣམས་ནི་རིམ་པར་མཆན་དུ་བཏབ་ནས། བཤད་བརྒྱུད་ཀྱི་སྣོད་མ་རྙེད་པས། དཔེ་རྣམས་རྡོ་རྗེ་གདན་གྱི་བྱང་ཤར་ན་ཕ་ཝང་རྡོ་རྗེ་རྒྱ་གྲམ་ཅན་དུ་གཏེར་དུ་སྦས་ཏེ། དུར་ཁྲོད་སོ་ས་གླིང་དུ་གཤེགས་སོ། །དེའི་ཚེ་རྒྱ་ནག་པོའི་གྲོང་ཁྱེར་ཤོ་ཁྱམས་ནག་པོ་ཞེས་བྱ་བ་ན། ཁྱིམ་བདག་དགེ་བ་དང་ལྡན་པའི་ཡིད་ཅན་དང་། ཡུམ་སྣང་བ་རབ་ཏུ་མཁྱེན་ལྡན་མ་ཞེས་བྱ་བའི་སྲས། སློབ་དཔོན་ཆེན་པོ་ཤྲཱི་སིངྷ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཞིག །གྲོང་ཁྱེར་དེ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་ཞེས་བྱ་བར་འགྲོ་བའི་བར་གྱི་ཐང་སྟོང་པ་ཞིག་གི་ནམ་མཁའ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ། ཀྱེ་སྐལ་ལྡན་འབྲས་བུ་ངེས་པར་འདོད་ན། རྒྱ་གར་གྱི་ཡུལ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་དུར་ཁྲོད་ཆེན་པོ་སོ་ས་གླིང་ཞེས་བྱ་བ་ཡོད་ཀྱི་དེར་སོང་ཞིག །ཅེས་པ་དང་། རི་བོ་རྩེ་ལྔའི་ཤར་ཕྱོགས་སུ་ཁྲུས་ཀྱི་རྫིང་བུའི་ནང་དུའང་དེ་ཁོ་ན་བཞིན་དུ་ལུང་བསྟན་པ་ལ་བརྟེན་ནས། ས་ལ་ཁྲུ་གང་གིས་མ་རེག་པར་ཞག་དགུ་ནས། དུར་ཁྲོད་སོ་ས་གླིང་དུ་ཕྱིན་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ། ཕྱག་དང་བསྐོར་བ་བྱས་ནས་བདག་རྗེས་སུ་གཟུང་བར་ཞུ་ཞེས་ཞུས་པས་གནང་སྟེ། གདམས་པ་རྣམས་བསྟན་ནས། དཔེ་རྣམས་ལུང་བསྟན་ཏེ། དུར་ཁྲོད་དེ་ཉིད་ཀྱི་ནམ་མཁའ་ལ་འོད་ཕུང་དུ་གཤེགས་དུས་ཤྲཱ྇་སིངྷས། (༡༡)ཀྱེ་མ་ཀྱི་ཧུད་ལ་སོགས་པའི་སྨྲེ་སྔགས་བཏོན་པས། རིན་པོ་ཆེའི་གའུ་ནས་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་བབས་སོ། །

དེ་ནས་སློབ་དཔོན་ཤྲཱ྇་སིངྷས། རྡོ་རྗེ་གདན་གྱི་ཕ་ཝང་ནས་དཔེ་རྣམས་ཕྱུང་སྟེ། རྒྱ་ནག་པོའི་ཡུལ་དུ་བྱང་ཆུབ་འབྱུང་བའི་ཤིང་དྲུང་བྱོན་ཏེ། གསང་བ་མཆོག་གི་དཔེ་རྣམས་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་དང་བཞིར་ཕྱེས་ནས་སྐོར་དང་པོ་གསུམ་ནི། བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བའི་བསམ་ལེར་སྦས། ཐ་མ་ནི་བཅངས་པ་ལས་མཁའ་འགྲོ་མས་ལུང་བསྟན་ནས་དེ་ཡང་དེ་ཉིད་དུ་སྦས་ནས་མི་སྣང་བར་མཛད་དེ། དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་གཤེགས་སོ། །

དེའི་ཚེ་རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་ཞེས་བྱ་བའི་གྲོང་ཁྱེར་ན། ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་། ཡུམ་གསལ་རིག་མ་ཞེས་བྱ་བའི་སྲས་སློབ་དཔོན་ཆེན་པོ་མི་མ་ལ་མི་ཏྲ་དང་། རྒྱ་གར་ཤར་ཕྱོགས་ཀ་མ་ལའི་གྲོང་ཁྱེར་ན། ཡབ་གདོལ་པ་ཤན་ཏིང་ལག་པ་དང་། ཡུམ་དགེ་བའི་སེམས་ལྡན་མ་གཉིས་ཀྱི་སྲས་ཡེ་ཤེས་མདོ་ཞེས་བྱ་བ་གཉིས་རིག་པའི་གནས་ལྔ་ལ་མཁས་ཤིང་། རྡོ་རྗེ་གདན་ལ་བཞུགས་པའི་ཚེ། ནུབ་ཕྱོགས་སུ་རྒྱང་གྲགས་གཅིག་གི་ས་ནས་འདམ་བུའི་ཚལ་མཐུག་པོ་མེ་ཏོག་གིས་བརྒྱན་པའི་སར་སྐྱོ་བསངས་ལ་བྱོན་དུས། སྟེང་གི་ནམ་མཁའ་ལས་རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་གཉིས། སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཀྱང་འབྲས་བུ་མ་ཐོབ་པས། ཚེ་གཅིག་གིས་གྲོལ་བར་འདོད་ན་རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་དུ་སོང་ཞིག །ཅེས་པ་ཐོས་མ་ཐག་ཏུ་བི་མ་ལ་བྱོན་པས། ཤྲཱ་སིངྷ་དང་མཇལ་ནས། སྙན་བརྒྱུད་ཀྱི་གདམས་པ་རྣམས་དང་། ཕྱི་ནང་གསང་བའི་སྐོར་རྣམས་རྫོགས་པར་གནང་སྟེ། སླར་རྒྱ་གར་དུ་བྱོན་པའི་ཚེ་གྲོང་ཁྱེར་དགའ་བྱེད་ཀྱི་འདབས་སུ་ཡེ་ཤེས་མདོ་དང་མཇལ་དུས་སྔར་གྱི་དྲན་པ་སད་ནས་དམ་པ་དང་མཇལ་ལམ་དྲིས་པས། སངས་རྒྱས་ཀྱི་སྤྲུལ་པ་དང་མཇལ་ལོ་ཞེས་ལན་བཏབ་ནས། བི་མ་ལ་དུར་ཁྲོད་ཐ་ཆུང་དུ་སྤྱོད་པ་ལ་གཤེགས་སོ། །དེ་ནས་ཡེ་ཤེས་མདོ་དུར་ཁྲོད་བསིལ་སྦྱིན་དུ་བྱོན་ཏེ། སློབ་དཔོན་ཆེན་པོ་ཤྲཱ྇་སིངྷ་དང་མཇལ་ནས་རྗེས་སུ་གཟུང་བར་ཞུ་ཞུས་པས་གནང་སྟེ། སྔོན་ལ་སྙན་བརྒྱུད་དང་ཐིག་(༡༢)ལེ་ཕྱི་ནང་གསང་བའི་སྐོར་རྣམས་གནང་། དེ་ནས་ཡང་གསང་བླ་ན་མེད་པ་རྣམས་གནང་སྟེ་དཔེ་རྣམས་ཀྱང་ལུང་བསྟན་ནོ། །དེའི་ཚེ་ཤྲཱ྇་སིངྷ་ཡང་འོད་ཕུང་དུ་གཤེགས་པ་ལ། ཛྙཱ་ན་སཱུ་ཏྲས། ཀྱེ་མ་ཀྱི་ཧུད་ལ་སོགས་པའི་སྨྲེ་སྔགས་ཕྱུང་བས་རིན་པོ་ཆེའི་གའུ་ནས་གཟེར་བུ་བདུན་པ་ཞེས་བྱ་བའི་འདས་རྗེས་བབས་སོ། །དེ་ནས་ཡེ་ཤེས་མདོས། བཀྲ་ཤིས་ཁྲི་སྒོ་ནས་དཔེ་རྣམས་ཕྱུང་སྟེ། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བྷ་སིང་ཞེས་བྱ་བར་བཞུགས་སོ། །དེའི་ཚེ་བི་མ་ལ་ལ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ། ཀྱེ་སྐལ་ལྡན་སྔར་བས་ཟབ་པའི་གདམས་པ་ཞིག་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་དུ་སོང་ཞིག །ཅེས་པ་ཐོས་མ་ཐག་ཏུ་བྱོན་པས། ཡེ་ཤེས་མདོ་དང་མཇལ་ཏེ་རྗེས་སུ་གཟུང་བར་ཞུ་ཞུས་པས། གདམས་པ་ཐམས་ཅད་རྫོགས་པར་གནང་སྟེ་འོད་ཕུང་དུ་གཤེགས་པ་ལས། ཀྱེ་མ་ཀྱི་ཧུད་ཅེས་སྨྲེ་སྔགས་ཕྱུང་བས། རིན་པོ་ཆེའི་གའུ་ནས་བཞག་ཐབས་བཞི་པ་ཞེས་བྱ་བའི་འདས་རྗེས་བབས་སོ། །དེ་ནས་བི་མ་ལ་ཉིད་རྒྱ་གར་ཤར་ཕྱོགས་ཀྱི་ཀ་མ་རུའི་རྒྱལ་པོ་སེངྒེ་བཟང་པོའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་། མཚན་མོ་དུར་ཁྲོད་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་པ་ལས། ཡང་སྤྲུལ་པས་རྒྱ་གར་ནུབ་ཕྱོགས་བྷི་རུའི་གྲོང་ཁྱེར་དུ་རྒྱལ་པོ་དྷརྨ་ཕ་ལའི་མཆོད་གནས་སུ་བཞུགས་ཤིང་། མཚན་མོ་དེ་ལས་དཔག་ཚད་ལྔ་བརྒྱ་འདས་པའི་བྱང་ཕྱོགས་ན་དུར་ཁྲོད་རབ་ཏུ་སྣང་བྱེད་ཅེས་བྱ་བར་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་། གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བྷོ་དྷི་ཆུང་བ་ཞེས་བྱ་བའི་མཆོད་གནས་ཀྱང་མཛད་དོ། །དེ་ཡན་ཆད་རིག་འཛིན་བརྡས་བརྒྱུད་པའོ།། །།

གསུམ་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ།

དེ་ནས་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། དེའི་ཚེ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ན་བླ་མཆོད་དུ་ཉང་བན་ཏིང་འཛིན་བཟང་པོ་ཞེས་བྱ་བ། ལོ་བདུན་དུ་ཞི་གནས་རྩེ་གཅིག་གི་ཏིང་ངེ་འཛིན་ལ་གནས་ཤིང་། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ་དེས་རྒྱལ་པོ་ལ་བགྲོས་པས། རྒྱ་གར་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བྷོ་དྷིའི་མཆོད་གནས་སུ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་ལ། ཚེ་གཅིག་གིས་སངས་(༡༣)རྒྱས་ཐོབ་པའི་གསང་སྔགས་སྔར་མ་དར་བ་ཞིག་ཐུགས་ལ་བཞུགས་གདའ་བས་སྤྱན་དྲངས་པར་ཞུ་ཞེས་གླེང་བས། རྒྱལ་པོས་ལོ་ཙཱ་བ་གསུམ་ལ་གསེར་ཕྱེ་དང་གསེར་གྱི་པ་ཏྲ་མང་པོ་བསྐུར་ནས་བརྫངས་སོ། །ལོ་ཙཱ་བས་ཀྱང་རྒྱ་གར་དུ་རྒྱལ་པོ་ལ་སྐྱེས་ཕུལ་ཏེ་པཎྜི་ཏ་བརྫངས་པར་ཞུས་པས། ཆོས་སྟོན་གྱི་གྲལ་ན། པཎྜི་ཏ་ལྔ་བརྒྱ་བཞུགས་པའི་དབུས་ནས་བི་མ་ལ་བཞེངས་ཏེ། ཀ་ཀ་པ་རི་ཞེས་གསུངས་པ་ལ་གོ་ལུགས་གསུམ་དུ་བྱུང་སྟེ། སྐ་བ་དཔལ་བརྩེགས་ཀྱིས། གྲུ་བོ་དག་ལ་བརྟེན་པའི་མི། །མཉན་པའི་སྐྱ་བས་རྩོལ་ཕོད་ན། །མི་ཡིས་རྒྱ་མཚོའི་ཕ་རོལ་སྒྲོལ། །ཞེས་པ་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན། །མདའ་ཡིས་འབེན་ལ་སྐྱོལ་བར་འགྱུར། །ཞེས་པ་དང་། རྨ་རིན་ཆེན་མཆོག་གིས། རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ན། །ལུས་ཀྱི་བུམ་པ་གར་འདྲིལ་བར། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །ཞེས་སོ། །དེ་ནས་བྱོན་དུས་རྒྱ་གར་གྱི་ཉི་མ་བོད་དུ་ནུབ་པ་དང་། རྩི་ཤིང་ནགས་ཚལ་ཐམས་ཅད་བོད་དུ་མགོ་འདུད་པ་ལ་སོགས་པའི་རྨིས་ལྟས་རྒྱ་གར་བ་རྣམས་ལ་བྱུང་ངོ༌་། །ལོ་པཎ་རྣམས་བསམ་ཡས་སུ་ཆགས་ཕེབས་ནས། མངའ་བདག་རྗེ་འབངས་ཀྱིས་བསུ་བ་མཛད་ནས། རིན་པོ་ཆེ་སེང་གེའི་ཁྲི་སུམ་བརྩེགས་ལ་བི་མ་ལ་བཞུགས་དུས། ཨ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་པས་ཐམས་ཅད་ཀྱིས་མཐོང་བར་ནམ་མཁའི་དབྱིངས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བ་ལ། ངོ་མཚར་སྐྱེས་ནས་མཆོད་པ་དང་བསྟོད་པ་རྒྱ་ཆེན་པོ་བྱས་ཏེ་ཆོས་བསྒྱུར་ཞིང་གསུང་བར་ཞུས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི་གསང་སྔགས་ཕྱི་ནང་མཚན་ཉིད་ཀྱི་ཐེག་པ་མང་པོ་བསྒྱུར་ཞིང་གསུངས་ནས། མཚན་མོ་དབུ་རྩེ་བར་ཁང་དུ་གསང་བ་མཆོག་གི་རྒྱུད་ལུང་མན་ངག་རྣམས་རྒྱལ་སྲས་མུ་ནེ་བཙད་པོ། ཉང་སྐ་ཅོག་གཉིས་དང་ལྔ་ལ་གསུངས་སོ། །རྨ་ནི་དེ་དུས་འདས་པས་མེད་དོ། །རྒྱལ་པོ་དང་ཉང་གཉིས་ལས་མེད་པར་འདོད་པ་ནི་རྒྱུས་ཆུང་བླུན་པའོ། །དེ་ནས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་པ། ཟབ་མོའི་པོ་ཏི་བཞི་ནི་མཆིམས་ཕུ་བྲག་དམར་དགེ་གོང་དུ་གཏེར་དུ་སྦས་ནས། རྒྱ་ནག་པོའི་རི་བོ་རྩེ་ལྔ་ལ་གཤེགས་སོ། །བསྐལ་པ་མ་ཞིག་གི་བར་ལ་(༡༤)བཞུགས་པ་ཡིན་ནོ། །

དེ་ནས་ཉང་གིས་དབུ་རུ་ཞྭ་ཡི་ལྷ་ཁང་བཞེངས་ཏེ། སྙན་བརྒྱུད་རྣམས་སྦས་བློ་གྲོས་དབང་ཕྱུག་ལ་མཆན་དུ་བཏབ་ནས། དཔེ་བརྒྱུད་རྣམས་ཀ་བའི་བསམ་ལེ་དང་། ཀེའུ་ཚང་དུ་གཏེར་དུ་སྦས་ཏེ་ལོ་བརྒྱའི་བར་དུ་མི་སྣང་བར་མཛད་ནས། དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད་ནས་ལྷ་སའི་བྲག་ལྷ་ཡི་ཕུག་གི་ནམ་མཁའ་ལ་འོད་ཕུང་དུ་ལྷག་མ་མེད་པར་གཤེགས་སོ། །དེ་ནས་ལོ་བརྒྱ་སོང་བ་ན། དབུ་རུ་ཞྭའི་ལྷ་ཁང་དུ་ལྡང་མ་དགེ་མཆོག་གི་སྲས། གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་ལ། རྡོ་རྗེ་ལེགས་པས་ལུང་བསྟན་ནས། གཏེར་དཔེ་རྣམས་ཕྱུང་སྟེ་ལོ་བཅོ་ལྔ་སོང་དུས། བཤད་བརྒྱུད་བཞག་པའི་སྣོད་ཚོལ་དུ་བྱོན་པ་དང་། ཉང་རོའི་ཡུལ་མཚོ་ཞེས་བྱ་བར་ལྕེ་ཐུབ་པའི་དབང་པོའི་སྲས། ལྕེ་བཙུན་སེང་གེ་དབང་ཕྱུག་དང་གཉིས་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ། སྣོད་ལྡན་དུ་གཟིགས་ནས་ཁ་རག་ཏུ་གདམས་པ་གསུང་བའི་དུས་བྱས་ནས་རྫོགས་པར་གནང་སྟེ། ལྡང་མ་སྐུ་གཤེགས་པའི་ཚེ་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་པ་དང་། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱུང་ངོ༌་། །དེ་ནས་ལྕེ་བཙུན་གྱིས་དཔེ་རྣམས་བྲིས་ཏེ། སྔར་གྱི་མ་ཕྱི་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་མཆད་པ་སྟག་འདྲའི་ཆུ་མིག་གི་རྩར་སྦས་ནས་བཞུགས་དུས་མཚན་ཞིག་གི་རྨི་ལམ་ན་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་ལྡེབས་ལ། །གསང་བ་སྙིང་ཐིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་པ་ཐོས་ནས། མཆིམས་ཕུར་བྱོན་དུས་བུད་མེད་དུང་སོ་འཁོར་མ་ཡོད་པ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བཏོན་ནས་བྱིན་པ་བླངས་ཏེ། འོ་ཡུག་ཕྱི་གོང་རྫ་ཡི་ར་བར་བཞུགས་པས། བི་མ་ལ་དངོས་སུ་བྱོན་ནས། ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་དང་བཅས་པ་ཐམས་ཅད་རྫོགས་པར་གནང་སྟེ་རྒྱ་ནག་ཏུ་གཤེགས་སོ། །

དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ལྷག་མེད་འགྲུབ་ནས་བཞུགས་དུས། སྤྲུལ་པའི་སྐུ་རྒྱལ་བ་ཞང་སྟོན་དང་མཇལ་ནས་གདམས་པའི་སྣོད་དུ་མཁྱེན་ཏེ་རྫོགས་པར་གནང་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔ་ན་ནམ་མཁའ་(༡༥)ལ་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་གཤེགས་སོ། །རྒྱལ་བ་ཞང་སྟོན་ནི་ཡུལ་ཡར་འབྲོག་སྒང་གི་ཀླུང་མཚོ་གླིང་དགུའི་བླ་དོ་ཞེས་བྱ་བར། ཡབ་ཞང་རྡོ་རྗེ་དངོས་གྲུབ། ཡུམ་ཞུ་མོ་ཉ་རེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། བཀྲ་ཤིས་རྡོ་རྗེ་ཞེས་བྱ་བར་མཚན་གསོལ་ནས། དགུང་ལོ་བཅུ་གཅིག་ན་གཙང་རོང་གི་བླ་མ་ལྕེ་སྒོམ་ནག་པོ་དང་མཇལ་ཏེ་རྗེས་སུ་བཟུང་ཞིང་ལོ་གཅིག་གི་བར་དུ་གདམས་པ་མ་ལུས་པ་གསན། དེ་ནས་དགུང་ལོ་ཉི་ཤུ་རྩ་གཅིག་གི་བར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དུ་མ་བརྟེན་ནས། འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པའི་སྡེ་སྣོད་དང་། སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མ་ལ་མཁྱེན་རབ་ཀྱི་པདྨོ་རྒྱས་པར་མཛད་ཅིང་བཞུགས་པ་ལས། ཉང་སྟོད་སྣང་ཁུ་ཡུལ་ན་བཞུགས་པའི་ཐོ་རངས་ཁར་ནམ་མཁའ་འོད་ཕུང་འཁྲུགས་པའི་དཀྱིལ་ན་སྔོན་གྱི་བླ་མ་རྣམས་དང་། དཔའ་བོ་དང་དཔའ་མོ་དང་། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་བཞུགས་པས་ལུང་བསྟན་པ། ཀྱེ་ཀྱེ། ཨེ་མ། ཚེ་གཅིག་གིས་སངས་རྒྱ་བའི་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་སྐོར་བྲག་སེང་གེ་དང་འདྲ་བ་ལ་ཡོད་ཀྱིས་ཐོན་ལ། སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་མི་ཞྭ་དཀར་པོ་གྱོན་པ་གཅིག་ན་རེ། དངོས་གྲུབ་སྦྱིན་གྱིས་འདོང་ཟེར་ནས་ཕྱིན་པ་ལ་ཉང་སྨད་པ་ཚ་བ་ཉི་མ་མདར་སླེབས་པའི་ནུབ་མོ་བནྡྷེ་སེར་སླག་གོན་པ་མང་པོས་བཟའ་བཏུང་བྱིན་པས་དངོས་གྲུབ་དེ་ཡིན་སྙམ་ནས་གཟིམས་པའི་ཐོ་རངས་མི་དཀར་པོ་དེ་བྱུང་ནས། དངོས་གྲུབ་དེ་མིན་འདོང་ཟེར་ནས་ལམ་སྣ་བྱས་ནས་བྱོན་པ་ལས། སྟག་ཐབས་སུ་སླེབས་པའི་ནུབ་མོ་ཁང་སྟོང་ཞིག་ཏུ་ཉལ་བས། ཁོ་ན་རེ། འདིར་མ་སྡོད་ད་ལྟ་འདོང་དང་ཟེར་ནས་བྲག་ཕུག་ཅིག་ཏུ་ཕྱིན་ཏེ། ཁོའི་སྤྲུལ་པས་བཟའ་བཏུང་མང་པོ་བྱིན་པ་ཟོས་ནས་དར་ཅིག་ན་ཆར་ཆེན་པོ་ཞིག་བབས་ཏེ། ཁང་སྟོང་དེ་འགྱེལ་ལོ། །ནངས་པར་རྭ་ལག་ཚུགས་བརྒལ་ནས་འོ་ཡུག་མདའ་ན་མར་ཕྱིན་པས་འཁྲུགས་པ་ཡོད་ཀྱང་ཁོའི་སྤྲུལ་པས་འཇིགས་པ་མེད་པར་འོ་ཡུག་ལུང་པར་བརྟོལ་བས་ཉིན་པར་ཤིང་ཐུན་འགས་བཟའ་བཏུང་བྱིན་ནས་ཕྱིན་པས། བྲག་སེང་གེ་དང་འདྲ་བའི་རྩར་སླེབས་དུས་ཁོ་སྟོར་ནས་ལོག་སྙམ་པ་ལས་མ་ཐར་པ་ཕྱོགས་ཀུན་ཏུ་བལྟས་པས། ཁ་བྱང་ལྟའི་ཕུག་པ་ཞིག་གི་མདུན་རྩྭ་བཟང་པོ་སྐྱེས་པས་(༡༦)བསྒྲིབས་པར་གཟིགས་ཏེ། མཚར་རྣོན་འཕངས་པས། ཁྲོལ་གྱིས་དེའི་ནང་དུ་སོང་བས་དེར་བྱོན་དུས་བྲག་ཕུག་གི་ནང་ན་དཀྱིལ་འཁོར་ཞིག་འདུག་པ་བརློག་པས། སྦྲུལ་དང་སྦལ་པ་མང་པོ་ཤིག་ཤིག་བྱུང་བ་བསལ་ཏེ་བལྟས་པས། གཏེར་གྱི་ཁ་བྱང་བརྒྱ་རྩ་བརྒྱད་རྙེད་ནས་གཟིགས་དུས། ས་རུབ་ནས་མི་དཀར་པོ་དེས་མར་མེ་དང་བཟའ་བཏུང་ཁྱེར་ནས་བྱུང་བ་ལས། དར་ཅིག་ན་སྒོ་དྲུང་དེར་སྐད་དང་གདངས་ཤིན་ཏུ་འཇིགས་པ་ཞིག་བྱུང་བ་ལས་ཁོས་འདི་ནི་ལུང་བསྟན་པའི་སྤྲུལ་པ་དེ་ཡིན་ནམ་བྱས་པས། དེ་ན་རེ། ངས་ཨ་ཅེ་ཁྲིད་ནས་འོང་གིས་ཟེར་ནས་དར་ཅིག་ན་སྒོ་དྲུང་དེར་མིག་གཅིག་ཁྲག་ཏུ་ཁོལ་བ་སླ་ང་ཙམ་བགྲད་པ་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་ཞིག་བྱུང་བ་ལ། ཁོས་ལུང་བསྟན་པའི་སྤྲུལ་པ་དེ་ཡིན་ནམ་བྱས་པས། དེ་ན་རེ། ང་ནི་ཨེ་ཀ་ཛ་ཊི་ཡིན། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་ཐོང་། །ལོ་གསུམ་བར་དུ་མ་བཤད་ཅིག །གསུངས་ནས་བཞུད་དོ། །མི་དཀར་པོ་དེ་ནི་རྡོ་རྗེ་ལེགས་པའོ། །མ་མོ་དེ་ནི་སྔགས་སྲུང་དངོས་སུ་བྱོན་པའོ། །དེ་ནས་ཕུག་པ་དེའི་སྒོ་དྲུང་ན་གཡུ་གཉིས་སྔགས་བདག་གིས་བཞག་པས་གཅིག་གིས་ཤ་བུབས་གཅིག་ཉོས། གཅིག་གིས་ནས་ཁལ་གསུམ་ཉོས་ནས་ཚོགས་བརྒྱ་རྩ་བརྒྱད་བྱས་ཏེ། གཏེར་རྣམས་རིམ་པར་བཏོན་ནས་ཉང་སྟག་རྗེད་དུ་ཤག་མོ་དཀར་མཚོས་སྦྱིན་བདག་བྱས་ནས། དཔེ་རྣམས་ཚང་བར་བྲིས་ནས་ལོ་གསུམ་གསང་མ་ཐུབ་གསུངས་སོ། །

དེ་ནས་དགུང་ལོ་ཉི་ཤུ་རྩ་ལྔ་ནས་དབུས་སུ་བྱོན་ནས་དཀྱིལ་སྒང་དུ་གནས་ཆུང་ཞིག་བཞེངས་ཏེ། སླར་ཤངས་རྟ་ནག་ན་ཡར་བྱོན་པའི་ལམ་ཁ་ཞིག་ཏུ། སླར་གྲུབ་ཐོབ་སེང་གེ་དབང་ཕྱུག་དང་མཇལ་ནས། གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་གནང་སྟེ། གཞན་དོན་གྱིས་ཤིག་པའི་རྗེས་གནང་བྱིན་ནས་མི་སྣང་བར་གཤེགས་པ་ཡིན་ནོ། །དེ་ནས་དབུས་སུ་བྱོན་ནས་གཉེར་སྒོམ་གྱིས་མཚུར་ཁུངས་སུ་གདན་དྲངས་པའི་ཐོ་རངས་ཁར་བི་མ་ལ་དང་ཞལ་མཇལ་ནས་རྗེས་གནང་མཛད་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་དུས་རྒྱལ་མོ་གཡང་དེ་ཁབ་ཏུ་བཞེས་ཤིང་། སྒོམ་ཁང་དུ་བཞུགས་ནས་འགྲོ་དོན་མཛད་པ་ལས། ལྕམ་སྲིང་གསུམ་ཙམ་འཁྲུངས་སོ། །བླ་མའི་ཞལ་ནས་ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་དུ་འགྲུབ་པ་ཡིན་ཏེ་གསུངས། (༡༧)སྐུ་ལུས་ལ་གྲིབ་མ་མེད་པ་དང་། སྐབས་སུ་རིགས་ལྔར་གསལ་བ་དང་། རྫོགས་པ་ཆེན་པོའི་ཆོས་གསུང་བའི་དུས་སུ་འཇའི་གུར་ཕུབ་པ་ཀུན་གྱིས་མཐོང་བ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་མངའ་བའོ། །དགུང་ལོ་བདུན་ཅུ་རྩ་གཅིག་ཕག་གི་ལོ་ལུག་གི་ཟླ་བའི་ཉི་ཤུ་གཉིས་ཀྱི་ནམ་ཕྱེད་ན་སྐུ་འདས་པའི་ཚུལ་བསྟན་ཏེ། ཤར་ཕྱོགས་སུ་སྒྲ་ཆེན་པོ་ལན་བདུན་གྲགས་ཤིང་། ས་ཆེན་པོ་ལན་གསུམ་དུ་གཡོས་ཏེ་ནམ་མཁའ་ལ་འཇའ་འོད་འཁྲིགས་ཤིང་། སིལ་སྙན་དང་དྲི་ཞིམ་གྱི་ངད་རང་བྱུང་བས་ཁྱབ་པ་དང་། འོད་ལྔའི་ཐིག་ལེ་ཕུབ་ཆུང་ཙམ་ནམ་མཁའ་ལ་འཁྲིགས་པ་ཀུན་གྱིས་མཐོང་ནས་དད་པ་སྐྱེས་སོ། །དེའི་ཕྱིར་ནུབ་པུར་སྦྱངས་པས། སྐུ་ལྔའི་རྒྱལ་ཚབ་ཏུ་གདུང་ལྔ་དང་། རིང་བསྲེལ་ཁ་དོག་ལྔ་དང་། ནམ་མཁའ་ནས་མེ་ཏོག་གི་ཆར་འབབ་ཅིང་། དེར་འདུས་པའི་མི་རྣམས་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱུར་ཏོ།། །།

དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་བླ་མ་དམ་པ་ལས་མཁས་པ་ཉི་འབུམ་གྱིས་གསན་ཏེ། དེ་ཡང་ཡབ་རྒྱལ་བ་ཞང་ཆེན་པོ་དང་། ཡུམ་རྒྱལ་མོ་གཡང་དེ་གཉིས་ལས་འཁྲུངས་ཤིང་ལྷུམས་ན་ཞུགས་དུས། ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་དུས་གཅིག་ལ་ཤར་བ་རྨིས་པ་ཡབ་ལ་སྨྲས་པས། ཡབ་ན་རེ། གསང་བ་བླ་ན་མེད་པའི་དོན་གསལ་བར་བྱེད་ཅིང་། སེམས་ཅན་གྱི་མ་རིག་པའི་མུན་པ་སེལ་བའི་རྟགས་ཡིན་ནོ་གསུངས་ཏེ། བལྟམས་པ་ན་ཉི་མ་འབུམ་ཞེས་བྱ་བར་མཚན་གསོལ་ལོ། །དེ་ནས་དགུང་ལོ་ལྔ་ནས་དགུའི་བར་ལ་ཡབ་ཀྱིས་གསང་བ་སྙིང་ཏིག་དབང་ཁྲིད་གདམས་པ་དང་བཅས་པའི་ལུང་རྣམས་མཛད་དོ། །ཡབ་འདས་ནས་དགུང་ལོ་ཉི་ཤུ་ལ་རྔོག་རྒྱལ་ཚའི་སྤྱན་སྔར་བྱོན་ཏེ། གསར་མའི་རྒྱུད་གདམས་ངག་དང་བཅས་པ་མང་དུ་གསན་ཅིང་མཁྱེན་པར་མཛད། ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། ཉི་ཤུ་རྩ་བདུན་ལ་ས་སྐྱའི་མཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བའི་སྤྱན་སྔར་རྒྱུད་གསུམ་གདམས་ངག་དང་བཅས་པ་བདེ་མཆོག་མལ་གྱོའི་ལུགས་མཁྱེན་པར་མཛད། རྩ་དགུ་ལ་སེང་རྒྱན་ཁབ་ཏུ་བཞེས། སུམ་ཅུ་ལ་ཁ་རག་བོན་འབྲུག་གི་སྐྱི་སྟོན་གྲགས་པ་ལས་བདེ་མཆོག་ཨ་ཕྱ་ལུགས་དང་། རྗེ་བཙུན་མར་ལུགས་དང་། ཡེ་ཤེས་མགོན་པོ་ལ་སོགས་པ་ཞུས་ཤིང་། མཁས་གྲུབ་དུ་མ་ལས། མདོ་རྒྱུད་དུ་མ་གསན་ཅིང་མཁྱེན་པར་མཛད་དོ། །(༡༨)ཁྱད་པར་དུ་ཆོས་འདིའི་བདག་པོར་བྱོན་ཏེ་སྒྲ་ཐལ་འགྱུར་ལས། ཕྱག་ན་རྡོ་རྗེའི་སྤྲུལ་པར་ལུང་བསྟན་ཅིང་། དགུང་ལོ་བཅུ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་གདམས་ངག་དང་བཅས་པའི་བཤད་པ་མཛད་པས། བུ་སློབ་ཀུན་ངོ་མཚར་སྐྱེས་ཤིང་ལོ་ཉི་ཤུའི་བར་དུ་སྒྲུབ་པ་ནན་ཏན་སྙིང་པོར་མཛད་པ་ཡིན་ནོ། །

དགུང་ལོ་ལྔ་བཅུ་རྩ་དྲུག་གི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་ལ་སྐུ་གཤེགས་ནས་པུར་སྦྱངས་པས། ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ། ས་གཞི་རིང་བསྲེལ་གྱིས་གཅལ་བཀྲམ། དགུན་གྲང་སྒང་ལ་པུར་སྦྱངས་སར་མེ་ཏོག་ཨུག་ཆོས་སྐྱེས། གདུང་ཤ་རཱི་རཾ་ལ་སོགས་པ་ལྔ་རང་བྱོན། མི་རྣམས་ངོ་མཚར་གྱི་ས་ལ་བཀོད་དོ། །དེ་ལྟ་བུའི་བླ་མ་དམ་པ་ལས་ཆོས་བདག་གུ་རུ་ཇོ་འབེར་གྱིས་གདམས་པ་ཡོངས་སུ་རྫོགས་པར་མཛད་དོ། །དེའང་མཁས་པ་ཉི་འབུམ་གྱི་གཅུང་པོ་ཟླ་བ་འབུམ་དང་། རྒྱ་མོ་ཨ་ལུ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། དགུང་ལོ་བདུན་མན་ཆད་ལྐུགས་པ་དང་འདྲ་བ་ཞིག་ལས་བརྒྱད་ནས་ཤེས་རབ་མེ་ལྟར་འབར་ཏེ། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་མཁས་པ་ཉི་འབུམ་ལས་གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པ་རྫོགས་པར་མཛད་ནས། རྒྱུད་རྣམས་ཀྱི་བཤད་པ་དང་། ཉམས་ལེན་ལ་བརྩོན་པར་བཞུགས་སོ། །བཅུ་དགུ་ནས་ཉི་ཤུའི་བར་ལ་ས་སྐྱ་ལོ་ཙཱ་བ་ལས་རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མལ་གྱོའི་ལུགས་གསན་ཅིང་མཁྱེན་པར་མཛད་ནས། དབུ་ཚད་ལ་སོགས་པའི་ཆོས་ལ་ཐུགས་སྦྱངས། མཁས་གྲུབ་དུ་མ་ལས་སྡེ་སྣོད་རྒྱུད་ལུང་མན་ངག་མང་པོ་གསན། ཉི་ཤུ་རྩ་གཉིས་ལ་ཁྲོ་ཕུ་ལོ་ཙཱ་བ་ལས་ཁྲོ་ཕུར་སྐོར་གསུམ་ལ་སོགས་པ་མི་ཏྲ་ཛོ་ཀིའི་གདམས་པ་རྣམས་གསན། བལ་པོ་གྲགས་པ་འབུམ་མེ་ལས་དོ་ཧ་དང་། ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་རྣམས་གསན། གཞན་ཡང་མཁས་གྲུབ་དུ་མ་ལས་སྡེ་སྣོད་དང་རྒྱུད་ལུང་མན་ངག་མང་པོ་དགུང་ལོ་སུམ་ཅུ་རྩ་དྲུག་གི་བར་ལ་གསན་ཅིང་མཁྱེན་པར་མཛད་དོ། །སྒྲུབ་པ་མཛད་དུས་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་ཤིང་། ལྷ་སར་བྱོན་དུས་ཇོ་བོའི་ཞལ་ལ་འཇའ་འོད་སྣ་ལྔས་བསྐོར་བའི་ཞལ་གསེབ་ནས་འོད་ཀྱི་ཐིག་ལེ་ལྔའི་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱག་ན་རྡོ་རྗེ་དང་། ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་། ཐོ་རངས་མགོན་པོ་ཚེ་དཔག་མེད་པ། འཇའ་འོད་ཀྱི་ནང་ན་(༡༩)བཞུགས་པར་མཐོང་། དེའི་ཡོན་ཏན་ཡིན་པ་འདྲ། ངེད་ལ་ཚེ་རིང་བརྒྱུད་མེད་ཀྱང་ང་རང་ལེགས་པར་བྱུང་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེས་འགྲོ་བ་འདྲེན་པའི་དེད་དཔོན་མཛད་པ་ལས། ཡོས་ལོ་སྟོན་ཟླ་ར་བའི་ཉ་ལ་སྐུ་གཤེགས་ཏེ་ཞག་བདུན་འཇའི་དྲྭ་བ་འབྲེལ། སྐུ་གདུང་ལ་ཨཱ་ཨཱཿཧཱུྃ་དང་རིང་བསྲེལ་མང་པོ་བྱོན་ཞིང་མི་རྣམས་ངོ་མཚར་གྱི་གནས་ལ་བཀོད་དོ། །དེ་ལྟ་བུའི་བླ་མ་དམ་པ་ལས། འཁྲུལ་ཞིག་ཆེན་པོས་གདམས་པ་རྣམས་རྫོགས་པར་མཛད་དོ། །དེ་ཡང་གཡོ་རུ་གྲ་ཡི་ཕུ་སོ། གད་ཕྲེང་གི་གྲོང་དུ་ཡབ་བཀྲ་ཤིས་དངོས་གྲུབ་དང་། ཡུམ་དཔལ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། བལྟམས་དུས་ཉི་མ་རྩེ་ཤར་ལ་ཁང་པ་འཇའི་གུར་ཕུབ་པ་ཀུན་གྱིས་མཐོང་ངོ་༌། །དགུང་ལོ་དགུ་ན་རིགས་སད་དེ། དག་སྣང་དང་མོས་གུས་དཔག་ཏུ་མེད་པ་སྐྱེས་ནས་ཐ་མལ་པ་ལས་བློ་ལོག །བཅུ་ནས་སྣང་བ་སྒྱུ་མར་འདུག་པ་ལ་བདེན་བདེན་རྟག་རྟག་འདི་འདྲ་མི་ཡོང་ཐང་སྙམ་དུ། སྣང་སྲིད་བླ་མར་ཤར། བཅུ་གཉིས་ལ་འཁོར་བའི་ཆོས་ལ་སྐྱོ་ཤས་དང་ངེས་འབྱུང་སྐྱེས། བཅུ་གསུམ་ལ་ཐོ་རངས་ཀྱི་རྨི་ལམ་ན་ཉི་ཟླ་དུས་གཅིག་ལ་ཤར་བ་ལ་སོགས་པའི་རྨི་ལམ་སད་དུས། ཐུགས་རྗེ་ཆེན་པོས་ལུང་བསྟན་པ། ཨེ་མ་སྐལ་ལྡན་ཚེ་གཅིག་གིས་གྲོལ་བ་ཡང་གསང་བླ་ན་མེད་པ་སྙིང་ཐིག་གི་དོན་སྒོམས་ཤིག །ཅེས་གསུང་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བཟུང་སྟེ་སྙིང་རྗེ་ཕྱོགས་མེད་དུ་རྒྱས་ཤིང་འགྲོ་བ་ལ་བུ་གཅིག་གི་འདུ་ཤེས་དང་མ་བྲལ་གསུངས། བཅོ་བརྒྱད་ན་སྣང་སེམས་བདེན་མེད་དུ་རྟོགས་ནས་ཟང་ཐལ་སྨྱོན་པའི་སྤྱོད་པས་རང་བྱུང་ཡེ་ཤེས་ཀྱི་དོན་ལ་རྩལ་སྦྱོང་དུས། ཕ་མས་ལྷ་གསོལ་བའི་ཡོ་བྱད་གསར་པ་ལ། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་བསེན་མོ་མཆོད། ཅེས་ཕུད་གཏོར་བས། ངེད་ལ་ཁྱོད་ལྟ་བུའི་བུ་སྐྱེས་པ་ཟེར་རོ། །ཉི་ཤུ་ལ་མཁན་པོ་ལེའུ་སྒང་པ་དང་། སློབ་དཔོན་བཀྲ་ཤིས་སྒང་པ་གཉིས་ལས་རབ་ཏུ་བྱུང་སྟེ། འདུལ་བ་ལ་ཐོས་བསམ་མཛད་དོ། །ཉི་ཤུ་རྩ་ལྔ་ལ་སྲིད་ཞལ་གྱི་སེང་གེ་རྒྱབ་ཏུ་བྱོན་ཏེ། སེང་གེ་རྒྱབ་པ་ལས་ཞང་ཚལ་བའི་དབང་ཁྲིད་གདམས་པ་དང་བཅས་པའི་སྐོར་རྣམས་ཚང་བར་གསན་ཅིང་ཐུགས་ཉམས་སུ་བཞེས། བླ་མ་ཙ་རི་པ་ལས་རླུང་སེང་གེ་མཇིང་བསྣོལ་ལ་སོགས་པ་ཞུས་ཤིང་། རས་པ་དྲི་མེད་འོད་དང་། ལྷ་རི་དཔལ་(༢༠)དང་། གཞོན་ནུ་འབུམ་དང་། སྟོན་ཕྱར་དང་། བྱང་ཆུབ་ཡོན་ཏན་དང་། སློབ་དཔོན་ཇོ་སྲས་ལ་སོགས་པའི་བླ་མ་རྣམས་ལས་གཅོད་ཡུལ་དང་ཞི་བྱེད་དང་། ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་གསར་རྙིང་གི་སྒྲུབ་སྡེ་མན་ངག་དང་གདམས་པ་དུ་མ་ཞུས་ཤིང་། ཁྱད་པར་དུ་ཆོས་བདག་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པ་རྫོགས་པར་ཞུས་ནས། གྲོ་བོ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་དུ་མར་སྒྲུབ་པ་ལ་ནན་ཏན་སྙིང་པོར་མཛད་དོ། །དེ་ནས་སྐལ་ལྡན་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད་དེ། དྲུག་ཅུ་རྩ་གཅིག་ལ་ཆོས་ཉིད་གདོད་མའི་དབྱིངས་སུ་གཤེགས་སོ། །

དེ་ཡང་པུར་སྦྱོང་དུས་ནམ་མཁའ་ལ་འཇའ་འཁྲིགས་ཤིང་། རིང་བསྲེལ་དང་ལྷ་སྐུ་མང་པོ་བྱོན་པས་འགྲོ་བ་རྣམས་ངོ་མཚར་དང་དད་པ་སྐྱེས་སོ། །དེ་ལྟར་ངོ་མཚར་མཆོག་དང་ལྡན་པའི་བླ་མ་དམ་པ་ལས། གྲུབ་ཆེན་མེ་ལོང་རྡོ་རྗེས་གསང་བ་མཆོག་གི་རྒྱུད་ལུང་མན་ངག་དང་བཅས་པ་མ་ལུས་པ་རྫོགས་པར་མཛད་དོ། །དེ་ཡང་སྒྲགས་ཕུར་ཡབ་རྣལ་འབྱོར་པ་བསམ་ཡེ་དང་། ཡུམ་འབར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། ལོ་དགུ་ནས་གྲུབ་ཐོབ་ཟྭ་ལུང་པ་དང་། མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང་ནས། ཟངས་རི་མཚོ་བྲག་ཏུ་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོ་ཐོབ། བཅུ་དྲུག་ལ་སྒྲགས་ཕུའི་ཞོགས་སྟེངས་སུ་གླེགས་བམ་བརྒྱ་ཚར་མཛད་པས་གནས་ལུགས་ཀྱི་དོན་རྟོགས་ཏེ་རང་ཤར་རང་གྲོལ་ཆེན་པོའི་སྤྱོད་པ་གཟའ་གཏད་དང་བྲལ། དེ་ནས་བཅུ་བདུན་གྱི་བར་ལ་ཡུལ་ཕྱོགས་ཐ་དད་པ་ཀུན་ཏུ་བྱོན་ནས། བླ་མ་མཁས་གྲུབ་མང་པོའི་ཞབས་ལ་གཏུག་སྟེ། ཡང་དག་པའི་གདམས་པ་རྣམས་ཐུགས་ལ་སྦྱངས་ནས། ལྷོ་ཤ་འུག་སྟག་སྒོ་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན་ཏེ། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་གཅིག་ལ་སོགས་པའི་འཚོ་བ་མཛད་ནས། དཀའ་ཐུབ་དང་དཀའ་སྤྱད་མང་པོ་མཛད། བཅོ་བརྒྱད་ལ་སེང་གེ་རྒྱབ་ཏུ་སངས་རྒྱས་དབོན་པོའི་སྤྱན་སྔར་གསང་བ་སྙིང་ཏིག་ཞུས་ཏེ་བསྒོམས་པས། ཁྲིད་ཀྱི་སྔོན་འགྲོའི་དུས་སུ་ཉིན་མཚན་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔས་ནམ་མཁའ་ནས་ཉིན་མཚན་མེད་པར་གཟིགས་ཤིང་། དངོས་གཞིའི་དུས་སུ་རྨི་ལམ་དུ་བླ་མ་བརྒྱུད་པ་རྣམས་དང་མཇལ་ནས་བྱིན་གྱིས་བརླབས་(༢༡)གསུངས། རྩ་གསུམ་པ་ལ་ཡང་སངས་རྒྱས་རས་པ་ལས། རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་མང་དུ་གསན་ནས་བསྒྲུབས་པས། རྩ་བཞི་ལ་རྡོ་རྗེ་ཕག་མོ་དང་དངོས་སུ་ཞལ་མཇལ་ཞིང་། ནམ་མཁའ་འོད་ཀྱི་ཕུང་པོའི་དཀྱིལ་ན་བདེ་མཆོག་ལྷན་སྐྱེས་དང་། རྟ་མགྲིན་དང་། སྒྲོལ་མ་དང་། ཐུགས་རྗེ་ཆེན་པོ་དང་། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ་དང་། བི་མ་ལ་དང་། ཨུ་རྒྱན་དང་། ཟྭ་ལུང་པ་དང་། སངས་རྒྱས་རས་པ་དང་། འགྲོ་མགོན་རིན་པོ་ཆེ་རྣམས་བཞུགས་པ་མཐོང་གསུངས། དེ་ནས་དོང་ལུང་ན་བཞུགས་དུས་ཐོ་རངས་མནལ་སད་དུས་མཁའ་འགྲོའི་རང་སྒྲ་ཤིན་ཏུ་སྙན་པོས། ཨེ་མ་བློ་བདེའི་མལ་དུ་ཆོས་ཉིད་དོན་བལྟས་པས། །སྐྱེ་རྒྱུན་འདིས་ཆོད་ནམ་མཁའི་རྣལ་འབྱོར་པ། །སྒྲུབ་རིམ་སྲོག་འཕྲོག་སྙིང་པོ་རྒྱུན་བཟླས་པས། །འབྲལ་མེད་སྟོང་གྲོགས་བྱ་ཡིས་སྙིང་གི་བུ། །ཞེས་པ་ཐོས་གསུངས། ཡང་ཀ་བ་ཅན་ན་བཞུགས་པའི་དུས་སུ་ཚེས་བཅུ་གཉིས་ཀྱི་སྔ་དྲོ་ནམ་མཁའི་དཀྱིལ་ནས་ཕག་མོ་དམར་མོ་དང་། གྲུབ་ཐོབ་ཟྭ་ལུང་པ་བཞུགས་པ་དང་། དར་ཕུག་ན་བཞུགས་པའི་རྨི་ལམ་དུ། ཕག་མོ་གཙོ་འཁོར་ལྔ་མཐོང་ཞིང་། ས་གཡོས་དུས་མནལ་སད་པས། འོད་ཀྱི་ཕག་མོ་གཟིགས་པ་དང་། སྐྱབས་གནས་རྫོང་ན་བཞུགས་དུས་བླ་མ་ལྔ་དང་རྡོ་རྗེ་སེམས་དཔས་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བཞི་རྫོགས་པར་བསྐུར་ཞིང་བརྡ་དོན་ངོ་སྤྲོད་མཛད་གསུངས། དགུང་ལོ་ཉི་ཤུ་རྩ་དྲུག་ལ། འཁྲུལ་ཞིག་དར་མ་དང་། སྤྲུལ་སྐུ་རྒྱ་མཚོ་ལ་སོགས་པའི་བླ་མ་མང་དུ་བསྟེན་ཅིང་། གསང་སྔགས་ཀྱི་དབང་ཁྲིད་གདམས་པ་དང་བཅས་པ་མང་དུ་ཞུས་སོ། །དེ་ཡང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། འགྲན་ཟླ་དང་བྲལ་བའི་བླ་མ་གྲ་ཕུའི་གྲུབ་ཐོབ་ཟྭ་ལུང་པ་དང་། མཚུར་ཕུའི་མདོ་བོ་རས་པ་དང་། དགོན་རྩེའི་འཁྲུལ་ཞིག་དབོན་པོ་སྟེ། རྣམ་པ་གསུམ་བསྟེན་ནས། སྙིང་པོ་དོན་གྱི་གདམས་པ་དཔག་ཏུ་མེད་པའི་རྒྱ་མཚོའི་གཏིང་དཔོག་པར་མཛད་ཅིང་། ལྷོ་མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེང་གེ་རྫོང་དང་། ཀུན་བཟང་གླིང་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་དུ་མར་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་སྐལ་ལྡན་དུ་མ་སྨིན་གྲོལ་ལ་བཀོད་དོ། །དེ་ནས་དགུང་ལོ་སུམ་(༢༢)ཅུ་སོ་བདུན་ལ་འདའ་བའི་དུས་ཡིན་པས། སློབ་དཔོན་ཀུན་དགའ་ཞེས་བྱ་བའི་སྐལ་བཟང་གཅིག་གིས་གསོལ་བ་བཏབ་པས། དྲུག་ཅུ་རྩ་གཅིག་གི་བར་བཞུགས་སོ། །

དེ་ནས་དྲུག་ཅུ་རྩ་གཅིག་ཡོས་ཀྱི་ལོའི་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་ལྔའི་ཐོ་རངས་ལ་དུར་ཁྲོད་ལ་ཁར་ཐུགས་འཕོ་བའི་ཚུལ་བསྟན་དུས། འོད་ཆེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་ཞིང་། པུར་སྦྱངས་དུས་ནམ་མཁའ་ཤིན་ཏུ་དྭངས་པའི་དཀྱིལ་ནས་པུར་ཁང་ལ་འཇའི་སྣམ་བུ་དང་། འོད་དྲྭ་བ་རིས་སུ་ཤར་རོ། །གདུང་རུས་ལ་ཨ་དཀར་པོ་གཅིག་དང་། གདུང་ཤ་རཱི་རཾ་རིགས་ལྔ་བྱོན་ཞིང་འགྲོ་བ་ཀུན་ངོ་མཚར་གྱི་ས་ལ་བཀོད་དོ། །དེ་ལྟ་བུའི་བླ་མ་དམ་པ་ལས། རིག་འཛིན་ཆེན་པོ་ཀུ་མ་རཱ་ཛས་འོད་གསལ་སྙིང་པོའི་སྐོར་རྣམས་ཡོངས་སུ་རྫོགས་པར་ཞུས་སོ། །

དེ་ཡང་གཡོ་རུ་འོན་གྱི་ནང་བར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་རྡལ་དུ་ཡབ་ཇོ་སྲས་བསོད་ནམས་དཔལ་དང་། ཡུམ་ཁྱེ་ཟ་འབུམ་མེ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ་ཐར་པ་རྒྱལ་ཞེས་མཚན་གསོལ་ཞིང་། ཆུང་ངུ་ནས་དད་པ་དང་སྙིང་རྗེ་ཆེན་པོ་མངའ་ཞིང་ཤེས་རབ་ཆེ་བས་ཀློགས་དང་ཡི་གེ་སློབ་མ་དགོས་པར་མཁྱེན་གསུངས། དེ་ནས་ལོ་བདུན་ན་ཀོང་པོའི་འོ་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་པ་ལས་ཀྱེ་རྡོ་རྗེ་དང་། བདེ་མཆོག་གི་དབང་ཞུས་ནས་ཡར་བྱོན་ཏེ། ལོ་དགུ་ན་མཁན་པོ་གཙང་པ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་བླངས་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་དཀྲུགས་ཀྱི་ཆོས་སྐོར་ལ་ཐུགས་སྦྱངས། ལོ་བཅུ་གཉིས་ན་ཕག་མོ་གྲུའི་མཁན་པོ་ཡེར་པ་དང་། སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་སྟེ་གཞོན་ནུ་རྒྱལ་པོ་ཞེས་མཚན་གསོལ་ནས་འདུལ་བ་གསན། རིན་པོ་ཆེ་གྲགས་ཡེར་པ་ལས་ནཱ་རོ་ཆོས་དྲུག་ལ་སོགས་པའི་གདམས་པ་མང་པོ་ལོ་ལྔའི་བར་དུ་གསན་ཅིང་། བླ་མ་ཚར་སྟེང་པ་ལས་བརྟག་གཉིས་གསན་ཅིང་མཁྱེན་པར་མཛད། དབོན་པོ་སངས་ཤེ་ལས་ལྷ་སློབ་ཅིང་ཡི་གེ་དྲུག་པ་བཟླས་པའི་རྨི་ལམ་ན། ཤེལ་གྱི་ཁང་བུ་ཞིག་གི་ནང་ན་ཐུགས་རྗེ་ཆེན་པོ་འཛུམ་པར་མཛད་པ་མཐོང་གསུངས། དེ་ནས་ཁྱུང་ནག་ཤག་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས་ཤིང་དར་ཕུག་ཏུ་བྱོན་ནས། གྲུབ་ཆེན་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་གནང་བས་ངོ་འཕྲོད་དེ་རྟོགས་པ་རྒྱུད་ལ་སྐྱེས། དེ་ནས་གྲུབ་ཆེན་མོན་(༢༣)གྱི་མཁའ་འགྲོའི་གླིང་དུ་གཤེགས་པའི་ཕྱགས་ཕྱི་ལ་ཕྱིན་ནས་རྡོ་རྗེ་ཕག་མོའི་ཆོས་སྐོར་ལ་སོགས་པ་མང་དུ་ཞུས་ནས་བསྙེན་པ་མཛད་པས། ཚེས་བཅུའི་ནུབ་མོ་ཞིག་གི་རྨི་ལམ་ན། ཨུ་རྒྱན་པདྨ་སྐུ་མདོག་དམར་པོ་གར་སྟབས་ལིང་ལིང་རུས་པའི་རྒྱན་དྲུག་གསོལ་ནས། ཨེ་མ། རིགས་ཀྱི་བུ་རྟག་ཏུ་ཆོས་ཀྱིས་ཤིག །གསུང་བ་ཐོས་གསུངས། དེ་ནས་མཚུར་ཕུར་བྱོན་ཏེ། བླ་མ་གཉན་རས་དང་། བླ་མ་དར་མ་མགོན་ལས་ཀརྨ་པའི་ཆོས་སྐོར་མ་ལུས་པ་གསན་ཅིང་། ལོ་འགར་བཞུགས་ནས་ལ་སྟོད་དིང་རི་གླ་འཁོར་དང་བྷུ་ཏྲར་བྱོན་ཏེ། གྲུབ་ཆེན་ཨོ་རྒྱན་པ་དང་། ཀརྨ་པ་རབ་ཏུ་བྱུང་མ་ཐག་དགུང་ལོ་བདུན་ལོན་པ་དེ་དང་མཇལ་ནས་གྲུབ་ཆེན་པ་ལས་གདམས་པ་ཐམས་ཅད་ཚང་བར་ཞུས། དེ་ནས་ལོ་འགའ་ནས་ཨོ་རྒྱན་པས། གཉན་རས་ལ་སྙིང་ཐིག་ཞུས་པའི་ཞོར་ལ་ཞུས་ནས་གདམས་པ་ཁ་ཚང་ཐོབ། དེ་ནས་རྒྱ་སྨན་གྱི་བླ་མ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་མེ་ལོང་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་ལ་སོགས་པའི་རྫོགས་ཆེན་གསང་བའི་སྐོར་མང་དུ་ཞུས་སོ། །དེ་ནས་མཁར་ཆུར་བྱོན་ནས་གྲུབ་ཆེན་པ་ལས། གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པ་ཞུ་དུས། འབུལ་རྒྱུ་མེད་པས་ལུས་ངག་གི་ཞབས་ཏོག་ལ། མདོ་བོ་རས་པས་བཞེངས་པའི་འབུམ་ཆུང་གི་ཁང་པའི་ནང་ལ་དབྱར་རིལ་པོ་གཉིས་སུ་རི་མོ་མཛད་དུས་ནས་ཁལ་བཞི་གནང་བའི་གཉིས་ཀྱིས་ཤོག་བུ་ཉོས་ནས། མཚན་མོ་དཔེ་རྣམས་བྲིས། གཉིས་ཀྱིས་དཔེ་ཆའི་མར་མེ་དང་གསོལ་ཟས་མཛད་པས། ཤིག་ནད་དྲག་པོ་ཡང་བྱུང་། རྟོགས་པ་ཁྱད་པར་ཅན་ཡང་སྐྱེས་པས་བླ་མ་ཤིན་ཏུ་མཉེས་ཏེ། འགྲོ་དོན་གྱིས་ཤིག་པའི་རྗེས་གནང་ཡང་མཛད། དེའི་དུས་ན་དབང་གྲལ་ན་བླ་མའི་དབུའི་སྟེང་གི་ནམ་མཁའ་ལ་མགོན་པོ་ཕྱག་བཞི་པ་དང་། གཟིམས་ཁང་གི་སྒོ་ཡི་ཐད་ན་དཔལ་ཨེ་ཀ་ཛ་ཊི་མཐིང་མོ་ཞིང་དབྱུག་དང་སྤྱང་མོ་བསྣམས་པ་ཁང་པ་ཉིས་ཐོག་དང་མཐོ་དམན་མཉམ་པ་ཞིག་གི་ཕྱི་ངོས་ནས། ལས་ཀྱི་མ་མོ་ཁྲག་རལ་ཅན། ཁྲག་གི་མཚོ་ཆུང་ཞིག་ནས་ལག་པ་གཉིས་ཀྱིས་བཅུས་ནས་འཐུང་བ་མཐོང་གསུངས། དེ་ནས་བླ་མ་ལོ་བརྒྱད་དུ་འདུ་འབྲལ་མེད་པར་བསྟེན་ནས། ཨུ་རྒྱན་གྱི་བཞུགས་གནས་སྨྱུག་ཚལ་ཕུག་ཏུ་དགུན་གཅིག་བཞུགས་པས། རྡོ་(༢༤)རྗེ་ཕག་མོའི་ཞལ་གཟིགས། ཤེས་རབ་ཕྱོགས་མེད་དུ་རྒྱས་གསུངས། དེ་ནས་དྲིན་ཅན་བླ་མ་མ་གཤེགས་ཙམ་ན་ཡར་ཀླུངས་སུ་བྱོན་ནས་ཚར་སྡིངས་རི་ཁྲོད་བཏབ་ནས་དར་ཅིག་བཞུགས་དུས། བླ་མ་སྐུ་གཤེགས་པར་མཁྱེན་ནས་མཁར་ཆུར་བྱོན་པ་དང་། བླ་མའི་སྲས་གཉིས་དང་ས་སྟེགས་སུ་མཇལ་ནས་སླར་ལོག་ནས། ཉི་ཤུ་ལྔ་ཡི་མཆོད་པ་བཙུགས་ནས། ཙ་རི་ལ་བྱོན་ཏེ་གནས་སྐོར་མཛད་པས། དཀྲིག་མོ་ལྷའི་ནེའུ་རིང་གི་རྡོ་སྐུ་རང་བྱོན་ལ་འཇའ་ཚོན་སྣ་ལྔ་ཟུག་པ་དང་། དཔལ་ཤེལ་གྱི་རིའི་གངས་འདབས་ལས་ལ་ཆུང་ཞིག་བརྒལ་བའི་ས་ན། གཡུ་མཚོ་ཟླུམ་པོ་སྣང་བ་ལ་སྔ་དྲོ་སླེབས་དུས། ནམ་མཁའ་དང་མཚོ་ཤིན་ཏུ་དྭངས་པའི་བར་འཇའ་ཚོན་སྣ་ལྔ་གྱེན་ཐུར་དྲང་པོར་ཟུག་པ་ལ་སོགས་པ་ངོ་མཚར་གྱི་ལྟས་རྣམས་མཐོང་གསུངས། དེ་ནས་མཚུར་ཕུར་ཆོས་རྗེ་པས་གདན་དྲངས་ནས་སྙིང་ཏིག་གི་རྒྱུད་གདམས་པ་དང་བཅས་པའི་ལུང་རྣམས་མཛད་ནས་ཤིངས་སུ་བྱོན་ཏེ། ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལས་གསང་སྐོར་སྙན་བརྒྱུད་རྣམས་དང་། བསམ་གཏན་མིག་གི་སྒྲོན་མེ་ཞུས་ཏེ། ལ་སྟོད་དིང་རི་སྣ་དམར་དུ་དབོན་པོ་བྱང་གྲུབ་པ་ལས་ཡང་དགོན་པའི་རི་ཆོས་རྣམས་ཞུས། གྲུབ་ཆེན་པ་དང་མཇལ་ནས། མར་བྱོན་པའི་ལམ་གྱི་གྲམ་པ་ན་བླ་མ་བཀྲས་ལུང་པ་ལས། གཤིན་རྗེ་དགྲ་ནག་ལ་སོགས་པ་གསར་མའི་སྐོར་མང་པོ་ཞུས་ཤིང་། སློབ་དཔོན་ཡེ་ཤེས་མགོན་པོ་ལ་སོགས་པ་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་རྣམས་དང་། ཨ་རོའི་ཁྲིད་མོ་ཆེ་དང་། དོན་ཁྲིད་སྐོར་ལ་སོགས་པ་བོད་འདིར་གྲགས་སོ་ཅོག་གི་རྫོགས་རིམ་གྱི་མན་ངག་རྣམས་ལ་ཞུན་ཐར་ཆོད་པར་མཛད་དེ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་དོ། །

དེ་ནས་ཙ་རི་གསར་མ་བསྐོར་ནས་རྙིང་མའི་གཡུ་མཚོ་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས་དུས། ཆོ་འཕྲུལ་མང་པོ་དང་ཛམ་བྷ་ལས་ནོར་བུ་བྱིན་པ་དང་། གཞི་བདག་གྷ་ཡ་དྷ་རས་ཁང་པར་གདན་དྲངས་ཏེ། བསྙེན་བཀུར་བྱས་པ་དང་། མཚོའི་དབུས་ན་འོད་ལྔའི་ལྦུ་བ་བསེ་ཕོར་ཙམ་གཅིག་ལ་གཅིག་ཐིམ་དུ་འགྲོ་བ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་མཐོང་གསུངས། དུས་རྟག་ཏུ་གངས་ཁྲོད་དང་རི་ཁྲོད་འགའ་ཞིག་ཏུ་བཞུགས་ནས་སྒྲུབ་པ་ལ་ནན་ཏན་སྙིང་པོར་མཛད་དེ། རིན་པོ་ཆེ་ཀརྨ་པ་རང་(༢༥)བྱུང་རྡོ་རྗེ་ལ་སོགས་པའི་སྐྱེས་ཆེན་དང་། སྐལ་ལྡན་དུ་མ་ལ་གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། གྲོང་དང་ཡུལ་ཁམས་ལ་སོགས་པ་མང་པོར་ཐར་པའི་ས་བོན་གྱིས་ཁྱབ་པར་མཛད་པ་དང་། ཐ་ན་ལམ་ནས་བགྲོད་པའི་འགྲོན་པོ་དང་། རི་དྭགས་དང་། ཉ་ལ་སོགས་པ་རྣམས་ཀྱི་དོན་དུའང་ཀོང་པོ་ནས་གཡེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་འཕྲང་རྣམས་ལ་ལམ་རྒྱ་དང་། རི་རྒྱ། ཆུ་རྒྱ་ལ་སོགས་པ་མཛད་དེ། ས་བདེ་འཇམ་ལ་བཀོད་ཅིང་། གང་དུ་བཞུགས་པའི་ལུང་པ་དང་། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་དང་། ཡམས་ལ་སོགས་པའི་འཚེ་བ་ཐམས་ཅད་ཞི་བར་མཛད་དེ། མཐོང་བ་དང་། ཐོས་པ་དང་། དྲན་པ་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འགོད་པའི་ཕྲིན་ལས་རླབས་པོ་ཆེ་མངའ་བ་ཡིན་ནོ། །

བླ་མ་དམ་པ་འདི་ནི་ལོ་བརྒྱ་བརྒྱ་ན་བོད་དུ་བི་མ་ལའི་སྤྲུལ་པ་རེས་འདུལ་བར་ལུང་བསྟན་པའི་རྟགས་དང་མཚན་མ་ཐམས་ཅད་ཚང་བར་མངའ་སྟེ། ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མི་འགྱུར་བ་དང་། སྔགས་བདག་གཟའ་དང་དམ་ཅན་གསུམ་གྱིས་འདུད་ཅིང་བསྟོད་པ་མི་དང་མི་ལབ་པ་ལྟར་ཡོད་པ་དང་། ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེས་འགྲོ་བ་འདུལ་བ་དང་། མངོན་པར་ཤེས་པས་སེམས་རྒྱུད་བྱིན་གྱིས་བརླབས་པ་དང་། དེང་སང་སྙིང་ཏིག་གི་གནད་ངེས་པ་རྣམས་སློབ་དཔོན་སོ་སོའི་བློ་སྐྱོན་ཞུགས་ཏེ། ཕྱག་ཆེན་དང་། ཞི་བྱེད་དང་། སྦྱོར་དྲུག་ལ་སོགས་པ་དང་། ལྟ་སྒོམ་འདྲེས་ནས་གཅིག་ཏུ་འདོད་པས་འཆོལ་བར་སྤྱོད་པ་ལས་ལེགས་པར་ཕྱེས་ཏེ། གསང་བ་བླ་ན་མེད་པའི་གྲུབ་པའི་མཐའ་རྣམས་གསལ་བར་མཛད་ཅིང་། ཐུགས་རྗེས་བཟུང་བའི་སྐལ་ལྡན་ཀུན། འདས་དུས་འཇའ་འོད་རིང་བསྲེལ་དང་བཅས་པ་བྱུང་བས་ཀྱང་ཡིད་ཆེས་པར་མཛད་པའི་ཕྱིར་བི་མ་ལ་དངོས་སུ་བཞུགས་པ་ལགས་སོ། །

དེ་ལྟར་སྐུ་དངོས་སུ་སྣང་ནས་འགྲོ་བའི་དོན་མཛད་པ་ལ་དགུང་ལོ་བདུན་ཅུ་རྩ་བརྒྱད་ཀྱི་བར་བཞུགས་ནས་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་མ་རྩེ་ཤར་ལ་དྭགས་པོ་དང་ལུང་གི་རི་ཁྲོད་དུ་གཤེགས་པའི་ཚུལ་བསྟན་པའི་དུས། སྒྲ་དང་འོད་ཟེར་ཁ་དོག་ལྔའི་དྲྭ་བ་དང་གུར་ཁྱིམ་ལྟ་བུ་ལ་སོགས་པ་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་བས་ན། ཉེ་གནས་སྒོམ་དར་གྱིས་ཐོག་དྲངས། དྲུང་ན་བཞུགས་པ་དང་། (༢༦)དད་ལྡན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཐུགས་རྗེས་གཟིགས་ཏེ་དར་ཅིག་ན་གཟིམས་པ་ལས་བཞེངས་ཏེ་སྐྱིལ་ཀྲུང་མཛད་ནས་ཞལ་འཛུམ་པ་དང་བཅས་པས། ཁྱེད་རྣམས་མྱ་ངན་མ་བྱེད་ང་ཤི་བ་མིན་གསུངས། དེ་ཕན་ཆད་སྙུན་ཟུག་གང་ཡང་མེད་ཅིང་། ཐམས་ཅད་ལ་ཕན་པའི་གདམས་ངག་དང་། ཞལ་ད་ཅི་རིགས་སུ་བྱོན་ཅིང་། ཁྱད་པར་དུ་ཚེས་ཀྱི་སྔ་དྲོར་སློབ་དཔོན་བློ་ལྡན་དང་། ཉེ་གནས་སྒོམ་དར་ལ་སོགས་པས་ཞུས་པར་གཤེགས་པའི་རྗེས་སུ་ཅི་ལྟར་བགྱི། མཐར་ཅི་ལྟར་འགྱུར་བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཞལ་ད་བྱོན་པ། ཅི་ཟེར་གླེན་པ་ཀུན། ཁོང་ལ་འོ་བརྒྱལ་དུ་མ་འཇུག །ད་གཟོད་ཆོས་ཀྱི་ཞུན་ཐར་མ་ཆོད་པ་ཡོད་ན་དེར་སོང་། བློ་ལྡན་ལ་སོགས་ཁྱོད་རང་རྣམས་གྲོས་བསྟུན། ཁ་ཏ་མང་པོ་སྔར་ཡང་བྱས་ཟིན། ཅ་ཅོ་མང་པོ་མ་ཟེར་རྣ་བར་གཟེན་གསུངས་ནས། དེ་ཕན་ཅང་མི་གསུང་བར་དྲང་སྲོང་ཙོག་པུའི་བཞུགས་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱིས་འཛུམ་པ་མཛད་དེ། ཚེས་བརྒྱད་ཀྱི་ཐོ་རངས་ཁར་གདོད་མའི་ཟད་སར་གཤེགས་སོ། །དེ་ནས་ཉི་ཤུ་ལྔ་ཡི་བར་པུར་བཞུགས་ནས། སླར་བཞུས་པས། ནམ་མཁའ་དྭངས་པ་ལས་འོད་ཟེར་གྱི་དྲྭ་བ་གྲངས་མེད་པ་བྱུང་ཞིང་དབུ་ཐོད་རིལ་པོར་བྱོན་པའི་ནང་ནས་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་དང་། སྙན་གོང་གཡས་གཡོན་ན་རྗེ་བཙུན་མ་མཐིང་ག་ཚོན་གང་དང་། ཕྱི་ན་འཇའ་འོད་ལྔ་ཡི་ར་བ་འོད་ཁྱིམ། གྱེན་འགྲེངས་རྩིབས་ཤར་སྣ་ཚོགས་རང་བྱོན། གདུང་སིལ་བུ་ལས་རིང་བསྲེལ་འགའ་དང་། གདུང་རིགས་ལྔ་ལ་སོགས་པ་ཡང་བྱོན། ངོ་མཚར་གྱི་སྣང་བ་ཆེན་པོས་སྐྱེ་དགུ་རྣམས་དད་མོས་ཀྱི་ས་ལ་བཀོད་དོ། །དེ་ནས་གཤེགས་རྫོང་དང་། མཆོད་རྟེན་བཞེངས་པ། ཟླ་མཆོད་ཀྱི་བར་དུ། ནམ་མཁའ་དྭངས་པ་ལས་ནུབ་ཕྱོགས་ན་འོད་ཟེར་གྱི་སྣང་བ་གྲངས་མེད་པ་བྱུང་ངོ༌་། །

ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན། །གདོད་མའི་དབྱིངས་ནས་ཐུགས་རྗེས་ཉེ་བར་གཟིགས། །བདག་སོགས་སྲིད་པའི་འགྲོ་བ་མ་ལུས་ཀུན། །ཞི་བའི་དབྱིངས་སུ་དྲངས་པར་མཛད་དུ་གསོལ། །དེ་ལྟ་བུའི་བླ་མ་དམ་པ་ལས། ཁོ་བོས་བླ་ན་མེད་པའི་ཟབ་ཆོས་འོད་གསལ་རྡོ་རྗེ་སྙིང་པོའི་(༢༧)དོན་རྣམས་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་གྱིས་ཞུན་ཐར་ལེགས་པར་བཅད་ནས་ཤིན་ཏུ་མཉེས་པར་བྱས་སོ། །

དེ་ཡང་ཁོ་བོའི་ཡུལ་ནི་གཡོ་རུ་གྲའི་ཕུ་སྟོད་གྲོང་ཞེས་བྱ་བ་ན། སློབ་དཔོན་བསྟན་པ་བསྲུང་བ་ཞེས་བྱ་བ་དང་། འབྲོ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་བུར་སྐྱེས་ཏེ། ཆུང་ངུའི་དུས་ནས་དད་པ་དང་སྙིང་རྗེ་ཤེས་རབ་ཆེ་ཞིང་། ནམ་གྲུ་རེ་མ་ཏི་ཤིན་ཏུ་འགོ་བའི་དགེ་མཚན་དང་གཟུགས་ཀྱང་མཐོང་ངོ༌་། །ལོ་བདུན་ནས་ཀློག་ཤེས་ཏེ་ཕུར་པ་དང་། བདེ་གཤེགས་འདུས་པ་དང་། གུ་རུའི་ཕྲིན་སྒྲུབ་རྣམས་བསླབས་པས། ལོ་དགུ་ནས་ཁོང་དུ་ཆུད་དོ། །ལོ་བཅུ་གཉིས་ན་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ། འདུལ་བ་བསླབས་ནས་ལོ་བཅུ་བཞི་ནས་བཤད་དོ། །དེ་ནས་ལོ་བཅུ་དྲུག་ལ་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང་། ཆོས་དྲུག་གཉིས་དང་། ཕག་མོ་ཆོས་དྲུག་དང་། བདེ་མཆོག་དྲིལ་བུ་པ་དང་། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལ་སོགས་པའི་དབང་ཁྲིད་གདམས་པ་དང་བཅས་པ་ཞུས་ཤིང་། སློབ་དཔོན་དབང་ཡེ་ལ་སོགས་པ་ལས་གསང་སྔགས་ཀྱི་སྒྲུབ་སྡེ་མང་པོ་དང་། ཟྭ་ལུང་རིན་པོ་ཆེ་ལ་སོགས་པ་ལས་ཞང་ཚལ་པའི་གདམས་སྐོར་དང་། རྒོད་ཚང་པའི་ལམ་ཁྲིད་དང་། གཅོད་དང་ཞི་བྱེད་ལ་སོགས་པ་མང་དུ་མནོས་སོ། །ལོ་བཅུ་དགུ་ན་གསང་ཕུར་ཕྱིན་ནས་བྱམས་ཆོས་དང་ཚད་མ་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པ་མང་དུ་ཉན་ཏེ། སློབ་དཔོན་ཆེན་པོ་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་ལ་སོགས་པའི་དྲུང་དུ་ལོ་དྲུག་ཏུ་ཞུན་ཐར་བཅད་ཅིང་། སློབ་དཔོན་ཆེན་པོ་བཙན་དགོན་པ་ལས། ཚད་མ་སྡེ་བདུན་གྱི་རྩ་བ་དང་ཤེས་རབ་སྙིང་པོ་དང་། སྒྲོལ་མ་ལ་སོགས་པའི་ལུང་ཕྲན་མང་ཞིག་ཏུ་མནོས་ཤིང་། ལོ་ཙཱ་བ་བློ་བརྟན་ལས་ཏིང་འཛིན་རྒྱལ་པོ་ལ་སོགས་པ་ཟབ་མོའི་མདོ་ལྔ་དང་། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལ་སོགས་པའི་ལུང་ཕྲན་མང་དུ་མནོས་ཏེ། དེ་ཡང་དུས་སྐབས་འགའ་ཞིག་ན། མི་གཡོ་བ་དང་། དབྱངས་ཅན་མ་དང་། ཤེས་རབ་གསལ་བྱེད་ལ་སོགས་པ་བློ་འཕེལ་གྱི་ལྷ་འགའ་ལ་སྒྲུབ་པ་བྱས་པས། རྨི་ལམ་དུ་གྲུབ་པའི་མཚན་མ་ཙམ་བྱུང་ཞིང་། (༢༨)ལུང་དང་། རིགས་པ་དང་། མན་ངག་དང་། སྙན་ངག་ལ་སོགས་པའི་དོན་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་ནས། ཕྱོགས་ཐ་དད་ཀུན་ཏུ་འཁྱམས་ཤིང་། བླ་མ་དགེ་བའི་བཤེས་གཉེན་དུ་མ་ལས། མདོ་དང་རྒྱུད་དང་། མན་ངག་དུ་མ་ཞུས་ཏེ། ཐོས་བསམ་གྱི་བློ་གྲོས་སྦྱངས་ཤིང་། སློབ་དཔོན་གཞོན་ནུ་དོན་འགྲུབ་ལ་སོགས་པ་ལས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་ལ་སོགས་པའི་སྐོར་མང་པོ་ཞུས་ཤིང་། སློབ་དཔོན་གཞོན་ནུ་རྒྱལ་པོ་ལ་སོགས་པ་ལས་དབུ་མ་ཚིག་འཇུག་ལ་སོགས་པ་འཕགས་སྐོར་རྣམས་ཚང་བར་ཞུས་ཤིང་། སློབ་དཔོན་གཞོན་ནུ་རྡོ་རྗེ་ལ་སོགས་པ་ལས་སྤྱོད་འཇུག་དང་བསླབ་བཏུས་དང་། ཇོ་བོའི་གདམས་སྐོར་གྱི་ཆོས་དྲུག་སྦྱོར་དྲུག་ལ་སོགས་པའི་སྙན་བརྒྱུད་མང་དུ་ཞུས་ཤིང་། མཁན་པོ་ལས་ཁྲོ་ཕུའི་ཆོས་སྐོར་དང་། ཁ་རག་གི་ཆོས་སྐོར་དང་། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་དང་། ཆོས་ཆུང་བརྒྱ་རྩ་དང་། འདུལ་བའི་ལུང་ལ་སོགས་པ་མང་དུ་ཐོས་སོ། །

བླ་མ་དམ་པ་ཆོས་རྗེ་ཀརྨ་པ་ལས། སྦྱོར་དྲུག་གེགས་སེལ་དང་བཅས་པ་དང་། ནཱ་རོའི་ཆོས་དྲུག་དང་། སྐུ་གསུམ་ངོ་སྤྲོད་དང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ལ་སོགས་པ་མང་དུ་ཐོས་སོ། །གཞན་ཡང་སློབ་དཔོན་དབང་ཚུལ་ལ་སོགས་པའི་དྲུང་དུ། སྦྱོར་དྲུག་དང་། སྙན་དྲུག་དང་། རླུང་སྐོར་ལ་སོགས་པ་མང་དུ་ཞུས་ཤིང་ངེས་པ་མེད་པའི་སྒྲུབ་པ་བྱེད་པ་ལས། ལྕོག་ལ་རིན་པོ་ཆེའི་བྲག་ཕུག་ཏུ་ཟླ་བ་ལྔ་མུན་ཁང་གཅིག་ན་ཡོད་པའི་ཐོ་རངས་ཀྱི་རྨི་ལམ་ན་ལུང་པའི་མདའ་བྱེ་མ་དང་རི་ཆུང་ཆུ་འབབ་ཡོད་པའི་དྲུང་ན་ཡོད་པ་ལ། སིལ་སྙན་གྱི་སྒྲ་གླུ་དབྱངས་དང་བཅས་པ་ཞིག་ཐོས་ནས་བལྟས་པས། རྟ་ལ་བསེ་ཁྲབ་དྲིལ་བུས་བརྒྱན་པ་ཞིག་ལ་བུད་མེད་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་ཟ་འོག་གི་གོས་དང་གསེར་གཡུའི་རྒྱན་ཆས་སྤྲས་པ་གསེར་གྱི་དྲྭ་བས་གདོང་བཀབ་པ་ཞིག་བྱོན་པའི་ཐུ་བ་ལས་འཇུས་ཏེ། འཕགས་མ་ཐུགས་རྗེས་འཛིན་པར་ཞུས་པས། རིན་པོ་ཆེའི་དབུ་རྒྱན་ཞིག་འདུག་པ་ཕུད་ནས་བདག་གི་མགོ་ལ་བསྐོན་ཏེ། དུས་དེང་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྦྱིན་པར་བྱའོ། །ཞེས་གསུང་བའི་མོད་ལ། ལུས་སེམས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཕྱམ་བརྡལ་ནས་ཡུན་རིང་པོར་གཉིད་མ་སད་ཅིང་ཉི་མ་རྩེ་ཤར་དུས་(༢༩)སད་ནའང་། ཉམས་དེ་དང་མ་བྲལ་བ་ཞག་གསུམ་བྱུང་ངོ༌་། །དེ་ནས་བསམ་ཡས་སུ་འོང་བའི་དཔྱིད་སོར། བླ་མ་དམ་པ་ཡར་སྟོད་སྐྱམ་གྱི་ཕུ་ན་བཞུགས་པ་དང་མཇལ་ཏེ། བླ་མས་གསུང་ནས་མདང་ལྷའི་བྱ་ཡིན་ཟེར་བའི་ཡ་མཚན་ཅན་ཞིག་བྱུང་བ་དེ་ཁྱོད་ལ་ལྟ་བ་ཡིན་པར་འདུག །ངའི་ཆོས་འདིའི་བརྒྱུད་པ་འཛིན་པ་ཞིག་ཡོང་བ་འདྲ། གདམས་པ་ཚང་བར་སྦྱིན་དགོས་གསུངས་ནས་དགྱེས་ཚོར་ཆེན་པོ་ཡང་མཛད། དེའི་དཔྱིད་དེར་ལུང་སྟོང་གཅིག་ནས་གཅིག་ཏུ་སྤོ་བ་ལན་དགུ་མཛད་པས། གཞི་རེ་ཟིན་དུས་གཤེགས་པ་འདྲ་བ་དེས། ཤིན་ཏུ་ལུས་ངག་ལ་དཀའ་བ་མང་དུ་བྱུང་ཞིང་། དེ་དུས་ཕྱེ་བྲེ་གསུམ་དང་། དངུལ་ཆུ་རིལ་བུ་སྲན་མ་ཙམ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་འཚོ་བ་བྱས་ཏེ། ཁ་བ་བབས་དུས་སྒྱེ་ཞིག་ཡོད་པའི་ནང་དུ་ཞུགས་པས་གོས་གདན་གཉིས་ཀའི་གོ་བཅད་ཅིང་། ཆོས་ཕྱོགས་སུ་དཀའ་བ་མང་པོ་སྤྱད་ནས་ལོ་གསུམ་གྱི་དམ་བཅའ་བྱས་ཏེ་མཆིམས་ཕུ་ལ་སོགས་པའི་རི་ཁྲོད་ལ་སྒོམ་ཞིང་། སྐབས་སུ་བླ་མའི་དྲུང་དུ་གདམས་པའི་ཞུན་ཐར་རྣམས་ལེགས་པར་བཅད་དེ་སྒྲུབ་པའི་མཆོད་པས་བླ་མ་མཉེས་པར་བྱས་ནས་ཚེ་འདིའི་སྣང་བ་ལ་ཞེན་པ་མེད་ཅིང་འཁོར་འདས་ལ་རེ་དོགས་སུ་འཛིན་པའི་གཟེབ་ལས་གྲོལ་ཏེ། གནས་ལུགས་རྫོགས་པ་ཆེན་པོའི་ལྟ་བ་དང་། ཏིང་ངེ་འཛིན་ལ་རྒྱུན་ཆགས་སུ་གནས་པས་ཐར་པའི་ལམ་སྣ་ཟིན་པ་ཙམ་དུ་འཁོད་ཅིང་། ཁྱད་པར་དུ་སྔོན་གྱི་ལས་དང་སྨོན་ལམ་གྱི་བྱེད་པས་རང་བྱུང་པདྨའི་སྒྲུབ་གནས་བོད་ཀྱི་རི་བོ་རྩེ་ལྔའི་ཕྱོགས་སུ་འོངས་ཏེ། ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་འགའ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་བཟང་སྣང་བར་བྱས་ཤིང་། ཉིན་མཚན་དུ་གཞན་ལ་ཕན་པའི་བརྩོན་པས་ལེགས་པར་སྨོན་པ་ཙམ་དང་། བླ་མ་དམ་པའི་དྲུང་དུ་འཁོར་གསུམ་ཡོངས་སུ་དག་པ་ལན་ལྔ་འབུལ་བ་ཞིག་དང་བདུན་རྣམ་དག་གིས་མཆོད་ཅིང་། དཔའ་བོ་མཁའ་འགྲོ་རྣམས་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་དང་ཚེས་བརྒྱད་ཀྱི་མཆོད་པ་བཟུང་ནས་དད་པས་བྱིན་པ་དོན་ཡོད་པར་བྱས་ཤིང་། སྣང་སེམས་སྒྱུ་མའི་རོལ་པ་ཙམ་དུ་ཅི་བྱེད་དམ་པའི་ཆོས་བཞིན་སྤྱད་དེ་ཡང་དག་པའི་གདམས་པའི་གནད་རྣམས་མི་འཕྱུགས་ཤིང་། བདེ་བླག་ཏུ་རྟོགས་པས་ལག་ཏུ་བླང་བདེ་བའི་ཕྱིར་མན་ངག་གི་ཡི་གེ་མང་དུ་བཀོད་ཅིང་། ཁྱད་པར་དུ་ཆོས་སྡེ་སུམ་ཅུ་རྩ་ལྔའི་ཡང་ཏིག་ཡིད་བཞིན་ནོར་(༣༠)བུའི་གདམས་པ་བཀོད་ཅིང་། ཕྱི་རབས་ཀྱི་དོན་དུ་སྨོན་ལམ་གྱི་རྒྱ་དང་བཅས་པ་ཡིན་ནོ། །ཕྱིན་ཆད་བདག་གི་རྗེས་སུ་འཇུག་པ་རྣམས་ཀྱིས་ཀྱང་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར། ཕྱི་མའི་བྱ་བ་དང་དུ་ལོངས། ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན། འོད་གསལ་སྙིང་པོའི་གདམས་པ་ཞུས་ནས། གཅིག་པུར་དབེན་པའི་གནས་སུ་སྙིང་ཏིག་གསང་བའི་གདམས་པ་ཉམས་སུ་བླངས་ཤིང་ཚེ་འདིས་འཁོར་འདས་ཀྱི་ལ་ཟློས་པར་བྱས་ཏེ། ལུང་བསྟན་བྱུང་ན་གཞན་དོན་ཅི་ནུས་སུ་བྱ་ཞིང་། ལོག་སྒྲུབ་དང་སྐྱོ་ངལ་ཐམས་ཅད་བཟོད་པར་བྱས་ལ་གདམས་པ་དར་ཞིང་རྒྱས་པར་བྱའོ། །མདོར་ན་ཁོ་བོ་མ་གཏོགས་པའི་བླ་མ་གོང་མ་ཐམས་ཅད་འཕགས་པའི་བླ་མ་ཟམ་མ་ཆད་པར་བྱོན་པས། དེ་དག་གི་ཆེ་བའི་ལོ་རྒྱུས་རྣམས་རང་རང་གི་རྣམ་ཐར་གྱི་ཡི་གེ་དང་། བབས་ལུགས་ཆེན་པོ་ན་གསལ་བས་རྒྱས་པ་དེར་བལྟའོ། །

དེ་ལྟར་བསྟན་པའི་བབས་ཚུལ་ལོ་རྒྱུས་རྣམས། །ཡིད་ཆེས་དོན་དུ་བཀོད་པའི་བསོད་ནམས་ཀྱིས། །འགྲོ་ཀུན་ཐེག་མཆོག་སྙིང་པོ་འདིར་ཞུགས་ཏེ། །འོད་གསལ་བྱང་ཆུབ་སྙིང་པོ་མྱུར་ཐོབ་ཤོག །སྐྱེ་བ་སྔོན་རབས་དུས་ན་ལེགས་སྦྱངས་པས། །ཚེ་འདིར་ཐེག་མཆོག་སྙིང་པོའི་དོན་མཐོང་སྟེ། །སྐལ་ལྡན་རྣམས་ལ་མོས་པའི་རྟེན་ཙམ་དུ། །ཆོས་ཚུལ་རིན་ཆེན་ཉི་མ་སྣང་བར་བྱས། །དེ་ཕྱིར་སྙིང་པོའི་གདམས་པ་མཐར་ཐུག་འདི། །གུས་པས་ལྷུར་ལེན་སྒྲུབ་ལ་འབད་པར་མཛོད། །རང་གཞན་དོན་གཉིས་ཡིད་བཞིན་རྒྱ་མཚོ་ལས། །འདོད་དགུའི་རེ་བ་ཕུན་ཚོགས་སྒྲུབ་བྱེད་ཡིན། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རིག་འཛིན་བླ་མ་དམ་པ་ཀུ་མ་རཱ་ཛའི་ཞབས་རྡུལ་ལ་རེག་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ། །དགེའོ། །དགེའོ། །དགེའོ།། །།

དཔལ་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊི་དང་། གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པ་གསུམ་ལ་གཏད་པ་ཡིན་པས། ཡི་གེ་འདྲ་མིན་འཆོས་པ་དང་། བསླད་པར་བྱུང་ན་ཆད་པ་དྲག་པོ་ཆོད་ཅིག །དམ་མེད་ལ་མ་གཏད་ཅིག །སྐལ་ལྡན་ལ་ལེགས་པར་དར་རྒྱས་སུ་མཛོད་ཅིག། །།

བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས།

༄༅། །བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་བཞུགས་སོ། །

༄༅། །ཨཱ་ཨཱཿཧཱུྃ། སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དཔལ་ཀུན་ཏུ་བཟང་པོའི་རང་བཞིན། ཚད་མེད་པའི་ཐུགས་རྗེ་དང་ལྡན་པ། དཔལ་མགོན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །གདོད་མའི་མགོན་པོ་འོད་མི་འགྱུར། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། །མཁྱེན་རབ་ཡེ་ཤེས་རྒྱ་མཚོ་བརྙེས། །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །མི་གནས་མི་དམིགས་ཆོས་སྐུའི་ངང་། །འོད་གསལ་ཡེ་ཤེས་ལོངས་སྤྱོད་རྫོགས། །ཡིད་བཞིན་རིན་ཆེན་གཏེར་མངའ་བའི། །ཞི་ཁྲོ་རབ་འབྱམས་ལ་ཕྱག་འཚལ། །མི་འགྱུར་ཀུན་གྲོལ་ཡེ་ཤེས་བདག །བདེ་ཆེན་ཆོས་མཆོག་མི་གཡོ་བ། །བླ་མེད་ཡིད་བཞིན་རིན་ཆེན་གཏེར། །རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ། །འོད་གསལ་ཡེ་ཤེས་སྒྱུ་མའི་ལྷ། །མཚན་རྫོགས་དཔེ་བྱད་དཔལ་འབར་ཞིང་། །སྐུ་གསུམ་ལྷུན་གྲུབ་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །རྒྱལ་བ་ཀུན་གྱི་གསང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །མཐུ་སྟོབས་དབང་ཕྱུག་འགྲོ་བའི་ཡབ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །(༢)རྣམ་གྲོལ་ཡེ་ཤེས་རྒྱ་མཚོ་བརྙེས། །འགྲོ་བའི་རྩ་ལག་མཆོག་གྱུར་པ། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །བླ་མེད་གྲུབ་པ་མཆོག་བརྙེས་ཤིང་། །གསུང་རབ་ཡིད་བཞིན་འབྱུང་བའི་མཛོད། །འགྲོ་ལ་ཆོས་ཀྱི་ཆར་འབེབས་པ། །འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ། །མཁྱེན་བརྩེ་བརྩོན་པའི་ནམ་མཁའ་ལ། །ཡེ་ཤེས་ཉི་མའི་འོད་གདལ་བས། །ཕྱོགས་བཅུའི་མུན་པ་སེལ་མཛད་པ། །ཤྲཱ྇་སིངྷ་ལ་ཕྱག་འཚལ། །རྣམ་དག་ཐུགས་རྗེའི་དཀྱིལ་འཁོར་ལས། །ཕན་བདེའི་ཡེ་ཤེས་འོད་འཕྲོ་བ། །འགྲོ་བའི་ལམ་བཟང་སྣང་མཛད་པ། །ཛྙཱ་ན་སཱུ་ཏྲ་ལ་ཕྱག་འཚལ། །མཁྱེན་བརྩེའི་འོད་སྟོང་བླ་མེད་ཀྱིས། །གསུང་རབ་པདྨོ་ཁ་འབྱེད་ཅིང་། །འགྲོ་བའི་མ་རིག་མུན་པ་སེལ། །བི་མ་མི་ཏྲ་ལ་ཕྱག་འཚལ། །རང་བྱུང་པདྨའི་སྡོང་པོ་ལ། །ཉི་ཤར་སངས་རྒྱས་པདྨ་སྐྱེས། །མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །མཁྱེན་བརྩེའི་བརྩོན་པ་དཔག་ཡས་ཤིང་། །ས་མཆོག་དཀྱིལ་འཁོར་ཆེན་པོ་བརྙེས། །རྣམ་འཕྲུལ་དུ་མས་འགྲོ་ཀུན་སྐྱོང་། །ཆོས་རྒྱལ་ཁྲི་སྲོང་ལ་ཕྱག་འཚལ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་གྱུར་འོད་གསལ་སྒྱུ་མའི་སྐུ། །མངོན་ཤེས་རྫུ་འཕྲུལ་དབང་བསྒྱུར་བའི། །ཏིང་འཛིན་བཟང་པོ་ལ་ཕྱག་འཚལ། །ཟབ་མོའི་དམ་ཆོས་མཛོད་འཛིན་ཅིང་། །བར་དོའི་འོད་གསལ་སྙིང་པོ་བརྙེས། །བརྩེ་ཆེན་ཐབས་མཁས་ཐུགས་རྗེའི་བདག །ལྡང་མ་ལྷུན་རྒྱལ་ལ་ཕྱག་འཚལ། །རྣམ་གྲོལ་བརྩོན་པའི་སྟོབས་ཆེན་གྱིས། །ཟག་མེད་ཡེ་ཤེས་བདུད་རྩི་བརྙེས། །འོད་སྐུར་ཡོན་ཏན་ལྷུན་རྫོགས་པའི། །སེང་གེ་དབང་ཕྱུག་ལ་ཕྱག་འཚལ། །ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་། །རྟག་ཏུ་ཟག་མེད་འོད་གསལ་ངང་། །མི་འགྱུར་ལྷུན་མཉམ་རྫོགས་པར་བཞུགས། །རྒྱལ་བ་ཞང་སྟོན་ལ་ཕྱག་འཚལ། །ས་ཆེན་གཟུངས་སྤྲིན་སྙིང་པོ་ཅན། །རྣམ་གྲོལ་ཡེ་ཤེས་མཆོག་རབ་བརྙེས། །འགྲོ་བའི་མ་རིག་མུན་སེལ་བ། །མཁས་པ་ཉི་འབུམ་ལ་ཕྱག་འཚལ། །བླ་མེད་ཚོགས་ཆེན་རབ་རྫོགས་ཤིང་། །རྣམ་ཀུན་མཆོག་ལྡན་སྟོང་པའི་གཟུགས། །ངེས་དོན་སྙིང་པོའི་དོན་སྟོན་པའི། །གུ་རུ་ཇོ་འབེར་ལ་ཕྱག་འཚལ། །ཡང་དག་སྒྱུ་མའི་ཚུལ་བརྙེས་ཤིང་། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །རང་བཞིན་སྤྲུལ་སྐུའི་ཞིང་བསྒྲོད་པ། །སེང་གེ་རྒྱབ་པ་ལ་ཕྱག་འཚལ། །(༣)ཆོས་ཉིད་བདེན་པ་རབ་གཟིགས་ཤིང་། །ཡེ་ཤེས་རོལ་པའི་བརྟུལ་ཞུགས་ཀྱིས། །དཔག་མེད་འགྲོ་བའི་དོན་མཛད་པ། །གྲུབ་ཆེན་མེ་ལོང་ལ་ཕྱག་འཚལ། །རྣམ་དག་འོད་གསལ་སྙིང་པོའི་དོན། །རྟག་ཏུ་རང་བཞིན་ལྷུན་གྲུབ་ཅིང་། །མངོན་ཤེས་གཟུངས་སྤྲིན་ཡིད་བཞིན་གཏེར། །ཀུ་མ་རཱ་ཛ་ལ་ཕྱག་འཚལ། །མི་འགྱུར་རྟོག་པའི་རྩལ་ཆེན་གྱིས། །ཐམས་ཅད་ཡེ་ནས་སངས་རྒྱས་ངང་། །བྱ་བྲལ་ནམ་མཁའི་རྣལ་འབྱོར་པ། །སྣ་ཚོགས་རང་གྲོལ་ལ་ཕྱག་འཚལ། །ཁ་བསྐང་ནི། བདེ་ལེགས་ཡོན་ཏན་ཐམས་ཅད་ཀྱི། །འབྱུང་གནས་མཁྱེན་བརྩེའི་རྒྱ་མཚོ་ཆེ། །བྱམས་དང་སྙིང་རྗེའི་གཏེར་གྱུར་པ། །བདེ་ལེགས་རྒྱ་མཚོ་ལ་ཕྱག་འཚལ། །ཚེ་འདིའི་བྱ་བ་དང་བྲལ་ནས། །བསྟན་དང་འགྲོ་བའི་དོན་ཆེན་མཛད། །སྙིང་ཏིག་ཟབ་ཆོས་མཛོད་འཛིན་རྗེ། །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ལེགས་གསུང་དམ་ཆོས་མཛོད་འཛིན་ཅིང་། །བཀྲ་ཤིས་འདོད་དགུ་འབྱུང་བའི་གནས། །སངས་རྒྱས་བཀྲ་ཤིས་ལ་ཕྱག་འཚལ། །ཡོན་ཏན་རིན་ཆེན་དཔལ་འབར་ཞིང་། །ཟབ་མོའི་དེ་ཉིད་ལེགས་རྟོགས་ནས། །འགྲོ་རྣམས་སྨིན་གྲོལ་འགོད་མཛད་པའི། །གྷུ་ཎ་ཤྲཱ྇་ལ་ཕྱག་འཚལ། །སྣང་སྲིད་ཡེ་སངས་རྒྱས་པའི་དོན། །མ་ལུས་ཐུགས་སུ་ཆུད་མཛད་ཅིང་། །ཟབ་ཆོས་རིན་ཆེན་མཛོད་འཆང་བའི། །སངས་རྒྱས་རིན་ཆེན་ལ་ཕྱག་འཚལ། །སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་རིན་པོ་ཆེ། །སྙིང་ཐིག་བསྟན་པའི་རྒྱལ་མཚན་འཛིན། །སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ། །བསླབ་གསུམ་ཚུལ་ཁྲིམས་རྒྱན་གྱིས་སྤྲས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཆེ། །བླ་མེད་བསྟན་པའི་རྒྱལ་མཚན་འཛིན། །ཚུལ་ཁྲིམས་རྒྱལ་མཚན་ལ་ཕྱག་འཚལ། །བསོད་ནམས་ཚོགས་ཆེན་ལྷུན་རྫོགས་ཤིང་། །ཡེ་ཤེས་རང་སྣང་འོད་གསལ་བས། །སྲིད་ཞིའི་མཐའ་ལས་རྣམ་པར་རྒྱལ། །བསོད་ནམས་རྣམ་རྒྱལ་ལ་ཕྱག་འཚལ། །ཨོ་རྒྱན་སློབ་དཔོན་པདྨ་ཡིས། །རྗེས་བཟུང་ཤེས་བྱའི་དོན་རྣམས་གཟིགས། །སྙིང་པོའི་བསྟན་པ་འཛིན་མཛད་པ། །ཨོ་རྒྱན་བསྟན་འཛིན་ལ་ཕྱག་འཚལ། །རྒྱལ་བའི་ཕྲིན་ལས་མ་ལུས་བཟུང་། །འགྲོ་ལ་ཕན་པ་རླབས་ཆེན་སྤྱོད། །ཀུན་གྱི་བླ་མ་རིན་པོ་ཆེ། །ཀརྨ་གུ་རུ་ལ་ཕྱག་འཚལ། །དྲི་མེད་ཚུལ་ཁྲིམས་པདྨའི་མཚོར། །བླ་མེད་ཡིད་བཞིན་སྙིང་པོ་བླངས། །རྟག་པའི་རྒྱལ་མཚན་རྩེར་(༤)མཆོད་པའི། །པདྨ་རྒྱལ་མཚན་ལ་ཕྱག་འཚལ། །བློ་གསལ་པདྨའི་སྐྱེད་ཚལ་དུ། །བློ་གྲོས་འདབ་སྟོང་སྦྲང་རྩིའི་བཅུད། །བློ་ལྡན་བུང་བ་ཚིམ་བྱེད་པ། །པདྨ་བློ་གྲོས་ལ་ཕྱག་འཚལ། །བཀྲ་ཤིས་ཕུན་ཚོགས་འདོད་དགུའི་དཔལ། །སྨིན་གྲོལ་རིམ་གཉིས་མཐར་ཕྱིན་པ། །དབང་ཕྱུག་ཡོན་ཏན་བརྒྱད་བརྙེས་པའི། །བཀྲ་ཤིས་དབང་ཕྱུག་ལ་ཕྱག་འཚལ། །སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཟབ་དོན་བདུད་རྩིའི་རང་ལུགས་འཛིན། །བླ་མེད་རྡོ་རྗེ་སྙིང་པོའི་བདག །ཚེ་རིང་རྡོ་རྗེ་ལ་ཕྱག་འཚལ། །ཀུན་བཟང་པདྨའི་བསྟན་པ་ལ། །ཕྱོགས་རིས་མེད་པར་ཁྱབ་གདལ་དུ། །དད་མོས་གུས་པས་ལྷུར་ལེན་པ། །ཀུན་བཟང་ཁྱབ་གདལ་ལ་ཕྱག་འཚལ། །བཀའ་དྲིན་ཐུགས་རྗེ་ཆེན་པོའི་མཛོད། །རྩ་གསུམ་ཀུན་འདུས་འགྲོ་བའི་མགོན། །བླ་མེད་ཐེག་པ་མ་ལུས་འཆང་། །རྩ་བའི་བླ་མ་ལ་ཕྱག་འཚལ། །

༈ ཡང་བརྒྱུད་ཚུལ་གཅིག་ལ་སྣ་ཚོགས་རང་གྲོལ་གྱི་འཕྲོར། ངག་གི་དབང་པོས་རྗེས་སུ་བཟུང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས། །བྱམས་ཆེན་སྙིང་རྗེ་ཆེན་པོའི་བདག །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །ཐོས་བསམ་རྒྱ་མཚོའི་ཕ་རོལ་ཕྱིན། །ཡིད་བཞིན་འཕགས་པའི་ནོར་མཆོག་ལ། །དབང་འབྱོར་དོན་གཉིས་ལྷུན་གྲུབ་པའི། །གཞན་ཕན་རྡོ་རྗེ་ལ་ཕྱག་འཚལ། །ལུང་རྟོགས་ཡོན་༼ཤོ་ལོ་ཀ་འདི་ངག་དབང་བློ་གྲོས་ཀྱིས་ཆད་བསབས་བགྱིས་པ་ལགས་༽ཏན་རྒྱ་མཚོའི་གཏེར། །མཆོག་གཟིགས་གྲུབ་བརྙེས་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་འགྲོ་བ་འདུལ། །ནམ་མཁའ་རྡོ་རྗེ་ལ་ཕྱག་འཚལ། །སྤྲོས་པའི་མཚན་མ་བྲལ་བ་ཡི། །རྣམ་གྲོལ་ཞི་བ་ཆེ་ལ་བཞུགས། །སེམས་ཅན་ཀུན་ལ་བརྩེར་ལྡན་པའི། །འོད་གསལ་ཀློང་ཡངས་ལ་ཕྱག་འཚལ། །སྨིན་ལམ་དབང་བཞིའི་ཆུ་རྒྱུན་གྱིས། །འགྲོ་བའི་སྒྲིབ་བཞི་ཡོངས་སྦྱངས་ནས། །སྐུ་བཞིའི་དབྱིངས་སུ་གྲོལ་མཛད་པ། །བསོད་ནམས་རིན་ཆེན་ལ་ཕྱག་འཚལ། །ལུང་དང་རྟོགས་པའི་འོད་དཀར་ཅན། །ཉོན་མོངས་སྨག་རུམ་འཇོམས་པའི་དགྲ། །བྱང་གྲོལ་ཀུ་མུད་རྒྱས་པའི་གཉེན། །ངག་དབང་པདྨ་ལ་ཕྱག་འཚལ། །ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ། །ཆོས་ཚུལ་སྨིན་གྲོལ་བདུད་རྩིའི་བཅུད། །འཛིན་མཛད་རྡོ་རྗེ་འཛིན་པ་དངོས། །བསོད་ནམས་དབང་པོ་ལ་ཕྱག་འཚལ། །ཆོས་ཀུན་དེ་ཉིད་ཐམས་ཅད་གཟིགས། །སྲིད་པའི་འཆིང་གཅོད་ཤེས་རབ་འབར། །གང་ཐུགས་ཇི་བཞིན་འཇམ་པའི་དབྱངས། །ནམ་(༥)མཁའ་འཇིགས་མེད་ལ་ཕྱག་འཚལ། །རྣམ་མང་ཐོས་པ་རྒྱ་མཚོ་བརྟེན། །རྣམ་དག་ཏིང་འཛིན་ཟབ་མོ་བརྙེས། །རྣམ་མཁྱེན་གོ་འཕང་མངོན་གྱུར་པའི། །ཀློང་རྫོགས་མཐའ་བྲལ་ལ་ཕྱག་འཚལ། །རྫོགས་ཆེན་ཉམས་བཞེས་ཚད་དུ་ཕེབས། །གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་ཅན། །ཁམས་གསུམ་འདྲེན་པ་ཆོས་ཀྱི་རྒྱལ། །པདྨ་རིག་འཛིན་ལ་ཕྱག་འཚལ། །ཉམས་དང་རྟོགས་པ་མཐའ་རུ་ཕྱིན། །གསང་ཆེན་བསྟན་པའི་སྲོག་ཤིང་འཛིན། །རྒྱལ་ཚབ་དམ་པ་ཐུགས་རྗེའི་བདག །ནམ་མཁའི་མཚན་ཅན་ལ་ཕྱག་འཚལ། །སྡོམ་གསུམ་རྣམ་དག་ཉེས་ལྟུང་བྲལ། །ཆོས་རྣམས་མཁྱེན་པའི་སྤྱན་ཡངས་ཤིང་། །དབང་བསྐུར་མན་ངག་སྲོལ་འཛིན་པ། །པདྨ་རྣམ་རྒྱལ་ལ་ཕྱག་འཚལ། །ཡོངས་འཛིན་དུ་མའི་ཞབས་པད་བརྟེན། །ཤེས་རབ་གསུམ་གྱིས་ཉམས་སུ་བླངས། །ཐར་ལམ་སྟོན་པའི་དེད་དཔོན་པ། །དབང་རྒྱལ་རྒྱ་མཚོ་ལ་ཕྱག་འཚལ། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག །ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །བསྟན་པའི་རྒྱལ་མཚན་ལ་ཕྱག་འཚལ། །

༈ སྐུ་གསུམ་གསང་མཛོད་རྒྱ་མཚོ་ཆེའི། །ཡང་བཅུད་སྙིང་ཏིག་ཡིད་བཞིན་ནོར། །གཙུག་འཆང་ལྷ་དབང་རྫོགས་ཆེན་པ། །བསྟན་འཛིན་བཟང་པོ་ལ་ཕྱག་འཚལ། །གང་གི་ཐུགས་བཅུད་བདུད་རྩིའི་གཏེར། །བློ་མཆོག་རིན་ཆེན་བུམ་ནང་དུ། །ཡོངས་གཏམས་འགྲོ་ཀུན་སྨིན་མཛད་པའི། །ཀུན་བཟང་གཞན་ཕན་ལ་ཕྱག་འཚལ། །སྙིང་ཐིག་བརྒྱུད་པའི་ཕྱག་འཚལ་ཁ་སྐོང་དཔའ་བོ་ལས་རབ་རྩལ་གྱིས་མཛད་པ་ལོཤྭ་ལོ་ཀ་རྗེས་མ་གཉིས་གསར་བསྣན་བྱས་པའོ། །ཡང་ན་ཉེ་བརྒྱུད་ཁྱད་པར་བ་ནི་ཀུན་མཁྱེན་སྣ་ཚོགས་རང་གྲོལ་གྱི་འཕྲོར། མཁྱེ༷ན་བཟང་ཀུན་གསལ་ལམ་ཆེན་དུ། །བྱམས་བརྩེའི༷་འོད༷་སྟོང་སྤྲོ་བའི་ཟེར༷། །གདུལ་བྱའི་པད་ཚལ་རྒྱས་པའི་གཉེན། །འཇིགས་མེད་གླིང་པ་ལ་ཕྱག་འཚལ། །གང་གི་ཐུགས་བཅུད་བདུད་རྩིའི་གཏེར། །སོགས་སོ། །

༈ གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་། །དཀྱིལ་འཁོར་ལྷུན་གྲུབ་བྱང་ཆུབ་སེམས། །ཆོས་དང་འཕགས་པའི་ཚོགས་མཆོག་ལ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐུ་གཟུགས་མཆོད་རྟེན་ལ་སོགས་པ། །འགྲོ་བའི་བསོད་ནམས་ཞིང་གི་མཆོག །མ་ལུས་ཇི་སྙེད་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །འཁོར་འདས་ཀུན་གྱི་བྱང་ཆུབ་སེམས། །བླ་མེད་འོད་(༦)གསལ་སྙིང་པོ་ནི། །བདེ་གཤེགས་སྙིང་པོའི་ཁམས་མཆོག་ལ། །ངོ་མཚར་ཆེན་པོས་ཕྱག་འཚལ་ལོ། །ཐར་པའི་ལམ་དུ་ཞུགས་རྣམས་དང་། །དཀོན་མཆོག་སྒྲ་དབྱངས་ཐོས་སོ་འཚལ། །སེམས་ཅན་ཀུན་གྱི་རིགས་ཀུན་ལའང་། །རྣམ་གྲོལ་སླད་དུ་ཕྱག་འཚལ་ལོ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ཡེ་ནས་ལྷུན་མཉམ་སངས་རྒྱས་ཞིང་། །གདོད་ནས་རང་བཞིན་རྣམ་དག་པས། །གཉིས་མེད་ངང་དུ་ཕྱག་འཚལ་ལོ། །དངོས་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པས། །མཆོད་འོས་ཀུན་ལ་མཆོད་པར་བགྱི། །རང་བཞིན་མཉམ་པའི་མཆོད་ཆེན་པོ། །མཁའ་མཉམ་དྲི་མ་མེད་པ་ཡིས། །རྒྱལ་བ་ཀུན་ལ་རབ་མཆོད་ཅིང་། །དགྱེས་མཉམ་བྱང་ཆུབ་མཆོག་ཆེན་མཆོད། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་ཀུན་གྱི་དངོས་རྣམས་ཀྱིས། །འགྲོ་ཀུན་ཡོངས་མཆོད་སེམས་ཅན་ཀུན། །ཡོངས་གྲོལ་ཡེ་ཤེས་མཆོད་པས་མཆོད། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་སུ། །སངས་རྒྱས་སེམས་ཅན་གནས་ཀྱི་བར། །བདག་གི་ཡིད་བཞིན་མཆོད་སྤྲིན་གྱིས། །རྒྱུན་མི་འཆད་པའི་མཆོད་སྤྲིན་ཤོག །ལུས་དང་ངག་ཡིད་སྒྲིབ་པ་ཀུན། །མཆོད་འོས་རྣམས་ཀྱི་སྤྱན་སྔར་བཤགས། །སླན་ཆད་རབ་ཏུ་འགྱོད་སེམས་ཀྱིས། །སྲོག་གི་སླད་དུའང་མི་བགྱིའོ། །ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །སྡོམ་པ་གསུམ་དང་འགལ་གྱུར་པ། །ཐམས་ཅད་རབ་ཏུ་བཤགས་པར་བགྱི། །ལུས་དང་ངག་དང་ཡིད་སྒོ་ནས། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །གསང་བ་གསུམ་དང་འགལ་གྱུར་པ། །ཐམས་ཅད་མ་ལུས་བཤགས་པར་བགྱི། །ཤེས་དང་མི་སྤང་དང་དུ་བླང་། །སྒྲུབ་དང་སྤྱད་པ་ལྔ་ལྔ་སྟེ། །རྩ་བ་ཡན་ལག་ཉམས་ཆགས་ཀུན། །གནོང་འགྱོད་ཆེན་པོས་སོ་སོར་བཤགས། །བདག་ནི་མི་མཁས་གཏི་མུག་པས། །འཁོར་བ་ངན་སོང་རྒྱུར་གྱུར་ཏེ། །ཐར་པར་བསྒྲིབས་པ་གྱུར་ཏོ་འཚལ། །ཐམས་ཅད་བཤགས་ཀྱིས་དག་གྱུར་ཅིག །མཁའ་མཉམ་ཡངས་པ་ཆེན་པོའི་ངང་། །མ་ལུས་རང་བཞིན་རྣམ་དག་པ། །སྤང་བླང་མེད་པའི་བྱང་ཆུབ་མཆོག །ཆོས་ཉིད་དབྱིངས་སུ་རྫོགས་གྱུར་ཅིག །རྒྱལ་བ་ཀུན་དང་སེམས་ཅན་གྱི། །དགེ་བ་ཀུན་ལ་ཡི་རང་ཞིང་། །འགྲོ་ཀུན་བསམ་(༧)པ་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྒྱལ་དང་རྒྱལ་སྲས་བྱང་ཆུབ་སེམས། །འགྲོ་བའི་བླ་མ་མཆོག་ཀུན་གྱིས། །མ་ལུས་སེམས་ཅན་གནས་ཀྱི་བར། །རྣམ་གྲོལ་མཛད་པར་གསོལ་བ་འདེབས། །སྐུ་ཚེ་ལྷུན་པོ་ལྟར་བརྟན་ཞིང་། །རི་དབང་རྒྱལ་པོ་ལྟར་བཞུགས་ནས། །ནམ་མཁའ་མཉམ་པའི་འགྲོ་བ་རྣམས། །སྲིད་ནས་ཞི་བར་དྲང་དུ་གསོལ། །ལས་དང་ཉོན་མོངས་རྒྱ་མཚོ་འདིར། །དབང་མེད་བྱིང་བའི་འགྲོ་བ་རྣམས། །ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་གྱིས། །ཡོངས་སུ་སྒྲོལ་བར་མཛད་དུ་གསོལ། །སྡུག་བསྔལ་ཀུན་འབྱུང་མེ་ཚོགས་ཀྱིས། །ཡོངས་སུ་གདུངས་པ་ཞི་བར་མཛོད། །རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ཡི། །འཕང་ལོ་འདྲ་བ་གཞིག་ཏུ་གསོལ། །ཚུལ་མིན་ཡིད་བྱེད་ཀྱིས་སྤྲུལ་པའི། །སྤྲོས་པའི་བྱ་བ་གཞོམ་པ་དང་། །དོན་མེད་འཇིག་རྟེན་བྱ་བ་ལས། །བདག་གི་ཡིད་ནི་བཟློག་ཏུ་གསོལ། །ཉིན་དང་མཚན་མོ་དུས་ཀུན་ཏུ། །སྡིག་སེམས་ཡིད་ལ་མི་འགྱུ་ཞིང་། །ཐར་པའི་དགེ་ལ་རབ་བརྩོན་པས། །བྱང་ཆུབ་ཐོབ་པར་མཛད་དུ་གསོལ། །རང་གཞན་དོན་གཉིས་ལྷུན་གྲུབ་ཕྱིར། །ཐོས་བསམ་སྒྲུབ་པ་ལྷུར་ལེན་ཅིང་། །ནོར་བདུན་ཡོན་ཏན་ཕུན་ཚོགས་ཏེ། །རྟག་ཏུ་གཞན་ལ་ཕན་བརྩོན་ཤོག །བདག་ནི་དེང་ནས་དུས་ཀུན་ཏུ། །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཏེ། །མཐོང་ཐོས་དྲན་རེག་གྱུར་པ་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག ། འགའ་ཞིག་ཁྲོའམ་དམོད་ཀྱང་རུང་། །དེ་ཡང་བྱང་ཆུབ་རྒྱུར་གྱུར་ཅིག །བདག་ལ་བརྟེན་ནས་གཞན་དག་གི། །སྡིག་ཀུན་ཟད་པ་ཉིད་གྱུར་ཅིག །སེམས་ཅན་མ་ལུས་གནས་ཀྱི་བར། །བདག་གིས་བརྩོན་པས་དོན་བྱེད་ཅིང་། །ཐམས་ཅད་འཁོར་བ་ལས་སྒྲོལ་ནས། །བདག་གིས་བྱང་ཆུབ་ཐོབ་པར་ཤོག །འོད་གསལ་རྡོ་རྗེ་སྙིང་པོའི་ལམ། །སྣང་བ་བཞི་པོ་མཐར་ཕྱིན་ནས། །འཕོ་བ་ཆེན་པོའི་ལུས་བཟུང་སྟེ། །གཞན་དོན་མཐའ་ཡས་སྤྱོད་པར་ཤོག །བདག་ལ་བརྟེན་པའི་འགྲོ་བ་ཀུན། །ཚེ་འདི་ཉིད་དམ་བར་དོའམ། །ཕྱི་མ་སྤྲུལ་སྐུའི་ཞིང་བགྲོད་དེ། །ཐམས་ཅད་གདོད་མར་གྲོལ་བར་ཤོག །བདག་གིས་བརྩོན་པ་མ་ལུས་ཀུན། །སེམས་ཅན་ཀུན་གྱི་དོན་གྱུར་ཏེ། །སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །ཕྱམ་ཅིག་སངས་རྒྱས་འགྲུབ་པར་ཤོག །སྙིང་ཏིག་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།(༨)

ཆོས་ཚུལ་འདི་ནི་དྲི་མེད་འོད་ཟེར་ལ། །སློབ་མ་དམ་པ་གཞོན་ནུ་སངས་རྒྱས་ཀྱིས། །བསྐུལ་བའི་ངོར་བརྟེན་པདྨའི་དབེན་གནས་མཆོག །ལྷ་རིང་བྲག་ཏུ་ལེགས་པར་བཀོད་པ་ཡིན། །དགེའོ། ། ༼ཐོག་མར་དགེ་བ།༽ དགེའོ། ། ༼བར་དུ་དགེ་བ།༽ དགེའོ། ། ༼ཐ་མར་དགེའོ། །ཅེས་ཀུན་ལ་འདྲེས་པའི་དོན་ཡིན་ནོ།། །།༽

བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས།

༄༅། །བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས་བཞུགས་སོ། །

༄༅། །ཨཱ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་བྱུང་སེམས་ཉིད་འོད་གསལ་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་གསལ་ཡེ་ཤེས་སྒྲོན་མེ་འོད་པོ་ཆེ། །ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །བདེ་ཆེན་རྒྱལ་པོ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མི་འགྱུར་ལྷུན་གྲུབ་བདེ་ཆེན་འོག་མིན་དུ། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསང་སྔགས་རྒྱལ་པོ་ཚེ་གཅིག་སངས་རྒྱས་ལམ། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྡོས་བཅས་ཕུང་པོ་ཡེ་ཤེས་འོད་ལུས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོ་ལས། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །བློ་མཆོག་མངའ་བ་ཤྲཱ྇་སིངྷ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཚུལ་རྒྱ་མཚོ་གསུང་རབ་ནོར་བུའི་གླིང་། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་སྤྲིན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་(༩)རློབས། །མཁས་གྲུབ་ཆེན་པོ་བི་མ་མི་ཏྲ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མངོན་སུམ་འོད་གསལ་སྣང་བ་རྣམ་པ་བཞི། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་རློབས། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བགེགས་དང་ལོག་འདྲེན་བར་ཆད་མ་ལུས་པ། །ད་ཉིད་དུ་ཞི་བར་བྱིན་གྱིས༴། །སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་ལ། །གསོལ་བ་འདེབས་སོ༴། །ཉིན་མཚན་གཉིས་མེད་འོད་གསལ་ཆེན་པོའི་ངང་། །ད་ལྟ་ཉིད་དུ་འབྱོངས་པར་བྱིན༴། །ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཁྲི་སྲོང་ལ། །གསོལ་བ༴། །འཕགས་པའི་ནོར་བདུན་ཡོན་ཏན་རྒྱལ་སྲིད་མཆོག །ད་ལྟ་ཉིད་དུ་ཐོབ་པར༴། །ཐར་གླིང་སྣང་བྱེད་ལྡང་མ་ལྷུན་རྒྱལ་ལ། །གསོལ་བ༴། །འགྲོ་ཀུན་ཕྱམ་ཅིག་བྱང་ཆུབ་སྙིང་པོའི་སར། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴། །འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །གསོལ་བ༴། །འཁྲུལ་སྣང་རང་ཟད་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་འཇུག་པར༴། །ལྷུན་གྲུབ་རྒྱལ་པོ་རྒྱལ་བ་ཞང་སྟོན་ལ། །གསོལ་བ༴། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས༴། །གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་ལ། །གསོལ་བ༴། །ཡེ་ཤེས་ཉི་མས་མ་རིག་མུན་པའི་ཚོགས། །ད་ལྟ་ཉིད་དུ་སངས་པར་བྱིན༴། །དམ་ཆོས་རྒྱས་མཛད་གུ་རུ་ཇོ་འབེར་ལ། །གསོལ་བ༴། །གཞན་དོན་རྫོགས་པའི་ཕྲིན་ལས་རླབས་པོ་ཆེ། །ད་ལྟ་ཉིད་དུ་འགྲུབ་པར་བྱིན༴། །གཟུང་འཛིན་འཁྲུལ་ཞིག་སེང་གེ་རྒྱབ་པ་ལ། །གསོལ་བ༴། །འཁོར་བའི་འཁྲུལ་སྣང་ཚེ་འདིའི་ཞེན་པ་ཀུན། །ད་ལྟ་ཉིད་དུ་ཟད་པར༴། །དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་ལ། །གསོལ་བ༴། །དོན་གཉིས་ལྷུན་གྲུབ་འོད་གསལ་ཆོས་ཉིད་ངང་། །ད་ལྟ་ཉིད་དུ་ཕྱིན་པར༴། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་ལ། །གསོལ་བ༴། །རྟོགས་པའི་འོད་འབར་ཐུགས་རྗེའི་སྤྲིན་ཕུང་མཆོག །ད་ལྟ་ཉིད་དུ་འཆར་བར༴། །འོད་གསལ་སྒྱུ་མ་སྣ་ཚོགས་རང་གྲོལ་ལ། །གསོལ་བ༴། །སྣང་སྲིད་སྣོད་བཅུད་རྨི་ལམ་སྒྱུ་མ་རུ། །ད་ལྟ་ཉིད་དུ་འབྱོངས་པར༴། །བརྒྱུད་པའི་ཁ་བསྐང་ནི། མཁས་གྲུབ་ཆེན་པོ་བདེ་ལེགས་རྒྱ་མཚོ་ལ། །གསོལ་བ༴། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་(༡༠)འདི། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས༴། །མཁའ་འགྲོའི་དབང་ཕྱུག་བྱ་བྲལ་ཆོས་རྗེ་ལ། །གསོལ་བ་འདེབས་སོ༴། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་འདི། །ད་ལྟ་ཉིད་དུ་རྒྱས་པར༴། །བྱ་བཏང་ཆེན་པོ་སངས་རྒྱས་བཀྲ་ཤིས་ལ། །གསོལ་བ༴། །སྙིང་པོ་མེད་པ་ཚེ་འདིའི་བྱ་བ་ཀུན། །ད་ལྟ་ཉིད་དུ་ཐོང་བར༴། །ཀུན་སྤངས་ཆེན་པོ་གུ་ཎ་ཤྲཱི་ལ། །གསོལ་བ༴། །འཁོར་འདས་ཆོས་ཀུན་ཐིག་ལེ་ཉག་གཅིག་ཏུ། །ད་ལྟ་ཉིད་དུ་རྟོགས་པར༴། །འགྲོ་བའི་མགོན་པོ་སངས་རྒྱས་རྒྱལ་མཚན་ལ། །གསོལ་བ༴། །དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་སྐུའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན༴། །འདི་ཡན་ཆད་པདྨ་ནོར་བུའི་ཕྱག་དཔེ་ལ་འདུག་པས་བྲིས་སོ། །བི་མའི་རྣམ་སྤྲུལ་སངས་རྒྱས་རྒྱལ་མཚན་ལ། །གསོལ་བ༴། །ཆོས་ཀུན་མཉམ་ཉིད་འོད་གསལ་ཀློང་ཡངས་སུ། །ད་ལྟ་ཉིད་དུ་གྲོལ་བར༴། །རིག་འཛིན་ཆེན་པོ་ཀུན་དགའ་དཔལ་བཟང་ལ། །གསོལ་བ༴། །གཟུང་འཛིན་འཁྲུལ་རྟོག་གདོད་མའི་མཁའ་དབྱིངས་སུ། །ད་ལྟ་ཉིད་དུ་དག་པར༴། །རྒྱལ་བ་ཀུན་འདུས་རྗེ་བཙུན་རཏྣ་ལ། །གསོལ་བ༴། །སྣང་བཞི་མཐར་ཕྱིན་ཡེ་ཤེས་འོད་ཀྱི་ལུས། །ད་ལྟ་ཉིད་དུ་འགྲུབ་པར་བྱིན༴། །སྐུ་གསུམ་མངོན་གྱུར་པྲཛྙཱའི་མཚན་ཅན་ལ། །གསོལ་བ་འདེབས་སོ༴། །དོན་དམ་གཤིས་ལུགས་དབྱིངས་ཀྱི་ཡོན་ཏན་དེ། །ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །

༈ བརྒྱུད་པའི་ཁྱད་པར་གཅིག་ནི། རྗེ་བཙུན་ཆེན་པོ་བྱ་བྲལ་ཆོས་རྗེ་ལ། །གསོལ་བ༴། །སྒོ་གསུམ་བྱ་བྲལ་ཀ་དག་ཕོ་བྲང་དུ། །ད་ལྟ་ཉིད་དུ་ཕྱིན་པར༴། །འགྲོ་བ་སྐྱོབ་མཛད་གཞན་ཕན་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴། །འགྲོ་དྲུག་འཁོར་བའི་གཡང་ས་ཆེན་པོ་ལས། །ད་ལྟ་ཉིད་དུ་ཐར་བར༴། །མཐུ་སྟོབས་མངའ་བདག་ནམ་མཁའ་རྡོ་རྗེ་ལ། །གསོལ་བ༴། །ལས་ཉོན་གཟུང་འཛིན་འཁོར་བའི་འཁྲུལ་སྣང་ཀུན། །ད་ལྟ་ཉིད་དུ་ཞིག་པར༴། །ཆོས་ཉིད་མངོན་གྱུར་འོད་གསལ་ཀློང་ཡངས་ལ། །གསོལ་བ་འདེབས་སོ༴། །གཉིས་སུ་འཛིན་པའི་བག་ཆགས་ཡུལ་སྣང་ལས། །ད་ལྟ་ཉིད་དུ་གྲོལ་བར༴། །རྫོགས་ཆེན་རྣལ་འབྱོར་བསོད་ནམས་རིན་ཆེན་ལ། །གསོལ་བ༴། །བློ་དང་ཆོས་ཟད་རྫོགས་པ་ཆེན་པོ་ལ། །ད་ལྟ་ཉིད་དུ་རྟོགས་པར༴། །བྱ་ཁྱུང་ངག་དབང་པདྨ་རྣམ་རྒྱལ་ལ། །གསོལ་བ༴། །ཀུན་ཏུ་བཟང་པོ་མ་བཅོས་དགོངས་པའི་ཀློང་། །ད་ལྟ་ཉིད་དུ་རྟོགས་པར༴། །ཐུགས་རྗེའི་མངའ་བདག་བསོད་ནམས་དབང་པོ་ལ། །གསོལ་བ༴། །སྨིན་གྲོལ་རྣམ་གཉིས་(༡༡)མཐར་ཕྱིན་དགོངས་པ་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས༴། །བི་མའི་རྣམ་འཕྲུལ་ནམ་མཁའ་འཇིགས་མེད་ལ། །གསོལ་བ་འདེབས་སོ༴། །འོད་གསལ་ཐེག་མཆོག་རྡོ་རྗེ་སྙིང་པོའི་ཀློང་། །ད་ལྟ་ཉིད་དུ་རྡོལ་བར༴། །མཁས་གྲུབ་མཐར་ཕྱིན་ཀློང་རྫོགས་མཐའ་བྲལ་ལ། །གསོལ་བ༴། །ཆོས་ཉིད་ཀློང་གིས་ཕྲིན་ལས་རབ་འབྱམས་ཀུན། །ད་ལྟ་ཉིད་དུ་གྲུབ་པར༴། །

གྲུབ་ཐོབ་ཆེན་པོ་པདྨ་རིག་འཛིན་ལ། །གསོལ་བ༴། །འོད་གསལ་ལྷུན་གྲུབ་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། །འདི་ཡན་ཆད་ཉི་མ་གྲགས་པས་མཛད།

༈ བསམ་གཏན་མཁན་པོ་ནམ་མཁའ་འོད་གསལ་ལ། །གསོལ་བ༴། །བག་ཆགས་བཅས་པའི་སྒྲིབ་གཉིས་མུན་པའི་ཚོགས། །ད་ལྟ་ཉིད་དུ་སངས་པར་བྱིན༴། །མཁས་གྲུབ་ཆེན་པོ་པདྨ་རྣམ་རྒྱལ་ལ། །གསོལ་བ༴། །སྡེ་གསུམ་ཀློང་དགུ་མན་ངག་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར༴། །བཤེས་གཉེན་དམ་པ་སྐལ་བཟང་མཚན་ཅན་ལ། །གསོལ་བ༴། །འགྲོ་ཀུན་ཡང་དག་ཐར་པའི་གླིང་མཆོག་དེར། །ད་ལྟ་ཉིད་དུ་འདྲེན་པར༴། །རྡོ་རྗེ་འཛིན་པ་བསྟན་པའི་རྒྱལ་མཚན་ལ། །གསོལ་བ། །འཆིང་གྲོལ་མེད་པ་ཆོས་ཉིད་ཟབ་མོའི་དོན། །ད་ལྟ་ཉིད་དུ་འབྱོར་བར་བྱིན་གྱིས་རློབས། །ཚིགས་བཅད་གསུམ་ཉི་སྤྲུལ་རིན་པོ་ཆེས་མཛད།

༈ རྒྱལ་ཀུན་སྤྱི་གཟུགས་ངེས་དོན་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴། །ཟབ་གསལ་གཉིས་མེད་མཁའ་ཁྱབ་ཡེ་ཤེས་དབྱིངས། །ད་ལྟ་ཉིད་དུ་རྟོགས་པར༴། །རིགས་བརྒྱའི་ཁྱབ་བདག་ཀུན་བཟང་གཞན་ཕན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཞོམ་གཞིག་དང་བྲལ་འཇའ་ལུས་འཕོ་བ་ཆེ། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །ཤླཽ་ཀ་གཉིས་ངག་དབང་བློ་གྲོས་ཀྱིས་ཁ་བསྐང་བགྱིས་པ་ཡིན།

༈ གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས་རྣམས་དང་། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་ཁྱེད་ཀྱིས་ཐུགས་རྗེའི་ཕྱག་རྐྱོང་ལ། །ད་ལྟ་ཉིད་དུ་དྲང་བར་མཛད་དུ་གསོལ། །ངང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །མ་རིག་དབང་གིས་སྲིད་པ་འདིར་འཁྱམས་ཏེ། །རྨི་ལམ་ལྟ་བུའི་འཁྲུལ་འཁོར་ཉམ་(༡༢)རེ་ཐག །འདི་ལ་སྐྱབས་དང་སྐྱོབ་པ་མཛད་དུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །འཁོར་བའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བར། །ཡེ་ཤེས་གྲུ་ཆེན་བླ་ན་མེད་པ་ཡིས། །སྡུག་བསྔལ་ཆུ་བོ་སྒྲོལ་བར་མཛད་དུ་གསོལ། །ཡུན་རིན་དུས་ནས་གོམས་པའི་བག་ཆགས་གཟུགས། །འཁྲུལ་སྣང་གཟུང་འཛིན་རི་རྒྱལ་ལྷུན་མཐོ་བ། །རྣམ་གྲོལ་མཆོག་གི་ཡེ་ཤེས་རྡོ་རྗེ་ཡིས། །ད་ལྟ་ཉིད་དུ་གཞིག་པར་མཛད་དུ༴། །མ་རིག་མུན་པ་ཤིན་ཏུ་འཐིབས་པོ་ཆེ། །རྒྱུན་རིང་བརྟག་དཀའ་ཕ་མཐའ་མི་མངོན་ཞིང་། །འོད་གསལ་སྙིང་པོའི་སྒྲིབ་པ་རླབས་ཆེན་འདི། །ཡེ་ཤེས་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ཇི་ཙམ་འབད་ཀྱང་ཉོན་མོངས་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་ལས། བདག་གི་ཡིད་འདི་རབ་ཏུ་ཟློག་ནས་ཀྱང་། །ཉིན་མཚན་ཆོས་ཀྱིས་འདའ་བར༴། །ཚུལ་མིན་ཡིད་བྱེད་ཆུ་རླབས་གཉེར་འདྲ་ཞིང་། །ཀུན་རྟོག་སྣ་ཚོགས་ཡུལ་ལྔའི་རྗེས་སུ་འབྲང་། །ཚོགས་བརྒྱད་བག་ཆགས་ཀུན་གཞི་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་ཞི་བར༴། །རྟོག་བཅས་བག་ཆགས་འདོད་པའི་སེམས་ཉོན་མོངས། །གསལ་བ་གཟུགས་དང་མི་རྟོག་གཟུགས་མེད་ཀྱི། །སྲིད་པའི་སེམས་གང་བག་ཆགས་རྗེས་འབྲངས་པ། །དེ་དག་ཐམས་ཅད་དག་པར་མཛད་དུ༴། །རང་དོན་སྒོམ་པ་ལྷུར་ལེན་དམན་པའི་བློས། །གཅིག་པུར་ཞི་བ་གཉེར་ལས་ལྡོག་ནས་ཀྱང་། །ཕྱི་ནང་གསང་བའི་ཆོས་མཆོག་ལམ་ཞུགས་ཏེ། །རླབས་ཆེན་གཞན་དོན་འགྲུབ་པར༴། །ལམ་གོལ་ལམ་ལོག་དམན་པའི་འགྲོ་ཀུན་གྱི། །ལས་དང་ཉོན་མོངས་བག་ཆགས་རབ་སྦྱངས་ཏེ། །སེམས་ཉིད་ཡིད་བཞིན་ཐར་པའི་གྲོང་ཁྱེར་དུ། །མ་ལུས་ཕྱམ་ཅིག་བགྲོད་པར༴། །སྒྲིབ་པའི་རྒྱ་མཚོ་ཤིན་ཏུ་རྙོག་པ་ཅན། །དུས་རིང་ཐོག་མཐའ་མེད་ནས་ཉེར་གནས་ཀྱང་། །བདག་ཅག་མཐུ་ཡིས་ཐར་པའི་སྐབས་མེད་པས། །བརྩེ་ཆེན་ཁྱེད་ཀྱིས་དྲང་བར༴། །ཤུགས་དྲག་བཟོད་པར་དཀའ་བའི་སེམས་ཉོན་མོངས། །སྡུག་བསྔལ་མང་ལྡན་སྲིད་པའི་ཟུག་རྔུ་ལྡང་། །བག་མེད་གཞན་དབང་ལེ་ལོའི་འཇིགས་པ་ལས། །དེ་རིང་ཉིད་ནས་ངེས་པར་བསྐྱབ་ཏུ༴། །སྙིང་ནས་སྙིང་པོ་མེད་པའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྒྱུ་མའི་བསླུ་བྲིད་དུ། །ངེས་པར་རྟོགས་ནས་ངེས་འབྱུང་སྐྱོ་ཤས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་མཛད༴། །(༡༣)འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་ཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆག་མེད་པ་དང་། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་ཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཚུལ་འདི་བླ་མ་དམ་པ་རྣམས་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། རང་བྱུང་པདྨའི་བཞུགས་གནས་ལྷ་རིང་བྲག་ཏུ་སྦྱར་ནས་གསོལ་བ་བཏབ་པའོ།། །།

ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། །།

མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས།

༄༅། །མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས་བཞུགས་སོ། །

༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྐུ་གསུམ་གྱི་ཞིང་ཁམས་མཎྜལ་དུ་འབུལ་བའི་རིམ་པ་ལ་གསུམ་ལས། དང་པོ་སྤྲུལ་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། རྒྱས་པར་བྱེད་ན་ཚོམ་བུ་བཞི་བཅུ་རྩ་གཅིག །འབྲིང་ལ་ཉི་ཤུ་རྩ་གསུམ། བསྡུས་པ་ལ་དབུས་དང་ཕྱོགས་མཚམས་བརྒྱད་དེ་དགུ་བཀོད་ལ། ནམ་མཁར་བླ་མ་དང་ཡི་དམ་མཁའ་འགྲོ་དམ་ཅན་སྲུང་མ་ཐམས་ཅད་བསམ་ལ། གདངས་སྙན་པོས་མགྲིན་གཅིག་ཏུ། ཨཱ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། (༡༤)ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག ཡིད་དུ་འོང་བའི་འདོད་ཡོན། ཤིན་ཏུ་མཛེས་པའི་ལྷ་མོ། ཉི་མ་ཟླ་བ། དབུས་སུ་ལྷ་དང་མིའི་འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔ་གང་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་འབྱམས་ཀླས་པ། ཚངས་ཆེན་གྱི་བསྐལ་པ་ཆེན་པོ། ལེགས་པར་བརྒྱན་པ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་ལོ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་བརྗོད་དོ། །

གཉིས་པ་ལོངས་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། རྒྱས་པ་ལ་ཚོམ་བུ་ཉི་ཤུ་རྩ་བཞི། འབྲིང་ལ་བཅུ་གསུམ། བསྡུས་པ་ལ་བདུན་བཀོད་དེ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་དམིགས་ལ། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སྲུང་མ་དང་བཅས་པ་བསམས་ཏེ་མགྲིན་གཅིག་ཏུ། ཨཱ་ཨཱཿཧཱུྃ། འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན། ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་ཆེན་པོ་(༡༥)སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ་ལ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན། གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག རྩིག་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ། ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད། རྡོ་ཀརྨ་ཤིརྵའི་མདའ་ཡབ། རིན་པོ་ཆེའི་དྲྭ་མིག སེང་མའི་པུ་ཤུ། རབ་ཏུ་མཐོ་བའི་ཕྱུར་བུ། འདོད་ཡོན་གྱི་སྣམ་བུ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། སིལ་སྙན་མ། མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས། ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བཀོད་པའི་གནས། ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ། ཡེ་ཤེས་རིན་པོ་ཆེའི་སྤྲིན་གྱི་དྲྭ་བས་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ་ལོ། །བདེ་ཆེན་གནས་ནི་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་རྣམ་ལྔའི་རྩིག་པས་བརྒྱན། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་གསུམ་གྱིས་དབུལ་ལོ། །

གསུམ་པ་ཆོས་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། རྒྱས་པ་ལ་ཚོམ་བུ་ཉི་ཤུ་རྩ་ལྔ། འབྲིང་ལ་ལྔ། བསྡུས་པ་ལ་གསུམ་བཀོད་ནས། རང་སྣང་འོད་གསལ་གྱི་ཞིང་ཁམས་ཡེ་ཤེས་གསལ་བཏབ་ལ། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མའི་ཚོགས་ལ་ཆོས་ཉིད་དོན་དམ་གྱི་མཎྜལ་འབུལ་བ་ནི། མགྲིན་གཅིག་ཏུ། ཨཱ་ཨཱཿཧཱུྃ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས། གདོད་མ་ནས་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། ཉི་ཟླ་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ། འཁོར་བ་དང་(༡༦)མྱ་ངན་ལས་འདས་པ་གང་དུའང་མ་ཕྱེ་མི་འབྱེད། འབྱེད་པ་མེད་པའི་རང་བཞིན་སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་བ། འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགོངས་ཀློང་རྣམ་པར་དག་པའི་ངང་དུ་ཡེ་ཤེས་ཀྱི་མཆོད་པ་དམ་པར་འབུལ་ལོ། །གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། །སྣ་ཚོགས་མི་དམིགས་སྤྲོས་ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང་། །སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་གསུམ་བརྗོད་དོ། །ཚུལ་འདི་གངས་རི་ཐོད་དཀར་དུ། །སྒོ་གསུམ་གུས་པས་གསོལ་བཏབ་ནས། །བླ་མ་མཁའ་འགྲོའི་བྱིན་རླབས་ལས། །དྲི་མེད་འོད་ཟེར་ཞེས་བྱས་བཀོད། །དགེ་བས་འགྲོ་ཀུན་གདོད་མའི་གནས། །བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།

སྐུ་གསུང་ཐུགས་ཀྱི་མཎྜལ།

༄༅། །སྐུ་གསུང་ཐུགས་ཀྱི་མཎྜལ་བཞུགས་སོ། །

༄༅། །ཧོ་ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་རིག་འཛིན་མཁའ་འགྲོར་བཅས། །འདིར་གཤེགས་བདག་ལ་དགོངས་(༡༧)ཤིང་བཞུགས་སུ་གསོལ། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ད་ལྟ་མངོན་བཞུགས་བླ་མས་བྱིན་གྱིས་རློབས། །ཨཱ་བཛྲ་ས་མ་ཡ་ཛ་ཛཿ། བཛྲ་ས་མ་ཡ་སྟྭཾ། རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུ། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ཨཱ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། ཨཱ་ཧཱུྃ་ཧྲཱི་ཧྲཱི་ཨ། ཀ་ཡ་བྷི་ཤོ་དྷ་ན་ཡེ་ཧཱུྃ། བཛྲ་ཝསྟྲ་ཡ་ཨ་ལང་ཀ་ར་ཡེ་སྭཱ་ཧཱ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ཨ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏྱེ། ཤཔྟ་པཱུ་ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི། །འགལ་འཁྲུལ་ཉམས་ཆག་དུས་འདིར་བསྐང་གྱུར་ཅིག །ས་མ་ཡེ་ཧཱུྃ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨཱ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སིདྡྷི་ཕ་ལ་ཧོ།

དེ་ནས་སྐུ་གསུམ་གྱི་ཞིང་ཁམས་སོ་སོར་གསལ་བཏབ་ནས། མཎྜལ་དང་པོ་ལ་ཚོམ་བུ་བཅོ་ལྔ་སྟེ། བར་པ་ལ་དགུ། ཐ་མ་ལ་ལྔ་བཀོད་ལ། དམིགས་པས་འབུལ་བ་ནི། ཨཱ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག །ཡིད་དུ་འོང་བའི་འདོད་ཡོན་ཤིན་ཏུ་མཛེས་པའི་ལྷ་མོ། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་འདོད་ཡོན་མ་ཚང་བ་(༡༨)མེད་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔ་གངས་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་མཐའ་ཀླས་པ་ཚངས་ཆེན་གྱི་བསྐལ་པ་ཆེན་པོས་ལེགས་པར་བརྒྱན་པ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་ལོ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་བརྗོད་དོ། །

གཉིས་པ་ལོངས་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། ཨཱ་ཨཱཿཧཱུྃ། འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན། ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་ཆེན་པོ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ་ལ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན། གསེར་གྱི་དྲིལ་བུ་གཡེལ་ཁའི་ཕྲེང་བ། རྡོ་རྗེ་དང་ནོར་བུ། རིན་པོ་ཆེའི་ཏོག །རྩིག་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ། ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད། རྡོ་ཀརྨ་ཤེཪྵའི་མདའ་ཡབ། རིན་པོ་ཆེའི་དྲྭ་མིག །སེང་མའི་པུ་ཤུ། རབ་ཏུ་མཐོ་བའི་ཕྱུར་བུ། འདོད་ཡོན་གྱི་སྣམ་བུ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། སིལ་སྙན་མ། མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས། ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བརྒྱན་ཏེ། བཀོད་(༡༩)པའི་གནས་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ། ཡེ་ཤེས་རིན་པོ་ཆེ་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པ་འདི་ཉིད་ནི། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ། རྟག་པར་རྒྱུན་གྱི་འཁོར་ལོར་འབུལ་ལོ། །བདེ་ཆེན་གནས་ནི་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་རྣམ་ལྔའི་རྩིག་པས་བརྒྱན། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་གྱིས་དབུལ་ལོ། །

གསུམ་པ་ཆོས་སྐུའི་ཞིང་ཁམས་མཎྜལ་དུ་འབུལ་བ་ནི། ཨཱ་ཨཱཿཧཱུྃ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གདོད་མ་ནས་ངོ་བོ་ཉིད་ཀྱི་རྣམ་པར་དག་ཅིང་། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། ཉི་ཟླ་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ། འཁོར་བ་དང་མྱ་ངན་ལས་འདས་པ། གང་དུ་ཡང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པའི་རང་བཞིན། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ། དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་བ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགོངས་ཀློང་རྣམ་པར་དག་པའི་ངང་དུ། ཡེ་ཤེས་ཀྱི་མཆོད་པ་དམ་པར་འབུལ་ལོ། །གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། །སྣ་ཚོགས་མི་དམིགས་སྤྲོས་(༢༠)ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང་། །སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་པ་ལན་གསུམ་བརྗོད་དོ། །ཞེས་སྐུ་གསུམ་གྱི་ཞིང་ཁམས་མཎྜལ་དུ་དམིགས་ནས་ལན་གསུམ་འབུལ་ལོ། །དགེའོ། །དགེའོ། །དགེའོ།། །།

སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲྭ་བ།

༄༅། །སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲྭ་བ་བཞུགས་སོ། །

༄༅། །ཆོས་སྐུའི་མཁའ་ལ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་སྐུའི་ཟེར་གྱིས་འགྲོ་བློའི་མུན་པ་སེལ། །གདོད་མའི་མགོན་པོ་རིགས་ལྔ་བརྒྱུད་པར་བཅས། །བདག་བློའི་གཙུག་ན་ཡིད་བཞིན་ལྷུན་གྲུབ་མཛོད། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རྡོ་རྗེའི་དོན། །མངོན་སུམ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། །སྨིན་བྱེད་དབང་བཞིའི་དང་པོ་གང་ཡིན་པ། །སྤྲོས་བཅས་ཆོ་གའི་རིམ་པ་གསལ་བར་བྱ། །འདི་ལ་གསུམ་སྟེ། ཆོ་ག་ལ་འཇུག་པའི་གང་ཟག་གི་མཚན་ཉིད། སྔོན་འགྲོ་ལེགས་པར་བཤམ་པ། དངོས་གཞི་དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད་ནི་གསུམ་དང་ལྡན་པ་སྟེ། མདོ་རྒྱུད་(༢)ཀྱི་དོན་ལ་མཁས་པ། མངོན་སུམ་གྱི་གནད་ལ་གོམས་པ། རང་རྒྱུད་སྨིན་ནས་གཞན་རྒྱུད་གྲོལ་བའི་ནུས་པ་ཡོད་པའོ། །བསྟན་བྱ་སློབ་མའི་མཚན་ཉིད་ནི་བཞི་སྟེ། མངོན་སུམ་སྙིང་པོའི་དོན་སྟོན་པའི་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ། དད་པའི་ཞིང་ས་བཟང་བས། མི་དགེ་བའི་ཕྱོགས་དུག་སྦྲུལ་ལྟར་སྤང་བ། འཁྲུལ་པའི་དོན་རིག་པས་ཡང་དག་པའི་གདམས་པ་ཞུ་བ་ལ་འཇིག་རྟེན་གྱི་ནོར་རྫས་གཏོང་ཕོད་ཆེ་བ། ལུས་དང་སྲོག་ལའང་མི་ཕངས་པར་བླ་མ་ལ་གཏོང་ཕོད་ཅིང་སྲིད་ཞུ་དང་མོས་གུས་ཆེ་བའོ། །དོན་གཉིས་པ་བཤམ་པ་ནི། མཎྜལ་གྲུ་བཞི་འདོམ་གང་མེ་ལོང་ལྟར་སྙོམས་པ་ལ་བའི་རྣམ་ལྔ་དང་དྲིས་བྱུགས་པའི་སྟེང་དུ་ཐིག་ཚོན་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། ཚངས་ཟུར་ནས་སྒོ་རྐྱང་གི་ཐིག་རྫོགས་པར་བཏབ་པའི་དབུས་སུ་འོད་ཟླུམ་མཐིང་ཁ་ལ་པདྨ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་མཚམས་བཞིར་མཛེས་ཚོན་དུ་སྤེལ་ཞིང་། ལྷ་སྣམ་གྱི་གྲུ་ཆད་དང་། སྒོ་གྲུ་རྟ་བབས་ཞིང་ཁམས་དང་བཅས་པའི་མཐར། ཉི་གདན་རྡོ་རྗེའི་ར་བ། འོད་ཟེར་ལྔའི་ཕྲེང་བས་བསྐོར་བ་བྲིས་པའི་དབུས་དང་ཕྱོགས་བཞིར་རིན་པོ་ཆེའི་བུམ་པ་རིགས་ལྔའི་ཁ་དོག་ཅན། སོ་སོའི་ས་བོན་ཨཱ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པར་བྲིས་ལ། ཁ་རྒྱན་མགུལ་ཆིངས་དང་བཅས་པ་དགོད། ནང་དུ་རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། སྤོས་ལྔ། ཆུ་གཙང་འོ་མ་དང་བཅས་པ། དཀར་གསུམ་མངར་གསུམ་གྱིས་བྲན་པས་དགང་ཞིང་། ཁ་རྒྱན་གསེབ་ཏུ་མདའ་ལྔ། མེ་ལོང་ལྔ། ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་ལྔ་དང་བཅས་པ་དགོད་ཅིང་། གསང་དབང་གི་རྫས་ཐོད་པ་བདུད་རྩིས་གང་བ་ཡང་བཞག །སྒོ་བཞིར་ཕུར་པ་བཞི། མཚམས་བཞིར་རལ་གྲི་བཞི་གཟུགས། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། གཏོར་མ་དང་ཚོགས་རྒྱ་ཆེར་བཤམས་ཤིང་། དབང་གསུམ་པའི་རྟེན་མཚན་དང་ལྡན་པ་ཡང་བཞག །བླ་བྲེ་དང་ཐང་ཀ་ལ་སོགས་པས་བརྒྱན་པར་བྱའོ། །དོན་གསུམ་པ་དངོས་གཞི་དབང་བསྐུར་བ་ལ་(༣)གསུམ་སྟེ། བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབས་པ། སློབ་མ་འཇུག་པ། དབང་བསྐུར་བའོ། །

དང་པོ་ནི། གསང་སྔགས་འོག་མ་ལྟར་བསྐྱེད་རྫོགས་དུ་མའི་སྤྲོས་པ་མེད་ཀྱང་ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པར་གསལ་འདེབས་པ་ཙམ་ཞིག་སྐད་ཅིག་གིས་བྱ་སྟེ། བདག་ཉིད་གཞིའི་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་པར་སྦྱོར་བའི་ཕྱག་གཉིས་མཉམ་གཞག་ཞབས་གཉིས་སྐྱིལ་ཀྲུང་། འོད་ཟེར་མུ་མེད་པར་འཕྲོ་བར་བསམས་ལ། ཨ་བརྒྱ་རྩ་བརྒྱད་བཟླས་ནས། མདུན་གྱི་མཎྜལ་རིགས་ལྔའི་དལ་དུ་སྐད་ཅིག་གིས་བསྐྱེད་ནས། ཨཱ་ཨཱཿཧཱུྃ་སྭཱ་ཧཱས་རྒྱས་གདབ་ནས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་དང་གཞལ་ཡས་ཁང་། ལྷ་དང་ལྷ་མོས་གང་བ་ལ་དམ་རྫས་འདོད་ཡོན་གྱི་རྒྱན་དུ། ཨཱ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབ་པོ། །ཚུལ་འདི་ནི་རྫོགས་པ་རང་བྱུང་གི་རྒྱུད་ནས་གསལ་བར་གསུངས་པ་ཡིན་ནོ། །

གཉིས་པ་ལ་བཅུ་གཅིག་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་བའི་རྗེས་ལ། ཐལ་མོ་སྦྱར་ཏེ་སློབ་མས། ཨེ་མ་ཧོ། སྐྱེས་ཆེན་འགྲོ་མཆོག་བླ་མ་རྗེ། །བདག་ནི་ལས་ཅན་ཤེས་རབ་བུ། །གསང་ཆེན་ངེས་པའི་ལུང་འདི་ལ། །གཏད་པས་བདག་ནི་གཟུང་དུ་གསོལ། །ཅེས་པ་གསུམ་བརྗོད་དོ། །གཉིས་པ་གནང་བ་སྦྱིན་པ་ནི། བླ་མས། ཨེ་མ་སྐལ་ལྡན་ཤེས་རབ་བུ། །མཆོག་ཏུ་གསང་བའི་ཐེག་པ་འདིར། །རྡོ་རྗེ་འཛིན་པ་བདག་གི་ལུང་། །ཞུགས་ནས་འབྲས་བུར་ངེས་ཐོབ་འགྱུར། །བདག་ཉིད་ཆེན་པོ་ཁྱེད་ཅག་གིས། །བློ་ཡི་ཐེ་ཚོམ་རབ་བསལ་ནས། །ནོར་བུའི་ཡོན་ཏན་མཐོང་བ་བཞིན། །བདག་ལ་བླ་མར་སྤྲོ་ལགས་སམ། །ཞེས་དྲིས་པའི་ལན་དུ། སློབ་མས་སྤྲོ་ལགས་ཞེས་བརྗོད་དོ། །

གསུམ་པ་སྐྱབས་འགྲོ་བྱ་བ་ནི། བླ་མས། རླུང་ལྔ་རྣམ་དག་དྭངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་གསུམ་བརྗོད་ནས། སྐལ་ལྡན་རང་གི་ལུས་ཀྱི་འཁོར་ལོ་བཞིའི་རྩ་འདབ་དགེ་འདུན། ཐིག་ལེ་ཆོས། རླུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ནི། ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་རང་ངོ་ཤེས་ནས་བསྒོམ་སྙམ་དུ། དོན་དམ་པའི་སྐྱབས་འགྲོ་གྱིས་ཤིག །ཅེས་བཤད་དོ། །

བཞི་པ་སེམས་བསྐྱེད་པ་ལ་གཉིས་ལས། སྨོན་པ་ནི། ཨེ་མ་ཧོ། མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་(༤)མའི་དྲིན་གྱིས་རྟོགས་པར་བྱའོ། །ཞེས་པ་གསུམ་བརྗོད་ནས། རང་གི་རིག་པ་མངོན་སུམ་གྱི་ཡེ་ཤེས་ལམ་སྣང་བ་རྣམ་པ་བཞི་ཉམས་སུ་བླང་སྙམ་དུ་སེམས་སྔ་ན་མེད་པ་བསྐྱེད་པའོ། །ཞེས་བཤད་དོ། །འཇུག་པ་ནི། ཨེ་མ་ཧོ། སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །ཚིག་ལས་འདས་པའི་རང་བྱུང་དེ། །ད་ལྟ་ཉིད་དུ་རྟོགས་པར་བྱའོ། །ཞེས་པ་གསུམ་དང་། དབྱིངས་ཀ་དག་ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་རང་རིག་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ་ཚིག་དང་ཡི་གེ་མེད་པའི་དོན། སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ་སེམས་བསྐྱེད་ཅིག །ཅེས་བཤད་དེ།

ལྔ་པ་སྲུང་སྐུད་གདགས་པ་ནི། འཁོར་བའི་ཀུན་རྟོག་ཡེ་ཤེས་ལྔས་བསྲུང་བའི་ཕྱིར། ཚོན་སྣ་ལྔའི་སྐུད་པ་ལ། ཨཱ་ཨཱཿཧཱུྃ་སྭཱ་ཧཱ། ཨཱ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྔགས་མདུད་བྱས་པ། ཕོའི་དཔུང་པ་གཡས། མོའི་དཔུང་པ་གཡོན་ལ་གདགས་སོ། །

དྲུག་པ་དམ་ཚིག་བསྒྲགས་པ་ནི། ལས་བུམ་གྱི་ཆུ་བླུག་ལ། ཧཱུྃ་འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །ཉམས་ན་དམྱལ་མེ་བཟོད་དཀས་བསྲེག །བསྐལ་པ་བགྲང་གིས་མི་ལང་བར། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །བསྲུངས་ན་དངོས་གྲུབ་རྨད་པོ་ཆེ། །མ་ལུས་རང་བཞིན་ལྷུན་གྱིས་གྲུབ། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་བཞག་པས་ཐུབ་པར་གྱིས། །ཨཱ་སརྦ་པཉྩ་ཨ་མྲི་ཏ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་རིམ་པར་བརྗོད་ནས། ཀྱེ་སྐལ་ལྡན་ཀུན་དམ་ལས་ཉམས་ན། རྡོ་རྗེ་དམྱལ་བ་ནས་ཐར་བའི་དུས་མེད་ཅིང་བསྐལ་པ་དུ་མར་སྡུག་བསྔལ་བཟོད་དཀའ་བ་མྱོང་དགོས་ལ། མ་ཉམས་པར་བསྲུངས་ན། འདི་ཕྱིའི་ལེགས་པ་ཀུན་འགྲུབ་ཅིང་། མྱུར་དུ་སངས་རྒྱས་ཐོབ་པས་ན། དམ་ཚིག་ལེགས་པར་སྲུངས་ཤིག །ཅེས་བརྗོད་པར་བྱའོ། །

བདུན་པ་ཡེ་ཤེས་དབབ་པ་ནི། སྤོས་དང་ཚིལ་ཆེན་བསྲེགས་ལ། སློབ་མ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་པ་ལ། ཀུན་བཟང་ཡབ་ཡུམ་དུ་བསྒོམ་དུ་བཅུག་པའི་རྩ་གནས་འཁོར་ལོ་བཞིའི་རྩ་ཡིག་དང་། ཐིག་ལེ་འོད་སྐུ་དང་བཅས་པ་རིམ་པས་གསལ་བཏབ་ལ་རླུང་ཁ་སྦྱོར་འཛིན་དུ་བཅུག་ནས། བླ་མའི་ཚིག་རིམ་པ་བཞིན་སློབ་མས་མ་ཡེངས་པར་དམིགས་པ་གསལ་བར་བསྒོམ་ཞིང་། བླ་མས་དལ་བུས་གཟབས་ལ། ཌཱ་མ་རུ་དཀྲོལ་ཞིང་བར་བར་དུ་གཅད་ལ། (༥)དབྱངས་སྙན་པོས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །སྤྲུལ་པ་སྐུ་ཡི་བཞུགས་གནས་ཡིན། །རླུང་ལྔ་གཡོ་རྩོལ་ལས་འདས་པ། །ཐིག་ལེ་འོད་སྐུར་ཤིགས་སེ་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །ཆོས་ཀྱི་སྐུ་ཡི་བཞུགས་གནས་ཡིན། །སངས་རྒྱས་རིགས་ལྔ་མེ་རེ་རེ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི། །ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན། །མཚན་དང་དཔེ་བྱད་རང་འཁྲུངས་པའི། །ཐིག་ལེ་འོད་སྐུར་ཡ་ལ་ལ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །སྐུ་གསུམ་འདུས་པའི་བཞུགས་གནས་ཡིན། །འབྲས་བུ་འདུས་པའི་རྩེ་མོ་ན། །ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ། །ཞེས་པ་དེ་དག་གི་དམིགས་པ་གསལ་བར་བྱའོ། །

བརྒྱད་པ་མེ་ཏོག་དོར་བ་ནི། ཐོག་མ་མེད་པ་ནས་མ་རིག་པས་ཡེ་ཤེས་ཀྱི་མིག་ལྡོངས་པ་མཚོན་པའི་ཕྱིར་མིག་དར་ནག་པོས་བཀབ་ལ་ཐལ་མོ་སྦྱར་བའི་བར་དུ་དར་སྣ་ལྔའི་འཕན་དར་བཟུང་སྟེ། ཨེ་མ་ཧོ། ཐོག་མའི་འོད་གསལ་སྙིང་པོ་ནས། །ད་ལྟའི་ཐེག་མཆོག་འདི་འཕྲད་པས། །གཞི་ལ་སྦྱངས་པའི་ལས་འབྲས་ཀྱིས། །རིགས་མཆོག་དེ་ལ་འབབ་པར་ཤོག །ཅེས་བརྗོད་ནས་ཕོ་བྲང་དབུས་སུ་དོར་རོ། །

དགུ་པ་མིང་བཏགས་པ་ནི། མེ་ཏོག་དེ་ཉིད་དབུས་སུ་བབས་ན་སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་འདོད་ཡོན་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་དུ་གདགས་སོ། །སྐྱེ་དམན་གྱི་གསང་མཚན་ནི། དབུས་སུ་མཁའ་ཀློང་ཡངས་མ། ཤར་དུ་ངང་དྭངས་འོད་གསལ། ལྷོར་གང་ཤར་ཆོས་ཉིད། ནུབ་ཏུ་པདྨའི་ཀློང་ཅན། བྱང་དུ་ཁྱབ་གདལ་ཆིག་ཆོད་དོ། །

བཅུ་པ་མིག་དར་དབྱེ་བ་ནི། སློབ་མས། ཀྱེ་མ་རྡོ་རྗེ་འཛིན་མགོན་རྗེ། །བདག་ནི་ཁམས་གསུམ་འཁོར་བར་ལོང་། །རྗེ་ཡི་ཡེ་ཤེས་ཐུགས་རྗེ་ཡིས། །བདག་གི་མ་རིག་བསལ་དུ་གསོལ། །ཅེས་པའི་ལན་དུ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྔོན་ཆད་གཟུང་འཛིན་འཁྲུལ་པས་ལོང་། །རང་ལ་བཞག་ནས་གཞན་དུ་བཙལ། །ཐུར་མས་ཡིད་བཞིན་ནོར་བུ་མཚོན། །ཞེས་བརྗོད་ལ། གསེར་གྱི་ཐུར་མས་མིག་དར་ཕྱེ་བས། མ་རིག་པ་བསལ་བར་བསམ་མོ། །དེའི་དོན་ཡང་སྙིང་པོ་རིག་པའི་ཡེ་ཤེས་ལྔ་ལྡན་ཡིད་བཞིན་ནོར་བུ་རང་ལ་ཡོད་ཀྱང་། ངོ་མ་ཤེས་པར་གཟུང་འཛིན་གྱི་མ་རིག་པས་བློའི་(༦)མིག་ལྡོངས་ཏེ་གཞན་དུ་བཙལ་བས་འཁོར་བར་འཁྱམས། ད་ནི་བླ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་གདམས་པ། གསེར་གྱི་ཐུར་མས་མ་རིག་པའི་བསྒྲིབས་གཡོགས་བསལ་ལ། སྙིང་ནང་གི་རིག་པའི་འོད་མདངས་དབང་པོས་མངོན་སུམ་དུ་བསྟན་པར་བྱའོ། །ཞེས་བཤད་དོ། །

བཅུ་གཅིག་པ་མཐོང་བ་བསྟན་པ་ལ་བཞི་ལས། དང་པོ་བླ་མའི་མཐོང་བ་བསྟན་པ་ནི། བླ་མས། ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །མ་ཡེངས་སེམས་ཀྱི་ངང་དུ་ལྟོས། །ང་ལ་མཐོང་བ་སྣ་ཚོགས་པའོ། །བུ་ཁྱོད་ཀྱིས་ནི་ཅི་མཐོང་སྨྲོས། །ཞེས་པའི་ལན་དུ། བླ་མ་ལ་སངས་རྒྱས་སུ་མཐོང་ལགས། ཞེས་བརྗོད་དོ། །དེའང་ལས་དག་པ་རྣམས་ཀྱིས་བླ་མ་ལྷ་སྐུ་དང་འོད་ཕུང་ལ་སོགས་པར་མཐོང་ཞིང་མོས་པས་སངས་རྒྱས་སུ་མཐོང་བའོ། །

གཉིས་པ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི། ལྟོས་ཤིག་མིག་ཅན་སྐལ་ལྡན་བུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །དད་པའི་མཆོག་ནི་བསྐྱེད་རེ་རན། །ཁྱེད་ཀྱིས་དཀྱིལ་འཁོར་ཅི་རུ་མཐོང་། །ཞེས་བརྗོད་པའི་ལན་དུ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ལ་སོགས་པ་གང་ཤས་ཆེར་མཐོང་བ་བཞིན་ལན་བརྗོད་པས། རང་གི་ཡེ་ཤེས་གང་མངོན་དུ་གྱུར་པའི་རིགས་ངོས་གཟུང་བའོ། །དེ་ནས་གསེར་གྱི་ཐུར་མ་ལ་སོགས་པས་རིམ་པར་ངོ་སྤྲད་ནས། དཀྱིལ་འཁོར་གྱི་དེ་ཉིད་བཤད་པ་ནི། དབུས་ཟླུམ་པོ་མཐིང་གར་བྱུང་བ་ནི། གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པད་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི། གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞིར་བྱུང་བ་ནི། འབྱུང་བ་བཞིའི་འོད་དང་ལྡན་པའི་བརྡའོ། །ཁྱམས་བཞི་སྒོ་བཞི་དང་བཅས་པ་ནི། ཕྲིན་ལས་བཞི་པོ་རང་ལ་ཚང་བའི་བརྡའོ། །པད་རག་གི་རྩིགས་པ་ལྔར་བྱུང་བ་ནི། ཡེ་ཤེས་ལྔའི་རང་མདངས་ལྡན་པའི་བརྡའོ། །རྟ་བབས་བཞི་ནི། གཞི་ལ་ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །རི་དྭགས་བརྒྱད་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་གཞི་ནས་དག་པའི་བརྡའོ། །འཁོར་ལོ་བཞི་ནི། ཕྱི་ནང་གསང་བ་བླ་ན་མེད་པ་བཞིའི་ཆོས་ཀྱི་འཁོར་ལོ་ཡེ་ནས་བསྐོར་བའི་བརྡའོ། །གདུགས་བཞི་ནི། རྟག་པ། བརྟན་པ། འཕོ་འགྱུར་མེད་པ། ལྷུན་གྱིས་གྲུབ་པ། གཞིའི་དབྱིངས་ན་གདོད་མ་ནས་གནས་པའི་བརྡའོ། །(༧)སྣ་ཚོགས་རྡོ་རྗེ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ། རྫོགས་པ་ཆེན་པོའི་ངང་ལ་གནས་པའི་བརྡའོ། །འདོད་ཡོན་གྱི་སྣམ་བུ་ནི། འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡའོ། །ཕ་གུ་ནི། འདོད་དགུ་རང་ལས་འབྱུང་བའི་བརྡའོ། །དྲྭ་ཕྱེད་ནི། གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །མདའ་ཡབ་ནི། ཐུགས་རྗེ་ཕྱོགས་རིས་མེད་པའི་བརྡའོ། །པུ་ཤུ་ནི། འོད་གསལ་སྙིང་པོར་གྱུར་པའི་བརྡའོ། །ཞིང་ཁམས་ནི། རང་སྣང་ལྷུན་གྱིས་གྲུབ་པའི་བརྡའོ། །ཉི་གདན་ནི། ཤེས་རབ་དབྱིངས་སུ་འཁྱིལ་བའི་བརྡའོ། །རྡོ་རྗེའི་རྭ་བ་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །འོད་ཟེར་ཕྲེང་བས་བསྐོར་བ་ནི། དབྱིངས་ན་སྐུ་དང་ཡེ་ཤེས་ལྔ་ལྔའི་རོལ་པ་ལྷུན་གྱིས་གྲུབ་པའི་བརྡའོ། །ཞེས་བཤད་དོ། །

གསུམ་པ་རྫས་ཀྱི་མཐོང་བ་བསྟན་པ་ནི། ཨེ་མ་བརྡ་ཤེས་སྐལ་ལྡན་བུ། །བརྡ་དང་དམ་རྫས་བཀོད་པའི་ཚོགས། །གནས་ལུགས་མཚོན་པའི་རྫས་འདི་ལྟོས། །མཐོང་བའི་དོན་ནི་བདག་ལ་སྨྲོས། །ཞེས་བརྗོད་དུས། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་མཐོང་ལགས། ཞེས་ལན་བཏབ་ལ། བླ་མས་རྫས་ཀྱི་དེ་ཉིད་བསྟན་པ་ནི། ཐུར་མས་མཚོན་ལ། ཀྱེ་སྐལ་ལྡན་རིགས་ཀྱི་བུ་བུམ་པ་ལྔར་བྱུང་བ་ནི། རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །མགུལ་ཆིངས་ལྔ་ནི། ཡུམ་ལྔ་དང་ཡབ་ལྔ་དབྱེར་མེད་པའི་བརྡའོ། །ཁ་རྒྱན་ལྔ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ནས་རྫོགས་པའི་བརྡའོ། །ཤེལ་ལྔ་ནི། ངོ་བོ་ཀ་དག་ཆོས་སྐུའི་གཞི་མཚོན་པའི་བརྡའོ། །རྨ་བྱའི་མདོངས་ལྔ་ནི། རང་བཞིན་འོད་གདངས་སྒྲོན་མ་ལྔ་རང་ལས་འཆར་བ་ལྷུན་གྲུབ་ལོངས་སྐུའི་གཞི་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི། ཐུགས་རྗེའི་རིག་པའི་སྙིང་པོ་ཡེ་ཤེས་ལྔ་སྤྲུལ་པར་འཕྲོ་བའི་གཞིར་མཚོན་པའི་བརྡའོ། །མདའ་ལྔ་ནི། ཤེས་རབ་ལྔ་གཞི་ལ་མཚོན་པའི་བརྡའོ། །དར་སྣ་ལྔ་ནི། རླུང་ལྔ་དབྱིངས་སུ་མཚོན་པའི་བརྡའོ། །ཕུར་པ་བཞི་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །གྲི་བཞི་ནི། སྐྱེ་བ་བཞིའི་མངལ་སྒོ་གཅོད་པའི་བརྡའོ། །གཏོར་ཚོགས་དང་མཆོད་པས་བརྒྱན་པ་ནི། འདོད་ཡོན་རང་སྣང་དུ་ཤར་བའི་བརྡའོ། །ཞེས་བཤད་དོ། །

བཞི་པ་མཆེད་ལྕམ་གྱི་མཐོང་བ་བསྟན་པ་ནི། ཨེ་མ་ངོ་མཚར་རིགས་ཀྱི་བུ། །གྲོགས་ཀྱི་དམ་པ་གང་ཡིན་པ། །འཇུག་སྒོ་གཅིག་པའི་སྤུན་གྲོགས་ལ། །ཁྱེད་ཀྱིས་ཅི་མཐོང་བདག་ལ་སྨྲོས། །དག་པའི་སྣང་བ་(༨)མཐོང་རེ་རན། །ཞེས་པའི་ལན་དུ་སོ་སོ་ནས། ཐར་པ་སྒྲུབ་པའི་གྲོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལྷ་དང་ལྷ་མོའི་རང་བཞིན་དུ་མཐོང་ལགས། ཞེས་བརྗོད་དོ། །

གསུམ་པ་དབང་བསྐུར་བ་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་ནི། སློབ་མ་རྣམས་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པའི་སྤྱི་བོར། དབུས་ཀྱི་བུམ་པ་བླངས་ཏེ་བཞག་ལ། ཨཱ། ཆོས་ཉིད་དབྱིངས་ཀྱི་བུམ་པ་རུ། །སྟོང་གསལ་རང་བྱུང་ཆུ་ཡིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། བ་བཱ། བི་བཱི། ཉ་ཉཱ། ཉི་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཋ་ཋཱ། པ་པཱ། ན། ཞེས་ཀཱ་ལི་དང་། སྤྱི་བོའི་རྩ་ཡིག་གིས་དབང་བསྐུར་ནས། ཆུ་ཐིགས་གཅིག་སྤྱི་བོར་བླུགས་པའི་རྗེས་ལ་ཁྲུས་བྱའོ། །དེ་ཡང་དབྱིངས་ཆོས་ཉིད་སྟོང་པའི་ངང་ནས་ཡེ་ཤེས་ཆོས་ཅན་སྣང་བར་གནས་པ་ནི། བུམ་པ་དང་ཆུས་མཚོན་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་དོན་རང་ལ་གནས་པའི་ངེས་ཤེས་སྐྱེད་ཅིག །ཅེས་བཤད་དོ། །ཤར་གྱི་བུམ་པ་སྙིང་གར་གཏུགས་ལ། ཧཱུྃ། མ་སྐྱེས་སྙིང་པོའི་བུམ་པ་རུ། །འགགས་མེད་རང་བྱུང་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཇིགས་བྲལ་གཞི་ཡི་དོན་རྟོགས་ཤོག །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ར྇་རཱ྇། ལ྇་ལཱ྇། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཁ་ཙ་ཌ་ཏ་ཕ་ཡ་སྭཱ་ཧཱ། ཀ་གྷ་བྷ་ཛྷ། ཞེས་ཨཱ་ལི་དང་དྲན་པ་འདུས་པའི་རྩ་ཡིག་བརྗོད་ནས་ཆུ་ཐིགས་གཅིག་སྙིང་གར་བྱུགས་ལ་ལྷག་མས་ཁྲུས་བྱའོ། །དེའང་སྐྱེ་བ་མེད་པའི་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ནས་འགག་པ་མེད་པའི་རིག་པ་རང་ཤར་དུ་གནས་པ་ནི་གཞི་གདོད་མ་ནས་དག་པའི་རང་བཞིན། བུམ་པ་དང་ཆུས་མཚོན་པ་སྟེ། མེ་ལོང་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །ལྷོ་ཡི་བུམ་པ་མགྲིན་པར་གཏུགས་ལ། སྭཱཿ རང་བྱུང་ཡེ་ཤེས་བུམ་པ་རུ། །འདོད་ཡོན་རང་བྱུང་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག །ཀཱ་ལིའི་རྗེས་ལ། རོ་རྣམས་འདུས་པའི་རྩ་ཡིག །ར་རཱ། ལི་ལཱི། ཨཾ་ཨེ། ཨ་ཨཱ། ཞེས་བརྗོད་ལ། ཆུ་ཐིགས་གཅིག་བླུད་ལ་ཁྲུས་བྱའོ། །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ལ་གང་འདོད་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་ནི་བུམ་པ་དང་ཆུས་མཚོན་པ་སྟེ། རང་ངོ་ཤེས་པས་(༩)བསམ་དགུ་འགྲུབ་པ་ནི། མཉམ་ཉིད་ཡེ་ཤེས་སུ་ངེས་ཤེས་སྐྱེད་ཅིག །ཅེས་བཤད་དོ། །ནུབ་ཀྱི་བུམ་པ་ལྟེ་བར་གཏུགས་ལ། ཨཱཿ མ་སྐྱེས་ཆགས་བྲལ་བུམ་པ་རུ། །བདེ་ཆེན་རྒྱུན་སྤྲོའི་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཆགས་པ་འཛིན་མེད་དབང་ཐོབ་ཤོག །ཨཱ་ལིའི་རྗེས་ལ་སྐྱེད་བྱེད་འཁོར་ལོའི་རྩ་ཡིག །ཨ་ཏ་ལི་ཧ། ཨུ་དྷ་རཾ་ཡཾ་ཎཾ་ན་ཛ་ཊི་ས་ཁ་རཾ་ཡཾ། ཞེས་བརྗོད་ནས། ཆུ་ཐིགས་གཅིག་ལྟེ་བར་བྱུགས་ལ་ཁྲུས་བྱའོ། །དེ་ཡང་སེམས་ཉིད་སྐྱེ་བ་མེད་པ་ཡེ་ནས་ཆགས་པ་དང་བྲལ་བ་བདེ་བ་ཆེན་པོའི་དོན་ནི། ལུས་གནས་འཁོར་ལོར་དྭངས་མ་ཆེན་པོ་བདུད་རྩིས་བཀང་བའི་རྒྱུན་ལས་བྱུང་བ་སྟེ། བུམ་པ་དང་ཆུས་མཚོན་ནས། ཁམས་བདེ་བ་ཆེན་པོའི་འབེབས་ལྡོག་བསྐྱིལ་བའི་རང་བཞིན་གཟུང་འཛིན་དང་བྲལ་བ། སོ་སོར་རྟོགས་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །བྱང་གི་བུམ་པ་སྔར་གྱི་གནས་བཞི་གར་གཏུགས་ཤིང་། ཧཱཿ ཡེ་ཤེས་ཟང་ཐལ་བུམ་པ་རུ། །འགགས་མེད་རླུང་ལྔའི་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩལ་ཆེན་རྫོགས་པའི་དབང་ཐོག་ཤོག །ཨཱ་ལི་ཀཱ་ལི་དང་འཁོར་ལོ་བཞི་གའི་རྩ་ཡིག་གི་རྗེས་ལ། ཧ་ཧེ་ཧོ། ཞེས་བརྗོད་ནས་ཆུ་ཐིགས་རེ་བླུགས་ལ་ཁྲུས་བྱའོ། །དེ་ཡང་རིག་པའི་ཡེ་ཤེས་ཟང་ཐལ་ཡེ་གྲོལ་ཆེན་པོའི་ངང་ནས་དྭངས་མའི་རླུང་ལྔ་ཡེ་ཤེས་སུ་གསལ་བ་ཉིད་བུམ་པ་དང་ཆུས་མཚོན་པ་སྟེ། རང་ཤར་རང་གྲོལ་ཆེན་པོའི་རང་རིག་རང་བྱུང་གི་ཡེ་ཤེས་རྩལ་ཆེན་ཡེ་ནས་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །དེ་དག་ནི་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་མཚོན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །

གཉིས་པ་གསང་བའི་དབང་ནི། ཀ་པཱ་ལ་བདུད་རྩིས་བཀང་བ་བཏེགས་ལ་གནས་བཞིར་གཏུགས་ལ། རྩ་གནས་བཞིའི་དབུས་ན་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་བས་བྱང་སེམས་བབས་པས། རྩ་གནས་དང་ལུས་ཀུན་གང་ནས་བདེ་བ་ཆེན་པོའི་ངང་ལ་དར་ཅིག་བཞག་ལ། ཧཱུྃ་བདེ་ཆེན་གདལ་བ་རང་བྱུང་ཀ་པཱ་ལར། །ཆགས་པ་དངོས་དག་ཀུན་བཟང་ཐིག་ལེས་བཀང་། །རིགས་ཆེན་སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་རླུང་བྱང་སེམས་མཆོག་ལ་དབང་ཐོབ་ཤོག །ཅེས་པའི་རྗེས་ལ། ཨཱ་ལི་ཀཱ་ལི་དང་འཁོར་ལོ་བཞིའི་རྩ་ཡིག་ཚང་བར་བརྗོད་ནས། ཧུབ་རེ་བཏུང་བས་བདེ་བ་རྒྱས་པར་བསམ་མོ། །དེ་ཡང་རང་བྱུང་གི་ཡེ་ཤེས་ཡེ་ནས་བདེ་(༡༠)བའི་ངང་དུ་ཀུན་བཟང་ཡབ་ཡུམ་གྱི་དྭངས་མ་བབས་པས་བདེ་བར་ཤར་བ་ནི། གཉིས་མེད་ཡོངས་གྲོལ་གྱི་ཆོས་སྐུར་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །

གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གང་ཟག་གི་རིམ་པས། དངོས་སམ་ཡིད་ཀྱིས་མུ་ཏྲ་ལ་འཁྱུད་ལ། ཧཱུྃ་སྣང་སྲིད་བདེ་ཆེན་གདལ་བའི་ཞིང་ཁམས་ལ། །རོལ་པའི་ཡེ་ཤེས་བདེ་བ་ཆེན་པོར་ཤར། །ཐབས་ཤེས་འདོད་པ་སྤྱད་པས་གྲོལ་གྱུར་ཏེ། །མ་འགག་རོལ་པར་སྤྱོད་ཅིག་བདེ་བ་ཆེ། །ཞེས་པས་ཀུན་བཟང་ཡབ་ཡུམ་དུ་མོས་ཏེ་སྙོམས་པར་ཞུགས་ལ། ཐིག་ལེ་སྤྱི་བོ་ནས་གཡོ་བ་དགའ་བའི་ཡེ་ཤེས། མགྲིན་པར་བབས་པ་མཆོག་དགའི་ཡེ་ཤེས། སྙིང་གར་བབས་པ་དགའ་བྲལ་གྱི་ཡེ་ཤེས། ལྟེ་བ་ནས་གསང་བར་བབས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་ངོ་སྤྲད་ལ། དབང་གི་དོན་བཤད་པ་ནི། སྐལ་ལྡན་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷའི་རང་བཞིན་དུ་གནས་ཤིང་སྐྱེས་པ་དང་། བུད་མེད་དུ་སྣང་བ་ཡེ་ནས་ཐབས་ཤེས་སུ་འབྲེལ་བ་ལྷན་ཅིག་རོལ་པའི་བདེ་བ་ནི། ཡེ་ནས་རྒྱལ་བའི་དགོངས་པ་ཡེ་ཤེས་བཞིར་གནས་པས་མ་སྤངས་པར་ཡེ་ཤེས་ཀྱི་ངོ་བོར་ལྷན་ཅིག་ལོངས་སྤྱོད་པར་གྱིས་ཤིག་དང་མྱུར་དུ་གྲོལ་བར་ངེས་སོ། །ཞེས་བརྗོད་དོ། །

བཞི་པ་ཚིག་དོན་ངོ་སྤྲད་ཀྱི་དབང་ནི། བརྡའི་དོན་བརྗོད་པས་ཏེ། ཀྱེ་སྐལ་བ་དང་ལྡན་པའི་བུ་རྣམས་ཉོན་ཅིག །ནམ་མཁའི་དབྱིངས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར་ནས་འདུག་པ་དེ་མཐོང་ངམ། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པས་བཏབ་ནས་འདུག་པ་དེ་མཐོང་ངམ། རྒྱ་མཚོའི་ནོར་བུ་ཤེལ་གྱི་རྟ་མཆོག་ཞོན་ནས་ཉི་ཟླའི་སྟེང་དུ་དཀྱུས་ཐག་གཅོད་པ་དེ་མཐོང་ངམ། འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས་རི་རབ་ཀྱི་སྟེང་དུ་སོང་བའི་མི་དང་། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་ཕོ་བཙོན་དུ་བཟུང་བ་དེས་ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བ་དེ་མཐོང་ངམ། ཞེས་བརྗོད་ལ་བརྡ་བཞིའི་དོན་དགྲོལ་བ་ནི། དབྱིངས་ཀྱི་ནམ་མཁའ་ལ་རིག་པ་ལུ་གུ་རྒྱུད་ཀྱི་ནོར་བུ་ཤར་དུས། མིག་ཉི་ཟླ་གཉིས་ཀྱིས་མཐོང་བ་དང་པོའོ། །འདི་ལའང་ནང་གི་དབྱིངས་རྣམ་དག་སྒྲོན་མ་སྙིང་གའི་འོད་ཕུང་གི་དབུས་ན་རིག་པ་གནས་པ་ལས། ལུ་གུ་རྒྱུད་ནོར་བུའི་འོད་རྩར་ཕྱིར་འཕྲོས་པའི་སྣ་གཉིས་(༡༡)ལས་མིག་གི་གདངས་ཉི་ཟླའི་ཚུལ་དུ་ཐིག་ལེ་སྟོང་པའི་སྒྲོན་མར་ཤར་བ་ཡིན་ལ། ཕྱིའི་དབྱིངས་ནམ་མཁའ་སྤྲིན་མེད་ལ་གདངས་ཀྱི་རིག་པ་ལུ་གུ་རྒྱུད་ནོར་བུ་ལྟར་ཤར་བ་ལ་མིག་གིས་བལྟ་བའོ། །བརྡ་གཉིས་པ་ནི། ནང་དབྱིངས་ཀྱི་གདངས་འོད་ལྔ་བར་སྣང་ལ་ཤར་དུས། རིག་པ་མ་ཡེངས་པར་གཏད་ནས་རླུང་འགྲོ་འོང་བཅད་པས། ཐིག་ལེ་འགུལ་འཕྲིགས་མེད་པར་ཟིན་པའོ། །བརྡ་གསུམ་པ་ནི། སྙིང་གའི་རིག་པའི་གདངས་ཤེལ་སྦུག་ཅན་གྱི་ནང་ནས་ཞུགས་ནས་མིག་གཉིས་ཀྱི་སྟེང་ལ་ཟང་ཐལ་དུ་ཤར་བ་ལ། ནོར་བུ་དང་། རྟ་དང་། ཉི་ཟླ་བཏགས་པའོ། །བརྡ་བཞི་པ་ནི། དབྱིངས་ལས་གཡོས་ཏེ། རང་ངོ་མ་ཤེས་པའི་དབང་གིས་འཁོར་བར་འཁྱམས་དུས། སེམས་ཅན་སོ་སོའི་ལུས་འབྱུང་བ་ལྔའི་གྲོང་ཁྱེར་དུ་སེམས་རིགས་དྲུག་གི་དམག་མི་བཅུག་ནས་སྐྱེ་ཤིར་སྣང་བའི་སེམས་འཁྲུལ་པ་དེས། ལུས་རི་རབ་ཀྱི་སྟེང་དུ་འཁོར་ནས་བདེ་སྡུག་ལ་སྤྱོད་པ་དེ་དང་། སེམས་ཀྱི་འཆར་གཞི་སེམས་ཉིད་རིག་པའི་ཡེ་ཤེས་དྲི་མ་མེད་པ་ཤེལ་གྱི་མི་ཕོ་དེ་གཉིས། ཁམས་གསུམ་དུ་འཁོར་བའི་འཕྲང་ལ་མ་དག་པའི་ལུས་ངག་ཡིད་གསུམ་དུ་བརྩོན་དུ་བཟུང་བ་ལྟར། སྣང་བ་སེམས་དང་ཡེ་ཤེས་གཉིས་པོ་ཡིན་པས་སེམས་ཀྱིས་ཡེ་ཤེས་ལ་བཟུང་བས་འཁོར་ཡང་། རང་ངོ་ཤེས་པའི་སྐད་ཅིག་ལ། ཁམས་གསུམ་ཡོངས་གྲོལ་དུ་ཤར་ཏེ། སེམས་ཡེ་ཤེས་ཀྱི་རང་ཁྱིམ་དུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ཆོས་སྐུའི་ངང་དེར་གཉིད་ལ་སོང་བའོ། །མདོར་ན་ཡེ་ཤེས་ལས་སེམས་འཕྲོས། སེམས་ཀྱིས་ཡེ་ཤེས་ལ་བཟུང་བས་ཁམས་གསུམ་དུ་འཁོར་ཡང་། སེམས་ཀྱི་ཁམས་རྣམ་དག་ཡེ་ཤེས་ཀྱི་རང་ངོ་ཤེས་པའི་སྟོབས་ཀྱིས་མ་རིག་པ་བསལ་ཏེ། གདོད་མར་བཙན་ས་ཟིན་པའོ། །ཞེས་རྒྱས་པར་བཤད་ལ། རྡོ་རྗེའི་གླུས་བསྐུལ་བ། ཨེ་མ་ཧོ། མ་ཡེངས་གསོན་ཅིག་རིགས་ཀྱི་བུ། །གཞི་ལ་འཁོར་འདས་གྲུབ་མེད་ཀྱང་། །རྩལ་གྱི་འཆར་ཚུལ་ངོ་མཚར་ཆེ། །དོན་དམ་ཚིག་གིས་མི་རྟོགས་ཀྱང་། །མངོན་སུམ་གདེང་ཐོབ་ངོ་མཚར་ཆེ། །རིག་པར་སྐྱེ་འཕྲི་མེད་མོད་ཀྱང་། །ལམ་སྣང་འཆར་ཚུལ་ངོ་མཚར་ཆེ། །ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང་། །(༡༢)རླུང་རིག་དག་ཚུལ་ངོ་མཚར་ཆེ། །ཐེག་པའི་འཇུག་སྒོ་མཐའ་ཡས་ཀྱང་། །ཅིག་ཆར་ཐོབ་པ་ངོ་མཚར་ཆེ། །འཆར་ཚུལ་སྣང་བ་རྒྱ་ཆེ་ཡང་། །ངོ་བོ་གདོང་ཐོབ་ངོ་མཚར་ཆེ། །ཚིག་གི་སྤྲོས་པ་མང་མོད་ཀྱང་། །བརྡ་ཡིས་དོན་མཐོང་ངོ་མཚར་ཆེ། །ཞེས་པའི་དོན་ཡང་། གཞི་གཤིས་ཀྱི་ངོ་བོ་ལ་འཁོར་འདས་སུ་མ་གྲུབ་ཀྱང་རིག་རྩལ་རང་ཤར་དུས། རིག་མ་རིག་གིས་འཁོར་འདས་སུ་ཤར་བ་དང་། དོན་དམ་པའི་རང་བཞིན་ཚིག་གིས་མི་ཤེས་པ་རིག་པས་མངོན་སུམ་དུ་མཐོང་བ་དང་། གདོད་མའི་ཆོས་ཁམས་རང་བཞིན་གྱི་རིགས་སམ། སྙིང་པོ་ལ་འཕེལ་འགྲིབ་མེད་ཀྱང་། ཉམས་སུ་བླངས་པས་སྣང་བ་བཞི་རིམ་པས་འཆར་བ་དང་། ཀ་དག་གི་གཤིས་ལ་གྲོལ་རྒྱུ་མེད་ཀྱང་། གནད་ཟབ་མོས་རླུང་སེམས་དབྱིངས་སུ་དག་པ་དང་། ཐེག་པ་མང་པོ་ལས་སངས་རྒྱས་དུས་ལ་ལྟོས་ཀྱང་། ངོ་ཡིན་ཐོག་ཅིག་ཆར་དུ་ཤེས་པས་གྲོལ་བ་དང་། ཉམས་ལ་རྣམ་པ་ཚད་མེད་ཀྱང་། ངོ་བོ་གཅིག་ལས་མ་གཡོས་པར་ཐག་ཆོད་པ་དང་། ཚིག་གིས་སྤྲོས་ཏེ་མཐའ་ཡས་པ་བརྡ་གཅིག་གིས་ཐམས་ཅད་རྟོགས་པར་ནུས་པ་འདི་དག་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་བཤད་དོ། །གཟེངས་བསྟོད་པ་ནི། དབང་འདི་ཉིད་ཐོབ་ནས་བསྐྱེད་རྫོགས་གནས་ལུགས་ཀྱི་དོན་ལ་དབང་ཐོབ་པ་དང་། རྩ་རླུང་ཡེ་ཤེས་ཀྱི་བདེ་བ་བསྒོམ་པར་དབང་བ་དང་། མ་འབད་ཀྱང་སྐྱེ་བ་གསུམ་ན་གྲོལ་བར་འགྲུབ་པ་ཡིན་ནོ། །ཞེས་བརྗོད་དོ། །

དེ་ནས་མཎྜལ་འབུལ་ལ། ཕྱི་ནང་གི་མཆོད་པས་མཆོད་དེ། ཚོགས་ཀྱི་འཁོར་ལོ་ལ་རོལ་པར་བྱའོ། །དབང་འདི་ནི་སྐལ་བ་རབ་དང་ལྡན་པ་གཉིས་ནས་བདུན་ཚུན་ཆད་ལས་མང་ན། མཁའ་འགྲོས་ཆད་པ་འབྱུང་བས་མི་བྱ་བར་གསུངས་ཀྱང་སྣོད་དང་ལྡན་མི་ལྡན་བརྟགས་ཏེ་བྱ་བ་ཡིན་ནོ། །འདིར་དབང་ངེས་པའི་དོན་ཡང་རང་ཉིད་སྨིན་པས་གཞན་ཉིད་གྲོལ་བར་བྱའོ། །རྡོ་རྗེ་སློབ་དཔོན་མ་དག་པ་དང་། སློབ་མ་མ་དག་པས་བྱས་ན། ངན་སོང་གི་རྒྱུར་གསུངས་པའི་ཕྱིར། གཉིས་ཀ་དག་པ་གཅེས་སོ། །དེ་ཡང་སྐལ་བ་དང་ལྡན་པ་ཡིན་ངེས་ན། མང་པོའང་འགལ་བ་མེད་དེ། བདུན་གྱིས་ངོས་གཟུང་དང་མི་འགལ་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཁམས་བདུན་དག་པར་བྱ་བའི་སྣོད་ཡིན་པས་སོ། །ཞེས་དབང་གི་གནད་ཡིག་ལས་འབྱུང་བའི་ཕྱིར་རོ། །སྣོད་དང་མི་ལྡན་ན་གཅིག་ཀྱང་མང་བ་ཡིན་ཏེ། སྐལ་བ་མེད་ཅིང་ཆོས་ཀྱི་གསང་ཚིག་(༡༣)འཆོལ་བའི་ཕྱིར་རོ། །དུས་དང་རིམ་པ་ཡང་། ཕྲ་ཏིག་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་ཟད་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་༌། །རྣལ་འབྱོར་ལུས་ཀྱི་བྲེ་བྲག་གིས། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤེས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱ་འམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །ཅེས་གསུངས་པས། ཕྱིའི་འབྱུང་བ་དགྲ་གྲོགས་མཐུན་པ། ནང་གི་ལས་དང་སྐལ་བར་མཐུན་པ་ལ་གྲངས་ངེས་པ་མེད་པར་བྱས་པས་འགྲུབ་བོ། །དེ་ལྟར་སྤྲོས་བཅས་དབང་གི་རིམ་པ་ལས། །ཇི་བཞིན་གསུངས་བཞིན་བཀོད་པའི་བསོད་ནམས་དེས། །འགྲོ་ཀུན་དབང་མཆོག་རྒྱལ་པོའི་གནས་ཐོབ་ནས། །དོན་གཉིས་ལྷུན་གྲུབ་ཡིད་བཞིན་རྫོགས་པར་ཤོག །བླ་མ་དམ་པ་རྣམས་ཀྱིས་སྔ་རབས་སུ། །རིམ་པ་འདི་ཉིད་ཡོངས་སུ་བཀོད་ན་ཡང་། །འཁྲུགས་དང་མི་གསལ་གབ་པ་མངོན་ཕྱུང་ནས། །མ་ནོར་མ་འཁྲུགས་གསལ་བར་བཀོད་པ་ཡིན། །ཆོས་ཚུལ་འདི་ལ་ཁོ་བོས་སྔོན་སྦྱངས་པས། །ཚེ་འདིར་ངང་ངམ་ཤུགས་ཀྱི་ལྷུན་གྱིས་གྲུབ། །དེ་ཕྱིར་དམ་པའི་བརྒྱུད་པ་མ་ཉམས་པར། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་སྦྱར། །གནད་ཀྱིས་གྲོལ་བ་ཡང་ཟབ་གདམས་པའི་མཆོག །གང་འདིས་སྐལ་བཟང་སྐྱེ་བོ་དགའ་བར་མཛོད། །གསང་བ་སྙིང་ཏིག་དབང་གི་དབང་རྣམ་པར་ཕྱེ་བ་ལས། སྤྲོས་བཅས་བུམ་པའི་དབང་གི་གསལ་བྱེད་ཚངས་པའི་དྲྭ་བ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ།

༄༅། །དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ་བཞུགས་སོ། །

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ཏེ། །དཀྱིལ་འཁོར་སྤྲོས་བཅས་ནང་ཞུགས་པའི། །མིང་གི་རིམ་པ་གསལ་བྱེད་པ། །འདི་ཉིད་དུ་ནི་རབ་བཤད་བྱ། །དེའང་ཐོག་མའི་འོད་གསལ་རྡོ་རྗེ་སྙིང་པོ་ཡེ་ཤེས་ལྔའི་རང་བཞིན་ལས་རང་ཉིད་གང་གཙོ་བ་དང་། ཉེ་བའི་དཀྱིལ་འཁོར་གང་ཡིན་བརྟག་པའི་ཕྱིར། མེ་ཏོག་དོར་བ་ལས། དབུས་སུ་བབས་ན། ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ལས་དྲས་ཏེ། གནས་ལུགས་མཚོན་པའི་མིང་གདགས་པ་ནི། སྣ་ཚོགས་རང་གྲོལ། ཆོས་དབྱིངས་དྲི་མེད། ལྷུན་གྲུབ་རྒྱལ་པོ། འགྱུར་མེད་ཡེ་(༡༤)ཤེས། མཁའ་ཀློང་ཡངས་པ། མི་དམིགས་ཆོས་ཉིད། ཡེ་གྲོལ་གཉུག་མ། ལྷུན་མཉམ་བྱ་བྲལ། ཀུན་བྱེད་རྒྱལ་པོ། ཀློང་ཆེན་རབ་འབྱམས། མཁའ་མཉམ་ཆོས་སྐུ། གཞི་བྲལ་ཆོས་ཉིད། བསམ་རྫོགས་རྒྱལ་པོ། བརྗོད་མེད་མཚོན་འདས། བྱང་ཆུབ་སྙིང་པོ། གཉུག་མ་ཕྱམ་གདལ། ཡེ་སྟོང་རྩ་བྲལ། ཀུན་གྲོལ་ཡེ་ཤེས། མ་ལུས་ཆོས་ཉིད། རོལ་པ་ཡེ་ཤེས། གང་ཤར་རང་གྲོལ། ཡེ་གྲོལ་འཛིན་མེད། མ་བཙལ་རང་རྫོགས། བྱར་མེད་རང་བྱུང་། སངས་རྒྱས་རང་ཆས། མི་འགྱུར་ལྷུན་གྲུབ། ཁྱབ་གདལ་ཆེན་པོ། སྣང་སྲིད་ཆོས་སྐུ། རྩལ་ཆེན་རྫོགས་པ་ལ་སོགས་ཏེ་དབྱིངས་འཕོ་འགྱུར་མེད་པ་ལ་དྲས་ནས། སྐྱེས་པ་དང་བུད་མེད་གང་འོས་སུ་གདགས་སོ། །ཤར་དུ་བབས་ན་མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས་མི་བསྐྱོད་པ་ལས་དྲས་ཏེ། འོད་གསལ་མཚོན་པའི་མིང་ལ། རྡོ་རྗེ་སྙིང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་ལེགས་པ། འོད་ལྔ་ལྷུན་གྲུབ། ཡེ་ཤེས་དྲི་མེད། ངང་དྭངས་འོད་གསལ། ལྷུན་མཉམ་མི་གཡོ། ཕྱམ་གཅིག་བྱང་ཆུབ། གསལ་སྟོང་འཛིན་མེད། རང་གསལ་ཆོས་སྐུ། མ་ལུས་ལྷུན་གྲུབ། གདོད་ནས་བྱང་ཆུབ། དམིགས་བསམ་སྤྲོས་བྲལ། འགག་མེད་རང་གསལ། རང་བྱུང་ཡེ་ཤེས། འོད་གསལ་སྙིང་པོ། གཉིས་མེད་ཡེ་ཤེས། ཕྱོགས་མེད་རང་ཡན། དམིགས་མེད་ཀུན་གྲོལ། ཡངས་པ་ཆེན་པོ། འགྲོ་བ་ཆོས་ཉིད། བསམ་རྫོགས་གདོད་མ། བྱར་མེད་ནམ་མཁའ། མ་སྐྱེས་ཆོས་ཉིད། མི་གནས་རང་བྱུང་། མེ་ལོང་ཡེ་ཤེས། རོལ་པ་འགགས་མེད། རྒྱ་ཡན་རང་གྲོལ། མཐའ་བྲལ་དབུ་མ། རྫོགས་པ་རང་བྱུང་། རིག་པ་དྲི་མེད། རང་ཤར་འགག་མེད། མཐའ་གྲོལ་ཀློང་ཆེན་ལ་སོགས་ཏེ། གསལ་དྭངས་འོད་གསལ་ལས་དྲས་ཏེ་གང་འོས་སུ་གདགས་སོ། །ལྷོར་བབས་ན་མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་རིན་འབྱུང་ལས་དྲས་ཏེ། གཉིས་མེད་མཚོན་པའི་མིང་ལ། འདོད་ཡོན་རང་ཤར། རྒྱ་ཆེན་དཔལ་འབྱོར། ཡོན་ཏན་རང་བྱུང་། བསམ་རྫོགས་རྒྱལ་པོ། ཚོགས་ཅན་ལྷུན་རྫོགས། འདོད་དགུ་རང་ཤར། ཡིད་བཞིན་སྙིང་པོ། དཔེ་མེད་རང་གྲོལ། དོན་གྲུབ་སྙིང་པོ། ཞིང་ཁམས་རྣམ་དག །ལྷུན་གྲུབ་ཡེ་ཤེས། མ་བྱས་རང་རྫོགས། གཞི་བདེ་ཆོས་ཉིད། ཡེ་ཤེས་རྒྱས་པ། ཆོས་ཉིད་ངག་དབང་། ཀློང་རྫོགས་རྒྱལ་པོ། རང་བྱུང་ཀློང་རྒྱས། རོལ་པ་རང་ཤར། གང་ཤར་ཆོས་ཉིད། ཅིར་སྣང་མཉམ་གྲོལ། བླང་དོར་གཉིས་མེད། གཏད་མེད་ཡོངས་(༡༥)གྲོལ། སྐུ་གསུམ་རང་རྫོགས། ཡེ་ཤེས་ལྔ་ལྡན། གཟུངས་སྤྲིན་སྙིང་པོ། ཡེ་ཤེས་ཉི་མ། ལྷུན་གྲུབ་གཟའ་སྐར་ལ་སོགས་པ་སྟེ་གཉིས་སུ་མེད་པའི་མིང་ལས་བརྩམ་སྟེ་གདགས་སོ། །ནུབ་ཏུ་བབས་ན་པདྨའི་རིགས་འོད་དཔག་མེད་ཀུན་རྟོག་ཡེ་ཤེས་ཀྱི་མིང་ལ། བདེ་ཆེན་རྒྱལ་པོ། ཁམས་གསུམ་ཡོངས་གྲོལ། མ་བསམ་ཆོས་ཉིད། ཅིར་སྣང་ཡེ་ཤེས། ལྷུན་མཉམ་བདེ་ཆེན། པདྨ་ཀློང་ཆེན། ཀློང་གསལ་དྲི་མེད། བདེ་ཆེན་རང་བྱུང་། ཐམས་ཅད་བབས་བདེ། གཞི་མེད་རང་གསལ། འགྲོ་བ་བྱང་ཆུབ། ཐམས་ཅད་ཆོས་ཉིད། འཁོར་འདས་ཡེ་གྲོལ། མ་སྤངས་ཡོངས་རྫོགས། རང་གསལ་བདེ་ཆེན། འོད་གསལ་ཀློང་རྒྱས། བྱང་ཆུབ་རང་བྱུང་། མཁའ་མཉམ་བདེ་ཆེན། གཞི་རྩ་བྱང་ཆུབ། རང་བྱུང་ཆོས་ཉིད། ཡོད་མེད་མཐའ་བྲལ། ཡངས་དོག་གཉིས་མེད། ཆོས་སྐུ་རང་ལུགས། མི་དམིགས་ཕྱམ་གདལ་ལ་སོགས་པ་སྟེ་ཡེ་ཤེས་རང་གསལ་གྱི་མིང་རྣམས་གདགས་སོ། །བྱང་དུ་བབས་ན་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་དོན་ཡོད་གྲུབ་པ་ལས་བརྩམ་སྟེ། སྒོ་ལྔ་བྱ་བྲལ། ལྷུན་རྫོགས་ཆོས་སྐུ། རང་ཤར་རིས་མེད། འཛིན་མེད་རྒྱལ་པོ། མ་ལུས་ཡོངས་གྲོལ། ཀུན་མཉམ་ཡངས་པ། ལྷུན་མཉམ་ཡོངས་གྲོལ། ཕྱམ་ཅིག་སངས་རྒྱས། ཡེ་ནས་བྱར་མེད། བྱ་བཙལ་ཀུན་གྲོལ། ཁྱབ་གདལ་ཆོས་ཉིད། ཕྲིན་ལས་ལྷུན་གྲུབ། ཡོངས་རྫོགས་བྱང་ཆུབ། རང་གཞན་དོན་གྲུབ། མ་སྤངས་ཡོངས་རྫོགས། རྩོལ་སྒྲུབ་བྱར་མེད། ཆོས་སྐུ་རང་རྫོགས། ལྷུན་གྲུབ་འཛིན་མེད། ཡོངས་གྲོལ་ཆེན་པོ་ལ་སོགས་ཏེ་ཕྱོགས་ཡན་རེ་དོགས་དང་བྲལ་བའི་མིང་རྣམས་གདགས་སོ། །མཚམས་སུ་བབས་ན་ཕྱོགས་གཉིས་བསྲེས་པའམ། ཕྱོགས་དེ་གང་ཡིན་གདགས་སོ། །མིང་གི་གནད་ཡིག་གསང་བ་སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་བྱུང་པདྨའི་གནས་སུ་བཀོད་པའོ།། །།

སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ།

༄༅། །སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ་བཞུགས་སོ། །

༄༅། །ཡིད་བཞིན་རེ་བ་སྐོང་མཛད་པའི། །ཡོན་ཏན་རྒྱ་མཚོའི་བླ་མ་མཆོག །དད་བརྒྱའི་གཙུག་གི་པདྨོ་ལ། །ཐུགས་རྗེའི་ཞབས་བརྟན་རོལ་པར་མཛོད། །འོད་གསལ་རྡོ་རྗེ་སྙིང་པོ་ཐེག་པའི་མཆོག །སྙིང་ཏིག་གསང་བའི་དབང་བཞིའི་རིམ་པ་ལས། །སྤྲོས་པ་མེད་པའི་དབང་གི་ཆོ་ག་ནི། །ཕྲ་ཏིག་རིན་ཆེན་དག་ལས་གསུངས་བཞིན་བྲི། །དེ་ཡང་དབང་གི་གནས་དབེན་ཞིང་ཉམས་དགའ་བར། མཎྜལ་ཁྲུ་དོ་བའི་དབུས་སུ། རྡུལ་ཚོན་གྱི་བུམ་པ་བསྣོལ་མ་དམར་པོ་ཁ་(༡༦)རྒྱན་མགུལ་ཆིངས་དང་ལྡན་པ་འོད་ལྔའི་མུ་ཁྱུད་ཅན་བྲིས་པའི་མཐར། འོད་ལྔའི་ར་བས་བསྐོར་བའི་ནང་ཚོན་སྔོན་པོ་འོད་ཟེར་ཐིག་ལེས་བརྒྱན་པ་བྲི་ལ། དབུས་སུ་རིན་པོ་ཆེའི་བུམ་པར་སྨན་སྤོས་དང་། འོ་མས་བཀང་བའི་ཕྱོགས་བཞིར་ཨ་དཀར་པོ་བཞི་བྲིས་ཏེ། ཁ་རྒྱན་གྱི་གསེབ་ཏུ་མེ་ལོང་གསུམ་དང་། རྨ་བྱའི་མདོངས་གསུམ་དང་མན་ཤེལ་གསུམ་བཙུགས་ཏེ་མགུལ་ཆིངས་དམར་པོས་དཀྲིས་ལ་བཞག་གོ། །མཐར་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། ཚོགས་དང་། གཏོར་མ་དང་། དྲི་དང་འོ་མ་བསྲེས་པའི་ཁུ་བ་དང་། གུ་གུལ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །དེ་ནས་སློབ་དཔོན་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་སྦྱོར་སྐྱིལ་ཀྲུང་མཛད་པར་མོས་པས་ཡི་གེ་གསུམ་དང་། ཨཱ་ལི་ཀཱ་ལིའི་བསྙེན་པ་ཅི་འགྲུབ་བྱས་ཏེ་བུམ་པ་སྨན་སྤོས་དང་འོ་མས་གང་བ་ཡེ་ཤེས་ཀྱི་བདུད་རྩིར་བསམས་པའི་ནང་རྣམས། ཨ་དཀར་པོས་ཁེངས་པར་བསམས་ལ། ཨ་བརྒྱ་རྩ་བརྒྱད་བརྗོད་ལ་སྐྱེ་བ་མེད་པའི་རྒྱས་གདབས་པར་བྱའོ། །དེ་ཡང་སློབ་དཔོན་གྱིས་སྔོན་དུ་སྐུའི་ཡི་གེ་ལ་སྟོང་ཕྲག་བདུན། གསུང་ལ་འབུམ་ཕྲག་གཅིགཐུགས་ལ་ཁྲི་ཕྲག་གཅིག །སྐྱེ་མེད་རང་བྱུང་གི་ཡི་གེ་ཨཱ་ལི་ཀཱ་ལི་ལ་འབུམ་ཕྲག་བདུན་བསྙེན་པ་བྱ་བར་གསུངས་ཏེ། སློབ་དཔོན་གྱི་ངག་མ་དག་ན་སློབ་མས་དབང་མི་ཐོབ་པའི་ཕྱིར་རོ། །དེ་ནས་སློབ་མ་རྣམས་ཕྱི་རོལ་ནས་ཁྲུས་བྱས་ཏེ་ནང་དུ་གཞུག་དུས་གུ་གུལ་གྱིས་བདུག་ཅིང་རོལ་མོའི་སྒྲ་དང་། ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་དྲག་སྔགས་དང་བཅས་པས་བགེགས་བསྐྲད་ལ། སྲུང་བའི་འཁོར་ལོ་མེ་རི་མེ་དཔུང་དང་བཅས་པས་མཚམས་བཅད་དེ་གྲལ་ལ་འཁོད་ནས། མཎྜལ་ཕུལ་ལ་སྔོན་དུ་བློ་བཅོས་པའི་ཆོས་བཤད་དེ། ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད། གླིང་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་དུ་སྐྱེས། བླ་མ་དམ་པ་དང་ཐེག་པ་ཆེན་པོའི་ཆོས་དང་འཕྲད། ཐར་པའི་ལམ་སྣ་ད་རེས་ཟིན་པའི་དུས་འདིར་དམ་པའི་ཆོས་ལ་འཇུག་དགོས། འཁོར་བ་མཐའ་མེད་དུ་འཁྱམས་པའི་སྡུག་བསྔལ་བཟོད་དཀའ་བ། རྒྱ་མཚོར་གཟིངས་ཐག་ཆད་པའི་ཚོང་པ་ལྟ་བུ། འདབ་ཆགས་སྙི་ལ་ཟིན་པ་ལྟ་བུ། འཇིགས་བཅས་ཀྱི་སར་ལམ་ནོར་བ་ལྟ་བུ། གཤེད་མའི་དཀྱིལ་དུ་ཚུད་པ་ལྟ་བུ་ལས་ད་རེས་ཐར་བར་བྱ་དགོས། ཐར་པ་ནི་བསིལ་བ། ཞི་བ་འཇིགས་པ་མེད་པ་མཆོག་ཏུ་བདེ་བའོ། །ཞེས་པ་ལ་སོགས་པ་བརྗོད་ནས།

དབང་བསྐུར་བ་དངོས་ལ་གསུམ་སྟེ། འཇུག་པ། དབང་། གཟེངས་བསྟོད་པའོ། །དང་པོ་ནི། སློབ་མ་འཇུག་པ་སྟེ་ཁ་ཅིག་ཐུན་མོང་གི་(༡༧)འཇུག་པ་རྣམས་སྤྲོས་བཅས་དང་འདྲེས་པས་འདིར་མི་ཐོབ་པའི་ཕྱིར། ཐུན་མོང་མ་ཡིན་པའི་འཇུག་པ་ནས་མགོ་བརྩམས་ཟེར་ཡང་། དགོངས་པ་ཅུང་ཟད་མ་ལོན་པར་སྣང་སྟེ། ཕྲ་ཏིག་ལས། སྔོན་དུ་གསོལ་བ་བཏབ་པས་བྱིན་རླབས་འཇུག་པའི་དགོས་པ་ཡོད་དོ། །ཞེས་པ་དང་། སྐུ་གསུང་ཐུགས་དབྱེར་མེད་པའི་དམ་ཚིག་གི་གནང་བ་སྦྱིན་ནོ། །དམ་ཚིག་ཉམས་ན་འཆིང་བར་བྱེད་ལ། མ་ཉམས་ན་དམ་པའི་དོན་ངེས་པར་སྟེར་བར་བྱེད་དོ། །ཞེས་འབྱུང་བས་ཐུན་མོང་གི་འཇུག་པ་གསུངས་སོ། །དེ་ལ་སྐབས་འདིར་བླ་མའི་ཕྱག་བཞེས་ཀྱིས་རྒྱུད་མ་དག་ན་དབང་མི་ཐོབ་པས། ཉམས་ཆག་བསྐང་བའི་ཕྱིར། སྐོང་བཤགས་གི་རིམ་པ་མདོར་བསྡུས་མཛད་དོ། །དེ་ཡང་བླ་མ་དང་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་བསམས་པའི་སྤྱན་སྔར་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་པས་ཕྱག་དང་བཤགས་པ་ཅི་འགྲུབ་བྱས་ནས་སྤྲོས་པ་མེད་པའི་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ། །དེའང་འཇུག་པ་ལ་གཉིས་ཏེ། ཐུན་མོང་གི་འཇུག་པ་དང་། ཐུན་མོང་མ་ཡིན་པའི་འཇུག་པའོ། །དང་པོ་ལ་ལྔ་ལས། གསོལ་བ་བཏབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་སྡུག་བསྔལ་མེ་འབར་བ། །ཐུགས་རྗེའི་བརླན་གྱིས་བསིལ་བར་མཛོད། །ཅེས་པ་གསུམ་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། ངག་བྱིན་གྱིས་བརླབ་ཏུ་གསོལ། སེམས་བྱིན་གྱིས་བརླབ་ཏུ་གསོལ། སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཅེས་པ་གསུམ་བརྗོད་དོ། །

སྡོམ་པ་གཟུང་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཕྱོགས་(༡༨)

བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །བླ་མ་ལ་ཡང་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་དང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་རྗེས་གཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་གཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ངོ༌་། །རྡོ་རྗེ་སློབ་དཔོན་མི་གཏོང་ངོ༌་། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང་། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཉན་ཐོས་རང་རྒྱལ་རྣམས་ལ་ཡང་། །ཅུང་ཟད་བརྙས་པ་མི་བྱ་ཞིང་། །སྔགས་འཆང་སྤང་བར་མི་བྱའོ། །བསྙེན་སྒྲུབ་ལས་ཀྱི་མཐའ་རྣམས་ཀྱང་། །དུས་འདི་ཉིད་ནས་གཟུང་བར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང་། །སྐུ་གསུང་ཐུགས་ལས་མི་འདའོ། །སྲོག་ཆགས་གསོད་པར་མི་བྱ་ཞིང་། །དམ་ཆོས་ནམ་ཡང་མི་གཏོང་ངོ༌་། །བླ་མའི་བྱ་བ་མི་གཏོང་ཞིང་། །འཁྲུལ་པའི་བྱ་བ་མི་བགྱིད་དོ། །སེམས་ཅན་སྨིན་པ་ཉིད་དང་ནི། །མ་གྲོལ་བ་རྣམས་དགྲོལ་བ་དང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་བྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །བསྟན་པ་སྨད་པར་མི་བྱ་ཞིང་། །བླ་མ་ལ་ཡང་ཡོན་དབུལ་ལོ། །འཁོར་བ་རིང་དུ་སྤང་བྱ་ཞིང་། །མྱ་ངན་འདས་པ་བླང་བར་བགྱི། །དགེ་སློང་སེམས་སུན་མི་དབྱུང་ཞིང་། །བསམ་གཏན་སྒོམ་པ་དཀྲུགས་མི་བྱ། །ཆོས་དང་གང་ཟག་མི་སྨད་ཅིང་། །ཁྱད་པར་དཀྱིལ་འཁོར་བསྒོམ་པར་བགྱི། །རྫོགས་རིམ་སྒོམ་ལས་མི་འདའ་ཞིང་། །

ཅི་ལྟར་བླ་མས་གསུངས་པ་ལས། །བདག་ནི་ནམ་ཡང་མི་འདའོ། །ཞེས་པ་གསུམ་བརྗོད་དོ། །

དམ་ཚིག་གི་ཆུ་སྦྱིན་པ་ནི། འོ་མ་དང་སྨན་སྤོས་ཀྱི་ཐིགས་པ་རེ་སྙིམས་པར་བླུགས་ལ། ཧཱུྃ་འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་(༡༩)འདས་ན་དམྱལ་མེས་སྲེག །བསྐལ་པ་བགྲངས་ཀྱིས་མི་ལང་པར། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་བཞག་པས་ཐུབ་པར་གྱིས། །གལ་ཏེ་ཉམས་པར་མ་གྱུར་ན། །འདི་ནི་དམ་ཚིག་དངོས་གྲུབ་ཆུ། །མཆོག་དང་ཐུན་མོང་ལོངས་སྤྱོད་ཅིང་། །རྫོགས་པའི་སངས་རྒྱས་འབྲས་བུ་ཐོབ། །དེ་བས་འདི་ཉིད་ཐུབ་པར་གྱིས། །ཞེས་པ་རེ་རེ་ནས་བརྗོད་དོ། །དམ་ཚིག་ཁས་བླངས་པ་ནི། སློབ་མས། བདག་ནི་དུས་འདི་ནས་བཟུང་ནས། །བྱང་ཆུབ་མ་ཐོབ་བར་དག་ཏུ། །འཁྲུལ་པའི་བྱ་བ་བྱེད་རེ་ཀན། །བླ་མས་ཅི་གསུང་མི་ཉན་རེ། །སེམས་ཅན་ཀུན་ལ་འཚེ་རེ་ཀན། །བདེ་ཆེན་ལམ་དུ་མི་སློང་རེ། །འཇིག་རྟེན་འདོད་ཕྱིར་འབྲང་རེ་ཀན། །ལྟ་དང་སྒོམ་དང་སྤྱོད་པ་ནི། །སྲོག་གི་ཕྱིར་ཡང་གཏོང་རེ་ཀན། །དུར་ཁྲོད་ལ་སོགས་དབེན་པའི་གནས། །འདི་ནས་བཟུང་སྟེ་མི་བསྟེན་རེ། །མདོར་ན་འཇིག་རྟེན་བྱ་བ་གཏོང་། །འདས་པའི་བྱ་བ་གཏོང་རེ་ཀན། །ཞེས་པ་གསུམ་བརྗོད་དོ། །དམ་ཚིག་བསྒྲགས་ཏེ་སྡོམ་པ་སྦྱིན་པ་ནི། ཀྱེ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན། །ཕྱི་ནང་གསང་བའི་ཐེག་པ་དང་། །དམ་ཆོས་བསྒྲུབ་པར་དམ་ཆོས་ཤིག །སེམས་ཅན་ཀུན་ལ་བྱམས་པའི་སེམས། །དུས་འདི་ཉིད་ནས་མ་སྤངས་ཤིག །དཀྱིལ་འཁོར་འཁོར་ལོ་བསྒོམས་པ་དང་། །བླ་མ་ནམ་ཡང་མ་སྤངས་ཤིག །རྡོ་རྗེ་མཆེད་ལ་མི་ཁྲོ་ཞིང་། །དཀོན་མཆོག་གསུམ་པོ་བཀུར་བ་དང་། །ཇི་ལྟར་སྔགས་ཀྱི་དམ་ཚིག་དང་། །སྡོམ་པ་ཐམས་ཅད་གཟུང་བར་བགྱི། །བསྟན་པ་ཀུན་ལ་གནོད་པ་སྤོངས། །ཐར་པའི་ལམ་དུ་འགྲོ་བར་གྱིས། །ཀྱེ་སྐལ་ལྡན་རྫོགས་པའི་རང་བཞིན་ཅན། །དབང་བསྐུར་ཆོ་ག་ཅི་ལྟ་བུ། །གཞན་ལ་རྗོད་པར་མ་བྱེད་ཅིག །དམ་ཚིག་རྣམས་དང་སྔགས་ཀྱི་ཚིག །དབང་བསྐུར་མ་ཐོབ་མི་རྣམས་ལ། །ནམ་ཡང་བཤད་པར་མ་བྱེད་ཀྭ་ཡེ། །འཁོར་བ་རིང་དུ་སྤང་བར་གྱིས། །གང་གིས་རྡོ་རྗེ་འཛིན་གྱུར་པའི། །དངོས་གྲུབ་རྣམས་ནི་མ་གཏོང་ཞིག །ཅེས་པ་གསུམ་བརྗོད་དོ། །

གཉིས་པ་ཐུན་མོངས་མ་ཡིན་པའི་འཇུག་པ་ལ་གསུམ་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་ལ། སློབ་མས། བླ་མ་རྡོ་རྗེ་འཛིན་པ་ལ། །བདག་ནི་སྐལ་ལྡན་སྙིང་གི་བུ། །དད་པས་རབ་ཏུ་ཉན་པར་འཚལ། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དབང་བསྐུར་ནང་དུ་འཇུག་ལགས་པས། །དཔའ་བོ་རྡོ་རྗེ་བླ་མ་ཡིས། །རང་གི་སེམས་ཀྱི་གནས་ལུགས་ཀྱི། །ཨ་ཏིའི་དཀྱིལ་འཁོར་བསྟན་དུ་(༢༠)གསོལ། །བདག་ནི་ཡང་དག་འདིར་ཞུགས་ནས། །སླར་ཡང་ལྡོག་པར་མི་བགྱིད་དོ། །ཞེས་པ་གསུམ་བརྗོད་དོ། །

གཉིས་པ་རྗེས་གནང་སྦྱིན་པ་ནི། བླ་མས། ཨེ་མ་བུ་ཁྱོད་སྐལ་བ་བཟང་། །སྐལ་ལྡན་བྱང་ཆུབ་སེམས་ཆེན་པོ། །སྔོན་ཆད་རང་བཞིན་རྫོགས་ཆེན་གྱི། །དབང་བསྐུར་ནང་དུ་མ་ཞུགས་པས། །དོ་ནུབ་སྐལ་ལྡན་བུ་ཁྱོད་ལ། །རྫོགས་ཆེན་དཀྱིལ་འཁོར་བསྟན་པར་བྱ། །སེམས་ཀྱི་རྟོག་པ་ཀུན་སོལ་ལ། །འཇིག་རྟེན་བཅིངས་པ་ཀུན་གྲོལ་གྱིས། །འདི་ལ་སྤང་བླང་ཐ་སྙད་བྲལ། །རིགས་དང་རྒྱུད་རྣམས་སྦྱངས་པ་ཡིས། །ལུས་ངག་བདེ་བའི་རྟེན་ཡིན་པས། །དེང་ནས་བརྩམས་ཏེ་སླར་མ་ལྡོག །ཅེས་པ་ལན་ཅིག་བརྗོད་དོ། །

ཀ ༽ གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་མཐའ་བཞི་དང་བྲལ་བ་ནས་འཇུག་སྟེ། སློབ་མས་སྟོད་གཡོགས་ཕུད་ལ། ཐལ་མོ་སྙིང་གར་སྦྱར་ནས། བླ་མའི་ཐུགས་ཀར་མིག་གཏད་ལ། ཨཱ་ལི་ཀཱ་ལིའི་ཕྲེང་བས་སྙིང་ནང་དུ་བསྐོར་བར་བསམས་ཏེ། མ་ཡེངས་པར་ལྷན་ནེར་གློད་པས། གང་ལ་ཡང་འཛིན་པ་མེད་པའི་ངང་དུ་གནས་པ་ནི། བསྲེ་བ་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དོན་གཉིས་པ་དབང་བསྐུར་བ་དངོས་ལ་གཉིས་ཏེ། ཡི་གེ་འཁོར་ལོའི་དབང་དང་། ཆོས་ཉིད་དོན་གྱི་དབང་ངོ༌། །དང་པོ་ལ་གསུམ་ལས། ཆོས་དབྱིངས་ཡི་གེའི་དབང་ནི། ཨཱ་རིང་པོ་དབྱངས་དང་བཅས་པ་བརྗོད་པས། ལུས་ཀྱི་ནང་ཐམས་ཅད་ཨ་དཀར་པོས་ཤིག་ཤིག་གང་བའི་ཨ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཡར་འཕྲོས་པས། ནམ་མཁའི་དཀྱིལ་ནས་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་སུ་ཕོག །བདུད་རྩི་འོད་ལྔའི་ཆར་བབས་པས། རང་གི་སྤྱི་གཙུག་ནས་ལུས་ཀྱི་ཕྱི་ནང་ཀུན་ཁེངས་པ་ལ་བློ་བཞག་ནས། སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་དྲི་དང་། འོ་མའི་ཐིག་ལེ་བྱས་དུས་ཐིག་ལེ་ཉི་ཟླ་ཁ་སྦྱོར་དུ་དམིགས་པའི་སྟེང་དུ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་འོད་ལྔའི་གོང་བུར་གྱུར་པ་སྙིང་ནང་དུ་སོང་བ་འོད་དུ་ཞུ་བས་ལུས་ངག་ཡིད་གསུམ་བདེ་གསལ་མི་རྟོག་པར་སོང་བར་བསྒོམ་མོ། །དེའི་དུས་སུ་རླུང་དལ་བུས་ཨ་བརྗོད་པའི་མཚམས་སུ། རང་རང་གི་གསང་མཚན་བཅུག་ལ་སྐྱེ་མེད་དུ་སྦ་བར་མཛད་དུ་གསོལ། ཅེས་བཟླས་ཤིང་འཕྲོ་གཅོད་དུས་འཁོར་ལོ་བཞིའི་དབུས་སུ་ཨ་རྣམས་བསྡུས་ལ། སྟོང་ཉིད་ཀྱི་ངང་ལ་དར་ཅིག་བསྒོམ་པར་བྱའོ། །སྐྱེ་མཆེད་ཡི་གེའི་དབང་ལ་གཉིས་ལས། ཨཱ་ལི་ནི་དམིགས་པ་གཞན་རྣམས་དེ་དང་འདྲ་བ་(༢༡)ལས། ཁྱད་པར་དུ་རྩ་རྣམས་ཀྱི་ནང་ནས་ཨཱ་ལི་དམར་པོ་འོད་འཕྲོ་བ་ཤིག་ཤིག་བྱུང་བའི་འོད་ཀྱིས་ནམ་མཁར་ཁྱབ་ཅིང་སྒྲ་སྐད་གྲགས་པར་བསམས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ར྇་རཱ྇། ལ྇་ལཱ྇། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཞེས་རིང་ཐུང་རན་པར་བཟླས་ནས་རྗེས་ལ། མིག་ཕུགས་ཀྱི་རྩ་གཏེམས་ལ་ཐིག་ལེ་བྱ་ཞིང་། ཡི་གེ་རྣམས་འཁོར་ལོ་བཞིར་སྦས་ཏེ། སྐྱེ་མེད་ཀྱི་ངང་ལ་གཞག་གོ། །ཀཱ་ལི་ནི་དཀར་པོར་བསམས་ལ་སྔར་བཞིན་བཟླས་ཤིང་། ཁྱད་པར་དུ་ཕྱིར་མ་དོན་པར་ཁོང་པའི་ནང་ཐམས་ཅད་ཁེངས་པར་བསམ་ཞིང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་བཟླས་པའི་རྗེས་ལ། རྣ་བའི་གཤོང་བུའི་རྩ་གཏེམས་ལ་ཐིག་ལེ་བྱུགས་ཏེ། ཡི་གེ་འཁོར་ལོ་བཞིར་སྦས་ལ་སྟོང་ཉིད་བསྒོམ་མོ། །

གསུམ་པ་རང་བྱུང་གི་ཡི་གེའི་དབང་ལ་གསུམ་ལས། སྐུའི་ཡི་གེ་ནི་ཐིག་ལེ་སྤྱི་གཙུག་ཏུ་བྱུགས་ལ། སློབ་མ་རྣམས་ཨཱ་དཀར་པོ་རེར་བསམས་པའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་ཁྱབ་པའི་ཁྲོད་ན་ཨཱ་དུ་མེ་རེ་རེ་ཡོད་པ་ལས། རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ཨཱ་དྲག་ཤུལ་དང་བཅས་པ་བརྗོད་ཅིང་། མགྲིན་པའི་རྩ་གཏེམས་ཤིང་སྟོང་པས་རྒྱས་གདབ་བོ། །གསུང་གི་ཡི་གེ་ནི། ཐིག་ལེ་མགྲིན་པར་བྱས་ཏེ། ཨཱཿདམར་པོ་བསམས་ནས། ཨཱཿབརྗོད་པས། འོད་ཟེར་དང་རང་སྒྲས་ནམ་མཁའ་གང་བར་དམིགས་ལ། མཆན་ཁུང་གི་རྩའམ་བདུད་རྩིའི་ཐེམ་བུའི་རྩ་གཏེམས་ལ་སྟོང་པས་རྒྱས་གདབ་བོ། །ཐུགས་ཀྱི་ཡི་གེ་ནི། ཐིག་ལེ་སྙིང་གར་བྱུགས་ཏེ། ཧཱུྃ་མཐིང་ག་བསམ་ལ། ཧཱུྃ་བརྗོད་ནས། སྐྱེས་པ་ལ་ནུ་མ་གཡོན་པའི་འོག་གི་འཕར་རྩ་གཏེམས་ཤིང་སྟོང་པས་རྒྱས་གདབ་བོ། །

གཉིས་པ་ཆོས་ཉིད་དོན་གྱི་དབང་ལ་བཞི་ལས། བདེ་ཆེན་སྤྱི་བླུགས་ཀྱི་དབང་ནི། སློབ་མའི་སྨིན་མཚམས་སུ་ཐིག་ལེ་ལན་གཉིས་བརྩེགས་མར་བྱུགས་པ་ཉི་ཟླ་ཁ་སྦྱོར་དུ་གྱུར་པས་སེམས་ཉིད་སྤྲོ་བསྡུ་མེད་པའི་ངང་ལ་སྒོམ་དུ་བཅུག་ནས། བུམ་པ་སྤྱི་བོར་བཞག་པའི་ནང་ནས། ཚིག་འདི་དག་རང་བྱུང་དུ་ལྷང་ལྷང་བྱུང་བས། སེམས་ཉིད་ཀྱི་དོན་ངོ་སྤྲད་པ་ནི། བླ་མས་ཆོས་ཉིད་ཀྱི་ངང་ནས་རིག་པ་རྒྱ་བསྐྱེད་ལ་དབྱངས་སྙན་པོས་བརྗོད་པ་ནི། ཆོས་ཐམས་ཅད་བརྗོད་དུ་མེད་པའོ། །བསམ་དུ་མེད་པའོ། །མཚོན་དུ་མེད་པའོ། །བལྟར་མེད་པའོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །སྤྲོས་པ་མེད་པའོ། །སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །ཞེས་(༢༢)བརྗོད་ལ། ད་ལྟར་གྱི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡེ་གྲོལ་ཆེན་པོའི་ངོ་བོ་ལ་རང་མཚན་དུ་ངག་གིས་བརྗོད་དུ་མེད། ཡིད་ཀྱིས་བསམ་དུ་མེད། དཔེས་མཚོན་དུ་མེད། མིག་གིས་བལྟར་མེད། འདིའོ་ཞེས་མཚན་མ་མེད། དྲན་རྟོག་གི་སྤྲོས་པ་མེད། ཐོབ་བྱའི་སྨོན་པ་མེད། ཡོད་མེད་ཀྱི་སྤྲོས་པའི་མཐའ་དང་བྲལ་བར་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དེའི་དུས་སུ་རེ་རེ་བཞིན་གྱི་སྙིམས་པར་བུམ་ཆུ་བླུགས་ལ། ཨ་ཨཱ་ཞེས་བརྗོད་ནས་རོལ་མོ་དཀྲོལ་ལོ། །

གཉིས་པ་རྒྱས་གདབ་ཚངས་པའི་དབང་ནི། བླ་མས། ཨེ་མ་ཧོ། ཆོས་ཉིད་སྤྲོས་དང་བྲལ་བའི་བདེ་ཆེན་དེ། །བལྟར་མེད་བསམ་ཡུལ་འདས་པ་ངོ་མཚར་ཆེ། །གཉིས་མེད་རང་སྣང་ཀུན་ཁྱབ་ཡེ་ཤེས་ཉིད། །རང་རིག་མངོན་དུ་སྣང་བ་ངོ་མཚར་ཆེ། །བྱ་བྲལ་རང་བཞིན་རྫོགས་ཆེན་གནས་ལུགས་ཉིད། །མ་བཙལ་རང་ལས་བྱུང་བ་ངོ་མཚར་ཆེ། །ངོ་བོ་སྤྲོས་བྲལ་རང་བཞིན་རྣམ་དག་ཉིད། །དགེ་སྡིག་མཐའ་ལས་འདས་པ་ངོ་མཚར་ཆེ། །རང་སྣང་སྤྲོས་པ་མེད་པའི་རང་རིག་ཉིད། །ལྟ་སྒོམ་སྤྱོད་པར་སྣང་བ་ངོ་མཚར་ཆེ། །རང་ལས་བྱུང་བའི་འོད་ཀྱི་སྒྲོན་མ་ཉིད། །མངོན་སུམ་ཡུལ་དུ་སྣང་བ་ངོ་མཚར་ཆེ། །ངོ་བོ་རང་བཞིན་ཐུགས་རྗེ་ཕྱོགས་མེད་པའི། །སྐུ་གསུམ་ཡེ་ནས་ཤར་བ་ངོ་མཚར་ཆེ། །བརྗོད་མེད་རྣམ་པར་དག་པའི་ཡེ་ཤེས་ཉིད། །དག་པའི་ཡུལ་ལ་སྣང་བ་ངོ་མཚར་ཆེ། །མ་རིག་མུན་སེལ་ཐིག་ལེ་སྟོང་པ་ཉིད། །དབང་པོའི་ཡུལ་ལ་སྣང་བ་ངོ་མཚར་ཆེ། །ཞེས་བརྗོད་ནས། ད་ལྟར་གྱི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་འདི་ཉིད། བལྟར་མེད་ཅིང་བསམ་དུ་མེད་ལ། སོ་སོ་རང་རིག་གི་སྤྱོད་ཡུལ་དུ་སྣང་བ་གཉིས་མི་འགལ་བ་ངོ་མཚར། རང་རིག་གཉིས་སུ་མེད་པ་དང་རང་གི་རིག་པ་གཉིས་མི་འགལ་བ་ངོ་མཚར། རང་བཞིན་རྫོགས་པ་ཆེན་པོ་ཡེ་ནས་བྱ་རྩོལ་དང་བྲལ་བ་དང་། ཐབས་ཀྱིས་རང་ལ་སྣང་བ་མི་འགལ་བ་ངོ་མཚར། རིག་པའི་ངོ་བོ་དགེ་སྡིག་ལས་འདས་པ་དང་། རིག་པ་ཉིད་ལྟ་སྒོམ་སྤྱོད་པར་སྣང་བ་དང་། རང་གདངས་ཆོས་ཉིད་མངོན་སུམ་དང་། སྟོང་གསལ་འཆར་བ་སྐུ་གསུམ་དུ་བྱུང་བ་དང་། བརྗོད་དུ་མེད་པའི་ཡེ་ཤེས་རིག་པའི་ངོ་བོར་སྣང་བ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རྣམས་མིག་ལམ་དུ་མཐོང་བ་རྣམས་ངོ་མཚར་ཆེ། ཞེས་བརྗོད་དོ། །

གསུམ་པ་རིག་པ་རྩལ་གྱི་དབང་ནི། བླ་མས། དངོས་པོ་གང་ལའང་རང་བཞིན་མེད་པའོ། །བལྟར་མེད་(༢༣)པའོ། །སྲོག་མེད་པའོ། །སྙིང་པོ་མེད་པའོ། །ཡ་མ་བརླའོ། །ཚིག་མེད་པའོ། །ཡི་གེ་མེད་པའོ། །སྒྲ་མེད་པའོ། །ཐ་སྙད་མེད་པའོ། །བརྗོད་དུ་མེད་པའོ། །ཞེས་བརྗོད་ནས། སེམས་ཉིད་འདི་ལ་ངོ་བོ་མ་གྲུབ་པས་རང་བཞིན་མེད། ངོས་གཟུང་མེད་པས་བལྟར་མེད། ཡོད་མེད་ལས་འདས་པས་སྲོག་མེད། ཡིན་མིན་མེད་པས་སྙིང་པོ་མེད། མེད་ལ་སྣང་ལ་ངོ་བོས་སྟོང་པས་ཡ་མ་བརླ། གང་དུའང་མ་གྲུབ་པས་ཚིག་མེད། དམིགས་བསམ་དང་བྲལ་བས་ཡི་གེ་མེད། ངག་ལས་འདས་པས་སྒྲ་མེད། སྨྲ་བསམ་ལས་འདས་པས་ཐ་སྙད་མེད། བརྗོད་བྱ་ལས་འདས་པས་བརྗོད་དུ་མེད་པའོ། །ཞེས་བཤད་པར་བྱའོ། །

བཞི་པ་ཀུན་ཏུ་བཟང་པོ་ཆོས་ཉིད་ལྷུན་གྱིས་གྲུབ་པའི་དབང་ནི། བླ་མས། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ། །འདོད་ཅིང་ཞེན་པའི་བློ་ནི་ཡོངས་རེ་འཁྲུལ། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བ་ལ། །མཚན་མ་ཚིག་ཕྱིར་འབྲངས་པ་ཡོངས་རེ་འཁྲུལ། །སྙིང་པོ་དོན་གྱི་ཡེ་ཤེས་རང་ཤར་ལ། །གཞན་བྱུང་རྩོལ་སྒྲུབ་བྱེད་པ་ཡོངས་རེ་འཁྲུལ། །སེམས་ཉིད་སྐྱེ་ཤི་གཉིས་ལས་འདས་པ་ལ། །སྐྱེ་འགག་གཉིས་སུ་འཛིན་པ་ཡོངས་རེ་འཁྲུལ། །འབྲས་བུ་རང་རྫོགས་སྨོན་ལམ་བྲལ་བ་ལ། །རྣམ་དཔྱོད་དུས་ལ་བལྟས་པ་ཡོངས་རེ་འཁྲུལ། །བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །བླང་དོར་གཉིས་སུ་འཛིན་པ་ཡོངས་རེ་འཁྲུལ། །ཀུན་ཏུ་བཟང་པོ་རང་ལ་གནས་པ་ལ། །ཡི་དམ་གཞན་ནས་ཚོལ་བ་ཡོངས་རེ་འཁྲུལ། །བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །ངན་སོང་གསུམ་དུ་འཛིན་པ་ཡོངས་རེ་འཁྲུལ། །འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཡང་དག་སངས་རྒྱས་འདོད་པ་ཡོངས་རེ་འཁྲུལ། །དུག་ལྔ་མ་སྤངས་རང་བྱུང་ཆེན་པོ་ལ། །ཉོན་མོངས་སྤང་བྱར་འཛིན་པ་ཡོངས་རེ་འཁྲུལ། །འཁྲུལ་པའི་སྣང་བ་ཆོས་སྐུར་རང་ཤར་ལ། །དངོས་པོ་བདག་ཏུ་འཛིན་པ་ཡོངས་རེ་འཁྲུལ། །ཐེག་པ་རིམ་དགུ་རང་ལ་ཤར་བ་ལ། །སོ་སོའི་འདོད་གཞུང་འཛིན་པ་ཡོངས་རེ་འཁྲུལ། །ཞེས་པའི་དོན་ནི།

ཀྱེ་སྐལ་ལྡན་རྣམས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྟོང་ཞིང་བདག་མེད་པས་དགག་སྒྲུབ་བླང་དོར་མེད་པའི་རང་བཞིན་དུ་གནས་པ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་ཤིང་གང་ཟག་དང་ཆོས་ཀྱི་བདག་གཟུང་འཛིན་རང་ཚན་དུ་ཞེན་ཅིང་ཆགས་ན་འཁོར་བའི་(༢༤)ཁ་བརྒྱུད་པས་འཁྲུལ་པ་རང་རྒྱུད་པ་ཡིན་ནོ། །ཕྱི་སྣང་བའི་དངོས་པོ་ས་ཆུ་མེ་རླུང་། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དབྱིངས་སམ། འབྱུང་གནས་ནི། སྤྲོས་པ་མཐའ་དག་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་མེད་ཟང་ཐལ་དུ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་སྣང་བ་དང་སེམས་སུ་ཨ་འཐས་ཤིང་། བདེན་ཞེན་གྱི་བློས་ཚིག་དང་ཐ་སྙད་དུ་མར་བཏགས་པའི་ཕྱིར་སེམས་འབྲང་ནས་འཁྲུལ་ལོ། །སྙིང་པོ་དོན་གྱི་ཡེ་ཤེས་རང་ཆས་ལྷུན་གྲུབ་ཏུ་རང་ལ་ད་ལྟ་ནས་གནས་པ་དེ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་ད་ལྟ་རྒྱུ་རྐྱེན་གྱིས་བསྒྲུབས་པས། དུས་ཕྱིས་དག་པའི་ཡེ་ཤེས་རྙེད་པར་འགྱུར་རོ་སྙམ་ནའང་། རང་ངོ་མ་ཤེས་པས་འཁྲུལ་པའོ། །རང་གི་སེམས་ཉིད་དངོས་པོ་ངོས་གཟུང་མེད་པ་ལ། སྐྱེ་ཤི་མེད་པའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེར་མ་ཤེས་ཏེ། སྐྱེ་ཤིར་འཛིན་པས་སྐྱེ་འགག་ཏུ་ཞེན་ན་འཁྲུལ་པའོ། །སྐུ་གསུམ་འདུ་འབྲལ་མེད་པ་རང་ཆས་སུ་ཚང་བས་རིག་སྟོང་ཆོས་སྐུར་ཤེས་པར་གྱིས་ཤིག །མ་ཤེས་ན་འབད་རྩོལ་བྱས་པའི་མཐར་བསྐལ་པ་དུ་མ་ནས་སངས་རྒྱས་འགྲུབ་པར་འདོད་པ་འཁྲུལ་པ་ཡིན་ནོ། །བདེ་སྡུག་བར་མ་ཐམས་ཅད་རང་གི་སེམས་ལས་ཤར་བར་མཉམ་ཞིང་ངོ་བོ་མེད་པས། ཡེ་གྲོལ་རིག་པའི་ཆོ་འཕྲུལ་དུ་ཤེས་པར་གྱིས་ཤིག །མ་ཤེས་པར་འདོད་པ་བསྒྲུབ། མི་འདོད་པ་འདོར་བ། བདེ་སྡུག་སོ་སོར་ཞེན་ན་གཉིས་མེད་གཉིས་སུ་བཟུང་བས་འཁྲུལ་པའི་རང་བཞིན་ཡིན་ནོ། །རང་གི་རིག་པ་རང་བྱུང་གི་སངས་རྒྱས་ཀུན་ཏུ་བཟང་པོར་ཤེས་པར་གྱིས་ཤིག །མ་ཤེས་པར་མཚན་མ་རྟོག་བསྒོམ་གྱིས་ཡི་དམ་གཞན་ནས་བཙལ་ཀྱང་། རང་གི་ཡིད་དཔྱོད་གོམས་པའི་རྣམ་རྟོག་ལས་གཞན་མེད་པས་འཁྲུལ་ལོ། །རིག་པའི་ངོ་བོ་ལ་ལས་དང་ཉོན་མོངས་པ་ཡེ་ནས་སངས་ཤིང་། མཁྱེན་པའི་ཡེ་ཤེས་ཡེ་རྒྱས་སུ་ཡོད་པ་ངོ་ཤེས་པར་གྱིས་ཤིག །མ་ཤེས་པར་ངན་སོང་དུ་ལྟུང་གིས་དོགས་ནས་འཇིགས་པའང་ནོར་བའི་བློ་ཡིན་ནོ། །རང་རིག་གི་སྣང་ཚུལ་ལ་མར་འཁོར་བ་འགྲོ་དྲུག་གི་ཞིང་དང་། ཡར་མྱ་ངན་ལས་འདས་པ་སྐུ་གསུམ་གྱི་རོལ་པ་ཡེ་ཤར་ལྷུན་གྲུབ་ཀྱི་སྦུབས་ལ་ཡོད་པ་ངོ་ཤེས་པར་གྱིས་ཤིག །མ་ཤེས་པར་འཁོར་འདས་སོ་སོར་ཞེན་ནས་འཁྲུལ་པ་སྤངས་ཏེ། མ་འཁྲུལ་པ་བདེན་བདེན་མོ་ཞིག་བསྒྲུབ་འདོད་ཀྱི་བློ་ཡང་ནོར་(༢༥)འཁྲུལ་ཡིན་ནོ། །དུག་ལྔར་སྣང་དུས་ཉིད་ནས་རིག་སྟོང་ཡེ་ཤེས་ཀྱི་གདངས་སུ་ཤེས་པར་གྱིས་ཤིག །མ་ཤེས་པར་འཆར་སྒོ་གཅིག་ལ་བླང་དོར་གཉིས་སུ་ཞེན་ནས་དུག་ལྔ་གཏན་སྤངས་སུ་འདོད་ནའང་འཁྲུལ་པའོ། །ད་ལྟར་གྱི་ཕྱི་ནང་སྣོད་བཅུད་འཁྲུལ་པར་སྣང་བདོ་བ་ན་གདོད་མ་ནས་གྲུབ་མ་མྱོང་བའི་སྟོང་གཟུགས་ཆོས་སྐུ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག་མ་ཤེས་པར་བདག་གཞན་དགག་སྒྲུབ་ཀྱི་དངོས་པོ་རང་ཚན་པར་ཞེན་ན། བདག་འཛིན་འཁྲུལ་པ་ལ་སྤྱོད་པའང་ནོར་བའོ། །ཐེག་པ་རིམ་པ་དགུ་ལ་སོགས་པའི་གྲུབ་མཐའ་སོ་སོར་ཡང་། རང་རང་གི་བློ་རྟོག་གིས་བཏགས་པ་མ་གཏོགས་པ་སེམས་ཉིད་གཤིས་ཀྱི་གནས་ལུགས་ལ། མཐོ་དམན་དང་གྲུབ་མཐའ་མེད་པའི་སྣང་བཏགས་བློ་རྟོག་གི་རི་མོ་ཙམ་ལས། དོན་ལ་བསམ་བརྗོད་སྤྲོས་པ་ལས་འདས་པའི་ངང་དུ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་ཉན་ཐོས་ནས་གསང་སྔགས་ཀྱི་བར། རང་རང་གི་གཞི་ལམ་འབྲས་བུའི་གྲུབ་མཐའ་སོ་སོར་བདེན་ཞེན་དུ་འཛིན་པ་ཐམས་ཅད་འཁྲུལ་པའི་རང་བཞིན་ཡིན་ནོ། །ཞེས་ལེགས་པར་བཤད་ནས་ངེས་ཤེས་བསྐྱེད་དོ། །

ཞར་ལ་དག་པ་དང་སྦྱར་ཏེ་ངོ་སྤྲད་པ་ནི། གསེར་གྱི་ཐུར་མའམ་དབྱུག་པ་རིང་པོ་ལ་རྨ་བྱའི་མདོངས་བཏགས་པས་རིམ་པ་ལྟར་ངོ་སྤྲད་དེ། དེ་ཡང་མཎྜལ་ཟླུམ་པོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མཚོན་པའོ། །ཁྲུ་དོ་པ་ནི། ཐབས་དང་ཤེས་རབ་སྣང་སྟོང་གཉིས་སུ་མེད་པའོ། །ངོས་མཉམ་པ་ནི་མུ་མཐའ་དང་བྲལ་བའོ། །ཕྱི་རོལ་ཚོགས་མཆོད་དང་མེ་ཏོག་ལ་སོགས་པས་བརྒྱན་པ་ནི། ཚོགས་གཉིས་ལྷུན་གྱིས་རྫོགས་པའོ། །འོད་ལྔའི་རྭ་བས་བསྐོར་བ་ནི། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡེ་ཤེས་ཀྱི་རང་གདངས་སོ། །དེའི་ནང་སྔོན་པོ་འོད་ཟེར་ཐིག་ལེས་བརྒྱན་པ་ནི། དབྱིངས་ཀ་དག་ཆེན་པོའི་རང་གདངས་ཡེ་ཤེས་སུ་གནས་པ་འོད་དང་ཐིག་ལེས་བརྒྱན་པའོ། །རྡུལ་ཚོན་གྱི་བུམ་པ་དམར་པོ་འོད་ལྔས་བསྐོར་བ་བསྣོལ་མར་བྱུང་བའི་འོད་ལྔའི་མུ་ཁྱུད་ནི་ཡེ་ཤེས་ལྔའི་གདངས་སོ། །དམར་པོ་ནི་དབང་གི་མཚོན་བྱེད་ཐུགས་རྗེ་ཆེན་པོའོ། །བསྣོལ་མ་ནི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །ཁ་རྒྱན་མགུལ་ཆིངས་དང་བཅས་པ་ནི། ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་ཕྲིན་ལས་མཚོན་པའོ། །དེའི་སྟེང་གི་བུམ་པ་དང་གསུམ་གཞི་གཅིག་ལ་སོ་སོར་སྣང་བ་ནི། སྐུ་གསུམ་དབྱིངས་སུ་གཅིག་པ་ཀ་དག་གི་ངང་ན་ཡེ་ཤེས་ལྷུན་གྲུབ་ཏུ་ཡེ་ནས་འདུ་འབྲལ་མེད་པའོ། །(༢༦)རིན་པོ་ཆེའི་བུམ་པ་ནང་རྫས་དང་བཅས་པ་རིན་པོ་ཆེ་ལས་གྲུབ་པ་ནི། རིག་པ་ཉིད་འདོད་དགུའི་འབྱུང་གནས་སུ་ལྷུན་གྱིས་གྲུབ་པའོ། །ནང་སྟོང་པ་ནི་སྟོང་ཉིད་དབྱིངས་ཀྱི་ངོ་བོར་གཅིག་པའོ། །འོ་མ་ནི་སྙིང་པོ་བཅུད་ཀྱི་ཡེ་ཤེས་སོ། །རིན་པོ་ཆེ་ལྔ་ནི་སྐུ་ལྔའོ། །སྤོས་ལྔ་ནི་གསུང་ལྔའོ། །བདུད་རྩི་ལྔ་ནི་ཐུགས་ལྔའོ། །འབྲུ་ལྔ་ནི་ཡོན་ཏན་ལྔའོ། །དྲི་ལྔ་ནི་ཕྲིན་ལས་ལྔའོ། །ཕྱིའི་ཨ་བཞི་ནི་ཕྲིན་ལས་བཞི་དབྱིངས་སུ་གཅིག་པའོ། །སྟེང་གི་ཁ་རྒྱན་ནི་བསམ་གྱིས་མི་ཁྱབ་པའི་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་ཆོས་མ་འདྲེས་པ་བཅོ་བརྒྱད་མཚོན་པའོ། །མགུལ་ཆིངས་ནི་ཞིང་གི་རྒྱན་དང་བཀོད་པ་ཚད་མེད་པའོ། །ཤེལ་དང་རྨ་བྱ་མེ་ལོང་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚོན་བྱེད་དོ། །ཡང་མེ་ལོང་ནི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་དྲིའི་ཐིག་ལེ་བྱས་པ་ནི་ཡེ་ཤེས་ཀྱི་ངོ་བོ་དྲི་མ་མེད་ཅིང་དག་པའོ། །རྨ་བྱ་ནི་ཡེ་ཤེས་ལྔ་དང་དེའི་གདངས་འོད་དང་ཐིག་ལེར་འཆར་བ་མཚོན་པའོ། །མན་ཤེལ་ནི་སྟོང་གསལ་ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་ཆེན་པོར་མཚོན་པའོ། །དེ་ལྟར་ཕྱིའི་མུ་ཁྱུད་ཀྱི་ནང་ན་བུམ་པ་གསུམ་དང་བཅས་པ་གཞི་གཅིག་ལ་འདུ་བ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངང་ནས་སངས་རྒྱས་ཀྱི་སའི་ཆོས་ཇི་སྙེད་པ་ཐམས་ཅད་ལྷུན་གྲུབ་ཏུ་ཡེ་ནས་རིག་པ་ལ་རང་ཆས་སུ་ཚང་བའི་དོན་ཡིན་ནོ། །བུམ་པར་སྣང་བ་ནི། དེ་ལྟ་བུའི་དོན་མཐར་ཐུག་པ་ནི། གཞོན་ནུ་བུམ་པ་སྐུའི་ཞིང་ན་ཀུན་ཏུ་བཟང་པོ་ཡེའི་སྟོན་པ་ཉིད། འཁོར་ཡེ་ཤེས་རྒྱ་མཚོ་བསམ་དུ་མེད་པའི་ཚོགས་ལ། ཆོས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་ལས་མི་གཡོ་བར་བསམ་གྱིས་མི་ཁྱབ་པའི་དུས་ན་རང་སྣང་བ་ཞེས་བྱའོ། །

དེ་དག་ཀྱང་བསྡུ་ན་སྐུ་གསུམ་གྱི་དབྱིངས་རིག་འདུ་འབྲལ་མེད་པར་འདུ་བས། རྡོ་རྗེ་སེམས་དཔའི་མེ་ལོང་དེ་གཏད་ལ་མིག་བཅུག་ནས་བསྟན་ཏེ། ལྟོས་ཤིག་མན་ཤེལ་དྲི་མ་མེད་པ་ནི། དབྱིངས་སྟོང་པའི་ངང་ན་འོད་ལྔ་རང་ཆས་སུ་ཚང་བ་ནི་ཡེ་ཤེས་ལྷུན་གྲུབ་ཏུ་མཚོན་པས་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་དང་། སྣ་ཚོགས་སྤྲུལ་པའི་ཡེ་ཤེས་གཉིས་ཀྱིས་འགྲོ་དོན་མཛད་པའི་བརྡའོ། །ཡང་ཤེལ་ཉིད་དབྱིངས་ཀྱི་ངང་ན་འོད་ལྔ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ། སྟུག་པོ་བཀོད་པའི་ཞིང་ན་རང་སྣང་ལྷུན་གྲུབ་ཏུ་ཡོད་པའི་བརྡའོ། །ཡང་ཤེལ་དབྱིངས་ཀ་དག་གི་ངང་ན་འོད་ལྔ་གདོད་མའི་(༢༧)ཡེ་ཤེས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ནང་གསལ་ཆོས་སྐུའི་ངོ་བོ། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་མཚོན་པའི་བརྡའོ། །ཞེས་ངོ་སྤྲད་དོ། །

གཞན་ཡང་གཞིའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལམ་གྱི་གསུམ། འབྲས་བུའི་གསུམ་ཡང་ཕྱེ་ལ། རྡུལ་ཚོན་གྱི་བུམ་པ་དང་མན་ཤེལ་ལ་ངོ་སྤྲད་དེ་གདོད་མའི་དབྱིངས་ན་སྐུ་གསུམ་འདུ་འབྲལ་མེད་པ་ནི། ཕྱི་རིམ་འོད་ལྔ་དང་སྔོན་པོས་མཚོན་པའི་ནང་གི་བུམ་པ་གསུམ་མོ། །ལམ་དུས་གཞི་གནས་ཀ་དག་གི་ངང་ན། ངོ་བོ་སྟོང་པ་སྙིང་གར་མི་གཡོ་བའི་གདངས་ཕྱིར་ཤར་པ་ཐོད་རྒལ་དང་རླུང་དང་འདྲེས་པ་ཁྲེགས་ཆོད་གསུམ་ནི། དབྱིངས་སྔོན་པོའི་ནང་ན་བུམ་པ་གསུམ་ལ་ངོ་སྤྲད་དོ། །འབྲས་བུའི་དུས་ན་དབྱིངས་གདོད་མའི་ངང་ན་རིག་པ་སྐུ་གསུམ་རང་ས་ཟིན་པ་ཡང་འོད་སྔོན་པོའི་དབུས་ཀྱི་བུམ་པ་གསུམ་ལ་ངོ་སྤྲད་དོ། །མན་ཤེལ་དྲི་མ་མེད་པས་གཞི་ལམ་འབྲས་བུ་གསུམ་གྱི་ཀ་དག་གི་སྟོང་ཆ་མཚོན་ལ་ནང་འོད་ལྔས་ལྷུན་གྲུབ་ཀྱི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་རང་གདངས་མཚོན་ལ་ངོ་སྤྲད་དོ། །འདི་དག་ནི་གནད་གལ་པོ་ཆེ་ཡིན་པས་གཟབས་ལ་ངོ་སྤྲད་པ་གནད་དོ། །

དོན་གསུམ་པ་གཟེངས་བསྟོད་པ་ལ་གསུམ་ལས། ལུང་བསྟན་པ་ནི། སྤྲོས་པ་མེད་པའི་དབང་ཐོབ་པས། ངག་གི་སྒྲིབ་པ་དག་ནས་མ་འོངས་པའི་དུས་ན་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །རྗེས་སུ་གནང་བ་ནི། སྔགས་བཟླ་བ་དང་། རྩ་རླུང་ཐིག་ལེ་བསྒོམ་པ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་མངོན་སུམ་རང་གནད་ལ་བསྒོམ་པའི་གནང་བ་ཐོབ་པའོ། །དབུགས་དབྱུང་བ་ནི། དབང་འདི་ཐོབ་ཕན་ཆད་དམ་ཚིག་ཕུན་སུམ་ཚོགས་པས་འཁོར་བའི་ཁ་མི་བརྒྱུད། ངན་སོང་གི་སྐྱེ་སྒོ་ཁེགས། མ་འབད་ཀྱང་སྐྱེ་བ་ཕྱི་མ་ལས་མི་འགྱངས་པར་གྲོལ་ཞིང་འབད་ན་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །

དེ་ནས་ཚོགས་དང་གཏོར་མ་བྱིན་གྱིས་བརླབས་ལ་དབུལ་ཞིང་ལོངས་སྤྱད་ལ། བླ་མ་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་རྡོ་རྗེའི་གླུ་བླང་བ་དང་། བསྔོ་བ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་བར་ཚོགས་ཀྱི་འཁོར་ལོའི་ཀུན་ཏུ་སྤྱོད་པ་རྣམས་ཚང་བར་བྱའོ། །དེ་ནས་ལས་ཀྱི་རྗེས་བསྡུས་ལ་མི་མངོན་པར་བྱས་ཏེ། ཤིས་པ་བརྗོད་པས་དབང་གི་གནས་ཁང་བརྒྱན་པར་བྱ་བ་དང་། སང་ཐམས་ཅད་ལ་དགའ་སྟོན་ཡོན་དང་བཅས་པ་བྱའོ། །དེས་ནི་འདི་དང་ཕྱི་མ་ལ་ལས་བཞི་དང་། དངོས་གྲུབ་(༢༨)གཉིས་དང་། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་དོ། །ཆོ་གའི་རིམ་པ་འདི་ནི་སྔར་མཛད་མོད་ཀྱང་། ཅུང་ཟད་འཐོར་བ་དང་། མི་གསལ་བའི་ཕྱིར། ཇི་སྐད་གསུངས་པ་བཞིན་ལག་ལེན་དུ་འདེབས་ཤེས་པ་ཆེར་མ་བྱུང་བས། དབང་གི་ཕྲ་ཏིག་དང་། ཡང་ཏིག་དང་། གནད་ཡིག་ལ་སོགས་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་ལེགས་པར་བཀོད་པ་ཡིན་ནོ། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །སྤང་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས། །གདོད་མའི་མགོན་དང་རྣམ་འབྱེར་མི་ཕྱེད་པའི། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །རྒྱུད་དོན་རྒྱ་མཚོའི་དབུས་ན་རབ་གསལ་ཞིང་། །མན་ངག་ཡིད་བཞིན་གདེངས་ཀའི་དཔལ་འབར་བ། །བྱིན་རླབས་ཕུད་སྒྲའི་ང་རོས་རབ་མཛེས་གང་། །གངས་རི་ཐོད་དཀར་མགུལ་དུ་གསལ་བ་ཡིན། །མ་འོངས་སྐལ་ལྡན་ཐར་པ་འདོད་རྣམས་ཀྱིས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །དབང་ཕྱུག་དམ་པའི་འབྱོར་པས་ཡོངས་གང་ཞིང་། །འགྲོ་ཀུན་དགའ་བསྐྱེད་རྒྱལ་མཚན་འཛིན་པར་བྱེད། །དཔལ་ལྡན་བླ་མ་མཚུངས་མེད་ཆོས་རྗེའི་ཞབས། །གང་ལ་དད་བརྒྱའི་པད་མོ་ལེགས་བཏུད་དེ། །དེ་ཡི་ཚིག་དོན་རྣམ་བཀྲའི་མེ་ཏོག་ཕྲེང་། །སྐལ་བཟང་སྐྱེ་བོ་རྣམས་ལ་གཟིགས་པར་འབུལ། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་གི་རྣམ་པར་ཕྱེ་བ་ལས། སྤྲོས་པ་མེད་པ་གསང་བའི་(༢༨)དབང་གི་ཆོ་གའི་རིམ་པ་གསལ་བར་བྱེད་པ་རིན་པོ་ཆེའི་དྲྭ་བ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

གནད་ཡིག་བུམ་པའི་བརྡ་དོན།

༄༅། །གནད་ཡིག་བུམ་པའི་བརྡ་དོན་བཞུགས་སོ། །སྤྲོས་མེད་དབང་གི་བརྡའི་གནད་ཡིག་གོ། །

༄༅། །རང་རིག་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། །ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་བཞིན་དེ་གནས་སྒྲིབ་བྲལ་གདོད་མའི་ངང་། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབས་གནས་པ་བརྡ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །

གྲུ་བཞི་པ་ནི་ཆ་བཞིར་བསྒོ། །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་བགོས་ཕྱི་ཐིག་གི། །གཡས་གཡོན་ལྟོ་བའི་བཞི་ཆ་རེ། །མཚན་མ་བྱས་ལ་གྱེན་མཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡི། །ཤར་དང་ལྷོ་ནི་བུམ་པའི་གཤམ། །ནུབ་དང་བྱང་ནི་ཁ་ཡིན་ཏེ། །ལོགས་(༢༩)ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ནས་བསྐོར་ན་བཞི་པ་ཡིས། །ཤར་ལྷོའི་ཕྱོགས་ལ་བུམ་གདན་བྱ། །ནུབ་བྱང་སྒངས་པོ་ཁ་རྒྱན་བྲི། །ཟུར་ནས་བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང་། །

ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟེ། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་ར་བས་བསྐོར། །དེ་ཡང་ནང་ནས་རིམ་པ་བཞིན། །དཀར་དམར་མཐིང་སེར་ལྗང་གུའོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡར། །དེ་ཡི་དག་པ་དྲན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་གདངས་ལྔར་གནས་པས་ན། །ཁ་དོག་ལྔ་ཡི་ར་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡར། །ལྟ་ལུགས་གཉིས་ཀྱི་བུམ་པ་གཉིས། །དེ་ལས་འདོད་དགུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གིས་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་ཉིད་ཀྱི་ཕྱིར། །བུམ་གདན་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་ངང་། །རང་བཞིན་གནས་པའི་བརྡ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་སྟེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང་། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་གདངས་ཁ་དོག་རྣམ་ལྔར་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་ནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཡང་གཉིས། །འགྱུ་བའི་སེམས་དང་འབྱུང་བཞིའི་ལུས། །རྡོས་བཅས་ཡུལ་དང་བཅས་པའོ། །དེ་ལྟར་རྩལ་གཉིས་སྦྱང་བའི་ཕྱིར། །ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གཉིས། །ཁྲེགས་ཆོད་ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུ་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་ཐེབས་པས། །ལུས་དང་ཡུལ་གྱི་རྡོས་བཅས་ནུབ། །རང་གསལ་གདོད་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཁྲེགས་ཆོད་ཐོད་རྒལ་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་ཉིད་ནི། །(༣༠)བུམ་པའི་བརྡ་ཡིས་མཛད་པའོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང་། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ནས། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐར་མེད། །སྟོང་ཁམས་རིག་པའི་ཞིང་ཁམས་ན། །སེམས་དེ་འོད་དང་འོད་ཁྱིམ་དང་། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང་། །ལྷུན་འབྱམས་སྙིང་པོ་རྒྱལ་བའི་ཞིང་། །རྣམ་དག་སྟུག་པོ་བཀོད་པའོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང་། །མི་གསུང་མི་གཡོ་སྤྲོས་བྲལ་ངང་། །བྱིན་གྱིས་རླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་སྤྱོད་པ་ཡང་། །རང་བབས་ཕྱོགས་བཅུར་རང་སྣང་ངོ༌་། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ནི། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡི། །སྤྲུལ་པ་རྣམས་དེ་དེ་ལྟར་ནས། །འབྲས་བུའང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པའོ། །འདི་ནི་བྱར་མེད་ཀློང་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར་བ་རྫོགས་སོ།། །།

བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ།

༄༅། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ་བཞུགས་སོ། །

༄༅། །བྱིན་རླབས་སྤྲིན་ཕུང་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྤྲོས་མེད་དབང་གི་འཇུག་པ་ཡི། །ཡེ་ཤེས་དབབ་པ་གསལ་བར་བྱ། །དེ་ཡང་ཐུན་མོང་གི་འཇུག་པ་རྫོགས་ནས། ཐུན་མོང་མ་ཡིན་པར་འཇུག་པ་ལ་བརྩམ་པའི་བར་དེར། བླ་མ་དང་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས་འཇུག་པ་ཕྱག་ལེན་དུ་མཛད་པ་ནི། བླ་མས་ཁྲོ་བོའི་ང་རྒྱལ་གྱིས་བགེགས་བསྐྲད་ཅིང་། གུ་གུལ་དང་ཚིལ་ཆེན་དང་འདོམ་དཀྲིས་ཀྱི་དུམ་བུ་དང་། ཉུང་ནག་དང་མུ་ཟི་དང་རྟ་བོན་བསྲེགས་པའི་དུ་བས་བདུག་ཅིང་། རོལ་མོའི་སྒྲ་བསྒྲགས་ལ་སློབ་མ་རྣམས་པདྨ་མཁའ་འགྲོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པའི་སྙིང་ནང་དུ་འོད་ལྔའི་གཡུང་དྲུང་འཁྱིལ་བ་རེ་བསྒོམ་དུ་བཅུག་ལ། རྐང་པའི་ལོང་བུ་གཤིབས་ལག་པ་སྤྱི་བོར་ཐལ་མོ་སྦྱར། མིག་བཙུམས་པ་ལ་བླ་མས་གསལ་གདབ་པ་ནི། །ཁ ༽ ཨེ་མ་བུ་རྣམས་དད་གུས་རྩེ་གཅིག་པས་མ་ཡེངས་པར་ཉོན་ལ་མོས་གུས་གྱིས་ཤིག །ནམ་མཁའི་དཀྱིལ་ན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་འོད་ཕུང་དུ་འབར་བའི་མཐའ་བསྐོར་དུ། བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ཙམ་བྱོན་ནས་རང་རང་གི་སྤྱི་བོར་བྱོན་པར་སྒོམས་ཤིག །ཨཱ་གུ་རུ་ཀུན་ཏུ་བཟང་པོ་ས་མ་ཡ་ཛ་ཛཿ ཞེས་པ་ནས་རྩ་བའི་བླ་མའི་བར་བརྗོད་དེ། ཛཿཧཱུྃ་བྃ་ཧོཿ ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཿ ཞེས་དང་རོལ་མོ་བསྒྲག་གོ། །

ཁྱད་པར་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས། གུ་རུ་བི་མ་ལ་མི་ཏྲ་སྐུ་མདོག་ལྗང་སེར་པཎྜི་ཏའི་ཆ་བྱད་ཅན་པོ་ཏི་བསྣམས་པ། འཁོར་པཎྜི་ཏ་དང་མཁའ་འགྲོ་མས་བསྐོར་བ་ནམ་མཁའ་ནས་ཚུར་བྱོན་པར་གྱུར་ནས། རང་གི་སྤྱི་བོར་ཐིམ་པར་སྒོམས་ཤིག །ཨཱ་གུ་རུ་བི་མ་ལ་མི་ཏྲ་ས་མ་ཡ་ཛཿཛཿཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཿ ཡང་ནུབ་ཕྱོགས་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་སེར་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཁའ་འགྲོ་སྡེ་ལྔས་བསྐོར་བ་བྱོན་ནས་སྤྱི་བོར་ཐིམ་པར་སྒོམས་ཤིག །ཨཱ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ་ས་མ་ཡ་ཛཿཛཿཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཿ། ཞེས་པ་དང་རོལ་མོ་བསྒྲག་གོ། །

དེ་ནས་ཡི་དམ་རིགས་ལྔས་བྱིན་དབབ་པ་ལས་འོག་མིན་ནས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས་པ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ནས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་བསྣམས་པ། ལྷོ་ཕྱོགས་དཔལ་དང་ལྡན་པ་ནས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་བསྣམས་པ། ནུབ་ཕྱོགས་པདྨ་བརྩེགས་པ་ནས་སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས་པ། བྱང་ཕྱོགས་ལས་རབ་རྫོགས་པ་ནས་དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས་པ། འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པས་བསྐོར་བ་བྱོན་ཏེ་རང་རང་གི་སྤྱི་བོར་བྱོན་པར་སྒོམས་ཤིག །ཨཱ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་ཛཿཛཿཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཿ། ཞེས་བརྗོད་དོ། །

དེ་ནས་མཁའ་འགྲོས་བྱིན་དབབ་པ་ནི། ནམ་མཁའི་དབྱིངས་ནས་རྡོ་རྗེ་ཕག་མོ་མཐིང་ག་ལ། རྡོ་རྗེ་མཁའ་འགྲོ་དཀར་མོ། རིན་ཆེན་མཁའ་འགྲོ་སེར་མོ། པདྨ་མཁའ་འགྲོ་དམར་མོ། ལས་ཀྱི་མཁའ་འགྲོ་ལྗང་གུ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་ཅིང་གྲུ་མོ་ན་ཁ་ཊྭཱཾ་ག་གཡོབ་པ་གར་སྟབས་ལིང་ལིང་གླུ་ལེན་བྲོ་བརྡུང་གར་བྱེད་སིལ་སྙན་འཁྲོལ་ཞིང་། ནམ་མཁའ་ཐམས་ཅད་ཁྱབ་པར་བུན་ནུ་ནུ་བྱོན་ནས། སྤྱི་བོར་ཐིམ་པར་སྒོམས་ཤིག །ཨཱ་བཛྲ་བྷཱ་རཱ་ཧཱི། ཧ་རི་ནི་ས། ཨཱ་ཝེ་ཤ་ཡ། ཨཱ་ཝེ་ཤ་ཡ། ཧྲིཾ་ཧྲིཾ། ཕཻཾ་ཕཻཾ། མི་མི། ཡཾ་ཡཾ། ཛཿཛཿ། ཞེས་བརྗོད་དོ། །ཡང་དཔའ་བོ་རིགས་ལྔ་བུན་ནུ་ནུ་བྱོན་ནས་ཐིམ་པར་སྒོམས་ཤིག །ཨཱ་བཛྲ་(༣༢)ཀིང་ཀ་ར། ར་ཙ་ཧྲི་ཡ། ཨཱ་ཝེ་ཤ་ཡ། ཨཱ་ཝེ་ཤ་ཡ། ས་མ་ཡ་ཛཿཛཿཧ་ཧ་ཧེ་ཧེ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པས་བྱིན་དབབ་བོ། །དེས་ནི་ངོ་འཕྲོད་ཅིང་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་འགྲུབ་པར་བྱེད་དོ། །བླ་མ་དམ་པའི་ཕྱག་བཞེས་ཇི་ལྟ་བ་བཞིན། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་བྱུང་པདྨའི་གནས་སུ་བཀོད་པ་རྫོགས་སོ།། །།

ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ།

༄༅། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སོ། །

༄༅། །བླ་མ་སངས་རྒྱས་ཀུན་དངོས་ལ། །དངོས་གྲུབ་དོན་དུ་ཕྱག་འཚལ་ཏེ། །དཀྱིལ་འཁོར་ཤིན་ཏུ་སྤྲོས་མེད་ཀྱི། །དབང་ཆོག་གསལ་བར་བདག་གིས་བཀོད། །འདི་ལ་གཉིས་ཏེ། སྔོན་འགྲོ་སྤྱོད་པ་བརྩམ་པ་དང་། དངོས་གཞི་དབང་བསྐུར་བའོ། །དང་པོ་ནི། དཔོན་སློབ་ཀུན་རབ་ཏུ་དབེན་པའི་ལུང་སྟོང་ལ་སོགས་པར་སོང་ལ། ཚོགས་དང་གཏོར་མ་དང་གསེར་གྱི་མཎྜལ་ལ་སོགས་པ་སྟ་གོན་དུ་བྱ་ཞིང་། བླ་མ་དང་མཁའ་འགྲོ་མཉེས་པར་བྱས་ནས་རིག་པ་སྒྲིབ་གཡོག་མེད་པར་མཚོན་པའི་ཕྱིར་དུ། གཅེར་བུའམ་སྟོད་གཡོགས་ཙམ་ཕུད་ལ། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པ་དང་། བར་ཆད་ཞི་བར་བྱ་བའི་ཕྱིར་དུ་གོ་བགོ་བ་ནི། སློབ་མ་དེ་དག་བླ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བར་བསམས་པའི་སྤྱི་བོར་ལཾ་སེར་པོ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུ་སེར་པོ། མགྲིན་པར་ཁཾ་དུད་ཁ། ནུ་མ་གཉིས་ལ་ཧ་དཀར་པོ། ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་ལྗང་གུ་རེ་བསམ་དུ་བཅུག་ལ། བླ་མའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་པས་སློབ་མའི་སྙིང་ནང་དུ་སོང་བས་ཧཱུྃ་དུ་གྱུར་པར་བསྒོམ་ཞིང་། བླ་མས་ཧ་ཧ་ཞེས་ངར་བསྐྱེད་ལ་ལན་གསུམ་བརྗོད་ནས། སློབ་མ་ཀུན་དམིགས་པ་གསལ་པོས་གཏོར་མ་རེ་ཁྱེར་ནས་སོང་སྟེ་གཞི་བདག་དང་མཁའ་འགྲོ་རྣམས་ལ་བྱིན་ལ། བདག་ལུང་པ་འདིར་སྤྱོད་པ་ཞག་གསུམ་བྱེད་པས་བར་དུ་གཅོད་པ་མ་བཏང་ཞིག །ཅེས་བཀའ་བསྒོས་ལ།

དང་པོ་ལུས་ཀྱི་སྤྱོད་པ་བརྩམས་པ་ནི། གཅེར་བུར་བྱས་ཏེ་ཌཱ་མ་རུ་དཀྲོལ་ཞིང་ཁ་ཊྭཱཾ་ག་ཐོགས་ནས་སྐྲ་བརྫེས་ལ་ལངས་ནས་རྒྱུག་པ་དང་། སྒུར་ནས་འགྲོ་བ་དང་། མཆོངས་པ་དང་། འཁྲབ་པ་དང་། ལུས་གསིག་པ་དང་། སྤྱིའུ་ཚུག་དང་། རྒྱབ་འགྲོས་དང་། ཉལ་བ་དང་། འཕྲས་པ་དང་། གར་བསྒྱུར་བ་དང་ཕྱག་རྒྱ་དང་ཡན་ལག་སྤྲུགས་པ་དང་། མགོ་བསྒྲིལ་བ་དང་། ཨཾ་གཙིགས་དང་མཆེ་བ་གཉེར་བ་དང་། རྐང་ལག་ཡ་རེ་བཙུགས་ནས་འགྲོ་བ་དང་། འབུ་སྲིན་གྱི་ནུར་འགྲོས་དང་། སྟག་མོའི་མཆོངས་སྟངས་ལ་(༣༣)སོགས་པ་ལུས་ཀྱི་རྣམ་འགྱུར་དྲན་དགུ་ཅོག་བྱས་པའི་མཐར་ཕྱག་འཚལ་བ་དང་། བསྐོར་བ་དང་། ལྷའི་སྟངས་སྟབས་དང་ཕྱག་རྒྱ་བྱས་ལ་འཕྲོ་བཅད་ནས། མཚན་མོ་བདེ་བའི་མལ་དུ་འགུལ་འཕྲིགས་མེད་པར་ཉལ་བས་རྣལ་དུ་དབབ་པོ། །དེ་ལྟར་བྱས་པས་ལུས་རུ་ཤན་ཕྱེད་པའི་ཉམས་རྟགས་ལ། ལུས་ལ་ཆགས་ཞེན་མེད་པ་དང་། ལུས་མེད་པར་སྙམ་པ་དང་། ཚ་གྲང་མེད་པ་དང་། བཀྲེས་སྐོམ་མེད་པ་དང་། ངལ་དུབ་མེད་པ་དང་། ནམ་མཁའ་ལ་འགྲོ་བར་སྙམ་པ་དང་། བདེ་དྲོད་འབར་བ་ལ་སོགས་པ་འབྱུང་ངོ་༌། །དེ་ལྟ་བུ་མ་བྱུང་གི་བར་དུ་བསྐྱར་བས་ལུས་ཀྱི་རུ་ཤན་ཕྱེད་ངེས་སོ། །དགོས་པ་ནི། ལུས་ཀྱི་བར་ཆད་ཞི། སྡིག་སྒྲིབ་དག །སྤྲུལ་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་དང་གཉིས་སུ་མེད་པར་འགྱུར་བ་ཡིན་ནོ། །དེ་ནས་ངག་གི་སྤྱོད་པ་ནི། རང་གི་སྒྲ་སྐད་ཐམས་ཅད་བླ་མའི་གསུང་དུ་བསམ་ལ། ངག་གི་བརྗོད་པ་སྣ་ཚོགས་བྱ་བ་ནི། ལྷའི་སྐད་སྙན་པའི་གླུ་དང་དབྱངས་གསལ་བྱེད་ཀྱི་ཡི་གེ་དང་། སིལ་སྙན་ལྟ་བུ་ལ་སོགས་པ་དང་། ཀླུའི་སྐད་པི་ཝང་ལྟ་བུ་དང་། བུམ་ལྡིར་ལྟ་བུ་དང་། གནོད་སྦྱིན་གྱི་སྐད་བྲག་རི་ཉིལ་བ་ལྟ་བུ་དང་། མིའམ་ཅིའི་སྐད་རྒྱུད་མངས་དང་སྤྲིན་གྱི་ང་རོ་ལྟ་བུ་དང་། སྲིན་པོའི་སྐད་ར་ལ་ར་ལ་རི་ལི་རི་ལི་ལ་སོགས་པ་སེར་སྤྲིན་གྱི་འབྲུག་སྒྲ་ལྟ་བུ་དང་། ལྷ་མ་ཡིན་གྱི་སྐད་ཞི་བའི་འབྲུག་སྒྲ་ལྟ་བུ་དང་། དམྱལ་བའི་སྐད་ཚ་གྲང་གི་སྡུག་བསྔལ་སྨྲེ་སྔགས་འདོན་པ་དང་། ཡི་དྭགས་བཀྲེས་སྐོམ་གྱི་འཁུན་སྒྲ་དང་། དུད་འགྲོའི་མྱ་ངན་གྱི་བཤུག་སྒྲ་དང་། མི་སྐྱེ་རྒ་ན་འཆིའི་རང་སྒྲ་དང་། གཞན་ཡང་སྐད་ཀྱི་རྣམ་པ་ཤེས་ཚད་བརྗོད་དོ། །རྟ་དང་། གླང་དང་། ར་ལུག་དང་། བོང་བུ་དང་། ཅེ་སྤྱང་དང་། སྟག་གཟིག་དང་། དུར་བྱ་དང་། འུག་པ་དང་། བྱ་རོག་དང་། སྐྱེ་ཀ་དང་། ཁྱི་དང་། ཝའི་སྐད་ལ་སོགས་པ་བརྗོད་པའི་བར་བར་དུ་ཕཊཿམང་པོ་བརྗོད་ཅིང་། ཧ་དང་ཧཱུྃ་དང་ཨཱ་ལ་སོགས་པ་ཆོས་སུ་འགྱུར་བའི་སྒྲ་སྐད་དང་། ཆོས་འཆད་པའི་སྐད་ཀྱིས་མཐའ་བསྡུས་ནས། མཚན་མོ་གང་ཡང་མི་བརྗོད་པའི་ངང་ལ་ཉལ་བས་ངག་གི་རུ་ཤན་ཕྱེད་དོ། །

དེ་ཡང་སཾ་སྐྲ་ཏའི་སྐད་རང་རྡོལ་བ་དང་། སྔར་མི་ཤེས་པའི་ཆོས་མང་པོ་རང་རྡོལ་བ་དང་། དབྱངས་སྙན་པོ་ལ་སོགས་པ་འབྱུང་ཞིང་། ངག་སྨྲ་སྙིང་མི་འདོད་པ་དང་། མཆོག་ཏུ་བདེ་བ་དང་བརྗོད་དུ་མེད་པའི་དོན་ལ་སོགས་པ་འོང་ངོ༌་། །མ་བྱུང་གི་བར་ལ་བསྐྱར་རོ། །དགོས་པ་ནི། ངག་གི་བར་ཆད་ཞི་བ་དང་། སྡིག་སྒྲིབ་འདག་པ་དང་། ལོངས་སྐུར་གྲོལ་བ་དང་། གསུང་རྡོ་རྗེའི་ངོ་བོ་དང་དབྱེར་མེད་པའོ། །དེ་ནས་སེམས་ཀྱི་སྤྱོད་པ་ནི་རང་གི་དྲན་བསམ་སྣ་ཚོགས་སུ་སྤྲོས་པ་ཐམས་ཅད་བླ་མའི་ཐུགས་སུ་དྲན་པས། འགྲོ་དྲུག་སོ་སོའི་བདེ་སྡུག་འཁོར་འདས་ཀྱི་རང་བཞིན་ཆོས་དང་ཆོས་མ་ཡིན་པ་དྲན་ཚད་སྤྲོ་ཞིང་། (༣༤)སེམས་ནམ་མཁའི་དཀྱིལ་དུ་འཕངས་པ་དང་། རྒྱ་མཚོའི་གཏིང་དུ་འཕངས་པ་དང་། རི་བྲག་གི་ནང་དུ་ཟང་ཐལ་དུ་འཕངས་པ་དང་། དགའ་བ་དང་མི་དགའ་བ་དང་བདེ་བ་དང་སྡུག་བསྔལ་བ་དང་། སྐྱེ་ཤི་བཀྲེས་སྐོམ་ལ་སོགས་པ་དང་། སྔར་ཕྱིན་མྱོང་བ་དང་མ་མྱོང་བའི་ཡུལ་དུ་འགྲོ་བ་དང་། འགྲོ་དྲུག་སོ་སོའི་གནས་སུ་འཕངས་པ་དང་། ནམ་མཁའ་དང་ས་གཞི་ཐམས་ཅད་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་དང་ལྷ་མ་ཡིན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་དང་མཆོད་རྟེན་དང་ལྷ་ཁང་དང་སྐྱེད་མོས་ཚལ་དང་དག་པའི་ཞིང་གིས་གང་བར་མོས་པ་བྱ་ཞིང་། རང་གི་དགྲ་དང་གཉེན་དང་བར་མས་གང་བར་བསམ་ལ། ཆགས་སྡང་དུ་སྤྲོ་ཞིང་རྗེས་མེད་དུ་རྩལ་སྦྱོང་ངོ༌་། །རྗེས་ལ་ཆོས་ཀྱི་ཚིག་དོན་ལ་བློ་བཞག་སྟེ། ལྟ་སྒོམ་སྤྱོད་འབྲས་ལ་གནས་པར་བྱའོ། །རྟགས་ནི་སེམས་གསལ་བ་དང་ཡང་བ་དང་འཁྲུལ་རྟོག་འགག་པ་དང་བྲོད་པ་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དང་། ཡེ་གྲོལ་ནམ་མཁའ་ལྟ་བུའི་རྟོགས་པ་ཁོང་ནས་འཆར་རོ། །དེ་ལྟར་མ་བྱུང་བར་དུ་བསྐྱར་རོ། །དགོས་པ་ནི་སེམས་ཀྱི་བར་ཆད་ཞི་བ་དང་། སྡིག་པ་འདག་པ་དང་། ཆོས་སྐུར་གྲོལ་བ་དང་། ཐུགས་རྡོ་རྗེའི་ངོ་བོར་སངས་རྒྱས་པའོ། །

དེ་ལྟར་སྔོན་འགྲོ་གསུམ་པོ་བྱེད་དུས་བླ་མས་རང་གི་གནས་སུ་ཆོས་ཉིད་མངོན་སུམ་གྱི་དོན་སྒོམ་ཞིང་། སློབ་མ་རྣམས་འདུ་སླ་བའི་རི་ཟུར་དུ་སོང་ལ་རུ་ཤན་བྱེད་པའི་རྟགས་རྣམས་བྱུང་ངམ་ཞེས་སོ་སོར་དྲིས་ལ། མ་བྱུང་ན་བསྐྱར་དུ་གཞུག་ཅིང་། ཉིན་དུས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲིལ་ནས་ཉམས་སུ་བླང་ཞིང་། མཚན་མོ་རྣལ་དུ་ཕབ་ལ་བརྩོན་པས་ཉམས་སུ་བླངས་པས་ཉི་མ་གསུམ་ལས་རྟགས་བྱུང་ན་དབང་པོ་ཡང་རབ། ལྔ་ལས་བྱུང་ན་འབྲིང་། བདུན་ཕན་ཆད་ནི་ཐ་མ་སྟེ། དེ་དག་གི་དུས་སུ་ནམ་མཁའ་དྭངས་ཤིང་འཇའ་འོད་དང་བཅས་བྱུང་ན་འབྱོངས་པས་སྡིག་སྒྲིབ་ཟད་པ་ཡིན་ལ། གཞན་དུ་སྡིག་སྒྲིབ་ཤས་ཆེ་བས། བསྐྱར་ལ་འབད་པར་བྱའོ། །དེས་ནི་འཁོར་འདས་རུ་ཤན་ཕྱེད་ནས་སླར་མི་ལྡོག་པའི་དགོས་པ་ཡོད་དོ། །དེ་དག་གིས་སློབ་མ་སྟ་གོན་དུ་བྱ་བའི་རིམ་པ་བཤད་ཟིན་ཏོ། །དོན་གཉིས་པ་དབང་བསྐུར་བ་དངོས་ལ་གསུམ་སྟེ། སྔོན་འགྲོ་སྟ་གོན་བྱ་བ། དངོས་གཞི་དབང་བསྐུར་བ། རྗེས་གཟེངས་བསྟོད་པའོ། །དང་པོ་ནི། བླ་མས་གནས་དེར་དྲིའི་མཎྜལ་ཟླུམ་པོ་ལྟེ་བ་མུ་ཁྱུད་དང་བཅས་པའི་བར་ཁྱམས་འོད་ཟླུམ་བཞིས་བརྒྱན་པ་ལ། མེ་ཏོག་གི་ཚོམ་བུ་ལྔ་ཚན་ལྔ་བཀོད་ལ། མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་དང་། འབྱོར་ན་དྲི་དང་སྤོས་དང་། སྨན་དང་རིན་པོ་ཆེ་དང་འབྲུའི་མཎྜལ་ལྔ་ཚན་ལྔ་ཡང་བཤམ་མོ། །

གཉིས་པ་ནི། དེ་ནས་ཉི་མ་རི་བོའི་རྩེ་ལ་ཤར་དུས་(༣༥)སུ། སློབ་མ་རྣམས་མེ་ཏོག་ཐོགས་ཏེ་འོང་བ་ལས། དྲི་བཟང་པོའི་ཆུས་ཁྲུས་བྱས་ཏེ། བླ་མའི་མདུན་དུ་སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་འཁོད་པ་ལ། བླ་མས་བུ་ཁྱོད་སུ་ཡིན། ཞེས་ལན་གསུམ་དྲིས་པའི་ལན་དུ། སློབ་མས་བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས། ཞེས་གསུམ་བརྗོད་དུས། བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་འདིར་ཞུགས་ཤིག །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་འདི་ནི་སྙིང་པོ་མེད་ལ་རྟག་མི་ཐུབ་ཅིང་སྡུག་བསྔལ་བ་སྟེ། དེ་ལས་ཐར་པའི་ཐབས་དམ་པ་ཡང་ཚེ་གཅིག་གིས་སངས་རྒྱས་པ་རང་བཞིན་རྫོགས་པ་ཆེན་པོ་ལས་གཞན་མེད་པས། དད་པ་ཆེན་པོ་བསྐྱེད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོག་མར་བླ་མ་ལ་གསོལ་བ་གདབ་པར་བགྱི་བའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དགོངས་སུ་གསོལ་ལོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་དང་བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས། བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ངག་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཡིད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་པ་གསུམ་གྱིས་སྤྱིར་གསོལ་བ་བཏབ་ནས།

བྱེ་བྲག་ཏུ་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱཻ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ལྡན་པ། །ཟག་པ་རང་ཟད་དབྱིངས་ནས་སྐུ་གཤེགས་པའི། །དྲི་མ་རང་དག་དབྱིངས་ནས་སྤྱན་གཟིགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །བདེ་གཤེགས་འཇིག་རྟེན་མཁྱེན་པའི་ཐུགས་མངའ་བ། །དགོངས་པ་ཉག་གཅིག་མི་གཡོ་དབྱེར་མེད་ཀྱང་། །སྔོན་བཞུགས་དུར་ཁྲོད་གནས་ནས་རྗེས་དགོངས་ལ། །རང་བཞིན་མཛད་པ་གང་ཡང་མི་མངའ་ཡང་། །བདག་བློ་མོས་པའི་དོན་ཕྱིར་འདིར་གཤེགས་ཤིག །ཨེ་མ་ཧོ། བྱིན་རླབས་རྩ་བ་བླ་མ་བརྒྱུད་པ་ཡི། །རིམ་པ་ཉིད་ཀྱིས་རིམ་ནས་རིམ་བརྒྱུད་པའི། །བདག་ཉིད་ཆེན་པོ་རོ་ལངས་བདེ་བ་དང་། །མཁྱེན་པའི་ཐུགས་མངའ་རབ་ཏུ་སྦྱངས་(༣༦)དང་ལྡན། །མཁྱེན་རབ་སྤྲུལ་པ་མཉྫུ་མི་ཏྲ་དང་། །ཐུགས་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་གཅོད། །རྗེ་བཙུན་ཐུགས་རྗེ་ཆེ་ལྡན་ཤྲཱི་སིང་ཧ་དང་། །མཁས་པ་ཐེག་པ་ཡོངས་ཀྱི་སྒྲོ་འདོགས་རབ་ཆོད་པའི། །འཇིག་རྟེན་མུན་པ་སེལ་མཛད་ཛྙཱ་ན་སཱུ་ཏྲ་དང་། །སྐྱེ་ཤི་ཀུན་བྲལ་ཚེ་ལ་དབང་ཐོབ་པའི། །མཁས་པ་ཆེན་པོ་བི་མ་མི་ཏྲ་དང་། །རྟག་ཏུ་མཉམ་གཞག་རྗེས་ཐོབ་དབྱེར་མེད་པའི། །སེམས་ལ་དབང་ཐོབ་ཏིང་འཛིན་བཟང་པོ་དང་། །རང་རྒྱུད་འཁྲུལ་པ་བློ་ལ་མི་གནས་པའི། །བདུད་རྩིའི་བཅུད་སྟོན་ལྡང་མ་ལྷུན་རྒྱལ་དང་། །མཁའ་འགྲོས་ལུང་བསྟན་རྗེས་སུ་བཟུང་བ་ཡི། །གྲུབ་ཐོབ་ཆེན་པོ་སེང་གེ་དབང་ཕྱུག་དང་། །རྒྱལ་སྲས་སྤྲུལ་པས་འགྲོ་བ་འདྲེན་མཛད་པའི། །

བླ་མ་རྗེ་བཙུན་སྤྲུལ་སྐུ་ཞང་སྟོན་དང་། །མཁྱེན་པའི་འོད་ཀྱིས་འགྲོ་བ་འདྲེན་མཛད་པའི། །མ་རིག་མུན་སེལ་མཁས་པ་ཉི་འབུམ་དང་། །བླ་མེད་རྫོགས་ཆེན་སྙིང་པོ་དར་མཛད་པའི། །རིག་འཛིན་ཆེན་པོ་གུ་རུ་ཇོ་འབེར་དང་། །བྱང་ཆུབ་སེམས་འབྱོངས་འགྲོ་བའི་དཔལ་གྱུར་པའི། །འཁྲུལ་ཞིག་ཆེན་པོ་སེང་གེ་རྒྱབ་པ་དང་། །གསལ་སྟོང་དབྱེར་མེད་བདེ་ཆེན་དོན་རྟོགས་པའི། །ཟླ་བ་མུན་སེལ་སྦས་པའི་རྣལ་འབྱོར་དང་། །དགོངས་པ་མི་གཡོ་ཆོས་ཉིད་འོད་གསལ་ངང་། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དང་། །སྙིང་པོའི་དོན་མཐོང་འཁྲུལ་པ་རང་སར་ཞིག །

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཐུགས་རྗེ་ཅན། །མཁས་པ་དགོངས་པ་མི་འགྱུར་གཡོ་མེད་རྣམས། །འབྱུང་བ་རང་དངས་ཟག་མེད་དབྱིངས་བཞུགས་ཀྱང་། །སྔོན་གྱི་ཐུགས་རྗེ་ཆེན་པོ་ཉིད་གཡོས་ལ། །ཐུགས་རྗེས་དགོངས་ཤིག་བདག་ལ་བྱིན་གྱིས་རློབས། །ཨཱ་ཨཱཿཧཱུྃ་གུ་རུ་སརྦ་སིདྡྷི་ཧཱུྃ། ཨཱ་ཨཱཿཧཱུྃ། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བདུད་རྩིའི་བཅུད་ལྡན་པའི། །རོ་ལངས་བདེ་བ་ལྷ་ཡི་ལྷ་མཆོག་དམ་པ་ཉིད། །སངས་རྒྱས་སྤྲུལ་པས་འགྲོ་བའི་གདུང་བ་སེལ་མཛད་པའི། །དམ་པ་བདུད་རྩིའི་བདེ་བ་ཉིད་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཇམ་དཔལ་སྐུ་སྤྲུལ་པའི། །ཉོན་མོངས་རང་དག་མཁྱེན་པའི་ཐུགས་དང་ལྡན། །གསུང་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་གཅོད། །དམ་པ་ཡིད་བཞིན་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་པ་སྡེ་སྣོད་རྣམས་ཀྱི་བདག །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཛམ་གླིང་ཀུན་གྱི་རྒྱན། །དྲི་མེད་གསུང་མངའ་འགྲོ་བའི་ངལ་གསོའི་གནས། །དམ་པ་ཤེས་རབ་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མཁས་པ་འཇིག་རྟེན་གསུམ་གྱི་(༣༧)མགོན། །རྡོ་རྗེ་སེམས་དཔའི་སྤྲུལ་པས་བདག་བློའི་འཆིང་གཅོད་པ། །ཚངས་པའི་གསུང་མངའ་འགྲོ་བ་ཀུན་ཡིད་འཕྲོག །དམ་པ་བདེ་བའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་བློར་སྐྱེ་བ་གྲངས་མང་སྦྱངས། །མཁྱེན་རབ་མཆོག་གྱུར་སྡེ་སྣོད་ཀུན་ལ་རྨོངས་པ་མེད། །སྐྱེ་ཤིའི་འཇིགས་བྲལ་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དམ་པ་བདེ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྣམ་དག་ཤ་ཡི་སྤྱན་མངའ་བ། །མི་རྟོག་བཟང་པོའི་ཏིང་འཛིན་ཐུགས་ཀྱི་གནད་བཀྲོལ་ནས། །འཛམ་གླིང་འགྲོ་རྣམས་མ་ལུས་བསམ་པའི་རྒྱུད་མཁྱེན་པའི། །དམ་པ་རྟོག་མེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་སྐལ་ལྡན་ཆོས་ཀྱི་མཛོད་མངའ་བ། །རིན་ཆེན་གཏེར་བརྙེས་འགྲོ་བའི་མ་རིག་མུན་པ་སེལ། །བདེ་གཤེགས་བཀའ་དང་བླ་མའི་མན་ངག་སྙིང་པོ་འཛིན། །དམ་པ་པདྨའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་གསང་སྔགས་ཀུན་གྱི་མཛོད་མངའ་བ། །གྲུབ་པ་མཆོག་བརྙེས་སྣང་བྱེད་འོད་ཀྱི་ལུས་གྲུབ་ནས། །གདོད་མའི་ཟད་སར་ཐུགས་རྗེས་གཤེགས་པར་མཛད་པ་གང་། །དམ་པ་ཡེ་ཤེས་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྗེ་བཙུན་འགྲོ་བ་རྣམས་ཀྱི་མགོན། །གསང་སྔགས་རྣམས་ལ་དབང་བསྒྱུར་ལུང་བསྟན་རྗེས་སུ་འཛིན། །མ་རིག་མུན་སེལ་འོད་གསལ་མཆོག་ལ་མངའ་བརྙེས་པའི། །དམ་པ་རིན་ཆེན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཁོར་བའི་སྐྱབས་གནས་དཔའ་བོ་ཉིད། །འགྲོ་བ་རྣམས་ཀྱི་མགོན་པོ་དྲི་མ་མེད་པའི་དཔལ། །ཡོན་ཏན་མཆོག་མངའ་མཁྱེན་རབ་རྒྱ་མཚོའི་ཕ་རོལ་སོན། །དམ་པ་བློ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་བསྟན་པའི་སྙིང་པོ་དར་མཛད་ཅིང་། །ས་ཆེན་མཆོག་བརྙེས་རྒྱུད་དོན་ཀུན་ལ་དབང་འབྱོར་བ། །ཡེ་ཤེས་མིག་གཅིག་ཀུན་ནས་གཟིགས་པའི་སྤྱན་དང་ལྡན། །དམ་པ་བློ་མཚོའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མ་རིག་མུན་པའི་དཔུང་འཇོམས་ཤིང་། །ཡེ་ཤེས་འོད་ཟེར་བྱེ་བའི་ཚོགས་མངའ་མཐའ་ཡས་ཀྱིས། །འགྲོ་བའི་སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམ་མཛད་པ། །དམ་པ་སྣང་བྱེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་ཐེག་པ་མཆོག་གི་བློ་གྲོས་ཅན། །འཆིང་བའི་དྲྭ་བ་མ་ལུས་གཅོད་མཛད་རེ་བ་སྐོང་། །ཡིད་བཞིན་གྲུབ་པའི་ས་མཐོར་གཤེགས་པ་གང་ཡིན་པ། །དམ་པ་ཆོས་ཉིད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འོད་གསལ་ཉི་མའི་སྙིང་པོ་བརྙེས། །བརྒལ་དཀའི་མུན་ནག་འཐིབས་པོ་རབ་ཏུ་འཇོམས་མཛད་ཅིང་། །ཐུགས་རྗེའི་འོད་ཟེར་བྱེ་བས་འཛམ་གླིང་སྣང་མཛད་པའི། །དམ་པ་རིག་འཛིན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་(༣༨)འཛིན་སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཕྱིན། །རྒྱུད་དོན་མངའ་བརྙེས་རྡོ་རྗེ་སྙིང་པོའི་དོན་ལ་མཁས། །ཏིང་འཛིན་མི་གཡོ་ཆོས་དབྱིངས་ཞི་ལ་ཐུགས་གཞོལ་བའི། །དམ་པ་ཆོས་མཆོག་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོའི་བླ་མ་ལ། །གུས་པས་གསོལ་འདེབས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །

ཨཱ་ཨཱཿཧཱུྃ། གུ་རུ་ན་མོ་མཧཱ་སིདྡྷི་ས་མ་ཡཱ། དྷརྨ་ཀཱ་ཡ་ས་མནྟ་བྷ་དྲཱ། བཛྲ་བཱ་གི་ཤུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། སམ་བྷོ་ཀཱ་ཡ། བཛྲ་དྷཱ་ར་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ནིར་མ་ཀཱ་ཡ་བཛྲ་སཏྭ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། བཛྲ་པཱ་ཎི་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། པྲཛྙཱ་བྷ་ཝཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། མཉྫུ་ཤྲཱ྇་མི་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཤྲཱ྇་སིངྷ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཛྙཱ་ན་སཱུ་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། བི་མ་ལ་མི་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ས་མ་ཏི་བྷ་དྲཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། བྷ་ཧི་ར་ཧེ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། སིང་ཧཱ་ཤྭ་ར་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། སྭ་སྟི་ཤྲཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། སཱུརྱ་ལཀྵི་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཇོ་འབེར་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཡོ་གི་ཛྙཱ་ན་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། དྷེ་ཀི་བཛྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཀུ་མ་རཱ་ཛ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཤི་ལ་མ་ཏི་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མཧཱ་སིདྡྷི་ས་མ་ཡཱ། ཨཱ་ཨཱཿཧཱུྃ། ཨེ་མ་དམ་པ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ངོ་བོ་ཉིད་ཀྱི་རྗེ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཉིད་ལ་དབང་བསྒྱུར་བླ་མ་ཉིད། །བཛྲ་བྷ་ཝ་ལྷ་རྗེ་དཔའ་བོ་ཉིད་ཀྱི་ཞལ། །བདག་བློའི་གཏི་མུག་མུན་པ་འཇོམས་ཕྱིར་བསྟན་དུ་གསོལ། །འཇིག་རྟེན་དྲི་མའི་སྐྱོན་མེད་ཉེས་པ་ཀུན་ལས་གྲོལ། །རང་རྒྱུད་རྣམ་པར་དག་ཅིང་སངས་རྒྱས་སུམ་སྟོང་གི། །ཐུགས་ལ་མངའ་མཛད་མཉྫུ་མི་ཏྲའི་ཞལ། །བདག་བློའི་ཞེ་སྡང་མ་ལུས་འཇོམས་ཕྱིར་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོའི་གསུང་གི་འོད་ཟེར་ཅན། །ཚངས་པའི་དབྱངས་ཀྱིས་འགྲོ་བ་འདམ་ལས་འདྲེན། །ཤྲཱ྇་སིངྷ་མི་འགྱུར་རྡོ་རྗེའི་(༣༩)ཞལ། །བདག་བློའི་ང་རྒྱལ་ཟད་མཛད་བསྟན་དུ་གསོལ། །ཐེག་པའི་དོན་རྣམས་ཐུགས་ལ་ཇི་བཞིན་སྟོན་མཛད་པ། །མི་བསྐྱོད་ཡེ་ཤེས་འགྲོ་བའི་དོན་ལ་ཕན་བརྩོན་གང་། །ཛྙཱ་ན་སཱུ་ཏྲ་འཇིག་རྟེན་རྨོངས་པ་མེད་པའི་ཞལ། །བདག་བློའི་འདོད་ཆགས་དྲི་མ་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་རྨད་བྱུང་སྒྲ་ཚིག་རྣམ་པ་མང་པོ་ཡིས། །འགྲོ་མགོན་ཡེ་ཤེས་ཉི་མའི་འོད་ཀྱིས་འཛམ་གླིང་ཀུན་ལ་ཁྱབ། །བི་མ་མི་ཏྲ་སྐྱེ་ཤི་ཀུན་བྲལ་རྡོ་རྗེའི་ཞལ། །བདག་བློའི་ཕྲག་དོག་དྲི་མ་ཟད་མཛད་བསྟན་དུ་གསོལ། །དགོངས་པ་བར་མཚམས་མེད་པས་རླུང་གི་འགྲོ་འོང་ཟད། །གཉིས་མེད་རྣམ་པར་དག་པས་གང་ཡང་གྲོགས་སུ་སྣང་། །ཏིང་འཛིན་བཟང་པོ་གཟུང་དང་འཛིན་པ་བྲལ་བའི་ཞལ། །བདག་བློའི་ཁོང་ཁྲོའི་དྲི་མ་ཟད་མཛད་བསྟན་དུ་གསོལ། །གདོད་ནས་ཆོས་ཀུན་མཉམ་ཉིད་རོ་གཅིག་རྟོགས་གྱུར་ཅིང་། །བདག་གཞན་དབྱེར་མེད་གཞི་ནས་བྱང་ཆུབ་དག་པའི་ངང་། །ལྷུན་གྱི་རྒྱལ་མཚན་བསོད་ནམས་གཟི་བརྗིད་ཆེན་པོའི་ཞལ། །བདག་བློའི་ཉོན་མོངས་དུག་ལྔ་ཟད་མཛད་བསྟན་དུ་གསོལ། །ལུས་ངག་ཡིད་ཀྱི་ཞེན་པ་རང་ལོག་སྟེ། །ཉམས་ལེན་མཐར་ཕྱིན་སྣང་བ་ཟད་སར་འཁྱོལ། །སེང་གེ་དབང་ཕྱུག་འཁྲུལ་སྣང་དག་པའི་ཞལ། །བདག་བློའི་འཁྲུལ་སྣང་ཟད་མཛད་བསྟན་དུ་གསོལ། །རྡོ་རྗེ་ཐེག་པའི་སྙིང་པོ་གསང་སྔགས་སྡོང་པོར་གྲགས། །ངེས་པའི་དོན་རྟོགས་གཉིས་མེད་མཁའ་འདྲའི་ཐུགས་མངའ་བ། །བཀྲ་ཤིས་མི་འགྱུར་ཡིད་བཞིན་རྡོ་རྗེ་འཆང་གི་ཞལ། །བདག་བློའི་ལས་དང་བག་ཆགས་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་ཚད་མེད་ཐེག་མཆོག་སྙིང་པོའི་དོན་ལ་མཁས། །བསྟན་པའི་རིང་ལུགས་གསལ་བྱེད་རིན་ཆེན་འོད་ཟེར་ཅན། །རྗེ་བཙུན་ཆེན་པོ་སྤྲུལ་སྐུ་དོན་ཡོད་རྡོ་རྗེའི་ཞལ། །བདག་བློའི་འཁོར་བའི་ཉེས་སྐྱོན་ཟད་མཛད་བསྟན་དུ་གསོལ། །འཁོར་བ་མུ་མཐའ་མེད་པའི་ཀློང་དཀྱིལ་ནས། །ཆོས་ཉིད་དག་པ་ཀུན་གསལ་གཅིག་ཏུ་རྟོགས། །ཡེ་ནས་ལྷུན་མཉམ་རྫོགས་པ་ཆེན་པོའི་ཞལ། །བདག་བློའི་བཟང་རྟོག་ཟད་མཛད་བསྟན་དུ་གསོལ། །འོད་གསལ་མངོན་གྱུར་བྱ་རྩོལ་གཉིས་སུ་མེད། །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པོའི་ངང་། །རྟག་ཏུ་མི་གཡོ་ཀུན་ཏུ་བཟང་པོའི་ཞལ། །བདག་བློའི་འཛིན་རྟོག་ཟད་མཛད་བསྟན་དུ་གསོལ། །མཁའ་མཉམ་རྫོགས་པ་ཆེན་པོའི་དངོས་གྲུབ་བརྙེས། །ཐམས་ཅད་ལྷུན་མཉམ་གཅིག་ཏུ་སྟོན་མཛད་ཅིང་། །ཚོགས་བསགས་རྒྱལ་པོ་རང་རིག་དྲི་མེད་ཞལ། །བདག་(༤༠)བློའི་མ་རིག་ཟད་མཛད་བསྟན་དུ་གསོལ། །གདོད་མའི་རང་བཞིན་དབྱིངས་ཀྱི་ངང་ཉིད་དུ། །མ་བཅོས་སྤྲོས་བྲལ་འོད་གསལ་འཕོ་འགྱུར་མེད། །ཁམས་གསུམ་ཡོངས་སྒྲོལ་རིག་འཛིན་ཆེན་པོའི་ཞལ། །བདག་བློའི་བླང་དོར་ཟད་མཛད་བསྟན་དུ་གསོལ། །ཡོན་ཏན་མཐའ་ཡས་ཡེ་ཤེས་དཔལ་འབར་ཞིང་། །དངོས་འཛིན་རང་ཞིག་བདག་འཛིན་ཀུན་ལས་འདས། །རང་གྲོལ་རྒྱལ་པོ་དྲི་མེད་པདྨའི་ཞལ། །བདག་བློའི་འཁྲུལ་རྟོག་ཟད་མཛད་བསྟན་དུ་གསོལ། །ཨཱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །

དེ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་དང་། འབྲུ་དང་། དྲི་དང་། སྨན་དང་མེ་ཏོག་ལ་སོགས་པའི་མཎྜལ་དངོས་སུ་བཤམས་ལ་འབུལ་དུས་སྟོང་གསུམ་གང་བར་དམིགས་ལ་རིམ་པར་འབུལ་ལོ། །དགོས་པ་ནི། མཆོག་དང་ཐུན་མོང་གཉིས་གཉིས་ཏེ། དེ་ཡང་རིན་པོ་ཆེའི་མཆོག་ཡེ་ཤེས་ལྔ་ལ་སྤྱོད་ཅིང་། ཐུན་མོང་དུ་ཡོ་བྱད་ཕུན་སུམ་ཚོགས་པ་ཚེ་འདིར་འགྲུབ་པོ། །དེ་བཞིན་དུ་འབྲུས་ནི་སྐུ་ལྔ་དང་མུ་གེའི་འཇིགས་པ་མེད་པར་འཐོབ་པོ། །དྲིས་ནི་དབྱིངས་ཀ་དག་ཆེན་པོའི་ངོ་བོ་དང་དབང་པོ་གསལ་བ་ཆེན་པོ་འཐོབ་པོ། །སྨན་གྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་དང་ནད་མེད་པ་འཐོབ་པོ། །མེ་ཏོག་གིས་སྣང་བ་འོད་ལྔའི་ཞིང་དང་ཤེས་རབ་དང་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་དོ། །

དེ་ནས་སློབ་མ་ཀུན་ལངས་ཏེ། སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་གར་སྦྱར། རྐང་པའི་ལོང་བུ་གཤིབས་ནས། བླ་མའི་ཐུགས་ཀར་མིག་གཏད་དེ། ཤེས་པ་མ་ཡེངས་པར་བྱ་སྟེ། བླ་མས་ཨ་དྲུག་བརྩེགས་ཡེངས་ལ་བོར་བའི་ཚུལ་དུ་དྲག་ལ་ཐུང་བར་བརྗོད་པས། སློབ་མའི་ལུས་འཕར་བ་དང་། ངག་གསལ་ཞིང་སྨྲ་བ་སེམས་མི་རྟོག་པ་ཤར་བ་ནི་ཡེ་ཤེས་དབབ་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མ་རྣམས་ལུས་གནད་དེ་ཉིད་ཀྱིས་ཁ་ཤར་གྱི་ནམ་མཁར་གཏད་པ་ལ། བླ་མས་ངག་སྙན་པོས། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ན་ཕར་གམ་གམ་སོང་དང་། ཞེས་གསུམ་བརྗོད་ནས། ཡང་འགྲོ་ན་འགྲོ་ས་འདུག་གམ། འགྲོ་བའི་མཁན་པོ་འདུག་གམ། ཞེས་བརྗོད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ལ་སྦྱར་བ་ནི། སེམས་སྟོང་པ་ཉིད་བསམ་ངོ་དང་བྲལ་བའི་ངང་དུ་འཇོག་པའོ། །དེ་ནས་བླ་མས་ཕྱག་མཛུབ་བསྒྲེངས་ཏེ། ནམ་མཁའི་དབྱིངས་ལ་ཡུག་ཡུག་ལན་གསུམ་བྱས་ཏེ། ནམ་མཁའི་དབྱིངས་ལ་ལྟོས་ཤིག་གསུམ་བརྗོད་པ་ན། ཆོས་སྐུ་མཁའ་མཉམ་དག་པའི་དཀྱིལ་འཁོར་(༤༡)བསྟན་པའོ། །

དེ་ནས་ཡེ་ཤེས་ཀྱི་ལྷ་ངོ་བསྟན་པ་ནི། སློབ་མ་ཀུན་སྟོད་གཡོགས་གོན་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། སྟེང་གི་ཉི་མའི་ཕྱོགས་བཞིར་ཉི་མ་བཞིས་བསྐོར་ཏེ། ལྔ་ཤར་བ་ཇེ་མཐོར་སོང་ནས་མཐར་མི་མངོན་པའི་ངང་དུ་སོམས་ཤིག་པའི་དོན་བཤད་པ་ནི། ཨེ་མ་སྐལ་ལྡན་ནམ་མཁའི་དཀྱིལ་ཡ་གི་ན། ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལྔ་པོ་ལ་ཤེས་པ་གཏོད་ལ་ཇེ་མཐོ་ཇེ་མཐོར་སོང་ཞིག །ཅེས་ལན་གསུམ་བརྗོད་ནས། སླར་མ་ལྡོག་ཅིག་ཅེས་པ་ཡང་གསུམ་བརྗོད་དོ། །དེ་ཡང་ཉི་མ་ལྔ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་ལ་ཇེ་མཐོར་སོང་ནས་མི་དམིགས་པ་ནི་དབྱིངས་སུ་ཐིམ་པ་སྟེ། སླར་མ་ལྡོག་ཅིག་གསུམ་ནི། སྐུ་གསུམ་གྱི་ངང་ལས་ཕྱིར་མ་ལྡོག་ཅིག་ཏུ་མཚོན་པའོ། །དེ་ནས་བླ་མས་ལངས་ཏེ། གཡས་བརྐྱང་གཡོན་བསྐུམ་མཛུབ་མོ་མིག་ལ་བཙུགས་ནས་ཨ་བརྩེགས་མར་བརྗོད་དེ། ཕྱོགས་བཞིར་ལན་བཞིར་དེ་ལྟར་བྱའོ། །དེ་ཡང་གཡས་བརྐྱངས་པས་ནི་འཁོར་བའི་སྤྲོས་པ་གཅོད་ལ། གཡོན་བསྐུམས་པས་ནི་མྱ་ངན་ལས་འདས་པའི་སྣང་བ་མཚོན་ཞིང་། མཛུབ་མོ་བཙུགས་པས་ཡེ་ཤེས་མིག་ནས་འཆར་བ་མཚོན་ཞིང་། ཨཿབརྗོད་པས་ཚེ་འདིར་སྐྱེ་མེད་དུ་གྲོལ་བའི་བརྡའོ། །ཞེས་བསྟན་པར་བྱའོ། །

དེ་ནས་མཛུབ་མོ་ནམ་མཁར་བསྒྲེངས་ཤིང་། མིག་ནམ་མཁར་ཧུར་ཕྱུང་ནས་གཏད་ལ། ནམ་མཁའ་འདི་ནི་རྒྱ་ཆེའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ཡང་མཛུབ་མོ་བསྒྲེངས་པ་ནི། ལུ་གུ་རྒྱུད་ནམ་མཁར་འཆར་བའི་བརྡའོ། །མིག་ཧར་པོར་ལྟ་བ་ནི། གཟིགས་སྟངས་མཚོན་པའོ། །ཚིག་བརྗོད་པ་ནི་འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ་དབྱིངས་སུ་ཐིམ་པ་མཚོན་པའོ། །ཞེས་བཤད་པར་བྱའོ། །

དེ་ནས་ཞར་ལ་མཎྜལ་གྱི་དག་པ་བཤད་པ་ནི། ཀྱེ་སྐལ་ལྡན་རྣམས་དྲིའི་མཎྜལ་ལ། མེ་ཏོག་ལྔའི་ཚོམ་བུ་བཀོད་པ་ནི། རྟེན་དང་བརྟེན་པའི་ཆོས་སུ་དབྱེར་མེད་པའི་ངོ་བོ་མཚོན་པ་སྟེ། དེ་ཡང་གདོད་མའི་དབྱིངས་ཀ་དག་གི་ངང་ནས་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པ་དང་། ལམ་དུས་ཀྱི་རྟེན་ཙིཏྟ་རིན་པོ་ཆེའི་དབུས་ན་རིག་པ་འོད་གསལ་བའི་རང་བཞིན་བརྟེན་པར་གནས་པ་དང་། འབྲས་བུའི་དུས་ཀྱི་རྟེན་སྣང་བ་བཞི་མཐར་ཕྱིན་པ་དབྱིངས་ཆོས་ཉིད་ཆེན་པོར་བརྟེན་པ་ཡེ་ཤེས་ལྔའི་རང་གདངས་མཚོན་པའོ། །མཆོད་པའི་མཎྜལ་ལྔ་ཚན་ལྔས་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་ལོངས་སྤྱོད་པའི་ཐབས་སུ་མཚོན་པ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །

དོན་གསུམ་པ་གཟེངས་བསྟོད་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དབང་(༤༢)ཐོབ་ནས་ཆོས་སྐུའི་ཞིང་ལ་སྤྱོད་པ་དང་། ཡིད་ཀྱི་སྒྲིབ་པ་འདག་པ་དང་། བྷནྡྷ་འབར་བའི་གཞལ་ཡས་ཀྱི་ཁྲོ་བོའི་ཞིང་ལ་དབང་ཐོབ་པ་དང་། མ་འབད་ཀྱང་ཕྱི་མའམ་བར་དོར་གྲོལ་ལ། འབད་ན་ཚེ་འདིར་གྲོལ་ཞིང་ཆོས་ཉིད་སྟོང་པ་ཉིད་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་ཤིན་ཏུ་སྤྲོས་པ་ཞི་བའི་དབང་། །ཕྲ་ཐིག་རིན་ཆེན་རྒྱན་སྤྲས་དོན་བསྡུས་ཏེ། །མ་འོངས་སྐལ་ལྡན་དོན་དུ་བཀོད་པ་འདིས། །འགྲོ་ཀུན་བྱང་ཆུབ་ཀུན་བཟང་ཉིད་ཐོབ་ཤོག །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།

གླིང་བཞི་རྒྱན་གྱུར་གྱི་མཎྜལ།

༄༅། །གླིང་བཞི་རྒྱན་གྱུར་གྱི་མཎྜལ་བཞུགས་སོ། །

༄༅། །ཤིན་ཏུ་སྤྲོས་པ་མེད་པར་དབང་བསྐུར་བའི་ཚེ་ལྔ་ཚན་ལྔའི་མཎྜལ་རིམ་པས་འབུལ་ཞིང་། ནམ་མཁའི་དབྱིངས་གང་བར་དམིགས་ཏེ། ཚིག་གི་རྒྱལ་པོ་འདི་དག་གིས་གསལ་བར་བྱའོ། །ཨཱ་ཨཱཿཧཱུྃ། ཡིད་བཞིན་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་ནོར་བུ་སྣ་ཚོགས་ཀྱི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ། རིན་པོ་ཆེ་སྣ་བདུན་འབར་བའི་རི་དང་ཤིང་དང་སྐྱེད་མོས་ཚལ་དང་གཞལ་མེད་ཁང་འོད་གསལ་གྱི་གནས། ནོར་བུ་འཐོན་ཀ་དང་། འཐོན་ཀ་ཆེན་པོ་དང་། ཀེ་ཀེ་རུ་དང་། པདྨ་རཱ་ག་དང་། མརྒད་ཏ་དང་། མུ་ས་གརྦྷ་དང་། ཡིད་བཞིན་སྤྲིན་ལ་སོགས་པ། སྣ་ཚོགས་འབྱོར་བའི་མངའ་ཐང་ཚད་མེད་པས་ལེགས་པར་བཀོད་པའི་གཞི། ནམ་མཁའི་མཐའ་ཀླས་པར་ཡིད་བཞིན་རིན་པོ་ཆེའི་དྲ་བས་ཡོངས་སུ་གང་བར་དམིགས་ཏེ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་རྒྱུན་གྱི་འཁོར་ལོར་འབུལ་ལོ། །ཡིད་བཞིན་རིན་ཆེན་སྤྲིན་གྱི་དྲ་བས་ཀུན་ནས་བརྒྱན་པའི་བླ་བྲེ་ཅན། །དཔལ་ལྡན་འདོད་དགུའི་ཆར་གྱི་ཚོགས་མང་ནམ་མཁའི་དབྱིངས་ཀུན་ཡོངས་བཀོད་དེ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཇི་བཞིན་ཏིང་འཛིན་རོལ་མོ་བསམ་ཡས་ཀྱིས། །སྲིད་དང་ཞི་བའི་དཔལ་དུ་གྱུར་གང་ཀུན་ནས་དགེ་བའི་སེམས་ཀྱིས་མཆོད། །གླིང་བཞི་འཇིག་རྟེན་རྒྱན་གྱུར་མཆོད་པའི་སྤྲིན། །ཡིད་བཞིན་རིན་ཆེན་སྣ་ཚོགས་འདི་འབུལ་བས། །འགྲོ་ཀུན་གནས་སྐབས་འདོད་དགུ་ལྷུན་གྲུབ་ཅིང་། །མཐར་ཐུག་ཡེ་ཤེས་ལྔ་ལ་སྤྱོད་པར་ཤོག །ཨཱ་ཨཱཿཧཱུྃ། ཡོན་ཏན་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་ནམ་(༤༣)མཁའི་མཐའ་ཀླས་པར་སྣ་ཚོགས་རིན་པོ་ཆེས་ཡོངས་སུ་བཀོད་པའི་གཞི། ཤིང་དང་། སྨན་དང་། མེ་ཏོག་དང་། ལོ་ཏོག་ཡོངས་སུ་རྒྱས་པའི་འབྲུ་དང་། འབྲས་བུའི་རྔད་མང་པོས་ལེགས་པར་འབྱོར་བ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་སྲིད་པ་ཇི་སྲིད་རྣམ་པར་གྲོལ་བ་དེ་སྲིད་ཀྱི་བར་དུ་འབུལ་ལོ། །

འབྲུ་མང་འབྱོར་པ་ཤིན་ཏུ་མཐའ་ཡས་བསམ་གཏན་ཟས་ཀྱི་རྗེས་འགྲོ་བ། །སྨན་ཤིང་ལོ་ཐོག་ལེགས་སྨིན་དུལ་བའི་འབྲས་བུ་ཤིན་ཏུ་རྨད་བྱུང་གིས། །དཔག་ཡས་ནམ་མཁའི་དབྱིངས་ཀུན་བཀང་སྟེ་སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད། །འབྲུ་མང་སྣ་ཚོགས་དམ་པས་རབ་བརྒྱན་པ། །ཡོན་ཏན་རིན་ཆེན་ཡོངས་གང་འདི་ཕུལ་བས། །འགྲོ་ཀུན་གནས་སྐབས་འབྱོར་པ་མཐའ་ཡས་ཤིང་། །མཐར་ཐུག་སྐུ་ལྔའི་ཞིང་ལ་སྤྱོད་པར་ཤོག །ཨཱ་ཨཱཿཧཱུྃ། ཡེ་ཤེས་རིན་པོ་ཆེས་ཀུན་ཏུ་བརྒྱན་པའི་ཞིང་ཁམས་དྲིའི་སྙིང་པོ་ཅན། ཙནྡན་སྣ་ཚོགས་ཀྱི་བསུངས་དང་། སྨན་དང་མེ་ཏོག་གི་དྲིས་ཀུན་ཏུ་ཁྱབ་པ། སྤོས་ཀྱི་ཤིང་ལྗོན་པ་རིན་པོ་ཆེའི་དྲ་བས་ལེགས་པར་བརྒྱན་ཞིང་། དྲི་བཟང་པོ་མཆོག་ཏུ་གྱུར་པའི་ཆུ་ཀླུང་འབུམ་ཕྲག་དུ་མ་དལ་གྱིས་འབབ་པ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོས་དབང་འབྱོར་བ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ། འགྲོ་བ་མཐའ་དག་ཉེ་བར་ཞི་བའི་གོ་འཕང་ལ་གནས་པ་དེ་སྲིད་དུ་འབུལ་ལོ། །

༈ སྨན་ཤིང་མེ་ཏོག་དྲི་ཞིམ་ངད་ལྡན་སྤོས་དང་སྨན་སྦྱར་བདུད་རྩིའི་ཆུ། །དྭངས་ཤིང་རྙོག་བྲལ་དྲི་མཆོག་གིས་ཁྱབ་ནམ་མཁའི་དབྱིངས་ཀུན་ཡོངས་བཀོད་དེ། །དཔག་མེད་མཐུ་ལྡན་རིམ་རྒྱས་རྡུལ་བྲལ་རྒྱལ་བའི་དྲི་གཙང་གིས་མཛེས་པ། །སྣ་ཚོགས་ཡོན་ཏན་འབྱོར་པས་ཡོངས་གང་ཀུན་ནས་དགའ་བའི་གཙུག་གིས་མཆོད། །སྨན་དང་སྤོས་མཆོག་བདུད་རྩིའི་རང་བཞིན་སྤྲིན། །ནམ་མཁའི་མཐའ་ཀླས་གྱུར་གང་ལེགས་ཕུལ་བས། །འགྲོ་ཀུན་གནས་སྐབས་དབང་པོ་རབ་གསལ་ཞིང་། །མཐར་ཐུག་གདོད་མའི་གཞི་ལ་སྤྱོད་པར་ཤོག །ཨཱ་ཨཱཿཧཱུྃ། ཡིད་བཞིན་སྤྲིན་གྱི་ཞིང་ཁམས་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལ། སྨན་(༤༤)གྱི་ཤིང་ལྗོན་པ་དཔག་ཏུ་མེད་པས་བརྒྱན་ཅིང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཐམས་ཅད་སྨན་གྱི་ཕུང་པོ་ཚད་མེད་པའི་རང་བཞིན་འབྱུང་བ་དང་། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་མཐུ་དང་ལྡན་པ། རྣམ་པར་བཀྲ་ཞིང་ཡིད་དུ་འོང་བའི་བཀོད་པ་མཐའ་ཡས་པའི་སྤྲིན་ཕུང་གིས་འཁྲིགས་པ་རང་བྱུང་བས་ནམ་མཁའི་དབྱིངས་ཀུན་ཁྱབ་པར་བཀོད་པ་གསལ་བ་ཅན། རྩ་དང་ཤིང་དང་མེ་ཏོག་གི་སྨན་རྣམ་པ་ཐ་དད་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་བདུད་རྩིས་ཀུན་ཏུ་གང་བ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ལུས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་དུ་ཕྱིན་པ་དེ་སྲིད་དུ་རྟག་པར་འབུལ་ལོ། །སྣ་ཚོགས་སྨན་གྱི་ཕུང་པོས་ཡོངས་གང་བཀྲ་ཤིས་གཟི་བྱིན་ལྡན་པ་གང་། །ས་དང་ནམ་མཁའི་དབྱིངས་ཀུན་ཡོངས་ཁྱབ་སྲིད་གསུམ་བདེ་དགའི་གཞིར་གྱུར་པ། །འབྱུང་དང་ཉོན་མོངས་ནད་ཀུན་ཞི་བྱེད་རྣམ་གྲོལ་བདུད་རྩིའི་སྙིང་པོ་ཅན། །མ་ལུས་ཇི་སྙེད་ཇི་བཞིན་བཀོད་པས་འགྲོ་བའི་བླ་མ་སྲས་བཅས་མཆོད། །བདུད་རྩིའི་རང་བཞིན་ནད་རབ་ཞི་བྱེད་པ། །སྨན་མཆོག་དམ་པ་གྱུར་པ་འདི་ཕུལ་བས། །འགྲོ་ཀུན་གནས་སྐབས་ཚེ་རིང་ནད་མེད་ཅིང་། །མཐར་ཐུག་བདེ་ཆེན་ཞིང་ལ་སྤྱོད་པར་ཤོག །ཨཱ་ཨཱཿཧཱུྃ། འོད་གསལ་རིན་པོ་ཆེས་བཀོད་པའི་ཞིང་ཁམས་མེ་ཏོག་གི་སྐྱེད་མོས་ཚལ་བཀོད་ལེགས་པའི་ས་གཞི་ཡིད་དུ་འོང་བ་ལ། པདྨ་དང་། པདྨ་ཆེན་པོ་དང་། ཀུ་མུ་ཏ་དང་། ཨུཏྤལ་དང་། ཨུ་དུམ་ཝཱ་རའི་ཚོགས་ལ་སོགས་པས་རབ་ཏུ་བརྒྱན་ཞིང་། ཆུ་དང་ཐང་དང་སྐྱེད་མོས་ཚལ་ལས་འཐོན་པའི་ཚོགས་དཔག་ཏུ་མེད་པས་ལེགས་པར་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ཇི་སྲིད་གནས་པ་དེ་སྲིད་དུ་རྒྱས་པར་བཀང་སྟེ་འབུལ་ལོ། །དཔག་མེད་ཆུ་ལྡན་རབ་རྒྱས་གེ་སར་མདངས་བཀྲ་ཞིང་། །མཚོར་ཉལ་འཛུམ་པའི་འོད་ཟེར་དང་ལྡན་སྐྱེད་མོས་ཚལ། །སྣ་ཚོགས་ཁ་ཕྱེ་ལྷག་གེར་འདུག་པས་མཛེས་གྱུར་པ། །ནམ་མཁའི་དབྱིངས་ཀུན་ཡིད་ཀྱིས་བཀང་སྟེ་གུས་པས་མཆོད། །(༤༥)མེ་ཏོག་བཀོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ། །དཔག་ཡས་རིན་ཆེན་དྲ་བ་འདི་ཕུལ་བས། །འགྲོ་ཀུན་གནས་སྐབས་ཤེས་རབ་རྒྱ་ཆེ་ཞིང་། །མཐར་ཐུག་འོད་ལྔའི་ཞིང་ལ་སྤྱོད་པར་ཤོག །ཅེས་དབྱངས་སྙན་པོས་ལན་གསུམ་གསུམ་དུ་འབུལ་བར་བྱའོ། །ཚུལ་འདི་ནི་དབང་དང་གདམས་པ་གོང་མ་ལ་འཇུག་པའི་ཚེ་བྱ་བ་ཡིན་གྱི། ཐ་མལ་པའི་ཚེ་བྱ་བ་ནི་མ་ཡིན་ནོ། །ལན་གཅིག་ཕུལ་བས་ཀྱང་ཚོགས་གཉིས་རྫོགས་ཤིང་། ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པར་གསུངས་སོ། །མཎྜལ་འབུལ་བའི་ཆོ་ག་གླིང་བཞི་རྒྱན་གྱུར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ།

དང་པོ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ།

༄༅། །རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ་བཞུགས་སོ། །

༄༅། །དགོངས་པ་བརྡ་དང་སྙན་བརྒྱུད་ལ། །གུས་པས་བཏུད་དེ་ཕྱག་འཚལ་ནས། །རབ་ཏུ་སྤྲོས་པ་མེད་པ་ཡི། །དབང་བསྐུར་ཆོ་ག་བཤད་པར་བྱ། །དེ་ལ་རབ་ཏུ་དབེན་པའི་གནས་སུ་རིན་པོ་ཆེ་དང་། འབྲུ་དང་། སྨན་དང་། དྲི་དང་། སྤོས་ཀྱི་མཎྜལ་ཚན་པ་ལྔ་གྲལ་ཐབས་སུ་བཀོད་པའི་མཐར། ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱིས་ཉེ་བར་མཛེས་པར་བྱའོ། །ཤིན་ཏུ་སྤྲོས་མེད་དང་དུས་མཉམ་དུ་བྱེད་ན། མཆོད་པའི་མཎྜལ་དང་གཅིག་པས་ལོགས་སུ་བཤམ་མི་དགོས་ལ། གཞན་དུ་དགོས་སོ། །འདི་དག་རས་དཀར་དྲི་མ་མེད་པའི་སྟེང་དུ། དར་ཚོན་ཁ་དོག་མི་གཅིག་པ་ལྔ་བཏིང་བ་ལ་སྐུད་རིས་སམ། རེ་ཁཱས་ཟླུམ་སྐོར་ལྔ་ཚན་ལྔ་པ་བྱས་པའི་དབུས་མཐིང་ག་ལ་རིན་པོ་ཆེ། དེའི་གཡས་ཀྱི་དཀར་པོ་ལ་མེ་ཏོག །དེའི་རྩར་སེར་པོ་ལ་འབྲུ། གཡོན་གྱི་དམར་པོ་ལ་སྨན། དེའི་རྩར་ལྗང་གུ་ལ་དྲི་དང་སྤོས་རྣམས་བཀྲམ་པར་བྱ་བ་ནི་ཕྱག་ལེན་དུ་མཛད་པའོ། །དེ་ནས་སློབ་མ་རྣམས་དྲི་དང་སྨན་སྤོས་ཀྱིས་ཁྲུས་བྱ་ལ། བླ་མས་ཤར་དུ་གཟིགས་པ་ལ་ཕྱག་འཚལ་ཏེ། ཁ་ནུབ་ཏུ་ཕྱོགས་པས་འཇིག་རྟེན་ཐམས་ཅད་རིན་པོ་ཆེ་ལ་སོགས་པས་གང་བར་དམིགས་ཏེ། མཎྜལ་ལྔ་ཚན་རྣམས་རིམ་གྱིས་ཕུལ་བས། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྤྱོད་ཅིང་། ཁྱད་པར་དུ་རིན་པོ་ཆེའི་ཡོན་ཏན་གྱིས་ཆོས་ཟད་མི་ཤེས་པ་ལ་སྤྱོད། དྲིས་ཆོས་ཉིད་དག་པའི་གསུང་དབྱངས་ལ་སྤྱོད། སྨན་གྱིས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་བདེ་བ་ལ་སྤྱོད། སྤོས་ཀྱིས་ཏིང་ངེ་འཛིན་བྱང་ཆུབ་ཀྱི་རོ་ལ་སྤྱོད། འབྲུས་འབྱོར་པ་མཐའ་ཡས་པ་ལ་སྤྱོད་པའོ། །ཞེས་ཕན་ཡོན་ཀྱང་བཤད་དོ། །

དེ་ནས་དབང་དངོས་ལ་བཞི་སྟེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ། ཞུགས་པའི་དབང་། དབང་ལས་ཐོབ་པའི་ངོ་སྤྲོད། དབུགས་དབྱུང་ཞིང་དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་(༤༦)ལ་གསུམ་ལས། དྲིས་ལན་གྱིས་རྗེས་སུ་གནང་བ་སྦྱིན་པ་ནི། བླ་མས་བུ་ཁྱོད་སུ་ཡིན་ཞེས་པ་གསུམ་གྱི་ལན་དུ། བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ལགས། ཞེས་པ་གསུམ་བརྗོད་པ་དང་། བླ་མས་དེ་ལྟར་ཡིན་ཕན་ཆད། སེམས་ཉིད་གདོད་མ་ནས་སྐྱེ་མ་མྱོང་བའི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིག །ཅེས་བརྗོད་དོ། །གསོལ་བ་གདབ་པ་ནི། དེ་ནས་སློབ་མས་ཐལ་མོ་སྦྱར་ཏེ། ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན་པ་ཉིད། །བདག་ལ་རབ་ཏུ་དགོངས་སུ་གསོལ། །བདག་ནི་ཁམས་གསུམ་འཁོར་གནས་སུ། །ཡུན་རིང་གནས་པས་དྲན་ཉམས་ཏེ། །འཁོར་བ་ཉིད་ལས་བརྒལ་དོན་དུ། །བླ་མ་ལ་ཡང་ཞུ་བར་བགྱིད། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །བདག་ནི་ཡང་ནས་ཡང་འཁོར་བས། །རྡོ་རྗེ་སེམས་དཔའ་ཡེ་ཤེས་རང་བྱུང་ཉིད། །རྨེད་དང་རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་། །སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། །ཞེས་པ་གསུམ་བརྗོད་དོ། །

སེམས་ཉིད་ཀྱི་རང་བཞིན་བསྟན་པ་ནི། དེ་ནས་སློབ་མས་མ་ཡེངས་པར་བླ་མའི་ཐུགས་ཀར་ཅེར་རེ་བལྟས་ནས་ཡེངས་པའི་མཚམས་སུ། བླ་མས་དྲག་ཤུལ་དང་བཅས་པས། སེམས་གང་ཡིན་ཞེས་ལན་གསུམ་བརྗོད་པས། བར་དེར་ཧད་དེ་སལ་ལེ་གཟུང་འཛིན་མེད་པའི་ཤེས་པ་རང་བབ་ཅིག་ཕྱམ་གྱིས་ཤར་བ་ནི་ཆོས་སྐུའི་དགོངས་པ་སྟེ་ཡེ་ཤེས་དབབ་པའོ། །

གཉིས་པ། དཀྱིལ་འཁོར་གསུམ་དུ་ཞུགས་པའི་དབང་།

དཀྱིལ་འཁོར་གསུམ་དུ་ཞུགས་པའི་དབང་ལ་གསུམ་ལས། སྤྲུལ་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། སློབ་མ་རྣམས་སེང་གེའི་འདུག་སྟངས་དང་བསྟུན་ཏེ། མིག་ཐད་དྲང་དུ་ཧ་རེ་བ་གླང་ཆེན་ལྟ་སྟངས་ལས། རིག་པ་འོད་ཀྱི་གོང་བུ་སྐར་མདའ་ལྟར་ཤར་ཕྱོགས་སུ་འཕངས་ཏེ། སེང་གེའི་མཆོངས་སྟངས་སུ་བྱས་པའི་མཐར། ཆོས་ཉིད་སྐྱེ་བ་མེད་པའི་ངང་ལ་བཞག་པའི་རིམ་པ་རྣམས། བླ་མའི་གསུང་གསལ་ལ་སྙན་པོས་བརྗོད་པའི་རིམ་པ་བཞིན་ཡིད་གཏོད་ཅིག །ཅེས་དམིགས་པ་ཕོག་ནས། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ཤིན་ཏུ་མཛེས་ཤིང་། ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ། སྐུ་མདོག་མཐིང་ག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་(༤༧)རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ། ཞེས་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་སློབ་མ་རྣམས་ལྷོར་བལྟས་ལ་གླང་པོ་ཆེའི་འདུག་སྟངས་དང་བསྟུན་ཏེ། མིག་ཐད་དྲང་དུ་དྲིལ་ནས། སྔ་མ་ལྟར་རིག་པ་དཔལ་དང་ལྡན་པའི་ཞིང་དུ་འཕངས་ཏེ་སྐེད་པ་སྙེངས་ཀྱིས་མཆོངས་པས་སླེབས་ནས། སྐྱེ་མེད་དུ་གློད་པའི་རིམ་པ་རྣམས་ཚིག་གི་ཕྱིར་སེམས་གཞོལ་དུ་འཇུག་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ་སྟག་མོའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ། ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་ནུབ་ཏུ་ཁ་བལྟས་ལ་དྲང་སྲོང་གི་འདུག་སྟངས་དང་མིག་གཡོན་ཟུར་ནས་ཁད་ཀྱིས་ཐད་དྲང་དུ་ཁྲིད་ལ་རིག་པ་འཕངས་ལ་ཞིང་ཁམས་སུ་བྱ་ལྡིང་ཐབས་ཀྱིས་མཆོངས་ལ། ཚིག་གིས་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དཔལ་ཆེན་གྱི་རྔམས་སྟབས་ཀྱིས་ལྟོས་ལ། ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག །ཨ་ཨ་(༤༨)ཨཱཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་བྱང་དུ་བལྟས་ཏེ་བྱ་རྒོད་ཀྱི་སྤུངས་སྟངས་དང་བསྟུན་ལ། མིག་གྱེན་དུ་ལྡོག་ནས་ཞིང་ཁམས་ཡིད་ལ་བྱེད་པས། ལག་པའི་ཁུ་ཚུར་སྙིང་ག་ནས་ཕྱིར་འཕངས་པ་དང་མཆོངས་པ་མཉམ་དུ་བྱ་བའི་ཚུལ་གྱིས། ཚིག་གི་ཕྱིར་སེམས་གཞོལ་བ་སྙམ་དུ་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །འདི་ནས་བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་གྱི་འགྱུ་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨཱཿ ཞེས་རྒྱས་གདབ་བོ། །དེ་དག་ནི་རང་སྣང་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་འཇུག་པ་སྟེ། ཚེ་འདིར་ཉམས་སུ་བླང་ལོང་མ་བྱུང་བ། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་གྲོལ་བའི་དགོས་པ་ཡོད་དོ། །

ལོངས་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། མིག་ཧ་རེ་བ་ལས་རྒྱན་སྟུག་པོ་བཀོད་པ་ཡིད་ལ་བྱས་པར་རིག་པ་འཕངས་ནས། སེང་གེ་ལྟར་ཡུད་ཀྱིས་མཆོངས་ཏེ་སྐྱེ་མེད་ཀྱི་ངང་ལ་བཞག་པ་རྣམས་རིམ་པར་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན། རྒྱན་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་ཡེ་ཤེས་ལྔས་ཁྱབ་ཅིང་གསལ་བ། རབ་ཏུ་མཉམ་ཞིང་མི་གཡོ་བ་ཉིད་ན། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། དགྲ་བཅོམ་པ་ཟག་པ་ཟད་པ། རིག་པ་དང་ཞབས་སུ་ལྡན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་(༤༩)སྟངས་ཀྱིས་སོང་ཞིག །ཨ་ཨ་ཨཱཿ ཞེས་སྐུ་གསུམ་ལས་མི་ལྡོག་པའི་རྒྱས་གདབ་བོ། །

ཆོས་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། སེང་གེའི་འདུག་སྟངས་ཀྱིས་འདུག་ལ། མིག་གྱེན་དང་ཐུར་དང་འཕྲེད་གཡས་གཡོན་དང་ཐད་དྲང་དུ་བལྟས་ཏེ། རིག་སྟོང་རྗེན་པའི་ཡེ་ཤེས་ལ་གསལ་སྟོང་འཛིན་མེད་ཆེན་པོར་ལྟ་ཞིང་། གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་ལས་ཀྱང་འདས་པའི་ཕ་རོལ་ན། རང་གི་སེམས་ཉིད་བསམ་ངོ་དང་བྲལ་ཞིང་ཚད་མེད་དཔག་ཏུ་མེད་ཅིང་དམིགས་སུ་མེད་པ། སྟོང་ཉིད་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱ་བ་བཞུགས་པས། དེར་བུ་ཁྱོད་རིག་པ་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་མཐོ་བར་འདུག་ཅིག །དྲང་སྲོང་གི་འདུག་སྟངས་ཀྱིས་གནས་པར་གྱིས་ཤིག །གླང་ཆེན་གྱི་ཉལ་སྟབས་ཀྱིས་སྙོམས་པར་ཉོལ་ཞིག །ལྕགས་སྡོང་གི་འདྲིལ་སྟབས་ཀྱིས་ཁ་སྦུབས་ལ་མཐའ་དྲིལ་ཅིག །སྐྱེས་བུའི་རྒྱངས་སྟབས་ཀྱིས་གན་རྐྱལ་དུ་རྒྱོངས་ཤིག །ཝ་མོའི་ཟུར་འགྲོས་ཀྱིས་སློག་ལ་སོང་ཞིག །བྱ་རྒོད་ཀྱི་སྤུངས་སྟབས་ཀྱིས་སྒུར་ལྡོག་གིས་སྤུངས་ཤིག །གྱད་ཀྱི་དོར་སྟབས་ཀྱིས་ངལ་གསོས་ལ་ས་ནོན་ཅིག །འབུ་སྲིན་གྱི་ནུར་འགྲོས་ཀྱིས་དབྱིངས་རིག་ལ་ཆགས་པར་གྱིས་ཤིག །སྟག་མོའི་མཆོངས་སྟངས་ཀྱིས་ཉམས་སྣང་ལ་རྩལ་སྦྱོངས་ཤིག །གཡང་མོའི་སྤྲུགས་སྟངས་ཀྱིས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་དུས་གཅིག་ལ་ངོ་བོར་སྤྲུགས་ཤིག །སེང་གེའི་འགྱིང་ཚུགས་ཀྱིས་དབྱིངས་རིག་ལ་ས་ཟུང་ཞིག །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །སེམས་ཉིད་སྟོང་པར་གནས་པས་གཞི་ཟུང་ཞིག །སེམས་ཉིད་རིག་སྟོང་དུ་བསྟན་པས་གནད་ཚུགས་ཤིག །སེམས་ཉིད་མ་འགགས་པར་འགྱུ་བས་རྩལ་སྦྱོངས་ཤིག །སེམས་ཉིད་ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག །སེམས་ཉིད་ཀུན་ལ་ཁྱབ་པས་རྟགས་ཚོལ་ཞིག །སེམས་ཉིད་ཅིག་ཆར་དུ་མྱུར་བས་ལ་ཟློས་ཤིག །སེམས་ཉིད་སྣ་ཚོགས་སུ་མ་འདྲེས་པས་ཤན་ཕྱེས་ཤིག །སེམས་ཉིད་སྣ་ཚོགས་སུ་འཕེལ་བས་མ་ཞེན་ཅིག །ཡེ་ཤེས་ལས་སླར་མ་ལྡོག་ཅིག །ཐིག་ལེ་ལས་སླར་མ་ལྡོག་ཅིག །སྐུ་ལས་སླར་མ་ལྡོག་ཅིག །ཅེས་བརྗོད་ནས། དེ་དག་གི་དོན་ཅུང་ཟད་བཤད་ན། སྤྲུལ་སྐུ་དང་། ལོངས་སྐུའི་འཆར་གཞི་ནི་ཆོས་སྐུ་ཡིན་པས། དེ་གཉིས་ལས་འདས་པ་ཞེས་བྱའོ། །ཞིང་ནི་སེམས་ཉིད་ཡེ་ནས་སྟོང་པས་ན། སྟོན་པ་ནི་རང་རིག་གི་ཡེ་ཤེས་ཏེ། (༥༠)འདུག་སྟངས་དང་གཟིགས་སྟངས་གཅུན་ནས་ཉམས་སུ་བླངས་པས་རང་ཤར་དུ་རང་ངོ་ཤེས་ནས་གཞི་ཐོག་ཏུ་གྲོལ་ལོ། །དེ་ཡང་ཉམས་ཀྱི་རིམ་པ་དང་མཐུན་པར་རིག་སྟོང་གི་སེམས་ཉིད་དང་པོ་ངོ་ཤེས་པས་ཐག་ཆོད། རང་ཤར་རང་གྲོལ་དུ་རྩལ་སྦྱོངས། གསལ་སྟོང་ངང་དྭངས་སུ་ལྷུན་གྱིས་ཞོག །གང་ཤར་རྗེས་མེད་དུ་ཉམས་སུ་ལོངས། རང་གྲོལ་ཡེ་བབས་སུ་ལ་ཟློས། ཤར་ནས་ཡེངས་མེད་དུ་ངོས་ཟུང་། བདེ་གསལ་རྟོག་མེད་ཀྱི་ཉམས་ལ་མ་ཞེན་ཅིག །དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་སྐུ་གསུམ་རང་ཆས་སུ་འཆར་བས་སླར་མ་ལྡོག་ཅིག །ཅེས་བཤད་དོ། །

གསུམ་པ། དབང་ལས་ཐོབ་པའི་ངོ་སྤྲོད།

དོན་གསུམ་པ་དབང་ལས་ཐོབ་པའི་ངོ་སྤྲོད་ནི། སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་རིམ་པས་བསྟུན་དུ་བཅུག་ལ། ལན་གསུམ་དུ་གསལ་བར་བརྗོད་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ། སེམས་ཉིད་ངོ་བོ་སྟོང་ལ་རང་བཞིན་ཡེ་ཤེས་ལྷག་མཐོང་གི་དོན་ཉོན་ཅིག །སེམས་ཉིད་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གཞི་ཡེ་ཤེས་ལྔར་སྒྱུར་ཅིག །སེམས་ཉིད་སྟོང་པ་ཡེ་ཤེས་ཟང་ཐལ་གྱིས་མ་རིག་པ་སོལ་ཅིག །སེམས་ཉིད་བློ་རིམ་དང་འཇུག་པའི་ཐེག་པ་ཐ་དད་ཀྱི་མཐར་ཐིག་ལེ་ཉག་གཅིག་ཏུ་སྡུས་ཤིག །སེམས་ཉིད་སྟོང་པ་མཐའ་བྲལ་ཐིག་ལེ་ཡོངས་རྫོགས་ལ་ཆོས་ཀྱི་ཕུགས་གཏོད་ཅིག །སེམས་ཉིད་ཟུང་འཇུག་དབྱེར་མེད་རང་སྣང་ལྷུག་པས་དོན་གྱི་གནད་ཁྲོལ་ཞིག །སེམས་ཉིད་དབྱིངས་རིག་རྣམ་དག་སྨིན་མཚམས་འོད་གསལ་ལ་རླུང་རིག་བཅུད་ལ་བོར་ཅིག །གང་ཞེ་ན། མགྲིན་པ་ཨེན་ཙམ་དགུག མིག་གྱེན་ལ་ལྡོག །རླུང་རང་སོར་གཅད། ལག་པ་གཡས་པས་མིག་མནན་ལ། མིག་གཡོན་པ་ནམ་མཁའ་ལ་བལྟས་པས་ཡེ་ཤེས་ཀྱི་སྣང་བ་འཕེལ་ལོ། །སེམས་ཉིད་ཆོས་སྐུ་མ་བཅོས་རང་བྱུང་རྣལ་མ་ལ་ཕྱི་ནང་གཅིག་ཏུ་གཞི་ཕོབ་ཅིག །སེམས་ཉིད་མ་འདྲེས་ཡོངས་རྫོགས་ཉག་གཅིག་ཕྱོགས་བྲལ་ལས་སླར་མ་ལྡོག་ཅིག །སྤྲུལ་སྐུར་སོང་ཞིག །ལོངས་སྐུར་སོང་ཞིག །ཆོས་སྐུར་སོང་ཞིག །ཆོས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །ལོངས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །སྤྲུལ་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །ཅེས་དང་པོས་སྤྲུལ་སྐུའི་བཞུགས་སྟངས་དང་གཟིགས་སྟངས་བསྟན་ནས། བར་པ་ལ་གཞན་དེ་དང་འདྲ་བ་ལས། མགྲིན་པ་ཐད་དྲང་ལ་བཞག །མིག་ཅུང་ཟད་དབབ་ཅེས་གོ་བརྗེའོ། །ཐ་མ་ལ་དེའི་ཚབ་ཏུ་མགྲིན་པ་བསྟོད། (༥༡)མིག་ཐད་དྲང་དུ་བལྟ། ཞེས་གོ་བརྗེའོ། །

དེ་དག་གི་དོན་ཅུང་ཟད་བཤད་ན། སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་ས་བོན་ལ། སེམས་ཉིད་ནི་མ་འཁྲུལ་དོན་གྱི་ཡེ་ཤེས་སུ་ཡེ་ནས་གནས་པ་ཡིན་པས། སེམས་ཉིད་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་གདངས་འགག་མེད་ཆེན་པོའི་གནས་ལུགས་ཉག་གཅིག་སྟེ་ངོ་ཤེས་པར་གྱིས་ཤིག །དེ་ཡང་སྔར་ཐུན་མོང་གི་ཐེག་པ་ཨ་ནུ་མན་ཆད་ཀྱི་སྐབས་སུ། སེམས་ཉིད་རིག་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོར་བཟུང་བ་དེ་ཉིད། ཨ་ཏི་རྡོ་རྗེ་སྙིང་པོའི་སྐབས་འདིར་རིག་པ་འོད་གསལ་ལྔ་ལྡན་དུ་ངོ་ཤེས་པར་གྱིས་ཤིག །སེམས་ཉིད་སྟོང་གསལ་རིག་པའི་ཡེ་ཤེས་ཀ་དག་ཆེན་པོས་གཉིས་འཛིན་འཁྲུལ་པའི་མ་རིག་པ་རང་སངས་ལ་ཐོང་ཞིག །སྔར་ཐེག་པ་རིམ་པ་དགུར་སོ་སོར་ཞེན་པའི་བློ་རིམ་ཐམས་ཅད་ཡེ་གྲོལ་གྲུབ་མཐའ་མེད་པའི་ངང་དུ་ཤེས་པར་གྱིས་ཤིག །ཆོས་སུ་ཤར་རོ་ཅོག་མཐའ་བྲལ་ཐིག་ལེ་ཆེན་པོའི་ངང་ལས་མ་གཡོས་པར་ངོས་ཟུང་ཞིག །རིམ་པ་གཉིས་མེད་རང་སྣང་ཉིད་ཟུང་འཇུག་ཡེ་ཤེས་ཆེན་པོར་ངོ་ཤེས་པར་གྱིས་ཤིག །གནད་ཀྱིས་མཐོང་བའི་དབྱིངས་རིག་འོད་གསལ་སྨིན་མཚམས་སུ་སྣང་བ་ནས་རིམ་གྱིས་བརྩོན་པར་གྱིས་ཤིག །དེ་ཡང་གཟིགས་སྟངས་དང་། བཞུགས་སྟངས་དང་། རླུང་རིག་གི་གནད་བསྟུན་ནས་ཉམས་སུ་ལོངས་ཤིག །སེམས་ཉིད་ཆོས་སྐུ་རང་བྱུང་ནི་ཀ་དག་ཆོས་ཟད་ཀྱི་དགོངས་པའི་ངང་དྭངས་མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་ཀྱི་རང་སྣང་སྟེ། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱིས་ཉམས་སུ་ལོངས་ཤིག །སྐུ་གསུམ་གྱི་རང་སྣང་རིམ་གྱིས་ཤར་བའི་ངང་དུ་སོང་ལ་སྣང་བ་དང་རང་རིག་པའི་ཉམས་ཅི་བྱུང་ཡང་མ་འཛིན་པར་ཟད་པའི་ས་ནས་གདོད་མའི་དབྱིངས་སུ་ཚེ་འདི་ཉིད་ལ་ཕྱིན་པར་གྱིས་ཤིག །

ཅེས་ངོ་སྤྲད་ཅིང་དལ་བུས་སོས་དལ་ལ་བཤད་དོ། །འདི་དག་ནི་མངོན་སུམ་རིག་པའི་ངོ་སྤྲོད་དེ། རྩ་བ་དང་ཕྲ་ཏིག་ལས། དེ་ནས་ངོ་སྤྲད་པར་བྱའོ། །ཞེས་པའི་ཚིག་ཙམ་གསུངས་ནས་ངོ་སྤྲད་ལུགས་མ་གསུངས་པས་གནད་ཡིག་ལས་བྱུང་བ་བཞིན་བཀོད་པའོ། །དེ་ཡང་ངོ་སྤྲོད་པའི་རིམ་པ་འདི་ཉིད་མ་བྱས་ཀྱང་འགལ་བ་མེད་དེ། ཁྲིད་དུ་ངོ་སྤྲད་པ་ཡིན་པའི་ཕྱིར་རོ། །དེའང་ཁྲིད་མི་ཕྱེད་པའི་དབང་དུ་བྱས་ན་ངོ་སྤྲད་པའོ། །

བཞི་པ། དབུགས་དབྱུང་ཞིང་དགའ་སྟོན་བྱ་བའི་རིམ་པ།

དོན་བཞི་པ་དབུགས་དབྱུང་ཞིང་དགའ་སྟོན་བྱ་བའི་རིམ་པ་ལ་གཉིས་ལས། དབུགས་དབྱུང་བ་ནི། དབང་འདི་ཐོབ་ནས་མ་རིག་པ་གཞི་ལ་སངས་ཏེ་རིག་པ་ཡེ་ཤེས་སུ་(༥༢)རྒྱས་པས་རང་སྣང་མངོན་སུམ་བསྒོམ་པ་ལ་དབང་ཞིང་། ཉམས་སུ་ལེན་ལོང་མ་བྱུང་ཡང་། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་ལ། འབྱུང་བའི་གོམས་ཤུགས་ཕལ་པ་རྣམས་བར་དོར་གྲོལ་ཞིང་། མཆོག་རྣམས་ཚེ་འདིར་གྲོལ་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལ་རང་དབང་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །

དགའ་སྟོན་ནི། དབང་གི་རྗེས་ལ་བླ་མ་དང་། དེའི་ཉེ་འཁོར་ན་འཁོད་པའི་རྡོ་རྗེ་སྤུན་སྲིང་རྣམས་ལ་ཚོགས་ཀྱིས་མཆོད་ཅིང་ཡོན་དབུལ་དགོས་ཏེ། མ་ཕུལ་ན་དངོས་གྲུབ་མི་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་དབང་རྣམ་པར་ཕྱེ་བ་ལས། འདི་ལྟར་དབང་བསྐུར་དུས་དག་ཏུ། །དགའ་སྟོན་མ་བྱས་མི་འགྲུབ་ཅིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །དེ་བས་ཚོགས་ཀྱི་དགའ་བར་བྱ། །ཞེས་སོ། །བྱས་ན་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་ཅིང་། །ཉེས་པ་ཐམས་ཅད་སེལ་ལ། བསམ་དགུ་ཐམས་ཅད་ཡིད་བཞིན་དུ་འགྲུབ་སྟེ། དེ་ཉིད་ལས། བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །དགའ་སྟོན་ཆེན་པོ་སུས་བྱས་པ། །ལེགས་པ་ཐམས་ཅད་འགྲུབ་པ་དང་། ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །དེ་ཡང་དབང་གི་དུས་སུ་ཡོ་བྱད་མཆོད་པ་དང་། གཞན་གྱི་དུས་སུ་མཆོད་པ་གཉིས་བསོད་ནམས་ཁྱད་ཆེ་བར། དེ་ཉིད་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་པས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་ཏུ་མེད། །ཅེས་སོ། །དེའི་དུས་སུ་བླ་མ་དེ་ལ་ཕྱོགས་བཅུའི་བླ་མ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དབྱེར་མི་ཕྱེད་པར་འདུས་ནས། ངོ་བོ་གཅིག་པའི་དུས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དབང་དུས་ཀྱི་བུད་མེད་གཅིག་ལ་བྱིན་པ་དང་། དུས་གཞན་དུ་ཡེ་ཤེས་ཀྱི་མ་མོ་བརྒྱའམ་རྡོ་རྗེ་ཕག་མོ་ལ་ཚོགས་དགུ་བརྒྱས་མཆོད་པ་གཉིས་བསོད་ནམས་འདི་ཆེ་བར། ཕྲ་ཏིག་ལས། མ་མོ་བརྒྱའམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བཏུང་ཅུང་ཟད་བྱིན་པ་ཡི། །བསོད་ནམས་འདི་ནི་མཉམ་པ་ཡིན། །འཇིག་(༥༣)རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །འཁོར་དང་བཅས་པས་འགྲུབ་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རབ་ཏུ་སྤྲོས་མེད་ཆོ་གའི་དོན། །ཤིན་ཏུ་གསལ་བ་དེང་སང་ཕྱེ་བ་ཡིས། །བསོད་ནམས་འོད་དཀར་ཀུ་མུ་ཏས་མཚོན་པ། །དེ་ཡི་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །རབ་དཀར་གངས་རིའི་དྲུང་ན་ཟླ་འོད་ལྟར། །ཆེས་དཀར་སྙིང་པོའི་གསལ་བྱེད་དམ་པ་འདི། །ཕྱི་རབས་དོན་དུ་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན། །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། རབ་ཏུ་སྤྲོས་པ་མེད་པ་ཚིག་དབང་རིན་པོ་ཆེའི་གསལ་བྱེད། འོད་ཀྱི་དྲྭ་བ་ཞེས་བྱ་བ་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ།

༄༅། །ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ་བཞུགས་སོ། །

༄༅། །རབ་ཏུ་སྤྲོས་པ་མེད་པའི་དབང་གི་ཚེ་ལྔ་ཚན་ལྔའི་མཎྜལ་རིམ་པས་འབུལ་ཞིང་མགྲིན་གཅིག་ཏུ། ཨཱ་ཨཱཿཧཱུྃ། ཕྱོགས་བཅུའི་ཞིང་ཁམས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ་དྲི་དང་། སྨན་དང་། སྤོས་དང་། འབྲུ་དང་། མེ་ཏོག་གི་ཚོགས་དཔག་ཏུ་མེད་པ་བཀྲམ་ཞིང་། ནོར་བུ་སྣ་ཚོགས་ཀྱི་རི་དང་། ཤིང་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་བྲེ་དང་། རོལ་མོའི་ཚོགས་དཔག་ཏུ་མེད་པའི་སྤྲིན་ཕུང་གཏིབས་ཤིང་། ལྷ་དང་མིའི་འབྱོར་བ་ཚད་མེད་པའི་མངའ་ཐང་ཆེན་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ་ལོ། །རིན་ཆེན་ས་གཞི་མེ་ཏོག་གིས་བཀྲམ་དྲི་ཞིམ་སྨན་གྱི་སྐྱེད་མོས་ཚལ། །སྤོས་དང་འབྲུ་མང་ནོར་བུའི་ཕུང་པོས་དཔག་ཡས་ནམ་མཁའི་དབྱིངས་བཀང་སྟེ། །ཏིང་འཛིན་རོལ་མོ་ཤིན་ཏུ་མཐའ་ཡས་འཇུག་པའི་སྤྲིན་གྱི་ཚོགས་ཆེན་གྱིས། །ཕྱི་མའི་མུ་མཐར་འགྲོ་སྒྲོལ་སླད་དུ་ཀུན་ནས་དགེ་བའི་སེམས་ཀྱིས་མཆོད། །སྣ་ཚོགས་ནོར་བུ་འབར་བའི་སྤྲིན་ལ་སོགས། །ལྔ་ཚན་ལྔ་ལྡན་མཎྜལ་འདི་འབུལ་བས། །གནས་སྐབས་ལྷ་མའི་འབྱོར་པས་མངོན་མཐོ་ཞིང་། །(༥༤)མཐར་ཐུག་ཀུན་བཟང་ཞིང་ལ་སྤྱོད་པར་ཤོག །སེམས་གཙང་དགེ་བའི་མཆོད་སྤྲིན་དམ་པ་འདིས། །དཔག་ཡས་ཞིང་དུ་མཆོད་པའི་ཆར་འབེབས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །འགྲོ་བའི་བསམ་དགུ་ཡིད་བཞིན་འགྲུབ་པར་ཤོག །ཞིང་རྣམས་རྒྱལ་སྲས་འབྱོར་པས་ཡོངས་བཀང་ཞིང་། །འགྲོ་ཀུན་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད། །ཐར་པའི་གྲོང་དུ་ཕྱམ་ཅིག་ཡོངས་བགྲོད་དེ། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །

མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།

དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ།

དང་པོ། བསྲུང་བྱ་དམ་ཚིག་གི་དབྱེ་བ།

༄༅། །དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ་བཞུགས་སོ། །

༄༅། །གདོད་ནས་རྣམ་དག་འདའ་ཉམས་མེད་པ་ཡི། །ཆོས་ཉིད་དམ་ཚིག་ཡེ་བསྲུངས་ཆེན་པོ་ལ། །གུས་པས་བཏུད་དེ་དམ་ཚིག་རིམ་པ་ནི། །རྣམ་གྲོལ་རྒྱ་མཚོ་བདག་གིས་བྲི་བར་བྱ། །

དེ་ལ་རང་བཞིན་རྫོགས་པ་ཆེན་པོའི་བསྲུངས་མཚམས་ལས་འདས་པའི་དམ་ཚིག་འདའ་ཉམས་མེད་པ་ཡིན་ཡང་། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་ལ་གནས་དགོས་པས། རང་གི་རྒྱུད་དག་པར་བྱ་སྟེ། རྒྱུད་ཆེན་པོ་རྣམས་ལས། རྩ་བའི་དམ་ཚིག་གསུམ་དང་། ཡན་ལག་གི་དམ་ཚིག་ཤེས་པར་བྱ་བ། མི་སྤང་བ་དང་དུ་བླང་བ། སྤྱད་པར་བྱ་བ། བསྒྲུབ་པར་བྱ་བ་རྣམས་ལ་ལྔ་ལྔ་སྟེ་ཉི་ཤུ་རྩ་བརྒྱད་གསུངས་ཀྱང་། ཡན་ལག་གི་དམ་ཚིག་རྣམས་རྩ་བ་བསྲུང་བའི་གྲོགས་ཙམ་དུ་བསྟན་ལ། བླང་དོར་རྩོལ་སྒྲུབ་དང་བཅས་པའི་ཕྱིར། འདིར་རྩ་བར་འདུ་བས་བྱེ་བྲག་སོ་སོར་མ་བཤད་པའི་ཕྱིར་རྩ་བའི་དམ་ཚིག་རབ་ཏུ་དབྱེ་བ་བརྗོད་པར་བྱའོ། །

དེ་ལ་གསུམ་སྟེ། བསྲུང་བྱ་དམ་ཚིག་གི་དབྱེ་བ། ཇི་ལྟར་བསྲུང་བའི་ཐབས། ཐབས་དེས་འགྲུབ་པའི་འབྲས་བུའོ། །

དང་པོ་ནི། དམ་ཚིག་གསུམ་བཀོད་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་(༥༥-༥༦)ཚིག་གསུམ་དུ་བཤད། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལ་ཡང་དགུ་དགུ་སྟེ། །ཉི་ཤུ་བདུན་དུ་རྣམ་པར་དབྱེ། །ཞེས་གསུངས་པས། རྩ་བ་སྐུ་གསུང་ཐུགས་ལས་གྱེས་པའི་དམ་ཚིག་ཉི་ཤུ་རྩ་བདུན་ནི། དང་པོ་སྐུ་ཡི་དམ་ཚིག་ལ་ཕྱི་ནང་གསང་བ་གསུམ་གྱི། ཕྱི་ལའང་གསུམ་དུ་དབྱེ་བའི་ཕྱིའི་ཕྱི་ནི། མ་བྱིན་པ་ལེན་པ། ཕྱིའི་ནང་མི་ཚངས་པར་སྤྱོད་པ། ཕྱིའི་གསང་བ་སྲོག་གཅོད་པ་རྣམས་བསྲུང་བའོ། །སྐུའི་ནང་གི་ཕྱི་ཕ་མ་དང་རྡོ་རྗེ་སྤུན་སྲིང་དང་། རང་གི་ལུས་ལ་སྨོད་པ་དང་། ནང་གི་ནང་ཆོས་དང་གང་ཟག་ལ་སྨོད་པ། ནང་གི་གསང་བ་རང་གི་ལུས་ལ་དཀའ་ཐུབ་དང་རྡེག་བཙོག་ལ་སོགས་བརྙས་ཐབས་བྱེད་པ་རྣམས་བསྲུང་བའོ། །སྐུའི་གསང་བའི་ཕྱི་ནི། རྡོ་རྗེ་སྤུན་སྲིང་གི་ལུས་ལ་བརྡེག་པར་གཟས་པའམ། རྒྱན་ལ་སྨོད་པ། ནང་གི་རྡོ་རྗེ་མཆེད་ལྕམ་ལ་དངོས་སུ་བརྡེག་པ་དང་། བླ་མའི་ཡུམ་ལ་གཙེས་པ། གྲོགས་ཀྱི་ཡུམ་ལ་སྤྱད་པ་ལ་སོགས་པའོ། །གསང་བ་ནི་བླ་མའི་གྲིབ་མ་ལ་འགོང་པ་དང་། སྤྱན་སྔར་མ་གུས་པ་དང་། བག་མེད་པའི་སྤྱོད་པ་རྐང་ལག་བརྐྱང་ནས་འདུག་པ་དང་། བབ་ཅོལ་དུ་སྨྲ་རྒོད་དང་། སྒེག་ཆོས་ཀྱི་མཛེས་སྒེག་རྣམས་མི་བྱའོ། །

གཉིས་པ་གསུང་གི་དམ་ཚིག་ལའང་། ཕྱི་ནང་གསང་བ་གསུམ་ལས། ཕྱིའི་ཕྱི་རྫུན་དུ་སྨྲ་བ། ཕྱིའི་ནང་ཕྲ་མ། (༥༧)ཕྱིའི་གསང་བ་གཞན་གྱི་ཞེ་གཅོད་པ་རྣམས་ལས་སེམས་བསྲུང་བའོ། །ནང་གི་ཕྱི་ཆོས་ཀྱི་ཚིག་སྨྲ་བ། ནང་གི་ནང་དོན་ཡིད་ལ་སེམས་པ། ནང་གི་གསང་བ་གནས་ལུགས་རྣལ་འབྱོར་དུ་བྱེད་པ་རྣམས་ལ་གཤེ་སྐུར་མི་འདེབས་པའོ། །གསུང་གི་གསང་བའི་ཕྱི། རྡོ་རྗེ་སྤུན་སྲིང་གི་ཚིག །ནང་བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག །གསང་བ་བླ་མའི་གསུང་རྣམས་ལ་མི་བརྙས་ཤིང་ཇི་སྐད་གསུངས་པ་མི་བཅག་པར་བསྒྲུབ་པའོ། །

གསུམ་པ་ཐུགས་ཀྱི་དམ་ཚིག་ལའང་ཕྱི་ནང་གསང་བ་གསུམ་ལས། ཕྱིའི་ཕྱི་སྤྱིར་གཞན་གྱི་ནོར་དང་། བྱེ་བྲག་ཏུ་བླ་མའི་དཀོར་ལ་བརྣབ་སེམས་བྱེད་པ། ཕྱིའི་ནང་སྤྱིར་སེམས་ཅན་ཐམས་ཅད། བྱེ་བྲག་ཏུ་རྡོ་རྗེ་མཆེད་ལྕམ་ལ་གནོད་སེམས་འཆང་བ། ཕྱིའི་གསང་བ་སྤྱིར་ཆོས་དང་གང་ཟག་ལ་ལོག་ལྟ་སྐྱེས་པ། བྱེ་བྲག་ཏུ་རང་གི་བླ་མ་དང་། ཆོས་ལ་ལོག་པར་ལྟ་བ་རྣམས་སྤང་བར་བྱའོ། །ཐུགས་ཀྱི་ནང་གི་ཕྱི་སྤྱོད་པ་ལོག་པས་བག་མེད་དང་ཐོ་ཅོ། ནང་གི་ནང་སྒོམ་པ་ལོག་པས་བྱིང་རྒོད་དང་གོལ་སྒྲིབ། ནང་གི་གསང་བ་ལྟ་བ་ལོག་པས་རྟག་ཆད་དང་མཐར་འཛིན་རྣམས་སྤང་བར་བྱའོ། །ཐུགས་ཀྱི་གསང་བའི་ཕྱི། ཉིན་ཞག་གི་ཐུན་ལ་ལྟ་སྒོམ་སྤྱོད་པ་ཡིད་ལ་མི་བསྒོམ་པ། གསང་བའི་ནང་། ཡི་དམ་གྱི་ལྷ་ཡིད་ལ་མི་བསྒོམ་པ། གསང་བའི་གསང་བ། བླ་མའི་རྣལ་འབྱོར་དང་རྡོ་རྗེ་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མི་བསྒོམ་པ་རྣམས་སྤང་ལ། བརྩོན་ཞིང་གུས་པས་ཡིད་ལ་བྱའོ། །དེ་ལྟར་དམ་ཚིག་ཉི་ཤུ་རྩ་བདུན་པོ་རྣམས་ལེགས་པར་བསྲུང་ཞིང་། གཞན་ཡང་གསང་བར་འོས་པ་དང་། གཉེར་གཏད་པ་དང་། གསང་བ་ཁས་བླངས་པ་རྣམས་ཀྱང་མིག་ལྟར་བསྲུང་དགོས་ཏེ། དམ་ཚིག་བཀོད་པ་མཆོག་གི་སྡོམ་པའི་རྒྱུད་ལས། སྤྱིར་ཡང་རྩ་བའི་དམ་ཚིག་ལས། །གསང་བར་འོས་དང་གཉེར་གཏད་དང་། །གསང་བར་ཁས་བླངས་བསྟན་པ་དང་། །སྨྲས་དང་ཡིད་ཀྱིས་ལོག་སྤྱད་ན། །འདི་ཡང་མནར་མེད་རྒྱུར་འགྱུར་རོ། །ཞེས་གསུངས་པས། གསང་བར་འོས་པ་སྔགས་ཀྱི་དམ་རྫས་ཤ་ལྔ། བདུད་རྩི་ལྔ་དང་། རྡོ་རྗེ་དྲིལ་བུ་བྷནྡྷ་ཕུར་པ་ལ་སོགས་པ་དང་། ནང་གི་ལྷའི་དཀྱིལ་འཁོར་གྱི་གཟུགས་བརྙན་རིས་སུ་བྲིས་པ་ལ་སོགས་པ་སྟེ། ཐེག་པ་དམན་པའི་བློར་མི་(༥༨)ཤོང་བའི་ཡོ་བྱད་རྣམས་སྐལ་མེད་ལ་བསྟན་ན་སྒྲོ་སྐུར་འདེབས་པས་སྦ་བར་བྱའོ། །གཉེར་དུ་གཏད་པ་ནི། འདི་སྤོངས་ཤིག །འདི་སྒྲུབས་ཤིག་ལ་སོགས་པ་བླ་མས་བཀའ་སྩལ་བའི་སྤང་བླང་གི་རིམ་པ། རྩ་བའི་དམ་ཚིག་ནས་བྱ་བ་ཕྲན་ཚེགས་ཀྱི་བར་ཐམས་ཅད་ཇི་ལྟར་ཁས་བླངས་པ་བཞིན་བྱའོ། །གསང་བར་ཁས་བླང་བ་ནི། བླ་མ་དང་མཆེད་ལྕམ་གྱི་ནོར་འཁྲུལ་གྲགས་སུ་མི་རུང་བ་བྱུང་བའམ། སྒྲུབ་རྟེན་གྱི་ལས་རྒྱ་ལ་སོགས་པ་གཞན་གྱི་སྒྲོ་སྐུར་གྱི་རྒྱུར་འགྱུར་བ་རྣམས་གསང་ཞིང་རང་གིས་ཀྱང་དེ་ལ་བརྙས་ཐབས་དང་ལོག་ལྟ་མི་བྱ་བར་དག་སྣང་དང་མོས་གུས་བྱའོ། །རྡོ་རྗེ་ཐེག་པའི་ལུགས་ཀྱི་བླ་མ་ནི། དཀྱིལ་འཁོར་གྱི་དབང་ཕྱུག་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། དེ་ལ་བཀུར་སྟི་དང་སྲི་ཞུ་ཐམས་ཅད་ཀྱིས་མཆོད་ཅིང་། སངས་རྒྱས་ལས་དྲིན་ཆེ་བའི་མོས་གུས་རྒྱུན་མི་འཆད་པར་བྱའོ། །དེ་ལྟར་བྱས་ན་ཚེ་འདི་ཉིད་ལ་དངོས་གྲུབ་ཆེན་པོ་འབྱུང་བར་ངེས་པ་ཡིན་ནོ། །དེའི་དུས་སུ་བདུད་སྡིག་ཅན་རྣམས་མི་དགའ་བས་རང་དང་བླ་མའི་བར་དུ་དམ་ཚིག་གི་སེལ་དུ་འགྱུར་བ་སྣ་ཚོགས་ལ་བརྩོན་པར་བྱེད་དེ། རེས་འགའ་བླ་མའི་མཛད་སྤྱོད་ཆོ་རོལ་ཟང་ཐལ་གྱིས་ཐུགས་ཀྱི་རྩལ་སྦྱངས་ཤིང་། གཞན་གྱི་དད་པ་བརྟག་པ་ལ་སོགས་པ་ལ་མ་དད་པའི་སེམས་སུ་བསྒྱུར་བ་དང་། རེས་འགའ་གཞན་གྱིས་སྨད་དུས་བླ་མ་ལ་སྐྱོན་དང་ལོག་པར་ལྟ་བ་དང་། རེས་འགའ་དོན་མེད་པར་ཉེ་རིང་དང་ཕྱོགས་ཆར་བཟུང་ནས་བདག་ལ་སྡང་། གཞན་ལ་བྱམས་སེམས་མི་མཉམ་པ་ལ་སོགས་པ་འབྱུང་ཞིང་རྡོ་རྗེའི་མཆེད་ལྕམ་ལ་ཆགས་སྡང་དང་སྒྲོ་སྐུར་གྱི་སེམས་ཀྱིས་ཁོང་ཁྲོ་བར་འཆར་རོ། །དེའི་དུས་སུ་བླ་མ་དང་མཆེད་ལྕམ་གྱི་ཡོན་ཏན་དྲན་ཞིང་སྣང་བ་དེ་ཉིད་རང་གི་བློ་ལ་བདུད་ཀྱི་བྱིན་གྱིས་བརླབས་པར་ཤེས་ན་དམ་ཚིག་རྣམ་པར་དག་པར་འགྱུར་རོ། །ཇི་སྐད་དུ། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། སྔགས་འཆང་རྣལ་འབྱོར་བརྩོན་པ་ན། །བདུད་རྣམས་མོས་པ་བསྒྱུར་བ་ཡིས། །དམ་ཚིག་ཉེས་པ་རྣམ་པར་བརྩམ། །དེ་བས་རབ་ཏུ་ཤེས་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང་། །དཀྲུགས་པར་བྱ་བ་མ་ཡིན་ནོ། །དེ་བཞིན་རྡོ་རྗེ་སྤུན་སྲིང་ལ། །སྨོད་ཅིང་རྩུབ་པའི་འདུ་ཤེས་སྤོངས། །ཞེས་སོ། །

གཉིས་པ། ཇི་ལྟར་བསྲུང་བའི་ཐབས།

དོན་(༥༩)གཉིས་པ་ཇི་ལྟར་བསྲུང་བའི་ཐབས་ལ་བཞི་སྟེ། ཇི་ལྟར་བསྲུང་བའི་ཚུལ། བསྲུངས་པའི་ཕན་ཡོན། མ་བསྲུངས་པའི་ཉེས་དམིགས། ཉམས་ན་གསོ་ཐབས་སོ། །

དང་པོ་ནི་དྲན་པ་ཤེས་བཞིན་བག་ཡོད་གསུམ་གྱིས་བསྲུང་སྟེ། དམ་ཚིག་གི་སྤང་བྱ་མངོན་དུ་གྱུར་དུས་གཉེན་པོ་དྲན་པ་དང་། ཉམས་པའི་ཉེས་པ་དང་། བསྲུང་བའི་ཕན་ཡོན་ཤེས་བཞིན་དང་། སྒོ་གསུམ་བག་ཡོད་དང་ལྡན་པས་བག་མ་ཁྱོ་ཁྱིམ་དུ་ཞུགས་པ་ལྟར། དུས་རྟག་ཏུ་བཅའ་ཁྲིམས་ཀྱིས་མི་དགེ་བའི་ཕྱོགས་ལས་སེམས་བསྲུང་དགོས་ཏེ། དེ་ཉིད་ལས། དེས་ན་སྔགས་པས་འབད་པར་ཡང་། །ཤེས་བཞིན་གྱིས་ནི་ཟིན་པར་བྱ། །ཞེས་སོ། །

གཉིས་པ་ནི་ཚེ་འདིར་ཡིད་ལ་བསམ་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མར་སངས་རྒྱས་ཐོབ་པ་སྟེ། དེ་ཉིད་ལས། དམ་ཚིག་མཆོག་དང་ལྡན་གྱུར་ན། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །མཁའ་འགྲོས་སྟོང་གྲོགས་བྱེད་པ་དང་། །གྲུབ་པ་བརྒྱད་རྣམས་དབང་བསྒྱུར་ཞིང་། །ཐར་པའི་བདག་པོ་མཆོག་ལ་རེག །ཅེས་སོ། །

གསུམ་པ་ནི། འཁོར་ལོ་རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམ་ཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་བྲལ། །འདི་ལྟར་ཁམས་གསུམ་སེམས་ཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པ་ནི་སྡིག་མཐའ་ཡས། །དེ་བཞིན་གསུང་གི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་པས་འདི་མཐའ་ཡས། །གལ་ཏེ་ཐུགས་ཉམས་གྱུར་པ་ན། །ཁམས་གསུམ་གང་བའི་བསམ་གཏན་པའི། །དོན་ལ་གནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུགས་སེམས་སུན་ཕྱུང་། །སྡིག་པ་འདི་ནི་ཕ་མཐའ་ཡས། །ཞེས་པ་དང་། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །

བཞི་པ་ནི། དུག་ནད་ཅན་དུག་སོས་པ་བཞིན་དུ་སྔོན་བྱས་འགྱོད། ཕྱིན་ཆད་མི་བྱེད། ད་ལྟ་སྡོམ་བློ་དང་ལྡན་པས་བླ་མ་དང་རྡོ་རྗེ་སྤུན་སྲིང་གི་ཉེས་པ་ནི། དེ་དག་ཡོད་ན་མདུན་དུ་ཚོགས་དང་ཡོ་བྱད་ཀྱིས་མཉེས་པར་བྱས་ལ་(༦༠)བཤགས། མེད་ན་སྐུ་གཟུགས་ལ་སོགས་པའི་མདུན་དུ་བཤགས་ཤིང་ཡི་གེ་བརྒྱ་པ་བཟླས་པ་དང་། སྐོང་བཤགས་བྱ་བ་དང་། ཚོགས་བརྒྱ་རྩ་བརྒྱད་ལ་སོགས་པས་སོར་ཆུད་པའི་རྟགས་མ་ཕྱུང་གི་བར་བཤགས་སོ། །རྟགས་ནི་རྨི་ལམ་དུ་བླ་མ་དང་མཁའ་འགྲོས་ལེགས་སོ་བྱིན་པ་དང་། སྡིག་པ་དག་པའི་རྟགས་རྨི་ལམ་དུ་གོས་དཀར་པོ་གྱོན་པ་དང་། ཉི་ཟླ་ཤར་བ་དང་། མེ་ཏོག་གི་ཚལ་ན་འདུག་པ་ལ་སོགས་པའོ། །དེ་ཡང་ཞག་གིས་བར་མ་ཆོད་པའི་ཉེས་པ་ནི་དམ་ལས་འགལ་བ་སྟེ། དེ་མ་ཐག་ཏུ་བཤགས་པས་འདག་གོ། །ཟླ་བས་བར་མ་ཆོད་པ་ནི་ཉམས་པ་སྟེ། སྐོང་བཤགས་ལ་སོགས་པས་ལན་བདུན་གྱི་བར་དུ་བཤགས་པས་འདག་གོ། །ལོས་མ་ཆོད་པ་ནི་འདས་པ་སྟེ། ཚོགས་དང་བུ་དང་བདོག་པ་ཐམས་ཅད་ཀྱིས་བསྐངས་ན་སོས་སོ། །ལོ་གསུམ་ཚུན་ཆད་ནི་རལ་པ་སྟེ། སྲོག་གིས་བསྐངས་ན་སོས་སོ། །དེ་ཕན་ཆད་གསོར་མི་རུང་སྟེ། རྡོ་རྗེ་ཉི་མ་ལས། སྤྱིར་ནི་དམ་ཚིག་ཁྱད་པར་ལས། །དུས་ལས་ཁྱད་པར་ངེས་ཕྱེ་བ། དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པ་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོས། །དམ་ལས་འདས་ན་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོས། །ལོ་ནི་གཉིས་དང་གསུམ་དག་ལ། །དམ་ཚིག་རལ་པ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །ནམ་ཡང་གསོ་བར་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལས། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་པ་རང་གི་སྲོག་གིས་བསྐང་། །ཞེས་སོ། །དེ་ཡང་དམ་ཚིག་གི་ཉེས་པ་རྨི་ལམ་དུ་བྱུང་ཡང་སད་མ་ཐག་མ་བཤགས་ན་ངན་སོང་དུ་སྐྱེ་ན། དངོས་སུ་བྱུང་བ་ལྟ་སྨོས་ཀྱང་ཅི་དགོས་པས་གསོ་བའི་ཐབས་ལ་བརྩོན་དགོས་ཏེ། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །དེ་བཞིན་རྡོ་རྗེ་སྤུན་སྲིང་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང་། །བརྡའམ་དངོས་པོར་(༦༡)བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཡིད་ཀྱིས་བྱས་པ་དག །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེའང་སྐུའི་ཉམས་ན་རང་གི་ལུས་ཀྱི་ཆོས་སྤྱོད་ཕྱག་དང་བསྐོར་བ་མཆོད་བསྟོད་ལ་སོགས་པས་བཤགས་སོ། །གསུང་གི་ཉམས་ན་སྔགས་དང་ཁ་ཏོན་གཞན་གྱི་ཡོན་ཏན་བརྗོད་པ་གསུང་རབ་ཀློག་པ་ལ་སོགས་པ་བྱའོ། །ཐུགས་ཀྱི་ཉམས་ན་སྒོམ་སྒྲུབ་ལྟ་བ་ཏིང་ངེ་འཛིན་མོས་གུས་དག་སྣང་བྱ་བ་ལ་སོགས་པས་བཤགས་སོ། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དམ་ཚིག་སྐྱོན་མེད་པ་ཡིན་ལ། མ་མོ་མཁའ་འགྲོ་འདུ་བ་ཡང་དམ་ཚིག་གཙང་བ་ལས་འབྱུང་གི་ཉམས་ན་དེ་ཡི་གྲིབ་ཀྱིས་མི་འདུ་ཞིང་། གང་ཡང་མི་འགྲུབ་པས་དམ་ཚིག་སྐྱོན་མེད་ཁོ་ན་ལ་འབད་པར་བྱ་བ་ནི་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །

གསུམ་པ། ཐབས་དེས་འགྲུབ་པའི་འབྲས་བུ།

དོན་གསུམ་པ་ཐབས་དེས་འགྲུབ་པའི་འབྲས་བུ་ལ་གཉིས་ལས། ཐུན་མོང་གི་དངོས་གྲུབ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་སྟེ། ནད་གདོན་སྡིག་སྒྲིབ་ལ་སོགས་པ་ཞི་བ་དང་། ཚེ་དང་དཔལ་འབྱོར་འཁོར་འདབ་རྒྱས་པ་ལ་སོགས་པ་དང་། མི་ནོར་མཁའ་འགྲོ་འདུ་བ་ལ་སོགས་པ་དང་། དགྲ་བགེགས་བསད་རེངས་འགྲུབ་པ་ལ་སོགས་པ་ཡིད་ལ་བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་ཅིང་། ཉམས་དང་རྟོགས་པ་གོང་འཕེལ་དུ་འཆར་ཏེ། སྔ་མ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་སོ། །མཆོག་གི་དངོས་གྲུབ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། རྩ་བ་གསུམ་ལས་ངེས་དབྱེ་བ། །དགུ་ཡིས་རྣམ་པར་ཕྱེ་བ་ལས། །ཉི་ཤུ་བདུན་གྱིས་དབྱེ་བ་ཡིས། །སྔགས་ལས་ཁྱད་པར་ནང་པ་ཡི། །དམ་ཚིག་རྣམ་པར་བསྡུས་ཏེ་ཕྱེ། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་སོ། །དེ་དག་ཀྱང་བསྡུ་ན། སེམས་ལ་དགེ་བ་ཆ་དང་བཅས་པ་བསྒྲུབ་ཅིང་། མི་དགེ་བ་ཆ་དང་བཅས་པ་སྡོམ་པས་སྐྱོན་མེད་པར་བྱེད་པ་(༦༢)སྟེ། དམ་ཚིག་མཆོག་གི་རྒྱུད་ལས། སྤྱིར་ན་དམ་ཚིག་ཞེས་བྱ་བ། །རང་སེམས་ཚིག་པ་མེད་པ་ལ། །གཡོ་སྒྱུ་རྣམས་དང་བྲལ་བའོ། །ཞེས་སོ། །

དེ་ཡི་འབྲས་བུ་ཡང་དངོས་གྲུབ་ཐོབ་པ་སྟེ། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོངས་པ་དང་། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབས་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། །རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་བསྙེན་བཀུར་བྱས་པའི་མིས། །ལོངས་སྤྱོད་མཆོག་དང་ལྡན་པ་དང་། །འཁོར་འདབ་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །རྟག་ཏུ་དབང་རྫོགས་བྱས་པའི་མི། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱིས་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་དུ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་རློབ་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་ལ། །བསོད་ནམས་ཚོགས་རྣམས་རྫོགས་པ་དང་། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོར་བར་འགྱུར། །ཞེས་སོ། །དགེ་བ་འདི་ཡིས་འགྲོ་བ་ཀུན། །རྡོ་རྗེ་ཐེག་ལ་རབ་ཞུགས་ཏེ། །དམ་ཚིག་སྡོམ་པ་རྣམ་དག་ཅིང་། །བྱང་ཆུབ་དམ་པ་ཐོབ་པར་ཤོག །གསང་བ་སྙིང་ཐིག་གི་མན་ངག་མཆོག་ཏུ་(༦༣)གསང་བ་ལས། དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།