cover

ཀློང་ཆེན་པའི་གསུང་འབུམ། ཛ༽

གླེགས་བམ་བཅུ་དགུ་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚོགས་མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ།

༄༅། །ཚོགས་མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ་བཞུགས་སོ། །

༄༅། །ཚོགས་གཉིས་རྒྱ་མཚོའི་གླིང་ལས་རབ་འཁྲུངས་ཤིང་། །སྐུ་གསུམ་ཡིད་བཞིན་རིན་ཆེན་དཔལ་འབར་བ། །རྣམ་བཞིའི་ཕྲིན་ལས་རང་བཞིན་ལྷུན་གྱིས་གྲུབ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གང་འདིར་རྒྱུད་དོན་ཉི་མའི་སྙིང་པོ་ལས། །ཚོགས་ཀྱི་དགའ་བ་བླ་ན་མེད་གསུངས་པས། །དེ་ཡི་ལག་ལེན་ཆོ་གའི་རིམ་པ་ནི། །མདོར་བསྡུས་ཙམ་ཞིག་བདག་གིས་བསྟན་པར་བྱ། །

དེ་ཡང་དབང་དང་གདམས་པ་ལ་སོགས་པའི་ཚེ་ཚོགས་ཀྱི་མཆོད་པ་ཇི་ལྟར་བྱ་བའི་རིམ་པ་ལ་གསུམ་སྟེ། ཚོགས་མཆོད་བཤམས་པ་དང་། ཆོ་གའི་རིམ་པ། ཕན་ཡོན་བསྟན་པའོ། །

དང་པོ་ནི། གནས་དེར་བྲིས་སྐུ་ལ་སོགས་པ་དམིགས་པའི་རྟེན་ཡོད་དམ། མེད་ཀྱང་རུང་སྟེ། རང་ཉིད་ལྷར་གསལ་བའི་ཕྱིར་རོ། །ཡོད་པ་ལྟར་ན་དེའི་མདུན་དུ་བཤམས་ནས། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་གཞུག་པ་དང་། དེ་ལ་མཆོད་པ་ལ་སོགས་པ་བྱ་ཞིང་། མེད་ན་རང་གི་མདུན་ནམ་གཡས་ཕྱོགས་སུ། ཕྱིའི་མཆོད་པ་ལྔ་དང་ནང་གི་མཆོད་པ་སྨན་རག་དང་བདུད་རྩིས་བཀང་བའི་ཀ་པཱ་ལ་དང་། བཟའ་བ་དང་། བཏུང་བའི་བྱེ་བྲག་ཤ་ཆང་ལ་སོགས་པ་བཤམས་ལ། སུམ་བྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཨཱ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་ཙམ་སྔོན་དུ་སྐད་ཅིག་གིས་བྱའོ། །

གཉིས་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་ཐམས་ཅད་ཚོགས་ཏེ་གྲལ་ལ་འཁོད་པ་ལ་ལས་ཀྱི་སློབ་མས་ཕྱག་འཚལ་ཏེ། ཧོ། རྣལ་འབྱོར་གྱི་དབང་ཕྱུག་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་དགོངས་སུ་གསོལ་ལོ། །སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ཟབ་མོས་གསལ་བཏབ་སྟེ། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལ་གནས་པར་ཞུ་འཚལ། ཞེས་བརྗོད་ནས་མེ་ཏོག་གཏོར་རོ། །དེ་ནས་བགེགས་གཏོར་བྱིན་ནས། སྐད་ཅིག་གིས་རྡོ་རྗེ་སེམས་(༦༤)དཔའ་བསྒོམས་ལ་ཡི་གེ་བརྒྱ་པ་བཟླའོ། །

གཉིས་པ་དངོས་གཞི་ལ་ལྔ་སྟེ། བདག་བསྐྱེད་པ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཉམས་ཆག་བསྐང་བ། ཚོགས་ལ་རོལ་པའོ། །

དང་པོ་ནི། བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བྱས་རྗེས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད་དོ། །ཆོས་ཉིད་ཡེ་ནས་སངས་རྒྱས་པ་ཡིན་ཡང་རྣམ་པར་རྟོག་པས་འཁྲུལ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་སེམས་བསྐྱེད་ལ། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའ་མི་དམིགས་པ་ཡང་དམིགས་སུ་མེད། །ཨཱ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་གྱི་རྫོགས་པ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་བསམ་མོ། །སྟོང་པའི་ངང་ལས་ཧཱུྃ་བཅུ་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དུ་འབར་བའི་ཀློང་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲ་བ་གུར་བླ་རེ་མཚོན་ཆའི་འཁོར་ལོ་དང་བཅས་པའི་དབུས་སུ། རང་ཉིད་དཔལ་ཆེན་པོར་ཝལ་གྱིས་བསྐྱེད་ལ་བགེགས་ལ་བཀའ་བསྒོ་བ་ནི། ཨེ་མ་ང་ནི་རང་བྱུང་བ། །ཁྲོ་རྒྱལ་དཔལ་ཆེན་ཉིད་ཀྱི་སྐུ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདི་རུ་མ་འདུག་གཞན་དུ་སོང་། །ཅི་སྟེ་འགྲོ་བར་མི་བྱེད་ན། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་ནི་དུམ་བུར་སྟོང་དུ་གཏུབས། །ཨཱ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་རྒྱ་མཚོའི་མཐར་ཕྱིའི་བགེགས་བསྐྲད་པའི་རྗེས་ལ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཡེ་ནས་སེམས་ཉིད་དག་ཅེ་ན། །བགེགས་ཞེས་བྱ་བ་གཞན་ན་མེད། །བཛྲ་ཨཱཏྨ་ཀོ྅ཧཾ་གིས་ནང་གི་བགེགས་དབྱིངས་སུ་དག་ནས། ཧཱུྃ་སྟེང་འོག་ཕྱོགས་མཚམས་ཡེ་ཤེས་མེ་དཔུང་འབར། །རྡོ་རྗེའི་རྭ་བ་དྲ་བ་གུར་དང་ནི། །བླ་བྲེ་མཚོན་ཆའི་འཁོར་ལོས་ནམ་མཁའ་ཁྱབ། །ཁྲོ་བོ་ཁྲོ་མོ་དཔལ་ཆེན་རྔམས་པའི་ཚོགས། །སྤྲིན་ཕུང་འཁྲིགས་ཤིང་ཧཱུྃ་སྒྲ་དི་རི་རི། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ནས། སྤྲོས་པ་ལ་དགའ་ན་ཏིང་ངེ་འཛིན་གསུམ་དང་ཞི་ཁྲོའི་དཀྱིལ་འཁོར་རྒྱས་པར་བསྒོམས་ལ། མི་དགའ་ན་དཀྱིལ་(༦༥)འཁོར་གྱི་མངའ་བདག་བསྒོམ་པར་བྱའོ། །དེའང་སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་དབུས་སུ་རང་ཉིད་གཞིའི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་ཞལ་གཅིག་ཕྱག་གཉིས་མཉམ་པར་སྦྱོར་བའི། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་ཕྱག་མཉམ་གཞག་ཏུ་མཛད་པའི་སྐུ་ལས་འོད་ཟེར་ཁ་དོག་ལྔའི་སྣང་བ་མཆེད་པས། ནམ་མཁའི་དབྱིངས་ཁྱབ་པའི་ནང་ན། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བློས་འཁྱུད་ཚད་བསམ་ལ། ཧཱུྃ་གདོད་ནས་སྙིང་པོ་བྱང་ཆུབ་ངང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །བདག་དང་དབྱེར་མེད་བརྟན་པར་བཞུགས། །ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པ་ཙམ་གྱིས་དབྱིངས་ནས། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐད་ཅིག་གིས་བྱོན་ནས། བདག་དང་ནམ་མཁའི་དབྱིངས་སུ་བརྟན་པར་བཞུགས་པར་བསམས་ལ། ཨཱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཅི་འགྲུབ་ཏུ་བཟླས་ཤིང་། རྟེན་ཡོད་ནའང་གསལ་གདབ་པར་བྱའོ། །

གཉིས་པ་མཆོད་པ་འབུལ་བ་ལ་ལྔ་ལས། དང་པོ་ཕྱིའི་མཆོད་པ་ནི། ཨཱ་རིན་ཆེན་མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་སྤྲིན་ཕུང་རྒྱ་ཆེ་བས། །ནམ་མཁའི་དབྱིངས་ཀུན་ཁྱབ་པར་བློས་སྤྲུལ་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨཱ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱ་ཧཱུྃ། ཞེས་ཕྱག་རྒྱ་དང་བཅས་ཏེ་བདག་དང་རྟེན་གྱི་ལྷ་གཉིས་ཀ་ལ་མཆོད་དོ། །

གཉིས་པ་ནང་གི་མཆོད་པ་ནི། སྨན་རག་བདུད་རྩིས་བཀང་བའི་ཀ་པཱ་ལ་ནས་མཐེབ་སྲིན་གྱིས་མཐོར་ཞིང་། རིགས་ལྔ་སྐུ་ལྔ་ཡེ་ཤེས་བསྒྲུབ་པའི་རྫས། །ཛ་གད་སྨན་སྦྱར་རཀྟ་ཨ་མྲ྇་ཏ། །སྐུ་གསུང་ཐུགས་ལ་གུས་པས་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སརྦ་པཉྩ་ཨ་མྲ྇་ཏ་ཧཱུྃ་ཧྲཱི་ཐ། ཞེས་བརྗོད་དོ། །

གསུམ་པ་གསང་བའི་མཆོད་པ་ནི། རྡོ་རྗེ་ཐལ་མོ་མཉམ་པར་སྦྱོར་བ་བསྐྱོད་ཅིང་ཡིད་ཀྱིས་ཕྱག་རྒྱ་དང་སྦྱོར་བའི་བདེ་བ་ལ་དམིགས་ཏེ། ཨཱཿཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་ངང་། །བདེ་ཆེན་ཡེ་ཤེས་ཡུམ་གྱི་བྷ་གའི་ཀློང་། །བྱང་ཆུབ་སྙིང་པོ་དགྱེས་མཉམ་མཆོད་པ་ཡིས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཨ་ནུ་རཱ་ག་པཉྩ་ཧྲཱི་ཐ། ཞེས་བརྗོད་དོ། །

བཞི་པ་བླ་ན་མེད་པའི་མཆོད་པ་ནི། སེམས་ཉིད་ཀྱི་དོན་གསལ་བཏབ་ལ། ཧཱུྃ་ཆོས་རྣམས་རྣམ་དག་སེམས་ཉིད་ངང་དུ་གཅིག །སེམས་ཀྱི་རང་བཞིན་ཡེ་ནས་རྫོགས་པ་ཆེ། །མ་སྐྱེས་བརྗོད་འདས་ནམ་མཁའ་ཡངས་པའི་ངང་། །མི་དམིགས་ཆོས་(༦༦)སྐུའི་དབྱིངས་སུ་ཨ་ལ་ལ། །ཞེས་བརྗོད་དོ། །

ལྔ་པ་གཏོར་མའི་མཆོད་པ་ནི། རཾ་ཡཾ་ཁཾཿ གསུམ་གྱིས་མ་དག་པ་དང་འབགས་བཙོག་ཐམས་ཅད་སྲེག་སྦྱངས་གཏོར་ནས་ཨཱ་ཨཱཿཧཱུྃ་གསུམ་གྱིས་ཁ་དོག་དང་རོ་བཅུད་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་བསམས་ཏེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཐམས་ཅད་ལ་སོ་སོའི་སྔགས་ཀྱིས་འབུལ་བའམ། ཨཱ་ཨཱ་ཧཱུྃ། ཕྱོགས་བཅུ་དུས་བཞིའི་དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་སྡེ་ལྔ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཞལ་དུ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནད་དང་གདོན་དང་བར་དུ་གཅོད་པ་ཐམས་ཅད་ཞི་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་བསྩལ་དུ་གསོལ། ཅེས་བརྗོད་པར་བྱའོ། །

གསུམ་པ་བསྟོད་པ་ནི། ཧཱུྃཿ ཆོས་དབྱིངས་ངང་ལས་སྒྱུ་མའི་སྐུར་བཞེངས་པ། །དུས་གསུམ་བླ་མ་འགྲོ་མགོན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་ཡེ་ཤེས་མཁའ་འགྲོ་དང་། །བཀའ་བཞིན་རྗེས་སུ་བསྒྲུབ་པའི་ལས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པ་ལ་སོགས་པ་བྱའོ། །

བཞི་པ་སྐོང་བཤགས་བྱ་བ་ནི། ཉམས་ཆག་དྲན་པ་རྣམས་ལ་གནོང་འགྱོད་དང་བཅས་པས་ཐལ་མོ་སྦྱར་ཏེ། བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ལས་འགལ་ཞིང་ཉམས་པར་གྱུར་ཏོ་འཚལ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་གཤགས། །ཐོག་མེད་བག་ཆགས་འཁྲུལ་པའི་དབང་གྱུར་པས། །ཚོར་དང་མ་ཚོར་ཉམས་ཆག་ཅི་མཆིས་པ། །ཐུགས་རྗེ་ཆེན་པོའི་སྤྱན་སྔར་བཤགས་པར་བགྱི། །ཚངས་པ་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ། །བསྙེན་སྒྲུབ་མ་ཚང་ཕུད་དང་གཙང་སྦྲ་ཉམས། །དུས་སུ་མ་མཆོད་ལེ་ལོ་བསོག་འཇོག་བགྱིས། །ལྟ་བ་མ་རྟོགས་སྒོམ་པ་མ་གསལ་ཞིང་། །སྤྱོད་པ་བག་མེད་བགྱིས་པ་མཐོལ་ལོ་བཤགས། །བླ་མ་མཆེད་ལྕམ་རྡོ་རྗེ་སྤུན་ལ་སྨད། །སྡིག་དང་ཉོན་མོངས་རང་གར་གྱུར་ཏོ་འཚལ། །འཕྲལ་དང་ཡུན་གྱི་སྒྲིབ་པ་ཅི་མཆིས་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཚངས་པ་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཧོ་རང་བཞིན་ངང་ལ་ཉེས་པའི་སྐྱོན་མེད་པས། །བཤགས་དང་བཤགས་པར་བྱ་བ་ཅུང་ཟད་མེད། །ཀུན་རྫོབ་(༦༧)སྒྱུ་མ་ཙམ་དུ་བཤགས་ན་ཡང་། །གཉིས་མེད་སེམས་ཀྱི་ངང་དུ་དག་གྱུར་ཅིག །གཉིས་སུ་བཟུང་བ་རང་བཞིན་ཉམས་པའི་རྒྱུ། །གཉིས་མེད་དབྱིངས་སུ་ཡེ་ནས་ལྷུན་གྲུབ་པས། །ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་། །མ་སྐྱེས་རྣམ་པར་དག་པའི་ཆོས་ཉིད་དོ། །ཞེས་བརྗོད་དོ། །

དེ་ལྟར་དག་ནས་སོར་ཆུད་དུས་སྡོམ་པ་གཟུང་བ་ནི། ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་དང་། །རིགས་ལྔ་བདེ་བར་གཤེགས་པ་ནི། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །བླ་མ་ལ་ཡང་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་ལེགས་བཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་གཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ཞིང་། །རྡོ་རྗེ་སློབ་དཔོན་མི་སྤང་ངོ་། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང་། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཐེག་པ་དམན་ལ་མི་བརྙས་ཤིང་། །སྔགས་འཆང་སྤང་བར་མི་བྱའོ། །བསྙེན་སྒྲུབ་ལས་ཀྱི་མཐའ་གཟུང་ཞིང་། །དཀྱིལ་འཁོར་འཁོར་ལོ་བསྒོམ་པར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང་། །འཁྲུལ་བའི་བྱ་བ་མི་བགྱིད་དོ། །རང་གི་སེམས་ནི་ཡོངས་འདུལ་ཞིང་། །ཕྱོགས་མཐར་གཏུགས་པའི་སེམས་ཅན་གྱི། །དོན་ནི་བླ་མེད་བདག་གིས་བསྒྲུབ། །མ་གྲོལ་པ་རྣམས་དགྲོལ་བ་དང་། །མ་བསྒྲལ་པ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་བརྗོད་དོ། །

ལྔ་པ་ཚོགས་ལ་རོལ་པ་ནི། དེ་ནས་ཚོགས་ཀྱི་ཡོ་བྱད་སྔར་མ་བཤམས་ན་འདིར་བཤམས་ལ། ལས་ཀྱི་སློབ་མས་ཕྱག་འཚལ་ཏེ། ཧོ་དགོངས་སུ་གསོལ། སྣང་སྲིད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །འདོད་ཡོན་རྒྱན་གྱི་མཆོད་པ་རོལ་པའི་ཕྱིར། །ཚོགས་ཀྱི་ཡོ་བྱད་བྱིན་གྱིས་རློབ་པར་ཞུ་འཚལ། ཞེས་བརྗོད་དོ། །དེ་ནས་བླ་མས་ནང་མཆོད་ནས་བདུད་རྩི་བླངས་ལ་མཐེབ་སྲིན་གྱིས་འཐོར་ཞིང་། རཾ་ཡཾ་ཁཾ་གིས་མ་དག་པ་སྲེག་སྦྱངས་གཏོར་ནས། ཨ་ལས་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་(༦༨)ནང་དམར་བའི་དབུས་སུ། ཡོ་བྱད་རྣམས་ཨཱ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པའི་ཁ་ཆོད་ཟླ་བ་དང་ཉི་མའི་དབུས་སུ་རྡོ་རྗེ་མཐིང་ག་རྩེ་ལྔ་པའི་ལྟེ་བར་ཡི་གེ་གསུམ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཁེངས་ནས། ནམ་མཁའི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པར་འཕེལ་བར་བསམ་ལ། ཚོགས་ཕུད་སྣོད་གཅིག་ཏུ་བཅད་དེ་དཀྱིལ་འཁོར་གྱི་མདུན་དུ་འབུལ་ཞིང་། ཡང་བཅད་ནས་གཏོར་མར་ཕུལ་ལ། ཕྱོགས་བཅུ་དུས་བཞིའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡ་ཡིས་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ་ཐམས་ཅད་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་སྡེ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་མགྲོན་ཐམས་ཅད་ཀྱི་ཞལ་དུ། གྷ་ན་ཙཀྲ་ཁཱ་ཧི། ཞེས་པས་འབུལ་ལོ། །རྒྱས་པར་འབུལ་ན་རྩ་བའི་བླ་མ་ནས་རིམ་པ་ལྟར་བརྗོད་ཅིང་སོ་སོའི་མཚན་དང་སྔགས་བརྗོད་ནས་དབུལ་ལོ། །

དེ་ནས་ལས་ཀྱི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རྣམ་ལྔ་འདོད་ཡོན་བསྐོར་བའི་ཕྱག་རྒྱ་བྱ་ཞིང་། བླ་མ་ལ། དཔའ་བོ་ཆེན་པོ་དགོངས་སུ་གསོལ༌། །ཞེས་པ་སྔོན་དུ་བཏང་ཞིང་གཞན་ལ་དེ་མི་བརྗོད་པར། འདི་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ། ལེན་པ་པོས་ཀྱང་ཕྱག་རྒྱ་དེ་ཉིད་ཀྱིས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤང་། །གཟུང་འཛིན་རྣམ་པར་བྲལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། ཞེས་པས་བླངས་ཏེ། ལག་སོར་གཡས་དཔའ་བོ་ལྔ། གཡོན་དཔའ་མོ་ལྔར་བསམས་ལ། ཕུད་ཀྱིས་བླ་མ་ཡི་དམ་མཆོད་ནས། ལུས་ཀྱི་ནང་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་རྒྱས་པའམ། སྤྱི་བོར་བླ་མ། མགྲིན་པར་ཡི་དམ། སྙིང་གར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་བསམས་པ་ལ་མཆོད་པའི་ཚུལ་གྱིས་ཟས་ལ་ཚིམ་པར་རོལ་ལོ། །དེའི་དུས་སུ་ཟས་ལ་སྨོད་པ་དང་ཤགས་དང་། ཀུ་ཅོ་དང་། རྩོད་པ་ལ་སོགས་པ་ཆོས་དང་མི་མཐུན་པའི་རྣམ་པ་ཐམས་ཅད་སྤངས་ལ། ཕྱི་སྣང་བ་ཐམས་ཅད་དག་པའི་ཞིང་། ནང་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ལྷ་རང་ལུས་དཀྱིལ་འཁོར་གྱི་ངོ་བོར་ཤེས་པས་(༦༩)འདོད་ཡོན་ལ་ལོངས་སྤྱོད་དོ། །

དོན་གསུམ་པ་རྗེས་ནི། ལོ་རྒྱུས་ཀྱིས་བརྡ་སྦྱར་བའི་འོག་ཏུ་ལས་ཀྱི་སློབ་མས་ཕྱག་འཚལ་ཏེ། ཧོ་དགོངས་སུ་གསོལ། མངའ་དབང་རྫོགས་པའི་དཀྱིལ་འཁོར་དུ་ཀུན་ཏུ་བཟང་པོའི་ཚོགས་མཆོད་རྒྱ་མཚོས་ཉེ་བར་མཆོད་ཟིན་པ་ལས། སླར་ཡང་དགོངས་སྤྱོད་རྒྱ་མཚོས་རྡོ་རྗེའི་གླུ་དང་། ལྷག་མའི་གཏོར་མ་བསྔོ་བ། སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་བཀས་གནང་བར་ཞུ་འཚལ། ཞེས་བརྗོད་ནས་ལྷག་མའི་གཏོར་མ་བཏང་ལ་རོལ་མོའི་སྒྲ་དང་བཅས་པས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལང་ཀ་མགྲིན་བཅུའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མཛོད་ཅིག །ཅེས་བརྗོད་ནས། མ་འབྱོར་པ་དང་ཉམས་པ་དང་། །གཙོ་བོའི་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨཱ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲ྇་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མཧཱ་ས་མ་ཡ་སཏྭ་ཨ། ཞེས་ཡི་གེ་བརྒྱ་པས་ཁ་བསྐངས་ལ། བསྔོ་བ་བྱ་བ་ནི། ཐལ་མོ་སྦྱར་ལ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་དང་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པས་རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ནས། ཨཱ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ། ཞེས་པས་ཡེ་ཤེས་པའི་ཚོགས་གཏོར་མའི་མགྲོན་དང་བཅས་པ་གཤེགས་ལ། ཚོམ་བུ་ལ་བསྐྱེད་པ་ཡིན་ན་དམ་ཚིག་པ་རང་ལ་བསྡུ། རས་བྲིས་ལ་སོགས་པ་ཡིན་ན་གཤེགས་བསྡུ་མི་བྱ་སྟེ། རབ་གནས་ཀྱི་མཆོག་ཏུ་གསུངས་པའི་ཕྱིར་རོ། །

དེ་ནས་ལྟ་སྒོམ་སྤྱོད་འབྲས་ལ་(༧༠)སོགས་བོག་དབྱུང་བའི་ཕྱིར་སྐབས་སུ་ཉེ་བར་མཁོ་བ་རྡོ་རྗེའི་གླུ་བླངས་ནས་མེ་ཏོག་བཀྲམ་ལ། ས་གཞི་དང་བར་སྣང་ཐམས་ཅད་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་འཁྲིགས་པས། མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པར་བསམས་ལ་མགྲིན་གཅིག་ཏུ། བཀྲ་ཤིས་གང་ཞིག་དབྱིངས་ལས་མི་གཡོ་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་འདུ་འབྲལ་གཉིས་མེད་རྫོགས་སངས་རྒྱས། །གདོད་མའི་མགོན་པོ་འཁོར་འདས་ཀུན་གྱི་དཔལ་གྱུར་པ། །ཀུན་ཏུ་བཟང་པོ་རིགས་ལྔའི་རྒྱལ་བ་རྒྱ་མཚོར་བཅས། །མ་ལུས་ཡོངས་གང་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །འོད་གསལ་སྙིང་པོ་སྤྲོས་ཀུན་ཉེར་ཞི་མཆོག་གི་ལམ། །རྣམ་པར་དཀར་ལ་སོ་སོར་མ་འདྲེས་དྲི་མ་བྲལ། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་རྒྱ་ཆེ་བ། །དམ་ཆོས་ཉི་མའི་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །རྣམ་གྲོལ་ཡིད་བཞིན་མཛོད་མངའ་འགྲོ་བའི་བསོད་ནམས་ཞིང་། །འཕགས་པའི་དགེ་འདུན་རིག་འཛིན་དམ་ཅན་རྒྱ་མཚོར་བཅས། །འཇིག་རྟེན་ལས་གྲུབ་མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །ཅེས་པ་ལ་སོགས་པ་བརྗོད་པའི་མཚམས་སུ། མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་དང་བཅས་པ་བྱའོ། །དེ་ནས་ཨཱ་ཨཱཿཧཱུྃ་གིས་བསྲུངས་ནས་ལས་ཀྱི་རྗེས་བསྡུས་ལ། ཆོས་ཐམས་ཅད་རོ་མཉམ་རྫོགས་པ་ཆེན་པོའི་ངང་ལས་མི་གཡོ་བར་བྱའོ། །དོན་གསུམ་པ་ཕན་ཡོན་བསྟན་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བ་དང་། དཔའ་བོ་དང་མཁའ་འགྲོ་འདུ་བ་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྲུང་བ་དང་། འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། གྲགས་པ་དང་། ཕན་པ་དང་། འཁོར་དང་ལོངས་སྤྱོད་ཀྱི་འདུ་བ་རྒྱས་པ་དང་། ཅི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འཐོབ་པར་བྱེད་པའོ། །

དེ་ལྟར་ཚོགས་ཀྱི་མཆོད་པའི་རིམ་པ་ཞིག །མདོ་ཙམ་བརྗོད་ལས་བསོད་ནམས་གང་ཐོབ་པ། །དེ་ཡིས་འགྲོ་ཀུན་ཚོགས་ཆེན་གཉིས་རྫོགས་ཏེ། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །དེང་སང་འགྲོ་བ་ཚིག་ཉུང་དོན་འདུས་པའི། །ཚུལ་ལ་མོས་ཕྱིར་ཉུང་འདུས་མན་ངག་འདི། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིས། །སྐལ་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ཚོགས་(༧༡)མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རེ་ཞིག་རྫོགས་སོ།། །།

དགེའོ།། །།

བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ།

༄༅། །བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་བཞུགས་སོ། །

༄༅། །དཔལ་ལྡན་བླ་མ་ལྷ་ཡི་ལྷ། །ཡིད་བཞིན་མཆོག་ལ་ཕྱག་འཚལ་ཏེ། །དེ་མཉེས་བྱེད་པའི་རིམ་པ་ནི། །དངོས་གྲུབ་རྒྱ་མཚོ་བྲི་བར་བྱ། །

འདི་ལ་གསུམ་སྟེ། བསྟེན་བྱ་བླ་མའི་རང་བཞིན། སྟེན་བྱེད་སློབ་མའི་ཆོས། ཇི་ལྟར་བསྟེན་པའི་ཚུལ་ལོ། །

དང་པོ་ནི། བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པ་ལས། མཁས་པ་དེ་ཡང་སྤྱིར་གྲུབ་པའི་མཐའ་ལ་མཁས་པས། རང་བཞིན་གྱི་གྲུབ་མཐའི་ཁྱད་ཕྱེད་པ། བྱེ་བྲག་ཏུ་རྡོ་རྗེ་ཐེག་པའི་དོན་ལ་མཁས་པས་རྒྱུད་སྡེའི་དགོངས་པ་ཤེས་པ། ཉམས་མྱོང་དང་དྲོད་ཚད་ལ་མཁས་པས་རྟོགས་པ་གོང་མར་ཕྱིན་པའོ། །བྱ་བ་བྲལ་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མས་རྣམ་པར་གཡེང་བ་མེད་པས་གཅིག་པུར་དབེན་པར་གནས་ཤིང་། སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པ་ལ་དལ་ཆགས་ཤིང་ཁོང་ཡངས་པས་གཟུང་འཛིན་དང་སྤྲོས་པ་ཆུང་བའོ། །ཆོས་ཉིད་ཀྱི་དོན་ལ་ཚད་དུ་ཕེབས་པ་ནི། ཆོས་ཉིད་མངོན་སུམ་གྱི་དོན་ལ་མཁས་ཤིང་ཉམས་སུ་བླངས་པས་གོམས་ཚད་ཕུལ་དུ་ཕྱིན་པའི་དྲོད་རྟགས་ཡོད་པའོ། །འདོད་པའི་དོན་ལ་རྨོངས་པ་མེད་པ་ནི། སློབ་མས་གང་དྲིས་པའི་དོན་སྟོན་པར་ནུས་ཤིང་། བསྐྱེད་རིམ་ཕྲིན་ལས་བཞིའི་ལག་ལེན་མཐོང་བ་བརྒྱུད་པའི་གདམས་ངག་ཡོད་པའོ། །རྫོགས་རིམ་ལྟ་སྒོམ་སྤྱོད་པའི་རང་བཞིན་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་གོང་འཕེལ་དུ་བསྐྱེད་པར་ནུས་པ། རྡོ་རྗེ་ལུས་ཀྱི་བཀོད་པ་ལ་བརྟེན་ནས་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པའི་ཉམས་ལེན་ལ་མ་རྨོངས་པའོ། །དེ་རྣམས་དང་ལྡན་ན། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་སྟེ། འདིར་གསོལ་བ་གདབ་པའི་འོས་ཡིན་ནོ། །

གཉིས་པ་སྟེན་བྱེད་སློབ་མའི་ཆོས་ལ་ལྔ་ལས། དང་པོ་མཉེས་པར་བྱེད་པའི་ཐབས་ནི། དེ་ལྟ་བུའི་བླ་མ་དམ་པ་ལ་གདམས་ངག་མནོས་ནས་རབ་སྒྲུབ་པའི་ཞབས་ཏོག་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པ། འབྲིང་ལུས་ངག་གི་ཞབས་ཏོག་གིས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་བ། ཐ་མ་ཟང་ཟིང་གི་ཡོ་བྱད་ཀྱིས་ཚོགས་གཉིས་(༧༢)ཀྱི་བྲེ་ཁ་ཁེངས་པ་གང་རུང་ཞིག་ཅིས་ཀྱང་བྱའོ། །

གཉིས་པ་མཉེས་པའི་ཕན་ཡོན་ནི། སྒོ་གསུམ་གྱི་སྒྲིབ་པ་འདག་ཅིང་ཀུན་གྱིས་མཐོང་ན་དགའ་བ་དང་། བསོད་ནམས་དང་འབྱོར་པ་འཕེལ་ཞིང་མཁའ་འགྲོས་སྟོང་གྲོགས་བྱེད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་འཐོབ་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། །ཞེས་སོ། །

གསུམ་པ་མ་མཉེས་པའི་ཉེས་པ་ནི། སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་ཐིགས་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་དམྱལ་བར་ལྟུང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོ་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འགྱུར། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོ། །

བཞི་པ་བཤགས་པའི་ཐབས་ནི། ཚོགས་ཀྱིས་བསྐངས་ནས་ཅི་མཉེས་པས་ཐུགས་བཟུང་སྟེ་བཤགས་ཤིང་། ལུས་ཀྱིས་ཉེས་ན་བླ་མའི་དོན་དུ་ལུས་བཀོལ་ནས་གསོལ། ངག་གིས་ཉེས་ན་བླ་མའི་ཡོན་ཏན་ཕྱོགས་བཅུར་བསྒྲགས་ཤིང་། ཡིད་ཀྱིས་མོས་གུས་དང་ཡོན་ཏན་བསམ་པ་གཙོ་བོ་ཡིན་ནོ། །དེའང་རང་ལོའི་གྲངས་ལས་ཉེས་པ་མང་བར་གྱུར་ན་གསོར་མི་རུང་སྟེ། དམ་ཚིག་བཀོད་པ་ལས། གལ་ཏེ་བླ་མར་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་བྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔས་མ་གནང་ངོ་། །ཞེས་སོ། །

ལྔ་པ་དག་པའི་ཚད་ནི། འགྱོད་ཚངས་དྲག་པོ་བྱས་པས་སོར་ཆུད་པའི་རྟགས་སུ། བླ་མ་སྔར་མཉེས་དུས་ལྟར། དངོས་སུ་ཐུགས་འཁོན་བྱང་བ་དང་། རྨི་ལམ་དུ་ཉེས་པ་མེད་པར་ལུང་སྟོན་པ་དང་། ཉི་ཟླ་ཤར་བ་ལ་སོགས་པ་སྡིག་པ་དག་པའི་རྟགས་རྣམས་འབྱུང་ངོ་། །དོན་གསུམ་པ་ཇི་ལྟར་བསྟེན་པའི་ཚུལ་ལ་གསུམ་ལས། དང་པོ་སྤྱིར་བསྟེན་པའི་ཚུལ་ནི། ནད་པས་སྨན་པ་བསྟེན་པ་ལྟར། འཁོར་བའི་ནད་ལས་ཐར་པའི་དོན་དུ། ལུས་ངག་ཡིད་གསུམ་(༧༣)གུས་པས་གཡོ་ཟོལ་མེད་པར་སྲི་ཞུ་དང་། ཕུ་དུད་བྱ་ཞིང་གྲུ་འདོད་པས་མཉེན་པ་བསྟེན་པ་ལྟར་འཁོར་བས་འཇིགས་ནས་རྟག་ཏུ་ཅི་གསུང་ཉན་པ་དང་། ཚོང་པས་དེད་དཔོན་བསྟེན་པ་ལྟར་ཐར་པ་འདོད་པས་རིམ་གྲོར་ཆེར་བྱའོ། །

གཉིས་པ་བྱེ་བྲག་ཏུ་བསྒོམ་ཞིང་གསོལ་བ་གདབ་པ་ནི། ཉིན་མཚན་ཐུན་བཞིའི་རྣལ་འབྱོར་ལ། དང་པོ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ནས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ངང་ལས། རང་གི་སྤྱི་བོར་པདྨ་དཀར་པོ་དང་ཉི་ཟླ་གའུ་ཁ་སྦྱོར་བསམ་པའི་ནང་ན། ཨ་དཀར་པོ་ལས་འོད་འཕྲོས་པས། རྩ་བའི་བླ་མ་སྤྱན་དྲངས་ནས། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལ། བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཐམས་ཅད་ཐིམ་པའི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བསམས་ཏེ། ཡིད་ཀྱིས་མཆོད་ཅིང་བསྟོད་ལ། བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་དག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་མེ་ཡིས་གདུངས་པ་ལ། །རང་བྱུང་རླན་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །རྡོས་བཅས་ལུས་ངག་ཡིད་རྣམས་ཀུན། །རང་དེངས་འོད་ཀྱི་རང་བཞིན་དུ། །ལྷག་མེད་མྱ་ངན་འདས་ཐོབ་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་བརྩམས་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་པ་དཀའ། །མགོན་པོ་ཁྱེད་ཀྱིས་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་(༧༤)མོངས་མེད། །སྲིད་པའི་ཆུ་བོ་སྤང་བར་ཤོག །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་སྒྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱིས་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་གསོལ་བ་དྲག་ཏུ་བཏབ་པས། ཞབས་ཀྱི་མཐེ་བོང་ལས། བདུད་རྩིའི་རྒྱུན་བབས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ་པས། ལུས་ཀྱི་སྒྲིབ་པ་དག །སྐུའི་དངོས་གྲུབ་ཐོབ། མགྲིན་པར་བབས། ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ། སྙིང་གར་བབས། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། ལྟེ་བར་བབས། དྲི་མ་ཐམས་ཅད་དག །ཡོན་ཏན་གྱི་དངོས་གྲུབ་ཐོབ། གསང་བར་བབས། ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངང་དེར་དར་ཅིག་གློད་ལ་བསྒོམ་མོ། །རྗེས་ལ་སྣང་བ་ཐམས་ཅད་བླ་མའི་སྐུ། གྲགས་པ་ཐམས་ཅད་བླ་མའི་གསུང་། དྲན་རིག་ཐམས་ཅད་བླ་མའི་ཐུགས་སུ་གསལ་བའི་ངང་ལ་བསྔོ་བ་བྱས་ཏེ། རྨི་ལམ་སྒྱུ་མ་ཙམ་གྱིས་སྤྱོད་ལམ་གྱི་བྱ་བ་རྣམས་བྱའོ། །དེའང་ཞེན་པ་ཡོད་པའི་ལས་དང་པོ་པས་ནི། བྱིང་ན་རང་ཉིད་བླ་མ་ལ་ཐིམ་ནས་མི་དམིགས་པ་དང་། རྒོད་ན་བླ་མ་རང་ལ་ཐིམ་ནས་བརྗོད་དུ་མེད་པའི་ངང་དུ་བཞག་ནས་བསྔོ་བ་བྱེད་པ་ཡིན་ནོ། །དེ་ལྟར་ཉིན་མཚན་གྱི་ཐུན་བཞིར་བསྒོམས་པས། དངོས་སུ་ལུས་ངག་ཡིད་གསུམ་བདེ་གསལ་མི་རྟོག་པའི་ངང་ལ་གནས་ཤིང་། རྨི་ལམ་དུ་བླ་མ་དང་ཡི་དམ་མཁའ་འགྲོས་ལུང་སྟོན་པ་དང་། ཆོས་འཆད་པ་ལ་སོགས་པ་གྲུབ་པའི་རྟགས་རྣམས་འབྱུང་བ་ཡིན་ནོ། །

གསུམ་པ་དེ་ལྟར་བསྒོམས་པའི་འབྲས་བུ་ནི། དངོས་གྲུབ་ཐམས་ཅད་འགྲུབ་ཅིང་མ་འོངས་པ་ན་རང་ཉིད་ཁམས་གསུམ་གྱི་བླ་མ་ཆོས་ཀྱི་སྐུ་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་འཐོབ་སྟེ། སྒྲ་ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་པ་དང་། ཆུབ་པར་རོལ་པའི་རྒྱུད་ལས། བསྐྱེད་(༧༥)རིམ་བསྐལ་པ་གསུམ་བསྒོམས་པས། །བླ་མ་མཉེས་པའི་བསོད་ནམས་ནི། །དཔག་གིས་དཔོག་པ་མ་ཡིན་ནོ། །ཞེས་པ་དང་། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པ་ལས་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་དང་། སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་མཆོག་རྣམས་ཐོབ་པར་འགྱུར། །ཞེས་གསུངས་སོ། །

དཔལ་ལྡན་ཡོན་ཏན་མཆོག་གིས་ཡོངས་གང་བ། །སྲིད་གསུམ་འདྲེན་པའི་བླ་མ་དམ་པ་ལ། །འདི་ཕྱིའི་དོན་འགྲུབ་སླད་དུ་གུས་པས་བསྟེན། །རྣམ་གྲོལ་ཡོན་ཏན་མཛོད་མང་ཐོབ་པར་འགྱུར། །དུས་རྣམས་རྟག་ཏུ་དྲིན་ཡང་མི་བརྗེད་པ། །རྩ་བའི་བླ་མ་སངས་རྒྱས་ཀུན་བས་ལྷག །དེ་མཉེས་པ་ལས་ཡོན་ཏན་ཀུན་འབྱུང་བས། །སྐལ་ལྡན་རྣམས་ཀྱིས་གཙང་མའི་སྤྱི་བོས་བསྟེན། །མཛད་སྤྱོད་ཕྲིན་ལས་རྣམ་བཞིའི་རྗེས་འགྲོ་བ། །ཞི་དང་ཁྲོ་ཚུལ་སྣ་ཚོགས་ཐབས་ཀྱིས་འདུལ། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་བ། །དེ་འདྲའི་བླ་མ་གཡོ་མེད་གུས་པས་བསྟེན། །སྤྱིར་ཡང་དག་དང་མ་དག་རང་སྣང་སྟེ། །རང་སྐྱོན་དག་ན་གཞན་སྐྱོན་མཐོང་མི་སྲིད། །རང་ལ་སྐྱོན་ཡོན་སྤེལ་མར་ལྡན་པ་ན། །གཞན་ལའང་དེ་མཐོང་དད་གུས་རེས་འཇོག་ཙམ། །རང་རྒྱུད་དུལ་ན་ཐམས་ཅད་གྲོགས་སུ་འཆར། །དེ་བས་དག་སྣང་མོས་གུས་ཀུན་ལ་བྱ། །སྣང་སྲིད་སྣོད་བཅུད་ཐམས་ཅད་བླ་མར་འཆར། །མི་རྟག་གཏད་མེད་རང་བཞིན་མེད་པར་རྟོགས། །འདི་དག་ཁོ་བོའི་སྙིང་གཏམ་མཆོག་ཡིན་པས། །དགྲ་གཉེན་བར་མ་ཅིར་སྣང་ཐམས་ཅད་ལ། །རྒྱལ་བའི་རྣམ་འཕྲུལ་ངོ་མཚར་ཅན་ཡིན་ཞེས། །སྙིང་ནས་སེམས་གདུལ་རང་སྐྱོན་འབའ་ཞིག་བརྟག །ཉིན་མཚན་ཀུན་ཏུ་སྐད་ཅིག་མ་ཡེངས་པར། །བླ་མ་མཆོག་དང་གདམས་པའི་ཡོན་ཏན་བསམ། །འཆི་བ་རྗེས་དྲན་བསྐུལ་མས་ལྕག་འདེབས་བྱ། །འཁོར་བའི་ཉེས་དམིགས་ཐར་པའི་ཡོན་ཏན་བསམ། །དལ་འབྱོར་རྙེད་དཀའ་ཆོས་དང་འཕྲད་པ་དཀོན། །དེ་བས་རྟག་ཏུ་ཆོས་(༧༦)དང་སེམས་བསྲེས་ལ། །ཆོས་མིན་བྱ་བ་ཅུང་ཟད་མི་བསམ་མོ། །ཆོས་སྤྱོད་ཆོས་སྒྲུབ་ཆོས་ལ་ཉིན་མཚན་འབད། །ལེགས་པའི་ཡོན་ཏན་ཀུན་འབྱུང་ཡིད་བཞིན་ཡིན། །དེ་སྐད་བཀོད་པའི་དགེ་བས་འགྲོ་བ་ཀུན། །སེམས་དང་ཆོས་འདྲེས་ཐར་པའི་ལམ་སོང་སྟེ། །རང་རྒྱུད་བཏུལ་ནས་གཞན་རྒྱུད་སྨིན་བྱས་ཤིང་། །ཕྱམ་ཅིག་རྫོགས་པའི་སངས་རྒྱས་འགྲུབ་པར་ཤོག །གསང་བ་སྙིང་ཏིག་གི་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།

བཀྲ་ཤིས་ཤོག །དགེའོ།། །།

སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད།

༄༅། །སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་བཞུགས་སོ། །

༄༅། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །སྒོ་གསུམ་གུས་པས་རབ་ཏུ་ཕྱག་འཚལ་ཏེ། །མངོན་སུམ་སྙིང་པོའི་དོན་ལ་འཇུག་པའི་ཐབས། །སེམས་སྦྱོང་བདུན་གྱི་དོན་ཁྲིད་གསལ་བར་བྱ། །

དེ་ལ་སྐལ་ལྡན་ལས་དང་པོ་པ་རྣམས་རིག་པ་མངོན་སུམ་གྱི་དོན་ལ་རིམ་གྱིས་འཇུག་པར་བྱ་བའི་དོན་དུ། རིན་པོ་ཆེ་ཟངས་ཀྱི་ཡི་གེ་ཅན་ལས། སེམས་སྦྱོང་རྣམ་པ་བདུན་དུ་གསུངས་པ་རྣམས་ཉམས་སུ་བླང་བའི་ཐབས་ལ་བདུན་ལས། དང་པོ་མི་རྟག་པ་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག །ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཀྱང་མི་རྟག་པ་དང་། ནང་འབྱུང་བཞིའི་ཕུང་པོ་འགྱུར་ལྡོག་ཆུའི་ལྦུ་བ་སྤུངས་པ་དང་འདྲ་བ་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པས་ཀྱང་མི་རྟག་པ་དང་། གསང་བ་ཕ་མ་གཉེན་འདུན་ཤི་བས་ཀྱང་མི་རྟག་པ་དང་། རང་ལའང་དེ་ལྟ་བུའི་གནས་སྐབས་ནམ་འབྱུང་ན་ཨང་། དེ་རིང་སང་ཙམ་ལའང་མི་འཆི་བའི་གདེང་མེད་དེ། དོ་ནུབ་འཆིའམ་སང་འཆིའམ་སྙམ་དུ་སྙིང་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསམ་ཞིང་། སེམས་ཅན་གཞན་མཐོང་བ་ལའང་འདི་ཀུན་ཀྱང་འཆི་བ་ལས་མ་འདས་སོ། །ནམ་འཆིའམ་སྙམ་དུ་བསྒོམ་པའོ། །དེས་ནི་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ་མཐོང་ནས་བློ་སྣ་ཐུང་ངུ་སོང་བ་ནི་འབྱོངས་པའི་ཚད་དོ། །དེ་ལྟར་བསྒོམ་པས་འཁོར་བ་ལས་བློ་ལྡོག་པའི་དགོས་པ་ཡོད་དོ། །

གཉིས་པ་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམ་སྟེ་སེམས་སྦྱོང་བ་ནི། ལས་མི་དགེ་བས་ངན་སོང་དང་སྡུག་བསྔལ་གྱི་རིགས་ཐམས་ཅད་བསྐྱེད་ལ། དགེ་བས་མཐོ་རིས་དང་བདེ་བའི་རིགས་ཐམས་(༧༧)ཅད་བསྐྱེད་ཅིང་། འཁོར་བ་མཐོ་དམན་གྱི་རང་བཞིན་ཟོ་ཆུའི་འཁྱུད་མོ་འདྲ་བ། འཕོ་ཞིང་རྟག་མི་ཐུབ་པ་འདི་མཚང་རེ་ཆེ། འཁོར་བར་མི་འཇུག་པའི་ཐབས་དམ་པ། ཐར་པའི་བྱང་ཆུབ་མ་གཏོགས་པར་ཡིད་བརྟན་མི་རུང་ཞིང་བསླུ་བ་འདི་ཡ་ཆ། ཐར་པའི་ལམ་དུ་ཞུགས་ན་འཕྲལ་གྱི་བདེ་བ་མཐོ་རིས་དང་། ཡོན་ཏན་བཟང་པོ་རྒྱུད་ལ་འཐོབ་སྟེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བཞིན་ཡུན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་འགྲུབ་སྟེ། སངས་རྒྱས་རྣམས་བཞིན་ནོ། །དེ་བས་ན་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་སྙམ་དུ་བསམ་མོ། །དེས་ན་ཐར་པའི་ལམ་དུ་མ་ཚུད་ན། མི་དགེ་བས་ངན་སོང་། དགེ་བ་བྱས་པས་མཐོ་རིས་སུ་སྐྱེས་ཀྱང་། སླར་ངན་སོང་དུ་འཁོར་བའི་ཕྱིར་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འདུག་ཨང་སྙམ་པ་སྙིང་ནས་བྱུང་བ་ནི་གོམས་པའི་ཚད་དོ། །དེས་ནི་འཁོར་བའི་སྡུག་བསྔལ་ལས་ཡིད་དབྱུང་ནས་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །

གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོར་བར་སྐྱེས་དུས་ན་ཡིད་བརྟན་དང་བློ་གཏད་མི་འདུག་སྟེ། ཕན་བཏགས་ཀྱང་ཕན་ལན་དུ་གནོད་པ་སྐྱེལ་བ་དང་། ཟས་སྐོམ་ཟོས་ཀྱང་ནད་དང་འཆི་རྐྱེན་དུ་འགྲོ་བ་དང་། ཡོ་བྱད་བསགས་ཀྱང་དགྲ་རྐུན་གྱི་འདོད་པ་སྒྲུབ་པ་དང་། ཕན་དུ་རེ་ནས་གཉེན་བཤེས་སུ་བཏགས་པས་གནོད་པའི་དགྲར་འགྱུར་བ་དང་། གནོད་པ་མ་བྱས་ཀྱང་དོན་མེད་པའི་ངན་སྨྲས་དང་སྐུར་པར་འགྱུར་བ་དང་། གང་བྱས་ཀྱང་གཞན་གྱི་ཡིད་མི་མགུ་བ་དང་། ཟིན་པའི་དུས་མེད་པ་འདི་མཚང་རེ་ཆེ། སེམས་ཅན་གྱི་བསམ་སྤྱོད་ལ་སྙིང་ནས་བསམ་ན་གོང་ལྟར་ཕན་བཏགས་ཀྱང་། ལ་ལ་མགུ་དུས་ལ་ལ་མི་མགུ། ཇི་ལྟར་བསམས་ཀྱང་མཐའ་གཅིག་ཏུ་ཕན་མེད། ཅི་བྱས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན། ནད་རྐྱེན་དང་འཆི་རྐྱེན་གྲངས་མང་བ་འདི་དག་ལ་དངོས་སུ་ཕན་པ་མི་འགྲུབ་པས། བློ་ལྟོས་མི་བསླུ་བར་བླ་མ་དཀོན་མཆོག་ལས་གཞན་མེད་པའི་ཕྱིར་མོས་གུས་དང་མཆོད་པ་བྱས་ན་འདི་ཕྱིར་བདེ་བའི་རྒྱུ་ཡིན་པས། བློ་སྣ་དགེ་བ་འབའ་ཞིག་ལ་བསྒྱུར་དགོས་སྙམ་དུ་རྐྱེན་བཟང་ངན་སྔར་བྱུང་བ་དང་། ད་ལྟ་བྱེད་པ་དང་། ཕྱིས་བྱེད་འགྱུར་རྣམས་ལ་བསམ་ཞིང་། སྐྱོ་ཤས་དང་བློ་སྣ་བསྟུང་བར་བྱའོ། །(༧༨)དེས་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་དང་། བླ་མ་མཆོད་ན་ཅི་མ་རུང་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་དད་པ་སྔོན་དུ་འགྲོ་བའི་དགོས་པ་ཡོད་དོ། །

བཞི་པ་བྱས་པ་ཐམས་ཅད་དོན་མེད་པ་ལ་སེམས་སྦྱོང་བ་ནི། བདག་གི་ཚེ་འདིའི་བྱ་བཞག །གཉེན་སྐྱོང་བ། དགྲ་འདུལ་བ། སོ་ནམ་ཞིབ་ཏིག །ཚོང་ཁེ་སྤོག །ཁེ་དྲག་ལོ་འདོད། ཆགས་སྡང་། ཞེ་སྡང་། གཞན་གྱི་ཤ་ཚ་གྲོས་འདེབས། ཆེ་ཐབས་དང་། གཏམ་སྙན་འདོད་པ་ལ་སོགས་པ་ནས། གཉེན་གྲོགས་དང་ལྷན་ཅིག་ལོངས་སྤྱོད་དང་བཤེས་འདྲིས། གནས་ཁྱིམ་མཁར་ལེན་ལ་སོགས་པ་ཅི་དང་ཅི་བྱས་ཀྱང་ཤི་བའི་ནངས་པར་འགྲོགས་ནས་མི་འགྲོ་བས་ཕན་མེད་དོ། །ཁར་སང་ཕན་ཆད་ཀྱི་བྱ་བྱེད་ཅི་དང་ཅི་བྱས་དྲན་པའི་ཡུལ་ཙམ་ལས་ཕྱིར་མི་འོང་བས་མདང་གི་རྨི་ལམ་དང་འདྲ། དེ་རིང་གི་སྣང་བ་དོ་ནུབ་ཀྱི་རྨི་ལམ་དང་འདྲ། སང་ཕན་ཆད་བྱེད་པ་རྣམས་ཀྱང་སང་དགོངས་ཀྱི་རྨི་ལམ་དང་འདྲ་བ་ཞིག་ཡིན་པར་འདུག་པ་ལ། དོན་མེད་པའི་ཆགས་སྡང་དང་། འཐབ་རྩོད། སྙན་མི་སྙན། བདེ་སྡུག་བསོག་འཇོག་བྱ་བྱེད་རྣམ་པ་སྣ་ཚོགས་པ་གཅིག་གིས་དུས་འདའ་བ་འདི་མཚང་རེ་ཆེ། འཇིག་རྟེན་གྱི་སྣང་བ་སྒྱུ་མའི་བསླུ་བྲིད་དུ་འདུག་པ། དེ་རིང་ལས་མ་རྟོགས་པས་ལིངས་ཀྱིས་བློས་བཏང་ལ། བླ་མ་དམ་པའི་གདམས་ངག་གཅིག་རྒྱུད་ལ་ཉམས་སུ་བླང་དགོས་སྙམ་དུ་བསམ་མོ། །དེས་ན་སྣང་བ་གང་ལའང་བློ་གཏད་མེད་པར། བླ་མའི་གདམས་ངག་ཅིག་ཐོབ་པར་བྱ་དགོས་སྙམ་པ་དུང་གིས་བྱུང་བ་ནི་འབྱོངས་པའི་ཚད་དོ། །དེས་ནི་བླ་མའི་གདམས་ངག་ལ་འཇུག་པའི་དགོས་པ་ཡོད་དོ། །

ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་སྦྱོང་བ་ནི། འཁོར་བའི་ཉེས་པ་ཐམས་ཅད་ལས་འདས་པ་ནི་སངས་རྒྱས་ཏེ། སྐུ་མཚན་དང་དཔེ་བྱད་དུ་འབར་བ། གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐུགས་ཡེ་ཤེས་ཀྱི་ངང་ལས་མི་གཡོ་བ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་དམ་པ་གཙོ་བོ་གཅིག་པུ་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཡིན་པས་ཐོབ་པར་བྱ་དགོས། སངས་མ་རྒྱས་ན་ཕན་མི་འདུག་སངས་རྒྱས་ཐོབ་པར་བྱེད་པ་ལའང་ལམ་མ་བསྒོམས་ན་མི་ཐོབ་པས། ཅིས་ཀྱང་བསྒོམ་དགོས། གྲུབ་ཐོབ་གོང་མ་ངོ་མཚར་ཅན་རྣམས་ཀྱི་(༧༩)རྗེས་བསྙེགས་ལ་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས། ཁོང་རྣམ་པས་དཀའ་བ་དུ་མ་སྤྱད། གཅིག་པུར་དབེན་པར་བསྒོམས་པས་གྲོལ་བ་ལྟར་བདག་གིས་ཀྱང་ཚེ་འདིའི་བྱ་བ་བློས་བཏང་ལ་གཅིག་པུར་དབེན་པའི་གནས་སུ་བསྒྲུབ་དགོས་སྙམ་དུ་བསམ་མོ། །དེས་ན་མ་བསྒོམས་ན་སངས་མི་རྒྱ་བས། ཅིས་ཀྱང་སྒོམ་དགོས་སྙམ་པ་རྒྱུད་ལ་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་སྒོམ་པ་ལ་བསྲན་ཚུགས་པའི་དགོས་པ་ཡོད་དོ། །

དྲུག་པ། བླ་མའི་གདམས་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་སྒྲོལ་བའི་དེད་དཔོན་ནི་བླ་མ་ཡིན་ལ། སྒྲོལ་བྱེད་ཐབས་ཀྱི་གྲུ་བོ་ཆེ་ནི་བླ་མའི་གདམས་ངག་ཡིན་པས། ཇི་སྐད་གསུངས་པ་བཞིན་དུ་ཉམས་སུ་བླང་དགོས་ཏེ། མ་བླང་ན་སྡུག་བསྔལ་གྱི་ནད་ཀྱིས་གཏན་དུ་གདུངས་པའི་ཕྱིར་ན། བླ་མ་སྨན་པའི་རྒྱལ་པོ་ནི་བརྩེ་བ་ཆེན་པོ་སྟེ། གདམས་ངག་སྨན་གྱི་བདུད་རྩི་ལ་ཉིན་མཚན་བསྲན་ཚུགས་པར་བྱས་ལ། ཉམས་སུ་བླང་དགོས་སྙམ་ནས་རྒྱུ་མཚན་དུ་མ་ལ་བསམ་སྟེ་བསྒོམས་པས། ཚེ་འདིའི་བྱ་བས་ཅི་བྱ། བླ་མའི་གདམས་ངག་ཁོ་ན་ཉམས་སུ་བླང་དགོས་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་བྱ་བ་གཞན་ལ་བློ་མི་འཇུག་པར་གདམས་ངག་ལ་རྩེ་གཅིག་ཏུ་འཇུག་པའི་དགོས་པ་ཡོད་དོ། །

བདུན་པ། རྣམ་པར་མི་རྟོག་པ་ལ་བསམ་སྟེ་སེམས་སྦྱོང་བ་ནི་གསུམ་ལས། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། དབུ་མའི་ཡར་སྣེའི་ཧཾ་ལས་ལྟེ་བའི་ཨ་ལས་མེ་འབར་བ་རེག་པས་བདུད་རྩི་བབས་ནས། རྩ་འཁོར་ལོ་བཞི་དང་རྩ་ཕྲན་ཐམས་ཅད་ཁྱབ་པས་བདེ་སྟོང་སྐྱེས་པར་བསམ་སྟེ། འོག་རླུང་འཐེན། སྟེང་རླུང་མནན་ཞིང་སྙིང་གར་ཨ་དཀར་པོ་ལ་སེམས་བཟུང་བས། བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་པ་སྐྱེའོ། །གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། རླུང་རོ་གསུམ་བུས་ནས། ནང་དུ་རྔུབ་དུས་ཕྱིའི་སྣང་ཡུལ་ཐམས་ཅད་འོད་དུ་ཞུ་ནས་ནམ་མཁའ་སྔོན་པོ་དང་འདྲེས་པ་དེ་རང་གི་ལུས་ནང་དུ་བྱུང་བས་མེར་མེར་ཁེངས་པར་བསྒོམ་ལ་རླུང་ཁ་སྦྱར་ཏེ་བཟུང་བས་གསལ་སྟོང་སྐྱེའོ། །དེའང་གྲང་ཤས་ཆེ་ན་རླུང་དེ་ཚ་བ། ཚ་ཤས་ཆེ་ན་བསིལ་བའི་རེག་བྱ་ཡོད་པར་བསྒོམ་པ་ནི་གནད་དོ། །དེའང་དབྱར་མེ། སྟོན་རླུང་། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས་དེ་དག་(༨༠)གི་གཉེན་པོའི་རླུང་དང་། ཁ་དོག་དང་རེག་བྱ་སྒོམ་ཚུལ་དུ་མ་བཤད་ཀྱང་སྤྲོས་པ་ཙམ་མོ། །ནམ་མཁའི་རླུང་ནི་ཀུན་གྱི་དུས་ན་ཤིས་ལ་རེག་བྱའང་གཉིས་པོ་དེར་འདུས་པས་ཉམས་སུ་བླང་བ་ལ་འདི་ཙམ་ཁོ་ནས་ཆོག་གོ། །ཆོས་ཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། ལུས་སེམས་ཁོང་ཀློད། མིག་མི་འགུལ་བར་དྲན་བསམ་འཕྲོ་འདུའི་རྟོག་པ་དང་བྲལ་བའི་ངང་ལ་བསྒོམ་པའོ། །དེ་ལྟར་བསྒོམས་པས་སེམས་གར་གཏད་དུ་ཟིན་པའི་རྗེས་ལ། རྟོག་མེད་ནམ་མཁའ་ལྟ་བུའི་ངང་དུ་ཡུན་ཇེ་རིང་ལ་གནས་པ་ནི། རང་རང་གི་གོམས་པའི་ཚད་དོ། །དེས་ནི་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །

དེ་ལྟར་ཡང་ཟབ་སྔོན་དུ་འགྲོ་བའི་གནད། །སེམས་སྦྱོང་བདུན་གྱི་དོན་ཁྲིད་བཀོད་པ་ལས། །བྱུང་བའི་དགེ་བ་གངས་རི་ལྟར་དཀར་བས། །མ་ལུས་འགྲོ་བ་ཉེར་ཞིའི་གནས་ཐོབ་ཤོག །སྐྱེ་བ་སྔོན་ནས་སྦྱངས་པའི་འཕྲོ་ཡོད་པས། །ཚེ་འདིར་ཐེག་མཆོག་སྙིང་པོའི་དོན་ལ་མཁས། །དེ་ཕྱིར་གཞན་ལ་ཕན་པའི་བློ་གྲོས་ཀྱིས། །ཟབ་དོན་མངོན་ཕྱུང་གསལ་བར་བཀོད་པ་ཡིན། །སྙིང་པོའི་དོན་ཟབ་འཇུག་ངོགས་བཟང་པོ་འདི། །སྐལ་ལྡན་རྣམས་ཀྱིས་གཙུག་གི་རྒྱན་བཞིན་ཟུང་། །ཐར་འདོད་རྣམས་ཀྱི་ཤིང་རྟ་བཟང་པོའི་ལམ། །ཡི་གེ་འདི་ལས་མྱུར་དུ་འགྲུབ་པ་ཡིན། །སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།

དཔལ་སྔགས་ཀྱི་བདག་མོ་དང་། གཟའ་དང་། དམ་ཅན་གསུམ་ལ་གཏད་པ་ཡིན་པས། ཡི་གེ་འདྲ་མིན་བསླད་པ་དང་། འཆོས་པ་བྱུང་ན་ཆད་པ་དྲག་པོ་ཕོབ་ཅིག །སྣོད་མིན་ལ་གསང་ཞིག །སྐལ་ལྡན་ལ་བྱིན་ཅིག །ཁ་ཐམ། ས་མ་ཡཿ དགེའོ། །དགེའོ། །དགེའོ།། །།

དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད།

༄༅། །དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་བཞུགས་སོ། །

༄༅། །ཐུགས་རྗེའི་མཁའ་ལ་མཁྱེན་རབ་སྤྲིན་འཁྲིགས་ཏེ། །མཛད་པའི་ཆར་གྱིས་འགྲོ་བ་ཚིམ་མཛད་པ། །བླ་མ་ཡི་དམ་མཁའ་འགྲོའི་ཞབས་བཏུད་དེ། །འོད་གསལ་སྙིང་པོའི་དོན་ཁྲིད་གསལ་བར་བྱ། །

ཐེག་པ་རྣམས་ཀྱི་རྩེ་མོར་གྱུར་པ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་མངོན་སུམ་སྙིང་ཏིག་གི་གདམས་པ་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །

དང་པོ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རིགས་(༢)ལྔ་ཡབ་ཡུམ་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས་བཤད། དེས་ཐུབ་པ་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་ལ་འོག་མིན་གྱི་གནས་སུ་ཚིག་བརྗོད་དུ་མེད་པའི་ངང་ནས་རང་གི་ངོ་བོས་གསུངས། དེས་དུར་ཁྲོད་མེ་རི་འབར་བར་སྤྲུལ་པའི་སྐུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་སོ་སའི་གླིང་དུ་གུ་རུ་འཇམ་དཔལ་བཤེས་གཉེན་ལ་རང་གནད་ངེས་པའི་སྒོ་ནས་བཤད། དེས་རྒྱ་ནག་རི་བོ་རྩེ་ལྔར་མཁས་པ་ཤྲཱི་སིང་ཧ་ལ་ཡིད་འཛིན་བློ་བྲལ་ངང་དུ་བཤད། དེས་རྒྱ་གར་བྷ་སེང་གི་དུར་ཁྲོད་དུ་རྒྱལ་བ་ཛྙཱ་ན་སཱུ་ཏྲ་ལ་རྟོགས་པ་མངོན་གྱུར་གྱིས་བཤད། དེས་རྒྱ་གར་དབུས་འགྱུར་འོད་མའི་ཚལ་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པའི་པཎྜི་ཏ་བི་མ་ལ་མི་ཏྲ་ལ་མངོན་སུམ་རང་གནད་ལ་ཕབ་ནས་གསུངས། དེས་བྱར་གྱི་ཕུ་བྲག་དཀར་ཐེམ་པ་འདྲ་བར་འོད་ལུས་སུ་གཤེགས་པའི་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་འོད་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས། དེས་རྟ་ནག་ཟམ་ཁར་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ལ་སྐུ་གསུམ་འདུ་འབྲལ་མེད་པར་གསུངས། དེས་སྤྲུལ་སྐུའི་བཞུགས་གནས་སྒོམ་ཁང་དུ་ཞང་ཉི་མ་འབུམ་ལ་འཁོར་འདས་ཆིག་རྫོགས་སུ་གཏན་ལ་ཕབ་ནས་གསུངས། དེས་སྐྱིལ་སྒང་དཔལ་གྱི་གནས་མཆོག་ཏུ་གུ་རུ་ཇེ་འབེར་ལ་ཡིད་དཔྱོད་བློ་དང་ཕྲལ་ནས་མངོན་སུམ་འོད་གསལ་དུ་གསུངས། དེས་གྲོ་བོ་འོན་པ་ཕུར་འཁྲུལ་ཞིག་ཆེན་པོ་ལ་དགེ་སྡིག་སྐྱོན་ཡོན་ལས་འདས་པའི་ངོ་བོ་རྗེན་པར་གསུངས། དེས་གདན་ས་དཔལ་གྱི་སེང་གེ་རྒྱབ་ཏུ་གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་སྟོང་སྒོམ་མུན་རྡོ་དང་ཕྲལ་ནས་འོད་གསལ་སྙིང་པོ་ལྔ་ལྡན་དུ་གསུངས། དེས་བསྒྲགས་ཕུ་དཔལ་གྱི་ཡོངས་རྫོང་དུ་འོད་གསལ་རྒྱུན་ཆད་(༣)མེད་པའི་རིག་འཛིན་ཀུ་མ་རཱ་ཛ་ལ་རང་གསལ་འཛིན་མེད་ཆེན་པོར་གསུངས། དེས་སྐྱམ་ཕུ་དཔལ་གྱི་དགེ་སྡིངས་སུ་འཁོར་འདས་ཆོས་ཉིད་དུ་གྲོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ལ་མ་བཙལ་ལྷུན་གྱིས་གྲུབ་པའི་དགོངས་པ་རང་གནས་ཆེན་པོར་གསུངས་སོ། །

གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་གསུམ་ལས། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱ་བ། འབྲིང་བར་དོར་སངས་རྒྱ་བ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་སངས་རྒྱ་བའི་གདམས་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་རྣལ་དུ་དབབ་པ་དང་། དངོས་གཞི་ཉམས་སུ་བླང་བའོ། །དང་པོ་ལའང་གཉིས་ཏེ། སྔོན་འགྲོ་དངོས་དང་རྣལ་དུ་དབབ་པའོ། །

དང་པོ་ལ་གསུམ་ལས། ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ནི། །རྡོ་རྗེ་སྐྱིལ་ཀྲུང་རབ་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པ་ཡིན། །ཞེས་པས། རྐང་པའི་མཐིལ་གཉིས་སྤྲད་དེ་རྟིང་པ་གསང་བར་གཏད་ནས། ལུས་ཀྱི་ཆ་བསྲངས་ནས། ལག་གཉིས་མགོ་ལ་མ་རེག་པར་སྤྱི་བོར་ཐལ་མོ་སྦྱར་ཞིང་། རྡོ་རྗེ་སྔོན་པོ་མེ་འབར་བ་གཅིག་ཏུ་བསྒོམ་ལ། ཉི་མ་གསུམ་དུ་འབད་པས། དང་པོ་ལུས་རབ་ཏུ་ན་ཞིང་། ཤ་ཁོལ་ཚེར་འཕར་བ་དང་། ཁང་རུལ་ཞིག་པའི་རྣམ་པ་ལྟར་ཤག་ཤག་ཚུགས་མི་ཐུབ་པ་ལས། ཕྱིས་འབོལ་ཤིག་ཤིག་ལ་བདེ་དྲོད་སྐྱེའོ། །ལུས་ཀྱི་སྔོན་འགྲོ་ལ་དགོས་པ་གཉིས་ལས། ཐུན་མོང་གི་དགོས་པ་ནི། ལུས་ཀྱི་མངོན་ཞེན་ལྡོག་པ་དང་། བར་ཆད་ཞི་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ལུས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པ་དང་། སྤྲུལ་པའི་སྐུར་གྲོལ་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་བའོ། །

གཉིས་པ་ངག་གི་སྔོན་འགྲོ་ནི་དེ་ཉིད་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །ངག་སྦྱངས་སེམས་ལ་ཕན་པ་ཡིན། །ཞེས་པས། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་ཞིང་ལམ་དུ་ཞུགས་པ་དང་གསུམ་ལས། རྒྱས་གདབ་པ་ལའང་གཉིས་ཀྱི། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ཧཱུྃ་ཞེས་སྒྲ་ཆེ་ཆུང་རན་པར་དབྱངས་དང་བཅས་དུས། སྣ་(༤)བུག་གཡས་ནས་ཧཱུྃ་མང་པོ་གཅིག་རྟིང་ལ་གཅིག་ཐོན་ནས་ས་ཕྱོགས་དང་སྣང་བ་ཐམས་ཅད་ཧཱུྃ་དུ་མེར་རེ་རེ་ཁེངས་པར་བསམ་མོ། །དེ་ཡང་། སེམས་ཧཱུྃ་ལས་མ་ཡེངས་པར་རླུང་དལ་བུས་རྒྱུ་བ་མི་ཚོར་བ་ནི་གནད་དོ། །དེ་ལྟར་ཞག་གཅིག་བྱས་པས་སྣང་བ་ཐམས་ཅད་བན་མ་བུན་དུ་སྣང་བ་དང་། ཧཱུྃ་གིས་གང་བ་སྙམ་དུ་འཆར་ཏེ། དངོས་གཞིའི་དུས་སུ་ཕྱི་སྣང་བའི་དབང་དུ་ནང་རིག་པ་མི་འགྲོ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཧཱུྃ་བརྗོད་དུས་ཕྱིའི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་ལ་སྣ་བུག་གཡོན་ནས་ཁོང་པར་ཞུགས་ཏེ། ནང་མེར་གྱིས་ཁེངས་པར་བསམས་པས། ལྟོ་བ་མི་བདེ་བ་སྙམ་པ་དང་། ཧཱུྃ་གིས་གང་བ་སྙམ་དུ་འབྱུང་ངོ་། །དེས་ནི་ཕུང་པོས་རིག་པ་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །

གཉིས་པ་རྩལ་སྦྱང་བ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་ངར་དང་ལྡན་པ་བརྗོད་དུས། ཧཱུྃ་གིས་སྣང་བའི་དངོས་པོ་ཐམས་ཅད་ཕར་ཐལ་ཚུར་ཐལ་ཁོལ་ཚེར་མ་ལུས་པར་ཕུག་པར་བསམས་པས། སྣང་བ་འདི་སང་སེང་ཁྲལ་ཁྲོལ་ལ་སོང་བར་སྙམ་མོ། །དེས་ནི་སྣང་བ་རང་བཞིན་མེད་པར་འབྱོངས་པའི་དགོས་པ་ཡོད་དོ། །

ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་གིས་རང་གི་ལུས་ཁོར་ཚེར་མ་ལུས་པར་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པར་བསམ་ཞིང་། ཧཱུྃ་ངར་བསྐྱེད་ནས་བརྗོད་པས། ཤ་འཕར་བ་དང་ཁྲལ་ཁྲོལ་དུ་སོང་བ་སྙམ་པ་འབྱུང་ངོ་། །དེས་ནི་ཕུང་པོ་རང་བཞིན་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །

གསུམ་པ་མཉེན་བཙལ་ཞིང་ལམ་དུ་ཞུགས་པ་ལའང་གཉིས་ལས། མཉེན་བཙལ་བ་ནི། ཤིང་ལ་སོགས་པ་རིང་བ་ཞིག་ལ། ཧཱུྃ་ཕྲེང་བ་བརྒྱུས་པའམ། རིང་པོ་གཅིག་ལ་གཅིག་ཁྲིས་ཁྲིས་རྩེ་མོའི་བར་འཁྲིལ་ནས་ཕྱིར་རིམ་གྱིས་གྲོལ་བ་ལ་དམིགས་པ་གཏད་ཅིང་། ཧཱུྃ་རིང་པོ་བརྗོད་ནས་དངོས་པོ་ཐམས་ཅད་ལ་དེ་ལྟར་སྦྱངས་པས། སེམས་གར་གཏད་དུ་ཟིན་པ་སྙམ་དུ་འབྱུང་ངོ་། །དེས་ནི་དམིགས་པ་གང་ཡང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །

ལམ་དུ་ཞུགས་པ་ནི། རི་མོ་སྲིན་བུའི་འགྲོས་ལྟ་བུ་མཐོང་ཚད་ཀྱི་བར་དུ་བསམ་པ་ལ་ཧཱུྃ་ཞུགས་ཏེ་སོང་བས། ཕར་ཕར་སོང་བའི་འཁྱོགས་མཚམས་སུ་ཧཱུྃ་བརྗོད་ཅིང་། མི་མཐོང་བ་ནས་དེའི་ཕ་རོལ་ཏུ་ཕར་སོང་ནས་ཕྱིར་མི་(༥)ལྡོག་པར་རི་དང་ལུང་བ་ལ་སོགས་པ་ཡིད་ཀྱིས་བསམས་ལ་ཧཱུྃ་རིང་པོར་བརྗོད་པས། ཤེས་པ་འབོལ་ཤིག་པ་འབྱུང་ངོ་། །དེས་ནི་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །

དེ་ལྟར་ངག་གི་སྔོན་འགྲོ་ལ་དགོས་པ་གཉིས་ལས། དང་པོ་ཐུན་མོང་གི་དགོས་པ་ནི། ངག་གི་མངོན་ཞེན་ལྡོག་པ་དང་། བར་ཆད་ཞི་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་ངག་གི་སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ངག་འཁོར་བར་མི་འཇུག་པ་དང་། ལོངས་སྐུར་གྲོལ་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་བའོ། །

གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་པས། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས། བྱུང་གནས་འགྲོ་གསུམ་ལ་བརྟག་པའི། དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། ཝལ་གྱིས་འཆར་འཆར་འདྲ་བའི་སེམས་ཤར་བར། སྣང་དུས་ཉིད་ལ་བརྟག་སྟེ། ཕྱི་སྣང་བ་ལས་བྱུང་ངམ། ནང་ཕུང་པོ་ལས་བྱུང་ངམ། ཡོད་པ་ལས་བྱུང་ངམ། མེད་པ་ལས་བྱུང་ངམ། སྙམ་དུ་རྡུལ་ཕྲན་དུ་སོ་སོར་ཕྱེ་ལ་གང་ལས་བྱུང་། སེམས་ལས་སེམས་བྱུང་ངམ། སེམས་དེ་རང་ལ་ངོ་བོ་ངོས་བཟུང་ཅི་འདུག ཕྱི་ནང་འདུག་གམ། རྟག་ཆད་འདུག་གམ། ལྟ་སྒོམ་སྤྱོད་འབྲས་འདུག་གམ། ཁ་དོག་དབྱིབས་མཚན་འདུག་གམ། སྙམ་དུ་དཔྱད་པས། བྱུང་ས་དང་བྱུང་མཁན་མེད་པར་གཏན་ལ་ཕེབས་པ་ནི། སྟོང་ཉིད་ངོས་གཟུང་དང་བྲལ་བ། ཤར་བར་སྣང་དུས་ནས་ཤར་བ་མེད་པ། གདོད་མའི་གཤིས་ཆོས་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །གནས་ས་ཕྱི་སྣང་བ་རང་གི་ཕུང་པོ་དང་བཅས་པ། གནས་མཁན་ད་ལྟར་གྱི་དྲན་རིག་ཏུ་སྣང་བ་འདི་ཉིད་སྔ་མ་ལྟར་བརྟགས་པས། སེམས་སུ་སྣང་བ་ངོ་བོ་ཉིད་མེད་པར་གསལ་སྟོང་ནམ་མཁའི་དགོངས་པར་ཤར་བ་ནི། ངོ་བོ་མེད་པའི་སེམས་ཉིད་ལོངས་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །འགྲོ་ས་འགྲོ་མཁན་ཡང་དེ་ལྟར་དཔྱད་དེ། རྟོག་པ་ཡལ་དུས་གར་སོང་བརྟགས་པས། འགྲོ་བར་སྣང་ཡང་(༦)སོང་བ་མེད་པར་ཤེས་པས་རིག་སྟོང་རྗེས་མེད་སྤྲུལ་པའི་སྐུ་དང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །

དེ་ལྟར་སེམས་ཀྱི་སྔོན་འགྲོ་ལ་དགོས་པ་གཉིས་ལས། ཐུན་མོང་གི་དགོས་པ་ནི། སེམས་ཀྱི་མངོན་ཞེན་ལྡོག་པ་དང་། བར་ཆད་ཞི་བ་དང་། ཐུན་མོང་དུ་སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། སེམས་འཁོར་བར་མི་འཇུག་པ་དང་། ཆོས་སྐུར་གྲོལ་བ་དང་། ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །

གཉིས་པ་རྣལ་དུ་དབབ་པ་ནི། ལུས་སེམས་ཁོང་གློད་ལ། སེང་གེའི་ཉལ་སྟབས་ཀྱིས་ཆུ་ཆད་པའི་རང་འཐག་ལྟར་རྩོལ་བ་ཞིག་པའི་ངང་ལས། ལུས་མི་གཡོ། ངག་མི་བརྗོད། སེམས་མི་རྟོག་པར་བཞག་པས། ཐང་ཆད་པ་ལས་ངལ་སོས་པ་ལྟ་བུའི་བདེ་བ་འབྱུང་ངོ་། །དེའང་ལུས་རྣལ་དུ་ཕབ་པས་བྱང་ཆུབ་ཀྱི་སེམས་རྒྱས། ངག་རྣལ་དུ་ཕབ་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ། སེམས་རྣལ་དུ་ཕབ་པས་རིག་པ་གཤིས་ཐོག་ཏུ་གནས་པ་ནི། ཐུན་མོང་གི་དགོས་པའོ། །མཆོག་གི་དགོས་པ་ནི། ལུས་སྤྲུལ་སྐུ། ངག་ལོངས་སྐུ་སེམས་ཆོས་ཀྱི་སྐུ་ལ་རེག་པའི་དགོས་པ་ཡོད་དོ། །དེ་ལྟར་སྔོན་འགྲོ་རྣམས་ལ་རབ་ཞག་བདུན། འབྲིང་ལྔའམ་གསུམ། ཐ་མའང་ཞག་རེ་རེ་ལས་ཉུང་བར་མི་བྱ་སྟེ། དངོས་གཞི་ངོ་འཕྲོད་པ་སྔོན་འགྲོ་འབྱོངས་པ་ལ་རག་ལས་པའི་ཕྱིར་རོ། །

དོན་གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ་གཉིས་ཏེ། སེམས་ཡེ་སྟོང་རྩ་བྲལ་ཀ་དག་ཏུ་ངོ་སྤྲད་ལ་ཁྲེགས་ཆོད་ཀྱིས་ཉམས་སུ་བླང་བ་དང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲད་ལ་ཐོད་རྒལ་གྱིས་ཉམས་སུ་བླང་བའོ། །

དང་པོ་ལ་གསུམ་ལས། ངོ་རང་ཐོག་ཏུ་སྤྲད་པ་ནི། ད་ལྟར་གྱི་ཤེས་པ་བཅོས་བསླད་གཉེན་པོ་དང་བྲལ་བ། ངོ་བོ་ངོས་གཟུང་ལས་འདས་པ། རིག་པ་མཚན་མར་མ་གྲུབ་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ། ཆོས་སྐུ་ཀ་དག་གི་དགོངས་པ་འདི་ཉིད་ཡིན་ཏེ། སྒྲ་ཐལ་འགྱུར་ལས། རང་བཞིན་དག་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་(༧)གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་པས། ད་ལྟར་གྱི་རིག་པ་དྲན་བསམ་གྱིས་བཅོས་བསླད་མ་བྱས་པའི་ཝལ་ལེ་སེང་ངེ་ཕྱམ་མེར་གདལ་བ་འདི་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད་དོ། །

ཐག་ཆིག་ཐོག་ཏུ་བཅད་པ་ནི། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ངང་ལ་མི་གཡོ་བས་གནས་པ་སྟེ། དེའང་དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས་ད་ལྟར་གྱི་ཤེས་པ་གང་དུའང་བཅོས་བསླད་བྲལ་བའི་ངང་ལ་རིག་པའི་གདངས་མ་འགགས་པར་ཆུ་རྙོག་མ་དྭངས་པ་དང་འདྲ་བའི་ངང་ལ་ཆེད་དུ་རྩོལ་བས་མ་བསྒྲིམ། ཡེངས་པ་ཕྱལ་བར་མ་ཤོར་བར། ཐ་མལ་གྱི་རིག་པ་སོར་གཞག་གཅིག་པུ་རིག་གེ་སེང་ངེ་ཡེ་རེ་ཝལ་ལེར་བཞག་པ་ནི། གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སེང་ངེ་ཝལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་གཞི་ལྡན་ངོས་གཟུང་ངོ་། །དཔེར་ན་མིག་གི་འབྲས་བུ་བཞིན། །རིག་གེ་བ་ལ་དྲན་པས་གཟུང་། །ཡེ་རེ་བ་ལ་ཤེས་པ་དལ། །རང་རིག་ཞེན་མེད་གདིང་གིས་ཟིན། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །སལ་ལེ་ཝལ་ལེ་མཐའ་དབུས་མེད། །གང་གིས་མ་བསམ་མ་བཏང་ཕྱིར། །བྱིང་རྨུགས་སྤྲོས་པ་གང་ཡང་མེད། །ཉི་མ་གཟའ་བྲལ་ལྷང་ངེ་བཞིན། །སལ་ལེ་ཝལ་ལེ་འགྱུར་བ་མེད། །བདེ་ལ་མི་རྟོག་རྒྱུན་དུ་གནས། །དེ་ཕྱིར་རང་བྱུང་འགྱུར་བ་མེད། །གཡའ་མེད་མེ་ལོང་བྱད་ལྟ་བཞིན། །ཝལ་ལེ་བ་ལ་དངོས་པོ་མེད། །དེ་ཙམ་ཉིད་ནི་ཆོས་ཀྱི་དབྱིངས། །གཞི་ལ་ཡུལ་མེད་རྟོགས་པའི་མཆོག །དེ་དག་དབྱེ་བ་རྣམ་བཞི་ཡང་། །རང་རིག་ཡེ་ཤེས་ཆོས་སྐུར་གཅིག །མ་རིག་རྙོག་པ་མེད་པའི་ཕྱིར། །ནོར་བུ་ཆུ་དྭངས་དཔེ་བཞིན་ནོ། །ཞེས་སོ། །

གདེང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟར་ངང་དྭངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་ལ་བཞག་དུས། ཐ་མལ་གྱི་ཤེས་པ་ཡུལ་ཐོག་ཏུ་འཕྲོ་བ་རང་ཤར་རང་གྲོལ་དུ་བསྟན་པ་དབའ་རླབས་ཆུར་ཐིམ་པ་ལྟ་བུ་སྟེ། ཤར་དུས་ཡེངས་མེད་བཅོས་བསླད་མེད་པའི་ངང་དུ་གློད་པས། དྲན་རྟོག་རྗེས་མེད་དུ་ཡལ་ནས། བྱུང་ཚོར་གཞི་ཐིམ་ལ་སོང་བ་ནི་རང་གྲོལ་ཞེས་བྱ་སྟེ། དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་འགྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་(༨)པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་བྲལ། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་རྩོལ་སྒྲུབ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་གསུངས་པས། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདིང་འཆོས་པའོ། །

དོན་གཉིས་པ་ཐོད་རྒལ་ལ་བཞི་སྟེ། སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ། ཉམས་སུ་བླངས་པས་སྣང་བ་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ། །དང་པོ་ནི། ལུས་ཀྱི་གནད་བཞུགས་སྟངས་གསུམ་གང་རུང་། ངག་གི་གནད་སྨྲ་བ་བཅད་པ། ཡིད་ཀྱི་གནད་དྲན་བསམ་འཕྲོ་འདུ་དང་བྲལ་བ་ལ་བསླབ་པའོ། །

གཉིས་པ་ནི། སྒོའི་གནད་གཟིགས་སྟངས་གསུམ་གང་རུང་། ཡུལ་གྱི་གནད་ནམ་མཁའ་སྤྲིན་དང་བྲལ་བ་ལ་གཏད་པ། རླུང་རིག་གི་གནད་ཁ་ནས་དལ་བར་བྱ་བ་དང་། རིག་པ་ནམ་མཁའི་དཀྱིལ་ལས་གཞན་དུ་མ་ཡེངས་པར་བྱ་བའོ། །

གསུམ་པ་སྣང་བ་བཞིའི་འཆར་ཚུལ་ལ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་བལྟས་པས་ནམ་མཁའི་དཀྱིལ་དུ་འོད་ལྔའི་ཐིག་ལེ་དང་བཅས་ཤིང་། རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུར་འཆར་ཏེ། དེ་ཉིད་རིག་པ་ཡེ་ཤེས་ཀྱི་གདངས་དངོས་ཡིན་པས་ཆོས་ཉིད་དོ། །མངོན་པ་ནི་མིག་གི་བལྟར་ཡོད་པའོ། །གསུམ་པ་ནི་དཔེ་ལ་མ་བརྟེན་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན། རྟགས་ལ་མ་ལྟོས་པར་རང་ཤར་དུ་སྣང་བའོ། །སྣང་བ་ནི་འོད་དང་ཐིག་ལེ་ལ་སོགས་པ་ནས་ཐིག་ལེ་གསུམ་འབྲེལ་གྱི་བར་ཚུན་ཆད་དོ། །

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེ་ནས་སྣང་བ་འཕེལ་ནས་མཆེད་པས་ཏེ། དེའང་ཉམས་ལ་གཉིས་ལས། སྣང་བའི་ཉམས་ནི་འོད་སྣང་རྩིབས་ཤར་དང་། གྱེན་འགྲེངས་དང་། དྲ་ཕྱེད་དང་། ཟ་འོག་རིས་ལ་སོགས་པའོ། །ཤེས་ཉམས་ནི་བདེ་བ་གསལ་བ་མི་རྟོག་པ་ལ་སོགས་པའོ། །གོང་འཕེལ་ནི། འོད་(༩)སྣང་ཆེར་སོང་བ་དང་། ཤེས་པའི་ཏིང་འཛིན་ཇེ་གསལ་ལ་སོང་བའོ། །སྣང་བ་ནི། རིག་པ་ཚད་ཕེབས་ལ་ཐུག་པ་ཚུན་ཆད་ཀྱི་ཐིག་ལེ་འོད་སྣང་ལ་སོགས་པའོ། །

གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། སྐུ་དང་ཞིང་ཁམས་སུ་སྣང་བ་སྟེ། དེ་ཡང་ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དང་ཡང་དབྱེར་མི་ཕྱེད་པ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། གཞི་འཛིན་པའི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ། གཞི་གནས་ཀྱི་རིག་པ་ཤེས་པ་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ། མཚན་ཉིད་འཛིན་པའི་རིག་པ་མ་རིག་པ་ལས་ལོག་ནས། རིག་པའི་འཆར་གཞིར་གནས་པ། ཐོད་རྒལ་གྱི་རིག་པ་ཉམས་སུ་ལེན་པ་ཚད་དུ་ཕྱིན་ནས་དགོངས་པ་རང་ཟད་པ་ལ་ཐུག་པའོ། །ཚད་ཕེབས་ནི། རང་ཐོག་ཏུ་ཕེབས་པས་རྩོལ་སྒྲུབ་བྱ་མི་དགོས་པའོ། །སྣང་བ་ནི། ལོངས་སྐུའི་སྣང་བ་ལ་སྤྱོད་པའོ། །

བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ནང་གི་རྡོས་བཅས་སེམས་ཀྱི་འཁྲུལ་རྟོག་སྣང་བའི་འཕེལ་དང་བཅས་པ་ཟད་པའོ། །དེའང་ཆོས་ཉིད་ནི་རིག་པའི་གཤིས་ནམ་མཁའ་ལྟ་བུའོ། །ཟད་པ་ནི། ཕྱི་ས་རྡོ་རི་བྲག །ནང་སྒྱུ་ལུས་རྡོས་བཅས། གསང་བ་རྣམ་རྟོག་འཕྲོ་འདུའི་སྣང་བ་མེད་པའོ། །སྣང་བ་ནི་ཉི་མ་སྤྲིན་དང་བྲལ་བ་རང་གསལ་བ་བཞིན་དུ། ཐུགས་རྗེ་ཡེ་ཤེས་ཀྱི་སྣང་བ་རྒྱུན་མི་འཆད་པར་སྣང་བའོ། །

བཞི་པ་མཐའ་རྟེན་གྱི་མན་ངག་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པའོ། །

དང་པོ་ནི་ཉམས་སུ་ལེན་པའི་དུས་སུ། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱས་པས། རྩ་རླུང་ཐད་སོར་གནས་པས་རྟོག་པ་རང་འགགས་པའོ། །མིག་མི་འགུལ་བར་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱས་པས། མངོན་སུམ་ཡུལ་ལ་གསལ་བས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ་བའོ། །རླུང་རིག་མི་འགུལ་བ་དལ་བར་བརྟེན་པས་ཆོས་ཉིད་རང་ངོར་གནས་ཏེ་མ་བུ་དབྱེར་མེད་དུ་འདྲེས་ནས། གདོད་མའི་དབྱིངས་སུ་གནས་པའི་དགོས་པ་ཡོད་པའོ། །

གཉིས་པ་སྡོད་པ་གསུམ་ནི། དེ་ལྟར་བྱས་པས། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་(༡༠)པས་རྣམ་རྟོག་སྐྱེ་མི་སྲིད་པའོ། །འདིའི་སྐབས་སུ་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་ལས། དང་པོ་ནི། བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགགས། འབྲིང་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས། ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་བ་ཡིན་ནོ། །

གཉིས་པ་ལ་བཞི་ལས། ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུ་སྦལ་མཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལས་འབྲལ་མི་ཕོད་པ་དང་། ངག་ལྐུགས་པ་ལྟར་བརྗོད་དུ་མེད་པ་དང་། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་རྣམ་རྟོག་འཕྲོ་བ་ལྟར་སྣང་ཡང་གཞི་ལས་མ་གཡོས་པའོ། །

ཉམས་གོང་འཕེལ་གྱི་དུས་ན། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་དང་ཕྱི་དོར་མེད་པ། ངག་སྨྱོན་པ་ལྟར་ཟང་ཐལ་རྗེས་མེད་པ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །

རིག་པ་ཚད་ཕེབས་ཀྱི་དུས་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ་བ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་སྙན་ཞིང་ཡིད་དུ་འོང་བ། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད་པའོ། །

ཆོས་ཉིད་ཟད་པའི་དུས་ན། ལུས་དུར་ཁྲོད་ཀྱི་རོ་ལྟར་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པའོ། །ངག་བྲག་ཆ་ལྟར་གཞན་གྱིས་རྗེས་སུ་ཟློས་པ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་རིག་པ་རང་གསལ་དུ་གནས་པའོ། །

གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་འགགས་པའོ། །

བཞི་པ་གདེང་བཞི་ནི། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེས་ཀྱི་དོགས་པ་མེད་པའོ། །

དོན་གཉིས་པ་འབྲིང་བར་དོར་སངས་རྒྱ་བའི་གདམས་ངག་ལ་ཡང་བཞི་སྟེ། རང་བཞིན་གནས་པའི་བར་དོ་ལ་ཤེས་བྱའི་དྲས་ཐག་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག །འཆི་ཁ་མའི་བར་དོ་ལ་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག །ཆོས་ཉིད་ཀྱི་བར་དོར་(༡༡)རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པའི་བར་དོར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ། །

དང་པོ་ནི་སྐྱེས་ནས་འཆི་ཁའི་བར་ཚུན་ཆད་དུ་གདམས་པའི་གནད་ཟབ་མོ་ལ་ཐོས་པས་ཚིག་གི་སྒྲོ་འདོགས་གཅད། བསམ་པས་ཚིག་དོན་གཉིས་ཀའི་སྒྲོ་འདོགས་གཅད། སྒོམ་པས་དོན་རང་ཐོག་ཏུ་ཕབ་ལ་ངོ་བོ་ལ་འཕྱུགས་པ་མེད་པར་བྱའོ། །

གཉིས་པ་ནི། འཆི་ཁའི་ཚེ་གདམས་པ་གསལ་འདེབས་པ་སྟེ། རང་ལ་གསལ་པོ་ཡོད་ན་དེས་ཆོག །མེད་ན་བླ་མའམ་གྲོགས་ཁྱད་པར་ཅན་དམ་ཚིག་ལ་སེལ་མེད་པ་ཞིག་གིས། བར་དོར་གདམས་ངག་གནད་དུ་དྲིལ་ལ་གོ་བདེ་བར་གདབ་པོ། །དེ་ཡང་ས་ལ་ས་ཐིམ་པས་པགས་བཞི་ས་ལ་ལྷུང་། ཆུ་ལ་ཆུ་ཐིམ་པས་ཁ་སྣ་མིག་གསུམ་ནས་ཆུ་དར་ཅིག་བྱུང་ནས་སྐམ། མེ་ལ་མེ་ཐིམ་པས་དྲོད་མཐའ་ནས་སྡུད་ཅིང་། སྨིན་ཕྲག་གི་མདངས་ཤོར། རླུང་ལ་རླུང་ཐིམ་པས་ཕྱི་དབུགས་རྒོད་ཅིང་བརྩེགས་མ་མང་བས་ཕྱི་དབུགས་ཆད། རླུང་རྣམ་ཤེས་ལ་ཐིམ་པས། ནང་གི་ཁྲག་དང་དྭངས་མ་སྙིང་གར་འདུས་པས་གདངས་སྙིང་གར་ཐིམ་སྟེ་རགས་པའི་འགྱུ་བ་རྩ་འདབ་ནང་གི་རླུང་ཆད་པས་དར་ཅིག་བརྒྱལ་ལོ། །དེ་ཐམས་ཅད་ཀྱི་སྐབས་སུ་བར་དོའི་གདམས་ངག་དང་། རང་གསལ་མི་རྟོག་པའི་ངང་ལས་མ་ཡེངས་པར་བྱའོ། །

གསུམ་པ་ནི། རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ། སྒྲོག་གསུམ་འབྲེལ་གྱེས་ཏེ། ལུས་རྡོས་བཅས་བེམས་པོར་ལིངས་ཀྱིས་སོང་། རླུང་སེམས་གཞི་ཐིམ་ལ་སོང་བས་རྟོག་པ་རང་འགགས། རིག་པ་སྙིང་ནང་ནས་མེ་སྟག་ཡར་བ་ལྟར། རྩ་དར་དཀར་གྱི་སྐུད་པ་ལ་ལམ་བྱས་ནས། སྒོ་ཆུའི་སྒྲོན་མར་ཐོན་དུས་རྡོ་རྗེ་སེམས་དཔའི་སྣ་ཐག་ཅེས་བྱ་བ་འོད་ལྔའི་སྣམ་ཕྲན་གཉིས་ནམ་མཁའི་དཀྱིལ་དུ་ཟུག་པར་སྣང་དུས་རང་སྣང་དུ་རིག་པས་གྲོལ་ལོ། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ། དུས་མ་འགྱུར་བར་སྣང་བ་འགྱུར་བས། འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་པར་ཤར་བ་དེ་ངོ་ཤེས་པས་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་ན། རང་གི་ལུས་ཀྱང་འོད་དུ་གསལ་ཞིང་། སྣང་བ་ཐམས་ཅད་(༡༢)འོད་ཀྱི་སྐུ་དང་རིགས་ལྔའི་ཚོམ་བུ་གྲངས་མེད་པར་ཟ་འོག་གི་བེར་ཁྱིམ་ལྟར་འཆར་རོ། །

དེ་ཡི་ཚེ་འཇུག་པ་ཤེས་པའི་གནད་ཀྱིས་གདམས་ངག་དྲན་པར་བྱ་སྟེ། དང་པོ་རིག་པ་འོད་ལ་འཇུག་པ་ནི། རང་གི་སྙིང་ག་ནས་སྣང་བ་དེ་ཀུན་གྱི་ཐུགས་ཀར་ཟེར་ཐག་ཤར་བས། རང་བཞིན་གྱི་བསམ་གཏན་ལ་ཞག་ལྔ་གནས་ཏེ། དེ་ཡང་སྣང་བ་དུས་གཅིག་ལ་ཤར་ཡང་ངེས་པ་རིམ་གྱིས་རྙེད་པས། ཞག་དང་པོ་ལ་རྣམ་པར་སྣང་མཛད། གཉིས་པ་ལ་མི་བསྐྱོད་པ། གསུམ་པ་ལ་རིན་ཆེན་འབྱུང་ལྡན། བཞི་པ་ལ་འོད་དཔག་མེད། ལྔ་པ་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེའི་དུས་སུ་རང་སྣང་དུ་ངོ་ཤེས་ནས་དེ་ཐོག་ཏུ་བཞག་པས། དེའི་ངང་ལ་གྲོལ་ནས་སྤྲུལ་པས་སེམས་ཅན་གྱི་དོན་བྱས་ནས་དབྱིངས་སུ་ཐིམ་པའོ། །དེའང་གང་དུ་རང་ངོ་ཤེས་པའི་རིགས་དེ་ལ་གྲོལ་བ་ཡིན་ནོ། །

འོད་རིག་པ་ལ་འཇུག་པ་ནི། ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་པ་ལས་ཚོམ་བུ་རྣམས་རང་ལ་འདུས་ཤིང་ཐིམ་པའོ། །དེ་ཉིད་དུ་རང་ངོ་ཤེས་ན་སྐད་ཅིག་ལྔས་གདོད་མར་གྲོལ་བ་སྟེ། ལུས་འོད་དུ་གསལ། མངོན་ཤེས་དང་། བསམ་གཏན་རང་ཆས་སུ་ཡོད་པའི་གནད་ཀྱིས་སོ། །དེའང་སྐད་ཅིག་དང་པོ་ལ་རང་སྣང་དུ་ངོ་ཤེས། གཉིས་པ་ལ་ཤེས་ཐོག་ཏུ་གནས། གསུམ་པ་ལ་གནས་ཐོག་ནས་གྲོལ། བཞི་པ་ལ་གྲོལ་ཐོག་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་འབྱུང་། ལྔ་པ་ལ་གདོད་མར་ཐིམ་ནས་ནང་གསལ་དུ་བཞུགས་པའོ། །སྐད་ཅིག་འདི་དག་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ལ། བསམ་གཏན་གྱི་ཞག་ནི་སྔོན་གྱི་ཏིང་ངེ་འཛིན་གཅིག་ལ་བཞག་པས་ཕྱི་མའི་ཀུན་རྟོག་མ་ལངས་ཀྱི་བར་གྱི་གོམས་ཆའོ། །

དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་དཀར་པོ་གཅིག་ཤར་བས་དབང་པོའི་ཡུལ་དུ་སྣང་ཚད་ཁྱབ་པ་ནི་སྣམ་བུའི་ཚུལ་ཏེ། དེའི་དབུས་སུ་ཐིག་ལེ་དཀར་པོ་ལ་ཐིག་ཆུང་བཞིས་བརྒྱན་པ་ཤར་བ་ནི། མེ་ལོང་ཡེ་ཤེས་ཀྱི་རང་གདངས་སོ། །དེའི་སྟེང་དུ་སེར་པོའི་སྣམ་བུ། དེའི་སྟེང་དུ་དམར་པོའི་སྣམ་བུ། དེའི་སྟེང་དུ་མཐིང་གའི་སྣམ་བུ་རྣམས་ཀྱི་དབུས་སུ། རང་རང་གི་ཁ་དོག་འདྲ་བའི་ཐིག་ཆུང་ལ་ཐིག་ཕྲན་བཞི་བཞིས་བརྒྱན་པ་ནི། ཡེ་ཤེས་སོ་སོའི་རང་གདངས་སོ། །ལྗང་ཁུའི་སྣམ་བུ་མི་སྣང་བ་ནི། བྱ་བ་གྲུབ་པའི་རྩལ་མ་རྫོགས་པའི་(༡༣)ཕྱིར་གསུངས་ཀྱང་། རྩལ་རྫོགས་མ་རྫོགས་འདྲ་སྟེ་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །དེ་ནས་རང་ལུས་ལྗང་གུར་གསལ་བའི་སྙིང་ག་ནས། ཕྱོགས་བཞིར་དཀར་པོ། སེར་པོ། དམར་པོ། ལྗང་གུ་རྣམས་ཀྱི་སྟེང་དུ་གཞན་སུམ་བརྩེགས་ཡོད་པར་གསུངས་པས། ལྷོར་དཀར་པོ་མི་སྣང་། ནུབ་ཏུ་སེར་པོ་མི་སྣང་། བྱང་དུ་དམར་པོ་མི་སྣང་ལ། གཞན་སུམ་བརྩེགས་ཐིག་ལེ་དང་བཅས་པའོ། །མི་སྣང་བ་ནི་གདངས་གཉིས་འདྲེས་ཞབས། ཡོང་ལ་མི་སྣང་བར་གསལ་བའོ། །འདིའི་དུས་སུ་གྲོལ་བ་དུས་ཀྱི་གནད་ཤེས་པར་བྱ་སྟེ། ཡེ་ཤེས་བཞིའི་སྣང་བ་ཤེས་ཐོག་ཏུ། སེམས་ཉིད་ཡེ་ཤེས་སུ་ངོ་སྤྲད་པའི་ངང་ལ་གཞག་པར་བྱའོ། །

དེ་ནས་ཡེ་ཤེས་ལྷུན་འགྲུབ་རིན་པོ་ཆེར་ཐིམ་པ་ནི། ཡེ་ཤེས་བཞིའི་སྣང་བ་རང་ལ་ཐིམ་པས་སྐད་ཅིག་ལ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་ཁྱིམ་ཟླུམ་པོ། དབུས་མཐིང་ག་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ། དབང་པོའི་སྤྱོད་ཡུལ་ཐམས་ཅད་དུ་ཁྱབ་པར་འཆར་བ་སྟེ། ཡར་ཆོས་ཟད་ཀ་དག་གི་སྣང་བ་ནམ་མཁའ་ལྟ་བུའི་དབུས་ན། ཀུན་བཟང་ཡབ་ཡུམ་མཐིང་གར་འདྲེས་པའི་ངོ་བོ་མེད་པ། བར་ན་ལོངས་སྐུའི་འོད་དང་སྐུར་སྣང་བ་མར་འགྲོ་དྲུག་གི་ཞིང་དང་རང་བཞིན་སྤྲུལ་པའི་ཞིང་ན་འདུལ་བྱེད་ཀྱི་སྟོན་པར་རང་སྣང་བའོ། །འདིའི་ཚེ་ཤར་ལུགས་དྲུག་དང་སྒོ་གཉིས་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་སྟེ། འོད་ལྟར་ཤར་བས་འོད་ལྔའི་སྣང་བས་འཇིག་རྟེན་ཁྱབ། སྐུ་ལྟར་ཤར་བས་ལྷའི་སྐུ་གྲངས་མེད། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་རང་སྣང་། གཉིས་མེད་ལྟར་ཤར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོགས། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ལ་སྙིང་རྗེ་ངང་གིས་འབྱུང་ངོ་། །སྒོ་གཉིས་ནི། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་རང་ངོ་མ་ཤེས་ན་ལྡོག་པའི་སྒོ་བྱེད། དག་པ་མྱ་ངན་ལས་འདས་པའི་སྒོ་ལྟར་ཤར་བས། རིག་ན་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་ཆ་ནང་དུ་གསལ་བས་གདོད་མའི་གྲོལ་གཞི་བྱེད་པའོ། །འདིའི་དུས་སུ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་ལ། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་ཀྱིས་ཤེས་ཐོག་ལས་མི་གཡོ་བ་ངོ་(༡༤)ཤེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་ངག་གིས་རང་སྣང་ལྷུན་གྲུབ་ཏུ་ཐག་གཅད། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་གིས་རང་གསལ་རང་གྲོལ་དུ་ཤེས་པ་སྟེ། ངོ་ཤེས། ངང་ལ་གནས། རང་གྲོལ་བ་དང་གསུམ་ནི། མིག་དང་ཐུར་མ་དང་། མདའ་ལྟ་བུའི་གདམས་ངག་གོ། །དེ་ལྟར་གྲོལ་བའི་ཚེ་མངོན་ཤེས་དྲུག་དང་། རྗེས་དྲན་དྲུག་ཀྱང་འབྱུང་སྟེ། མཚན་བརྗོད་ལས། མངོན་ཤེས་དྲུག་དང་རྗེས་དྲན་དྲུག །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་གྲོལ་ཁྱབ་པ་པོ། །ཞེས་འབྱུང་བས། དབང་པོའི་མངོན་པར་ཤེས་པས་སངས་རྒྱས་ཀྱི་ཞིང་མཐོང་། ཤེས་རབ་ཀྱི་མངོན་པར་ཤེས་པས་རང་སྣང་དུ་ངོ་ཤེས། ཡེ་ཤེས་ཀྱི་མངོན་པར་ཤེས་པས་ཡེ་གདངས་སུ་ཡིད་ཆེས། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པས་སྣང་ཐོག་ཏུ་མཉམ་པར་གཞག །ཟག་པ་མེད་པའི་མངོན་པར་ཤེས་པས་ལས་དང་བག་ཆགས་ལས་གྲོལ། ཡེ་ཤེས་གཟིགས་པའི་མངོན་པར་ཤེས་པས་ཐམས་ཅད་མཁྱེན་པའི་ཡོན་ཏན་ལ་སྤྱོད། མཁྱེན་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པས་སེམས་ཅན་གྱི་དོན་མཛད་ནས། ཡེ་ཤེས་དབྱིངས་སུ་ཐིམ་ཞིང་འཁྱིལ་པར་འགྱུར་བའོ། །ཡང་དེའི་ཚེ་ལམ་རྗེས་སུ་དྲན་པས་མཐར་ཕྱིན་མི་སློབ་པའི་ས་མཚམས་སུ་ཤེས། ལྟ་བ་རྗེས་སུ་དྲན་པས་རིག་སྟོང་འོད་གསལ་དུ་རྟོགས། བསམ་གཏན་རྗེས་སུ་དྲན་པས་ངང་དྭངས་ཆོས་ཉིད་ལ་གནས། ལྷ་རྗེས་སུ་དྲན་པས་རིགས་ལྔ་ཡེ་གྲུབ་ཏུ་གསལ། སྐྱེ་གནས་རྗེས་སུ་དྲན་པས་གདོད་མའི་ཟད་སར་སྙེགས། གདམས་པ་རྗེས་སུ་དྲན་པས་རང་སྣང་དུ་རང་ངོ་ཤེས་པའི་གནད་ལས། མར་མ་དག་པ་འཁོར་བའི་སྣང་བ་མཐོང་བས་འཁྲུལ་སྣང་དུ་མི་འཇུག །ཐད་ཀར་འོད་གསལ་ལོངས་སྐུའི་སྣང་བ་མཐོང་བས་རིག་གདངས་ལྷུན་གྲུབ་ཏུ་རྟོགས། ཡར་ཆོས་ཟད་ཀ་དག་གི་སྣང་བ་མཐོང་བས་གྲོལ་གཞིར་བཙན་ས་ཟིན་པའོ། །དེའི་ཚེ་ཆོས་ཉིད་ཀྱི་ངང་ལས་སེམས་ཅན་གྱི་དོན་མཛད་པ་འཆར་རོ། །དེ་ནས་དབྱིངས་སུ་ཐིམ་དུས་ཕྱིར་སྣང་གི་ལུས་མི་མངོན། ངག་མི་སྣང་། སེམས་གསལ་བྱེད་མ་ཡིན་ཏེ་འགགས་ནས། འཕོ་བ་དང་འགྱུར་བ་མེད་པའི་ངང་ལས་མ་གཡོས་(༡༥)བཞིན་དུ་གདུལ་བྱའི་དོན་མཛད་པས་ཀུན་ཏུ་འགྲོ་ཞིང་ཁྱབ་པ་ཞེས་བྱའོ། །དེའི་ཚེ་དབྱིངས་སུ་ཐིམ་དུས་སྔར་གྱི་ཤར་བ་རྣམས་ཐིམ་པའི་དཔེའི་ཚུལ་ལས་ཕྱི་གསལ་ནང་གསལ་དུ་ཐིམ་པས། རིས་མེད་ཀྱི་དབྱིངས་སུ་ཞི་བ་ནི། འོད་འོད་ལ་ཐིམ་པས་གསལ་བ་རིས་མེད་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པས་མཁྱེན་ཆ་ནང་དུ་གསལ་བ་བུམ་ནང་གི་སྐུ་ལྟ་བུ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་རིག་པ་གཞི་ཐོག་ཏུ་གྲོལ་བ་མ་པང་དུ་བུ་འཇུག་པ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆོས་ཅན་དང་ཆོས་ཉིད་འདྲེས་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ཆོས་ཉིད་རང་ངོ་ལ་གནས་པ་བུམ་ནང་གི་ནམ་མཁའ་གཞིའི་ནམ་མཁའ་ལ་ཐིམ་པ་ལྟ་བུ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་གདུལ་བྱ་དང་འདུལ་བྱེད་དབྱིངས་སུ་ནུབ་པ་ཉི་མ་རྒས་པའི་ཟེར་ལྟ་བུ། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་འཁོར་འདས་དབྱིངས་སུ་འདུས་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་གདོད་མའི་ཀ་དག་ལ་གཏན་ས་ཟིན་པ་སེང་གེས་གངས་ཟིན་པ་ལྟ་བུའོ། །སྤྱིར་འཁོར་འདས་ཐམས་ཅད་རང་སྣང་དུ་གསུངས་པས་གཞི་སྣང་གི་རང་སྣང་ལ་མར་གདུལ་བྱ་འཁོར་བ་ལྟར་སྣང་བ། ཡར་འདུལ་བྱེད་མྱ་ངན་ལས་འདས་པ་ལྟར་སྣང་བ། དབྱིངས་གྲོལ་གཞི་འཁོར་འདས་གཉིས་མེད་དུ་སྣང་བ་ལ་ལྟོས་ནས་གསུངས་ལ་བར་དོར་སྤྲུལ་པས་དོན་བྱེད་ཚུལ་ནི། ཐད་ཀར་ལོངས་སྐུའི་ཞལ་ནས་འོད་འཕྲོས་པས་མར་རིགས་དྲུག་གི་ཞིང་དུ་སོང་བས། སོ་སོའི་སྟོན་པར་སྣང་ནས་དོན་མཛད་པའོ། །དེའང་སྦྱོར་བ་གསུམ་གྱིས་སྤྲུལ་པ་འབྱིན། །ཅེས་གསུངས་པ་སྟེ། ལོངས་སྐུའི་ཞལ་གྱི་སྦྱོར་བ་རིགས་དྲུག་གི་ལས་མཐུན་པའི་ལྷུམས་སུ་སྦྱོར་བ་ལས། རང་སྣང་མཐུན་པར་དོན་མཛད་པའི་སྦྱོར་བ་སྣང་ནས། ཕྱིས་དབྱིངས་སུ་གྲོལ་ལོ། །དེ་ལྟར་གོམས་པ་རབ་རྣམས་ཉི་ཟླ་ཁ་སྦྱོར་གྱི་ཚུལ་དུ་གྲོལ་བ་ནི། ལུས་བོར་བ་དང་འོད་གསལ་ཤར་བ་དུས་མཉམ་པའི་ཚེ་གྲོལ་བས། དེ་མན་ཆད་ཀྱི་སྣང་བ་མི་འཆར་རོ། །འབྲིང་རྣམས་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ་ལ། ཐ་མ་རྣམས་ལྷུན་གྲུབ་ཀྱི་སྣང་བ་ལས་གྲོལ་ལོ། །དེའང་གང་དུ་(༡༦)གྲོལ་བ་ཡན་ཆད་ཀྱི་སྣང་བ་ཤར་ནས་དབྱིངས་སུ་ཐིམ་པས། དེ་མན་ཆད་ཀྱི་སྣང་བ་མེད་དོ། །འདི་དག་གང་དུ་གྲོལ་ཡང་སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཐག་ཆོད། གསུམ་པར་དགོངས་པ་ལ་གནས། བཞི་པར་མངོན་ཤེས་ཤར་བས་རང་གྲོལ་ནས་སྤྲུལ་པ་འགྱེད། ལྔ་པ་དབྱིངས་དབྱིངས་སུ་གྲོལ་བའི་ཚེ། ལྷུན་གྲུབ་ཀྱང་ཀ་དག་ཏུ་ཐིམ་པ་ཞེས་བྱའོ། །ཕྱིར་སྣང་དབྱིངས་སུ་ཐིམ་པའི་ཕྱིར་རོ། །

དོན་བཞི་པ་འཕྲོ་མཐུད་ཚུལ་ནི། ཆོས་འདིའི་བརྩོན་འགྲུས་ཐ་མ་རྣམས་སྤྲུལ་པར་དབུགས་འབྱིན་ལ། ཡང་ཐ་རྣམས་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་སྒོམ་ལོང་མ་བྱུང་བ་རྣམས་སྐྱེ་བ་བརྒྱུད་ནས་གྲོལ་བ་སྟེ། དེ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ཤར་ཡང་། གོམས་པའི་ཏིང་ངེ་འཛིན་མེད་པའི་ཤར་བ་དང་ནུབ་པ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་ལ་སོང་སྟེ། ལུས་དང་བྲལ་བའི་སྟོབས་ཀྱི་ཤེས་པ་རྟེན་མེད་པར་ཕྱ་ཕྱོ་བན་བུན་རྨི་ལམ་ནང་གི་སྣང་བ་ལྟ་བུ་ཡིད་ཀྱི་ལུས་ཅན་གར་ཡང་ཐོགས་པ་མེད་པ་ལས་ཀྱི་རྫུ་འཕྲུལ་ཡོད་པ། སྔར་གྱི་བག་ཆགས་ཀྱི་སྣང་བ་ཅན། ཉེ་དུ་དང་འབྲེལ་བ་ཡོད་པའི་ས་ཕྱོགས་ཀུན་ཏུ་ཕྱིན་ཡང་མ་མཐོང་བས་ཤི་བར་ཤེས་ཏེ། དེའི་དུས་སུ་བར་དོས་སྐྲག་པས། བླ་མ་དྲན་ནས་སྐྱབས་སུ་འགྲོ་བ་དང་གདམས་པ་རྗེས་སུ་དྲན་དུས། རབ་བདེན་མེད་འོད་གསལ་གྱི་ངང་དུ་ཤེས་པས་གྲོལ་བར་གསུངས་ལ། འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་ལ་གནས་པས་གྲོལ་བར་གསུངས་ཀྱང་། ཤིན་ཏུ་དཀའ་བས་སྔར་གྱི་བག་ཆགས་བཟང་པོའི་འཕྲོ་མཐུད་པ་ཙམ་མོ། །ཐ་མས་ཞིང་དག་པ་ཡིད་ལ་བྱ་བ་དང་། སྐྱབས་འགྲོས་བཟློག་པར་གསུངས་ཀྱང་། མངལ་གནས་ངན་པ་བཟློག་པ་ལ་དགོངས་པ་ཡིན་ནོ། །དེའང་ཕྱེད་སྔ་མའི་བག་ཆགས། ཕྱེད་ཕྱི་མའི་སྣང་བ་འཆར་བས། བར་དོ་ལ་ཐམས་ཅད་རང་སྣང་འཁྲུལ་པར་ཤེས་ནས། གདམས་པའི་གནད་དྲན་པར་བྱ་སྟེ། མངལ་གནས་ངན་པ་སྤངས་ལ། བཟང་པོ་གདམ་ནས་འཇུག་གོ། །དེའང་དམྱལ་བ་ལ་མུན་ནག་ཆར་འཐིབས། ཡི་དྭགས་ལ་འདམ་རྫབ་དང་ཕྱི་ས། དུད་འགྲོ་ལ་གྲོག་པོ་དང་ལྗོན་ཤིང་རད་རོད། མི་ལ་ཁང་བཟང་དང་སྐྱེ་བོ་མང་པོའི་ཁྲོད། ལྷ་མ་ཡིན་ལ་འོད་ཀྱི་འཁོར་ལོ། ལྷ་ལ་མེ་ཏོག་གི་(༡༧)ཚལ་དང་གཞལ་མེད་ཁང་ལ་སོགས་པ་སྣང་སྟེ། ཆོས་ཀྱི་ས་ནི་མི་ཡིན་པས་མིར་གདམས་ལ། དེར་ཕྱིན་དུས་ཕོ་མོ་འཁྲིག་པ་སྤྱོད་པའམ། ལྷན་ཅིག་དགའ་བ་ཙམ་དང་། ཕ་མ་གང་རུང་སྣང་བ་ལ་སོགས་པ་མ་ངེས་པར་གནས་པས། མའི་མངལ་པདྨ་ཉི་ཟླའི་དབུས་སུ་ཧཱུྃ་བསམ་ལ། རང་གི་རྣམ་ཤེས་འཇུག་དུས་སྐྱེ་བ་བླངས་པའི་རྟེན་འདི་ལས་ཐར་པའི་བྱང་ཆུབ་ཐོབ་པར་ཤོག་ཅིག །སྙམ་དུ་འདུན་པ་གཏད་ནས། རྡོ་རྗེ་སེམས་དཔའི་རྣམ་པར་ཧཱུྃ་དང་གཉིས་མེད་དུ་འདྲེས་པར་བསམས་ནས་ཞུགས་པས། ཕ་མ་དད་པ་ཅན་གྱི་བུ་ཆུང་ངུ་ནས་ཆོས་དང་འཕྲད་དེ། ཤེས་རབ་དང་བརྩོན་འགྲུས་དང་སྦྱངས་པའི་འཕྲོ་ཅན་དུ་སྐྱེས་ནས། སྙིང་པོའི་གདམས་པ་འདི་དང་ལོ་བཅོ་ལྔའམ་ཉི་ཤུ་རྩ་ལྔ་ཕན་ཆད་དུ་མཇལ་ནས་ཉམས་སུ་བླངས་པས་ཚེ་འདི་ཉིད་དམ། བར་དོར་ངེས་པར་གྲོལ་བར་གསུངས་པ་ཡིན་ནོ། །

དོན་གསུམ་པ་ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་སངས་རྒྱ་བའི་གདམས་པ་ལ་གསུམ་སྟེ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའོ། །

དང་པོ་ནི། མངོན་སུམ་གྱི་སྣང་བ་ལ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་ཏུ་རྨི་ཞིང་། སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེས། སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་པ་སྐུའི་ཞིང་བསམས་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་འཐོན་ཏེ། གཙོ་བོའི་ཐུགས་ཀར་འཕངས་པར་བྱ་ཞིང་། མཚན་དུས་ཉལ་ཚེའང་ཐོ་སྐོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང་། ལུས་གཞལ་ཡས་ཁང་དང་། སྙིང་པདྨ་དང་ཉི་ཟླའི་དབུས་ན། རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་པར་འོང་ངེས་སོ། །གནད་འདི་ནི་ཉི་ཟླ་ཁ་སྦྱོར་གྱི་འགྲེལ་པར་གསུངས་པས་རབ་ཏུ་ཟབ་པོ། །

གཉིས་པ་ནི། རང་སྣང་བར་དོའི་འོད་གསལ་ནུབ་དུས་རང་ཉིད་ཀྱིས་བར་དོར་ངོ་ཤེས་པ་འབྱུང་བས། དེའི་ཚེ་སྔར་གྱི་དམིགས་པ་དེས་འཕོས་པས་སྐྱེ་བའོ། །དེའང་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་བླ་མ་(༡༨)རྣམས་ཀྱི་ཐུགས་རྗེ་ལས་དེ་ལྟར་འགྱུར་བ་ཡིན་ལ། བར་དོའང་གང་དུ་བསམ་སར་ཕྱིན་ནུས་པའི་རྫུ་འཕྲུལ་ཡོད་པའི་གནད་ཀྱིས་སོ། །ཁ་ཅིག་བེམས་རིག་བྲལ་མ་ཐག་སྐྱེ་བར་གསུངས་ལ། ཁ་ཅིག་འོད་གསལ་ནུབ་པ་དང་དུས་མཉམ་དུ་སྐྱེ་བར་གསུངས་ལ། ཁ་ཅིག་སྲིད་པའི་བར་དོ་ལ་ལམ་འཐོན་ནས་རྨི་ལམ་ལྟར་ཡད་ཡུད་ཞག་བདུན་ལ་སོགས་པར་གནས་པ་ལས། རྨི་ལམ་སད་པའི་ཚུལ་གྱིས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་རྫུས་ཏེ་སྐྱེ་བར་གསུངས་སོ། །དེ་དག་ནི་གོམས་ཤུགས་རབ་འབྲིང་ཐ་མའི་དབང་དུ་བྱས་པའོ། །གསེར་ཕྲེང་ལས། རང་གི་སྟེང་གི་ནམ་མཁར་སྤྲུལ་སྐུའི་ཞིང་ཁམས་བསམ་སྟེ། རིག་པ་སྙིང་ནང་ནས་ཨཿའི་རྣམ་པར་སྤྱི་གཙུག་ནས་འཕངས་པས་གཙོ་བོའི་ཐུགས་ཀར་འདྲེས་པ་ཇེ་མཐོར་སོང་ནས་མི་དམིགས་པར་མཉམ་པར་འཇོག་པར་གསུངས་ཏེ། སྦྱོང་བ་དང་འཕོ་བ་གཉིས་ཀ་དེ་ལྟར་བྱས་ཀྱང་ཤིན་ཏུ་ལེགས་སོ། །སྔ་མ་དང་གནད་གཅིག་པས་གང་མོས་དང་གང་བདེ་བཞིན་བྱའོ། །

གསུམ་པ་ནི། ཞིང་དེར་སྐྱེ་དུས་སྣང་ཚུལ་ནི། ཤར་ཕྱོགས་མངོན་པར་དགའ་བ་ཞེས་བྱ་བ། ས་གཞི་ཐམས་ཅད་ཤེལ་ལས་གྲུབ་ཅིང་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། མཚོ་དང་མཚེའུ་པདྨས་བརྒྱན་པས་གང་ཞིང་། ཟུར་བཞིར་རིན་པོ་ཆེའི་མཆོད་རྟེན་དྲིལ་བུ་གཡེར་ཁའི་དྲ་བས་འབྲེལ་བར་བརྒྱན་པ། ཆོས་འཆད་པའི་སེང་གེའི་ཁྲི་ལ་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་ལ་ཆོས་སྟོན་པའི་ཞབས་དྲུང་དུ་སྐྱེས་ནས། རྡོ་རྗེ་རིགས་ཀྱི་སྟོན་པའི་ཞལ་མཐོང་ནས་ཆོས་ཐོས་པ་ལ་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། སྐད་ཅིག་གིས་ལྷོ་ཕྱོགས་དཔལ་དང་ལྡན་པར་སྐྱེས་ནས། རིན་ཆེན་འབྱུང་ལྡན་འཁོར་རིན་ཆེན་རིགས་ཀྱིས་བསྐོར་བའི་ཞིང་ཁམས་གསེར་གྱི་ས་གཞི་ལས་གྲུབ་པ་དེར་སྔ་མ་ལྟ་བུར་དབང་ཐོབ་ནས། སྐད་ཅིག་གིས་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་སྔ་མ་ལྟ་བུ་ན། སྣང་བ་མཐའ་ཡས་པདྨ་རིགས་ཀྱི་འཁོར་ལ་ཆོས་སྟོན་པས་བྱང་ཆུབ་ཏུ་ལུང་བསྟན་ནས། སྐད་ཅིག་གིས་བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་མརྒད་ཏའི་རང་བཞིན། སྔ་མ་ལྟ་བུར་དོན་ཡོད་གྲུབ་པ་(༡༩)ལས་ཀྱི་རིགས་ཀྱི་འཁོར་ལ་ཆོས་སྟོན་པས་དབུགས་དབྱུང་སྟེ། སྟེང་གི་ནམ་མཁའ་མི་མཇེད་བརྩེགས་པར་ཁྲོ་བོའི་ཞིང་ཁམས་མཐོང་མ་ཐག་རང་སྣང་གདོད་མའི་སར་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས། དོན་གཉིས་ལྷུན་གྱིས་གྲུབ་པའི་ངང་ངམ་ཤུགས་ཀྱིས་འགྲོ་དོན་མཛད་པའོ། །ཞིང་དེ་དག་ཏུ་ལོ་བརྒྱ་ཉི་ཤུ་རྩ་ལྔ་ལྔ་གནས་ཏེ། ལྔ་བརྒྱ་ནས་གྲོལ་བར་གསུངས་སོ། །འདི་དག་གི་སྣང་ཚུལ་རྒྱས་པར་ནི། བཀོད་པ་ཆེན་པོ་དང་། རིག་པ་རང་ཤར་དང་། ཉི་ཟླ་ཁ་སྦྱོར་གྱི་འགྲེལ་པར་གསུངས་པ་ལས་ཤེས་པར་བྱའོ། །

དེ་ལྟར་མངོན་སུམ་ཡང་ཟབ་སྙིང་པོའི་དོན། །ཉམས་ལེན་གནད་བསྡུས་ཁྲིད་ཀྱི་ཡི་གེ་འདིས། །མ་ལུས་འགྲོ་ཀུན་གདོད་མའི་སར་གྲོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །རྒྱུད་དང་མན་ངག་ཡི་གེ་གྲངས་མང་ལས། །ཚིག་ཉུང་དོན་འདྲིལ་ཉམས་སུ་བླང་བདེ་བ། །ཤིན་ཏུ་གསལ་བར་བྱས་ཏེ་བཀོད་པ་འདིས། །ཕྱི་རབས་དོན་འགྱུར་སྙམ་ནས་འབད་པ་ཡིན། །དེང་སང་སྐྱེ་བོ་གདུལ་དཀའ་བསོད་ནམས་དམན། །ཟབ་མོའི་གདམས་པས་ཕན་པ་ཉུང་ན་ཡང་། །སྦྱངས་པའི་འཕྲོ་ཅན་འགའ་ཞིག་འབྱུང་སྲིད་པས། །དེ་དག་རྟོགས་པར་སླ་ཕྱིར་བཤད་པ་ཡིན། །བདག་བློ་ཞི་བའི་ནགས་ནང་དེར་དགའ་བས། །སྨན་ཤིང་མེ་ཏོག་ཆུ་གཙང་བྲག་རིའི་ངོས། །གངས་རི་ཟླ་འོད་ཅན་དེར་ཕྱིན་གྱུར་ནས། །གཅིག་པུར་ཟབ་མོ་འདི་ཉིད་བསྒོམ་པར་ཤོག །དགའ་ཚལ་ལྷ་ཡི་སྐྱེད་མོས་ཆེས་ལྷག་པའི། །དྲང་སྲོང་རྣམས་ཀྱི་བསྟི་གནས་བཟང་པོ་དེར། །ཚེ་གང་ཐར་པའི་བྱང་ཆུབ་ལ་རེག་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ཅེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། གངས་རི་ཐོད་དཀར་གྱི་མགུལ་དཔལ་ལྷ་ལས་བབས་པའི་རི་ངོགས་སུ་ལེགས་པར་བཀོད་པ་རྫོགས་སོ།། །།

དཔལ་ལྡན་སྔགས་ཀྱི་བདག་མོ་དང་། གཟའི་རྒྱལ་པོ་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག ཡི་གེ་ལ་འདྲ་མིན་འཆོས་པ་བྱུང་ན་ཆད་པས་ཆོད་ཅིག །སྣོད་མིན་ལ་མ་བསྟན་ཅིག །སྐལ་ལྡན་ལ་བཀའ་འདི་ཁྲིད་(༢༠)ལ་བྱིན་ཅིག །ས་མ་ཡཿ ས་མ་ཡཿ།། །།

ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད།

༄༅། །ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་བཞུགས་སོ། །

༄༅། །ཨེ་ཝཾ། གདོད་ནས་རབ་ཞི་རྙོག་པ་ཀུན་དང་བྲལ། །ངང་གིས་མི་གཡོ་དྭངས་ལ་རྒྱ་ཆེ་བ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་ཏེ། །ཁྲེགས་ཆོད་དོན་ཁྲིད་ཡེ་བབས་སོར་བཞག་བྲི། །

དེ་ལ་གསུམ་སྟེ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ། དངོས་གཞི་རིག་པ་རང་ངོ་སྤྲད་པ། རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྐྱེ་འགག་གནས་གསུམ་ལ་བརྟག་པ། གཅིག་དང་ཐ་དད་པ་བརྟག་པ། རང་ངོ་ཅེར་མཐོང་ལ་བརྟག་པའོ། །

དང་པོ་ལའང་གཉིས་ལས། ཡུལ་ལ་བརྟག་པ་ནི། དྲན་རིག་དགག་སྒྲུབ་ལྟར་འཆར་བའི་སེམས་ཉིད་འདི། ཝལ་གྱིས་ཤར་བའམ། སྐྱེ་དུས་ཀྱི་ཚེ་ན། ཕྱི་སྣང་བའི་ཡུལ། ས་ཆུ་མེ་རླུང་ལ་སོགས་པ་ལ་འཕྲོ་དུས་དེ་ནས་བྱུང་ངམ། ནང་རང་གི་ལུས་ལས་བྱུང་། དེ་གཉིས་ཀའང་ཚན་པར་བློས་ཕྱེས་ལ། ཐ་མ་རྡུལ་ཕྲན་ཆ་མེད་དུ་སོང་དུས་ག་ལས་བྱུང་། དེ་བཞིན་དུ་ད་ལྟ་དྲན་རིག་འཆར་དུས་གང་ལ་གནས། ཐ་མ་ལ་ཡལ་ནས་འགགས་དུས་ཕྱི་ནང་གང་དུ་སོང་། འདིའོ་སྙམ་ན་དེའང་རྡུལ་ཕྲན་དུ་ཕྱེ་བས་དངོས་པོ་མེད་པའི་ཚེ་གང་ལས་བྱུང་ཞིང་། གནས་པ་དང་འགགས་པར་འདུག །དེ་ལྟར་དཔྱད་པས་ཡུལ་དེ་ཡང་མེད་སྣང་ཆུ་ཟླ་ཙམ་ལས་དོན་ལ་དངོས་པོ་མེད་པའི་ཚེ་གང་ལས་བྱུང་ཞིང་གནས་པ་དང་། འགག་པའི་ཡུལ་མ་ཡིན་པས་སེམས་ཀྱི་ཡུལ་ལས་བྱུང་བ་མེད་པར་ཤེས་པས་གཟུང་བའི་རྣམ་རྟོག་ནམ་མཁའ་ལྟར་དག་ཅིང་། ཡེ་སྟོང་དངོས་པོ་མེད་པའི་ཆོས་ཉིད་དུ་རྟོགས་པས་ཡུལ་སྐྱེ་མེད་དུ་གྲོལ་ལོ། །

དེ་ནས་ཡུལ་ཅན་སེམས་ལ་བརྟག་པ་ནི། དྲན་རིག་ཏུ་འཆར་དུས་ཡུལ་ལས་མ་བྱུང་ཡང་སེམས་ལས་སེམས་བྱུང་ཞིང་། སེམས་ལ་གནས། སེམས་སུ་འགགས་ཤིང་ཐིམ་མོ་སྙམ་ན། སེམས་ཚན་གཉིས་སྐད་ཅིག་མ་གཅིག་ལ་ཡོད་པའི་སྐྱོན་དུ་འགྱུར་ཏེ་སྐྱེས་པའི་སེམས་དང་། སྐྱེ་མཁན་གྱི་སེམས་གཉིས་སུ་བྱུང་ས་བྱུང་མཁན། འགག་སའམ་ཐིམ་ས་དང་། ཐིམ་མཁན་གཉིས་གཉིས་པའི་སྐྱོན་ཡོད་ཅིང་། གཅིག་ཡིན་(༢༡)ན་ཚན་པ་གཉིས་དུས་གཅིག་ལ་འབྱུང་མི་སྲིད་དེ། ངོ་བོ་གཅིག་ལ་རྫས་ཐ་དད་དུ་དུས་གཅིག་ལ་འགལ་བའི་ཕྱིར་རོ། །གལ་ཏེ་སེམས་ལས་སེམས་བྱུང་ངམ་སྙམ་ན། སེམས་འགག་པ་ལས་བྱུང་ངམ། མ་འགག་པ་ལས་བྱུང་། དང་པོ་ལྟར་ན་དངོས་པོ་མེད་པ་ལས་བྱུང་བར་འགྱུར་ཏེ། འགག་པ་འདས་པ་དངོས་མེད་ཡིན་པའི་ཕྱིར་རོ་འདོད་ན་སེམས་རྒྱུ་མེད་པ་ལས་འབྱུང་བར་འགྱུར་ཏེ། དེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལྟར་ན། སེམས་རྟག་པར་འགྱུར་ཏེ། རང་རྒྱུ་མ་འགགས་པ་ལས་བྱུང་བའི་ཕྱིར་རོ། །འབྲས་སུ་ཡོད་དུས་ན་རྒྱུ་མ་འགགས་པར་ཡོད་པའི་ཕྱིར་རོ། །གཞན་ཡང་སེམས་སྔ་མ་ལས་བྱུང་ངམ་སྙམ་ན། སྔ་མ་དེ་དང་། ད་ལྟར་གྱི་སེམས་གཉིས་འཕྲད་དམ་མ་འཕྲད། འཕྲད་ན་དེ་དུས་ཀྱི་འཕྲད་པའི་སྐད་ཅིག་གི་སེམས་དེ། ཡང་ན་འདས་པར་འགྱུར་ཏེ། སྔ་མ་དང་ངོ་བོ་གཅིག་ཏུ་འཕྲད་པའི་སེམས་ཡིན་པའི་ཕྱིར་རོ། །ཡང་ན་སེམས་སྔ་མ་དེ་མ་འགགས་པར་དེ་དུས་ན་ཡོད་པར་འགྱུར་ཏེ། ད་ལྟར་གྱི་སྐད་ཅིག་དང་པོ་དེ་དང་ངོ་བོ་གཅིག་ཏུ་འཕྲད་པའི་སེམས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ལ་སེམས་གནས་ནའང་། ད་ལྟར་གྱི་སེམས་སྐད་ཅིག་མ་ལ་གནས་ས་གནས་མཁན་ཚན་གཉིས་པའི་སྐྱོན་དང་། ཐིམ་སྙམ་པའམ། འགག་པའི་སེམས་གཅིག །འགག་མཁན་གྱི་སེམས་གཅིག །དུས་གཅིག་ལ་ཚན་གཉིས་སུ་འགྱུར་བའི་སྐྱོན་ཡོད་དོ། །གལ་ཏེ་སེམས་ཡོད་ཅེས་ཐེར་ཟུག་པ་ཁྱོད་ཀྱི་སེམས་དེ་ལ་ངོ་བོ་ཅི་འདུག །གཟུགས་དང་ཁ་དོག་ཅི་འདུག །ལུས་ཀྱི་ཕྱི་ནང་བར་གསུམ་གང་ན་འདུག །དེ་རྣམས་གང་དུའང་མི་འདུག་ན་སེམས་ཡོད་པར་གང་གིས་ཤེས། སེམས་དེ་ན་རེ། ང་སེམས་ཡིན་ཟེར་རམ། སེམས་ཤར་དུས་དེ་ལ་སེམས་ཡིན་ཟེར་བའི་ཡི་གེར་བྲིས་འདུག་གམ། ཁྱོད་རང་སྙམ་ན་དྲན་རིག་ཝལ་ལེ་བ་འདི་སེམས་ཡིན་སྙམ་དུ་བཏགས་པ་ཡིན། དེ་སྐད་ཟེར་བ་དང་ཡི་གེ་བྲིས་པ་མི་འདུག །ང་རང་སྙམ་ན་དེ་སྙམ་ཞེ་ན། ཁྱོད་ཀྱིས་བཏགས་པས་ཡིན་པར་འགྲོ་ན། རི་འདི་མེའི་ཕུང་པོར་ཡོད་པ་ཡིན་སྙམ་དུ་ཐོང་དང་། རང་རེ་གཉིས་ཀྱིས་མཐོང་སྣང་དུ་མེར་ཨེ་འགྲོ་བལྟའོ། །དེར་མེར་མི་འགྲོ་སྟེ་མེ་ཡིན་ནོ་སྙམ་ན་མེ་མ་ཡིན་པས་སོ། །དྲན་རིག་(༢༢)ཅི་ཤར་བ་ཡང་དོན་ལ་ཤར་བ་དང་། ཤར་མཁན་མེད་པས། སེམས་ཞེས་ཡིན་པར་མི་འགྲོ་སྟེ། ཡེ་ནས་གང་དུའང་མ་ཕྱེ་བ་ལ་བར་སྐབས་སུ་བརྟགས་ཤིང་ཞེན་ཆེས་པའི་ཕྱིར་རོ། །དེ་ལྟར་སེམས་ལ་དཔྱད་དུས་བརྗོད་མི་ཤེས་པར་སེང་ངེ་སོང་བ་ནི། སེམས་ཉིད་བརྗོད་དུ་མེད་པའི་ངོ་བོ་མཐོང་བ་ཞེས་བྱའོ།། །།

གཉིས་པ་གཅིག་དང་ཐ་དད་པ་ལ་བརྟག་པ་ནི། སེམས་ལ་དགའ་ཡལ་བྱུང་དུས་དགའ་བའི་སེམས་དེ་དང་། གཉེན་གྱི་རྣམ་པར་དགའ་བའི་རྐྱེན་ཡིད་ལ་ཤར་བ་གཉིས་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་གཅིག་ས་དང་གཅིག་མཁན་གཉིས་སུ་མེད་པས་གཅིག་ལ་མི་འཐད་པ་དང་། གཉེན་གྱི་རྣམ་པར་ཤར་བ་ལས་དགའ་བའི་བློ་སྐྱེས་པས། སྔ་ཕྱི་གཉིས་ངོ་བོ་གཅིག་པ་ཡང་མི་འཐད་དེ། འདས་པ་དང་ད་ལྟ་དུས་གཅིག་ལ་འགལ་བའི་ཕྱིར་དང་། བློ་རིམ་ཡང་གཉེན་དང་དགའ་བ་རྣམས་འགལ་བའི་ཕྱིར་རོ། །ཐ་དད་ན་སེམས་གཅིག་གི་རང་དུས་དེ་ན་གཉེན་གྱི་སེམས་འདིའོ། །དགའ་བའི་སེམས་དེ་འདིའོ། །ཞེས་པ་ཚན་གཉིས་སུ་གྲུབ་པ་འདུག་གམ། དོན་ལ་གཉེན་དུ་ཤར་བ་དང་། དགའ་བར་ཤར་བ་ཁྱོད་རང་གི་བློ་རྟོག་ལས་ལོགས་སུ་གྲུབ་པ་འདུག་གམ། དུས་དང་རྣམ་པ་ཐ་དད་སྙམ་ན། ཐ་དད་པར་གང་གིས་ཤེས། ཁོས་ཟེར་རམ། ཡི་གེ་འདུག་གམ། དེ་སྙམ་དུ་བཏགས་པ་ཡིན། བཏགས་སོ་སྙམ་ན་བཏགས་པས་དེར་འགྲོ་ན། གཅིག་ཏུ་ཐོགས་དང་དགའ་བ་ཉིད་མི་དགའ་བར་ཐོགས་དང་། དེར་འགྲོའམ་བལྟའོ། །འགྲོའོ་ཞེ་ན་གཅིག་ཀྱང་ཡིན་ཐ་དད་ཀྱང་ཡིན་པ་དུས་གཅིག་ལ་འགལ་བས་མི་སྲིད་པ་ཡིན་ནོ། །དེ་བཞིན་དུ་མི་དགའ་བ་ལ་སོགས་པའི་རྐྱེན་བྱུང་དུས། དགྲའམ་གཏམ་མི་སྙན་པ་ལྟ་བུའི་རྣམ་པ་དང་། རང་གི་སེམས་གཉིས་སུ་རང་གིས་བློས་སོ་སོར་བཟུང་ནས། གཅིག་པུར་བསྡད་ཀྱང་ཁོ་མ་འཐད། ང་ལ་འདི་ཟེར་སྙམ། དུས་གཉིས་ཐ་དད་བརྟགས་པས། རང་གི་རྟོག་བཟོ་ཙམ་ལས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པར་ཤེས་པས་དགག་སྒྲུབ་ཐམས་ཅད་ལས་གྲོལ་ལོ། །དེ་བཞིན་དུ་ཕྱི་ཡུལ་ལ་འཕྲོ་དུས་ན་ཡུལ་དེའི་རྣམ་པ་དང་། འཆར་མཁན་གྱི་རིག་པ་གཉིས་(༢༣)གཅིག་གམ་ཐ་དད། གཅིག་ན་ཕྱི་ཡུལ་ལ་ཁ་དོག་དབྱིབས་མཚན་དུ་སྣང་བ་ལྟར། སེམས་ཀྱང་དེ་ལྟར་སྣང་བའི་སྐྱོན་ཡོད་དོ། །སྣང་ངོ་ཞེ་ན་སེམས་ལ་ཁ་དོག་ངོས་གཟུང་མེད་པར་མདོ་རྒྱུད་ལས་གསུངས་ཤིང་། བརྟགས་དུས་མི་རྙེད་པས་གསལ་ལོ། །ཐ་དད་ན་ཡུལ་རྡུལ་ཕྲན་ཆ་མེད་དུ་ཕྱེ། སེམས་འདས་མ་འོངས་ད་ལྟར་ཕྱི་ནང་བར་གསུམ་དུ་ཕྱེ་བས་སོ་སོར་མ་གྲུབ་པའི་ཚེ་ཐ་དད་པའི་ངོ་བོར་མེད་དོ། །དོན་ལ་དེ་ཡིན་ཡང་ཀུན་རྫོབ་ཏུ་ཐ་དད་ཟེར་ན། དོན་ལ་ཡིན་པ་ཉིད་ཀྱིས་དུས་ཐམས་ཅད་དུ་གནས་ལུགས་དེ་ལྟར་ཡིན་པས་དོན་འགྲུབ། དྷ་དུ་ར་ཟོས་པས་ཆོ་འཕྲུལ་སྣང་དུས་ན་མ་གྲུབ་པ་དང་འདྲའོ། །ཡང་དྲན་བསམ་འཕྲོ་དུས་ན་གཅིག་ཡིན་ནམ་ཐ་དད། གཅིག་ན་སྣ་ཚོགས་ཡིན་པ་དང་འགལ་ལོ། །ཐ་དད་ན་དྲན་པ་མང་པོ་དུས་གཅིག་པ་མ་ཡིན་ཏེ་སྔ་ཕྱིར་འཆར་བས་སྐད་ཅིག་མ་གཅིག་པ་རྣམས་ཀྱི་ཚེ་ཚན་པ་དུ་མ་པའོ་ཞེས་བློའི་སྟེང་ན་ཐ་དད་དུ་མི་འདུག་པས་གསལ་ལོ། །བློའམ་སེམས་སུ་གཅིག་པ་ལ། རྣམ་པ་ཐ་དད་དོ་ཞེ་ནའང་སྐྱོན་ཡོད་དེ། སེམས་གཅིག་པོ་དེ་ཉིད་དཔྱད་ན་ངོ་བོ་མེད་པས་གཅིག་པར་མ་གྲུབ་ལ། དེ་མ་གྲུབ་པས་དེ་ལ་ཤར་བའི་རྣམ་པ་ཐ་དད་དེ་བས་ཀྱང་མ་གྲུབ་པ་ཡིན་ནོ། །དེ་ལྟར་དངོས་སུ་དཔྱད་པས་སེམས་དྲན་བསམ་ཝལ་ཝོར་འདིར་འདུག་པ་ལ། དྲན་བསམ་འཆར་མ་མྱོངས། འཆར་ས་མི་འདུག །འཆར་མི་སྲིད་པ་ལ། སྔར་དོན་མེད་པའི་བློ་རྟོག་འཁྲུལ་པས་སེམས་ཡོད་དོ་སྙམ་ནས། ལྟ་སྒོམ་སྤྱོད་པས་རྩོལ་སྒྲུབ་བྱས་པས་འཁྲུལ་པར་ཁོ་ཐག་ཆོད་ནས་ཕུ་ཐག་འཁྲུས་པ་ཞེས་བྱའོ། །དེའང་མདོ་རྒྱུད་མན་ངག་ཐམས་ཅད་ནས་སེམས་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུ་ཡིན་གསུངས་ཀྱང་། ཧ་རེར་ལོང་དུ་སོང་བས་མ་མཐོང་བ་རྣམས། དུས་འདིར་མིག་ཕྱེ་བ་བཞིན་གསལ་སངས་མངོན་སུམ་དུ་མཐོང་བས། སེམས་ཀྱི་གནས་ལུགས་རྟོགས་པ་ཞེས་བྱའོ།། །།

གསུམ་པ་རང་ངོ་ཅེར་མཐོང་ལ་བརྟག་པ་ནི། ཡེ་གྲོལ་ཚངས་པའི་དབང་དང་། སྤྱི་བླུགས་ཚངས་པའི་དབང་གཉིས་ཀྱིས་བསྟན་ཏེ། དེའང་ཕྱི་སྣང་བའི་ཡུལ་ལྔ་རང་གསལ་མིང་མེད་དུ་ལ་བཟླ་བ་ནི། མེ་ལོང་དུ་ཤར་བའི་གཟུགས་བརྙན་བསྟན་ལ། དང་པོ་གང་ནས་བྱུང་། ད་ལྟ་ག་ན་གནས། ཐ་མ་གང་དུ་འགགས། མེ་ལོང་གི་ངོས་དང་དེའི་གཟུགས་བརྙན་གཉིས་གཅིག་གམ་ཐ་དད་བརྟགས་པས། གཟུགས་བརྙན་དེ་དང་པོ་གང་ནས་ཀྱང་མ་བྱུང་སྟེ་ངོ་བོ་མེད། ད་ལྟ་སྣང་སྣང་འདྲ་ཡང་གང་དུ་ཡང་མི་གནས་ཏེ། རང་བཞིན་མེད། ཐ་མ་གར་ཡང་མི་འགྲོ་སྟེ། བཞིན་མེ་ལོང་དུ་མ་འོངས་པས། གཟུགས་མ་གྲུབ་པས་རྣམ་པ་ལ་ཡལ་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྣང་བ་ཡུལ་གྱི་གཟུགས། དྲན་རིག་སེམས་ཀྱི་ངོ་བོ་དང་བཅས་པ་ཡེ་ནས་ཡོད་མ་མྱོངས་པས། སྣང་སྣང་ཡོད་ཡོད་གྲུབ་གྲུབ་འདྲ་ཡང་། ཡེ་སྟོང་རྩ་བྲལ་ཆེན་པོར་གཏན་ལ་ཕེབས་སོ། །དེ་བཞིན་དུ་སྒྲ་གྲགས་དུས་ནས་ཕྱི་ནང་བར་གསུམ་ན་མེད་པ་དང་། དྲི་དང་རོ་དང་རེག་བྱར་སྣང་དུས་ནས། སྣང་བའི་ཡུལ་དང་དེར་འཛིན་གྱི་སེམས་གཉིས་ཀ་ཕྱི་ནང་བར་གསུམ་ན་མེད་ལ་སྣང་དུས་ངོ་བོ་མེད་པས་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མི་གནས། གར་ཡང་མི་འགྲོ་བའི་རང་(༢༤)བཞིན་དུ་ཤེས་པར་ཐག་གཅད་དོ། །དེ་ནི་ཡེ་གྲོལ་ངང་གནས་ཆེན་པོའི་དབང་ངོ་། །

དེ་ནས་སྤྱི་བླུགས་སུ་སེམས་མེད་པའི་ཡེ་ཤེས་རང་བབས་སུ་བསྟན་པ་ལ་གསུམ་ལས། སྣང་བ་ལ་བརྟག་པ་ནི། རི་མཐོན་པོའི་རྩེར་ཕྱིན་ལ། ཕྱོགས་བཞིར་ཅེར་ཅེར་བལྟར་བཅུག་ལ་གང་ཡིན། ལ་འུར་ཤོད་ཅིག་ལ་འུར་ཤོད་ཅིག་བྱས་དུས། ཡུལ་སྣང་ལ་འདི་ཡིན་དུ་མིང་མ་ཐོགས་པའི་རིག་པ་སལ་ལེ་བ་ཞིག་འབྱུང་སྟེ། འདི་དང་འདིའོ་ཞེས་པའི་སེམས་འགགས་ལ། ཡེ་ཤེས་ཀྱི་ཡུལ་རིག་པ་ཞེས་བྱའོ། །ཡང་ན་ཁ་སྣའི་རླུང་བསྡམས་ལ། ཕྱིའི་ཡུལ་ལ་ཅེར་རེར་བལྟས་པས། བུ་ཆུང་གིས་མཐོང་བ་ལྟ་བུར། ཡུལ་སྣང་ལ་མིང་དོན་དང་བྲལ་བའི་རིག་པ་བཀྲ་ཡལ་ལེ་བ་ལ་འཛིན་པ་མེད་པ་འབྱུང་སྟེ། དེ་དུས་རླུང་སྙིང་གར་ཐིམ་པས་གདངས་རང་སོར་གནས་ཏེ། སེམས་འགགས་ལ་ཡེ་ཤེས་གསལ་བའི་དགོངས་པའོ། །

རིག་པ་ལ་བརྟག་པ་ནི། རང་སེམས། སེམས་ཡུལ། ཡུལ་སྟོང་། ཨ་འཐས། བཅིངས་པ་གྲོལ། ཕྱམ་ཕྱམ་ཅི་ལ་ཟེར། ཞེས་འབྲེལ་མེད་ཅི་ཐོན་དུ་བགྲངས་ཏེ། ལ་འུར་ཤོད་(༢༥)བྱས་པས། སྒྲ་སྤྱི་ལས་ངོས་གཟུང་གང་ཡང་མེད་པར་ཧད་དེ་ཕྱམ་མེ་སོང་བ་ནི། འབྲེལ་མེད་ཡེ་གྲོལ་གྱི་དགོངས་པའོ། །ཡང་ན། ང་དང་ཁྱོད་གཉིས་ཚེ་སྔ་མ་གར་སྐྱེས། ཕྱི་མ་གང་དུ་སྐྱེ། ལ་འུར་ཤུགས་རྡོལ་ལ་ཤོད་ཅིག་བྱས་དུས། ཅི་ཟེར་ཕྱམ་བརྡལ་ནས་ཧད་དེ་ཕྱམ་མེ་བ་ལ་ལུས་པ་ནི། སེམས་འགགས་ལ་རིག་པ་རང་གསལ་གྱི་དགོངས་པར་ཐག་གཅད་དོ། །

གསུམ་པ་སྣང་སེམས་གཉིས་མེད་ལ་བརྟག་པ་ནི། བླ་མས་སློབ་མ་ལ་ས་ཚོད་ཅིག་བསྟན་ནས། ཕ་གིར་སོང་ཞིག་བྱས་ལ། ཕྱེད་ཙམ་སླེབས་དུས་ད་ཚུར་ལ་ལོག་ལ་ཤོག་ཅིག་ཅེས་པའི་བར་དེར་འགྲོ་འདུག་དང་སྣང་ཡུལ་མ་འགགས་ཀྱང་། མིང་དོན་དུ་མའི་འཛིན་པ་སེམས་ཀྱི་རྟོག་པ་འགགས་ཏེ། ས་ལེར་རིག་ལ་ཕྱམ་མེར་ཤར་བའི་རང་བཞིན་གྱི་རིག་པའི་ཡེ་ཤེས་སུ་ཐག་གཅད་དོ། །དེ་ལྟར་བརྡ་དང་ཐབས་དུ་མས་གཟུང་འཛིན་དང་བྲལ་བའི་རིག་པ་ཡེ་བབས་རང་གནས་ཆེན་པོའི་དགོངས་པ་རང་ཆས་ལྷུན་གྲུབ་ཆེན་པོར་དུས་ཐམས་ཅད་དུ་ངོས་གཟུང་བ་ནི། སེམས་ལས་འདས་པའི་ཡེ་ཤེས་ངོས་གཟུང་བའོ། །

དོན་གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ་གཉིས་ལས། དགོངས་པ་རང་གནས་སུ་སྤྲད་པ་ནི། ལུས་གནད་བསྟུན་ནས་དར་ཅིག་ཙན་གྱིས་གློད་པའི་ངང་དེར་ངོ་སྤྲོད་པ་ནི། ཀྱེ་སྐལ་ལྡན་ད་ལྟའི་ཤེས་པ་འཕྲོ་འདུ་དང་བྲལ་ལ་གདངས་མ་འགགས་པར། ཧད་དེ་ཕྱམ་མེ་བ་འདི་ཉིད་ཀ་དག་ཆོས་སྐུའི་དགོངས་པ་སྟེ། ཕྱི་དང་ནང་མེད་པ། ལྟ་སྒོམ་སྤྱོད་འབྲས་མེད་པ། ཡོད་མེད་ཡིན་མིན་མེད་པ། ཚིག་དང་ཐ་སྙད་མེད་པ། རང་བབས་སུ་ཕྱམ་མེ། ངང་དྭངས་སུ་ལྷོད་དེ། ཡེ་གྲོལ་དུ་ཝལ་ལེ། འཛིན་མེད་དུ་ཤིག་གེ། གསལ་སྟོང་དུ་སིང་ངེ༌། བདེན་མེད་དུ་བུན་ནེ། ངོ་བོ་ངོས་གཟུང་མེད་པའི་ངང་ལ་རྩོལ་སྒྲུབ་དང་བདེན་ཞེན་མེད་པར་གནས་པ་འདི་ཉིད། རིག་པ་ཡེ་གྲོལ་ཆོས་སྐུ་ལྷུན་གྲུབ་ཆེན་པོར་ངོས་གཟུང་ལ་རྟོག་མེད་དུ་བུན་ནེ། སྒོམ་མེད་དུ་ཁྲིས་སེ། རྩོལ་མེད་དུ་སེང་ངེ༌། རྗེས་མེད་དུ་ཝལ་ལེ། གང་ལ་ཡང་འཛིན་ཞེན་མེད་པ་ནམ་མཁའ་ལྟ་བུའི་ངང་དུ་ཞོག་ཅིག །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་ལྟར་དུ་ཞོག །(༢༦)རེ་དོགས་བྲལ་བ་ལས་ཟིན་ལྟ་བུར་ཞོག །ཁོང་ཡངས་བློ་བདེ་རྒད་པོ་ལྟ་བུར་ཞོག །མ་བཅོས་རང་སར་བཞག་པའི་ཆོས་ཉིད་ལ། །མི་གནས་གདོད་མའི་ཆོས་སྐུར་ལྷུན་གྱིས་གྲུབ། །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །ཅེས་གདབ་པོ།། །།

དྲན་རིག་འཆར་ནུབ་མེད་པར་ངོ་སྤྲད་པ་ནི། ཡང་སྐལ་ལྡན་དེ་ལྟར་བཞག་པའི་ངང་ལས་འགྱུ་དྲན་སྣ་ཚོགས་སུ་འཆར་འཆར་འདྲ་ཡང་། ཤར་ས་དང་ཤར་མཁན་མེད་པས་ཤར་བ་དང་ཡལ་བ་མེད་པར་ངོས་ཟུང་ཞིག །ཇི་ལྟར་ཤར་དུས་ཉིད་ལ་ལྟོས་དང་། ཕྱི་ནང་ངོ་བོ་ངོས་གཟུང་མེད་པར་ཤར་བ་དང་གྲོལ་བ་ཞེས་བྱ་བ་ཡེ་ནས་མེད་པར་ལ་ཟློས་ཤིག །ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །ཤར་དང་མ་ཤར་མེད་པར་ཐག་ཆོད་པས། །གྲོལ་དང་མ་གྲོལ་མེད་པར་ཡིད་ཆེས་སོ། །དོན་མེད་སེམས་ལ་གཉེན་པོས་མ་འཆོས་པར། །སྐྱེ་མེད་ངང་དེར་རང་ཡན་ཆེན་པོར་ཞོག །བལྟས་པས་མི་ལང་བདས་ཀྱང་ཟིན་པ་མེད། །ཡོད་མ་མྱོངས་ཏེ་ཡོད་པར་མ་འཛིན་པར། །གང་ལྟར་ཤར་ཡང་རང་ཤར་ལྷུག་པར་ཞོག །ཕན་གནོད་མེད་པའི་སེམས་ལ་སེམས་མཐུན་ཀྱང་། །རྟོག་པའི་འཁོར་ལོ་ནམ་ཡང་ཞིག་དུས་མེད། །རང་བཞག་སྐད་ཅིག་ངང་དེར་ཆོས་ཀྱི་སྐུ། །སེམས་འགགས་ཡེ་ཤེས་རིག་པའི་གནས་ལུགས་ཡིན། །ཇི་ལྟར་དྲན་བསམ་འཕྲོ་བར་གང་སྣང་ཡང་། །སྣང་དུས་ཉིད་ནས་ཡོད་མ་མྱོངས་པས་ན། །འཛིན་ཞེན་མེད་པའི་ལུང་པ་སྟོང་པ་རུ། །རང་བབས་གར་དགར་ཕྱམ་ཅིག་ལ་སྐྱུར་ཅིག །གཟེག་དང་གཟེ་རེས་མ་བསླད་པའི་རིག་པ། །ངང་དྭངས་འགགས་མེད་ཡེ་གྲོལ་ལ་ལྟོས་དང་། །བལྟས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་བྲལ་བའི་སྟོང་གསལ་གནས། །རང་སོར་བཞག་པས་ངོས་གཟུང་མེད། །ཐ་མལ་ཤེས་པ་ཆོས་ཉིད་ངང་། །ཡེ་བབས་ལྷུག་པར་གློད་ལ་ཞོག །རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །གང་ཤར་བ་སྣང་དུས་རང་བབས་སུ་ལྷོད་ཀྱིས་ཐོང་ལ། ངང་དྭངས་རིག་པའི་ངོ་བོ་ལ་མ་ཡེངས་ཙམ་དུ་ངོས་ཟུང་དང་། ཤར་གནས་གང་ཡང་ཡོད་མ་མྱོངས་པས་ཕན་གནོད་ཀྱི་ཡུལ་ལས་འདས་པ་ཡིན་ནོ། །དེའི་ངང་དེར་གློད་པ་ཙམ་གྱིས་རྣམ་རྟོག་མ་སྤངས་དབྱིངས་སུ་དག་ནས། དགོངས་པ་ཡེ་བབས་ཆོས་ཉིད་ཆེན་པོར་(༢༧)གནས་ཏེ། སེམས་ཀྱིས་མ་བསླད་པའི་རིག་པ། སལ་ལེ་བ་ལ་རྟོག་པ་མེད་པ། རང་བབས་ཀྱི་ཤེས་པ་བཅོས་བསླད་མེད་པ་འདི་ལ་ལྟོས་དང་། སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ལྟར་ཕྱོགས་བྲལ་རྒྱ་ཡན་གསལ་སྟོང་རིག་པ་རྗེན་པའི་ངོ་བོ་ཤར་རམ། གནས་སམ། ཇི་ལྟ་བུའི་དུས་ནའང་རང་བབས་ཡེ་གྲོལ་འགྱུར་མེད་ཕྱམ་མེ་ཕྱལ་ལེ། བསམ་བརྗོད་འདས་པའི་རང་བཞིན་དུ་ངོ་སྤྲད་པས་རང་ངོ་ཤེས་པར་གྱིས་ཤིག །དེ་དག་ཀྱང་ངང་ལ་གནས་པ། དྲན་གཞི་ཟད་པ། འབད་རྩོལ་མེད་པ། རེ་དོགས་གྲོལ་བ། ཡངས་དོག་མེད་པ། རིགས་ལ་མི་འཛིན་པ། མ་ཡེངས་ལ་རྟོག་པས་མ་བསླད་པའི་རང་བཞིན་དུ་ཉམས་སུ་བླང་བར་བྱའོ། །ཞེས་ཐེབས་པར་གདབ་པོ།། །།

དོན་གསུམ་པ་རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་བསྟན་པ་ལ་གཉིས་ལས། མཉམ་གཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་པའི་འཁྲིས་མི་གདགས་པར་རང་གསལ་རྒྱ་ཡན་ལྷུག་པར་གློད་པའོ། །

དེའང་མིག་གཟུགས། རྣ་བ་སྒྲ། སྣ་དྲི། ལྕེ་རོ། ལུས་རེག་བྱ། ཡིད་དགག་སྒྲུབ་ཀྱི་རྟོག་ཚོགས་ཆོས་སུ་སྣང་བ་དྲུག་ལ་ཡུལ་མི་དགག་པར་ཤེས་པ་གློད་ལ། རིག་པའི་ངང་ཤེས་པ། རྗེས་ཕྱིར་མ་འབྲངས་པར་གསལ་དྭངས་ཕྱེད་པ། རེ་དོགས་དང་བཅོས་བསླད་མེད་པའི་རྣམ་པས་ཉམས་སུ་བླངས་པས། སྣང་བའི་ཡུལ་མ་སྤངས་རང་གྲོལ། འཛིན་པའི་སེམས་མ་སྤངས་རང་གྲོལ། སྣང་སེམས་གཉིས་མེད་དུ་དག་པའི་མིག་གིས། ལྷའི་སྤྱན་སྒྲིབ་པ་མེད་དེ། རྩིག་པ་དང་། ར་བ་དང་། རི་ལ་སོགས་པས་ཆོད་པའི་ཕ་རོལ་ཟང་ཐལ་དུ་མཐོང་བ་ལ་སོགས་པ་དང་། རྣ་བས་ལྷའི་སྐད་དང་། ཀླུ་ལ་སོགས་པའི་སྒྲ་སྐད་ཆེ་ཆུང་ཐོས་པ་དང་། སྣས་མི་ལས་འདས་པའི་དྲི་དག་པ་ཚོར་བ་དང་། ལྕེས་བསམ་གཏན་གྱི་རོ་བརྒྱ་ལ་སྤྱོད་པས་ཟས་མི་དགོས་པ་དང་། ལུས་ཀྱིས་བདེ་གསལ་ཡེ་ཤེས་ཀྱི་དྲོད་ཕེབས་པ་དང་། ཡིད་ཀྱིས་རང་གཞན་གྱི་ཚེ་རབས་དུ་མ་དྲན་ཞིང་། མངོན་པར་ཤེས་པས་དབང་བསྒྱུར་ཏེ། ཟག་པ་ཟད་པ་ལ་སྤྱོད་པ་ཡིན་ནོ། །རྗེས་ཐོབ་ཏུ་གང་སྣང་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས། ཆགས་སྡང་དང་ཉོན་མོངས་ལས་གྲོལ་བར་བྱ་(༢༨)ཞིང་། དགག་སྒྲུབ་སེམས་ཀྱི་རོལ་པར་ཤར་ཚད། གཞི་མེད་རྩ་བ་དང་བྲལ་བར་ཐག་བཅད་ལ། འཛིན་ཞེན་དང་བླང་དོར་མི་བྱ། ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་ཀྱི་བར་དུ། ཟབ་མོའི་གདམས་པ་བསྒོམ་ཞིང་། རྒྱུ་འབྲས་ཀྱི་ལས་ལ་འཛེམ། དག་སྣང་དང་མོས་གུས་བྱ་ཞིང་རང་སེམས་སྐྱོན་མེད་བྱ། དམ་ཚིག་དང་སྡོམ་པ་བསྲུང་ཞིང་གཅིག་པུར་དབེན་པར་འདུག །རྣམ་གཡེང་དང་འདུ་འཛི་སྤངས་ཤིང་དགོས་མེད་རྒྱུད་ལ་བརྟེན། ཆགས་མེད་ཞེན་མེད་བྱ་ཞིང་འཛིན་མེད་ལམ་དུ་སློང་། རྟག་ཏུ་འཆི་བ་བསམས་ཤིང་བརྩོན་འགྲུས་མེ་བཞིན་སྦར། ཉིན་མཚན་དགེ་བས་འདའ་ཞིང་ཚེ་འདིའི་བྱ་བ་བཏང་། རྟག་ཏུ་བླ་མ་བསྟེན་ཅིང་མོས་གུས་གསོལ་བ་གདབ། གཏད་མེད་ལམ་དུ་ཁྱེར་ཞིང་བྱར་མེད་ངང་ལ་གཞག །བདག་གཞན་གཉིས་འཛིན་སྤངས་ཤིང་རེ་དོགས་རྩ་བ་གཅད། རྐྱེན་ངན་ལམ་དུ་སློང་ཞིང་ཅིར་སྣང་བླ་མར་བལྟ། ཐམས་ཅད་རང་སྣང་ཤེས་པས་བདག་འཛིན་ཞེན་པ་དོར། གང་ཡང་སྙིང་པོ་མེད་པས་བདེན་མེད་ཡོ་ལང་བསྐྱང་། ཡེ་སྟོང་བབ་སྟོང་ཤེས་པས་རང་སྣང་ཞར་ལ་འཆར། དེ་ལྟ་བུའི་ཐབས་དང་སྤྱོད་པས་གནས་ཤིང་ཉིན་མཚན་འདའ་བར་བྱའོ། །བློ་རྐྱེན་ཁར་འཆོར་རིང་ལ་རིག་པའི་རྩལ་སྦྱོང་དང་། དབེན་པར་ཉམས་ལེན་ལ་འབུངས། དགག་སྒྲུབ་ཞེན་འཛིན་ཡོད་རིང་ལ་དགེ་སྡིག་བླང་དོར་བྱ་ཞིང་གཉིས་མེད་དོན་ལ་སྦྱོངས། གང་ཡང་གྲོགས་སུ་མ་ཤར་བའི་རིང་ལ་གདམས་པའི་སྣ་ཁ་བསྒྱུར་ཞིང་རིག་པའི་དོན་ལ་བལྟ། སྐྱེ་ཤིའི་འཇིགས་དངངས་སྐྱེས་རིང་ལ་སྐྱེ་མེད་དོན་ལ་སྦྱངས་པས་ཕྱི་ནང་ཐམས་ཅད་ཆོས་ཉིད་དུ་འཆར་བའི་དུས་ན་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ནོ། །

དེ་ལྟར་ཡང་ཟབ་གདམས་པའི་གནད་བསྟན་པས། །སྐལ་ལྡན་རྣམས་ཀྱི་གཟུང་འཛིན་རང་གྲོལ་ཏེ། །ཡེ་བབས་རང་བྱུང་ཀུན་ཏུ་བཟང་པོའི་སར། །མ་ལུས་འགྲོ་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཁྲེགས་ཆོད་ཡེ་བབས་སོར་གཞག་གི་དོན་ཁྲིད་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད།

༄༅། །ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་བཞུགས་སོ། །

༄༅། །ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །(༢༩)གདོད་ནས་བྱང་ཆུབ་གཞི་རྩ་ཀུན་དང་བྲལ། །མ་བྱས་ལྷུན་གྲུབ་ངང་ལ་ཕྱག་འཚལ་ཏེ། །དངོས་པོའི་གཤིས་ངོ་ཀ་དག་ཆེན་པོ་ཡི། །ཉམས་ལེན་གནད་ཀྱི་རྒྱབ་ཡིག་བྲི་བར་བྱ། །

དེ་ལ་རྣལ་འབྱོར་རྣམ་པ་བཞིས་ཉམས་སུ་བླང་བ་ལ། དང་པོ་ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་གཞི་ཡིན་པའི་ཕྱིར་ཐོག་མར་བརྗོད་དེ། སྤྱིའི་ལྟ་བ་ལ་ཐེག་པ་རིམ་པ་དགུ་སོ་སོའི་འདོད་གཞུང་མི་འདྲ་བ་རྣམས་ཏེ། བསྡུ་ན་ཡིད་དཔྱོད་མཐར་འཛིན་གྱི་གཟེབ་ལས་མ་གྲོལ་བའི་ཕྱིར། སྤྱིར་སྤྲོས་པའི་དྲ་བ་ལས་མ་གྲོལ་བས་རེ་ཞིག་བཏང་སྙོམས་སུ་བཞག་གོ། །

འདིར་ཆོས་ཉིད་རང་གི་ལྟ་བ་ནི། རིག་པ་རང་བྱུང་གི་ཡེ་ཤེས་བརྡ་དང་ཐབས་དང་མཚོན་པའི་ཚིག་གིས་བཤད་པ་ལ་གསུམ་སྟེ། ལྟ་བ་ངོས་གཟུང་བ། དེའི་ཐབས་གོམས་པར་བྱ་བ། ཐབས་ལས་བྱུང་བའི་དགོངས་པ་བཤད་པའོ། །

དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་སྟེ། གཤིས་གང་དུ་ཡང་མ་གྲུབ་ལ་གང་ལྟར་ཡང་འཆར་གཞི་མ་འགགས་པའི་རིག་པ་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགགས་པ་མེད་པའི་ཆོས་ཉིད། ཡེ་སངས་རྒྱས་པའི་དགོངས་པ་རང་ཆས་སུ་ཡེ་ནས་ལྡན་པའི་ངོ་བོ་སྟོང་པའི་ངོས་ནས་བལྟས་ན་འཁོར་བ་མེད་པ། མྱ་ངན་ལས་འདའ་བ་མེད་པ། དགེ་བ་མེད་པ། མི་དགེ་བ་མེད་པ། བླང་བ་མེད་པ། དོར་བ་མེད་པ། རེ་བ་མེད་པ། དོགས་པ་མེད་པ། ངོ་བོ་མེད་པ། ངོས་གཟུང་མེད་པ། རྟོག་པ་མེད་པ། མི་རྟོག་པ་མེད་པ། དངོས་པོ་མེད་པ། མཚན་མ་མེད་པ། གཤིས་མེད་པ། གནས་ལུགས་མེད་པ། གཞི་མེད་པ། ལམ་མེད་པ། འབྲས་བུ་མེད་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། ཐོག་མཐའ་མེད་པ། དབུས་མེད་པ། ཆོས་ཀྱི་དབྱིངས་ཙམ་དུའང་གྲུབ་པ་མེད་པ། སྤྲོས་པའི་མཐའ་བྲལ་ཙམ་དུའང་གཞག་ཏུ་མེད་པ་ལ་སོགས་པའོ། །རང་བཞིན་གྱི་ངོས་ནས་བལྟས་ན། སྐུ་དང་ཡེ་ཤེས་དང་ཐུགས་རྗེ་ལ་སོགས་པའི་རང་བཞིན་ཡོད་པའི་ཐ་སྙད་དུ་མ་དང་ལྡན་པའོ། །ཐུགས་རྗེའི་ངོས་ནས་རིག་པ་སྣ་ཚོགས་ཀྱི་འཆར་གཞི་དང་གོ་འབྱེད་པའོ། །དེ་དག་ཀྱང་སོ་སོ་མ་ཡིན། གཅིག་པ་མ་ཡིན། གྲུབ་མཐའི་རྟོག་དཔྱོད་དང་། ཞེན་པའི་སྣང་ཡུལ་དང་། ཡིད་དཔྱོད་ཀྱི་ཡུལ་(༣༠)ལས་འདས་པའི་རང་བཞིན་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཡེ་ནས་གནས་པའོ། །དེའང་འཁྲུལ་སྣང་རྨི་ལམ་དང་འདྲ་བས། ངོ་བོ་མེད་པ། རྟེན་མེད་པ། ཡོད་མ་མྱོང་ལ་སྣང་བར་རྟོགས་ནས་མ་འཁྲུལ་པའི་ཡེ་ཤེས་སམ། རིག་པ་བདེ་བར་གཤེགས་པའི་སྙིང་པོ་ནི། རྟག་པ། བརྟན་པ། འཕོ་འགྱུར་མེད་པ་དྲི་མ་ཡེ་ནས་སངས་ཤིང་། ཡོན་ཏན་ཡེ་ནས་རྒྱས་པའི་འདུས་མ་བྱས་ལྷུན་གྲུབ་ཆེན་པོ་ཚུལ་རོལ་མཐོང་བའི་བློས་བསམ་གྱིས་མི་ཁྱབ་པ། ནམ་མཁའ་དང་ཉི་མ་ཆུ་ཟླ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་རྟོགས་པས་མངལ་གྱི་གྲོང་ཁྱེར་རྒྱུན་བཅད་ནས་ཁམས་གསུམ་དུ་མི་ལྡོག་པའི་ཕྱིར། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱའོ།། །།

གཉིས་པ་དེའི་ཐབས་བསྒོམ་པར་བྱ་བ་ནི། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་ཕྱི་ཆོས་ཅན་ལ་བལྟས་པས་འཁྲུལ་སྣང་བདེན་མེད་དུ་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་རྟོགས་ནས། དགག་སྒྲུབ་དང་ཞེན་འཛིན་མེད་པར་གཞག །ནང་ཆོས་ཉིད་ལ་བལྟས་པས་རོ་མཉམ་གྲུབ་བསལ་མེད་པ་ནམ་མཁའ་ལྟར་རྟོགས་ནས། སྤྲོས་བྲལ་ཆོས་ཟད་ཀྱི་ངང་ནས་རེ་དོགས་ཀྱི་འཛིན་པ་མེད་པར་གཞག །གསང་བ་རིག་པ་ལ་བལྟས་པས་སྟོང་གསལ། འགགས་མེད་ཆེན་པོ་ཆོས་སྐུ་ལྷུན་གྲུབ་གཅིག་ཏུ་རྟོགས་ནས་རྩོལ་སྒྲུབ་བཅོས་བསླད་མེད་པར་གཞག་གོ། །དེ་དག་གི་དོན། རིན་པོ་ཆེ་སྤུངས་པའི་རྒྱུད་དུ། རྡོ་རྗེའི་གད་མོ་བཅུ་གཉིས་གསུངས་པ་ནི། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པར་ལུས་ཀྱི་བྱ་བ་ཅི་བྱས་ཀྱང་། དགེ་སྡིག་ཕན་གནོད་དང་བྲལ་བ་ཧ་ཧ། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བྱས་ཀྱང་། དོན་ལ་འགྱུར་བ་མེད་པ་ཧ་ཧ། སྟོང་པ་ཆེན་པོ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་འགགས་མེད་ཀྱི་ཀློང་དུ་སྐྱེ་མེད་དུ་གྲོལ་བ་ཧ་ཧ། ཆོས་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། མཚོན་ཐོགས་ནས་འགྲོ་བ་དུས་གཅིག་ལ་བསྒྲལ་ཀྱང་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། རིག་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་(༣༡)ལ་ལྟོས་དང་། གང་སྣང་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་མ་གཡོས་པ་ཧ་ཧ། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། རིག་པ་ཡེ་ནས་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ངོ་བོ་སྟོང་པ་ཀུན་གཞིའི་ངོ་བོ་རང་བཞིན་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བས་སྒོམ་པ་རྡུལ་ཙམ་ཞིག་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། སྐུ་གསུམ་སྟོང་པ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་གཉིས་དུས་གཅིག་ལ་རྫོགས་པ་ཧ་ཧ། རིག་པ་ཅེར་གཞག་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་སྒོམ་པས་འཁོར་བ་སངས་པ་ཧ་ཧ། མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ། ཞེས་པ་སྟེ། རིག་པ་གཤིས་ཀྱི་ངོ་བོ་ལ་ལྟོས་དང་། དགེ་སྡིག་བླང་དོར་དུ་མེད་ཅིང་། རྩོལ་སྒྲུབ་འཆིང་ཞེན་ལས་འདས་པས་འདོད་པ་སངས་རྒྱས་འདོད་ཀྱང་གཡང་ས་ལས་མ་འདས་ཤིང་། གནས་ལུགས་གང་དུའང་མ་གྲུབ་པ་ལ། དོན་མེད་བདག་ཏུ་འཛིན་པའི་གྲུབ་མཐས་རང་ཉིད་བཅིངས་ཏེ། སྐྱེ་གནས་འགགས་པའི་དོན་ལས། སྐྱེ་མེད་ཐོབ་ཏུ་རེ་བ་རྣམས། ནམ་ཡང་མི་གྲོལ་ཞིང་འཁོར་བར་འཁྱམས་པས། རང་གྲོལ་བརྗོད་འདས་ཆེན་པོ་ལ་ལྟོས་ཤིག །ཅེས་གདམས་པ་ཡིན་ནོ། །དེ་ལྟ་བུའི་དོན་ལ་གོམས་པ་ནི་ཐེག་པ་གཞན་གྱིས་མི་མཐོང་བའི་དོན་རྟོགས་པས་སྒོམ་པ། དགོངས་པ་མཐོ་དམན་དུས་གཅིག་ལ་རྟོགས་པ། རི་རབ་ཀྱི་རྩེར་ཕྱིན་པས་གླིང་བཞི་དུས་གཅིག་ལ་མཐོང་བ་དང་འདྲ་བའི་ཕྱིར། རི་བོ་ཅོག་བཞག་གི་ཐབས་ཞེས་བྱ་སྟེ། གོམས་པ་རབ་རྣམས་འདི་དང་། འབྲིང་བར་དོ། ཐ་མ་རང་(༣༢)བཞིན་སྤྲུལ་པའི་ཞིང་དུ་གྲོལ་བར་ངེས་སོ། །

གསུམ་པ་ཐབས་དེས་གྲུབ་པའི་དགོངས་པ་ནི། ཁམས་གསུམ་ཡོངས་གྲོལ་ཞེས་བྱ་བ་སྟེ། རྫོགས་པ་ཆེན་པོ་རྟོགས་པའི་རྣལ་འབྱོར་པས་བལྟས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་གྲོལ་བ་གཅིག་ཀྱང་མེད་དེ། དང་པོ་འཁྲུལ་མ་མྱོངས། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མ་ཡང་འཁྲུལ་མི་སྲིད་པའི་ཕྱིར། འགྲོ་དྲུག་ཡེ་གྲོལ་ཆེན་པོ་ཞེས་བྱའོ། །དེ་ལྟར་རྟོགས་ཐོག་ཏུ་བཞག་པས་དགག་སྒྲུབ་དང་རེ་དོགས་སྤང་གཉེན་དང་། གཟུང་འཛིན་གྱིས་བསྡུས་པའི་ཉོན་མོངས་པ་ཐམས་ཅད་ཆུ་བོའི་རྙོག་མ་ལྟར་མ་སྤང་རང་སར་དྭངས་ནས། ཆོས་ཟད་ཡེ་གྲོལ་གྱི་དགོངས་པར་གནས་སོ། །དེའི་ཚེ་འཁྲུལ་པ་དོན་ལ་མེད་པར་རྟོགས་པས་ཁམས་གསུམ་འཁོར་བ་མེད་པས་བློ་བདེ། ཆོས་ལ་ངོ་བོ་མེད་པར་རྟོགས་པས་གྲུབ་མཐའི་འཁྲུལ་པ་ཞིག་ནས། ཆོས་སུ་འཛིན་ཞེན་མེད་པས་བློ་བདེ། རིག་པ་རང་གསལ་ཏུ་རྟོགས་པས། ཚིག་གིས་དོན་ཐོག་ཏུ་མི་ཕེབས་པས། ཡིད་དཔྱོད་ཚིག་ཕྱིར་འབྲངས་ཀྱང་སངས་མི་རྒྱ་བར་ཤེས་ཏེ། ཐ་སྙད་ཚིག་ལ་གདིང་དུ་མི་འཛིན་པས་བློ་བདེ་བ་གསུམ་ཁོང་ནས་འཆར་བ་ཡིན་ནོ།། །།

དོན་གཉིས་པ་སྒོམ་པ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལའང་གསུམ་ལས། དང་པོ་སྒོམ་པ་ངོས་གཟུང་བ་ནི། རིག་པའི་ངོ་བོ་རྟོགས་ཐོག་ཏུ་བཅོས་བསླད་མེད་པར་ངང་གིས་བྱིང་རྒོད་དང་བྲལ་བར་འཇོག་པ་སྟེ། སྤྲོས་པ་དང་བྲལ་བའི་ངང་། གསལ་ལ་སྟོང་པའི་གདངས། རྟོག་པར་མ་འགྱུས་ལ་རིག་ཅིང་གསལ་བའི་བློ་ནི། གནས་ལུགས་རྫོགས་ཆེན་པའི་མཉམ་གཞག་གཉིས་སུ་མེད་པའི་སྒོམ་པ་སྟེ། ལྷག་པའི་བསམ་གཏན་པ་ལས། གཤིས་གནས་པ་ལ་དྲན་པ་མེད། །མངོན་སྣང་རྟོགས་ལ་སྤང་བླང་མེད། །སེམས་རྒྱུན་ཟད་ལ་འདུ་ཤེས་མེད། །ཅིག་ཆར་པ་ལ་བློ་དངོས་མེད། །ཅེས་སོ། །དེ་ལྟ་བུའི་དགོངས་པ་ལ་རྟག་ཏུ་གནས་པའི་ངང་དེ་ལ་སྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱ་སྟེ། འཁོར་འདས་དབྱེ་བསལ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

གཉིས་པ་དེ་ཇི་ལྟར་སྒོམ་པའི་ཐབས་ལ་གསུམ་སྟེ། ལྷ་དང་མིའི་སེམས་འཛིན། བྱང་ཆུབ་སེམས་དཔའི་བསམ་གཏན། བདེ་བར་གཤེགས་པའི་དགོངས་པའོ། །

དང་པོ་ནི། ལས་དང་པོ་པའི་དུས་(༣༣)སུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཞི་ལྷག་ཟུང་འབྲེལ་ལ་སློབ་པ་སྟེ། དེ་ཡང་རྣམ་པ་བདུན་ལས། མཚན་མ་ཨཿདཀར་ལ་སེམས་གཟུང་བ་ནི། དབེན་པར་སྐྱིལ་ཀྲུང་བཅས་ཏེ། སྣ་རྩེར་ཨཿདཀར་པོ་གཅིག་བསྒོམས་ནས་རླུང་ཕར་འཕྲོ་དུས་རྒྱང་གིས་སོང་ཚུར་རྔུབ་དུས་ཧྲིལ་གྱིས་བྱུང་ནས་སྣ་རྩེར་གནས་པར་བསམ་ཞིང་། ཚ་བ་ཤས་ཆེ་ན། དེ་ཉིད་གྲང་བ། གྲང་བ་ཤས་ཆེ་ན་ཚ་བའི་རེག་བྱ་ཅན་དུ་བསྒོམ་ལ་ཉམས་སུ་བླངས་པས། དང་པོ་སེམས་གཞན་དུ་མི་འཕྲོ་བར་རྩེ་གཅིག་ཏུ་ཟིན་པ་ཞི་གནས། དེ་ནས་དམིགས་རྟེན་ཨའི་འཛིན་པ་ཡང་མེད་པར་སྐྱེ་མེད་བསམ་ངོ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ཞི་ལྷག་ཟུང་འབྲེལ་འགྲུབ་པའོ། །བར་ཆད་སེལ་བའི་ཡི་གེ་ཕཊཿལ་སེམས་གཟུང་བ་ནི། ལུས་སེམས་ཁོང་གློད་ལ་རང་སོར་བཞག་ནས་ཕཊ་དྲག་པོ་ཞིག་བརྗོད་པས་རྟོག་པ་གང་ཡང་མེད་པའི་ཤེས་པ་ཧད་དེ། སེང་ངེ་བ་ཞིག་བྱུང་བའི་ངང་ལ་གློད་ལ། རྟོག་པ་ཕྱི་མ་མ་སྐྱེས་པའི་བར་དུ་བསྒོམ། སྐྱེས་དུས་དེ་ག་ལྟར་ཕཊ་ཀྱིས་གདབ་ལ་ཉམས་སུ་བླང་བས་རང་བཞིན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་རོ། །ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་གཟུང་བ་ནི། ཡང་གོང་ལྟར་གློད་ལ་རྣམ་རྟོག་བདེ་སྡུག་དགག་སྒྲུབ་ཅི་བྱུང་དུས་ཧ་ཧ་ཞེས་དྲག་ལ་ཐུང་བ་རླུང་དང་བསྡོང་ལ་བརྗོད་པའི་ངང་ལ་བསྒོམ་མོ། །སྐབས་སུ་གདངས་དང་བཅས་པས་སེམས་མི་དགའ་བ་དང་རླུང་དང་ཁམས་འཁྲུགས་པ་སེལ་ཞིང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་འཆར་རོ། །ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི། རི་རྩེ་ལ་སོགས་པ་མཐོ་བ་ཞིག་ཏུ་ལུས་སེམས་གོང་ལྟར་གློད་ལ་ཉི་མ་གསུམ་དུ་མགོ་དང་ལུས་པོ་དལ་བུས་སྒྲིལ། དེ་ནས་ཁམས་ཀྱིས་ཐུབ་ཐང་དྲག་ཏུ་སྒྲིལ་ཏེ། ལྟེ་བར་རཾ་དམར་པོ་ལ་སེམས་གཏད། རླུང་ནང་དུ་གཟུང་། རླུང་ལ་ཤིས་པའི་ཟས་བརྟེན་པས། ཕྱིའི་སྣང་བ་རང་འགགས་ལ་སོང་ནས། ཅིའི་ངོ་བོ་ཡང་མ་གྲུབ་པའི་ཉམས་སུ་མྱོང་བ། སྟོང་ཉིད་བསམ་ངོ་དང་བྲལ་བར་སྐྱེའོ། །རྣམ་པར་རྟོག་པ་ཧཱུྃ་གིས་འདེད་པ་ལ་སེམས་གཟུང་བ་ནི། ལུས་སེམས་གོང་ལྟར་གློད་ལ་རླུང་འགྲོ་དུས་ཧཱུྃ་མང་པོ་ཕར་སོང་། ཚུར་འཇུག་དུས་ནང་དུ་འོང་བར་དམིགས་ལ། ཧཱུྃ་རིང་པོ་དབྱངས་དང་བཅས་པས་བླང་ཞིང་རྣམ་རྟོག་འཕྲོ་ན་སྐབས་སུ་ཧཱུྃ་ཐུང་ལ་དྲག་(༣༤)པོར་བརྗོད་ནས་ཉམས་སུ་བླངས་པས། སེམས་ཟིན་དུས་ཧཱུྃ་མི་བསམ་པར་བཟླས་པས་རྟོག་པ་རང་ཞི་ལ་སོང་ནས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉི་མ་གསུམ་གྱིས་འཆར་རོ། །སྟོང་ཉིད་རིམ་གྱིས་སྐྱེས་པ་ལ་སེམས་གཟུང་བ་ནི། ལུས་སེམས་གོང་བཞིན་གློད་ནས། གཟུང་བྱའི་ཡུལ། འཛིན་བྱེད་ཀྱི་སེམས་བཏགས་པའི་མིང་རྣམས་ཀྱི་ཕྱི་ནང་བར་གསུམ་དུ་བློས་བཙལ་བས་མ་རྙེད་པའི་ཆོས་ཉིད་ཁོང་ནས་འཆར་རོ། །དེ་ཡང་རགས་པར་སྣང་བའི་ཡུལ་ལྔ་དང་། ལུས་རྡུལ་ཕྲན་དུ་བཤིག་ནས་ངོས་གཟུང་བརྟགས་པས་མ་རྙེད་པ་ནི། གཟུང་བ་རང་བཞིན་མེད་པའོ། །སེམས་འདི་ཕྱི་ནང་བར་གསུམ་ངོ་བོ་ངོས་གཟུང་བཙལ་བས་མ་རྙེད་པ་ནི། འཛིན་པ་རང་བཞིན་མེད་པའོ། །རང་དང་གཞན་དང་རི་དང་། ཀ་བ་དང་བུམ་པ་ལ་སོགས་པར་བཏགས་པའི་མིང་དེ། དངོས་པོ་དེ་དག་གི་ཕྱི་ནང་བར་གསུམ་ལ། རྡུལ་ཕྲན་དུ་བསིལ་ནས་བཙལ་བས་མ་རྙེད་པ་ནི། གཟུང་འཛིན་དང་སྣང་སྲིད་འཁོར་འདས་ཞེས་བཏགས་པའི་ཆོས་ཐམས་ཅད་མིང་ཙམ་ལ་གློ་བུར་བཏགས་པ་ཙམ། ཐ་སྙད་ཙམ་དུ་གོ་ལ། དེ་ཡང་རང་བཞིན་སྟོང་པར་གོ་བའི་དགོས་པ་ཡོད་དོ། །དེ་ཉིད་ཀྱི་ངང་ལ་བཞག་པས་ཆོས་ཉིད་བསམ་དུ་མེད་པའི་སྟོང་པ་ལ་ངང་གིས་གནས་པ་ཡིན་ནོ། །སྟོང་ཉིད་ཅིག་ཆར་པ་ལ་སེམས་གཟུང་བ་ནི། གང་སྣང་སྣང་སྟོང་པར་ཁྲོལ་ཁྲོལ་བསྒོམ་ཞིང་། སྒྲ་དང་དྲི་དང་རོ་དང་རེག་དང་དྲན་རྟོག་གང་བྱུང་ཡང་སྐད་ཅིག་དེ་ཉིད་ལ་སྟོང་པར་ཁྲོལ་ཁྲོལ་བསྒོམས་པས། རྗེས་མེད་དུ་རང་ཡལ་སོང་ནས་སྣང་སེམས་ཐམས་ཅད་ཇི་ཞིག་ན་ཤར་བ་དང་། སྟོང་པར་མཉམ་དུ་འབྱུང་ཞིང་། མེ་ལོང་ལ་ཧས་བཏབ་པ་བཞིན་རགས་པའི་དངོས་པོ་ཡང་སྟོང་པར་མི་འགྲོ་མི་སྲིད་པས། ས་ཆུ་མེ་རླུང་ལ་སོགས་པ་ཐམས་ཅད་ཆུའི་ཟླ་བ་ལྟར་སྣང་ལ་མ་གྲུབ་པར་སོང་ནས་རི་བྲག་ལའང་ཟང་ཐལ་དུ་ཐོགས་པ་མེད་པར་འགྲོ་ཞིང་། སེམས་ལ་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་གྲུབ་པས་ལུས་ཀྱང་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དུ་མ་འགྲུབ་བོ། །

བྱང་ཆུབ་སེམས་དཔའི་བསམ་གཏན་ནི། ཞི་ལྷག་ཟུང་འབྲེལ་གྱི་དོན་རྒྱུད་ལ་སྐྱེས་པའི་ཚེ་ཡིན་ལ། ཇི་ཙམ་དུ་མཉམ་པར་འཇོག་པར་དེ་ཙམ་དུ་གནས་པ་དེ། བྱིང་རྒོད་དང་བྲལ་བར་གནས་པའོ། །དེ་དག་ལས་ས་བཅུའི་ཡོན་ཏན་གོང་མར་སྐྱེ་བར་བྱེད་པའི་དེ་སྐད་དུ་བཏགས་སོ། །(༣༥)བདེ་བར་གཤེགས་པའི་དགོངས་པ་ནི། དུས་ལ་མི་ལྟོས་པར་རྟག་ཏུ་མཉམ་གཞག་ཆུ་བོའི་རྒྱུན་ལྟ་བུར་གནས་པས་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ཆེན་པོ་ལ་དབང་བསྒྱུར་ཞིང་། ཉོན་མོངས་པའི་དྲི་མ་རང་སངས་ལ་ངང་གིས་གྲོལ། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་གྲུབ་པའི་ཕྱིར་དེ་སྐད་ཅེས་བཏགས་སོ། །དེ་ལྟར་རྣམ་པ་གསུམ་ཀྱང་ལས་དང་པོ་པ་དང་། ཡོངས་སུ་སྦྱངས་པ་བྱས་པ་དང་། གོམས་པ་ཀློང་དུ་གྱུར་པའི་གནས་སྐབས་གསུམ་ལ་མིང་ཐ་དད་གསུམ་དུ་བཏགས་སོ། །སྒོམ་པ་དེ་ཐམས་ཅད་ཀྱི་ཚེ་ན་མིག་དྲང་པོར་བཞག་ནས་བསྒོམ་པའི་ཕྱིར། རྒྱ་མཚོ་ཅོག་བཞག་གི་སྒོམ་པ་ཞེས་བྱའོ། །དེ་ཡང་སྒོམ་བྱེད་ཕན་ཆད་མིག་མི་འཛུམས་པར་ལྟ་བ་གནད་ཡིན་ནོ། །ཆུ་དྭངས་པའི་ནང་དུ་གཟུགས་བརྙན་འཆར་བ་ལྟར། སྤྱན་དང་མངོན་ཤེས་ཀྱང་རིག་པ་དྭངས་པའི་ངང་ལས་འཆར་ལ། དེ་ཡང་དབང་པོ་མ་བཀག་པར་རང་དྭངས་ལ་བཞག་པས་འགྲུབ་ཅིང་། གཙོ་བོར་མིག་དྭངས་པས་རིག་པ་དྭངས་པ་ཡིན་ཏེ། ཡེ་ཤེས་དངོས་ཀྱི་སྒོ་ཡིན་པའི་ཕྱིར་རོ། །གཞན་ཡང་གཟུགས་བརྙན་སྣང་ལ་ཆུ་ལ་མ་གོས་པ་ལྟར། ཕྱིའི་སྣང་བ་ཐམས་ཅད་བཀྲ་ཡལ་ལེ་སྣང་ངོར་ཤར་ཡང་། ཤེས་པ་སྣང་ཐོག་ཏུ་མ་ཤོར་བས་རིག་ངོར་མ་གྲུབ་པ་ཞེས་བྱའོ། །དོན་འདི་ཉིད་རྣམ་ངེས་ལས་ཀྱང་བསྟན་ཏེ། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གི་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་པ་ལྟར་རོ། །དེ་ཡང་སྒོམ་དུས་ཚོགས་དྲུག་འགགས་ནས། དྲན་མེད་ལ་སོང་ན་གཏི་མུག་གི་སྒོམ་པར་གོལ་ལ། ཡུལ་དྲུག་བཀག་ནས་བསྒོམ་ན། དྲན་པ་ཡོད་ཀྱང་ཡུལ་མི་གསལ་བའི་ཕྱིར་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བ་ཞེས་བྱ་སྟེ། གཟུགས་མེད་དུ་སྐྱེ་བའི་ལས་སོག་པའོ། །ཡུལ་སྣང་ཡང་ལྟ་བས་མཐའ་མ་ཆོད་པར། བློ་གསལ་སྟོང་ལ་གནས་པ་ཙམ་ནི། གཟུགས་ཁམས་སྐྱེ་བའི་བག་ཆགས་སོག་པའོ། །དེས་ན་རིག་པ་མཐའ་གྲོལ་དུ་ཤེས་ནས། སྣང་ཤེས་གང་ལ་ཡང་འཛིན་པ་མ་ཞུགས་པའི་ངང་ནས། ཡུལ་གསལ་ལ་རིག་པ་དྭངས་པ་གལ་ཆེའོ། །དེ་ནི་ཁམས་གསུམ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་སྣང་སྲིད་གཞིར་གཞག་གི་དགོངས་པ་ཞེས་བྱའོ། །དེ་ལྟར་ཉམས་སུ་(༣༦)ལེན་པའི་གྲོགས་སུ་བསམ་གཏན་གྱི་ཐུན་བཞི་ལ་བསླབ་སྟེ། ཟས། གོས། རྨི་ལམ། བག་ཆགས་རྣམ་པ་བཞིའི་ཞེན་པ་གཅད་པ་ལས། དང་པོ་ཟས་ཀྱི་ཞེན་པ་གཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ནི། བཅུད་ལེན་དང་རླུང་སེམས་ཟས་སུ་ཟ་བ་ལ་སོགས་པ་སྟེ་སོ་སོའི་ཡི་གེར་བལྟའོ། །འདིར་རླུང་སེམས་ཟས་སུ་ཟ་བའི་ཉིང་ཁུ་ཅུང་ཟད་བསྟན་ན་སྔ་དྲོའི་ཚེ་ན་རླུང་རོ་གསུམ་བུས་ལ། སྣང་བ་ཐམས་ཅད་ནམ་མཁར་བསམས་ལ་རླུང་ནང་དུ་འཇུག་དུས་སྔོ་མེ་རེ་རེ་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་ཁེངས་པར་བསམས་ལ། སྟེང་འོག་གི་རླུང་ཁ་སྦྱར་ཏེ་གཟུང་བར་བྱའོ། །དེས་ནི་ཁམས་དྭངས་ཤིང་ཟས་མི་དགོས་པའོ། །ཡང་ན་སྙིང་གི་ཁ་གྱེན་དུ་གཏད་པའི་རྩེ་མོ་ན། རིག་པའི་རྣལ་འབྱོར་མ་དཀར་མོ་གྲི་གུག་ཐོགས་པས་སྙིང་རྩེ་བཅད་པའི་ནང་དུ། བྷ་ག་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཁེངས་ཏེ། ལུས་ནང་ཐམས་ཅད་བདེ་བས་ཁེངས་པར་བསམས་ལ་རླུང་ཁ་སྦྱོར་དུ་གཟུང་བ་ནི་གནད་དམ་པའོ། །དེས་ནི་ཁ་ཟས་ཀྱི་ཞེན་པ་ཐམས་ཅད་རང་ཆོད་ལ་སོང་ནས་ཉིན་མཚན་བསམ་གཏན་གྱི་ཟས་ཀྱིས་འཚོའོ། །

གཉིས་པ་གོས་ཀྱི་ཞེན་པ་གཅོད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ནི། དྲང་སྲོང་གི་འདུག་སྟངས་བྱས་ཏེ། ལྟེ་བར་རཾ་ལས་མེ་འབར་བས་ལུས་གང་བར་བསམས་ལ། རླུང་ནང་དུ་ཐུབ་ཐང་ལྟེ་བར་གཟུང་ཞིང་། ལྟོ་སྟོང་ལ། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། བུར་དཀར་གཡག་རོག་པོའི་མཁྲིས་པ་རྣམས་རིལ་བུར་སྦྱར་བ་ཤ་རིལ་ཙམ་རེ་ཟོས་པས། བདེ་དྲོད་མེ་འབར་བ་བཞིན་དུ་འོང་ངོ་། །དེའང་མེ་དམིགས་དང་པོ་ཕྲ་མོ་ལས་ཇེ་ཆེར་བསྐྱེད་ལ་བསྒོམ་པ་ནི་གནད་དོ། །

གསུམ་པ་རྨི་ལམ་གྱི་ཞེན་པ་གཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ་གཉིས་ཏེ། བརྟག་པ་དང་། བསྒོམ་པའོ། །

དང་པོ་ནི། ཉི་མ་འགར་དལ་བར་བྱས་ལ། ཉིན་མོ་བསྐུ་མཉེ་བྱའོ། །ནུབ་མོ་བརྟག་པར་བྱ་སྟེ། ད་ལྟ་ཅི་བྱས་ཤས་ཆེར་རྨི་ན་བག་ཆགས་ཤིན་ཏུ་སྲབ་པས་བསྒྱུར་བར་སླ། སྔར་ཞེན་གྱི་བག་ཆགས་ཤས་ཆེར་རྨི་ན་འབྲིང་། སྔར་མ་ཕྱིན་པའི་ཡུལ་དང་། མི་ངོ་མི་ཤེས་པ་དང་འཕྲད་པ་ཤ་སྟག་རྨི་ན་གཅད་པར་དཀའ། གསུམ་ཀ་ཆལ་ཆོལ་དུ་རྨི་ན་བག་ཆགས་གསུམ་འདུས་ཞེས་བྱ་སྟེ་ཤིན་ཏུའང་གཅད་པར་དཀའོ། །

གཉིས་པ་སྒོམ་པ་ལ་སྦྱང་བ། བསྒྱུར་བ། གཅད་པ་གསུམ་ལས། དང་(༣༧)པོ་ནི། ཉིན་དུས་ཀྱི་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས་པར་བྱས་ལ། མཚན་མོ་ལུས་གནད་གཡས་ཕབ་ལ། སེམས་གནད་དོ་ནུབ་རྨི་ལམ་ཟིན་ནས་སྦྱོང་བར་བྱ་སྙམ་པའི་འདུན་པ་བཏང་སྟེ། སྙིང་གར་འོད་ཀྱི་གོང་བུ་ལ་སེམས་གཏད་ལ་ཉལ་བས་རྨི་ལམ་ལ་རྨི་ལམ་དུ་ཟིན་པ་འོང་། དེ་དུས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མར་བསྒོམ་ཞིང་བདེན་མེད་སྟོང་པའི་ངང་ལ་སྦྱངས། མ་ཟིན་ན་བླ་མ་ལ་གསོལ་བ་དྲག་ཏུ་གདབ། མོས་གུས་དང་དག་སྣང་བསྐྱེད། ཉིན་དུས་རྨི་ལམ་དུ་ཤེས་པ་འགྲོགས་ལ་བདེན་མེད་དུ་སྦྱངས་པའི་འདུན་པ་མེ་འབར་བ་འདྲ་བའི་བརྩོན་འགྲུས་བྱས་པས། རྨི་ལམ་སྔངས་སྐྲག་ཅན་ཁྱིའམ་དགྲས་དེད་པའམ། ཆུ་ཆེན་པོས་ཁྱེར་ལ་ཁད་པའམ། མེས་ཚིག་ལ་ཁད་པའམ། གཡང་ལ་ལྷུངས་ལ་ཁད་པའི་དུས་རྨི་ལམ་དུ་འདུག་པ་ལ་ཅིས་འོང་སྙམ་དུ་ཅིས་ཀྱང་འདུག་པ་ལ་ཟིན་འོང་། དེ་དུས་བདེན་མེད་དུ་སྦྱང་བར་བྱའོ། །དེ་ནས་བསྒྱུར་བ་ནི། རྨི་ལམ་གྱི་སྣང་བ་དེ་དག་སངས་རྒྱས་ཀྱི་ཞིང་དང་། ཡི་དམ་གྱི་ལྷར་བསྒྱུར་ཞིང་། རང་ཉིད་སངས་རྒྱས་ལ་སོགས་པར་བསྒྱུར་ཏེ། རྫུ་འཕྲུལ་དུ་མ་བསྟན་པར་བསྒྱུར་བ་དང་། གཅིག་ལས་མང་པོར་བསྒྱུར་བ་དང་། མང་པོ་ལས་གཅིག་ཏུ་བསྒྱུར་བ་དང་། ས་ཆུར་བསྒྱུར་བ་ལ་སོགས་པ་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྒྱུར་ཞིང་བསྒོམ་མོ། །དེ་ནས་གཅད་པ་ནི། ཉིན་དུས་སྣང་ཐོག་ཏུ་རིག་པའི་སྤྲོས་པ་སྐད་ཅིག་སྐད་ཅིག་གིས་བཅད་པས་རྨི་ལམ་དུའང་འཆར་ཏེ། རྨི་ལམ་སྣང་དུས་ངོས་བཟུང་ནས། སྐྱེ་མེད་སྣང་ཡུལ་དང་བྲལ་བའི་ངང་དུ་རྟོག་པའི་འཕྲོ་འདུ་བཅད་ནས་བསྒོམས་པས་ཅི་ཞིག་ནས་རྨི་ལམ་རང་འགགས་ལ་ཆོད་ནས། ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལ་གནས་པས། བག་ཆགས་འཁྲུལ་སྣང་གི་ཡུལ་དང་འཛིན་པ་ཐམས་ཅད་རང་ཞི་ལ་དབྱིངས་སུ་ཐིམ་པར་འགྱུར་རོ། །དེའང་དང་པོ་ཟིན། བར་དུ་འབྱོངས། ཐ་མ་དབྱིངས་སུ་ནུབ་པའོ། །རྨི་ལམ་མེད་དུས་ཉིན་སྣང་ལྟར་ཁྲ་ལམ་མེ་བ་སྣང་ཡུལ་རྣམས་གཉིད་དུ་སོང་ཡང་། དབང་པོ་སོ་སོ་ལ་སྣང་ལ་གཉིད་དང་འོད་གསལ་འདྲེས་པས་དེར་འཛིན་མེད་པའི་ངང་ལ་གནས་པའོ། །

བཞི་པ་བག་ཆགས་ཀྱི་ཞེན་པ་གཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ནི། ཡོད་པ་ཆེད་དུ་མི་སྤང་། མེད་པ་ཆེད་དུ་མི་བཙལ། ཡོད་པ་ལ་མངོན་པར་མི་ཞེན། མེད་པ་ལ་སེམས་ཁྲལ་མི་བྱ། (༣༨)བསྟོད་སྨད་ལ་ཆགས་སྡང་མི་བྱ། སྣང་གྲགས་སྒྱུ་མར་ཤེས་པས་སྤྱད། རྣམ་རྟོག་འདས་པའི་རྗེས་མི་གཅད། མ་འོངས་པའི་མདུན་མི་བསུ། ད་ལྟར་གྱི་དྲན་རིག་ལ་སྤང་གཉེན་གྱི་འཁྲིས་མི་གདགས། ཐ་མལ་གྱི་ཤེས་པ་རང་སོར་གཅོས་བསླད་དང་བྲལ་བར་བསྐྱང་། སྣང་བ་སྣང་ཐོག་ཏུ་གྲོལ་བ། རྨི་ལམ་རང་ངོ་ཤེས་པས་འཇིགས་སྣང་གྲོལ་བའམ། ཐོ་ཡོར་རང་ངོ་ཤེས་པས་མིར་འཛིན་རང་གྲོལ་ལ་སོང་བ་ལྟར་བསླབ། རིག་པ་རང་ཐོག་ཏུ་གྲོལ་བ། གཟུགས་བརྙན་མེ་ལོང་དུ་ཤར་བས་རང་མཚན་དུ་ཞེན་འཛིན་མེད་པར་ཤར་གྲོལ་གཉིས་མེད་དུ་སོང་བ་ལ་བསླབ། སྣང་སེམས་གཉིས་མེད་དུ་འདྲེས་པས་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་རོ་མཉམ་རིས་མེད་དུ་ཤེས་པས་ཡུལ་སེམས་འཛིན་པ་སྟོང་པ་གདོད་མའི་ཆོས་ཉིད་ལ་བསླབ་པར་བྱའོ། །དེས་ནི་བག་ཆགས་རང་གྲོལ་དུ་སོང་བས་རྗེས་མེད་ནམ་མཁའི་བྱ་རྗེས་ལྟར་འགྱུར་བའོ། །དེའི་ཚེ་སྐད་ཅིག་ཟང་ཐལ་གྱི་ཤེས་པ་བག་ཆགས་ཀྱི་འཕྲོ་མཐུད་མེད་པར་གནས་སོ། །

གསུམ་པ་ཐབས་དེས་གྲུབ་པའི་དགོངས་པ་ནི། སྣང་སྲིད་གཞིར་བཞག་ཅེས་བྱ་སྟེ། དེའི་ཚེ་སྣང་བ་ཡུལ་སྲིད་པ་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་སྤང་བར། གཞི་གདོད་མའི་ཆོས་ཉིད་ཀྱི་ངང་དུ་བཞག་ནས། བཅོས་བསླད་དང་རེ་དོགས་མེད་པར་རྒྱ་མཚོ་རླུང་གིས་མ་བསྐྱོད་པའི་ངང་ལྟར་གནས་པའི་ཕྱིར་རོ། །དེའི་ཚེ་ལུས་བདེ་བ། ངག་གསལ་བ། སེམས་མི་རྟོག་པའི་ཉམས་གསུམ་རང་ཆས་སུ་ཁོང་ནས་འཆར་ཞིང་ཡེ་བདེ་ཆོས་ཉིད་ཀྱི་འཁོར་ལོ་ལ། བློ་བདེ་ཆུ་བོའི་རྒྱུན་བཞིན་གནས་པས། བབ་བདེ་ཡེ་ཤེས་ཀྱི་དགོངས་པ་གྲུབ་པའི་དུས་སོ།། །།

དོན་གསུམ་པ་སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལ་ཡང་གསུམ་ལས། དང་པོ་སྤྱོད་པའི་ངོ་བོ་ངོས་གཟུང་བ་ནི། ལྟ་སྒོམ་གྱི་ངོ་བོ་མཉམ་གཞག་ན་ཇི་ལྟར་ཡོད་པའི་ངང་དང་། རྗེས་ཐོབ་བསྲེས་ནས་བོགས་འབྱིན་པར་བྱེད་པ་སྟེ། དེའང་ལྟ་སྒོམ་གནད་དུ་འགྲོ་བའི་གྲོགས་ཀྱི་གཙོ་བོ་སྤྱོད་པ་ཡིན་ལ། དེའང་རང་གི་ཉམས་ལ་གང་ཕན་གྱི་སྤྱོད་པ་རིམ་པར་སྤྱད་ཅིང་། དུས་དང་འབྲེལ་བར་བྱ་བ་ཡིན་ནོ། །

གཉིས་པ་དེའི་ཐབས་གོམས་པར་བྱ་བ་ལ་གསུམ་ལས། ལས་དང་པོ་པའི་སྤྱོད་པ་ནི། མི་དགེ་བ་ཆ་དང་བཅས་པ་དོར་ཞིང་། དགེ་བ་ཆ་དང་བཅས་པ་སྤེལ་བ་སྟེ། རྣལ་འབྱོར་པས་ཀྱང་སྤང་བླང་ཤེས་ནས། བླ་མ་དམ་པའི་དྲུང་དུ་སོང་ལ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་ཤེས་ཤིང་། ཟབ་མོའི་གདམས་པ་ཁ་ཚང་བ་ཉན་ལ་ཚིག་གི་སྒྲོ་འདོགས་གཅད་ཅིང་། བསམ་པས་དེའི་དོན་ནོར་འཁྲུལ་མེད་པའི་གནད་མི་འཕྱུགས་པར་བྱ་ཞིང་། འཁོར་བ་ལས་བློ་ལྡོག་པའི་ཐབས་ལ་བསླབ་བོ། །སྙིང་པོ་ལྷུར་བླང་བའི་སྤྱོད་པ་ནི། དེ་ནས་རྒྱུས་མེད་པའི་ས་ཕྱོགས་སུ་ཕྱིན་ལ། སྤྲང་པོའམ་རི་དྭགས་ལྟར་གཅིག་པུར་བླ་མའི་གདམས་ངག་ལ་སྤྱད་དེ་ཟས་གོས་ངན་ངོན་གྱིས་ཆོག་ཤེས་པར་བྱས་ལ། གདམས་པ་གཞན་ལ་ངོ་མཚར་དུ་མི་འཛིན་པས་རང་གི་མན་ངག་ལ་ཡིད་ཆེས་པར་བྱ་ཞིང་། བྱ་བྱེད་རྩོལ་སྒྲུབ་ཀྱི་ཆོས་ཚེ་འདིའི་འཁྲི་བ་དང་བཅས་པ་ཐམས་ཅད་ལིངས་ཀྱིས་བསྐྱུར་ནས་བསྲན་ཚུགས་པར་བྱས་ཏེ། སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པར་བྱ་ཞིང་། དེ་ནས་སུ་དང་ཡང་འབྲེལ་འདྲིས་མེད་པར་ལྐུགས་པ་ལྟ་བུའི་སྤྱོད་པས་ངག་གཅད་ལ། བརྡ་ཙམ་ཡང་མི་བྱ་བར་བུ་ཆུང་ལྟ་བུའི་སྤྱོད་པ་ཚོགས་དྲུག་ལྷུག་པར་གློད་ནས་ཆོས་ཉིད་ཀྱི་དོན་ལ་བསྒོམ་པར་བྱའོ། །བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། དེ་ནས་མི་ཕོད་པ་ལ་ཐོག་འགེལ་དུ་བྱས་པས། སེམས་ཀྱི་འཁྲི་བ་བཙན་ཐབས་སུ་བཅད་ཅིང་། གཙང་གཙོག་མེད་པ། ཁྱི་ཕག་ལྟ་བུའི་སྤྱོད་པས་བླང་དོར་གྱི་ཞེན་པ་དོར་བ་དང་། ཤུགས་འབྱུང་འགགས་མེད་སྨྱོན་པ་ལྟ་བུའི་སྤྱོད་པས་རིག་པའི་སྣ་མི་བསྐྱིལ་བར་ཟང་ཐལ་ལ་སྤྱོད་པས། སྣང་བ་ཐམས་ཅད་གྲོགས་སུ་འཆར་བ་ཡིན་ནོ། །དེ་ནས་གཞན་གྱི་མི་དད་པ་བསྒྱུར་ནུས་པ་དང་། གསད་པ་གསོ་ནུས་པ་དང་། འབྱུང་བཞི་དབང་དུ་བསྒྱུར་བའི་རྫུ་འཕྲུལ་འགྲུབ་དུས། ཞེན་པའི་འཁྲིས་བག་ལ་ཉལ་བ་གཅད་པའི་ཕྱིར། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོང་དུས་ལ་སོགས་པར་ཡང་བྱས་པས་ནང་གི་ཉོན་མོངས་པ་ཆོད་པ་དང་། ཕྱིའི་སྣང་བ་དབང་དུ་འདུས་པ་དུས་མཉམ་དུ་འབྱུང་ངོ་། །དེ་ལྟ་བུའི་སྤྱོད་པ་ལ་མིང་དུ་བཏགས་ན། སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱའོ།། །།

གསུམ་པ་ཐབས་དེས་གྲུབ་པའི་དགོངས་པ་ནི། དེའང་དང་པོ་ཐ་མལ་ལས་ལོག་ནས་རང་རྒྱུད་ཆོས་དང་མཐུན་པས་ཞི་ཞིང་དུལ་བ་ཉོན་མོངས་པ་སྤང་བ་ལ་ཞུགས་ཏེ། ངེས་འབྱུང་དང་སྐྱོ་ཤས་དྲག་པོ་འབྱུང་བའོ། །བར་དུ་གང་(༤༠)སྣང་རང་གྲོལ་དུ་སྤྱད་པས་རེ་དོགས་སྤང་བླང་ཞིག་ནས། ཉོན་མོངས་པ་མངོན་གྱུར་དངོས་སུ་སྤངས་ཤིང་སྣང་སེམས་ཆོས་ཉིད་དུ་ཤར་བའོ། །ཐ་མར་ཅིར་སྣང་ཡོངས་གྲོལ་དུ་ཤར་བས་དུས་བཞི་ཆོས་ཉིད་དུ་གནས་ཏེ་རིག་པ་ཕྱོགས་ཡན་དུ་སོང་བས་དགོངས་པ་ཐུན་མཚམས་ལས་འདས་པའོ། །དེ་ཐམས་ཅད་ལ་སྣང་བ་ཅེར་གཞག་གི་སྤྱོད་པ་ཞེས་བྱ་སྟེ། སྣང་བའི་ཐོག་ཏུ་ཅེར་གྱིས་བཞག་དུས་སྤང་བླང་གཉིས་འཛིན་ལས་གྲོལ་བའི་ཕྱིར་རོ། །དེ་ལྟ་བུའི་དགོངས་པ་ནི། རིག་པའི་རྩལ་ཕྱིར་འཕྲོ་བ་ལ་སྦྱང་བའི་ཕྱིར་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་ཞེས་བྱའོ། །དེའང་ཤར་བ་གཞིའི་ཆོས་ཉིད་ཀྱི་ངང་ལས་ཤར་བས་བཞེངས་པ་ཞེས་བྱ་བར་བཏགས་སོ། །དོན་ལ་ཤར་བ་དང་ནུབ་པ་མེད་པའི་ཆོས་ཉིད་འཕོ་འགྱུར་མེད་པའོ། །དེ་ཡང་ཉོན་མོངས་པ་སྐྱེས་གྲོལ་དུས་སྔ་ཕྱི་མེད་པར་དག་པས་མ་སྤངས་ཡེ་གྲོལ་གྱི་སྤྱོད་པ་ཞེས་བྱའོ།། །།

དོན་བཞི་པ་འབྲས་བུ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལའང་གསུམ་ལས། དང་པོ་འབྲས་བུ་ངོས་གཟུང་བ་ནི། རང་རིག་ཡེ་སངས་རྒྱས་འབྲས་བུ་ལྷུན་གྲུབ་ཆེན་པོ་རང་ལ་གནས་པ་ཉིད་རང་ངོ་ཤེས་ཐོག་ཏུ་རྩལ་སྦྱོང་དུས། ཉོན་མོངས་པ་རང་སངས་རང་དག་ལ་སོང་ནས། རང་རིག་གཅེར་བུ་ལྷིང་པར་གསལ་བ་ཉིད་རེ་དོགས་བཅོས་བསླད་དང་བྲལ་བའི་ཆ་ནས། ཉི་མ་སྤྲིན་ལས་གྲོལ་བའམ། འཁྲུལ་པ་རང་རྒྱུད་པའི་ངང་དུ་མི་རྟོག་པ་དང་། དྲི་བཅས་དང་པོ་དང་འདྲ་བར་མི་ལྡོག་པས། བསེ་ཤིང་གི་འབྲས་བུ་ལྟ་བུ་དང་། རང་ས་འགྱུར་མེད་ལ་ཟིན་ནས་རང་དབང་ཐོབ་པ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །དེའང་འབྲས་བུ་རང་ཆས་འོད་གསལ་དྲི་བཅས་ཀྱི་ཁམས་དེ་ཉིད་རང་ངོ་ཤེས་ནས་དྲི་མ་ཇེ་དག་ལ་སོང་སྟེ། དྲི་མ་ཐམས་ཅད་དང་བྲལ་དུས་ཀྱི་བར་རྣམས་ལ་འདིར་འབྲས་བུ་ཞེས་བརྗོད་པས། དེའི་ངོ་བོ་ལ་ལྟོས་ནས་ཉི་མའི་དཀྱིལ་འཁོར་ལྟར་དྲི་མ་ཡོད་མ་མྱོངས་པས་དང་པོའི་གྲོལ་སར་བཤད་ཀྱང་བར་དུ་རྐྱེན་གྱི་སྒྲིབ་པ་སྤྲིན་དང་འདྲ་བ་ཐ་མལ་འཁོར་བའི་ལུས་ངག་སེམས་གསུམ་དང་མ་བྲལ་རིང་ལ། ཁམས་ལ་སེམས་ཀྱི་སྒྲིབ་པ་ལྡན་པས་སེམས་ཅན་ཞེས་བཏགས་ཏེ། ལམ་དུ་སེམས་དང་ཡིད་དང་། རྣམ་ཤེས་ཐམས་ཅད་དང་བྲལ་བའི་དོན་བསྒོམས་པས། དྲི་མ་རང་སངས་ལ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་སྟེ། གནས་སྐབས་སྣང་བ་བཞི་དང་། མཐར་ཐུག་(༤༡)དབྱིངས་སུ་ཕྱིན་པ་རྣམ་པ་གཉིས་ཏེ་མཚན་ཉིད་ལྟར་ན་ལམ་ལྔས་སློབ་མི་སློབ་ལ་ཟེར་རོ། །དེ་ཉིད་མཐར་ཐུག་གི་འབྲས་བུ་ཡིན་པས་དང་པོའི་གྲོལ་ས་ཞེས་བཏགས་ཀྱང་དང་པོ་ཞིག་ནས་འོང་སར་ཕྱིས་ཕྱིན་པ་ལྟ་བུ་མ་ཡིན་པ་དང་། དྲི་མ་དང་ལྡན་མི་ལྡན་ཡོད་པས། གཞི་དང་འབྲས་བུ་ཤན་འབྱེད་པར་བྱ་དགོས་སོ།། །།

དོན་གཉིས་པ་ཐབས་གོམས་པར་བྱ་བ་ནི། ནང་དུ་གནས་པའམ་ཕྱིར་ཤར་བ་རང་གྲོལ་ལ་སོང་དུས། རིག་པ་ཅོག་བཞག་ངང་གནས་ལ་བསླབ་ཅིང་། ངང་དེ་ཉིད་སངས་རྒྱས་ཀྱི་དགོངས་པར་ཐག་ཆོད་ནས། རེ་དོགས་བཅོས་བསླད་མེད་པར་ཕྱམ་བརྡལ་བ་ནི། རིག་པ་ཅོག་གཞག་གི་མན་ངག་ཅེས་བྱ་སྟེ། རང་རིག་ཡེ་སངས་རྒྱས་ཐོག་རང་ངོ་ཤེས་ནས་བཞག་པའི་ཕྱིར་རོ། །དེའང་མི་འགྱུར་བའི་གདམས་པ་གསུམ་དང་ལྡན་པ་གཅེས་སོ། །གང་ཞེ་ན། རྒྱལ་པོ་གདན་ས་ཟིན་ནས་མི་འགྱུར་བ་ནི། རྒྱལ་པོ་ནོན་པོ་ཆེ་རྒྱལ་སར་ཐོན་དུས། ཕོ་བྲང་དུ་ཁྲི་ལས་མ་གཡོས་པ་ཙམ་གྱིས། སྐྱེ་བོ་ཕྱི་ནང་བར་གསུམ་ཐམས་ཅད་འཁྲུགས་འཚེ་མེད་པར་གནས་པ་ལྟར། རིག་པ་ལྷུན་གྲུབ་ཀྱི་རྒྱལ་པོ་སྙིང་གར་གནས་པ་རང་ངོ་ཤེས་ཏེ། ཡིན་ལུགས་རེ་དོགས་མེད་པའི་ཚེ་ན། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡེ་དག་ལ་ཕྱམ་གྱིས་སོང་བའོ། །བློན་པོ་བཙོན་དུ་བཟུང་བས་མི་འགྱུར་བ་ནི། བཀའ་བློན་གྲོས་ཅན་གཞན་གྱིས་བཟུང་ན། དེའི་ཚེ་རྒྱལ་པོའི་ཡང་ཉན་དགོས་པ་ལྟར། ཡིད་ཀྱི་རྣམ་ཤེས་འགྱུ་བ་ཆད་དུས། རིག་པའི་རྒྱལ་པོའི་གཅིག་ཏུ་ཉན་པ་སྟེ། ངོ་བོ་ལ་གནས་པའོ། །འབངས་ཆམ་ལ་ཕབ་པས་མི་འགྱུར་བ་ནི། རྒྱལ་པོས་ཡུལ་འཁོར་ཆམ་ལ་ཕབ་པས་ཅི་བསྒོ་བ་ཉན་དགོས་པ་ལྟར། སྒོ་ལྔའི་རྣམ་ཤེས་འཆར་གཞི་སྟོངས་པས་འཁོར་བའི་མིང་མེད་པའོ། །དེའང་འཁོར་བའི་ཆོས་ཐམས་ཅད་ནི། སེམས་ལ་བརྟེན་པས་སེམས་ཀྱི་ངོ་བོ་དག་དུས་འཁོར་བ་དག་པའོ། །འདས་པའི་ཆོས་རྣམས་རིག་པའི་ཡེ་ཤེས་ལ་བརྟེན་པས་རིག་པ་ཡིན་ཐོག་ཏུ་བཞག་པས་སངས་རྒྱས་རང་ཆས་སུ་འཆར་བའི་གནད་ཐམས་ཅད་དེ་གཉིས་སུ་འདུས་པ་ཡིན་ནོ། །འདིར་དེ་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་ན། སེམས་ཀྱི་ངོ་བོ་ནི་མ་རིག་པ། རིག་པའི་ངོ་བོ་ནི་ཡེ་ཤེས། སེམས་ཀྱི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་ཅན། རིག་པའི་ངོ་བོ་ནི་ལས་དང་བག་ཆགས་(༤༢)ཀྱི་རྟེན་མ་ཡིན་པ། སེམས་ཀྱི་ངོ་བོ་ནི་གཟུང་འཛིན་འཁྲུལ་པའི་རང་བཞིན། རིག་པའི་ངོ་བོ་ནི་གཟུང་འཛིན་དང་བྲལ་བས་མ་འཁྲུལ་པའི་རང་བཞིན། སེམས་ཀྱི་ངོ་བོ་ནི་སྤྲོས་པའི་མཐའ་དང་བཅས་པ། རིག་པའི་ངོ་བོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ། སེམས་ཀྱི་ངོ་བོ་ནི་ཀུན་གཞི་དང་ཚོགས་བརྒྱད། རིག་པའི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད་ལས་འདས་པ། སེམས་ཀྱི་ངོ་བོ་ནི་གཉིས་འཛིན་འཁོར་བ། རིག་པའི་ངོ་བོ་ནི་གཉིས་མེད་མྱང་འདས། སེམས་ཀྱི་ངོ་བོ་ནི་རླུང་ལས་རླུང་། ཞོན་རིག་གདངས། རིག་པའི་ངོ་བོ་ནི་རླུང་ལས་རླུང་དག་པའི་ཡེ་ཤེས་ཀྱི་རླུང་འགྲོ་འོང་དང་བྲལ་བ། མེད་རང་གསལ། སེམས་ཀྱི་ངོ་བོ་ནི་འདུས་བྱས་རྐྱེན་དབང་། རིག་པའི་ངོ་བོ་ནི་འདུས་མ་བྱས་རྐྱེན་བྲལ། སེམས་ཀྱི་ངོ་བོ་ནི་རིག་པ་ལ་ལྟོས་པ། རིག་པའི་ངོ་བོ་ནི་སེམས་ལ་མི་ལྟོས་པ། སེམས་ཀྱི་ངོ་བོ་ནི་སྐྱེ་འགགས་ལྟར་སྣང་བ། རིག་པའི་ངོ་བོ་ནི་འཕོ་འགྱུར་མེད་པ། སེམས་ཀྱི་ངོ་བོ་སྤང་བྱའི་སྒྲིབ་པ། རིག་པའི་ངོ་བོ་ཐོབ་བྱའི་ཡེ་ཤེས། སེམས་ཀྱི་ངོ་བོ་གློ་བུར་འཁྲུལ་རྟོག །རིག་པའི་ངོ་བོ་ཡེ་གནས་ཆོས་སྐུའོ། །འདི་དག་ཀྱང་མཚོན་པ་ཙམ་སྟེ། རྒྱས་པར་མཐའ་ཡས་ཀྱང་། གནས་དང་། ལམ་དང་། སྒོ་དང་། རྩལ་དང་། འཕྲད་ཚུལ་དང་། རྒྱབ་གྱེས་ཚུལ་དང་། དྲུག་གིས་ཤེས་པར་བྱ་སྟེ། དེའང་སེམས་འཕྲོ་འདུ་དང་བཅས་དུས་རིག་པ་མངོན་དུ་མི་གསལ་ལ། རིག་པ་རང་དྭངས་སུ་གནས་དུས་སེམས་མི་གསལ་ཏེ། གཅིག་ཤར་བ་དང་གཅིག་འགག་པར་འདྲ་བ་སྣང་སྟེ། རིག་པ་གནས་པའི་ཚེ་རིག་གདངས་གཞི་ལ་ཐིམ་པས་སེམས་དར་ཅིག་འགགས་ལ། ཐ་མ་རྡོས་བཅས་འོད་དུ་དེངས་པའམ། བོར་དུས་རླུང་འགག་པས་འགགས་པ་ཡིན་ནོ། །སེམས་ཤར་དུས་གདངས་དངོས་སུ་སྣང་བས། རིག་པའི་ངང་མི་གསལ་བའི་ཕྱིར་འགགས་པ་ལྟ་བུ་ཅིག་བྱུང་ཡང་འགགས་པ་མེད་དེ། སྐྱེ་འགགས་མེད་པའི་ཕྱིར་རོ། །དེ་ལྟར་ན་སེམས་དང་ཡེ་ཤེས་ཕྱེད་པ་གལ་ཆེ་སྟེ། དེ་ལྟར་སྒོམ་པ་ཐམས་ཅད་ཀྱང་དེ་ཡིན་ལ། རླུང་རིག་གི་དག་ཚུལ་ཐམས་ཅད་ཀྱང་དེ་ཡིན་ལ། ཐ་མ་གྲོལ་དུས་ཀྱང་སེམས་དག་པས་སྒྲིབ་པ་དག་པའི་རིག་པ། སྐུ་དང་ཡེ་ཤེས་སུ་གནས་པའི་དགོངས་པ་དང་། གནད་ཐམས་ཅད་དེར་ཐུག་པའི་ཕྱིར་(༤༣)རོ། །ཐེག་པ་ཐུན་མོང་ལས་དེ་གཉིས་མ་ཕྱེད་པས་བྱང་ཆུབ་བསྐལ་པའམ་ཚེ་རབས་སུ་མི་ཐོབ་པ་དང་། ཐུན་མོང་མ་ཡིན་པས་ཡིད་ལས་འདས་པའི་ཆོས་སྐུ་སྐད་ཅིག་གིས་རང་ངོ་ཤེས་པས་ཚེ་གཅིག་གིས་རླུང་རིག་དག་ནས་སངས་རྒྱ་བའི་གནད་ཀྱང་དེ་ཡིན་ནོ། །བླུན་པོ་མཁས་པའི་ང་རྒྱལ་ཅན་རྣམས་དང་། རྨོངས་པ་གཏི་མུག་གི་མུན་རྡོ་འཕེན་པ་རྣམས་ཀྱིས་མི་ཤེས་པའི་གནད་གསང་བ་ནི། རྡོ་རྗེ་ཐེག་པའི་རྩེ་མོར་ཕྱིན་པའི་ཁྱད་པར་གྱི་ཆོས་ཟབ་མོ་ཡིན་པས། ཡང་མཛོད་དུ་ཨ་ཐམ་མོ། །དེ་ལྟ་བུའི་ངང་དུ་བཞག་པ་ལ་བརྩོན་པས་ཉམས་སུ་བླང་ངོ་། །

གསུམ་པ་ཐབས་དེ་ལས་བྱུང་བའི་དགོངས་པ་ནི། དེའི་ཚེ་རིག་པ་རང་སོར་གནས་པས་ལུས་ངག་ཡིད་གསུམ་གྱི་སེམས་སྣང་བག་ཆགས་དང་བཅས་པ་རང་དག་ནས། རིག་ཀྱང་མི་འཕྲོ་བས་འདོད་པའི་སེམས་ལས་གྲོལ། གསལ་ཡང་མི་འཛིན་པས་གཟུགས་ཀྱི་སེམས་ལས་གྲོལ། མི་རྟོག་ཀྱང་རིག་གདངས་ཡུལ་སྣང་མ་འགགས་པས་གཟུགས་མེད་ཀྱི་སེམས་ལས་གྲོལ་ཏེ། སྲིད་པ་གསུམ་དུ་སྐྱེ་བའི་ལས་དང་ཉོན་མོངས་བག་ཆགས་དང་བཅས་པ་གང་ཡང་མེད་པ་ནི། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ་སྟེ། ཡེ་བདེ་ཆོས་ཉིད་ཀྱི་ངང་དུ་གནས་པའོ། །འདིའི་དུས་ན་རིག་པ་གཞི་ལ་གནས་དུས་འཁྲུལ་པ་དབྱིངས་སུ་ཐིམ་པས། ཀ་དག་ཆོས་ཟད་དུ་གྲོལ་ལ། རིག་ངོར་ཡུལ་ལྔ་སྣང་དུས་གཞིར་བཞེངས་ཡེ་ཤེས་སུ་གསལ་བས། ཉོན་མོངས་པ་ཆོས་ཉིད་དུ་གྲོལ་བ། སྦྲུལ་གྱི་མདུད་པ་བྱ་ལོང་མེད་པར་རང་གྲོལ་བ་ལྟ་བུ་འབྱུང་སྟེ། དོན་ལ་ཉོན་མོངས་པ་ཡོད་མ་མྱོངས་པའི་གནད་ཀྱིས་སྐྱེ་མ་མྱོངས་སྐྱེ་མ་མྱོངས་པས་རིག་པ་དངས་སངས་སངས་འདྲ་བར་དུས་མཉམ་པར་བྱུང་བ་ཡང་དེ་ཡིན་ནོ། །དེ་ལྟར་རིག་པ་ངོ་མཐོང་གི་རྣལ་འབྱོར་པས་འབྲས་བུ་རང་ཆས་སུ་ཤེས་ནས། རིག་པ་རང་ཐོག་ཏུ་གནས་པའི་ངང་ལས། སྤང་བླང་དུ་མི་བྱེད་པར་འཇོག་ནུས་པ་ནི། རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་ཞེས་བྱ་སྟེ། གནས་སྐབས་སུ་སེམས་ཀྱི་འཁྲུལ་པ་རང་དག །ལས་ཀྱི་རླུང་འགྱུ་བ་སྟོངས་ནས། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཕྱོགས་མེད་དུ་འཆར་ཞིང་། ཁམས་ལ་ཡོད་པའི་དྲི་མ་རྣམས་དག་པར་བྱེད་པའོ། །མཐར་ཐུག་རིག་པའི་ནུས་པའམ་རྩལ་མངོན་དུ་གྱུར་ནས་དྲི་མ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་བྱང་ཆུབ་ཅེས་བྱ་བའི་ངོ་བོ་མངོན་དུ་གྱུར་ཏེ། རང་དོན་ཆོས་སྐུ་ལྷུན་གྲུབ་ཆེན་པོ་གདོད་མའི་དབྱིངས་ན་ནང་གསལ་གནམ་སྟོང་གི་ཟླ་བ་ལྟར་སྐུ་དང་ཡེ་ཤེས་སུ་འདུ་འབྲལ་མེད་པ་སངས་རྒྱས་ཉིད་ཀྱི་ངོ་ཁ་ལས་གཞན་ལ་མི་སྣང་བའི་ངང་ནས། གཞན་དོན་གཟུགས་སྐུ་རྣམ་གཉིས་འཁོར་བ་ཇི་སྲིད་བར་དུ་གདུལ་བྱའི་ངོ་ཁ་ལ་སྣང་ནས་ལྷུན་གྱིས་གྲུབ་པའི་མཛད་པས། འགྲོ་བའི་དོན་(༤༤)ཕུན་སུམ་ཚོགས་པ་འབྱུང་བ་ནི། ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། ཆུ་ཟླ་ལྟར་དབྱིངས་ལས་མ་གཡོས་པར། རང་བྱུང་དུ་མོས་པའི་དབང་གིས་འབྱུང་ངོ་། །དེ་ཡང་སྐུ་གསུམ་ལ་འཇུག་པའི་མདོ་ལས། སངས་རྒྱས་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་ཁ་ལ་སྣང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཁ་ལ་སྣང་ངོ་། །སྤྲུལ་པའི་སྐུ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ངོ་ཁ་ལ་སྣང་ངོ་། །ཞེས་སོ། །དེའང་དབྱིངས་ཀྱི་སྐུ་ལས་གདུལ་བྱའི་ངོར་སྣང་བའི་སྐུ་མཆེད་པ་ནི་ཟླ་གཟུགས་ལྟ་བུ་སྟེ། མདོ་སྡེ་རྒྱན་ལས། ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །ཞེས་སོ། །འབད་རྩོལ་དང་རྣམ་རྟོག་མེད་པའི་ཆ་ནས་ནོར་བུ་ལྟ་བུ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །དབྱིངས་སུ་འཇུག་པ་ཞི་བའི་དུས་ན། སེམས་ཀྱི་སྤྲོས་པ་ཐམས་ཅད་འགགས་ནས་ཡེ་ཤེས་གཅིག་ཏུ་གསལ་བ་ཡང་དེ་ཉིད་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་ལ། །དེ་ཚེ་འགག་པ་མེད་ཅིང་སྐྱེ་བ་མེད། །སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་སོ། །དེའང་སེམས་ཐམས་ཅད་འགག་པའི་ཡེ་ཤེས་དམ་པ་ནི། རིག་པ་སྒྲིབ་པ་དང་བྲལ་བའི་ཚེ་མངོན་དུ་གྱུར་པ་ཡིན་ནོ། །འདི་དག་ནི་རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱའོ།། །།

དེ་ལྟར་ངེས་དོན་སྙིང་པོའི་དོན་བསྡུས་པ། །རིག་པའི་ཉམས་ལེན་ཡང་ཟབ་ཁྲེགས་ཆོད་གནད། །མ་གབ་མངོན་དུ་ཕྱུང་སྟེ་བཀོད་པ་ཡི། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །ཆོས་ཚུལ་བརྒལ་དཀའ་སྤྲོས་པའི་ཆུ་གཏེར་ལས། །དོན་ཟབ་སྙིང་པོའི་གྲུ་ཆེན་འདིས་སྒྲོལ་ཏེ། །རྟོག་པའི་དྲ་བ་ཆུ་རླབས་རྙོག་མ་ཅན། །ཚེགས་ཆེ་བུལ་ཆུང་བག་ཆགས་སོགས་པའི་གྲོགས། །གྲུབ་མཐའི་གཟེབ་དང་གཏི་མུག་སྒོམ་པའི་གཟེབ། །ཀུན་ལས་གྲོལ་བྱེད་ཐེག་མཆོག་འདིར་ཞུགས་ཤིག །བདག་བློ་དམ་པའི་དྲིན་གྱིས་ངེས་པའི་དོན། །ཇི་བཞིན་མཐོང་བའི་བློ་མིག་རབ་དག་པས། །ཚིག་ཉུང་དོན་དྲིལ་ཉམས་སུ་བླང་བདེ་བའི། །གནད་འདི་བཀོད་པས་སྐལ་ལྡན་དགའ་བར་མཛོད། །(༤༥)གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཡོན་ཏན་ཀུན་འབྱུང་དགའ་བའི་སྐྱེད་ཚལ་དུ། །སྙིང་པོའི་དོན་མཐོང་སྦས་པའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་སྣང་བར་བྱས། །ཟབ་མོའི་གནད་བཞིན་ཕྱི་རབས་སྐལ་ལྡན་གྱིས། །ཉམས་སུ་ལོང་ལ་རང་རྒྱུད་གྲོལ་བར་མཛོད། །ཕྱིས་ནས་གཞན་རྒྱུད་སྨིན་པའི་ནུས་ལྡན་དུས། །འགྲོ་བའི་དོན་ལ་སྐྱོ་ངལ་མེད་པར་མཛོད། །ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ། ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་བཀོད་པ་རྫོགས་སོ།། །།

དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་དང་། གཟའི་དགེ་བསྙེན་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པ་གསུམ་པ་གཏད་དོ། །བཀའི་བྱ་ར་གྱིས་ལ་ཡི་གེ་འདྲ་མིན་བྱེད་པ་དང་། སྣོད་མིན་ལ་བསྟན་ན་སྙིང་ཁྲག་འཐུངས་ཤིག །སྐལ་ལྡན་ལ་མང་དུ་སྤེལ་ཅིག། །།

ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར།

༄༅། །ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་བཞུགས་སོ། །

༄༅། །ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་མཁའ་ལ་ཡེ་ཤེས་གཟའ་སྐར་བཀྲ། །ཐུགས་རྗེའི་འོད་དཀར་འགྲོ་བློའི་མུན་པ་སེལ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་། །དཔལ་མགོན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །དེང་འདིར་སྟོན་པས་ཆོས་ཀྱི་མཛོད་དབྱེ་བ། །ཀུན་གྱི་ནང་ནས་རབ་ཟབ་སྙིང་པོའི་དོན། །རྡོ་རྗེ་སྙིང་པོ་ཐེག་མཆོག་རིན་ཆེན་ལས། །མངོན་སུམ་འོད་གསལ་གནད་ཀྱི་རྒྱབ་ཡིག་བྲི། །

འདིར་གསང་བ་སྙིང་ཏིག་གི་གནད་ངེས་པ་རྣམས་བསྡུ་ན་གསུམ་སྟེ། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། འབྲས་བུ་གྲོལ་ས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ། སེམས་དང་ཡེ་ཤེས་ཀྱི་དབྱེ་བའོ། །

དང་པོ་ལའང་གསུམ་ལས། རང་བཞིན་གདོད་མའི་སྤྱི་གཞི་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་འོད་གསལ་བའི་དབྱིངས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །དེའང་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་རྗེ་རིག་པ་སྤྲུལ་པའི་སྐུར་གནས་པས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ། ཉི་(༤༦)མའི་སྙིང་པོ་ལྟར་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། ཡོད་མེད་ཀྱི་མཐའ་ལས་འདས་པར་གནས་སོ། །དེ་ཉིད་ཀྱི་ངོ་བོ་ལ་འཁོར་འདས་གང་དུའང་མ་གྲུབ་ཅིང་སྐྱོན་ཡོན་གྲུབ་བསལ་མེད་པ་དབྱིངས་ནམ་མཁའ་ལྟར་གནས་ཏེ། ཡི་གེ་མེད་པའི་རྒྱུད་ལས། ང་རང་བྱུང་གི་ཡེ་ཤེས་ལ་དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །ཞེས་སོ། །རང་བཞིན་ལ་འཆར་གཞིའི་ཚུལ་དུ་སྐུ་ལྔ་རིགས་ལྔ་ཡེ་ཤེས་ལྔ་རླུང་ལྔ། ཤེས་རབ་ལྔ་འོད་ལྔ་ལྷུན་གྲུབ་ཏུ་གནས་སོ། །དེའང་རིག་པའི་ངོ་བོ་ནང་དབྱིངས་ལྷུན་གྱིས་གྲུབ་པའི་རྣམ་པ་ལ་སྣང་བས། རྣམ་པར་སྣང་མཛད་དང་། དེ་ཉིད་འཕོ་འགྱུར་མེད་པས་མི་བསྐྱོད་པ་དང་། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱི་གཏེར་དུ་གྱུར་པས་རིན་ཆེན་འབྱུང་ལྡན་དང་། འོད་ཟེར་ཚད་མེད་པས་འོད་དཔག་མེད་དང་། ཡེ་ནས་སངས་རྒྱས་སུ་གྲུབ་པས་དོན་ཡོད་གྲུབ་པའི་སྐུ་རྣམས་སུ་གནས་སོ། །དབྱིངས་དེ་བཞིན་ཉིད་ཀྱི་ངོ་བོར་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གཤེགས་པ་སྟེ། ངོ་བོ་དབྱེར་མེད་པས་དེ་བཞིན་གཤེགས་པའི་རིགས་དང་། མི་འགྱུར་བས་རྡོ་རྗེ་དང་། ཡོན་ཏན་རྫོགས་པས་རིན་པོ་ཆེ་དང་། ལས་དང་ཉོན་མོངས་པས་མ་གོས་པས་པདྨ་དང་། རིག་པའི་ལས་སམ་ཆོ་འཕྲུལ་དུ་རྫོགས་པས་ལས་ཀྱི་རིགས་སོ། །རིག་པའི་ངང་དུ་སྐུ་དང་ཞིང་ཁམས་ལ་སོགས་པ་རང་གསལ་བས་མེ་ལོང་ཡེ་ཤེས་སོ། །དེ་ཐམས་ཅད་རིག་པར་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མ་འདྲེས་པར་སྣང་བས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཡེ་ནས་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སོ། །དེ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་དྲོད་ཕེབས་པས་མེ་མཉམ་གྱི་རླུང་ངོ་། །འཁོར་འདས་ཀྱི་འཆར་གཞི་བྱེད་པས་སྲོག་འཛིན་གྱི་རླུང་ངོ་། །སྣང་བ་དུ་མར་འབྱེད་པས་དངས་སྙིགས་འབྱེད་པའི་རླུང་ངོ་། །འཁོར་འདས་གང་ལའང་ཁྱབ་པར་བྱེད་པས་ཁྱབ་བྱེད་ཀྱི་རླུང་ངོ་། །རིག་དུས་འཁོར་བ་མྱང་འདས་སུ་གྲོལ་བར་བྱེད་པའི་གཞི་བྱེད་པས་སྙིང་རྗེ་མེད་པ་ལས་ཀྱི་རླུང་ངོ་། །འདི་དག་འགྱུ་བའི་རླུང་མ་ཡིན་གྱི་ཆ་ལ་བཏགས་པས་རིག་པ་ཡེ་ཤེས་ཀྱི་རླུང་ངོ་། །(༤༧)འཁོར་འདས་ཀྱི་འཆར་གཞི་སོ་སོར་བྱེད་པས་འབྱེད་པའི་ཤེས་རབ་བོ། །རིག་པའི་ངང་དུ་གཅིག་པས་སྡུད་པའི་ཤེས་རབ་བོ། །རིག་པ་ལས་མ་འདས་པས་ཁྱབ་བྱེད་ཀྱི་ཤེས་རབ་བོ། །རིག་དུས་གྲོལ་ས་འདི་ཉིད་དུ་བསྐྱོད་པས་བསྐྱོད་པའི་ཤེས་རབ་བོ། །འཁོར་འདས་གཉིས་ཀྱི་སྒྲོ་འདོགས་གཅོད་པས་གཅོད་བྱེད་ཀྱི་ཤེས་རབ་བོ། །འདི་དག་རྟོག་དཔྱོད་ཀྱི་ཤེས་རབ་མ་ཡིན་གྱི་རིག་པ་ཡེ་ཤེས་ཀྱི་ཆ་ལ་བཏགས་སོ། །རིག་པ་ལ་དྲི་མ་མེད་པས་འོད་དཀར་པོའོ། །ཡོན་ཏན་རྫོགས་པས་སེར་པོའོ། །རིག་པར་འདུས་པས་དམར་པོའོ། །མ་བཙལ་རྫོགས་པས་ལྗང་གུའོ། །འགྱུར་བ་མེད་པས་མཐིང་གའོ། །དེ་སྐད་དུ། ཉི་ཟླ་ཁ་སྦྱོར་ལས། རང་བཞིན་གྱི་སྣང་བ་ལས་ནི་སྐུ་ལྔ་དང་། རིགས་ལྔ་དང་། ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔར་ཡེ་ནས་ཤར་རོ། །ཞེས་སོ། །ཐུགས་རྗེ་ལ་རིག་པའི་ཡེ་ཤེས་མཁྱེན་པའི་ཆ་མ་འགགས་པར་ནང་གསལ་དུ་གནས་པ་ལས། ཕྱིར་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་འཆར་གཞིར་བྱེད་དེ། དེ་ཉིད་ལས། ཐུགས་རྗེ་རིག་པའི་ཆ་ལས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གནས་སོ། །ཞེས་སོ། །དེ་ལྟར་དབྱིངས་རང་བཞིན་གྱིས་དག་པ་སྟོང་གསལ་རིག་པའི་ཡེ་ཤེས་ངང་གིས་མི་གཡོ་བ་ཆོས་ཉིད་འོད་གསལ་བའི་བདག་ཉིད་དུ་བཞུགས་སོ། །

གཞི་སྣང་འཁྲུལ་གྲོལ་གྱི་གྱེས་གཞི་ནི། གདོད་མའི་གཞི་དེ་ཉིད་ཀྱི་ངང་ལས་ལྷུན་གྲུབ་འོད་ལྔའི་སྣང་བ་རིག་པ་ཡེ་ཤེས་ཀྱི་རླུང་གིས་ཕྱིར་ཤར་དུས་འོད་ལྔ་ལྷུན་གྲུབ་ཀྱི་གདངས་ལྔ་འཇའ་ཚོན་ལྟ་བུའི་ནང་ན། ལོངས་སྐུ་ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་། རང་བཞིན་སྤྲུལ་པའི་ཞིང་ལྔ་དང་། འགྲོ་བ་དྲུག་གི་འཇིག་རྟེན་ན། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་གཟུགས་བརྙན་ལྟར། རང་སྣང་རང་ཤར་དུ་སྣང་སྟེ། རིག་པ་རང་ཤར་ལས། གཞི་དེ་ལྟ་བུ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་འབྱུང་ངོ་། །ཞེས་པ་ལ་སོགས་པ་གསུངས་སོ། །

ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། གཞི་སྣང་ཤར་བ་རང་ངོ་ཤེས་པའི་སྐད་ཅིག་ལ་གདོད་མར་གྲོལ་ཏེ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ནང་གསལ་ཆོས་ཉིད་ཀྱི་དགོངས་པར་བཞུགས་པ་ནི། ངེས་དོན་འདུས་པའི་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །རང་ངོ་ཤེས་པས་གཞི་ལ་ཕྱིན། །ཅེས་སོ། །ཆོས་དྲུག་ནི། དབྱིངས་སྣང་ཤར་དུས། རྒྱུའི་རྐྱེན་ལྷན་ཅིག་སྐྱེས་པའི་རིག་པ། ཡུལ་གྱི་རྐྱེན་འོད་(༤༨)དང་སྐུར་སྣང་བ། མཚུངས་པ་དེ་མ་ཐག་པའི་རྐྱེན། སྣང་རིག་དུས་མཚུངས་པ་གསུམ་གྱི་ཚེ། རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡེ་ནས་རང་རིག་པས་སངས་རྒྱས་སུ་གྲུབ་པ། སེམས་ལས་མ་བྱུང་བའི་སངས་རྒྱས་རིག་པ་ཡེ་ཤེས་སུ་སྣང་བ། ལུང་ལས་མ་བྱུང་བའི་མན་ངག་རང་གིས་རིག་པས་སངས་རྒྱས་སོ། །འདི་ལྟ་བུ་ཡེ་ཐོག་དང་པོར་བྱུང་བ་ནི། འཁོར་འདས་སྤྱིའི་དཔལ་དམ་པ་ཀུན་ཏུ་བཟང་པོ་ཡིན་ལ། དབྱིངས་སྣང་ལས་གྲོལ་བ་ཐམས་ཅད་ཀྱང་ཡིན་ལ། ཁྱད་པར་བར་དོའི་གཞི་སྣང་ཤར་བ་ལ་གྲོལ་ཚད་ལུགས་འདི་ཡིན་ནོ། །

དོན་གཉིས་པ་དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ་ནི། དབྱིངས་སྣང་ཤར་བ་རང་སྣང་དུ་མ་ཤེས་པས་སྐད་ཅིག་ལ་གཞན་དུ་བཟུང་བས་འཁྲུལ་ཏེ། རང་ངོ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ། གཞན་དུ་བཟུང་བས་ཀུན་ཏུ་བརྟགས་པའི་མ་རིག་པ། འོད་ལྔ་ཡུལ་གྱི་འཁྲུལ་གཞི་རིག་པ་སེམས་ཀྱི་འཁྲུལ་གཞིར་གྱུར་ནས། རྡོས་བཅས་ཀྱི་ཡུལ་དང་ལུས་དང་སེམས་སུ་བག་ཆགས་ཀྱིས་ཤར་རོ། །དེའང་རིག་པ་ལ་ལྟོས་པའི་མ་རིག་པ་གསུམ་སྟེ། ངོ་བོ་མི་རྟོག་པའི་ཆ་ངོ་མ་ཤེས་པས་བདག་ཉིད་གཅིག་པའི་མ་རིག་པ། རང་བཞིན་འོད་དུ་གསལ་བ་རང་བཞིན་དུ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ། ཐུགས་རྗེ་རང་རིག་ཏུ་མ་ཤེས་པས་ཀུན་ཏུ་བརྟགས་པའི་མ་རིག་པས་འཁྲུལ་པའི་དང་པོའི་རྒྱུ་བྱས། རྐྱེན་བཞི་ལས་ཡུལ་ཡུལ་ཅན་དུ་ཤར་བའི་མ་རིག་པ་གསུམ་ནི་རྒྱུའི་རྐྱེན། རང་ལས་གཞན་དུ་འཛིན་པའི་སྣང་ཡུལ་མེ་ལོང་དུ་བྱད་ཤར་བ་ལྟ་བུ་དམིགས་པའི་རྐྱེན། གཉིས་སུ་འཛིན་པའི་ཤེས་པ་བདག་པོའི་རྐྱེན། དེ་དག་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་བཞི་འདུས་པས། ཁམས་གསུམ་རིགས་དྲུག་སོ་སོར་འཁོར་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི། གཞི་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་པའོ། །གཞི་དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་སྐད་ཅིག་མ་འགྱུས་པ་ལས་ཤེས་པ་སྤུན་པོ་ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པ་ཙམ་ལས་འཁྲུལ་ལོ། །མ་རིག་པ་དེ་ཉིད་གཞི་ལ་མེད་ཀྱང་སྣང་བ་ལ་ཡོད་དོ། །སྣང་བ་དེ་ལ་རྐྱེན་རྣམ་པ་བཞི་བྱུང་ངོ་། །གཞི་དེ་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལ་རྒྱུའི་རྐྱེན་ཞེས་བྱའོ། །དངོས་པོ་དེ་ལ་བདག་ཏུ་བཟུང་བས་བདག་པོའི་རྐྱེན་ཞེས་བྱའོ། །(༤༩)དེ་ལ་ཡུལ་ཅན་དུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱའོ། །དཔེར་ན་སྐྱེས་བུའི་བྱད་ལ་མེ་ལོང་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་ཉིད་རང་གི་བཞིན་སྣང་བ་ལས་རང་དུ་མ་ཤེས་པས། ཁམས་གསུམ་འཁོར་བའི་གཞི་གྲུབ་པོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ནས་སེམས་ཅན་གྱི་གཟུགས་ཐ་དད་དུ་བྱུང་བའོ། །གཞི་དེ་ལྟ་བུ་མ་དག་པ་ལས་འཁྲུལ་ལོ། །ཞེས་པ་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ཅན། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོ། །དེའང་བརྫུས་ཏེ་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། མངལ་ལས་སྐྱེ་བ་བཞིའི་རྒྱར་འཐུམས་ཏེ། གནད་རིག་པའི་རང་ངོ་མ་ཤེས་པས་འཁྲུལ་དུས་མི་རྣམས་གཙོ་ཆེར་མངལ་སྐྱེས་ཡིན་པའི་ཕྱིར། དེ་གྲུབ་ཚུལ་བཤད་ན་ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་མ་མཐོང་སེམས་ཅན་ནི། །དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །འཁྲང་གྱུར་ཉ་ཡི་རྣམ་པ་དང་། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་ལྟར་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་ནས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ། །ཞེས་པས། བར་དོ་ཡིད་ཀྱི་གཟུགས་ཅན་གྱི་རླུང་སེམས་མའི་གཤང་ལམ་ནས་ཞུགས་ཏེ། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་དང་འདྲེས་པས། ཞག་དང་པོ་ལ་ཆུའི་བྱེད་ལས་རླུང་སེམས་གཉིས་དང་ཐིག་ལེ་གཉིས་ཏེ་བཞི་པོ་དེ་དག་གཅིག་ཏུ་འདུས་པ་ལས། མེར་མེར་པོའི་ཆགས་གཞི་ཉུང་འབྲུ་བརྒྱར་གཤགས་པའི་ཆ་ཙམ་དུ་བྱས། ཞག་གཉིས་པ་ལ་སའི་བྱེད་ལས་ཀྱིས་གཅིག་ཏུ་གནས་ཤིང་བརྟན་པས་ཉུང་འབྲུའི་བཅུ་ཆ་ཙམ་དུ་བྱས། གསུམ་པ་ལ་མེས་མེར་མེར་གྱུ་གྱུ་པ་དངུལ་ཆུ་ལྟར་འཕར་བ་ཉུང་འབྲུ་སུམ་ཆ་ཙམ་དུ་བྱས། བཞི་པ་ལ་རླུང་གིས་བརྒྱ་སྟོང་དུམ་བུར་གཏོར་ནས་བསྡུས་ཏེ་ཉུང་འབྲུ་ཕྱེད་ཙམ་དུ་བྱས། ལྔ་པ་ལ་ས་དང་ཆུས་དྭངས་སྙིགས་བསྡུས་ཏེ་ཉུང་འབྲུ་ཙམ་དུ་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས་པས་ཉུང་འབྲུ་གཉིས་ཙམ་དུ་བྱས། བདུན་པ་ལ་ཐིག་ལེ་མེར་མེར་པོ་དེའི་ནང་དུ་མིག་ཆུང་ཤིན་ཏུ་ཕྲ་བ་གཉིས་ཆགས་དུས། འབྱུང་བ་བཞི་འཁྲུགས་པས་ཐིག་ལེ་(༥༠)དེ་ཉིད་ཆུས་བཤིག །སས་མནན། མེས་བསྲེགས། རླུང་གིས་རྡུལ་ཕྲན་ཙམ་དུ་གཏོར་ནས་གནས་སོ། །དེ་ནས་བདུན་ཚན་གཉིས་པའི་ཞག་རིམ་པས་བརྩི་བ་ནི། ཡང་ལས་དང་བག་ཆགས་ཀྱི་མཐུས་ཞག་དང་པོ་ལ་ཆུས་བསྡུས་ཏེ་ནུར་ནུར་པོའི་གཞི་སྲན་མའི་བཅུ་ཆ་ཙམ་ལས་སྙིང་གི་ཤར་རྩ་བསྐྱེད། གཉིས་པ་ལ་སས་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་དུ་ལྷོ་རྩ་བསྐྱེད། གསུམ་པ་ལ་མེས་སྨིན་ཏེ་སྲན་མའི་བདུན་ཆ་ཙམ་དུ་ནུབ་རྩ་བསྐྱེད། བཞི་པ་ལ་རླུང་གིས་བསྐྱེད་པས་སྲན་མའི་ལྔ་ཆ་ཙམ་དུ་བྱང་གི་རྩ་བསྐྱེད། ལྔ་པ་ལ་ས་དང་ཆུས་བསྡུས་ཏེ་སྲན་མའི་བཞི་ཆ་ཙམ་དང་། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས་པའི་སྲན་མའི་སུམ་ཆ་ཙམ་དང་། བདུན་པ་ལ་འབྱུང་བ་བཞི་ཀའི་བྱེད་ལས་སྲན་མ་ཙམ་ལ། ནུར་ནུར་པོའི་ནང་དུ་མིག་ཆུང་གཉིས་དང་འབྱུང་བའི་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་གནས་པ་ལས་སྔ་མ་བཞིན་བཤིག་གོ། །བདུན་ཚན་གསུམ་པའི་ཞག་དང་པོ་ལ་ཆུས་བསྡུས་ཏེ། ལྟར་ལྟར་པོའི་རྒྱུ་སྲན་མ་ཙམ་གཉིས་ལས། སྔ་མ་ལྟར་ཞག་ལྷག་མ་རྣམས་སུ་འབྱུང་བ་སོ་སོའི་མཐུས་མཐེ་བོང་ཙམ་དུ་བསྐྱེད་ནས་བཤིག་གོ། །བདུན་ཚན་བཞི་པ་ལའང་ཆུས་བསྡུས་ཏེ་གོར་གོར་པོའི་གཞི་སྒོ་ང་ཙམ་གྱི་བར་དུ་བསྐྱེད་ནས་གནས་སོ། །བདུན་ཚན་ལྔ་པ་ལ་འཁྲང་གྱུར། དྲུག་པ་ལ་ཉའི་རྣམ་པ་ལྟ་བུ། བདུན་པ་ལ་རུས་སྦལ་ལྟ་བུ། བརྒྱད་པ་ལ་སྦལ་པ་ལྟ་བུ་མའི་འཁྱིད་གང་བར་ལུས་རྫོགས་ཏེ་དབང་པོ་དང་ཡན་ལག་དོད་པའོ། །དེའང་ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་དྲུག་ན་ལུས་རྫོགས་ཏེ། དབུ་མའི་གཡས་སུ་རོ་མ་དང་། གཡོན་ན་རྐྱང་མ་གསུམ། ཀ་བ་ལྟར་གནས་པའི་སྤྱི་བོར་རྩེ་མོ་རྣམས་བཀོད། མགྲིན་པར་རོ་རྣམས་འདུས་པ། སྙིང་གར་དྲན་པ་རྣམས་འཛིན། ལྟེ་བར་སྐྱེད་པར་བྱེད་པ་ལ་སོགས་པ་རྩ་འདབ་དང་བཅས་པ་སོ་སོར་ཆགས་སོ། །དེ་ནས་བཙའ་བའི་བར་དུ་ལུས་ཆེར་བསྐྱེད་པའོ། །དེ་ཡང་ཕ་མའི་ཐིག་ལེ་གཉིས་ཀྱི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་རྒྱུ་དང་། རྐྱེན་དང་། ལས་བྱེད་པས་ལུས་ཆགས་པ། བསྐྱེད་པ། གནས་པ། འཇིག་པ་དང་བཅས་པའོ། །རྒྱུ་འབྱུང་བ་བཞིས་སས་ཤ་དང་རུས་པ། ཆུས་ཁྲག་དང་དྭངས་མ། མེས་དྲོད། རླུང་གིས་དབུགས་ཕྱི་ནང་གི་རྒྱུ་བ་རྣམས་བསྐྱེད་ཅིང་འཛིན་པས་ལུས་གནས་པ་དང་། མཐར་འབྱུང་བ་འཁྲུགས་པ་ལས་ནད་དང་འཆི་བའི་རྐྱེན་བྱེད་པའོ། །དེ་ལྟ་བུའི་རླུང་སེམས་གཉིས་ནི། དོན་དམ་པའི་འབྱུང་བ་བཞིའམ་ལྔའི་རྒྱུ་དང་། རྐྱེན་དང་བྱེད་ལས་ལྡན་པའོ། །རྒྱུ་(༥༡)སྐུ་དང་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྒྲོན་མ་བཞིའོ། །དེ་ཡང་རིག་པའི་ངོ་བོ་ཙིཏྟར་སྐུར་སྨིན་ཅིང་། རྩ་རྣམས་སུ་ཐིག་ལེར་སྨིན་ལ། མིག་ཏུ་སྒྲོན་མ་བཞིར་སྨིན་ཅིང་། འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་རང་ས་ཟིན་པར་བྱེད་པའོ། །རྩ་རྣམས་ཐིག་ལེར་སྨིན་ཚུལ་ཡང་། རྩ་གསུམ་གྱི་རོ་རྐྱང་ནས་དངས་མ་དཀར་དམར་རྒྱུ་ལ། དབུ་མའི་འོད་གསལ་ཡེ་ཤེས་ཀྱི་རྩ་ནས་རང་བཞིན་འོད་ལྔའི་ཐིག་ལེ་རྒྱུ་སྟེ། མཉམ་གཞག་གི་དུས་ན་གཡོ་བྱེད་སྤྲོས་པ་དང་བྲལ་བས། རང་བཞིན་གྱི་ཐིག་ལེ་དབྱིངས་དེར་མི་གཡོ་བར་གནས་སོ། །དེ་ཉིད་གོམས་པ་ལས་ཉམས་བདེ་གསལ་མི་རྟོག་པ་སྐྱེ་དུས་ཆོས་ཉིད་ཀྱི་ཐིག་ལེའོ། །ཉམས་བརྟན་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེའོ། །འོད་སྣང་ཕྱིར་རྣམ་པ་སྣ་ཚོགས་རིམ་པར་སྣང་དུས་དབྱིངས་ཀྱི་ཐིག་ལེའོ། །སྣང་བ་དེ་ཉིད་འཕེལ་བའི་ཚེ་ན་དབྱིངས་རྣམ་པར་དག་པའི་ཐིག་ལེའོ། །ཙིཏྟའི་ནང་དུ་སྐུར་སྣང་དུས་ཀུན་ཏུ་བཟང་པོའི་ཐིག་ལེའོ། །སྐུའི་གདངས་ཕྱིར་ཤར་དུས་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་གིས་ལུས་ཀྱི་གྲུབ་ཚུལ་བཤད་ཟིན་ཏོ།། །།

དོན་གསུམ་པ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ལ་གཉིས་ལས་དང་པོ་སེམས་ཀྱི་དབྱེ་བ་ལ་བརྒྱད་དེ། གནས། ངོ་བོ། ལམ། སྒོ། ཡུལ། རྩལ། བྱེད་ལས། འབྲས་བུའོ། །གནས་ནི་གློ་བ་ན་རྩ་གྲོ་སོག་གི་སྦུ་གུ་ཙམ་རླུང་གིས་གང་བ་ལས། དབུགས་ཐམས་ཅད་མཆེད་པའི་རྟེན་བྱེད་པ་སྙིང་ག་དང་འབྲེལ་བ་ན་གནས་ཏེ། གསེར་ཕྲེང་ལས། གནས་ནི་རླུང་ཅན་གྲོང་ན་གནས། །ཞེས་སོ། །ངོ་བོ་ནི་སྙིང་གའི་རིག་གདངས་རླུང་དང་འདྲེས་པས་རྣམ་པར་རྟོག་པའོ། །རླུང་དེ་རྟ་ལོང་བ་རྐང་ཅན་དང་། རིག་གདངས་མི་འཕྱེ་བོ་མིག་ཅན་གཉིས་འགྲུལ་བ་ལྟ་བུའོ། །ལམ་ནི་གློ་བ་ནས་རྩ་འདབ་སོ་སོ་ལ་སོང་བའི་རླུང་གིས། སྒོ་ལྔའི་ཡུལ་ལ་རྟོགས་པའི་ཕྱིར་ཁ་སྣ་དང་དབང་པོ་སོ་སོའི་སྒོ་ལ་རླུང་རྒྱུ་བའི་རྩ་ལམ་ཡིན་ནོ། །སྒོ་ནི་དབང་པོ་སོ་སོ་དང་ཁ་སྣའོ། །ཡུལ་ནི་གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་དྲུག་གོ། །རྩལ་ནི་གཟུང་འཛིན་དགག་སྒྲུབ་ལ་སོགས་པའི་རྣམ་རྟོག་རྣམས་སོ། །བྱེད་ལས་ནི་ལས་དང་ཉོན་མོངས་དང་བག་ཆགས་དུ་མ་གསོག་པར་བྱེད་དོ། །འབྲས་བུ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་དོ། །

གཉིས་པ་ཡེ་ཤེས་ཀྱི་དབྱེ་བ་ལ་ཡང་བདུན་ལས། གནས་ནི་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་འདྲ་བའི་དབུས། འོད་གསལ་གྱི་རྩ་འདབ་བཞིའི་(༥༢)ལྟེ་བ་ལ་དྭངས་མའི་དྭངས་མ་ཉུང་འབྲུ་ཙམ་ལ་བརྟེན་པ་ནི། མུ་ཏིག་ཕྲེང་བ་ལས། གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ། །ཞེས་སོ། །ངོ་བོ་ནི་རིག་པའི་ཡེ་ཤེས་ཏེ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགག་པ་མེད་པར་མར་མེའི་སྙིང་པོ་ལྟ་བུ་འོད་དང་སྐུར་འབར་བ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་སོ། །དེའི་རྩལ་དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་གནས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དེ་ལས་བྱུང་བའི་ཡེ་ཤེས་ཀྱིས། གནས་ནི་ཀླད་པ་དུང་ཁང་ན་གནས་སོ། །དེའང་ཁྲོ་བོའི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ། །འོད་དང་འོད་ཟེར་གྱི་ཚུལ་དུ་གནས་སོ། །ཞེས་སོ། །ལམ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དེ། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་སོ། །འབྲེལ་ལུགས་ནི། སྙིང་གི་རྩེ་ནས་སྒལ་ཚིགས་འདབས་ལ་འཁྲིལ་ཏེ། མགྲིན་པའི་རྩེའུ་ཆུང་གཡས་གཡོན་གྱི་འདབས་ནས་རྣ་བ་གཉིས་ལ་འཁྲིལ་ཏེ། ཀླད་པ་ནས་མིག་གི་ཨ་འབྲས་ཆུའི་སྒྲོན་མ་གཉིས་ལ་ཟུག་ནས་གནས་པ་སྟེ། སྔ་མ་ལས། ལམ་དེ་ནས་བྱུང་བའི་འོད་ཟེར་ནི། མེ་ལོང་གི་དཀྱིལ་ལྟར་གསལ་ལ་དྭངས་པའོ། །དཔེར་ན་ཉའི་མིག་བཞིན་དུ་འོད་ཟེར་དུ་སྣང་བའོ། །དེ་དང་རིག་པ་འབྲེལ་བའི་རྩ་ནི། སྙིང་གི་རྩེ་མོ་ནས་དར་དཀར་གྱི་སྐུད་པ་ཙམ་སྒལ་ཚིགས་ཀྱི་འདབས་ནས་ཡར་ཡོད་དོ། །དེ་ནས་ལམ་བྱུང་ནས་མགོ་ཡི་ནང་ན་ཡར་འཇུག་སྟེ། རྩ་དེའང་རྩེའུ་ཆུང་གཡས་གཡོན་ནས་ཀླད་པར་འབྲེལ་ལོ། །དེའང་རྣ་བའི་གཡས་གཡོན་ནས་འཐོན་ནས་མིག་ཏུ་འབྲེལ་ལོ། །དེས་ན་མིག་ནམ་མཁའ་ལ་ལྡོག་སྟེ་རྩ་གཅུན་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བས་གང་བར་འགྱུར་རོ། །ཞེས་སོ། །སྒོ་གང་ནས་འཆར་བ་ནི། མིག་གཉིས་ནས་འཆར་ཏེ། ཐལ་འགྱུར་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །ཡེ་ཤེས་འཆར་བའི་སྒོ་རུ་བསྟན། །ཞེས་སོ། །མིག་གི་རྩའི་རྩ་བ་ནི། ལྟེ་བ་དང་སྙིང་གར་འབྲེལ་ལོ། །སྙིང་ག་ནས་མགྲིན་པར་འབྲེལ་ལོ། །མགྲིན་པ་ནས་དུང་ཁང་དུ་གཡས་སུ་འཁྱིལ་པའི་རྩ་འདབ་བཞིར་གྱེས་པའི་དབང་པོ་ཡུལ་ལ་(༥༣)འཆར་བར་བྱེད་པའི་རྩ་འདབ་གཅིག་ལས་རྩེ་མོ་ལྔར་གྱེས་ཏེ། སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱ་བ་ཁ་ཆེ་ལ་རྩ་བ་ཕྲ་བ། བ་མེན་གྱི་རྭ་ལྟ་བུའི་ཡལ་ག་གཉིས། མིག་གི་ཨ་འབྲས་ཀྱི་དྭངས་མ་གཉིས་ལ་ཟུག་ནས་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བ་བྱུང་བས། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ལ་བརྟེན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུར་འཆར་རོ། །དེའི་གདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུར་འཆར་རོ། །དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་པའི་རྩལ་དུ་མར་འཆར་རོ། །དེ་ཡང་ཤེལ་སྦུག་ཅན་ནི་འོད་རྩ་ཡིན་ལ། དབང་པོ་དྭངས་བྱེད་ནི་མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུའི་རྩ་ཡིན་ནོ། །མིག་གི་ནང་རིག་པ་དངོས་ཕྱིར་ལྟ་བ་དང་། ཕྱི་སྣང་བ་གཟུགས་རྣམས་ཀྱི་སྣང་བ་ནང་དུ་ལྟ་བའི་བར་གྱི་སྒོ་མེ་ཤེལ་དྲི་མ་མེད་པས་ཆོད་པ་ལྟ་བུ་སྟེ། ནང་གི་འོད་གདངས་ཕྱིར་གསལ་བ་དང་། ཕྱིའི་གཟུགས་བརྙན་ནང་དུ་ཤར་བ་གཉིས་མི་བསྒྲིབ་པར་གསལ་བར་མཐོང་བའི་ཕྱིར་རོ། །རིག་པ་དངོས་ཀྱི་གདངས་འཆར་བའི་རྩ་སྒོ་བཞི་སྟེ། མིག་གཉིས་ནས་འོད་སྣང་དངོས་སུ་འཆར་བ་དང་། སྙིང་ནས་དབུ་མའི་དབུས་སུ་སྙིང་པོ་འོད་གསལ་གྱི་རྩ་ལས་དུང་ཁང་གི་ཁྲོ་བོ་དང་། དེའི་གདངས་རྩ་རྣམས་ཀྱི་ཐིག་ལེ་དང་། དབུ་མའི་འོད་རྩ་ལས་འཁོར་ལོ་བཞིའི་དབུས་ཀྱི་འོད་གསལ་ཐིག་ལེ་ཆེན་པོ་དང་། སྤྱི་བོ་ནས་རྟོག་པ་མེད་པའི་སྐུ་ཚངས་བུག་ལ་འཆར་ཏེ། ཚད་ཕེབས་ཀྱི་ཐིག་ལེ་ལྔ་བརྩེགས་སམ་དགུ་བརྩེགས་སུ་འཆར་བའི་རྟེན་ཅན་འཕོ་བའི་རྩ་སྒོ་དམ་པ་དེ་དང་། སྙིང་ནས་གློ་བར་རིག་གདངས་སེམས་སུ་འཆར་བ་སྟེ། དེ་ལྟར་མིག་གཉིས་དབུ་མའི་འོད་རྩ་གློ་བའི་གདངས་རྩ་དང་བཅས་པ་རྣམས་ཏེ། མུ་ཏིག་ཕྲེང་བ་ལས། ལམ་ནི་རྩ་བཞི་འགྱུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ཞེས་སོ། །ཕལ་གྱི་མིག་གི་རྩ་གཉིས་ལམ་དུ་ངོས་གཟུང་བ་ནི། རྒྱ་ཆུང་བས་མ་གོ་བར་ཟད་དེ། གདངས་བཞི་འཆར་བའི་རྩ་བཞི་ངོས་བཟུང་ལ། ཉམས་ལེན་གྱི་ཚེ་མིག་ནས་རིག་པ་ཐོན་ཅིང་། དེའང་མིག་གཉིས་ནས་རིག་པའི་རང་བཞིན་འོད་གདངས་འཆར་ལ། དབུ་མའི་འོད་རྩ་ལས་ངོ་བོ་སྟོང་གདངས་འཆར་ཞིང་གློ་བའི་རྩ་ནས་ཐུགས་རྗེ་རིག་གདངས་འཆར་བ་ཡིན་ནོ། །ཡུལ་གང་ལ་འཆར་ན་ཕྱིའི་དབྱིངས་ནམ་མཁའ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔར་སྣང་བའི་ནང་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། དབྱིངས་ནི་ཕྱི་(༥༤)དང་ནང་དུ་སྟེ། །ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ་ལ། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཀུན་ལ་ཡོད་པའི་མེ་ལོང་འོད་པོ་ཆེ། །དཔེར་ན་མེ་ལོང་དཀྱིལ་འཁོར་དག་པ་ལ། །གང་བསྟན་གཟུགས་བརྙན་དེ་བཞིན་འོང་བ་ལྟར། །དེ་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་གྱི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ། །མ་བསྐྱེད་རྫོགས་པའི་ཚོམ་བུ་རང་ལ་གནས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་རང་སྣང་ནམ་མཁའ་ལ། །ཞེ་འདོད་མེད་པའི་སྒྲོན་མ་རྣམ་གཉིས་གསལ། །སྤང་ཐོབ་མེད་པའི་ཆོས་སྐུའི་སྣང་བ་མཐོང་། །ཕྱོགས་དང་བྲལ་བའི་འོད་ཀྱི་མུ་ཁྱུད་ཟིན། །བདག་དང་བྲལ་བ་སྒྱུ་མའི་སྐུ་ལྔར་སྣང་། །ཞེས་སོ། །རིག་པའི་རྩལ་ནི། ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་དང་། ཕྱི་གསལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་རྣམ་པར་ཤར་རོ། །བྱེད་ལས་ནི། འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་དང་བྲལ་བར་བྱས་ཏེ། དབྱིངས་གདོད་མའི་ངང་ལ་སྦྱོར་བའོ། །འབྲས་བུ་ནི་ཁམས་ལ་སྒྲིབ་པའི་དྲི་མ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པའི་ཆ་དང་བཅས་པ་དག་ནས་ཉི་མ་སྤྲིན་དང་བྲལ་བ་ལྟར། ཤེས་རབ་རིག་པའི་ཡེ་ཤེས་དྲི་མ་མེད་པས་རང་རིག་བྱང་ཆུབ་ཏུ་མཐར་ཕྱིན་པར་བྱས་ནས་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་ལ་རྟག་ཏུ་བཞུགས་པའོ། །དེའང་ངོ་སྤྲོད་སྤྲས་པ་ལས། གཞི་ཉིད་འབྲས་བུ་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཞེས་སོ། །ཁམས་ཡེའི་སངས་རྒྱས་ཡིན་ཀྱང་། ལམ་དུས་རིག་པའི་ཤེས་རབ་ཀྱིས་བླང་དོར་མ་བྱས་ན། དྲི་བཅས་ལས་གྲོལ་དུས་མེད་པས། གདམས་པ་ཟབ་མོ་ཉམས་སུ་ལེན་པ་གཅེས་ཏེ། གཞིའི་ཆོས་སྐུ་དེ་འབྲས་བུ་མངོན་གྱུར་ཡེ་ཤེས་ཀྱི་སྐུ་བྱང་ཆུབ་ཏུ་སྨིན་པར་བྱ་དགོས་པའི་ཕྱིར་རོ། །དེ་དག་གི་ཡེ་ཤེས་ཀྱི་དབྱེ་བ་བཤད་ཟིན་ཏོ།། །།

སེམས་དང་ཡེ་ཤེས་འཕྲད་པའི་དུས་ནི་གཉིས་ཏེ། ཕྱི་འཕྲད་དང་། ནང་འཕྲད་དོ། །ཕྱི་འཕྲད་ནི། རྣམ་རྟོག་དུ་མར་འཕྲོ་དུས་སྙིང་གི་རིག་གདངས་རླུང་དང་འདྲེས་པས། བར་གྱི་རྩ་ལམ་ནས་འབྲེལ་བའི་དུས་སུ་སེམས་ལ་རིག་པ་འཕྲད་པ་ཞེས་བྱའོ། །ནང་འཕྲད་ནི། བློ་སྤྲོས་པ་དང་བྲལ་བའི་ཚེ། སེམས་ཀྱི་ཆའི་རིག་གདངས་སྙིང་གར་ཐིམ་པས། ནང་རིག་ཐོག་ཏུ་སེམས་འཕྲད་པ་ཞེས་བྱའོ། །འདི་དག་རིག་པ་ལས་ཐ་(༥༥)དད་པའི་སེམས་དང་འཕྲད་པ་མེད་ཀྱང་། རིག་གདངས་རླུང་ལ་ཕར་འདྲེས་པ་དང་ནང་དུ་འདུས་པའི་ཆ་ནས་བཏགས་པའོ། །གྱེས་ཚུལ་ལ་གཉིས་ལས། གནས་སྐབས་ལྟ་སྟངས་ལ་བཞག་པས་སྤྲོས་པ་དང་བྲལ་དུས་སེམས་ཞེས་བཏགས་པའི་རླུང་རིག་གི་གྱ་གྱུ་དེ་རང་ཞི་སྟེ། གདངས་རིག་པར་ཐིམ་ནས་རླུང་རང་སོར་གནས་པས། རྣམ་རྟོག་ཕྱི་མ་མ་ལང་གི་བར་ལ་གྱེས་སོ། །དེ་ཉིད་སེམས་རིག་ཐོག་ཏུ་འཕྲད་པ་དང་དོན་གཅིག་གོ། །བུ་མ་ཐོག་ཏུ་གྲོལ་བས་ཡེ་ཤེས་དབྱིངས་སུ་ཐིམ་པའི་འོད་གསལ་ལ་མ་བུ་འདྲེས་པ་ཞེས་བཤད་དོ། །མཐར་ཐུག་གྱེས་ཚུལ་ནི། ཤི་དུས་རླུང་རང་ཞི་ལ་སོང་བས་རིག་གདངས་རང་ཐིམ་ལ་སོང་བའི་ཚེ། སྤྲོས་པ་དང་བྲལ་བའི་འོད་གསལ་ཤར་བ་ན་གྱེས་སོ། །འདི་ཉིད་ད་ལྟར་གྱེས་པ་ངོས་ཟིན་པ་དེ་ཀ་བར་དོའི་འོད་གསལ་ཡིན་པས་ངོ་ཤེས་པ་གལ་ཆེའོ། །དེ་དག་གིས་གཞི་གཏན་ལ་ཕབ་ཟིན་ཏོ།། །།

དོན་གཉིས་པ་ལམ་ཉམས་སུ་བླང་བ་ལ་གཉིས་ཏེ་རྟེན་གྱི་གང་ཟག་དང་། བླང་བྱའི་ཆོས་སོ། །དང་པོ་ལ་གཉིས་ལས། བླ་མའི་མཚན་ཉིད་ནི། བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་པས། དང་པོ་མཁས་པ་ལ་ཡང་བཞི་སྟེ། ཡངས་ཤིང་རྒྱུད་ལ་མཁས་པས། གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་དུ་མ་མཁྱེན་ཅིང་། དེ་དག་གི་དཀའ་བའི་གནད་སྟོན་པ་ལ་བློ་གྲོས་ཀྱི་མིག་ཡོད་པ། གོམས་ཤིང་སྒྲུབ་པ་ལ་མཁས་པས་བསྙེན་སྒྲུབ་ཡན་ལག་བཞི་སྟོན་ཤེས་ཤིང་། ལས་བཞིའི་ཕྲིན་ལས་ལ་རྟགས་ཐོན་པ། རྟོགས་ཤིང་ལྟ་བ་ལ་མཁས་པས་སྤྱིའི་ལྟ་བ་ཐེག་པ་རིམ་པ་དགུའི་དོན་རྟོགས་ཤིང་། བྱེ་བྲག་གི་ལྟ་བ་ཆོས་ཉིད་མངོན་སུམ་དུ་མཐོང་བའོ། །སྒོམ་ཞིང་ཉམས་མྱོང་ལ་མཁས་པས་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་དྲོད་རྟགས་དང་ཡེ་ཤེས་ཤར་བའོ། །བྱ་བ་བྲལ་བ་ནི། ཚེ་འདིའི་བྱ་བ་ཐ་མལ་པ་རྣམས་སོ། །ཆོས་ཉིད་ཀྱི་དོན་ཚད་ལ་ཕེབས་པ་ནི། རིག་པ་མངོན་སུམ་གྱི་དོན་ལ་བསྒོམས་ཤིང་དྲོད་ཚད་ཐོབ་པའོ། །འདོད་པའི་དོན་ལ་མ་རྨོངས་པ་ནི། སློབ་མས་དྲིས་པའི་ལན་ལྡོན་ནུས་ཤིང་བློ་ཡི་རིམ་པ་དང་མཐུན་པར་གང་ལ་གང་འདོད་ཀྱིས་ཆོས་སྦྱིན་པར་ནུས་པའོ། །དེ་ལས་གཞན་དུ་ནི་དོར་བྱའི་བླ་མ་ཡིན་པས། སློབ་མ་ལོག་པའི་ལམ་ལ་ཁྲིད་པའི་ཕྱིར་རོ། །ལོག་པར་འདྲེན་པ་དེ་ཉིད་སྤང་བར་བསྟན་པ་ནི། ཡེ་ཤེས་གསང་བའི་རྒྱུད་ལས། (༥༦)དམ་ཚིག་མི་ལྡན་རྡོ་རྗེ་ནི། །སྦྲེལ་མ་གཡང་ལ་ལྷུང་བ་བཞིན། །བདག་གཞན་རྡོ་རྗེའི་ཁབ་ཏུ་འགྲོ། །ཞེས་པ་དང་། རང་ཤར་ལས། སློབ་དཔོན་མ་བརྟག་སློབ་མའི་བདུད། །ཅེས་སོ། །སློབ་མའི་མཚན་ཉིད་ནི། དེ་ཉིད་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །ཁོང་ཡངས་སྤྲོ་རིང་ཤེས་རབ་ལྡན། །བརྩོན་ཞིང་བྱང་ཆུབ་ཐར་པ་འདོད། །སྣོད་ལྡན་གསང་བའི་རྟགས་སུ་བཤད། །ཅེས་པས། དད་པ་དང་གཏོང་ཕོད་ཆེ་བ། ཤེས་རབ་དང་ཐོས་པ་ཆེ་བ། དག་སྣང་དང་མོས་གུས་ཆེ་བ། སྙིང་རུས་དང་བརྩོན་འགྲུས་ཆེ་བ། འཁོར་བ་ལས་བློ་ལོག་ཅིང་ཆོས་མིན་ཡིད་ལ་མི་བྱེད་པ། སྔོན་སྦྱངས་ཀྱི་ལས་འཕྲོ་ཡོད་པས། རྫོགས་པ་ཆེན་པོའི་སྣོད་དུ་རུང་བའོ། །དེ་ཡང་ཁོང་ཡངས་ཤིང་སྤྲོ་རིང་བ། གཟུང་འཛིན་དང་རྣམ་རྟོག་ཆུང་བ། དཀའ་སྤྱད་ལ་སྡུག་བསྔལ་དུ་མི་ལྟ་བ། བྱ་བྱེད་དང་རྩོལ་སྒྲུབ་ཉུང་བ། སྙིང་རྗེ་དང་ཞི་དུལ་ཆེ་བ། ངང་རྒྱུད་བཟང་ཞིང་དལ་ཆགས་པ། རང་བཞིན་རྫོགས་པ་ཆེན་པོའི་ཆོས་དང་། བླ་མ་ལ་མཆོག་ཏུ་གུས་པ་ཆེ་བའོ། །དེ་ལས་གཞན་དུ་སྤང་བར་བྱ་སྟེ། རང་ཤར་ལས། སློབ་མ་མ་བརྟག་སློབ་དཔོན་དགྲ། །དམ་ཚིག་ཉམས་པས་དམྱལ་པར་འཚོད། །ཅེས་སོ། །སློབ་མ་སྐལ་བ་དང་ལྡན་པ་ཤིན་ཏུ་གཅེས་སོ། །

གཉིས་པ་བླང་བྱའི་ཆོས་ལ་གཉིས་ཏེ། སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའོ། །དང་པོ་ནི། སློབ་མ་སྣོད་ལྡན་དེས། བླ་མ་མཚན་ལྡན་དེ་ལ་ཚོགས་ཀྱི་འཁོར་ལོ་དང་། གསེར་ལ་སོགས་པའི་མཎྜལ་ཕུལ་ལ། བདག་ད་སྟེ་ལོ་གསུམ་མམ་ལྔ་ནས་གསང་བ་སྙིང་ཏིག་གི་དབང་ཁྲིད་གཅིག་ཞུ་བས་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་དུས། བླ་མས་སྐལ་བ་ཡོད་མེད་བརྟག་གོ། །ཞེས་བརྗོད་ནས། སློབ་མའི་དད་གུས་དང་བརྩོན་འགྲུས་ལ་སོགས་པའི་སྣོད་བརྟག་ཅིང་། བླ་མས་མཁའ་འགྲོ་ལ་ཆོས་ཀྱི་སྣོད་ཡིན་མིན་ལུང་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་ལ་བརྟག་གོ། །དེ་ནས་སྐབས་ལ་བབ་པ་དང་། སེམས་སྦྱོང་བདུན་གྱི་དོན་ཁྲིད་རྫོགས་པར་བྱས་ལ་དབང་བསྐུར་ཏེ། རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དེ་ལྟར་དབང་ནི་བཞི་ཡིས་ཀྱང་། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་པ་ལྟར། བཞི་པོ་དེ་ཁྲིགས་ཆགས་སུ་ཞག་རེས་བར་དུ་བཅད་ལ་བསྐུར་ཡང་འགལ་བ་མེད་ལ། ལོ་ཟླས་བར་དུ་བཅད་ན་ཤིན་ཏུ་ལེགས་སོ། །དེ་ཡང་སྤྲོས་བཅས་ཀྱི་དབང་རྡུལ་ཚོན་ལ་བརྟེན་ནས་བསྐུར་ཞིང་། དེའི་དམ་ཚིག་དང་སྡོམ་པ་(༥༧)འབོག །དེ་ནས་སྤྲོས་མེད་མཎྜལ་དང་བུམ་པ་ལ་བརྟེན་ནས་སྐུར་ཞིང་རྩ་རླུང་གི་གདམས་པ་དང་ལུང་འབོག །དེ་ནས་ཤིན་ཏུ་སྤྲོས་མེད་བརྡ་ལ་བརྟེན་ནས་བསྐུར་ཞིང་། བརྡ་དོན་གྱི་མན་ངག་བསྟན། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རང་སེམས་ལ་བརྟེན་ནས་བསྐུར་ཞིང་། མངོན་སུམ་ལུས་ངག་གི་གནད་བསྟན་པའོ། །

གཉིས་པ་གྲོལ་བྱེད་ཀྱི་གདམས་པ་ལ་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་གནད་སྦྱང་བ། དངོས་གཞི་ངོ་སྤྲད་པ། རྗེས་སྣང་བ་བཞིའི་འཆར་ཚུལ་བསྟན་པ། མཐའ་རྟེན་གྱི་མན་ངག་དང་བཞི་ལས། དང་པོ་ནི་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་དང་། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ་གཉིས། སྔོན་དུ་སོང་བའམ་མ་སོང་ཀྱང་རུང་སྟེ། ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་རྣལ་དབབ་དང་བཅས་པ་འབྱོངས་བར་སྒོམ་པ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་རབ་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་བརྗོད་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །སེམས་ནི་ཐོག་མར་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ནས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་དང་། དེ་ནས་རྣལ་དུ་དབབ་པར་བྱ། །ཞེས་སོ། །དེ་ལྟར་བྱས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག་ཅིང་བར་ཆད་ཞི་བ་དང་། སྐུ་གསུམ་དུ་གྲོལ་བའི་དགོས་པ་ཡོད་དོ། །

གཉིས་པ་དངོས་གཞི་ངོ་སྤྲད་པ་ལ་གཉིས་ཏེ། མུ་ཏིག་ཕྲེང་བ་ལས། ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་ལོ། །ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་པས། དང་པོ་ཁྲེགས་ཆོད་ཀྱིས་སེམས་གཞི་མེད་རྩ་བྲལ་ཆེན་པོར་གཏན་ལ་དབབ་ནས། སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་གཞག་ཆེན་པོར་ཉམས་སུ་བླངས་ཏེ། ཡི་གེ་མེད་པ་ལས། འཁོར་བའི་ལམ་རྒྱུན་གཅོད་འདོད་པས། །བྱ་བ་བྲལ་བའི་དབྱིངས་སུ་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་མཐའ་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །བརྗོད་དུ་མེད་པའི་ཚིག་གི་གཞི། །སྤྲོས་དང་བྲལ་བའི་སྙིང་པོའི་དོན། །འདི་ཤེས་འཁོར་བའི་ལམ་འགག་གོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། སྒོམ་མེད་སྒོམ་བྲལ་ཉིད་ཀྱི་ངོ་བོ་གཟུང་། །འདའ་མེད་བསྲུང་མཚམས་བྲལ་བའི་ཉམས་(༥༨)ལེན་བྱ། །ཞེས་སོ། །དེ་ལྟར་ཡེ་གྲོལ་ངང་དངས་སོར་གཞག་ལ་གོམས་པས་གྲོལ་བའི་ཚད་ནི། འཁོར་འདས་གཉིས་ལ་རེ་དོགས་དང་བླང་དོར་མེད་པའི་སེམས་ཉིད། འོད་གསལ་སྤྲོས་པ་དང་བྲལ་བ་ལ་ཐག་ཆོད་ཡིད་ཆེས་འཕོ་འགྱུར་མེད་པ་འབྱུང་ངོ་། །འདི་ནི་ངོ་བོ་ཀ་དག་གི་གནས་ལུགས་ལྟ་བས་ཐག་བཅད་པ་ཞེས་བྱའོ། །གཉིས་པ་ཐོད་རྒལ་ནི་བཞུགས་སྟངས་དང་གཟིགས་སྟངས་བསྟུན་ནས། རླུང་དལ་བར་ཕྱིར་འཕངས་ལ་ནམ་མཁའ་སྤྲིན་དང་བྲལ་བའི་དཀྱིལ་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀར་ཕྲ་ཕྲོ་ལས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་མཐོང་བ་ནི། རིག་པ་མངོན་སུམ་གྱི་དོན་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བས་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་དག་ནི་མཉམ་པའོ། །ཞེས་སོ། །

གསུམ་པ་སྣང་བ་བཞིའི་འཆར་ཚུལ་ནི་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྙིང་གའི་བདེ་བར་གཤེགས་པའི་ཁམས་རྣམ་དག་གི་སྣང་བ་དང་པོ་མཐོང་བ་ནས་བཟུང་སྟེ། དབྱིངས་སྣང་འཇའ་འོད་ཀྱི་ནང་དུ་ཐིག་ལེ་ཐིག་ཕྲན་གསུམ་སྦྲེལ་དུ་སྣང་ཞིང་། རྡོ་རྗེ་ལུ་གུ་རྒྱུད་ཇེ་གསལ་ལ་སོང་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་ཡང་རེས་སྣང་རེས་མི་སྣང་བ་ཡིན་ནོ།། །།

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེ་ནས་དབྱིངས་འོད་ལྔའི་སྣང་བ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རྟག་ཏུ་སྣང་ཞིང་། དབྱིངས་རིག་ཟ་འོག་རིས་སྨིན་མཚམས་ཀྱི་སོར་བཞི་ལས་བཀྲལ་ཏེ། གྱེན་འགྲེངས་དང་། རྩིབས་ཤར་དང་། ཟླུམ་འཁྲིགས་དང་། མཆོད་རྟེན་ལྟ་བུ་དང་། པདྨ་ལྟ་བུ་དང་། མདའ་དང་མདུང་རྩེ་ལྟ་བུ་ལ་སོགས་པར་སྣང་དུས་ཕྱི་མ་མངལ་སྒོ་མི་འགྲིམ་པར་རང་བཞིན་སྤྲུལ་པར་བགྲོད་ལ་འོད་རེ་ལྡེ་ཙམ་གྲུ་ཆད་ཀྱི་རྣམ་པར་སྣང་དུས་ཀྱང་དེ་དང་འདྲ་ཞིང་ཡུལ་གྲུ་ཙམ་དང་མཐོང་ཚད་ཁྱབ་ཅིང་། སྣང་བ་དེ་དག་མིག་མངས་རིས་དང་། ཟ་འོག་བེར་ཁྱིམ་དང་། མེ་ལོང་རིས་ཀྱི་ནང་ན་ཐིག་ལེ་མང་པོ་མུ་ཁྱུད་དང་བཅས་པ་ནི། བར་དོ་དང་པོ་འདི་ཉིད་དུ་གྲོལ་བའི་ནུས་པ་ཡོད་དེ། དེ་ཉིད་ལས། དེར་གཏད་སྣང་བ་གོང་འཕེལ་བས། །རང་ངོ་མཐོང་ལས་འདི་ལྟར་རོ། །སྨིན་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་(༥༩)བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་སོ། །ཚོམ་བུ་ནི་དབྱིངས་སྣང་གི་ཟླུམ་འཁྲིགས་ནང་ན་པདྨ་འདབ་མ་བཞི་བཞིས་བསྐོར་བ་དེ་ལ་ཟེར་རོ། །

གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་དབྱིངས་སྣང་གིས་ཐམས་ཅད་གང་བའི་དབུས་ན། ཐིག་ལེ་རྣམས་མུ་ཁྱུད་ལྔ་ལྡན་གྱི་ར་བས་བསྐོར་ཞིང་། དབུས་ན་དང་པོ་ལྷའི་གཙུག་ཏོར་ནས་དབུ་ཕྱེད་དང་། རིལ་པོ་ནས་སྐུ་སྟོད་ལ་སོགས་པ་ནས་ཡབ་ཡུམ་ལྔ་ལྔས་བསྐོར་བའི་བར་དུ་སྣང་ཞིང་། རྣལ་འབྱོར་པ་དེ་ཡང་རི་བྲག་ཐམས་ཅད་ལ་ཟང་ཐལ་ཞིང་སྨྱོན་པ་ལྟར་ཉམ་ང་དང་བག་ཚ་མེད་པས་རྒྱུ་ལ་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་འགྲུབ་ཅིང་ལུས་འོད་དུ་ཡོད་པ་སྟེ། སྐུ་གདུང་འབར་བ་ལས། གང་གིས་འོད་ལ་སུ་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་སྟེ། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འོད་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་ཏེ་ཐོགས་མེད་པར། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་འོག་འཛུལ་བར་ནུས། །ཆུ་རྣམས་ལ་ཡང་བྱིང་བ་མེད། །ཅེས་སོ། །དེ་ཡང་དང་པོར་ལུས་ཀྱི་རྡུལ་ཕྲན་མཐོང་བ་ལས་འོད་གསལ་དུ་དངས་ཏེ་རླུང་གི་རྒྱུ་བ་ཟད་ནས། ས་རྡོའི་སྣང་བ་ལ་རིག་པ་གཏད་པ་ཙམ་གྱིས་ཞུ་ནུས་པ་དང་། བེམས་པོ་ལ་གཏད་པས་འགུལ་བ་དང་སྐད་འབྱིན་པ་ལ་སོགས་པ་འོང་སྟེ། ཐལ་འགྱུར་ལས། ཐད་ཀའི་དངོས་སྣང་འགག་པ་དང་། །ས་རྡོའི་སྣང་བ་ཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་ཚུད་བེམས་པོ་འགུལ་བ་དང་། །རླུང་གི་རྒྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལ་ཡབ་ཡུམ་འཁྲིལ་བ་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཏེ། །འགྲོ་དང་འོང་དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །དེའང་དང་པོ་ཕྱི་ནང་གཉིས་ཀྱི་རགས་པ་ཐམས་ཅད་ཟད་དུས་སུ་ནང་གི་རླུང་སེམས་ཚད་ལ་ཕེབས་པས། རླུང་གི་ཡོན་ཏན་རྫུ་འཕྲུལ་མང་པོ་འགྲུབ་ཅིང་། སེམས་ལ་དབང་ཐོབ་པས་གང་ལའང་རིག་པ་ཚུད་པའི་རྟགས། འགུལ་བ་དང་སྐད་འབྱིན་པ་དང་། ཉོན་མོངས་པ་མེད་པ་དང་། ཟས་གོས་མི་དགོས་པ་རྣམས་འབྱུང་ངོ་། །དེའི་དུས་རྡུལ་ཕྲན་མཐོང་བའོ། །དེ་ནས་ལུས་འོད་དུ་གྲོལ་བ་དང་། (༦༠)ཕྱི་ཞིང་ཁམས་སུ་གསལ་བས་རགས་པའི་དངོས་པོ་མེད་དེ། ལོངས་སྐུའི་ཞིང་ཁམས་རང་སྣང་བའོ།། །།

འདིའི་དུས་སུ་འོད་ཀྱི་ལུས་ཀྱི་ནང་ན་ཨཿའི་མཚན་མ་སྙིང་དབུས་དཀྱིལ་འཁོར་དུ་གནས་པའི་གདངས་སུ་དུང་ཁང་ཁྲོ་བོར་གསལ་ཞིང་། ལུས་ཀྱི་བ་སྤུའི་ཚད་དང་མཉམ་པར་སངས་རྒྱས་ཀྱི་ཞིང་ཁམས་བརྗོད་ལས་འདས་པ་གསལ་ཞིང་། ལག་པའི་སོར་མོ་ལ་འོད་ལྔའི་ཕྲེང་བས་འཁྲིགས་པའི་སྙིང་ག་ནས་བར་སྣང་གི་འོད་ཀྱི་སྐར་ཁུང་དང་། སངས་རྒྱས་ཀྱི་སྐུའི་ཐུགས་ཀ་རྣམས་ནས། འོད་ཟེར་ལྔའི་ཐག་པ་བྱུང་བས་འབྲེལ་བར་སྣང་ཞིང་། རང་གི་སྨིན་མཚམས་ནས་འོད་ཟེར་འདོམ་གང་བས་བརྒྱན་པ་ལ། སྤྱི་གཙུག་ནས་ཡར་ཐིག་ལེ་བརྩེགས་མ་ལྔའམ་དགུ་འཆར་ཏེ། ཐལ་འགྱུར་ལས། ཚད་ཕེབས་ལུས་ཀྱང་འདི་བཞིན་གྱུར། །སོ་སོའི་ལུས་ཀྱི་རྡུལ་ཕྲན་ལས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཁྲིལ་ཞིང་ལྡེམ་པའི་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་ཅན། །མཛོད་སྤུའི་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལ། །འོད་ཀྱི་ཕྲེང་བ་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱིས་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་འདྲིལ་བའོ། །ཞེས་སོ། །ཐོར་ཚུགས་ནི་གཙུག་ཏོར་ཡིན་ལ། རླུང་གིས་འདེགས་པ་ནི་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་པ་ལྟར་མི་མངོན་པ་སྟེ། དེས་མཚོན་ནས་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པར་འབར་བའི་ལོངས་སྐུ་འགྲུབ་པའི་དུས་སོ།། །།

བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ནས་རྡོས་བཅས་ཀྱི་ལུས་དང་། ཕྱིའི་སྣང་བ་རང་ཟད་ནས་ལོངས་སྐུར་གྲོལ། རླུང་ཟད་པས་སེམས་ཟད་དེ་རྟོག་ཚོགས་ཀྱི་ཉོན་མོངས་པ་གྲོལ། གདེང་བཞིའི་ཚད་དུ་ཕྱིན་ཏེ་འཁོར་བ་མྱང་འདས་སུ་གྲོལ་བའོ། །གདེང་བཞི་ནི། དེ་ཚེ་ཡར་སངས་རྒྱས་མ་ཐོབ་ཀྱིས་དོགས་པ་དང་། ཐོབ་ཏུ་རེ་བ་གཉིས། མར་འཁོར་བར་འཁོར་གྱིས་དོགས་པ་དང་མི་འཁོར་དུ་རེ་བ་གཉིས་ཏེ་བཞི་པོ་ལས་གྲོལ་བའོ། །དེའི་ཚེ་སོར་མོ་ཙམ་འོད་ཀྱི་རྣམ་པར་བཀྲ་ལམ་མེ་བ་སྣང་སྟེ། ལུས་ཀྱི་རྣམ་པའི་རྟེན་དེས་སེམས་ཅན་གྱི་དོན་བྱེད་པར་འདོད་ན། སོར་མོ་ལ་རིག་པ་གཏད་པས་ལུས་དང་ཕྱིའི་སྣང་བ་ཐམས་ཅད་ཆུའི་ཟླ་བ་ལྟར་སྣང་ལ་ངོ་བོ་མེད་པར་རང་ལོག་ནས་(༦༡)བསྐལ་པའི་སེམས་ཅན་གྱི་ཚོགས་མ་ཟད་ཀྱི་བར་དུ་བཞུགས་ནས་དབང་རྣམ་པ་གཉིས་ཀྱིས་འགྲོ་བ་དབྱིངས་སུ་གྲོལ་བའི་ཕྲིན་ལས་མཛད་པ། སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་བཞིན་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པའོ། །དབང་གཉིས་ནི་སྐྱེ་བ་དང་འཇུག་པའོ། །སྐྱེ་བ་ལ་དབང་བ་གང་ལ་གང་འདུལ་གྱི་སྤྲུལ་པ་སྐད་ཅིག་གིས་སྟོན་པ་དང་། དེའི་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས། སྐད་ཅིག་དེ་ལ་གྲོལ་བར་ནུས་པའོ། །འཇུག་པ་ལ་དབང་བ་ནི། བེམས་པོ་ལ་རིག་པ་བཅུག་པས་འགུལ་བ་དང་སྐད་འབྱིན་པར་ནུས་ཏེ། པདྨ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་ལས་ཆོས་ཀྱི་སྒྲ་སྒྲོགས་ཤིང་། རྫུ་འཕྲུལ་དང་འོད་འགྱེད་པས་འགྲོ་བ་འདུལ་བའོ། །གལ་ཏེ་རྟེན་དེས་སེམས་ཅན་གྱི་དོན་མི་བྱེད་ན། ལག་སོར་གྱི་འོད་ལ་མ་གཏད་པའི་སྐད་ཅིག་ལ་ན་བུན་དབྱིངས་སུ་ཡལ་བ་ལྟར་ཕྱིར་སྣང་གི་འོད་ལུས་དེ་ཡང་ནང་དབྱིངས་སུ་ཡལ་ནས། ཀ་དག་གི་ས་ལ་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདི་གཏད་འབྱུང་བ་རང་དེངས་སུ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པས་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདི་ནི་འཇུག་པའི་ཤུགས་ཀྱིས་དབང་། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། །མངོན་དུ་ལོག་ནས་འཁྲུལ་པར་སྣང་། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱིས། །འཕོ་བ་ཆེན་པོ་འདིས་འགྲུབ་པོ། །དེ་བཞིན་རིམ་དང་ཅིག་ཆར་གྱིས། །ལུས་ནི་འདི་ཡིས་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་ངེས་པའི་འབྲས་བུ་ནི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །དེ་ཡང་ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་གྱི་དུས་རིག་གདངས་རྣམ་པ་གཉིས་ལམ་དུ་བྱས་པས་སྤྲུལ་སྐུ་ལམ་དུ་བྱེད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ་ཚོམ་བུའི་སྣང་བ་ལ་སྤྱོད་པས་ལོངས་སྐུ་ལམ་དུ་བྱེད་པའོ། །ཆོས་ཉིད་ཟད་པའི་དུས་སུ་སྟོང་ཉིད་བསམ་ཡུལ་ལས་འདས་པས་ཆོས་སྐུ་ལམ་དུ་བྱེད་པའོ། །ལམ་དུ་སྐུ་གསུམ་(༦༢)བྱས་པས་འབྲས་བུ་སྐུ་གསུམ་དབྱིངས་སུ་གཅིག་པར་འགྲུབ་པ་སྟེ། སྐུ་གསུམ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་ནས་ཁམས་དེ་ཉིད་བྱང་ཆུབ་ཏུ་སོང་བས། གསང་སྔགས་འབྲས་བུ་ལམ་དུ་བྱེད་པར་འཐད་དོ། །བསྟན་པ་གསུམ་ལས་སྤྲུལ་སྐུ་སྤང་བླང་དང་བཅས་པས་ཕྱི་སྡེ་སྣོད་གསུམ། ལོངས་སྐུ་རོ་མཉམ་དུ་སྤྱོད་པ་གསང་སྔགས་ནང་། ཆོས་སྐུ་ལྷུན་གྲུབ་ལ་སྤྱོད་པ་རྡོ་རྗེ་སྙིང་པོ་ལས། ཆོས་སྐུའི་བསྟན་པ་ད་ལྟ་ཉིད་ནས་སྐུ་གསུམ་རང་ཆས་སུ་ཡོད་པ་ལ་གཞི་བྱས་ནས། འོད་གསལ་ཡེ་ཤེས་ཀྱི་ལམ་བསྒོམས་པས་ཡིན་ལུགས་དྲི་བྲལ་དུ་ཕྱིན་པས་འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ཚེ་གཅིག་གིས་སྦྱོར་བའི་ཕྱིར་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ཞེས་བྱའོ།། །།

བཞི་པ་མཐའ་རྟེན་གྱི་མན་ངག་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་གཟུང་བའོ། །

དང་པོ་ནི། ལུས་བཞུགས་སྟངས་ལས་མི་འགུལ་བ། མིག་གཟིགས་སྟངས་ལས་མི་འགུལ་བ། རིག་པ་དབྱིངས་སྣང་ལས་མི་འགུལ་བ་སྟེ། གནད་གཅུན་པས་ཡེ་ཤེས་འཆར་ཏེ། དེ་ཉིད་ལས། མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་ངག་ཡིད་ནི་རབ་ཏུ་གཅུན། །ཞེས་སོ། །དེའི་ཚེ་སྒྲོན་མ་བཞིའི་དོན་ལ་སྤྱོད་པ་ནི། སྙིང་གའི་འོད་གསལ་གྱི་གདངས་ལས་མིག་རྒྱང་ཞགས་ཆུའི་སྒྲོན་མ་གཟིགས་སྟངས་གསུམ་གང་རུང་ལས་མི་འགུལ་བས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་འམ་ན་རོ་ལྟ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་དང་། ཐིག་ལེ་སྟོང་པའི་སྒྲོན་མ་འོད་དམར་སེར་མུ་ཁྱུད་ལྔ་པ་མཐེ་བོང་ཙམ་ལས་ཆེར་གྲངས་གཅིག་དང་གཉིས་ལས་མང་དུ་མཆེད་པ་ལ་གཏད་ནས་བློ་གང་དུ་ཡང་མི་འཛིན་ལ་མ་ཡེངས་པར་ཅེ་རེ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་ཏེ། གསལ་སྟོང་མི་རྟོག་པའི་ཡེ་ཤེས་ནང་ནས་སྤྲོས་པ་དང་བྲལ་བ་དང་། ཤེས་རབ་ཀྱི་རྩལ་སྔོན་བས་རྒྱས་པ་འཕྲལ་ལ་སྐྱེས་ནས་ཆོས་ཀྱི་ཚིག་དོན་ལ་དབང་བསྒྱུར་བའི་རང་བཞིན་དྲི་མ་མེད་པ་འབྱེད་པའི་ཤེས་རབ་ཆེན་པོ་འཆར་ཏེ། ནང་གསལ་ཞི་ལྷག་གི་ཡེ་ཤེས་དང་། ཕྱིར་འབྱེད་ལྷག་མཐོང་གི་རྩལ་གཉིས་ཀྱིས། ཉོན་མོངས་པ་བག་ཆགས་དང་བཅས་པ་འདགས་པར་བྱེད་དོ། །དེ་ཡང་གནས་ལ་མི་རྟོག་པའི་ཆ་(༦༣)དེ་ཞི་གནས་ཀྱི་ཡེ་ཤེས་སོ། །དེའི་རྩལ་ཏིང་ངེ་འཛིན་དང་སྤྱན་དང་མངོན་ཤེས་དང་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པའོ། །གསལ་དྭངས་ཕྱེད་ལ་རིག་ཅིང་མི་འཕྲོ་བ་ནི་ལྷག་མཐོང་ངོ་། །དེའི་རྩལ་ལས། ཆོས་ཀྱི་ཚིག་དོན་འབྱེད་པའི་ཤེས་རབ་དང་། སྤྱན་དང་མངོན་ཤེས་ཐམས་ཅད་འགྲུབ་པའོ། །ཚུལ་འདི་ཉམས་ལེན་གྱི་མཐིལ་ཡིན་པས་ཤེས་པ་གཅེས་སོ། །དེ་མ་ཤེས་པར་ཁ་གནམ་ལ་འགྲད་ནས་མིག་འོད་ལ་བལྟས་ཀྱང་ཆོད་ཅི་ཡང་མེད་དེ། ཉམས་ལེན་ངོ་མ་ཤེས་པའི་ཕྱིར་རོ། །དེ་ཡང་ཕྱི་སྣང་བའི་ཐབས་ལ་བརྟེན་ནས། ནང་རིག་པའི་འོད་གསལ་འཆར་བ་ནི་རྣལ་འབྱོར་པའི་ལུགས་སོ། །སྒོམ་དུས་བྱིང་རྒོད་དང་རེ་དོགས་མེད་པས་གསལ་དྭངས་ཕྱེད་པའི་ངང་ལ་གནས་པ་མཐིལ་ཡིན་པས་གལ་ཆེའོ། །དེ་ཡང་ལུས་མི་འགུལ་བས་མིག་མི་འགུལ། དེས་དབྱིངས་ཀྱི་ལུ་གུ་རྒྱུད་མི་འགུལ། དེ་ཡི་ངང་ལ་གནས་པས་ཡེ་ཤེས་མི་གཡོ་བའི་ངང་དུ་སེམས་འགགས་ནས། ཆོས་སྐུ་འོད་གསལ་གྱི་ཡེ་ཤེས་ལ་གནས་པའོ། །

གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཡེ་སྟོང་རྩ་བྲལ་དུ་ཤེས་ནས་ཁྲེགས་ཆོད་ཀྱི་ངང་ལས་ཐོད་རྒལ་བསྒོམས་པས་ཕྱིའི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར་བ། ནང་ཕུང་པོ་སྡོད་པས་འདུག་སྟངས་ལ་རྒྱུན་དུ་གནས་པ། གསང་བ་རླུང་སེམས་སྡོད་པས་རླུང་སེམས་རང་འགག་ལ་སོང་བའོ། །དེའང་ཐལ་འགྱུར་ལས། སྡོད་པ་གསུམ་གྱིས་ཚད་གཟུང་བའོ། །ཞེས་སོ། །འདིའི་དུས་སུ་རྨི་ལམ་དང་གཉིད་ཀྱི་བག་ཆགས་སྦྱང་བའི་གདམས་པ་ཉམས་སུ་བླངས་པས། དང་པོ་དགེ་བར་རྨི། བར་དུ་རྨི་ལམ་དུ་ཤེས་ནས་བདེན་མེད་དུ་སྦྱོང་། ཐ་མར་དབྱིངས་སུ་ནུབ་ནས་མི་རྨི་བ་རྣམས་འབྱུང་བ་ཡིན་ནོ། །

གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། དེ་ལྟར་གོམས་པས་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་ཕུང་པོ་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཀུན་རྟོག་ཆོས་དབྱིངས་སུ་ནུབ་པ་སྟེ། རྒྱུན་གྱི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་དཔག་ཏུ་མེད་པ་འགྲུབ་པའོ། །བཞི་པ་གདེང་བཞིས་གྲོལ་ཚད་བསྟན་པ་ནི། འཁོར་འདས་གཉིས་ལ་རེ་བ་དང་དོགས་པ་གཉིས་གཉིས་ལས་གྲོལ་བ་སྟེ། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་སྔར་བཤད་ཟིན་ཏོ།། །།

སྤྱི་དོན་གསུམ་པ་འབྲས་བུ་གྲོལ་ས་བསྟན་པ་ལ་གསུམ་སྟེ། (༦༤)རབ་ཚེ་འདི། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ནས་གྲོལ་བའོ། །

དང་པོ་ནི། སྣང་བ་བཞི་མཐར་ཕྱིན་ནས་གདོད་མའི་སར་གྲོལ་ཏེ། དེའང་བརྩོན་འགྲུས་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན་ན་ནང་དབྱིངས་ཆོས་ཉིད་ཀྱི་དགོངས་པ་ལྷུན་གྲུབ་ཆེན་པོ་ལ་སྤྱོད་པའོ། །དེའང་རིག་པའི་རྒྱུད་ཆེན་པོ་ལ་རང་དབང་ཐོབ་པས། ཐ་སྙད་ཚིག་གི་རྒྱུད་རྣམས་ཀྱང་དེའི་ངང་དུ་རྫོགས་ནས་ཟད་པའི་ས་ལ་སྤྲོས་པ་ཆོད་ནས་དབྱིངས་སུ་ཕྱིན་པའི་ཚུལ་ཉིད་དེ། ཐལ་འགྱུར་ལས། ཡང་དག་ཆོས་ཉིད་སྒྲ་ལས་ཐལ། །རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པའི་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་ཕྲ་བཀོད། །རང་སྣང་སྟོན་པས་སྙིང་མེ་ལོང་། །གོལ་ས་རང་ཆོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡངས་དྲུག །ཡོན་ཏན་རྫོགས་པས་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་ལས། །ཐ་སྙད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །དེ་ལྟར་བརྗོད་མེད་ངང་ལ་གནས། །དེ་ཕྱིར་ཚིག་མཐའ་ཟད་པའོ། །ཞེས་སོ། །རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ལའང་རྟོགས་པར་བྱའོ། །དེ་ལྟར་རང་བཞིན་གྱི་བར་དོར་གོམས་པས་རྡོས་བཅས་ཟད་དུས་ནང་གི་དབྱིངས་དང་ཡེ་ཤེས་ཅི་ཡིན་པ་འཆར་བ་ནི་ཆོས་ཉིད་དེ། ཉི་ཟླ་ཁ་སྦྱོར་ལས། ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པའི་ངོ་བོ་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་ལ། །འདི་ཉིད་རྣམས་ནི་རང་རིག་པས། །རང་བཞིན་གནས་པའི་བར་མ་དོར། །འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་རྣམས་ནི་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །

གཉིས་པ་ནི། རང་བཞིན་གྱི་བར་དོར་གདམས་པའི་དོན་ལ་ཐོས་པས་ཤན་དབྱེ། བསམ་པས་སྒྲོ་འདོགས་གཅད་སྒོམ་པས་གནད་དུ་བསྣུན་ནས། འཆི་ཁའི་བར་དོ་ལ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟར་གསལ་གདབ་སྟེ། བླ་མའམ་རྡོ་རྗེ་མཆེད་ལྕམ་དམ་ཚིག་གཙང་མས་བར་དོར་འཆར་བའི་གདམས་ངག་རྣ་བར་ཐོས་པར་གདབ་པོ། །རང་ལ་གསལ་པོ་ཡོད་ན་དེས་ཆོག་པས་(༨༣)འབྱུང་བ་སྡུད་དུས། ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་(༦༥)ཅུང་ཟད་ཀྱང་མ་ཡེངས་པར་གདམས་པ་དྲན་པར་བྱས་ཏེ། བཞུགས་སྟངས་གང་རུང་བཅས་ལ། མིག་འོད་སྣང་ལ་ལྟ་ཞིང་རིག་པ་སྟོང་གསལ་ལ་བཞག་པས། ད་ལྟའི་འོད་གསལ་སྐྱེལ་མ་ལྟ་བུ་དང་། བར་དོའི་རང་སྣང་སུན་མ་ལྟ་བུ་གཉིས་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་། ཟླ་བ་ཤར་བ་དུས་མཉམ་པ་ལྟར་འཕྲད་དེ་གྲོལ་བ་ཡིན་ནོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལྡང་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་ལྡོག་པར་འོང་། །རྟགས་ནི་སུ་ལ་བྱུང་བ་དེ། །ངེས་པར་ཕ་རོལ་འགྲོ་བས་ན། །དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །ཞེས་སོ། །དེ་ནས་རླུང་རྣམ་ཤེས་ལ་ཐིམ་པས། ཕྱི་ནང་གི་དབུགས་ཆད་དེ་དར་ཅིག་བརྒྱལ་བ་ལས། རྣམ་ཤེས་ནམ་མཁར་ཐིམ་སྟེ་རྟོག་མེད་ནམ་མཁའ་འདྲ་བའི་ངང་ལ་དར་ཅིག་གནས་ནས། རིག་པ་མིག་ནས་འཐོན་དུས་ནམ་མཁའ་འོད་གསལ་ལ་ཐིམ་པས། ཡེ་ཤེས་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱིས་རང་སྣང་ཁྱབ་དུས་རང་ངོ་ཤེས་པར་བྱའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཚོམ་བུའི་སྣང་བ་བསམ་གཏན་གྱི་ཞག་ལྔར་གནས་པ་དང་། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས། ཡེ་ཤེས་བཞིའི་སྣང་བ་ཤར་བ་དང་། དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་ཡར་ཀ་དག །ཐད་ཀར་ལོངས་སྐུ། མར་རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་གྱི་ཞིང་སྣང་དུས་རང་ངོ་ཤེས་པ་གཅེས་ཏེ། མ་ཤེས་ཤིང་ཐེ་ཚོམ་དང་བཅས་པ་ཀུན་ནི་སླར་ཡང་འཁོར་བ་ལས་མི་གྲོལ་བས། དེ་ཉིད་ལས། ཆོས་ཉིད་བར་དོ་ཞེས་བྱ་བ། །ད་ལྟའི་སྣང་བ་འདི་ནུབ་སྟེ། །ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེ་བའི་ཞིང་། །རང་སྣང་དག་པའི་སྐུར་སྣང་སྟེ། །འདི་ལ་ཐེ་ཚོམ་སུ་ཟ་བ། །སངས་རྒྱས་རྣམས་ཀྱི་སྐུ་ལ་བསྒྲིབ། །ཅེས་སོ། །ཆོས་ཉིད་བར་དོའི་སྣང་བ་ལ་གདམས་པ་གསུམ་དུ་རིག་པར་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། བར་དོར་འཇུག་གྲོལ་མཐར་ཕྱིན་ནོ། །ཞེས་སོ། །

དེའང་འཇུག་པ་ཤེས་པའི་གནད། གྲོལ་བ་དུས་ཀྱི་གནད། མཐར་(༦༦)ཕྱིན་པ་ངོ་ཤེས་པའི་གནད་དོ། །

དང་པོ་ནི། འོད་གསལ་དང་ཟུང་འཇུག་གི་ཚེ་སྙིང་ག་ནས་སྣང་བ་དེ་ཀུན་ལ་འོད་ཀྱི་སྣེ་ཚོན་ཟུག་པ་རིག་པ་འོད་ལ་འཇུག་པ་དང་། སྣེ་ཚོན་ལས་སྣང་བ་སྙིང་གར་ཐིམ་པ་འོད་རིག་པ་ལ་འཇུག་པ་སྟེ་དེའི་ངང་ལ་ཤེས་པ་མ་ཡེངས་པར་གཟུང་བ་གནད་དོ། །

གཉིས་པ་ནི། ལུས་འོད་དུ་སྣང་བ་ལས། ཡེ་ཤེས་ཀྱི་སྣམ་བུ་ཤར་དུས་ངོས་བཟུང་ལ། རང་ངོ་ཤེས་པའི་དུས་ཀྱི་གནད་བསྟུན་ནོ། །

གསུམ་པ་ནི། ལྷུན་གྲུབ་སྐུ་གསུམ་གྱི་སྣང་བ་ལ། མར་རིགས་དྲུག་རྨི་ལམ་སྒྱུ་མར་ཡེ་ཤར་དུ་ངོ་ཤེས་ནས་མ་ཆགས་པར། བར་ལོངས་སྐུའི་རང་གདངས་ལྷུན་གྲུབ་ངོ་ཤེས་པས་རང་རིག་པ་ཡར་ཀ་དག་ཆོས་སྐུར་གྲོལ་བར་ངོ་ཤེས་པའི་ངང་ལ་གནས་པའི་གནད་གཅེས་སོ། །དེ་ལྟར་ངོ་ཤེས་པས་སྤྱན་དང་མངོན་ཤེས་ཤར་ནས། རང་སྣང་རིགས་དྲུག་དང་སྤྲུལ་པའི་ཞིང་དེར་དོན་བྱས་པ་སྟེ། གདོད་མའི་དབྱིངས་སུ་གྲོལ་ལོ། །དེའང་། མཚན་བརྗོད་ལས། གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་སྣང་མི་མངོན་གསལ་བྱེད་མིན། །ཞེས་སོ། །ཆོས་ཉིད་ཀྱི་སྣང་བ་རྣམས་རང་སྣང་དུ་ཤར་བ་དང་རང་ངོ་ཤེས་པའི་སྐད་ཅིག་ལ། ཤེས་ཐོག་ཏུ་བཞག་པས་རུ་ལོག་ཏུ་གྲོལ་དུས་སྤྱན་གསུམ་དང་མངོན་ཤེས་དྲུག་ལ་སོགས་པ་ཤར་ནས་དབྱིངས་སུ་ཐིམ་པ་ཡིན་ནོ། །སྤྱན་གསུམ་ནི། ཆོས་ཉིད་དང་། ཆོས་དང་། ཤེས་རབ་ཀྱི་སྤྱན་ཏེ། སྟོང་པ་དང་། སྣང་བ་དང་རིག་པ་གསུམ་ལ་སྤྱོད་པའོ། །མངོན་ཤེས་དྲུག་ནི་དབང་པོ་དང་ཤེས་རབ་ཀྱི་མཐོང་བ་དག་པ་དང་། ཡེ་ཤེས་དག་པ་དང་། ཏིང་ངེ་འཛིན་དང་། ཟག་པ་ཟད་པ་དང་། མཁྱེན་པ་རྫོགས་པའི་མངོན་པར་ཤེས་པ་སྟེ། སྣང་བ་དང་རིག་པ་ཐམས་ཅད་ལ་དབང་བསྒྱུར་བའོ། །ཡང་རྗེས་སུ་དྲན་པ་དྲུག་ཀྱང་འབྱུང་སྟེ། བླ་མ་དང་གདམས་པ་རྗེས་སུ་དྲན་པ་གཉིས་ལས། ལོངས་སྐུ་ཡི་དམ་གྱི་ལྷ་རྗེས་སུ་དྲན་པ་དང་། ལྟ་བ་རང་བྱུང་གི་ཡེ་ཤེས་སུ་རྗེས་སུ་དྲན་པས་ཡར་ཀ་དག་གདོད་མའི་གནས་ལུགས་དྲན་ཏེ་ངང་ལ་གནས་པས་བསམ་གཏན་རྗེས་སུ་དྲན་པ་འབྱུང་སྟེ། མཚན་བརྗོད་ལས། མངོན་ཤེས་དྲུག་དང་རྗེས་དྲན་དྲུག །ཅེས་པའི་དོན་ནོ། །

དེ་ནས་ཐིམ་ལུགས་བརྒྱད་འབྱུང་བ་ནི། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་ཉི་མ་རྒས་(༦༧)པའི་ཟེར་ལྟར་གདུལ་བྱ་དང་འདུལ་བྱེད་རྣམ་པར་དག །འོད་འོད་ལ་ཐིམ་པས་ནམ་མཁའི་འཇའ་ཚོན་ལྟར་གསལ་བའི་རིས་མེད། སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་མཁྱེན་ཆ་ནང་དུ་གསལ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་རིག་པ་གཞི་ཐོག་ཏུ་གྲོལ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟར་ཆོས་ཅན་དང་ཆོས་ཉིད་འདྲེས། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་ཆོས་ཉིད་རང་ངོ་ལ་གནས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ཏུ་འདུས། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཆོས་ཉིད་ཀ་དག་གི་ས་ལ་རང་ས་ཟིན་པའོ། །དེ་ལྟར་ཤར་བའི་སྣང་བ་ཡང་གཞི་སྣང་རང་ལ་ཡེ་ཡོད་ཡིན་ལ། ཕྱིའི་སྣང་བ་ནང་དུ་དབྱིངས་གདོད་མའི་ངང་དུ་ཐིམ་པ་ཡིན་ནོ། །དེ་ལྟར་རང་ངོ་ཤེས་པས་གྲོལ་ལ་གདམས་པའི་གནད་མེད་པའམ་མ་འདྲིས་པ་རྣམས་ནི་ཤར་ཡང་ངོ་མ་ཤེས་པས། བར་མ་དོར་ཡིད་ཀྱི་ལུས་ཅན་ནས་སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་སོ་སོར་སྐྱེ་སྟེ། དགའ་ལྡན་དང་། རྩོད་ལྡན་དང་། མྱོང་ལྡན་དང་། སྡུག་བསྔལ་ལྡན་དང་། བཀྲེས་ལྡན་དང་། སྡུག་བསྔལ་ཆེན་པོ་ལྡན་རྣམས་སུ། འཁྲུལ་སྣང་དྲུག་གིས་བདེ་སྡུག་སྣ་ཚོགས་ལ་སྤྱོད་ཅིང་འཁོར་རོ། །འདིའི་སྒོར་ཞུགས་པ་རྣམས་ནི་དལ་འབྱོར་གྱི་ལུས་ཐོབ་ནས་སྐྱེ་བ་དེ་ལ་ཆོས་འདི་དང་འཕྲད་ནས་གྲོལ་བ་ཡིན་ནོ། །

གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བ་ནི། གདམས་པའི་གནད་མཐོང་ཡང་ཚད་ལ་མ་ཕེབས་པས་ཆོས་ཉིད་ཀྱི་བར་དོར་རུ་ལོག་སྟེ། སྲིད་པ་བར་དོ་ལས་ལམ་ཐོན་ནས། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱི་མཐུས་རྨི་ལམ་སད་པའི་ཚུལ་ཙམ་དུ། རང་བཞིན་སྤྲུལ་སྐུའི་ཞིང་དུ་པདྨ་ལས་རྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་ན་གྲོལ་ལོ། །དེ་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ། རྡོ་རྗེ་རིགས་ཀྱི་སྤྲུལ་བའི་ཞལ་མཐོང་། ལྷོ་ཕྱོགས་དཔལ་དང་ལྡན་པ་རུ་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། ནུབ་ཕྱོགས་པདྨ་བརྩེགས་པར་པདྨ་རིགས་ཀྱི་སྤྲུལ་པས་ལུང་བསྟན། བྱང་ཕྱོགས་ལས་རབ་རྫོགས་པར་ལས་ཀྱི་རིགས་ཀྱི་སྤྲུལ་པས་དབུགས་དབྱུང་ནས་བར་དོ་མེད་པར་སངས་རྒྱས་ཏེ་དབྱིངས་སུ་གྲོལ་བ་ནི། བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱའི་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་(༦༨)འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མར་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཤེས་རྒྱུད་གྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་དང་པདྨ་དོན་ཡོད་གྲུབ། །སྟོན་པའི་བསྟན་པས་ཤེས་བྱའི་སྒྲིབ་པ་སྦྱོང་། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་གསལ། །ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོགས། །དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་བོངས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་སྤྱོད་འགྲོ་དང་འདུག །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུངས་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བའི་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་མཉན། །སྒྲིབ་པ་གཉིས་བྲལ་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་མེད་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མར་གད་ཨིནྡྲ་རྙིལ། །བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུའི་སྤྲུལ་པའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་ཁྲོ་དང་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་གྱིས་དེ་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་དབྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་སོ། །

དེ་ལྟར་གྲོལ་བ་གསུམ་ལ་སངས་རྒྱས་ལུགས་གཉིས་ཏེ། ཚེ་འདིར་ལྷག་མེད་དུ་སངས་རྒྱས་ན་རང་གི་སྣང་བ་གདོད་མ་ལ་སྤྱོད་ཅིང་། མི་གཞན་གྱིས་རྟགས་མི་མཐོང་བས་ཡང་དག་(༦༩)པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བར་དོ་རང་སྣང་གི་ཆོས་ཉིད་ལས་གྲོལ་ཏེ་གདོད་མར་སངས་རྒྱས་པ་ནི། སྔར་གྱི་ལུས་དོར་དུས་སྒྲ་དང་འོད་དང་ས་གཡོ་བ་ལ་སོགས་པ་གཞན་ལ་སྣང་བའི་ཕྱིར་མངོན་པར་རྫོགས་པའི་སངས་རྒྱས་པ་ཞེས་བྱའོ། །དེའང་ཕུང་པོ་བསྲེག་ན་རུས་པ་ལ་སྐུ་དང་། གདུང་དང་། རིང་བསྲེལ་ལ་སོགས་པ་འབྱུང་ངོ་། །རང་བཞིན་སྤྲུལ་པར་སངས་རྒྱས་པ་ནི། རྟེན་དེ་ཉིད་ལས་ལྷག་མེད་དུ་གྲོལ་བས་སྔ་མ་བཞིན་ནོ། །ཇི་སྐད་དུ། སྐུ་གདུང་འབར་བ་ལས། སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་གི་སར་དེངས་ནས། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོར་མི་སྣང་བར། །འབྲས་བུ་རང་སངས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ནི། །གང་དག་མྱ་ངན་འདས་པ་ན། །དེ་ལྟར་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡང་དག་རྫོགས་པའི་སངས་རྒྱས་ནི། །ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ནི། འོད་དང་སྒྲ་དང་སྐུ་དང་གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །འོད་ལའང་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་ལ་འགྲེངས་ཏེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་གྱི་ཚུལ་དུ་བྱུང་ན་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །སྒྲ་ལའང་གཉིས་ཏེ། འུར་ཐིམ་གྱིས་བྱུང་ན་ཞག་བདུན་ན་འཚང་རྒྱའོ། །ཐུག་ཁྲོལ་གྱིས་བྱུང་ན་ཞག་བཅུ་བཞི་ན་འཚང་རྒྱའོ། །གདུང་ལ་ལྔ་སྟེ། ཁ་དོག་མཐིང་ག་རྣམ་པར་སྣང་མཛད། དཀར་པོ་མི་བསྐྱོད་པ། སེར་པོ་རིན་ཆེན་འབྱུང་ལྡན། དམར་པོ་སྣང་བ་མཐའ་ཡས། ལྗང་གུ་དོན་ཡོད་གྲུབ་པའོ། །ཁ་དོག་སྣ་ཚོགས་སུ་བྱུང་བ་ནི། སྐུ་ལྔའི་ས་ལ་ལྷུན་གྱིས་གྲུབ་པའོ། །སྐུ་ལའང་གཉིས་ཏེ། ཞི་བའི་སྐུ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགག་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་སྟེ། དེ་ནས་ཞག་ཉི་ཤུ་རྩ་གཉིས་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ལར་དེ་བཞིན་དུ་(༧༠)མི་འབྱུང་མི་སྲིད་དོ། །ཞེས་སོ། །སྤྲུལ་པ་འབྱིན་མི་འབྱིན་ནི་བར་དོར་རང་སྣང་རིགས་དྲུག་གི་ཞིང་དུ། ཐུབ་པ་དྲུག་གི་རོལ་པས་རང་སྣང་གི་དོན་མཛད་པ་དང་མི་མཛད་པ་ཡིན་ལ། ཞི་བའི་སྐུ་ལ་བརྟན་པ་དང་པོར་ཟིན་དུས། སྤྲུལ་པ་འབྱིན་ལོང་མེད་པར་དབྱིངས་སུ་ཐིམ་པ་ཡིན་ཞིང་། ཁྲོ་བོ་ལ་སྤྲུལ་པའི་དོན་མཛད་ནས་དབྱིངས་སུ་ཞི་བའོ། །སྤྲུལ་པ་འབྱིན་མི་འབྱིན་ཐམས་ཅད་ཚུལ་འདི་ལ་ཟེར་རོ། །དེ་ཡང་ལྷག་བཅས་སུ་སངས་རྒྱས་པ་བར་དོའི་སངས་རྒྱས་དང་། ལྷག་མེད་དུ་སངས་རྒྱས་པ་འདི་ལ་གྲོལ་བ་གཉིས་རྒྱུད་འདིར་གསུངས་པ་ཡིན་ནོ། །མཚན་ཉིད་ལྟར་ལུས་བོར་བ་ལྷག་མེད་དང་། མ་བོར་བ་ལྷག་བཅས་སུ་བཤད་པ་ནི་མ་ཡིན་ནོ། །

དེ་ལྟར་གྲོལ་བ་གསུམ་པོ་གང་དུ་སངས་རྒྱས་ཀྱང་། དབྱིངས་སུ་ཡེ་ཤེས་འཁྱིལ་བས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་རྟག་བརྟན་འཕོ་འགྱུར་མེད་པར་བཞུགས་ཏེ། སེམས་ཅན་གྱི་ངོར་སྤྲུལ་པ་འབད་རྩོལ་མེད་པར་གང་ལ་གང་འདུལ་དུ་འབྱུང་བ་ནི་ཕྱོགས་ཙམ་མཚོན་པའི་དཔེ་རྣམ་པ་བཞི་ལས། དང་པོ་རོ་མཉམ་གཅིག་ཏུ་འདྲེས་པའི་དཔེ་ནི། བུམ་ནང་གི་ནམ་མཁའ་དང་ཕྱིའི་ནམ་མཁའ་གཉིས། བར་གྱི་ནམ་མཁས་འབྲེལ་ནས་ངོ་བོ་གཅིག་པ་ལ། བུམ་པ་ཆག་དུས་སྔ་ཕྱི་བར་གསུམ་རྣམ་དབྱེར་མེད་པ་ལྟར། ལུས་ནང་གི་ཡེ་ཤེས་སྒྲོན་མ་བཞིའི་མཚམས་སྦྱར་ཏེ། གྲོལ་བའི་དབྱིངས་དང་ཉམས་སུ་ལེན་དུས་ངོ་བོ་གཅིག་པར་འབྲེལ་པ་ལས། ལུས་འོད་གསལ་དུ་གྲོལ་ལམ་བར་དོར་རྡོས་བཅས་དོར་ནས། རང་སྣང་འབྲེལ་ཐག་གི་ནམ་མཁའ་རང་ངོ་ཤེས་པས་དབྱིངས་ནང་གསལ་དུ་རོ་གཅིག་པར་འདྲེས་པའི་དཔེའོ། །དེ་ཡང་རིག་པའི་ཡེ་ཤེས་ཕྱང་ཆད་ལ་སོང་བའི་དཔེ་ནི་མ་ཡིན་ཏེ། ཐོག་མ་བར་དང་ཐ་མའི་ཆོས་ཉིད་དེ་བཞིན་ཉིད་རྣམ་དབྱེར་མེད་པར་འདྲེས་པའི་དཔེའོ། །

གཉིས་པ་རང་གསལ་གཅིག་ལས་འཕོ་འགྱུར་མེད་པའི་དཔེ་ནི། ཉི་མའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་གཅིག་ཉིད། སྔ་དྲོ་གུང་དང་ཕྱི་དྲོ་གསུམ་གང་དུའང་སྤྲིན་དང་བྲལ་བར་ངོ་བོ་ལ་ཅི་ཡོད་པའི་ཡོན་ཏན་རང་གསལ་དུ་ཤར་བ་ལྟར། ཚེ་འདི་དང་བར་དོ་ཕྱི་མ་གསུམ་གང་དུ་གྲོལ་ཀྱང་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ཉིད་སྒྲིབ་པ་དང་བྲལ་ཏེ། ཡོན་ཏན་མངོན་དུ་གྱུར་པ་(༧༡)ཙམ་ལས། སྔར་མེད་པའི་ཡོན་ཏན་གསར་དུ་ཤར་བ་ནི་ཅི་ཡང་མེད་དོ། །སྔ་ཕྱི་བར་གསུམ་གཅིག་ཏུ་འདྲེས་པར་བཤད་པ་ཡང་། སྒྲིབ་བྱེད་དྲི་མའི་ངོས་ནས་དང་པོ། ད་ལྟ། ཕྱི་མ་ཞེས་བཏགས་པ་སྤྲིན་སྔ་ཕྱི་བར་གསུམ་དང་འདྲ་ཡང་། ངོ་བོ་ལ་སྔ་མ་གཞིའི་དོན། བར་ལམ་དུས། ཐ་མ་འབྲས་བུའི་དུས་གསུམ་ཐ་དད་དུ་གྲུབ་པ་ཡོད་མ་མྱོང་སྟེ། ངོ་བོ་ལ་འཕོ་འགྱུར་མེད་པའི་ཕྱིར་རོ། །

གསུམ་པ་ཡེ་ཤེས་དབྱིངས་སུ་ཞི་བའི་དཔེ་ནི། བཅོ་ལྔའི་ཟླ་བ་གནམ་གང་གི་ཚེ་ནམ་མཁར་ཆད་ལྷག་མེད་པར་ཡོད་ཀྱང་ཕྱིར་མི་མངོན་པ་ལྟར་གྲོལ་དུས་དེ་དང་འདྲ་སྟེ། རིག་པ་ཡེ་སངས་རྒྱས་ཏེ་ལྷུན་གྲུབ་ཏུ་གནས་པ་ཟླ་བའི་གཤིས་ཀྱི་དཀྱིལ་འཁོར་ལྟ་བུ། གདམས་པ་ཉམས་སུ་བླངས་དུས་ཚེས་གཅིག་གི་ཟླ་བ་ལྟར་མངོན་སུམ་གྱི་སྣང་བ་ཅུང་ཟད་ལས། སྣང་བ་བཞི་ཚད་དུ་ཕྱིན་དུས་བཅོ་ལྔའི་ཟླ་བ་ལྟར་ཕྱི་གསལ་ལོངས་སྐུའི་ཞིང་སྣང་ཐམས་ཅད་ཀྱི་གཟིགས་སྣང་ནང་དབྱིངས་གདོད་མའི་ནམ་མཁར། གནམ་གང་གི་ཟླ་བ་ལྟར་ཐིམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་བཞུགས་སོ། །དེ་ཉིད་ལས་རྟག་ཏུ་མི་གཡོ་བར་ལྷུན་གྱིས་གྲུབ་པའི་མཛད་པ་སྣང་བའི་དཔེ་ནི། ཟླ་བ་ནམ་མཁའི་ངང་ལས་མ་གཡོས་བཞིན་དུ། ཆུ་སྣོད་ཐ་དད་པར་སྣང་བའི་དཔེས། སྐུ་གསུམ་དབྱིངས་ལས་མི་གཡོ་བར་ས་ལ་གནས་པའི་སེམས་དཔའ་རྣམས་ལ། རང་བཞིན་སྤྲུལ་སྐུའི་ཞིང་དུ་ལོངས་སྐུ་རིགས་ལྔ་དང་། འགྲོ་དྲུག་སོ་སོའི་གནས་སུ་འགྲོ་འདུལ་ཐུབ་པ་དྲུག་གྲངས་མེད་པས་སོ་སོའི་ངོ་ཁ་ལ་དོན་མཛད་པའོ། །དཔེ་འདི་དག་ཀྱང་། ངོ་བོ་དང་། རང་བཞིན་དང་། ཐུགས་རྗེ་དང་། ཐུགས་རྗེས་དོན་མཛད་ཚུལ་བཞིའི་ཕྱོགས་ཙམ་མཚོན་ནས་བསྟན་པ་སྟེ། ཐམས་ཅད་ནས་ཐམས་ཅད་དུ་འདྲ་བའི་དཔེར་བརྗོད་པ་ནི་མ་ཡིན་པས། གནས་སྐབས་རེ་རེའི་མཚོན་བྱེད་དུ་ཤེས་པར་བྱའོ། །

ད་ནི་དཔེས་མཚོན་པའི་དོན་ཉིད་བཤད་པ་ནི། དུས་གསུམ་གྱི་རྒྱལ་བའི་གྲོལ་ས་དང་། རྣལ་འབྱོར་པའི་གྲོལ་ས་ལ་ཁྱད་མེད་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་སྙིང་པོའམ། ཁམས་བྱང་ཆུབ་ཏུ་གནས་གྱུར་པ་དེ་ཉིད་དུ་ཕྱིན་པས། སྐུ་གསུམ་ཡེ་ཤེས་ཕྲིན་ལས་དང་བཅས་པ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་དག་གི་རང་བཞིན་རྒྱས་པར་ནི་གདོད་མའི་གནས་(༧༢)ལུགས་དེ་ཉིད་ཡིན་ལ། ཁྱད་པར་ནི་དབྱིངས་དེའི་དུས་ན་འཁོར་འདས་སུ་མ་ཆད་པས་དྲི་བཅས་དྲི་མེད་ཅེས་གཅིག་ཏུ་མ་ཆད་པའི་ལུང་མ་བསྟན་པ་ཡིན་ལ། གྲོལ་དུས་དབྱིངས་ལས་ཕྱིར་འཕྲོས་པས། ཅུང་ཟད་ཅིག་ལ་རིག་ནའང་། རིག་པ་དྲི་མེད་ཡིན་ཞིང་སེམས་ཅན་དུ་འཁྲུལ་ནས་དྲི་མ་དང་བཅས་པ་ལས། སླར་རང་ངོ་རིག་པ་ནི་དག་པ་གཉིས་དང་ལྡན་པའི་སངས་རྒྱས་ཞེས་དབྱིངས་དྲི་བྲལ་སངས་རྒྱས་སུ་གྱུར་ནས་ཕྱིར་མི་ལྡོག་པའི་ཁྱད་ཡོད་དོ། །དག་པ་གཉིས་ནི། དབྱིངས་དེའི་རང་བཞིན་ཡེ་ནས་དྲི་མ་ཡོད་མ་མྱོངས་པས། རང་བཞིན་རྣམ་དག་ཡིན་པའི་སྟེང་དུ་དེའི་རང་བཞིན་ཤེས་ནས་ཉམས་སུ་བླངས་པས། གློ་བུར་འཁོར་བའི་བག་ཆགས་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་དྲི་མ་དག་པས། གློ་བུར་རྣམ་དག་ཅེས་བྱའོ། །དེའང་ཀུན་གཞི་དབྱིངས་སུ་ནུབ་པའི་ཆ་ནི་ཆོས་དབྱིངས་ཡེ་ཤེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པའི་ཆ་ནི་མེ་ལོང་ཡེ་ཤེས་སོ། །ཡིད་ཤེས་ནུབ་པས་མཉམ་པ་ཉིད་དང་། ཉོན་ཡིད་ནུབ་པས་སོ་སོར་རྟོགས་པ་དང་། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་དབྱིངས་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་སྦྱོར་བ་དོན་གྱི་ཀུན་གཞི་གཤིས་ཐོག་ཏུ་ཕེབས་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། དེའི་ཚེ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཉི་མ་ཤར་བ་ན་མུན་པ་སངས་པ་བཞིན་དག་པས་སངས་རྒྱས་ཞེས་སྤངས་རྟོགས་མཐར་ཕྱིན་པའོ། །དེའི་ཚེ་ནང་དབྱིངས་ཡེ་ཤེས་དང་འདུ་འབྲལ་མེད་པ་ནི་ཆོས་ཀྱི་སྐུའི་ཞིང་ན་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་དུས་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་བའི་དེ་ཁོ་ན་ཉིད་རང་ཆས་སུ་བརྗོད་དུ་མེད་པར་སྟོན་པ་ཞེས་བྱའོ། །ཡེ་ཤེས་ཀྱང་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་ཆོས་སྐུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལོངས་སྐུ། ཐུགས་རྗེ་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུ། སྐུ་གསུམ་གྱི་བདག་ཉིད་གཅིག་དང་དུ་མ་མེད་པའི་ངང་ལས་མི་གཡོ་བར་བཞུགས་པའོ། །དེ་ལས་རང་སྣང་རྣམ་དག་སྟུག་པོ་བཀོད་པའི་ཞིང་དུ། རྒྱལ་ཚབ་དམ་པའི་སྟོན་པ་རིགས་ལྔ་ཞི་ཁྲོའི་འཁོར་རང་སྣང་ཚོམ་བུའི་དཀྱིལ་འཁོར་ལ། དུས་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཚེ། ཆོས་བསམ་(༧༣)རྫོགས་ལྷུན་གྲུབ་ཆེན་པོ་གཉིས་སུ་མེད་པའི་དགོངས་པ་ལས་མི་གཡོ་མི་གསུང་བར་རང་སྣང་ངོ་། །དེ་ལ་ཡེ་ཤེས་ཀྱང་ལྔ་སྟེ། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའང་མཚན་དང་དཔེ་བྱད་ཀྱི་དཔལ་དུ་རང་འབར་བའོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་པར་ཕྱོགས་བཅུར་རང་བཞིན་སྤྲུལ་པའི་ཞིང་དུ་རིགས་ལྔའི་སངས་རྒྱས་འཁོར་ས་བཅུའི་སེམས་དཔའ་ལ། རང་སྣང་དག་པའི་དུས་སུ་ཆོས་འོད་གསལ་ལྷུན་གྲུབ་ཆེན་པོ་རང་ཆས་སུ་མི་གསུང་མི་བརྗོད་པའི་ཚུལ་གྱིས་གོ་བར་མཛད་པ་དང་། འགྲོ་བ་དྲུག་གི་ཞིང་དུ་ཐུབ་པ་དྲུག་གི་སྤྲུལ་པས། འདས་མ་འོངས་ད་ལྟར་གྱི་དུས་སུ་ཆོས་ཐེག་པ་སྣ་ཚོགས་པ་དབྱངས་ཀྱི་ཡན་ལག་དྲུག་ཅུས་སྟོན་པ་ནི། དེད་དཔོན་དམ་པའི་སྟོན་པ་འགྲོ་འདུལ་ཚད་མེད་ཅེས་བྱའོ། །ཡེ་ཤེས་ཀྱང་གཉིས་ལས། ཇི་ལྟ་བ་མཁྱེན་པས་ཆོས་ཉིད་རོ་མཉམ་རྫོགས་པ་ཆེན་པོར་རྟོགས་ལ། ཇི་སྙེད་པ་མཁྱེན་པས་ཆོས་ཅན་སྣ་ཚོགས་མ་འདྲེས་པར་རྟོགས་ཏེ། འགྲོ་བའི་ཁམས་དང་མོས་པ་ཇི་ལྟ་བར་སྐལ་བ་མཉམ་པས་དོན་གཉིས་སུ་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་ལྟར་དབྱིངས་ན་བཞུགས་པའི་ཆོས་ཀྱི་སྐུ་ལའང་ངོ་བོ་ཉིད་ཀྱི་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལྡན་ཞིང་། དབྱིངས་ལས་གདངས་སུ་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་རང་བཞིན་གྱི་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལྡན་ཞིང་། གདངས་ལས་གཞན་ངོར་སྣང་བའི་སྤྲུལ་པ་གཉིས་ལ་ཡང་། ཐུགས་རྗེའི་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལྡན་ཏེ། དེ་ཐམས་ཅད་ཀྱང་སོ་སོ་མ་ཡིན་ཏེ་ཐ་མི་དད་པ་རྒྱལ་བ་གཅིག་གི་དགོངས་པ་ལས་རང་ཤར་འདུ་འབྲལ་མེད་པས་ཉི་མའི་སྙིང་པོ་དང་། འོད་སྣང་ཆུ་ནང་དུ་ཤར་བའི་གཟུགས་བརྙན་ལྟ་བུར་ཤེས་པར་བྱའོ། །དེ་དག་ནི་མུ་ཏིག་ཕྲེང་བ་ལས། གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པའི་དོན་སྟེ་འབྲས་བུ་བཤད་ཟིན་ཏོ།། །།

དེ་ལྟར་ཡང་ཟབ་འོད་གསལ་སྙིང་པོའི་དོན། །ཀློང་ཆེན་རབ་འབྱམས་བཟང་པོའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིས། །འགྲོ་ཀུན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །གཅིག་པུར་ཞི་ལ་མོས་པའི་སེམས་གཞོལ་ཡང་། །རང་དོན་ཙམ་ལས་སྐལ་ལྡན་དོན་མི་འགྱུར། །མང་དུ་བཤད་ཀྱང་དོན་གཉེར་ཅན་མེད་པས། །རྟོགས་པའི་ཉམས་མྱོངས་(༧༤)གཞན་ལ་ཇི་ལྟར་བགོ། །ཨེ་མ་ཇི་ལྟར་བྱ་བའི་ཐབས་ཡོད་ཀྱི། །དུས་ངན་སྐྱེ་བོ་བསམ་སྤྱོད་གདུལ་དཀའ་བས། །ཟོལ་མེད་ཕན་པ་བསྒྲུབས་ཀྱང་དོན་འགྱུར་ཉུང་། །གང་དུ་ཇི་ལྟར་བསམས་ཤིང་སྐྱོ་བ་འཕེལ། །དོན་འདི་ལྷག་པར་བསམ་ཞིང་སྙིང་རྗེའི་ཤུགས། །སེམས་སྟོབས་བཟང་པོས་འགྲོ་སྒྲོལ་ཁུར་ཁྱེར་རིགས། །སྔར་འདས་རྒྱལ་བས་མ་ཐུལ་རྨུ་རྒོད་རྣམས། །དེང་ནས་བདག་གིས་སེམས་སྟོབས་དྲི་མེད་ཀྱིས། །ཐོག་མར་དེ་ཀུན་ཞི་བའི་སར་བསྒྲལ་ནས། །ཕྱི་དུས་རང་ཉིད་དབྱིངས་སུ་གཞོལ་བར་ཤོག །ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། འོད་གསལ་རིན་པོ་ཆེའི་གནད་རྣམས་གཅིག་ཏུ་དྲིལ་ནས། ཕྱི་རབས་ཀྱི་དོན་དུ་ལེགས་པར་བཀོད་པ་ཤིན་ཏུ་དག་པར་རྫོགས་སོ།། །།

དགེའོ།། །།

བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ།

༄༅། །བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་བཞུགས་སོ། །

༄༅། །བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ནས་རབ་ཞི་ཡང་། །ཐུགས་རྗེའི་ཐབས་ཚུལ་དཔག་གིས་མི་ལང་བས། །འགྲོ་བ་ཁམས་གསུམ་ཞི་བར་འདྲེན་མཛད་པའི། །ཀུན་བཟང་རིགས་ལྔ་བླ་མའི་ཚོགས་ལ་འདུད། །མངོན་སུམ་གནད་ལ་གོམས་པའི་ཆ་རྐྱེན་དུ། །བསྟན་པའི་སྙིང་པོ་ཡེ་ཤེས་འཕེལ་བྱེད་གནད། །འདི་དང་བར་དོར་རང་སྣང་ཟིན་བྱེད་པ། །བཅངས་ཤིང་བཀླགས་པས་གྲུབ་པའི་ཆོས་ཚུལ་བྲི། །

དེ་ལ་ཐོག་མའི་མགོན་པོ་གཞི་ཐོག་ཏུ་བྱང་ཆུབ་སྟེ། རང་སྣང་ཡེ་ཤེས་ཀྱི་ཞིང་ན་ཆོས་ཉིད་ཀྱི་རང་སྒྲ་བསྟན་པའི་སྙིང་པོར་ཡེ་ཤེས་ལྔའི་འོད་འབར་བས་འདུས་མ་བྱས་པར་རང་བྱུང་བའི་ཡི་གེ་ཆེན་པོ་ཡེ་ཤར་དུ་གནས་པ་ཉིད། བརྒྱུད་པ་གསུམ་ནས་དེའི་ཚིག་དོན་འདུས་བྱས་རྐྱེན་གྱི་ཡི་གེར་བཀོད་དེ་རིམ་པས་བརྒྱུད་ཅིང་། སྐལ་ལྡན་གྱིས་ཉམས་སུ་ལེན་པའི་གྲོགས་སུ་བསྟན་པ་འདི་ལ་དོན་བདུན་ཏེ། ལེགས་པར་བྲི་བ། རབ་ཏུ་གནས་པ། དབང་བསྐུར་བ། ཇི་ལྟར་བཅང་བ། གང་ལྟར་ཀློག་པ། ནམ་ཞིག་བསྲེག་པ། ཕན་ཡོན་བསྟན་པའོ། །དང་པོ་ནི་མཐིང་ཤོག་ལ་གསེར་གྱིས་ཡི་གེ་བྲི་བ་ཡང་། རྣམ་པ་གཉིས་ཏེ། བསྡུས་པ་འཁོར་ལོར་དགོད་པ་དང་། རྒྱས་པ་གླེགས་(༧༥)བམ་དུ་བྱ་བའོ། །

དང་པོ་ནི། གྲུ་བཞི་མཐོ་གང་བའི་དབུས་རྩེ་སོར་བཞི་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་ལྔ་པ། ལྟེ་བ་ལ་ཨཱ་ཨཱཿཧཱུྃ་བྲིས་པའོ། །དེའི་མཐར་གླན་སོར་གཉིས་བསྐོར་བའི་ནང་དུ་ཀུན་བཟང་ཡབ་ཡུམ་གྱི་སྙིང་པོའོ། །དེའི་མཐར་གླན་སོར་གཉིས་བསྐོར་བའི་ནང་དུ་ཡེ་ཤེས་ཉི་ཤུ་རྩ་ལྔའི་ཐིག་ལེ་ལ་སྙིང་པོ་ཉི་ཤུ་རྩ་ལྔའོ། །དེ་ནས་སོར་རེའི་བར་བསྐོར་ཏེ། ལོངས་སྐུའི་ཡི་གེ་དྲུག་ཐིག་ལེ་དྲུག་ཏུའོ། །དེ་ནས་གླན་སོར་གཉིས་བསྐོར་ཏེ། ཞི་ཁྲོ་རང་གསལ་སྙིང་པོ་བྲིའོ། །དེ་ནས་ཨཱ་ལིའོ། །དེ་ནས་ཀཱ་ལིའོ། །དེ་ནས་ཡེ་དྷརྨཱའོ། །དེ་ནས་ལས་བཞིའི་ཤམ་བུའོ། །དེའང་ལྟེ་བ་དང་མཐའ་ཡི་མུ་ཁྱུད་གཉིས་ལ་ལྔ་ལྡན་དུ་བསྐོར་ཞིང་། གཞན་རྣམས་ཆིག་རྐྱང་དུ་བྱས་ལ། ཡིག་མགོ་ཕྱིར་བསྟན་ལ་བྲིའོ། །འདི་ལ་ཐིག་ལེ་ཆེན་པོ་ཞེས་ཟེར་རོ། །

གཉིས་པ་ལའང་གཉིས་ལས། གླེགས་བམ་ཆེན་མོ་ནི་སོར་བཞི་པའི་ཚད་ལ་བསྟན་བུ་དང་འདས་རྗེས་ཐམས་ཅད་བྲིའོ། །ཆུང་ངུ་ནི་འཕྲེད་ལ་གླན་སོར་བཞི། སྲིད་དུ་རྩེ་སོར་བཞི་ཡོད་པ་ལ་ཁ་ཐིག་གྲུ་བཞིར་གདབ་པའི་ནང་དུ། ཡིག་མགོ་ཕྱོགས་གཅིག་ཏུ་ལྟ་བའི་ཡི་གེ་ཕྲེང་ཅི་མང་དུ་བྲིའོ། །དེ་ཡང་སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བར་བྱེད་པའི་ཡི་གེ་ཨཱ་ཨཱཿཧཱུྃ་ཐོག་མར་བྲིས་པས་རང་སྣང་སྒྲ་འོད་ཟེར་གསུམ་ལ་བརྟན་པ་ཐོབ་པར་བྱེད་ཅིང་རྟགས་དེ་དག་འབྱུང་ངོ་། །

དེ་ནས་ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པ་ནི། ཨེ་མ་ཀི་རི་ཀི་རི། མས་དྷ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨེ་ཀ་རི་སུ་ལི་བྷ་ཏ་ཡཱེ། ཙ་ཀི་ར་བྷ་མི་ཏ་ལྕེ་ཡཱེ། ས་མུན་ཏཿཙརྱ་སུ་གྷ་ཡཱེ། བྷི་ཏི་ལ་ས་ན་བྷྱཿགུ་ལི་ཡཱེ། ས་ཀི་རི་དྷུ་ཀ་ནི། མ་ཏ་རི་བྷྱ་ཏ་ན། པ་ར་ལི་ཧོ་སེ་ན། མ་ཁ་ར་ཏེ་ཀེ་ལ་ན། སཾ་བྷུ་ར་ཏ། མེ་ཀ་ཙ་ར་ཏཾ་པ། སུརྱ་གྷ་ཏ་ར་ཨེ་ཤ་ས་ཤ་ན། ར་ན་བྷི་ཏི་ས་གྷུ་ཏི་པ་ཡཱ། གྷུ་ར་གྷུ་ར་པག་ཁ་ར་ན་ལཾ། ན་ར་ན་ར་ཨི་ཐ་ས་ཊ་ལཾ། སིར་ན་སིར་ན་བྷེ་ས་བྷེ་ས་རས་པ་ལཾ། བྷུདྡྷ་བྷུདྡྷ། བྷུད་ཚི་ཥ་ས་ཀྱེ་ལཾ། ས་སཱ། རི་རཱི། ཁེ་ཁཱེ། ཨི་ཨཱི། མ་མཱ། རི་རཱི། ལ་ཧ་ཨཿ། རྡོ་རྗེ་ལུ་གུ་རྒྱུད་དུ་གྲོལ་བར་བྱེད་ཅིང་། འཇའ་འོད་འཁྲུགས་པའོ། །

ཀུན་ཏུ་བཟང་མོའི་དགོངས་པ་ནི། མས་དྷ་བྷ་སུ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ། ཨེ་ཀེ་རི་ལི་བྷ་ཏ་ཡེ། ཙ་ཀ་བྷུ་ལི་ཏ་ལྕེ་ཡི། ས་མུནྟ་ཙརྱ་སུ་གྷ་ཡེ། བྷི་ཏི་ས་ན་བྷ་གྷུ་ཡེ། ཀི་རི་ཊ་ཀི་ནི། དྷ་ཀ་མཧཱ་བྷོ་རེ་ཏ་ན་ས་ར་བ་ལི་དྷི། (༧༦)ས་ནཾ་ཁ་ར་ཏ་ཀེ་ལ་ན། སཾ་བྷུད་ར་ཏ། ཨེ་ཀ་ཙ་ར་ས་བ་ས་ཏ་ན། ཏ་བ་སུརྱ་གྷ་ཏ་ར་ཨ། མ་ན་ས་ར་བི་ཧོ། ཏིང་གྷུ་ར་ལ། མ་སྨིན་ས་གྷུ་ཏི་ལ། ཏ་ཡ་གྷུ་ར་གྷུ་ར། བརླངས་ག་ཁ་ས་ར་ན་ལཾ། ན་ར་ན་ར་ལཾ། ཨི་ཐ་ར་པ་ཏ་ལཾ། སིརྣ་སིརྣ། བྷེ་ས་རས་པ་ལཾ། ས་གེ་ལམ། ས་སཱ། རི་རཱི། ལི་ལཱི། ཨི་ཨཱི། མ་མཱ། ར་རཱ། རིག་སྟོང་ཀ་དག་ཏུ་གྲོལ་བར་བྱེད་ཅིང་། ནམ་མཁའ་དངས་པ་འབྱུང་བའོ། །

དེ་ནས་ཡེ་ཤེས་ཆེན་པོའི་སྙིང་པོ་ནི། དབང་པོའི་ཞེན་པ་ལྡོག་པའི་ཕྱིར། །ཀརྨཱ་རཀྴ་གྷི་ཧང་ཏི། །ཕུང་པོའི་ཞེན་པ་ལྡོག་པའི་ཕྱིར། །བེ་ག་ར་ན་སོ་གད་གླིང་། །ཡུལ་ཀུན་ཞེན་པ་ལྡོག་པའི་ཕྱིར། །བྷུ་ག་རི་ལ་བྷ་དྷུ་དྲི། །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །རམ་པ་ཀ་ལ་ས་མི་ཁྱེ། །བྱུང་ཚོར་གནས་སུ་གཅད་པའི་ཕྱིར། །མ་ཏང་ཕ་ཕེར་རས་མི་ཏ། །འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར། །ཁ་ཊ་རེ་ཀཱ་ས་མིག་རླུང་། །རིག་པ་བཙོན་རར་གཞུག་པའི་ཕྱིར། །ཨེ་ཀ་ར་ན་བྷེ་ཙཀ་ཤ །འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར། །ཡ་རི་མུ་ཏ་ས་གྷུ་ལི། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ར་རླུང་པ་ལ་ཡཱ། །འཁོར་བ་དོང་ནས་འདོན་པའི་ཕྱིར། །མ་མཱ་ཀོ་ལིང་ས་མནྟ། །ཆོས་ཅན་མཐུན་དུ་གཞུག་པའི་ཕྱིར། །ག་རི་ཡཾ་པ་ར་མི་ཏི། །རོལ་པའི་བྱུང་ཁུངས་སྤུར་བའི་ཕྱིར། །བྷུ་ག་སེང་ཧ་ཕ་གྷ་ལ། །ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར། །ར་མི་སི་པི་ཁེ་ཏ་པ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །བིག་ཁུ་མ་ལ་པ་ཏཾ་ཀི། །ལྷ་ཡི་ཕྱག་རྒྱ་(༩༨)བལྟ་བའི་ཕྱིར། །ས་མ་ཉི་ཝ་དྷེ་ར་པ། །ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །བཛྲ་སཏྭ་ཌི་ཊོ་མེ། །ས་ལམ་དུས་གཅིག་གཅད་པའི་ཕྱིར། །གྷེ་ཝ་སུ་གྷར་རྣ་མ་ཡེ། །ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར། །དྷརྨཱ་པ་ཏི་ས་གྷུ་ལི། །སྐུ་གསུམ་ལམ་དུ་སློང་བའི་ཕྱིར། །རས་མི་ས་མ་ཁ་རྒད་ཙེ། །སྣང་བ་དངོས་སུ་སློང་བའི་ཕྱིར། །རུ་པ་ས་མི་མི་ཏ་ལཾ། །སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར། །ང་ཏིག་པ་ཡཾ་ཀ་ལི་ས། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །ག་ཚོ་པ་ཡཾ་ས་ཨི་ཏཾ། །ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཀརྨཱ་ཨེ་ཀ་ཨ་ནུ་ས། །སངས་རྒྱས་མངོན་ཞེན་ལྡོག་པའི་ཕྱིར། །སཾ་ཀྲི་མ་མ་ཀརྨཱ་ཏ། །རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ང་ལ་ཁེ་པ་ཀི་ལི་ས། །ཞེས་པ་ཡེ་ཤེས་ལྔའི་སྣང་བ་ལ་སྤྱོད་པར་བྱེད་པ་དང་། འདས་དུས་གདུང་ལྔ་དང་། འཇའ་ཚོན་སྣ་ཚོགས་དང་། (༧༧)ནམ་མཁའ་དྭངས་པ་སྤྲིན་སེར་བུ་མེད་པ་དང་། རིང་བསྲེལ་དང་། ས་གཡོ་བ་དང་། འོད་འབྱུང་ཞིང་། མཐོང་ཚད་རྣམ་རྟོག་ངན་པ་རྒྱུན་ཆད་ནས། རང་བཞིན་གྱིས་བསམ་གཏན་ལ་གནས་པ་འབྱུང་བར་འགྱུར་རོ། །

དེ་ནས་ལོངས་སྐུའི་སྙིང་པོ་ནི། འ་ཨ་ཧ་ཤ་ས་མ་རྣམས་དང་། ཨཱ་ཧཱུྃ་ཏྲཱཾ་ཧྲཱིཿཨཿའོ། །དེས་ནི་རིགས་དྲུག་ཆོས་ཉིད་དུ་གྲོལ་བར་བྱེད་ཅིང་། རིང་བསྲེལ་ཕྲ་ཞིང་མང་བ་དང་འོད་ལྔའི་སྣང་བ་འབྱུང་ངོ་། །ཞི་ཁྲོ་རང་གསལ་གྱི་སྙིང་པོ་ནི། བཛྲ་བ་ཏྲ་ས་མནྟ་ཨཱ། ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཨཿ ཨཱ་ཛྷི་ན་ཛྷིག །ཧཱུྃ་བཛྲ་ཌྷྲ྇ག །སྭཱ་རཏྣ་ཌྷྲ྇ག །ཨཱཾ་ཨ་རོ་ལིག །ཧཱ་པྲ་ཛྙཱ་ཌྷྲ྇ག །མཱུཾ་དྷ་དུ་ཤྭ་རཱི། ལཱཾ་ཏེ་ཤྭ་ར་ཏི། མཱཾ་མོ་ཧ་ར་ཏི། པྱཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵི་ཧི་ར་ཙ་ཡཱ། ཏྲཱཾ་ཨ་ཀར་ཝ་ཡཱ། ཧྲཱི་པདྨ་ཝརྡྷ་ཡ། ཛྷིཾ་ཀུ་རུ་ན་དྷ། ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་མ་ལེ་ས་མ་ཡ་ཧོ། ཧྲཱི་གཱིརྟི་ར་ཧོ་ཡ་ཏཾ། ཨ་ནཱི་ར་ཏི་རཱ་ག་ཡ་མི། མེ་དྷ་ར་ནི་སྭཱ་ཧཱ། ཐླྷིཾ་ནི་སྭཱ་ཧཱ། རཾ་པ་ཡ་སྭཱ་ཧཱ། ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ། མཱུཾ་ཤྲཱི་ཨཱ། རཾ་ག་ཡ་སྭཱ་ཧཱ། བཛྲ་དྷཱུ་པེ་པྲ་བེ་ཤ་ཡ་ཧཱུྃ། པུཥྤེ་ཨཱ་བེ་ཤ་ཡ། བཾ་དྷི་བཾ་སུ་ཀི་ནི། ཧོ་གྷནྡྷཻ་ཙིཏྟ། ཧཱུྃ་ཡ་མནྟ་ཀྲ྇ཏ་ཕཊ། ཧཱུྃ་པྲ་ཛྙཱ་ཏ་ཀྲ྇ཏ་ཕཊ། ཧཱུྃ་པདྨ་ཏ་ཀྲ྇ཏ་ཕཊ། ཧཱུྃ་བིགྷྣན་ཏ་ཀྲ྇ཏ་ཕཊ། ཨཱ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨཱ་མུ་ནེ་ཧཱུྃ་ཀྲུཾ་སྭཱ་ཧཱ། ཨཱ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱ་མུ་ནེ་ཀྲུཾ་སྭཱ་ཧཱ། ཨཱ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱ་མུ་ནེ་ཡེ་སྭཱ་ཧཱ། ཨཱ་བྷུདྡྷ་ཧེ་རུ་ཀ་ཨཱ། ཨཱ་བཛྲ་ཧེ་རུ་ཀ་ཧཱུྃ། ཨཱ་རཏྞ་ཧེ་རུ་ཀ་སྭཱ། ཨཱ་པདྨ་ཧེ་རུ་ཀ་ཧྲཱིཿ ཨཱ་ཀརྨཱ་ཧེ་རུ་ཀ་ཨཿ ཨཱ་བྷུདྡྷ་ཀྲོ་ཏི་ཤྭ་རཱི་ཨཱ། ཨཱ་བཛྲ་ཀྲོ་ཏི་ཤྭ་རཱི་ཧཱུྃ། ཨཱ་རཏྞ་ཀྲོ་ཏི་ཤྭ་རཱི་སྭཱ། ཨཱ་པདྨ་ཀྲོ་ཏི་ཤྭ་རཱི་ཧྲཱིཿ ཨཱ་ཀརྨཱ་ཀྲོ་ཏི་ཤྭ་རཱི་ཨཱཿ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཞི་ཁྲོ་ཟུང་འཇུག་གི་སྣང་བ་ལ་གྲོལ་བའི་རྟགས་སུ། ལྷ་སྐུ་དང་འོད་ཟེར་གྱི་ཕུང་པོ་ཟླུམ་འཁྲིགས་སུ་འབྱུང་ངོ་། །གདུང་རིགས་ལྔ་ཡང་འབྱུང་ངོ་། །

དེ་ནས་སྤྲུལ་སྐུའི་སྙིང་པོ་ལ་ཡང་གཉིས་ལས། ཤེས་རབ་སྐྱེ་མེད་དུ་གྲོལ་བར་བྱེད་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿརྣམས་ཏེ་འོད་མཐིང་གར་སྣང་བའོ། །ཐབས་རང་གསལ་དུ་གྲོལ་བར་བྱེད་པ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿརྣམས་ཀྱིས་འོད་ལྔའི་དྲ་བ་རིས་སུ་(༧༨)འཁྲུགས་པའོ། །བསྟན་པ་སྤྱིའི་སྙིང་པོ་ནི། ཨཱ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎཿའཆང་བ་པོའི་དགོངས་པ་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ཆེན་པོ་གཡོ་བར་བྱེད་པའོ། །

དེ་ནས་རང་སྣང་ཕྲིན་ལས་བཞིར་གྲོལ་བར་བྱེད་པའི་སྙིང་པོ་ནི། རང་གི་མིང་སྤེལ་ལ། ནད་དང་གདོན་དང་འཇིགས་པ་བརྒྱད་དང་སྒྲིབ་པ་ཐམས་ཅད་རིག་པའི་ངང་དུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་དང་ཞིང་ཁམས་ཐམས་ཅད་རིག་པའི་ངང་དུ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་མཱ་ར་ཡ་ཕཊ། ཅེས་པས་ཕྲིན་ལས་མཐར་ཕྱིན་པའི་རྟགས་སུ་དངོས་སུ་གྲུབ་ཅིང་། འདས་དུས་རྟགས་རྣམས་ཀྱི་འཆར་ཚུལ་རྒྱས་ལ་བར་ཆད་མེད་པར་ཀུན་ལ་སྣང་ཞིང་དོན་དང་ལྡན་པར་འགྲུབ་པོ། །དེ་ལྟར་བྲིས་པའི་སྔ་ལྟོ་ཕྱི་ལྟོ་ནང་མ་གཉིས་ལ་འོད་ལྔའི་མུ་ཁྱུད་བསྐོར་བའི་ནང་དུ། ཚོམ་བུ་ལྔ་ལྔ་ཡེ་ཤེས་ལྔའི་ཁ་དོག་གི་ཚོན་བཀྱེ་ལ་དེ་དག་གི་དབུས་སུ་སྔ་ལྟོར་ཞི་བའི་ས་བོན་དབུས་དང་ཤར་ལྷོ་ནུབ་བྱང་བཞིར། ཨཱ་ཧཱུྃ་སྭཱ་ཨཱཾ་ཧཱ་དང་། ཕྱི་ལྟོར་ཁྲོ་བོའི་ ས་བོན་ཨཱ་ཧཱུྃ་ཏྲཱཾ་ཧྲཱི་ཨཿརྣམས་རིམ་པར་བྲི་བར་བྱའོ། །དེ་ཡང་དུས་གནད་ངེས་པ་ལས། རང་བྱུང་ཆེན་པོའི་ཡི་གེ་ལས། །དཔེ་ནི་རིན་པོ་ཆེ་ལས་བྲི། །གླེགས་བམ་སོར་བཞི་པ་ཡི་ཚད། །ཅེས་པའི་དོན་ནོ། །

གཉིས་པ་རབ་ཏུ་གནས་པ་ནི། གནས་ཁང་ཉམས་དགའ་བར་མཎྜལ་ཁྲུ་དོ་པ་ལ་དྲི་དང་བ་བྱུང་གིས་བྱུགས་པ་ལ། མུ་ཁྱུད་འོད་ལྔས་བསྐོར་བའི་ནང་དུ། ཚོམ་བུ་ལྔ་ལྡན་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞིར་སྔོན་པོར་བྱས་པའི་དབུས་སུ་མཉྫིའི་སྟེང་དུ། རིན་པོ་ཆེའི་སྣོད་འབྲུ་སྣས་བཀང་བའི་སྟེང་དུ། དར་ཚོན་སྣ་ལྔའི་ན་བཟའི་དབུས་སུ། སྔར་བྲིས་པའི་བཏགས་གྲོལ་གཞུག་ཅིང་། མཎྜལ་གྱི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་བཤམས་ནས། བླ་མས་སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྒོམས་ཏེ། བགེགས་བསྐྲད་ནས། སྐྱབས་སུ་འགྲོ་བ་དང་སེམས་(༧༩)བསྐྱེད་ལ། སྟོང་པའི་ངང་ལས་བཏགས་གྲོལ་དེ་ཉིད་རིགས་ལྔ་ཡབ་ཡུམ་འོད་ལྔའི་ར་བས་བསྐོར་བར་བསྒོམས་ལ། རང་བཞིན་གྱི་གནས་ནས་ཞི་ཁྲོ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རིག་འཛིན་མཁའ་འགྲོ་དང་བཅས་པ་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་ནས། ཛཿཧཱུྃ་བྃ་ཧོས་དེ་ལ་བསྟིམས་ཤིང་། ཐིག་ལེ་ཆེན་པོའི་སྙིང་པོ་རྣམས་བརྒྱ་རྩ་བརྒྱད་བཟླས་པས་མེ་ཏོག་གཏོར་ཏེ། མཐོང་བ་དང་ཐོས་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དུ་གསོལ། ཅེས་པ་ལ་སོགས་པས་གསོལ་བ་བཏབ་ནས། ཕྱི་ནང་གི་མཆོད་པས་མཆོད་དེ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་རོ། །

གསུམ་པ་དབང་བསྐུར་བ་ནི། དེ་ནས་རང་གི་ཡིན་ན། བླ་མས་དབང་བསྐུར་བར་བསམ་སྟེ་བྱེད་ལ། སློབ་མའི་ཡིན་ན། བླ་མ་ལ་ཕྱག་དང་མཎྜལ་ཕུལ་ནས། སྤྲོས་མེད་དབང་གི་སྐབས་སུ་བཤད་པ་ལྟར། སྡོམ་པ་གཟུང་བ་ལན་གསུམ་བྱེད་དུ་གཞུག་གོ། །དེ་ནས་བསྟན་བུ་དེ་ལ་ཕྱག་བརྒྱ་རྩ་བརྒྱད་འཚལ་དུ་བཅུག་ནས། རིགས་ལྔར་མོས་པ་ལ་གསེར་ལ་སོགས་པའི་མཎྜལ་ལྔ་ཚན་གཅིག་རིམ་གྱིས་ཕུལ་བའི་རྗེས་ལ། བཏགས་གྲོལ་དར་སྣས་བཏེག་ལ་སློབ་མའི་སྤྱི་བོར་བཞག་དུས་རིགས་ལྔར་བསམ་པ་ལས་འོད་ལྔ་བྱུང་བས། སྣང་སྲིད་ཐམས་ཅད་ལ་ཁྱབ། སྒྲིབ་པ་ཐམས་ཅད་དག་ཅིང་དངོས་གྲུབ་ཐམས་ཅད་ཐོབ་པར་དམིགས་ལ། ཚར་གཅིག་བཀླག་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་མིང་འདི་ཞེས་བགྱི་བའི་ལུས་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ་ལོ། །གྷ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ་ཞེས་པ་གསུམ་བརྗོད་དོ། །དེ་ནས་མགྲིན་པར་བཞག་ལ། སྔ་མའི་ཚིག་ལ་ངག་གི་ཞེས་གོ་བརྗེས་ལ། གྷ་ཛ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་པ་ནས། གསུང་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ་ལོ། །ཞེས་པའི་བར་གསུམ་(༨༠)བརྗོད་དོ། །དེ་ནས་སྙིང་གར་བཞག་ཅིང་། ཡིད་ཀྱིས་ཞེས་པ་ནས། དྷརྨཱ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་རྡོ་རྗེའི་བར་དུ་གསུམ་བརྗོད་དོ། །དེ་ནས་ལྟེ་བར་བཞག་ལ་ལུས་ངག་ཡིད་གསུམ་ཐམས་ཅད། ཅེས་པ་ནས། ཀཱ་ཡ་ཝཱཀྐ་ཙིཏྟ་རཏྣ་ཀརྨཱ་ཨ་བྷི་ཥིཉྩ་སྭཱ་ཧཱ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཐམས་ཅད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་གསུམ་བརྗོད་ནས། རྒྱུད་དར་སྣའི་སྟེང་དུ་བཞག་པ་སློབ་མའི་ཐལ་མོ་བཀན་པའི་སྟེང་དུ་བཞུགས་ལ་ཚིག་འདི་ཉིད་ལན་གསུམ་བརྗོད། ཕྱོགས་བཅུའི་བླ་མ་སངས་རྒྱས་རྣམས། །མ་ལུས་བརྩེ་བས་དགོངས་སུ་གསོལ། །བདག་གིས་སེམས་ཅན་དོན་དུ་ནི། །བཏགས་གྲོལ་འདི་བཅངས་བྱིན་བརླབས་ཀྱིས། །བདག་མཐོང་ཐོས་དང་དྲན་པ་དང་། །མཆོད་དང་བསྟོད་དང་སྨྲ་ཡང་རུང་། །རེག་པར་གྱུར་པའི་སེམས་ཅན་རྣམས། །མྱུར་དུ་མངོན་པར་སངས་རྒྱས་ཤོག །ཅེས་སོ། །

བཞི་པ་ཇི་ལྟར་བཅང་བ་ནི། དེ་ནས་དར་ཚོན་གྱིས་དྲིལ་ལ་གའུར་བཅུག་སྟེ། འདི་དབུགས་ལ་སླེབས་དགོས་པས་དྲོད་དང་མ་བྲལ་བར་རྟག་ཏུ་ཆོངས་ཤིག །ཅེས་བརྗོད་ནས། སྤྱི་བོའམ་མགུལ་ལམ་མཆན་ཁུང་གཡོན་པ་གང་རུང་དུ་གཞན་གྱིས་མི་མཐོང་བར་གདགས་པ་ནི། མཆོད་པའི་དུས་གནད་ངེས་པ་ལས། །སྤྲུལ་པའི་སྐུ་འདི་འདི་ལྟར་བཅང་། །གང་གི་སྤྱི་བོའི་གཙུག་གམ་ནི། །མཆན་ཁུང་ངམ་ནི་མགུལ་དུ་ཡང་། །རང་བྱུང་ཆེན་པོའི་ཡི་གེ་ལས། །དཔེ་ནི་རིན་པོ་ཆེ་ལས་བྲིས། །གླེགས་བམ་སོར་བཞི་པ་ཡི་ཚད། །སྣ་ཚོགས་དར་གྱིས་དྲིལ་ནས་ནི། །ཞེས་སོ། །དེའང་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་བཏགས་པས། སྐུ་གསུང་ཐུགས་སུ་གྲོལ་བར་བྱེད་ལ། སྐྱེས་པའི་མཆན་ཁུང་གཡོན་དང་། བུད་མེད་ཀྱི་གཡས་སུ་གདགས་སོ། །དེ་ཡང་རྟག་ཏུ་འཆང་བར། དེ་ཉིད་ལས། དེ་ཡི་ཕྱིར་ན་འདི་ཉིད་དང་། །འགྲོ་དང་ཉལ་དང་འདུག་པ་དང་། །འགྲེང་དང་ཟ་དང་འཆག་པ་དང་། །ཕྱག་དང་བསྐོར་བ་བྱེད་པ་དང་། །ལྡང་དང་ལག་པའི་གར་ཉིད་དང་། །རྒྱུག་དང་ཁྲུས་བྱེད་ཕྱི་ས་དོར། །དེ་བཞིན་སྨྲ་དང་སྔགས་ཟློས་དང་། །བསམ་སྤྱོད་རྣམ་པ་སྣ་ཚོགས་པའི། །སྒོ་གསུམ་བྱ་བ་གང་བྱེད་ཀྱང་། །འདི་དང་འབྲལ་བར་མི་བྱའོ། །ཞེས་སོ། །དེ་ཡང་དྲོད་དང་མ་བྲལ་བ་གལ་ཆེའོ། །

ལྔ་པ་གང་ལྟར་ཀློག་པ་ནི། (༨༡)དུས་ཚིགས་རྣམ་པ་བརྒྱད་ལས། དང་པོ་ཉི་ཟླ་གཟས་ཟིན་པའི་ཚེ། ཕྱི་ནང་གི་མཆོད་པ་བཤམས་ལ། རང་ཉིད་རྣམ་སྣང་ཡབ་ཡུམ་མཐིང་ག་རྡོ་རྗེ་སྐྱིལ་ཀྲུང་ཅན། འཁོར་ལོ་རྩིབས་བརྒྱད་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་རྩེ་མོས་གཟུང་བར་བསྒོམས་པའི་ལྕེ་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་ཨཱ་གྱིས་མཚན་པ་བསྒོམས་ལ་བྱེར་བའི་དུས་སུ་བཀླག་སྟེ། དྲུག་གམ་དགུ་དག་ཅིང་གསལ་བར་བརྗོད་པའི་རང་སྒྲས་འཇིག་རྟེན་ཐམས་ཅད་ཁྱབ་ཅིང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་བསམ་མོ། །ཉིན་མཚན་གང་ལ་ཟིན་དུས་ཀྱི་ཟུག་པའི་ཚེ། དུད་འགྲོའི་རིགས་ལ་དེའི་ཁ་ཟས་དང་མཐུན་པའི་སྟོན་མོ་དང་། སྙོམས་པའི་ཆ་ལ་སྲོག་འདོན་དང་། འཁྲུགས་པའི་ཚེ་ཆོས་ཉིད་ཀྱི་དོན་བསྒོམ་པར་བྱ་སྟེ། དེ་ཉིད་ལས། ཉི་ཟླ་གཟའ་ཡིས་ཟིན་དུས་ན། །འདི་ནི་ལན་དྲུག་དགུ་འམ་ནི། །འཁོར་ལོའི་ལྕེ་ཡིས་རབ་བརྗོད་ན། །དེ་ཡང་སྤྲུལ་པའི་སྐུ་དང་མཉམ། །འདི་དུས་སྲོག་འདོན་དགེ་བ་བྱ། །དུད་འགྲོའི་རིགས་ལ་སྟོན་མོ་བྱ། །ཆོས་ཉིད་དོན་ལ་བསྒོམ་པར་བྱ། །བཀླག་པ་བྱེར་བའི་དུས་ན་ཡིན། །སྲོག་འདོན་སྙོམས་པ་ཉིད་ལའོ། །དུད་འགྲོ་ཟུག་པའི་དུས་ན་ཡིན། །བསྒོམ་པ་འཁྲུགས་པའི་དུས་ན་བྱ། །དེ་ལྟར་སུ་ཡིས་བྱས་པ་ཡང་། །སྤྲུལ་སྐུའི་ཡོན་ཏན་འཐོབ་པའོ། །ཞེས་གསུངས་སོ། །

གཉིས་པ་ས་གཡོས་འབྱུང་བའི་ཚེ། རང་ཉིད་མི་བསྐྱོད་པ་ཡབ་ཡུམ་དཀར་པོ་བདུད་འདུལ་གྱི་ཕྱག་རྒྱས་རྡོ་རྗེ་འཛིན་པ་བསམས་པའི་ལྗགས་ཀྱི་སྟེང་ན་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་གིས་མཚན་པར་བསྒོམས་ནས། དྲུག་གམ་བདུན་བརྗོད་པས་རང་སྒྲ་དང་འོད་ཟེར་གྱིས་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་རྣམ་པར་གྲོལ་བར་བསམ་པ་ནི། བྱེར་བའི་དུས་སུ་བྱ་ཞིང་། རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་ལ་ཚོགས་ལོ་གྲངས་སྙོམས་པའི་དུས་སུ་བྱའོ། །དེ་ཡང་རྣལ་འབྱོར་ཕོ་མོ་ལོ་གྲངས་གཅིག་ལ་ཚོགས་བྱས་པས་ཚོགས་ལོ་གྲངས་འགྲུབ་བོ། །འཁྲུགས་པའི་དུས་སུ་སྐྱེ་བོ་ལ་སྟོན་མོ་དང་། ཟུག་པའི་ཚེ་སོ་སོའི་གནས་ནས་སྤྱན་དྲངས་པ་ཡང་། དེ་ཉིད་ལས། གལ་ཏེ་ས་གཡོས་འབྱུང་བའི་ཚེ། །འདི་ཉིད་ལན་དྲུག་ལན་བདུན་ནམ། །ཡང་ན་ལན་ནི་ལྔ་འམ་གསུམ། །རྡོ་རྗེའི་ལྕེ་ཡིས་(༨༢)བཀླག་པར་བྱ། །ཚོགས་ནི་རྣལ་འབྱོར་ལོ་ཡི་གྲངས། །འདི་ཡི་དུས་སུ་རབ་ཏུ་གཏང་། །དམ་ཚིག་མཆོག་ལྡན་རྣལ་འབྱོར་པས། །ཚོགས་ཀྱི་སྟོན་མོ་འདི་བཞིན་བྱ། །བཀླག་པར་འབྱུང་བ་བྱེར་དུས་སུ། །ཚོགས་ནི་སྙོམས་པའི་དུས་ན་བྱ། །སྟོན་མོ་དེ་བཞིན་འཁྲུགས་པའི་དུས། །རྣལ་འབྱོར་པ་ནི་ཟུག་པ་ཡི། །དུས་ན་སོ་སོའི་གནས་ནས་འབོད། །འདི་ལྟར་འབྱུང་བའི་ཁྱད་པར་ལས། །རྣལ་འབྱོར་དེ་ནི་ཐར་ལམ་དུ། །ཡང་དག་ངེས་པར་འཇུག་པ་ཡིན། །རྡོ་རྗེ་འཆང་བ་རྣམས་དང་ནི། །སྐལ་བ་ཡང་དག་མཉམ་པའོ། །ཞེས་སོ། །

གསུམ་པ་འོད་ཀྱི་སྣང་བ་བྱུང་བའི་ཚེ། རང་ཉིད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱས་རིན་པོ་ཆེ་བཟུང་བར་བསྒོམས་པའི་ལྕེ་སྟེང་དུ་དུང་བསམ་པ་ལས་ལན་ལྔའམ་གསུམ་མམ་གཅིག་ཏུ་བརྗོད་པའི་རང་སྒྲ་དང་འོད་ཀྱིས་ནམ་མཁའི་དབྱིངས་ཀུན་ཁྱབ་པས་འདོད་དགུ་འགྲུབ་ཅིང་གྲོལ་བར་བསམ་སྟེ། སྙོམས་པའི་དུས་སུ་བྱའོ། །བྱེར་བའི་དུས་རླུང་བསྒོམ་ཞིང་། འཁྲུགས་པའི་ཚེ་རྣལ་འབྱོར་མ་དགུའམ་བཅུ་གཅིག་ལ་ཚོགས་དང་སྟོན་མོ་བྱའོ། །སྔ་མ་ལས། འོད་ཀྱི་སྣང་བ་བྱུང་བའི་ཚེ། །ལན་ལྔ་གསུམ་མམ་ལན་གཅིག་ཏུ། །དུང་གི་ལྕེ་ཡིས་བཀླག་པར་བྱ། །རྣལ་འབྱོར་མ་ནི་དམ་ཚིག་ཅན། །དགུ་འམ་བཅུ་གཅིག་མན་ཆད་ལ། །བཟའ་བཏུང་རྩུབ་པའི་སྟོན་མོ་བྱ། །བཀླག་པ་སྙོམས་པའི་དུས་ན་ཡིན། །རླུང་ནི་བྱེར་བའི་དུས་ན་ཡིན། །སྟོན་མོ་འཁྲུགས་པའི་དུས་ནའོ། །འདི་ལྟར་བྱས་པའི་རྣལ་འབྱོར་པ། །སྤྲུལ་པའི་སྐུ་དང་ཡང་མཉམ་མོ། །ཞེས་སོ། །

བཞི་པ་སྒྲ་བྱུང་བའི་ཚེ། རང་ཉིད་འོད་དཔག་མེད་ཡབ་ཡུམ་དམར་པོ་མཉམ་གཞག་གི་སྟེང་ན་པདྨ་འདབ་མ་བརྒྱད་པ་འཛིན་པའི་ལྕེ་སྟེང་དུ་པདྨ་བསྒོམས་ཏེ། བྱེར་བའི་ཚེ་ལན་ལྔའམ་དྲུག་གམ་བདུན་དུ་བརྗོད་པས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པའི་དབང་དུ་འདུས་ཤིང་རང་སྒྲ་དང་འོད་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་དུ་བསམ་མོ། །སྙོམས་པ་ལ་དཀོན་མཆོག་གི་དྲུང་དུ་མཆོད་པ་དང་། དགེ་སློང་རྣམ་དག་ལ་སྟོན་མོ་ཟུག་པའི་ཚེ་བྱ་བ་ནི། དེ་ཉིད་ལས། སྒྲ་ནི་བྱུང་བའི་དུས་ན་ཡང་། །ལན་ནི་དྲུག་གམ་བདུན་དང་ལྔར། །པདྨའི་ལྕེ་ཡིས་བཀླག་པར་བྱ། །འདི་དུས་ལྷ་ལ་མཆོད་པ་འབུལ། །དགེ་སློང་ཚུལ་ཁྲིམས་ལྡན་པ་ལ། །ཆོས་དང་ལྡན་པའི་(༨༣)སྟོན་མོ་བྱ། །བཀླག་པ་བྱེར་བའི་དུས་ན་ཡིན། །མཆོད་པ་དེ་བཞིན་སྙོམས་པ་ལ། །དགེ་སློང་ཟུག་པའི་དུས་ནའོ། །འདི་ལྟར་སུ་ཡིས་བྱས་པ་དེ། །འདི་ཡང་སྤྲུལ་པའི་སྐུ་དང་མཉམ། །ཞེས་སོ། །

ལྔ་པ་སད་སེར་བྱུང་བའི་ཚེ། རང་ཉིད་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་སྐྱབས་སྦྱིན་གྱིས་རྡོ་རྗེ་རྒྱ་གྲམ་བཟུང་བའི་ལྕེ་སྟེང་དུ་རལ་གྲི་བསམ་ཏེ། ཟུག་པའི་དུས་སུ་ལན་ཅི་འགྲུབ་བརྗོད་པས་རང་སྒྲ་དང་འོད་ཀྱིས་སྣང་སྲིད་གང་ཞིང་བར་ཆད་ཞི་ནས་འདོད་པའི་དོན་འགྲུབ་པར་བསམ་མོ། །སྙོམས་པའི་ཚེ་རོལ་མོ་སིལ་སྙན་གྱིས་མཆོད་པ་དང་། རྣལ་འབྱོར་པ་ལྔ་འམ་བཅོ་ལྔ་ལ་བྱེར་དུས་བོས་ཏེ་འཁྲུགས་དུས་སྟོན་མོ་བྱའོ། །སྔ་མ་ལས། སད་ཀྱིས་རྒྱལ་ཁམས་ཁྱབ་པའི་ཚེ། །རལ་གྲིའི་ལྕེ་ཡིས་འདི་བརྗོད་ན། །སངས་རྒྱས་ཡོན་ཏན་འདི་ཡིས་འཐོབ། །འདི་དུས་སྒྲ་ཡིས་མཆོད་པར་བྱ། །རྣལ་འབྱོར་ལྔ་འམ་བཅོ་ལྔ་ལ། །ཚོགས་ཀྱི་སྟོན་མོ་ལན་བདུན་བྱ། །བཀླག་པ་ཟུག་པའི་དུས་ན་ཡིན། །མཆོད་པ་སྙོམས་པའི་ཚེ་ནའོ། །བྱེར་བ་ལ་ནི་རྣལ་འབྱོར་འབོད། །འཁྲུགས་པའི་ཚེ་ན་སྟོན་མོ་བྱ། །འདི་ལྟར་སུ་ཡིས་བྱས་པ་ལ། །སྤྲུལ་པའི་སྐུ་ཡི་ཡོན་ཏན་འཐོབ། །ཅེས་སོ། །

དྲུག་པ་རིམས་དང་ཡམས་ནད་བྱུང་བའི་ཚེ། དོན་ཡོད་གྲུབ་པ་སྔར་བཞིན་བསྒོམས་པའི་ལྕེའི་སྟེང་དུ་ལྕགས་ཀྱུ་བསམས་ཏེ། དེ་ལས་འོད་ཟེར་གྱི་ཚོགས་ཚད་མེད་པ་བསམས་ལ། འཁྲུགས་པའི་ཚེར། དགུའམ་བཅུ་གཅིག་གམ་བཅུ་དགུར་བརྗོད་པའི་རང་སྒྲ་དང་འོད་ཟེར་གྱིས་ནད་རིམས་ཞི་ནས་སེམས་ཅན་ཐམས་ཅད་སངས་རྒྱས་པར་བསམ་མོ། །སྙོམས་པའི་དུས་སུ་མི་རྟོག་པ་བསྒོམ་ཞིང་། བྱེར་དུས་བྱིས་པར་སྟོན་མོ་བྱ་བ་ཡང་། དེ་ཉིད་ལས། རིམས་དང་ཡམས་ནད་བྱུང་བའི་ཚེ། །དགུ་དང་བཅུ་གཅིག་བཅུ་དགུ་ནི། །ལྕགས་ཀྱུའི་ལྕེ་ཡིས་བརྗོད་པར་བྱ། །འདི་དུས་མི་རྟོག་བསྒོམ་པར་བྱ། །བྱིས་པ་དགུ་འམ་བཅོ་བརྒྱད་ལ། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་འཁྲུགས་པའི་དུས་ན་ཡིན། །སྒོམ་པ་སྙོམས་པའི་དུས་ནའོ། །བྱིས་པ་བྱེར་བའི་དུས་ནའོ། །སྟོན་མོ་ཟུག་པ་ཉིད་ལ་བྱ། །དེ་ལྟར་བྱས་པའི་སྐྱེས་མཆོག་ནི། །འདི་ལ་སྤྲུལ་སྐུའི་ཡོན་ཏན་འཐོབ། །ཅེས་སོ། །

བདུན་པ་མུ་གེ་བྱུང་བའི་ཚེ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་གཞག་ལས་འོད་ཟེར་འཕྲོས་པའི་ལྕེའི་སྟེང་དུ་ཟླ་ཕྱེད་(༨༤)རྡོ་རྗེ་རྩེ་གསུམ་པ་གྱེས་པའི་རྣམ་པར་བསམས་ཏེ། བྱེར་དུས་གཉིས་སམ་གསུམ་མམ་ལྔ་བརྗོད་པའི་འོད་དང་རང་སྒྲས་འཚེ་བ་ཞི་ཞིང་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བསམ་མོ། །སྙོམས་པ་ལ་དྲིས་མཆོད་ཅིང་། འཁྲུགས་པ་ལ་ཤན་པའམ་མུ་སྟེགས་བོས་ཏེ། ཟུག་པ་ལ་སྟོན་མོ་བྱ་བ་ནི། དེ་ཉིད་ལས། མུ་གེ་དག་ནི་བྱུང་བའི་ཚེ། །ཁ་ཊྭཱྃ་ལྕེ་ཡིས་འདི་བརྗོད་ན། །སྤྲུལ་སྐུའི་ཡོན་ཏན་འཛིན་པ་ཡིན། །ལན་ནི་ལྔ་འམ་གསུམ་གཉིས་ཏེ། །འདི་དུས་དྲི་ཡིས་མཆོད་པར་བྱ། །ཤན་པ་འམ་ནི་མུ་སྟེགས་ལ། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་བྱེར་བའི་དུས་ན་བྱ། །མཆོད་པ་སྙོམས་པ་ཉིད་ལའོ། །སྡིག་ཅན་འཁྲུགས་པ་ཉིད་ལ་སྟེ། །སྟོན་མོ་དེ་བཞིན་ཟུག་པ་ལའོ། །འདིས་ཀྱང་སྤྲུལ་སྐུའི་ས་བོན་འཇོག །ཅེས་སོ། །

བརྒྱད་པ་ཕྱུགས་ནད་བྱུང་བའི་ཚེ། ཀུན་ཏུ་བཟང་མོ་ཡབ་དང་མཚུངས་པར་བསྒོམས་ལ། ཟུག་དུས་བརྒྱད་དམ་བཅུ་དྲུག་ཏུ་བརྗོད་པས་འོད་དང་རང་སྒྲས་འཇིག་རྟེན་ཁམས་ཀྱི་ཕྱུགས་ནད་ལ་སོགས་པ་ཞི་ནས་སངས་རྒྱས་ཐོབ་པར་བསམ་མོ། །བྱེར་དུས་མར་མེས་མཆོད་ཅིང་། སྙོམས་དུས་དགྲ་བཅོམ་པའམ། མེད་ན་རྩ་བའི་བླ་མ་སྤྱན་དྲངས་ལ་འཁྲུགས་དུས་སྟོན་མོ་བྱ་བ་ནི། དེ་ཉིད་ལས། རྒྱལ་ཁམས་ཕྱུགས་ནད་བྱུང་བའི་ཚེ། །རང་བྱུང་ཆེན་པོའི་ཡི་གེ་འདི། །ལན་བརྒྱད་དམ་ནི་བཅུ་དྲུག་ཏུ། །རྩེ་གསུམ་ལྕེ་ཡིས་འདི་བརྗོད་ཅིང་། །འདི་དུས་ཨཱ་ལོ་ཀེས་མཆོད་བྱ། །དགྲ་བཅོམ་པ་ནི་བདུན་ལ་ཡང་། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་ཟུག་པ་ཉིད་ལ་ཡིན། །མཆོད་པ་བྱེར་བ་ཉིད་ལ་བྱ། །དགྲ་བཅོམ་སྙོམས་པའི་དུས་ན་འབོད། །འཁྲུགས་པ་ལ་ནི་སྟོན་མོ་བྱ། །འདི་ལྟར་བྱས་པའི་སྐྱེས་བུ་ནི། །སྤྲུལ་པའི་ས་བོན་ངེས་པར་འཇོག །འདི་ལ་ཐེ་ཚོམ་བྱར་མི་རུང་། །ངེས་པར་འབྲས་བུ་དམ་པ་འཐོབ། །ཅེས་སོ། །དེ་ཡང་བྱེར་བ་དང་ཟུག་པ་ལ་སོགས་པའི་དུས་ནི། སྐབས་འདིར་ཉིན་མཚན་ཕྲུག་གཅིག་གིས་བརྩི་བ་ཡིན་ཏེ། དེའང་ཉིན་དུས་ཀྱི་ནམ་ལངས་ནས་གྲོས་པོ་ཆེའི་བར་དུ་བྱེར་བའོ། །དེ་ནས་གུང་ལ་མ་སླེབས་བར་དུ་ཟུག་པའོ། །གུང་མཐིལ་པོ་ནི་སྙོམས་པའོ། །གྲིབ་བསིལ་ཕེབས་ནས་ཉི་མ་ནུབ་པའི་བར་ནི་འཁྲུགས་པའོ། །མཚན་དུས་ཀྱི་སྲོད་བྱེར་བ། སྲོད་ཡོལ་ཟུག་པ། ནམ་ཕྱེད་སྙོམས་པ། ཐོ་རངས་འཁྲུགས་པའོ། །དེ་ལྟར་(༨༥)ཉིན་མཚན་གྱི་ཆ་གང་ལ་རྟགས་དེ་རྣམས་འབྱུང་བའི་བྱེར་ཟུག་གི་རིམ་པ་དང་སྦྱར་ལ། ཀློག་པ་དང་། སྒོམ་པ་དང་། འབོད་པ་དང་། ཚོགས་ཀྱི་སྟོན་མོ་རྣམས་བྱ་བ་ཡིན་ནོ། །འདི་དག་གི་གོ་རིམ་ནི་གནད་ཡིག་ལས་བྱུང་བ་བཞིན་བཀོད་དོ། །གཞན་ཡང་ཉ་སྟོང་ཚེས་བརྒྱད་དང་ཚེས་བཅུ་ཉི་ཤུ་ལྔའི་ཉིན་མཚན་ལ་ཚོགས་དང་གཏོར་མ་བཤམས་ཏེ་རྣལ་འབྱོར་པ་དམ་ཚིག་ཅན་རྣམས་འདུས་ནས་བཀླགས་ཏེ་ཚོགས་ལ་རོལ་པས། སྣང་བའི་འཕེལ་ཚད་དང་། རྟོགས་པ་དང་། ཏིང་ངེ་འཛིན་སྐྱེ་ཞིང་། ཉམས་ཆག་ཐམས་ཅད་སྐོང་བ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པས་དུས་བཟང་པོ་ལ་བཀླག་པར་བྱའོ། །

དྲུག་པ་ནམ་ཞིག་བསྲེག་པ་ནི། རྣལ་འབྱོར་པ་འདས་པའི་ཚེ། སྙིང་གར་སྦྱར་ལ་ཕུང་པོ་དང་ལྷན་ཅིག་བསྲེག་པའོ། །འདི་ལ་གསུམ་སྟེ། སྔོན་དུ་སྦྱང་བ་དང་། དངོས་གཞི་བསྲེག་པ། རྗེས་གྲོལ་ཚད་བསྟན་པའོ། །

དང་པོ་ནི། ཤི་ནས་ཞག་ཕྱེད་དང་བཞིར་འབྱུང་བའི་ཐིམ་ཚུལ་མི་རྫོགས་པས། རིག་པ་སྙིང་གར་གནས་པའི་ཕྱིར་ཕུང་པོ་ལ་བསྒུལ་བསྐྱོད་དང་སྐྱེལ་བསྲེག་མི་ཉན་པས། དེའི་བར་ལ་སྡིག་པ་སྦྱང་བ་དང་། ངོ་སྤྲད་པ་དང་འཕོ་བ་གདབ་པ་ལ་སོགས་པའི་གདམས་པ་བྱ་དགོས་ཏེ། འདི་རྫོགས་པ་རང་བྱུང་ནས་གསུངས་པ་ལྟར་ཞག་དྲུག་ཏུ། འགྲོ་བ་རིགས་དྲུག་གི་བག་ཆགས་སྦྱང་བའི་ཕྱིར། པདྨ་འདབ་མ་བཞི་པའི་མཎྜལ་དྲུག་རིམ་པ་བཞིན་བཞེངས་པ་ལ། ཨ་ནྲ྇་སུ་ཏྲི་པྲེ་དུཿབྲིས་ཏེ། འགྲོ་བ་དྲུག་གི་གནས་ལ་བདེ་བ་མེད་པའི་ཆོས་བཤད། དེར་མི་སྐྱེ་བའི་ཐབས་གདམས་པ་ངོ་སྤྲོད་བཤད་ནས། ཨཱ་མ་མ་གོ་ལིང་ས་མནྟ་ཆེ་གེ་མོའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འཛབ་ཏུ་བཟླས་ནས། ཞག་བདུན་པ་ལ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་བྱས་ཏེ། བར་དོའི་འོད་གསལ་མ་བུ་ངོ་སྤྲད་ནས། རང་བཞིན་སྤྲུལ་པའི་ཞིང་དུ་ལམ་སྦྱང་བསྟན་བྱའོ། །དེ་ནས་སྐྱེལ་བསྲེག་བྱ་བར་གསུངས་སོ། །ཡང་ན་གནད་ཡིག་ལྟར་རོའི་རྩར་རབ་གནས་དུས་ཀྱི་མཎྜལ་ལྟ་བུ་བྲིས་པའི་དབུས་སུ། བུམ་པ་མཚན་ཉིད་དང་ལྡན་པ་བཤམས་པའི་ནང་དུ། ཀུན་བཟང་ཡབ་ཡུམ་རིགས་ལྔ་ཐུབ་པ་དྲུག་དང་བཅས་པར་བསྐྱེད་ལ་ཡེ་ཤེས་པ་བསྟིམ་ནས། བུམ་བཟླས་དང་མཆོད་བསྟོད་ཅི་འགྲུབ་བྱས་ནས། རོའི་བགེགས་བསྐྲད་དེ། རྣམ་ཤེས་བཀུག་ནས་དེ་ལ་གཟུངས་སྔགས་བྱིན་རླབས་ཅན་གཞན་དང་བུམ་ཆུས་བཀྲུས་ཤིང་མ་མ་ཀོ་ལིང་(༨༦)བཟླས་པའི་བྱེ་མས་ཀྱང་བྲབ་སྟེ། ཡང་ཡང་བཀྲུ་ཞིང་བཟླས་པ་བྱའོ། །དེ་ནས་བསྟན་བུ་ཅི་འགྲུབ་འདོན་ཞིང་འཁོར་བའི་ཉེས་པ། ཐར་པའི་ཕན་ཡོན། བར་དོའི་ངོ་སྤྲོད་རྣམས་བརྗོད་ཅིང་། རིགས་དྲུག་གི་མཎྜལ་སྔ་མ་ལྟར་བཤམས་པ་ཞག་རིམ་པས་ཕྱིས་ལ་ལམ་སྦྱང་བསྟན་བྱ་ཞིང་། ནུབ་བདུན་པ་ལ་བསྲེག་པའམ་སྐྱེལ་བར་བྱ་ཞིང་། ལས་ཀྱི་རྗེས་བསྡུས་ལ་བཀྲ་ཤིས་བརྗོད་པར་བྱའོ། །དེས་ནི་བར་དོའི་རིག་པ་རང་ངོ་ཤེས་པས་གྲོལ་བའམ་རང་བཞིན་སྤྲུལ་སྐུར་མི་སྐྱེ་མི་སྲིད་དོ། །

གཉིས་པ་དངོས་གཞི་བསྲེག་པ་ནི། བརྐྱངས་ནས་བསྲེག་ན་ཁྲུ་བཞི་པའི་རིང་ཐུང་གི་ཟབས་སུ་ཁྲུ་དོ་པའི་ཟམ་པར་ཤིང་གདུམ་ཁྲུ་རེ་ལྷག་ཙམ་རེ་བཀལ་བའི་སྟེང་དུ་ཤིང་རྩེར་རོ་ཁ་སྦུབས་ནས། སྟེང་དུའང་ཤིང་བཀབ་ལ་བསྲེག་གོ། །བསྐུམས་ནས་བསྲེག་ན་སྙིང་གར་གཏགས་གྲོལ་ན་བཟའ་ཕུད་པ་གླན་ལ། པུས་བྲང་སྦྱར་བའི་སྒྱིད་ཁུང་དང་གྲུ་མོ་བསྐུམས་པའི་བར་དུ་ཐི་གུས་བསྡམས་ལ་འཁོར་ལོ་གཉིས་བཅིངས་ཏེ། གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས་ཁང་བུའི་ནང་དུ་ཁྲུ་གང་པའི་སར་ཤིང་གཙིར་བ་འཁྱིད་གང་བའི་གོང་དུ་རྡོའི་སྒྱེད་པོ་ཟུར་བཞི་ནས་འཕྲེད་ལ་བཙུགས་པ་མན་ཆད་བུད་ཤིང་ཕྲ་མོས་བཀང་ལ། རྩིག་ཟླུམ་མམ་གྲུ་བཞི་དེ་ཉིད་ཀྱི་ཁ་ཁྲུ་གང་སྒྲོམ་སར་རོ་བཅུག་ནས། དེའི་སྟེང་དུ་བྲེ་ལྟར་བསྲུབས་ཏེ་ཕྱི་ནས་དྲེས་མའི་ཆིངས་དང་ཞལ་ཞལ་དུ་བ་མི་འཆོར་བར་བྱའོ། །དེ་ནས་འོག་གི་ཤིང་ཁང་གི་བུག་པ་ནས་མེ་སྒྲོན་སྟེང་གི་ཡམ་ཤིང་ལ་སྦར་བས་ཤིང་སྟེང་ནས་ཚིག་པའོ། །དེ་ཡང་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ལ་མཆོད་བསྟོད་བྱས་ཏེ། མར་ཁུ་དང་འབྲུ་སྣ་ཚོགས་པའི་བསྲེག་རྫས་དབུལ་ཞིང་བསྟན་བུ་བཀླགས་པས། ནམ་མཁའ་ཐམས་ཅད་འཇས་ཁེངས་པ་ལ་སོགས་པ་འོང་ངོ་། །

གསུམ་པ་གྲོལ་ཚད་ནི། དེ་ནས་སྒྲ་དང་། འོད་དང་། སྐུ་དང་ཡི་གེ་ལ་སོགས་པ་བྱུང་བ་ནི། སྐུ་གསུམ་གྱི་ས་ལས་ཕྱིར་མི་ལྡོག་པའོ། །དེའང་རུས་པ་ལ་སྐུ་བྱུང་ན་སྐུའི་སྣང་བ་ལ་གྲོལ་ལོ། །ཡི་གེ་དང་སྒྲ་བྱུང་ན་གསུང་གི་སྣང་བ་ཡེ་ཤེས་བཞི་སྦྱོར་ལ་གྲོལ་ལོ། །ནམ་མཁའ་དྭངས་པ་དང་འཇའ་འོད་བྱུང་ན་ཐུགས་ཀྱི་སྣང་བ་འོད་གསལ་ལ་གྲོལ་ལོ། །གདུང་བྱུང་ན་རིགས་ལྔའི་དཀྱིལ་འཁོར་དང་ལྷུན་གྲུབ་ལ་གྲོལ་ལོ། །(༨༧)དེ་ཡང་ཡེ་ཤེས་གསང་བ་ལས། སྐུ་ཡི་སྣང་བ་གང་ཤར་བ། །ངེས་པར་སྐུ་ཐོབ་རྟགས་ཡིན་ནོ། །དེ་བཞིན་སྒྲ་དང་ཡི་གེ་ནི། །གསུང་གི་རྟགས་སུ་ཡང་དག་བཤད། །འཇའ་ཚོན་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་སོ། །གཞན་ཡང་འོད་གསལ་ཚད་དུ་གྲོལ་བའི་འོད་དང་ཚོམ་བུ་ལ་གྲོལ་བས་ཐིག་ལེའི་སྣང་བ་དང་། གདུང་ལྔ་གང་རུང་འབྱུང་བ་དང་། རླུང་ལྔ་དབྱིངས་སུ་དག་པ་ཡེ་ཤེས་ལྷུན་གྲུབ་ལ་གྲོལ་བའི་སྒྲ་དང་། དབྱིངས་ཀ་དག་ལ་གྲོལ་བས་ས་གཡོ་བ་དང་། སྐུ་ལ་གྲོལ་བས་སྐུ་འབྱུང་ཞིང་འོད་དང་། ཐིག་ལེ་དང་། རླུང་དང་། དབྱིངས་ཚད་དུ་ཕྱིན་ནས་གྲོལ་བར་ཡང་ཚད་ཀྱི་ཡི་གེ་ལས། འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན། །ཐིག་ལེའི་ཚད་ནི་གདུང་ནི་ཡང་དག་ཡིན། །རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ། །དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན། །སྐུ་ཡི་ཚད་ནི་ཕྱི་ནས་དེ་བཞིན་སྐུ། །འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན། །ཞེས་སོ། །དེ་ཡང་སྔར་མངོན་སུམ་བསྒོམས་པ་ལ་ནི་དབུགས་ཆད་དུས་རང་གི་ལུས་ལ་ཡོད་ན་མ་བསྲེག་ཀྱང་བར་དོར་གྲོལ་བས་ཆོ་ག་དང་བསྲེག་པ་དང་། ཀློག་པ་མ་བྱས་ཀྱང་རུང་སྟེ། རྡོ་རྗེ་འཆང་གི་མཆོད་པའི་དུས་གནད་ངེས་པ་ལས། འདི་དང་འཕྲད་པའི་སྐལ་བ་ཅན། །སྙིང་འདྲའི་སེམས་ཀྱི་བུ་གཅིག་ལ། །རིག་པ་དངོས་ཀྱི་རྟགས་ཡོད་པས། །བཀླག་ཅིང་བསྲེག་པར་བྱ་མི་དགོས། །འཕྲད་པ་ཙམ་གྱིས་འགྲུབ་པ་ཡིན། །ཞེས་སོ། །འོ་ན་གང་ལ་ཆོ་ག་དང་སྲེག་སྦྱོང་བྱ་ཞེ་ན། སྙིང་ཐིག་ཆོས་ལ་དད་པའི་གང་ཟག་གིས། ངོ་སྤྲད་ཀྱང་གཡེངས་ནས་བསྒོམ་ལོང་མ་བྱུང་བ་དང་། ཁྲིད་དང་དབང་གི་དུས་སུ་འདས་པ་དང་། དད་པ་ཅན་ལ་སོགས་པའི་དོན་དུ་འགྱུར་བ་དང་། གསང་བའི་གནད་ཕྱམ་བསྒྲགས་སུ་མི་འགྲོ་བ་ལ་བྱའི་ཆོས་དྲེད་ལོག་ལྟ་ཅན་གྱི་རིགས་ལ་གཏན་ནས་མི་བྱའོ། །བབས་སུ་སུ་ལ་བྱས་ཀྱང་བར་དོར་ཕན་ཐོགས་མོད་ཀྱིས། བཀའ་རྒྱ་ཡོད་པས་བརྟག་པ་གལ་ཆེའོ། །དེ་ཡང་སྲེག་དུས་བྱོལ་སོང་གི་སྐྱེ་སྒོ་ཁེགས་ནས་གྲོལ་བའི་རྟགས་སུ་མེ་འོད་དཀར་གསལ་ལ་དུད་པ་སྔོན་པོ་དང་། རུས་པའང་དམར་གསལ་དུ་འོང་སྟེ། ཟླ་བ་བཅུ་གསུམ་ན་དབྱིངས་ལ་གྲོལ་བ་དང་། དེ་བཞིན་དུ་སྔར་གྱི་སྒྲིབ་པ་ཐམས་ཅད་དག་ནས་(༨༨)སྐྱེ་སྒོ་ཁེགས་ཏེ། ཟླ་བ་དགུ་ན་གྲོལ་བའི་རྟགས་སུ་མེ་འོད་སེར་གསལ་དང་། རུས་པ་སྔོ་ནག་ལ། དུད་པ་དཀར་པོར་སྣང་བ་དང་། གྲུབ་མཐའི་ཡིད་དཔྱོད་གནས་སུ་དག་ནས། ཞག་གསུམ་ནས་གྲོལ་བའི་རྟགས་སུ་མེ་དཀར་གསལ་དུད་པ་སྔོན་པོ་ཅན། རུས་པ་དཀར་པོ་གདུང་དང་བཅས་པ་འོང་ཞིང་། བསྟན་བུའི་ཡི་གེ་རྣམས་མ་ཞིག་པར་སྣང་བར་བཤད་དེ། འདི་རྣམས་ནི་སྔར་གོམས་པའི་གནད་མེད་པའི་ཕུང་པོ་ལ་སྲེག་སྦྱོང་བྱས་པས་གྲོལ་བའི་རྟགས་སུ་བཤད་དོ། །དུས་དེ་སྲིད་བར་དོར་ཆོས་ཉིད་སྦྱང་བ་ལ་ཐོགས་པར་བཤད་དོ། །དེ་ཉིད་ལས། བྱོལ་སོང་མེ་འོད་དཀར་གསལ་བ། །དུད་པ་སྔོན་པོ་ཤར་ཕྱོགས་སུ། །རུས་པའི་མདོག་ཀྱང་དམར་གསལ་ཡིན། །གསེར་གྱི་ཡིག་འབྲུ་མ་ཞིག་པར། །དེ་ཡི་རུས་པ་ཉིད་ལ་འབྱར། །འདི་ནས་ཟླ་བ་བཅུ་གསུམ་ན། །ས་རྣམས་ངེས་པར་གཡོ་བ་ཡིན། །དེ་དུས་འོད་ཀྱང་མོག་མོག་པོ། །སྣང་བ་ངེས་པར་འགྱུར་བ་ཡིན། །སྡིག་ཅན་མེ་མདོག་སེར་ལ་གསལ། །དུད་པ་ནུབ་ཕྱོགས་ཁ་དོག་དཀར། །རུས་པའི་མདོག་ནི་སྔོ་ནག་ལ། །ཡི་གེ་ཞིག་སྟེ་ཐིག་ལེར་སྣང་། །འདི་ནས་ཟླ་བ་དགུ་ན་ཡང་། །སྒྲ་ནི་ཤར་གྱི་ཕྱོགས་སུ་འབྱུང་། །འདི་ལ་འོད་ནི་མེར་མེར་བ། །འདི་དོན་ངེས་པར་ཡང་དག་གོ། །ཡིད་དཔྱོད་གྲུབ་པའི་མཐའ་འཛིན་པའི། །མེ་མདོག་དཀར་གསལ་གཡོ་བ་མེད། །དུད་པ་སྔོན་པོ་གྱེན་འགྲེངས་གསལ། །རུས་མདོག་དཀར་པོ་ཐིག་ལེ་ཅན། །ཡི་གེ་དེ་ཉིད་མ་ཞིག་པར། །ཁ་དོག་དཀར་པོ་འོད་དང་ལྡན། །སྐབས་སྐབས་རུས་པའི་དཀྱིལ་ན་སྣང་། །འདི་ལ་སྐུ་དང་གདུང་ཡང་འབྱུང་། །འདི་ནས་ཞག་ནི་གསུམ་ན་ཡང་། །སྒྲ་ནི་ཤར་གྱི་ཕྱོགས་སུ་སྟེ། །འོད་ནི་ནུབ་ཀྱི་ཕྱོགས་སུའོ། །འདིས་ནི་ངེས་པར་སྤྲུལ་པ་ཡི། །སྐུ་ཡི་འབྲས་བུ་རྙེད་པ་ཡིན། །ཞེས་སོ། །འདི་དག་ནི་རིང་ཞིག་ན་དབྱིངས་སུ་གྲོལ་བའི་རྟགས་སུ་བཤད་པའོ།། །།

བདུན་པ་ཕན་ཡོན་བཤད་པ་ནི། ལུས་ལ་བཅངས་པ་ཙམ་གྱིས་དགེ་བ་བྱེ་བ་འབུམ་འགྱུར་དུ་འཕེལ་ཞིང་ནད་དང་གདོན་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང་། གང་དུ་བཞུགས་ཚད་མཆོད་རྟེན་དུ་འགྱུར་བས་འགྲོ་བ་དེ་ཉིད་ལ། མཁའ་འགྲོ་ལ་སོགས་རྣམས་ཀྱིས་མཆོད་ཅིང་དངོས་གྲུབ་སྟེར་བ་དང་། ཕས་ཀྱི་རྒོལ་བས་མི་ཚུགས་པ་(༨༩)དང་། ཡེ་ཤེས་ཀྱི་སྣང་བ་གོང་དུ་འཕེལ་བས་རིག་པའི་གཏན་སྲིད་ཟིན་པ་དང་། བར་དོར་རང་ངོ་ཤེས་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པ་ལ་སོགས་པ་སྟེ། སངས་རྒྱས་སྲས་གཅིག་ལས། འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །ཞེས་སོ། །དུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །ཞེས་སོ། །གཞན་ཡང་རྣལ་འབྱོར་པ་ལས་གཞན་པས་བཅངས་ཀྱང་གྲོལ་ནུས་ཏེ། དེ་ཉིད་ལས། བྱོལ་སོང་ལུས་སམ་བུད་མེད་དམ། །སྐྱེ་བ་དམན་པའི་སེམས་ཅན་གྱིས། །འདི་དང་འབྲལ་བར་མ་བྱས་ན། །ངེས་པར་སྐུ་གསུམ་འབྲས་བུ་ཐོབ། །ཅེས་པ་དང་། གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་ན་དེ་ཉིད་ཀྱང་གྲོལ་ན། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཞེས་སོ། །འདི་ནི་སུ་ལ་སྣང་བ་དེ་ཉིད་སྐལ་ལྡན་གྲོལ་བའི་རིགས་ཅན་ཡིན་ཏེ། འགའ་དང་འགའ་ལས་ཐམས་ཅད་ལ་སྣང་བ་ཡང་། བསོད་ནམས་ཀྱི་བསགས་པ་ལ་མི་ཤོང་བས་མི་སྣང་བ་ཡིན་པར། དེ་ཉིད་ལས། དེ་ཡི་ཕྱིར་ན་གསང་ཚིག་འདི། །ཐུན་མོང་ཉིད་དུ་འཕྲད་པ་མིན། །རིགས་ལྡན་སྐྱེས་བུ་སྐལ་ཆེ་བ། །འགའ་ལ་འདི་ཉིད་སྣང་བ་ལས། །ཀུན་གྱིས་མཐོང་བ་མ་ཡིན་ནོ། །ཞེས་སོ། །འདི་ཉིད་དང་འཕྲད་པའི་སེམས་ཅན་དེ། གཟུགས་བརྙན་ཅིར་འདུག་ཀྱང་རེ་ཞིག་ལས་ཀྱིས་དེ་ལྟར་གྱུར་མོད། རིག་པའི་ངོ་བོ་ལ་འགྲོ་བ་བཟང་ངན་གང་དུ་ཡང་མ་གྲུབ་པས་ལས་དེ་འདི་དང་འཕྲད་པས་གྲོལ་ནས་རིག་པ་གཞི་ལ་གྲོལ་བ་ཡིན་ནོ། །བླུན་པོ་ཁ་ཅིག་དུད་འགྲོ་ལ་བཏགས་པས་གྲོལ་བ་དང་ཆ་ཕྱེད་དེ། སེམས་ཅན་ཐམས་ཅད་ལ་བཏགས་པས་ཆོག་མོད་གྲོལ་བའི་རྟགས་ཅི་ཡོད། ལུས་ནི་མ་འགྱུར་བར་འདུག་ཟེར་བ་ནི། ལོག་ལྟ་བདུད་ཆོས་མཁན་ཚིག་ཙམ་ཤེས་པ་སྐལ་མེད་རྟོག་གེ་བའི་རིགས་ཡིན་ཏེ། ཡང་དག་པའི་རྒྱུད་ཆེན་པོར་ངེས་པའི་དོན་དུ་གསུང་ལ། དཀོན་མཆོག་བརྩེགས་པ་ལས། རིག་སྔགས་དང་སྨན་དང་མཁྱུད་སྤྱད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་(༩༠)གྱིས་མི་ཁྱབ་པའོ། །ཞེས་གསུངས་པས། རྡོ་རྗེ་འཆང་གི་ཐབས་ཁྱད་པར་ཅན་ཟབ་མོའི་རྟེན་འབྲེལ་འདི་ཉིད་བླ་ན་མེད་པའི་རིགས་སྔགས་སུ་མཛད་པས་གྲོལ་བར་ངེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཐབས་ནི་ཚད་མེད་དེ་བཏགས་པས་གྲོལ་བ་ཡང་མཁྱེན་དགོས་སོ། །མ་མཁྱེན་ན་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །གྲོལ་བ་སེམས་གྲོལ་བ་སྟེ། གཤིས་རིག་པའི་ངང་དུ་ཕྱིན་པ་ཡིན་མོད། ལུས་དེ་སྔར་དང་མི་འདྲ་བར་འགྲོ་གར་དགོས། དགྲ་བཅོམ་པ་རྣམས་ཀྱང་གྲོལ་བ་ཡིན་མོད། ལུས་འགྱུར་བར་མ་གསུངས་ལ། རྒྱན་ཡོད་མེད་གཉིས་སུ་གསུངས་པས་གྲོལ་བ་ལ། ད་ལྟ་རྫུ་འཕྲུལ་དངོས་སུ་སྟོན་ནུས་པས་ཀྱང་མ་ཁྱབ་པོ། །དེས་ན་ཕྱིན་ཅི་ལོག་གི་གླན་ཀ་ཁྱི་ཟུག་པ་ལྟར་སྤང་བའི་འོས་མ་ཡིན་ཡང་། སྐལ་ལྡན་ཁ་གཅིག་ཚིག་དེས་མགོ་འཁོར་ནས་ཐེ་ཚོམ་ཟ་བ་བཟློག་པའི་དགོས་པ་ཡོད་དོ། །ངེས་པའི་དོན་ལ་ཡིད་ཆེས་ན་བསོད་ནམས་ཚད་མེད་པའི་ཕྱིར་རོ། །ཡེ་ཤེས་གྲུབ་པའི་རྒྱུད་ལས། ཆོས་ལ་སྡང་བ་ངེས་བསལ་བ། །བསོད་ནམས་འབྲས་བུ་གཏིང་དཔག་མེད། །ཅེས་པ་ལྟར་ཡིན་ནོ། །དེའི་ཕྱིར་ན་འདི་ཉིད་འཆི་དུས་ལུས་ལ་ཡོད་པའི་སེམས་ཅན་དེ་སྡིག་ཅན་ཡིན་ཡང་ལས་ཟད་ནས། འཁོར་བའི་ཁ་མི་བརྒྱུད་པར་གྲོལ་ཏེ། དུས་གནད་ངེས་པ་ལས། ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །འདི་ཉིད་ལུས་ལ་གནས་པ་ལ། །རིགས་དྲུག་སྐྱེ་བ་རྣམ་བཞི་ཡི། །གྲོང་ཁྱེར་དུ་ནི་འཇུག་མི་སྲིད། །ཅེས་སོ། །དེ་ཡང་གཞན་ལ་གསང་ནས་བཅངས་པས་ཕན་ཡོན་ཆེན་པོ་འཐོབ་སྟེ། དེ་ཉིད་ལས། གལ་ཏེ་འདི་ཉིད་སྣང་བའི་མིས། །འདི་ཉིད་ཡོད་པར་སུས་གཞན་ལ། །སྨྲ་བར་བྱེད་པའི་མི་དེ་ཡིས། །རང་གིས་འབྲས་བུ་བརླག་པར་བྱེད། །དེ་ཡི་ཕྱིར་ན་རང་བྱུང་གི། །ཡི་གེ་འདི་ནི་ཡོད་པ་ཡི། །ཚིག་ནི་ཟུར་ཙམ་བརྗོད་མི་བྱ། །མ་གསང་དངོས་གྲུབ་མི་འབྱུང་ལ། །གསང་བས་དངོས་གྲུབ་ཕུན་སུམ་ཚོགས། །ཞེས་སོ། །

དེ་ལྟར་ཡང་ཟབ་བཅངས་པས་གྲོལ་བའི་གནད། །འབྲས་བུ་མངོན་འབྱིན་རྟགས་རྣམས་ཡོངས་ཀྱིས་མཐོང་། །དེ་འདྲའི་ཟབ་ཆོས་བཀོད་པའི་བསོད་ནམས་ཀྱིས། །འགྲོ་ཀུན་ཕྱམ་གཅིག་རྣམ་གྲོལ་ཐོབ་པར་ཤོག །བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བསྟན་པ་བུ་གཅིག་དང་། དེའི་འགྲེལ་(༩༡)པ་དང་། བཅངས་ཐབས་གནད་ཡིག་ལ་སོགས་པ་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་ཞིབ་མོར་བཀོད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས།

༄༅། །ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས་བཞུགས་སོ། །

༄༅། །ནམ་མཁའ་ཀློང་ཡངས་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་བྱང་ཆུབ་ལྷུན་འབྱམས་རིག་པའི་ཀློང་། །གཞི་མེད་རྩ་བྲལ་ཡེ་གྲོལ་འཕོ་འགྱུར་མེད། །གཉུག་མའི་རང་བཞིན་ཅོག་གཞག་རང་གྲོལ་ལ། །མ་བཅོས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །གནས་ལུགས་རྒྱལ་པོ་ཆོས་ཉིད་རིག་པའི་རྫོང་། །སྲིད་དང་ཞི་བ་གཉིས་མེད་ཕྱམ་གདལ་བ། །སྤང་བླང་དགག་སྒྲུབ་རེ་དོགས་མེད་པའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །

ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །འདི་ཞེས་ངོས་གཟུང་མ་བྱེད་ནམ་མཁའི་ངང་། །མ་སྐྱེས་རྣམ་པར་དག་པའི་ཆོས་ཉིད་དེ། །ཡིན་མིན་བློ་ལས་འདས་པའི་རང་བཞིན་ལ། །དུས་གསུམ་ཡིད་ཀྱིས་ཚོལ་སྤྲོ་མ་བྱེད་ཞོག །ཇི་སྲིད་ཕྱོགས་རིས་ཞེན་པའི་སེམས་ཡོད་པར། །བདག་འཛིན་ཉིད་དེ་མ་རིག་མུན་པའི་ཀློང་། །གནས་ལུགས་རྟོགས་པའི་ནུས་མེད་འཆིང་བྱེད་ཉིད། །དེ་བས་ཆེད་དུ་དམིགས་པ་ཡོད་ན་ཐོང་། །གང་ལ་དམིགས་པ་འཆིང་བའི་གཟེབ་ཡིན་ཏེ། །གཉིས་སུ་འཛིན་པས་རྣལ་མའི་དོན་མི་མཐོང་། །ཡིན་མིན་བློ་ཡིན་དགག་སྒྲུབ་ཞེན་པ་ཡིན། །དེ་ལ་དོན་དུ་འཛིན་པས་མ་འཆིང་ཀྱེ། །གང་ཡང་མ་སྤངས་ཀུན་ལས་འདས་པའི་དོན། །ཕྱོགས་བྲལ་རིག་པ་གཏད་མེད་རང་ཡན་ཏེ། །འདི་ཞེས་མི་མཚོན་བསམ་པ་ཀུན་དང་བྲལ། །གཉིས་མེད་ཡངས་པ་ཆེན་པོར་ཕྱམ་གཅིག་གོ། །ཇི་ལྟར་ནམ་མཁའ་གུད་དུ་གཅོད་པ་བཞིན། །རང་བྱུང་ཡེ་ཤེས་རྒྱ་ཡན་ཕྱོགས་བྲལ་ལ། །འགྲོ་རྣམས་ཡིད་ཀྱིས་རང་རང་འདོད་གཞུང་འཛིན། །གཉུག་མའི་རང་བཞིན་མ་རྟོགས་སྐལ་བ་དམན། །གང་ཚེ་འདི་ཞེས་རང་གི་ཕྱོགས་འདོད་པ། །དེ་ཚེ་གཞན་ཞེས་དོར་བྱའི་ཆོས་ཡོད་དོ། །གཉིས་མེད་རྟོགས་པའི་སྐལ་མེད་གཟུང་འཛིན་ཉིད། །དངོས་པོ་མཚན་མར་འཛིན་པ་སྙིང་རེ་རྗེ། །ནུས་མེད་བློ་ཡི་གཟེབ་ཏུ་འཆིང་གྱུར་པ། །གང་གི་རང་བཞིན་ཉེ་བར་བསླད་པའི་ཆོས། །སྲིད་པར་འཁྲུལ་པ་དེས་ཀོ་ཅི་ཞིག་བྱ། །མཁའ་འདྲ་དཔེ་བྲལ་ཕྱོགས་བྲལ་ཤེས་པར་གྱིས། །མི་གཡོ་གདོད་ནས་དག་པའི་བྱང་ཆུབ་(༩༢)སེམས། །མི་དམིགས་སྤྲོས་དང་བྲལ་བའི་རང་བཞིན་ཏེ། །ནམ་ཡང་བཅོས་སུ་མེད་ཀྱི་ཇི་བཞིན་ཉིད། །དེ་བཞིན་ཉིད་ཅེས་སེམས་པ་དེ་ཡང་ཐོང་། །ངེས་པའི་དོན་ལ་འདི་ཞེས་མཚོན་དུ་མེད། །སྤང་བླང་དགག་སྒྲུབ་རེ་དོགས་ཀུན་ལས་འདས། །གཞི་བྲལ་ལམ་འགགས་འབྲས་བུའི་ཞེན་ཡུལ་མེད། །ཡིན་མིན་གཉིས་མེད་ལྷུན་མཉམ་མི་གཡོ་བ། །བྱར་མེད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །མི་དམིགས་བསམ་ཡུལ་འདས་པའི་ཀློང་ཉིད་དོ། །ཇི་ལྟར་ནམ་མཁའ་ཡངས་པའི་དབྱིངས་རུམ་འདིར། །འབྱུང་བཞི་འཕོ་འགྱུར་སྣ་ཚོགས་སྣང་ན་ཡང་། །ནམ་མཁའ་མི་འགྱུར་སྔོན་དེ་ཕྱིས་དེ་བཞིན། །རང་བཞིན་ཀློང་ཡངས་དག་པའི་ངང་ཉིད་ལ། །ཕུང་པོ་སྒྱུ་མ་ཁམས་དང་སྐྱེ་མཆེད་དང་། །ལས་དང་ཉོན་མོངས་སྣང་སྲིད་སྣོད་བཅུད་ཀུན། །སྣ་ཚོགས་ལས་ཀྱིས་མངོན་སྤྲུལ་ཅིར་སྣང་ཡང་། །རང་བྱུང་ཡེ་ཤེས་མི་གཡོ་འཕོ་འགྱུར་མེད། །རང་རིག་དོན་དམ་འཁྲུལ་སྣང་ཀུན་རྫོབ་ཅེས། །བཏགས་པའང་དོན་ལ་མེད་དེ་གཟུགས་བརྙན་འདྲ། །མ་སྐྱེས་ཆོས་ཉིད་དག་པའི་རང་བཞིན་ནོ། །འདི་ལྟར་སྣང་སྲིད་འགྲོ་སེམས་འཁྲུལ་པའི་ངོར། །སྣང་དུས་ཉིད་ནས་རང་བཞིན་འགགས་མེད་དེ། །སྒྱུ་མ་དང་འདྲ་རྨི་ལམ་མིག་ཡོར་བཞིན། །རྟེན་འབྲེལ་ཉིད་ཕྱིར་བདེན་པས་སྟོང་པའི་ཕྱིར། །ངོ་བོ་མེད་ཕྱིར་གདོད་ནས་ཡོད་མ་མྱོངས། །རགས་པར་སྣང་བ་བརྟགས་ན་རྡུལ་ཕྲན་དེ། །དེ་ཡང་དཔྱད་ན་ཕྱོགས་ཆ་ཀུན་དང་བྲལ། །མཁའ་བཞིན་དངོས་མེད་རང་བཞིན་སྟོང་པའི་གཟུགས། །སྒྲ་དང་དྲི་རོ་རེག་ཀྱང་སྟོང་པའི་ངང་། །རྟེན་འབྱུང་རྐྱེན་ལས་སྐྱེས་ཕྱིར་ངོ་བོ་མེད། །སེམས་ཀྱང་དངོས་མེད་ཁ་དོག་མཐོང་ཡུལ་འདས། །ཤིན་ཏུ་དཔྱད་ན་གཟུང་དང་འཛིན་མེད་དེ། །གདོད་ནས་རྣམ་དག་རང་རིག་སྟོང་པའི་དབྱིངས། །འཁོར་འདས་གཉིས་མེད་གཉིས་སུ་འཛིན་པ་ཉིད། །གཞི་མེད་ལས་བྱུང་རྟེན་འབྲེལ་ཤེས་པར་བྱ། །དེ་ལྟར་ཆོས་ཀུན་གདོད་ནས་མ་སྐྱེས་ཤིང་། །མཚོན་མེད་ཕྱོགས་ལྷུང་ཀུན་ལས་འདས་པ་ལས། །མི་མཁས་བདེན་པར་ཞེན་པས་སྲིད་པར་འཁྲུལ། །ང་དང་བདག་ཅེས་གཉིས་སུ་འཛིན་པའི་བློས། །འཁྲུལ་པའི་དབང་གྱུར་ཤིང་རྟའི་འཕང་ལོ་འདྲ། །དོན་མེད་འཛིན་པས་(༩༣)འཁྲུལ་པའི་འཁོར་བ་ལ། །གང་རྣམས་རང་བཞིན་མེད་ལ་སོ་སོར་རྟོག །མེད་སྣང་སྟོང་པའི་གཟུགས་ལ་ཞེན་ཅིང་ཆགས། །བདེ་སྡུག་སྣ་ཚོགས་དབང་གྱུར་ཉོན་རེ་མོངས། །སྔ་ཕྱིའི་ཀུན་རྟོག་ལས་དང་ཉོན་མོངས་ཆུས། །རང་དབང་མེད་པའི་སྡུག་བསྔལ་བཟོད་རེ་དཀའ། །མེད་ལ་གསལ་བར་སྣང་བའི་ཆོས་རྣམས་ལ། །དངོས་པོ་མཚན་མར་འཛིན་པས་ཞེན་ཅིང་ཆགས། །རྒྱུན་རིང་འཁོར་ཡང་ད་དུང་ཐར་མི་ཤེས། །ཐོག་མཐའ་དུས་མེད་སེམས་ཅན་སྙིང་རེ་རྗེ། །དེ་ལྟར་མེད་སྣང་འཁྲུལ་པའི་འགྲོ་བ་ཀུན། །ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་ལ། །གློ་བུར་དྲི་མ་སྦྱོང་ཕྱིར་རྒྱལ་བའི་ཆོས། །རང་རང་བློ་དང་འཚམས་པ་དེ་གསུངས་ཏེ། །རྩེ་མོར་གྱུར་པར་འགྱུར་མེད་སྙིང་པོའི་དོན། །ཡོད་དང་མེད་དང་སྟོང་དང་མི་སྟོང་འདས། །ཕྱོགས་བྲལ་ནམ་མཁའ་ལྟ་བུའི་དགོངས་དོན་ནི། །སུས་ཀྱང་མ་རྟོག་དཔེ་ཟླ་མེད་པ་སྟེ། །བདེན་མིན་རྫུན་མིན་རང་བཞིན་མཐའ་ལས་འདས། །བཅོས་ཤིང་བསྒྱུར་མེད་རང་བབ་རིག་པའི་གནད། །ཇི་བཞིན་སྤྲོས་དང་བྲལ་བའི་ངང་ཉིད་དོ། །རྨོངས་པ་གང་གིས་རང་གི་ཕྱོགས་ཞེན་ནས། །རྩེ་གཅིག་མི་གཡོ་གཟུགས་མེད་བསམ་གཏན་དང་། །རྟོག་ལ་རྟོག་མཐུད་རང་གྲོལ་ཉིད་དང་ནི། །དུས་གསུམ་འབྲལ་མེད་ཟང་ཀའི་ཤེས་པ་ཞེས། །ནམ་མཁའ་གུད་གཅོད་འཛིན་པའི་གཟེབ་ཏུ་འཆིང་། །གང་ཚེ་མི་རྟོག་རྩེ་གཅིག་ཉིད་ཡིན་ན། །བསམ་གཏན་གཟུགས་མེད་ལྷ་རྣམས་ཅིས་མི་གྲོལ། །སྔ་ཕྱིའི་རྣམ་རྟོག་མ་ཡེངས་ངོས་ཟིན་པ། །དེ་ཉིད་ཀུན་རྟོག་གཡོ་བའི་འདུ་བྱེད་དེ། །འདོད་པའི་སེམས་ཡིན་ཐར་པའི་ལམ་འགྱུར་རམ། །མ་ཡེངས་རེ་བཅས་འཇུར་བུའི་སེམས་དེ་ཡང་། །རྩོལ་བཅས་བློ་ཡི་དྲི་མས་དོན་མཐོང་མེད། །དེ་ཕྱིར་ཕྱོགས་རིས་གཟེབ་ཀྱིས་ཅི་བྱར་ཡོད། །གཏི་མུག་ཅན་རྣམས་མངོན་པའི་ང་རྒྱལ་འཛིན། །གང་ཚེ་སྣང་བ་རང་གི་སེམས་ཡིན་ན། །སྣ་ཚོགས་ཉིད་ཕྱིར་མཐོང་ཐོས་རེག་ཡོད་ཕྱིར། །སེམས་ཀྱང་དེར་འགྱུར་ཡང་ན་སེམས་བཞིན་དུ། །སྣང་བའང་བལྟར་མེད་མཐོང་ཐོས་མེད་པར་འགྱུར། །རང་བས་སྣང་བ་སྔ་རོལ་ཡོད་པའི་ཕྱིར། །རང་ཉིད་མ་སྐྱེས་སྔོན་ནས་སེམས་དེ་ཉིད། །ཡུལ་དུས་ལ་སོགས་གཞན་ན་ཡོད་པར་འགྱུར། །རང་ཉིད་ཕྱིན་ཚེ་ཡུལ་ཀྱང་(༩༤)འགྲོ་བ་འམ། །ཡང་ན་ཡུལ་བཞིན་སེམས་ཀྱང་ལུས་པར་འགྱུར། །དེ་སོགས་ཉེས་པར་བརྗོད་ཀྱིས་ཀྱང་མི་ལང་། །གཅིག་ཉིད་གྲོལ་ན་ཀུན་ཀྱང་གྲོལ་བ་འམ། །གཅིག་ཉིད་འཁྲུལ་ལས་ཀུན་ཀྱང་འཁྲུལ་ལ་སོགས། །མི་རིག་ནོར་བའི་རང་བཞིན་དེ་ཡོད་པས། །ལམ་ངན་དེ་འདྲ་ནམ་ཡང་མ་བརྟེན་ཅིག །འདི་ལྟར་སྣང་བ་བག་ཆགས་འཁྲུལ་པའི་གཟུགས། །སེམས་ལས་སྣང་ཡང་སེམས་སུ་མ་གྲུབ་ལ། །སེམས་ལས་གཞན་དུའང་ཅུང་ཟད་མེད་པ་སྟེ། །ཇི་ལྟར་དྷ་དུ་ར་ཡི་སྣང་བ་འམ། །བད་ཀན་དབང་གིས་ཉ་ལྕིབས་སྐྲ་ཤད་བཞིན། །གང་ནའང་མེད་ལ་སྣང་བར་ཤེས་པར་མཛོད། །འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་པའི་སེམས་ལས་བྱུང་། །སེམས་ནི་དངོས་མེད་ནམ་མཁའི་རང་བཞིན་དུ། །གཞི་རྩ་རྟེན་མེད་འབྱུང་བའི་ས་མེད་པར། །ཡེ་སྟོང་སྤྲོས་དང་བྲལ་བར་མཁྱེན་འཚལ་ལོ། །བཙལ་བས་ཡུལ་མེད་སྟོང་ལ་དངོས་པོ་མེད། །ཚོལ་བའི་སེམས་མེད་མ་སྐྱེས་རྣམ་པར་དག །གཟུང་འཛིན་གཉིས་མེད་བདག་མེད་ཡངས་པའི་ཀློང་། །མཁའ་མཉམ་བསམ་བརྗོད་འདས་པའི་རང་བཞིན་དུ། །སྣ་ཚོགས་འཁོར་འདས་ཆོས་རྣམས་ཕྱམ་གདལ་བས། །ཡེ་བབས་རང་བཞིན་གཉུག་མའི་ཡེ་ཤེས་ནི། །མཁའ་འདྲ་འཕོ་འགྱུར་ཕྱོགས་རིས་མེད་པའི་དོན། །ད་ལྟའི་དུས་ནས་གནས་པར་མཁྱེན་འཚལ་ལོ། །གང་ཚེ་སྣོད་རྣམས་ནམ་མཁའ་ཐ་དད་ལྟར། །སྣང་སྲིད་འཁོར་འདས་ཡེ་སྟོང་ཅིར་སྣང་ཡང་། །བཟང་ངན་གཉིས་མེད་རང་བཞིན་དག་པའི་ངང་། །དེ་ཚེ་སྣོད་རྣམས་སོ་སོར་གྱེས་ན་ཡང་། །ནམ་མཁའ་རིས་མེད་དེ་བཞིན་དབྱིངས་སུ་གཅིག །འཕོ་མེད་འགྱུར་མེད་སྔ་ཕྱི་བཟང་ངན་མེད། །དེ་བཞིན་ཆོས་ཀུན་རང་བཞིན་རིག་པའི་ངང་། །སྔ་ཕྱི་རིས་མེད་གཞི་བྲལ་ཡངས་པ་ཆེ། །དེ་ལྟར་ཤེས་ཏེ་རང་བཞིན་མཁས་པ་ཡིན། །ད་ལྟའི་རང་རིག་དྲི་མས་མ་བསླད་པ། །གསལ་སྟོང་འཛིན་མེད་རྒྱ་ཡན་ཕྱོགས་བྲལ་ཉིད། །ཆོས་སྐུའི་དོན་དེ་སྐད་ཅིག་འཆར་བ་ནི། །དམ་པའི་བླ་མས་བྱིན་རླབས་མངོན་པ་ཡིན། །རྟོགས་ན་ཀུན་ཡིན་ཆོས་ཉིད་རོལ་པ་ཡིན། །ཡེ་ཡིན་བབས་ཡིན་རང་བྱུང་ཡེ་ཤེས་ཡིན། །མ་རྟོགས་མཁའ་འདྲ་སྟོང་པ་སྤྲོས་བྲལ་ཡང་། །རྟོག་པའི་རིས་ཡིན་རང་སེམས་འཆིང་བྱེད་ཉིད། །དེ་བས་ཡིན་མིན་ཕྱོགས་འདས་ཤེས་པ་(༩༥)གཅེས། །མ་ལུས་རང་བཞིན་དག་པའི་སངས་རྒྱས་ནི། །རང་བྱུང་རིག་པ་བཅོས་བསླད་བྲལ་བ་སྟེ། །ཐ་མལ་གྱིན་འདའ་བློ་ལས་འདས་པ་ཉིད། །རང་གིས་རིག་སྟེ་མཚོན་པའི་ཡུལ་ལས་འདས། །དེ་ལྟར་གནས་ལུགས་དོན་གྱི་མཆོག་རིག་ན། །མ་བསྒོམ་རང་བཞག་བསྒོམ་པའི་རྒྱལ་པོ་ཉིད། །གཏང་གཞག་སྤྲོ་བསྡུ་མེད་པ་མཁྱེན་འཚལ་ལོ། །ཇི་བཞིན་སྤྲོས་དང་བྲལ་བའི་རང་བཞིན་ཉིད། །ཡེ་བབས་བཅོས་བསླད་མེད་པའི་ངང་དེར་གློད། །གཟེབ་བྲལ་ཁོང་ཡངས་ངང་གིས་བློ་བདེ་བ། །རེ་དོགས་གཉིས་སུ་མེད་པའི་ཡེ་ཤེས་འཆར། །ལུས་ངག་མ་བཅོས་སེམས་ཀྱང་གཟུང་དུ་མེད། །གང་སྣང་ཐོག་དེར་བཅོས་བསླད་བྲལ་བ་ན། །དེར་འཛིན་ཤེས་པ་མ་སྤངས་དབྱིངས་སུ་གྲོལ། །རང་བཞག་ལྟོས་བྲལ་སྒོམ་པའི་རྒྱལ་པོ་མཆོག །ཕྱམ་གདལ་རིག་པ་ནམ་མཁའ་ལྟ་བུར་འཆར། །རྒྱ་ཡན་ཕྱོགས་བྲལ་ཁོལ་བུར་མ་བཅིངས་པའི། །རང་རིག་ཡེ་ཤེས་རྒྱ་བསྐྱེད་དཔངས་བསྟོད་ལ། །གསལ་ལ་དྭངས་ཕྱིན་སྤྲོ་བསྡུ་བྲལ་བར་གློད། །ཤར་དང་མ་ཤར་རིས་མེད་ཆེན་པོར་གྲོལ། །འཆར་བ་མི་དགག་གནས་པ་མི་བསྒྲུབ་པར། །གང་ཡིན་ངང་དེར་རེ་དོགས་མེད་པར་གློད། །ཀུན་ཡིན་སྣང་སེམས་གཏད་མེད་ཆེན་པོར་གྲོལ། །རང་བྱུང་མ་བཅོས་སོ་གཉུག་གཅིག་ཏུ་འཆར། །རེ་དང་དོགས་མེད་ལས་ཟིན་ལྟ་བུའི་ངང་། །འབྱུང་འཇུག་བྲལ་བ་གླེན་པ་ལྟ་བུར་གློད། །ཚོགས་དྲུག་ལྷུག་པ་བུ་ཆུང་ལྟ་བུའི་སེམས། །རང་གསལ་མི་གཡོ་ཡེ་ཤེས་ཆེན་པོར་འཆར། །རང་བཞིན་བསམ་ཡུལ་འདས་པའི་ནམ་མཁའ་ལ། །མ་ཡེངས་ཆེད་འཛིན་ཞིག་པའི་རང་རིག་ཉིད། །སྤྲོས་བྲལ་དྲན་བསམ་བྲལ་བར་ལྷན་ནེར་ཞོག །དམིགས་བསམ་བློ་ལས་འདས་པའི་ཡེ་ཤེས་འཆར། །བདེ་གསལ་རྟོག་པ་མེད་པའི་ཉམས་མྱོང་འབྱུང་། །དྭངས་གསལ་གཡོ་བ་མེད་པའི་རྒྱ་མཚོ་ལ། །རང་གསལ་སྒོ་ལྔ་མ་འགགས་ལྷུག་གིས་ཞོག །དབའ་རླབས་རྙོག་པ་མེད་པའི་འོད་གསལ་མཆོག །བྱིང་རྒོད་སྤྲོས་དང་བྲལ་བ་ངང་གིས་འཆར། །སྟོང་གསལ་འགགས་པ་མེད་པའི་ཉམས་མྱོང་འབྱུང་། །གདོད་ནས་འཕོ་འགྱུར་མེད་པའི་རི་རྒྱལ་ལ། །རེ་དོགས་བཅོས་བསླད་མེད་ཀྱིས་རི་བཞིན་ཞོག །མི་དམིགས་བསམ་བརྗོད་འདས་པའི་ཡེ་ཤེས་འཆར། །འཕྲོ་གནས་སྤྱོད་པ་མེད་པའི་ཉམས་མྱོང་འབྱུང་། །སྣ་ཚོགས་སྣང་བས་སྟོང་པའི་ཡུལ་(༩༦)རྣམས་ལ། །རྟོག་དཔྱོད་ཚོལ་འཕྲོ་མ་བྱེད་ལྷན་གྱིས་ཞོག །གང་ཡིན་ཀུན་ཡིན་གཟའ་གཏད་མེད་པར་གྲོལ། །སྣང་སེམས་འཛིན་པ་མེད་པའི་ཡེ་ཤེས་འཆར། །རྐྱེན་སྣང་གྲོགས་སུ་འཆར་བའི་ཉམས་མྱོང་འབྱུང་། །རི་བོ་རྒྱ་མཚོ་རིག་པ་ཅོག་གཞག་ངང་། །མི་གནས་མི་དམིགས་གཞི་རྩ་བྱང་ཆུབ་ངང་། །ངང་ལས་མི་གཡོ་གཟུང་འཛིན་སྤྲོས་དང་བྲལ། །དེ་ཙམ་ཉིད་ནས་རང་རིག་ཆོས་ཀྱི་སྐུ། །དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པར་ཕྱིན། །དུས་གསུམ་སེམས་ཀྱི་འཇུག་པ་ཞི་བའི་ཚེ། །འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞིར་བཅས། །རང་དག་ཡེ་ཤེས་མཆོག་གི་དོན་མཐོང་ནས། །རང་བྱུང་རིག་པའི་ཀློང་དུ་མྱ་ངན་འདའ། །འདི་ནི་རྡོ་རྗེ་ཐེག་པ་ཀུན་གྱི་རྩེ། །ཟབ་ཞི་སྤྲོས་དང་བྲལ་བའི་འོད་གསལ་ཉིད། །ད་ལྟ་ཉིད་དུ་བླ་མའི་དྲིན་གྱིས་མཐོང་། །གང་དུ་མི་རྟོག་རྩེ་གཅིག་ལུང་མ་བསྟན། །གསལ་ཞིང་རིག་ཙམ་རྟོག་པ་མེད་པ་དང་། །གཡོ་བའི་ཀུན་རྟོག་སྣ་ཚོགས་རྣམ་པ་གསུམ། །གཟུགས་མེད་གཟུགས་དང་འདོད་པའི་སེམས་ཉིད་དེ། །ཏིང་འཛིན་དེ་ཡིས་ཁམས་གསུམ་ཉེ་བར་སྐྱེ། །འཁོར་བ་ཉིད་ལས་གྲོལ་བའི་སྐབས་མེད་དོ། །འདི་ནི་ཐར་པའི་ལམ་གྱུར་བསམ་གཏན་མཆོག །རང་རིག་མི་གཡོ་གཟུང་འཛིན་ཀུན་དང་བྲལ། །དམིགས་གཏད་སེམས་མེད་བློ་ཡི་འཇུག་པ་ཞི། །སེམས་དང་ཡིད་དང་རྣམ་ཤེས་ཀུན་དང་བྲལ། །ཐུགས་ཀྱི་གསང་བ་འོད་གསལ་སྙིང་པོ་སྟེ། །བྱར་མེད་དྲན་བསམ་འདས་པའི་ཀློང་ཉིད་དོ། །མ་བཅོས་ལྷུག་པ་ཡེ་གྲོལ་ཟང་ཀ་མ། །ཅོག་གཞག་ཅེར་མཐོང་བསམ་ཡུལ་འདས་པ་ནི། །སོ་མ་གཉུག་མ་ཇི་བཞིན་ཆོས་སྐུའི་ངང་། །ཡེ་བཞིན་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དུས་བཞི་འཕོ་འགྱུར་མེད་པའི་ངང་ལ་ཞོག །རེ་དོགས་ཆེད་འཛིན་ཞིག་པ་རྣལ་མའི་དོན། །སུས་ཀྱང་བཅོས་སུ་མེད་པའི་གཞི་བྲལ་ངང་། །དམིགས་བསམ་གདོད་ནས་དག་པར་ཤེས་པར་བྱ། །གནས་ལུགས་ཡེ་གཞི་ལྷུན་གྲུབ་བཅོས་བསླད་མེད། །མཁའ་ལྟར་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དེ་ཉིད་རྟོགས་པ་རྣལ་འབྱོར་ལམ་གྱི་གཞི། །ཕྱོགས་བྲལ་ནམ་མཁའ་འདྲ་བས་གུད་མ་གཅད། །མ་རྟོགས་རྐྱེན་རྣམས་སོ་སོར་གཟུང་ལས་བྱུང་། །དེ་བས་བསམ་འདས་ཕྱམ་གདལ་མཁྱེན་པར་མཛོད། །གཞི་ཉིད་ངང་ལས་གློད་པ་སྒོམ་པའི་མཆོག །མི་སྤྲོ་མི་བསྡུ་གཉེན་པོས་མ་བཅོས་ཤིང་། །(༩༧)སྤངས་བྱས་མ་བསྒྱུར་རང་བབ་ཇི་བཞིན་གཞག །མ་བྱིང་མ་རྨུགས་ཕྱལ་པ་ལྷུག་པ་ཉིད། །རང་གསལ་ངང་དྭངས་བཅོས་བསླད་བྲལ་བ་ནི། །ནམ་མཁའི་དཀྱིལ་ལྟར་རྒྱ་བསྐྱེད་དཔངས་བསྟོད་ལ། །སྒོ་ལྔ་རང་ཡན་རིག་པ་ཕྱོགས་ཡན་ཐོང་། །དམིགས་གཏད་མེད་པའི་ཉམས་མྱོང་ཕྱོགས་མེད་འཆར། །བདེ་གསལ་མི་རྟོག་འཁོར་ལོས་ཉིན་མཚན་འདའ། །ཉམས་ཡིན་མ་ཞེན་རྟོགས་པའི་རྩལ་སྦྱོང་མཛོད། །ངང་དེར་སྤྱོད་པས་སྤྱོད་པའི་རྒྱལ་པོ་མཆོག །བླང་དང་དོར་བ་མེད་པའི་ཆོས་ཉིད་དེ། །མཉམ་གཞག་སྤྱོད་པ་མི་སྐྱེས་ནམ་མཁའ་འདྲ། །སྒོ་ལྔ་རང་གསལ་བུ་ཆུང་སྣང་བ་འདྲ། །གཉིས་འཛིན་རིས་མེད་ངང་དེར་སྤྱོད་པ་ན། །སྣང་བར་སོ་སོར་རྟོགས་པའི་ཞེན་པ་ཐོང་། །རྗེས་སྣང་སྤྱོད་པ་སྒྱུ་མའི་དཔེ་བརྒྱད་དེ། །གང་སྣང་བདེན་པའི་སྟོངས་ཕྱིར་བདེན་ཞེན་ཐོང་། །བདེན་མེད་ཆེད་དུ་མ་འཛིན་གཏད་མེད་ཐོང་། །མཉམ་རྗེས་གཉིས་མེད་བཅོས་བསླད་བྲལ་བ་ནི། །གང་སྣང་གང་ཤར་ཆོས་སྐུའི་རོལ་པ་ཞེས། །བཟང་རྟོག་གཟེབ་ཀྱང་དོན་ལ་མི་གནས་ཕྱིར། །ཆེད་དུ་འཛིན་ཞེན་བླང་དོར་མེད་པའི་ངང་། །མ་སྤངས་རང་སར་གྲོལ་བའི་ཚུལ་གྱིས་སྤྱད། །འདི་ལྟར་གནས་ལུགས་ལྟ་བའི་རྣལ་འབྱོར་པས། །རིག་པའི་གཤིས་ལ་གང་ཡང་མི་གནས་ཕྱིར། །བརྡ་དང་ཐ་སྙད་འདས་པར་ཤེས་པ་དང་། །བརྡ་དང་ཐ་སྙད་འདོགས་པར་མི་འགལ་བ། །ཤེས་པ་དེ་ཉིད་དགོངས་ཀློང་ཡངས་པ་ཡིན། །དེས་ན་རང་གསལ་ཀློང་གྱུར་འབྲས་བུའི་མཆོག །རེ་དང་དོགས་པ་ཀུན་ལས་འདས་པ་ཡིན། །རང་རིག་གནས་ལུགས་རྟོགས་པ་ལྟ་བ་སྟེ། །དེ་ཡི་ངང་ལ་འཇོག་པ་སྒོམ་པའི་གནད། །སྣང་སེམས་འཛིན་པ་རང་གྲོལ་སྤྱོད་པ་སྟེ། །རེ་དོགས་བཅོས་བསླད་མེད་པ་འབྲས་བུའི་མཆོག །དེ་ལྟར་ཤེས་ཏེ་རྣལ་འབྱོར་རྒྱལ་པོ་ཆེ། །ཆོས་རྣམས་ཀུན་གྱི་དབྱིངས་སམ་གནས་ལུགས་ནི། །སྐྱེ་མེད་སྤྲོས་བྲལ་རང་རིག་ཡེ་ཤེས་དེ། །དེ་ཉིད་ངང་དུ་ཆོས་རྣམས་ལ་བཟླའོ། །གཉུག་མའི་སེམས་ལ་སྒྲིན་པོའི་གཟེབ་བསྐུར་ཏེ། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ། །དེ་བས་གཟེབ་བྲལ་གླེན་སྣང་ལྷོད་ཡོད་པས། །མི་རྟོག་ཆོས་ཉིད་ཡངས་པའི་ངང་དེར་ཞོག །སྒྲ་ཚིག་ཐ་སྙད་ནེ་ཙོའི་འདོན་པ་འདྲ། །གཉུག་མའི་ཡེ་ཤེས་བསམ་པ་ཀུན་བྲལ་བས། །དྲན་བསམ་བློ་འདས་ཆོས་སྐུའི་ངང་དེར་གློད། །རང་བྱུང་ཡེ་ཤེས་བཅོས་བསླད་བྲལ་བའི་དོན། །ཇི་བཞིན་བཞག་(༩༨)པས་དེ་བཞིན་མཐོང་བ་ཡིན། །ཆུ་དང་མར་མེ་རང་གསལ་ངང་དེར་ཞོག །རེ་དོགས་རྩ་བ་ཆོད་པས་བློ་བདེ་རྙེད། །གནས་ལུགས་རང་བཞིན་ཤེས་པས་ཞི་བདེ་རྙེད། །ཡིན་མིན་སྤྲོས་པ་བྲལ་བས་དོན་བདེ་རྙེད། །ཆོས་ཉིད་ངང་ལ་གནས་པས་བབས་བདེ་རྙེད། །

གང་ལའང་ཆེད་འཛིན་ཞིག་པས་རང་བདེ་རྙེད། །སྐུ་གསུམ་ཡེ་ནས་རྫོགས་པས་ཡེ་བདེ་རྙེད། །

དེ་ལྟར་ཆོས་ཀུན་ཡེ་ནས་གྲོལ་བའི་དོན། །ཇི་བཞིན་མངོན་དུ་སྟོན་པའི་ཚུལ་འདི་ནི། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་བཀོད། །དེང་སང་འགྲོ་བ་ཕལ་ཆེར་བསོད་ནམས་དམན། །ཡང་དག་དོན་མཐོང་ཟབ་མོའི་ཚུལ་དང་རིང་། །རང་གིས་ངན་རྟོག་ཕྱོགས་རེའི་བློ་མིག་ཅན། །གནས་ལུགས་ཉི་མ་དྲི་མེད་མཐོང་བ་དཀོན། །དེ་ཕྱིར་བྱིས་པའི་བློ་ཅན་གྱིས་རྨོངས་པའི། །འགྲོ་ཀུན་ཡང་དག་ཟབ་མོའི་མཁའ་དབྱིངས་སུ། །ནུས་ལྡན་རྣམས་ཀྱི་ཐུགས་རྗེའི་འོད་བཀྱེ་སྟེ། །དགེ་བ་འདི་ཡིས་ཕྱམ་ཅིག་ཡོངས་གྲོལ་ཤོག །ཡང་དག་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །འགྲོ་ཀུན་གདོད་ནས་དག་པའི་མཁའ་དབྱིངས་སུ། །མ་འབད་བཞིན་དུ་ངང་གིས་ཡོངས་གྲོལ་ཏེ། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།སྔགས་ཀྱི་བདག་མོས་སྲུངས་ཤིག །ས་མ་ཡ། དགེའོ།། །།

ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ།

༄༅། །ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ་བཞུགས་སོ། །

༄༅། །ནམ་མཁའ་ཀློང་གསལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་གདོད་ནས་རྫོགས་སངས་རྒྱས། །འོད་གསལ་ཡེ་ཤེས་རིག་ལྔའི་བདག །འཁོར་འདས་ཀུན་གྱི་དཔལ་ཏུ་གྱུར། །ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །གདོད་མའི་འོད་གསལ་སྙིང་པོ་ལས། །ཀུན་ཏུ་བཟང་གྲོལ་སེམས་ཅན་འཁྲུལ། །འཁྲུལ་པའི་ལྡོག་ཚུལ་འབྲས་བུ་རྣམས། །རྒྱུད་ལུང་མན་ངག་ཇི་བཞིན་བཤད། །

དང་པོ་གདོད་མའི་སྤྱི་གཞི་ནི། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །སྟོང་གསལ་འཆར་གཞི་མ་འགགས་པས། །ནམ་མཁའ་ཉི་ཟླ་མེ་ལོང་བཞིན། །ཡེ་ནས་ལྷུན་གྲུབ་ཆེན་པོར་གནས། །འཁོར་འདས་(༩༩)གཉིས་སུ་མ་ཆད་པས། །འཆར་གཞི་འཆར་གནས་ལུང་མ་བསྟན། །ཆོས་ཀུན་འབྱུང་བའི་གཞི་ཞེས་བྱ། །རང་རིག་ཉིད་དང་འདུ་འབྲལ་མེད། །ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར། །བདེ་གཤེགས་སྙིང་པོ་ཞེས་སུ་བཤད། །ངོ་བོ་སྟོང་པས་རྟག་མ་མྱོང་། །རང་བཞིན་གསལ་བས་ཆད་མ་མྱོང་། །ཐུགས་རྗེ་རིག་པས་བེམས་སྟོང་མིན། །གཅིག་དང་ཐ་དད་ལས་གྲོལ་བའི། །དབྱེར་མེད་སྐུ་གསུམ་འདུ་འབྲལ་མེད། །རང་བཞིན་གཞི་ཡི་སངས་རྒྱས་སོ། །སངས་རྒྱས་མར་མེ་མཛད་པ་དང་། །གདོད་མའི་མགོན་པོ་འོད་མི་འགྱུར། །འོད་དཔག་མེད་ཅེས་བྱ་བར་བཏགས། །དེ་ནི་གདོད་མའི་གནས་ལུགས་སོ། །དེ་ལས་གཞི་སྣང་ཤར་ཚུལ་ནི། །དཔེར་ན་ཤེལ་ལས་འོད་ཤར་ལྟར། །གཞི་ཡི་ངང་ལས་གཞི་སྣང་ཤར། །དེ་ཡང་གཞི་ཡི་རྩལ་གསུམ་སྟེ། །ངོ་བོའི་རྩལ་ནི་གོ་འབྱེད་ཡུལ། །རྟོག་མེད་ནམ་མཁའི་ངང་ཉིད་དུ། །རང་བཞིན་རྩལ་ནི་ཁ་དོག་ལྔ། །ཡེ་ཤེས་རང་གདངས་ཕྱེད་པར་ཤར། །ཐུགས་རྗེའི་རྩལ་ནི་ཤེས་རིག་ཙམ། །ཡུལ་འབྱེད་ནུས་པའི་ཚུལ་དུ་ཤར། །དེ་ནི་གྲོལ་འཁྲུལ་གཉིས་ཀྱི་གཞི། །ངེས་པ་མེད་པའི་ལྷུན་གྲུབ་པོ། །དེ་ཚེ་རང་སྣང་རང་རིག་པས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལོ། །སྣང་བའི་ཡེ་ཤེས་རང་འོད་ལ། །རང་ངོ་ཤེས་པས་ལྷན་ཅིག་པས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །ཤེས་བཞིན་ལུང་མ་བསྟན་བཅོམ་ནས། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས། །གདོད་མའི་དབྱིངས་སུ་མཐར་ཕྱིན་ནས། །ཀུན་གྱི་སྔོན་རོལ་སྟོན་པ་བྱོན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བས། །ནུས་པ་ཡེ་ཤེས་ཕྲིན་ལས་རྫོགས། །མ་རིག་སེམས་ཅན་འཁྲུལ་ཚུལ་ནི། །གཞི་སྣང་ཤར་ཚེ་རང་སྣང་དུ། །རང་ལས་ཤར་བ་མ་རིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་བྱུང་། །འོད་ལྔས་ཡུལ་ལུས་འཁྲུལ་གཞིར་བྱས། །ཐུགས་རྗེས་སེམས་ཀྱི་འཁྲུལ་གཞི་ཤར། །ངོ་བོ་མ་རིག་འཁྲུལ་གཞི་བྱུང་། །དེ་ཚེ་འོད་ལྔའི་སྣང་བ་ལ། །གཞན་འཛིན་རྟོག་པར་འགྱུས་པ་ནི། །ཀུན་ཏུ་བརྟགས་པའི་མ་རིག་གོ། །རྐྱེན་བཞིའི་དམིགས་པ་མ་དག་པས། །གཟུགས་མེད་(༡༠༠)གཟུགས་དང་འདོད་ཁམས་ཀྱི། །སྲིད་པར་འཁྲུལ་སྣང་སྣ་ཚོགས་མྱོང་། །དྷ་དུ་ར་ཉིད་མ་ཤེས་པར། །ཁོང་དུ་ཟོས་པས་འཁྲུལ་སྣང་བཞིན། །བདེ་སྡུག་སྣང་སྲིད་སྣོད་བཅུད་ཤར། །ཡང་ན་སྣ་ཚོགས་རྨི་ལམ་བཞིན། །གཉིད་གཅིག་ལས་བྱུང་སྣ་ཚོགས་པས། །རིག་པ་ཉིད་སྟེང་འཁྲུལ་སྣང་ཤར། །ཤར་དུས་འཁྲུལ་སྣང་འཁྲུལ་འཛིན་ཀུན། །གྲུབ་པ་མེད་དེ་སྣང་བ་ཙམ། །དེ་ལྟར་འཁྲུལ་པའི་སེམས་ཅན་ལ། །གདོད་མའི་འོད་གསལ་སྙིང་པོ་ནི། །ཆད་དང་ལྷག་པ་མེད་པར་གནས། །སེམས་ཅན་ཀུན་གྱི་སྙིང་དབུས་ན། །རང་རིག་སྟོང་གསལ་རིག་པ་ཉིད། །ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་གནས། །ནང་དབྱིངས་རྣམ་དག་སྒྲོན་མའི་ཀློང་། །རིག་པ་སྐུ་དང་ཐིག་ལེ་ཟེར། །ལུ་གུ་རྒྱུད་དང་བཅས་པ་ཉིད། །འདུ་འབྲལ་མེད་པར་ངང་གིས་གནས། །དེ་ཡང་རང་རིག་མི་གཡོ་བ། །ཡེ་ཤེས་གསུམ་གྱི་རང་བཞིན་ཕྱིར། །སྐུ་གསུམ་ལྷུན་གྲུབ་དབྱིངས་སུ་གཅིག །རིག་པའི་གདངས་དང་རླུང་འདྲེས་པས། །ཀུན་གཞིའི་རྣམ་ཤེས་ཚོགས་དང་བཅས། །འཁོར་བའི་འདུ་བྱེད་ཉིད་དུ་ཤར། །རྩ་བའི་གནས་ནི་རླུང་ཅན་གྲོང་། །དེ་ལས་ནང་གི་རྩ་འདབ་དང་། །ཁ་སྣའི་སྒོར་ནི་འགྱུ་བའི་རྟ། །རིག་གདངས་མི་ཞོན་སེམས་ཞེས་བྱ། །ཡུལ་དྲུག་འཛིན་ལས་ཉོན་མོངས་སྐྱེས། །དེ་ལས་འཁོར་བ་འདུ་བྱེད་ཡིན། །དེ་ནི་འཁྲུལ་དུས་གནས་ཚུལ་ལོ། །འཁྲུལ་པ་ཇི་ལྟར་ལྡོག་ཚུལ་ལ། །འཁྲུལ་སྣང་འཁྲུལ་འཛིན་སེམས་ལས་བྱུང་། །དེས་ན་སེམས་ཉིད་དག་བྱའི་ཕྱིར། །ཡེ་ཤེས་ཉིད་ལ་གོམས་པར་བྱ། །དེ་ཡང་རིག་པའི་ཡེ་ཤེས་ཉིད། །གོམས་པས་སེམས་འགགས་འཁྲུལ་པ་སྟོང་། །དེ་ཕྱིར་ཕན་ཚུན་སྤང་འགལ་གྱི། །སེམས་དང་ཡེ་ཤེས་དབྱེ་བར་བྱ། །ལམ་ནི་སྒྲོན་མ་བཞི་གོམས་པས། །སྣང་བ་བཞི་པོ་མཐར་ཕྱིན་ནས། །ཚེ་འདིར་གྲོལ་བ་བརྩོན་འགྲུས་རབ། །འབྲིང་རྣམས་བར་དོ་ཐ་མ་རྣམས། །རང་བཞིན་སྤྲུལ་པར་གྲོལ་ཚུལ་གྱིས། །གདམས་པ་གསུམ་ལ་ནན་ཏན་བྱ། །

དང་པོ་ཚེ་འདིའི་གདམས་ངག་ལ། །དམ་པའི་བླ་མ་མཉེས་བྱས་ཏེ། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །རྣམ་པ་བཞི་པོ་རྫོགས་བྱས་ནས། །སྔོན་འགྲོ་དངོས་གཞི་རྗེས་རྣམས་ཀྱི། །གདམ་ཁྲིད་དག་ནི་རྫོགས་པར་བྱ། །(༡༠༢)དེ་ནས་དབེན་པའི་གནས་སོང་ལ། །ཁྲེགས་ཆོད་ཐོད་རྒལ་དོན་སྒོམ་མོ། །དེ་ཡང་ལྟ་སྟངས་གཟིགས་སྟངས་བསྟུན། །རླུང་གནད་རབ་ཏུ་དལ་བ་ལས། །འོག་རླུང་ཅུང་ཟད་བསྡམ་པར་བྱ། །དེས་ནི་བདེ་ཆེན་ཡེ་ཤེས་འཆར། །སྒྲོན་མ་བཞི་ཡི་སྣང་བ་ལ། །མ་ཡེངས་བསམ་པ་ཟད་པར་བལྟ། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མའོ། །དབྱིངས་ལ་རྣམ་པ་གཉིས་ཡིན་ཏེ། །ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ་ལ། །ནང་དབྱིངས་རྣམ་དག་སྒྲོན་མའོ། །དེ་ཡང་སྙིང་དབུས་འོད་ལྔ་ཡི། །ཕོ་བྲང་མུ་ཁྱུད་བཅས་པའི་གདངས། །ཕྱི་ཡི་ནམ་མཁའ་འཇའ་ཚོན་ལྔའི། །ཀློང་ན་འོད་ཟླུམ་མུ་ཁྱུད་རིས། །པདྨ་འདབ་མ་བཞི་བཞིས་བརྒྱན། །གཡོ་འགུལ་ཤས་ནི་ཆུང་བར་གནས། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མིག་གཉིས་ཨ་འབྲས་དྭངས་པའི་དཀྱིལ། །འོད་གསལ་འཆར་སྒོའི་དྭངས་མ་སྟེ། །འོད་རྩའི་སྣ་ཉིད་ཟུག་པའོ། །འདིས་ནི་ཡེ་ཤེས་སྣང་བ་འཛིན། །འཁྲུལ་སྣང་མི་འཛིན་གདངས་དང་ལྡན། །མེ་ལོང་ཡེ་ཤེས་སྒོ་ཞེས་བྱ། །མིག་གི་དབང་རྟེན་དྭངས་པས་ནི། །འཁྲུལ་སྣང་འཛིན་ཕྱིར་འཁོར་བ་ཡི། །རྣམ་ཤེས་ཉིད་དུ་བཤད་པ་ཡིན། །ཆུ་ཡི་སྒྲོན་མས་ཡེ་ཤེས་ཀྱི། །སྣང་བ་འཛིན་ཕྱིར་མ་འཁྲུལ་པས། །དག་པའི་རང་བཞིན་ཉིད་དུ་བཤད། །དེས་ན་འདི་གཉིས་ཕྱེད་པ་གཅེས། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །མཐེབ་མཛུབ་རྩོལ་བས་སྣང་བ་ཡི། །དམར་སེར་ཡེ་ཤེས་ལྔ་ཡི་འོད། །མུ་ཁྱུད་དག་དང་ཡང་དག་ལྡན། །འདི་ནི་རང་གསལ་སྒྲོན་མ་སྟེ། །ཅི་ཞིག་ཙམ་ན་རྩོལ་མེད་པར། །དབང་པོ་ཡུལ་ལ་སྣང་དུས་ན། །མཚན་མོའང་ཉིན་བཞིན་སྣང་བར་བྱེད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །འོད་སྣང་དེར་གཏད་མི་འགུལ་ཚེ། །ནང་དུ་རང་རིག་སྤྲོས་དང་བྲལ། །སྟོང་གསལ་ཆོས་ཉིད་ངང་ལ་གནས། །རང་གསལ་མི་རྟོག་ཆེན་པོ་ལས། །ཤེས་རབ་སྣ་ཚོགས་རང་རྡོལ་དུ། །རང་བཞིན་བབས་ཀྱིས་ཤར་བ་སྟེ། །བདེ་གསལ་མི་རྟོག་ཉམས་དང་བཅས། །རང་བྱུང་གདོད་ནས་དག་མཉམ་གྱི། །དགོངས་པ་མངོན་དུ་གྱུར་པ་ཡིན། །དེ་ཚེ་ནང་གི་བདག་ཉིད་ནི། །མི་གཡོ་སྤྲོས་དང་བྲལ་བ་ཡིས། །གསལ་སྣང་(༡༠༢)ཐོད་རྒལ་ཡེ་ཤེས་ལ། །རང་གཞག་འཕྲོ་འདུ་ཞི་བ་ནི། །ཁྲེགས་ཆོད་སྟོང་པ་ལྷུན་གྱིས་གྲུབ། །སེམས་འགག་ཆ་ནི་ཁྲེགས་ཆོད་དང་། །ཡེ་ཤེས་རང་གསལ་ཐོད་རྒལ་གཉིས། །ཟུང་འཇུག་རང་བྱུང་ཡེ་ཤེས་ཏེ། །སྙིང་ཏིག་གསང་བའི་ལམ་དུ་བཤད། །གང་ཚེ་སྤྲོས་ཀུན་ཉེར་ཞིའི་ཚེ། །རང་རིག་ཡེ་ཤེས་མངོན་པར་སྣང་། །དེ་ཕྱིར་དོན་འདི་ཤེས་པར་བྱ། །དེང་སང་དུས་ཀྱི་སྒོམ་ཆེན་ཕལ། །རྟོག་པ་ཁོལ་བུར་འཆིང་འཆིང་ནས། །མི་རྟོག་ཡེ་ཤེས་ངོས་མ་ཟིན། །སེམས་གནས་བཟང་ཡང་གོང་མ་ཡི། །བསམ་གཏན་གཟུགས་མེད་རྣམ་བཞིར་གོལ། །སྙིང་ཏིག་བསྒོམ་པར་འདོད་པ་ཡི། །རྣལ་འབྱོར་ཕལ་ཡང་དེ་དང་འདྲ། །ཡང་ན་ཆད་པ་ནམ་མཁའ་འདྲ། །ལེགས་ཀྱང་གཟུགས་མེད་ཞི་གནས་ཙམ། །ཡང་ན་རྟག་པ་ཐེར་ཟུག་པ། །འདོད་ལ་ཞེན་པས་བསམ་གཏན་དུ། །གོལ་བའི་རིགས་ཀྱང་ཤིན་ཏུ་མང་། །དེས་ན་རྟག་ཆད་ལས་གྲོལ་བའི། །ཡེ་ཤེས་མཆོག་འདི་ཤེས་པར་མཛོད། །ཁྲེགས་ཆོད་ཐོད་རྒལ་སོ་སོ་རུ། །ཞེན་ནས་ཉམས་ལེན་བྱེད་པ་དེ། །དམུས་ལོང་གཟུགས་ལ་མཇལ་བ་འདྲ། །དབྱིངས་རིག་མ་གོ་གཟུ་ལུམས་ཅན། །མགྲིན་བཟང་རྣམས་ཀྱི་གྲོགས་པོ་ཡིན། །གང་ཚེ་ཆོས་ཉིད་འོད་གསལ་མཆོག །རྣམ་ཀུན་མཆོག་ལྡན་གོམས་པ་ལས། །མངོན་སུམ་གོང་འཕེལ་ཚད་ཕེབས་དང་། །ཟད་པའི་སྣང་བ་མཐར་ཕྱིན་ནས། །གདོད་མའི་རང་བཞིན་མངོན་དུ་གྱུར། །དང་པོ་ཆོས་ཉིད་མངོན་སུམ་ནི། །རིག་པའི་རང་འོད་མཁའ་དབྱིངས་སུ། །ཐིག་ལེ་ཐིག་ཕྲན་སྣང་བ་ནས། །ལུ་གུ་རྒྱུད་ཀྱི་འདབས་འབྱོར་དུ། །ཐིག་ལེ་སུམ་སྦྲེལ་ཚུན་ཆད་དོ། །དེ་ཚེ་སེམས་ཀྱང་གཟུང་སར་ཟིན། །འདབ་ཆགས་རྙི་ལ་ཟིན་པ་བཞིན། །འཕྲོ་བར་སྣང་ཡང་གནས་པ་ཡིན། །

གཉིས་པ་ཉམས་སྣང་གོང་འཕེལ་ནི། །སྣང་བ་དེ་ཀུན་གོང་དུ་མཆེད། །དྲྭ་བ་དྲྭ་ཕྱེད་མཆོད་རྟེན་དང་། །ཟ་འོག་བེར་ཁྱིམ་ལ་སོགས་པ། །སྣང་བའི་འོད་ཀྱིས་ལུང་པ་ཁེངས། །ཐིག་ལེའི་ནང་དུ་ཡི་གེ་དང་། །ཕྱག་མཚན་ཐོར་ཚུགས་ལ་སོགས་གསལ། །སེམས་ཀྱང་འཕྲོ་འདུ་ཤས་ཆུང་བ། །རིམས་ཀྱིས་ཟིན་པའི་མི་ལྟར་འགྱུར། །ཡེ་ཤེས་རང་རིག་སྔོན་བས་གསལ། །མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་འགྲུབ། །

གསུམ་པ་རིག་པ་ཚད་ཕེབས་ནི། །སྐུ་ཡི་སྣང་བ་ཤར་བ་དེ། །རང་ལུས་འོད་དུ་གྲོལ་གྱུར་ནས། །རི་བྲག་རྣམས་ལ་ཟང་ཐལ་ལོ། །སེམས་ཀྱང་མི་(༡༠༣)འཕྲོ་རླུང་དག་ཕྱིར། །འབྲུམ་ནད་བྱང་བ་ལྟ་བུ་སྟེ། །བསྐྱར་ནས་འོང་བ་མེད་པ་བཞིན། །རྣམ་རྟོག་ཕྱིས་ནི་སྐྱེ་བ་མིན། །

བཞི་པ་ཆོས་ཉིད་ཟད་པ་ནི། །རྡོས་བཅས་ལུས་དང་སེམས་རྟོག་ཟད། །སྣང་བའི་འཕེལ་ཟད་ཆོས་དབྱིངས་ངང་། །རྟག་ཏུ་འཕོ་འགྱུར་མེད་པར་གནས། །སེམས་དང་སེམས་བྱུང་འགྱུ་བ་ནུབ། །ཀུན་གཞི་ཆེས་ཕྲའི་དྲི་མ་དག །དེ་ཚེ་སྐྱེ་དང་འཇུག་པ་ལ། །རང་དབང་ཉིད་ནི་ཐོབ་པའོ། །འཇུག་པ་བེམས་པོར་སྣང་བ་ལ། །རིག་པ་བཅུག་པས་ཆོ་འཕྲུལ་སྟོན། །སྐྱེ་བའི་རང་དབང་ཐོབ་པ་ནི། །དབྱིངས་སུ་ནུབ་པའི་སྐད་ཅིག་ལ། །སེམས་ཅན་སུམ་སྟོང་རིག་པ་བཅུག །གདོད་མར་གྲོལ་བའི་འབྲས་ལ་སྦྱོར། །དེ་ནི་དེ་ཡི་ཡོན་ཏན་ནོ། །དེ་ནས་གདོད་མར་རྣམ་གྲོལ་འགྱུར། །དེ་དག་ཚེ་འདིའི་ཉམས་ལེན་ནོ། །

གཉིས་པ་བར་དོར་གྲོལ་ཚུལ་ནི། །ལྷུན་གྲུབ་རང་གནས་གཞི་དེ་ཉིད། །སྒྲིབ་བྱེད་ལུས་སེམས་བྲལ་བའི་ཚེ། །ཇི་ལྟར་གནས་པ་དེ་ལྟར་སྣང་། །དེ་ཡང་ངོ་བོ་སྟོང་པ་ཡི། །རང་བཞིན་མི་རྟོག་འོད་གསལ་གཞི། །རྣམ་ཤེས་འོད་གསལ་ཐིམ་ཚེ་འཆར། །སྣང་བའང་སྣ་ཚོགས་རང་སྣང་ལ། །རང་ངོ་ཤེས་པས་རྣམ་པར་གྲོལ། །དེ་ནས་ལྷུན་གྲུབ་འོད་གསལ་ནི། །རིགས་ལྔའི་རང་བཞིན་མཚན་དཔེར་ལྡན། །ཚོམ་བུའི་དཀྱིལ་འཁོར་སྣང་བ་ནི། །རང་བཞིན་ཉིད་ཀྱི་སྣང་བའོ། །དེ་ནས་ཡེ་ཤེས་བཞི་སྦྱོར་ནི། །འོད་ཀྱི་སྣམ་བུ་མངོན་པར་སྣང་། །དེ་ཡང་རང་བཞིན་གདངས་སུ་བཤད། །དེ་ནས་ལྷུན་གྲུབ་རིན་པོ་ཆེ། །ཐུགས་རྗེའི་རང་སྣང་འཆར་ཚུལ་ནི། །ཡར་ལ་གྲོལ་གཞི་ཆོས་སྐུའི་དབྱིངས། །ཐད་ཀར་རང་སྣང་ལོངས་སྐུའི་ཞིང་། །མར་ལ་འགྲོ་དྲུག་འཁྲུལ་པའི་གཟུགས། །དེ་ཚེ་རང་ངོ་ཤེས་ན་གྲོལ། །རང་སྣང་འགྲོ་འདུལ་ཐུབ་པ་ཡིས། །འཁྲུལ་སྣང་སྟོང་པའི་དོན་མཛད་ནས། །ལོངས་སྐུ་སྤྲུལ་སྐུར་ཐིམ་པ་ཉིད། །ཆོས་སྐུ་ཀ་དག་གདོད་མའི་ས། །གཞོན་ནུ་བུམ་པའི་ངང་དུ་ཐིམ། །ནང་གསལ་མི་གཡོ་སྤྲོས་བྲལ་བ། །ཆོས་སྐུ་བསམ་མེད་བརྗོད་འདས་ལས། །ལོངས་སྐུ་ཕྱིར་སྣང་དོན་མཛད་དོ། །དེ་ཚེ་རང་ངོ་མ་ཤེས་ན། །འགྲོ་དྲུག་གནས་སུ་འཇུག་པ་སྟེ། །སྲིད་པའི་བར་དོ་ཉིད་མཐོང་ནས། །ལས་ཀྱི་མཐོ་རིས་ངན་འགྲོར་འཕེན། །འཁྲུལ་སྣང་བདེ་སྡུག་ཉིད་ལ་སྤྱོད། །(༡༠༤)དེ་བས་རང་ངོ་ཤེས་པར་གཅེས། །རྒྱས་པར་གཞན་དུ་བསྟན་པ་ཡིན། །

གསུམ་པ་སྤྲུལ་སྐུར་གྲོལ་ཚུལ་ནི། །ཆོས་ཉིད་བདེན་པ་མཐོང་བ་ཡི། །བྱིན་རླབས་མངོན་སུམ་གནད་ཉིད་ཀྱིས། །མངོན་དགའ་དཔལ་ལྡན་པདྨ་བརྩེགས། །ལས་རབ་གྲུབ་པའི་ཞིང་ལྔ་རུ། །བགྲོད་དེ་པདྨའི་སྙིང་པོ་ལས། །བརྫུས་སྐྱེས་མཚན་དང་དཔེ་བྱད་ལྡན། །མི་བསྐྱོད་རིན་ཆེན་འོད་དཔག་མེད། །དོན་ཡོད་རྒྱལ་པོས་དབུགས་དབྱུང་སྟེ། །བར་དོ་མེད་པར་རྫོགས་སངས་རྒྱས། །འདི་ནི་དབང་པོ་ཐ་མ་རྣམས། །གྲོལ་བའི་ཐབས་དེ་ངོ་མཚར་ཆེ། །

གསུམ་པ་འབྲས་བུའི་གྲུབ་ཚུལ་ནི། །གདོད་མའི་འོད་གསལ་ཉི་མ་ལ། །སྒྲིབ་པའི་དྲི་མ་ལུས་ངག་སེམས། །ཤིན་ཏུ་དག་ཚེ་ཡོན་ཏན་མཆོག །ལྷུན་གྲུབ་མངོན་དུ་སྣང་བ་ལ། །བྱང་ཆུབ་སངས་རྒྱས་ཞེས་སུ་བརྗོད། །དེ་ཚེ་ཕྱི་ནང་འབྱུང་བ་རྣམས། །དབྱིངས་སུ་ཞི་བས་ལྷ་མོ་ལྔ། །ཕུང་པོ་རྣམ་དག་སངས་རྒྱས་ལྔ། །རྟོག་ཚོགས་དག་པས་སེམས་དཔའི་ཚུལ། །རང་ལུས་རྣམ་དག་གཞལ་ཡས་ཁང་། །ཡུལ་སྣང་དག་པ་ཞིང་ཁམས་ཉིད། །ཉོན་མོངས་དག་པ་ཡེ་ཤེས་ལྔ། །སྟོབས་བཅུ་མི་འཇིགས་མ་འདྲེས་ཆོས། །ཇི་སྙེད་ཇི་བཞིན་གཟིགས་པ་ཉིད། །གང་ནའང་དཔེ་མེད་དྲང་སྲོང་ཆེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཆོས་སྐུ་དཔག་ཡས་ནམ་མཁའ་འདྲ། །ལོངས་སྐུ་འོད་གསལ་ཉི་ཟླ་བཞིན། །སྤྲུལ་སྐུ་སྣ་ཚོགས་ཆུ་ཟླ་བཞིན། །འཁོར་བ་ཇི་སྲིད་དོན་མཛད་དོ། །ནོར་བུ་བུམ་བཟང་དཔག་བསམ་གྱི། །ཤིང་བཞིན་ལྷུན་གྲུབ་དོན་ཀུན་མཛད། །སེམས་དང་སེམས་བྱུང་རབ་འགགས་པས། །རྣམ་པར་རྟོག་མེད་སྤྲོས་ཀུན་ཞི། །ཡེ་ཤེས་རང་བཞིན་མངོན་གྱུར་པས། །ཇི་སྙེད་ཇི་བཞིན་ཀུན་ཏུ་མཁྱེན། །ཡེ་ནས་ལྷུན་གྲུབ་མངོན་གྱུར་པས། །འདུས་མ་བྱས་ཤིང་འཕོ་འགྱུར་མེད། །རབ་ཞི་བྱང་ཆུབ་ཡེ་ཤེས་ནི། །གྲོལ་བ་ཀུན་གྱི་འབྲས་བུར་བཞེད། །དེ་ལྟར་རྡོ་རྗེ་སྙིང་པོ་ཡི། །ཐེག་པའི་རང་བཞིན་གསལ་བྱས་པས། །མ་ལུས་སྐྱེ་དགུ་ཐམས་ཅད་ཀུན། །ཀུན་ཏུ་བཟང་པོའི་ས་ཐོབ་ཤོག །འདི་ནི་རྣམ་དག་ལེགས་པའི་ལམ། །ཚེ་གཅིག་སངས་རྒྱས་བྱང་ཆུབ་སྦྱོར། །དེ་ཕྱིར་སྐལ་ལྡན་མཁས་རྣམས་ཀྱིས། །གོམས་པ་མཐར་ཕྱིན་མཛད་དུ་གསོལ། །དཔལ་ལྡན་ཡོན་ཏན་མཛོད་འཆང་བ། །ཀློང་ཆེན་རབ་འབྱམས་རྣལ་འབྱོར་པས། །སྙིང་ཏིག་(༡༠༥)གསང་བའི་གནད་བསྡུས་ནས། །ཕྱི་རབས་དོན་དུ་ལེགས་པར་བཀོད། །དགེ་བས་འབད་མེད་ཡོངས་གྲོལ་ཏེ། །མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན།

༄༅། །གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་བཞུགས་སོ། །

༄༅། །ནམ་མཁའ་ཀློང་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་དམ་པའི་གཞིར་གྱུར་ཅིང་། །རྒྱལ་བ་རྒྱལ་སྲས་ཡིད་བཞིན་འབྱུང་བའི་མཛོད། །ཆོས་དབྱིངས་དྲི་མེད་ཤིན་ཏུ་རྣམ་དག་པ། །མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀུན་གྱི་མཐར་ཐུག་སྙིང་པོའི་དོན། །མངོན་སུམ་འོད་གསལ་རྡོ་རྗེ་སྙིང་པོ་ནི། །ཀུན་དང་མཐུན་ཞིང་ཀུན་ལས་འཕགས་པའི་ཚུལ། །ལུང་བཞིན་མདོར་བསྡུས་ནས་ནི་གསལ་བར་བྱ། །

གཞི་དབྱིངས་ལམ་དང་རྣམ་གྲོལ་འབྲས་བུ་ལས། །དབྱིངས་ནི་འོད་གསལ་རང་བཞིན་ལྷུན་གྱིས་གྲུབ། །སྟོང་དང་གསལ་དང་རིག་པའི་སྙིང་པོ་ཅན། །རྣམ་པར་དབྱེར་མེད་ཡོན་ཏན་ཚོགས་མང་ལྡན། །ཉི་བཞིན་ལྷུན་གྲུབ་རང་བཞིན་རྣམ་པར་དག །རྣམ་དབྱེར་བཅས་པའི་དྲི་མས་ཡེ་སྟོང་ཞིང་། །གདོད་ནས་རྣམ་དག་འོད་གསལ་ཆོས་ཉིད་དོ། །འདི་ཡོད་པས་ན་རིག་དང་མ་རིག་ལས། །མྱ་ངན་འདས་དང་འགྲོ་དྲུག་སྣང་བ་ཤར། །ཤར་ཙམ་ཉིད་ནས་སྙིང་པོའི་དབྱིངས་དེ་ལ། །བཟང་ངན་འཕོ་འགྱུར་དག་དང་མ་དག་མེད། །ཇི་ལྟར་ནམ་མཁའི་དབྱིངས་ན་འབྱུང་བཞི་ཡི། །འཕོ་འགྱུར་སྣང་བས་གོས་པ་མེད་པ་བཞིན། །ཀུན་གྱི་གོ་འབྱེད་འབྱུང་གནས་དབྱིངས་ཞེས་བྱ། །དྲི་བཅས་སེམས་རྟེན་རང་བཞིན་ལྷུན་གྲུབ་པས། །སེམས་ཉིད་རང་བཞིན་འོད་གསལ་ཞེས་བྱ་ཞིང་། །ཉི་དང་སྤྲིན་བཞིན་གློ་བུར་དྲི་མ་ཡིས། །བསྒྲིབས་ཕྱིར་ཁམས་ཞེས་དུས་རིང་ཉིད་གནས་ཕྱིར། །ཐོག་མེད་ཆོས་ཁམས་དགེ་བ་ཞེས་བརྗོད་ཅིང་། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པར་བཏགས། །བསམ་ཡུལ་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །འདུས་མ་བྱས་ཕྱིར་ལྷུན་གྲུབ་དཀྱིལ་འཁོར་ཉིད། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་མཛོད་ཉིད་ཕྱིར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ་ཅེས་གསུངས། །རང་ལ་ཡོད་ཀྱང་མ་མཐོང་བསྒྲིབས་པའི་དཔེས། །ས་འོག་གཏེར་དང་བུམ་ནང་མར་མེ་དང་། །སྦུན་པའི་འབྲས་དང་ས་ནང་བདེ་གཤེགས་(༡༠༦)དང་། །གོས་རུལ་རིན་ཆེན་འདམ་རྫབ་ནོར་བུ་དང་། །པད་ནང་སྦྲང་རྩི་རྡོ་ཁམས་རིན་ཆེན་དང་། །གྱད་ཀྱི་ནོར་བུ་དངུལ་འདམ་གསེར་ཉིད་དང་། །ལྗོན་ཤིང་འབྲས་དང་འོ་མའི་མར་ཉིད་དང་། །སྟོང་གསུམ་དར་ཡུག་ཆེན་པོ་ལ་སོགས་པས། །ཉེ་བར་མཚོན་ཏེ་ལུང་ལས་གསུངས་དེ་བཞིན། །རིག་ཁམས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ནི་ངེས་དོན་སྙིང་པོའི་གཞི་ཞེས་བྱ། །དེ་ལྟའི་དབྱིངས་ལས་རང་རིག་རྣམ་གྲོལ་ཞིང་། །སྐད་ཅིག་བྱེ་བྲག་ཕྱེད་པས་སངས་རྒྱས་ཏེ། །གདོད་མའི་མགོན་པོ་ཡོན་ཏན་ཕ་རོལ་ཕྱིན། །ནང་གི་ཇི་བཞིན་གཟིགས་པ་རྣམ་དག་པས། །དང་པོ་སངས་རྒྱས་ཆོས་ཚོགས་རྣམ་པར་གཞག །དུས་རིང་བརྟག་དཀའ་ཐོག་མ་མེད་དབྱིངས་སུ། །མ་རིག་དབང་གིས་འགྲོ་དྲུག་འཁྲུལ་པ་ནི། །སེམས་ཅན་ཆུང་ངུ་ངན་སོང་གསུམ་དང་ནི། །འབྲིང་པོ་མི་དང་ཆེན་པོ་ལྷ་ཉིད་དེ། །མ་རིག་ལས་བྱུང་རྒྱལ་བས་གསུང་དེ་བཞིན། །རང་རང་གནས་དང་ལོངས་སྤྱོད་བདེ་སྡུག་རྣམས། །གཉིད་མྱོས་པ་ལས་རྨི་ལམ་ཤར་བ་བཞིན། །སྣང་སྲིད་སྣོད་བཅུད་སྣ་ཚོགས་མངོན་པར་སྣང་། །བདེ་གཤེགས་སྙིང་པོ་དོན་གྱི་ཀུན་གཞིའི་སྟེང་། །དང་པོ་མ་རིག་ཤེས་བཞིན་ལུང་མ་བསྟན། །བག་ཆགས་སྣ་ཚོགས་ཀུན་གཞི་འཁོར་བའི་རྟེན། །དེ་ལས་ཀུན་གཞིའི་རྣམ་ཤེས་ཉིད་དང་ནི། །སྒོ་ལྔའི་ཤེས་དང་དཔྱོད་བྱེད་ཡིད་དང་ནི། །ཉོན་མོངས་ཅན་ཡིད་རྣམ་ཤེས་ཚོགས་བརྒྱད་ཤར། །དེ་ཡི་ལས་དང་ཉོན་མོངས་འདུས་བྱས་ཏེ། །ཡུལ་དང་དོན་དང་ལུས་སུ་བག་ཆགས་པས། །འཁྲུལ་སྣང་སྣ་ཚོགས་བདེ་སྡུག་རྒྱུན་མི་འཆད། །ཟོ་ཆུའི་ཁྱུད་མོ་བཞིན་དུ་འཁོར་བ་ཡིན། །མདོར་ན་འཁོར་བར་འཁྲུལ་པའི་རྩ་བ་ནི། །མ་རིག་ཉིད་དེ་དེ་ལས་གཟུང་དང་འཛིན། །དེ་ཡིས་ལས་དང་ཉོན་མོངས་འདུས་བྱས་པས། །འབྲས་བུ་སྲིད་པའི་བདེ་སྡུག་སྣ་ཚོགས་སྣང་། །རྐྱེན་ལས་སྐྱེས་ཕྱིར་གློ་བུར་འདུས་བྱས་ཕྱིར། །མི་བདེན་བསླུ་བ་འཁྲུལ་པའི་རང་བཞིན་ཡིན། །གཡོ་བའི་ཀུན་རྟོག་གིས་སྤྲུལ་འཇིག་རྟེན་པ། །མི་བརྟན་འཇིག་པའི་ཆོས་དེ་འདུས་བྱས་ཕྱིར། །མ་རིག་མི་འདྲ་དེ་ལས་གཟུང་འཛིན་གྱིས། །འདུ་བྱེད་སྐྱེས་བུའི་མཐེབ་མཛུབ་དང་འདྲ་ཞིང་། །ལས་ནི་འཕེན་བྱེད་གཞུ་མོའི་སྲད་བུ་འདྲ། །ལེན་པ་ལྟོང་(༡༠༧)འདྲ་སེམས་ཅན་མདའ་དང་འདྲ། །ཉོན་མོངས་འབེམ་འདྲ་བདེ་སྡུག་སོ་སོར་སྣང་། །དེ་ཕྱིར་ཀུན་འབྱུང་ལས་སྐྱེས་འབྲས་བུ་ནི། །སྡུག་བསྔལ་ཉོན་མོངས་ཀྱིས་མནར་འཁོར་བ་པ། །ལས་ཟད་ཉོན་མོངས་གྲོལ་བའི་གོ་སྐབས་དཀའ། །སྐད་ཅིག་སྐད་ཅིག་ཀུན་རྟོག་རྒྱུ་ལས་ནི། །འབྲས་བུ་ཕྱི་ཕྱིར་བདེ་སྡུག་ངང་གིས་འབྱུང་། །དེ་བས་དེ་ལས་ལྡོག་པའི་ཐབས་འཚལ་ལོ། །དེ་འདྲའི་འཁོར་བ་ཉེས་མང་མཚོ་གཏེར་ལས། །བསྒྲལ་ཕྱིར་རྒྱལ་བས་ཆོས་ཀྱི་གྲུ་གསུངས་ཏེ། །སྣ་ཚོགས་ཐེག་པའི་འཇུག་སྒོ་བསམ་མི་ཁྱབ། །འདི་ནི་མཐར་ཐུག་ངེས་པའི་སྙིང་པོ་ཡིན། །མདོ་རྒྱུད་མན་ངག་རྩེ་མོ་འོད་གསལ་ལམ། །བདེ་གཤེགས་སྙིང་པོའི་གནས་ལུགས་ཇི་ལྟ་བར། །མངོན་སུམ་ཉམས་སུ་ལེན་པའི་མན་ངག་དོན། །འཁོར་བ་སྦྱང་ཕྱིར་མྱང་འདས་མངོན་གྱུར་ཕྱིར། །སྟོང་དང་སྣང་བའི་འཇུག་སྒོ་རྣམ་པ་གཉིས། །ཁྲེགས་ཆོད་དང་ནི་ཐོད་རྒལ་ཞེས་བྱའོ། །

༈ དང་པོ་ཁྲེགས་ཆོད་དོན་གྱི་དགོངས་པ་ནི། །འཁོར་བའི་འཁྲུལ་སྣང་འཁྲུལ་རྟོག་ཇི་སྙེད་ཀུན། །གློ་བུར་ཡིན་ཕྱིར་བསྒྲིབ་ཕྱིར་བསླུ་བའི་ཕྱིར། །རྐྱེན་ལས་སྐྱེས་ཕྱིར་འཇིག་ཕྱིར་མི་བདེན་ཕྱིར། །སེམས་དང་སེམས་བྱུང་སེམས་ཀྱི་སྣང་བ་ཀུན། །མི་རྟག་མི་བདེན་གསོག་གསོབ་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་དང་། །སྒྲ་བརྙན་སྤྲུལ་པ་དྲི་ཟའི་གྲོང་དང་ནི། །བྲག་ཆ་རྨི་ལམ་བཞིན་ཏུ་ངོ་བོ་མེད། །རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན། །མེད་ལ་གསལ་སྣང་རྟེན་འབྱུང་རྒྱུ་འབྲས་ཉིད། །སྣང་དུས་ཉིད་ནས་རང་བཞིན་འགགས་མེད་པས། །འཁོར་བའི་ཆོས་ཀུན་ཡེ་ནས་མ་སྐྱེས་སོ། །ཇི་ལྟར་རྨི་ལམ་སྒྱུ་མའི་སྐྱེ་འགགས་ལྟར། །སྐྱེ་བར་སྣང་ཡང་མ་སྐྱེས་སྟོང་པའི་ངང་། །གནས་པར་སྣང་ཡང་མི་གནས་སྟོང་པའི་ངང་། །འགགས་པར་སྣང་ཡང་མི་འགགས་འགགས་རྒྱུ་མེད། །ཡེ་ནས་མེད་པས་སྐྱེ་བ་མི་སྲིད་ཅིང་། །མ་སྐྱེས་པ་ལས་གནས་པ་ག་ལ་སྲིད། །མི་གནས་པ་དེ་ནམ་ཡང་འགག་ཏུ་མེད། །ཇི་ལྟར་མོ་གཤམ་བུ་ཡི་སྐྱེ་འགགས་བཞིན། །མིང་ཙམ་བརྡ་ཙམ་སྣང་ངོར་བཏགས་པ་ཙམ། །དཔྱད་ན་གཟུགས་ནི་ཆ་ཤས་དངོས་མེད་པས། །མོ་གཤམ་བུ་འདྲ་རང་བཞིན་མེད་པ་ཉིད། །སྒྲ་དང་དྲི་རོ་རེག་དང་ཡིད་ཀྱི་ཆོས། །དོན་གྱི་འཛིན་པ་རྟོག་པའི་རང་བཞིན་ཡང་། །ཁ་དོག་ངོས་གཟུང་དུས་(༡༠༨)གསུམ་དཔྱད་པས་ན། །ཆ་ཤས་དངོས་མེད་མོ་གཤམ་བུ་འདྲ་བར། །གཅིག་དང་དུ་མའི་རང་བཞིན་མི་དམིགས་པས། །མཁའ་འདྲ་མ་སྐྱེས་གདོད་ནས་དག་པ་ཉིད། །དེ་ལྟར་དཔྱད་ན་གང་འཁོར་གང་ཞིག་འཁོར། །འཁོར་དང་འཁོར་ས་མེད་པའི་ཆོས་རྣམས་ལ། །དངོས་པོ་བདག་ཏུ་འཛིན་པས་ཅི་ཞིག་བྱ། །སེམས་ནང་ཆོས་འདི་གཞི་མེད་སྟོང་པ་སྟེ། །བདག་མེད་སྤྲོས་དང་བྲལ་ཞིང་མཚན་མ་མེད། །གདོད་ནས་མ་སྐྱེས་རང་བཞིན་རྣམ་པར་དག །རྣམ་ཀུན་སྟོང་པའི་ཆོ་འཕྲུལ་སྣང་བ་ཙམ། །ཕྱི་རོལ་སྣང་འདི་གཟུང་བའི་ཡུལ་མེད་དེ། །ཆ་ཤས་དངོས་མེད་རང་བཞིན་ཀུན་དང་བྲལ། །དེ་ཉིད་འཛིན་པའི་སེམས་འདི་དངོས་མེད་དེ། །ཁ་དོག་དབྱིབས་མེད་ངོ་བོ་ངོས་གཟུང་མེད། །དེ་ཕྱིར་ཆོས་ཀུན་མ་སྐྱེས་སྟོང་པའི་ངང་། །གཟུང་དང་འཛིན་པ་གཉིས་མེད་ཟུང་འཇུག་མེད། །གཅིག་དང་ཐ་དད་བྲལ་བའི་ཆོས་ཉིད་དོ། །འཁོར་བ་མེད་པས་སེམས་ངོར་སྣང་བ་ཡི། །མྱ་ངན་འདས་མེད་རྟེན་མེད་ཆོས་ཅན་བཞིན། །ལྟོས་པ་ལོག་པས་ལྟོས་ཆོས་ལྡོག་པ་ཉིད། །མྱ་ངན་མེད་པས་མྱ་ངན་འདས་པ་མེད། །ལས་དང་ཉོན་མོངས་བདེ་སྡུག་འཁྲུལ་པ་ཡང་། །རང་བཞིན་འགགས་མེད་ནམ་མཁའི་མེ་ཏོག་བཞིན། །རྣམ་ཀུན་མེད་སྣང་སྟོང་པར་ལ་བཟླའོ། །མདོར་ན་འཁོར་བས་བསྡུས་པའི་ཆོས་རྣམས་ཀུན། །ཀུན་བརྟགས་ཉིད་ཕྱིར་སྟོང་དང་མཚན་མ་མེད། །རང་བཞིན་ཆད་ཕྱིར་སྤྲུལ་པ་སྒྱུ་མ་བཞིན། །དོན་ལ་མེད་པར་ཡང་དག་མཁྱེན་པར་མཛོད། །དེ་ལྟར་འཁྲུལ་པ་མི་བདེན་སླུ་བའི་ཕྱིར། །མ་འཁྲུལ་བསླུ་མེད་སྙིང་པོའི་དོན་ལ་འཇུག །དེ་ཡང་སྣང་སྲིད་དངོས་དང་དངོས་མེད་ཀུན། །རང་བཞིན་སྟོང་པའི་ངང་དུ་ཐག་ཆོད་ནས། །ཕྱི་ནང་ཡུལ་སེམས་གང་ཡང་མི་བསམ་པར། །རང་གསལ་སྤྲོས་དང་བྲལ་བའི་ངང་དེར་སྒོམས། །འབྱུང་འཇུག་རེ་དོགས་ཆད་པའི་བྱང་ཆུབ་སེམས། །གཏང་བཞག་འགྲོ་འོང་མེད་པའི་དོན་མཐོང་འགྱུར། །འདི་ནི་ངེས་དོན་མདོ་རྒྱུད་ཀུན་ལས་གསུངས། །སྤྲོས་ཀུན་ཞི་བས་ཁྲེགས་ཆོད་ཅེས་སུ་བཏགས། །

༈ དེ་ནས་ཐོད་རྒལ་དོན་གྱི་གནས་ལུགས་ནི། །སྙིང་པོའི་ཁམས་དེ་དངོས་སུ་ལམ་དུ་བྱེད། །དེ་ཡང་རང་རིག་གདོད་མའི་དབྱིངས་དེ་ཉིད། །ངོ་བོ་སྟོང་པས་མཚན་མར་མེད་ན་ཡང་། །རང་བཞིན་གསལ་བས་འོད་གསལ་ཁ་དོག་ལྡན། །ཐུགས་རྗེ་རིག་པའི་གནད་(༡༠༩)དེ་གོམས་བྱ་བ། །བུམ་ནང་མར་མེ་བུམ་པའི་ཁར་གསལ་ལྟར། །ཆུ་ཡི་སྒྲོན་མ་ཤེལ་གྱི་རྩ་ནང་ནས། །རང་གདངས་འོད་ལྔ་ཐིག་ལེ་གདངས་གསལ་བ། །སྤྲིན་བྲལ་མཁའ་དབྱིངས་དག་པའི་ཀློང་དུ་ཤར། །དེ་ཉིད་མཐོང་བས་རིག་གདངས་མཐོང་བའི་ཕྱིར། །ཆོས་ཉིད་མངོན་སུམ་སྣང་བ་མཐོང་ཞེས་བརྗོད། །དེ་ཡང་འབྲས་མིང་རྒྱུ་ལ་བཏགས་པ་སྟེ། །ཉི་མའི་ཟེར་ལ་ཉི་མར་བཏགས་པ་བཞིན། །གཞལ་བྱའི་དོན་ལ་རབ་ཏུ་མི་བསླུ་བར། །འཁྲུལ་སྣང་མཐོང་ལས་ཁྱད་པར་ཕྱེ་བ་ནི། །ནོར་བུ་སྒྲོན་མེའི་འོད་ལ་དེར་ཞེན་པས། །ལྡོག་པར་འདྲ་ཡང་དོན་བྱེད་ཁྱད་ཞུགས་བཞིན། །སྒོམ་དུས་འོད་གསལ་སྣང་བ་མཆོག་ཏུ་བཤད། །ཐ་མལ་སྣང་འདི་འཁྲུལ་པ་ཉིད་ཡིན་པས། །དེ་ལ་སོར་བཞག་འཁྲུལ་སྣང་ཕྱི་ཕྱིར་འཕེལ། །དེ་བཞིན་འཁྲུལ་རྟོག་ལམ་དུ་སུས་བྱེད་པ། །འཁྲུལ་པའི་རྒྱུ་འབྲས་ཉིད་ལས་ཐར་དུས་མེད། །དེ་བས་མ་འཁྲུལ་འོད་གསལ་སྣང་བ་དང་། །སེམས་འགགས་ཡེ་ཤེས་ལམ་དུ་བྱེད་པ་གཅེས། །དེ་ཡང་མི་གཡོ་མཉམ་པར་བཞག་པའི་ཚེ། །འོད་གསལ་དམིགས་གཏད་རིག་པ་དྭངས་ཕྱེད་པས། །གནས་ལུགས་གཅིག་ལ་སྣང་ལུགས་ཉམས་གསུམ་སྐྱེ། །ངོ་བོའི་གདངས་ལས་མི་རྟོག་སྤྲོས་དང་བྲལ། །རང་བཞིན་གདངས་ལས་རང་གསལ་གསལ་དྭངས་ཕྱེད། །ཐུགས་རྗེའི་གདངས་ལས་རིག་བདེ་རྒྱུན་མི་ཆད། །སྐུ་གསུམ་ཉམས་ནི་ནམ་མཁའི་མཐའ་དང་མཉམ། །དེ་ཉིད་གོམས་པས་སྣང་བ་རྣམ་བཞི་ལས། །དང་པོ་ཆོས་ཉིད་མངོན་སུམ་དུས་ཉིད་དུ། །ཚོགས་ལམ་དང་ནི་ཉམས་རྟོགས་མཚུངས་པ་སྟེ། །ལུས་ཚོར་སེམས་ཆོས་ཞེན་པ་ངང་གིས་བྲལ། །དགེ་འཕེལ་གནད་ཀྱིས་མི་དགེ་ངང་གིས་འགྲིབ། །ཏིང་འཛིན་གྲུབ་པས་མངོན་ཤེས་རྫུ་འཕྲུལ་འགྲུབ། །དེ་ནས་ཉམས་སྣང་གོང་དུ་འཕེལ་བའི་ཚེ། །སྦྱོར་ལམ་ཉིད་མཚུངས་དད་དང་བརྩོན་འགྲུས་ལྡན། །དྲན་པ་ཏིང་འཛིན་ཤེས་རབ་དབང་འབྱོར་ཞིང་། །ཉོན་མོངས་ཕྱོགས་བཅོམ་སྟོབས་ཆེན་གཉེན་པོ་ཉིད། །ཤིག་སྲོ་མེད་ཅིང་རྨི་ལམ་ཉིད་ཀྱང་དག །ངན་སོང་རྒྱུན་ཆད་བདེན་པའི་ཚིག་ཀྱང་འགྲུབ། །དེ་ནས་རིག་པ་ཚད་ཕེབས་སྣང་བ་ནི། །ཐོག་མ་བར་དང་ཐ་མའི་རིམ་པ་བཞིན། །མཐོང་སྒོམ་ཞིང་དང་ཏིང་འཛིན་རྫུ་འཕྲུལ་སོགས། །གོང་ནས་གོང་མཐོང་ཁམས་ཀྱི་ཡོན་ཏན་མཐོང་། །དེ་ཡང་རྫ་བུམ་ཤེལ་ལམ་འཇའ་ཚོན་དུ། །རིམ་གྱིས་འགྱུར་དཔེའི་མར་མེ་སྣང་བ་ལྟར། །ཁམས་ལ་སྒྲིབ་(༡༡༠)པའི་དྲི་མ་དག་སྟོབས་ཀྱི། །ཡོན་ཏན་གོང་འཕེལ་གསར་དུ་སྣང་བ་བཞིན། །དོན་ལ་སྔ་ཕྱིར་ཡོན་ཏན་འཕེལ་འགྲིབ་མེད། །སྤྲིན་མཐོང་ཉི་བཞིན་བདེ་གཤེགས་སྙིང་པོའི་དོན། །མངོན་དུ་མཐོང་བས་དཔེས་གསུངས་རིག་པར་བྱ། །དེ་ཡང་བུས་པ་བཙས་མ་ཐག་པ་ཡིས། །ཁྱིམ་ནང་མཐོང་ལས་ཉི་མ་མཐོང་བ་དང་། །བར་མས་ཁང་སྟེང་རྒན་པོའི་རི་རྩེ་ནས། །ཉི་མཐོང་བཞིན་ཏེ་མཐོང་སྒོམ་ཆོས་ཉིད་འདྲ། །དེ་ཡང་ཉི་མ་མཐོང་བར་ཁྱད་མེད་ལྟར། །བདེ་གཤེགས་སྙིང་པོ་མཐོང་བར་ཁྱད་མེད་ཀྱང་། །ཉི་འོད་སྣང་བ་མཐོང་གང་ཡུལ་གྲུ་གཅིག །རྒྱལ་ཁམས་ཁྱབ་མཐོང་བཞིན་དུ་སྙིང་པོ་ཡི། །རང་འོད་ཡོན་ཏན་མཐོང་བའི་ཁྱད་པར་ཆེ། །ཇི་ལྟར་མཐོང་ཟིན་དོན་དེ་སྒོམ་པ་ནས། །སྒོམ་ལམ་ཉིད་དང་རྣམ་པ་འདྲ་ན་ཡང་། །གསར་དུ་སྣང་བས་ཡོན་ཏན་མི་འདྲ་བ། །ཉི་དང་ཉི་འོད་མཐོང་བའི་དཔེས་ཤེས་བྱ། །དོན་འདིར་ཆོས་ཉིད་རྟོགས་པའི་རང་བཞིན་ལ། །གསལ་དང་མི་གསལ་རྒྱ་ནི་ཆེ་ཆུང་གིས། །ཁྱད་པར་གཉིས་ཀ་ལྟར་ཡིན་དཔེས་མཚོན་ན། །དམུས་ལོང་རབ་རིབ་ཅན་དང་མིག་དག་པས། །ཉི་མ་འཇལ་ཚེ་དམུས་ལོང་ཅི་ལ་འཇལ། །རབ་རིབ་ཅན་གྱིས་ཅུང་ཟད་མ་དག་མཐོང་། །མིག་དག་པས་ནི་སྒྲིབ་པ་མེད་མཐོང་བཞིན། །སོ་སོའི་སྐྱེ་བོ་དམུས་ལོང་དང་འདྲ་བས། །སྙིང་པོའི་ངོ་བོ་དངོས་སུ་མི་མཐོང་བས། །མོས་སྤྱིས་མཇལ་ཞིང་ཐོས་བསམ་གཏན་ལ་ཕེབས། །དེ་ལས་སྐབས་འདིར་ཉི་འོད་མཐོང་བ་བཞིན། །སྙིང་པོ་མཐོང་ལ་རབ་དུ་ཉེ་བས་ན། །ཚུལ་འདི་ཐེག་པའི་རྩེར་གྱུར་འཕགས་པ་ཡིན། །དར་གྱིས་བསྒྲིབས་པའི་བུམ་པར་ལྟ་བ་བཞིན། །ཁམས་དེའི་སྒྲིབ་པ་རྣམ་བཅུ་རིམ་བྱང་ནས། །སྙིང་པོའི་བུམ་པ་རབ་ཏུ་གསལ་བྱེད་ཡིན། །དེས་ན་སྙིང་པོའི་ངོ་བོ་མཐོང་བ་ལ། །མཐོང་སྒོམ་འདྲ་ཡང་དྲི་མའི་བྱེ་བྲག་གིས། །གསལ་དང་མི་གསལ་ཁྱད་པར་བྱེ་བ་ནི། །ཉི་ལྟར་སྙིང་པོའི་ངོས་ནི་གཞལ་བ་ཡིན། །འོད་ལྟར་གདངས་སམ་སྣང་བའི་ཆ་ནས་ནི། །ཡོན་ཏན་ལ་ཡང་རྒྱ་ནི་ཆེ་ཆུང་ཡོད། །སྒྲིབ་རེ་དག་པའི་སྟོབས་ཀྱིས་ཡོན་ཏན་རེ། །སྣང་འགྱུར་ཁང་ནང་ཁང་ཐོག་རི་རྩེ་ཡི། །ཉི་འོད་ཅི་བཞིན་རྒྱ་ནི་ཆེ་ཆུང་མཐོང་། །ཡང་ན་མེ་ལོང་རྡུལ་གྱིས་ཕྱོགས་རེ་ཉིད། །དག་པས་གཟུགས་བརྙན་སྣང་བ་འཕེལ་བ་བཞིན། །ཚུལ་འདི་རིག་པའི་སྒོ་ནི་མཆོག་ཏུ་བཟང་། །འདི་ཉིད་དུ་ནི་སྣང་བ་གོང་ནས་གོང་། །ལྔ་ལྡན་དབྱིངས་ནས་ལྷ་ཡི་སྐུར་སྣང་བ། །ཞིང་ཁམས་བརྒྱ་སྟོང་བྱེ་བ་མཐོང་བ་སྟེ། །ཏིང་འཛིན་ཡོན་ཏན་གཟུངས་སྤྲིན་སྙིང་པོ་ཅན། །དང་པོའི་སར་(༡༡༡)ནི་བརྒྱ་ཕྲག་བཅུ་གཉིས་གནས། །གོང་ནས་གོང་མར་སྟོང་ཁྲི་འབུམ་ཕྲག་གནས། །རྒྱ་མཚོའི་རྡུལ་སྙེད་དག་གི་ཚུལ་དང་གཅིག །གསང་སྔགས་འོག་མར་དཀྱིལ་འཁོར་ལྷུན་གྲུབ་ཉིད། །མངོན་སུམ་མཐོང་བའི་ཚུལ་ཡང་འདི་ཉིད་དོ། །དེ་བས་ཡང་དག་ལམ་དུ་ཕྱིན་པའི་རྟགས། །ས་ལམ་དྲོད་ཚད་ཡོན་ཏན་མི་བསླུ་བས། །ས་བོན་འཕེལ་ལས་མྱུ་གུ་ལོ་འདབ་འབྲས། །རིམ་གྱིས་འབྱུང་བཞིན་ཚུལ་འདི་མཚུངས་པར་འདོད། །དབྱིངས་ལ་ཡོད་པའི་ཡོན་ཏན་ཇི་སྙེད་པ། །དྲི་མ་བྲལ་བས་སྣང་བ་ཆོས་ཉིད་ཡིན། །དེང་སང་རྣལ་འབྱོར་ཆེན་པོར་རློམ་པ་དག །ས་ལམ་མི་ཤེས་སྟོང་རྐྱང་ཆད་པ་ཅན། །ཟང་ཐལ་ཆིག་ཆོད་རྟགས་ཚད་མེད་ཅེས་སྟོན། །རྨོངས་པ་དེ་ཀུན་ངན་སོང་མུན་པར་འཁྱམས། །ཡང་དག་སྙིང་པོའི་དོན་ལ་སྐུར་འདེབས་ཕྱིར། །ལམ་ངན་དེ་འདྲ་ཐོས་པར་མི་བྱ་ན། །ཉམས་སུ་ལེན་ཅིང་བསམ་པ་སྨོས་ཅི་འཚལ། །ནམ་མཁའ་སྟོང་ཆད་འཇིག་རྟེན་རྒྱང་འཕེན་ལུགས། །བདེ་གཤེགས་བཀའ་དང་འགལ་བས་རིང་དུ་སྤང་། །དེ་ཕྱིར་འོད་གསལ་ས་ལམ་ཡོན་ཏན་མཆོག །གོམས་པ་ལས་ནི་མི་བསླུ་ངེས་པར་འབྱུང་། །འདི་འདྲའི་ལམ་ཟབ་གུས་པའི་གཙུག་གིས་བསྟེན། །དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི། །རབ་དག་ས་གསུམ་ཀུན་རྟོག་དྲི་མའི་ཚོགས། །མངོན་སུམ་ཟད་ཕྱིར་རྡོས་བཅས་ལུས་ཟད་ཕྱིར། །འཁྲུལ་སྣང་ཟད་ཕྱིར་ཟད་པ་ཞེས་ནི་བརྗོད། །སྣང་བ་ཡེ་ཤེས་འོད་གསལ་ཆེན་པོ་སྟེ། །ཡིད་དང་འཛིན་དང་རྣམ་པར་རྟོག་པ་ནུབ། །ཞིང་དང་ཡེ་ཤེས་ཆོས་ལ་རང་དབང་ཐོབ། །དེ་ཕྱིར་སྒོམ་ལམ་ཆོས་ཉིད་ཟད་པ་ན། །རྩོལ་བས་བསྒོམ་མེད་རང་བཞིན་ཤུགས་ཀྱིས་བགྲོད། །རྒྱ་མཚོའི་གཟིངས་དང་ཁྱུང་ཆེན་མཁའ་ལྡིང་བཞིན། །སྐྱེ་དང་འཇུག་པའི་དབང་ཐོབ་དོན་གཉིས་འགྲུབ། །མི་རྟོག་ཡེ་ཤེས་ཉི་མ་གཅིག་ཏུ་གནས། །ཡོན་ཏན་བརྗོད་འདས་སེམས་དང་སེམས་བྱུང་ནུབ། །ཕྲ་བ་སྦྱང་ཕྱིར་ཏིང་འཛིན་ངང་གིས་འབྱུང་། །འདི་ནི་དག་པའི་སེམས་ཅན་རིག་འཛིན་ཆེ། །རྣམ་ཀུན་ཡེ་ཤེས་ཞིང་ལ་སྤྱོད་པ་ཡིན། །དེ་ལྟར་ལམ་མཆོག་སྣང་བ་རྣམ་བཞི་ཡི། །སྣང་བ་སྙིང་པོའི་གདངས་གསལ་གོང་འཕེལ་ཡང་། །ངོ་བོ་མི་འགྱུར་ཉི་མའི་སྙིང་པོ་དང་། །འོད་ཀྱི་ཕྱོགས་བཞིན་ཀུན་ཏུ་ཤེས་པར་བྱ། །དབྱིངས་འདིའི་རང་བཞིན་འོད་གསལ་ཉིད་ངོ་ན། །དུས་གསུམ་འཕོ་འགྱུར་མེད་པས་རྣམ་དབྱེར་མེད། །ལམ་དང་དྲི་མར་(༡༡༢)སྣང་བའི་རྣམ་པ་ཡང་། །གློ་བུར་དྲི་བཅས་སྣང་བའི་དབང་གིས་ཕྱེད། །འདི་ལྟར་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །མཐོང་བསྒོམ་ལམ་གྱུར་རིག་པ་ཚད་ཕེབས་སུ། །ཉོན་ཡིད་ལྡོག་པས་འཁོར་བའི་མྱ་ངན་བརྒལ། །བརྒྱད་པར་ཡིད་ཤེས་ལྡོག་པས་མི་རྟོག་ཐོབ། །སྒོ་ལྔའི་རྣམ་ཤེས་ལྡོག་པས་ཞིང་ཁམས་དག །བཅུ་པར་ཀུན་གཞིའི་རྣམ་ཤེས་ལྡོག་པ་ཡིས། །ཡེ་ཤེས་ཕ་རོལ་ཕྱིན་མཆོག་གཟུངས་སྤྲིན་ལྡན། །ཟད་པའི་སར་རྫོགས་རྒྱུན་མཐའི་སྐད་ཅིག་ལ། །སློབ་ལམ་ལྡོག་པས་ཀུན་གཞིའི་བག་ཆགས་ཀྱི། །ས་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཆོག །རབ་ཏུ་ཐོབ་པས་དྲི་མ་ཀུན་དང་བྲལ། །དེ་ཕྱིར་སྣང་བ་བཞི་ལྡན་ལམ་གྱི་ཆོས། །མ་ལུས་རྫོགས་ནས་བྱང་ཆུབ་སྙིང་པོར་འགྲོལ། །

༈ དེ་ནས་མཐར་ཕྱིན་འབྲས་བུའི་གྲོལ་ཚུལ་ནི། །ལམ་དང་ལམ་གྱི་སྤང་བྱ་ཀུན་ཟད་ཚེ། །སེམས་དང་སེམས་བྱུང་རྟེན་དང་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་འཇུག་པར་རབ་ཞི་སྟེ། །ཉི་མཁའ་སྒྲིབ་པའི་སྤྲིན་ཚོགས་དེངས་པ་བཞིན། །ཆོས་སྐུའི་དབྱིངས་ན་གཟུགས་སྐུའི་དཀྱིལ་འཁོར་ནི། །འོད་གསལ་རང་བཞིན་གང་ཡིན་མངོན་དུ་གྱུར། །དེ་ཚེ་ཆོས་སྐུ་སྤྲོས་བྲལ་སྟོང་པའི་མཁར། །འོད་གསལ་ལོངས་སྐུ་མཚན་རྫོགས་དཔེ་བྱད་འབར། །སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་སྟེ། །སྟོབས་བཅུ་མི་འཇིགས་མ་འདྲེས་ཆོས་རྣམས་དང་། །ཐུགས་རྗེ་དཔག་མེད་ལྷུན་གྲུབ་ཡོན་ཏན་ཚོགས། །ཇི་སྙེད་ཇི་བཞིན་གཟིགས་པ་མཐར་ཐུག་པས། །བདེ་གཤེགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དེ་ལྟའི་ངང་ལས་གདུལ་བྱའི་འཇིག་རྟེན་དུ། །སྣ་ཚོགས་སྤྲུལ་སྐུ་མི་ཟད་འཕྲོ་བ་ནི། །ཆུ་ཟླའི་ཚུལ་བཞིན་ཀུན་ལ་སྣང་བ་སྟེ། །གདུལ་བྱའི་ལས་དང་རྒྱལ་བའི་བྱིན་རླབས་དག །རྟེན་འབྲེལ་དབང་གིས་སྣ་ཚོགས་དེ་ལྟར་སྣང་། །འདི་ནི་མཛད་པའི་ཕྲིན་ལས་བསམ་མི་ཁྱབ། །སྤྲུལ་སྐུ་དེ་དག་སྣང་བའི་དུས་ཉིད་ནས། །གདུལ་བྱའི་རང་སྣང་ཙམ་དེ་དོན་ལ་མེད། །ཆུ་ཟླ་བཞིན་ཏེ་མེད་སྣང་སྟོང་པའི་གཟུགས། །མ་སྐྱེས་ཕྱིར་ན་མི་གནས་འགག་པ་མེད། །མེད་བཞིན་སྣང་སྟེ་གདུལ་བྱའི་མོས་བློར་སྣང་། །ཇི་ལྟར་སྐར་ཚོགས་སྟོན་ཟླའི་དཀྱིལ་འཁོར་ནི། །ཆུ་ནང་རྙོག་དང་བྲལ་བར་སྣང་ན་ཡང་། །གཟའ་སྐར་མེད་དེ་དེ་ཡི་གཟུགས་བརྙན་ཙམ། །ཆུ་ཡི་དྭངས་ལ་རབ་ཏུ་སྣང་བར་ཟད། །ཆུ་ཟླ་མ་སྐྱེས་(༡༡༣)འགགས་པར་མི་འགྱུར་བ། །དེ་ལྟར་ཁྱབ་བདག་སྤྲུལ་པའི་དཀྱིལ་འཁོར་ནི། །གདུལ་བྱའི་ཆུ་སྣོད་མཚོར་ནི་སྣང་གྱུར་ནས། །ཆོས་རབ་སྟོན་དང་མངོན་འབྱུང་དཀའ་བ་སྤྱོད། །མྱ་ངན་འདས་དང་མི་སྣང་གྱུར་པ་ཡང་། །འགྲོ་སེམས་ཉིད་དེ་དོན་ལ་གྲུབ་པ་མེད། །མེད་བཞིན་སྣང་སྟེ་ཐུགས་རྗེའི་ཕྲིན་ལས་ཡིན། །དེས་ན་གདུལ་བྱའི་སེམས་ཅན་ཆུ་དང་ནི། །འདུལ་བྱེད་ཟླ་བའང་དཔྱད་ན་དངོས་མེད་དེ། །འཁྲུལ་སྣང་མེད་ཕྱིར་འདུལ་བྱེད་སྟོན་པ་མེད། །མེད་སྣང་རྨི་ལམ་སྒྱུ་མའི་ཚུལ་ཙམ་དུ། །སྣང་སྲིད་སྣོད་བཅུད་སྤྲུལ་སྐུའི་སྟོན་པ་རྣམས། །ངོ་བོ་མེད་ལ་སྣང་བར་ཤེས་པར་མཛོད། །ཁམས་དེའི་རང་བཞིན་འོད་གསལ་བས་ན་དེ། །སྦྱང་བྱའི་གཞི་དང་སྦྱང་བྱ་དྲི་མ་དང་། །སྦྱོང་བྱེད་ཆོས་དང་སྦྱངས་པའི་འབྲས་བུ་བཞིར། །གསང་སྔགས་མཆོག་ལས་དེ་སྐད་གསུངས་དེའི་ཕྱིར། །སྦྱང་གཞི་འོད་གསལ་སྙིང་པོ་རྣམ་དག་ཉིད། །རང་རིག་དུས་གསུམ་འཕོ་འགྱུར་མེད་པ་ནི། །དཔེ་རྣམས་ཀྱིས་ནི་ཇི་སྙེད་གསུངས་པར་ཟད། །སྦྱང་བྱའི་དྲི་མ་ལུས་ངག་ཡིད་གསུམ་སྟེ། །འདོད་གཟུགས་གཟུགས་མེད་མཐོང་སྒོམ་སྤང་བྱའི་ཆོས། །ཁམས་དེ་སྒྲིབ་པའི་ངོ་བོར་སྐྱེས་པ་ནི། །ཉི་མ་སྤྲིན་བཞིན་དེ་ལྟར་གནས་པའོ། །ལུས་ཀྱིས་རང་བཞིན་བསྒྲིབས་ཏེ་འོད་གསལ་མེད། །ངག་གིས་ཐུགས་རྗེ་བསྒྲིབས་ཏེ་ཉེ་བར་སྦྲེལ། །སེམས་ཀྱིས་ངོ་བོ་བསྒྲིབས་ཏེ་ཁོལ་བུར་བཅིངས། །ཁམས་གསུམ་བག་ཆགས་བསགས་པས་གནས་ལུགས་བསྒྲིབས། །རྟག་ཏུ་འཁོར་བར་བག་ཆགས་འཁྲུལ་སྣང་སྤྱོད། །འདི་ལྟར་སེམས་དང་སེམས་ལ་སྣང་ངོ་ཅོག །སྒྲིབ་པའི་རང་བཞིན་སྦྱང་བྱའི་ཆོས་སུ་གསུངས། །སྦྱོང་བྱེད་ལམ་ནི་དྲི་མའི་གཉེན་པོ་སྟེ། །དབང་དང་གདམས་པའི་རང་བཞིན་ཇི་སྙེད་པའོ། །ཆོས་ཀུན་སྟོང་དང་མཚན་མ་སྨོན་པ་མེད། །མ་སྐྱེས་ནམ་མཁའ་རྨི་ལམ་སྒྱུ་མ་བཞིན། །འཁྲུལ་སྣང་བདེན་པ་མེད་པར་ཤེས་བྱས་ནས། །མ་འཁྲུལ་འོད་གསལ་འཕོ་འགྱུར་མེད་བསྒོམས་པས། །བརྩོན་འགྲུས་རབ་རྣམས་ཚེ་འདིར་གྲོལ་བ་ཡིན། །གོམས་པ་འབྲིང་རྣམས་བར་དོར་གྲོལ་བ་སྟེ། །ལུས་སེམས་རྒྱ་ལས་རིག་པ་གྲོལ་བ་ན། །བུམ་པ་ཆག་པས་མར་མེ་གསལ་བ་བཞིན། །འདི་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་ལས། །རྩོལ་བས་སྦྱངས་དང་ཚོགས་གཉིས་རྫོགས་པ་དང་། །རང་བཞིན་ཉིད་ཀྱིས་རྩ་(༡༡༤)ཁམས་གྲོལ་བ་ལས། །གདོད་མའི་ཡེ་ཤེས་མངོན་དུ་གསལ་བར་གསུངས། །དེ་ཕྱིར་ཚེ་འདིའི་སྣང་བ་ནུབ་པ་ན། །རླུང་སེམས་རིམ་འདུས་དབུ་མར་ཐིམ་པ་ལས། །འོད་གསལ་བདེ་ཆེན་མི་རྟོག་འཆར་བ་སྟེ། །དེ་ཚེ་ངོ་བོའི་ཆ་ལས་སྐད་ཅིག་བཞི། །སྣང་མཆེད་ཐོབ་དང་ཉེ་བར་ཐོབ་པའོ། །རང་བཞིན་ཆ་ལས་ཕྱིར་སྣང་སངས་རྒྱས་ཞིང་། །འོད་གསལ་སྟུག་པོ་བཀོད་པའི་ཞིང་ཁམས་མཐོང་། །ཐུགས་རྗེའི་ཆ་ནི་རིག་པར་སྐྱེས་པས་ན། །རང་སྣང་རིག་པའི་དབྱིངས་སུ་གནས་པ་ནི། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་མཐུས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་གསུངས། །དེ་ཚེ་སྤྱན་དང་མངོན་ཤེས་ཤར་བའི་ཕྱིར། །མ་འཁྲུལ་འཁྲུལ་གཞི་འཁྲུལ་པའི་རྒྱུར་རིག་ནས། །དུག་ནད་སོས་པའི་རྒྱུས་ལ་མཁས་པ་དག །ཕྱི་ནས་དུག་དེ་ཟ་བར་མི་བྱེད་ལྟར། །ལས་ཀྱི་མངོན་ཤེས་རྒྱུ་འབྲས་རིག་པ་ཡིས། །མ་འཁྲུལ་གནས་ནས་འཕོ་འགྱུར་མེད་པ་ཡིན། །དེ་ཕྱིར་བར་དོར་གྲོལ་བའི་ཚུལ་འདི་ནི། །གསང་ཆེན་ཀུན་ལས་རབ་ཏུ་གསུངས་པས་ན། །སྐལ་ལྡན་རྣམས་ཀྱིས་གུས་པས་བསྟེན་པར་བྱ། །དེ་ལྟར་ཤར་ཡང་མ་རིག་སེམས་ཅན་པ། །ཡང་འཁོར་ཡང་འཁྲུལ་ཤིང་རྟའི་འཕང་ལོ་འདྲ། །སྲིད་པ་བར་དོར་ལས་ཀྱི་སྣང་བ་འཆར། །རྡོས་བཅས་མེད་པས་དེ་ལ་བརྟེན་པའི་རླུང་། །མེད་ཕྱིར་སེམས་ཀྱང་དེ་ཚེ་མེད་སྙམ་ན། །དེ་ལྟར་མ་ཡིན་སྤྱིར་གྱི་ལུས་ལ་གསུམ། །རྡོས་བཅས་འོད་གསལ་ཡིད་ཀྱི་རང་བཞིན་ལ། །སེམས་ཀྱི་རྒྱུད་རྟེན་ཉོན་མོངས་རླུང་སེམས་རྒྱུ། །དང་པོ་རྡོས་བཅས་ཤ་ཁྲག་ལུས་འདི་ནི། །རགས་པར་གྲུབ་ཕྱིར་རླུང་ཡང་རགས་པའི་ཕྱིར། །སེམས་ཀྱང་རགས་པས་ཤིན་ཏུ་རྒོད་པའི་ཕྱིར། །གདུལ་དཀའ་ཀུན་རྟོག་ཅན་ཞེས་རབ་ཏུ་བསྟན། །འདོད་ལྷ་ལྷ་མིན་མི་དང་དུད་འགྲོ་སོགས། །འདོད་པའི་ཁམས་ལ་རང་བཞིན་ཤས་ཆེའོ། །འདི་ཐུལ་པ་ལ་ཡེ་ཤེས་ལྷག་པར་གསལ། །འོད་གསལ་འཇའ་ཚོན་ལུས་ནི་གཟུགས་ཀྱི་ཁམས། །བསམ་གཏན་བཞི་པོའི་ལྷ་ལ་མངོན་དུ་གྱུར། །འབྱུང་བཞི་དྭངས་པའི་རང་བཞིན་འཇའ་ཚོན་ལུས། །སྔོན་གྱི་དགེ་འབྲས་སྟོབས་ལས་བྱུང་བ་ལ། །སེམས་ཀྱི་རྒྱུད་རྟེན་རགས་པར་མེད་པས་ན། །རླུང་སེམས་ཞི་བ་བསམ་གཏན་རྣམ་པ་བཞི། །བག་ཆགས་བཅས་པའི་སེམས་དང་སེམས་བྱུང་རྟེན། །བག་ལ་ཉལ་ཕྱིར་རབ་ཏུ་ཆེས་ཕྲའི་ཕྱིར། །རགས་པ་མེད་ཕྱིར་ས་བོན་ཚུལ་(༡༡༥)དུ་ལྡན། །དེ་ཡང་འཁོར་བའི་ས་པས་བསྡུས་པའི་ཕྱིར། །བསམ་གཏན་དེ་ཡི་སྲིད་པར་འཆིང་བྱེད་ཡིན། །ཡིད་ཀྱི་ལུས་དེ་གཡོ་དང་མི་གཡོ་གཉིས། །གཡོ་བ་བར་དོའི་འགྲོ་བ་ཉིད་དང་ནི། །མནར་མེད་ལ་སོགས་དམྱལ་བ་ཁ་ཅིག་བཞིན། །རྡོས་བཅས་མེད་ཀྱང་ཡོད་པར་འཛིན་པ་སྟེ། །རྨི་ལམ་ནང་གི་སྣང་བ་དེ་དང་འདྲ། །རྨི་ལམ་ཡིད་ལུས་བདེ་སྡུག་མྱོང་བ་ལྟར། །དམྱལ་བ་བར་དོའི་བདེ་སྡུག་ཚུལ་དེ་བཞིན། །རང་རང་ལས་དང་ཉོན་མོངས་དབང་གིས་འཆིང་། །གཡོ་བྱེད་ཡིད་ལུས་བག་ཆགས་རྟེན་དེ་ལ། །བག་ཆགས་རླུང་ཡོད་རླུང་དེས་སེམས་སྣང་གིས། །འཁྲུལ་སྣང་འཁྲུལ་འཛིན་མ་ལུས་ཇི་སྙེད་འབྱུང་། །དེ་ཕྱིར་གཡོ་བྱེད་ཡིད་ལུས་ཉིད་ཤེས་བྱ། །མི་གཡོ་ཡིད་ཀྱི་ལུས་ནི་ཏིང་འཛིན་དུ། །སེམས་དང་སེམས་བྱུང་ནུབ་པར་གནས་པ་སྟེ། །དབྱེ་ན་གཟུགས་མེད་ཡིད་ཀྱི་ལུས་དང་ནི། །ཉན་རང་ལྷག་མེད་འགོག་པའི་མཉམ་གཞག་སྟེ། །མ་རིག་པ་ཡི་བག་ཆགས་མ་སྤངས་ཕྱིར། །རེ་ཞིག་ཞི་ཡང་ཕྱི་ནས་ལྡང་དགོས་སོ། །དེ་ཚེ་ཆེ་ཕྲའི་ཤེས་པ་མི་གསལ་བ། །ཞི་གནས་ངང་དུ་རང་བཞིན་གནས་པའི་དཔེ། །འོ་མའི་ནང་ན་དངོས་སུ་མར་མེད་ཀྱང་། །ཆེས་ཕྲའི་དབྱིངས་ན་ཡོད་བཞིན་བག་ལ་ཉལ། །ཤིན་ཏུ་ཕྲ་མོས་སྙིང་པོ་སྒྲིབ་པའི་ཕྱིར། །ཕྱི་ནས་སྐྱེ་འགྱུར་དེ་ལྟར་གནས་པས་ན། །ཡིད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་ནས། །བདེ་གཤེགས་སྙིང་པོའི་ཁམས་སྒྲིབ་གྱུར་པ་ཡིན། །དེས་ན་འདི་ཀུན་རབ་ཏུ་ཤེས་པ་གཅེས། །རིག་པས་འདོར་ཕྱིར་ལུས་ཞེས་བཤད་པ་སྟེ། །བདེ་གཤེགས་སྐུ་ནི་མི་གཡོ་འཕོ་འགྱུར་མེད། །རང་བཞིན་འདུས་མ་བྱས་ཕྱིར་ལྷུན་གྲུབ་ཕྱིར། །འཕོ་དང་འགྱུར་བ་མེད་ཅེས་གསུངས་པ་ཡིན། །རྣལ་འབྱོར་གྲུབ་པ་འོད་ཀྱི་ལུས་དེ་ཉིད། །སྒྲིབ་པ་སྤང་ཕྱིར་སྙིང་པོའི་རང་བཞིན་ཕྱིར། །བསམ་གཏན་ལུས་དང་ཁྱད་པར་ཤིན་ཏུ་ཆེ། །རྣམ་སྨིན་བག་ཆགས་དག་ལས་སྐྱེས་པ་དང་། །བག་ཆགས་མ་སྐྱེས་ལྷུན་གྲུབ་ཁྱད་པར་འཕགས། །གང་ཕྱིར་རང་བཞིན་སྤྲུལ་སྐུའི་བགྲོད་ཚུལ་ཡང་། །རང་སྣང་དག་ཕྱིར་མངོན་སུམ་བྱིན་རླབས་ཕྱིར། །ངང་གིས་སྣང་བ་རིག་པའི་ཡོན་ཏན་ཡིན། །(༡༡༦)དེ་ཕྱིར་ཆོས་ཚུལ་རིན་ཆེན་སྙིང་པོའི་དོན། །འོད་གསལ་མངོན་སུམ་ལྷུན་གྲུབ་ངོ་མཚར་འཕགས། །

དེ་ལྟར་རབ་ཟབ་མདོ་རྒྱུད་སྙིང་པོ་དང་། །མཐུན་སྦྱར་ཡིད་ཆེས་མཁས་པའི་འཇུག་ངོགས་འདི། །ཐེག་མཆོག་འོད་གསལ་སྙིང་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་བཀོད། །དགེ་བ་དེ་ཡིས་མཁའ་མཉམ་སེམས་ཅན་ཀུན། །ལྷུན་གྲུབ་ཡངས་པ་ཆེན་པོའི་གནས་བགྲོད་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གཉིས་ཀའི་ཡང་ཡིག་ལུང་དོན་མཐུན་པ་ནམ་མཁའ་ཀློང་ཆེན་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ནམ་མཁའ་ཀློང་ཡངས་ཀྱི་བསྡུས་དོན་ཡེ་ཤེས་ཀྱི་ཕྲེང་བ།

༄༅། །ནམ་མཁའ་ཀློང་ཡངས་ཀྱི་བསྡུས་དོན་ཡེ་ཤེས་ཀྱི་ཕྲེང་བ་བཞུགས་སོ། །

༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ། ལྟ་བ་རྣམ་དག་ནམ་མཁའ་ཀློང་ཡངས་ཀྱི་དོན་བཤད་པ་ལ་གསུམ་ཏེ། མན་ངག་བཤད་པ་ལ་འཇུག་པའི་རྒྱུ། ལུས་དངོས་ཀྱི་དོན། ཡོངས་སུ་རྫོགས་པ་མཇུག་གི་དོན། དང་པོ་ལ་གསུམ་ཏེ། མཚན་ནམ་མཁའ་ཡི་རྣམ་གྲངས་འགོད་པ། ཕྱག་དཔལ་གྱི་མཆོད་པར་བརྗོད་པ། རྩོམ་པར་གནས་ལུགས་དམ་བཅའ་བའོ། །

དོན་གཉིས་པ་ལུས་དངོས་ཀྱི་དོན་ལ་གསུམ་ཏེ། གཤིས་དངོས་ཀྱི་གནས་ལུགས་སྤྱིར་གཏན་ལ་དབབ་པ། ལྟ་བསྒོམ་སྤྱོད་འབྲས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་ཡངས་དོག་གཤིས་ཀྱི་གནས་ལུགས་ངོས་བཟུང་བ། དམིགས་ཇི་སྲིད་གཏད་ཞེན་པའི་སེམས་སྤང་བ། གནས་གང་ཡང་ལུགས་དོན་གྱི་ངོ་བོ་བསྟན་པ། འཁྲུལ་ཇི་ལྟར་རྟོག་བློའི་ཐེ་ཚོམ་བསལ་བ། གདོད་མི་གཡོ་ནས་དག་པའི་རང་བཞིན་བཤད་པ། གནས་ཇི་ལྟར་ལུགས་དེའི་མཚོན་དཔེ་བཤད་པ། རང་བཞིན་འདི་ལྟར་གཤིས་ཀྱི་ལ་བཟླ་བསྟན་པ། དམིགས་དེ་ལྟར་མེད་དོན་གྱི་སྙིང་རྗེ་བསྐྱེད་པ། མཚོན་དེ་ལྟར་དཔེ་དོན་གྱི་དགོངས་པ་བསྟན་པ། དམིགས་མེད་རྨོངས་པ་ཞེན་པའི་འཆིང་བ་བཅད་པ། ཁམས་གསུམ་གང་ཚེ་སེམས་ཀྱི་འབྲེལ་ཐག་བཅད་པ། སྣང་བ་གཏི་མུག་སེམས་ཀྱི་ལོག་རྟོག་དགག་པ། ཡིན་ལུགས་འདི་ལྟར་དོན་གྱི་གནས་ལུགས་བསྟན་པ། གཤིས་ཀྱི་བཙལ་བའི་རང་བཞིན་གཏན་ལ་དབབ་པ། རང་རིག་གང་ཚེ་དོན་གྱི་ངོ་བོ་བསྟན་པ། ཡོད་མེད་ད་ལྟའི་བློའི་སྒྲོ་འདོགས་བཅད་པ། ཐམས་ཅད་མ་ལུས་རང་བྱུང་གི་ཡེ་ཤེས་སུ་དོན་བསྡུ་བ་དང་བཅུ་བདུན་ནོ། །

དོན་གཉིས་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་དེ་ལྟར་གནས་ལུགས་ལྟ་བའི་འབྲེལ་འགོད། རང་ལུས་ངག་དངས་སྒོམ་པའི་ངང་བསྟན། རིས་མེད་འཆར་བ་སྤྱོད་པའི་གཤིས་བསྟན། དགོངས་རེ་དང་པ་ཡེ་ཤེས་ཆེན་པོའི་དོན་བསྟན། འབྱུང་འཇུག་རང་བཞིན་དྲན་བསམ་བྲལ་བའི་དབྱིངས་བསྟན། རང་དངས་དངས་གསལ་རྙོག་པ་མེད་པའི་གཤིས་བསྟན། རེ་དོགས་བཅོས་གདོད་ནས་བསླད་མེད་པའི་དབྱིངས་བསྟན། ཡུལ་སྣང་སྣ་ཚོགས་བདེན་མེད་ཕྱལ་པའི་གཤིས་བསྟན། གནས་ལུགས་རི་བོ་ཅོག་བཞག་ཆེན་པོའི་དོན་བསྡུ། གནས་ལུགས་དུས་གསུམ་དོན་གྱི་དགོངས་པར་ཐག་བཅད། ཁམས་གསུམ་གང་དུ་བློ་ལས་འདས་པར་ལ་བཟླ། ཡིན་ལུགས་འདི་ནི་དོན་གྱི་དགོངས་པར་ཐག་བཅད། རང་བབས་མ་བཅོས་གཤིས་ཀྱི་གནས་ལུགས་ངོས་བཟུང་། ལྟ་བ་གནས་ལུགས་གནས་ལུགས་ཆེན་པོའི་དོན་བསྡུ་བ་དང་བཅུ་བཞིའོ། །

གཉིས་པ་བསྒོམ་པ་ལ་གཉིས་ཏེ། གནས་གཞི་ཉིད་ལུགས་དོན་གྱི་སྒོམ་པ་མདོར་བསྟན། རང་མི་སྤྲོ་བབས་ལྷུན་གྲུབ་ཆེན་པོའི་སྒོམ་པ་རྒྱས་པར་བཤད་པའོ། །གསུམ་པ་སྤྱོད་པ་ལ་གསུམ་ཏེ། སྤྱོད་པ་ངང་དེར་སྤྱིའི་ངོ་བོ་མདོར་བསྟན། མཉམ་བཞག་མཉམ་བཞག་དང་རྗེས་ཐོབ་ཀྱི་རྗེས་སྣང་སྤྱོད་པ་རྒྱས་པར་བཤད། དེ་གཉིས་ཀའི་མཉམ་རྗེས་དོན་བསྡུ་བའོ། །བཞི་པ་འབྲས་བུ་བསྟན་པ་ལ་གསུམ་ཏེ། ངོ་བོ་འདི་ལྟར་ངོས་བཟུང་། རྣམ་གྲངས་རང་རིག་སོ་སོར་འགོད། ཡིན་ལུགས་ཆོས་རྣམས་སྒྲོ་འདོགས་གཅོད་པའོ། །

སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་བཞི་སྟེ། གང་གིས་སྦྱར་བ་དེ་ལྟར་བརྩམས་པའི་མཚན་བརྗོད་པ། དམིགས་པ་དེང་སང་མེད་པའི་སྙིང་རྗེ་བསྐྱེད་པ། དགེ་བ་ཡང་དག་བྱང་ཆུབ་ཏུ་བསྔོ་བ། ཡོངས་སུ་ཁྲེགས་ཆོད་རྫོགས་པར་བསྟན་པའོ། །རྒྱབ་ཡིག་གི་དོན་བསྡུས་པ་ཡེ་ཤེས་ཀྱི་དོན་བསྡུས་པ་རྫོགས་སོ།། །།

ནམ་མཁའ་ཀློང་གསལ་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ།

༄༅། །ནམ་མཁའ་ཀློང་གསལ་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །

༄༅། །ཐོད་རྒལ་གྱི་རྒྱབ་ཡིག་ནམ་མཁའ་ཀློང་གསལ་ལ་དོན་རྣམ་པ་གསུམ་སྟེ། མན་ངག་ལ་འཇུག་པ་རྒྱུའི་དོན། ལུས་དངོས་ཀྱི་དོན། རྫོགས་པ་མཇུག་གི་དོན། དང་པོ་ལ་གསུམ་སྟེ། ནམ་མཁའ་མཚན་གྱི་དོན་སྟོན། དཔལ་མདོ་དང་། རྒྱས་པས་མགོན་པོ་ཕྱག་གི་དོན། གདོད་མའི་རྩོམ་པར་དམ་བཅའ་བའོ། །

སྤྱི་དོན་གཉིས་པ་ལ་གསུམ་སྟེ། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། འབྲས་བུས་གྲོལ་ཚུལ་བསྟན་པའོ། །དང་པོ་ལྔ་སྟེ། དང་པོ་གདོད་མའི་སྤྱི་གཞི། དེ་ལས་གཞི་སྣང་གི་འཆར་ཚུལ། དེ་ཚེ་ཀུན་ཏུ་བཟང་པོའི་གྲོལ་ཚུལ། མ་རིག་སེམས་ཅན་གྱི་འཁྲུལ་ཚུལ། དེ་ལྟར་གཞི་ཆོས་སྐུས་ཐམས་ཅད་ལ་ཁྱབ་ཚུལ་བསྟན་པའོ། །དོན་གཉིས་པ་ལམ་ཉམས་སུ་བླང་བ་ལ་གཉིས་ཏེ། འཁྲུལ་པ་དོན་གྱི་འབྲེལ་འགོད་པ་དང་། ལས་དངོས་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ལམ་གྱི་ཆིངས་མདོར་བསྟན་པ་དང་། ལམ་སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གསུམ་ཏེ། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་པ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་དབྱུང་བའོ། །དང་པོ་ལ་བཞི་སྟེ། དོན་གྱི་འབྲེལ་འཁྲུལ་པ་འགོད། སྒྲོན་མ་བཞི་ངོས་བཟུང་། མུན་པའི་འཁོར་སྒོ་དགག །མདོ་དང་རྒྱས་པས་སྣང་བ་བཞིའི་འཆར་ཚུལ་བསྟན་པའོ། །

གཉིས་པ་ལ་བཞི་སྟེ། སྤྱིའི་ལམ་ནི་ཆིངས་ངོས་བཟུང་། དབང་དང་པོ་པས་སྨིན་པར་བྱས། གདམས་དང་པོ་པས་གྲོལ་བར་བྱ། སྒྲོན་མ་བཞི་སོ་སོར་བཤད་པའོ། །དེ་ལ་གསུམ་སྟེ། སྒྲོན་མ་སྒྲོན་མ་བཞིའི་མཚན་ཕྱིར་བསྟན་པ། དབྱིངས་དབྱིངས་རྣམ་པར་དག་པའི་སྒྲོན་མ། རྒྱང་ཞགས་རྒྱང་ཞགས་ཆུའི་སྒྲོན་མ། ཐིག་ལེ་ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་ཤེས་རབ་རང་བྱུང་གི་སྒྲོན་མ་བཞི་བྱེ་བྲག་ཏུ་བཤད་པ། དེ་ཚེ་ཁྲེགས་ཆོད་ཐོད་རྒལ་དབྱེར་མེད་གཅིག་པས་དོན་བསྡུ་བའོ། །དོན་གསུམ་པ་མུན་པའི་འཁོར་སྒོ་དགག་པ་ལ་གཉིས་ཏེ། དེང་སང་རྨོངས་པ་སྤྱིའི་སྒོམ་ཚུལ་དང་། མགྲིན་བཟང་སྙིང་ཏིག་དགོས་ཀྱི་ལོག་རྟོག་དགག་པའོ། །དོན་བཞི་པ་སྣང་བ་བཞིའི་འཆར་ཚུལ་བསྟན་པ་ལ། གང་ཚེ་མདོར་བསྟན་པ་དང་། རྒྱས་བཤད་གཉིས། དེ་ལ་བཞི་སྟེ། དང་པོ་ཆོས་ཉིད་མངོན་སུམ། གཉིས་པ་ཉམས་གོང་འཕེལ། གསུམ་པ་རིག་པ་ཚད་ཕེབས། བཞི་པ་ཆོས་ཉིད་ཟད་པའི་སྣང་བའོ། །

སྤྱི་དོན་གཉིས་པ་འབྲིང་བར་དོར་གྲོལ་བར་བསྟན་པ་སྟེ། གཉིས་པ་གཞིར་སྣང་གི་འཆར་ཚུལ་སྤྱིར་བསྟན། ཆོས་ཉིད་བར་དོའི་འཆར་ཚུལ་བྱེ་བྲག་ཏུ་བཤད། སྲིད་པ་དེའི་ཚེ་བར་དོའི་སྣང་ཚུལ་བསྟན་པའོ། །དོན་གསུམ་པ་རང་བཞིན་སྤྲུལ་སྐུའི་གྲོལ་ཚུལ་ལ་གསུམ་ཏེ། ངོ་བོ་མདོར་སྤྲུལ་སྐུར་བསྟན། རྣམ་པ་རྒྱས་པར་བཤད་མངོན་དགའ། ངོ་མཚར་བས་འདི་ནི་དོན་བསྡུ་བའོ། །སྤྱི་དོན་གསུམ་པ་འབྲས་བུ་གྲོལ་ཚུལ་ལ་གསུམ་སྟེ། གསུམ་པ་དག་པ་གཉིས་ལྡན་གྱི་ཆོས་སྐུ་སྤྱིར་བསྟན། འབྱུང་བ་དེ་ཚེ་ལྔ་དག་ཚུལ་གྱི་ལོངས་སྐུ་བྱེ་བྲག་ཏུ་བཤད། སྐུ་དང་ཆོས་སྐུ་ཡེ་ཤེས་ཀྱི་དོན་བསྡུ་བའོ། །

སྤྱི་དོན་ཐ་མ་རྫོགས་པ་མཇུག་གི་དོན་ལ་ལྔ་སྟེ། དགེ་བ་དེ་ལྟར་བསྔོ་བ། ཟབ་འདི་ནི་དོན་གདམ་པ། གང་གིས་དཔལ་ལྡན་བཀོད་པ། ཤིས་པ་དགེ་བས་བརྗོད་པ། མཚན་ཐོད་རྒལ་གྱི་རྫོགས་ཚུལ་བསྟན་པའོ། །ཐོད་རྒལ་གྱི་རྒྱབ་ཡིག་ནམ་མཁའ་ཀློང་གསལ་གྱི་འབྱེད་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།དགེའོ།། །།

ནམ་མཁའ་ཀློང་ཆེན་གྱི་བསྡུས་དོན་འོད་ཀྱི་ཕྲེང་བ།

༄༅། །ནམ་མཁའ་ཀློང་ཆེན་གྱི་བསྡུས་དོན་འོད་ཀྱི་ཕྲེང་བ་བཞུགས་སོ། །

༄༅། །ནམ་མཁའ་ཀློང་ཆེན་གྱི་གནས་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། མན་ངག་བཤད་པ་ལ་འཇུག་པ་རྒྱུའི་དོན། ལུས་དངོས་ཀྱི་དོན། ཡོངས་སུ་རྫོགས་པ་མཇུག་གི་དོན། དང་པོ་ལ་གསུམ་སྟེ། མཚན་གྱི་དོན། མདོ་དང་རྒྱས་པའི་ཕྱག་གི་དོན། བརྩམ་པར་དམ་བཅའ་བའོ། །

སྤྱི་དོན་གཉིས་པ་ལུས་དངོས་ཀྱི་དོན་རྒྱས་པར་བཤད་པ་ལ་(༡༡༦)གསུམ་སྟེ། ལམ་གཞི་དབྱིངས་ཀྱི་ངོ་བོ། ལམ་གྱི་རང་བཞིན། ལམ་མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་དགུ་སྟེ། དབྱིངས་ཀྱི་གོ་དོན་ངོས་གཟུང་། ཡོད་ཀྱང་མ་མཐོང་། ཡོད་པའི་དཔེ་དགོད། ཀུན་ཏུ་བཟང་པོའི་གྲོལ་ཚུལ་གཏན་ལ་དབབ། མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ངོས་གཟུང་བ་དང་། ཉོན་མོངས་ཀྱི་མཚོན་དཔེ་གསལ་བར་བཤད་པའོ། །

དོན་གཉིས་པ་ལམ་དངོས་ཀྱིས་གཏན་ལ་དབབ་པ་ལ་གཉིས་ཏེ། ལམ་སྤྱིའི་འགྲེལ་དགོད་པ་དང་། བྱེ་བྲག་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ་ངོ་བོ་ཁྲེགས་ཆོད་ཀྱི་༼གནས་མདོ་སྤྱི་སྒོས། དེ་ལས་འཁོར་འདས་ཀྱི་འཆར་ཚུལ་བྱེ་བྲག་ཏུ་བཤད། དབྱིངས་ཀྱི་༽རང་བཞིན་སྤྱིར་བསྟན་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། འཁོར་བ་འཁྲུལ་པའི་རང་སྣང་དོན་ལ་ཡོད་མ་མྱོང་བར་གཏན་ལ་དབབ་པ། མེད་སྣང་མཚོན་དཔེ་གཞི་འབྲས་སྟོང་པ་ཆེན་པོར་ཐག་གཅད། གཟུང་འཛིན་གཞི་ནས་དག་པ་གདོད་མའི་དབྱིངས་སུ་ལ་བཟླ་བའོ། །

གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་བདུན་ཏེ། ཐོད་རྒལ་དོན་གྱི་འབྲེལ་དགོད་པ། གདངས་གསུམ་སོ་སོའི་རང་བཞིན་ངོས་གཟུང་བ། སྣང་བཞི་སོ་སོའི་(༡༡༧)འཆར་ཚུལ་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་སྤྱིར་དགོད། ཉམས་གོང་འཕེལ་གྱི་སྣང་བ་བྱེ་བྲག་ཏུ་བཤད། རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་པར་བསྟན། ཆོས་ཉིད་ཟད་པའི་སྣང་བ་གཏན་ལ་དབབ། དེ་ཐམས་ཅད་ཀྱི་དོན་བསྡུའོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་པར་བསྟན་པ་ལ་དོན་བདུན། ངོ་བོ་ངོས་གཟུང་། མཚོན་དཔེས་གཏན་ལ་དབབ། མཚོན་དཔེའི་དོགས་པ་དགག །གསལ་བའི་དཔེ་བརྗོད། ཡོན་ཏན་གྱི་འཆར་ཚུལ་བསྟན། རྨོངས་པའི་ལོག་རྟོག་དགག །ཡང་དག་པའི་དོན་བསྡུ་བའོ། །དེ་ཐམས་ཅད་ཀྱི་དོན་བསྡུ་བ་ལ་གཉིས་ཏེ། སྣང་བཞིའི་གདངས་ཀྱི་འཕེལ་འགྲིབ་ངོས་གཟུང་བ་དང་། ཀུན་གཞི་རྣམ་ཤེས་དང་བཅས་པའི་ལྡོག་ཚུལ་གཏན་ལ་དབབ་པའོ། །

དོན་གསུམ་པ་མཐར་ཕྱིན་པའི་འབྲས་བུ་ལ་བདུན་ཏེ། དག་པ་གཉིས་ལྡན་གྱི་ས་ངོས་གཟུང་། སྐུ་གསུམ་ལྷུན་འགྲུབ་ཀྱི་འབྲས་བུ་གཏན་ལ་དབབ་པའོ། །ཐུགས་རྗེ་ཕྲིན་ལས་ཀྱི་མཛད་པ་སོ་སོར་དབྱེ་བ། མཛད་ཚུལ་སྤྲུལ་སྐུའི་མཐུན་དཔེ་གཏན་ལ་དབབ། སྦྱང་གཞི་སྦྱོང་བྱེད་ཀྱི་གོ་དོན་སོ་སོར་བླང་། ལུས་གསུམ་སོ་སོའི་རྣམ་པར་དབྱེ་བ་བསྟན། ཞར་ལ་སྤྲུལ་སྐུའི་བགྲོད་ཚུལ་གཏན་ལ་དབབ་པའོ། །སྦྱང་གཞི་སྦྱོང་བྱེད་ཀྱི་གོ་དོན་སོ་སོར་བླང་བ་ལ་བཞི་སྟེ། སྦྱང་གཞི་རིགས་ཀྱི་རང་བཞིན། སྦྱང་བྱ་དྲི་མའི་ཆོས། སྦྱོང་བྱེད་ལམ་གྱི་ངོ་བོ། སྦྱངས་འབྲས་འབྲས་བུའི་རང་བཞིན་བསྟན་པའོ། །ལུས་གསུམ་སོ་སོའི་རྣམ་དབྱེ་བསྟན་པ་ལ་གསུམ་སྟེ། སྤྱིའི་འགྲེལ་དགོད། བྱེ་བྲག་ཏུ་སོ་སོར་བཤད། ཐེ་ཚོམ་གྱི་གནས་སྤང་བའོ། །

གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ་སྟེ། རྡོས་བཅས་ཤ་ཁྲག་གི་ལུས། དངས་པ་འོད་ཀྱི་ལུས། དྲན་པ་ཡིད་ཀྱི་ལུས་སོ། །དེ་ལ་གཉིས་ཏེ། རྣམ་རྟོག་ཡིད་ཀྱི་ལུས་དང་། རྟོག་མེད་ཏིང་ངེ་འཛིན་གྱི་ལུས་སོ། །གསུམ་པ་ཐེ་ཚོམ་གྱི་གནས་སྤང་བ་ལ་གཉིས་ཏེ། ལུས་དང་སྐུའི་ཁྱད་པར་བསྟན་པ་ལ། འོད་ལུས་གཉིས་ཀྱི་ཁྱད་པར་བསྟན་པའོ། །སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་གསུམ་སྟེ། རྩོམ་པ་པོའི་གང་ཟག་བསྟན་པ། དགེ་བ་བྱང་ཆུབ་ཏུ་བསྔོ་བ། མཚན་རྫོགས་པ་མཇུག་གི་དོན་གསལ་བར་བཤད་པའོ། །གཉིས་ཀའི་རྒྱབ་ཡིག་ནམ་མཁའ་ཀློང་ཆེན་གྱི་འགྲེལ་པ་བསྡུས་འགྲེལ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། རང་(༡༡༨)བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བུམ་ཐང་ཐར་པ་གླིང་དུ་སྦྱར་བ་དགེའོ། །དགེའོ། །མངྒ་ལཾ།། །།

བདེ་སྟོང་བདུད་རྩིའི་སྤྲིན་ཕུང་།

༄༅། །བདེ་སྟོང་བདུད་རྩིའི་སྤྲིན་ཕུང་བཞུགས་སོ། །

༄༅། །བདེ་ཆེན་བྱང་ཆུབ་མཆོག་གི་གནས། །ཡེ་ཤེས་རྒྱ་མཚོའི་ངང་ཉིད་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །བདུད་རྩིའི་སྤྲིན་ཕུང་གསལ་བར་བཤད། །

རྣལ་འབྱོར་པ་གང་ཞིག་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། སྙིང་པོའི་དོན་ལ་འཇུག་པར་འདོད་པས། ཁམས་བདེ་ཆེན་བྱང་ཆུབ་སེམས་ཀྱི་གདམས་ངག་ཉམས་སུ་བླང་བ་ལ་ལྔ་སྟེ། ཕྱག་རྒྱའི་ངོ་བོ། སྔོན་འགྲོའི་རྩལ་སྦྱང་། དངོས་གཞིའི་ཉམས་ལེན། རྗེས་ཀྱི་བྱ་བ། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་དྲུག་ལས། ཕྱག་རྒྱའི་རང་བཞིན་ནི། སྤྱིར་དད་པ་དང་སྙིང་རྗེ་ཆེ་བ། བརྩོན་འགྲུས་དང་ཤེས་རབ་ཆེ་བ། སྒྲུབ་པ་པོ་ལ་གུས་ཤིང་གསང་ཐུབ་པ། བདེ་བ་ཆེ་ཞིང་ཡིད་དུ་འོང་བ། ངང་རྒྱུད་དལ་ཞིང་ཕྱི་ཐག་རིང་བ་ཡིན་ལ། ཁྱད་པར་དུ་དུང་ཅན་མ་ནི་བོངས་ཆུང་ལ་སྐྲ་ལི། བྱད་ཟླུམ་ལ་སོ་ཚགས་དམ། མདོག་དཀར་ལ་དལ་ཆགས་པ་སྟེ། པདྨའི་ཟེ་བ་གཡས་དྲང་པོ་ན་བདེ་བའི་རྩ་ཡོད་པས་དེར་གཏད་དོ། །པདྨ་ཅན་ནི་མདོག་ནག་ཅིང་ཡན་ལག་རགས་པ། ཁྲོ་མོ་འདྲ་ཞིང་སྐད་སྦོམ། སྐྲ་ནག་ཅིང་ཤུགས་དྲག་པ་སྟེ། པདྨའི་ཟེའུ་འབྲུའི་རྩེ་ལ་རྩ་ཡོད་པས་དེར་གཏད་དོ། །བ་ལང་ཅན་ནི་གཟུགས་ཕྲ་ཞིང་མདོག་སེར་སྐྲ་ཁམ་ཞིང་སྐད་ཕྲ། སོ་སྲབ་ཅིང་རྒྱན་ལ་དགའ་བ་སྟེ། པདྨའི་ཟེའུ་འབྲུའི་འོག་དྲང་པོའི་སོར་བཞིའི་གཏིང་ན་རྩ་ཡོད་པས་དེར་གཏད་དོ། །རི་མོ་ཅན་ནི་མདོག་སྔོ་ལ་བོངས་ཆེ། སྨྲ་ལ་དགའ་ཞིང་སྐད་ཆེ་བ་སྟེ། བཤང་བའི་ལམ་དངོས་ཀྱི་སྟེང་ན་རྩ་ཡོད་པས་དེར་གཏད་དོ། །ཕྱག་རྒྱ་དགུག་པ་ལ་གསུམ་ལས། འཁོར་ལོ་ནི་དར་དམར་ལ་རྩིབས་བཅུ་པ། ལྟེ་བ་མུ་འཁྱུད་དང་བཅས་པའི་ལྟེ་བར། ཧྲཱི་ཆེ་གེ་མོ་ཨཾ་ཀུ་ཤ་ཛཿཁུག་ཛ་ཛཿརྩིབས་བཅུ་ལ། ཡ། ཙ། བྷི། ར། མ། ས། མ། དྷ། གུ། ར། མུ་ཁྱུད་ལ། ཨཱ་ལི་བཅུ་དྲུག་༼དང་ཀཱ་ལི་སོ་བཞི་ཟེར་བའང་འདུག་༽རྣམས་རྒྱ་སྐེགས་དང་། མཚལ་དང་། ལྡོང་རོས་དང་། པདྨ་རཀྟ་དང་། ཁྲའི་སྒོ་ངའི་སེར་མོ་རྣམས་བསྲེས་པས་བྲིས་ལ། མོའི་དགུག་གཞུག་ཡང་ཡང་བྱས་ནས། སྔགས་དེ་དག་བརྒྱ་རྩ་བརྒྱད་དང་། རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ཏེ་ཤིས་པ་བརྗོད་ལ། རང་གི་ལག་པ་གཡས་པར་(༡༡༩)ཡི་གེ་ཕྱིར་བསྟན་ནས་གླན་ཏེ། གཞན་གྱིས་མི་མཐོང་ཞིང་མོས་མཐོང་བར་བསྟན་ལ། ཤོག་ཤོག་ཛ་ཛཿ། ཞེས་བརྗོད་པས་འོང་ངེས་སོ། །རིལ་བུ་ནི་བྱ་རྒོད་ཀྱི་རུས་པ། རང་གི་བྱང་སེམས། ཁྱིའི་ཕོ་མཚན་གྱི་དྲེགས་པའམ་ཐིག་ལེ་སྦྲང་རྩི་དང་ཆ་མཉམ་སྟེ། བཟའ་བཏུང་ལ་སྦྱར་ནས་བྱིན་ན་སྐྱེས་པ་དང་བུད་མེད་གང་ཡང་འདུའོ། །ཐིག་ལེས་དགུག་པ་ནི། མིའི་ལག་ངར་གཡས་པའི་རུས་པ་དང་། ཁྱིའི་ལག་ངར་གཡས་པའི་རུས་པ་བསྲེགས་པའི་ཐལ་བ། བྱ་རྒོད་ཀྱི་བྲུན། བྲག་ཕུག་བྱང་བལྟས་ནང་གི་རྩྭ་རྩེ་མོ་ལྷོར་བལྟས་དང་བཞི་སྦྱར་བའི་ཐིག་ལེ་དཔྲལ་བར་བྱུགས་ལ་ཉིན་ཕྱེད་ན་མོས་མཐོང་སར་ཕྱིན་པས་འདུ་ངེས་སོ། །ཕྱག་རྒྱ་བྱིན་གྱིས་བརླབ་པ་ནི། ཆོས་དགེ་བ་བཅུ་བཤད་པ་དང་། ཐེག་པ་ཆེན་པོའི་ཡོན་ཏན་བརྗོད་པ་དང་། ཐབས་ལམ་ཟབ་མོའི་ཡོན་ཏན་སྒྲོགས་པ་དང་། དབང་བསྐུར་བ་དང་། ལྷའི་སྐུར་བསྒོམ་དུ་གཞུག་པ་རྣམས་བྱའོ། །རྩ་བསླང་བ་ནི། ཆགས་པའི་གཏམ་བྱ་བ་དང་། འཁྱུད་པ་དང་། ལྕེ་འདྲུད་པ་དང་། འོ་བྱ་བ་དང་། གཡའ་སྒོག་པ་དང་། ནུ་མ་མཉེ་བ་ལ་སོགས་པ་ཉི་མ་འགར་བྱས་པས་རྩ་ལྡང་ངོ་། །རྩ་བཙལ་བ་ནི། དེ་ནས་བྱེའུ་སྒོག་པ། ཁྱི་སྒོག་པ། ཐ་རམ་པ། ལྡུམ་བུ་རེ་རལ། གཡེར་མ། གླང་བུ་ལང་ལོང་རྣམས་ཞིབ་པར་བཏགས་ལ། གུ་གུལ་སྲན་མ་ཙམ་དང་སྦྱར་ནས། མར་སར་དང་བསྲེས་ཏེ་རིལ་བུ་ལུག་གི་རིལ་མ་ཙམ་བྱས་ནས་བྱིན་པས། བདེ་བའི་རྩ་འདབ་ཁ་ཕྱེ་ནས་འོང་ངོ། །རྩ་གཟུང་བ་ནི། དེ་ནས་རིལ་བུ་དེའི་ལྡེའི་གུ་པདྨའི་ཟེའུ་འབྲུའི་འོག་ཏུ་བྱུགས་པས་རྩ་མི་འབྲོས་པར་གནས་སོ།། །།

དོན་གཉིས་པ་སྔོན་འགྲོའི་རྩལ་སྦྱང་བ་ནི། ཕྱག་རྒྱ་མོ་ལ་སྦྱོར་ནུས་པ་ལ་ཁམས་ལས་སུ་རུང་དགོས་པས། དང་པོ་སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་པའི་ལག་པ་གཉིས་པུས་མོ་ལ་བཀབ་ལ། རླུང་གསུམ་ཕྱིར་བུས་ནས་དལ་བུས་ལྟེ་བར་ཁ་སྦྱར་ལ་བཟུང་སྟེ། རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་རོ་རྐྱང་གི་མར་སྣ་དབུ་མར་ཚུད་པར་བསམ་ལ། ལྟེ་བའི་ཨ་ཐུང་ལས་མེ་འབར་རོ་རྐྱང་ནས་སྤྱི་བོའི་བར་དུ་སོང་། ཐིག་ལེ་ཡེ་ཤེས་ཀྱི་སྒྲོན་མ་དཀར་དམར་ལ་རེག་པས་བདུད་རྩི་དཀར་དམར་བབས་པ་གསང་བར་སླེབས་ནས་བདེ་བ་ཕྲིལ་ཕྲིལ་རྒྱས་པ་ལ་སེམས་གཏད་ལ་དར་ཅིག་བསྒོམས་རྗེས། ཐིག་ལེ་དབུ་མ་ནས་ཡར་ལྡོག་སྟེ། (༡༢༠)སྤྱི་བོའི་སྒྲོན་མ་ཉིད་ལ་ཐིམ་དུས། སྒྲོན་མ་ཡང་མཁའ་མཉམ་ནམ་མཁའ་ལྟ་བུའི་ངང་དུ་སྨྲ་བརྗོད་སྤྲོས་པ་མེད་པར་གཞག་ཅིང་། དབབ་པ་དང་། གཟུང་བ་དང་། ལྡོག་པ་དང་། དགྲམ་པའི་འཁྲུལ་འཁོར་ཡང་འདི་དག་གི་སྐབས་སུ་ཤེས་པར་བྱའོ། །དེ་ལ་དབབ་དུས་ལུས་གནད་སྐྱིལ་ཀྲུང་གོང་དང་འདྲ་བ་ལས། རླུང་མར་བརྫངས་ཏེ་གསང་བར་ཡིད་ཀྱི་རིག་མ་དང་སྦྱོར་བ་ལ་དམིགས་པ་གཏད་ཅིང་། ཨ་ཨ་ཞེས་དྲག་ལ་རིང་བར་བཟླས་པས་གསང་བར་བདེ་བ་མི་བཟོད་པ་སྐྱེ་དུས་རླུང་གསང་བར་གཟུང་ལ། རྡོ་རྗེའི་བུམ་པ་ན་ཧཱུྃ་སྔོན་པོ་མེ་འབར་བས་བཀག་ནས་ཁམས་མི་འཛག་པར་བསམ་ལ། ཨཱི་ཞེས་རིང་པོ་བརྗོད་པས་ཁམས་བརྟན་ཞིང་བདེ་བ་ཆེར་སྐྱེའོ། །དེའི་ངང་ལ་བཅོས་བསླད་མེད་པར་དར་ཅིག་བཞག་ནས། གྱེན་ལ་དྲང་བ་ནི་རྟིང་པ་སྤྲད་དེ་གསང་བར་གཏད། ཁུ་ཚུར་བཅངས་ཏེ་མཁལ་ཁུང་དུ་བཅར། རྒྱུ་མ་སྒལ་པ་ལ་འུབ་བཏང་། ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་དྲག་ཏུ་གཏད་ནས་ཧཱུྃ་རིང་པོར་བཟླས་ཏེ། རླུང་གྱེན་ལ་འཐེན་ནས་གསང་བའི་ཐིག་ལེ་འཁོར་ལོ་བཞི་མས་ནས་ཡར་རིམ་པས་བཀང་བ་གཅིག་ལ་གཅིག་ཐིམ། སྤྱི་བོའི་སྒྲོལ་མ་ལ་ཐིམ་པར་བསམ་མོ། །དགྲམ་པ་ནི་དེ་ནས་གན་རྐྱལ་དུ་པུས་བྲང་སྦྱར་ལ་སོར་མོ་རྣམས་བསྐུམས་ཏེ། རླུང་ཐུར་དུ་བརྫངས་ལ་ཁམས་ཀྱང་སྒྲོན་མ་ལས་ཐམས་ཅད་དུ་ཁྱབ་པར་བསམ་པའི་རྗེས་ལ། ཡན་ལག་བརྐྱང་ལ་རླུང་དལ་བུས་བྱ། སེམས་མི་རྟོག་པར་བཞག་པས་ཁྲེམས་སོ། །ངག་གི་གནད་དུ་མི་སྨྲ་བ་ཡིན་ནོ། །དེ་ལྟར་ཟླ་བ་གཅིག་སྦྱངས་པས་ཁམས་ལས་སུ་རུང་སྟེ། ཕྱག་རྒྱ་བསྟེན་པ་ལ་དབང་ངོ་།། །།

དོན་གསུམ་པ་དངོས་གཞི་ཉམས་སུ་བླང་བ་ལ་གསུམ་སྟེ། སྦྱོར་བ་སྙོམས་པར་ཞུགས་པ། དངོས་གཞི་ཉམས་སུ་བླང་བ། རྗེས་ཇི་ལྟར་བསྐྱང་བའོ། །

དང་པོ་ནི། ཡབ་ཡུམ་གཉིས་ཀ་ཀུན་བཟང་ཡབ་ཡུམ་སྔོན་པོ་སྙོམས་འཇུག་གི་ཕྱག་རྒྱ་ཅན་གྱི། ཡུམ་གྱི་མཁའ་པདྨ་དམར་པོ་འདབ་བཞིའི་དབུས་ན་ཉི་ཟླའི་དཀྱིལ་འཁོར་ཅན་དང་། ཡབ་ཀྱི་གསང་བ་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་བསམས་ལ། འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་ཐབས་ཀྱིས་དགྱེས་པ་བསྐྱེད་ལ་དལ་གྱིས་ཞུགས་པས། པདྨ་ཉི་ཟླའི་གདན་ལ་རྡོ་རྗེ་གནས་པ་ལ་སེམས་གཟུང་ངོ་། །

གཉིས་པ་ལ་ལྔ་ལས། དང་པོ་ཐིག་ལེ་དབབ་པ་ནི། རྡོ་རྗེ་བདེ་བའི་རྩ་ལ་གཏད་དེ་ཅུང་ཟད་སྤྱོད་ལ་རྐང་ལག་གི་སོར་མོ་བརྐུམ་སྟེང་རླུང་གནན། འོག་རླུང་(༡༢༡)བསྡོམ། ངག་ཏུ་ཧྲཱིཿརིང་པོ་བརྗོད་ཅིང་། སྤྱི་བོའི་སྒྲོན་མ་ལས་ཐིག་ལེ་བབ་པ། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་ནས། གསང་བའི་བར་ཁེངས་པར་བསམ་ལ། དར་ཅིག་མཉམ་པར་བཞག་པས་ཡས་བརྟན་གྱི་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་བསམ་གཏན་བཞིའི་ངོ་བོ་ཅན་རིམ་པས་འཆར་བ་ངོས་གཟུང་ངོ་། །ཐིག་ལེ་བསྐྱིལ་ཞིང་གཟུང་བ་ནི། དེ་ནས་རྡོ་རྗེའི་བུམ་པར་སླེབས་དུས་ཡུམ་གྱི་ཐིག་ལེ་བྱུང་བ་དང་འདྲེས་པས་བདེ་བ། སྟོང་པ་འོད་གསལ་བའི་ཡེ་ཤེས་དབང་གསུམ་པའི་དགའ་བ་ལས་སྐྱེས་པའི། བཞི་པ་ཕྱག་རྒྱ་ཆེན་པོ་ཤིན་ཏུ་མི་རྟོག་པ་འཆར་ཏེ། དེའི་ཚེ་ལུས་གནད་སྔར་བཞིན་བསྡམས་ལ། ཨ་ཨཱ་ཞེས་རིང་པོར་བརྗོད་ནས། སེམས་གསང་བའི་བདུད་རྩིས་མི་གཡོ་བར་ཁེངས་པ་ལ་གཏད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་གཟུང་ལ། ཡུན་རིང་པོར་ལུས་ངག་ཡིད་གསུམ་མི་གཡོ་བར་བསྒོམ་མོ། །གལ་ཏེ་བདེ་བ་ཆེར་མ་སྐྱེས་ན་དལ་བུས་བསྲུབས་ལ་དེ་ཁོ་ན་བཞིན་བསྒོམས་པས་མི་སྐྱེ་མི་སྲིད་དོ། །ཅིས་ཀྱང་མི་ཐུབ་ན་རྟིང་པའི་མཐེ་བོང་གིས་འགྱུ་ལམ་བཀག་ནས་བསྒོམས་པས་ཐེ་ཚོམ་མེད་དོ། །དེ་ནས་ཐིག་ལེ་དྲང་བ་ནི། འོག་རླུང་དྲག་ཏུ་འཐེན་ལ་མིག་ལྡོག་ཅིང་མགོ་འདར་ཕྲིལ་ཕྲིལ་བསྒྲིལ་ནས། རྒྱུ་ཞབས་འུབ་འུབ་བྱས་ལ། ཧཱུྃ་རིང་བཟླས་ཤིང་གསང་བའི་ཁམས་རྣམས་གྱེན་ལ་ན་ར་ར་བྱུང་བས། འཁོར་ལོ་བཞི་མས་རིམ་ནས་གང་བ་སྤྱི་བོའི་སྒྲོན་མའི་བར་དུ་ཐིམ་པ་ལ་དམིགས་པ་གཏད་དོ། །དེ་ནས་ཐིག་ལེ་དགྲམ་པ་ནི། ལག་པ་གཡས་གཡོན་གྱི་མཐེབ་སྲིན་ས་ལ་བཙུགས་ཏེ། ལུས་ཀྱི་ལྗིད་ཕབ་ནས་སྟེང་རླུང་དྲག་ཏུ་བརྫངས་པའི་རྗེས་ལ་ཕཊ་ཕཊ་ཅེས་བདུན་ནམ་ཉེར་གཅིག་བརྗོད་ནས། རྩ་ཐམས་ཅད་ཐིག་ལེས་ཁྱབ་པར་བསམས་པས་ཁྲེམས་སོ། །དེ་ནས་ཡེ་ཤེས་ཆེན་པོར་ལ་བཟླ་བ་ནི། རྡོ་རྗེ་སྐྱིལ་ཀྲུང་བྱས་ཏེ་རླུང་དལ་བས་འགྱུ་བ་མི་ཚོར་བར་འབྱུང་རྔུབ་བྱ་ཞིང་། བདེ་བའི་ངང་ལ་སེམས་ཀྱི་བྱུང་ཚོར་རང་ཞིར་ལྷོད་ཀྱིས་གློད་ནས་བསྒོམས་པས། བདེ་སྟོང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྐད་ཅིག་གིས་རྒྱུད་ལ་འཆར་བ་ནི། ཀུན་བཟང་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ། གདོད་མའི་ཆོས་ཉིད་ཀ་དག་ཆེན་པོའི་ངང་ལ་གནས་པ་ཞེས་བྱའོ། །

རྗེས་ཇི་ལྟར་བསྐྱང་བ་ནི། དེ་ལྟ་བུའི་ངང་ལ་བློ་ཡང་དང་ཡང་དུ་གོམས་རྒྱུན་བསྲིང་ལ། ཐིག་ལེ་འབར་འཛག་ལ་སོགས་པས་ཉམས་སུ་བླང་བར་བྱའོ། །དེས་ནི་བདེ་ཆེན་ཡེ་ཤེས་ཀྱི་རོལ་པ་རྡོ་རྗེ་འཆང་(༡༢༢)གི་ས་ཐོབ་པར་བྱེད་པ་ཡིན་ནོ། །

དོན་བཞི་པ་རྗེས་ཀྱི་བྱ་བ་བསྟན་པ་ལ། རྟག་ཏུ་བདེ་ཆེན་གྱི་དོན་ལ་གནས་པར་བྱ་བ་དང་། ཀུན་ཏུ་རྒྱུའི་དགའ་སྟོན་ཟླ་བ་ཕྱེད་དམ་གཅིག་ཚུན་ཆད་ལས་མི་ཉུང་བར་བྱ་བ་དང་། ཟས་གོས་སྤྱོད་ལམ་གྱི་ཐབས་བདེ་བ་ལ་བསླབ་པ་དང་། རྫས་ཀྱི་སྦྱོར་བས་ཀྱང་ཁམས་རྒྱས་པ་ལ་བསླབ་པར་བྱ་བ་ནི་གནད་དོ། །དེ་ཡང་སྨན་ནི་མུ་ཟི་དཀར་སེར་བཏུལ་མ་དྲུག་ཁྱོར་རེ། ཉིན་ཞག་ཕྲུགས་རེར་ཟས་ལ་བཏབ་ནས་ཟོས་ན་ཁམས་མི་འཛག་ཅིང་འཕེལ་བར་འགྱུར་རོ། །ར་མོ་ཤག་ཤ་ཞུགས་དུས་བརྐོས་པ་བུ་རམ་དཀར་པོ་དང་སྦྱར་ཏེ་འོ་མར་གདུས་ལ་ཁན་དྷའམ་རིལ་བུ་བྱས་ཏེ་འབྲས་བུ་གསུམ་དང་སྦྱར་ནས་ལྟོ་སྟོང་ལ་ཟོས་ན་ཁམས་རྒྱས་ཤིང་འཕེལ་ལོ། །སྤྱོད་ལམ་ཡང་གྲིབ་མ་ལ་འདུག་ཅིང་འོ་མ་བསྐོལ་བར་བརྟེན་པ་ནི་ཤིན་ཏུ་བཟང་བར་བཤད་དོ། །

དོན་ལྔ་པ་དེ་ལྟར་གོམས་པའི་ཕན་ཡོན་ནི་ལུས་སྣུམ་ཞིང་མདངས་དང་ལྡན་པས་ཡིད་དུ་འོང་བ་དང་། ནད་མེད་ཅིང་ཚེ་རིང་བས་མཐོ་རིས་ཀྱི་བདེ་བ་དང་། དཔལ་འབྱོར་པ་དང་། སྐྲ་དཀར་དང་གཉེར་མ་མེད་ཅིང་གཞོན་ཤ་ཆགས་པ་དང་། ཞི་གནས་དང་ལྷག་མཐོང་སྐྱེས་བས་རྫུ་འཕྲུལ་དང་མངོན་ཤེས་འགྲུབ་པ་དང་། ཡང་ཞིང་ཤེས་པ་བདེ་བས་ཁོང་ཁྲོ་དང་འཁྲུགས་པ་མེད་པ་དང་། མཁའ་འགྲོ་དང་དམ་ཅན་འདུ་བས་དངོས་གྲུབ་ཅི་འདོད་འབྱུང་བ་དང་། ཉིན་མཚན་འོད་གསལ་དུ་འཆར་བས་མཆོག་གི་གྲུབ་པ་ཐོབ་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་དོ། །

དེ་ལྟར་བདེ་ཆེན་གསང་བའི་ཉམས་ལེན་འདི། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིས། །འགྲོ་ཀུན་བདེ་ཆེན་བྱང་ཆུབ་འོག་མིན་དུ། །བདེ་ཆེན་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །རིམ་གྱིས་བསླབ་པའི་ཐབས་ལས་ཇི་བཞིན་དུ། །མངོན་སུམ་འོད་གསལ་དབང་པོས་མཐོང་བྱའི་རྒྱུར། །བློ་དམན་དྲང་ཕྱིར་ཐབས་ཆེན་གསང་དོན་བཤད། །དེ་དོན་བསྡུས་དེ་བཀོད་པ་འདི་ཡིན་ནོ། །དད་ལྡན་སྐྱེས་བུ་ཉམས་ལེན་བརྩོན་འགྲུས་ཅན། །བླ་མ་ལ་གུས་རྣམས་དང་འདི་འཕྲད་ནས། །དོན་ཆེན་ཚེ་གཅིག་བྱང་ཆུབ་མཆོག་གྲུབ་སྟེ། །རྡོ་རྗེ་འཆང་དང་སྐལ་བ་མཉམ་པར་ཤོག །གསང་བ་སྙིང་ཏིག་གི་གདམ་པ་ལས། བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ། བདེ་སྟོང་གཉིས་སུ་མེད་པའི་གསལ་བྱེད་ཀྱི་ཡི་གེ་ཆེན་པོ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་(༡༢༣)འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།ས་མ་ཡ།། །།

རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་།

༄༅། །རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་བཞུགས་སོ། །

༄༅། །གསལ་སྟོང་ཡེ་ཤེས་གདོད་མའི་ངང་། །འགྱུར་བ་མེད་ལ་ཕྱག་འཚལ་ཏེ། །རང་བྱུང་འོད་གསལ་བསྐྱེད་པའི་ཐབས། །ཡེ་ཤེས་སྤྲིན་ཕུང་གསལ་བར་བྱ། །

རྣལ་འབྱོར་པ་ཆགས་བྲལ་རླུང་གི་བསམ་གཏན་བསྒོམ་པར་འདོད་པས། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་པར་སྟན་བདེ་བ་ལ་འདུག་སྟེ། བླ་མའི་རྣལ་འབྱོར་གྱིས་རྒྱུད་སྦྱངས་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་པུས་མོར་ལག་པ་གཉིས་བཀབ་སྟེ། མཇིང་པ་ཅུང་ཟད་དགྱེ་ལ་རླུང་རོ་གསུམ་ཕྱིར་བུས་ཏེ་འདུག་པར་བྱའོ། །

དངོས་གཞི་ལ་བསླབ་ཚུལ་ལྔ་ལས། དང་པོ་རླུང་གི་གྲངས་ལ་བསླབ་པ་ནི། སྐྱེས་བུ་དར་ལ་བབས་པ་ནད་མེད་ཅིང་ངལ་དུབ་ཏུ་མ་གྱུར་པ་གཅིག་ལ་ཉིན་ཞག་ཆ་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་སྟེ། དེ་ལས་རྒན་ན་དལ་བས་ཉུང་གཞོན་ན་མང་ངོ་། །དེ་ཡང་མཇིང་པ་ཅུང་ཟད་དགྱེ། མིག་ཧར་པོར་བར་སྣང་ལ་གཏད་སེམས་མ་ཡེངས་པར་བྱས་ཏེ། རླུང་ཕར་སོང་ཕྲེང་བ་གཅིག་བསྐྱུར་ཚུར་ལོག་གཅིག་བསྐྱུར་ཏེ་ཉིན་ཞག་ཕྲུགས་གཅིག་གི་གྲངས་གཟུང་བ་ལས། གཞན་དུ་མ་ཡེངས་པར་བྱས་པས་རྣམ་རྟོག་འཕྲོ་བ་ཇེ་ཉུང་ལ་སོང་བ་བཞིན་དུ་རླུང་ཡང་གྲངས་ཇེ་ཉུང་ལ་འགགས་ཏེ། ཉིན་ཞག་གཅིག་ལ་ཁྲི་ཕྲག་གཅིག་ལས་གཞན་མི་རྒྱུ་པའི་ཚེ། ཕར་སོང་དུས་རིང་པོར་སོས་དལ་ལ་ཚུར་རྔུབ་དུས་ལྟོ་བ་མེར་ཁེངས་སུ་གཞུག་པར་བྱའོ། །དེ་ལྟར་བྱས་པས་ཉིན་མཚན་གང་རུང་རེ་ལ་རླུང་རྒྱུ་བ་ཕྱེད་དང་བཅུ་གཉིས་བཅུ་གཉིས་འཆད་དེ། ཡང་ནས་ཡང་དུ་དེ་ལྟར་བསྒོམས་པས། ཐ་མ་རླུང་གི་འགྲོ་འོང་ཆད་ནས་ཤེས་པ་གར་གཏད་དུ་སྡོད་ཅིང་། མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་འབྱོངས་པའི་ཚད་དེ། ལས་རླུང་ཟད་པས་རྣམ་རྟོག་ཟད། རྟོག་པ་ཟད་པས་སྣང་བ་ཟད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་རྒྱུན་དུ་གནས་སོ། །དེ་དུས་ནམ་མཁའ་ལ་འགྲོ་ཞིང་། ཆུ་ལ་མི་བྱིང་བ་དང་འཇག་མའི་རྩེ་ལ་སྐྱིལ་ཀྲུང་འཆོས་ཤིང་ཁབ་ཀྱི་མིག་ཏུ་ལུས་ཤོང་བ་ལ་སོགས་པའི་རྫུ་འཕྲུལ་དང་མངོན་ཤེས་མང་པོ་འཆར་རོ། །དེའི་སྐབས་ན་ཤེས་པ་གཡེངས་ཤིང་འཐས་ན། སྐབས་སུ་རྩ་གཉིད་ལོག་གཏེམས་པས། བདེ་གསལ་མི་རྟོག་པའི་ངང་ལ་གནས་པ་ཡིན་ནོ། །

གཉིས་(༡༢༤)པ་རླུང་གི་འགྲོ་འོང་ལ་བསླབ་པ་ནི། སྙིང་གི་ནང་ན་ཨ་དམར་པོ་ཤིན་ཏུ་གསལ་བ་གཅིག་བསྒོམས་ནས། རླུང་ཕྱིར་འགྲོ་དུས་ཨ་དེ་ལས་ཨ་གཅིག་བྱུང་གཉིས་བྱུང་ནས། ཉི་ཤུ་རྩ་གཅིག་གི་བར་ཕར་ཕར་མཆེད་ནས་འདོམ་གང་ལ་སོགས་པར་སྒྲེང་ནས་ཡོད་པར་བསམ་ལ། རླུང་ཐུབ་ཐང་ཕྱིར་གཟུང་ཞིང་། ནང་དུ་རྔུབ་དུས་གཅིག་ལ་གཅིག་ཐིམ་ནས། རྩ་བའི་ཨ་ལ་གཏད་དེ་རླུང་ནང་དུ་ཐུབ་ཐང་དུ་བཟུང་བས། ཞག་བདུན་ནས་ལུས་ཡང་བ། ངག་གསལ་བ། སེམས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །དེ་ནས་ལུས་མི་སྐྱེ་བའི་བརྡར་ནམ་མཁའ་ལ་འགྲོ་བ་སྙམ་པ་དང་། ངག་མི་སྐྱེ་བའི་བརྡར་གཏམ་ཐམས་ཅད་བཅོས་འགྲུས་སུ་འོང་བ་དང་། སེམས་མི་སྐྱེ་བའི་བརྡར་དྲན་བསམ་འཕྲོ་འདུའི་རྟོག་པ་རང་འགགས་ལ་འགྲོ་བ་ཡིན་ནོ། །

གསུམ་པ་རླུང་གི་དབྱིབས་ལ་བསླབ་པ་ནི། མཛོད་སྤུར་རླུང་སེམས་འདུས་པའི་ཐིག་ལེ་ཟླུམ་པོ་དཀར་ལ་དྭངས་པ་ཤེལ་སྒོང་ལྟ་བུ་ལ་སེམས་གཟུང་ནས་རླུང་ཕྱིར་འགྲོ་བའི་ཚེ་ཐིག་ལེ་དང་ལུས་ཀྱང་ཕར་ཕར་སོང་ཞིང་། སེམས་ཀྱང་བར་སྣང་ལ་ན་བུན་ལྟར་སྟོང་སངས་ཡལ་བར་བསྒོམ། ཚུར་རྔུབ་དུས་ཐིག་ལེ་དེ་ཉིད་ཚུར་ཧྲི་ལི་ལི་བྱུང་ནས་དཔྲལ་བར་འདུག་པར་བསྒོམ་མོ། །དེ་ཡང་གྲང་བ་ཤས་ཆེ་དུས་སུ་ཐིག་ལེ་དེ་ཉིད་ཚ་བར་བསྒོམ་ཞིང་། ཚ་དུས་སུ་གྲང་སིལ་བ་ལ་གཏད་པས་འདུ་བ་ཆ་སྙོམས་པ་ཡིན་ནོ། །དེ་ལྟར་བསྒོམ་པས་ཕྱིའི་རྟགས་སུ་ལུས་ཡོད་པ་མི་ཚོར་བ་དང་། འབུ་སྲིན་ལ་སོགས་པའི་སྲོག་ཆགས་མི་འབྱུང་བ་དང་། སྣང་བ་གཞན་ལ་སེམས་མི་འཕྲོ་བའོ། །ནང་རྟགས་སུ་ནད་ཀྱི་རིགས་ཐམས་ཅད་ཞི་བར་འགྱུར་རོ། །གསང་རྟགས་སུ་ཐིག་ལེ་སོང་དུས་ལུས་སོང་བར་བསྒོམས་པས་ལུས་དངོས་ཀྱང་འཕགས་པ་དང་། ཚ་གྲང་གང་སྒོམ་གྱི་ནད་ཞི་ནས་གོས་མི་དགོས་པ་དང་། ཚ་བའི་གནས་སུ་ཡང་རྔུལ་མི་འབྱུང་བ་ལ་སོགས་པའི་ཡོན་ཏན་འཆར་ངེས་སོ། །

བཞི་པ་རླུང་གི་ཁ་དོག་ལ་བསླབ་པ་ནི། ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་རྡོ་རྗེ་སྔོན་པོ་ནས་ཙམ་ཞིག་བསྒོམས་ཏེ། རླུང་འགྲོ་དུས་རྡོ་རྗེ་དེ་ཡང་སྔོ་རྒྱང་གིས་ཕྱིར་ཤིན་ཏུ་རིང་བར་སོང་། ནང་དུ་རྔུབ་དུས་སྔར་ཤུལ་དུ་གནས་པར་བསྒོམ་པས། སྔར་གྱི་རྟགས་ལས་ཁྱད་(༡༢༥)པར་དུ་ཕར་སོང་དུས་ཤེས་པ་སང་སེང་ཕྱ་ཕྱོ་བྱ་སྒྲོ་རླུང་གིས་བཏེག་པ་ལྟ་བུ་དང་། ཚུར་རྔུབ་དུས་ལྟོ་བ་ན་རྡོ་རྗེ་དངོས་ཡོད་པ་སྙམ་ཞིང་། མི་བདེ་བ་དང་ཟས་མི་དགོས་པར་ཉིན་ཞག་ཏུ་ཏིང་ངེ་འཛིན་ལ་གནས་པ་འབྱུང་ངོ་། །

ལྔ་པ་རླུང་བུམ་པར་གཞུག་པའི་མན་ངག་ནི། ལྟེ་བ་ན་ཧ་སྔོ་ལྗང་བསམ་ལ་རླུང་ཁ་སྦྱར་ལ་བཟུང་བས་ལྟོ་བ་སྔོ་མེར་གྱིས་ཁེངས་པར་འགྲོ་དུས་སྔོ་ན་ར་ར་དུ་བ་ལྟར་སོང་བ་བར་སྣང་ལ་ཡལ་བས། སེམས་ཀྱང་ཡལ་བར་བསྒོམ་སྟེ་རྔུབ་ནས་བཟུང་བས། ལུས་ཁ་ཟས་ལས་གྲོལ་བ་དང་། སེམས་བདེ་སྟོང་དུ་གྲོལ་བ། རིག་པ་རྣམ་རྟོག་ལས་གྲོལ་བ་གསུམ་འབྱུང་ངོ་། །དེ་ཡང་ནང་གི་དུ་བ་ལྟར་སོང་ནས་ཡལ། ཕྱིའི་ནམ་མཁའ་ཐམས་ཅད་སྔོ་ནར་གྱིས་ནང་དུ་བྱུང་བར་བསྒོམས་པ་ནི། ཚེ་རིང་བ་དང་། ནད་མེད་པ་དང་། ཟག་པ་ཐམས་ཅད་ལས་གྲོལ་བའི་དགོས་པ་ཡོད་དོ།། །།

དོན་གསུམ་པ་རྗེས་ལ། གེགས་བསལ་བ། འཆི་བ་བརྟག་པ། དེ་ལས་བསླུ་བ་དང་གསུམ་ལས། དང་པོ་ནི། བྱིང་ན་ཧ་དང་ཕཊ་མང་དུ་གདོན་ནོ། །རྒོད་ན་རླུང་ནང་དུ་སྡོམ་ཞིང་། མུན་ཁང་དུ་གནས་པ་ལ་བསླབ་པོ། །སྙིང་མི་དགའ་བ་དང་ཁམས་འདུ་བའི་ཚེ། རླུང་ཕྱིར་དྲག་ཏུ་བརྩེགས་མར་ཕུལ་ལ་ཧ་བརྗོད་ཅིང་། གྲུ་མོས་མཆན་ཁུང་གཉིས་བསྡམ་ལ། སླར་བརྐྱང་བའི་ཁུ་ཚར་གྱིས་བྲང་བརྡུངས་པས་སེལ་ལོ། །དད་པ་དང་ཏིང་ངེ་འཛིན་སྐྱེ་དུས་ནང་དུ་གཟུང་ངོ་། །རླུང་སྤྱི་བོར་འཕྲོས་ཏེ་ཤེས་པ་འགྱུར་ཞིང་། ལུས་ལ་ཐོར་བ་དང་། ཤ་ལ་ཐིག་ལེ་དང་། སྐབས་སུ་སེམས་འཐོམ་པ་དང་། མགོ་འཐོམ་པ་འཚོགས་མ་བུ་ཆུང་གི་ལྟར་རློབ་པར་བྱུང་ན། བུ་རམ་འོ་མ་མི་ཞུན་རྣམས་བསྲེས་ཏེ་བསྐོལ་ལ་བཏུང་། སེམས་བར་སྣང་ལ་མདའ་གང་གི་ཚད་དུ་འཕྲེད་ལ་གཟུང་མཇིང་བ་ཐུར་ལ་དགུག །རླུང་གྱེན་དུ་དྲང་ལ་ཕག་གི་སྐད་ནུས་ཚད་དུ་བྱས་པས་གྲོལ་ལོ། །གལ་ཏེ་ཤ་ལྤགས་བར་དུ་རླུང་ཞུགས་ན་ལུས་ནག་སྦོས་དང་དམར་སྦོས་སུ་འོང་ཞིང་། སེམས་ཅན་འགུལ་བ་ལྟ་བུ་འབྱུང་ཞིང་། ཐོར་ཆུང་དམར་ཆེམ་བྱུང་ན་མུ་ཟི་བཏུལ་མ་དང་སྦྲང་དང་བུ་རམ་བསྲེས་ལ་བཟའ། དྲི་ཆུས་བཀྲུ་ཞིང་གན་རྐྱལ་དུ་ཉལ་ཏེ་འགྲམ་པ་སྟིར་ལ་གཡས་གཡོན་རེ་མོས་ཀྱིས་ཕུ་ནུས་ཚད་བཏབ་པས་སེལ་ལོ། །རླུང་སྙིང་ལ་ཞུགས་ནས་ལུས་འདར་བ་དང་སྐབས་སུ་འབོག་ཅིང་བརྒྱལ་བ་དང་། རིངས་ནས་མིག་དཀར་ཁྲུལ་ལ་འགྲོ་ཞིང་ལག་པ་(༡༢༦)འཚུབས། ཁ་སྐོམ་སྨིན་མའི་ཚིགས་འཁྲུལ། རྩ་རྣམས་ཕྱི་ནང་མེད་པར་ཁྲིས་ཁྲིས་བྱུང་ན། བུ་རམ་དང་རུས་པ་བརྡུངས་པའི་ཁུ་བ་དང་། ཤ་ཡིབས་མའི་ཁུ་བ་དང་། ལོ་མར་གྱི་ཁུ་བ་དང་། ཆང་ཞིམ་པོ་རྣམས་བཏུང་ཞིང་སྙིང་གསང་བརྡུང་ཞིང་ཨིག་ཨིག་ཅེས་ནུས་ཚད་བཟླས་པས་གྲོལ་ངེས་སོ། །ཡང་བྱིང་ན་གཅེར་བུར་འདུག་ནས་ཁ་མིག་བགྲད་ལ་ཧ་མང་དུ་བརྗོད་ནས་བསྒོམས་པས་སེལ་ལོ། །

གཉིས་པ་འཆི་བ་བརྟག་པ་ནི། རླུང་རབ་ཏུ་རྒོད་ཅིང་འཕྲོ་ན་བརྟག་དགོས་ཏེ་རླུང་སྐབས་སུ་དལ་ཞིང་། སྐབས་སུ་མྱུར་བར་བརྩེགས་མར་རྒྱུ་ན། ནད་གདོན་ཡིན་པས་བཟློག་པར་བྱའོ། །དེ་ཡང་སྔ་དྲོ་རྩེ་ཤར་ལ་ཤར་དུ་བལྟས་ཏེ་རླུང་བཟུང་དུས་དབུགས་ཡང་ཡང་རྒོད་ན་ཟླ་བ་དྲུག་ན་འཆིའོ། །དེ་ཡང་འགྲམ་པའི་ཚིགས་ཡོན་པོར་འོང་ངོ་། །སྣ་རྩེར་རླུང་གི་མདངས་མེད་པའི་རྟགས་སུ་སྣ་ཡོན་པོར་འོང་སྟེ་ཞག་བདུན་ནའོ། །མིག་གིས་མཆི་མ་མི་ཐུབ་ན་ཞག་ལྔ་ནའོ། །འགྲམ་པ་གཡས་གཤོང་བུར་སོང་ན་ཞག་གཅིག་ནའོ། །རྣ་བ་ལེབ་མོར་འབྱར་ན་རླུང་སུམ་སྟོང་འགྱུ་བའི་བར་ལས་མི་ཐུབ་པོ། །ལྕེ་སྟེང་དུ་ཐིག་ལེ་ནག་པོ་བྱུང་ན་ཞག་གཅིག་ནའོ། །དོན་མེད་པར་སོ་འཐམས་ན་ཞག་དྲུག་ནའོ། །རྩ་གཉིད་ལོག་མི་རྒྱུ་ན་ཟླ་བ་ཕྱེད་ནའོ། །བྲང་གི་ལྷེན་སྣ་ཞོམ་ན་ཞག་བཅུ་དྲུག་ནའོ། །སེན་མོའི་བཀྲག་ཤོར་ནས་དཀར་སྐྱར་སོང་ན་ཞག་ཉེར་དྲུག་ནའོ། །དེ་དག་གི་ཐད་ཀྱི་རླུང་ཞ་བའི་རྟགས་སོ། །

གསུམ་པ་དེ་ཉིད་བསླུ་བ་ནི། དབུགས་རྒོད་པ་ལ་འགྲམ་པའི་སྟེང་དུ་ཨ་དཀར་པོ་བསམས་ཏེ། རླུང་དེར་གཏད་དོ། །སྣའི་རྟགས་ལ་སྣ་རྩེར་ཧཱུྃ་དཀར་པོ་བསམ་ལ་རླུང་སེམས་དེར་གཏད་དོ། །མིག་ལ་ཧ་དཀར་པོའོ། །འགྲམ་པ་ལ་ནི་ཨའོ། །རྣ་བ་ལ་ཕཊ་དོ། །ལྕེ་ལ་ཨཱ་ལིའོ། །སོ་ལ་ཀཱ་ལིའོ། །རྩེའུ་ཆུང་ལ་ཧྲཱིཿའོ། །བྲང་ལ་ཨཱ་མོ། །སེན་མོ་ལ་ཀ་ཀ་ཀི་ཀིའོ། །དེ་ལྟར་རླུང་སེམས་གཏད་ནས་རང་རང་གི་ཡི་གེ་ཡང་ངག་ཏུ་བཟླའོ། །ཡི་གེ་དང་རླུང་བསྲེས་ལ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བྱས་པས་བསླུས་པར་འགྱུར་བ་ཡིན་ནོ། །དེ་ལྟར་རླུང་གི་རྟགས་དང་མཚན་མ་འདི་དག་ནི་ཤིན་ཏུ་གསལ་བར་ཕྱེ་བ་སྟེ། བརྟག་སླ་ཞིང་མཚན་མ་མྱུར་བའི་ཕྱིར་མངོན་སུམ་ལ་སྦྱོར་བའི་ཐབས་ཀྱི་དམ་པར་བསྔགས་པས་ཉམས་ལེན་ལ་བརྩོན་པར་བྱའོ། །འདི་དག་ནི་གསང་བ་ཟངས་ཡིག་ཅན་དང་དེའི་པྲ་ཁྲིད་དང་། བླ་མའི་གསུང་དང་རང་གི་ཉམས་མྱོང་རྣམས་གཅིག་ཏུ་བསྡུས་ནས་ལེགས་པར་(༡༢༧)བཀོད་པ་ཡིན་ནོ།། །།

དེ་ལྟར་རིན་ཆེན་རླུང་གི་གདམས་པའི་གནད། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་དེས། །འགྲོ་ཀུན་གསལ་སྟོང་སྒྱུ་མའི་ཡེ་ཤེས་མཆོག །ཐོབ་ནས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཤོག །བདག་བློའི་རྣམ་དཔྱོད་མན་ངག་འདིར་གོམས་པས། །ཡི་གེ་དམ་པ་ཆེས་གསལ་འཁྲུལ་པ་མེད། །དེ་ཕྱིར་ཐབས་ལས་ཡེ་ཤེས་སྐྱེ་འདོད་ན། །འཕྱུགས་མེད་གནད་འདི་རྒྱུད་ལ་གོམས་པར་མཛོད། །ཁོ་བོ་རབ་གསལ་བློ་གྲོས་བཟང་པོ་སྟེ། །མང་ཐོས་ཉམས་སུ་བླངས་ཤིང་ཚིག་དོན་མཁས། །ཕྱི་ནང་གྲུབ་མཐའི་གཞུང་ལ་མ་རྨོངས་པས། །ཡང་ཟབ་རྡོ་རྗེ་སྙིང་པོའི་རྩེ་མོར་ཕྱིན། །དེ་ཕྱིར་འདི་འདྲ་དགེ་བའི་བློ་མངའ་བ། །སྐལ་བཟང་སྙིང་གི་བདུད་རྩིའི་བདག་པོ་ལ། །གུས་པས་བཏུད་དེ་རབ་དུ་ཉན་པར་བྱོས། །མྱུར་དུ་རྒྱལ་འབྱུང་ཡེ་ཤེས་མཛོད་མངར་འགྱུར། །གསང་བ་སྙིང་ཏིག་གི་གདམས་པ་ལས། རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

རྟོག་མེད་ནམ་མཁའ་སྤྲིན་ཕུང་།

༄༅། །རྟོག་མེད་ནམ་མཁའ་སྤྲིན་ཕུང་བཞུགས་སོ། །

༄༅། །གདོད་ནས་སྐྱེ་མེད་སྤྲོས་ཀུན་ཞི། །མཁའ་མཉམ་གང་དེ་རབ་མཆོད་དེ། །སེམས་ཉིད་རང་བཞིན་རྫོགས་པ་ཆེ། །ནམ་མཁའ་སྤྲིན་ཕུང་གསལ་བར་བྱ། །

རྣལ་འབྱོར་གང་ཞིག་སེམས་ཉིད་མི་རྟོག་པའི་ཡེ་ཤེས་ཉམས་སུ་ལེན་པར་འདོད་པས། གནད་བཞི་ལ་མཁས་པར་བྱ་བ་ནི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལྟ་བའི་ངོ་བོ་རང་བྱུང་གི་ཡེ་ཤེས་ཏེ། སྟོང་པ་གསལ་བ་འགགས་པ་མེད་པ། གང་དུ་ཡང་མ་གྲུབ་པ། རྒྱར་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། དངོས་པོ་དང་མཚན་མ་མེད་པ་སྟེ། དཔེར་ན་ནམ་མཁའ་ལྟ་བུ་ཡེ་ནས་རྣམ་པར་དག་པའོ། །འདི་ཉིད་གང་དུ་ཡང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞིར་གནས་པས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་སྟེ། ད་ལྟར་གྱི་སེམས་ཉིད་སྟོང་གསལ་བཅོས་བསླད་མེད་པའི་རིག་པ་ངོ་སྤྲད་ནས་ཆོས་ཉིད་སྟོང་གསལ་མི་གཡོ་བའི་ཆ་ནས། དབྱིངས་དང་རིག་པ་རང་གདངས་འགག་མེད་དུ་འཆར་བའི་ཡེ་ཤེས་ཏེ། དོན་ལ་ངོ་བོ་དབྱེར་མེད་ཅིང་ཐ་དད་མེད་པའི་རང་བཞིན་ནི་ཆོས་ཀྱི་སྐུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་སྟོང་ངོས་ནས་ཆོས་སྐུ། གསལ་ངོས་ནས་ལོངས་སྐུ། འཆར་གཞི་(༡༢༨)རིག་པས་སྤྲུལ་པའི་སྐུ་སྟེ། སོ་སོ་མ་ཡིན་ཐ་མི་དད་པར་ཤེས་པར་བྱའོ། །དེ་ལྟར་རང་རིག་སྐུ་གསུམ་དུ་གནས་ཀྱང་ངོ་མ་ཤེས་པས་འཁྲུལ་ཏེ། ཕྱི་ནང་གི་འཁྲུལ་པ་དུ་མར་ཤར་ཡང་། ཤར་དུས་ཉིད་ནས་ངོ་བོ་ལ་འཁྲུལ་མ་མྱོང་། རང་བཞིན་ལ་འཁྲུལ་པ་མི་གནས། ཡིན་ལུགས་ལ་འཁྲུལ་མི་སྲིད་པར་གནས་སོ། །འོ་ན་འཁྲུལ་པར་སྣང་བ་ལ་འཁྲུལ་འཛིན་གྱི་བློ་གཟུང་འཛིན་དུ་ཅིའི་ཕྱིར་སྐྱེ་སྙམ་ན། རྨི་ལམ་དང་འདྲ་སྟེ་ཇི་ལྟར་སྣང་དུས་ཉིད་ན་མ་གྲུབ་ལ། སྣང་བ་ནི་བག་ཆགས་སྣ་ཚོགས་སུ་བརྟས་པའི་མཐུས་མེད་བཞིན་དུ་སྣང་བའོ། །རྨི་ལམ་སྣང་དུས་ན་ངོ་བོ་མ་གྲུབ་པས་ཡོད་མ་མྱོང་བདེན་པར་མ་གྲུབ་སད་དུས་གར་ཡང་མ་སོང་བ་ལྟར་འཁྲུལ་པ་ཡང་དངོས་པོ་གཤིས་ལ་མེད། ད་ལྟ་སྣང་དུས་མ་གྲུབ། ཐ་མ་དག་དུས་རང་མཚན་དུ་མ་སྤང་བ་ལྟར་རོ། །ཡང་ན་དྷ་དུ་རས་མྱོས་པའི་སྣང་བ་ལྟར་གཉིས་འཛིན་འཁྲུལ་ངོར་སྣང་ཡང་དོན་ལ་མ་གྲུབ་པས་འཁྲུལ་སྣང་གཞི་མེད་རྩ་བྲལ་ཡིན་པའི་གནད་དོ། །དེས་ན་སྣང་སྲིད་སྣོད་བཅུད་དུ་སྣང་བ་ཐམས་ཅད་རང་སེམས་འཁྲུལ་སྣང་གི་ཆོ་འཕྲུལ་དུ་ཐག་གཅད། འཁྲུལ་འཛིན་རང་སེམས་ཀྱང་རྟེན་མེད་ནམ་མཁའ་ལྟར་ཐག་གཅད། ནམ་མཁའ་སྟོང་གསལ་གྱི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་སུ་ཐག་གཅད་དོ། །དེ་ཡང་འཁྲུལ་སྣང་འདི་བརྟགས་ན་རྡུལ་ཕྲན་དུ་ཡང་མ་གྲུབ་ན་རགས་པ་བདེན་དངོས་སུ་གར་གྲུབ། འཁྲུལ་འཛིན་རྟོག་པའང་བརྟགས་ན་སྐད་ཅིག་མར་མ་གྲུབ་ན་གཟུང་འཛིན་རྒྱུན་ཆགས་སུ་གར་གྲུབ། ཡུལ་འཁྲུལ་པ་མ་གྲུབ་པས་ཡུལ་ཅན་འཁྲུལ་འཛིན་ཀྱང་གཞི་མེད་རྩ་བྲལ་ཆེན་པོར་ཐག་གཅད་པའོ། །དེ་ལྟར་འཁོར་བའི་འཁྲུལ་སྣང་རྟེན་མེད་རྩ་བྲལ་ཆེན་པོར་ཡེ་སྟོང་ནམ་མཁའ་ལྟ་བུ། མེད་སྣང་སྒྱུ་མའི་རང་བཞིན་དུ་ཐག་བཅད་པ་ནི། འཁོར་བ་མིང་མེད་དུ་ལ་བཟླ་བ་སྟེ། ལྟ་བའི་གེགས་གཉིས་སྣང་དུ་ཞེན་པའི་མཚན་འཛིན་མཐའ་གྲོལ་ཆེན་པོར་ངོ་སྤྲད་པའོ། །ལྟ་བ་དངོས་ནི་རང་རིག་བཅོས་བསླད་མེད་པ་རྒྱལ་བའི་དགོངས་པ་སྟེ། སྐྱོན་ཡོད་མ་མྱོང་། ཡོན་ཏན་ལྷུན་གྱིས་གྲུབ་པ། དུས་ཐམས་ཅད་དུ་འཕོ་བ་དང་འགྱུར་བ་མེད་པ། བདེ་བར་གཤེགས་པའི་སྙིང་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས། གྲུབ་གསལ་འཕེལ་འགྲིབ་མེད་པ། སྟོང་ངོས་ནས་སྐྱེ་བ་མེད་(༡༢༩)པ། འགགས་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། བཅིངས་པ་མེད་པ། གྲོལ་བ་མེད་པ། རྟེན་མེད་པ། གནས་མེད་པ། འཁོར་བ་མེད་པ། མྱ་ངན་ལས་འདས་པ་མེད་པ། བླང་བ་མེད་པ། དོར་བ་མེད་པ། སྟོང་པ་མེད་པ། མི་སྟོང་པ་མེད་པ། དངོས་པོ་མེད་པ། མཚན་མ་མེད་པ། མིང་མེད་པ། ཡི་གེ་མེད་པ། སྒྲ་མེད་པ། ཐ་སྙད་མེད་པ། མཐའ་མེད་པ། དབུས་མེད་པ། ཐོག་མ་ནས་ངོ་བོ་ཉིད་མེད་པ་སྟེ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའོ། །སྣང་ངོས་ནས་རིག་པ་ཡོད་དོ། །གསལ་བ་ཡོད་དོ། །སྐུ་ཡོད་དོ། །ཡེ་ཤེས་ཡོད་དོ། །ཡོན་ཏན་ཡོད་དོ། །ཕྲིན་ལས་ཡོད་དོ། །ཞིང་ཡོད་དོ། །གཞལ་ཡས་ཁང་ཡོད་དོ། །གཙོ་འཁོར་ཡོད་དོ། །ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཡོད་དོ། །གདོད་མ་ཉིད་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་སངས་རྒྱས་པས་རྩོལ་བ་དང་སྒྲུབ་པ་མེད་པའི་དེ་བཞིན་ཉིད་དུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་མངའ་དབང་ཆེན་པོར་གནས་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། མྱ་ངན་ལས་འདས་པ་རྟག་བརྟན་འཕོ་འགྱུར་མེད་པའི་ངོ་བོ་ཉིད་ནས། མ་བཙལ་རང་ལ་གནས་པའི་སངས་རྒྱས་རང་བྱུང་གི་ཡེ་ཤེས་ལྟ་བའི་རྒྱལ་པོར་ངོ་སྤྲད་པའོ། །དེ་བས་ན་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་བཟང་ངན་དང་། བླང་དོར་དང་། རེ་དོགས་དང་། ཕྱོགས་ལྷུང་ལ་སོགས་པ་མཐར་འཛིན་གྱིས་ཕྱོགས་རིས་མི་བཅད་པ་ནི། རྒྱ་ཆེ་བའི་ནམ་མཁའ་གུད་དུ་མི་བཅད་པར་གཏན་ལ་ཕབ་པའོ།། །།

གཉིས་པ་སྒོམ་པའི་ངོ་བོ་ནི། ཡིན་ཐོག་ཏུ་བཅོས་བསླད་མེད་པར་གནས་པ་སྟེ། གནད་གསུམ་ལ་མཁས་པ་མདའ་སྲོང་གི་སྐྱེས་བུ་ལྟ་བུའོ། །དེ་ལ་ལུས་ཀྱི་གནད་རྣམ་སྣང་གི་ཆོས་བདུན། ངག་གི་གནད་མི་སྨྲ་ཞིང་རླུང་རབ་ཏུ་དལ་བ། སེམས་ཀྱི་གནད་ཐ་མལ་གྱི་ཤེས་པ་རང་སོར་གློད་པའོ། །དེ་ལ་ཡང་ངང་དྭངས་ཀྱི་གཤིས་བདུན་ཏེ། ཡིན་ལུགས་ཤེས་པ། ངང་ལ་གནས་པ། ཐད་ཀར་ཆོད་པ། སེམས་ལ་ཕན་པ། དྲན་པས་ཟིན་པ། རྟོག་པར་མ་འགྱུས་པ། མངོན་དུ་གྱུར་པའོ། །གནད་འདི་དག་དང་མི་ལྡན་ན་སྐྱོན་བདུན་ཏེ། ཡིན་ལུགས་མ་ཤེས་ན་གོལ་སྒྲིབ་ཀྱི་བརྡར་ཤ་མི་ཆོད། ངང་ལ་མི་གནས་ན་ཤེས་པ་རྐྱེན་ཁར་འཆོར། (༡༣༠)ཐད་ཀར་མ་ཆོད་ན་རྣམ་རྟོག་རྗེས་མཐུད། སེམས་ལ་མ་ཕན་ན་སྐྱེ་བོ་ཐ་མལ། དྲན་པས་མ་ཟིན་ན་དུག་ལྔ་དུག་གསུམ། རྟོག་པར་འགྱུས་ན་ཉོན་མོངས་རང་ག །མངོན་དུ་མ་གྱུར་ན་ཕྱལ་པར་ཡངས་པའོ། །གནད་བདུན་དང་ལྡན་དུས་ཡིན་ལུགས་ཤེས་པ་ལ། གདིང་དང་ལྡན་ནམ་མི་ལྡན་བརྟགས། ངང་ལ་གནས་པ་ལ་ཕན་གནོད་འདུག་གམ་མི་འདུག་བརྟག །ཐད་ཀར་ཆོད་པ་ལ་དུག་གསུམ་དུ་འཆོར་རམ་མི་འཆོར་བརྟག །སེམས་ལ་ཕན་པ་ལ་གཞི་རྩ་ཆོད་དམ་མ་ཆོད་བརྟག །དྲན་པས་ཟིན་པ་ལ་རང་སར་གྲོལ་ལམ་མ་གྲོལ་བརྟག །རྟོག་པ་མ་འགྱུས་པ་ལ་གསལ་ཆ་ཐོན་ནམ་མ་ཐོན་བརྟག །མངོན་དུ་གྱུར་པ་ལ་མཁན་པོ་འདུག་གམ་མི་འདུག་བརྟགས་ནས་འདོར་ལེན་བྱའོ། །དེ་ཡང་སྒོམ་པའི་ངོ་བོར་མདོར་དྲིལ་ན་བཞག་ཐབས་གསུམ་སྟེ། རིག་པ་གང་ལ་ཡང་རྟེན་མེད་པ་ནམ་མཁའི་སྤྲིན་ལྟར་ལིང་ངེར་གཞག་པ། རླུང་སེམས་ཀྱི་འཕྲོ་འདུ་ཆད་པས་རིག་པ་གཤིས་ཐོག་ཏུ་གནས་པ་ཆུ་ཆད་པའི་རང་འཐག་ལྟར་གཞག་པ། སེམས་ཉིད་ཡེ་གྲོལ་དུ་ཤེས་པས་གདོད་ཀྱི་རེ་དོགས་མི་འཆའ་བ་ལས་ཟིན་པའི་སྐྱེས་བུ་ལྟར་གཞག་པའོ། །དེ་ཡང་ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་སྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་འཁོར་བའི་འཁྲུལ་སྣང་མི་ལྡོག་པས། རིག་པ་གཤིས་ཐོག་ཏུ་གོམས་པ་གནད་དུ་ཆེའོ། །གསུམ་པ་སྤྱོད་པའི་ངོ་བོ་ནི། བླང་དོར་གཉིས་མེད་དུ་གནས་པ་སྟེ། མཉམ་གཞག་གི་སྤྱོད་པ་ཚོགས་དྲུག་ལྷུག་པ། གང་སྣང་ལ་ཞེན་འཛིན་གྱི་འཁྲིས་མི་འདོགས་པ་དང་། རྗེས་ཐོབ་ཀྱི་སྤྱོད་པ་ཐུག་ཕྲད་རང་གྲོལ་རང་ཤར་རིས་མེད་སྦྲུལ་གྱི་མདུད་པ་ལྟར་སྤྱོད་པའོ། །བསྡུ་ན་གསུམ་སྟེ། གཟུགས་སྣང་བདེན་མེད་དུ་གྲོལ་བ་ཆུ་ཟླ་ལྟ་བུ། སྒྲར་སྣང་གྲགས་སྟོང་དུ་གྲོལ་བ་ལུང་སྟོང་གི་བྲག་ཆ་ལྟ་བུ། དྲན་རྟོག་རྗེས་མེད་དུ་གྲོལ་བ་ཆུ་དང་དབའ་རླབས་ལྟ་བུའོ། །མདོར་ན་གང་སྣང་བདེན་མེད་དུ་སྤྱོད་པས་དགག་སྒྲུབ་ཤུགས་ལས་གྲོལ་བ་ནི། གཉིས་འཛིན་རང་སར་འཇིག་པའི་མན་ངག་སྟེ། ཐུགས་ཕྲད་རྗེས་མེད་དུ་གྲོལ་བ་ལ་བསླབ་པར་བྱའོ། །བཞི་པ་འབྲས་བུའི་ངོ་བོ་ནི་རིག་སྟོང་ཆོས་སྐུ་སྟེ། ཡེ་གྲོལ་དུ་འདུག་པས་ད་གདོད་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། རང་གྲོལ་དུ་འདུག་པས་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་ཆོད། ཡོངས་གྲོལ་དུ་འདུག་པས་གྲོལ་ཐོག་ཉིད་ལས་སྤོ་བླག་མི་དགོས་པར་གདེང་འཆོས་ཏེ། སོར་(༡༣༡)གཞག་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཡེ་ཡིན་རྫོགས་པ་ཆེན་པོར་ཐག་བཅད་ནས། བཟོ་མེད་རེ་དོགས་དང་བྲལ་བར་རང་བཞག་པས། བློ་བདེ་ཆོས་ཉིད་དུ་གྲོལ་བ་གཞི་གདོད་མའི་གནས་ལུགས་ལ། ད་ལྟར་གྱི་རིག་པ་རང་གནས་ཆེན་པོར་ངོ་འཕྲོད་ནས། རྩོལ་སྒྲུབ་བཅོས་བསླད་མེད་པར་ཐ་མལ་གྱིན་འདར་གློད་པས། ཆོས་སྐུ་རང་གནས་ཆེན་པོར་ལ་ཟློ་བ་ནི། གཉུག་མ་ལྷུན་གྲུབ་ཆེན་པོའི་འབྲས་བུའོ། །མདོར་ན་རང་སེམས་སངས་རྒྱས་སུ་ཐག་བཅད་ནས། རེ་དོགས་བཅོས་བསླད་དང་བྲལ་བར་རང་རིག་སྟེ། བྱ་བྱེད་རྩོལ་སྒྲུབ་ཞིག་པའི་ཤེས་པ་སོར་གཞག་ཡེ་གྲོལ་ཆེན་པོར་ཁོང་ལྷོད་པ་ནི་གཤིས་རྫོགས་པ་ཆེན་པོའི་གནས་ལུགས་ཏེ། བྱར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ།། །།

དེ་ལྟར་སེམས་ཉིད་ནམ་མཁའ་ལྟ་བུའི་དོན། །ཡེ་གྲོལ་ནམ་མཁའ་ལྟ་བུར་བསྟན་པ་ཡིས། །འགྲོ་ཀུན་གཉིས་མེད་དག་པའི་དོན་མཐོང་ནས། །རྒྱལ་བའི་ཆོས་སྐུ་དྲི་མེད་ཐོབ་པར་ཤོག །འབད་མེད་ངང་གིས་གྲོལ་བའི་ཡི་གེ་འདི། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་བཀོད་པ་སྟེ། །སྐལ་ལྡན་སྙིང་གི་བུ་རྣམས་དགའ་བར་མཛོད། །གསང་བ་སྙིང་ཏིག་གི་གནད་ཀྱི་གདམས་པ་ལས། རྣམ་པར་མི་རྟོག་པ་ལམ་དུ་བྱེད་པའི་སྒྲུབ་ཡིག་ནམ་མཁའ་སྤྲིན་ཕུང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

གཞི་སྣང་ཡེ་ཤེས་སྒྲོན་མེ།

༄༅། །གཞི་སྣང་ཡེ་ཤེས་སྒྲོན་མེ་བཞུགས་སོ། །

༄༅། །མཁྱེན་བརྩེའི་ཡོན་ཏན་མཆོག་མངའ་རྒྱལ་བའི་མཛོད། །གདོད་མའི་མགོན་པོ་ཀུན་ཏུ་བཟང་ལ་འདུད༌། །འཁོར་འདས་ཀུན་འབྱུང་རང་བཞིན་གནས་པའི་དོན། །གཞི་སྣང་ཡེ་ཤེས་སྒྲོན་མེ་གསལ་བར་བཤད། །དེ་ལ་ཐེག་པ་ཀུན་གྱི་རྩེ་མོ་གསང་བ་སྙིང་ཏིག་གི་གདམས་པའི་དབྱིངས་རྒྱ་ཆེ་བ་ནམ་མཁའ་ལྟ་བུ་ཚིག་ཉུང་ངུས་ཉེ་བར་མཚོན་ན་ལྔ་སྟེ། གདོད་མའི་གཞི་སྣང་གི་འཆར་གཞི། དེ་ལས་གཞི་སྣང་འཆར་ཚུལ། ཤར་བ་གང་དུ་ནུབ་ཚུལ། ནུབ་ནས་ཡང་གཅིག་འཆར་ཚུལ། ཤར་ནས་ཇི་ལྟར་གྲོལ་ཚུལ་ལོ། །

དང་པོ་ནི་མར་འཁོར་བར་མ་འཁྲུལ། ཡར་མྱ་(༢)ངན་ལས་མ་འདས། གང་དུའང་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་སྔོན་རོལ་ན། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ། སོ་སོ་རང་རིག་པའི་ཡེ་ཤེས་གདོད་མའི་གནས་ཚུལ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རང་བཞིན། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པར་གནས་ཏེ། སྟོང་ལ་གོ་འབྱེད་པ་ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ། གསལ་ལ་འགྲིབ་པ་མེད་པ་ཉི་ཟླ་གཟའ་སྐར་བཀྲམ་པ་ལྟ་བུ། རིག་ལ་འཆར་གཞིར་གྱུར་པ་མེ་ལོང་གཡའ་དག་པ་ལྟ་བུ། དབྱིངས་སུ་གནས་ལ་ཕྱིར་མ་འཕྲོས་པ། སྣང་བར་གསལ་ལ་ངང་ལས་མི་གཡོ་བ། རིག་པར་གནས་ལ་རྟོག་པར་མ་འགྱུས་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ན། ཆོས་ཉིད་འོད་གསལ་བའི་ངང་ལ་བཞུགས་པ་ནི་ཀ་དག་ཆེན་པོ་ཞེས་བྱ་སྟེ། རིག་པ་རང་ཤར་གྱི་རྒྱུད་ལས། ང་མེད་པའི་སྔོན་རོལ་ན། གཞིའི་གནས་ལུགས་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱ་བའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི། དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ། །དེ་དག་ནི་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའོ། །ཞེས་གསུངས་སོ། །དེ་ཡང་བུམ་པའི་སྐུ་ནི་དཔེས་མཚོན་པ་སྟེ། ནང་དུ་གསལ་ལ་ཕྱིར་མི་གསལ་བའོ། །གཅིག་ཏུ་ན་གནམ་གང་གི་ཉིན་པར་ནམ་མཁའ་དག་པ་ལ་ཟླ་བ་དང་སྐར་མ་དབྱིངས་ན་ཡོད་པ་ལས་ཕྱིར་མི་མངོན་པ་ལྟར། དབྱིངས་ནང་གསལ་དུ་ལོངས་སྐུའི་ཞིང་ཁམས་འོད་ཟེར་རྒྱན་ཁྲི་དང་བཅས་པ་ཡོད་ཀྱང་ཕྱིར་མི་(༣)གསལ་བ་སྟེ། འཆར་གཞི་ཙམ་དུ་གནས་པའི་ངོ་བོར་རྟོགས་པར་བྱའོ། །སེམས་ཉིད་འོད་གསལ་བའི་དབྱིངས་ན་དེ་ལྟར་མེད་ན། ཕྱིས་སྐུ་དང་ཡེ་ཤེས་འབྱུང་མི་སྲིད་པའི་སྐྱོན་དུ་འགྱུར་རོ། །བྱས་ཤིང་བསྒྲུབ་པས་མ་ཡིན་ཏེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཕྱིར། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པས་སོ། །སངས་རྒྱས་དུས་སྔར་ཡོད་ཀྱི་དྲི་མ་དག་པ་ལས། རྒྱུ་རྐྱེན་གཞན་གྱིས་བསྐྱེད་པ་མེད་པ་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་པ་བཞིན་ཏེ། རིགས་སམ་སྙིང་པོ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་གནས་པས་སྟེང་གི་དྲི་མ་དག་པས་སངས་རྒྱས་པར་བསྟན་པ་ནི། ཁམས་བྱང་ཆུབ་ཏུ་གྱུར་པའི་ཚུལ་དང་གཅིག་པས། གདོད་མའི་དབྱིངས་སམ་འཆར་གཞི་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་ནང་གསལ་དུ་གནས་པའི་འཆར་གཞི་དབྱིངས་དང་། སྣང་བ་སྐུ་དང་རིག་པ་ཡེ་ཤེས་རྣམས་སོ་སོ་མ་ཡིན་ཏེ། ཆུའི་དབྱིངས་ན་གཟུགས་བརྙན་ལྟར་རྟག་ཆད་འགྲོ་འོང་ལས་འདས་པ་ཉིད། སྒྲོན་མ་རྣམ་བཀོད་ལས། དེ་ལྟ་བུ་ལ་བཞུགས་ཚུལ་ནི། །སྟོང་གསལ་ཆུ་ཡི་གཟུགས་བརྙན་བཞིན། །ཞེས་སོ། །དེ་ཡང་ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དེ་ན་རིག་པ་བཞུགས་དུས་རང་སྣང་སྐུ་དང་ཡེ་ཤེས་སུ་གསལ་བ་ཐམས་ཅད་ལ། ཆོས་ཉིད་དག་པའི་ཡེ་གདངས་ཞེས་བྱ་སྟེ། ཡེ་ནས་ལྷུན་གྱིས་གྲུབ་པར་སྣང་བའི་ཕྱིར་རོ། །དེའི་ཚེ་སྐུ་རྣམ་པར་དག་པ་གཟུགས་བརྙན་ལྟ་བུ་རྟག་ཆད་མཚན་མ་ལས་འདས་པ། གསུང་རྣམ་པར་དག་པ་བརྗོད་མེད་རླུང་ལྔའི་ངང་དུ་རང་གསལ་བ། ཐུགས་རྣམ་པར་དག་པ་གཞི་ལ་མཁྱེན་ཆར་གནས་ལ་རྩལ་གྱིས་རྣམ་པར་མཁྱེན་པར་མ་བསྐྱོད་པས། ཡོན་ཏན་ལྷུན་གྱིས་གྲུབ་པ་ནོར་བུ་ལྟར་གནས་ཤིང་ཕྲིན་ལས་ཡེ་རྫོགས་ཆེན་པོར་བཞུགས་པ་ཡིན་ནོ། །རླུང་གི་གནས་ཚུལ་རིག་པའི་ངང་ན། སྲོག་རླུང་ཡན་ལག་བཞི་པ་ཡེ་ཤེས་ཀྱི་ངོ་བོར་གནས་ཏེ། རྩ་བའི་སྲོག་རླུང་ནི་རིག་པའི་ཡེ་ཤེས་ཤེས་རབ་ཏུ་གནས་ཏེ། རྟོག་དཔྱོད་འཆར་བའི་འཁྲུལ་གཞི་དང་། རང་རིག་པའི་(༤)གྲོལ་གཞི་གཉིས་འཆར་རུང་དུ་ཡོད་ལ། དེ་དུས་མ་ཤར་བ་ཡུལ་རིག་པའི་ཡེ་ཤེས་སུ་གནས་པས། ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཡན་ལག་གི་རླུང་བཞི་ནི་དེ་ལས་གྱེས་པའི་གདངས་སམ་རྩལ་དུ་རང་ཤར་བ་སྟེ། གྱེན་དུ་རྒྱུ་བ་ཤེས་རབ་ཀྱི་རྟ་དང་། ཐུར་དུ་སེལ་བ་ཤེས་རབ་ཀྱི་ཟེར་གདངས་འོད་དང་། མེ་དང་མཉམ་པ་སྨིན་པར་བྱེད་པའི་སྟོབས་ཅན་དང་། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་ཏེ། དབྱིངས་སུ་ནི་མ་འཕྲོས་པ་ལས་འཕྲོ་གཞི་མ་འགགས་པའི་སྙིང་པོར་གནས་པའོ། །ཕྱིས་ཕྱིར་གསལ་གྱི་དུས་སུ་ཡན་ལག་འདི་བཞིར་འཕྲོས་ནས་སོ་སོའི་ལས་བྱེད་ལ། ད་ལྟར་དབྱིངས་ཀྱི་དུས་སུ་སྲོག་རླུང་ཡེ་ཤེས་ཀྱི་ཆ་གཅིག་པུ་གསལ་བར་ཡོད་པ་ཡིན་ནོ། །རླུང་ལྔ་པོ་ཡང་འབྱུང་བ་མ་ལ་ཞ་བའི་ཚེ་ཡེ་ཤེས་དབྱིངས་སུ་འཁྱིལ་ནས། སྲོག་རླུང་ཡེ་ཤེས་ཆེན་པོ་འཕོ་འགྱུར་མེད་ཀྱང་ཡན་ལག་གི་རླུང་བཞི་དམ་ཚིག་གི་ལྷ་མོ་བཞིར་གནས་པ་ཡིན་ནོ། །ཐུགས་རྗེས་ནི་ཡེ་ཤེས་ལྔའི་ངོ་བོར་བཞུགས་པས། ཡེ་དག་སྤྲོས་བྲལ་ཉག་གཅིག་ཏུ་བཞུགས་སོ། །དེས་ནི་ནང་གསལ་གདོད་མའི་གནས་ལུགས་བསྟན་པའོ། །

དོན་གཉིས་པ་དེ་ལས་གཞི་སྣང་གི་འཆར་ཚུལ་ལ། དབྱིངས་ནས་ཉམས་སུ་ཤར་བ་ཟ་འོག་བེར་ཁྱིམ་བཀྲམ་པ་ལྟར་སྣང་དུས། རང་སྣང་དེ་ལ་གོང་འོག་ཏུ་གནས་པས་རིམ་པ་ལྟར་བཤད་པ་ནི། གདོད་མའི་ནང་གསལ་ལས་རིག་པའི་ཡེ་ཤེས་སྲོག་རླུང་གིས་བསྐྱོད་པའི་གདངས་ཕྱིར་སྣང་བ་ནི་འོད་དང་སྐུ་དང་ཟེར་དུ་ཤར་བ་ལས། ཆ་ཤས་ཀྱི་སྒོ་ནས་དབྱེ་ན། འཆར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ཀྱི་ཆ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཞེས་བྱ། ངེས་པ་མེད་པའི་ལྷུན་གྲུབ་ཅེས་བྱའོ། །

འཆར་ལུགས་དྲུག་ནི། ཐུགས་རྗེ་ལྟར་ཤར་བས་སྙིང་རྗེ་ཕྱོགས་རིས་མེད། འོད་ལྟར་ཤར་བས་ཐམས་ཅད་འོད་ལྔར་སྣང་། སྐུ་ལྟར་ཤར་བས་ཞི་ཁྲོའི་ཚོམ་བུའི་ནམ་མཁའ་གང་། ཡེ་ཤེས་ལྟར་ཤར་བས་ལོངས་སྐུའི་ཞིང་ཁམས་རང་སྣང་། གཉིས་མེད་ལྟར་ཤར་བས་གང་ལའང་རྣམ་པར་མི་རྟོག །མཐའ་གྲོལ་ལྟར་ཤར་བས་ཡེ་ཤེས་ཟང་ཐལ་ལོ། །སྒོ་གཉིས་ནི་དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཀུན་ཏུ་བཟང་པོའི་གྲོལ་གཞིར་རང་བྱུང་། མ་དག་པ་(༥)འཁོར་བའི་སྒོ་ལྟར་ཤར་བས་མ་རིག་པ་སེམས་ཅན་གྱི་འཁྲུལ་གཞིར་རང་བྱུང་བའོ། །སྣང་བ་དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དེ། ཡེ་ཤེས་བཞི་སྦྱོར་ལས་ཁྱད་པར་དུ། ལྔ་ལྡན་འོད་ཀྱི་སྣམ་བུས་ནམ་མཁའ་ཁྱབ་པའོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དེ། རིགས་ལྔའི་ཚོམ་བུ་གྲངས་མེད་པའོ། །དེའི་འོག་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་སྣང་ཡོད་དེ། དག་པའི་ཞིང་ཁམས་གྲངས་མེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་སྣང་བའོ། །དེའི་འོག་ན་ལྷུན་གྲུབ་ཀྱི་སྣང་བ་ལས་འགྲོ་བ་རིགས་དྲུག་གི་ཞིང་ན་ཐུབ་པ་དྲུག་གི་སྟོན་པ་དང་བཅས་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྣང་བ་ཡོད་དོ། །དེ་ཐམས་ཅད་ཀྱང་ཡར་ཀ་དག་གི་སྣང་བ། ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་ངང་ན་ཀུན་བཟང་ཡབ་ཡུམ་མཐིང་གར་སྣང་ལ། བར་འོད་གསལ་ཡེ་ཤེས་ཀྱི་ཞིང་སྣང་འཇའ་ཚོན་ལྟ་བུ་ན་རིགས་ལྔའི་སངས་རྒྱས་ནམ་མཁས་གར་ཁྱབ་ཙམ་དུ་རང་སྣང་ཞིང་ཡར་དག་པའི་ཞིང་དང་། མར་མ་དག་པའི་ཞིང་ན། གདུལ་བྱ་དང་འདུལ་བྱེད་ཀྱི་སྟོན་པར་སྣང་བ་ནི། ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ལ་ཡེ་ནས་ལྷུན་གྲུབ་ཏུ་རང་ཤར་རང་སྣང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ། །ཞེས་དང་། འཁོར་འདས་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །ཞེས་པའི་དོན་ཏོ། །འདི་དག་གི་རང་བཞིན་ཤེས་བྱེད་ལུང་དང་སྦྱར་ན། རིག་པ་རང་ཤར་ལས། དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱའོ། །དེ་ལ་འཆར་ལུགས་རྣམ་པ་དྲུག་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་ལྷུན་གྲུབ་ཅེས་ཀྱང་བྱའོ། །གཞི་མ་ངེས་པ་ཞེས་ཀྱང་བྱའོ། །གཞི་སྣང་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་ལྡོག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ། །དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡང་བ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིག་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡུལ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང་(༦)ལྡན་པའོ། །སྤངས་པའི་ཆོས་དྲུག་དང་ལྡན་པའོ། །དེ་དག་ནི་ལོངས་སྐུའི་སྣང་ལུགས་སོ། །དེ་དང་དེ་ལས་བྱུང་བའི་འབྲེལ་པའོ། །དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་སོ། །དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི་ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །སྣང་ལུགས་ནི་འཁོར་མི་ཟད་པ་དང་། ལོངས་སྤྱོད་ཟད་མི་ཤེས་པ་དང་། ཡོན་ཏན་ཟད་མི་ཤེས་པ་དང་། སྟོབས་ཟད་མི་ཤེས་པ་དང་། རྩལ་ཟད་མི་ཤེས་པ་དང་། ཆོ་འཕྲུལ་ཟད་མི་ཤེས་པ་དང་། ཚེའི་ཚད་གྲངས་མེད་པ་དང་། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ་གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ་དང་། ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པ་སྟེ། རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་སོ། །དེ་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་འབྱུང་ངོ་། །དེ་ཡང་སྣ་ཚོགས་སུ་སྣང་བ། སྣ་ཚོགས་ཀྱི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་འཆད་པའོ། །ཞེས་གསུངས་སོ། །དེ་ལྟར་སྣང་བ་ལྔ་པོ་གོང་འོག་ཏུ་བསྟན་པ་རྣམས་ཀྱང་། དབྱིངས་ནས་སྐུ་དང་ཡེ་ཤེས་ཀྱི་གདངས་ལས་མ་ངེས་པའི་ལྷུན་གྲུབ་ཤར་བ་དང་མཉམ་དུ། གཞི་སྣང་ཆེན་པོ་ལས་ལོངས་སྐུ་དང་དེ་ལས་རང་བཞིན་སྤྲུལ་སྐུ་དང་། དེ་ལས་འགྲོ་འདུལ་སྤྲུལ་སྐུ་རྣམས་སྔ་ཕྱི་མེད་པར་ཤར་བ། བཞིན་གྱི་གདངས་མེ་ལོང་དུ་ཤར་བ་བཞིན་སྔ་ཕྱི་མེད་པ་ལྟར་སྣང་བས་རིམ་པ་ལྟར་སྨོས་པ་ཡིན་ནོ། །འཆར་བ་དང་འཆར་གཞི་ལ་ལྟོས་ནས་རིམ་པར་སྨོས་པ་དང་སྔ་ཕྱིའི་རིམ་པ་མ་ཡིན་ནོ། །དེ་ཡང་སྣང་བ་དེ་ལྟར་ཤར་དུས། གདོད་མའི་ཀུན་ཏུ་བཟང་པོའི་རང་སྣང་དབྱིངས་ནས་ཤར་བ། བཞིན་དང་མེ་ལོང་གི་གཟུགས་སམ་ལུས་དང་གྲིབ་མ་བཞིན་ཤེས་པས་བྱེ་བྲག་ཕྱེད་པའི་སྐད་ཅིག་ལ་རང་སྣང་གི་གཞི་རྣམས་ནང་གསལ་དུ་ཐིམ་ནས། གདོད་མའི་དབྱིངས་སུ་འཕོ་འགྱུར་མེད་པའི་ངང་ལས། གཞན་དོན་ལྷུན་གྲུབ་ཏུ་ཐུགས་རྗེ་དང་ཕྲིན་ལས། བྱིན་རླབས་ཀྱི་ཆོ་འཕྲུལ། གདུལ་བྱ་མོས་པའི་རང་སྣང་དུ་འཆར་བ་ནི་འབད་རྩོལ་མེད་པར་རང་བྱུང་བའོ། །དེ་སྐད་དུ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རང་བྱུང་ནས། །ཝལ་གྱིས་བསལ་ནས་སྒྲོ་སྐུར་བྲལ། །ཞེས་པས། དབྱིངས་ནས་ཡེ་ཤེས་སྐད་ཅིག་དང་པོར་ཉུག་ཙམ་སྣང་བ་ལ་ཤར་དུས། རང་སྣང་དུ་ཧྲིག་གིས་རིག་པས་བྱེ་བྲག་ཕྱེད་དེ། སྐད་ཅིག་གཉིས་པར་མ་རིག་པའི་སྒྲིབ་པ་ཐམས་ཅད་ཝལ་གྱིས་བསལ་ནས་དབྱིངས་སུ་བྱང་ཆུབ་པའོ། །དེ་ཉིད་(༧)མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །རང་སྣང་དུ་ཤེས་ཚུལ། ཀུན་བྱེད་ལས། གྲིབ་མ་གཟུགས་ཀྱི་དཔེ་བཞིན་ངོ་མཚར་མཐོང་བའི་མིག །ཅེས་སོ། །

དེ་ཚེ་ཀུན་ཏུ་བཟང་པོས་ཆོས་དྲུག་བརྙེས་ནས་གྲོལ་བ་ནི། ལུང་ལས་མ་བྱུང་བའི་གདམས་ངག །སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། རང་སྣང་རང་ཤར་རང་གྲོལ་དུ་ཤེས་ནས་སངས་རྒྱས་སོ། །ལུང་ལས་མ་བྱུང་སྟེ། སྟོན་བྱེད་ཀྱི་སློབ་དཔོན་མེད་པས་དཔལ་རང་བྱུང་གི་སངས་རྒྱས་སོ། །སེམས་ལས་མ་བྱུང་སྟེ་ཡེ་ཤེས་ཉིད་རང་གསལ་དུ་སངས་རྒྱས་སོ། །རྒྱུ་ལས་མ་བྱུང་སྟེ་རིག་མཁན་ཉིད་རང་གྲོལ་དུ་སངས་རྒྱས་སོ། །རང་སྣང་སྟེ་དབྱིངས་སེམས་ཉིད་འོད་གསལ་བ་རང་ངོར་ཤར་རོ། །རང་ཤར་ཏེ་རིག་པ་དེ་ཉིད་དེ་ལྟར་སྣང་བའོ། །རང་གྲོལ་ཏེ་རིག་དུས་རིག་པ་རང་འཁྲུལ་མེད་ཡེ་ཡིན་ཆེན་པོར་རྟོགས་པའི་ཕྱིར་རོ། །འདིར་སེམས་ཉིད་ཅེས་སྨོས་པས་སེམས་ཀྱི་ཟད་ས་རིག་པ་འཆར་གཞི་ཉིད་ལ་ཟེར་གྱིས། སེམས་ལ་མི་ཟེར་རོ། །བླུན་རྨོངས་པ་འགས། སེམས་དང་སེམས་ཉིད་ཀྱང་མ་ཕྱེད་པར་གཅིག་ཏུ་སྨྲ་བ་ནི་བཞད་བགད་ཀྱི་གནས་སོ། །དེའི་ཚེ་རང་སྣང་དུ་རིག་པས་རིག་པར་སྐྱེས་པའི་ཆས་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ། རིག་པར་ཤར་བས་མ་རིག་པ་མེད་དེ་བདག་ཉིད་གཅིག་པའི་མ་རིག་པ་བཅོམ། རང་སྣང་དུ་རང་རིག་པས་གཞན་ཞེས་གཟུང་འཛིན་མེད་པས་ཀུན་ཏུ་བརྟགས་པའི་མ་རིག་པ་བཅོམ་ནས་དབྱིངས་ནས་ཕྱིར་གསལ་དུ་ཉུག་ཙམ་བྱུང་བས། གདོད་མའི་ངང་ལས་ཅུང་ཟད་ཡུད་ཙམ་སྣང་ཞིང་གཡོས་ཀྱང་དེ་མ་ཐག་ཏུ་རང་རིག་པས་རིག་མཁན་ཉིད་ཀྱང་གྲོལ་ནས། འཛིན་པ་མེད་པས་གཟུང་འཛིན་གྱི་བློ་སྟོང་དུས་ཕྱིར་སྣང་འོད་ཀྱི་སྣང་བ་བེམས་པོ་ལྟར་སྣང་བ་རིག་པ་ཡེ་ཤེས་ཀྱི་གདངས་སུ་ཤེས་ཏེ། རིག་པ་དང་རིག་གདངས་ཤན་ཕྱེད་པའི་སྐད་ཅིག་ལ་མ་རིག་པ་སངས་ནས་རྟག་ཆད་སྒྲོ་སྐུར་དང་བྲལ་ཏེ། གདོད་མའི་ངང་དུ་གྲོལ་བ་ནམ་མཁའ་ལྟ་བུའོ། །དེའི་ཚེ་དབྱིངས་ནས་ཤར་བའི་སྣང་བ་ལུང་མ་བསྟན་གྲོལ་འཁྲུལ་གྱི་གཞི་ཅན༌། རང་སྣང་རིག་པའི་གདངས་སུ་ཤེས་པས་གདོད་མར་ཐིམ་པ་ནི། ལུང་མ་བསྟན་རང་བརླག་ལ་སོང་བའི་རི་བོ་ཏ་ལར་ཉི་མ་ཤར་བས་མུན་པའི་གནས་རང་སངས་ལ་སོང་བ་ལྟ་བུ་སྟེ། (༨)དགོངས་པ་བཀའ་བགྲོས་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་གསུམ་བཅོམ་ནས། །ཉུག་ཙམ་ལས་ནི་ཡུད་ཙམ་སྟོང་། །རིག་ཙམ་བྱུང་བས་རིག་འགྲུབ་བརླག །སལ་གྱིས་བསལ་བས་མུན་ཁོང་སངས། །ཝལ་གྱིས་བྱུང་བས་འཐིབ་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག །འགྱུར་བ་མེད་པས་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པ་རང་བརླག་སྟོང་། །བེམས་རིག་ཕྱེད་པས་གཞི་དང་འཕྲད། །དེ་ཕྱིར་མ་རིག་མུན་པ་སངས། །རི་བོ་ཏ་ལར་ཉི་ཤར་འདྲ། །ཞེས་སོ། །རི་བོ་ཏ་ལ་ནི་ཤར་གྱི་རི་ཐམས་ཅད་དེ། ཉི་མ་ཐོག་མར་ཤར་བས་མུན་པ་སངས་པ་ལྟར། ཡེ་ཤེས་དང་པོར་རིག་པས་སངས་རྒྱས་པ་ཡིན་ནོ། །དབྱིངས་སུ་སངས་རྒྱས་ནས་དབྱིངས་ལས་མ་གཡོས་པར་སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོའི་མཐུ་དང་གདུལ་བྱའི་མོས་པ་ལས་དོན་མཛད་པ་ནི་གཟུགས་བརྙན་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ཞེས་པ་ལ་སོགས་པ་དང་། ཇི་ལྟར་བཻ་ཌཱུར་ས་གཞི་དག་པ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་སྣང་། །འགྲོ་ལ་འཆར་ནུབ་སྣ་ཚོགས་གང་སྣང་བ། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་སོ། །དེ་ལྟར་སངས་རྒྱས་པའི་སྟོན་པ་ནི་ཀུན་ཏུ་བཟང་པོ་སྟེ། གཞི་ལས་འཕགས་པའི་སྐད་ཅིག་ལ་བྱེ་བྲག་ཕྱེད་ནས་སངས་རྒྱས་ཏེ། འཁོར་འདས་ཀུན་གྱི་དཔལ་མགོན་དུ་གྱུར་པ་ཡིན་ནོ། །གྲོལ་ཚུལ་དེ་ལྟ་བུ་ནི་ཅིག་ཆར་བ་གཞི་ནས་གྲོལ་བ་ཞེས་བྱའོ། །

དོན་གསུམ་པ། ཤར་བ་གང་དུ་ནུབ་ཚུལ་ནི། དེ་ལྟར་དབྱིངས་ནས་ཤར་བ་རང་སྣང་དུ་མ་རིག་པས། གཞན་དུ་འཁྲུལ་པ་རྨི་ལམ་ནང་གི་འཇིགས་སྣང་ལྟར་ཇེ་རགས་སུ་མཐུད་པས་ན། སྣང་བ་རང་ལོག་ནས་མ་དག་པ་རིགས་དྲུག་སོ་སོའི་གནས་དང་། ལུས་དང་སེམས་སུ་འཁྲུལ་ཏེ། བདེ་སྡུག་གི་སྣང་བ་མི་འདྲ་བ་དུ་མ་བག་ཆགས་སྣ་ཚོགས་སུ་བསགས་ཤིང་གོམས་པས་རང་སྣང་སྟེ། དྷ་དུ་ར་ཟོས་པའི་སྣང་བ་ལྟ་བུའམ། རྨི་ལམ་(༩)སྒྱུ་མ་ལྟར། སེམས་གཅིག་གི་ངོ་ཁ་ལ་སྣང་ཚུལ་དྲུག་ཤར་བས། འགྲོ་བ་རིགས་དྲུག་ཏུ་བཏགས་ཏེ་འཁོར་བར་འཁྱམས་པའོ། །དེ་སྐད་དུ་སྒྲོན་མ་སྣང་བྱེད་ལས། སྔོན་བྱུང་ཐོག་མ་ཀ་དག་གཞི། །ངོ་བོ་རང་བཞིན་ཐུགས་རྗེ་ནི། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །དེ་ལས་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པ་སྦགས་པས་འཁྲུལ་པའོ། །ཞེས་སོ། །མ་རིག་པ་གསུམ་ནི། བདག་ཉིད་གཅིག་པ་ཡེ་ལྡན་གྱི་ཚུལ། ལྷན་ཅིག་སྐྱེས་པ་དུས་མཉམ་གྱི་ཚུལ། ཀུན་ཏུ་བརྟགས་པ་ཕྱིས་འབྱུང་གི་ཚུལ་དུ་རང་མ་རིག་པའི་ཆ་ལས་སོ་སོར་བརྟགས་སོ། །རྐྱེན་བཞི་ནི། རྒྱུའི་རྐྱེན་མ་རིག་པ་གསུམ། བདག་པོའི་རྐྱེན་རིག་པ། ཡུལ་གྱི་རྐྱེན་སྣང་བ་སྟེ་དམིགས་པའི་རྐྱེན་ནོ། །དེ་མ་ཐག་པའི་རྐྱེན་དེ་གསུམ་དུས་མཚུངས་པའི་ཆའོ། །ཤེས་པ་སྦགས་པའི་འཁྲུལ་པ་ནི། འགྲོ་དྲུག་སོ་སོའི་སྣང་བ་རྣམས་སོ། །འཁྲུལ་དུས་སྙིང་གར་ཡེ་ཤེས་རང་གནས་ཀྱི་ངང་ནས་གཞི་སྣང་རྣམས་ཀྱང་ཆད་པ་དང་ལྷག་པ་མེད་པར་འཆར་གཞིར་གནས་ཏེ། མེ་ལོང་ལས། དེ་ལྟར་གཞི་སྣང་ལྔ་རྣམས་ཀྱང་། །འཁྲུལ་དུས་སྣང་གསལ་འཆར་གཞིའི་ཚུལ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །འགྲོ་དྲུག་སྣང་བ་དེ་ལྟར་རོ། །ཞེས་སོ། །དེའི་དུས་སུ་ཀ་དག་གིས་སྟོང་པར་ཐག་བཅད་ནས། ཁྲེགས་ཆོད་དུ་བསྟན། ལྷུན་གྲུབ་ཀྱིས་ཡེ་གྲུབ་ཏུ་ངོ་སྤྲད་ལ་ཐོད་རྒལ་གྱིས་ཉམས་སུ་བླངས་པས། བརྩོན་འགྲུས་རབ་རྣམས་སྣང་བ་འདི་ཉིད་ལ་རྡོས་བཅས་དག་ནས་སངས་རྒྱས་པའོ། །དེ་ཡང་སྣང་བ་གོང་འཕེལ་གྱི་ཚེ། ཐིག་ལེའི་ནང་དུ་འགྲོ་དྲུག་གི་གཟུགས་དང་བདེ་སྡུག་ཉན་རང་ལ་སོགས་པའི་གཟུགས། ཚད་དུ་ཕེབས་དུས་སངས་རྒྱས་ཀྱི་ཞིང་སྣང་འཆར་བའི་གནད་ཀྱང་གཞི་ལ་སྣང་བ་དེ་ཀུན་ཡོད་པ་ཤར་བའི་གནད་ཀྱིས་སོ། །

དོན་བཞི་པ། ནུབ་ནས་ཡང་ཅིག་འཆར་ཚུལ་ནི་འབྱུང་བ་རིམ་གྱིས་ཐིམ་ནས་འོད་གསལ་གྱི་ཚེ་སྣང་བ་དུས་གཅིག་ལ་ཤར། སྣང་བར་ངེས་པའི་ཤེས་རབ་རིམ་གྱིས་སྐྱེ་བའི་ཚུལ་གྱིས་ལྷུན་གྲུབ་ཀྱི་སྣང་བ་སྐུ་དང་། གཞི་སྣང་ཆེན་པོ་ཡེ་ཤེས་དང་ལོངས་སྐུའི་སྣང་བ་ཚོམ་བུ་དང་། རང་བཞིན་སྤྲུལ་སྐུ་དང་། འགྲོ་འདུལ་སྤྲུལ་སྐུའི་སྣང་བ། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཐ་མ་རྣམས་བར་དོའི་གདམས་ངག་(༡༠)ཏུ་བཤད་པ་ལྟར་འཆར་ཏེ། སྒྲོན་མ་སྣང་བྱེད་ལས། རང་རིག་ཡེ་ནས་རང་ཤར་དང་། །ཉམས་བླང་དུས་ན་རང་ཤར་དང་། །ཡུལ་རྐྱེན་འཕྲད་ཚེ་རང་ཤར་དང་། །བར་དོའི་ཡུལ་ལ་རང་ཤར་རོ། །ཞེས་སོ། །

དོན་ལྔ་པ། ཤར་ནས་ཇི་ལྟར་གྲོལ་ཚུལ་ནི། རང་སྣང་རང་ངོ་ཤེས་པའི་སྐད་ཅིག་ལ་གདོད་མར་གྲོལ་ཏེ། སྣང་བ་རྣམས་མ་ལ་ཐིམ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལས་མི་གཡོ་བར། ཐུགས་རྗེ་ཆེན་པོའི་བྱིན་བརླབས་དང་། གདུལ་བྱའི་མོས་པའི་སྐལ་བ་ཇི་ལྟ་བར་དོན་མཛད་དེ། སྒྱུ་འཕྲུལ་ལས། ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །འགྲོ་དྲུག་དུས་གནས་མ་ལུས་པར། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །

དེ་ལྟར་རྟོགས་དཀའ་རྡོ་རྗེ་སྙིང་པོའི་དོན། །བླ་མའི་ལུང་ལ་བརྟེན་ནས་བཤད་པ་འདིས། །མ་ལུས་འགྲོ་ཀུན་གདོད་མའི་སར་གཞོལ་ཏེ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །གསང་བ་སྙིང་ཏིག་གི་གནད་ཀྱི་གདམས་པ་མཆོག་ཏུ་གསང་བ་ལས་གཞི་སྣང་ཡེ་ཤེས་ཀྱི་སྒྲོན་མེ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།

དཔེ་དོན་གསལ་བྱེད་སྒྲོན་མེ།

༄༅། །དཔེ་དོན་གསལ་བྱེད་སྒྲོན་མེ་བཞུགས་སོ། །

༄༅། །བཅོམ་ལྡན་འདས་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །སེམས་ཉིད་འོད་གསལ་བྱང་ཆུབ་སྙིང་པོའི་དོན། །ཇི་བཞིན་སྟོན་ཕྱིར་རྒྱུད་དོན་གསལ་བ་ལས། །དཔེ་དོན་གསལ་བྱེད་ཡིད་བཞིན་སྒྲོན་མེ་ནི། །སྐལ་བཟང་རྣམས་ཀྱི་དོན་དུ་བཤད་ཀྱིས་ཉོན། །

དེ་ལ་རྡོ་རྗེ་སེམས་དཔའི་མེ་ལོང་རང་བཞིན་གྱིས་དྭངས་ལ་ཟུར་མང་བ་སྤོས་ཆུས་བཀྲུས་ལ། ཡི་གེ་བརྒྱ་པ་མང་དུ་བཟླས་ཏེ། རྡོ་རྗེ་སེམས་དཔར་བསྐྱེད་ལ་ཕྱག་དང་མཆོད་པ་བྱས་ནས། དར་ཟབ་ཀྱིས་དྲིལ་ལ་ངོ་སྤྲོད་ཀྱི་དུས་སུ་བསྟན་པ་ནི། སྤྲོས་པ་མེད་པའི་ཀློང་། བསོད་ནམས་བརྒྱན་པའི་སྐུ། སྤྲུལ་པའི་སྐུ། རྡོ་རྗེ་འོད་སྲུངས་ལ། བཅོམ་ལྡན་འདས་གཟི་བརྗིད་མཐའ་ཡས་ཀྱིས་སྐྱེ་མེད་དག་པའི་ཀློང་ནས་སྙིང་པོ་བྱང་ཆུབ་མཆོག་གི་ཐིགས་པ་གསུམ་སྤྲོས་ཏེ། སྐུ་མངོན་པར་སྣང་བ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུ་ནས། སྐུའི་ཐིགས་པ་མན་ཤེལ་གསང་བའི་སྐུ་ཕྱུང་ནས་དཔེའི་ཡེ་ཤེས་སུ་བཞག །གསུང་སྤྲོས་པ་མེད་པའི་ཀློང་ནས་གསུང་གི་ཐིགས་པ་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་ཡང་ཞུན་ཕྱུང་ནས་དོན་གྱི་ཡེ་ཤེས་ངོ་སྤྲད། ཐུགས་རྡོ་རྗེ་ལྟར་མི་(༡༡)འགྱུར་བའི་དབྱིངས་ཀློང་ནས་ཐུགས་ཀྱི་ཐིགས་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་བའི་སྒྲོན་མ་ཕྱུང་ནས། རྟགས་ཀྱི་ཡེ་ཤེས་ཀྱིས་ཡིད་ཆེས་པར་གཏན་ལ་ཕབ་པོ། །སྐུའི་ཐིགས་པ་རང་བྱུང་གི་ཡེ་ཤེས་ལྔ་སྤྲོས་པ་རང་བཞིན་རྣམ་པར་དག་པ། དྲི་མ་མེད་པའི་ཡེ་ཤེས་མདུན་རྒྱབ་མེད་པར་གསལ་བས་ཡེ་ཤེས་ཟང་ཐལ་ཆེན་པོ་ཕྱི་ནང་མེད་པར་གསལ་བས་གཉིས་སུ་མེད་པའི་ཡེ་ཤེས་ཟང་ཐལ་ཆེན་པོ་ཕྱི་ནང་མེད་པའི་ནང་ནས་རྐྱེན་མེད་པའི་ཡེ་ཤེས་མ་འདྲེས་པར་གསལ་བས་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཡེ་ཤེས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་དང་དུས་མཉམ་དུ་བྱུང་བས་ལྷན་ཅིག་ཏུ་སྐྱེས་པའི་ཡེ་ཤེས་སོ། །སྣང་བ་མཐའ་ཡས་ཀྱི་སྐུའི་གདུང་འཛིན་ཅིང་སེམས་ཅན་གྱི་རྟོག་པ་སེལ་བས་སྐུ་གདུང་རིང་བསྲེལ་ཆེན་པོ་ཞེས་བྱ་ལ། ཆོས་ཀྱི་སྐུའི་དཔེས་མཚོན་པར་བྱེད་པ་རྡོ་རྗེ་སེམས་དཔའི་ཡེ་ཤེས་གསལ་བས་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་བྱའོ། །

འདི་ཉིད་བསྐལ་པ་དང་པོར་དགའ་ལྡན་བརྩེགས་པའི་དུས་ན་ཁྱེའུ་སྣང་བ་དམ་པས་དཔེས་ངོ་སྤྲོད་དུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་བབས་པ་ལས་ངོ་སྤྲད་ཅིང་། དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་ཡང་ཐོག་པ་ཏི་རི་ཀང་ཀ་ཞེས་བྱ་བར་བབས་སོ། །དེ་ནས་རི་བོ་རྩེ་ལྔའི་རྩེ་ལ་བབས་སོ། །དེ་ནས་རྡོ་རྗེ་གདན་དུ་བབས་སོ། །དེ་ནས་གངས་ཏི་སེ་ལ་བབས་ཏེ། མཆོད་རྟེན་ཆེན་པོ་དེ་ལས་ཕྱོགས་བཅུར་འོད་དུ་འཕྲོས་པ་ལས་སེམས་ཅན་གྱི་རྟོག་པ་བསལ་ལོ། །ཇི་ལྟར་ཞེ་ན། འཁོར་བ་དོང་དཀྲུགས་ཆེན་པོའི་རྒྱུད་ལས། སངས་རྒྱས་ལྔ་ཡི་གདུང་འཛིན་པ། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །མཁའ་ཀློང་ལྔ་ཡི་གདུང་འཛིན་པ། །སྣང་མེད་མཁའ་ལ་ཁྱད་པར་གདལ། །ཁ་དོག་མ་འདྲེས་སོ་སོར་གསལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ངོ་བོ་འགགས་མེད་དག་པའི་གཞི། །རང་བཞིན་འབྱུང་བ་ཆེན་པོ་ལྔ། །ཐུགས་རྗེ་གཟུགས་སྐུ་ཡོངས་སུ་བསྟན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། །ཡེ་ཤེས་ལྔ་ལྡན་ཆུ་ཟླའི་སྐུ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ། །རྡོ་རྗེ་འཆང་གི་གཡོན་དུ་བབས། །གདངས་ཀྱི་རྣམ་པ་གསུམ་ལྡན་པ། །བྱང་ཤར་མཚམས་ནས་ཟུར་ལ་འདུག །མཚན་མོའི་ཕྱོགས་ནས་ཉིན་མོ་བལྟ། །ཤེས་རབ་གཡས་ཟུར་དྲུང་བཞག་ནས། །སངས་རྒྱས་ཉག་གཅིག་དེས་མཐོང་འགྱུར། །ཤེས་(༡༢)རབ་ལྷག་མཐོང་ཡེ་ཤེས་ནི། །སངས་རྒྱས་དགོངས་པ་ཉག་གཅིག་ཡིན། །བདུད་རྩི་ལྕེ་ཡིས་དོན་སྦྱར་ན། །རིག་པའི་ཁུ་བྱུག་ཚིག་གཅིག་ཡིན། །འགྱུར་མེད་རྡོ་རྗེ་ལུས་ཀྱི་མཆོག །མན་ངག་ཏི་ལ་ཟུར་འགྲོས་ཅན། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཡིན། །ཞེས་པ་དང་། ངོ་སྤྲོད་སྤྲས་པའི་རྒྱུད་ལས། སྐུ་གསུམ་འབྲས་བུ་མངོན་དུ་བལྟ་འདོད་ན། །བཅུད་ཀྱི་སྙིང་པོ་དཔེ་ཡི་ཡེ་ཤེས་ལྟོས། །ཡིད་བཞིན་རིན་ཆེན་ནོར་བུ་འོད་འབར་རམ། །སྣ་ཚོགས་ནོར་བུ་མར་གད་ཆུ་ཤེལ་ལམ། །ས་ཡི་སྙིང་པོ་རིན་ཆེན་མིག་མ་ཕུག །རྡོ་ཡི་སྙིང་པོ་རིན་ཆེན་མན་ཤེལ་གྱིས། །སངས་རྒྱས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས། །དེ་ཡི་ཕྱིར་ན་འདི་དག་མཁས་པས་བཙལ། །སྐྱེས་བུ་རྣམས་ཀྱིས་དོན་ལ་འཇུག་པའི་ཐབས། །དཔེ་ཡི་ཡེ་ཤེས་བལྟ་བར་གང་འདོད་པ། །མདོར་ན་སྐྱེས་བུའི་འདི་ལྟར་རིག་པར་བྱ། །དཔེ་ཡི་འོད་ཀྱིས་ཕྱི་ཡི་དབྱིངས་རྣམས་བསྟན། །དཔེ་ཡི་ཐབས་ཀྱིས་སྐུ་ཡི་ངོ་བོ་བསྟན། །དཔེ་ཡི་མཐོང་བས་རང་གི་གནས་ལུགས་བསྟན། །དེ་ཕྱིར་འོད་སྐུའི་ཐིག་ལེ་ཡེ་ཤེས་དང་། །རིག་པ་དང་ནི་དབྱིངས་ཀྱི་ཚད་འཛིན་པ། །རྣལ་འབྱོར་རྣམས་ཀྱིས་དཔེ་ལ་མཁས་པར་བྱ། །གང་ཟག་རྣམས་ཀྱི་དབང་པོའི་བྱེ་བྲག་གིས། །ངོ་དང་རྣལ་འབྱོར་ཤེས་པ་སྤྲད་པའི་ཕྱིར། །རང་ངོ་མཐོང་བར་འདོད་ན་འདི་དག་ལྟོས། །ཞེས་གསུངས་པས། དཔེ་ལ་བརྟེན་ནས་དོན་ངོ་ཤེས་ཏེ། མཚོན་དཔེ་མང་ན་ཡང་རིན་པོ་ཆེ་ཤེལ་ལ་བྱ་སྟེ། ཤེལ་རང་བཞིན་གྱིས་རྣམ་པར་དག་ཅིང་ཕྱི་ནང་མེད་པར་གསལ་བས་ཆོས་སྐུ་ངོ་ཤེས། ཤེལ་གྱི་ནང་འོད་ལ་བརྟེན་ནས་ཤེས་རབ་སྲོག་ཏུ་གྱུར་བའི་རླུང་ཡན་ལག་བཞི་ལྡན་ལས། ཤེས་རབ་ཀྱི་གདངས་གསལ་བས་ལོངས་སྐུ་ངོ་ཤེས། ཕྱི་གསལ་གྱིས་འོད་ལ་བརྟེན་ནས་སྤྲུལ་པའི་སྐུ་འོད་ཀྱི་ཤར་ལུགས་ངོ་ཤེས། ཤེལ་ལ་བརྟེན་ཅིང་མཚོན་ནས་གཞི་གནས་ཀྱི་ཡེ་ཤེས་ངོ་ཤེས། ནང་གསལ་གྱིས་མཚན་ཉིད་འཛིན་པའི་ཡེ་ཤེས་ངོ་ཤེས། ཕྱི་གསལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས། ནང་དུ་ཐིམ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངོ་ཤེས། ཤེལ་གྱིས་སྣང་བ་སྣ་ཚོགས་མཚོན་པས་སྣང་ལུགས་ངོ་ཤེས། ཤེལ་རང་གིས་ངོ་བོ་མཚོན་པས་གནས་ལུགས་ཉག་གཅིག་ཏུ་ངོ་ཤེས། ཤེལ་འོད་དང་བཅས་པས་རིག་པའི་ཡེ་ཤེས་ངོ་ཤེས། འདི་དག་གསང་སྔགས་དོན་གྱི་ཚད་མའི་དཔེ་དོན་རྟག་གསུམ་དུ་ཡིད་ཆེས་པས་གྲོལ་བར་བྱ་སྟེ། སྒྲོན་མ་(༡༣)རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས༌། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོར་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་སྟེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲས་བུའི་ཚུལ་དུ་སྨིན་པ་ཡིན། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །

ཞེས་གསུངས་པའི་དོན་རྣམས་རྒྱས་པར་ངོ་སྤྲད་ན་བརྒྱད་ལས། དང་པོ་གདོད་མའི་སྤྱི་གཞི་རང་བྱུང་ངོ་བོ་ཉིད་ཀྱི་སྐུ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགགས་པ་མེད་པ་ཐིག་ལེ་ཉག་གཅིག་སྟོང་པ་རིག་པའི་སྙིང་པོ་ཅན་ནི་མན་ཤེལ་དྭངས་པ་དང་འདྲ་སྟེ། ངོ་བོ་སྟོང་པས་ཆོས་སྐུ་མཚོན་ཏེ་ཟང་ཐལ། འོད་ལྔ་ཕྱིར་མི་གསལ་ཡང་ནང་གསལ་དུ་ཡོད་པས་རང་བཞིན་གསལ་བ་ལོངས་སྐུ་མཚོན། འོད་དཀར་ཕྲ་ཕྲོ་བ་ཡང་ཕྱིར་མི་གསལ་ཡང་། ནང་གསལ་འཆར་གཞི་མ་འགགས་པར་ཡོད་པས་ཐུགས་རྗེ་མཚོན་ནས་སྤྲུལ་སྐུ་རང་ཆས་སུ་གནས་པས། ཡེ་ཐོག་གཞིའི་དུས་ནས་རང་གི་རིག་པ་ལ་སྐུ་གསུམ་འདུ་འབྲལ་མེད་པར་ཚང་སྟེ། ངོ་སྤྲོད་སྤྲས་པ་ལས། ཀུན་ཏུ་བཟང་པོའི་སྣང་གསལ་མེ་ལོང་འདི། །ཕྱོགས་མཐུན་དཔེ་ཡི་རང་བཞིན་རྟོགས་པར་བྱེད། །རྟོགས་པའི་དོན་དེ་རང་སྣང་ངོ་སྤྲོད་ཡིན། །དང་པོ་ཀུན་བཟང་གནས་ལུགས་ངོ་སྤྲོད་ནི། །རིག་པ་ཟང་ཐལ་གནས་པས་མན་ཤེལ་འདྲ། །རིག་པ་རྟོག་མེད་གསལ་བས་མན་ཤེལ་འདྲ། །རིག་པ་ལྷུན་གྲུབ་གནས་པས་མན་ཤེལ་འདྲ། །རིག་པ་མ་འགགས་ཕྱོགས་མེད་མན་ཤེལ་འདྲ། །ཞེས་སོ། །

གཉིས་པ་དེ་ལས། འཁོར་འདས་ཀྱི་གྱེས་གཞི་ངོ་སྤྲད་པ་ནི། ཤེལ་ཉི་མ་ལ་ཕྱར་ནས། ནང་འོད་གཉིས་ཕྱིར་བསྟན་ལ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་རྒྱུའི་རྐྱེན། ཁ་དོག་ལྔ་ལྡན་ཡུལ་གྱི་རྐྱེན། འོད་དཀར་པོ་དེ་ཀུན་ཏུ་ཚོར་བ་ཡིད་དང་མཚུངས་པས་དེ་མ་ཐག་པའི་རྐྱེན། ཐོག་མའི་འགྱུ་བ་དེ་འོད་དང་ལྷན་ཅིག་ཤར་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཤེས་བྱའི་སྒྲིབ་པར་ཤར་བའི་དུས་སོ། །འདི་ལ་འཁྲུལ་གཞི་ཞེས་གསུངས་ཀྱང་གྲོལ་འཁྲུལ་གཉིས་ཀའི་གཞིར་འདུག་པས་གྱེས་གཞིར་འཐད་དོ། །

གསུམ་པ་ཀུན་ཏུ་(༡༤)བཟང་པོའི་གྲོལ་ཚུལ་ནི། ཤེལ་འོད་ལྔ་ལྡན་གྱི་ཐོག་ཏུ་དཀར་པོ་བཞག་ནས་ནང་དུ་བསྡུས་པའི་དཔེས་མཚོན་ཏེ། འོད་ལྔ་རང་སྣང་གི་དཔེ་དཀར་པོ་སྐད་ཅིག་ལ་རིག་ནས་དེ་ཐོག་ཏུ་བཞག་པས་གྲོལ་བའི་དཔེ། ནང་དུ་བསྡུས་པ་རྩལ་གཞི་ཐོག་ཏུ་ཐིམ་པས། དབྱིངས་སུ་ཡེ་ཤེས་འཁྱིལ་ནས་མི་གཡོ་བའི་དཔེ་སྟེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་དང་། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་པ་བཞིན་ནོ། །

བཞི་པ་མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ་ནི། ཤེལ་འོད་བསྟན་ལ་འོད་ལྔ་ཡུལ་གྱི་འཁྲུལ་གཞི་ལ། དཀར་པོ་ཀུན་ཏུ་ཚོར་བའི་ཡིད་ཀྱིས་རང་སྣང་དུ་ངོ་མ་ཤེས་པར་གཞན་ཏུ་བཟུང་བས་ཀུན་ཏུ་བརྟགས་པའི་མ་རིག་པ་ཤར་ནས། རང་ངོ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་མཚུངས་ལྡན་དུ་ཡོད་པས། རིག་པ་ལྡང་ཉལ་གྱིས་འཁྲུལ་པ་སྣ་ཚོགས་སུ་ཤར་ཏེ། འོད་ལྔས་ཕྱི་ཡུལ་ནང་ལུས་ཀྱི་འཁྲུལ་པ་བྱས། རིག་པ་རྟོག་པར་འཁྲུལ་བས་ལས་དང་ཉོན་མོངས་པའི་འཁྲུལ་པ་སྐྱེས་ནས། འགྲོ་དྲུག་སོ་སོའི་གནས་དང་། ལུས་དང་། སེམས་སུ་བག་ཆགས་པ་ནི། ཤེལ་གྱི་རང་འོད་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ། འོད་དཀར་པོ་དེ་རེས་མོས་ཀྱིས་ལན་ལྔར་བཞག་པ་ལ་ངོ་སྤྲད་དོ། །འོད་དཀར་པོ་སེམས་ཀྱི་རྟོག་པ་དེས་འོད་ལྔའི་དཀར་པོ་ལ་བཟུང་བས་ཆུར་འཁྲུལ་ཞེ་སྡང་བསྐྱེད། སེར་པོ་ལ་བཟུང་བས་ས་དང་ང་རྒྱལ་བསྐྱེད། དམར་པོ་ལ་བཟུང་བས་མེ་དང་འདོད་ཆགས་བསྐྱེད། ལྗང་གུ་ལ་བཟུང་བས་རླུང་དང་ཕྲག་དོག་བསྐྱེད། མཐིང་ག་ལ་བཟུང་བས་ནམ་མཁའ་དང་གཏི་མུག་བསྐྱེད། སྣོད་བཅུད་ཀྱི་ཁ་དོག་ཏུ་འཁྲུལ་ལོ། །དེ་ཡང་འོད་ལྔས་ཡུལ་དང་ལུས་ཀྱི་འབྱུང་བ་བསྐྱེད་ཅིང་། སེམས་ཀྱིས་ལས་དང་ཉོན་མོངས་པ་ལས་བདེ་སྡུག་སོ་སོར་བསྐྱེད་ནས་འཁོར་བར་འཁྲུལ་པ་ངོ་སྤྲད་དེ། དེ་སྐད་དུ་ཡང་། ངོ་སྤྲོད་སྤྲས་པ་ལས། འཁྲུལ་པ་རྐྱེན་ལས་བྱུང་བས་མན་ཤེལ་འོད་དང་འདྲ། །དངོས་པོ་སྣ་ཚོགས་སྣང་བས་མན་ཤེལ་འོད་དང་འདྲ། །སྣང་ཡང་ངོ་བོ་འགྱུར་མེད་མན་ཤེལ་འོད་དང་འདྲ། །ཟད་མེད་འཕེལ་བ་མེད་པས་མན་ཤེལ་འོད་དང་འདྲ། །ཞེས་སོ། །

ལྔ་པ་འཁྲུལ་དུས་སེམས་ཅན་ལ་འོད་གསལ་གནས་ཚུལ་ནི། ཤེལ་འོད་བསྟན་ལ། (༡༥)སྙིང་དབུས་འོད་རྩའི་སྦུབས་ན། རིག་པའི་ངོ་བོ་ཤེལ་སྒོང་ལྟར་དྲི་མ་མེད་ཅིང་སྟོང་པ་ཆོས་སྐུའི་ངང་ནས་སྐུ་དང་ཡེ་ཤེས་ནང་གསལ་གྱི་གདངས་ལས། མིག་ཏུ་ཤེལ་སྦུག་ཅན་ནས་ཕར་འོད་གསལ་སྣང་བ་འོད་ལྔར་ངོ་སྤྲད། སྙིང་ནས་གློ་བར་འབྲེལ་བའི་ནང་ན་རླུང་གི་རྟ་བྱས་པའི་རིག་གདངས་མི་ལྟ་བུ་དབྱེར་མེད་དུ་ཡོད་པ་ལ་སེམས་ཞེས་བྱ་སྟེ། དབང་པོའི་སྒོ་སོ་སོ་ལ་ཐོན་ནས་རྩལ་རྟག་པར་འཕྲོ་བ་འོད་དཀར་པོར་ངོ་སྤྲད་དོ། །དེ་ཡང་འོད་ལྔ་ཡེ་ཤེས་ཀྱི་དཔེ། གཞི་འཛིན་པའི་རིག་པ་སྙིང་གར་གནས་པ་ལ་ངོ་སྤྲད་དོ། །དཀར་པོ་དེའི་གདངས་སམ་རྩལ་སེམས་ཀྱི་དཔེ་མཚན་ཉིད་སྣ་ཚོགས་ལ་རྟོག་དཔྱོད་བྱེད་པས་མཚན་ཉིད་འཛིན་པའི་རིག་པར་ངོ་སྤྲད་དོ། །

དྲུག་པ་ཉམས་སུ་བླང་ཚུལ་ནི། ཤེལ་འོད་ལྔ་པོའི་སྟེང་དུ་དཀར་པོ་བཞག་ནས་མི་གཡོ་བའི་དཔེས། རིག་པ་སྟོང་པའི་ངང་ལས་གསལ་བའི་འོད་གདངས་ཕྱིར་ནམ་མཁའི་དཀྱིལ་དུ་སྣང་བ་ནི། ཡུལ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་སྟེ། དེ་ལ་གཏད་དུས་སེམས་འོད་གསལ་ཡེ་ཤེས་ཀྱི་ངང་དུ་ཐིམ་ནས་ཡེ་ཤེས་འབའ་ཞིག་ལ་གནས་པས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོང་ནས་ཤར་བ་ནི། ཡེ་ཤེས་ཉམས་སུ་ལེན་པའོ། །ཡང་འོད་དཀར་པོ་ཤེལ་ནང་དུ་ཐིམ་ཞིང་ཡང་མཆེད་པའི་དཔེས། རྣམ་རྟོག་གང་ཤར་གྱི་སྟེང་དུ་བཅོས་བསླད་མེད་པར་བཞག་དུས། རྩལ་གཞི་ལ་ཐིམ་ནས་ཆོས་སྐུ་སྟོང་པའི་ངང་ལ་གནས་པ་དང་ཡང་རྟོག་པ་ཤར་དུས་དེ་བཞིན་དུ་ངོ་སྤྲད་དོ། །འོད་ལྔ་དང་དཀར་པོ་གཉིས་ཀ་ཤེལ་ནང་དུ་བསྡུས་ནས་མི་གཡོ་བའི་དཔེས། མཉམ་བཞག་རྟོག་པ་མེད་པའི་ངང་དུ་བཞག་དུས། འོད་སྣང་དང་། ཤར་གྲོལ་གྱི་ཐབས་གཉིས་གང་ལ་ཡང་མ་བརྟེན་པར་བློ་འདས་ཀ་དག་གི་རང་བཞིན་བརྗོད་མེད་རང་གནས་ཆེན་པོའི་དགོངས་པ་ལ། ནང་དུ་གནས་པར་ངོ་སྤྲད་དོ། །མདོར་ན་སེམས་ཀྱི་ངོ་སྤྲོད་ཤར་གྲོལ། ཡེ་ཤེས་ཀྱི་ངོ་སྤྲོད་མངོན་གསུམ། གཉིས་མེད་ཀྱི་ངོ་སྤྲོད་བློ་འདས་ཏེ། ཉམས་སུ་ལེན་ཚུལ་གསུམ་དུ་ངོ་སྤྲད་ནས་ཉམས་སུ་བླངས་པས། གཞི་ལ་ཡོད་པའི་ངོ་བོ་ཉིད་ཀྱི་ཆོས་སྐུ་ལམ་ཤེས་རབ་ཀྱིས་ཉམས་སུ་བླངས་པས། ཤེས་རབ་སྐུ་རུ་སྨིན་ནས་གྲོལ་བར་བྱེད་དོ། །དེ་ཡང་གཞིའི་ངོ་བོ་ཉིད་ནི་འཁྲུལ་གྲོལ་གང་དུའང་མ་ཆད་ལ། རྐྱེན་གྱིས་(༡༦)གཉིས་ཀའི་གཞི་བྱེད་པས། དེ་ལས་ཤེས་རབ་བསྐྱེད་ནས་ཉམས་སུ་ལེན་པ་གལ་ཆེའོ། །

བདུན་པ་བར་དོའི་འཆར་ཚུལ་ནི། ཤེལ་འོད་བསྟན་ལ་ཕྱིས་འབྱུང་ནུབ། ནང་འབྱུང་འགགས། གསང་འབྱུང་འོད་གསལ་གྱི་དཀྱིལ་འཁོར་འདི་བཞིན་དུ་འཆར་ཏེ། དང་པོ་མིག་གཉིས་ནས་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་འཆར་བ་ལྔ་ལྡན་ལ་ངོ་སྤྲད་ལ། དཀར་པོ་དེ་ཐོག་ཏུ་བཞག་པས་སྣང་བ་རང་སྣང་དུ་ཤེས་ནས། དེ་ཐོག་ཏུ་བཞག་པས་གྲོལ་བའི་དཔེ། འོད་གཉིས་ནང་དུ་བསྡུས་པས་རང་སྣང་གདོད་མར་གྲོལ་བའི་ཚུལ་ངོ་སྤྲད་དོ། །དེའི་དབུས་སུ་སྒྲ་འོད་ཟེར་གསུམ་ཤེལ་འོད་མྱུར་བར་བསྐོར་ལ་ངོ་སྤྲད་དོ། །དེ་ནས་འོད་ལྔའི་སྣང་བས་ཚོམ་བུའི་དཀྱིལ་འཁོར་ཡེ་ཤེས་ལྔར་རང་ངོ་ཤེས་པ་ལས་འཆར་བ། འོད་དཀར་པོ་ལྔ་ལྡན་ལ་བསྲེས་པས་ངོ་སྤྲད། དེ་ཉིད་ནང་ཐིམ་གྱི་གདོད་མར་གྲོལ་བ་ལ་ངོ་སྤྲད། དེ་ནས་འོད་ལྔས་ལྷུན་གྲུབ་ཀྱི་སྣང་བ་དང་དཀར་པོ་བསྲེས་པས་རང་ངོ་ཤེས་པ་དང་ནང་དུ་ཐིམ་པས་གདོད་མར་གྲོལ་བར་ངོ་སྤྲད་དོ། །ཁྱད་པར་དུ་ཤེལ་ལས་འོད་འཆར་བས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལས་ཡེ་ཤེས་འཆར་བར་ངོ་སྤྲད་དོ། །གཞི་ལས་ཤར་བའི་འོད་གསལ་ཤེས་རབ་ཀྱིས་ངོ་ཤེས་པས་ཆོས་སྐུ་གདོད་མར་སྨིན་པར་བྱེད་དོ། །ངོ་སྤྲོད་སྤྲས་པ་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་སྟེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཞེས་སོ། །

བརྒྱད་པ་འབྲས་བུར་གྲོལ་ཚུལ་ནི། ཤེལ་འོད་རང་ཐིམ་ལ་གནས་པས། ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་མི་གསལ་གསལ་བའི་བདག་ཉིད་ཅན་དུ་ངོ་སྤྲད་དོ། །དེ་ཡང་འོད་ལྔ་རང་ཐིམ་གྱིས་སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་མཚོན་ནོ། །དཀར་པོ་རང་ཐིམ་གྱིས་ཐུགས་རྗེའི་གདངས་མ་འགགས་པར་ཡོད་པ་མཚོན་ནོ། །ཤེལ་ཟང་ཀ་དེས་ཀ་དག་གི་ཡེ་ཤེས་ཆོས་སྐུ་མཚོན་ནོ། །དེ་ཡང་དབུ་མ་རབ་དུ་མི་གནས་པའམ། རྫོགས་ཆེན་པས་ཀ་དག་ལ་ཡེ་ཤེས་མེད་པར་འདོད་པ་ནི། ཕྱིར་གསལ་ལ་མེད་པ་ཙམ་ལ་དགོངས་ཀྱི་དོན་ལ་མེད་ན་ཆོས་སྐུའི་ངང་ལས་གཟུགས་སྐུ་མི་འཆར་བའི་སྐྱོན་ཡོད་པས་ཕྱང་ཆད་ལ་སོང་བ་ཡིན་ནོ། །དེས་ན་འཁྲུལ་པ་རྩད་ནས་དག་ཀྱང་གདོད་མའི་ངང་ལས་སྐུ་གཉིས་མི་འགགས་པར་འཆར་བས། འོད་ལྔ་དཀར་པོ་དང་འདྲེས་པའི་ཆ་དེ་མེ་ལོང་ཡེ་ཤེས་ཏེ། དེའི་ངང་ལས་ལོངས་སྐུའི་སྣང་བ་དང་ཡེ་ཤེས་གཞན་བཞི་འཆར་བའི་(༡༧)རྟེན་བྱེད་པའོ། །ཡང་ཤེལ་ཀ་དག་ཆོས་སྐུའི་དཔེ་དེའི་འོད་ལྔ་ནང་གསལ་ལས་ཉི་མའི་རྐྱེན་གྱིས་ཕྱིར་གསལ་དུ་འོད་ལྔ་འཆར་བ་ལྟར། གདུལ་བྱའི་རྐྱེན་གྱིས་ཆོས་སྐུའི་ངང་ནས་ནང་གསལ་མེ་ལོང་ཡེ་ཤེས་ལས། ཕྱིར་གསལ་ལོངས་སྐུ་ངེས་པ་ལྔ་ལྡན་འཆར་བའི་དཔེའོ། །འོད་ལྔའི་ནང་ནས་འོད་དཀར་པོ་ལ་སོགས་སུ་འཆར་བའི་དཔེས། ལོངས་སྐུ་ལས་སྤྲུལ་སྐུ་འཆར་བ་མཚོན་པའོ། །འདི་དག་དབྱིངས་ལས་ཡེ་ཤེས་མཆེད་པས་སེམས་ཅན་གྱི་དོན་མཛད་པ་བྱུང་ཚུལ་ལོ། །དེ་ནས་ཡང་སྤྲུལ་སྐུ་མྱ་ངན་ལས་འདས་པ་ལྟ་བུའི་ཚེ་ལོངས་སྐུར་ཐིམ། ལོངས་སྐུ་ཆོས་སྐུར་ཐིམ་པས། སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཤེལ་འོད་ནང་དུ་བསྡུས་པས་ངོ་སྤྲད་དོ། །དེ་ཡང་སྔོན་ཐོག་མཐའ་གང་དུ་ཡང་མ་ཕྱེ་བའི་དུས་ཀྱི་གཞི་དེ་དང་། ངོ་བོ་ལ་ཁྱད་མེད་ཀྱང་རིག་མ་རིག་གི་ཁྱད་ཀྱིས་ཕྱིས་ཤེས་རབ་ཀྱིས་གྲོལ་ནས། ནང་གསལ་གདོད་མའི་གཞིར་ཐིམ་དུས་ཐམས་ཅད་ཡེ་ཤེས་ཀྱི་སྐུར་སངས་རྒྱས་པས་ཐམས་ཅད་མཁྱེན་པ་ཞེས་བྱ་ལ། གང་དུའང་མ་ངེས་པའི་དུས་ཀྱི་གཞི་དེ་ལ་རང་བྱུང་ངོ་བོ་ཉིད་ཀྱི་སྐུའམ་སྤྱི་གཞི་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་རིག་པས་ཐོག་མར་གྲོལ་དུས་ཀྱི་གཞི་དེ་ཉིད་རང་བྱུང་གི་ངོ་བོ་ཉིད་ཀྱི་སྐུ་དང་དབྱེར་མེད། སྐུ་གཉིས་ཀ་དག་དང་འདྲེས་པ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་དབྱེར་མེད་ངོ་བོ་ཉིད་སྐུ་དང་འདྲེས་པས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་བཞུགས་པའོ། །འདིའི་ངང་ལས་ལོངས་སྐུ་དང་སྤྲུལ་སྐུ་ཤར་དུས་ངོ་བོ་ཉིད་སྐུ་གཡོས་པ་མེད་དེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ཞེས་པ་ལ་སོགས་པ་བྱུང་བ་བཞིན་ནོ། །ཚུལ་འདི་དག་རང་གིས་ཤིན་ཏུ་ངེས་པས་གཞན་ལ་བསྟན་པར་བྱའོ། །འལ་འོལ་ཙམ་དུ་མ་ཡིན་ནོ། །འདི་ཉིད་ལེགས་པར་རྟོགས་ན་རྡོ་རྗེ་སྙིང་པོའི་དགོངས་པ་མཐར་ཐུག་རྟོགས་པས། ཚེ་འདི་ཉིད་ཀྱིས་འཁོར་བ་ལས་ལྡོག །ཐར་པ་རང་ལས་རྙེད། བྱང་ཆུབ་སྙིང་པོར་ཕྱིན་ནས་སངས་རྒྱས་པ་ཡིན་ནོ། །

ཆོས་ཚུལ་ཉི་མ་འོད་གསལ་སྙིང་པོ་འདིས། །འགྲོ་ཀུན་གདོད་མའི་དབྱིངས་སུ་རང་གྲོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །རང་གནད་གསང་བ་ཡང་གསང་རྨད་དུ་(༡༨)བྱུང་བ་ལས། དཔེ་དོན་གསལ་བྱེད་སྒྲོན་མེ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

དཔལ་སྔགས་ཀྱི་བདག་མོ་དང་། གཟའི་དགེ་བསྙེན་ཆེན་པོ་དང་། དམ་ཅན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག །འདྲ་མིན་གྱི་ཡི་གེ་འཆོས་པ་བྱུང་ན་ཁ་ནས་ཁྲག་སྐྱུགས། མིག་འབྲས་ཐང་ལ་ཕུལ་ཅིག །ས་མ་ཡཿ། རྒྱ་རྒྱ་རྒྱ།། །།

ཉམས་ལེན་གནད་ཀྱི་སྒྲོན་མེ།

༄༅། །ཉམས་ལེན་གནད་ཀྱི་སྒྲོན་མེ་བཞུགས་སོ། །

༄༅། །དངོས་གྲུབ་མཆོག་སྩོལ་དཔལ་ལྡན་བླ་མ་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ་བཏུད་དེ། །སྐལ་བཟང་ཚེ་གཅིག་ཐར་པ་འདོད་རྣམས་ཀྱི། །དོན་དུ་ཉམས་ལེན་གནད་ཀྱི་སྒྲོན་མེ་བྲི། །

འདིར་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་མངོན་སུམ་སྙིང་ཏིག་གི་གདམས་པ་འདི་ལ་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བའོ། །དང་པོ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བའོ། །དང་པོ་ལའང་གཉིས་ཏེ། གདམས་པ་ལ་འཇུག་པའི་ཚུལ་དང་། ཞུགས་ནས་ཇི་ལྟར་བསྒོམ་པའི་རིམ་པའོ། །

དང་པོ་ནི་བླ་མ་མཚན་ཉིད་དང་ལྡན་པ་སྤྱིར་ཐེག་པ་མཐའ་དག་གི་དོན་ལ་མཁས་ཤིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ཕུན་སུམ་ཚོགས་པས་གཞན་རྗེས་སུ་འཛིན་ཅིང་། ཁྱད་པར་དུ་གསང་སྔགས་བླ་ན་མེད་པའི་ཚིག་དོན་ལ་སྣང་བ་ཐོབ་པས། ལྟ་སྒོམ་སྤྱོད་འབྲས་ཀྱི་དྲོད་ཚད་མངའ་བ་གཅིག་གིས་སློབ་མ་མཚན་ཉིད་དང་ལྡན་པ་བླ་མ་ལ་གུས་ཤིང་གཏོང་ཕོད་དང་དག་སྣང་ཆེ་བ། དམ་ཚིག་དང་གདམས་པ་ལ་གནས་པས་ཐར་པའི་བྱང་ཆུབ་བསྒྲུབ་པ་ལ་བརྩོན་ཞིང་བློ་ཆེ་ལ་ཁོང་ཡངས་པས་སྣོད་དུ་རུང་བ་དེས། སྔོན་དུ་བླ་མ་མཉེས་པར་བྱས་ཏེ། སྨིན་བྱེད་དབང་གི་རིམ་པས་རྒྱུད་སྦྱངས་ནས། མངོན་སུམ་འོད་གསལ་གྱི་དོན་ལ་འཇུག་པའི་ཕྱིར། བྱ་བ་དགུ་ཕྲུགས་སུ་གཏང་བར་བྱའོ། །དེ་ཡང་ལུས་ཀྱིས་ཕྱིའི་བྱ་བ་ཚོང་དང་སོ་ནམ་ལ་སོགས་པ་འཇིག་རྟེན་གྱི་འདུ་འཛི་དང་གཡེང་བ། ནང་གི་བྱ་བ་ཐུན་མོང་གི་ཆོས་སྤྱོད་ཕྱག་དང་བསྐོར་བ་ལ་སོགས་པ། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་གར་ལ་སོགས་པ་སྟེ། མདོར་ན་གཡོ་བྱེད་ལུས་ཀྱི་སྤྲོས་པ་མཐའ་དག་གཏང་ཞིང་། ངག་གི་ཕྱིའི་བྱ་བ་ལོང་གཏམ་ཚིག་རྩུབ་(༡༩)ལ་སོགས་པ་འཇིག་རྟེན་ཐ་མལ་པའི་ངག་གི་སྨྲ་བརྗོད། ནང་གི་བྱ་བ་ཐུན་མོང་གི་འདོན་བཟློས་ཁ་ཏོན། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བཟླས་བརྗོད་ལ་སོགས་པ་སྟེ། མདོར་ན་སྨྲ་བརྗོད་ངག་གི་འཇུག་པ་མཐའ་དག་བཏང་ལ། སེམས་ཀྱི་ཕྱིའི་བྱ་བ་འཇིག་རྟེན་གྱི་རྣམ་རྟོག །ནང་གི་བྱ་བ་ཐུན་མོང་གི་ཆོས་ལ་རྟོག་དཔྱོད་དང་བསམ་མནོ། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བསྐྱེད་རིམ་ལ་སོགས་པའི་བློས་བྱས་ཀྱི་སྒོམ་པ་ཐམས་ཅད་དེ། མདོར་ན་དྲན་བསམ་ཡིད་ཀྱི་འཕྲོ་འདུ་ཐམས་ཅད་བཏང་ལ་སྒོ་གསུམ་དལ་བ་བརྟེན་པར་བྱའོ།། །།

གཉིས་པ་ཞུགས་ནས་ཇི་ལྟར་བསྒོམ་པའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་གནད་ཀྱིས་གཟིར་བ་དང་། དངོས་གཞི་ངོ་སྤྲད་པ་དང་། རྗེས་སུ་ཉམས་སུ་བླང་བའོ། །

དང་པོ་ནི། རབ་དུ་དབེན་པའི་གནས་སུ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་འབྱོངས་པར་བྱས་ནས། གནད་ལྔ་ལ་བསླབ་སྟེ་ལུས་ཀྱི་གནད་བཞུགས་སྟངས་གསུམ་གང་རུང་བྱའོ། །ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། འགྱིང་ཚུགས་སུ་འདུག་ལ་ལག་སོར་གཉིས་ནང་དུ་བསྒོངས་ཏེ། རྐང་མཐིལ་གཉིས་མདུན་དུ་སྤྲད་པའི་དབུས་སུ་བཙུགས་ལ། མཇིང་པ་དགྱེད་དེ། མིག་སྟེང་གི་ནམ་མཁའ་ལ་ཧར་པོར་བལྟའོ། །ཁ་ཅིག་རྐང་མཐིལ་ས་ལ་ཕབ་ནས་ཙོག་པུར་འདུག་པའི་གཡས་གཡོན་གཉིས་སུ་ལག་པའི་མཐིལ་ས་ལ་འཛུགས་པར་འདོད་དེ། དགོངས་པ་ཅུང་ཟད་མ་ལོན་པར་སྣང་ངོ་། །ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི། པུས་བྲང་གཉིས་སྦྱར་ནས་ཁ་སྦུབ་པའི་རྐང་མཐིལ་གཉིས་ཕྱིར་བསྟན། ལག་པའི་གྲུ་མོ་གཉིས་ས་ལ་བཙུགས་པའི་ཐལ་མོ་གཉིས་ཀྱིས་འགྲམ་པ་བརྟེན་ལ་མིག་ཐད་ཀར་བལྟའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། ཙོག་པུར་འདུག་པའི་པུས་མོའི་སྟེང་དུ་ལག་པ་གཉིས་བསྣོལ་ཏེ། ཐལ་མོས་གྲུ་མོ་གཉིས་བཀབ་ལ་མིག་ཅུང་ཟད་ཕབ་ལ་བལྟའོ། །བཞུགས་སྟངས་གསུམ་གང་བཅའ་ཡང་བསྡམས་པ་བཅུམས་པ་ལྟ་བུ་མ་ཡིན་པར་ཆ་ཆ་ནས་ལྷོད་ཆགས་པ་གནད་དམ་པའོ། །སྒོའི་གནད་གཟིགས་སྟངས་གསུམ་གང་རུང་བཅའ་བ་སྟེ། ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་རྣམ་པར་བལྟ་བ་ལྟ་བུ། ལོངས་སྐུའི་གཟིགས་སྟངས་ཟུར་ལ་བྲམ་ཟེ་སྨྱུག་མ་སྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་(༢༠)ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའོ། །གཟིགས་སྟངས་གང་ལ་ཡང་མིག་མི་འགུལ་བར་དྭངས་ལ་གློད་པ་གནད་དོ། །རླུང་གི་གནད་རབ་ཏུ་དལ་བ་སྟེ། དེ་ཡང་སྣ་ནས་མི་གཏང་བར་ཁ་ནས་དྲང་ཞིང་། ཕྱི་ནང་གི་རྒྱུ་བ་ཆ་མཉམ་པ་ལས། ལས་དང་པོ་པའི་དུས་སུ་ཅུང་ཟད་ནང་དུ་བསྡམ་པ་སྟེ། རྩོལ་བ་དང་བཅས་པ་མ་ཡིན་ནོ། །ཁྱད་པར་དུ་དད་པ་དང་ངེས་འབྱུང་དང་ཏིང་ངེ་འཛིན་འཕེལ་དུས་ནང་དུ་དལ་བུས་རང་ལུགས་སུ་བཟུང་ལ་རྫོགས་པར་ཕྱིར་མི་གཏང་ལ། ཉོན་མོངས་པ་སྐྱེས་པ་དང་སྙིང་མི་དགའ་བ་ལ་སོགས་པའི་ཚེ་ཧ་དྲག་པོས་ཕྱིར་འཕངས་ལ་ཅུང་ཟད་ཕྱིར་གཟུང་བ་གནད་དོ། །ཡུལ་གྱི་གནད། ནམ་མཁའ་སྤྲིན་མེད་པའི་ངོས་སུ་བལྟ་བ་དང་། ཉི་མ་རྩེ་ཤར་གྱི་དུས་སུ་ཉི་མ་ལས་འོག་ཏུ་ཁྲུ་གང་གི་ས་དང་། ནུབ་ཁར་ནུབ་ཀྱི་ཕྱོགས་སུ་དེ་བཞིན་དུ་བྱ་བ་ནི་ཟེར་གཉིས་ཀྱི་དུས་ཏེ། ལས་དང་པོ་པས། འོད་གསལ་འཆར་སླ་བའི་དགོས་པ་ཡོད་དོ། །ཡུལ་ལ་ཐག་རིང་པོ་ལ་ཇེ་ཐུང་དུ་བསླབ་པ་ནི་གནད་དོ། །རིག་པའི་གནད་ཤེས་པ་གྲུང་བཏོན་ལ། ནམ་མཁའི་གདངས་སྔོན་པོ་དེ་ལ་མིག་མི་འགུལ་པས་མ་ཡེངས་པར་བལྟ་བའོ། །དེ་ཡང་ཅུང་ཟད་ཀྱང་མ་ཡེངས་པར་བྱིང་རྒོད་མེད་པར་བལྟ་བ་གནད་ཡང་དག་པའོ། །

གཉིས་པ་དངོས་གཞི་ངོ་སྤྲད་པ་ནི། གནད་དེ་དག་ལ་གཟིར་བས། ནམ་མཁའི་དཀྱིལ་དུ་དང་པོ་དཀར་པོ་ཟང་ཟིང་དུ་སྣང་བ་ནི། ཡེ་ཤེས་སྐར་མ་ལམ་མེ་བ། ཞེས་པ་ལས་འཇའ་འོད་ཁ་དོག་ལྔ་ལྡན་དང་། ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་དང་། པདྨ་དང་མཆོད་རྟེན་དང་། ལྷའི་སྐུ་དང་། མུ་ཏིག་གི་དྲ་ཕྱེད་ལྟ་བུ་སྣང་བ་བསམ་གྱིས་མི་ཁྱབ་པ་འཆར་ཏེ། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕུང་པོ་ལྟ་ན་སྡུག །ཅེས་པའོ། །དེ་ཡང་རྩ་བཟང་བ་རྣམས་ལ་དང་པོ་ཉིད་ནས་ལྷ་སྐུ་ལ་སོགས་པ་སྣང་ཞིང་། ངན་པ་རྣམས་ལའང་ཐིག་ལེ་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཆར་ཏེ་དོན་ལ་འདྲའོ། །རྡོ་རྗེ་ལུ་གུ་རྒྱུད་ནི་ནང་གི་སྙིང་གའི་ཡེ་ཤེས་འོད་གསལ་གྱི་རྩའི་གདངས་ཕྱིར་སྣང་བ་སྟེ། དེ་ཡང་གསེར་གྱི་སྐུད་པ་ནམ་མཁར་བརྒྱངས་པ་ལྟ་བུའི་བར་བར་ན་ཐིག་ལེ་ཕྲ་མོ་རྨ་བྱའི་མདོངས་བརྒྱུས་པ་འདྲ་བའམ། མུ་ཏིག་གི་དྲ་བ་དྲ་ཕྱེད་འཕྱངས་པ་ལྟ་བུ་ལ་ཐིག་ལེའི་བརྒྱན་པ་དེ་ཡིན་ནོ། །སྣང་བ་འདི་དག་མཐོང་བ་ནི་སྙིང་གའི་འོད་གསལ་གྱི་གདངས་མཐོང་བ་སྟེ། སངས་རྒྱས་སུམ་(༢༡)སྟོང་གི་ཞལ་མཐོང་། རིག་པ་མངོན་སུམ་གྱི་དོན་རྟོགས་པ་ཞེས་བྱ་བས། ཕྱིན་ཆད་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་རྟོགས་པ་ཞེས་བྱའོ། །དེ་ཡང་ཕྱི་འོད་ལྔ་ལ་བལྟས་པས། ནང་དུག་ལྔ་སྐད་ཅིག་ལ་གྲོལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །ཆོས་ཉིད་ཡིད་དཔྱོད་ལ་མ་ལུས་པར་སེམས་ཉིད་འོད་གསལ་མཐོང་བས། ཆོས་ཉིད་མངོན་སུམ་གྱི་དོན་མཐོང་བ་ཞེས་བྱའོ། །དེ་ཉིད་མཐོང་བས་དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་གཅིག་མཐོང་བ་སྟེ། རིམ་གྱིས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་མཐོང་ནས་གྲོལ་བར་འགྱུར་བས་ཐར་པའི་ལམ་སྣ་ཟིན་པ་ཞེས་བྱའོ། །འདི་ལྟར་སྣང་བ་རྒྱ་ཆེ་ཆུང་ལ་ལྟོས་ནས་བྱང་ཆུབ་སེམས་དཔའ་ས་བཅུ་རིམ་པས་བགྲོད་ཀྱང་། ད་དུང་ཁམས་ཀྱི་ཡོན་ཏན་མཐའ་དག་མཐོང་བ་མ་ཡིན་ལ། སངས་རྒྱས་དུས་ཁམས་ཀྱི་ཡོན་ཏན་མཐར་ཐུག་མཐོང་བས་བྱང་ཆུབ་ཅེས་བརྗོད་པའང་དེ་ཡིན་ནོ། །དེས་ན་དེ་རིང་ཉིད་ནས་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །ཞེས་ངོ་སྤྲད་དོ། །

གསུམ་པ། རྗེས་ཉམས་སུ་བླང་བ་ནི། སྙིང་དབུས་འོད་རྩའི་ནང་ན་ཡེ་ཤེས་ཆེན་པོ་གནས་པ་ཡང་། ངོ་བོ་སྟོང་པ་དང་ཐུགས་རྗེ་རིག་པ་གཉིས་སུ་མེད་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ལ། རང་བཞིན་གསལ་བ་འཇའ་འོད་ཀྱི་ཁང་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། དེའི་དབུས་ན་ལྔ་ལྡན་འོད་ཀྱི་ཚོམ་བུ་རིགས་ལྔ་སྐུ་ཡི་ཆ་ཅན་ནི། ཐིག་ལེ་སྟོང་པའི་སྒྲོན་མ་སྟེ། རྨ་བྱའི་མདོངས་ལྟ་བུའོ། །ནང་གི་གདངས་ཕྱིར་ཤར་དུས་མིག་གི་ཨ་འབྲས་ཀྱི་འོད་གདངས་དམར་སེར་ཕྱིར་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མར་བཏགས་པ་ནི། གདངས་ཀྱི་ཐིག་ལེ་སྟོང་སྒྲོན་ཡིན་ལ། ནམ་མཁར་སྣང་བའི་འོད་སྣང་ལ་དབྱིངས་རྣམ་དག་གི་སྒྲོན་མར་བཏགས་པ་ཡང་གདངས་ཀྱི་དབྱིངས་རྣམ་དག་གི་སྒྲོན་མའོ། །དེ་བཞིན་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བཏགས་ཀྱང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དོ། །དེ་ལྟར་འོད་ནང་དུ་ལུ་གུ་རྒྱུད་གནས་པ་ལ་གཏད་ནས་མ་ཡེངས་པར་ཕྱིར་བསྒོམས་པས། ནང་དུ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤར་བ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱའོ། །དེ་ལྟར་བཏགས་པ་ཡང་། གནད་དེས་ཡེ་ནས་ཡོད་ཐོག་ཏུ་དུས་དེར་ཕེབས་པ་ལ་བཏགས་ཀྱིས་སྔར་མེད་གསར་བྱུང་གི་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་མ་ཡིན་ནོ། །(༢༢)དེ་ལྟར་ཉམས་སུ་ལེན་དུས་སུ་བཞུགས་སྟངས་གསུམ་ལས། གཙོ་བོ་དྲང་སྲོང་ཙོག་པུ་བྱ་ཞིང་། གཟིགས་སྟངས་གསུམ་ལས་ཐུར་དུ་ཅུང་ཟད་ཕབ་ལ་བལྟའོ། །གཞན་རྣམས་གྲོགས་ཙམ་དུ་བསླབ་པོ། །དེ་ཡང་དཀར་ལང་ལོང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱིས་དྲང་ལ་བལྟ་བ་གནད་དོ། །དེ་ནས་དཀར་ཤས་ཆེ་ན་གཡས་སུ་བཟློག་པ་དང་། སེར་ཤས་ཆེ་ན་གྱེན་ལ་བཟློག་པ་དང་། ལྗང་ཤས་ཆེ་ན་གཡོན་དུ་བཟློག་པ་དང་། དམར་ཤས་ཆེ་ན་ཐུར་དུ་དབབ་པ་དང་། མཐིང་ཤས་ཆེ་ན་དབུས་སུ་དྲིལ་བ་དང་། ལྔ་ལྡན་སྙོམས་པར་གསལ་ན་གཟིགས་སྟངས་གང་ཡིན་ལས་མི་འགྱུར་བ་གནད་ཡིན་ནོ། །འདིའི་དུས་སུ་ཆོས་སྐུའི་རྟེན་ཉི་མ་ལ་བསླབ་པ་ཡང་། ཉིན་མོ་ཉི་མ་ལས་ཁྲུ་གང་གི་འོག་གམ། གཡོན་དུ་ནམ་མཁའ་ལ་མིག་འབྲས་ཅུང་ཟད་བཟློག་ལ་བལྟས་པས། དབྱིངས་འོད་ལྔའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་མཐོང་དུས། ལོངས་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ལས་ཇེ་རིང་དུ་ཟུར་ལ་ཁྲིད་ལ་ཡས་མན་ནམ་ཕན་ཚུན་གྱི་ཐད་དྲང་དུ་བཞག་པ་ལ། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཐུར་ལ་སེམས་མ་ཡེངས། མིག་མི་འགུལ། ངག་མི་སྨྲ། བཞུགས་སྟངས་མི་གཡོ་བར་གནས་པས། དབྱིངས་འོད་ལྔ་དང་། རིག་པ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པའི་སྣང་བ་གོང་དུ་མཆེད་པར་འགྱུར་རོ། །མཚན་མོ་ལོངས་སྐུའི་རྟེན་ཟླ་བ་ལ་བསླབ་པ་ཡང་ཚུལ་དེ་དང་འདྲ་བ་ལས། ཁྱད་པར་དུ་མིག་ཟླ་བའི་དཀྱིལ་དུ་གཏད་ནས་སེམས་མ་ཡེངས་པར་བཟུང་བས་སྣང་བ་མཆེད་པ་དང་། ཉིན་མོ་མིག་གི་ཚ་བ་འཕེལ་ནས་ཅུང་ཟད་མི་གསལ་བ་གྲང་བས་སྙོམས་ཏེ། རབ་ཏུ་གསལ་བར་བྱེད་པས་རབ་ཏུ་ཟབ་པོ། །སྤྲུལ་སྐུའི་རྟེན་སྒྲོན་མེ་ལ་བསླབ་པ་ཡང་དེ་དང་མཚུངས་པ་ལས། མར་མེའི་དཀྱིལ་ནས་གཞན་དུ་ཁྲིད་ལ་བསྒོམ་པ་གནད་ཡིན་ནོ། །དེ་ཡང་ཉིན་མོ་མེ་ཤེལ་ལ་བསླབ་པས་འོད་སྣང་གོང་དུ་མཆེད་པ་དང་། ཉིན་དུས་ཀྱི་འཁྲུལ་སྣང་འགགས་པས་མྱ་ངན་ལས་འདས་པའི་རང་ས་ཟིན་པར་བྱེད་ལ། མཚན་མོ་ཟླ་བ་སྟེ་ཆུ་ཤེལ་དྲི་མ་མེད་པ་དང་འོད་གསལ་སྒྲོན་མེ་ལ་བསླབས་པས་ལྔ་ལྡན་འོད་དུ་སྣང་བས་མཚན་མོའི་འཁྲུལ་པ་(༢༣)འཁོར་བའི་ཆ་གཟུགས་སྐུ་གཉིས་སུ་དག་པས་གདོད་མར་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་སྔ་དྲོ་ཕལ་ཆེར་ཤར་ཕྱོགས་སུ་འོད་དཀར་པོ་མ་བྱུང་གི་བར་དུ་གཏད་ལ། དེ་ནས་སྣང་བ་དེ་ལྷོར་ཁྲིད་ནས་དར་ཅིག་བཞག་ཅིང་ཕར་ཕར་ཁྲིད་ནས་ནུབ་ཏུ་འོད་ལྔའི་སྣང་བ་ལ་གཏད་ཅིང་། ཕྱི་འཕྲེད་ནུབ་ཏུ་གཏད་དུས་ཟ་འོག་རིས་སུ་སྣང་བ་དེ་བྱང་དུ་ཁྲིད་ལ་བསླབ་པོ། །ཅུང་ཟད་ཙམ་ལས་ཁྲིད་མི་ནུས་པར་ཡལ་ན་རྟེན་དང་། མ་རེག་ཙམ་དུ་ཡུན་རིང་བར་བསླབ་ལ་ཇེ་རིང་དུ་འཁྲིད་ཅིང་། འོད་སྣང་གི་ནང་དུ་ལུ་གུ་རྒྱུད་གནས་པ་ལ་བལྟ་བ་གནད་དམ་པའོ། །དེ་ལྟར་ཉམས་སུ་བླངས་པས། ཕྱི་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་རྩོལ་མེད་དུ་སྲན་མའི་འབྲུ་གུ་ཙམ་དང་། མཐེ་བོང་ཙམ་རེ་རེ་ལས་གཉིས་འབྲེལ་དང་གསུམ་འབྲེལ་དུ་སྣང་ངོ་། །འདི་ཉིད་ཀྱི་དུས་ན་ལུས་ཀྱི་རྟགས་སུ་འདུག་སྟངས་ལས་མི་འགུལ། ངག་བརྗོད་པ་ཉུང་། སེམས་ཕྲ་རགས་ཀྱི་རྟོག་པ་ཉུང་བས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་པ་འབྱུང་ཞིང་ཚིག་དོན་དཔྱོད་པའི་ཤེས་རབ་ཀྱང་སྔར་མེད་པ་གསར་དུ་འཆར་རོ། །དེ་དུས་ཡེ་ཤེས་ཀྱི་སྣང་བ་སུམ་ཆ་ལ་དབང་ཐོབ་པོ། །དབྱིངས་སྣང་ཡང་དང་པོ་ཅུང་ཟད་ལས་ཇེ་ཆེར་མཆེད་དེ་ལང་ལིང་དུམ་བུར་ཁྲུ་གང་ཙམ་ཞིག་སྣང་བའོ། །འདི་ཡི་དུས་སུ་བར་ཆད་ན་སྐྱེ་བ་གཅིག་གམ་གཉིས་ལས་མི་འགྱངས་པར་སངས་རྒྱ་བ་ཡིན་ནོ། །

དེ་དག་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །ཞར་ལ་འཕྲོས་པ་བརྗོད་དེ། དེ་ཡང་སྔོན་འགྲོ་ལུས་ངག་གི་གནད་མ་གཟིར་བའམ། དབང་པོ་རྟུལ་བ་ཁ་ཅིག་ལ་སྣང་བ་ལ་འཛིན་པའི་མངོན་རློམ་ཞུགས་པའི་གནད་ཀྱིས་བདུད་ཀྱི་བར་ཆད་ཀྱི་རྟགས་དང་། ཏིང་ངེ་འཛིན་ཉམས་ཀྱི་རྟགས་འདྲེས་པ་འབྱུང་བ་ཡོད་དེ། བསྡུ་ན་བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་བ་གསང་བའི་རྟགས་དང་གསུམ་ལས། དང་པོ་ནི། ལུས་སྣ་ཚོགས་སུ་སྤྲུལ་ནུས་པའམ། ས་ལ་མ་རེག་པར་འགྲོ་བ་ལ་སོགས་པ་སྟེ། གྲིབ་མའམ་མེ་ལོང་དུ་གཟུགས་བརྙན་གཉིས་པར་འཆར་བས། དེ་དུས་ཁྲོ་བོ་བསྒོམ་པ་དང་། དྲག་སྔགས་བཟླས་པ་དང་། གུ་གུལ་དང་བདུད་རྩི་ཆེ་ཆུང་གི་ཆུས་མགོ་མཇུག་མེད་པར་བཀྲུ་ཞིང་། ཡན་ལག་ལ་ལྡེར་སོ་རྙིངས་པའི་ས་འདག་གིས་བྱུག་ན་ཁྲ་བོར་འོང་བ་ཡིན་ནོ། །ཡང་(༢༤)གཞན་གྱི་སེམས་ཤེས་པ་དང་ཤེས་རབ་ཀློང་རྡོལ་ནས་ཆོས་ཀྱི་ཚིག་དོན་ཤེས་པ་ལྟ་བུ་ཡང་འབྱུང་བས། དེ་ལ་ཡང་དེ་ལྟར་བྱས་པས་བདུད་ཀྱི་རྟགས་རྣམས་བཟློག་ཅིང་ཡང་དག་པ་ཡིན་ན། སྔར་བས་བཟང་དུ་འགྲོ་བ་ཡིན་ནོ། །ཡང་ལུས་ལ་འོད་དཀར་པོ་སླེག་སླེག་པའམ། དམར་ཕྲེང་ཕྲེང་བའམ། སེར་ལྷབ་ལྷབ་པ་ལ་སོགས་པ་སྟེ། མི་གསལ་ལ་འགྱུར་བ་བྱུང་ན་བདུད་ཀྱི་རྟགས་ཡིན་པས། ལུས་ཁྲོ་བོའི་འདུག་སྟངས། ངག་དུ་ཧཱུྃ་གི་སྒྲ་སྐད། སེམས་བསྐྱེད་རྫོགས་ཟབ་མོ་བསྒོམས་པས་གྲོལ་ལོ། །ཡང་དག་པའི་དོན་ནི་གསལ་དངས་ཕྱེད་པའི་ཁ་དོག་ལྔར་གསལ་བའོ། །ཡང་ཏིང་ངེ་འཛིན་ལ་བཞག་དུས་ན། སྒྲ་སྐད་སྣ་ཚོགས་སུ་གྲགས་པ་ན་སྙན་པ་ལ་ཞེན་པ་མི་སྐྱེ་ཞིང་ཉོན་མོངས་པའི་གཉེན་པོར་གྱུར་ན་ཡང་དག་པ། ལྡོག་པ་བདུད་ཀྱི་རྟགས་ཡིན་པས་ལུས་སྟངས་སྟབས། ངག་ཏུ་ཨ། སེམས་ལྷར་གསལ་བས་ཞི་ངེས་སོ། །ཡང་མི་མ་ཡིན་པའི་གཟུགས་སྣ་ཚོགས་མཐོང་ཞིང་ལེགས་ཉེས་ལུང་སྟོན་པ་དང་། ཆོས་འཆད་པ་ལ་སོགས་བྱུང་དུས། ལུས་འདབ་ཆགས་ལྡིང་བ་ལྟ་བུ། ངག་ཏུ་ཨ། སེམས་སྟོང་ཉིད་བསྒོམས་པས་བདུད་ཡིན་ན་བཟློག་ལ། ཡང་དག་པ་ཡིན་ན་སྔར་བས་གསལ་ཏེ། སེམས་ཀྱི་ཉོན་མོངས་པ་ཞི་བར་བྱེད་དོ། །ཡང་མཁའ་འགྲོའམ་ཡི་དམ་ལྷའི་གཟུགས་ཅན་ནམ་མཁར་སྐབས་སྐབས་སུ་འོང་ཞིང་། སྔ་མ་ལྟར་བྱེད་ན་ཡང་ལུས་ཁྲོ་བོའི་ལྟ་སྟངས། ངག་ཏུ་ཧྲཱིཿ སེམས་ལྷར་བསྒོམས་པས་སྔ་མ་ལྟར་འགྱུར་རོ། །མདོར་ན་བར་ཆད་ཀྱི་རྟགས་ལ་སྔར་བས་གློ་བུར་དུ་ཤེས་པ་འགྱུར་ནས་དགའ་བློའི་ཞེན་པ་རང་མཚན་པ་འབྱུང་ཞིང་། དགག་སྒྲུབ་ཆགས་སྡང་སྐྱེ། ཆོས་དང་ཇེ་འགལ་ལ་འགྲོ་བ་ཡིན་ལ། ཡང་དག་པ་ལ་ནི་དེ་ལས་ལྡོག་པར་འཆར་བས་ངོ་ཤེས་པ་གཅེས་སོ། །འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུ་ཚུལ་གྱིས་ཆེར་མ་བསྒོམས་ཀྱང་། ནམ་མཁར་ལྷ་སྐུ་དང་འོད་སྣང་གིས་འཁྲིགས་པ་དང་། ཏིང་ངེ་འཛིན་གློ་བུར་དུ་སྐྱེ་བ་ལྟ་བུ་བྱུང་དུས། སྐབས་སུ་ཆུའི་དཀྱིལ་དུ་བསྡད་ཅིང་། མཇིང་པ་ཤིང་གི་བྱང་བུ་སོར་བཅུ་དྲུག་གི་བར་དུ་གཏིམས། ལུས་ལ་ཙནྡན་གྱི་དུད་ཁུ་བྱུགས་ལ། དངོས་པོ་ཐ་མལ་རགས་པ་རང་མཚན་པར་བསྒོམ་ན་ཡང་དག་པའི་རྟགས་སུ་གྲོལ་ལོ། །ཡང་དེ་དུས་ལུས་ལ་(༢༥)བསིལ་བའི་གོས་གྱོན་ནས། ཁ་ཟས་བསིལ་བ་བརྟེན། ཨ་བཟླས་ཤིང་། ལྷའི་སྐུ་མང་དུ་བསྒོམས་པས་རྟགས་དེ་དག་ཡང་དག་པའི་རྟགས་སུ་འགྱུར་ཞིང་། ལམ་བསྒོམ་པའི་གྲོགས་སུ་འགྱུར་བ་ཡིན་ནོ། །

མི་འགྱུར་བ་གསང་བའི་རྟགས་ལ་རང་གིས་མཐོང་ལ་གཞན་ལ་མི་སྣང་བ། གཞན་གྱིས་མཐོང་ལ་རང་ལ་མི་མངོན་པ། རང་གཞན་གཉིས་ཀའི་མཐོང་བ་དང་གསུམ་ལས། དང་པོ་ནི། ལུས་ཤིང་བལ་ལྟར་ཡང་བ་དང༌ ། ངག་གི་དབུགས་འགྱུ་བ་མི་ཚོར་བ་དང༌ ། སེམས་དྭངས་ལ་ཏིང་ངེ་འཛིན་དུ་གནས་པ་དང་། གངས་ལ་བལྟས་པས་འཇུ་བ་དང་། རི་བྲག་ལ་ཟང་ཐལ་བ་ལ་སོགས་པའོ། །གཉིས་པ་ནི། ལུས་སྣུམ་ཞིང་སྐྲ་དཀར་གཉེར་མ་མེད་པ་དང༌་། སྐྲ་དང་སེན་མོ་མི་སྐྱེ་བ་དང༌་མགྱོགས་ཤིང་ཆུ་ལ་མི་བྱིང་བ་དང་ས་ཆུ་མེ་རླུང་གིས་མི་གནོད་ཅིང་ནམ་མཁའ་ལ་འགྲོ་བ་དང་། ལུས་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། འཁོར་ལོ་ལ་སོགས་པ་ཕྱག་མཚན་དང་སྐུ་དང་ཡི་གེའི་གཟུགས་རང་བྱོན་པའོ། །གསུམ་པ་ནི། ཡིད་མ་འགྱུས་པའི་རྟེན་འབྲེལ་གྱིས། གཞན་ལ་ཕན་པ་དང་། ཅི་སྨྲས་ཆོས་སུ་འགྱུར་བ་དང་། འཁྲུལ་པའི་ཚིག་མི་འབྱུང་བ་དང་། ལྐུགས་པ་ལྟར་འགྱུར་བ་དང་། ཆོས་སྣ་ཚོགས་ཀྱི་ཚིག་རང་རྡོལ་དུ་འབྱུང་བ་དང་། གཏམ་རྒྱུད་མང་པོ་ཤེས་པ་དང་། སྒྲ་སྐད་སྣ་ཚོགས་ཤེས་པ་དང་། གྲུབ་མཐའི་ཚིག་རང་ཤར་དུ་བྱུང་ནས་ཤེས་པ་དང་། རིགས་དྲུག་གི་སྐད་ཤེས་པ་དང་། བེམས་པོའི་སྒྲ་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གསུང་ཐོས་ཤིང་གོ་བ་ལ་སོགས་པ་དང་། ལུས་སེམས་འདྲེས་པའི་སེམས་ཐོགས་པ་མེད་པ་བཞིན་དུ། ལུས་ཐོགས་ཆགས་མེད་པས་ནམ་མཁའ་ལ་འགྲོ་ཞིང་ཆུ་ལ་མི་བྱིང་བས་རི་བྲག་ལ་སོགས་པ་ལ་ཟང་ཐལ་བ་དང་། སྙིང་རྗེ་ཚད་མེད་པ་རང་ཤུགས་ཀྱིས་སྐྱེ་ཞིང་མངོན་ཤེས་འཆར་བ་དང་། གང་དུ་བསམ་པའི་ཡུལ་དུ་ཕྱིན་པ་ལ་སོགས་པ་སྟེ་རེས་འབྱུང་རེས་མི་འབྱུང་བའི་ཚུལ་དུ་འབྱུང་ངོ་། །ཡང་ལུས་ལ་སངས་རྒྱས་ཀྱི་ཕྱག་མཚན་ལ་སོགས་པ་སྣང་བ་དང་། སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ་དང་། གཉེར་མ་མེད་ཅིང་ལུས་ཀྱི་སྐྱི་ངན་པ་སྦྲུལ་ལྤགས་བརྗེས་པ་ལྟར་བརྗེ་ནུས་པ་དང་། བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཤ་ཆགས་པ་དང་། ངག་གསང་ལ་འཇམ་ཞིང་སྙན་ལ་རྒྱང་རིང་པོར་ཐོས་པ་དང་། སེམས་འབྱོངས་པས་ཟས་(༢༦)གོས་མི་དགོས་ཤིང་མཉམ་བཞག་ལ་ལོ་དང་ཟླ་བར་གནས་ནུས་པ་དང་། རླུང་གར་འདོད་སར་འདྲོངས་པ་དང་། གསོད་པའི་གཤེད་མ་བྱུང་ཡང་རེ་དོགས་དང་འཇིགས་དངངས་མི་སྐྱེ་བ་དང་། ཉོན་མོངས་པ་རང་རྒྱུད་པ་སེམས་ལ་མི་འཆར་བ་དང་། ཚིག་ལ་ཆེད་འཛིན་མེད་པས་ཟུངས་མི་ཐུབ་ཅིང་། དོན་མེད་པ་དང་། འཁྲུལ་པའི་གཏམ་མི་འབྱུང་ཞིང་རེས་འགའ་ལྐུགས་པ་ལྟར་འགྱུར་བ་དང་། སྔར་མི་ཤེས་པའི་སྒྲ་སྐད་དང་ཆོས་ཀྱི་ཚིག་རང་རྡོལ་དུ་འབྱུང་བ་དང་། སེམས་ཀྱང་འདས་མ་འོངས་ད་ལྟར་གྱི་བྱ་བས་གོ་རིམ་དང་། ཁྲིག་འགགས་པ་དང་འཁོར་འདས་ཀྱི་རེ་དོགས་བཟློག་པ་དང་། དབུགས་ཕྱི་ནང་དུ་མི་རྒྱུ་བ་དང་། འཁྲུལ་པའི་སེམས་མི་འཆར་བའོ། །རྟགས་དེ་དག་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་དང་། དངོས་གཞི་འོད་གསལ་སྒོམ་དུས་གང་དུ་ཡང་འབྱུང་བས་རེ་དོགས་དང་དགག་སྒྲུབ་མི་བྱའོ། །བྱས་ན་བདུད་ཀྱི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །

དོན་གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི་ལུས་གནད་ལ་སོགས་པ་སྔར་དང་འདྲ་བ་ལས། ཁྱད་པར་དུ་གླང་པོ་ཆེའི་བཞུགས་སྟངས་དང་ལོངས་སྐུའི་གཟིགས་སྟངས་གཙོ་བོར་བྱ་ཞིང་། གཞན་གཉིས་གྲོགས་ཙམ་དུ་བསླབས་པས། འོད་འདོམ་གང་ཐིག་ལེ་མཐེ་བོང་ཙམ་ནས། ལྔ་ལྡན་སྐུའི་སྣང་བ་མ་ཤར་བའི་བར་གྱི་སྣང་བ་རྣམས་སོ། །དེ་ཡང་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱི་རྩོལ་བ་མ་དགོས་པར་ནམ་མཁར་ཤར་དུས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རྨ་བྱའི་མདོངས་ལྟར་འོད་ལྔའི་མུ་ཁྱུད་ཅན་གྱི་དབུས་དཀར་པོ། སེར་པོ། དམར་པོ། ལྗང་གུ། མཐིང་ག་ལྔས་ཁྱབ་པ་འཇའ་ཚོན་ལྟ་བུ་ལ། ཐིག་ལེའི་དབུས་སུ་པདྨ་འདབ་མ་བཞིའི་རྣམ་པ་ཁ་དོག་མི་འདྲ་བས་བརྒྱན་པ་འཆར་ཏེ། བར་ཆད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་སངས་རྒྱ་བའོ། །དེ་ནས་ཉམས་སུ་བླངས་པས་འོད་ལྔའི། རྩིབས་ཤར་དང་གྱེན་འགྲེངས་དང་། མདུང་རྩེ་ལྟ་བུ་དང་། མདའ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། ཡེ་ཤེས་མཁར་ཐབས་ལྟ་བུར་སྣང་ཞིང་། ཐིག་ལེ་ཡང་ལག་མཐིལ་ཙམ་དང་། མེ་ལོང་ཙམ་ལ་སོགས་པ་འཆར་ལ། འདིའི་དུས་སུ་དབྱིངས་དང་རིག་པ་འདུས་པས་བར་དུ་ཆད་ཀྱང་བར་དོ་ལྷུན་གྲུབ་ཀྱི་སྣང་བ་ལ་གྲོལ་ངེས་སོ། །དེ་ཡང་དབྱིངས་སྣང་དེ་རེ་ལྡེ་ཙམ་ལས་མཆེད་དུས། རྩིབས་ཤར་ལ་མདུན་དུ་དྲིལ་ནས་བལྟ་བ་དང་། (༢༧)གྱེན་འགྲེངས་ལ་ཐུར་དུ་དབབ་པ་དང་། གྲུ་བཞི་ལ་གཡས་སུ་གཅུན་པ་དང་། ཟླུམ་པོ་ལ་གཡོན་དུ་གཅུན་པ་དང་། ཟླ་གམ་ལ་སྟེང་དུ་བལྟ་བ་དང་། གྲུ་གསུམ་ལ་ཐུར་དུ་བལྟ་བ་དང་། ཡེ་ཤེས་ལྔའི་སྣང་བ་མཁར་ཐབས་ལ་སོགས་པ་ལ་མཉམ་པར་བལྟ་བ་གནད་ཡང་དག་པའོ། །སྣང་བ་འདི་དག་གི་དུས་ན་ཉིན་མཚན་འདྲེས་པས་མཚན་མོ་ཡང་ཉིན་མོ་བཞིན་སྣང་ཞིང་འོད་གསལ་རྒྱུན་ཆད་མེད་དོ། །ཐིག་ལེ་ཡང་མང་ལ་འོད་ལྔའི་ར་བས་བསྐོར་ཞིང་འཁར་ཕོར་ཙམ་དང་། འཁར་གཞོང་ཙམ་ལ་སོགས་པས་གང་དུ་བལྟས་པས་ཁྱབ་པར་འཆར་དུས། དབྱིངས་སྣང་ལས་རིན་པོ་ཆེའི་དྲ་བ་དང་དྲ་ཕྱེད་དང་། མིག་མང་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། མཆོད་རྟེན་དང་གཞལ་མེད་ཁང་ལ་སོགས་པར་སྣང་དུས་དབྱིངས་ཀྱི་རྒྱན་རྫོགས་པ་སྟེ། དེ་ཡང་དང་པོར་གོམས་པ་བར་ཆད་ན་ཡེ་ཤེས་བཞི་སྦྱོར་དང་བར་དུ་གོམས་པ་བར་ཆད་ན་ཚོམ་བུའི་སྣང་བ་དང་། མཆོག་ཏུ་གོམས་པ་ནི་འོད་གསལ་ཤར་བའི་སྐད་ཅིག་ལ་གྲོལ་བས་ཕྱི་མའི་སྣང་བ་མེད་དོ། །དེ་ཡང་ཉིན་མཚན་འདྲེས་དུས་འཁོར་བ་མྱང་འདས་སུ་གྲོལ་བས་གདོད་མའི་ཆོས་ཉིད་དུ་སངས་རྒྱ་ངེས་སོ། །དེ་ཡང་དང་པོ་དབྱིངས་སྣང་ལུང་པ་ཙམ་དང་། དེ་ནས་ཡུལ་གྲུ་ཙམ་དང་། དེ་ནས་གང་དུ་བལྟས་ཚད་ཁྱབ་པ་ཡིན་ནོ། །འདིའི་དུས་རྣམས་སུ་ཕྱིར་སྣང་བའི་འོད་གསལ་དེ་དག་འབྱུང་བ་བཞིན་དུ། ནང་དུ་རིག་པའི་འོད་གསལ་ཏིང་ངེ་འཛིན་དང་། སྤྱན་དང་མངོན་ཤེས་དང་། རྫུ་འཕྲུལ་མང་པོ་འཆར་བ་ཡིན་ནོ། །འདིར་སྣང་བའི་འོད་གསལ་དངོས་སུ་བསྟན་པས། རིག་པའི་འོད་གསལ་ཞར་ལ་གོ་བར་དགོངས་ནས་མ་བསྟན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་གཞན་དུ་རིག་པའི་ཚད་དངོས་སུ་བསྟན་ཡང་། ཡུད་ཙམ་ཡང་རྟག་མི་ཐུབ་པར་འགྱུར་བས་ཚད་གཟུང་དཀའ་ལ། སྣང་བ་ནི་རིམ་གྱིས་གསལ་བར་འགྱུར་བས་ངོས་གཟུང་སླ་བ་ལ་དགོངས་སོ། །

དོན་གསུམ་པ། རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ལུས་ངག་གི་གནད་དེ་ལྟར་གོམས་པས་དབྱིངས་སྣང་ནམ་མཁས་གར་ཁྱབ་ཏུ་སྣང་ཞིང་། ཐིག་ལེའི་ནང་དུ་པད་འདབ་རྣམས་ཀྱི་དབུས་ཀྱི་ལྟེ་བ་དང་རྩིབས་བཞིར་ལྷ་ཡབ་རྣམས་ཀྱི་གཙུག་ཏོར་ནས་སྐུ་རྐྱང་པ་དང་། (༢༨)རྒྱན་རྫོགས་པ་ནས་ཡུམ་དང་བཅས་པར་འཆར་ཞིང་། ཆེ་ཆུང་བསེ་ཕུབ་ཙམ་ལ་སོགས་པར་སྣང་བའི་ཐུགས་ཀ་ནས། རང་གི་སྙིང་གར་ཟེར་ཐག་འོད་ལྔའི་སྙེ་ཚོན་ལྟ་བུས་འབྲེལ་བར་འཆར་རོ། །རང་གི་ལུས་ཀྱང་འོད་ཀྱི་འཁོར་ལོར་འཁྱིལ་པའི་སྤྱི་གཙུག་ནས་ཡར་ཐིག་ལེ་འཁར་གཞོང་ཙམ་ལྔའམ་དགུ་བརྩེགས་པར་སྣང་བའོ། །དེ་ནས་རིམ་གྱིས་རང་གི་ལུས་རགས་པ་རྡོས་བཅས་སུ་སྣང་བ་ཇེ་ནུབ་ལས་མཐར་ལག་སོར་ཙམ་སྣང་བའི་དུས་ཚུན་ཆད་ནི། རིག་པ་ཚད་ཕེབས་ཞེས་བྱ་སྟེ་སྒོམ་པའི་རྩོལ་བ་མི་དགོས་པས། དེ་ཉིད་ཀྱི་ངང་ལ་གནས་པ་ཙམ་མོ། །འདིར་སློབ་དཔོན་ཆེན་པོ་པདྨ་ནི་ཡབ་ཡུམ་ཟུང་དུ་འབྲེལ་ནས་སྣང་བའི་འཕེལ་རྫོགས་པ་ལ་རིག་པ་ཚད་ཕེབས་སུ་བཞེད་ཅིང་། བི་མ་ལ་ནི། སྐུའི་སྣང་བ་དང་པོར་མཐོང་ནས་རྫོགས་པའི་བར་ཐམས་ཅད་ལ་བཞེད་དོ། །དེ་ཡང་ཉམས་གོང་འཕེལ་གྱི་ཚེ་སྣང་བ་རྣམས་འགུལ་འཕྲིགས་ཅུང་ཟད་བྱེད་ལ། ཚད་ཕེབས་ཀྱི་ཚེ་མི་བྱེད་པར་སྡོད་པའོ། །འདི་དག་གི་དུས་སུ་འཕགས་པའི་ཡེ་ཤེས་སྐྱེས་པའི་རྟགས་ཆོས་ཉིད་དེ་ཁོ་ན་ཉིད་ཀྱི་ཁམས་སྙིང་པོའི་སྣང་བ་མཐོང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་བ་དང་། ཆོས་ཐོས་པ་དང་། འོད་དང་རྫུ་འཕྲུལ་འགྱེད་པ་དང་། ཏིང་ངེ་འཛིན་གྲངས་མེད་པ་ཐོབ་པ་དང་། སྤྲུལ་པ་འགྱེད་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །

དོན་བཞི་པ། ཆོས་ཉིད་ཟད་པའི་སྣང་བ་ནི། སྣང་བ་དེ་རྣམས་ཀྱི་འཕེལ་ཟད་པ་དང་། ལུས་རྡོས་བཅས་ཀྱི་སྣང་བ་ཟད་པ་དང་། རླུང་གཡོ་བྱེད་ཀྱི་རྣམ་རྟོག་ཟད་པས་ཟད་པ་ཞེས་བྱ་ལ། ཆོས་ཉིད་ནི་ཁམས་སྙིང་པོའི་འོད་གསལ་དམ་པའོ། །འདིའི་ཚེ་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་སྣང་བ་ལས་གཞན་རྡོས་བཅས་སུ་སྣང་བ་གང་ཡང་མེད་དོ། །འདིའི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས་སྐྱེ་ཤི་མེད་པའི་སྐུ་རྡོ་རྗེ་ལྟ་བུ་འགྲུབ་སྟེ། ལུས་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པར་འདོད་ན། བི་མ་ལ་དང་པདྨ་འབྱུང་གནས་ལྟར་འཕོ་བ་ཆེན་པོའི་སྐུ། ཆུའི་ཟླ་བ་ལྟ་བུར་བཞེངས་ནས་སེམས་ཅན་གྱི་དོན་མཛད་ཅིང་། བར་དོའི་སེམས་ཅན་སུམ་སྟོང་ལ་བློས་ཡེ་ཤེས་གཅིག་ཞུགས་པས་སྐད་ཅིག་གཅིག་ལ་གྲོལ་བའི་དོན་མཛད་པའོ། །དེ་ཡང་རང་གི་ལག་པའི་སོར་མོ་ལ་བལྟས་པས་ཇེ་རགས་ལ་ལོག་ནས་སྣང་བ་དང་སེམས་ཅན་རྣམས་སྒྱུ་མ་དང་ཆུ་ཟླ་ཙམ་དུ་གཟིགས་ནས། དེ་དག་གི་བསམ་པ་དང་མཐུན་པར་དོན་མཛད་པའོ། །(༢༩)འཇུག་པ་ལ་རང་དབང་ཐོབ་པས་བེམས་པོ་རྣམས་ལ་རིག་པ་བཅུག་ནའང་འགུལ་བ་དང་སྐད་འབྱིན་ལ། བར་དོའི་སེམས་ཅན་ལ་རིག་པ་བཅུག་པས་གྲོལ་བ་ཐོབ་པ་འབྱུང་ངོ་། །གལ་དེ་སྔར་གྱི་ལུས་དེས་སེམས་ཅན་གྱི་དོན་མི་སྒྲུབ་ན་ལག་སོར་ལ་བལྟ་བ་སྤངས་ཏེ་འོད་གསལ་གྱི་ངང་ལ་མི་གཡོ་བས་ལག་སོར་ཀྱང་འོད་དུ་ཡལ་ཏེ། ཕྱི་སྣང་བའི་འོད་གསལ། ནང་ཕུང་པོའི་འོད་གསལ། གསང་བ་རིག་པའི་འོད་གསལ་གསུམ་ཀ་ནང་གསལ་གདོད་མའི་གཞི་གཞོན་ནུ་བུམ་པ་སྐུའི་ཞིང་དུ་གྲོལ་ནས་ཆོས་སྐུ་འཕོ་འགྱུར་མེད་པ། ལོངས་སྐུ་རང་གསལ་ཆེན་པོ། སྤྲུལ་སྐུ་འཆར་གཞི་མ་འགགས་པ་ཙམ་དུ་བཞུགས་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་བཞུགས་པ་ཡིན་ནོ། །དེའི་ངང་ལས་མ་གཡོས་བཞིན་དུ། འཇིག་རྟེན་གྱི་ཁམས་སུ་ནང་གསལ་ལས་ཕྱི་གསལ་ལྷུན་གྲུབ་སྟུག་པོ་བཀོད་པར་རང་སྣང་དུ་བཞེངས་པ་ལས། སེམས་དཔའ་ས་བཅུ་པ་ལ་ལོངས་སྐུ་རིགས་ལྔ་དང་། སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་མཆོག་གི་སྤྲུལ་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་ཏེ། འགྲོ་བ་སོ་སོའི་སྟོན་པར་སྣང་བས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་རྒྱ་ཆེ་བ་རྒྱུན་མི་ཆད་པ་ལྷུན་གྱིས་གྲུབ་པ་འབྱུང་བ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པ་ལ་བརྩོན་པ་ན། མཐའ་རྟེན་གྱི་མན་ངག་བཞིས་འཇུག་བསྡུ་བ་ལས། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བཟུང་བ་དང་བཞི་ལས། དང་པོ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བ། མིག་མི་འགུལ་བ་གཟིགས་སྟངས་གསུམ་ལས་མི་འདའ་བ། རླུང་རིག་མི་འགུལ་བ་དལ་བུས་བཅོས་བསླད་མེད་པའི་ངང་ལས་མ་ཡེངས་པའོ། །གཉིས་པ་དེ་ལྟར་བསྒོམས་པས། ཕྱིའི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པའོ། །འདིའི་ཚེ། རྟགས་ལུས་ངག་ལ་འཆར་བ་དང་། ཚད་རྨི་ལམ་གྱིས་བཟུང་བ་གཉིས་འབྱུང་སྟེ། དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ན། འདུག་སྟངས་ལས་མི་གཡོ་བས་ལུས་(༣༠)རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་དང་། ངག་བརྗོད་པ་ཉུང་བས་ལྐུགས་པ་ལྟ་བུ་དང་། སེམས་ཞི་གནས་རྩེ་གཅིག་ལས་མི་གཡོ་བས་བྱ་རྙི་ལ་ཟིན་པ་ལྟ་བུའོ། །ཉམས་གོང་འཕེལ་གྱི་དུས་ན། ལུས་གོས་དང་རྒྱན་ལ་ཆེད་དུ་མི་འཛིན་པས་ལྷུག་པར་གནས་པ་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ་དང་། ངག་ཆེད་འཛིན་ཞིག་པས་སྨྱོན་པའི་ཚིག་ལྟར་གང་དྲན་རང་རྡོལ་དུ་བྱུང་ནས་རྗེས་འཛིན་གྱི་འགྲེལ་མེད་པ་དང་། སེམས་གང་ལའང་མི་རྟོག་པས་རྩི་དུག་གིས་ཐེབས་པ་ལྟ་བུའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ་གང་ལ་ཡང་ཟང་ཐལ་ཞིང་སྟོབས་ཆེ་བས་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་སྐད་ཅིག་གིས་ཐོན་པ་ལྟ་བུ་དང་། ངག་ཤིན་ཏུ་སྙན་པ་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ་དང་། སེམས་ཉོན་མོངས་པ་དང་བྱིང་རྒོད་ཐམས་ཅད་ལས་གྲོལ་ནས། ཉིན་མཚན་འོད་གསལ་གྱི་དགོངས་པ་ལ་གནས་པ་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུའོ། །ཆོས་ཉིད་ཟད་པའི་དུས་ན། ལུས་རྡོས་བཅས་ལས་གྲོལ་བས་བར་སྣང་གི་འཇའ་ཚོན་ལྟ་བུ་དང་། ངག་གཞན་གྱི་རྗེས་སུ་ཟློས་པ་ཙམ་ལས་འཇིག་རྟེན་གྱི་ངོས་གཟུང་མེད་པས་བྲག་ཆའི་རྣམ་པ་ལྟ་བུ་དང་། སེམས་གདོད་མར་ནུབ་ཏུ་ཉེ་བས་བར་སྣང་གི་སྤྲིན་དེངས་སུ་ཉེ་བ་ལྟ་བུའོ། །ཚད་རྨི་ལམ་གྱིས་གཟུང་བའང་། དང་པོར་རྨི་ལམ་ངན་པ་ལོག་ནས། བག་ཆགས་བཟང་པོ་ཤ་སྟག་རྨི། བར་དུ་རྨི་ལམ་ཟིན། རྗེས་ལ་འོད་གསལ་གྱི་དབྱིངས་སུ་ནུབ་ནས་རྒྱུན་ཆད་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི་ཕྱིའི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་ཉོན་མོངས་པ་ཡེ་ཤེས་སུ་གྲོལ་བའོ། །གདེང་བཞིའི་གྲོལ་ཚད་བསྟན་པ་ལ། ཡར་གྱི་གདེང་གཉིས་ནི། དེའི་ཚེ་ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་མེད་པའོ། །མར་གྱི་གཉིས་ནི། འཁོར་བར་ལྟུང་གིས་དོགས་པ་དང་། མི་ལྟུང་ཐར་དུ་རེ་བ་མེད་པའོ། །དེ་ལྟར་ཉམས་སུ་ལེན་པ། དངོས་གཞི་ལ་ཞུགས་ནས། བརྩོན་འགྲུས་རབ་རྣམས་ནི་ལོ་གསུམ་དང་ཟླ་བ་གཅིག་འབྲིང་རྣམས་ལོ་བཞི་དང་ཟླ་བ་ལྔ་ཞག་དྲུག །ཐ་མ་རྣམས་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་རྡོས་བཅས་སུ་སྣང་བ་འོད་དུ་ཡལ་ནས། གདོད་མའི་ས་ལ་ལྷག་མེད་དུ་སངས་རྒྱས་ཐོབ་པ་ལ་ཐེ་(༣༡)ཚོམ་མེད་དོ། །དེ་དག་གིས་རབ་ཚེ་འདིར་གྲོལ་བའི་གདམས་པ་རྣམས་བཤད་ཟིན་ཏོ།། །།

སྤྱི་དོན་གཉིས་པ། འབྲིང་བར་དོར་གྲོལ་བ་ལ་གསུམ་སྟེ། རང་བཞིན་གྱི་བར་དོར་ལྟ་སྒོམ་གྱིས་ཐག་གཅད་པ། འཆི་ཀའི་བར་དོར་ཆོས་ཉིད་ལ་གསལ་གདབ་པ། ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པའོ། །

དང་པོ་ནི། སྐྱེས་ནས་འཆི་ལྟས་མ་བྱུང་གི་བར་འདིར་བླ་མས་ངོ་སྤྲད་པ་མངོན་སུམ་སྙིང་ཏིག་གི་དོན་ལ་ཉིན་མཚན་མ་ཡེངས་པར་བརྩོན་པས། ལྟ་སྒོམ་གྱི་དྲོད་ཚད་ཅུང་ཟད་ཐོབ་པའོ། །

གཉིས་པ་ནི། འཆི་ལྟས་བྱུང་བའི་ཚེ། རང་ལ་གདམས་པ་གསལ་པོ་ཡོད་ན་དེས་ཆོག །མེད་ན་བླ་མའམ། རྡོ་རྗེ་སྤུན་གྱིས་བར་དོའི་འོད་གསལ་རྣམས་གསལ་གདབ་པོ། །དེ་ཡང་གདབ་ལོང་མེད་པར་ཤི་ན་ཁོའི་ཁ་སྣ་དང་རང་གི་ཁ་སྣ་སྤྲད་དེ། རླུང་ཨཱ་ཨཱཿཧཱུྃ་གསུམ་དུ་བསམ་ལ་འཕངས་པས། མིག་ཧྲིག་བྱུང་དུས་མྱུར་ལ་གསལ་བར་གདབ་སྟེ། བར་དོར་འོད་གསལ་གྱི་སྣང་བ་འཆར་བ་རང་སྣང་དུ་ངོ་ཤེས་པར་གྱིས་ལ་བཙན་ས་ཟུང་ཞིག །སླར་མ་ལྡོག་ཅིག །ཅེས་ལན་གསུམ་བརྗོད་དོ། །དེས་ནི་མི་བརྟན་པོ་ལ་འཕྲིན་བསྐུར་བ་དོན་སར་འཕྲོད་པ་ལྟར་རང་ངོ་ཤེས་སོ། །དེ་ནས་འབྱུང་བའི་ཐིམ་ཚུལ་ནི། ས་ས་ལ་ཐིམ་པས་ལུས་ལྗི། ལྡང་འདུག་མི་ནུས། ཆུ་ཆུ་ལ་ཐིམ་པས་ཁ་སྣ་དང་མིག་ནས་ཆུ་དར་གཅིག་བྱུང་ནས་སྐམ་མོ། །མེ་མེ་ལ་ཐིམ་པས་རྐང་ལག་གི་མཐའ་བཞི་ནས་དྲོད་དབུས་སུ་སྡུད་དོ། །རླུང་རླུང་ལ་ཐིམ་པས་ཕྱི་དབུགས་རྒོད་ཅིང་དབུགས་བརྩེགས་མར་འབྱུང་ལ་ཁྲོག་གིས་འཆད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད་ཅིང་། དར་ཅིག་བརྒྱལ་ནས་དྲན་མེད་དུ་འགྱུར་རོ། །དེའི་དུས་སུ་སྲོག་རྩ་ནས་ཁྲག་ཐིགས་གཅིག་སྙིང་ནང་དུ་བྱུང་བས་རིག་པའི་ཡེ་ཤེས་ལ་ཕོག་པའི་དུས་སོ། །

གསུམ་པ། ཆོས་ཉིད་བར་དོར་རང་སྣང་དུ་ཡིད་ཆེས་པ་ལ་ཐིམ་ཚུལ་ལྔས་ངོས་ཟིན་པར་བྱ་བ་ལས། དང་པོ་ནི། རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ། སྙིང་དབུས་ནས་རིག་པ་འོད་རྩ་ལ་ཞུགས་ཏེ་མིག་ཏུ་གནས་པའི་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་ཏེ། དེ་ཉིད་གདོད་མའི་གྲོལ་གཞི་བསམ་འདས་ཆེན་པོར་ཤེས་ན་དེའི་ངང་དུ་བཞག་པས་གྲོལ་ལོ། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོར་འོད་ལྔའི་སྲད་བུའམ་སྐས་ཀྱི་འགྲམ་པ་ལྟ་བུར་ཤར་བ་ངོ་ཤེས་པའི་དུས་སུ་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །དེ་ནས་སྐད་ཅིག་གཉིས་པར་(༣༢)ཐུགས་རྗེའི་ཟེར་ཐག་ལས་ནམ་མཁའི་དབྱིངས་ཐམས་ཅད་འོད་ལྔའི་སྣང་བ་བསམ་གྱིས་མི་ཁྱབ་པར་ཤར་དུས། སྒྲ་འོད་ཟེར་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ་ཤར་བ་ལ་རང་སྣང་དུ་ངོ་ཤེས་ན། རང་རིག་ཁྲོ་བོའི་སྐུ་ལ་ཐིམ་ནས་སངས་རྒྱའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ་སྣང་བ་ཐམས་ཅད་རིགས་ལྔ་ཚོམ་བུའི་ཞིང་དུ་དུས་མཉམ་དུ་ཤར་བ་ལ་ཤེས་རབ་ལྔ་རིམ་གྱིས་སྐྱེ་བས། བསམ་གཏན་གྱི་ཞག་ལྔར་རིགས་ལྔའི་སྐུ་སྣང་བའི་ཐུགས་ཀ་དང་། རང་གི་སྙིང་གར་ཟེར་ཐག་གིས་འབྲེལ་བར་སྣང་ངོ་། །དེ་ཡང་ཞག་དང་པོར་འོད་མཐིང་ག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ངོ་ཤེས་པས་རྣམ་པར་སྣང་མཛད་ཡབ་ཡུམ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡབ་ཡུམ་ཟུང་བཞིས་བསྐོར་བ་མཐོང་དུས་གྲོལ་ལོ། །ཞག་གཉིས་པར་འོད་དཀར་པོ་མེ་ལོང་ཡེ་ཤེས་སུ་རྟོགས་པས་མི་བསྐྱོད་པ་དང་། གསུམ་པར་སེར་པོ་མཉམ་ཉིད་ཡེ་ཤེས་སུ་རྟོགས་པས་རིན་ཆེན་འབྱུང་ལྡན། བཞི་པར་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་རྟོགས་པས་སྣང་བ་མཐའ་ཡས། ལྔ་པར་ལྗང་ཁུ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་རྟོགས་པས་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ། ཚོམ་བུའི་དཀྱིལ་འཁོར་དུ་ཤར་བ་རང་ངོ་ཤེས་པས་གྲོལ་ལོ། །འདིའི་དུས་སུ་གནད་གསུམ་ལས། འཇུག་པ་ཤེས་པའི་གནད་ཀྱིས་འོད་རིག་པ་ལ་འཇུག་པ་སྣང་བ་དེ་དག་སྙིང་གར་ནུབ་པ་དང་། རིག་པ་འོད་ལ་འཇུག་པ་རང་གི་ལུས་སྣང་བ་དེ་དག་གི་ཐུགས་ཀར་ཐིམ་པ་དེའི་ཚེ། རང་སྣང་དུ་ངོ་ཤེས་པས་རང་བཞིན་གྱི་བསམ་གཏན་ལ་གནས་སོ། །དེའི་ངང་ལ་གནས་པ་ཉིད་འོད་གསལ་ཡེ་ཤེས་ཀྱི་ལུས་སུ་ཤེས་པས་གྲོལ་བ་ལུས་ཀྱི་གནད་ཅེས་བྱའོ། །དེ་ནས་ཤེས་ཐོག་ཏུ་གྲོལ་བ་ནི། མཐར་ཕྱིན་པ་ངོ་ཤེས་པའི་གནད་ཅེས་བྱ་སྟེ། དང་པོ་རང་སྣང་དུ་ངོ་ཤེས། དེ་ནས་ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ་བ་ནི། གནད་གསུམ་ལ་མཁས་པའོ། །གནས་པའི་ཡུན་རིང་ཐུང་ནི། སྔོན་གྱི་ཏིང་ངེ་འཛིན་ལ་གནས་ཡུན་རིང་ཐུང་ཡིན་པས་འདིར་བསམ་གཏན་གྱི་ཞག་ཀྱང་དེ་ཡིན་ནོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ནི། སྣང་བ་དེ་དག་རང་ལོག་ནས་སྙིང་གའི་ཕྱོགས་མཚམས་བཞིར། འོད་ཟེར་དཀར་པོའི་སྣམ་བུ་ཤར་བས། གར་བལྟས་ཁྱབ་པའི་སྟེང་ན། ཐིག་ལེ་དཀར་པོའི་དཀྱིལ་ན། མཐིང་ག་སེར་ལྗང་དམར་(༣༣)པོ་བཞིས་ཐིག་ཆུང་གིས་བརྒྱན་པ་ཤར་བ་ནི། མེ་ལོང་ཡེ་ཤེས་ཀྱི་རང་གདངས་སོ། །དེའི་སྟེང་ན་སེར་པོ། དེའི་སྟེང་ན་དམར་པོ། དེའི་སྟེང་ན་མཐིང་གའི་སྣམ་བུ་ལ་རང་རང་གི་ཁ་དོག་དང་འདྲ་བའི་ཐིག་ལེ་ལ། ཁ་དོག་གཞན་གྱི་ཐིག་ཕྲན་གྱིས་བརྒྱན་པ་ཤར་བ་ནི་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་ཀྱི་རང་གདངས་སོ། །ལྗང་གུ་མི་སྣང་བ་ནི་བྱ་བ་གྲུབ་པའི་རྩལ་མ་རྫོགས་པས་མི་སྣང་ངོ་། །འདིའི་དུས་སུ་གྲོལ་བ་གསུམ་གྱི་གནད་ངོ་ཤེས་པར་བྱ་སྟེ། ལུས་རྡོས་བཅས་སུ་མེད་པས་འབྱུང་བ་བཞི་ལས་གྲོལ་བའོ། །རིག་པ་དྲི་མ་མེད་པས་ཉོན་མོངས་པ་ལས་གྲོལ་བའོ། །འོད་གསལ་ཕྱི་ནང་མེད་པས་གཟུང་འཛིན་ལས་གྲོལ་བའོ། །དེ་ཡང་རང་ངོ་ཤེས་པས་གདོད་མའི་ངང་དུ་གྲོལ་ལོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ནི། སྣང་བ་དེ་དག་ཐིམ་པའི་སྐད་ཅིག་ལ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟར། མཐིང་ག་ལ་འོད་ལྔའི་མུ་ཁྱུད་ཀྱིས་སོ་སོར་བསྐོར་བ་ཉི་མའམ་ཟླ་བ་འཇས་བསྐོར་བ་ལྟ་བུའི་དབུས་སུ་ཡར་ཀུན་བཟང་ཡབ་ཡུམ། བར་དུ་རིགས་ལྔ་ཡབ་ཡུམ། མར་རིགས་དྲུག་དང་། དེའི་སྟོན་པ་ཐུབ་པ་དྲུག་རང་སྣང་བ་ལས། རང་ངོ་ཤེས་དུས་ཤར་ལུགས་བརྒྱད་དང་། མངོན་ཤེས་དྲུག་དང་། རྗེས་དྲན་དྲུག་དང་། ཐིམ་ལུགས་བརྒྱད་ཀྱང་འབྱུང་ངོ་། །

དང་པོ་རང་ངོ་ཤེས་པར་བྱེད་པ་ལ་གདམས་ངག་གསུམ་ལས། རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་པ་ནི། རང་སྣང་ལ་ཡིད་ཆེས་ཐོག་ཏུ་ཐེ་ཚོམ་མེད་པར་ཙན་གྱིས་འཇོག་པའོ། །མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་ནི། ངོ་ཤེས་ཐོག་དེ་ཉིད་ལས་གཞན་དུ་མ་ཡེངས་པར་འཇོག་པའོ། །ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕངས་པ་ལྟ་བུའི་གདམས་ངག་ནི། ཤེས་ཐོག་ཏུ་གྲོལ་ནས་རང་གསལ་རྟོག་མེད་ལ་གནས་པའོ། །

དེའི་ཚེ་ཤར་ལུགས་བརྒྱད་ནི། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་སྙིང་རྗེ་ཕྱོགས་མེད་དུ་འཇུག །འོད་ལྟར་ཤར་བས་སྣང་བ་དེ་དག་ལས་རང་འོད་མཆེད་པས་ནམ་མཁའ་ཐམས་ཅད་ཁེངས། སྐུ་ལྟར་ཤར་བས་འོད་ཟླུམ་གྱི་ནང་ཐམས་ཅད་ལྷའི་སྐུར་རང་སྣང་། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་རང་སྣང་། གཉིས་(༣༤)མེད་ལྟར་ཤར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་སྣང་བའི་ཆོས་ཉིད་ཐམས་ཅད་ཟང་ཐལ་དུ་རྟོགས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་ཟ་འོག་གི་འོད་ཟླུམ་དུ་སྣང་བའི་འགྲོ་དྲུག་རྨི་ལམ་སྒྱུ་མ་ལྟར་རྟོགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་ཆ་རང་གསལ་བའོ། །དེའི་ཚེ་མངོན་ཤེས་དྲུག་ལ། དབང་པོའི་མངོན་པར་ཤེས་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་ཀྱིས་རང་སྣང་འོད་གསལ་དུ་རྟོགས། ཡེ་ཤེས་ཀྱི་མངོན་པར་ཤེས་པས་ཉོན་མོངས་པ་རང་སར་ཟད། སེམས་ལས་སུ་རུང་བའི་མངོན་པར་ཤེས་པས་ཏིང་ངེ་འཛིན་རྩེ་གཅིག་ལ་རང་གནས། ཟག་པ་ཟད་པའི་མངོན་པར་ཤེས་པས་ཕུང་པོའི་བཅིངས་པ་རང་ཟད་པར་རྟོགས། ཡེ་ཤེས་གཟིགས་པའི་མངོན་ཤེས་ཀྱི་རང་སྣང་ཆོས་ཉིད་དུ་རྟོགས། སངས་རྒྱས་ཀྱི་མཁྱེན་པ་རྫོགས་པའི་མངོན་ཤེས་ཀྱིས་རང་གཞན་གྱི་ལས་དང་རྒྱུད་ཀུན་ཏུ་མཁྱེན་པའོ། །

དེ་བཞིན་དུ་རྗེས་དྲན་དྲུག་ལ། ལྟ་བ་རྗེས་སུ་དྲན་པས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རྟོགས། བསམ་གཏན་རྗེས་སུ་དྲན་པས་རྟོགས་ཐོག་ཏུ་མཉམ་པར་འཇོག །ལྷ་རྗེས་སུ་དྲན་པས་ལོངས་སྐུ་ཆོས་སྐུར་གྲོལ། གདམས་པ་རྗེས་སུ་དྲན་པས་འོད་གསལ་རང་ངོ་ཤེས། བླ་མ་རྗེས་སུ་དྲན་པས་བྱིན་རླབས་རང་ཤར། ཡི་དམ་རྗེས་སུ་དྲན་པས་དངོས་གྲུབ་རང་འགྲུབ་པའོ། །དེ་དག་གི་གནད་ཀྱིས་ཡར་ཀ་དག་ཆོས་ཉིད་ཀྱི་ཟད་ས་མཐོང་བས་གདོད་མའི་གྲོལ་ས་ངོས་ཟིན། ཐད་ཀར་རང་སྣང་ལོངས་སྐུའི་ཞིང་ཁམས་མཐོང་བས་རང་སྣང་སྐུ་དང་ཡེ་ཤེས་སུ་གྲོལ། མར་མ་དག་པ་སྤྲུལ་སྐུའི་གདུལ་ཞིང་མཐོང་བས་འཁོར་འདས་ལྟེ་མ་ཆད་པར་ཕྲིན་ལས་གཟིགས་པ་ལ་འཇུག་པའོ། །

དེ་ནས་ཐིམ་ལུགས་བརྒྱད་ནི། ཕྱི་སྣང་བ་རྣམས་ནང་གསལ་དུ་ཐིམ་པས་གནམ་གང་གི་ཟླ་བ་དབྱིངས་སུ་འཁྱིལ་པ་ལྟ་བུ་སྟེ། དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་གདུལ་བྱ་དང་འདུལ་བྱེད་རྣམ་པར་དག །འོད་འོད་ལ་ཐིམ་པས་ཤེལ་འོད་ནང་དུ་བསྡུས་པ་ལྟར་རིས་མེད། སྐུ་སྐུ་ལ་ཐིམ་པས་བུམ་ནང་གི་མར་མེ་ལྟར་མཁྱེན་ཆ་ནང་དུ་གསལ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་རིག་པ་གཞི་ལ་ཐིམ། གཉིས་མེད་གཉིས་(༣༥)མེད་ལ་ཐིམ་པས་དབའ་རླབས་ཆུར་ཐིམ་པ་ལྟར་ཆོས་ཅན་ཆོས་ཉིད་དུ་གྲོལ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་སྣོད་ཀྱི་ནམ་མཁའ་ནམ་མཁའ་ཆེན་པོ་དང་འདྲེས་པ་ལྟར་དམིགས་མེད་ཆོས་ཉིད་དུ་གནས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་འདུས། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཆོས་ཉིད་ཀ་དག་གི་ངང་ལ་རང་ས་ཟིན་པའོ། །དེ་ལྟར་ཐིམ་ཚུལ་གང་གི་ཚེ་རང་ངོ་ཤེས་ཀྱང་ཤར་ལུགས་ཀྱི་ངོ་བོ་རང་ཐོག་ཏུ་གནས་པས་གདོད་མའི་གྲོལ་ས་ཀ་དག་ལ་ཟིན་ནས། སླར་ཡང་ཆོས་སྐུའི་ངང་ལས་མ་གཡོས་པར་གཟུགས་སྐུ་གཉིས་སྣང་བས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་མཛད་པ་ནི་གདོད་མའི་གྲོལ་ས་སྟེ། རིག་པ་རང་ཤར་ལས། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་གསུངས་སོ།། །།

སྤྱི་དོན་གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བའི་ཚུལ་ནི། དེ་ཡང་གོམས་པ་དང་། བརྩོན་འགྲུས་རབ་རྣམས་ཉི་ཟླ་འཆར་ནུབ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ནུབ་པ་དང་། དག་པའི་ཞིང་དུ་སྐྱེ་བ་དུས་མཉམ་པས་སྲིད་པའི་བར་དོ་མེད་ལ། གཞན་རྣམས་ལ་རྨི་ལམ་གྱི་ཆ་ཙམ་དུ། སྲིད་པའི་བར་དོ་སྣང་བ་ལས་བླ་མ་དམ་པའི་ཐུགས་རྗེ་དང་། འོད་གསལ་ཆོས་ཉིད་མངོན་སུམ་ལ་གོམས་པའི་བདེན་པའི་བྱིན་རླབས་ལས། ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་དུ་པདྨ་ལས་རྫུས་ཏེ་སྐྱེས་ནས། མི་བསྐྱོད་པས་མེ་ལོང་ལྟ་བུའི་ཆོས་སྟོན་པས་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་སོ། །ཞིང་དེ་ཡང་ཤེལ་གྱི་ས་གཞི་རིན་པོ་ཆེའི་ཁང་བུ་དང་། ཁྲུས་ཀྱི་རྫིང་བུ་དང་། མེ་ཏོག་གི་ཚལ་ལ་སོགས་པས་བརྒྱན་པ་དེར། རྡོ་རྗེ་མི་འཁྲུགས་པས་རྡོ་རྗེའི་རིགས་ཀྱི་སེམས་དཔའ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་ཆོས་སྟོན་པའི་ཞལ་མཐོང་ཞིང་གསུང་ཐོས་སོ། །དེ་ནས་སྐད་ཅིག་གིས་བར་དོ་མེད་པར་ལྷོ་དཔལ་དང་ལྡན་པར་པདྨ་ལས་རྫུས་ཏེ་སྐྱེས་ནས་གསེར་གྱི་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་བཀོད་པས་མཛེས་པ་ན། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་འཁོར་རིན་ཆེན་རིགས་ཀྱི་ཚོགས་ལ་ཆོས་སྟོན་པ་མཐོང་ནས། དབང་བསྐུར་ཏེ་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པའི་འོག་ཏུ། ནུབ་པདྨ་བརྩེགས་པར་རྫུས་ཏེ་སྐྱེས་ནས། པདྨ་རཱ་གའི་(༣༦)ས་གཞི་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་བཀོད་པས་མཛེས་པར། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་པདྨ་རིགས་ཀྱི་སེམས་དཔའ་ལ་ཆོས་སྟོན་པ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པའི་འོག་ཏུ་བྱང་ཕྱོགས་ལས་རབ་གྲུབ་པའི་འཇིག་རྟེན་དུ་སྐད་ཅིག་གིས་རྫུས་ཏེ་སྐྱེས་པ་ལས། ཞིང་དེ་ནི་རིན་པོ་ཆེ་མར་གད་ཏ་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བར། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ལས་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པས། ཚེ་དེ་ཉིད་ལ་སངས་རྒྱ་བར་བྱིན་གྱིས་བརླབས་ཤིང་དབུགས་ཕྱུང་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པའི་རྗེས་ལ། སྟེང་གི་ནམ་མཁའ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་སྣང་བ་མཐོང་མ་ཐག་ཏུ་རང་སྣང་དུ་ཤེས་པས། རང་ཐོག་ཏུ་གནས་པའི་སྐད་ཅིག་ལ་གདོད་མར་གྲོལ་ནས། ནང་གསལ་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་ནས་ཕྱི་གསལ་གྱི་འཆར་གཞི་བྱས་ཏེ། སེམས་ཅན་གྱི་དོན་ཐམས་ཅད་རྟག་པ་རྒྱུན་མི་འཆད་པར་གཡོ་བ་དང་འབད་པས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་མཛད་པ་ཡིན་ནོ། །དེ་ཡང་རིགས་ལྔའི་ཞིང་དུ་ལོ་ལྔ་བརྒྱ་སོང་ནས་གྲོལ་ཏེ། རིག་པ་རང་ཤར་ལས། ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་སོ། །དེ་དག་ནི་སྐྱེ་བ་མ་དག་པ་མི་བརྒྱུད་པར་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བའི་ཚུལ་བཤད་ཟིན་ཏོ།། །།

དེ་ལྟར་གྲོལ་བའི་ངོ་བོ་ཡང་། རང་གི་རིག་པ་ཡེ་ནས་སྐུ་དང་ཡེ་ཤེས་སུ་ཡོད་པའི་ངང་ལས། མ་རིག་པས་འཁོར་བར་འཁྲུལ་དུས། བླ་མའི་གདམས་པས་ངོ་སྤྲད་པའི་དོན་ཉམས་སུ་བླངས་པས། དང་པོའི་གནས་ལུགས་གང་ཡིན་པའི་གཞི་ལ་བཙན་ས་ཟིན་ཏེ། འཕོ་འགྱུར་མེད་པར་གནས་པ་ནི་ཆོས་སྐུ་རང་གནས་ཀྱི་དགོངས་པ། མངོན་སུམ་འོད་གསལ་གྱི་གནད་ཡིག །ཡང་ཟབ་སྙིང་པོའི་གདམས་པ། གསང་སྔགས་བླ་ན་མེད་པའི་ཡང་རྩེ། ཚེ་གཅིག་གིས་བྱང་ཆུབ་བསྒྲུབ་པའི་ཆོས་ཉིད། འཛམ་བུའི་གླིང་ན་དཀོན་པའི་ཟབ་ཆོས་མཐར་ཐུག་ཡིན་པས། སྐལ་བཟང་ཚེ་འདིར་གྲོལ་བར་འདོད་པ་དག་གིས་ཉིན་དང་མཚན་དུ་བརྩོན་པས་ཉམས་སུ་བླང་བ་ལ་འབད་པར་བྱའོ། །དེ་ཡང་སྔོན་དུ་དབང་རྫོགས་པས་ཉམས་སུ་ལེན་པ་ཡང་། སྣོད་ལྡན་གཅིག་ནས་བདུན་ཚུན་ཆད་ལས་མང་དུ་(༣༧)མི་སྤེལ་ཞིང་བརྟག་ལ་བྱིན་ནོ། །དེས་ཀྱང་ཚེ་འདིའི་བྱ་བ་ཐམས་ཅད་སྤངས་ཏེ་གཅིག་པུར་དབེན་པའི་གནས་སུ་སྒྲུབ་པ་ལ་བརྩོན་པས། རིག་འཛིན་གྱི་གྲལ་ལ་སྙེག་པར་བྱ་བ་ནི། ཁོ་བོས་སྙིང་གཏམ་དུ་ལེགས་པར་གདམས་སོ། །

གནད་འདི་དག་པདྨ་འབྱུང་གནས་ཀྱི་མཁའ་འགྲོ་སྙིང་ཏིག་དང་། བི་མ་ལ་མི་ཏྲའི་གསང་བ་སྙིང་ཏིག་ལས་འབྱུང་བ་བཞིན། ཡང་ཟབ་རྨད་དུ་བྱུང་བའི་སྙིང་ཕྱུང་ནས་བཀོད་པ་ཡིན་པས། སྣོད་མིན་ལ་གསང་ཞིང་། སྣོད་ལྡན་ཐར་པ་འདོད་པ་རྣམས་ལ་བསྟན་ནས། བླ་ན་མེད་པའི་བྱང་ཆུབ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་མཛོད་ཅིག །དེ་ལྟར་རབ་གསང་བླ་མེད་སྙིང་པོའི་དོན། །མངོན་སུམ་སྙིང་ཏིག་ཡང་ཟབ་གནད་བསྡུས་ནས། །ཕྱི་རབས་དོན་དུ་བཀོད་པའི་དགེ་བ་དེས། །འགྲོ་ཀུན་འོད་གསལ་སྙིང་པོའི་དོན་རྟོགས་ཤོག །བདག་ཀྱང་ནགས་རིའི་ནང་དུ་མངོན་དགའ་བས། །རྣམ་གཡེང་འདུ་འཛིའི་དགྲ་རྣམས་ཕམ་བྱས་ཏེ། །སྣང་བ་བཞི་པོ་རབ་ཏུ་མཐར་ཕྱིན་ནས། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །བདག་བཞིན་རྗེས་སུ་འཇུག་པའི་སྐལ་ལྡན་རྣམས། །ཡི་གེ་འདི་ལ་གཅེས་པས་ནན་ཏན་མཛོད། །ད་རེས་ཚེ་འདིར་ཐར་ལམ་ཟིན་ངེས་ཤིང་། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་བྱ། །དེ་ཕྱིར་སྙིང་དང་འདྲ་བའི་བུ་རྣམས་ལ། །མ་འོངས་དུས་སུ་གཅིག་ནས་གཅིག་བརྒྱུད་དེ། །ཡང་དག་དོན་ལྡན་དེས་ཀྱང་ཉམས་བླང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །རྫོགས་པ་ཆེན་པོ་ཡང་གསང་རྨད་དུ་བྱུང་བའི་རང་གནད་གསང་བ་ལས། ཉམས་ལེན་གནད་ཀྱི་སྒྲོན་མེ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བཀོད་པ་རྫོགས་སོ།། །།

དཔལ་སྔགས་ཀྱི་བདག་མོ་རལ་གཅིག་མ་དང་། སྲོག་སྒྲུབ་མ་དང་། གཟའི་རྒྱལ་པོ་རཱ་ཧུ་ལས་བཀའ་འདི་སྲུངས་ཤིག །དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད་དོ། །ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ། ངོ་སྤྲོད་རང་ཡིན་པས་མཐར་ཐུག་གོ།། །།

བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག

༄༅། །བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག་བཞུགས་སོ། །

༄༅། །དངོས་གྲུབ་ཀུན་འབྱུང་བླ་མ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །རྡོ་རྗེ་སྙིང་པོའི་ཟབ་དོན་མཆོག །བདུད་རྩི་ལྗོན་ཤིང་གསལ་བར་བྱ། །

ཚེ་འདི་ཉིད་དང་བར་དོ་དང་། །རང་བཞིན་སྤྲུལ་སྐུར་གྲོལ་ཚུལ་(༣༨)ལས། །དང་པོ་ལ་ཡང་རྣམ་པ་བཞི། །ཕྱི་ནང་གསང་བ་བླ་མེད་ཉིད། །དང་པོ་ཕྱི་ལྟར་སྒྲུབ་པ་ནི། །ཡིད་དང་མཐུན་པའི་གནས་དག་ཏུ། །སྟན་ལ་སྐྱིལ་ཀྲུང་ལེགས་བཅས་ནས། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་དེ། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། ཨཱ་ལས་རྩ་བའི་བླ་མ་ཉིད། །དཀར་གསལ་སྤྲུལ་སྐུའི་ཆ་ལུགས་འཛིན། །རབ་བྱུང་ཁྱིམ་པ་ལ་སོགས་པ། །ཇི་ལྟར་བཞུགས་དེར་གསལ་བཏབ་པོ། །དེ་ཡང་སྐྱིལ་ཀྲུང་རིན་ཆེན་བརྒྱན། །ཏིང་འཛིན་མི་གཡོ་མཉམ་གཞག་ལས། །མུ་མེད་འོད་ཟེར་ཕྱོགས་བཅུར་འཕྲོས། །བཞད་བཅས་དགྱེས་པའི་ཚུལ་དུ་མཛེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བརྒྱུད་པའི་བླ་མས་བསྐོར་བ་ནི། །དཔག་ཡས་ནམ་མཁའི་དབྱིངས་ཁྱབ་བསམ། །ཕྱོགས་བཅུ་གང་བཞུགས་དབྱིངས་རུམ་ནས། །དེ་དང་འདྲ་བ་དཔག་མེད་ཀུན། །བྱོན་ནས་གཉིས་མེད་ཐིམ་པར་བསྒོམ། །དེ་ལ་ཕྱི་ནང་མཆོད་པའི་སྤྲིན། །ཏིང་འཛིན་རོལ་མོ་བསམ་ཡས་ཀྱིས། །གུས་པས་མཆོད་བསྟོད་གསོལ་བ་བཏབ། །དེ་ནས་བླ་མའི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་འོད་བྱུང་བས། །བདག་དང་སེམས་ཅན་ཀུན་ལ་ཕོག །སྒྲིབ་བྱང་དངོས་གྲུབ་རྣམ་གཉིས་ཐོབ། །སྣང་སྲིད་བླ་མར་གྱུར་པ་ལས། །ཡི་གེ་གསུམ་གྱི་རང་སྒྲ་བྱུང་། །འཇིག་རྟེན་གཡོ་ལྡེག་འཕར་བར་བསྒོམ། །ངག་ཏུ་ཛབ་དབྱངས་སྙན་པར་བཟླས། །དེ་རྗེས་བདག་དང་སྣང་སྲིད་ཀུན། །བླ་མར་ཐིམ་པས་དབྱིངས་སུ་ནུབ། །བརྗོད་བྲལ་རྫོགས་ཆེན་ངང་དུ་གློད། །རྗེས་སྣང་རྨི་ལམ་སྒྱུ་མའི་ཚུལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །འགྲོ་འཆག་ཀུན་ཏུ་བླ་མའི་ངང་། །བདེ་ཆེན་བྱིན་གྱིས་རློབ་པར་བསམ། །དེས་ནི་ཅི་བསམ་ཡིད་བཞིན་འགྲུབ། །རེས་འགའ་གང་མོས་གཙོ་བོར་བསྒོམ། །རེས་འགའ་མ་དད་བར་མ་དང་། །གནོད་བྱེད་འཁུ་ཞིང་སྡང་བ་རྣམས། །གཙོ་བོར་བསྒོམས་ལ་གསོལ་བ་གདབ། །དགྱེས་པར་བསམས་ལ་དངོས་གྲུབ་ཞུ། །དེས་ནི་དངོས་སུ་འཁོན་བྱང་ནས། །དམ་ཚིག་ཉམས་ཆག་བསྐངས་པར་འགྱུར། །དམ་ཚིག་ཏུ་ནི་སྣང་སྲིད་ཀུན། །བླ་མ་ཉིད་དུ་མོས་པར་བྱ། །གཞན་ལ་མ་དད་སྐུར་འདེབས་སྤང་། །གང་ལའང་བདེན་མེད་སྒྱུ་མར་སྦྱང་། །བདེ་སྡུག་གྲོགས་སུ་ཤེས་པར་བྱ། །དེ་ཡི་ཕན་ཡོན་ཚད་མེད་དེ། །སྣང་སྲིད་བླ་མར་འཆར་བ་དང་། །ནད་གདོན་སྡིག་སྒྲིབ་ཞི་བ་དང་། །ཚེ་དཔལ་འབྱོར་པ་རྒྱས་པ་དང་། །དག་སྣང་ཕྱོགས་མེད་འབྱོངས་པ་དང་། །གོང་མའི་(༣༩)བྱིན་རླབས་འཇུག་པ་དང་། །ཉམས་རྟོགས་ཏིང་འཛིན་འཕེལ་བ་སྟེ། །མདོར་ན་གནས་སྐབས་མཐར་ཐུག་གི། །དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར། །གཉིས་པ་ནང་ལྟར་སྒྲུབ་པ་ནི། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས། །ལྷུན་མཉམ་སྟོང་པ་ཆེན་པོ་ལས། །པད་ཟླའི་དབུས་སུ་རང་རིག་ཧཱུྃ། །དེ་ལས་རབ་དཀར་རྡོ་རྗེ་སེམས། །སྐྱིལ་ཀྲུང་རིན་ཆེན་རྒྱན་གྱིས་མཛེས། །འགྱིང་བག་མུ་མེད་འོད་ཟེར་འཕྲོ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །ཐོར་ཚུགས་པདྨ་ཉི་ཟླའི་སྟེང་། །ཨ་ལས་བླ་མ་ལོངས་སྤྱོད་རྫོགས། །རིགས་ལྔ་ཡབ་དང་ཡུམ་དུ་གསལ། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པ་རྣམས། །སོ་སོའི་ཡུམ་དང་མཉམ་པར་སྦྱོར། །བྱང་ཆུབ་བདུད་འདུལ་མཆོག་སྦྱིན་དང་། །ཏིང་འཛིན་སྐྱབས་སྦྱིན་ཆེན་པོ་ལས། །མཐིང་ག་དཀར་སེར་དམར་དང་ལྗང་། །འོད་གསལ་མཚན་དཔེས་བརྒྱན་པའི་སྐུ། །སྟོང་གསལ་འཇའ་ཚོན་དག་པ་བཞིན། །མུ་མེད་འོད་ཟེར་འཕྲོ་བ་ཡིས། །ནམ་མཁའི་དབྱིངས་ཁྱབ་ལོངས་སྐུའི་ཞིང་། །རྣམ་དག་སྟུག་པོ་བཀོད་པར་བསྒོམ། །སྣང་སྲིད་སྣོད་བཅུད་གཟུགས་རྣམས་ཀུན། །རང་བྱུང་ཡེ་ཤེས་རྣམ་ལྔའི་ཞིང་། །སྒྲ་རུ་གྲགས་པ་རིགས་ལྔའི་གསུང་། །འགྱུ་དྲན་ཏིང་འཛིན་རོལ་པ་ལས། །མི་གཡོ་ཆོས་ཉིད་གདལ་བའི་ཀློང་། །རྫོགས་པ་ཆེན་པོའི་རང་སྒྲ་ལས། །འཛབ་དབྱངས་བཟླས་ཤིང་ཏིང་འཛིན་སྤྲོ། །ཨཱ་ཨཱ་ཧཱུྃ་སྭཱ་ཧཱ། ལོངས་སྤྱོད་འདོད་ཡོན་རྣམ་ལྔའི་སྤྲིན། །སྤྲོ་ཞིང་མཆོད་བསྟོད་གསོལ་བ་གདབ། །རྗེས་ལ་ཀུན་འདུས་ཆོས་ཉིད་ངང་། །རང་བྱུང་ཡེ་ཤེས་དོན་ལ་གཞག །སྒྱུ་མའི་ངང་ནས་བསྔོ་བ་བྱ། །དམ་ཚིག་དངོས་ཀུན་ལོངས་སྐུའི་ཞིང་། །ཞི་ཁྲོ་ཉིད་ལས་འདའ་མི་བྱ། །བྱམས་དང་སྙིང་རྗེ་མི་སྤང་ཞིང་། །དག་མཉམ་རྫོགས་པ་ཆེན་པོར་སྤྱོད། །དེ་ཡི་ཕན་ཡོན་ཚད་མེད་དེ། །རྡོས་བཅས་སྣང་བ་ནུབ་པ་དང་། །བར་དོར་འོད་གསལ་ཟིན་པ་དང་། །དག་པའི་ཞིང་ཁམས་བགྲོད་པ་དང་། །ཚོགས་ཆེན་ལྷུན་གྱིས་རྫོགས་པ་དང་། །མཁའ་འགྲོས་བུ་བཞིན་སྐྱོང་བ་དང་། །མྱུར་དུ་སངས་རྒྱས་འགྲུབ་པའོ། །གསུམ་པ་གསང་བའི་སྒྲུབ་པ་ནི། །སྐྱབས་སོང་བྱང་ཆུབ་སེམས་བསྐྱེད་དེ། །མ་སྐྱེས་གདོད་ནས་དག་པའི་ངང་། །མི་དམིགས་མཉམ་པ་ཆེན་པོ་ལས། །ཆོས་དབྱིངས་དུར་ཁྲོད་གཞལ་ཡས་སུ། །པདྨ་ཉི་ཟླ་མི་རོའི་སྟེང་། །རང་ཉིད་ཆོས་དབྱིངས་ཕག་(༤༠)མོ་ནི། །མཐིང་ནག་རིན་ཆེན་རུས་པས་བརྒྱན། །རྩ་ཞལ་སྒེག་ཁྲོ་འཛུམ་བཅས་ཞལ། །མཆེ་གཙིགས་མི་འགྱུར་སྤྱན་གསུམ་བགྲད། །ཐོར་ཚུགས་རིན་ཆེན་རུས་པས་བརྒྱན། །ཕྱག་གཡས་གྲི་གུག་ནམ་མཁའ་ཕྱར། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །གྲུ་མོ་ཁ་ཊྭཱཾ་དྲིལ་བུས་མཚན། །གཡས་བསྐུམ་གཡོན་བརྐྱང་གར་སྟབས་མཛད། །ཐོད་ཕྲེང་གཡང་གཞི་ཀོ་རློན་གོས། །མུ་མེད་འོད་ཟེར་འཕྲོ་བ་ཡི། །ཕྱོགས་མཚམས་རིགས་བཞིའི་ཌཱཀྐི་བསྒོམ། །དཀར་སེར་དམར་དང་ལྗང་བ་ལ། །ཆ་ལུགས་ཕྱག་མཚན་གཙོ་མོ་འདྲ། །ཧ་རི་ནི་ས་སྒྲོགས་པར་བསྒོམ། །དེ་ལྟའི་གཙོ་མོའི་སྤྱི་གཙུག་གི། །ཕག་ཞལ་སྟེང་ན་པད་ཉིའི་སྟེང་། །ཧཱུྃ་ལས་བླ་མ་ཆོས་ཀྱི་སྐུ། །དཔའ་བོ་ཀུན་ཏུ་བཟང་པོ་ནི། །མཐོན་མཐིང་མཉམ་གཞག་འོད་ཟེར་འཕྲོ། །ཕྱོགས་བཞིར་རིག་བཞིའི་བདེ་གཤེགས་ནི། །དཀར་སེར་དམར་ལྗང་འོད་ཟེར་འཕྲོ། །མི་གཡོ་ཆོས་ཉིད་རོལ་པ་ནི། །ནམ་མཁས་གར་ཁྱབ་དེ་ལྟའི་ཁྱབ། །ལྷུན་མཉམ་ཡངས་པ་ཆེན་པོར་བསྒོམ། །དེ་དག་ཆོས་ཉིད་རང་སྒྲ་ནི། །འཛབ་དབྱངས་རང་གསལ་བཟླས་པར་བསམ། །ཆོས་སྐུའི་སྙིང་པོ་ཡི་གེ་ཨ། །དབྱངས་སྙན་རབ་ཏུ་བརྗོད་པའི་མཐར། །ཨཱ་ཨཱ་ཧཱུྃ་མཧཱ་ས་མནྟ་བྷ་དྲ་ཨ་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུྃ། དེ་སྐད་བཟླས་ཤིང་ཏིང་འཛིན་སྤྲོ། །རྗེས་ལ་ཀུན་འདུས་སྐྱེ་མེད་ངང་། །རྟོག་མེད་མཉམ་པ་ཆེན་པོར་གློད། །དགེ་བ་སེམས་ཅན་དོན་དུ་བསྔོ། །དམ་ཚིག་ཀུན་མཉམ་ཡངས་པ་ལས། །བརྟུལ་ཞུགས་རིག་པ་ངར་བསྐྱེད་ཅིང་། །གང་ལའང་མ་ཆགས་སྒྱུ་མའི་ངང་། །བདེན་མེད་ཤེས་པ་ཤིན་ཏུ་གཅེས། །དེ་ཡི་ཕན་ཡོན་བསྟན་པ་ནི། །དངོས་གྲུབ་ཡིད་བཞིན་སྤྲིན་ཕུང་འདུ། །ཚེ་རིང་དཔལ་འབྱོར་སྐྱེ་བོ་འདུ། །གེགས་མེད་བསམ་པ་ཡིད་བཞིན་འགྲུབ། །རང་གཞན་དོན་གཉིས་ཕུན་སུམ་ཚོགས། །བཞི་པ་ཡང་གསང་བླ་མེད་ཀྱི། །སྒྲུབ་པ་ཆེན་པོ་བྱ་བ་ནི། །བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ། །བསྟུན་ནས་རང་རིག་འོད་གསལ་བལྟ། །དང་པོ་རང་གི་སྣ་རྩེ་ལས། །སྨིན་མཚམས་མཛོད་སྤུ་གསལ་བའི་བར། །རིག་གདངས་དབྱིངས་སྣང་ལུ་གུ་རྒྱུད། །ཐིག་ལེ་ཐིག་ཕྲན་ཤར་བ་ལས། །གོམས་པས་དབྱིངས་ཀྱི་སྒྲོན་མ་མཐོང་། །དེ་ཉིད་མུ་ཁྱུད་ལྔ་ལྡན་ནང་། །འདབ་བཞི་པདྨའི་ལྟེ་བ་འདྲ། །དེ་དབུས་ལུ་གུ་རྒྱུད་གསལ་བ། །ཐབས་ཡིན་མི་འགུལ་གཟེར་ཐེབས་པས། །ནང་དུ་རིག་སྟོང་སྤྲོས་དང་བྲལ། །ཤེས་རབ་རང་བྱུང་སྒྲོན་མ་ནི། །(༤༡)ཤེས་རབ་རྩལ་དང་བཅས་པ་འཆར། །དེ་ལས་བདེ་གསལ་མི་རྟོག་པའི། །ཉམས་གསུམ་དང་བཅས་ལྷུག་པར་འཆར། །གོམས་པས་སྣང་བ་རྣམ་པ་བཞི། །ཚེ་འདི་ཉིད་ལ་མཐོང་ནས་ཀྱང་། །འཕོ་བ་ཆེན་པོའི་ལུས་བཟུང་ནས། །གཞན་དོན་དཔག་མེད་བསྒྲུབ་པའི་མཐར། །མི་གནས་མྱ་ངན་འདས་པའི་སར། །ལྷུན་གྲུབ་རིན་པོ་ཆེ་ཡི་སྦུབས། །བུམ་པ་སྐུ་ཡི་ཞིང་ཁམས་སུ། །རྒྱལ་མཆོག་ཀུན་ཏུ་བཟང་པོ་འགྲུབ། །དེ་ལྟར་དུས་རྣམས་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །རང་བྱུང་ཡེ་ཤེས་སྐུ་དང་གདངས། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གྲགས་སྟོང་སྐྱེ་མེད་ཆོས་སྐུའི་སྒྲ། །དྲན་རིག་བྱུང་ཚོར་ཐམས་ཅད་ཀུན། །རང་ཤར་རང་གྲོལ་གཟའ་གཏད་མེད། །ཉིན་པར་སྣང་སྲིད་འོག་མིན་ཞིང་། །སྤྲིན་བྲལ་ནམ་མཁའི་མཐོངས་སུ་བལྟ། །མཚན་མོ་སྙིང་དབུས་འོད་གསལ་ཞིང་། །རིགས་ལྔའི་རྣམ་པར་སེམས་བཟུང་ལ། །རིམ་སྐྱེས་མི་དམིགས་སྤྲོས་དང་བྲལ། །ནམ་མཁའི་ངང་དུ་ཉལ་བར་བྱ། །གཉིད་དང་རྨི་ལམ་འོད་གསལ་གྲོལ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ། །གང་ན་འདུག་ཀྱང་འོག་མིན་གནས། །ཇི་ལྟར་འགྱུས་ཀྱང་ཏིང་འཛིན་ཆེ། །སུ་དང་འགྲོགས་ཀྱང་རྡོ་རྗེའི་སྤུན། །རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །དེ་ནི་ཚེ་འདིའི་ཉམས་ལེན་ནོ། །གཉིས་པ་བར་དོའི་གྲོལ་ཚུལ་ནི། །ས་ཆུ་མེ་རླུང་ནམ་མཁའ་དག །རིམ་གྱིས་ཐིམ་ནས་འོད་གསལ་འཆར། །དེ་ཡང་རྣམ་པ་བཞི་ཉིད་ལས། །དང་པོ་ནམ་མཁའ་འོད་གསལ་ཐིམ། །ཕྲ་རགས་ནུབ་ཅིང་འོད་གསལ་འཆར། །ཕྱིར་སྣང་འོད་ལྔའི་ཞིང་ཁམས་ལ། །ནང་གསལ་རང་རིག་སྤྲོས་དང་བྲལ། །རང་ངོ་ཤེས་པས་མ་བུ་འདྲེས། །དུས་དེར་གདོད་མའི་སར་གྲོལ་ལོ། །འོད་གསལ་ལྷུན་གྲུབ་ཐིམ་པ་ལས། །ལོངས་སྐུའི་སྣང་བས་ནམ་མཁའ་ཁྱབ། །རང་ངོ་ཤེས་པས་གདོད་མར་གྲོལ། །ལྷུན་གྲུབ་ཡེ་ཤེས་ལ་ཐིམ་པས། །ཡེ་ཤེས་བཞི་ཡི་སྣམ་བུ་ཤར། །རང་ངོ་ཤེས་པས་དབྱིངས་སུ་གྲོལ། །ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར། །ཐིམ་པས་སྐུ་གསུམ་ཞིང་སྣང་འཆར། །རང་ངོ་ཤེས་པའི་སྐད་ཅིག་ལ། །བླ་མ་དྲན་པས་གདམས་པ་དང་། །ལྷ་དང་ལྟ་སྒོམ་སྤྱོད་པ་དྲན། །ལམ་ཉིད་དྲན་ཏེ་གདོད་མར་གྲོལ། །མངོན་ཤེས་དྲུག་(༤༢)དང་རྗེས་དྲན་དྲུག །ཐིམ་ཚུལ་བརྒྱད་རྣམས་རབ་རྫོགས་པས། །མི་གནས་ཀུན་ཏུ་བཟང་པོར་འགྱུར། །གསུམ་པ་སྤྲུལ་སྐུར་གྲོལ་ཚུལ་ནི། །བརྩོན་འགྲུས་ཐ་མའི་གང་ཟག་རྣམས། །དེ་ནས་ཤར་ཕྱོགས་མངོན་དགའ་སོགས། །དག་པའི་ཞིང་བགྲོད་པདྨའི་སྟེང་། །རྫུས་སྐྱེས་རྣམ་གྲོལ་མཆོག་ལ་རེག །འདི་ཀུན་བླ་མའི་བྱིན་རླབས་ལས། །མངོན་སུམ་སྟོབས་ཀྱིས་འགྲུབ་པ་ཡིན། །དེས་ན་དངོས་གྲུབ་ཐམས་ཅད་ཀྱི། །འབྱུང་གནས་དཔལ་ལྡན་བླ་མ་ལ། །རབ་དད་གུས་པས་བརྩོན་པར་བྱ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །

དེ་ལྟར་ཡང་ཟབ་བླ་མའི་ལམ། །བཀོད་པ་ཆེ་དང་རང་བྱུང་དང་། །རྩལ་རྫོགས་རྒྱུད་དང་འབྱེད་འགྲེལ་ལས། །ཇི་ལྟར་གསུངས་བཞིན་ལེགས་པར་བཀོད། །དགེ་བ་དེ་ཡིས་འགྲོ་བ་ཀུན། །གདོད་མའི་འོད་གསལ་སྙིང་པོའི་སར། །མ་ལུས་ཕྱམ་ཅིག་ཡོངས་གཞོལ་ཏེ། །སྐུ་དང་ཡེ་ཤེས་མཐར་ཕྱིན་ཤོག །འོད་གསལ་བྱིན་རླབས་ཀྱི་གནད་ཡིག །བདུད་རྩི་ལྗོན་ཤིང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

བདུད་རྩི་དྲི་མེད།

༄༅། །བདུད་རྩི་དྲི་མེད་བཞུགས་སོ། །

༄༅། །ལེགས་པ་ཐམས་ཅད་འབྱུང་བའི་གནས། །བླ་མ་མཆོག་ལ་ཕྱག་འཚལ་ཏེ། །ཏིང་འཛིན་འོད་གསལ་འབྱུང་བའི་མཛོད། །བདུད་རྩི་དྲི་མེད་གསལ་བར་བྱ། །

དུས་བཞི་གནད་ཀྱི་གདམས་པ་དང་། །ཁྲེགས་ཆོད་ཐོད་རྒལ་རྣམ་གཉིས་ཀྱི། །གནད་ནི་རྣམ་པ་གསུམ་དག་ལས། །དང་པོ་དུས་བཞིའི་གནད་ལ་གསུམ། །ཕྱི་དང་ནང་དང་གསང་བའོ། །དང་པོ་ཕྱི་ཡི་དུས་བཞི་ནི། །དགུན་དཔྱིད་དབྱར་དང་སྟོན་རྣམས་ལ། །ཟླ་བ་དག་ནི་གསུམ་གསུམ་མོ། །དགུན་དུས་ཆུ་སྟེ་གྲང་ཤས་ཆེ། །གནས་དང་སྤྱོད་ལམ་དྲོད་དང་བསྟུན། །དཔྱིད་ནི་བད་ཀན་ས་ཡི་དུས། །ལྕི་ཞིང་འཐིམས་པས་བསང་བ་གཅེས། །དབྱར་མེ་ཚ་བས་བསིལ་བར་བརྟེན། །སྟོན་རླུང་གཡོ་བས་གསལ་དྭངས་ཕྱེད། །གནས་དང་སྤྱོད་ལམ་ཅི་འཕྲོད་བརྟེན། །ནང་གི་དུས་བཞི་རང་ལུས་ཀྱི། །འབྱུང་བཞིའི་གནད་ཀྱི་རིམ་པ་ལས། །ཉིད་མཚན་ཆ་ནི་བཞི་བཞིར་དབྱེ། །ཉིན་དུས་ཅིར་སྣང་སྒྱུ་མ་དང་། །འོད་གསལ་ངང་དུ་རྩལ་སྦྱང་ཞིང་། །མཚན་དུས་ཤེས་པ་ནང་དུ་གཟུང་། །སྲོད་ལ་ལྟེ་བའི་ཨ་དམར་ལས། །མེ་འབར་སྤྱི་བོའི་ཧཾ་ལ་རེག །བདུད་རྩི་དཀར་དམར་སྙིང་གར་བབས། །ཐིག་ལེ་མཆོག་ལ་སེམས་གཟུང་བས། །(༤༣)ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར། །གུང་ལ་སེང་གེའི་ཉལ་ཐབས་ཀྱིས། །སྙིང་ནང་ཨ་དཀར་སེམས་གཟུང་ལ། །མི་དམིགས་ངང་དུ་གཉིད་ལོག་བྱ། །ཐོ་རངས་ཨ་དཀར་སྙིང་ནང་ནས། །སྤྱི་གཙུག་འཕར་ཏེ་གཞི་གང་གི། །ནམ་མཁའི་དཀྱིལ་དུ་གནས་པ་ལ། །སེམས་གཟུང་གསལ་སྟོང་ཡེ་ཤེས་འཆར། །གསང་བའི་དུས་བཞི་རྣམ་རྟོག་གི། །བཞི་ཆ་གསུམ་བྲལ་ཆོས་སྐུ་ལ། །རང་རིག་ཡེ་ཤེས་མ་ཡེངས་བསྒོམ། །སྔ་ཕྱི་བར་གསུམ་དུས་གསུམ་གྱི། །རྣམ་རྟོག་འཕྲོ་འདུ་རང་ཆད་དོ། །མི་རྟོག་ཡེ་ཤེས་ཉིད་དང་སྦྱར། །དེ་ལྟར་དུས་བཞིའི་གནད་གོམས་པས། །ཡང་དག་དོན་ལ་ཉེ་བར་འགྱུར། །གཉིས་པ་ཁྲེགས་ཆོད་གནད་ལ་ནི། །ཤར་ནས་རང་གཞག་གནད་དུ་ཆེ། །མཆོད་པའི་དུས་གནད་ངེས་པ་ལས། །མི་འགྱུ་རང་ཡལ་སུས་ཤེས་པ། །འདི་ལ་རྟག་མེད་ཆད་པ་མེད། །དྲན་བསམ་བྲལ་བ་སུས་ཤེས་པ། །འདི་ལ་འགྲོ་མེད་འོང་བ་མེད། །ཅེར་མཐོང་རང་ངོ་སུས་ཤེས་པ། །འདི་ལ་འཁོར་མེད་མྱང་འདས་མེད། །འདི་ལྟར་སེམས་ཀྱི་དངོས་པོ་གཅེས། །ཞེས་གསུངས་ཤར་ནས་ངོས་ཟིན་པའི། །ངང་དྭངས་སྒོམ་པ་གསང་བའི་གནད། །གསུམ་པ་ཐོད་རྒལ་གནད་ལ་ནི། །འདུག་སྟངས་གཟིགས་སྟངས་རབ་གཅུན་ཏེ། །མ་བྱིང་མ་རྨུགས་མ་འཕྲོས་པར། །ཉིན་མཚན་སྣང་བའི་འོད་གསལ་བསྒོམ། །ཐབས་ལས་ཤེས་རབ་དངོས་སུ་སྐྱེ། །ཉིན་མཚན་བསྲེ་བ་གནད་དུ་ཆེ། །མི་རྟོག་གསལ་དྭངས་ཕྱེད་པ་ནི། །ཆོས་སྐུའི་འོད་གསལ་སྙིང་པོར་བཤད། །དེ་ཉིད་ཉམས་སུ་བླངས་པ་ཡིས། །རང་བཞིན་རྫོགས་པ་ཆེན་པོར་གྲོལ། །

དེ་ལྟར་གནད་གསུམ་གདམས་པའི་མཆོག །རྒྱུད་ལུང་མན་ངག་གནད་བསྡུས་ནས། །བཀོད་པའི་དགེ་བས་འགྲོ་བ་ཀུན། །ལྷུན་གྲུབ་ཀུན་ཏུ་བཟང་པོར་ཤོག །འོད་གསལ་སྒོམ་པའི་གནད་ཡིག །བདུད་རྩི་དྲི་མེད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ།

༄༅། །འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ་བཞུགས་སོ། །

༄༅། །ཆོས་མཆོག་རྒྱ་མཚོ་ཟབ་མོ་ཡི། །མཛོད་བརྙེས་གང་ལ་ཕྱག་འཚལ་ཏེ། །བླ་མེད་རྡོ་རྗེ་སྙིང་པོ་ཡི། །སྤྱོད་མཆོག་བདུད་རྩི་རྒྱལ་པོ་བྲི། །

ནགས་ཚལ་མཚོ་གླིང་དུར་ཁྲོད་དང་། །ལྷ་ཁང་ཕྱུགས་ལྷས་གྲོང་ཁྱེར་དང་། །ཁང་སྟོང་ཤིང་གཅིག་ཆུ་ངོགས་འགྲམ། །འཇིགས་དང་དགའ་དང་མྱ་ངན་གནས། །སེམས་(༤༤)གཡེང་བྱེད་དེར་རབ་སོང་ལ། །བདེ་བའི་སྟན་ལ་རབ་འདུག་སྟེ། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས། །མདུན་གྱི་ནམ་མཁར་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །འགྲོ་དྲུག་ལན་ཆགས་གནོད་བྱེད་འདྲེ། །ཐམས་ཅད་བསམ་ལ་རང་གི་ལུས། །ཤ་ཁྲག་འདོད་ཡོན་ལོངས་སྤྱོད་དུ། །གང་ལ་གང་འདོད་ཆགས་མེད་སྦྱིན། །དེ་རྗེས་གང་ཡང་མི་བསམ་པར། །ཆོས་ཉིད་མཉམ་པའི་ངང་དུ་ཉལ། །དེ་ཚེ་རང་གི་རྣམ་རྟོག་དང་། །འཁྲུལ་སྣང་ལྷ་འདྲེའི་ཆོ་འཕྲུལ་ནི། །དངོས་དང་ཉམས་སྣང་རྨི་ལམ་དུ། །རྣམ་པ་སྣ་ཚོགས་འབྱུང་བར་འགྱུར། །དེ་ཚེ་གནད་ཀྱི་གདམས་ངག་ལ། །རྒྱུ་མཚན་བརྟགས་པས་ཤེས་པ་དང་། །རང་བཞིན་སྙེམས་བྲལ་གློད་པའོ། །དང་པོ་རྒྱུ་མཚན་བརྟག་པ་ནི། །ཆོ་འཕྲུལ་གང་སྣང་དེས་མཚོན་པ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །གཟུགས་སུ་སྣང་བ་ངོ་བོས་སྟོང་། །ཆ་ཤས་མེད་ཅིང་རང་བཞིན་བྲལ། །སྒྱུ་མ་རྨི་ལམ་ཆུ་ཟླ་བཞིན། །མ་སྐྱེས་པས་ན་གནས་པ་མེད། །འགགས་མེད་འགྲོ་འོང་ཀུན་ལས་འདས། །དེ་ལ་འཇིགས་པ་ཅི་ཞིག་ཡིན། །སྒྲ་ནི་གྲགས་པ་ཉིད་ནས་སྟོང་། །དྲི་རོ་རེག་དང་ཆོས་ཀུན་ཡང་། །ངོ་བོས་སྟོང་སྟེ་གཟུགས་བརྙན་བཞིན། །མེད་སྣང་སྟོང་པའི་རང་བཞིན་ལ། །འཇིགས་དང་དགའ་བས་ཅི་ཞིག་བྱ། །འཇིགས་པའི་ཡུལ་ལ་བརྟགས་དཔྱད་པས། །རང་བཞིན་མེད་པ་ཇི་ལྟ་བར། །འཇིགས་མཁན་སེམས་ལ་ཚུར་བལྟས་པས། །སེམས་ནི་དུས་གསུམ་གཞི་རྩ་བྲལ། །བརྟགས་པས་མ་རྙེད་རྒྱུ་མཚན་བྲལ། །ཁ་དོག་དབྱིབས་མེད་ངོས་གཟུང་བྲལ། །གང་ཞིག་གང་གིས་དགའ་འཇིགས་བསྐྱེད། །དེ་ལྟར་ཡུལ་སེམས་གཟུང་འཛིན་དུ། །མེད་པ་དེ་ཚེ་ཆོས་རྣམས་ཀུན། །ནམ་མཁའ་ལྟ་བུར་བདག་མེད་པས། །གཞན་དུ་འཛིན་པ་ངང་གིས་སྟོང་། །དེ་ཉིད་རང་བྱུང་ཡེ་ཤེས་ཏེ། །རང་གསལ་སྤྲོས་དང་བྲལ་བར་གཞག །གཉིས་པ་རང་ཞིར་གློད་པ་ནི། །བརྟགས་དང་མ་བརྟགས་གང་ཚེ་ཡང་། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །དེ་ལ་དྲན་བསམ་དགོས་པ་མེད། །གང་སྣང་སྟེང་དུ་གང་ཤར་གློད། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །སྣང་ན་ཆོས་ཉིད་སྟོང་པར་སྣང་། །སྟོང་ན་སྲིད་གསུམ་འཁོར་བ་སྟོང་། །རྟག་ན་ཆོས་སྐུ་འགྱུར་བ་མེད། །ཆད་ན་ལས་དང་ཉོན་མོངས་ཆད། །དེས་ན་གང་སྣང་(༤༥)མི་སྣང་མེད། །ལེགས་ཉེས་ཤོར་གོད་འགའ་མེད་པས། །གཞི་བྲལ་མཉམ་པའི་ངང་དུ་ཉལ། །ལྷ་འདྲེར་སྣང་ཡང་ངོས་གཟུང་མེད། །དེ་ལ་གཟུགས་མེད་འཇིགས་མི་དགོས། །འཇིགས་མཁན་སེམས་ཡིན་ངོས་གཟུང་མེད། །དེ་ལ་བདེན་མེད་སྤང་མི་དགོས། །དེ་ལྟར་ཡུལ་སེམས་དགའ་འཇིགས་དང་། །དུག་ལྔའི་རྣམ་རྟོག་ཐམས་ཅད་ལ། །ཅེར་མཐོང་རང་སངས་ངོས་གཟུང་ལ། །སྙེམས་མེད་ངང་དུ་གློད་པར་བྱ། །དེས་ནི་གཉན་སར་གཉིས་འཛིན་ཞིག །རེ་དོགས་བྲལ་བའི་ཚར་ཚད་ཐོབ། །ཞར་ལ་ཐུན་མོང་དངོས་གྲུབ་ནི། །ལྷ་འདྲེ་དམ་ཐོགས་སྟོང་གྲོགས་བྱེད། །རྐྱེན་རྣམས་ཐུགས་ཕྲད་རང་གྲོལ་ཡིན། །དེ་ཕྱིར་གནད་འདི་ཉམས་སུ་ལོངས། །དགེ་བ་དེ་ཡིས་འགྲོ་བ་ཀུན། །སྐྱེ་མེད་ཀློང་དུ་གྲོལ་བར་ཤོག །འོད་གསལ་སྤྱོད་པའི་གནད་ཡིག །བདུད་རྩི་རྒྱལ་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ།

དུམ་བུ་དང་པོ། ལུས་ཀྱི་གནད་བསྟན་པ།

༄༅། །གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་བཞུགས་སོ། །

༄༅། །དོན་གྲུབ་ཡོན་ཏན་རྫོགས་དང་ཀུན་དབང་པོ། །མི་འགྱུར་འོད་ཟེར་མཐའ་ཡས་རྒྱལ་བའི་མཛོད། །གང་གི་ཞབས་པད་ཟླ་བ་ལ་བཏུད་དེ། །གནད་གསུམ་ཆོས་ཉིད་འཁོར་ལོ་གསལ་བར་བྲི། །ཐེག་པ་ཀུན་གྱི་རྩེ་མོར་གྱུར། །གནད་ལས་འོད་གསལ་མངོན་སུམ་འཆར། །སྐད་ཅིག་གཅིག་གིས་ཆོས་སྐུར་སྦྱོར། །གང་དེ་དང་པོ་རྒྱལ་གྱུར་ཅིག །འདི་ལྟར་དེ་འདྲའི་གདམས་ངག་མཆོག །བདག་གིས་བླ་མ་ལས་ཐོས་བཞིན། །མ་འཁྲུལ་ཤིན་ཏུ་ཟབ་མོ་འདི། །ཇི་བཞིན་དེ་ཉིད་རྣམ་ངེས་བྱ། །

རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གནད་ངེས་པ་རྣམས་གཅིག་ཏུ་བསྡུས་ནས་བརྩོན་པས་ཉམས་སུ་བླང་བ་ལ་གསུམ་སྟེ། ལུས་དང་། ངག་དང་། རིག་པའི་གནད་དོ། །དང་པོ་ལ་རྟེན་གཞི་ལུས་ཀྱི་གནད་དང་། བརྟེན་པ་སྒོའི་གནད་གཉིས་ལས། ལུས་ཀྱི་གནད་དང་པོར་བསྟན་ཏེ། དེ་ཡང་ལུས་གནད་དུ་མ་གཅུན་ན། རྩ་གནད་དུ་མི་འཆུན། རྩ་མ་འཆུན་ན། རླུང་རིག་གནད་དུ་མི་འཆུན། རླུང་རིག་གནད་དུ་མ་འཆུན་ན། འོད་གསལ་མངོན་དུ་མི་གསལ་བས། དེ་དག་གནད་དུ་དབབ་པའི་ཕྱིར། སྐུ་ལྔའི་བཞུགས་སྟངས་ལ་བསླབ་པ་གཅེས་སོ། །

དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ལས་རྐང་མཐིལ་གཉིས་ས་ལ་ཕབ་པས་གཡོ་བྱེད་ལས་ཀྱི་རླུང་གནོན། ལུས་ཀྱི་ཆ་བསྲངས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་(༤༦)བོའི་རྩལ་མཇིངས་པ་ལ་བསྐུར་པས་རྣམ་རྟོག་རང་བཞིན་གྱིས་འགག །ལག་སོར་བསྒོངས་ཏེ་ཁྱི་ཚུགས་སུ་འདུག་པས་ཡེ་ཤེས་ཀྱི་དྲོད་ཕེབས་ཤིང་འབྱུང་བ་ཆ་སྙོམས་པར་བྱེད་དོ། །ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ལྟ་བུ་ལས་ཁ་སྦུབ་སྟེ་པུས་བྲང་སྦྱར་བས་བདེ་དྲོད་ཡེ་ཤེས་ཀྱི་ཁམས་རྒྱས། གྲུ་མོ་གཉིས་ས་ལ་བཙུགས་པས་ཕོ་མོའི་རླུང་གཉིས་མ་ནིང་དུ་རང་རྒྱུ། ཐལ་མོས་མགྲིན་པ་ཡིད་ཙམ་བཏེག་པས་རགས་པའི་རླུང་འགག །རྐང་པའི་སོར་མོ་ཕྱིར་ཕུལ་ཏེ་བསྐུམ་པས་བྱིང་རྒོད་ཀྱི་ཆ་སྙོམས་པར་བྱེད་པའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ལས། ལུས་ཙོག་པུར་འདུག་པས་རྩ་རླུང་རང་སོར་སྙོམས། རྐང་མཐིལ་ས་ལ་ཕབ་པས་ཆུའི་རྩལ་གནོན། སྒལ་ཚིགས་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། པུས་བྲང་སྦྱར་བས་མེ་རླུང་ཡེ་ཤེས་སུ་འབར། རྒྱུ་མ་ཡིད་ཙམ་གྱེན་ལ་འཐེན་ནས་སྒལ་པ་ལ་བཅར་བས་རྣམ་རྟོག་གི་འཕྲོ་འདུ་འགག །ལག་པ་རེ་མིག་ཏུ་བསྣོལ་ནས་པུས་མོའི་སྟེང་དུ་བཀབ་ན་ཚ་བའི་ནད་སེལ། གལ་ཏེ་བསྣོལ་ནས་མཆན་ཁུང་གཉིས་སུ་རེག་ན་གྲང་བའི་ནད་སེལ། འོན་ཏེ་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ། ཐལ་མོའི་ལག་སོར་བསྒོངས་པས་ལྐོག་མ་ནས་བཏེག་ན་ཚ་གྲང་སྙོམས་པའི་གསོས་བྱེད་དོ། །མངོན་པར་བྱང་ཆུབ་པའི་བཞུགས་སྟངས་བྱ་རྒོད་ལྟ་བུ་ལས། རྐང་མཐིལ་གཉིས་ས་ལ་བཞག་པས་འཕྲོ་བ་ལུས་ཀྱི་རླུང་གནོན། རྩོས་པོ་ས་ལ་མ་རེག་པས་བག་ཆགས་ལས་ཀྱི་མཐའ་སྟོངས། རོ་སྟོད་མདུན་དུ་གཅུན་པས་རྩ་ནང་གི་ཡེ་ཤེས་འཆར། ལུས་ཀྱི་ཟུར་ནས་ལག་པ་གཉིས་གཤོག་པ་ལྟར་བསྒོངས་ཏེ་རྩོས་པོའི་སྟེང་དུ་སོར་མོ་གཉིས་བསྣོལ་བས་འབྱུང་བཞི་ལས་ཀྱི་རླུང་བཞི་ཡེ་ཤེས་ཀྱི་སྦུབས་སུ་ཐིམ་ཞིང་རང་ལྡོག །ལུས་ཀྱི་སྤྱི་བསྒོངས་པས་ཉོན་མོངས་པའི་ཡིད་འཆར་མི་སྲིད་པར་བྱེད་པའོ། །མི་འགྱུར་རྡོ་རྗེའི་བཞུགས་སྟངས་རྡོ་རྗེ་ལྟ་བུ་ལས་ལུས་སྤྱི་བསྲངས་པས་ནི་འགྱུ་བྱེད་ལས་ཀྱི་རླུང་འགགས། རྐང་མཐིལ་ཁ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ། འོད་གསལ་ཡེ་ཤེས་ཀྱི་ངང་དུ་རང་གནས། རྟིང་པ་གཉིས་གསང་བ་ལ་ཟུག་པར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། ཐལ་མོ་སྤྱི་བོར་སྦྱར་བས་ལུས་ཀྱི་གནད་སྦྱོང་བར་བྱེད་པའོ། །དེ་ལྟར་ལྔ་ལས་དང་པོ་གསུམ་ནི། རྒྱུན་དུ་བྱ་བ་ཡིན་ལ། ཐ་མ་གཉིས་ནི་སྐབས་སུ་བཞུགས་(༤༧)སྟངས་ངལ་གསོ་བ་དང་རྩལ་སྦྱོང་བའི་ཚེ་བྱེད་པ་ཡིན་ནོ། །གཞན་ཡང་སངས་རྒྱས་འགྲོ་བ་རྣམ་སྣང་གི་ཆོས་བདུན་དང་། དྲག་ཤུལ་ཆེན་པོ་གྱད་ཀྱི་དོར་སྟབས་དང་། མཁའ་མཉམ་དག་པ་སྐྱེས་བུའི་བརྒྱངས་སྟབས་དང་། གནམ་གཟེར་ཆེན་པོ་ལྕགས་སྡོང་གི་འདྲིལ་ལུགས་དང་། འོད་གསལ་རྣལ་སྦྱོང་རྒྱལ་བའི་གཟིམས་ལུགས་ལྟ་བུ་དང་ལྔ་ནི། ཡེ་ཤེས་ལྔའི་ལྟ་སྟངས་ཏེ་སྐབས་སུ་བསླབ་པར་བྱའོ། །ཆོས་དབྱིངས་ཡེ་ཤེས་ཀྱི་གནད་དུ་ཆོས་བདུན་ནི། རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་བཞག་མིག་སྣ་རྩེ། སྒལ་ཚིགས་དྲང་པོ། ལྕེ་རྩེ་ཡར་རྐན། སོ་མཆུ་ཅུང་ཟད་མ་རེག་པ་དང་། རླུང་དལ་བ་ཅན་ནོ། །བྱ་བ་གྲུབ་པའི་གནད་དུ་དོར་སྟབས་ནི། གཡས་བརྐྱང་གཡོན་བསྐུམ་ལས་ལག་པ་གཉིས་ཁྲོ་བོའི་སྡིགས་མཛུབ་དང་མཚོན་ཆ་འཛིན་པ་ལ་སོགས་པ་སྣ་ཚོགས་སུ་བསྒྱུར་བ་དང་། གཡས་བསྐུམ་གཡོན་བརྐྱང་ལས་ཁུ་ཚུར་བྲང་ཁར་བསྣོལ་བ་དང་། ཅུང་ཟད་བསྐུམ་པ་ལས་རི་བོ་འདེགས་པ་ལྟར་བྱ་བ་ལ་སོགས་པའོ། །མཉམ་པ་ཉིད་ཀྱི་གནད་དུ་གན་རྐྱལ་དུ་ཉལ་ཏེ། མིག་ནམ་མཁའི་དཀྱིལ་དུ་བལྟ་ཞིང་རྐང་ལག་བརྐྱང་བའོ། །སོ་སོར་རྟོགས་པའི་གནད་དུ་དྲིལ་ལུགས་ནི། ཙོག་པུའམ་སྐྱིལ་ཀྲུང་གང་རུང་ལས། ལག་པ་བསྣོལ་བའི་ཐལ་མོས་དཔུང་པ་གཉིས་བསྡམས་ཏེ་ལུས་བཅུམས་པའོ། །མེ་ལོང་ཡེ་ཤེས་ཀྱི་གཟིགས་ལུགས་ནི། གཡས་ཕབ་ནས་མིག་མི་འགུལ་བར་རླུང་རབ་ཏུ་དལ་བ་ཅན་ནོ། །འདི་དག་གིས་རྩ་རླུང་རང་གཅུན་ནས་ཡེ་ཤེས་ངང་གིས་སྐྱེ་བའི་གནད་སྔ་མ་བཞིན་གསུངས་མོད་ཀྱང་ཡི་གེ་མང་བས་མ་བྲིས་སོ། །ལྟ་སྟངས་འདི་ལྔ་ནི། འདས་རྗེས་དང་། ཟངས་ཡིག་ཅན་དང་། ལུས་གནད་གསང་བའི་སྒྲོན་མེ་ལས་ཁ་འཐོར་དུ་གསུངས་པ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་བཀོད་པའོ། །

ད་ནི་ལུས་ལ་བརྟེན་པ་སྒོའི་གནད་གཟིགས་སྟངས་བཤད་པར་བྱ་བ་ལ། རྩ་བ་དང་ཡན་ལག་གི་གཟིགས་སྟངས་གཉིས་ལས། རྩ་བ་ལ་ལྔ་སྟེ། དང་པོ་ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་ལ་བཟློག་ནས་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཐད་ཀར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཐུར་ལ་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། མངོན་བྱང་ཆུབ་ཀྱི་གཟིགས་སྟངས་ཁྲིད་ཅིང་ཟླུམ་པོར་བལྟས་པས་དབྱིངས་སྣང་གི་སྣང་བ་ཆེར་འཕེལ། རྡོ་རྗེའི་གཟིགས་སྟངས་ཀྱིས་(༤༨)ཟུར་ལ་བལྟས་པས་ཞིང་ཁམས་ཀྱི་རྒྱན་རྫོགས་པར་བྱེད་དོ། །དེ་ལྟར་ན་ཆོས་སྐུ་སེང་གེ་ལྟ་བུའི་གྲོལ་གཞིའི་ཞིང་ལ་སྤྱོད། ལོངས་སྐུ་གླང་པོ་ལྟ་བུའི་གྲོལ་སྣང་ཡེ་ཤེས་ལ་སྤྱོད། སྤྲུལ་སྐུ་དྲང་སྲོང་ལྟ་བུའི་འཆར་ཚུལ་ཕྲིན་ལས་ལ་སྤྱོད། མངོན་བྱང་རི་དྭགས་ལྟ་བུའི་འོད་གསལ་ཞིང་སྣང་ལ་སྤྱོད། རྡོ་རྗེ་མདའ་སྲོང་ལྟ་བུའི་སྐུ་གསུམ་ལྷུན་གྲུབ་ལ་སྤྱོད་པར་བྱེད་དོ། །འདི་དག་ནི་སྒྲོན་མ་སྣང་བྱེད་དང་། དབང་རྣམ་པར་ཕྱེ་བའི་ཕྲ་ཏིག་ལས་འབྱུང་བ་བཞིན་ནོ། །ཡན་ལག་གི་གཟིགས་སྟངས་ལ་ཡང་ལྔ་ལས། འདབ་ཆགས་ཀྱི་ལྡིང་སྟབས་ནི་ཅུང་ཟད་གྱེན་ལ་བལྟས་པས། ནམ་མཁའ་དང་བསྲེ་བ་ནི་ཆོས་ཀྱི་དབྱིངས་སོ། །སྟག་མོའི་མཆོངས་སྟབས་ནི་འཕྲེད་ལ་བལྟས་པས་ཐིག་ལེའི་དབུས་ན་བྱང་ཆུབ་སེམས་དཔའི་སྐུ་སྣང་བ་ནི་མེ་ལོང་ཡེ་ཤེས་སོ། །འབུ་སྲིན་གྱི་ནུར་འགྲོས་ནི་གཡས་ཟུར་དུ་བལྟས་པས་རང་སངས་རྒྱས་མཐོང་བ་སྟེ་མཉམ་པ་ཉིད་དོ། །གྱད་ཀྱི་དོར་སྟབས་ནི་གཡོན་ཟུར་དུ་བལྟས་པས་ཉན་ཐོས་མཐོང་བ་སྟེ་སོ་སོར་རྟོགས་པའོ། །རྒྱ་མདུད་ཀྱི་འདྲིལ་ལུགས་ནི། རིག་པ་མིག་ཏུ་བཅུག་ནས་ཐིག་ལེ་དང་མི་འབྲལ་བར་མི་གཡོ་མི་འཕྱུགས་པར་བལྟ་བ་སྟེ་སངས་རྒྱས་ཀྱི་སྐུ་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གཟིགས་སྟངས་སུ་བཤད་དོ། །ལྟ་སྟངས་འདི་དག་ཀྱང་། འདས་རྗེས་དང་། ཕྲ་ཏིག་ལས་གསུངས་ཤིང་རླུང་རིག་གི་གནད་གལ་པོ་ཆེ་ཡོད་པས་ཅུང་ཟད་ཀྱང་མ་འཕྱུགས་པ་གལ་ཆེའོ། །མན་ངག་གཞན་ལས་མང་དུ་བཤད་ཀྱང་འདིར་མ་འདུས་པའི་གཟིགས་སྟངས་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །གཟིགས་སྟངས་གང་ལ་ཡང་ཧ་ཅང་རྩོལ་བས་བསྒྲིམས་ཤིང་བསྡམས་པ་ནི། རླུང་བཙན་ཐབས་སུ་གཅུན་པས་གེགས་སུ་འགྱུར་བའི་ཕྱིར་དལ་བུས་བྱ་བ་གནད་ཀྱི་དམ་པའོ། །ལུས་ཀྱི་གནད་བསྟན་པའི་དུམ་བུ་སྟེ་དང་པོའོ།། །།

དུམ་བུ་གཉིས་པ། ངག་གི་གནད་བསྟན་པ།

དོན་གཉིས་པ་ངག་གི་གནད་ལ་སྨྲ་བ་གཅད་པ་དང་། རླུང་དལ་བས་སྟོང་པར་བྱ་བ་གཉིས་ལས། སྨྲ་བ་མ་བཅད་ན་ངག་གི་བརྗོད་པས་སེམས་འཁྲུགས་ཤིང་། རྩོད་པ་དང་བཅས་པས་དུས་འདའ་བ་དང་། སྒྲིབ་པར་འགྱུར་བ་དང་། ཏིང་ངེ་འཛིན་ལས་ཉམས་པ་ལ་སོགས་པའི་ཉེས་པ་དུ་མ་ལ་རེག་པས་མི་སྨྲ་བ་ལ་བསླབ་པོ། །

དེ་ཡང་དང་པོ་ལུང་སྟོང་ལ་སོགས་པའི་དབེན་པར་སོང་ལ། ཅི་ཙམ་བརྗོད་པར་(༤༩)འདོད་ཅིང་གང་ལ་ཞེན་པའི་སྨྲ་བརྗོད་དེ་ཉིད་བརྒྱ་སྟོང་དུ་མར་བརྗོད་ཅིང་། འདས་མ་འོངས་ད་ལྟར་གྱི་བརྗོད་པའི་རྣམ་པ་རྣམས། དྲན་པས་བསླང་ནས་སྐད་ཅིག་ཀྱང་མི་དལ་བར་བརྗོད་པས་ཐང་ཆད་པས་བརྗོད་སྙིང་མི་འདོད་པར་གྱུར་པ་ན། ཉིན་རེ་བས་ངག་ཇེ་ཉུང་ལ་གཏང་ལ་ཟླ་བ་གཅིག་ལ་གཞན་དང་མི་སྨྲ་བ་དང་། དེ་ནས་ཞག་བཅུ་ན་རང་གི་སྔགས་དང་ཁ་ཏོན་ཙམ་ཡང་མི་བརྗོད་པ་ལ་བསླབ་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་བྱེད་དོ། །རླུང་དལ་བས་སྟོང་པར་བྱ་བ་ནི། འགྲོ་འོང་ལས་ཀྱི་རླུང་ནི་རང་སོར་བཞག་པས་རྟོག་ཚོགས་ཉོན་མོངས་པའི་རླུང་བག་ལ་ཞ་སྟེ། རིག་པ་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་པ་ནི། གནད་གཅིག་ཏུ་ཡོད་པའི་ཕྱིར་རོ། །དེ་ཡང་གློ་བ་ན་འགྲོ་འོང་གི་རླུང་རྟའི་ཚུལ་དུ་ཡོད་པ་ལས། སྙིང་ནང་ན་རྩ་གྲོ་སོག་གི་སྦུག་མ་ཙམ་ན་ཚུར་ཡེ་ཤེས་ཀྱི་གདངས་ཞུགས་པ་མི་ལྟར་སོང་བ་གཉིས་འདྲེས་པས་སེམས་ཞེས་བྱ་བ་བྱུང་སྟེ། རླུང་ཟད་པ་དང་། འགགས་པ་ན་རྟོག་པ་འགགས་ནས། མི་རྟོག་པ་སིང་བག་དང་བཅས་པ་འོང་བ་ནི། དེའི་ཚེ་རླུང་རང་ཞི། ཡེ་ཤེས་ཀྱི་གདངས་སྙིང་ནང་ན་མི་གཡོ་བར་བཞུགས་པའི་གནད་ཀྱིས་སོ། །སྙིང་ནས་འཁོར་ལོ་བཞིའམ་ལྔར་ཡེ་ཤེས་ཀྱི་གདངས་ཞུགས་པ་ན། འཁོར་ལོ་བཞི་ནས་སྦྱང་བྱ་ལས་ཀྱི་རླུང་འགྱུ་བ་དང་བཅས་པ་དང་སྦྱོང་བྱེད་ཡེ་ཤེས་ཀྱི་རླུང་འགྱུ་བ་མེད་པ་དང་། གདངས་ཉིད་སྦྱང་གཞི་རིག་པའི་ཡེ་ཤེས་སུ་ཞུགས་པས་སྣ་བུག་གཉིས་རོ་རྐྱང་གི་རྩ་ནས་ཞུགས་པའི་རླུང་འཁོར་ལོ་བཞིའི་རྩ་ནང་དུ་ཟིན་པས། རྟོག་མེད་ཀྱི་ཡེ་ཤེས་སུ་འཆར་བ་ཡང་འགྱུ་བ་རང་ཐིམ་སྟེ། གློ་བའི་རླུང་ཐིམ་པ་དང་གནད་གཅིག་གོ། །དེས་ན་ཁ་སྣའི་རླུང་དལ་བུས་རང་སོར་ཞི་བ་ལ་བསླབ་ཅིང་སྙིང་ཏིག་པས་རླུང་ཁ་ནས་དྲང་ཞིང་དལ་བུས་བྱ་བ་ལ་བསླབ་པ་ནི་གནད་དམ་པ་སྟེ། འདི་ལྟར་རྩ་རླུང་པ་གཞན་གྱིས་སྣ་ནས་དྲངས་པས་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་གྱུར་ནས་གེགས་རྣམ་པ་སྣ་ཚོགས་སུ་འབྱུང་སྟེ། ཡེ་ཤེས་ཀྱི་རླུང་ཅུང་ཟད་ཟིན་ཡང་རྩ་བའི་ཡེ་ཤེས་སྙིང་ནང་ནས་འཕྲོས་པ་ངོས་ཀྱང་མ་ཟིན་ཆ་མེད་པས། འཁྲུལ་འཁོར་དང་དམིགས་པ་སྣ་ཚོགས་ལ་བརྟེན་དགོས་ཤིང་། ཡོན་ཏན་སྐྱེ་བ་ལྟར་སྣང་ཡང་། རྩ་བ་མ་ཆོད་པས་རྣལ་མ་ཞིག་མི་ཡོང་བའི་གནད་དེ་ཡིན་ནོ། །འདིར་(༥༠)ཁ་ནས་དྲངས་པས་གློ་བའི་རླུང་རང་དག །གདངས་སྙིང་གར་རང་ཐིམ་ནས་གསལ་སྟོང་ཡེ་ཤེས་ཀྱི་ངང་ལས་མི་གཡོ་ཞིང་། དེའི་གནད་ཀྱིས་འཁོར་ལོ་བཞིའམ་ལྔའི་གདངས་མི་གཡོ་བར་སྙིང་ནང་དང་འདྲེས་པར་རང་གསལ་བས། སྦྱང་བྱ་འགྱུ་བའི་རླུང་རྟོག་ཚོགས་དང་བཅས་པ་མ་སྤངས་པར་རང་སར་དག་ནས་འཁོར་ལོ་སོ་སོ་ལ་བརྟེན་པའི་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་སྟེ། འོད་གསལ་དུ་གྲོལ་ནས་འགྲོ་བའི་གནད་དེ་ཡིན་ནོ། །འདི་དག་ནི་སློབ་དཔོན་ཆེན་པོ་བི་མ་ལའི་ཡེ་ཤེས་གསང་ཐིག་ཏུ་བསྟན་པ་བཞིན། འཕྲོས་པ་བཤད་ན་ལས་རླུང་སོར་གཞག་པ་དང་། ཉོན་མོངས་པའི་རླུང་གནས་སུ་སྦྱང་བ་གཉིས། འཇུག་པ་གཅིག་གི་འདི་ལྟར་ཉམས་སུ་བླངས་ཏེ། དེ་ཡང་ལས་དང་པོ་པ་སྤྲོས་པ་ཤས་ཆེ་དུས་དང་མངོན་སུམ་ལ་སྒོམ་དུས། རྣམ་རྟོག་འཕྲོ་བ་རང་ཞི་བར་བྱ་དགོས་པས་ཡི་གེ་ཨ་རྣམ་པ་ལྔ་སོགས་དུས་གཅིག་ལ་བརྩེགས་མར་བསྒོམས་པས་འབྱུང་བ་ལྔ་གནད་ལ་ཕེབས་ཏེ། ཨའི་དོན་སྐྱེ་མེད་ལ་གནས་པའི་དོན་གྱིས་ཕྱིར་རོ། །དང་པོ་ལྟ་སྟངས་དང་། གཟིགས་སྟངས་བསྟུན་ནས་རླུང་དལ་བུས་ཕྱིར་ཁ་ནས་སོང་བ་ནང་དུ་ཡང་དལ་བུས་བརྔུབས་ཏེ་དར་ཅིག་རྩོལ་བ་ལྷོད་པའི་ངང་ནས་ཅུང་ཟད་འཐེན་ཏེ་གཟུང་ནས། ནམ་མཁའ་ལ་མིག་གཏད་པའི་སར། ཨ་དམར་པོ་ཨྸྸྸྸ་ལྔ་བརྩེགས་པ་ལ་མ་ཡེངས་པར་སེམས་གཟུང་ཞིང་ཧུར་ཐོན་པས་རིག་པ་སིང་བག་དང་བཅས་པ་འབྱུང་ངོ་། །དེ་ནི་རྟོག་དཔྱོད་མེ་དང་འདྲ་བ་དག་པར་བྱེད་པས་བསམ་གཏན་དང་པོ་སྐྱེ་བའི་ཡན་ལག་སྟེ་མེ་རླུང་རང་ལོག་གི་དགོངས་པ་ཞེས་བྱའོ། །དེ་བཞིན་དུ་ཨྸྸྸ་དཀར་པོ་བཞི་བརྩེགས་ལ་གཏད་པས་ཉམས་དགའ་བདེ་ཆུ་དང་འདྲ་བ་དག་ནས། བསམ་གཏན་གཉིས་པ་སྐྱེ་(༥༡)བའི་ཡན་ལག་ཆུ་རླུང་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨྸྸ་ལྗང་གུ་སུམ་བརྩེགས་ལ་གཏད་པས་དྲན་རྟོག་གི་གཡོ་བ་ཕྲ་མོ་རླུང་དང་འདྲ་བ་དག་ནས། བསམ་གཏན་གསུམ་པ་སྐྱེ་བའི་ཡན་ལག་འདེགས་རླུང་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨྸ་སེར་པོ་ཉིས་བརྩེགས་ལ་གཏད་པས་དྲན་པས་བཅིངས་པའི་གཉེན་པོའི་ལས་དག་ནས། བསམ་གཏན་བཞི་པ་སྐྱེ་བའི་ཡན་ལག་དྲན་གཞི་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨ་མཐིང་ག་རྐྱང་པ་གཅིག་ལ་གཏད་པས་གཟུང་འཛིན་ཞེན་རྟོག་གི་དྲི་མ་སྤང་གཉེན་ཆ་དང་བཅས་པ་ལས་གྲོལ་ནས། གཟུགས་མེད་པ་དང་འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་ནམ་མཁའ་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །མན་ངག་འདི་དག་ནི་རྟོག་དཔྱོད་རགས་པ་ནས་བཟུང་སྟེ། དྲན་པ་དབྱིངས་སུ་མ་དག་གི་བར་འབྱུང་བ་ལྔའི་རྡོས་པ་དང་། འཛིན་རྟོག་དབྱིངས་སུ་ཐིམ་པར་བྱེད་པའི་གནད་གལ་པོ་ཆེའོ། །དེ་ཡང་དང་པོ་ཨ་ལ་ཤེས་པ་གཏད་ནས་དར་ཅིག་ནས་དམིགས་མེད་ཕྱམ་གྱིས་འགྲོ་བ་དེའི་ངང་དང་མི་འབྲལ་བ་ནི་ཉམས་སུ་མྱོང་བའོ། །དེ་ལྟར་ཉམས་སུ་ལེན་པའི་དུས་སུ་འབྱུང་བ་འཁྲུགས་པ་དང་བྱིང་རྒོད་ཤས་ཆེར་གྱུར་ན། གནས་གསུམ་དུ་ཡི་གེ་གསུམ་བསྒོམ་ནས་རླུང་དྲང་པས་ཐོན་པར་གསུངས་ཀྱང་། ལག་ལེན་ལ་ཚད་པའི་དུས་སུ། བདེ་ཆེན་འཁོར་ལོའི་ཧཾ་ལས་ཐིག་ལེ་དཀར་བསིལ་བབས་པས་ནད་སང་བར་བསྒོམས་ལ། རླུང་ཕྱིར་སངས་སངས་ཕུལ་ལ་ཕྱིར་གཟུང་། གྲང་བ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རཾ་ལས་མེ་འབར་བས་བསྲེག་པར་བསམ་ལ། རླུང་ཁ་སྦྱར་ལ་ནང་དུ་གཟུང་། བད་ཀན་ལའང་དེ་དང་འདྲ་བ་ལས། ཁྱད་པར་དུ་ལོངས་སྤྱོད་འཁོར་ལོའི་ཏྲཱཾ་ལས་བདུད་རྩི་བབས་པས་ནད་སང་བར་བསམས་ཏེ། རླུང་ཕྱིར་གསུམ་གསུམ་ཕུལ་ལ། ནང་དུ་རེ་རེ་གཟུང་། སེམས་རྒོད་ཅིང་པྲ་ཡས་ན་བདེ་སྐྱོང་འཁོར་ལོའི་ཧཾ་ལས། བདེ་དྲོད་འབར་བ་ལ་སེམས་གཟུང་ཞིང་རླུང་གཟུང་། སྙོམས་དུས་ཏིང་ངེ་འཛིན་ཇི་ལྟར་བྱས་ཀྱང་མ་སྐྱེས་ན་ཆོས་ཀྱི་འཁོར་ལོའི་ཧཱུྃ་ལས་སྤྱི་བོའི་དྭངས་མ་བབས་པར་བསམས་ཏེ་རླུང་ནང་དུ་གཟུང་བས། ནད་ཀུན་ཞི་ཞིང་ཏིང་ངེ་འཛིན་རང་ལུགས་སུ་སྐྱེ་བ་ཡིན་ནོ། །འདི་དག་ནི་གནད་དམ་པའོ། །འདིའི་དུས་སུ་ཡི་གེ་དེ་དག་ངག་ཏུ་ཡང་བརྗོད་ཅིང་། ཧ་དང་ཧཱུྃ་དང་ཨ་མང་པོ་འདོན་པ་ནི་ཐབས་སོ། །རླུང་གནད་མེད་པར་བསྒོམས་ཀྱང་ཡེ་ཤེས་མྱུར་དུ་མི་འཆར་ཞིང་ངལ་བ་འབྲས་བུ་ཆུང་བ་ཡིན་པས། གནད་ཤེས་ནས་བསྒོམས་པ་གཅེས་སོ། །ངག་གི་གནད་བསྟན་པའི་དུམ་(༥༢)བུ་སྟེ་གཉིས་པའོ།། །།

དུམ་བུ་གསུམ་པ། རིག་པའི་གནད་བསྟན་པ།

སྤྱི་དོན་གསུམ་པ་རིག་པའི་གནད་ལ་གདངས་ཀྱི་རིག་པ་དང་། རིག་པ་དངོས་ཉམས་སུ་བླང་བའི་གནད་གཉིས་ལས། དང་པོ་གདངས་ཉམས་སུ་བླངས་པས། རིག་པ་དངོས་ཀྱི་གཤིས་ཐོག་ཏུ་བཅོས་བསླད་མེད་པར་ཕེབས་པའི་ཕྱིར་རིག་གདངས་དངོས་ཁྲེགས་ཆོད་ཀྱིས་བསྟན་པ་དང་། འོད་གདངས་ཐོད་རྒལ་གྱིས་བསྒོམ་པའོ། །

དང་པོ་ནི། རིག་གདངས་རླུང་དང་འདྲེས་པའི་རྩལ་སེམས་སུ་ཤར་དུས་ལྟ་སྒོམ་སྤྱོད་འབྲས་བཞིས་ཉམས་སུ་བླང་བ་ལས། དང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་རིག་སྟོང་ཆོས་སྐུའི་ངོ་བོར་ཐག་གཅད་ནས། ཡར་སངས་རྒྱས་ལ་རེ་མི་ཆེ། མར་འཁོར་བ་ལ་དོགས་མི་ཟ། འཁོར་འདས་སེམས་ཀྱི་གནས་ལུགས་རིག་མ་རིག་ཏུ་ཤེས་པས། གང་ཤར་གྱི་རིག་པ། རིག་བདོ་བའི་དུས་སུ་སྤང་བླང་བཟང་ངན་མེད་པ། ཟང་ཐལ་ཡེ་སངས་ཆེན་པོར་གདེང་འཆོས་པ་ནི་ངོ་རང་ཐོག་ཏུ་སྤྲད་པ་དང་། ཐག་གཅིག་ཐོག་ཏུ་གཅད་པ་སྟེ། བཟང་ངན་གཉིས་སུ་མེད་པའི་ཆ་ནས། ཡེ་ཤེས་ཟང་ཐལ་གྱི་གཟེར་འཁོར་འདས་གཉིས་ཀྱི་བར་དུ་གདབ་པ་རྩྭ་དང་མེ་འཕྲད་པ་ལྟ་བུ་དང་། ཡོད་མེད་ཕྱོགས་ཡན་དུ་ཤར་བས་ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་གདབ་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུ་ཡིན་ཏེ། ཆོས་ཐམས་ཅད་ཡེ་ནས་མ་གྲོལ་བ་མེད་པར་ཡེ་སངས་རྒྱས་སུ་རྟོགས་པས་གང་ཤར་ཆོས་ཉིད་དུ་སོང་བས་རི་རྒྱལ་གྱི་རྩེར་ཕྱིན་པས་དམའ་བའི་ལུང་ཕྲན་མཐོང་བ་ལྟ་བུ་ལ། རི་བོ་ཅོག་བཞག་གི་དགོངས་པ་ཞེས་བྱའོ། །

གཉིས་པ་སྒོམ་པ་རང་གྲོལ་སོར་བཞག་སྣང་སེམས་ཆིག་ཆོད་དུ་གྲོལ་བ་དུ་མ་རོ་མཉམ་ཆེན་པོ་ནི། གང་ཤར་གང་སྣང་གི་ངོ་བོ་སྒོམ་པ་ཤར་ཐོག་ཏུ་བཅོས་བསླད་རེ་དོགས་མེད་པར་བཞག་པས་བྱིང་རྒོད་ཡེངས་པ་མེད་པའི་ངང་དུ་རོ་གཅིག་དུས། ཤར་སྣང་ཅེར་མཐོང་དུ་གྲོལ་བའི་ཆ་ནས་སྒྲོན་མ་རང་དག་གི་གཟེར་ཡུལ་སེམས་གཉིས་ཀྱི་བར་དུ་གདབ་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུ་དང་། བྱིང་རྒོད་ཡེངས་པ་མེད་པར་སྒོ་ལྔ་ཐུག་ཕྲད་དུ་གྲོལ་བའི་ཆ་ནས། སྒོ་ལྔ་རང་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་དུ་གདབ་པ་བུ་གཅིག་པུ་མ་དང་འཕྲད་པ་ལྟ་བུ་སྟེ། གང་ཤར་རོ་མཉམ་དུ་འདྲེས་པས་བློ་དངོས་གཉིས་མེད་དུ་གྲོལ་ཏེ་དྲན་བསམ་གཞི་(༥༣)ཐིམ་ལ་སོང་བ་རྒྱ་མཚོ་ཅོག་གཞག་གི་དགོངས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ་ཉིན་མཚན་དུ་གནས་པར་བྱའོ། །

གསུམ་པ་སྤྱོད་པ་སྐྱེས་གྲོལ་ཐུག་ཕྲད་རིས་མེད་དུ་སྦྱང་བ་ནི། དགག་སྒྲུབ་དང་རེ་དོགས་ཅི་བྱུང་དུས་སེམས་ལས་བྱུང་བ་སེམས་སུ་ཐིམ་ནས་རོ་མཉམ་རྗེས་མེད་གང་ཤར་ཐུག་ཕྲད་ལ་བཏང་བས་གང་ཤར་གྱི་ངོ་བོ་རང་དག་ཏུ་སོང་བས་གཉིས་ཆོས་སུ་མ་གྲུབ་པའི་ཆ་ནས། ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་གདབ་པ་སྟེ། དགོངས་པ་གཞི་ལ་འདྲེས་པ་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུ་དང་། ཤར་བ་དེ་ཉིད་སྐད་ཅིག་ལ་ལྷན་གྱིས་གྲོལ་བའི་ཆ་ནས་རིག་པ་ཆོས་མིན་གྱི་གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་གདབ་པ་རྟོག་དཔྱོད་དྲན་བསམ་ལས་འདས་པས་ཉི་ཟེར་དང་བ་མོ་འཕྲད་པ་ལྟ་བུ་སྟེ། གང་སྣང་ཡེ་སྟོང་ཡེ་གྲོལ་དུ་གནས་པས་གང་ཤར་སྣང་བའི་ངོ་བོ་བཅས་བཅོས་བྱ་མི་དགོས་ཏེ། ཆང་གིས་བཟི་བའི་སྣང་བ་དཔྱད་ར་མེད་པར་ཝལ་ལེ་སྣང་བ་ལྟ་བུ་ལ་བསླབ་པ་ནི། སྣང་བ་སྣང་ཐོག་ཏུ་གྲོལ་བ་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟར་རྒྱུ་མཚན་ཤེས་ལ་མ་ཆགས་པས་སྣང་བ་ཅེར་གཞག་གི་དགོངས་པ་ཞེས་བྱའོ། །

བཞི་པ་འབྲས་བུ་རང་རྫོགས་ལྷུན་གྲུབ་ཆེན་པོ་ལ་རེ་དོགས་ཀྱི་འཕྲང་མི་བཅའ་བ་ནི་གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ། གང་ཤར་རང་གྲོལ་གྱི་ངང་དེ་ཉིད་ཡེ་སངས་རྒྱས་པའི་ཆོས་སྐུར་ཕྱིན་པས། དེ་ལས་བཟང་དུ་འགྲོར་མེད་པའི་གདེང་དང་བཅས་པའི་ངང་ལ་གནས་པ་སྟེ། རང་རིག་ཆོས་སྐུར་མཐོང་བས་གང་ཤར་ཆོས་སྐུའི་རོལ་པར་ཐག་ཆོད་པའི་ཆ་ནས། ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོང་གཉིས་ཀྱི་བར་དུ་གདབ་པ་དབུལ་པོ་གཏེར་མཛོད་དང་འཕྲད་པ་ལྟ་བུ་སྟེ། འགྱུས་སམ། གནས་སམ། གང་བྱུང་གི་དུས་ཉིད་ནས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བྱུང་བས་བཅོས་བསླད་མེད་པར་གཞག་པ་ནི་རིག་པ་སངས་རྒྱས་སུ་གདེང་འཆོས་པ་རིམས་ནད་བྱང་ནས་མི་ལྡོག་པའམ། བསེ་ཤིང་གི་འབྲས་བུ་ལྟར་འབྲས་བུ་རྒྱུར་མི་ལྡོག་པ་སྟེ། སྣང་བ་ཅེར་བཞག་གི་དགོངས་པ་ཞེས་བྱའོ། །དེ་ལྟར་བསྟན་པ་ཐམས་ཅད་ཀྱང་ཐུག་ཕྲད་རྗེས་མེད་དུ་གྲོལ་ནས། སོར་བཞག་རེ་དོགས་མེད་པའི་ངང་དུ་འདུས་ཏེ། གཞི་ཁྲེགས་ཆོད་ཀྱི་ངོ་བོ་ཉམས་སུ་བླང་ཐབས་སོ། །(༥༤)

དོན་གཉིས་པ་འོད་གསལ་ཐོད་རྒལ་གྱི་སྒོམ་པ་ནི། རིག་པ་བུམ་ནང་གི་མར་མེ་ལྟ་བུའི་འོད་གདངས་རྩ་ནས་མིག་ཏུ་འབྲེལ་བ་ནམ་མཁར་ཤར་བའི་འོད་དང་། ཐིག་ལེའི་རྣམ་པ་སྣང་བ་ལ་ཉམས་སུ་ལེན་པ་སྟེ། དེ་ཡང་གནད་ཆེན་པོ་དྲུག་ལས་དང་པོ་རིག་པ་མི་གནས་པ་གནས་པར་བྱ་བའི་གདམས་ངག་གིས་ཤེས་པ་བག་ལ་བཙལ་བ་ནི། གཅིག་པུར་དབེན་པའི་སར་གནས་ཏེ་བྱ་བ་དགུ་ཕྲུགས་སུ་བཏང་ནས། ལུས་འདུག་སྟངས། མིག་གཟིགས་སྟངས། རིག་པ་འོད་སྣང་ལས་མི་འགུལ་བར་བྱས་ནས། སེམས་འཕྲོ་ན་ལུས་ཀྱི་ཡན་ལག་བསྐུམ། དབུགས་སྙིང་གར་གཟུང་། རིག་པ་ལྟེ་བར་གཏད། མིག་བཙུམས་པས་དྲན་བསམ་འཕྲོ་འདུའི་རྟོག་པ་བབས་ཀྱིས་འགགས་པ་ནི་བུས་ཕ་འཚོལ་གྱི་གདམས་པ་ཞེས་བྱ་སྟེ། ཐབས་དེ་ཉིད་བུ་འདྲ་བས་ཤེས་རབ་གདོད་མའི་ངང་དུ་གནས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང་ལ་གནས་པ་དེ་ཡང་གཞན་ནས་བྱུང་བ་མ་ཡིན་ཏེ། ནང་གི་ཡེ་ཤེས་རང་སོར་སྙིང་ནང་ན་གནས་པའི་རང་བཞིན་གསལ་བ་ཡིན་ནོ། །

གཉིས་པ་རིག་པ་མ་ཟིན་པ་ཟིན་པར་བྱ་བའི་གདམས་ངག་གིས་གནད་རྣམ་པ་གསུམ་ལ་མཁས་པར་བྱ་བ་ནི། དབུགས་ཐུབ་ཐང་བཟུང་ནས་བཏང་སྟེ་ཡིད་ཀྱིས་ཉེར་གཅིག་རེའི་ཚད་དུ་བྱས་པས་ཤེས་པ་རང་སོར་གནས་ཤིང་འཕྲོ་འདུ་མེད་དུས་རིག་པ་མིག་ལ་བཅུག །མིག་ནམ་མཁའ་ལ་གཏད་ནས་འོད་སྣང་ལ་ཧྲིག་གེ་བཟུང་བས་དྲན་པ་གཞན་དུ་མ་ཡེངས་པར་བྱས་ལ། དེ་ནས་ཤེས་པ་སྙིང་ག་དང་མགྲིན་པ་དང་སྤྱི་བོར་གཏད་ཅིང་མིག་འོད་སྣང་ལ་བལྟས་པས་རྟོག་པ་ཞི་དུས། རིག་པ་མིག་ནས་མ་ཡེངས་པར་བལྟས་པས་ཞེན་འཛིན་རང་འགགས་སུ་འགྲོ་བ་ནི། སྡོད་པ་རྣམ་པར་དག་པའི་དགོངས་པ་མདའ་ཡིས་གཞུ་འཚོལ་གྱི་གདམས་ངག་ཅེས་བྱ་སྟེ། གནད་ཀྱི་མདས་མཉམ་གནས་འཕོ་འགྱུར་མེད་པའི་ངང་གི་གཞུ་འཚོལ་བའི་ཕྱིར་རོ། །དེའི་ཚེ་རིག་པ་རང་གནས་འཕྲོ་འདུ་མེད་པར་ཟིན་པ་ནི། རང་རིག་མཉམ་པའི་ཡེ་ཤེས་སྙིང་ནང་ན་མི་གཡོ་བའི་དགོངས་པ་ཟིན་པ་ཡིན་ནོ། །

གསུམ་པ་རིག་པ་མི་བརྟན་པ་བརྟན་པར་བྱ་བའི་གདམས་ངག་གིས་ཡུལ་དང་ཤེས་པ་བསྲེ་བ་ནི། འདུག་སྟངས་གསུམ་པོ་གང་རུང་ལ་གནས་པས། ཡེ་ཤེས་རང་གསལ་(༥༥)དུ་ཤར་ནས་གྲོལ་ས་ཟིན་པར་བྱེད་དོ། །ཤེས་པ་རང་ཐོག་ཏུ་ཕབ་པས་ལུས་མི་འཕོ། མིག་ནམ་མཁའ་ལ་ཕབ་པས་དབྱིངས་མི་འཕོ། དབྱིངས་ངོ་བོའི་སྟེང་དུ་ཕབ་པས་ཡེ་ཤེས་ལྷུག་པའི་ངང་ལས་མི་འཕོ་བར་གནས་དུས། བྱིང་བ་སྙམ་བྱེད་ན་མིག་ཧར་པོར་གྱེན་ལ་བལྟས་ཏེ་ཧ་དྲག་ཏུ་བརྗོད་པས་བསེང་ངོ་། །དེ་ནས་མིག་ནས་རིག་པ་བཏོན་ནས་ནམ་མཁར་གཏད་པ་ནི་ཡུལ་དབྱིངས་ལ་བཙལ་བའི་ཐབས་ཏེ། ཐོབ་པ་རྣམ་པར་དག་པའི་དགོངས་པ་འབེན་གྱིས་མདའ་འཚོལ་གྱི་གདམས་པ་ཞེས་བྱའོ། །དེ་ཡང་འོད་སྣང་གི་འབེན་ལ་བལྟས་པས་འོད་གསལ་རང་དྭངས་ཀྱི་མདའ་འཚོལ་བའི་ཕྱིར་རོ། །དེའི་ཚེ་བདེ་གསལ་མི་རྟོག་པའི་བསམ་གཏན་གྱི་ངང་ལ་བརྟན་པ་ཅུང་ཟད་ཐོབ་པ་ནི་གོམས་པའི་སྟོབས་ལས་འབྱུང་བའོ། །

བཞི་པ་རིག་པ་མ་སྐྱེས་པ་སྐྱེས་པར་བྱ་བའི་གདམས་ངག་གིས། སྣང་བའི་ཚད་གཟུང་བ་ནི། རིག་པའི་གནད་སྒོ་མིག་ནས་སྐར་མདའ་ལྟར་ནམ་མཁའི་དབྱིངས་སུ་གདོན་པར་བྱ་སྟེ། དེ་ལ་མ་ཡེངས་པར་བལྟ་ཞིང་། འོད་སྣང་དུམ་བུ་དང་ཐིག་ལེ་སྐུ་ལ་སོགས་པའི་སྣང་བ་ཤར་བ་ལ་གཏད་པས། རྟོག་མེད་འོད་གསལ་གྱི་ཡེ་ཤེས་ཁོང་ནས་འཆར་ཞིང་དེའི་ངང་ལ་སྒོམ་དུས་རླུང་འོག་སྒོ་ནས་ཡར་འཐེན། རིག་པ་ནམ་མཁར་གཏད་པས་སྣང་བ་འཕྲལ་ལ་མཆེད་པ་སྟེ། སྣང་བ་དེ་ཀུན་ཇེ་དལ་ལ་ཁྲིད་ཅིང་བཞག་པ་ནི། འདབ་ཆགས་ཀྱི་ལྡིང་ལུགས་ཞེས་བྱ་སྟེ། དང་པོ་འོད་དུ་སྣང་། གཉིས་པ་ཐིག་ལེར་འཆར། གསུམ་པ་སྐུར་གྱུར་པ་ལ་སོགས་པ་རིམ་གྱིས་མཆེད་པ་ནི། རིག་པ་དྲན་གཞི་ཟད་པས་འོད་གསལ་འདུ་འབྲལ་མེད་པ་སྟེ། འཇུག་པ་རྣམ་པར་དག་པའི་དགོངས་པ་ཆུང་མས་ཁྱོ་འཚོལ་གྱི་མན་ངག་ཅེས་བྱ་སྟེ། གདོད་མའི་ངང་དུ་ད་ལྟར་གྱི་དྲན་རིག་འཇུག་པ་ཐབས་ཀྱི་ཆུང་མས་སྐུ་གསུམ་འདུ་འབྲལ་མེད་པའི་ཁྱོ་འཚོལ་བའི་ཕྱིར་རོ། །དེའི་ཚེ་ཕྱི་སྣང་བའི་རྟགས་འོད། ནང་རིག་པའི་རྟགས་ཏིང་ངེ་འཛིན་ལ་སོགས་པ་སྐྱེས་པ་ནི་འོད་གསལ་མ་བུ་འདྲེས་པའི་རྟགས་ཡིན་ནོ། །

ལྔ་པ་རིག་པ་མ་ཤེས་པ་ཤེས་པར་བྱ་བའི་གདམས་ངག་གིས་དྲོད་ཚད་གཏན་ལ་དབབ་པ་ནི། ནང་ན་རིག་པ་ནི་འོད་དུ་ཡོད་པའི་རྟགས་(༥༦)ཕྱིར་རྡོ་རྗེ་ལུ་གུ་རྒྱུད་དུ་ཤར་བ་ཡང་གདོད་མ་ནས་དེ་ལྟར་ཡོད་ཀྱི། གློ་བུར་བ་མ་ཡིན་ཏེ། འོད་རྩའི་གདངས་ཡེ་ནས་ཡོད་པའི་སྣང་བ་ལ་ངོ་སྤྲད་ནས། དེ་ཉིད་ལ་བལྟ་ཞིང་བྱིང་རྒོད་མེད་པ་སྒེག་མོ་མེ་ལོང་བལྟ་བ་ལྟར་བསླབ་ཅིང་། དབྱིངས་སྣང་གི་དབུས་དང་མ་བྲལ་བས་དང་པོ་སྨིན་མཚམས་ལས་ཕྱིས་ཇེ་རིང་དུ་བལྟ་བ་ནི། རིག་པ་དབྱིངས་དང་སྦྲེལ་བའི་ཐབས་ཏེ། གསལ་བ་རྣམ་པར་དག་པའི་དགོངས་པ་བུ་མོས་ཕ་འཚོལ་གྱི་མན་ངག་ཅེས་བྱའོ། །དེ་ཡང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་བུ་མོ་ལ་བལྟས་པས། དེའི་ཕ་སྙིང་ནང་གི་ཡེ་ཤེས་མི་གཡོ་བའི་དགོངས་པ་ལ་གནས་པའི་ཕྱིར་རོ། །དེའི་ཚེ་རིག་གནད་ཤེས་པས་འོད་གསལ་གྱི་ངང་དུ་གནས་པ་ནི་ཐབས་ཀྱི་དམ་པའོ། །

དྲུག་པ་རིག་པ་མ་གྲོལ་བ་གྲོལ་བར་བྱ་བའི་གདམས་ངག་གིས་སྐུ་གསུམ་གྱི་ས་ལ་གོམས་པར་བྱ་བ་ནི། ཆོས་སྐུ་འོད། ལོངས་སྐུ་ཐིག་ལེ། སྤྲུལ་སྐུ་ཟེར་གདངས་སུ་ལུས་ལ་གནས་པ་ལས། ཆོས་སྐུའི་གནད་དུ་དབྱིངས་ལ་བལྟ་བ་མ་ཡེངས་པ། ལོངས་སྐུའི་གནད་རྩ་ཡིན་པས་ལུས་ཀྱི་འདུག་སྟངས་གཟིར་བ། སྤྲུལ་སྐུའི་གནད་སྒོ་ཡིན་པས་གཟིགས་སྟངས་གང་རུང་ལ་བལྟས་པས། ནམ་མཁར་འོད་དབྱིངས་ཐིག་ལེ། ཟེར་གདངས་ལུ་གུ་རྒྱུད་དང་བཅས་པ་རང་སྣང་བ་ནི། གྱད་རྩལ་པོ་ཆེས་མདའ་འཕངས་པ་ཕྱིར་མི་ལྡོག་པ་ལྟར། རིག་པ་སྐུ་གསུམ་གྱི་སྣང་བ་ལས་མི་ལྡོག་པའི་ངང་དུ་གནས་དུས། དབྱིངས་རིག་གི་སྣང་བ་དེ་ལ་མ་ཞེན་པས་རང་གསལ་འཛིན་མེད་ཆེན་པོར་དྲིལ་ནས་བལྟ་བ་ནི་དུག་སྦྲུལ་གྱི་མདུད་ལུགས་ཏེ། སྣང་རིག་རང་གིས་རང་གྲོལ་བའི་ཕྱིར། རང་གྲོལ་ཐབས་ཀྱི་རྒྱལ་པོ་སྟེ། སྣང་བ་དེ་ཡང་འབྱུང་བཞི་ཟད་པའི་ཆ་ནས་དག་པ་རྣམ་པར་དག་པའི་དགོངས་པ་རྗེ་ཡིས་འབངས་འཚོལ་གྱི་གདམས་ངག་ཅེས་བྱ་བ་སྟེ། སྐུ་གསུམ་རང་སྣང་གི་རྗེས་ངང་གནས་སོར་གཞག་གི་ཏིང་ངེ་འཛིན་འབངས་དང་འདྲ་བ་ཚོལ་བའི་ཕྱིར་རོ། །དེའི་ཚེ་འབྲས་བུ་ཡེ་དག་གདོད་མའི་ངང་དུ་རང་གནས་སུ་སོང་བ་ནི། ཡེ་གྲོལ་ཆེན་པོའི་དགོངས་པ་ཆོས་ཉིད་ཟད་པའི་ངང་དུ་ཕྱིན་པ་ཞེས་བྱའོ། །འདི་དག་ནི་རྡོ་(༥༧)རྗེ་སེམས་དཔའ་ཞལ་མཐོང་གི་གནད་ཡིག་ལས་གསལ་བར་ཕྱེ་སྟེ། ཤིན་ཏུ་ཟབ་པའི་ཡང་ཟབ་ཆེན་པོའོ། །

དོན་གཉིས་པ། རིག་པ་དངོས་ཉམས་སུ་བླང་བ་ནི། གདངས་གཉིས་ཀྱི་ཚེ་ཡང་ཡོད་ལ་གཞན་དུའང་ཡོད་དེ། དོན་ལ་རིག་པའི་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགགས་མེད་ཆེན་པོར་འཆར་བའི་ངོ་བོར་ཤེས་ནས། དེའི་ཐོག་ཏུ་བཅོས་བསླད་མེད་པར་བཞག་དུས་སྟོང་གསལ་སྤྲོ་བསྡུ་དང་བྲལ་བའི་ངོ་བོ་ཁོང་ནས་འཆར་ཏེ། ངོ་བོ་སྟོང་ཉམས་ནམ་མཁའ་ལྟ་བུའི་རྟོགས་པ་མི་རྟོགས་པའི་ངར་དང་བཅས་པ། རང་བཞིན་གསལ་ཉམས་ཉི་ཟླ་ལྟ་བུའི་སྒོམ་པ་ཉིན་མཚན་ཁ་སྦྱོར་སིང་བག་དང་བཅས་པ། ཐུགས་རྗེ་རིག་ཉམས་ཤར་གྲོལ་ཐུག་ཕྲད་སྤྱོད་པའི་ངོ་བོ་ཆུ་དང་རླབས་སམ་སྦྲུལ་མདུད་ལྟར་རང་གྲོལ་བདེ་བའི་ངར་དང་བཅས་པ་སྐྱེ་དུས་དང་། ཐ་མལ་གྱི་ཤེས་པ་རང་སོར་བཞག་དུས་ལ་སོགས་པ་ཐམས་ཅད་ན། རིག་པའི་ཡེ་ཤེས་འབྲལ་མེད་དུ་གནས་པ་ཤེས་ཐོག་ནས་བསྐྱང་བ་ངོས་བཟུང་ལ་ལམ་དུ་ཁྱེར་བའོ། །

རིག་པ་ལ་དབྱེ་ན་ལྔ་ལས། མཚན་ཉིད་འཛིན་པའི་རིག་པ་ཞེས་རིག་པའི་ཆ་ནས་བཏགས་པ་མ་རིག་པ་ལས་ལྡོག་པ་དང་། གཞི་འཛིན་པའི་རིག་པ་ལུས་ལ་གནས་དུས་ཤེས་པ་ཐམས་ཅད་ཀྱི་འཆར་གཞིར་གནས་པ་དང་། གཞི་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་དབྱེར་མེད་དུ་གནས་པའི་ཆ་དང་། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འོད་སྣང་དང་བཅས་པའི་ཆ་ནས་དང་། ཐོད་རྒལ་གྱི་རིག་པ་ཆོས་ཉིད་ཀྱི་ངང་ལ་ཕྱམ་གྱིས་སོང་དུས་སྤྲོས་བྲལ་ནམ་མཁའ་ལྟ་བུའོ། །རིག་པ་དེ་ཡང་ཟད་པའི་ཆ་ལ་བཏགས་ཏེ། དེ་ཐམས་ཅད་ཀྱང་གནས་སྐབས་ཀྱི་ཆའམ། ལྡོག་པ་ཐ་དད་ནས་སོ་སོར་བཏགས་ཀྱང་དོན་ལ་ངོ་བོ་གཅིག་སྟེ། མུན་པ་སེལ་བས་སྣང་བྱེད་དང་། པདྨོ་འབྱེད་པས་པདྨོའི་གཉེན་དང་། རླུང་རྟ་བདུན་གྱིས་བསྐྱོད་པས་རྟ་བདུན་དབང་པོ་ལ་སོགས་པ་ཉི་མ་གཅིག་གི་ཆའམ་ལྡོག་པ་ནས་བཏགས་པ་བཞིན་ནོ། །མདོར་ན་རིག་པའི་གནས་སྙིང་། ངོ་བོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། རྩལ་སེམས་དང་འོད་གསལ་གྱི་སྣང་བ། ཡུལ་དག་(༥༨)དང་མ་དག་ཐམས་ཅད་ལ་ཁྱབ་པར་འཇུག་པ། གནས་ལུགས་འཕོ་འགྱུར་བཟང་ངན་མེད་པས་འཁོར་འདས་ཀུན་ལ་ཁྱབ་པ། ཐབས་དུ་མས་མཚོན་ནས་ངོ་བོ་བཅོས་བསླད་མེད་པའི་དགོངས་པར་འཇོག་པ། འབྲས་བུ་རང་ངོ་ཡེ་དག་ལ་ཡང་དག་གི་དག་པ་གཉིས་ལྡན་མཐར་ཐུག་པ། གདོད་མའི་གྲོལ་ས་ལ་ཐུག་པར་ཕྱིན་པ་སྟེ། ཡེ་སངས་རྒྱས་ལ་ཡང་སངས་རྒྱས་པའི་གནས་ལུགས་ཞེས་བྱ་བའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཤེས་པར་བྱའོ། །

དེ་ལྟར་སྙིང་ཏིག་འོད་གསལ་སྙིང་པོའི་གནད། །བླ་མའི་ལུང་ལ་བརྟེན་ནས་བཀོད་པ་དེས། །འགྲོ་ཀུན་བྱང་ཆུབ་སྙིང་པོ་ལ་རེག་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །སྙིང་པོའི་འོད་གསལ་སྙིང་ཏིག་བསྒོམ་འདོད་ཀྱང་། །འདི་འདྲའི་གནད་འདི་དེང་སང་མཐོང་བ་དཀོན། །དེ་བས་མྱུར་དུ་འོད་གསལ་འགྲུབ་འདོད་ན། །ཡི་གེ་འདི་ཉིད་སྙིང་བཞིན་གཅེས་པར་ཟུངས། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་བཀོད་པ་སྟེ། །སྐལ་ལྡན་སྙིང་གི་བུ་རྣམས་དགའ་བར་མཛོད། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གདམས་པ། གནད་གསུམ་ཆོས་ཉིད་འཁོར་ལོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ཉིན་མཚན་འོད་གསལ་གྱི་འཁོ་ལོ།

༄༅། །ཉིན་མཚན་འོད་གསལ་གྱི་འཁོར་ལོ་བཞུགས་སོ། །

༄༅། །ཡེ་ཤེས་ཀུན་འབྱུང་མགོན་པོ་ནི། །འོད་ཀྱི་ཕུང་པོ་ལ་བཏུད་དེ། །སྐལ་ལྡན་རྣམས་ཀྱི་གསང་ཆེན་ལམ། །ཉིན་མཚན་འོད་གསལ་འཁོར་ལོ་བྲི། །

མངོན་སུམ་སྙིང་པོའི་དོན་ཉམས་སུ་ལེན་པའི་གནད་ནི་གཉིས་ཏེ། མཚན་མོའི་རྣལ་འབྱོར་རྒྱ་མཚོ་ཨར་ལ་གཏད་པ་དང་། ཉིན་མོའི་རྣལ་འབྱོར་འོད་གསལ་མཆོག་ཏུ་གསང་བའོ། །

དང་པོ་ལ་གཉིས་ལས། ཨར་ལ་གཏད་པ་ནི། མུན་ཁང་གཉིས་རིམ་པའམ། སུམ་རིམ་པ་སྣང་བའི་གསེང་ཅུང་ཟད་ཀྱང་མེད་པར་སྟན་བདེ་བ་ལ་འདུག་སྟེ། བླ་མའི་རྣལ་འབྱོར་བསྒོམ་པའི་རྗེས་ལ། དྲང་སྲོང་ཙོག་པུའི་པུས་མོའི་སྟེང་གཉིས་སུ་གྲུ་མོ་གཉིས་གྱེན་དུ་བསླངས་(༥༩)པའི་ལག་པ་གཡས་གཡོན་གྱི་མཐེབ་མཛུབ་རྣམས་ཀྱིས་མིག་གི་མཐའ་གཉིས་ནས་ཅུང་ཟད་བཙིར་བའམ། མིག་གི་འབྲས་བུའི་སྟེང་ནས་ཡས་ལྗིབས་ཀྱི་པགས་པ་དང་བཅས་པ་ཆིལ་གྱིས་དལ་བུས་མནན་པས། དང་པོ་ཡེ་ཤེས་ཀྱི་སྣང་བ་དམར་སེར་རམ་ལྗང་སྔོན་ནམ། དཀར་སེར་དུ་ཤར་བ་མཉམ་པའི་ནང་ན་འོད་དང་ཐིག་ལེ་དང་རི་མོའི་རྣམ་པ་ཝལ་གྱིས་ཡོད་པ་སྙམ་པ་དང་། འོད་སྐྱ་ཙེམ་ཙེམ། དཀར་ཕྲོ་ཕྲོ་བ་དང་། འཇའ་ཚོན་ལྟ་བུ་དང་། སྤྲིན་ལྟ་བུ་དང་། མིག་ལྟ་བུའི་རྣམ་པར་ལམ་ལམ་བྱུང་དུས། ལག་པ་ཕྱམ་གྱིས་བཏང་ལ་བལྟས་པས། འོད་སྣང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཟ་འོག་རིས་དང་། སྐྱ་ཕྲོམ་ཕྲོམ་པ་དང་། སྐུད་པ་བརྐྱང་བ་ལྟ་བུ་དང་། དྲ་མིག་རིས་དང་། འཇའ་ཚོན་དང་། རྨ་བྱའི་མདོངས་ལྟ་བུ་དག་འཆར་རོ། །དེ་དག་ལ་བལྟས་ནས་སྣང་བ་དེ་མ་ཡལ་གྱི་བར་ལ་སྒོམ་མོ། །ཡལ་བ་དང་དབུགས་ཐུབ་ཐང་གཟུང་ལ་སྔ་མ་བཞིན་མནན་པས་ཤར་བ་ལ་བལྟ་ཞིང་བསྒོམ་པར་བྱའོ། །དེ་ལྟར་རྩོལ་བས་ཡང་དང་ཡང་དུ་མ་བརྟན་གྱི་བར་དུ་ཉམས་སུ་བླངས་པས། ཞག་ལྔའམ་བདུན་ན། མཐེབ་མཛུབ་ཀྱི་རྩོལ་བ་བཞག་ཀྱང་། རང་སྣང་བ་ནི་ཨར་ལ་གཏད་པ་འབྱོངས་པའི་ཚད་དོ། །དེ་ནས་རྒྱ་མཚོ་དྭངས་སུ་གཞུག་པ་ནི། རྡོ་རྗེ་སྐྱིལ་ཀྲུང་རྣམ་སྣང་གི་ཆོས་བདུན་ལྟར་བྱས་ལ། མིག་གིས་གཟིགས་སྟངས་མཐུར་དུ་བལྟ་བ་ལ་ཞག་བདུན། ཐད་དྲང་ལ་བལྟ་བ་ལ་ཞག་བདུན། གྱེན་དུ་བལྟ་བ་ལ་ཞག་བདུན་དུ་བྱས་པས། སྔོན་བས་འོད་སྣང་དེ་དག་གསལ་ཞིང་རྒྱ་ཆེ་བ་འཆར་ཞིང་། ཐིག་ལེའི་ནང་དུ་འགྲོ་དྲུག་གི་གཟུགས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྐུ་མང་པོ་སྣང་བ་དང་། སེམས་ཅན་རྣམ་པ་སྣ་ཚོགས་པའི་གཟུགས་དང་། ལྷའི་གནས་ལ་སོགས་པ་དང་། འཇའ་འོད་ཀྱི་བར་དང་མཚམས་སུ་ལྷའི་སྐུ་ཆེ་བ་དང་། ཆུང་བ་དང་། བར་མ་སྣ་ཚོགས་སུ་འཆར་བར་མཐོང་བར་འགྱུར་རོ། །དེ་ནས་སྣང་བ་ཐམས་ཅད་དྭངས་ལ་འོད་གསལ་བ། ཆེས་ཕྲ་ལ། འགུལ་འཁྲིགས་ཇེ་དལ་དུ་སོང་བ་ན། ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་(༦༠)པའི་ཏིང་ངེ་འཛིན་དུ་བློ་གནས་པ་ངང་གིས་འཆར་ཏེ། དེ་ཡང་ལུས་མི་འགུལ་བས་རྩ་མི་འགུལ། དེས་རླུང་མི་འགུལ་བས་རྟོག་པ་གཞི་ཐིམ་ལ་གྲོལ་ནས། སྐྱེ་མེད་བསམ་འདས་ཆེན་པོའི་ངང་ལ་གནས་པ་ནི་རྟེན་འབྲེལ་གྱི་ཆེ་བའོ། །དེ་དག་གི་ངོ་བོ་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་སྟོང་པའི་གཟུགས་བརྙན་རང་སྣང་བས་ན། དེའི་ངང་ལས་མི་གཡོ་བ་ནི། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པའོ། །དེ་ལྟར་ཞག་ཉི་ཤུ་རྩ་བརྒྱད་དུ་བསྒོམ་པ་ནི་མུན་ཁྲིད་ངོ་སྤྲོད་པ་སྟེ། ཕྱིས་ནི་ཉིན་མཚན་མ་འདྲེས་ཀྱི་བར་ཅི་འགྲུབ་བསྒོམ་པ་ལ་བསླབ་པར་བྱའོ། །

དོན་གཉིས་པ། ཉིན་མོའི་རྣལ་འབྱོར་འོད་གསལ་མཆོག་ཏུ་གསང་བ་ནི། དྲང་སྲོང་ངམ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། ལུས་མི་འགུལ། རླུང་དལ་བ། རིག་པ་མིག་ལས་མ་ཡེངས་པར། ཉི་མའི་ངོས་ལ་གཏད་དེ། མཐོང་བ་བརྒྱུད་པ་བཞིན། ག་གའི་ཐིགས་པ་འཛམ་བུའི་པྲ྇་ཤའི་ཡལ་ག་ལ་དཔྱངས་པའི་དབུས་སུ་དྲིལ་ནས་བལྟས་པས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྔོན་བས་གསལ་ཞིང་དྭངས་ལ་མི་གཡོ་བ་ཟ་འོག་གི་བེར་ཁྱིམ་ལྟ་བུའི་ནང་དུ། རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པ་འཆར་རོ། །དེ་ཉིད་ལ་ཉམས་སུ་བླང་ཞིང་དང་པོ་སྨིན་མཚམས་སུ་བལྟས་པས། དེ་ནས་སྣ་རྩེ་ནས་ཇེ་རིང་དུ་མཆེད་དུས། རྒྱང་རིང་པོའི་བར་དུ་སྣང་བ་ནས་ཕྱོགས་ཐམས་ཅད་དུ་ཁྲིད་ལ་བལྟས་པས། ཉི་མའི་རྐྱེན་ལ་མི་ལྟོས་པར་རྟག་ཏུ་སྣང་བ་དེ་འདྲ་བས། གང་དུ་བལྟས་པ་ཐམས་ཅད་ལ་ཁྱབ་པར་འཆར་རོ། །དེ་ཉིད་ལ་གཏད་དེ་ཉམས་སུ་བླངས་པས་སྣང་བ་བཞི་ཚད་དུ་ཕྱིན་ཏེ་གདོད་མའི་དབྱིངས་སུ་བརྩོན་འགྲུས་རབ་རྣམས་ཚེ་འདི་ཉིད་དུ་གྲོལ་ལ། འབྲིང་རྣམས་བར་དོའི་རང་སྣང་ལ་བརྟན་པ་ཐོབ་ཅིང་། ཐ་མ་ཡང་རང་བཞིན་སྤྲུལ་སྐུའི་ཞིང་དུ་བར་དོ་མེད་པར་སངས་རྒྱ་བ་ནི། མངོན་སུམ་སྙིང་ཏིག་གི་གནད་ཀྱི་ཆེ་བ་ཡང་དག་པ་ཡིན་ནོ། །

དེ་ལྟར་འོད་གསལ་གནད་ཀྱི་མན་ངག་མཆོག །གཅིག་ནས་གཅིག་བརྒྱུད་བསྟན་པར་ཕངས་ན་ཡང་། །ཕྱི་རབས་སྐལ་ལྡན་དོན་དུ་བཀོད་པ་ཡིས། །འགྲོ་ཀུན་འོད་ལུས་ཚེ་འདིར་འགྲུབ་པར་ཤོག །གངས་རི་ཐོད་དཀར་མགུལ་ན་རབ་གསལ་བ། །ཀློང་ཆེན་རབ་འབྱམས་བཟང་པོའི་ཉི་ཟེར་གྱིས། །སྐལ་བཟང་བློ་ཡི་པདྨོ་རྒྱས་བྱེད་ཅིང་། །ཐར་གླིང་མ་ལུས་(༦༡)རྒྱུན་དུ་སྣང་བྱེད་ཡིན། །གསང་བ་སྙིང་ཏིག་གི་གདམས་པ་ལས། ཉིན་མཚན་འོད་གསལ་གྱི་འཁོར་ལོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ཡང་ཟབ་ཡེ་ཤེས་འཁོར་ལོ།

༄༅། །ཡང་ཟབ་ཡེ་ཤེས་འཁོར་ལོ་བཞུགས་སོ། །

༄༅། །དངོས་གྲུབ་ཀུན་འབྱུང་བླ་མ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །སྐལ་ལྡན་དོན་དུ་ཉམས་ལེན་གནད། །ཡང་ཟབ་ཡེ་ཤེས་འཁོར་ལོ་བྲི། །གསང་བ་སྙིང་ཏིག་གི་རྣལ་འབྱོར་པས་མངོན་སུམ་ཉམས་སུ་ལེན་པའི་གྲོགས་སུ་ཉིན་མཚན་ཕྲུགས་གཅིག་ལ་ཇི་ལྟར་བསྒོམ་པའི་ཚུལ་གཉིས་སུ་འདུས་ཏེ། ཉིན་པར་སྣང་བ་རྒྱས་འདེབས་པ་དང་། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའོ། །

དང་པོ་ལ་གསུམ་ལས། གཞི་ལྟ་བ་ཡེ་གྲོལ་ཆེན་པོ་ནི། ཕྱི་སྣང་བ། ནང་རིག་པ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་ཆ་ནས་རྨི་ལམ་སྒྱུ་མའི་རོལ་པར་ཤར་ཡང་། སྟོང་ཆ་ནས་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟ་བུ། ཡིན་མིན་ཡོད་མེད་ཕྱོགས་རིས་བཟང་ངན་བླང་དོར་འཁོར་འདས་ལ་སོགས་པ་གང་གི་ངོ་བོར་ཡང་མ་གྲུབ་པས་བཅིངས་གྲོལ་མེད་པའི་གནས་ལུགས་ཏེ། མིང་དུ་ཡེ་ནས་གྲོལ་བ་ཞེས་བྱ་བར་ཐག་བཅད་ནས་གང་སྣང་གང་ཤར་ལ་བློའི་འཛིན་པ་མ་ཞུགས་པར་མཉམ་ཉིད་མཐའ་བྲལ་ཆེན་པོའི་ངང་ལ་བློ་གཞག་པ་ནི། ཆོས་ཉིད་ཡེ་གྲོལ་གྱི་དགོངས་པ་ཞེས་བྱའོ། །དེ་ལྟར་སྐྱོང་དུས་གཤིས་མཐའ་གྲོལ་ཀློང་ཡངས་ཆེན་པོ་ལ། མཐར་འཛིན་གྱི་ཞེན་པས་ནམ་མཁའ་གུད་དུ་མི་གཅད། གང་ཤར་རིག་པའི་ཆོ་འཕྲུལ་ཡེ་གྲོལ་མཉམ་ཉིད་ཆེན་པོ་ལ། བླང་དོར་གྱི་ཞེན་པས་སྐྱོན་ཡོན་གྱི་འཁྲིས་མི་གདགས། ཕྱོགས་ཡན་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཐུན་མཚམས་ཀྱི་རིས་མེད་ཀྱང་གཉིས་འཛིན་དབྱིངས་སུ་མ་ནུབ་ཀྱི་བར་དུ་ཡེངས་མེད་སྤྲོས་པ་དང་བྲལ་བའི་རིག་པ་ཆུ་བོའི་གཞུང་བཞིན་དུ་བསྐྱང་བ་དང་གསུམ་ནི་ལྟ་བའི་དམ་ཚིག་གོ། །

ལམ་སྒོམ་པ་ཡོངས་གྲོལ་ཆེན་པོ་ལ་གཉིས་ལས། མཉམ་གཞག་ཏུ་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བློ་གཞག་པ་ནི། གང་སྣང་གང་ཤར་གྱི་དུས་ན། ཐ་མལ་(༥༢)གྱི་ཤེས་པ་རང་སོར་གློད་ལ། འཁོར་འདས་ཀྱི་ཆོས་གང་ལའང་བློ་མ་ཞུགས་པའི་བཏང་སྙོམས་ཆེན་པོ། ཆེད་དུ་རྩོལ་བས་མ་སྒྲིམས། རྒྱ་ཡན་ཕྱལ་པ་ཡན་པར་མ་ཤོར། རིག་ལ་རྟོག་པར་མ་འགྱུས། ངང་དྭངས་སིང་བག་དང་བཅས་པའི་ངང་ལ་བློ་གནས་པ་ནི། ངོ་བོ་ཀ་དག་གི་དགོངས་པ་ཞེས་བྱའོ། །དེའི་ཚེ་ཆོས་ཉིད་དབྱིངས་ལས་མི་གཡོ་བས་རྣམ་རྟོག་གི་དབའ་རླབས་མི་རྙོག །ངང་དྭངས་དྲི་མ་མེད་པས་བྱིང་རྒོད་ཀྱི་ར་བར་མི་གཞུག །བློ་བྲལ་བྱ་རྩོལ་ལས་འདས་པས་བདེ་གསལ་ཉམས་ལ་མི་ཞེན་པ་དང་གསུམ་ནི་བསྒོམ་པའི་དམ་ཚིག་གོ། །དེ་ནས་ལངས་ཏེ་ཐུན་མཚམས་ཀྱི་ཚེ་རྗེས་ཐོབ་ཏུ་ཆོས་ཅན་བདེན་མེད་ཀྱི་དོན་ལ་བློ་སྦྱང་བ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་དང་། སྒྱུ་མ་དང་། སྨིག་སྒྱུ་དང་། མིག་ཡོར་དང་། སྒྲ་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་ཙམ་དུ་ཤེས་པས། སྐད་ཅིག་ཀྱང་བདེན་པར་མ་གྲུབ་པའི་ངང་དུ་མ་ཡེངས་པར་རྩལ་སྦྱང་ཞིང་། ཆགས་སྡང་དང་། དགག་སྒྲུབ་དང་། རེ་དོགས་ལ་སོགས་པའི་གཉིས་སུ་འཛིན་པའི་བློ་ཐམས་ཅད་གཉིས་མེད་ཡོངས་གྲོལ་ཆེན་པོར་བསྒོམ་པ་ནི། ལྷུན་གྲུབ་རང་གསལ་གྱི་དགོངས་པ་ཞེས་བྱའོ། །དེའི་ཚེ་གཤིས་ལ་གཉིས་སུ་མེད་པས། སྣང་རིག་ཐ་དད་དུ་མི་བལྟ། དོན་ལ་ངོ་བོ་མེད་པས་ཕྱོགས་ཞེན་རིས་ཅན་དུ་མི་འཛིན། རང་བཞིན་མཐའ་ལས་འདས་པས་རྐྱེན་སྣང་བླང་དོར་དུ་མི་བྱ་བ་དང་གསུམ་ནི་དམ་ཚིག་གོ། །ལམ་གྱི་ཚེ་མཉམ་གཞག་ནི་སྒོམ་པ་ཡིན་ལ། རྗེས་ཐོབ་ནི་སྤྱོད་པ་ཡིན་པས། རང་གསལ་འཛིན་མེད་ཆེན་པོར་ཤེས་པར་བྱའོ། །འབྲས་བུ་རང་རིག་རང་གྲོལ་ཆེན་པོ་ནི། ཇི་ལྟར་སྣང་ཡང་ངོ་བོ་ལ་མ་གྲོལ་བ་མེད་པས། བློས་ཕར་མི་གཟུང་། གང་ལྟར་རིག་ཀྱང་རྟོག་པ་ལ་ངོས་གཟུང་མེད་པས། རང་གྲོལ་འཛིན་པས་མི་བསླད་དེ་བློས་ཚུར་མི་མཐུད། སྣང་རིག་རང་གྲོལ་དུ་ཤར་བས་ཡིན་མིན་གྱི་རྩིས་གདབ་མེད་པའི་ངང་ལས་སོ་མར་གློད་པ་ནི། མཉམ་རྫོགས་ལྷུན་གྲུབ་ཆེན་པོའི་དགོངས་པ་ཞེས་བྱའོ། །དེའི་ཚེ་ཡེ་གྲོལ་དུ་འདུག་པས་བསྐྱར་ནས་གྲོལ་རྒྱུ་མེད་པར་ངོ་ཤེས། རང་གྲོལ་དུ་(༦༣)འདུག་པས་གང་ཤར་སྤོ་བླག་མི་དགོས་པར་ཡིད་ཆེས། ཡོངས་གྲོལ་དུ་འདུག་པས་རྗེས་བསྙེགས་གཉེན་པོ་མི་དགོས་པར་ཐག་ཆོད། ཅེར་གྲོལ་དུ་འདུག་པས་དུས་མཉམ་སྔ་ཕྱི་མེད་པར་གདེང་འཆོས་པ་དང་བཞི་ནི་དམ་ཚིག་གོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་ལ་དམ་ཚིག་ཆེན་པོ་བཅུ་གསུམ་གྱིས་བསྲུང་བ་ནི། ཉིན་དུས་སྣང་བ་རྒྱས་འདེབས་པ་ཞེས་བྱའོ། །

དོན་གཉིས་པ་མཚན་མོ་ཡེ་ཤེས་གནད་དུ་བསྣུན་པ་ལ་གསུམ་ལས། སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། དྲང་སྲོང་གི་ལུས་གནད་བཅས་ཏེ། རླུང་རོ་གསུམ་ཕྱིར་བུས་ལ། འཇམ་རླུང་དལ་གྱིས་ནང་དུ་གཟུང་ཞིང་། འོག་རླུང་འཐེན་ཏེ་སྟེང་རླུང་གནན། རྩ་ཨ་ཝ་དྷཱུ་ཏི་མདའ་སྙུག་ཙམ་དཀར་སྔོ། གསང་བ་ནས་སྤྱི་བོར་སླེབས་པའི་ནང་། ལྟེ་བའི་ཐད་དུ་པདྨ་འདབ་བཞིའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར་བ་ཡར་སོང་། སྤྱི་གཙུག་གི་ཧྃཿདཀར་པོ་ཐུར་དུ་ལྟ་བ་ལ་རེག་པས་ཐིག་ལེ་དཀར་དམར་གྱི་རྒྱུན་བབས། ཨ་ལ་ཕོག་མེ་ཡི་གསོས་བྱས་ཆེར་འབར་བས་ལས་དང་བག་ཆགས་བསྲེག །བདེ་བ་རྒྱས་པ་ལ་སེམས་བཟུང་ཞིང་བསྒོམས་པས་དྲོད་དང་ཡེ་ཤེས་སྐྱེ་བར་འགྱུར་རོ། །ནམ་ཕྱེད་ཤེས་བྱ་བུམ་པར་དྲིལ་བ་ནི། གཡས་ཕབ་ལ་ཉལ་ཏེ། དབུ་མ་གསལ་གདབ་པའི་ནང་ཐམས་ཅད་ཨ་དཀར་པོ་དོང་ཙེ་བརྩེགས་པ་ལྟར་གང་ཞིང་། ཁྱད་པར་དུ་སྙིང་ག་ཉིད་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟད་ཕྱེ་བ་གཅིག་བསམ་པའི་ཨ་ལ་ཨ་གཞན་རྣམས་རིམ་གྱིས་ཐིམ་པར་བསམས་ལ། སྙིང་གར་རླུང་ཁ་སྦྱར་ནས་གཟུང་ཞིང་། གསལ་སྟོང་དུ་ས་ལེར་བསྒོམ་ནས། གཉིད་དུ་འགྲོ་ཁར་སྙིང་གི་པད་འདབ་ཟླུམ་པའི་ནང་དུ། ཨ་དེ་དཀར་ལ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་ནས་ཉལ་བས་གཉིད་འོད་གསལ་དུ་འཆར་རོ། །དེ་ནས་གཉིད་སད་དུས་རྨི་ལམ་མེད་པར་གསལ་སྟོང་དུ་སེང་ངེ་འདུག་ན། ཉམས་དེ་མ་ཤོར་བར་འཕྲོ་མཐུད་ལ་བསྒོམ་མོ། །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུ་ཞིང་། གོང་ལྟར་(༦༤)བསྒོམས་པས་འོད་གསལ་དུ་འཆར་རོ། །དེའང་གཉིད་དུ་སོང་ལ། ཉེ་འཁོར་གྱི་གཟུགས་མཐོང་། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེ། གཉིད་སད་རྒྱུ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ངང་ལ་གོམས་པས་དུས་ཐམས་ཅད་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་གཉིས་སུ་མེད་པའི་དོན་ལས་མི་གཡོ་བ་ཡིན་ནོ། །དེས་ནི་གཉིད་གསལ་སྟོང་དུ་འཆར་བས་འོད་གསལ་མངོན་དུ་བྱེད་པའོ། །

ཐོ་རངས་རིག་པ་རང་གསལ་ལ་གཞག་པ་ནི། དེ་ནས་ཐོ་རངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་བུས་ལ་གཟུང་ཞིང་། སྙིང་གའི་ཨ་དེ་ཚངས་བུག་ནས་ཐོན་ཏེ། སྤྱི་བོ་ནས་གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེར་འདུག་པ་ལ་རིག་པ་གཏད་ནས་མ་ཡེངས་པར་བསྒོམ་ཞིང་རླུང་ཕྱིར་བཟུང་བའི་ངང་ལ་གནས་པས། གང་ལའང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །དེ་ནས་མིག་དང་ཤེས་པ་ཇེ་དམར་གྱུར་ཏེ། མིག་ཕྱེད་བཙུམ་དུ་སྨད་ལ་བལྟ་ཞིང་། ཤེས་པའི་ཨ་དེ་སྙིང་གར་བསྡུས་པས་རྒོད་པ་ཞིའོ། །ཡང་བྱིང་བ་སྙམ་བྱེད་ན་སྔ་མ་བཞིན་བསྟོད་ལ་བསྒོམས་པས་བྱིང་རྒོད་མེད་པའི་ཡེ་ཤེས་ངང་གིས་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །

དེ་ལྟར་མཚན་མོའི་ཐུན་གསུམ་རིམ་པ་ལྟར་བསྒོམས་པས། བདེ་བ་དང་། གསལ་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏིང་ངེ་འཛིན་དམ་པས་བརྒྱན་པ་ཐུགས་རྡོ་རྗེའི་ངོ་བོ་ལམ་དུ་འཆར་བ་ནི། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པའོ། །དེ་ཉིད་གོང་ནས་གོང་དུ་གོམས་པ་ལས། ལམ་དང་འབྲས་བུའི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་གྲུབ་ཅིང་སྣང་བ་བཞིའི་ཡེ་ཤེས་མཐར་ཕྱིན་ནས་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཉིན་མཚན་དུ་བསྒོམ་པ་ཐམས་ཅད་ཀྱི་སྐབས་སུའང་། དལ་འབྱོར་རྙེད་པར་དཀའ་བས་དལ་བ་ཆུད་མི་གསོན་པར་བརྩོན་པ་དང་། ཚེ་མི་རྟག་པར་ཤེས་པས་སྒྲུབ་པ་ལ་ལོང་ཡོད་མི་བྱེད་པ་དང་། (༦༥)འཁོར་བ་སྡུག་བསྔལ་དུ་ཤེས་པས་སྲིད་པ་ལ་མངོན་པར་སྐྱོ་བ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་གང་ལའང་བདེན་ཞེན་མེད་པ་དང་། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བས་ཞི་བའི་བྱང་ཆུབ་བསྒྲུབ་པ་དང་། གསང་སྔགས་ཐབས་ཀྱིས་འགྲུབ་པས་སྣ་ཚོགས་ལམ་ལ་བསླབ་པ་དང་། ཐེག་ཆེན་སྙིང་རྗེ་ལ་རག་ལས་པས་གཞན་དོན་སེམས་བསྐྱེད་དང་ལྡན་པ་དང་། བྱིན་རླབས་མོས་གུས་ལ་རག་ལས་པས་བླ་མ་སངས་རྒྱས་སུ་མཐོང་བ་དང་། ཐམས་ཅད་རང་སེམས་ལ་ཐུག་པས་དག་སྣང་ཕྱོགས་མེད་ལ་སྦྱང་བ་དང་། འཁོར་བ་འཁྲུལ་རྟོག་ལས་བྱུང་བས་གཟུང་འཛིན་གྱི་རྩ་བ་གཅད་པ་དང་། བདེ་སྡུག་སྔོན་ལས་ལས་བྱུང་བས་དགེ་སྡིག་བླང་དོར་དུ་བྱ་བ་དང་། འཁོར་འདས་རིག་པ་ལས་ཤར་བས་རིག་པ་རང་གནད་དུ་ངོ་ཤེས་པར་བྱ་བ་སྟེ། གནད་རྣམ་པ་བཅུ་གཉིས་ཀྱིས་རང་གི་རྒྱུད་འདུལ་བ་ནི། ཡང་གནད་གལ་པོ་ཆེའི་གདམས་པ་ཡིན་པས་སྙིང་ནས་བསམ་པར་བྱའོ། །

དེ་ལྟར་ཡང་ཟབ་མངོན་སུམ་སྙིང་པོའི་དོན། །སྒོམ་པའི་གྲོགས་སུ་འདི་ཀུན་གཅེས་པས་ན། །རིན་ཆེན་གསེར་ལ་གཡུ་ཡིས་ཕྲ་བཀོད་བཞིན། །གནད་ལ་གནད་གཅེས་ལེགས་པར་སྨྲས་པ་ཡིན། །རིག་འཛིན་གོང་མ་རྣམས་ཀྱིས་གསུངས་པའི་དོན། །ཟབ་མོ་དག་ལས་བཏུས་ཏེ་བཀོད་པ་ནི། །ཕྱི་རབས་སྐལ་ལྡན་སྙིང་གི་བུ་རྣམས་དང་། །ཕྲད་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་ཤོག །བདག་བློ་གཅིག་པུར་ཞི་བའི་ནགས་དགའ་ཡང་། །སྨོན་ལམ་ཆོས་དཀར་ལས་ཀྱིས་ཉེར་འབྲེལ་བས། །དད་ལྡན་མི་ལྡན་འདྲེས་མའི་འགྲོ་རྣམས་ཀྱི། །དོན་ཞེས་ཚིག་གི་ཕན་པ་ཉུང་ཟད་གྱུར། །དེང་སང་དུས་འདིར་བདག་འདྲས་འབད་ཀྱང་ནི། །གཞན་དོན་ཉིད་འགྱུར་དག་པའང་མི་འགྱུར་ན། །རང་དོན་ཞི་བའི་ཏིང་འཛིན་ཉམས་པའི་རྒྱུ། །འདི་འདྲས་ཅི་བྱ་སྙིང་པོ་འདུག་གམ་སོམས། །ཚེ་འདིར་མ་ཆགས་འདོད་ཞེན་ཅུང་ཟད་མེད། །ལུས་ངག་བརྩོན་པ་གཞན་ཕན་བསྔོས་ན་ཡང་། །ཕྲག་དོག་ཚིག་རྩུབ་སྡིག་པའི་རྐྱེན་གྱུར་ཅིང་། །མི་དགེའི་དབང་གྱུར་འགྲོ་ལ་ཕན་ཐོགས་སམ། །རང་གི་ནུས་པ་ཆོས་སྲིད་དགེ་བ་དེས། །འདི་ཕྱིར་ཕན་པའི་(༦༦)ལམ་ལ་འགོད་བྱས་ཀྱང་། །ཅུང་ཟད་རྐྱེན་གྱིས་དགྲར་གྱུར་སློབ་མ་གང་། །ཡི་ཆད་གནས་སུ་འགྱུར་བའང་སྙིང་ནས་སོམས། །འགའ་ལས་ཐོས་པ་འགའ་ལ་བསྒྲག་གྱུར་དང་། །འགའ་ལ་ཟང་ཟིང་འགའ་ལ་ཆོས་སྦྱིན་དང་། །འགའ་ལ་དོན་མཐུན་འགའ་ལ་གྲོས་ཆེན་འདེབས། །འགའ་ལས་བླངས་པ་འགའ་ལ་སྦྱིན་རྣམས་ཀྱང་། །སྙིང་པོ་མེད་ལ་རང་དོན་བསླུ་བའི་རྒྱུ། །བྱིས་པའི་སྤྱོད་པ་འདྲ་ཞིང་བཞད་གད་གནས། །དོན་ཆུང་ལས་ལ་མི་ཚེ་ཟད་ཉེན་མཆིས། །དེ་བས་མྱུར་བར་དབེན་པའི་ནགས་འདབས་སོང་། །ད་ནི་སྙིང་ནས་ཡི་ཆད་མཆི་མ་ཤོར། །གྲོགས་དང་སློབ་མ་བཤེས་འདྲའི་འཇིག་རྟེན་ཆོས། །རྟག་མི་ཐུབ་ཅིང་གནོད་པའི་ཚོགས་རབ་འཕེལ། །འབྲལ་ཡང་མི་དགའ་མེད་པའི་དོན་ལ་སོམས། །དེ་བས་གཞན་ལ་ཕན་པ་ཅི་ཞིག་ཡོད། །རང་གི་དོན་བསྒྲུབ་ནགས་རིའི་ཁྲོད་སོང་སྟེ། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །གསང་བ་སྙིང་ཏིག་གི་གདམས་པ་ཡང་ཟབ་ཡེ་ཤེས་འཁོར་ལོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་ཞེས་བྱ་བའི་རི་ངོགས་སུ་བཀོད་པ་ཡོངས་སུ་རྫོགས་སོ།། །།དཔལ་སྔགས་ཀྱི་བདག་མོས་སྲུངས་ཤིག །དམ་ཉམས་ལོག་ལྟ་ཅན་གྱི་ལག་ཏུ་མ་ཤོར་ཅིག །དགེའོ།། །།

རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།

༄༅། །རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་བཞུགས་སོ། །

༄༅། །ཐུགས་རྗེའི་སྤྲིན་མཚོས་ཉེས་བརྒྱའི་ནད་སེལ་བ། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཏེ། །རྟེན་གཞིའི་ལུས་ལ་འབྱུང་བཞི་འདུ་བའི་ནད། །གང་དེའི་གེགས་སེལ་བདུད་རྩིའི་ལྗོན་ཤིང་བྲི། །

དེ་ཡང་གདོད་མའི་ངང་ལས་མ་རིག་པས་འཁྲུལ་དུས། ངོ་བོ་དུག་གསུམ་གྱིས་རྒྱུ་བྱས། རྐྱེན་འབྱུང་བ་བཞི་འདུས་པ་ལས་རླུང་མཁྲིས་བད་ཀན་གསུམ་དུ་བྱུང་སྟེ། སོ་སོའི་རྩལ་མ་སྙོམས་པ་ལས་ནད་དུ་གྱུར་པ་རྣམས་ཀྱང་། བསྡུ་ན་ཚ་གྲང་གཉིས་སུ་འདུས་པས། དེའི་གཉེན་པོར་ལུས་ཀྱི་སྟོད་སྨད་གར་ན་ཡང་། ཚ་བའི་ནད་ལ་བསིལ་བའི་དམིགས་པ་དང་། གྲང་བའི་ནད་ལ་དྲོ་བའི་དམིགས་པས་གདོན་པར་བྱ་སྟེ། ལུས་ལ་རྩ། རྩ་ལ་རླུང་དང་ཁྲག་དང་ཁམས་གནས་ཤིང་། དེའི་ནང་ན་ཡི་གེ་གནས་ཏེ། ལུས་དང་རླུང་གི་གནད་བསྟུན་ནས་ཡི་གེ་བརྗོད་(༦༧)པས། རྩ་ནང་གི་ཡི་གེ་གསལ་བས་ནད་ཐོན་པར་འགྱུར་བའི་ཕྱིར། གནད་དེ་ལྟ་བུས་གདོན་པར་བྱའོ། །དེ་ལ་སྔོན་འགྲོ་བླ་མའི་རྣལ་འབྱོར་ན་སར་བསྒོམ་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ནད་དེ་སངས་སངས་དག་པར་བསམ་ལ། གསོལ་བ་སྙིང་ནས་གདབ་བོ། །

དངོས་གཞི་ལ་གཉིས་ལས། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་སྤྱིར་ནད་བསལ་བ་ནི། སྤྱི་བོ་ནས་ཡ་རྐན་ཡན་ཆད་གང་ན་ཡང་ཨཱ་གྱིས་བྱ་སྟེ། ཚད་པའི་ནད་དམ་བད་མཁྲིས་ན་བའི་སར། ཨཱ་དཀར་བསིལ་ལས་བདུད་རྩིའི་རྒྱུན་བབས་པས། ཚད་ནད་ཐམས་ཅད་མེ་ལ་ཆུ་བཏབ་པ་ལྟར་ཞི་བ་དང་། ཚད་ནད་ཨཱ་ལ་འདུས་ཏེ་ཁོལ་བུར་སྐར་ཁུང་ནས་བྱེའུ་འཕུར་བ་ལྟར་དོན་པར་བསམས་ལ། ཨཱ་ཧ་ཞེས་དྲག་པོ་བརྗོད་ནས། རླུང་ཕྱིར་འཕངས་ཤིང་ནང་དུ་མི་གཟུང་ངོ་། །གྲང་བ་དང་རླུང་ཡིན་ན་ཨཱ་དམར་པོ་ལས་བདུད་རྩི་མེ་ལྟ་བུ་བབས་པས་ནད་བསྲེགས་པར་བསམས་ལ། ཨཱ་ཧུཾ་ཞེས་རིང་པོས་རླུང་ཚུར་རྔུབ་སྟེ་གནན་ཞིང་། ཕར་འགྲོ་དུས་ནད་རྣམས་སངས་སངས་སོང་བར་བསམས་པས་ཞི་བར་བྱེད་དོ། །མགྲིན་པའི་མ་རྐན་ནས་ནུ་མའི་གོང་ཡན་ཆད་ལ་ཨཱཿདང་། སྙིང་ག་མན་ཆད་ཐམས་ཅད་ལ་ཧཱུྃ་གིས་བྱ་བ་དང་། དམིགས་པ་དང་གནད་ཐམས་ཅད་འདྲ་བས་ཐོན་ནོ། །ཡི་གེ་སོ་སོའི་བྱ་བ་ནི། མགོ་ན་བ་ལ་ས་སྣ་མང་པོའི་དུགས་བྱ་ཞིང་། གྷ་དབུགས་ཀྱིས་ཐུབ་ཐང་བཟླས་ཏེ། ཕྱིར་གདོན་པ་དང་། ནང་དུ་རླུང་བསྐྱིལ་བ་ནི་གོང་དང་འདྲའོ། །རྨའི་ནད་ལ་དང་པོ་ཁྲག་གཅད་པ་ནི། ཨཱ་སུ་ཏྲ་ཕཊ་ཅེས་བདུན་བཏབ་པས་ཆོད་པ་དང་། རླུང་སེམས་ནམ་མཁར་གཏད་དེ་དྲི་ཆུའི་དྭངས་མ་དྲོད་མ་ཡལ་བ། ས་སྦྱིན་པོ་བསྲེས་ཏེ་བྱུགས་ལ། གྷ་དཀར་སེར་བསམ་ནས་བདུད་རྩི་བབས་པས་སོས་པར་བསམས་ལ། གྷ་མང་དུ་འདོན་ཞིང་སྐབས་སུ་དྲི་ཆུས་བཀྲུས་པས་འཚོའོ། །རོ་སྟོད་ན་བ་ལ་ལུས་འདར་བཤད་དུ་བྱེད་ཅིང་། ཧ་དྲག་པོ་བརྗོད་པའམ། ཡཾ་མང་དུ་བཟླས་ཤིང་རྒྱུ་མ་གྱེན་ལ་འུབ་ཀྱིས་དྲངས་ཏེ། རླུང་དང་བསྲེས་པས་ཕན་ནོ། །རྐང་པ་ན་བ་ལ་ཡན་ལག་འགལ་མེ་ལྟར་བསྐོར་ཞིང་ཕུ་བརྗོད་དོ། །མིག་ན་བ་ལ་དྷ་དང་། རྣ་བ་ལ་མཾ་དང་། སྣ་ལ་ཛ་དང་། ལྕེ་ལ་ཊཱཾ་དང་། ལུས་ཀྱི་དབང་པོ་ལ་ཤའོ། །ཁོལ་བུར་གཟེར་(༦༨)བ་དང་ཕོ་ལོག་དང་། སྐྲན་བྱུང་བ་ལ་རླུང་སེམས་ལྟེ་བར་གཏད་ལ་རཾ་བརྗོད་དོ། །ཕོ་བ་འཁྲིལ་བའམ་འབྱམས་པ་ལ་ལག་པས་མཉེ་ཞིང་ཀྵ་བརྗོད་པའོ། །གློ་མཆིན་ན་བ་དང་། ཡི་ག་འཆུས་པ་དང་གློ་ལྡང་བ་རྣམས་ལ་ཀ་གདོན་ཞིང་རླུང་ཕྱིར་འཕངས་སོ། །སྙིང་རླུང་དང་། སྨྱོ་ནད་དང་། བརྒྱལ་འབོག་ཅན་ལ་ཁུ་ཚུར་སྙིང་གར་བརྡུང་བ་དང་རླུང་ཕྱིར་འཕངས་པ་དང་། བྷ་དྲག་པོ་བརྗོད་པ་གསུམ་དུས་གཅིག་ཏུ་བྱས་པའི་མཐར་རླུང་ནང་དུ་གཟུང་ངོ་། །མཁལ་མ་འཁྲས་པ་དང་། ཡན་ལག་བཤལ་བ་དང་། གཞོག་མི་བདེ་བ་དང་། རྩ་སྦྲིད་པ་དང་། མཁྲིས་པའི་ནད་རྣམས་ལ། ཆུའི་འགྲམ་དུ་ཕཊ་བརྗོད་ཅིང་། ནད་རྣམས་ཕཊ་ལ་འདུས་པ་ཆུའི་དཀྱིལ་དུ་སོང་བར་བསམ་ཞིང་། ཁ་སྣ་ཆུ་ངོས་ལ་གཏད་དོ། །སྐབས་སུ་ཚ་དང་ས་སྣའི་དུགས་བྱའོ། །རྐང་པ་ཁོལ་བུར་ན་བ་དང་། ཚིགས་ལ་ཆུ་སེར་ཁོལ་བུར་ཞུགས་ཏེ་ན་བ་དང་། སྒུར་བ་དང་ཞ་འཁུམས་ཐམས་ཅད་ལ་ལག་པ་གཡས་གཡོན་རལ་གྲི་བསྐོར་བའི་ཚུལ་དུ་བྱ་སྟེ། ཨེ་དྲག་ཏུ་བརྗོད་པའོ། །སྐྲངས་པ་དང་ཤ་རོ་དང་། ལྷོག་འབྲས་དང་། སྦྲུལ་དང་སྡིག་པ་ལ་སོགས་པས་ཟིན་ན་དྲི་ཆེན་བྱུགས་ཏེ། རླུང་འཕངས་ལ་ཨཱུ་རིང་པོ་བརྗོད་པའོ། །ཆུ་དང་དྲི་མ་འགགས་ན་སྒལ་ཚིགས་ཁུ་ཚུར་གྱིས་བརྡུང་ཞིང་མཉེས་ཏེ་བྃ་བརྗོད་པའོ། །སྐད་འགགས་ན་རླུང་གྱེན་ལ་དྲངས་ཏེ་ཨཱི་བརྗོད་དོ། །དེ་ཐམས་ཅད་ཀྱི་ཚེ་ཚ་གྲང་གི་ནད་གང་ཡིན་ངོས་གཟུང་ལ། རླུང་དང་ཡི་གེའི་ཁ་དོག་དང་རེག་བྱ་སྔ་མ་ལྟར་ཤེས་པར་བྱ་སྟེ་གདོན་པ་ཡིན་ནོ། །དེ་ལྟ་བུའི་ཐབས་ཀྱང་ལན་བདུན་ནམ། ཉེར་གཅིག་གམ། ལོ་གྲངས་སམ། བརྒྱ་རྩ་བརྒྱད་དུ་བྱས་པས། མི་ཐོན་མི་སྲིད་པས་ན་འབད་པས་བྱ་བ་གལ་ཆེའོ། །ལན་རེ་ཙམ་གྱིས་ནི་མི་འགྲུབ་པས་ཤིན་ཏུ་མང་བར་བྱའོ། །གཞན་ཡང་བདེ་ཆེན་འཁོར་ལོར་ཨཱ། ལོངས་སྤྱོད་འཁོར་ལོར་ཨཱཿ། ཆོས་ཀྱི་འཁོར་ལོར་ཧཱུྃ། སྤྲུལ་པའི་འཁོར་ལོར་སྭཱ། བདེ་སྐྱོང་འཁོར་ལོར་ཧཱ་བསམས་ཏེ། ཚ་གྲང་གི་བྱེ་བྲག་ཤེས་པས། སྔ་མ་ལྟར་ལུས་ཕྱི་ནང་གི་ནད་ལ་རླུང་དང་ཡི་གེ་བརྗོད་ནའང་སེལ་ལོ། །ཡང་གཞོགས་གཡས་(༦༩)ཐམས་ཅད་ལ་སྤྱི་བོ་ནས་རྐང་པ་གཡས་ཀྱི་མཐེ་བོང་གི་བར་དུ་ཚོན་རེ་བཅལ་བར། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་རྣམས་བསམ་ཞིང་། གཡོན་ལ་འཁྱིད་རེའི་སར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། རྣམས་བསམ་སྟེ་སྔ་མ་ལྟར་འཁྱིད་གང་རེའི་ས་ཚོད་རྩིས་པ་དེའི་ཕྱི་ནང་གི་ནད་བྱུང་སར། སྔ་མ་བཞིན་བྱས་པས་ནད་ཐམས་ཅད་ལས་གྲོལ་བར་ངེས་པ་ཡིན་ནོ། །

དེ་ལྟར་ནད་འདོན་གནད་ཀྱི་གདམས་པ་འདི། །དུམ་དུམ་ཁྲིགས་དང་དུས་བཞི་མཉམ་སྦྱོར་སོགས། །ཟབ་མོའི་དོན་བསྡུས་ཉམས་སུ་བླངས་པའི་གནད། །གཅིག་ཏུ་དྲིལ་ནས་ལེགས་པར་བཀོད་པ་ཡིན། །བདག་གིས་གནད་འདི་མྱོང་བས་ཡིད་ཆེས་ཤིང་། །གཞན་ལ་བསྟན་པས་ནད་ལས་རྣམ་པར་གྲོལ། །དེ་ཕྱིར་ཟབ་མོའི་གནད་འདི་གཅེས་པས་ན། །མངོན་སུམ་སྒོམ་པའི་གྲོགས་སུ་བཅང་བར་གྱིས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །ནད་ཆེན་སྲིད་པའི་ཉོན་མོངས་ལས་གྲོལ་ཏེ། །བདུད་རྩིའི་བདག་པོ་དྲང་སྲོང་སྲེད་མེད་བུ། །རྒྱལ་བའི་གོ་འཕང་མཐའ་ཡས་ཐོབ་པར་ཤོག །གསང་བ་སྙིང་ཏིག་གི་གནད་ལས་རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད།

༄༅། །བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད་བཞུགས་སོ། །

༄༅། །སྐྱེ་མེད་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་པས། །འགྲོ་བའི་ནད་གསོ་སྨན་པའི་རྒྱལ་ལ་འདུད། །སྒོ་ཡི་གནད་ལས་ཡེ་ཤེས་འཆར་བས་ན། །དེ་ཡི་གེགས་སེལ་སྒྲོན་མ་གསལ་བྱེད་བྲི། །

ཆོས་ཉིད་འོད་གསལ་གྱི་དགོངས་པ་ནི། ཐུགས་ཀ་དཔལ་གྱི་བེའུའི་བུམ་པ་ན་གནས་པ་ལས་རྩ་ལམ་དར་དཀར་གྱི་སྐུད་པ་ནས། རྒྱང་ཞགས་ཆུའི་སྒྲོན་མ་གསལ་བའི་ཕྱིར་སྒོའི་གནད་མིག་ཡིན་པས་དེ་བཅོས་པའི་ཐབས་ལ་འབད་པར་བྱ་བ་ལ་གཉིས་ལས། དང་པོ་ནང་གི་སྨན་སྦྱར་བ་ནི། ཟླ་བ་ཕྱེད་པའི་མིག་སྨན་བསྟན་པ་སྟེ། རྩ་ཨ་ཝ། སྔོ་རྟག་ཏུ་ངུ༌། གོ་(༧༠)སྙོད་པ་ལྕ་བ། ར་མོ་ཤག་གི་རྩ་བ་རྣམས་ཞིབ་པར་བརྡུངས་ཏེ་བ་གསར་གྱི་འོ་མ་ཕུལ་བཅུ་དྲུག་གི་ནང་དུ་ཐིམ་པར་གདུས་ལ་ཚ་ཤས་ཆེ་ན་བཟང་དྲུག་དང་། གྲང་ཤས་ཆེ་ན་བུར་དཀར་དང་། སྙོམས་ན་སེང་ལྡེང་དང་ཙནྡན་དཀར་དམར་དྲུག་ཁྱོར་གང་ཙམ་བཏབ་ནས་མཛོ་མོའམ་བ་གསར་གྱི་ཞུན་མར་གྱི་སྲང་ལོ་གྲངས་ཙམ་དུ། བྱ་མོ་ནག་མོའི་སེར་སྒོང་སྦྱར་བའི་སྨན་མར་ཐུར་མགོ་རེ་ཚེས་བཅུ་དྲུག་གི་ཐོ་རངས་བཞིན་ཟོས་པས། མིག་གསལ་ཞིང་འགྲིབས་པའང་ཕྱེད་པ་ཡིན་ནོ། །ཕྱིས་མིག་ལ་ནད་གང་ཡང་མི་འབྱུང་ངོ་། །ཡང་རྩ་ཨ་ཝ། རྟག་ཏུ་ངུ༌ ། ཅོང་ཞི། བྲག་ཞུན། སྦྲུལ་སྔོ་ཁྲའི་ཤ །འབྲས་བུ་གསུམ། དོམ་མཁྲིས། དྲེའུའི་མཁྲིས་པ། མིའི་མཁྲིས་པ། འུག་པའི་མཁྲིས་པ། ཁྱི་ནག་གི་མཁྲིས་པ། རྟ་ནག་གི་མཁྲིས་པ་རྣམས་སྨན་སྦྲང་དང་སྦྱར་ཏེ། རིལ་བུའམ། སྨན་མར་ཤ་རིལ་ཙམ་རེ་ལྟོ་སྟོང་ལ་ཟོས་ན་ཤའི་སྤྱན་དང་ལྡན་ཞིང་། རི་བྲག་ལ་སོགས་པ་ཟང་ཐལ་དུ་མཐོང་ཞིང་། རྡོ་རྗེ་ལུ་གུ་རྒྱུད་གསལ་བར་འགྱུར་རོ། །

གཉིས་པ་ནི་ཕྱིའི་སྨན་བྱུག་ཅིང་། སྔགས་དང་རྟེན་འབྲེལ་གྱིས་བཅོས་པའི་ཐབས་ལ། ཤ་འཛེར་ལ་ལྟོ་སྟོང་ལ་ཟན་དྲོན་མར་ཅན་གྱི་རླངས་པས་མིག་ལ་བདུགས་ལ། ཨཱ་སྲིན་ལོང་། ཞེས་ཉེར་གཅིག་བཟླས་ཏེ་ཁར་བཅུག་པས་སེལ་ལོ། །ལིང་ཐོག་ལ། གླ་རྩི། ཀ་ར། ཅུ་གང་། ཞུན་ཐིག་ལེ་རྣམས་རྩི་བཞིན་བཏགས་ལ། ཁབ་མིག་རེ་ཙམ་གདབ་ཅིང་། ཨཱ་ལྷིང་ལྷིང་ཐོག་ཐོག་ཨ་ཙ་ལི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཆིལ་མ་ལྕེ་རྩེ་ནས་ཕུག་རོན་གྱི་དང་རུས་བླངས་ལ་ལིང་ཐོག་གི་སྟེང་དུ་བྱུགས་པས། དཀར་ཉིལ་སྤྲིས་བཞིན་བྱུང་བ་ཕུག་རོན་དང་རུས་འཕྱག་གོ། །མིག་ཏུ་རྡུལ་དང་གྲ་མ་སོང་ན། ཨཱ་ཡ་མ་དན་ཏིང་སྭཱ་ཧཱ། ཞེས་ཉེར་གཅིག་གདབ་པས་ཕྱིན་ནོ། །སྐམ་ཚག་དང་། དམར་ཚག་དང་། སྐྱ་རིབ་ལ། རག་ཐལ་དང་། ཐོད་ལེ་ཀོར་ཞིབ་མོར་བྱས་པ་འོ་སྤྲིས་དང་སྦྱར་ཏེ་བྱུགས་པས་སེལ་ལོ། །དགོངས་མོ་ཉལ་དུས་ལྟེ་ཁུང་དུ་མར་གྱིས་མཉེས་ན་སྐམ་ཚག་དང་མཆུ་རེངས་པ་སེལ་ལོ། །གོ་སྙོད་དང་གླ་(༧༡)རྩིའི་ཆུས་དགོངས་མོ་ལྟེ་ཁུང་དུ་བྱུགས་ན་མིག་གསལ་ཞིང་། གངས་ལ་ཕྱིན་ཀྱང་མིག་ཕྱིད་པར་མི་འགྱུར་རོ། །རྒྱུན་དུ་ནམ་ཞོགས་ལག་མཐིལ་གཉིས་ཀྱིས་མིག་ཕུར་ནས་ཆུ་གཙང་མ་ཐོག་མར་མིག་ལ་འདེབས་ཐབས་སུ་ཁྲུས་བྱས་ན། མིག་གི་སྒྲིབ་ཤ་བཅད་ཅིང་བཀྲུས་པ་ཞེས་བྱ་སྟེ། སྐྱ་རིབ་མི་འབྱུང་ཞིང་གསལ་ལོ། །འོ་མ་དང་སྐྱེར་བའི་ཁན་དྷ་དང་། གཟི་རྙིང་ནག་ཁྲའི་བྱེ་མ་དང་། བྱ་མོ་ནག་མོའི་སེར་སྒོང་བཞི་སྦྱར་ཏེ། ཚེས་གཅིག་དང་། གནམ་གང་དང་། ཉའི་ཐོ་རངས་བཞིན་དང་པོར་ཆུ་གྲང་གིས་མིག་དང་། གདོང་བཀྲུས་ནས་སྨན་བྱུགས་ཏེ། འོ་སྐོལ་དུ་ཤིང་མངར་བཏབ་ལ་འཐུང་ན། མིག་མི་འགྲིབ་ཅིང་འོད་སྣང་གསལ་བར་འཆར་རོ། །རྡོ་སྤུར་ལེན་དང་། སྦྲང་དཀར་སྦྱར་ཏེ་བྱུགས་ན། སྐྱ་རིབ་དང་འགྲིབས་པ་ཀུན་སེལ་ལོ། །ཤེལ་དང་། ཐོད་ལེ་ཀོར་དང་། ག་པུར་དང་། གླ་རྩི་རྣམས་ཀྱི་ཕྱེ་མ་ཁྱེའུ་ནུ་འཐུང་གི་འོ་མ་དང་སྦྱར་ཏེ། བྱུགས་པས། འོད་སྣང་མཆེད་པ་རྒྱ་ཆེར་འགྱུར་རོ། །རྡོ་སྨུག་པོ་སྦལ་རྒྱབ་དང་། རམས་པའི་རྩ་བ་དང་། པུ་ཤེལ་རྩེ་དང་། ཞུན་ཐིག་ལེ་དང་། ས་རམ་རྩི་དང་། ལྕགས་ཕྱེ་དང་། ག་པུར་རྣམས་ཆ་མཉམ་པ་རྩི་བཞིན་བྱས་ཏེ། བུ་ཁྱེའུ་ནུ་འཐུང་གི་འོ་མ་དང་སྦྱར་བ་ཐིགས་པ་རེ་བླུགས་ན། ཞག་བདུན་གྱིས་མིག་འགྲིབས་པ་ཀུན་ཕྱེད་དོ། །བ་ནག་མོའི་ཆུ་བྲེ་གསུམ་གདུས་པ་ཕུལ་གང་དུ་སོང་བར། གླ་རྩི། ལྕགས་ཕྱེ་དོམ་མཁྲིས། ཀ་ར་རྣམས་སྦྱར་ཏེ་ཁན་དྷ་བྱས་ཏེ་ཐིགས་པ་རེ་བླུགས་ན་འགྲིབ་པ་དང་། སྐྱ་རིབ་ཐམས་ཅད་སེལ་བར་བྱེད་དོ། །སྤྱོད་ལམ་ཐམས་ཅད་དུ་དྲག་ཤུལ་དང་། མི་ཐེག་པ་འདེགས་པ་དང་། ཁམས་ཉམས་པ་རྣམས་སྤང་ལ། དགོངས་མོ་སྐབས་སུ་ལྟག་ཁུང་དུ་མར་གྱིས་བྱུགས་ནས་མཉེ་བ་དང་། འོ་མ་སྐོལ་བ་ལྟོ་སྟོང་ལ་གཏང་བ་དང་། ཨ་རུ་ར་རྒྱ་གར་མ། གོ་སྙོད། རྩ་ཨ་ཝ། རྟག་ཏུ་ངུ་༌། སྦྲུལ་ཤ་རྣམས་སྦྲང་དཀར་ཆུ་བཅད་དུ་སྦྱར་ལ། ཤ་རིལ་ཙམ་རེ་ལྟོ་སྟོང་ལ་ཟོས་ནས་ཁྲུས་བྱས་ན། མིག་བྱིས་པ་ལོ་བརྒྱད་པ་ལྟར་གསལ་ཞིང་ཤེད་སྐྱེ་བ་ཡིན་ནོ། །སྲིན་བུ་མེ་ཁྱེར་དང་། ལྷང་མ་ལྷང་ཚེར་དང་། བྱ་མོ་ནག་མོའི་སེར་སྒོང་བསྲེས་(༧༢)པ་མིག་གི་སྟེང་དུ་བྱུགས་ལ། ཨཱ་ཆེན་ཀོང་ཆེན་བྷ་ཧན་ཞུ་ཆེན་ཞུ། ཧན་གྷ་མེ་སྟོན་ཡཾ། ཞེས་འབུམ་བཟླས་པ་ན་ཡེ་ཤེས་ཀྱི་སྤྱན་གསལ་བས། འོད་སྣང་སྣ་ཚོགས་སུ་འཆར་ཞིང་། འོད་སྐོར་ཕོར་བ་ཙམ་འཆར་བར་འགྱུར་རོ། །རྫས་མེད་ཀྱང་ཞག་རེ་བཞིན་བརྒྱ་རྩ་རེ་བཟླས་ན་སྣང་བ་གོང་འཕེལ་དུ་འཆར་རོ། །

དེ་ལྟར་སྣ་ཚོགས་ཟབ་མོའི་ཐབས་མང་པོས། །སྒྲོན་མ་གསལ་བྱེད་ཡེ་ཤེས་གོང་འཕེལ་བ། །ཕྱི་རབས་དོན་དུ་ཡི་གེར་བཀོད་པ་དེས། །འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །བླ་མ་ལས་རྙེད་རང་གིས་མྱོང་བའི་གནད། །འཕྱུགས་མེད་ལག་ཁྲིད་རབ་ཏུ་གསལ་བ་འདི། །མངོན་སུམ་དོན་ལ་ལྟ་བའི་གྲོགས་ཡིན་པས། །མེད་དུ་མི་རུང་གུས་པས་གཅེས་སྤྲས་ཀྱིས། །རང་གཞན་སྒྲོན་མ་འདི་ཡིས་གསལ་བྱེད་ཅིང་། །མྱུར་དུ་འོད་གསལ་དགོངས་པ་མཐར་ཕྱིན་འགྱུར། །དེ་བས་ཐབས་འདི་སྙིང་བཞིན་གཅེས་པར་ཟུང་། །དེ་ལྟར་བཀོད་པས་འོད་གསལ་ཆེས་གསལ་ཤོག །གསང་བ་སྙིང་ཏིག་གི་གནད་ལས། རྟེན་པ་སྒོའི་གེགས་སེལ། སྒྲོན་མ་གསལ་བྱེད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད།

༄༅། །རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད་བཞུགས་སོ། །

༄༅། །ཕན་བདེའི་སྤྲིན་གཙང་ཡེ་ཤེས་ཆར་འབེབས་པ། །ཀུན་མཁྱེན་སྨན་པའི་གཙོ་ལ་ཕྱག་འཚལ་ཏེ། །འོད་གསལ་གནད་དུ་བསྣུན་པའི་རྣལ་འབྱོར་པས། །རིག་པ་ཡེ་ཤེས་གེགས་སེལ་བྲི་བར་བྱ། །

དེའང་མངོན་སུམ་སྙིང་པོའི་དོན་སྒོམ་པའི་ཚེ། སོ་སོ་རང་གི་རིག་པའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་སྙིང་པོ་ཅན། སྙིང་ག་ན་གནས་པའི་གདངས་ཉམས་སུ་བླངས་པས། རིག་པ་དངོས་འཕོ་འགྱུར་མེད་པ་ནང་གི་དབྱིངས་རིག་འདུ་འབྲལ་མེད་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངང་ལ་གནས་པ་ནི་གནད་འཕྱུགས་པ་མེད་པ་སྟེ། སྐད་ཅིག་གིས་གདོད་མའི་གཞི་ལ་ཕྱིན་ནས། སྟོང་གསལ་རང་བྱུང་གི་ཡེ་ཤེས་ལ་གནས་པ་ཡིན་ནོ། །དེའང་ལུས་གནད་དང་། གཟིགས་སྟངས་གཅུན་ཏེ་བསྒོམས་པས། ལས་དང་པོ་པ་ཁ་ཅིག །བྱིང་ནས་ཚད་པ་(༧༣)ཤས་ཆེ་བས་གཉིད་རྨུགས་སུ་གྱུར་ན། གསལ་སྟོང་གི་ཡེ་ཤེས་ཉམས་ཏེ། གཏི་མུག་ཏུ་རྨུགས་པ་ཡིན་པས། བྱིང་བ་བསེང་བའི་ཐབས་ནི། ཉི་གྲིབ་ཀྱི་མཚམས་སུ་འདུག་སྟེ། རིག་པ་ཧུར་བཏོན་ལ་གཟིགས་སྟངས་བསྐྱེད་དེ་བལྟ་ཞིང་། སྐབས་སུ་ཆུ་གྲང་མོས་གདོང་དག་པར་བཀྲུ་ཞིང་། ཕྱོགས་མཐོ་ལ་གནམ་རྒྱ་ཡངས་སར་བསྒོམས་པས་བསེང་ཞིང་། ཧ་དང་ཨ་མང་དུ་བརྗོད་ལ། རླུང་ཕྱིར་གཟུང་བ་ཤིན་ཏུ་གཅེས་སོ། །དེ་ནས་གསལ་སྟོང་དྭངས་ལ་མི་གཡོ་བ་འབྱུང་ངོ་། །ཡང་འོད་སྣང་ལ། བལྟས་ཀྱང་སེམས་འཕྲོ་ན། རླུང་ནང་དུ་བཟུང་ལ་མིག་ཕྱིར་བལྟ། རིག་པ་སྙིང་གར་ཨ་དཀར་པོ་གསལ་ཞིང་འཚེར་བ་གཅིག་ལ་གཏད་པས། སྤྲོ་བསྡུ་མེད་པའི་ཤེས་པ་དངས་གསལ་འགགས་པ་མེད་པ་འཆར་རོ། །སྐབས་སུ་ནགས་ཁྲོད་དང་དམའ་ཞིང་འཐིབས་སར་བསྒོམ་པ་གནད་དོ། །ཡང་ནམ་མཁའ་ལ་རྒྱང་རིང་པོར་བལྟས་པས། འོད་སྣང་ཡང་མ་མཐོང་། མིག་ཤེས་ཀྱང་ངན་ན། ཟིམ་བུས་སྨིན་མཚམས་སུ་བལྟས་པས། སྣང་བ་སྣ་ཚོགས་སུ་འཆར་ཏེ། དེར་གཏད་ནས་བསྒོམས་པས་མིག་གསལ་ལ་སྣང་བ་གསལ་བ་ནི་གནད་དམ་པའོ། །ཡང་སྣང་བའི་ཉམས་ལ་སྤྲོས་པར་མཐོང་ནས་ཨ་འཐས་སུ་སོང་བ་དང་། སྟོང་ཉམས་ལ་ཞེན་པ་བྱུང་ན། སྐུ་དང་ཡེ་ཤེས་དབྱེར་མེད་ཟུང་འཇུག་གི་དགོངས་པ་ལ་ཡིད་ཆེས་བྱ་ཞིང་། རྣམ་རྟོག་ཅུང་ཟད་མགོ་ནོན་པའི་སེམས་གནས་ཙམ་ཁམས་གོང་མའི་བག་ཆགས་སོག་བྱེད་དུ་བསྟན་པ་ཡིན་ལ་རྟོག་པས་རྟོག་པ་ལ་བལྟ་བ་དང་། རྣམ་རྟོག་གི་དྲ་བ་ལས་མ་འདས་པས་འཁོར་བའི་བག་ཆགས་སུ་བསྟན་པ་རྣམས་ཀྱི་རྒྱུ་མཚན་ཡིད་ལ་བྱས་པས་སེལ་ལོ། །ཡང་སྣང་ཉམས་ལ་ཞེན་ན་གང་སྣང་རྨི་ལམ་སྒྱུ་མར་ཐག་གཅད། སྣང་སྟོང་བདེན་མེད་ཟང་ཐལ་དུ་ལ་བཟླ། མཐར་ཞེན་འཛིན་འཁྲུལ་པ་མེད་པར་གཏན་ལ་དབབ། གང་སྣང་བདེན་མེད་ཟང་ཐལ་དུ་རྩལ་སྦྱོང་ངོ་། །ཡང་སྣང་བ་ལ་བལྟས་པས་སེམས་གནས་ཙམ་པ་ལས། སྣང་རིག་གི་སྟེང་དུ་རང་གསལ་སྟོང་པའི་ཆོད་མ་བྱུང་བར་འཐས་ན། སྣང་སེམས་བསྲེ་མ་ཤེས་པའི་སྐྱོན་ཡིན་པས་(༧༤)ཅིར་སྣང་སྟོང་གཟུགས་ལྟར་རང་སྣང་བདེན་མེད། ཟང་ཐལ་འཛིན་མེད། ཡེ་སྟོང་རྩ་བྲལ། མེད་སྣང་སྣ་ཚོགས་སུ་དཔེ་དོན་སྦྱར་ཞིང་ཕྱི་སྣང་བའི་ཡུལ་ཐམས་ཅད་བདེན་མེད་འལ་འོལ་དུ་རྩལ་སྦྱོང་། ནང་འགྱུ་བའི་སེམས་ཀྱང་ཤར་ཤར་འདྲ་ཡང་། ངོས་གཟུང་མེད་པར་བར་སྣང་གི་འཇའ་ཚོན་ལྟར་ཐག་གཅད། རང་གསལ་སེམས་གནས་ཀྱི་སྒོམ་པ་དེའང་སྣང་གཟུགས་ལྟར་རིག་པའི་རང་གདངས་རང་གནས་ཆེན་པོ་མཐའ་གྲོལ་གཅིག་ཏུ་རྩལ་སྦྱངས་ཏེ། གང་ལའང་ཞེན་འཛིན་དང་། བདེན་ཞེན་མེད་པ་རྨི་ལམ་འཁྲུལ་པའི་སྣང་བ་ཙམ་དུ་མོས་པ་བྱའོ། །མདོར་ན་རང་བྱུང་ཡེ་ཤེས་ཀྱི་ངོ་བོ། རང་སར་གནས་པས། དགོངས་པ་ནམ་མཁའ་ལྟ་བུར་སྟོང་། སྟོང་གསལ་སྤྲོས་པ་དང་བྲལ་བ་ཁོང་ནས་ཤར་བ་ནི། གནས་ལུགས་རྫོགས་པ་ཆེན་པོའི་དོན་ལ་དབང་འབྱོར་པ་སྟེ། བྱིང་རྒོད་དང་། མཐར་འཛིན་དང་། རྩོལ་སྒྲུབ་དང་། སྤང་གཉེན་གྱི་འཁྲིས་མ་ཞུགས་པར་རིག་གེ། སེང་ངེ༌་། ཝལ་ལེ། ཡེ་རེ། སྣང་ངེ་༌། ཕྱམ་མེ། ཁྱབ་བེ། བརྡལ་ལེ། ཕྱིར་སྣང་འོད་གདངས་ལ་མིག་གིས་བལྟས་ཀྱང་། བློའི་འཛིན་པ་མ་ཞུགས། ནང་གནས་ཏིང་ངེ་འཛིན་ལ་ངང་གིས་གནས་ཀྱང་། ཆགས་ཞེན་གྱི་ཉམས་ཀྱིས་མ་བསླད། ཕྱི་ནང་བར་གསུམ་ཕྱམ་གདལ་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི། མངོན་སུམ་སྙིང་ཏིག་གི་དགོངས་པ་མ་ནོར་བ་ལ་བློ་འཇོག་པ་ཞེས་བྱའོ། །དེའི་ཚེ་ཀུན་གཞི་རྣམ་ཤེས་དང་བཅས་པའི་སེམས་དང་། ཉོན་ཡིད་ཡིད་ཤེས་དང་བཅས་པའི་ཡིད་དང་། སྒོ་ལྔ་སོ་སོར་ཞེན་པའི་རྣམ་པར་རྟོག་པ་དང་བྲལ་བ། འོད་གསལ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་ཞིང་། རྣམ་པ་མ་དོར་བ་ནི་ཐུགས་རྗེའི་གསང་བའོ། །དེའང་སེམས་དང་བྲལ་བས་བསམ་གཏན་གྱི་བག་ཆགས་རང་ཟད་དེ། གཟུགས་སུ་སྐྱེ་བའི་ལས་མེད། ཡིད་རྟོག་མེད་རྩེ་གཅིག་པ་ཙམ་དང་བྲལ་བས། གཟུགས་མེད་དུ་སྐྱེ་བའི་མཐའ་སྟོང་། རྟོག་བཅས་གཟུང་འཛིན་དང་བྲལ་བས་འདོད་པར་སྐྱེ་བའི་ལས་མེད། མ་དག་པའི་ས་རྡོ་རི་བྲག་ལ་སོགས་པ་ཕྱི་འཁྲུལ་པའི་མཐོང་བྱེད་མིག་གི་རྣམ་ཤེས་ལ་སོགས་པ་ལྔ། འོད་གསལ་ལ་བལྟས་པས་རང་འགགས་ཤིང་བྲལ་བས་འཁོར་བར་སྐྱེ་བའི་(༧༥)ཡུལ་བག་ཆགས་ཀྱི་གཞི་སྟོངས་ཏེ། འཁོར་བར་སྐྱེ་མཁན་འཁྲུལ་པའི་སེམས། སྐྱེ་ཡུལ། སྐྱེ་བྱེད་བག་ཆགས་གསུམ་མེད་པས་ཚེ་གཅིག་གིས་སངས་རྒྱས་ཐོབ་པའི་གནད་དོ། །བསྡུ་ན་རིག་པ་ཡེ་ཤེས་ཀྱི་གོལ་ས་དང་། སྒྲིབ་པ་སེམས་སུ་ཤར་བས་ན། ལྟ་སྟངས་གཟིགས་སྟངས་ལ་སོགས་པས་སེམས་འགགས་ཡེ་ཤེས་མི་གཡོ་སྣང་རིག་འཛིན་མེད་ཆེན་པོར་ལ་བཟླ་བ་ནི། གསང་བ་སྙིང་ཏིག་གི་དགོངས་པ་མཐར་ཐུག་པ་ཡིན་ནོ། །མདོ་རྒྱུད་ཐམས་ཅད་ནས་བག་ཆགས་སེམས་ལ་བརྟེན་པས་རྟོག་མེད་དུ་བཞག་པ་དང་། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི༌། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དང་། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལ་སོགས་པ་གསུངས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་འདོད་ཀྱང་། ཁྱད་ཕྱེ་བ་ནི་འདི་ལྟ་བུ་གཞན་མེད་དེ། སེམས་འགགས་ནས་བེམས་པོ་དང་འདྲ་སྙམ་དུ་ཞེན་པ་སྟེ། རིག་པའི་ཡེ་ཤེས་མི་འགགས་ཅིང་གསལ་བའི་གནད་མ་ཤེས་པས་རྨོངས་པ་ཡིན་ནོ། །འདི་ནི་སེམས་འགགས་པ་དང་། ཡེ་ཤེས་གསལ་བས་མ་ནོར་བའི་སྒོམ་བྱེད་པ་ཐམས་ཅད་ཀྱི་དུས་ན་དེ་ལྟར་འདོད་པ་ཡིན་ནོ། །

བླ་མེད་སྙིང་པོའི་ཐེག་པ་མཆོག་གི་ལམ། །ཇི་བཞིན་བཤད་ལས་དེང་སང་བསོད་ནམས་ཤིག །ཐོབ་པ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་ཉེར་ཞི་སྤྲོས་ཀུན་བྲལ་བར་ཤོག །གསང་བ་སྙིང་ཏིག་གི་གནད་ལས། རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

དགེའོ།། །།

བླ་མ་ཡིད་བཞིན་ནོར་བུ།

༄༅། །བླ་མ་ཡིད་བཞིན་ནོར་བུ་བཞུགས་སོ། །

༄༅། །བྱིན་རླབས་རྩ་བའི་བླ་མ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །གསང་སྔགས་ཉེ་ལམ་ཟབ་མོའི་གནད། །བླ་མ་ཡིད་བཞིན་ནོར་བུ་བྲི། །

དང་པོ་ཁོ་ནར་དབེན་ཞིང་ཉམས་དགའ་བའི་གནས་སུ་དམིགས་པའི་རྟེན་བླ་མའི་སྐུ་འདྲ་ཡོད་ནའང་བཀྲམ་ལ། ཕྱི་ནང་གི་ཚོགས་མཆོད་བཤམས་ཏེ། སྟན་བདེ་བ་ལ་འདུག་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་(༧༦)བསྐྱེད་ལ། ཨཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་སྟོང་པར་བསམ་པའི་ངང་ལས་རང་ཉིད་ཡི་དམ་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་རྡོ་རྗེ་སྐྱིལ་ཀྲུང་ཅན། ཡབ་ཡུམ་མཉམ་པར་སྦྱོར་བའི་ཕྱག་རྒྱ་བསྣོལ་བ། འོད་ཟེར་མུ་མེད་པ་འཕྲོ་བར་བསམ་པའི་སྤྱི་གཙུག་ཏུ་པདྨ་དང་ཉི་ཟླའི་དབུས་སུ་ཨ་ལྗང་སེར་ལས་བི་མ་ལ་མི་ཏྲ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན། ཐོད་པ་བདུད་རྩིས་གང་བ་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་ཅན། ཆོས་གོས་དམར་སེར་གསོལ་བ། པཎྜི་ཏའི་ཆ་བྱད་ཅན། ཤངས་ཀྱི་རྩེ་ན་ཨ་དཀར་ལྗང་འཐིག་ལ་ཁད་པ་ཡོད་པའི་རྩེ་ལས་འོད་ཟེར་འཕྲོས་པས། རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དང་། ཁྱད་པར་དུ་རི་བོ་རྩེ་ལྔ་ནས་བི་མ་ལ་མི་ཏྲ་དེ་འདྲ་བ་ཞིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོས་བསྐོར་བ་སྤྲིན་ཕུང་གཏིབས་པ་ཙམ་སྐད་ཅིག་གིས་བྱོན་ནས། སྤྱི་གཙུག་གི་བླ་མ་ལ་ཐིམ་པས་འོད་དང་འོད་ཟེར་དུ་འབར་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ཞིང་ཁམས་དག་པའི་རང་བཞིན་ནང་བཅུད་སེམས་ཅན་ཐམས་ཅད་དཔའ་བོ་དང་དཔའ་མོའི་རང་བཞིན། སྣང་བ་ཐམས་ཅད་འོད་དང་གདངས་སུ་ཁྱིལ་ལི་ལི་བར་བསམ་པའི། བླ་མའི་ཕྱོགས་བཞིར་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། རིན་ཆེན་མཁའ་འགྲོ་མ་སེར་མོ། པདྨ་མཁའ་འགྲོ་མ་དམར་མོ། ལས་ཀྱི་མཁའ་འགྲོ་མ་ལྗང་མོ། ཐམས་ཅད་ཀྱང་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐོད་པ་བདུད་རྩིས་བཀང་བ་ཐུགས་ཀར་བསྣམས་པའི་གྲུ་མོ་ལ་ཁ་ཊྭཱཾ་ག་བསྣམས་ཤིང་། ཞབས་གཡས་བསྐུམས་པའི་རྟིང་པ་བྷ་གར་གཏད་ཅིང་གཡོན་བརྐྱངས་པས་པདྨ་ཉི་མ་རོའི་སྟེང་ན་གར་སྟབས་ལིང་ལིང་བྱེད་པས། ཕྱོགས་མཚམས་ཀྱི་ནམ་མཁའ་ཐམས་ཅད་གང་ནས་ཕཊ་དང་ཧཱུྃ་སྒྲ་དི་རི་རི་སྒྲོགས་པར་བསམ་ལ། རླུང་ཁ་སྦྱར་ཏེ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ་པར་བྱའོ། །དེ་ནས་བཟླས་པ་བྱེད་ན་བླ་མའི་ཐུགས་ཀར་པད་ཉིའི་དབུས་སུ་ཨ་ལྗང་གུ། རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ། རིན་ཆེན་མཁའ་འགྲོ་ལ་རི། པདྨ་མཁའ་འགྲོ་(༧༧)ལ་ནི། ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས་བསམ་པ་ལས། སྔགས་ཀྱི་རང་སྒྲ་དི་རི་རི་བྱུང་བས། ནམ་མཁའི་དབྱིངས་ཐམས་ཅད་ལ་ཁྱབ་པར་བསམ་ལ། ཨཱ་ཨཱ་ཧཱུྃཿགུ་རུ་བི་མ་ལ་ཧ་རི་ནི་ས་ཙིཏྟ་ཧྲིཾ་ཧྲིཾ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཿ། ཞེས་ཅི་འགྲུབ་ཏུ་བཟླས་པའི་མཐར་སྣང་སྲིད་ཐམས་ཅད་བླ་མ་ལ་ཐིམ། བླ་མ་རང་གི་སྙིང་གར་ཐིམ་ནས། རང་ཡང་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་དར་ཅིག་མཉམ་པར་གཞག་གོ། །རྗེས་སྣང་རྨི་ལམ་སྒྱུ་མའི་ངང་ལས། བླ་མ་ཡི་དམ་མཁའ་འགྲོའི་རྣམ་པར་གསལ་བཏབ་ལ། འགྲོ་བ་དང་འདུག་པ་ལ་སོགས་པ་བྱ་ཞིང་། གཏོར་ཚོགས་བདུད་རྩིར་བྱིན་གྱིས་བརླབས་ཏེ་བླ་མ་ཡི་དམ་མཁའ་འགྲོ་གསལ་བཏབ་ལ་རྩ་བའི་སྔགས་ཀྱི་རྗེས་ལ། བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ་ནས། དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་ཅིང་། རྟེན་རྣམས་རང་ལ་བསྡུ་བར་བྱའོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབས་པས། དངོས་སུ་བག་དྲོ་ཞིང་བྱིན་ཆེ་ལ། ལྟ་བ་དང་སྒོམ་པའི་རྟོགས་པ་དང་ནུས་མཐུ་ཕྱོགས་མེད་དུ་སྐྱེ་ལ། ཉམས་སྣང་དུ་བླ་མ་མཁའ་འགྲོ་ཡོད་པ་སྙམ་པ་དང་། རྨི་ལམ་དུ་པཎྜི་ཏ་དང་། རབ་ཏུ་བྱུང་བ་རྣམ་དག་དང་། ཁྱེའུ་དང་། བུ་མོ་དང་། བུད་མེད་རྒྱན་ཆས་བརྒྱན་པ་མང་པོ་རྨི་ཞིང་། ཉི་ཟླ་ཤར་བ་དང་། དར་ཕྱར་བ་དང་། རྔ་བརྡུང་བ་དང་དུང་འབུད་པ་དང་མེ་ཏོག་གི་ཚལ་ལ་འདུག་པ་ལ་སོགས་པ་རྨིའོ། །འདིས་ནི་ཚེ་འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །

དེ་ལྟར་བཀོད་པའི་དགེ་བས་འགྲོ་བ་ཀུན། །བླ་མའི་གོ་འཕང་མཐའ་ཡས་ཐོབ་པར་ཤོག །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ཡི་དམ་ཡིད་བཞིན་ནོར་བུ།

༄༅། །ཡི་དམ་ཡིད་བཞིན་ནོར་བུ་བཞུགས་སོ། །

༄༅། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར། །ཡི་དམ་ཡིད་བཞིན་ནོར་བུ་བྲི། །

དང་པོ་དབེན་ཞིང་ཡིད་དུ་འོང་བའི་(༧༨)གནས་སུ་ཐོ་རངས་ཀྱི་ཆ་ལ་ལངས་ཏེ། སྐྱིལ་མོ་ཀྲུང་གིས་འདུག་ནས། རླུང་གསུམ་ཕྱིར་བུས་ཏེ། དལ་བུས་བཟུང་རྗེས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། ཨཱ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧྃ། གིས་སྟོང་པར་བསམ་པའི་ངང་ལས། པཾ་ལས་པདྨ་དམར་པོ་གཅིག་གི་སྟེང་དུ་རཾ་ལས་ཉི་མ་འོད་འབར་བའི་དབུས་སུ། རང་ཉིད་འོད་དཔག་མེད་དམར་པོ་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ། དར་དམར་སེར་གྱི་ཤམ་ཐབས་ཅན། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པས་བརྒྱན་ཞིང་། འོད་འཕྲོ་བའི་སྙིང་གར་པདྨ་འདབ་བཞིའི་དབུས་སུ་ཉི་མ་ལ་ཧྲཱིཿདམར་པོ་འོད་འཕྲོ་བའི་འོད་ཀྱིས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉི་ཟླ་ལ་སོགས་པའི་ཚེ་དང་། བསོད་ནམས་དང་། གཟི་བརྗིད་ཐམས་ཅད་བསྡུས་ནས་རང་གི་ལུས་ཁེངས་པར་བསམ་པའི་སྤྱི་བོར་བདེ་ཆེན་འཁོར་ལོ་ན་པདྨ་ཉི་ཟླའི་དབུས་སུ། ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་མཉམ་གཞག་མཛད་པའི་སྦྱོར་མཚམས་སུ་ཧྲཱིཿའི་འོད་ཕོག་པས་བྱང་སེམས་ཚེའི་བདུད་རྩི་དཀར་དམར་འདྲེས་པའི་རྒྱུན་ན་ར་ར་བྱུང་ནས། རྐང་མཐིལ་ནས་སྤྱི་བོའི་བར་དུ་ཁེངས། ཧྲཱིཿལ་ཕོག་པས་བདེ་བ་ཆེན་པོར་ཕྲི་ལི་ལི་སོང་བར་བསམས་ཏེ། འོག་རླུང་ཅུང་ཟད་འཐེན། སྟེང་རླུང་མནན་ཏེ། སྙིང་གར་ཁ་སྦྱར་ལ་གཟུང་ཞིང་། མ་ཡེངས་པར་སྒོམ་པ་རྒྱུན་རིང་དུ་བྱས་ནས་བཟླས་པ་བྱེད་ན་རླུང་དང་བསྟུན་ལ། ལྕེ་རྩེ་ཡ་རྐན་ལ་བཟློག །སོ་དང་མཆུ་བག་ཙམ་མ་རེག་པས་འོག་རླུང་འཐེན་ནས་ཧྲཱིཿཧྲཱིཿཞེས་རིང་དུ་བརྗོད་པས། ལུས་སེམས་བདེ་ཕྲི་ལི་ལི་མ་བྱུང་གི་བར་དུ་བརྒྱའམ་སྟོང་བཟླས་པའི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་ལ་སོགས་པའི་འཆི་མེད་ཚེའི་བདུད་རྩི་བསྡུས་ཏེ། ཆར་བཞིན་བྱུང་བ་སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ལ་བཟླས་པ་བྱའོ། །འཕྲོ་གཅོད་དུས་ཧྲཱིཿལས་འོད་འཕྲོས་པས། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དམར་ལམ་གྱིས་འོད་དུ་ཞུ་ནས། སྙིང་གའི་ཧྲཱིཿལ་ཐིམ་པས་ཚེ་མི་འགྱུར་བའི་དངོས་གྲུབ་ཐོབ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་ལ་སོགས་པ་ཐམས་ཅད་འོད་དུ་ཞུ་ནས་ཧྲཱིཿལ་ཐིམ་པས། (༧༩)རྡོ་རྗེ་ལྟ་བུའི་ཚེར་འགྱུར་བར་བསམས་ལ་རླུང་བཟུང་ནས་ཧྲཱིཿལ་མ་ཡེངས་པར་གཏད་ལ་དར་ཅིག་བསྒོམ་པའི་རྗེས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་བྱ་སྟེ། མཆིལ་མ་ཁོང་དུ་མིད་པར་བྱའོ། །དེ་ལྟར་རྩ་བའི་སྒྲུབ་པ་ཞག་ཉི་ཤུ་རྩ་གཅིག་བྱས་ནས། ཕྱིས་ཐུན་མ་ཆག་ཙམ་རེ་བྱས་པས། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་གྲོལ་ནས། ཚེ་རིང་ཞིང་ནད་མེད་པར་འགྱུར་རོ། །རྨི་ལམ་དུ་ལོ་ཏོག་ལེགས་པ་དང་། བཙས་མ་བརྔ་བ་དང་། འབྲུའི་ཕུང་པོ་དང་། ཉི་ཟླ་ཤར་བ་དང་། ཕ་རོལ་པའི་རིགས་མང་པོ་འདུ་བ་དང་། དངོས་པོ་ལ་གྲངས་འཇལ་བ་རྨི་དུས་འགྲུབ་པ་ཡིན་ནོ། །ཚེ་ཟད་པ་ལས་ཀྱང་ལོ་བདུན་བདུན་གྱིས་ཕྱིར་འཕེལ་བར་བྱེད་དོ། །ཞག་བདུན་བསྒྲུབ་ན་ལོ་གཅིག་གི་བར་དུ་འཆི་བ་བཟློག་གོ། །ཞག་བཅུ་བཞིས་ལོ་གཉིས་དང་། ཉེར་གཅིག་གིས་ལོ་གསུམ་ལ་སོགས་པ་ཚེ་འཕེལ་བར་བྱེད་དོ། །འདི་ནི་ཞལ་ནས་བརྒྱུད་པ་ཡང་གསང་གནད་ཀྱི་མན་ངག་ཡི་གེར་བཀོད་པས། ཆིག་བརྒྱུད་གཅིག་ལས་སྤེལ་བར་མི་བྱའོ། །ཤིན་ཏུ་ཟབ་པའི་ཡང་གནད་གསང་བ་དམ་པའོ། །

དེ་ལྟར་འཆི་མེད་ཚེ་ཡི་སྒྲུབ་ཐབས་ཤིག །ཡི་གེར་བཀོད་པས་དགེ་བས་འགྲོ་བ་ཀུན། །ཚེ་དཔག་མེད་པའི་གོ་འཕང་རབ་ཐོབ་ནས། །རྡོ་རྗེའི་ཚེ་ལྡན་དོན་གཉིས་ལྷུན་གྲུབ་ཤོག །ཡི་དམ་གྱི་ཚེ་སྒྲུབ་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

མཁའ་འགྲོ་ཡིད་བཞིན་ནོར་བུ།

༄༅། །མཁའ་འགྲོ་ཡིད་བཞིན་ནོར་བུ་བཞུགས་སོ། །

༄༅། །འདོད་དགུ་མ་ལུས་གྲུབ་མཛད་པ། །མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །མཁའ་འགྲོ་ཡིད་བཞིན་ནོར་བུ་བྲི། །

དང་པོ་དབེན་ཞིང་ཉམས་དགའ་བའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ལ། ཨ་ཨ་ཨ་ཞེས་བརྗོད་པས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་དབུས་སུ་རོའི་གདན་ལ་རྡོ་རྗེ་ཕག་མོ་ནམ་མཁའི་མདོག་ཅན། གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་གཡོན་བརྐྱངས་པས་གར་མཛད་(༨༠)པ། གཅེར་བུ་སྤྱན་གསུམ་པ་སྐྲ་གྲོལ་ཞིང་ནུ་མ་འཕྱང་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་། གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པ། ཕག་ཞལ་མཐིང་ནག་གྱེན་ལ་ངུར་ཞིང་མི་མགོའི་དབུ་རྒྱན་དང་དོ་ཤལ། མི་ལྤགས་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་། རིན་པོ་ཆེ་ཡིས་བརྒྱན་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། ཕཊ་དང་ཕཻམ་གྱི་སྒྲ་སྒྲོགས་ཤིང་། མེའི་འོད་ཕུང་འབར་བའི་དབུས་ན་རིགས་བཞིའི་མཁའ་འགྲོས་བསྐོར་བར་བསམ་པའི་སྙིང་ནང་ན་ཉི་མའི་དབུས་སུ་འོད་ཀྱི་གཡུང་དྲུང་འཁྱིལ་པའི་དབུས་སུ་ཨ་མཐིང་ག །ཤར་དུ་ཧ་དཀར་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ་བསམ་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་མཁའ་འགྲོ་སྡེ་ལྔ་ཐོན་ནས་ནམ་མཁའི་དབྱིངས་གང་སྟེ། ཨ་ཧ་རི་ནི་སའི་སྒྲ་སྒྲོགས་ཤིང་། དངོས་གྲུབ་ཅི་འདོད་ཆར་དུ་འབེབས་པར་བསམ་ལ་རླུང་ཁ་སྦྱར་དུ་གཟུང་སྟེ་མ་ཡེངས་པར་བསྒོམ་ལ། བཟླས་པ་བྱེད་པར་འདོད་ན་སྙིང་ནང་གི་གཡུང་དྲུང་འཁྱིལ་པ་གཡས་བསྐོར་དུ་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཁྲུགས་པས་སྣང་སྲིད་ཐམས་ཅད་གཡོ་ལྡེག་འཕར་ཞིང་དབང་དུ་བསྡུ་བ་དང་། ཚེ་དང་ནོར་འཕེལ་བ་དང་། ནད་དང་གདོན་བགེགས་ཞི་བར་བསམ་མོ། །མཁའ་འགྲོས་ནམ་མཁའ་གང་བ་ཐམས་ཅད་ཀྱིས་སྔགས་ཟློས་པར་བསམ་ལ། ཨ་ཧ་རི་ནི་ས་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ་སི་དྷི་ཕ་ལ་ཧོཿ ཞེས་བཟླས་པས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་ལ། སྣང་བ་ཐམས་ཅད་མཁའ་འགྲོའི་རང་བཞིན། སྒྲ་སྐད་ཐམས་ཅད་རིག་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །ཐུན་རྗེས་མཁའ་འགྲོའི་རྣམ་པ་མི་བསྡུ་བར་གསལ་གདབ་ལ་བསྔོ་བ་བྱའོ། །དེ་ལྟར་ཞག་ཉེར་གཅིག་བསྒོམས་པས། དངོས་སུ་ཉམས་འབར་ཞིང་མི་ནོར་ཟས་གོས་ཀྱི་འདུ་བ་རྒྱ་ཆེ་ཞིང་རྨི་ལམ་དུ་བུད་མེད་ཀྱི་ཚོགས་མང་པོ་རྨིའོ། །སྒྲུབ་དུས་གཏོར་ཚོགས་དང་མེ་ཚོགས་ཆེར་བྱའོ། །དེ་ཡང་མེ་ནང་དུ་མཁའ་འགྲོ་བསམ་(༨༡)ལ་ཟས་སྣ་དང་། འབྲུ་སྣ་དང་། དར་ཟབ་དང་། རིན་པོ་ཆེ་དང་། མི་དང་ལུང་པའི་མིང་བྱང་བསྲེགས་ལ། རྩ་སྔགས་བརྗོད་ཅིང་རིག་པ་ངར་བསྐྱེད། བཀྲ་ཤིས་བརྗོད་དོ། །གཏོར་མའང་བདུད་རྩིར་བསམ་ལ། རྩ་སྔགས་བདུན་གྱིས་ནམ་ཕྱེད་ན་དབུལ་ལོ། །དེའང་སངས་རྒྱས་མཁའ་འགྲོས་ལྟ་བ་བློ་འདས་ཆེན་པོའི་དངོས་གྲུབ་སྟེར། དམ་ཚིག་ཏུ་ཡིན་མིན་གྱི་ཐེ་ཚོམ་མི་བྱ། རྡོ་རྗེ་མཁའ་འགྲོས་སྒོམ་པ་འོད་གསལ་ལྷུན་གྲུབ་སྟེར། དམ་ཚིག་ཏུ་བྱིང་རྒོད་ཀྱི་དགྲས་ཡེངས་སུ་མི་འཇུག །པདྨ་མཁའ་འགྲོས་སྤྱོད་པ་ཆགས་མེད་རང་གྲོལ་སྟེར་ཞིང་འགྲོ་བ་དབང་དུ་སྡུད། དམ་ཚིག་ཏུ་བུད་མེད་བསྟེན་ཞིང་བདེ་སྟོང་གི་དོན་བསྒོམ། རིན་ཆེན་མཁའ་འགྲོས་དངོས་གྲུབ་རྣམ་གཉིས་སྟེར་བས་ཞེན་ཆགས་དང་རེ་དོགས་མི་བྱ། ཁྱད་པར་དུ་རིན་ཆེན་མཁའ་འགྲོས་ཟས་ནོར་གྱི་ཆར་འབེབས། དམ་ཚིག་ཏུ་ཆགས་མེད་སྦྱིན་པའི་ཚོགས་འགྱེད། ལས་ཀྱི་མཁའ་འགྲོས་གདོན་བགེགས་བར་ཆད་སེལ། དམ་ཚིག་ཏུ་མི་ཕོད་པ་ལ་ཐོག་བརྫིས་དང་གདུག་རྩུབ་སྨྱོན་པའི་སྤྱོད་པ་བྱའོ། །དེས་ནི་མྱུར་དུ་འགྲུབ་པ་ཡིན་ནོ། །དགེ་བས་འགྲོ་ཀུན་མཁའ་འགྲོའི་དངོས་གྲུབ་ཤོག །མཁའ་འགྲོ་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

དགེའོ།། །།

ངེས་དོན་བྱང་ཆུབ་སྙིང་པོ།

༄༅། །ངེས་དོན་བྱང་ཆུབ་སྙིང་པོ་བཞུགས་སོ། །

༄༅། །དོན་ཟབ་ཀུན་གྱི་འབྱུང་གནས་ཆེ། །བླ་མ་མཆོག་ལ་ཕྱག་འཚལ་ནས། །རབ་གསང་མན་ངག་བླ་ན་མེད། །ངེས་དོན་བྱང་ཆུབ་སྙིང་པོ་བྲི། །

མངོན་སུམ་སྙིང་པོའི་དོན་ཉམས་སུ་ལེན་པའི་གྲོགས་སུ་རང་སྣང་ཡེ་ཤེས་ཆེན་པོའི་ཟབ་དོན་འདི་ལྟར་བསྒོམ་སྟེ། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་པའི་པུས་མོ་གཉིས་ལ་ལག་པས་ཐལ་མོ་བཀབ་ནས་རྒྱུ་ཞབས་སྒལ་པ་ལ་སྦྱར་ཏེ། མཇིང་པ་ཅུང་ཟད་ཕྱིར་དགྱེ་ལ་རླུང་རང་ལུགས་སུ་དལ་བར་རྒྱུ་བ་ན། འོག་རླུང་འཐེན་ཏེ་སྟེང་རླུང་ཁད་ཀྱིས་ཅུང་ཟད་མནན་ལ། འཁོར་ལོ་བཞིའི་དབུས་ཀྱི་རྩ་གསུམ་གསལ་བཏབ་ལ། དབུ་མའི་ནང་ལྟེ་བའི་ཐད་ཀ་ན་ཨ་ཤད་དམར་པོ་ལས་མེ་རྟ་རྔ་ཙམ་ཡར་སོང་(༨༢)བས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཧཾ་དཀར་པོ་ལ་ཕོག་ནས། བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་རྒྱ་ཁབ་ཙམ་མར་བབས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། ཡང་བབས་པས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཨེ་མཐིང་ག་ལ་ཞུགས་པས། བདེ་ཕྲི་ལི་ལི་གང་བ་ལ། དར་ཅིག་སེམས་བཟུང་བའི་རྗེས་ལ་ལྟེ་བ་སྤྲུལ་བའི་རྩ་འདབ་ཏུ་སོང་བས་ཨ་ཤད་ལ་ཕོག་མེའི་གསོས་བྱས། བ་སྤུའི་བུ་གའི་བར་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་འདྲེས་པས་ཁྱབ་པའི་བདེ་བ་ལ་ཡུན་རིང་དུ་བསྒོམས་པས། ཕྲ་རགས་ཀྱི་རྟོག་པ་བདེ་བ་ཆེན་པོའི་ངང་དུ་ནུབ་ནས། བདེ་བའི་སེམས་ལ་ཅེ་རེ་མ་ཡེངས་པར་གཏད་ལ་བསྒོམས་པས། མི་རྟོག་པ་དང་བདེ་གསལ་གྱི་ཡེ་ཤེས་ཞི་ལྷག་ཟུང་འཇུག་ཆེན་པོ་སྐྱེའོ། །དེ་ནས་བསམ་གྱིས་མི་ཁྱབ་པའི་འོད་གསལ་ལ་བསྒོམ་པ་ནི། སྤྱི་བོའི་ཧཾ་ལས་དྭངས་མ་དཀར་པོ་ཐམས་ཅད་འདུས་པའི་གོང་བུ་དཀར་པོ་མཐེ་བོང་ཙམ་མར་བྱུང་། ལྟེ་བའི་ཨ་ལ་དྭངས་མ་དམར་པོ་ཐམས་ཅད་འདུས་པ་མཐེ་བོང་ཙམ་པ་ཡར་སོང་བས། སྙིང་གའི་ཨེ་ལ་འདྲེས་ཏེ། དྭངས་མ་དཀར་དམར་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་མཐེ་བོང་ཙམ་དངས་ལ་འོད་གསལ་བའི་ངང་ལ་དར་ཅིག་མཉམ་པར་བཞག་ནས་སེམས་བཟུང་བས། དུ་བ་དང་སྨིག་སྒྱུ་ལ་སོགས་པའི་སྣང་བའི་འོད་གསལ་འཆར་རོ། །དེ་ནས་འོད་ཀྱི་གོང་བུ་དེ་ཇེ་ཆུང་ཇེ་ཕྲ་ལས་མཐར་ཅི་ཡང་མ་གྲུབ་པའི་ངང་ལ་ཕྱམ་མེར་བསྒོམས་པས། སེམས་ཀྱི་འཕྲོ་འདུ་གང་ཡང་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་སྤྲོ་བསྡུ་དང་བྲལ་བ་འཆར་རོ། །དེའི་ངང་ལ་རྒྱུན་བསྲིང་བས་ཕྱི་ནང་བར་གསུམ་གཅིག་ཏུ་འདྲེས་ཏེ། ལུས་མེད་པ་སྙམ་པ་དང་། གང་ལ་ཡང་དམིགས་པ་མེད་པ་དང་། མཉམ་གཞག་ལས་འབྲལ་མི་ཕོད་པ་དང་། ཅི་སྣང་བདེ་བར་འཆར་བ་དང་། ངག་བརྗོད་སྙིང་མི་འདོད་པ་དང་། ཕྲ་རགས་ཀྱི་འཛིན་པ་ནུབ་པ་དང་། ཉིན་མཚན་འོད་གསལ་ལས་མི་གཡོ་བ་དང་། མདོག་སྣུམ་པ་དང་། མཁའ་འགྲོ་རང་བཞིན་གྱིས་འདུ་བ་དང་། སྐྱེ་བོས་བཀའ་ཉན་པ་དང་། ཚེ་རིང་ཞིང་ལོངས་སྤྱོད་དང་ལྡན་པ་(༨༣)དང་། འཆི་ཁར་འོད་གསལ་གྱི་དགོངས་པ་གསལ་བ་དང་། འདས་དུས་འཇའ་འོད་དང་རིང་བསྲེལ་འབྱུང་བ་དང་། བར་དོར་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་ཡོན་ཏན་གྱི་དྲོད་རྟགས་ཕུན་སུམ་ཚོགས་པ་དང་། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་། །

འདི་ནི་ཡང་ཟབ་གདམས་པའི་ཉིང་ཁུ་སྟེ། །མངོན་སུམ་བསྒོམ་པའི་གྲོགས་སུ་གནད་ཆེ་བས། །སྐལ་ལྡན་རྣམས་ཀྱིས་བརྩོན་ཞིང་བསྒྲུབ་པར་མཛོད། །དགེ་བས་འགྲོ་ཀུན་བྱང་ཆུབ་མཆོག་རེག་ཤོག །ངེས་དོན་བྱང་ཆུབ་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་དཔལ་བསམ་གྱིས་མི་ཁྱབ་པའི་གནས་སུ་བཀོད་པ་རྫོགས་སོ།། །།

མཐར་ཐུག་ཡིད་བཞིན་སྙིང་པོ།

༄༅། །མཐར་ཐུག་ཡིད་བཞིན་སྙིང་པོ་བཞུགས་སོ། །

༄༅། །རིམ་གསུམ་བརྒྱུད་པ་མཁའ་འགྲོར་བཅས། །ཨོ་རྒྱན་རྒྱལ་ལ་ཕྱག་འཚལ་ཏེ། །མཐར་ཐུག་ཡིད་བཞིན་སྙིང་པོའི་མཆོག །འགྲོ་ལ་ཕན་པའི་དོན་དུ་བྲི། །

གང་གི་ཚེ་གྲོང་ཁྱེར་པདྨ་ཅན་ན། ཁྱེའུ་སྣང་བ་དམ་པ་གནས་པ་ལ་ལྟོས་ཤིག །ཞེས་ཐོས་པའི་དོན་ཉམས་སུ་ལེན་པ་ནི། རྐྱེན་ཐོག་ཏུ་ཐུག་ཕྲད་དུ་བཏང་བས། རྗེས་མེད་རང་གསལ་དུ་གྲོལ་ནས། ངང་དྭངས་རྙོག་པ་དང་བྲལ་བས། ཡེ་བདེ་ཆོས་ཉིད་དུ་འཆར་བའི་གནད་ལ་རྣམ་པ་བརྒྱད་ལས། དང་པོ་གནས་ལུགས་ཐུག་ཕྲད་དུ་གྲོལ་བ་ནི། སེམས་ལས་འདས་པའི་ཡེ་ཤེས་རང་ཤར་གྱི་དགོངས་པ་འཕྲོ་གནས་གང་གི་ཚེ་ནའང་ཡོད་ལ། ངོས་མ་ཟིན་པ་ཉིད་བཙན་ཐབས་སུ་གཟུང་བ་ནི། སེམས་འཆར་རམ་གནས་དུས་རང་ངོ་ལ་ཅེར་གྱིས་བལྟས་པས། འཕྲོ་གནས་གང་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཕྱེད་པ་རྗེན་ལ་བུད་ནས། ཨ་ཕྱེས་སེ་ཕྱམ་གདལ་ལེ་བ་ཡིན་མིན་གྱིས་རྩིས་གདབ་དང་བྲལ་བ་ཟང་ཐལ་དུ་ཤར་བ་ངོས་ཟིན་ནས། དེའི་ངོ་བོ་ལ་མ་ཡེངས་པར་བྱས་པས། ཀུན་རྟོག་དབྱིངས་སུ་ནུབ་པས་ཆོས་སྐུ་རང་ཤར་ཞེས་བྱའོ། །གཉིས་པ་ཉམས་སྣང་ཐུག་ཕྲད་དུ་གྲོལ་བ་ནི། དེ་ཉིད་གོམས་པ་ལས་བདེ་བ། གསལ་བ། མི་རྟོག་པ། བསམ་མི་ཁྱབ་པའི་ཉམས་ཤར་དུས། (༨༤)ཆགས་ཞེན་གྱི་འཁྲིས་ཡོད་པས་ཉམས་དེའི་ངོ་བོ་ལ་སྔ་མ་ལྟར་ཅེར་གྱིས་བལྟས་པས། མཐར་འཛིན་གྱི་ཤེས་པ་དང་བྲལ་བར་མཐོང་སྟེ། དེ་ཉིད་ངོས་བཟུང་བས་རློམ་སེམས་དང་དགག་སྒྲུབ་ཀྱི་ཞེན་འཛིན་གྲོལ་ལོ། །གསུམ་པ་རྐྱེན་ངན་ཐུག་ཕྲད་དུ་གྲོལ་བ་ནི། དེའི་ཚེ་ལས་ངན་འདག་པའི་ལྷོངས་སུ་ཕྱི་ཡུལ་གྱི་རྐྱེན་ངན་བརྩེགས་མར་འཆར་ཏེ། བརྡུངས་འཕྲོག་རྐུ་བརླག་གཏམ་ངན་ལ་སོགས་པ་དང་། མི་འདོད་པ་སྣ་ཚོགས་འབྱུང་ཡང་། བཟེ་རེ་སྔོན་བས་ཆེ་བ་འཆར་དུས་རྐྱེན་ངན་ལ་ཟུག་གཟེར་རིམ་གྱིས་ཤར་བས་ཤེས་པ་རྩལ་རྫོགས་པ་དེ་ཉིད་ལ་ཅེར་གྱིས་ཁ་ནང་དུ་བལྟས་པས། སྐད་ཅིག་དེ་ཉིད་ལ་རང་ཞི་ནས། སྟོང་གསལ་རང་བྱུང་གི་ཡེ་ཤེས་གསལ་དག་ཆེན་པོར་འཆར་རོ། །བཞི་པ་ཡུལ་སྣང་ཐུག་འཕྲད་དུ་གྲོལ་བ་ནི། རེས་འགའ་ཡུལ་ལྔའི་འདོད་པ་ལ་སེམས་ཡེངས་དུས་ཡུལ་ཐོག་དེར་ཤེས་པ་ཧུར་ཕྱུང་ལ་ཅེར་གྱིས་བལྟས་པས། རང་གསལ་སྒྲིབ་གཡོགས་མེད་པར་འཆར་ཏེ། ཡུལ་དྲུག་ཆོས་ཉིད་དུ་གྲོལ་བ་ཞེས་བྱའོ། །ལྔ་པ་ན་ཚ་ཐུག་ཕྲད་དུ་གྲོལ་བ་ནི། དེ་ཡང་སྔར་བས་ནད་མང་བ་ལྟ་བུ་བྱུང་དུས། ནད་ཀྱི་ཟུག་ལྷང་ལྷང་པོ་དེ་ག་དགེ་སྦྱོར་གྱི་མཐིལ་དུ་བྱས་ཏེ། ཟུག་གི་ཤེས་པ་དེ་ལ་ཅེར་རེ་བལྟས་པས་ན་རྒྱུ་དང་ན་མཁན་གང་ཡང་མེད་པར་རྗེན་ཁྲིས་སེ་འཆར་བས་དེ་ཉིད་ངོས་གཟུང་ངོ་། །དྲུག་པ་འདྲེ་གདོན་ཐུག་ཕྲད་དུ་གྲོལ་བ་ནི། དེ་དུས་བགེགས་རྣམས་མི་བཟོད་པས་ཆོ་འཕྲུལ་སྟོན་ཏེ། ཆོ་འཕྲུལ་གང་བྱུང་བ་དེའི་ངོ་བོ་ངོས་གཟུང་ལ་བལྟས་པས། འཇིགས་མཁན་དང་འཇིགས་ཡུལ་ཐུག་ཕྲད་ལ་གྲོལ་ནས་འཇིགས་སྔངས་ཆོས་ཉིད་ཀྱི་འཁོར་ལོར་ཤར་བའོ། །བདུན་པ་དུག་ལྔ་ཐུག་ཕྲད་དུ་གྲོལ་བ་ནི། འདོད་ཆགས་ལ་སོགས་པའི་རྟོག་པ་རིམ་གྱིས་སྐྱེས་པ་ན་རྩལ་རྫོགས་རྟིང་ངོས་གཟུང་སྟེ། དེ་ཐོག་ཏུ་ཅེར་རེ་ཧུར་ཕྱུང་ནས་བལྟས་པས་ཉོན་མོངས་པའི་རྣམ་རྟོག་ཡེ་ཤེས་སུ་ཤར་ཏེ། སྔར་བས་བདེ་གསལ་དྭངས་ཕྱེད་པ་མི་རྟོག་པའི་ངར་དང་བཅས་པ་འཆར་རོ། །བརྒྱད་པ་འཆི་རྟོག་ཐུག་ཕྲད་དུ་གྲོལ་བ་ནི། དེ་དུས་སྐབས་སུ་ཐེ་ཚོམ་སྣ་ཚོགས་པ་ཆོས་དང་རང་གི་སྒོམ་ལ་འཆར་ཞིང་འཆི་བས་འཇིགས་པའི་རྟོག་པ་འཆར་བས་ཐེ་ཚོམ་ལ་ཕྱི་ནང་གི་ཡུལ་སེམས་ཐེ་ཚོམ་(༨༥)གྱི་རྟོག་པ་དང་བཅས་པ་ལ་ཅེར་གྱིས་བལྟས་པས། གཞི་མེད་ནམ་མཁའ་ལྟ་བུར་མཐོང་ནས། གང་ལའང་ཐེ་ཚོམ་མི་བྱ་སྟེ། གཞི་མེད་རྩ་བྲལ་དུ་རྟོག་པས་སེལ་ལ། འཆི་རྟོག་གི་ངོ་བོ་ལ་ཅེར་རེ་བལྟས་པས་རྗེས་མེད་རང་གསལ་སྟོང་པར་མཐོང་ཞིང་ལུས་རྡུལ་ཕྲན་ཆ་མེད་པར་འདོར་ཡང་རིག་པ་དངོས་མེད་རང་གསལ་ལ་འཆི་རྒྱུ་མེད་ལ། རིག་པའི་ངོ་བོ་ལ་བལྟས་པས། སྐྱེ་ཤི་གཞི་བྲལ་ཆེན་པོ་མཐོང་སྟེ། འཆི་མེད་གཉུག་མའི་ཡེ་ཤེས་མཐོང་ནས། འཆི་བས་མི་འཇིགས་པའི་གདིང་ཆེན་པོ་རྙེད་པའོ། །དེ་དག་གི་གང་ཟག་གཅིག་གི་ལམ་གྱི་ཆ་རྐྱེན་རྫོགས་པ་ཡིན་ནོ། །

རང་བྱུང་རིག་པ་རྒྱ་ཡན་ཕྱོགས་མེད་ལ། །སེམས་ཀྱི་ཆར་བཟུང་མདུད་པ་ཤིག་ལ་ཐོང་། །དགེ་བས་འགྲོ་ཀུན་གདོད་ནས་བྱང་ཆུབ་ཆེ། །ལྷུན་མཉམ་ཡངས་པ་ཆེན་པོའི་གནས་ཐོབ་ཤོག །མཐར་ཐུག་ཡིད་བཞིན་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

འཕོ་བ་འོད་གསལ་སྙིང་པོ།

༄༅། །འཕོ་བ་འོད་གསལ་སྙིང་པོ་བཞུགས་སོ། །

༄༅། །གདོད་ནས་མཁའ་མཉམ་ཡངས་པའི་མགོན། །ཀུན་བཟང་རྒྱལ་ལ་ཕྱག་འཚལ་ཏེ། །མི་གནས་དབྱིངས་སུ་འཇུག་བྱའི་ཕྱིར། །འཕོ་བ་འོད་གསལ་སྙིང་པོ་བྲི། །

དེའང་སྒྲ་ཐལ་འགྱུར་ལས་སྦྱངས་ཏེ་འཕོ་བ་ལ་སོགས་པར་མང་དུ་གསུངས་པ་དག་གི་ངེས་དོན་གནད་ཀྱི་གདམས་པ་ནི་འདི་ཡིན་ཏེ། དང་པོ་སྟན་བདེ་ལ་འདུག་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། བླ་མའི་རྣལ་འབྱོར་བསྒོམ་པའི་རྗེས་ལ། རང་གི་གསང་བ་ནས་སྤྱི་བོའི་བར་རྩ་དབུ་མ་མདའ་སྨྱུག་ཙམ་ཚངས་བུག་ཧ་རེ་སྐར་ཁུང་བཞིན་ཡོད་པའི་སྙིང་ག་ནས། འོད་ཀྱི་གོང་བུ་འཇའ་ཚོན་སྣ་ལྔའི་ར་བ་ཅན་གྱི་དབུས་ན། ཨ་མཐིང་ག་འཚེར་བ་སྲན་མའི་གའུ་ཙམ་གཅིག་བསྒོམ་པའི་ངང་ལ་སེམས་གཟུང་བས། གསལ་སྟོང་རང་བྱུང་ཡེ་ཤེས་ཀྱི་འོད་གསལ་སྐྱེའོ། །དེ་ནི་ལོངས་སྐུའི་འཆར་གཞི་གདོད་མའི་མགོན་པོ་འོད་མི་འགྱུར་བ་ཀུན་བཟང་ཡབ་ཡུམ་དབྱེར་མེད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨ་ཨ་ཨཱ་ཞེས་བརྒྱ་རྩ་བརྒྱད་དབྱངས་དང་བཅས་པ་བརྗོད་པས་གོང་བུ་དེ་ཇེ་མཐོ་ཇེ་མཐོར་སོང་བས་ཚངས་བུག་ནས་(༨༦)ཐོན་ཏེ། སྟེང་གི་ནམ་མཁའ་ལ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་ལྷུན་འགྲུབ་སྟུག་པོ་བཀོད་པའི་རིགས་ལྔ་བཞུགས་པའི་གཙོ་བོ་རྣམ་སྣང་ཡབ་ཡུམ་གྱི་ཐུགས་ཀར་མདའ་འཕངས་པ་ལྟར་སོང་ནས་ཞིང་ཁམས་དེ་ཡང་གོང་ནས་གོང་དུ་ཇེ་མཐོ་ཇེ་མཐོར་སོང་བས་མཐར་དམིགས་སུ་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་དབྱིངས་དང་དབྱེར་མེད་པའི་ངང་དུ་སོང་བ་ལ། རིག་པ་གློད་ནས། ཨ་གྲངས་མེད་པ་དབྱངས་རིང་པོས་བརྗོད་པས། སྟོང་གསལ་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ངང་ལ་གནས་པའོ། །དེ་ལྟར་ཉིན་མཚན་བདུན་སྦྱངས་པས་ཚངས་བུག་དོད་ནས་ཁབ་དང་ཤིང་བུ་ཚུགས་པ་འབྱུང་ངོ་། །དེ་ནས་དམིགས་པ་ཉིན་ཞག་ཕྲུགས་རེ་ལ་ལན་རེ་བྱའོ། །དེས་ནི་བར་དོའི་འོད་གསལ་ངོས་ཟིན་ནས་གྲོལ་ཏེ། སྲིད་པ་བར་དོའི་གཡང་ས་མི་མཐོང་ཞིང་། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས། ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པ་ལ་མངའ་དབང་འབྱོར་པ་ཡིན་ནོ། །

དེ་ལྟར་མངོན་སུམ་ལམ་གྱི་ཆ་རྐྱེན་དུ། །རྒྱུད་དང་མན་ངག་ཞལ་ནས་གསུངས་པའི་དོན། །བླ་མ་ལས་ཐོས་ཉམས་སུ་བླངས་དེ་བཞིན། །ལེགས་བཀོད་དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །འཕོ་བ་འོད་གསལ་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསང་བ་ཡིད་བཞིན་མཆོག་གི་གནས་སུ་ལེགས་པར་བཀོད་པ་རྫོགས་སོ།། །།དགེའོ།། །།

ངོ་སྤྲོད་དྲན་པའི་མེ་ལོང་།

༄༅། །ངོ་སྤྲོད་དྲན་པའི་མེ་ལོང་བཞུགས་སོ། །

༄༅། །དཔལ་མཆོག་དང་པོའི་རྒྱལ་བ་ལ་བཏུད་དེ། །འོད་གསལ་དྲི་མེད་ཉི་མའི་སྙིང་པོ་ནི། །ངེས་དོན་རྟགས་ཀྱི་རིམ་པར་མཚོན་པའི་ཐབས། །ངོ་སྤྲོད་དྲན་པའི་མེ་ལོང་གསལ་བར་བྲི། །

ནང་གི་ཁམས་རང་བཞིན་གྱིས་འོད་གསལ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་ཡིད་ཆེས་པར་མཚོན་པའི་དཔེ་དང་། དེའི་དོན་བསྟན་པ་ལ་གཉིས་ཏེ། སྣང་བ་ཡུལ་ལ་ངོ་སྤྲད་པ་དང་། སེམས་ཉིད་རིག་པ་ལ་ངོ་སྤྲད་པའོ། །

དང་པོ་ལ་གསུམ་སྟེ། རང་བཞིན་ལོངས་སྐུའི་དཔེ་འོད་སྣང་བ་ལ་ངོ་སྤྲད་པ། ཐུགས་(༨༧)རྗེ་སྤྲུལ་སྐུའི་དཔེ་དྲན་པ་ཡེ་ཤེས་ལ་ངོ་སྤྲད་པ། ངོ་བོ་ཆོས་སྐུའི་དཔེ་གཞི་རིག་པ་ལ་ངོ་སྤྲད་པའོ། །

དང་པོ་ནི་ནང་ལྷུན་གྲུབ་འོད་ལྔའི་རང་བཞིན་གྱི་གདངས་རྩ་ནས་རྒྱ་མཚོར་བརྒྱུད་དེ། ནམ་མཁའི་དབྱིངས་ལ་སྣང་བའི་ངོ་བོ་སྟེ། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་གསུངས་པ་དེ་ཉིད་དཔེ་དུ་མ་ནས་མཚོན་ན་གནས་དབེན་པ་ལ་ངོ་སྤྲོད་ཀྱི་ཁང་པ་ཕྱོགས་ཕྱེད་ཅིང་མཐོངས་ཁ་ཡངས་པར་རྡོ་རྗེ་སེམས་དཔའི་མེ་ལོང་དར་ཚོན་གྱིས་དྲིལ་བ་དང་། ཚོགས་གཏོར་བཟང་པོ་སྟ་གོན་དུ་བྱས་ཏེ། གསོལ་བ་གདབ་པ་དང་། མཎྜལ་འབུལ་བ་སྔོན་དུ་བཏང་ནས་ངོ་སྤྲད་པ་ལ་བདུན་ལས། དང་པོ་རིག་པ་དྲི་མ་མེད་པའི་ངང་ལས་རང་འོད་འཆར་བའི་དཔེ་ནི་ཤེལ་ཉིད་ལ་བལྟས་པས་དྲི་མ་མེད་པའི་དཔེས། རིག་པའི་ངོ་བོ་དྲི་མ་མེད་པ་མཚོན་ནོ། །དར་ཚོན་ཁ་དོག་སྣ་ལྔའི་སྟེང་དུ་རིམ་པས་གཞག་ལ་འབྱུང་ལྔའི་རླུང་གི་བྱེད་པས་སྣང་བ་ཐ་དད་དུ་འཆར་བ་ངོས་གཟུང་ངོ་། །ཟ་འོག་གི་སྟེང་དུ་བཞག་པས་བར་དོའི་འོད་གསལ་མཆེད་པ་མཚོན་ནོ། །གཉིས་པ་ངོ་བོ་གང་དུ་ཡང་མ་གྲུབ་ཀྱང་དེའི་ངང་ལས་འཆར་བའི་དཔེ་ནི། སྐར་ཁུང་གི་ཉི་ཞུར་ལ་ཤེལ་ཕྱར་དུས་འོད་ལྔར་ཤར་བ་ལ་ངོ་སྤྲད་དེ། རང་སྣང་འོད་ལྔར་ཤར་བ་ངོས་གཟུང་ངོ་། །གསུམ་པ་སྐུ་གསུམ་གྱི་འབྲེལ་བའི་དཔེ་ནི། སློབ་མའི་མིག་གཡོན་བཀབ། གཡས་ཀྱི་སྟེང་དུ་ཉི་ཞུར་གྱི་འོད་དེ་འཕོག་པར་བྱས་ལ་བལྟས་པས། ཤེལ་དང་། ཟེར་དང་ཉི་མའི་སྙིང་པོ་དང་གསུམ་དུས་གཅིག་ལ་མཐོང་བས་ན། ཉི་མ་ཆོས་སྐུ། ཤེལ་ལོངས་སྐུ། ཟེར་སྤྲུལ་སྐུར་མཚོན་པའོ། །བཞི་པ་ཟེར་སྐུའི་དཔེ་ནི། ཡང་ཤེལ་གཅིག་མིག་གཡས་ཀྱི་སྟེང་དུ་བཞག་ནས་སྔར་གྱི་དེ་ལ་བལྟས་པས། འོད་ཟེར་གྱི་ཐག་པ་གྲངས་མེད་པ་འཕྲོ་བ་མཐོང་སྟེ། སྐུ་ལས་འོད་ཟེར་གྱི་སྐུ་གྲངས་མེད་པ་འཕྲོ་བའི་མཚོན་བྱེད་དོ། །ལྔ་པ་རིག་པ་སྟོང་གསལ་གྱི་དཔེ་ནི། མིག་གི་སྟེང་གི་ཤེལ་ལ་ནང་འོད་བཀྲ་ལམ་མེ་འཕྲོ་བས་མཚོན་པའོ། །དྲུག་པ་ལོངས་སྐུའི་ངོ་བོའི་དཔེ་ནི། མཚན་མོ་མར་མེ་ལ་སྔར་བཞིན་བལྟས་པས་མཚོན་ནོ། །བདུན་པ་ལོངས་སྐུའི་དཔེ་ནི། དེ་ཉིད་ལས་(༨༨)འོད་ཟེར་ལྔ་འཕྲོས་བས་མཚོན་པ་ལ་ངོ་སྤྲད་དོ། །

དོན་གཉིས་པ་ཡེ་ཤེས་ལ་ངོ་སྤྲད་པ་ནི། ནང་གི་ཐུགས་རྗེ་རིག་པའི་ཡེ་ཤེས་ལྔའི་གདངས་རྩ་རྣམས་ཀྱི་ནང་ན་སྒྲོན་མའི་སྣང་བ་ཐིག་ལེ་ཐིག་ཕྲན་རང་འོད་དང་བཅས་པ་དང་ཁྱད་པར་དུ་མིག་ནས་སྒྲོན་མ་བཞིར་འཆར་བ་སྟེ། གཞི་ནས་རྒྱ་མཚོར་འབྲེལ་བ་ཡིས། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ལ་ལ་ནམ་མཁའི་དཀྱིལ་ན་གསལ། །ཞེས་པ་དང་། རྩ་རྣམས་ནང་ན་སྒྲོན་མའི་གདངས་སུ་གསལ། །ཞེས་པའི་དཔེ་ལའང་བདུན་ལས། དང་པོ་ཡེ་ཤེས་རང་གི་ངོ་བོའི་དཔེ་ནི། གནམ་དྭངས་པའི་ཚེ་ཉི་མ་དྲོས་པ་ལ་ཤར་གྱི་ཐད་དུ་དར་རམ་རས་ཡུག་ཁ་དོག་ལྔ་པ་བརྐྱང་སྟེ་རེ་རེའི་སྟེང་དུ་མེ་ལོང་རེ་བཞག་སྟེ། རྒྱ་མཚོར་ཤེལ་གྱི་སྒོ་བཙུག་ནས་ཟུར་གྱིས་གྱེན་དུ་བཏེག་ལ་བལྟས་པས་འོད་ཀྱི་སྣམ་བུ་དང་ཐིག་ལེ་འཆར་བས་མཚོན་ནོ། །གཉིས་པ་ཐིག་ལེའི་དཔེ་ནི། འཁར་ཕོར་དུ་བཙོད་ཆུ་ལ་སོགས་པས་བཀང་བ་ཐང་ལ་གཅལ་དུ་བཀྲམ་ནས། དེ་ལྟར་བལྟས་པས་མཚོན་ནོ། །གསུམ་པ་ཡེ་ཤེས་ཀྱི་འོད་ཀྱི་དཔེ་ནི། ཉི་མ་རྩེ་ཤར་ལ་རྫིང་བུ་ཆུས་བཀང་བའི་ནུབ་ནས་ཤར་དུ་དེ་ལྟར་བལྟས་པས་མཚོན་ནོ། །བཞི་པ་རིགས་ལྔའི་ཐིག་ལེའི་དཔེ་ནི། འཁར་ཕོར་ནང་དུ་ཤིང་བུ་མཐོ་རེའི་སྟེང་དུ་ཡང་འཁར་ཕོར་རེ་རེ་ལ་ཆས་སྦྱར་བས་བརྩེགས་མ་ལྔའམ་བདུན་གྱི་ནང་དུ་བཙོད་དང་རམས་ལ་སོགས་པའི་ཁུ་བས་བཀང་སྟེ། སྔ་མ་བཞིན་བལྟས་པས་མཚོན་ནོ། །ལྔ་པ་ཡེ་ཤེས་ཀྱི་ཕོ་བྲང་གི་དཔེ་ནི། ཕྱོགས་བཞིར་འདོམ་གསུམ་གསུམ་གྱི་སར་ཤིང་དྲང་པོ་འདོམ་རེ་བཙུགས་པའི་བར་ཐག་དྲ་བ་རིས་སུ། རུས་པའམ་དུང་ཕྲེང་ལ་སོགས་སྦྲེལ་ཏེ། ས་གཞི་རྣམས་སུ་མེ་ལོང་དང་འཁར་གཞོང་གི་གཅལ་བཀྲམ་པའི་དབུས་སུ་རང་ཉིད་འདུག་སྟེ། སྔ་མ་བཞིན་བལྟས་པས་མཚོན་ནོ། །དྲུག་པ་བར་དོར་འཆར་བ་ཡེ་ཤེས་ཀྱི་རླུང་གི་ཐིག་ལེའི་དཔེ་ནི། མདུན་དུ་ཤིང་ཕྲ་ཞིང་དྲང་བ་བཙུགས་པ་ལ་བྱའི་སྒང་ལྤགས་རྟ་རྔར་བརྒྱུས་ཏེ་བར་བར་དུ་དར་སྣ་ལྔའི་འཕུར་ལྕེ་བཏགས་ནས། གཅིག་གིས་དབྱུག་པས་བསྒུལ་བ་ལ་སྔ་མ་བཞིན་བལྟས་པས་མཚོན་ནོ། །བདུན་པ་ཡེ་ཤེས་ཀྱི་དཔེ་ལ་གསུམ་ལས། ཡེ་ཤེས་ཀྱི་ངོ་བོའི་དཔེ་ནི། དར་(༨༩)རམ་རས་ཡུག་ཁ་དོག་ལྔ་ལ་རིམ་པར་བལྟས་པས་མཚོན་ཞིང་། རྩལ་གྱི་དཔེ་ནི། ཟ་འོག་གི་གདིང་བ་ལ་བལྟས་པས་ཤེས་ལ། རླུང་ལྔ་དང་འདྲེས་པའི་དཔེ་ནི། དར་ཡུག་གམ་རས་ཡུག་ལ་སོགས་པའི་སྣམ་བུ་དབྱུག་པ་ལ་འཕྱར་ཏེ་བལྟས་པས་མཚོན་ཞིང་། རང་གི་མདུན་ནས་སྟེང་འོག་གི་རིམ་པ་ཅན་ཕྱོགས་མཚམས་སུ་འཐེན་པ་ལ་འཁར་ཕོར་བཀྲམ་ནས་སྔ་མ་བཞིན་བལྟས་པས། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་གཏན་ལ་ཕེབས་སོ། །

དོན་གསུམ་པ་གཞི་རིག་པའི་ངོ་བོ་ནི། སྙིང་གའི་རིག་པ་གཞོན་ནུ་བུམ་པའི་སྐུར་བཞུགས་ཏེ། ཞལ་ཕྱག་གི་འཆར་གཞིའི་རྣམ་པ་ཁྲ་མོར་འོད་ཀྱི་ཀློང་ན་རྫོགས་པར་བཞུགས་པའི་གདངས་འོད་རྩ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་བར་ན་ཐིག་ལེ་སྐུའི་འཆར་གཞི་ཅན་ཉམས་སུ་བླངས་པས། རིག་པ་ཚད་ལ་ཕེབས་དུས་ཚོམ་བུའི་སྐུར་སྣང་བ་ནི། རིག་པ་སྐུར་སྨིན་པ་ཞེས་བྱ་བ་སྟེ། སྐུ་ནི་ཆེ་ཕྲ་ཏིལ་འབྲུ་ཙམ། །འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །སྟོང་གསལ་འདུས་པ་ཆོས་སྐུའི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ཞེས་པའི་དོན་མཚོན་པ་ལ། དཔེ་རྣམ་པ་ཉི་ཤུ་རྩ་གཅིག་ལས། དང་པོ་ངོ་བོ་གཞོན་ནུ་བུམ་པ་སྐུའི་དཔེ་ནི། གཅིག་གིས་ཉི་མ་ལ་གོས་དམར་པོའམ་ནག་པོ་གྱོན་ནས། དབུ་རྒྱན་དང་རུས་རྒྱན་གྱིས་སྤྲས་ཏེ། རྡོ་རྗེ་དྲིལ་བུ་ལ་སོགས་བཟུང་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། གྲིབ་མའི་ངོས་ནས་སྔ་མ་ལྟར་བལྟས་པས་ཤེས་སོ། །གཉིས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་དཔེ་ནི། ཁྱིམ་མུན་ནག་གི་སྒོའི་ཉི་མ་ལ་སྐྱེས་བུ་སྐྲ་སྤྱི་བོར་བརྫེས་ཤིང་ཁྲོ་བོའི་ཆས་བྱས་ནས་སྟངས་སྟབས་ཀྱིས་འདུག་སྟེ། མུན་པའི་ངོས་གཅིག་ནས་སྔ་མ་ལྟར་བལྟས་པས་ཤེས་སོ། །འདི་ལ་དཔེ་ཡི་གེ་ཕལ་ཆེར་ནོར་ཏེ། ཁྱིམ་མུན་པ་དང་ལྡན་པའི་སྒོའི་ཉི་མ་མི་ཕོག་པ་གཅིག་ཏུ་ཞེས་པ་ལ་བརྟེན་ནས། ངོ་སྤྲོད་འདི་ལག་ལེན་ལ་མི་ཐེབས་ཟེར་བ་ནི་རང་གི་བློ་གྲོས་ཀྱི་དཔྱོད་ཆུང་བའི་ལན་ནོ། །སྒོ་ཡི་ཉི་མ་ཕོག་ས་གཅིག་ཏུ་ཞེས་པ་ཡིན་ཏེ། ཁྱིམ་དེའི་ནང་ནས་བལྟ་བ་ཡིན་ནོ། །གསུམ་པ་རིག་པ་ཕྱེད་སྐུའི་དཔེ་ནི། ཁྱིམ་ཕྱེད་ཕིབས་ཅན་གྱི་ཉི་གྲིབ་མཚམས་སུ་རྒྱན་གོས་ཀྱིས་སྤྲས་པ་འདུག་པའི་ཕྱེད་ཉི་མར་(༩༠)ཐོན་པ་ལ་སྔ་མ་བཞིན་བལྟས་པས་ཤེས་སོ། །དེའང་སྤྱི་གཙུག་ཙམ་ནས་ཞལ་དང་སྐུ་སྟོད་ལ་སོགས་པ་རིམ་གྱིས་དེ་ལྟར་བལྟས་པས་སྐུ་རིམ་པར་འཆར་བ་ངོས་གཟུང་ངོ་། །བཞི་པ་བཞུགས་སྐུའི་དཔེ་ནི། སྣང་བ་ལ་སྐྱིལ་ཀྲུང་བཅས་ཏེ་སྔ་མ་ལྟར་ཁྱིམ་ཉི་མ་ཅན་ལ་རྒྱན་གྱིས་སྤྲས་ཏེ་སྔ་མ་ལྟར་ཟེར་བའང་འདུག །བལྟས་པས་ཤེས་སོ། །ལྔ་པ་ཟུར་ཞལ་ཕྱེད་སྐུའི་དཔེ་ནི། ཁྱིམ་ཉི་གྲིབ་གྱེན་ཐུར་ཅན་ཡོད་སར་ལུས་ཕྱེད་ཉི་མ་ཕྱེད་གྲིབ་མ་ལ་གཏད་ནས། སྐལ་ལྡན་གྱིས་མཚན་མོའི་ངོས་ནས་མེ་ལོང་ལ་མིག་བཅུག་ནས་བལྟས་པས་ཟུར་སྐུ་འགྲོ་འོང་བྱེད་པ་གསལ་ལོ། །དྲུག་པ་གཟུགས་སྐུའི་དཔེ་ནི། རིགས་ལྔའི་སྐུ་འདྲ་བྲིས་པ་དུས་གཅིག་ལ་བཀྲམ་སྟེ། དེ་བཞིན་དུ་བལྟས་པས་ཤེས་སོ། །བདུན་པ་སྐུ་ལ་ཐིག་ལེས་བརྒྱན་པའི་དཔེ་ནི། སྐུ་དེ་དག་ལ་མེ་ལོང་ཆུང་ངུ་དང་དྲིལ་བུ་གཡེར་ཁ་བཏགས་པ་ལ། དེ་ལྟར་བལྟས་པས་ཤེས་སོ། །བརྒྱད་པ་ཐིག་ལེ་ཟེར་ཐག་གི་དཔེ་ནི། ཁང་པའི་ཉི་ཞུར་ལ་མེ་ལོང་བརྒྱུས་པའི་ཐག་པ་འཐེན་ཏེ་བལྟས་པས་ཤེས་སོ། །དགུ་པ་ཟེར་ཐག་སོ་སོ་ལ་མཚོན་པའི་དཔེ་ནི། ཕྲེང་བ་དཀར་པོ་ཉི་ཞུར་ལ་འཐེན་ནས་སྔ་མ་བཞིན་བལྟས་པས། རྡོ་རྗེ་སེམས་དཔའ་ནས་སེར་པོ་ལ་སོགས་པས་ལྷག་མ་རྣམས་མཚོན་པའོ། །བཅུ་པ་རིགས་ལྔའི་ཚོམ་བུའི་དཔེ་ནི། ཟངས་སམ་འཁར་གཞོང་ཆེན་པོ་བཙོད་ཆུས་བཀང་བ་ལ་མེ་ཏོག་ལྔའི་ཚོམ་བུ་བཀོད་ནས་བལྟས་པས། དམར་པོ་པདྨའི་རིགས་ཀྱི་ཚོམ་བུ་ནས་མཐིང་གས་བདེ་གཤེགས་རིགས་དང་། སེར་པོས་རིན་ཆེན་རིགས་དང་། དཀར་པོས་རྡོ་རྗེ་རིགས་དང་། ལྗང་ཁུས་ལས་ཀྱི་རིགས་ཀྱི་ཚོམ་བུར་ཤེས་སོ། །མེ་ཏོག་རློན་པ་ལ་བྱའོ། །བཅུ་གཅིག་པ་སྐུ་རང་རྐྱང་གི་དཔེ་ནི། ཤེལ་དང་གསེར་ལ་སོགས་པའི་ལུགས་སྐུ་རེ་རེ་རིམ་པས་ལག་ཏུ་གཟུང་ནས་སྔར་བཞིན་བལྟས་པས་རྡོ་རྗེ་སེམས་དཔའ་དང་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྐུ་རང་རྐྱང་པ་གཏན་ལ་ཕེབས་སོ། །བཅུ་གཉིས་པ་རིག་པ་དྲི་མ་མེད་པའི་དཔེ་ནི། ཤེལ་གཟུང་སྟེ་ཤེལ་གཅིག་གིས་བལྟས་པས་ཤེས་སོ། །བཅུ་གསུམ་པ་ཐིག་ཕྲན་གྱི་དཔེ་ནི། རྨ་བྱའི་མདོངས་བཀྲམ་པས་ཤེས་སོ། །བཅུ་བཞི་པ་འོད་ལྔའི་སྣང་བ་འབབ་པའི་དཔེ་ནི། བྱང་གི་ཉི་མ་རྔ་ཡབ་(༩༡)ཆུར་བསྐྱུར་ནས་གཡབ་པ་ལ་ལྷོའི་གྲིབ་མ་ནས་བལྟས་པས་ཤེས་སོ། །བཅོ་ལྔ་པ་རིག་པའི་ཡོན་ཏན་གྱི་དཔེ་ནི། ཏ་ལའམ་སྦྱར་བའི་སྡོང་པོའི་ལོ་མ་རྣམས་དབྱུག་པས་ཕབ་པ་ལ་ནུབ་ནས་ཕྱི་དྲོའི་དུས་སུ་བལྟས་པས། འོད་ཀྱི་མེ་ལོང་ནམ་མཁའ་ལ་འབབ་པར་མཐོང་བ་ནི། བར་དོར་འཆར་བའི་དུས་སོ། །བཅུ་དྲུག་པ་བར་དོ་དབང་གི་ཆུ་བོའི་དཔེ་ནི། གཅིག་གིས་ཤར་ནས་བུམ་པ་ཆུས་བཀང་བ་བཟུང་སྟེ་བར་སྣང་ནས་ཆུའི་རྒྱུན་སྦྲེང་བ་ལ་སྔ་མ་བཞིན་བལྟས་པས་ཤེས་སོ། །བཅུ་བདུན་པ་བར་དོའི་མཆོད་པའི་ལྷ་མོའི་དཔེ་ནི། གཅིག་གིས་དར་སྣའི་ཕྱེ་མ་འཕུར་མ་གཡབ་པ་ལ་སྔ་མ་བཞིན་བལྟས་པས་ཤེས་སོ། །བཅོ་བརྒྱད་པ་བར་དོའི་རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་རྒྱུན་གྱི་དཔེ་ནི། རང་དང་གཞན་གཅིག་གཉིས་ལ་རྒྱན་བཟང་པོས་བརྒྱན་པའི་སྦྱོར་མཚམས་ནས། དར་སྣ་ཚོགས་ཀྱི་ཐག་པ་འཐེན་པའི་བར་བར་དུ་མེ་ལོང་བཏགས་ལ། ཤེལ་རེ་གཟུང་སྟེ་སྔ་མ་བཞིན་བལྟས་པས་ཤེས་སོ། །བཅུ་དགུ་པ་ལྷུན་གྲུབ་རིན་པོ་ཆེའི་དཔེ་ནི། གན་རྐྱལ་དུ་ཉལ་བའི་སྙིང་གར་གདུགས་གསེར་གྱི་ཡུ་བ་ཅན་གཟུང་སྟེ། མིག་གཡས་བཀབ་གཡོན་གྱིས་སྔ་མ་བཞིན་བལྟས་པས་རིག་པ་མ་བུའི་འབྲེལ་ཐག་དང་ལྷུན་གྲུབ་གཉིས་ཡུ་བ་དང་གདུགས་ཀྱིས་ཤེས་སོ། །ཉི་ཤུ་པ་རིག་པའི་འགྱུ་བ་རླུང་གི་རང་སྒྲའི་དཔེ་ནི། གཅིག་གིས་སྤྱི་བོ་ནས་དྲིལ་བུ་གཡེར་ཁའི་ཕྲེང་བ་ཐད་དྲང་དུ་གྱེན་ལ་འཐེན་ནས་དབྱུག་པས་གྲོལ་བ་ལ། སྔ་མ་བཞིན་བལྟས་པས་ཤེས་སོ། །ཉེར་གཅིག་པ་རྡོ་རྗེ་སེམས་དཔའི་སྣ་ཐག་གི་དཔེ་ནི། དར་གྱི་ཐིག་གུ་མིག་ནས་ནམ་མཁར་འཐེན་ལ་སྔ་མ་བཞིན་བལྟས་པས་ཤེས་སོ། །

སྤྱི་དོན་གཉིས་པ་སེམས་ཉིད་རིག་པ་ལ་ངོ་སྤྲད་པ་ལ་གཉིས་ཏེ་སེམས་ཉིད་སྐྱེ་མེད་དུ་ངོ་སྤྲད་པ་དང་། རིག་པ་འགགས་མེད་དུ་ངོ་སྤྲད་པའོ། །དང་པོ་ལའང་དཔེ་དོན་རྟགས་གསུམ་ལས། དཔེ་ནམ་མཁའ་ལྟ་བུ། དོན་སེམས་ཉིད་སྐྱེ་བ་མེད་པ། རྟགས་ཇི་ལྟར་ཤར་ཡང་ངོ་བོ་མེད་པ་གསུམ་གྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ང་ཡི་རང་བཞིན་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་ལྟོས། །དོན་ནི་སེམས་ཉིད་སྐྱེ་བ་མེད། །རྟགས་ནི་རིག་པ་འགགས་པ་མེད། །ཅེས་སོ། །

གཉིས་པ་རིག་པ་འགགས་མེད་དུ་ངོ་སྤྲད་པ་ལ་གསུམ་(༩༢)སྟེ། དཔེ་དང་། རྟགས་དང་། དོན་ནོ། །དཔེ་ནི་སྔར་བསྟན་པ་ལས། ངོ་བོའི་དཔེ་ཤེལ། རང་བཞིན་གྱི་དཔེ་འོད། ཐུགས་རྗེའི་དཔེ་ཟེར་དུ་སྣང་བའི། རྨ་བྱའི་སྒོ་ང་ལྟ་བུ་སྟེ་ཆུ་རིས་འོད་ལྔ་ཕྱི་ནང་ཟང་ཐལ། སྙིང་པོ་སེམས་ཅན་དུ་གནས་པ་གསུམ་ལ་ངོ་བོ་གཅིག་ལ་ཆ་ཤས་དབྱེ་བའི་ཡེ་ཤེས་སུམ་བརྩེགས། སྐུ་གསུམ་འདུ་འབྲལ་མེད་པའི་དཔེར་ཤེས་པར་བྱའོ། །དེ་ལས་ཤར་བ་གདངས་ཀྱི་དཔེ་ནི། ཤེལ་འོད་ཕྱིར་སྣང་བས་ངོ་ཤེས་པར་བྱའོ། །

གཉིས་པ་རྟགས་ལ་གསུམ་སྟེ། ངོ་བོ་དབྱིངས་ཀྱི་རྟགས། རང་བཞིན་ཡེ་ཤེས་ཀྱི་རྟགས། ཐུགས་རྗེ་རིག་པའི་རྟགས་སོ། །དང་པོ་ནི་ནམ་མཁའ་ལ་ལུ་གུ་རྒྱུད་སྣང་བ་སྟེ། དེ་ཡང་དབྱིངས་རང་བཞིན་གྱིས་དག་པ་སྟོང་གསལ་སྤྲོས་པ་དང་བྲལ་བའི་གདངས་ལུ་གུ་རྒྱུད་གསལ་ལ་དྲི་མ་མེད་པའོ། །གཉིས་པ་ལ་གསུམ་ལས། ཡེ་ཤེས་ངོ་བོའི་གདངས་ཐིག་ལེར་གནས་པའི་རྟགས་སུ་མིག་བཙིར་བས། དམར་སེར་འོད་ཀྱི་གོང་བུར་ཤར་བའོ། །དབང་ལ་སོགས་པས་སྦྱངས་ན་དག་པའི་བརྡར་དམར་པོར་འབྱུང་བའོ། །ལུས་ནང་གི་རྩ་ཐམས་ཅད་ན་ཐིག་ལེ་ཡོད་པའི་རྟགས་སུ་མཚན་མོ་སྦྲིད་པ་དྲག་པོ་བྱུང་དུས་མེ་སྟག་འཕྲོ་བ་ལྟར་སྣང་བའོ། །ཡེ་ཤེས་རང་སྒྲར་ཡོད་པའི་རྟགས་སུ། རྣ་བའི་ཤོང་བུ་མནན་པས་སྒྲ་འབྱུང་བའོ། །ཡེ་ཤེས་རླུང་གི་རྟགས་སུ་སྟེང་རླུང་དྲག་ཏུ་མནན་པས་སིལ་སྙན་གྱི་སྒྲ་ལྟ་བུ་འབྱུང་བས་ཀྱང་ཤེས་སོ། །ཡེ་ཤེས་ལུས་ལ་གནས་པའི་རྟགས་སུ། ཁའི་རླངས་པ་ཉི་ཟེར་ལ་སོང་བའི་དུས་འཇའ་ཚོན་རིས་སུ་ཤར་བས་ཤེས་སོ། །དེའང་ཉི་མ་རྩེ་ཤར་དུས་སུ་མདུན་དུ་བཙོད་ཆུའི་སྟེང་དུ་ཁའི་རླངས་པ་འོད་ལྔར་འཆར་བས་ཀྱང་ཡིད་ཆེས་པར་བྱའོ། །གསུམ་པ་ཐུགས་རྗེ་རིག་པའི་རྟགས་ལ་གཉིས་ལས། རིག་པའི་རང་བཞིན་སྤྲུལ་སྐུར་ཡོད་པའི་རྟགས་སུ། ཉི་མ་རྩེ་ཤར་དུས་བ་སྤུར་བལྟས་པས་འོད་ཟླུམ་ཟ་འོག་རིས་སུ་འབྱུང་བའོ། །འོད་དུ་གནས་པའི་རྟགས་སུ་ཁ་རླངས་འོད་ལྔར་སྣང་བ་ཡིན་ནོ། །དེ་ལྟར་རྟགས་ལ་བརྟེན་ནས་ཡོད་ངེས་པར་ཡིད་ཆེས་བསྐྱེད་པ། རང་ལ་རང་བཞིན་ཡོད་པའི་རྟགས་སུ་གཟུགས་བརྙན་མེ་ལོང་ལ་ཤར་བས་ཤེས་པ་བཞིན་ནོ། །

གསུམ་པ་དོན་ལ་གསུམ་སྟེ། རིག་པའི་ངོ་བོ་འདུག་ཚུལ་ལ་(༩༣)ངོ་སྤྲད་པ། རང་བཞིན་སྐུ་ལ་ངོ་སྤྲད་པ། ཐུགས་རྗེ་གོམས་ཚད་ལ་ངོ་སྤྲད་པའོ། །

དང་པོ་ནི་རིག་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་སྐུ་གསུམ་ཡེ་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པའི་རང་གདངས། བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་གྱི་སྣང་བར་ཐག་གཅད་དོ། །གཉིས་པ་ལ་གསུམ་ལས། སྤྲུལ་སྐུ་ངོ་སྤྲད་ཀྱི་གདམས་པས། ད་ལྟར་གྱི་སྣང་བ་འོད་གསལ་དུ་གྲོལ་བར་བསྟན་པ་དང་། ལོངས་སྐུ་ངོ་སྤྲད་ཀྱི་གདམས་པས། བར་དོའི་རང་སྣང་ཞིང་ཁམས་རང་ཤར་དུ་བསྟན་པ་དང་། ཆོས་སྐུ་ངོ་སྤྲད་ཀྱི་གདམས་པས་ཆོས་ཉིད་ཀ་དག་གི་ས་ལ་ལ་བཟླ་བ་སྟེ། རིམ་པ་ལྟར་སྣང་བ་ཐུག་ཕྲད་གཅིག་ཐོག་ཏུ་གཅིག་འདྲེས་པ་ཡིད་མཐུན་པའི་ཕོ་མོ་ཁང་སྟོང་དུ་འཛོམ་པ་ལྟ་བུ་དང་། ཡེ་ཤེས་སྦུབས་འཇུག་གི་གདམས་པ་སྔར་འདྲིས་ཀྱི་མི་དང་ཡུལ་གཞན་དུ་འཕྲད་པ་ལྟ་བུ་དང་། སྣང་བ་རང་གྲོལ་གྱི་གདམས་པ་སྦྲུལ་གྱི་མདུད་པའམ། ཆུ་རླབས་མཚོར་ནུབ་པའམ། སྤྲིན་ནམ་མཁར་ཞི་བ་ལྟ་བུས་མཚོན་ནས་ཉམས་སུ་བླང་བའོ། །གསུམ་པ་ཐུགས་རྗེ་གོམས་ཚད་ལ་ངོ་སྤྲད་པ་ནི། གང་ཤར་རྗེས་མེད་དུ་གྲོལ་བ་བར་སྣང་གི་སིལ་བུར་ལྟར་གོམས་པ་དང་། ཅིར་སྣང་རང་སྣང་དུ་གྲོལ་བ་རྨི་ལམ་གྱི་སྣང་བ་ལྟར་གོམས་པ་དང་། འོད་གསལ་ལྷུན་གྲུབ་ཏུ་གྲོལ་བ་སྣང་བཞིའི་འཆར་ཚུལ་ལ་གོམས་པར་བྱའོ། །དེ་ལྟར་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་པས། རིག་པའི་རང་བཞིན་རང་ངོ་མི་ཤེས་མི་སྲིད་དོ། །དེའང་འཁོར་འདས་གཉིས་ཀྱི་བར་ན་རིག་མ་རིག་གཉིས་ལས་མེད་དེ། འཁོར་བར་འཁྱམས་ཚད་ཐམས་ཅད་རང་ངོ་མ་ཤེས་པས་ལན་ལ། མྱ་ངན་ལས་འདས་ཚད་རིག་པ་ངོ་ཤེས་པས་གྲོལ་བའི་ཕྱིར་རང་ངོ་ཤེས་པ་གལ་ཆེའོ། །དེའང་ངོ་སྤྲད་པ་དང་ངེས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་སྐྱེ་བ་དུས་མཉམ། རྟོགས་པ་ཐོབ་པ་དང་ཞེན་འཛིན་འཁྲུལ་པའི་ཆོས་བོར་བ་དུས་མཉམ། ཆོས་བོར་བ་དང་ཕྱིན་ཅི་ལོག་གི་དབུགས་ཆད་པ་དུས་མཉམ། དབུགས་ཆད་པ་དང་གཞི་ཐོག་ཏུ་སངས་རྒྱས་པ་དུས་མཉམ་མོ། །དེའང་ཕུང་པོ་གདོས་བཅས་བོར་བ་དང་(༩༤)རང་སྣང་འོད་གསལ་དུ་ཤར་བ་དུས་མཉམ། འོད་གསལ་ཤར་བ་དང་རང་ངོ་ཤེས་པ་དུས་མཉམ། རང་ངོ་ཤེས་པ་དང་དབྱིངས་སུ་གྲོལ་བ་དུས་མཉམ་པའོ། །

དེ་ལྟར་ཡང་ཟབ་མངོན་སུམ་སྙིང་པོའི་གནད། །དཔེ་དོན་རྟགས་ལས་གྲོལ་བ་ཐོབ་བྱེད་པ། །གང་ཡིན་འདི་ནི་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །ཕྱམ་ཅིག་འོད་གསལ་སྙིང་པོའི་དོན་རྟོགས་ཤོག །ངོ་སྤྲད་གནད་ཀྱི་གདམས་པ་དྲན་པའི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ཤིན་ཏུ་གསལ་བར་བཀོད་པ་རྫོགས་སོ།། །།

འཆི་ལྟས་དྲན་པའི་མེ་ལོང་།

༄༅། །འཆི་ལྟས་དྲན་པའི་མེ་ལོང་བཞུགས་སོ། །

༄༅། །དང་པོའི་རྒྱལ་བ་ཀུན་བཟང་ལ། །ལུས་ངག་ཡིད་ཀྱིས་གུས་བཏུད་དེ། །རྣལ་འབྱོར་རྣམས་ཀྱིས་ཤེས་བྱ་བ། །འཆི་ལྟས་དྲན་པའི་མེ་ལོང་བྲི། །

འདི་ལ་གསུམ་སྟེ། ཕྱི་ལུས་ལ་བརྟག་པ། ནང་རླུང་ལ་བརྟག་པ། གསང་བ་རིག་པ་ལ་བརྟག་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ཕུང་པོ་དང་། རང་གི་ཕུང་པོ་ལ་བརྟག་པའོ། །

དང་པོ་ནི། ནད་མེད་པའི་དུས་སུ་སེན་མོའི་བཀྲག་ཤོར་ན་ཟླ་བ་དགུའི་ཉིན་ཕྱེད་ན་འཆིའོ། །མིག་སྤྲིས་དཀར་པོ་ཡལ་ན་ཟླ་བ་ལྔ་ནའོ། །ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་གཅིག་གྱེན་ལ་ལངས་ན་ཞག་ཉེར་གཅིག་ནའོ། །རྐང་པའི་ལོང་བུ་ཕྱི་ནང་འགྱུར་ན་ཟླ་བ་གཅིག་གི་སྔ་དྲོ་ནའོ། །ནད་ཀྱིས་བཏབ་པ་ལ་ནི་སོའི་རྩ་བར་དྲེག་པ་ཆགས་ན་ཞག་དགུ་ནའོ། །སྣ་ཞོམ་ན་ཞག་ལྔ་ནའོ། །རྟག་ཏུ་ཡན་ལག་རྐྱོང་ན་ཞག་བདུན་ནའོ། །མིག་འབྱེད་འཛུམ་མི་བྱེད་པར་འབྲུ་ཚུགས་སུ་བལྟ་ན་ཞག་གསུམ་ནའོ། །མིག་གི་ཚིགས་འཁྲུལ་ནས་གྱེན་ལ་ལོག་ལོག་བྱེད་ན་ཞག་བཅོ་ལྔ་ནའོ། །འགྲམ་པའི་ཤ་ཤོང་བུར་སོང་ན་ཞག་བཅུ་དགུའི་ནུབ་མོ་ནའོ། །དབུགས་བརྩེགས་མར་རྒོད་ན་ཟླ་བ་དྲུག་ནའོ། །སྣ་ཡོ་བར་མངོན་ན་ཞག་བདུན་ནའོ། །མིག་ནས་མཆི་མ་རྒྱུན་མི་འཆད་པར་འཛག་ན་ཞག་ལྔ་ནའོ། །སོ་འཐམས་ན་ཞག་གསུམ་གྱི་ཉི་མ་ཕྱེད་ནའོ། །ལྕེའི་རྩེའམ་སྟེང་དུ་ཐིག་ལེ་ནག་པོ་བྱུང་ན་ཞག་གཉིས་ཀྱི་སྔ་དྲོ་ནའོ། །རྣ་བ་ལེབ་མོར་འབྱར་ན་ནམ་ཕྱེད་ནའོ། །རྩ་གཉིད་ལོག་མེད་ན་ཟླ་བ་ཕྱེད་(༩༥)ཉིན་ཕྱེད་ནའོ། །

གཉིས་པ་རང་ལ་བརྟག་པ་ལ་དགུ་ལས། དང་པོ་ནམ་མཁའི་དབྱིངས་སུ་ཚེའི་གཟུགས་བརྙན་ལ་བརྟག་པ་ནི། ནམ་མཁའ་དྭངས་པའི་སྔ་དྲོའམ་ཕྱི་དྲོ་གཅེར་བུར་ལངས་ཏེ་ཡན་ལག་བརྐྱང་ལ་དབྱུག་པའམ་ཕྲེང་བ་བཟུང་སྟེ། གྲིབ་མའི་སྙིང་གར་མིག་དང་སེམས་མ་ཡེངས་པར་དར་ཅིག་བལྟས་པས། སྐྱ་ཝལ་གྱིས་སོང་དུས་མདུན་གྱིས་ནམ་མཁར་བལྟས་པས། ལུས་ཀྱི་རྣམ་པ་ལག་ཆ་དང་བཅས་པ་སྐྱ་ལམ་ཚང་ན་སྐྱོན་མེད་པའོ། །གཞན་དུ་ཆད་ལྷག་ལས་འཆི་བ་བརྟག་པ། ཁ་དོག་ལས་གདོན་བརྟག་པ། དབྱིབས་ལས་བསླུ་བས་བཟློག་མི་བཟློག་བརྟག་པའོ། །དང་པོ་ནི། ལག་ཆ་མེད་ན་ལོ་བདུན་ནའོ། །ལག་པ་གཡས་མེད་ན་ལྔ་ནའོ། །གཡོན་མེད་ན་གསུམ་ནའོ། །རྐང་པའི་པུས་མོ་མན་ཆད་མེད་ན་གཉིས་ནའོ། །རྐང་ལག་ཐམས་ཅད་མེད་ན་ཟླ་བ་བརྒྱད་ནའོ། །རྐང་པ་གཡོན་མེད་ན་ལོ་གཅིག་ནའོ། །མགོ་མེད་ན་ཟླ་བ་ལྔ་ནའོ། །མགོའི་ཕྱེད་ཚལ་གཡས་མེད་ན་ཟླ་བ་དགུ་ནའོ། །གཡོན་མེད་ན་ཟླ་བ་བདུན་ནའོ། །སྐེ་ཡན་ཆད་མེད་ན་ཟླ་བ་གསུམ་ནའོ། །རོ་སྟོད་མེད་ན་ཟླ་བ་གཉིས་ནའོ། །སྨད་མེད་ན་ཟླ་བ་གཅིག་ནའོ། །ལུས་ཕྱེད་ཚལ་གྱི་གཡས་མེད་ན་ཞག་ཉི་ཤུ་རྩ་དགུ་ནའོ། །གཡོན་མེད་ན་ཉི་ཤུ་རྩ་གཅིག་ནའོ། །དབྱིབས་ལ་བརྟག་པ་ནི། གྲུ་བཞིར་བྱུང་ན་བསླུ་བས་བཟློག་གོ། །ཟླ་གམ་དང་། ཟླུམ་པོ་དང་། ནར་མོ་ཡང་བཟློག་གོ། །རོ་གཏུམས་པ་འདྲ་བ་དང་། གྲུ་གསུམ་ནི་མི་བཟློག་གོ། །ཁ་དོག་ལས་གདོན་ལ་བརྟག་པ་ནི། དཀར་པོ་ལས་དབུས་ནས་ཡལ་ན་ཀླུ་དང་རྒྱལ་པོས་གནོད་པའོ། །ནག་པོ་ལས་གཡས་ནས་ཡལ་ན་བདུད་དང་མ་མོ། དམར་པོ་གཡོན་ནས་ཡལ་ན་བཙན་དང་ཆོས་སྐྱོང་ངམ་འགོ་བའི་ལྷའོ། །སེར་པོ་ལས་འོག་ནས་ཡལ་ན་ཀླུ་བཙན་དང་རྒྱལ་འགོང་། སྔོན་པོ་ལས་རྐང་པ་ནས་ཡལ་ན་ཀླུ་དང་མཚོ་སྨན་ནོ། །ནག་བན་བུན་ནི་མ་མོ་དང་གཤིན་རྗེའོ། །སེར་བྲེང་བྲེང་ནི་ས་བདག་གོ། །ཁྲ་ཁྱུག་ཁྱུག་ནི་གཤིན་འདྲེའོ། །གཉིས་པ་གནམ་ས་གཉིས་ཀྱི་འབྲེལ་ཐག་ལ་བརྟག་པ་ན། ཉིན་ཕྱེད་ན་ལྷོར་བལྟས་ཏེ། ཙོག་པུར་འདུག་པའི་པུས་མོའི་སྟེང་དུ་གྲུ་མོ་བཙུགས་ནས་ལག་ངར་བསྒྲེངས་སྟེ། སྨིན་མཚམས་སུ་ལག་པའི་མགུལ་པ་ལ་མིག་གཉིས་(༩༦)ཡ་ཡོ་མེད་པར་བལྟས་པས། ཤིན་ཏུ་ཕྲ་མོར་བྱུང་བ་ནི་སྐྱོན་མེད་དོ། །ཆད་ན་ཞག་བཅུ་དགུ་ནས་འགུམ་མོ། །གསུམ་པ་ནི། རི་རབ་ཀྱི་ལོགས་ལ་སེང་གེ་ཞོན་པའི་མི་ལ་བརྟག་པ་ནི། ཉི་མ་རྩེ་ཤར་ལ་ཆུའི་རྫིང་ནུབ་ངོས་ནས་རྩིག་པ་མཐོན་པོའི་ལོགས་ལ་མདངས་འཆར་བ་ལ་བལྟས་པས་གྲིབ་མ་ཟང་ཐལ་བ་ཉིས་བརྩེགས་སུ་འདུག་ན་སྐྱོན་མེད་པའོ། །སྟེང་མ་མེད་ན་ཞག་བཅུ་དྲུག་གི་ཉིན་ཕྱེད་ན་འཆིའོ། །བཞི་པ་ཆུའི་སྤྲིས་མ་ལ་བརྟག་པ་ནི། ཉི་མ་རྩེ་ཤར་ལ་འཁར་གཞོང་ལ་སོགས་པ་སྣོད་མི་དཀར་མི་ནག་པར་ཆུ་བཏང་ལ། དེའི་རླངས་པ་སྔོ་དམར་དུ་འདུག་ན་སྐྱོན་མེད། མི་འདུག་ན་ཞག་བཅོ་ལྔ་ནའོ། །ནག་ཧྲལ་ཧྲོལ་ནི་ཞག་བཅུ་གཅིག་ནའོ། །དམར་པོ་ཐིག་ལེ་ཅན་ནི་དགུ་ནའོ། །ཆུའི་ཁ་དོག་ལ་གདོན་བརྟག་པ་ནི་ཚེ་གཟུགས་དང་འདྲའོ། །ལྔ་པ་དགེ་སྦྱོང་གི་དུ་བ་ལ་བརྟག་པ་ནི། ཉི་མ་རྩེ་ཤར་གྱི་དུས་དྲི་ཆེན་བཏང་བས་རླངས་པ་ཡོད་ན་སྐྱོན་མེད། དམར་པོ་ཐིག་ལེ་ཅན་དང་མེད་ན་ཞག་དགུ་ནའོ། །དྲུག་པ་རི་རབ་ཀྱི་རྩེ་ལ་ཉི་མ་ནུབ་མ་ནུབ་ནི། མིག་གི་སྒྲོན་མ་ཡོད་ན་སྐྱོན་མེད། མེད་ན་ཞག་གསུམ་ནའོ། །བདུན་པ་རི་རབ་ཀྱི་ཁོང་གསེང་གི་སྒྲ་ལ་བརྟག་པ་ནི། རྣ་བ་གཏེམས་པའི་རང་སྒྲ་རྔ་སྒྲ་འདྲ་ན་སྐྱོན་མེད། རླུང་ཆེན་པོ་དང་འདྲ་ན་ཞག་བདུན་ནམ་བཅུ་གཅིག་ནའོ། །སྒྲ་མེད་ན་ལྔ་ནའོ། །བརྒྱད་པ་དཔག་བསམ་ཤིང་གི་མདུད་པ་ལ་བརྟག་པ་ནི། ལྟག་པའི་བདུད་སྒོ་ནས་སྐྲ་གྱེན་ལ་མེད་ན་སྐྱོན་མེད། ཉག་མ་བདུན་གྱེན་ལ་ལངས་ན་ཞག་བདུན་ནའོ། །དགུ་པ་རི་ཐང་གི་མཚམས་སུ་ལྗོན་ཤིང་གི་རྐེད་པ་ལ་བརྟག་པ་ནི། རྩ་ལ་བརྟག་པ་སྟེ་འཕར་རྩ་དང་རྐང་ལག་གི་བླ་རྩ་མེད་ན་ཞག་བདུན་ནའོ། །དོན་གཉིས་པ་ནང་རླུང་ལ་བརྟག་པ་ནི། ཉི་མ་རྩེ་ཤར་ལ་ཁ་སྣའི་རླུང་འབྱུང་རྔུབ་བྱེད་དུས་ཡང་ཡང་རྒོད་ན་ཟླ་བ་དྲུག་ནའོ། །སྣ་རྩེར་རླུང་གི་མདངས་མེད་ན་ཞག་བདུན་ནའོ། །མིག་གི་རླུང་ཞ་ནས་མཆི་མ་འཛག་ན་ཞག་ལྔ་ནའོ། །བྲང་གི་ལྷེན་སྣ་ཞོམ་ན་དུས་བཞིའི་རླུང་ཞ་བས་ཞག་བཅུ་དྲུག་ནའོ། །རླུང་རྟགས་གཞན་རྣམས་གཞན་གྱིས་ལུས་ལ་བརྟག་པ་བཞིན་ནོ། །དོན་གསུམ་པ་གསང་བ་རིག་པ་ལ་བརྟག་པ་ནི། སྒྲོན་མ་དབྱིངས་སུ་ཐིམ་པའི་རྟགས་སུ་མིག་གི་སྒྲོན་མ་མེད་པའོ། །གཞན་ཡང་སྔར་བས་ཉམས་མི་དགའ་ཞིང་ཤེས་པ་དང་གཤིས་འགྱུར་ཏེ། དད་པ་ལ་སོགས་པ་མེད་པ་རྣམས་གློ་བུར་དུ་སྐྱེ་བར་མངོན་ཞིང་། ཡོད་པ་རྣམས་དག་སྣང་དང་མོས་གུས་ཤོར་བ་དང་། རྒྱུད་རྩུབ་ཅིང་ཞེན་ཆགས་ཆེར་སོང་བ་དང་། ངང་རྒྱུད་འཇམ་རྩུབ་འགྱུར་བ་དང་། ཆོས་མིན་ཡིད་ལ་མང་བ་དང་། རྟག་འཛིན་ཆེར་སོང་བ་ལ་སོགས་པ་འབྱུང་ཞིང་། རྨི་ལམ་དུའང་ཉི་མ་ནུབ་ཅིང་ནམ་སྲོས་པ་ཤ་སྟག་དང་། ལུང་སྟོང་དང་། ཐང་སྟོང་དང་། གྲོང་སྟོང་ན་རང་གཅིག་པུར་སྙིང་མི་དགའ་ཞིང་འདུག་པ་དང་། གཞན་དུ་འགྲོ་ཞིང་གནས་ཁང་ཚོལ་བ་དང་། གོས་དམར་པོ་གྱོན་ནས་ནུབ་ཕྱོགས་སུ་འགྲོ་བ་དང་། མཆོད་རྟེན་དམར་པོ་ལ་འཛེགས་པ་དང་། མེ་ཏོག་དམར་པོ་འཐུ་བ་དང་། གཤིན་པོ་རྣམས་དང་འཕྲད་ནས། གཏམ་བྱེད་ཅིང་བཟའ་བཏུང་བྱེད་པ་དང་། གཞན་གྱིས་སྐྱེལ་ཐུང་བྱེད་པ་དང་། བོང་བུ་ལ་ཕྱིར་ལོག་དུ་ཞོན་པ་དང་། ས་མཁར་སྒོ་མེད་ཀྱི་ནང་ན་འདུག་པ་དང་། ཀ་ཀ་ནིའི་ནང་ན་འདུག་པ་ལ་སོགས་པ་འབའ་ཞིག་བསྐྱར་གྱིན་རྨིའོ། །འདི་དག་ལོ་གསུམ་ཚུན་ཆད་ལ་འཆི་བའི་རྟགས་ཀྱི་རིམ་པ་ཡིན་ནོ། །ཤིན་ཏུ་མྱུར་བ་ནི། ས་ཆུ་ལ་ཐིམ་པས་ལུས་ལྕི། ཆུ་མེ་ལ་ཐིམ་པས་ཁ་སྣའི་ཆུ་འཛག །མེ་རླུང་ལ་ཐིམ་པས་དྲོད་འཆོར། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་ནང་གི་དབུགས་ཆད་དེ་དར་ཅིག་བརྒྱལ། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་རྟོག་མེད་དུ་གནས། ནམ་མཁའ་འོད་གསལ་ལ་ཐིམ་པས་ཡེ་ཤེས་ཀྱི་སྣང་བ་ཤར་བའི་རིམ་པ་རྣམས་ཡིན་པར་རིག་པར་བྱའོ། །

དེ་ལྟར་དུས་ཀྱི་རྒྱལ་པོ་འབྱུང་བའི་རྟགས། །སྐྱེས་པ་ཉིད་ནས་རང་བཞིན་ཡིན་པའི་ཕྱིར། །སྐྱེ་མེད་དོན་ལ་སྙིང་པོའི་བཙན་ས་གཟུང་། །འཆི་དུས་མི་འཚེར་བྲོད་པའི་གདེང་འཚལ་ལོ། །དེ་ལྟར་བཀོད་པའི་དགེ་བས་འགྲོ་བ་ཀུན། །འཆི་མེད་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །ཆོས་ཚུལ་འདི་ནི་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན། །འཆི་ལྟས་དྲན་པའི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ཡི་གེ་སྔ་མ་ལས་ཤིན་ཏུ་གསལ་བར་ཕྱེས་ཏེ་བཀོད་པ་རྫོགས་སོ།། །།

འཆི་བསླུ་དྲན་པའི་མེ་ལོང་།

༄༅། །འཆི་བསླུ་དྲན་པའི་མེ་ལོང་བཞུགས་སོ། །

༄༅། །ཐབས་ལ་མཁས་པའི་ཐུགས་རྗེ་ཅན། །དེ་ལ་དང་པོར་བདག་དད་པས། །བཏུད་ཏེ་དལ་འབྱོར་གནས་པའི་ཐབས། །འཆི་བསླུ་དྲན་པའི་མེ་ལོང་བྲི། །

དེ་ལ་གཉིས་ཏེ། སྤྱིར་བསླུ་བ་དང་། བྱེ་བྲག་ཏུ་བསླུ་བའོ། །དང་པོ་ནི་རྩ་བའི་བླ་མ་ལ་ཚོགས་དང་མཆོད་པ་ལ་སོགས་པ་བྱ་བ་དང་། ཚོགས་གཉིས་ཀྱི་ལས་ལ་འབད་པ་དང་། བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་དང་། རྟེན་འབྲེལ་དུ་མ་ལ་བསླབ་པའོ། །རྟེན་འབྲེལ་ནི་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་ལྔའི་ལྟེ་བ་ལ། རཾཿཡཾཿཁཾཿལཾཿཨེཿ རྩིབས་ལའང་སོ་སོའི་ཡིག་འབྲུ་དེ་དག་དང་། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲིས་ཏེ། འབྱུང་བ་ལྔའི་ཚོན་དུ་ཁ་བསྒྱུར་ལ་འབྱུང་བ་ལྔའི་ལྷར་བསྐྱེད་ནས་མཆོད་པ་ཕུལ་ཏེ། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པ་ལ། བཀྲ་ཤིས་བརྗོད་ནས་ཁམ་ཕོར་ཁ་སྦྱར་ལྔར་བཅུག་ལ་བལ་ཚོན་སྣ་ལྔས་དཀྲིས། ས་སྣ་དང་། ཆུ་སྣ་དང་། མེ་སྣ་དང་། ཤིང་སྣ་དང་། རྟ་གླང་ལ་སོགས་པ་སེམས་ཅན་རིགས་མི་མཐུན་པའི་ཁ་སྣ་ལ་བསྒྲེས་པའི་ངར་ཟན་ལ་མི་གཟུགས་ཁྲུ་གང་བ་བྱས་པའི་མིག་ཏུ་རཾ། རྣ་བར་ཡཾ། སྣ་ལ་ཁཾ། ལྕེ་ལ་ལཾ། སྙིང་གར་ཨེ་བྲིས་ཏེ་བཅུག་ཅིང་། གླུད་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། ནག་པོ་དང་། ལྗང་ཁུ་དང་། ཁྲ་བོ་བྱས་ཏེ། གྲལ་ཐབས་སུ་བཀོད་པའི་བར་དུ། འབྲུ་སྣ་དང་རིན་པོ་ཆེ་སྣ་ཚོགས་གདབ་ཅིང་། ནམ་མཁའ་དང་། རྒྱང་བུ་བལ་ཚོན་སྣ་ལྔ་དང་། ལྟས་ངན་གྱི་བྱ་སྤུས་བརྒྱན་པའི་མི་གཟུགས་དང་། གླུད་རྣམས་ལ་གཟུགས་ཅིང་། རང་གི་དྲི་ཆུ་དང་། སྐྲ་སེན་དང་། སྣབས་ལུད་དང་། གོས་དུམ་རྣམས་ཀྱང་གླུད་ཀྱི་གསེབ་ཏུ་གཏང་ཞིང་། ཕུ་དུང་ངམ་མཐུ་བས་གོས་སུ་བྱའོ། །གླུད་རྣམས་ཀྱི་མདུན་དུ་ཆངས་བུ་རེ་དང་མཐེབ་སྐྱུ་རེ་དང་གཏོར་མ་ཁ་དོག་དང་མཐུན་པ་རེ་བཤམས་ཏེ། སྟག་པ་དང་གླང་མའི་ཁྲམ་ཤིང་ལ་རང་གི་ལོ་གྲངས་ཀྱི་ཉག་བྲིས་པ་ཐམས་ཅད་ཀྱི་དཔུང་པ་གཡོན་དུ་བཙུགས་ནས་གཞག་གོ། །དེ་ནས་ཡས་སྟག་བཤམས་པ་རྣམས་རཾ་ཡཾ་ཁཾ་གིས་སྟོང་པར་བསམ་ཏེ། ཨ་ཨཱཿཧཱུྃ་གིས་འདོད་པའི་ཡོན་ཏན་ལྔར་དམིགས་ལ། འབྱུང་བའི་ལྷ་དང་བགེགས་རིགས་(༩༩)སྟོང་ཕྲག་བརྒྱད་ཅུ་དང་། འཆི་བདག་གཤིན་རྗེ་ལན་ཆགས་ཀྱི་མགྲོན་དང་བཅས་པ་རྣམས་བསམས་ཏེ། དེ་རྣམས་ལ་ཕུལ་ནས་ཚིག་འདི་ལན་བདུན་བརྗོད་དོ། །འཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་པའི་རྗེས་ལ། སྣོད་གཅིག་ཏུ་དྲིལ་ཏེ་ཆུ་བོའི་གཞུང་ལ་བསྐྱལ་བས་ལོ་གསུམ་གྱི་བར་དུ་འབྱུང་བ་འཁྲུགས་ནས་དུས་མ་ཡིན་པར་འཆི་བ་དང་། གདོན་གྱིས་དུས་མ་ཡིན་པར་འཆི་བ་ཐམས་ཅད་གྲོལ་བར་བྱེད་དོ། །

གཉིས་པ་བྱེ་བྲག་ཏུ་བཟློག་པའི་ཐབས་ལ་བླ་མའམ། གྲོགས་དམ་ཚིག་གཙང་བས་བྱ་སྟེ། སེན་མོའི་བཀྲག་མེད་ན་དབང་པོ་ལྔ་ལ་འབྱུང་བ་ལྔའི་ས་བོན་བསམ་ཞིང་། རང་གིས་ཀྱང་ཀ་ཀ་དང་ཀི་ཀི་ལ་སོགས་པ་དབྱངས་དང་གསལ་བྱེད་ཐམས་ཅད་ལ་རྫོགས་པར་བརྗོད་ནས། དགེ་སློང་བདུན་ལ་སྟོན་མོ་བྱའོ། །མིག་གི་སྤྲིས་ཡལ་ན་ཚ་ཚ་ལོ་གྲངས་བཏབ་ནས་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ཏེ། ཆུ་བོའི་གཞུང་ལ་གཤེགས་ཤིང་མིག་ཏུ་ཧ་དཀར་པོ་བསྒོམ་ཞིང་བཟླས་སོ། །ལྟག་སྐྲ་ལངས་ན་ནས་སྲན་མ་བྲ་བོ་གང་རུང་ལ་ངར་ཟན་བྱས་པའི་གསེབ་ཏུ་རང་གི་དྲི་མ་བསྒྲེས་ནས་གླུད་ཁྲུ་གང་བྱས་པའི་སྙིང་གར་ལུང་ཐང་གི་རྡོག་པོ་རང་གི་ལོ་གྲངས་གཞུག་ཅིང་སྐྲ་བྲེགས་ནས་དེའི་སྐྲ་དང་། སེན་མོ་དེའི་སེན་མོ་དང་། ཁྲག་གིས་དེ་ལ་བྱུགས་ཏེ། རང་གི་གོས་དུམ་གྱིས་དྲིལ་ལ་རང་གི་གནས་ནས་གོམ་པ་བརྒྱ་ཉི་ཤུའི་བར་དོང་གྲུ་གསུམ་བྲུས་པའི་ནང་དུ་བཅུག་ལ། རཾ་ལོ་གྲངས་བརྗོད་ནས། བདུད་ནག་པོ་ཁྱོད་འདི་ཁྱེར་ཅིག །གལ་ཆེའོ། །གལ་ཆེའོ། །ཞེས་བརྗོད་ནས་དྲི་ཆེན་བཏང་བ་ལ་སས་བྱིབས་ཏེ། ཕྱི་མིག་གིས་མི་བལྟ་བར་བྲོས་སོ། །རྐང་པའི་ལོང་བུའི་རྟགས་ལ། ཉི་མ་གྲིབ་སོ་ཆགས་དུས་ནུབ་ཏུ་ཁ་བལྟས་ཏེ་གཅེར་བུར་འཕོངས་སུ་ཁྱི་མཇུག་བཙུགས་ཏེ་སྒུར་ལ། མདུན་དུ་དྲི་ཆེན་བཏང་བ་ལ་ཁམ་རེ་ཟ་ཞིང་། ཁྱི་སྐད་ཐེངས་གསུམ་བརྗོད་དོ། །སོ་དྲེག་ཆགས་ན་རའི་ལྤགས་པ་གོན་ནས་ཤར་དུ་བལྟས་ཏེ་རའི་འདུག་སྟངས་ཀྱིས་ཉི་མ་རྩེ་ཤར་ལ་རའི་སྐད་ལན་གསུམ་གདོན་ནོ། །སྣ་(༡༠༠)ཞོམ་ན་ཆུ་སྣ་དགུའི་ཁྲུས་བྱས་ཏེ་སྣའི་རྩེ་ལ་ཨའམ་ཧཱུྃ་དཀར་པོ་བསམས་ཏེ་ཉེར་གཅིག་བརྗོད་དོ། །ཡན་ལག་རྐྱང་ན། རྡོ་རྗེ་རྣམ་འཇོམས་ཀྱི་ཆུས་བཀྲུ་ཞིང་། རྒྱ་སྐགས་ཀྱིས་འབྱུང་བ་ལྔའི་འཁོར་ལོ་བྲི་ཞིང་གདགས་སོ། །མིག་འབྲུ་ཚུགས་སུ་ལྟ་ན། མིག་ཏུ་ཧ་དཀར་པོ་བསམ་ཞིང་བཟླས་ལ། དགེ་འདུན་དང་བྱིས་པ་ལོ་གྲངས་ལ་སྟོན་མོ་བྱའོ། །འགྲམ་པ་ཤོང་ན། ཚ་ཚ་དང་། ཆུ་གཏོར་དང་། སྦྱིན་སྲེག་དང་། བ་དན་ལྗང་གུ་ཕྱར་བ་དང་། ཨེ་དང་ཨ་ལོ་གྲངས་བཟླས་སོ། །དབུགས་རྒོད་ན་བུ་རམ་ལ་ཡཾ་བཟླས་ཤིང་བཟའ་སྟེ། འགྲམ་པའི་སྟེང་དུ་ཨ་དཀར་པོ་བསམ་ཞིང་བཟླས་སོ། །སྣ་ཡོ་ན། སྣ་རྩེར་ཧཱུྃ་དཀར་པོ་བསམ་ཞིང་རླུང་དར་གཅིག་གཟུང་ངོ་། །མཆི་མ་འཛག་ན་བྲུཾ་གྱིས་སོ། །སོ་འཐམས་ན་ཨ་ལི་དང་ཤྭར་གྱིས་སོ། །ལྕེའི་ཐིག་ལེ་ལ་ཨ་ལི་དང་ཧཱུྃ་གིས་སོ། །རྣ་བ་འབྱར་ན་ཡུཾ་གྱིས་སོ། །ལྷེན་སྣ་ཞོམ་ན་ཨ་དང་ཡཾ་གིས་སོ། །རྩ་གཉིད་ལོག་མེད་ཧྲཱིཿདང་ཧཱུྃ་གིས་སོ། །དེ་ལྟར་ཡི་གེ་རང་རང་གི་གནས་སུ་བསྒོམ་ཞིང་བཟླས་པའང་ལོ་གྲངས་ཙམ་དུ་བྱའོ། །ཚེ་གཟུགས་ཀྱི་ལག་ཆ་མེད་ན། བླ་མ་ལ་ཚོགས་བརྒྱ་རྩ་བརྒྱད་བྱའོ། །ལག་པ་གཡས་པ་མེད་ན་འབྲུ་སྣ་ལ་ངར་གླུད་སེང་གེའི་མགོ་ཅན་ཁ་གདངས་པའི་སྤྱི་བོར་བྱ་སྤུ་ལོ་གྲངས་བཙུགས་ཏེ་བྱང་ཕྱོགས་ཀྱི་ལམ་སྲང་དུ་བསྐྱལ་ལོ། །ལག་པ་གཡོན་མེད་ན་སྲེ་མོའི་རླིད་བུར་སྟག་དང་ཕག་དང་ཁྱིའི་མཆེ་བ་དང་། ལུས་ལ་བསྒྲེས་པའི་ངར་གླུད་བཅུག་སྟེ་ཆུ་ལ་དོར་རོ། །རྐང་པ་གཡས་མེད་ན་ནུབ་ཏུ་ནམ་སྲོས་དུས་ཤུག་པའི་མེ་ལོ་གྲངས་གཏང་ངོ་། །རྐང་པ་གཡོན་མེད་ན་ངར་གླུད་ཁྲུ་གང་པའི་སྙིང་གར་སྟག་པར་ལོ་གྲངས་ཀྱི་ཉག་བཏབ་པ་བཙུག་ལ་ལྷ་ཁང་དུ་ཐོ་རངས་བསྐྱལ་ལོ། །མགོ་བོའི་གཡས་མེད་ན་ཕུང་ཤུལ་གྱི་ས་སྣ་དགུ་དང་ཤིང་ནག་པོའི་འབྲས་བུ་སྦྱར་བས་གའུ་བྱས་པའི་ནང་དུ་རང་གི་སྐྲ་སེན་ལ་སོགས་པ་དང་། གླང་མའི་བྱང་བུ་བཅུ་གཉིས་ལ་གནམ་ལོའི་རྒྱལ་པོ་སྟག་འདི་ཁྱེར་ཅིག་ལ་སོགས་པ་ལོ་བཅུ་གཉིས་ཀྱི་མིང་དང་ཚེར་མ་བཅུག་སྟེ་ནམ་ཕྱེད་དུར་ཁྲོད་དུ་བསྐྱལ་ལོ། །མགོ་བོའི་གཡོན་མེད་ན། འབྲུ་སྣ་ཉི་ཤུ་རྩ་ལྔས་ངར་བླུད་བྱས་ཏེ་སྙིང་གར་མི་རྟ་ཁྱི་གསུམ་གྱི་རུས་པ་བཅུག་སྟེ་གོས་དུམ་(༡༠༡)གྱིས་དྲིལ་ལ་ཚེས་བཅུ་གཅིག་གི་ནམ་སྲོས་དུས་ལྷོ་ངོས་སུ་གོམ་པ་བརྒྱད་ཅུའི་སར་དོང་དུ་བཅུག་ནས་སྦས་ཏེ་རང་གི་མིང་ནས་ལན་གསུམ་བོས་ལ་ངུ་བའི་ཚུལ་བྱའོ། །སྐེ་ཡན་ཆད་མེད་ན། ཤར་ལྷོར་ཚེར་མའི་ཧོམ་ལོ་གྲངས་ལ་མེ་སྦར་ཞིང་རཾ་ལོ་གྲངས་བཟླས་སོ། །སྐེད་པ་ཡན་ཆད་མེད་ན་ཤོག་བུ་སོར་བཞིའི་དབུས་སུ་རང་གི་ལོ་དང་གནམ་ལོའི་མིང་ལཾ་དང་བཅས་པ་བྲིས་པའི། ཤར་དུ་ཡཾ། ལྷོར་རཾ། ནུབ་ཏུ་ཨེ། བྱང་དུ་ཁཾ་བྲིས་པ་རང་གི་སྣ་ལ་བཏགས་ཏེ། གཅེར་བུར་སྐྲ་བརྫེས་ནས་ནམ་གུང་ལ་ཕྱོགས་བཞིར་རྒྱུག་ཅིང་། ཁ་ལ་ཁྱོད་ཁྱེར། ཝ་ལ་གཟིགས་ལྟ་ཞེས་པ་ལ་སོགས་འབྲེལ་མེད་མང་པོ་བརྗོད་ལ་ཤོག་བུ་དེ་དུར་ཁྲོད་དུ་སྦའོ། །རོ་སྟོད་མེད་ན་མེ་ལ་ལོ་བཅུ་གཉིས་ཀྱི་མིང་བསྲེག་གོ། །སྨད་མེད་ན་དུར་ཁྲོད་དུ་སོང་ལ་རུས་པ་སྣ་ཚོགས་ཀྱི་དུད་པ་གཏང་ངོ་། །ལུས་དེའི་གཡས་པ་མེད་ན་ཚ་ཚ་དང་གཙུག་ཏོར་ལོ་གྲངས་སོ། །གཡོན་མེད་ན་གཟུངས་གྲྭ་ལྔ་ལོ་གྲངས་སུ་གདོན་ནོ། །གནམ་སའི་འབྲེལ་ཐག་ཆད་ན། གསུང་རབ་བཀླག་ཅིང་། དགེ་བ་ལ་འབད་དོ། །མི་བབས་ན་དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་བྱའོ། །ལྗོན་ཤིང་ཆག་ན་སྨན་སྦྱོར་དང་རླུང་སྒོམ་མོ། །སྤྲིས་ཡལ་ན་ཁམས་ལ། ལོ་བཅུ་གཉིས་ཀྱི་གཟུགས་བྱས་ཏེ། ཚ་ཚ་རེ། གླུད་རེ། སྟག་པའི་ཧོམ་རེ་དང་མཉམ་དུ་ཉི་མ་དམར་ཐག་ཆད་པ་ལ་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ། །ནག་པོ་ཧྲལ་ཧྲོལ་ལ། ལྕགས་སམ་ཟངས་ཀྱི་ཕྱེ་མ་དང་འབྲུ་སྣ་བསྲེས་ལ་ཕྱོགས་བཞིར་གཏོར་རོ། །དམར་པོའི་ཐིག་ལེ་ལ་ངར་གླུད་ལོ་གྲངས་ལ་གཟུགས་མོ་བྱི་ཐུར་བཙུགས་ཏེ། ཤར་གྱི་ལམ་རྒྱ་གྲམ་དུ་རུས་པ་སྣ་ཚོགས་དང་བསྲེས་ལ་བསྐྱལ་ལོ། །དུ་བ་ཆད་ན་རྟ་ཐོད་ལ་འབྱུང་བ་ལྔའི་ས་བོན་བྲིས་ལ། ཉི་མ་མདུང་གང་དུས་སུ་ནུབ་ཏུ་བསྐྱལ་ཞིང་། རྟ་སྐད་མང་པོ་འདོན་ནོ། །རྣ་བའི་སྒྲ་ཆད་ན། སྙིང་དུ་ཡཾ་བསམ་ཞིང་། མིག་གྱེན་དུ་ལྡོག་དུས། གཞན་གྱིས་གཟུང་ཆུའི་བུམ་པས་སྤྱི་བོ་ནས་ཁྲུས་བྱའོ། །སྒྲ་ཤྭ་ཤྭ་ལ་ཟས་སྣའི་གཏོར་མ་ལོ་གྲངས་ལོ་བཅུ་གཉིས་ཀྱི་མིང་དང་བཅས་པ། སྡོང་པོ་རྐང་གཅིག་གི་རྩར་བསྐྱལ་ལོ། །ཤིང་ལོ་ལངས་ན་ཚོགས་དང་གཏོར་མ་ལ་འབད་དོ། །ནང་གི་འཆི་ལྟས་ལ་ནི། རླུང་བུམ་པ་ཅན་བསྒོམ་ཞིང་དགེ་བ་འགྲུབ་ཚད་བྱའོ། །གསང་བའི་འཆི་(༡༠༢)ལྟས་ལ། དགེ་སྦྱོར་སྔར་བས་སུམ་ལྡབ་དང་། སྲོག་འདོན་དང་། འཆི་བསླུ་དང་། ཚ་ཚ་དང་། ཚེ་སྒྲུབ་ལ་སོགས་པ་ལོ་གྲངས་སམ། དེ་ལས་ལྷག་པར་བྱས་པས་བཟློག་པ་ཡིན་ནོ། །

དེ་ལྟར་ཡང་ཟབ་གནད་ཀྱི་གདམས་པ་ལས། །གསལ་བར་བཀོད་པའི་དགེ་བས་འགྲོ་བ་ཀུན། །ཕྱམ་ཅིག་བདེ་ཆེན་ཐར་བའི་ལམ་ཞུགས་ཏེ། །འཆི་བདག་བདུད་ལས་རྣམ་པར་རྒྱལ་གྱུར་ཅིག །འཆི་བསླུ་དྲན་པའི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་ཕྱི་རབས་ཀྱི་དོན་ལ་བསམས་ཏེ་ལེགས་པར་བཀོད་པ་རྫོགས་སོ།། །།དགེའོ།། །།

སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་།

༄༅། །སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་བཞུགས་སོ། །

༄༅། །ཟབ་ཅིང་རྒྱ་ཆེ་བླ་མེད་སྙིང་པོའི་དོན། །གསལ་བར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཐིག་ལེ་མཆོག་གསང་སྙན་བརྒྱུད་རིམ་གསུམ་ལས། །ཁྲིད་དུ་བསྡེབས་ཏེ་ཡེ་ཤེས་རང་སྣང་བཀོད། །རང་བཞིན་རྫོགས་པ་ཆེན་པོ་སྡེ་གསུམ་ལས། །མན་ངག་སྡེ་ལའང་ཕྱི་ནང་གསང་བའི་སྐོར། །སྙིང་ཏིག་དང་འབྲེལ་འོད་གསལ་མངོན་སུམ་ལས། །ཡི་གེ་མེད་པའི་སྙན་བརྒྱུད་ཉམས་ལེན་བྲི། །

འདིར་ཐེག་པ་ཀུན་གྱི་རྩེ་མོ་ཐིག་ལེ་གསང་བའི་སྐོར་གྱི་དོན་ཁྲིད་ལ་གསུམ་སྟེ། བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པ། གཙིགས་ཆེ་བ་བཀའ་རྒྱས་གདབ་པའོ། །

དང་པོ་ནི་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཤད། དེས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ། དེས་འཇམ་དཔལ་བཤེས་གཉེན་ལ། དེས་ཤྲཱ྇་སེང་ཧ་ལ། དེས་ཛྙཱ་ན་སཱུ་ཏྲ་ལ། དེས་བི་མ་མི་ཏྲ་ལ། དེས་ཉང་ཏིང་འཛིན་བཟང་པོ་ལ། དེས་སྦས་བློ་གྲོས་དབང་ཕྱུག་ལ། དེས་འབྲོ་རིན་ཆེན་འབར་བ་ལ། དེས་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ། དེས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ། དེས་ཤང་པ་རས་པ་ལ། དེས་ཟབ་སྟོན་ཆོས་འབར་ལ། དེས་དམ་པ་གྱེར་ཞིག་ལ། དེས་གཉེན་སྟོན་ཤེས་རབ་རྩེ་མོ་ལ། དེས་མཉམ་མེད་ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས་ལ། དེས་བླ་མ་ནམ་མཁའ་རྡོ་རྗེ་ལ། དེས་བླ་མ་དམ་པ་ཀུ་མ་རཱ་ཛ་ལ། དེས་ཀློང་ཆེན་རབ་འབྱམས་ལ་གནང་བའོ། །

དོན་གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་གསུམ་སྟེ། སྔོན་འགྲོ་ཉམས་སུ་བླང་བ། དངོས་གཞི་རང་ངོ་སྤྲད་པ། རྗེས་སྣང་བ་ཇི་ལྟར་བསྐྱང་བའོ། །(༡༠༣)དང་པོ་ལ་སེམས་སྦྱོང་རྣམ་པ་བདུན་ལས། དང་པོ་བྱིན་རླབས་ཀྱི་སྒོ་དབྱེ་བ་མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་སྦྱང་བ་ནི། སྟན་བདེ་བ་ལ་འདུག་སྟེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རང་གི་སྤྱི་བོར་པདྨ་ཉི་མའི་དབུས་སུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཐིམ་པས་བཞད་ཡལ་ལེ། འོད་དང་འོད་ཟེར་དུ་འཁྱིལ་ལེ་བའི་མཐར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་བར་བསམ་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། ཕྱི་ནང་གི་མཆོད་པ་འབུལ་བ་དང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་ཏེ། བླ་མ་རིན་པོ་ཆེ་སེམས་ཉིད་རང་ངོ་ཤེས་པར་བྱིན་གྱིས་རློབས། བདག་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། འོད་གསལ་ནང་ནས་འཆར་བར་བྱིན་གྱིས་རློབས། ཞེས་པ་ལ་སོགས་པའི་ཚིག་བརྗོད་ལ། སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་ནས། བདག་དང་བླ་མ་འོད་དུ་ཞུ་ནས་གཉིས་སུ་མེད་པར་གྱུར་པའི་ངང་ལ་དར་ཅིག་གློད་དེ། རྨི་ལམ་སྒྱུ་མའི་ཚུལ་གྱིས་བསྔོ་བར་བྱའོ། །དེས་ནི་བྱིན་རླབས་ལྷུན་གྲུབ་ཏུ་བྱུང་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད་དོ། །

གཉིས་པ་ཚོགས་གཉིས་རྫོགས་པ་མཎྜལ་གྱི་རྣལ་འབྱོར་ལ་སེམས་སྦྱང་བ་ནི། ལན་གསུམ་ཕྱིས་ལ་དབུས་སུ་ཚོམ་བུ་གཅིག་བཀོད་དུས། བླ་མ་དང་སངས་རྒྱས་ལ་སོགས་པ་སྤྲིན་ཕུང་གཏིབས་པ་ཙམ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཚོམ་བུ་ལྔའམ་བདུན་ལ་སོགས་པ་བཀོད་པའི་མཐར་དབུས་སུ་མེ་ཏོག་སྤུངས་ཏེ། ལན་ལྔར་འབུལ་བ་ནི་རིམ་པ་ལྟར་གླིང་གཞི་རི་རབ་དང་བཅས་པས་བརྒྱན་པའི་ཞིང་ཁམས་ཐམས་ཅད། རིན་པོ་ཆེ་སྣ་ཚོགས་དང་། སྨན་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། འབྲུ་སྣ་ཚོགས་ཀྱིས་གང་བར་བསམས་ཏེ། རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །སྨན་སྤོས་མེ་ཏོག་འབྲུ་ཚོགས་རྣམ་སྦྱར་བ། །ནམ་མཁའི་དབྱིངས་ཀུན་གང་བར་ཕུལ་བ་ཡིས། །འགྲོ་ཀུན་རྒྱལ་བའི་འབྱོར་པས་ཡོངས་གང་ཤོག །ཅེས་པ་ལ་སོགས་པའི་ཚིག་བརྗོད་དོ། །མཐར་བདག་གཞན་གཉིས་སུ་མེད་པའི་ངང་ནས་བསྔོ་བ་བྱས་པས། ཚོགས་གཉིས་རྫོགས་(༡༠༤)ཤིང་། དངོས་གྲུབ་རྣམ་པ་གཉིས་མྱུར་དུ་ཐོབ་པར་བྱེད་དོ། །

གསུམ་པ་སྒྲིབ་པ་སྦྱོང་བ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་སེམས་སྦྱང་བ་ནི། སྐད་ཅིག་གིས་པད་ཟླའི་དབུས་སུ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང༌ ། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེས་བརྒྱན་པའི་སྙིང་ནང་ཟླ་བའི་དབུས་སུ་རྡོ་རྗེ་དཀར་པོ་ཚོན་གང་བ་ལྟེ་བར་ཧཱུྃ་གིས་མཚན་པའི་མཐའ་སྐོར་དུ་ཡི་གེ་བརྒྱ་པ་དཀར་སེར་མར་མེ་འབར་བ་ལྟ་བུའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ། སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པར་བསམས་ལ། ཨཱ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭོ་ཏྭེ་ནོ་པ་ཏིཥྛ། དྲ྇་ཌྷོ་མེ་བྷ་ཝ། སུ་ཏོ་ཤྱོ་མེ་བྷ་ཝ། སུ་པོ་ཤྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཧྲ྇་ད་ཡ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧ་ས་མ་ཡ་སཏྭ་ཨཱཿ ཞེས་ཅི་འགྲུབ་བཟླས་པའི་རྗེས་ལ་སྣང་བ་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་མི་དམིགས་པའི་ངང་ལ་བཞག་ལ། བསྔོ་བ་བྱས་པས་བསྐལ་པ་འབུམ་ཕྲག་དུ་མར་བསགས་པའི་སྡིག་སྒྲིག་དག་ཅིང་ཉམས་ཆག་ཐམས་ཅད་བསྐངས་ནས། སེམས་ཉིད་ཀྱི་དོན་རྟོགས་པའི་དགོས་པ་ཡོད་དོ། །

བཞི་པ་བློ་སྣ་བཙན་ཐབས་སུ་བསྟུངས་པ་ལ་ཚེ་མི་རྟག་པའི་རྣལ་འབྱོར་ལ་སེམས་སྦྱང་བ་ནི། ཕྱི་ནམ་ཟླའི་འགྱུར་ལྡོག །ནང་ཕུང་པོའི་དར་རྒུད། ཉིན་མཚན་སྐད་ཅིག་གིས་འགྱུར་བ། རྒན་རབས་གཞོན་རབས་འདས་པ་ལ་སོགས་པའི་མི་རྟག་པའི་རྐྱེན་དུ་མ་ལ་བསམས་ཏེ། བདག་གི་ཚེ་མི་རྟག་པ་ལ་བློ་སྣ་སྦྱང་ངོ་། །དེས་ནི་གང་ལ་ཡང་རྟག་མི་ཐུབ་པས་ཆོས་ལ་བརྩོན་འགྲུས་མེ་འབར་བ་ལྟ་བུ་འབྱུང་བའི་དགོས་པ་ཡོད་དོ། །

ལྔ་པ་སྲིད་པ་ལ་སྐྱོ་བ་བསྐྱེད་པ་འཁོར་བ་སྡུག་བསྔལ་གྱི་རྣལ་འབྱོར་ལ་སེམས་སྦྱོང་བ་ནི། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་(༡༠༥)འཆི་འཕོ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་རྣམས་བསམས་ལ། བདག་གིས་འཁོར་བར་སྔར་ཡང་ལན་མང་དུ་སྡུག་བསྔལ་དེ་འདྲ་མྱོང་། ད་ཡང་སྙིང་ནས་ཆོས་མ་བསྒྲུབ་ན་མྱོང་དགོས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་བཙོན་ར་ན་གནས་པ་འདི་ལྟ་བུ་མཚང་རེ་ཆེ་སྙམ་པ་སྙིང་ཐག་པ་ནས་བསམས་པས། འཁོར་བའི་སྡུག་བསྔལ་ལ་སྐྱོ་བས་སྙིང་ནས་ཐར་པ་བསྒྲུབ་པའི་དགོས་པ་ཡོད་དོ། །

དྲུག་པ་ཐེག་ཆེན་ལམ་དུ་འགྲོ་བ་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་ལ་སེམས་སྦྱང་བ་ནི། ཕ་དང་མས་གཙོ་བྱས་པའི་འཁོར་བ་ན་གནས་པའི་སེམས་ཅན་གྱི་སྡུག་བསྔལ་དང་ཉེས་པ་བསམས་ཏེ། ཕ་མ་ཡིན་པའི་བློ་བཞག་ནས་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ། །བདག་གི་དགེ་བས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་པ་ནས། ཕ་མ་ལྟར་བྱམས་པ་དང་། སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེ་དང་། བྱང་ཆུབ་ལ་འགོད་འདོད་ཀྱི་སེམས་གསུམ་བསྒོམ་པར་བྱའོ། །དེས་ནི་ཅི་བྱེད་ཐམས་ཅད་ཐེག་ཆེན་གྱི་ལམ་དུ་འགྱུར་བ་དང་། སྡིག་པ་སྟོབས་ཆེན་འཇོམས་པ་དང་། དགེ་བ་རླབས་ཆེན་འགྲུབ་པ་ལ་སོགས་པའི་དགོས་པ་ཡོད་དོ། །

བདུན་པ་སེམས་ཉིད་རྣལ་མའི་དོན་ལ་བརྟག་པ་རང་བཞིན་གཤིས་ཀྱི་རྣལ་འབྱོར་ལ་སེམས་སྦྱང་བ་ནི། ད་ལྟར་གྱི་དྲན་རིགས་སྣ་ཚོགས་སུ་འཆར་བ་འདི། དང་པོ་གང་ནས་བྱུང་། བྱུང་མཁན་ཅི་ལྟ་བུ། ད་ལྟར་གར་གནས། གནས་མཁན་ཇི་འདྲ་ཞིག །ཐ་མ་གང་དུ་འགྲོ། འགྲོ་མཁན་གང་ལྟ་བུ། སྣང་བའི་ཡུལ་རྡུལ་ཕྲན་དུ་བརྟགས་པས། ཡུལ་ལས་སེམས་བྱུང་ནས་འགྲོ་བ་འདུག་གམ། གནས་མཁན་རང་གི་སེམས་ཀྱི་སྐད་ཅིག་མ་བརྟགས་པས་ངོ་བོ་ངོས་གཟུང་། རྟགས་དང་མཚན་མ། དབྱིབས་དང་ཁ་དོག་ཏུ་འདུག་གམ། ལེགས་པར་དཔྱད་པས་གང་ཡང་མ་རྙེད་པར་ཕྱམ་ཕྱལ་པ་བརྗོད་མི་ཤེས་པའི་ངང་ལ་སོང་བ་ནི། ཀ་དག་རང་གནས་ཀྱི་དགོངས་པ་ཞེས་བྱ་སྟེ། གནད་ལས་ངོ་བོ་མངོན་དུ་མཐོང་བས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་མེད་ཡེ་གྲོལ་དུ་ཤེས་ནས། རང་སེམས་སྟོང་གསལ་དུ་རྟོགས་པའི་དགོས་པ་ཡོད་དོ། །དེ་(༡༠༦)ལྟར་སྔོན་འགྲོ་རྣམས་ལ་བློ་འབྱོངས་པ་ཤིན་ཏུ་གལ་ཆེ་བས། གཟབ་ལ་གདབ་ཅིང་མོས་གུས་དང་བརྩོན་འགྲུས་ཆེན་པོ་ནས་དམིགས་པ་རེ་རེ་ལ་རབ་ཞག་བདུན། འབྲིང་ལྔ། ཐ་མ་གསུམ་གསུམ་བྱའོ།། །།

དོན་གཉིས་པ་དངོས་གཞི་རང་ངོ་སྤྲད་པ་ལ་གཉིས་ཏེ། རིག་སྟོང་སྐྱེ་མེད་ལ་ངོ་སྤྲད་པ་དང་། འོད་གསལ་ལྷུན་གྲུབ་ལ་ངོ་སྤྲད་པའོ། །དང་པོ་ལ་བཞི་སྟེ། ལྟ་བས་ཐག་གཅད། སྒོམ་པས་ཉམས་སུ་བླང་། སྤྱོད་པས་འཕྲང་བསལ། འབྲས་བུ་རེ་དོགས་སྤང་བའོ། །

དང་པོ་ནི་རང་རིགས་སྟོང་གསལ་ཡོད་མེད་སྤྲོས་པ་དང་བྲལ་བ་འདི་ཡིན་ཏེ། བརྟགས་པས་མ་རྙེད། རྒྱུ་མཚན་གང་དུ་ཡང་མ་གྲུབ། ཡིན་མིན་བརྗོད་གཞི་ལས་འདས། ཡོད་ཅེས་ངོས་གཟུང་མེད་ཀྱང་། མེད་ཅེས་ཕྱང་ཆད་ལ་མ་སོང་བར། རིག་གེ། སིང་ངེ༌་། ཡེ་རེ། ཝལ་ལེ་བ། ཐ་མལ་གྱི་ཤེས་པ་རང་སོར་གནས་པ་ནམ་མཁའ་ལྟ་བུ་འདི་ཡིན་ནོ། །

གཉིས་པ་སྒོམ་པས་ཉམས་སུ་བླང་བ་ལ། རང་གནས་ཀྱི་ཤེས་པ་ལ་བཅོས་བསླད་མེད་པར་ངོ་སྤྲད་པ་དང་། རང་ཤར་གྱི་ཤེས་པ་རང་གྲོལ་ཆེན་པོར་ངོ་སྤྲད་པ་ལ་གཉིས་ལས། དང་པོ་ནི་ལུས་སེམས་ཁོང་གློད་དེ་སེམས་ཉིད་སྤྲོ་བསྡུ་མེད་པའི་ངང་ལ་རིག་པའི་གདངས་མ་འགགས་པ་ཁོང་ནས་འཆར་བ་ལ་ངོ་སྤྲད་དེ། དཔེ་གསུམ། རང་བཞིན་ལྔ། དྲོད་རྟགས་རྣམ་པ་བཞི་ལས། དཔེ་གསུམ་ནི། ཕྱི་ནང་བར་གསུམ་གང་དུའང་རྟེན་མེད་པ་ནམ་མཁའི་སྤྲིན་ལྟར་གཞག་པ། རྣམ་རྟོག་འཕྲོ་འདུའི་རྩོལ་བ་ཆད་པས། རིག་པ་རང་གནས་སུ་ཕྱམ་གྱིས་ལུས་པ་ཆུ་ཆད་པའི་རང་འཐག་ལྟར་གཞག་པ། རང་གནས་གཤིས་ཀྱི་གནས་ལུགས་སུ་ཤེས་པས་རྩོལ་སྒྲུབ་རེ་དོགས་ཀྱི་ཁུར་མེད་པ་ལས་ཟིན་པའི་སྐྱེས་བུ་ལྟར་གཞག་པའོ། །རང་བཞིན་ལྔ་ནི། དེ་ལྟར་བཞག་དུས་ངང་ལ་གནས་པ། དྲན་པས་ཟིན་པ། རྟོག་པར་མ་འགྱུས་པ། རེ་དོགས་ཆད་པ། བྱིང་རྒོད་མེད་པའོ། །དྲོད་རྟགས་བཞི་ནི། དེ་ལྟར་བསྒོམས་པས་ལུས་སེམས་མེད་པ་སྙམ་པ་དང་། ནམ་མཁའ་དང་འདྲེས་ནས་ཕྱམ་ཅིག་པ་སྙམ་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེའི་ངང་ལས་འབྲལ་མི་ཕོད་པ་སྙམ་པ་དང་། འཁོར་འདས་གང་ལའང་རེ་དོགས་དང་གཉིས་འཛིན་མེད་པའི་ཡེ་(༡༠༧)ཡིན། སངས་རྒྱས་ཀྱི་དགོངས་པ་འདི་རང་དུ་འདུག་སྙམ་པའི་ཐག་ཆོད་ཀྱི་ཤེས་པ་གཏིང་ནས་སྐྱེ་བའོ། །དེ་དག་ལ་གོམས་པ་ལས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མི་འདོད་ཀྱང་འབྱུང་བ་ཡིན་ནོ། །

གཉིས་པ་རང་ཤར་རང་གྲོལ་དུ་ངོ་སྤྲད་པ་ནི། ངང་དྭངས་གཅིག་ལ་བཞག་དུས་རྣམ་རྟོག་དྲན་རིག་སྣ་ཚོགས་སུ་འཆར་ཚད་རྗེས་མེད་རང་ཤར་རང་གྲོལ་དུ་ངོ་སྤྲད་དོ། །དཔེ་གསུམ། རང་བཞིན་ལྔ། དྲོད་རྟགས་བཞི་ལས། དཔེ་གསུམ་ནི། ངང་དྭངས་སེམས་ཀྱི་རོལ་པ་ལས་བྱུང་ཞིང་། རོལ་པ་སེམས་ཉིད་དུ་གྲོལ་བ་ཆུ་བོ་ལ་དབའ་རླབས་ཐིམ་པ་ལྟར་གཞག་པ། ཤར་གྲོལ་རྗེས་མེད་དུ་ཡལ་བ་ཆུ་ལ་རི་མོ་བྲིས་པ་ལྟར་གཞག་པ། རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་གཞག་པའོ། །རང་བཞིན་ལྔ་ནི། དེ་ལྟར་བཞག་དུས་ཤར་བ་ངོས་ཟིན་པ། རྟོག་པ་སྔ་ཕྱིར་མ་མཐུད་པ། རང་ཡུལ་རྗེས་མེད། གསལ་དྭངས་སིང་བག་དང་བཅས་པ། འཕྲོ་གནས་གཉིས་སུ་མེད་པའོ། །དྲོད་རྟགས་བཞི་ནི། དེ་ཉིད་གོམས་པ་ལས། རྟོག་པས་སེམས་གནས་པ་ལ་མི་གནོད་ཅིང་། རྟོག་དང་མི་རྟོག་མཉམ་པ་དང་། དུག་ལྔ་སྐྱེས་གྲོལ་དུ་དག་པས་ཞེན་ཆགས་མཁའ་ལྟར་ཞི་བ་དང་། ཐུག་ཕྲད་རྗེས་མེད་དུ་གྲོལ་བས་རྐྱེན་ངན་ལམ་དུ་སློང་བ་དང་། མཉམ་རྗེས་རིས་མེད་དུ་འདྲེས་པས་སྒོམ་པ་ཆུ་བོའི་རྒྱུན་ལྟར་གནས་པའོ། །

གསུམ་པ་སྤྱོད་པས་འཕྲང་བསལ་བ་ལ་གཉིས་ལས། ངང་དྭངས་མཉམ་གཞག་ལ་གནས་དུས་སྣང་སེམས་གཉིས་མེད་དུ་གྲོལ་བས་ཚོགས་དྲུག་ལྷུག་པ་ལ་བསླབ་པ་དང་། རྗེས་སྣང་བདེན་མེད་དུ་ཤེས་པས་ཡུལ་སྣང་བདེན་མེད་དུ་གྲོལ་བ་སྒྱུ་མའི་དཔེ་བརྒྱད་ལ་བསླབ་པའོ། །

དང་པོ་ནི། ངང་དྭངས་ཤར་གྲོལ་དུ་སྒོམ་དུས་རང་སེམས་སྐྱེ་མེད་དུ་གནས་པས་དབང་པོ་དྲུག་གི་ཡུལ། གཟུགས་སྒྲ་དྲི་རོ་རེག་བྱ་དང་ཆོས་དྲུག་ལ་འཛིན་པ་རང་ལོག་སྟེ། རང་སོར་སྣང་ལ་ཞེན་འཛིན་མེད་པར་རང་ངོ་སྤྲད་དོ། །

གཉིས་པ་ནི། ཅིར་སྣང་སྒྱུ་མ་རྨི་ལམ་ལ་སོགས་པ་ཤེས་པར་བྱའོ། །དེ་ལྟར་སྤྱོད་པའི་དཔེ་གསུམ་ནི། ཤེས་པ་ཡུལ་སྣང་འཛིན་མེད་དུ་ཐུགས་ཕྲད་རྗེས་འཛིན་མེད་པ་སྨྱོན་པ་ལྟར་སྤྱོད་པ། སྣང་ལ་ཞེན་འཛིན་མེད་པ་སྒྱུ་མ་ལྟར་སྤྱོད་པ། བླང་དོར་རེ་དོགས་མེད་པ་བུ་ཆུང་ལྟར་སྤྱོད་པའོ། །རང་(༡༠༨)བཞིན་ལྔ་ནི། རྣམ་པར་སྣང་བ། ཡུལ་དུ་མི་རྟོག་པ། བླང་དོར་མེད་པ། ཐད་ཀར་ཆོད་པ། རྐྱེན་ཁར་མི་འཆོར་བའོ། །དྲོད་རྟགས་བཞི་ནི། དེ་ལྟར་སྤྱད་པས་སྣང་བ་གང་ལའང་གཏད་མེད་དུ་འཆར་བ་དང་། ཞེ་འདོད་ཟད་པ་དང་། དགག་སྒྲུབ་ཞིག་པ་དང་། ཆོས་ཉིད་ལས་མི་འདའ་བའོ། །བཞི་པ་འབྲས་བུ་རང་རིག་རང་གྲོལ་ལ་ངོ་སྤྲད་པ་ནི། གང་ལྟར་བསྒོམ་ཞིང་དཔྱད་ཀྱང་དང་པོའི་དུས་ཀྱི་ཤེས་པ་རྗེས་མེད་དུ་གྲོལ་བའི་རང་གནས་རིས་མེད་དོ། །དཔེ་གསུམ་ནི། རང་སའི་ཤེས་པ་ཆོས་སྐུར་ཐག་ཆོད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ལ་བཟླ་བ་དང་། རྩོལ་སྒྲུབ་མི་དགོས་པ་ནམ་མཁའི་རང་བཞིན་ལྟར་ལ་བཟླ་བ་དང་། བློ་བདེ་ཆོས་ཉིད་དུ་ཤར་བ་དེད་དཔོན་ནོར་བུ་ལོན་ནས་རང་ཁྱིམ་ན་གནས་པ་ལྟར་ལ་བཟླ་བའོ། །རང་བཞིན་ལྔ་ནི། གྲོལ་ཐོག་ཏུ་གནས་པ། བཅོས་བསླད་མེད་པ། བྱ་རྩོལ་ཟད་པ། ཤུགས་ཀྱི་དལ་བ། གཏིང་ནས་བདེ་བའོ། །ཉམས་ཀྱི་དྲོད་རྟགས་བཞི་ནི། གང་ལའང་སྨོན་པའི་བློ་དང་བྲལ་བ། ཡིན་མིན་གྱི་ཐེ་ཚོམ་ཟད་པ། ཕྱོགས་ཡན་ཆོས་ཉིད་དང་མི་འབྲལ་བ། རེ་དོགས་སྒྲུབ་བློ་དང་བྲལ་བའོ། །འདི་དག་ནི་ཚེ་འདིར་ཉམས་སུ་ལེན་པའི་མཐིལ་ཡིན་ནོ། །དོན་གཉིས་པ་འོད་གསལ་ལྷུན་གྲུབ་ལ་ངོ་སྤྲད་པ་ནི། གདོད་མའི་གནས་ལུགས། འཁོར་འདས་གྱེས་ཚུལ། ལུས་ལ་ཡེ་ཤེས་གནས་ཚུལ། དེ་ཉིད་སྐུ་གསུམ་དུ་ངོ་སྤྲད་ཚུལ། བར་དོར་སྒྲ་འོད་ཟེར་གསུམ་དང་ཡེ་ཤེས་ཀྱི་སྣང་བ་འཆར་ཚུལ། འབྲས་བུ་གདོད་མར་གྲོལ་ནས་སེམས་ཅན་གྱི་དོན་འབྱུང་ཚུལ་རྣམས་ནི། སྙན་བརྒྱུད་འབྲིང་བོ་དང་ཆེན་མོ་བཞིན་ངོ་སྤྲད་དོ། །དོན་གསུམ་པ་རྗེས་སྣང་ཇི་ལྟར་བསྐྱང་བ་ནི། ངོ་སྤྲད་པ་བཞིན་ཉམས་སུ་ལེན་པ་ལ་བརྩོན་པར་བྱེད་པ་སྟེ། བྱིང་རྒོད་དང་མཚན་འཛིན་གྱི་འཁྲིས་མ་ཞུགས་པར་བསྒོམ་ཞིང་། ཡེ་ཤེས་རང་ལ་གནས་པའི་དགོངས་པ་ལ་ཡིད་ཆེས་པར་བྱས་ནས། གཞན་བར་དོ་ཡིན་པའི་འདི་ཤེས་ཉིན་མཚན་ཐུན་བཞིར་བར་དོའི་ངོ་སྤྲད་དང་། གདམས་པ་དྲན་པར་བྱ་བ་ལ་བསླབ་པོ། །

སྤྱི་དོན་གསུམ་པ་གཙིགས་ཆེ་བ་བཀའ་རྒྱས་གདབས་པ་ནི། ཡི་དམ་གྱི་སྐུའམ་གཏོར་མ་མགོ་ཐོག་ཏུ་བཞག་སྟེ། ཞག་(༡༠༩)རེ་ལ་ཉམས་སུ་ལེན་པ་ཐུན་རེ་མ་མཐའ་ནའང་ཉམས་སུ་མི་ལེན་རེ། གདམས་པའི་དཔེ་དང་ཚིག་དོན་གཞན་ལ་སྟོན་རེ། ཞེས་མནའ་བསྒགས་སོ། །སྣོད་ལྡན་ཕན་ཐོགས་པ་ལ་གཏད་རྒྱ་ཡང་ཕྱག་ལེན་དུ་མཛད་དོ། །

དེ་ལྟར་རབ་གསང་སྙན་བརྒྱུད་སྙིང་པོའི་དོན། །སྙིང་ཕྱུང་ལག་མཐིལ་དག་ཏུ་བཀོད་པ་ཡིས། །སྐལ་ལྡན་འགྲོ་རྣམས་བྱང་ཆུབ་ལ་རེག་ནས། །མ་ལུས་ཉེར་ཞི་སངས་རྒྱས་འགྲུབ་པར་ཤོག །ཐིག་ལེ་མཆོག་ཏུ་གསང་བ་ལས། སྙན་བརྒྱུད་ཆུང་ངུ་ད་ལྟ་ཡེ་ཤེས་རང་སྣང་ཞེས་བྱ་བ། བི་མ་ལའི་ཐུགས་བཅུད་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།

སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང་།

༄༅། །སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང་བཞུགས་སོ། །

༄༅། །ཡེ་ཤེས་འོད་གསལ་སྙིང་པོའི་དོན་སྟོན་པ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཏེ། །བར་དོ་འོད་གསལ་རང་སྣང་སྙན་བརྒྱུད་འདི། །ཕྱི་རབས་དོན་དུ་བཤད་ཀྱིས་གུས་པས་ཉོན། །

དེ་ལ་བར་དོ་ནི་དབྱེ་བསྡུའི་རྣམ་པ་མང་ཡང་། འདིར་དྲུག་སྟེ། གནས་ལུགས་གཞིའི་བར་དོ་ལ་ངོ་སྤྲད་པ། འོད་གསལ་ཏིང་ངེ་འཛིན་གྱི་བར་དོ་ལ་ཉམས་སུ་བླང་བ། འཁྲུལ་སྣང་རྨི་ལམ་གྱི་བར་དོ་ལ་ཚད་གཟུང་བ། འབྱུང་འཁྲུགས་འཆི་ཁའི་བར་དོ་ལ་གསལ་གདབ་པ། ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་ལ་བཙན་ས་གཟུང་བ། སྲིད་པ་ལས་ཀྱི་བར་དོ་ལ་འཕྲོ་མཐུད་པའོ། །

དང་པོ་ལ་དོན་ངོས་གཟུང་། རྟགས་མངོན་དུ་བསྟན། དཔེས་ཡིད་ཆེས་བསྐྱེད་པ་དང་གསུམ་ལས། དང་པོ་ནི། རང་གི་སྙིང་གའི་དབུས་འོད་གསལ་ཡེ་ཤེས་ཀྱི་རྩ་ནང་ན་དྭངས་མའི་དྭངས་མ་སྡོང་བུ་ལྟ་བུ་ལ་རིག་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་བཞིན་གསལ་བ་ལོངས་སྐུ་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཐུགས་རྗེ་རིག་པའི་སྙིང་པོ་མེ་ལོང་དྭངས་པའི་ངོས་ལྟ་བུ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་རང་ཆས་སུ་བཞུགས་སོ། །

གཉིས་པ་ནི། སྙིང་ནས་མིག་ཏུ་འོད་རྩ་ཤེལ་གྱི་སྦུ་གུ་ཅན་གྱི་འབྲེལ་པ་ན། ཚུལ་མར་མེ་ཡོད་པ་མཚོན་པ་ལས་འོད་ཕྱིར་གསལ་བ་(༡༡༠)ལྟར། ཡེ་ཤེས་འོད་གསལ་ནང་ན་ཡོད་པར་མཚོན་པ་ལས། ཐིག་ལེ་སྟོང་པའི་འོད་མིག་ཏུ་འཆར་བར་བསྟན་པའོ། །

གསུམ་པ་ནི། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་མ་འགག་པ་སྐུ་གསུམ་འདུ་འབྲལ་མེད་པའི་དཔེ་གང་རུང་རེ་རེས་མཚོན་ནུས་ཀྱང་། ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་དཔེ་བཞིས་རིག་པ་བྱ་བ་ཀུན་ཀྱང་དོན་གསུམ་གསུམ་གྱིས་རང་བཞིན་ལ་ངོ་སྤྲད་ན། དང་པོ་ཆོས་སྐུ་མན་ཤེལ་གྱི་དཔེས་སྟོང་གསལ་དྭངས་ལ་དྲི་མ་མེད་པར་མཚོན་པ་ནི། མན་ཤེལ་གྱི་འོད་ཉི་མ་ཤར་དུས་བསྟན་ལ། འདི་ལ་དྲི་མ་མེད་ཅིང་ཟང་ཐལ་བ་ལྟར། རིག་པའང་དྲི་མ་མེད་ཅིང་ཟང་ཐལ་བ་ཡིན་ནོ། །འདི་ལ་ཁ་དོག་ངོ་བོ་ངོས་གཟུང་མེད་པ་ལྟར་རིག་པ་ལ་ངོ་བོ་ངོས་གཟུང་མེད་པ་ཡིན་ནོ། །འདི་ལ་དངོས་སུ་འོད་མེད་ཀྱང་ངང་ལས་ཡེ་གདངས་སུ་ཡོད་པ་ལྟར། རིག་པའི་སྟོང་ཆ་ལ་འོད་དང་སྐུ་མདོག་ཡེ་ཤེས་སུ་མ་གྲུབ་ཀྱང་། ངང་གདངས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིན་ནོ། །ཞེས་བརྗོད་ནས། ཉི་མའི་ཞུར་ལ་ཕྱར་བས་འོད་ལྔ་ནི་གསལ་བ་ལོངས་སྐུའི་དཔེའོ། །དཀར་ཕྲ་ཕྲོ་ནི་ཐུགས་རྗེ་རིག་པའི་དཔེ། ངོ་བོ་དག་པ་ནི་སྟོང་པ་ཆོས་སྐུའི་དཔེ། དེ་དག་ཤེལ་གྱི་ངང་ལས་བྱུང་ཞིང་ངང་དུ་གནས། ངང་དུ་འདུ་བ་ལྟར། སྐུ་དང་ཡེ་ཤེས་ཀྱང་ངོ་བོ་ཆོས་སྐུའི་ངང་ལས་བྱུང་། ངང་དུ་གནས། ངང་དུ་འདུ་བ་ལ་ངོ་སྤྲོད་དོ། །

གཉིས་པ་ལོངས་སྐུ་འདྲ་འབག་ལ་ངོ་སྤྲད་པ་ནི། བླ་མ་ལོངས་སྐུའི་ཆས་སུ་ཞུགས་ལ། སློབ་མས་མེ་ལོང་གི་སྒོ་ནས་བལྟས་པས། ནམ་མཁའི་དབྱིངས་ན་ཕར་ལོངས་སྐུའི་སྣང་བས་གང་བ་ལ་ངོ་སྤྲད་དོ། །འདི་ན་འོད་ལྔའི་སྣང་བ་མ་འགག་པར་གསལ་བ་ལྟར། འོད་གསལ་གྱི་ཀློང་ན་སྐུ་དང་ཡེ་ཤེས་གནས་པའང་དེ་དང་འདྲའོ། །དེ་ལ་ངོ་བོ་དང་རང་བཞིན་མེད་པས་ཟང་ཐལ་བ་ནི་ཆོས་སྐུའི་དཔེའོ། །སྣང་བ་སྐུ་དང་འོད་དུ་གསལ་བ་ནི་ལོངས་སྐུའི་དཔེའོ། །ཆོས་འཆད་པ་ལ་སོགས་པ་རིག་པའི་ཆ་ཅན་དུ་ཤར་བ་ནི་སྤྲུལ་སྐུའི་དཔེའོ། །དེ་དག་ཀྱང་གཞི་གཅིག་ལ་འདུ་བས་འདུ་འབྲལ་མེད་པའོ། །ཞེས་བསྟན་ནོ། །

གསུམ་པ་སྤྲུལ་སྐུའི་དཔེ་འོད་ཁྱིམ་ཁ་སྦྱོར་ལ་ངོ་སྤྲད་པ་ནི། མེ་ལོང་ཉི་མ་ལ་བསྟན་པའི་ནང་ན་འོད་ལྔ་མ་འགག་པར་སྣང་(༡༡༡)དུས་འདིའི་ནང་ན་འོད་ལྔ་གསལ་བ་ལྟར། རིག་པའི་ངང་ནས་ལོངས་སྐུ་ལས་སྤྲུལ་སྐུ་ཐུགས་རྗེའི་གདངས་སམ་རྩལ་མ་འགགས་པར་འཆར་བར་ཤེས་པར་གྱིས་ཤིག །དེའང་སྟོང་པ་ཟང་ཐལ་བའི་ཆ་ནི་ཆོས་སྐུའི་དཔེའོ། །སྣང་བ་འོད་ལྔ་ནི་ལོངས་སྐུའི་དཔེའོ། །དེ་ལས་ཟེར་དུ་འཆར་བ་ནི་སྤྲུལ་སྐུའི་དཔེའོ། །དེ་གསུམ་ངོ་བོ་གཅིག་ལས་འདུ་འབྲལ་མེད་པའོ། །ཞེས་སམ། ཡང་ན་མར་མེ་ལ་མེ་ལོང་བསྟན་དུས་སྣང་བ་ཟང་ཐལ་བ་ཆོས་སྐུའི་དཔེའོ། །རྩ་བའི་མར་མེ་ལོངས་སྐུའི་དཔེའོ། །དེ་ལས་མཆེད་ནས་ནམ་མཁར་སྣང་བ་ཕྱོགས་བཅུར་སྤྲུལ་པ་འཕྲོ་བའི་དཔེའོ། །དེ་དག་གཞི་གཅིག་ལས་འདུ་འབྲལ་མེད་པའི་རང་བཞིན་དུ་ངོ་སྤྲད་དོ། །

བཞི་པ་སྐུ་གསུམ་འདུ་འབྲལ་མེད་པའི་དཔེ་ཉི་མའི་དཀྱིལ་འཁོར་ལ་ངོ་སྤྲད་པ་ནི་སེང་རས་ཀྱིས་བཀབ་པའི་ཚེ་ཉི་མའི་དཀྱིལ་འཁོར་ལ་མཚོན་ཏེ། ཉི་མའི་ངོ་བོ་མི་རྟོག་པ་ཆོས་སྐུའི་དཔེ། འོད་ལྔའི་སྣང་བ་བཀྲ་ཡ་ལེ་བ་ལོངས་སྐུའི་དཔེ། ཟེར་སྣ་ཚོགས་སུ་འཕྲོ་བ་སྤྲུལ་སྐུའི་དཔེ། དེ་གསུམ་ཉི་མ་གཅིག་ལ་འདུ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཔེའོ། །

དེ་དག་གི་ཤེས་བྱེད་ནི། ཀུན་གསལ་ལས། ཐུགས་ཀྱི་ཀློང་ན་འོད་གསལ་བ། །བུམ་པའི་ནང་གི་མར་མེ་བཞིན། །འགྱུར་བ་མེད་པའི་ཡེ་ཤེས་ནི། །མ་འཁྲུལ་གཞི་ཡི་སངས་རྒྱས་ཏེ། །དོན་གྱི་ཡེ་ཤེས་དམ་པ་ཡིན། །ཡེ་ཤེས་ཆེན་པོ་མེ་ལོང་ནི། །མ་བྱས་པ་ཡི་ཆོས་ཉིད་དེ། །དཔེ་ཡི་ཡེ་ཤེས་དམ་པ་ཡིན། །ཚོན་གང་འོད་ཀྱི་དཀྱིལ་འཁོར་ནི། །རྟགས་ཀྱི་ཡེ་ཤེས་ཞེས་སུ་བཤད། །ཅེས་སོ། །

གཉིས་པ་འོད་གསལ་ཏིང་ངེ་འཛིན་གྱི་བར་དོ་ཉམས་སུ་བླང་བ་ལ་གསུམ་ལས། ཉིན་མོ་དོན་གྱི་ཡེ་ཤེས་བསྒོམ་པ་ནི། ལུས་ཙོག་པུ་ལག་པ་གཉིས་པུས་མོའི་སྟེང་དུ་བསྣོལ་ལ་མིག་མདའ་གང་དུ་བལྟས་པ་ལ་སེམས་བཟུང་ནས་མ་ཡེངས་པར་བསྒོམས་པས་ཕྱིར་འོད་སྣང་འཇའ་ཚོན་དང་ཐིག་ལེ་དྲ་བ་རིས་སྣ་ཚོགས་མཐོང་ལ། ནང་དུ་སེམས་གསལ་དྭངས་རྟོག་པ་མེད་པའི་ཡེ་ཤེས་འཆར་བའི་ངང་ལ་བསྒོམས་པས། བདེ་གསལ་མི་རྟོག་པའི་ཉམས་དང་རྟོགས་པ་སྐྱེའོ། །མཚན་མོ་རྟགས་ཀྱི་ཡེ་ཤེས་བསྒོམ་པ་ནི་འདུག་སྟངས་སྔ་མ་ལས། ལག་པའི་སོར་མོས་མིག་གི་ཡས་ལྐོག་བཀབ་པས་མིག་འབྲས་དལ་བུས་མནན་ནས། ཐིག་ལེ་སྟོང་པ་ལ་(༡༡༢)ཅེར་རེ་བལྟས་ནས་མ་ཡེངས་པར་བསྒོམས་པས། ཕྱི་འོད་སྣང་སྣ་ཚོགས་སུ་འཆར་ཞིང་ནང་དུ་སྔ་མ་བཞིན་བདེ་གསལ་མི་རྟོག་པའི་བསམ་གཏན་ཉམས་དང་བཅས་པ་སྐྱེའོ། །

ཐུན་མཚམས་དཔེའི་ཡེ་ཤེས་བསྒོམ་པ་ནི། ཤེལ་དང་ལྷ་སྐུ་ཉི་མ་གསུམ་གང་རུང་ལ་སྐུ་གསུམ་རང་ཆས་སུ་ཐག་གཅད་ལ། བར་དོའི་རང་སྣང་ཡིན་སྙམ་པའི་ངང་ལ་རང་སྣང་དུ་ངོ་ཤེས་ཐོག་ཏུ་ལྷན་ནེ་བཞག་པས། བར་དོར་སྐད་ཅིག་ཤར་བ་ངོས་ཟིན་སླ་བའི་དགོས་པ་ཡོད་དོ། །ཉམས་ཀྱང་སྣང་བ་སྐུ་གསུམ་དུ་ཤེས་པས་བདེ་ཆེན་ཞིང་སྣང་དུ་འཆར་བ་ལ་སོགས་པ་ཕྱི་ནང་སྣ་ཚོགས་སུ་འཆར་རོ། །དེ་ལྟར་ཉམས་ལེན་གསུམ་ལ་བརྩོན་ན་ཡང་རབ་ཚེ་འདིར་གྲོལ་བ་ལ་ཐེ་ཚོམ་མེད་དོ།། །།

གསུམ་པ་རྨི་ལམ་བར་དོའི་ཚད་གཟུང་བ་ནི། དེ་ལྟར་ཉམས་སུ་བླངས་པ་ལས། ཉིན་སྣང་གི་འཁྲུལ་པའི་བག་ཆགས་སྲབ་པའི་རྟགས་སུ། དང་པོ་རྨི་ལམ་བཟང་ངན་སྤེལ་མར་བྱུང་དུས། བག་ཆགས་བཟང་ངན་འདྲེས་མར་ཡོད་དོ། །སེམས་ཀྱང་ཉོན་མོངས་པ་བག་གིས་ཆུང་བ་ཡིན་ནོ། །འདིའི་དུས་སུ་ཤི་ན་སྲིད་པ་བར་དོ་ནས་འཕྲོ་མཐུད་པའོ། །དེ་ནས་རྨི་ལམ་དགེ་བ་ཤ་སྟག་ཏུ་རྨི་དུས། ལས་ངན་ཟད་ནས་དགེ་བ་རོ་གཅིག་ཏུ་གྱུར་པའི་དུས་དེར། སེམས་ལའང་གཡོ་ཟོལ་མེད་པས་ལུས་ངག་དྲང་ཞིང་དགེ་བའོ། །འདིར་འདས་ན་ཆོས་ཉིད་བར་དོར་གྲོལ་བར་འགྱུར་རོ། །དེ་ནས་རྨི་ལམ་ཇེ་ཉུང་ལས་མཐར་མི་རྨི་བའི་དུས་སུ། བག་ཆགས་དང་ཉོན་མོངས་པ་ཇེ་ཆུང་ལས། དབྱིངས་སུ་ནུབ་པའི་ཚད་དུ་ཕྱིན་པས་སེམས་ལ་གཉིས་འཛིན་གྱི་ཆ་མེད་ཅིང་། སེམས་ཀྱི་སྒོམ་པ་ཀློང་དུ་ཕེབ་པའི་དུས་དེ། དབུགས་ཆད་པ་དང་གྲོལ་བ་དུས་མཉམ་མོ། །ཤིན་ཏུ་གོམས་ན་ལུས་འོད་དུ་གྱུར་པས་འདི་ཉིད་ལ་ཕུང་པོ་ལྷག་མ་མེད་པ་ནི་ཡང་དག་པའི་ཚད་དོ།། །།

བཞི་པ་འབྱུང་འཁྲུགས་འཆི་ཁའི་བར་དོ་ལ་གསལ་གདབ་པ་ནི། འབྱུང་བ་སྡུད་དུས། བླ་མའམ་གྲོགས་དམ་ཚིག་ཅན་གྱིས་བར་དོའི་གདམས་པ་གསལ་གདབ་པའམ། རང་གིས་དྲན་པར་བྱས་ཏེ་མ་ཡེངས་པར་བྱའོ། །དེ་ལ་འབྱུང་བའི་སྡུད་ཚུལ་ནི། སའི་རླུང་ཆུ་ལ་ཐིམ་པས་ལུས་ལྕི། ཆུའི་རླུང་མེ་ལ་ཐིམ་པས་ཁ་སྣ་སྐམ། (༡༡༣)མེའི་རླུང་རླུང་ལ་ཐིམ་པས་དྲོད་མཐའ་ནས་སྡུད། རླུང་གི་རླུང་ནམ་མཁའ་ལ་ཐིམ་པས་ཤེས་པ་མི་གསལ། དེའི་ཚེ་ཁྲག་རྣམས་སྲོག་རྩའི་ནང་ནས་སྙིང་ནང་དུ་འདུས་པས། རྒྱལ་པོ་གདན་ལ་བཞུགས་པ་ལ་བློན་པོས་སྒྱོགས་བྱུང་བ་ཞེས་བྱའོ། །གློ་བ་ནས་རླུང་ཕྱིར་ཧ་ཞེས་སོང་ནས་ནང་དུ་མ་འདུས་པས་སེམས་ནམ་མཁར་ཐིམ་པ་ཞེས་བྱ་སྟེ། རིག་པ་སྙིང་ནང་ནས་འཐོན་དུ་ཉེ་བའི་དུས་སོ།། །།

ལྔ་པ་ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་ལ་བཙན་ས་གཟུང་བ་ལ་གསུམ་སྟེ་བར་དོའི་དབྱེ་བ། གདམས་པའི་མཚོན་ཚུལ། འབྲས་བུའི་གྲོལ་ཚུལ་ལོ། །དང་པོ་ལ་གསུམ་ལས། རབ་རང་བཞིན་གྱི་བར་དོར་གྲོལ་བའི་ཚུལ་ལ། རབ་ཀྱི་རབ་ངོ་སྤྲད་པས་གྲོལ་ཏེ། ངོ་སྤྲད་པ་དང་རྟོགས་པ་དུས་མཉམ། རྟོགས་པ་དང་ཆོས་བོར་བ་དུས་མཉམ། ཆོས་བོར་བ་དང་འཁྲུལ་རྟོག་འགགས་པ་དུས་མཉམ། འཁྲུལ་རྟོག་འགགས་པ་དང་མ་རིག་པ་སངས་པ་དུས་མཉམ། མ་རིག་པ་སངས་པ་དང་ཡེ་ཤེས་རྒྱས་པ་དུས་མཉམ། ཡེ་ཤེས་རྒྱས་པ་དང་མངོན་སངས་རྒྱས་པ་དུས་མཉམ། དེས་ན་ངེས་ཤེས་ཀྱི་རྟོགས་པ་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེ་དུས་གྲོལ་བ་ཡིན་ཏེ་འཁོར་བར་མི་འཇུག་པའི་ཕྱིར་རོ། །རབ་ཀྱི་འབྲིང་ཉམས་སུ་བླངས་པས་གྲོལ་བ་ནི། སྙིང་ནས་མིག་ཏུ་འབྲེལ་བའི་འོད་གདངས་ཤར་བ་ལ་ཉམས་སུ་བླངས་པས། འོད་གསལ་གྱི་དཀྱིལ་འཁོར་མཐོང་ཞིང་སྐུ་གསུམ་འདུ་འབྲལ་མེད་པར་གྲོལ་བས་བར་དོའི་སྣང་བ་མེད་དོ། །རབ་ཀྱི་ཐ་མ་ལུས་བོར་དུས་རང་ཐོག་ཏུ་ངོ་ཤེས་པས་གྲོལ་བ་ནི། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་ལ་མུན་པའི་བར་མེད་པ་བཞིན་དུ། འབྱུང་བའི་སྡུད་ཚུལ་གྱིས་ཚེ་འདིའི་སྣང་བ་ནུབ་དུས་རིག་པ་སྙིང་ནང་ནས་ཆུའི་སྒྲོན་མ་ལས་ཐོན་པའི་ཡེ་ཤེས་ཀྱི་སྣང་བ་སྙེ་ཚོན་སྒྲིལ་བ་ལྟ་བུ་གཉིས་ནམ་མཁར་ཟུག་པ་ལ། ངོ་ཤེས་པས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་གྲོལ་ཏེ་བར་དོ་མེད་དོ།། །།

གཉིས་པ་འབྲིང་ཆོས་ཉིད་ཀྱི་བར་དོར་གྲོལ་ཚུལ་ལའང་འབྲིང་གི་རབ་སྐད་ཅིག་མ་གསུམ་ལ་གྲོལ་ཏེ། འཁོར་བ་དོང་དཀྲུགས་ཀྱི་སྐད་ཅིག་མར། ཕྱི་ནང་སྣོད་བཅུད་དུ་སྣང་བའི་འཁྲུལ་པ་ཐམས་ཅད་འགགས་ནས་རང་གདངས་འོད་དུ་གསལ། ཆོས་ཉིད་བདེན་མཐོང་གི་སྐད་ཅིག་མར་ཚོམ་བུའི་དཀྱིལ་འཁོར་རང་གསལ་བ་ལ་འཛིན་མེད་ཀྱི་ཤེས་པ་སྐྱེ། རྡོ་རྗེ་ལྟ་བུའི་སྐད་ཅིག་མར་རང་དོན་ཆོས་སྐུ་ཐོབ་ནས་(༡༡༤)གཞན་དོན་གཟུགས་སྐུ་འབྱུང་བའོ། །དེའང་སྐད་ཅིག་དང་པོ་ལ་ཡེ་ཤེས་ཤར། གཉིས་པ་ལ་བླ་མའི་གདམས་ངག་ཡོད་པར་ངོ་ཤེས། གསུམ་པ་ལ་རྟོག་པ་སྔར་འདས་ཀྱི་སངས་རྒྱས་རྣམས་དང་མཉམ་པར་འདྲེས་པས་འགྲོ་བའི་དོན་འབྱུང་བའོ། །

འབྲིང་གི་འབྲིང་སྐད་ཅིག་མ་དྲུག་ལ་གྲོལ་བ་ནི། སྐད་ཅིག་དང་པོར་ས་རྡོ་རི་བྲག་ལ་སོགས་པ་ཕྱི་ནང་གི་འཁྲུལ་པ་འགགས། གཉིས་པར་རང་གདངས་འོད་དུ་གསལ། གསུམ་པར་དེ་ཉིད་ངང་དུ་གནས། བཞི་པར་རང་ལ་ངེས་ཤེས་སྐྱེས། ལྔ་པར་ལྔ་ལྡན་དགོངས་པ་རྫོགས། དྲུག་པར་བློ་འདས་ཆོས་སྐུར་ཐིམ། སྐུ་གསུམ་རང་ས་ཟིན་པའི་དུས་སོ། །

འབྲིང་གི་ཐ་མ་བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ནི། ཕྱི་འབྱུང་ཉི་མ་ནུབ་པ་ལྟར་སྣང་བ་འགགས། ནང་འབྱུང་ས་སྲོས་པ་ལྟར་ཚོགས་དྲུག་འགགས། གསང་འབྱུང་ཟླ་བ་ཤར་བ་ལྟར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དུས་གཅིག་ལ་གསལ་ཏེ། རྟོགས་པའི་ཏིང་ངེ་འཛིན་རིམ་གྱིས་ཤར་བས་རིགས་ལྔའི་ཚོམ་བུ་ལ་གྲོལ་ལོ། །དེའང་འོད་མཐིང་ག་མཐོང་དུས་ཆོས་ཀྱི་དབྱིངས་སུ་ངོ་ཤེས་པས་རྣམ་པར་སྣང་མཛད་དུ་གྲོལ་ཏེ། རིགས་ལྔའི་ཚོམ་བུར་སངས་རྒྱས་སོ། །འོད་དཀར་པོ་མེ་ལོང་ཡེ་ཤེས་སུ་ངོ་ཤེས་པས་མི་བསྐྱོད་པ། འོད་སེར་པོ་མཉམ་ཉིད་ཡེ་ཤེས་སུ་ངོ་ཤེས་པས་རིན་ཆེན་འབྱུང་ལྡན། འོད་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་ངོ་ཤེས་པས་འོད་དཔག་མེད། འོད་ལྗང་གུ་བྱ་བ་གྲུབ་པར་ངོ་ཤེས་པས་དོན་ཡོད་གྲུབ་པ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་དུ་གྲོལ་ལོ། །དེ་ཡང་རིགས་ལྔ་རིམ་གྱིས་ཤར་བ་མ་ཡིན་ཏེ། སྙིང་གའི་འོད་གསལ་དུས་གཅིག་ལ་ཤར་བའི་ཕྱིར་རོ། །སོ་སོར་ངེས་པའི་ཤེས་རབ་རིམ་གྱིས་འབྱུང་སྟེ། བློ་སྐད་ཅིག་མ་ཡིན་པས་དུས་གཅིག་ལ་ཡུལ་མི་འཛིན་པའི་ཕྱིར་རོ། །དེ་སྐད་དུའང་ཀུན་གསལ་ལས། འོད་གསལ་སྣང་བ་དུས་གཅིག་འཆར། །རྟོགས་པའི་ཤེས་རབ་རིམ་གྱིས་སྐྱེ། །ཞེས་སོ། །བསམ་གཏན་གྱི་ཞག་ཀྱང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཡུན་ཅི་ཙམ་བརྟན་པའི་རང་ལ་བཞེད་དོ། །

གཉིས་པ་གདམས་པའི་མཚོན་ཚུལ་ནི། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ནས་ཐེ་ཚོམ་མེད་པར་གནས་པ་བཞིན་དུ། བར་དོའི་འོད་གསལ་ཡང་བླ་མས་ངོ་སྤྲད་ནས་རང་ཆས་སུ་ཡོད་པར་གསུངས་པ་དེ། འདིར་ཤར་མཉམ་དུ་ངོ་ཤེས་ཡིད་ཆེས་(༡༡༥)ཐག་ཆོད་པའི་ངང་ལ་བཅོས་བསླད་མེད་པར་ཕྱམ་གྱིས་བཞག་པས་ཏིང་ངེ་འཛིན་ལ་སྐད་ཅིག་གནས་ཏེ། དེའི་ཚེ་གྲོལ་བ་ཡིན་ནོ། །

གསུམ་པ་འབྲས་བུའི་གྲོལ་ཚུལ་ནི། དེ་ལྟར་གང་དུ་གྲོལ་ཡང་མངོན་པར་ཤེས་པ་དྲུག་ཤར་ནས་གདོད་མའི་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞོན་ནུ་བུམ་པ་སྐུའི་ཞིང་དུ་གྲོལ་ཏེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྒྱུན་ཆད་མེད་པའོ། །དེ་ཡང་སྤྱན་གྱི་མངོན་པར་ཤེས་པས་ཡར་ལ་བློ་འདས་ཆོས་སྐུའི་ཞིང་ཁམས་གཟིགས། ཐད་ཀར་ལོངས་སྐུ་མར་སྤྲུལ་པ་སྐུའི་མཛད་པ་སོ་སོ་ཡང་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་གསུང་མི་གཡོ་བར་གསན། ཐད་ཀར་ལོངས་སྐུ། མར་སྤྲུལ་སྐུ་རིགས་དྲུག་སོ་སོའི་སྒྲ་སྐད་ཀྱང་གསན་ནོ། །ཐུགས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་དགོངས་པ་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་མཁྱེན། ཐད་ཀར་ལོངས་སྐུ། མར་སྤྲུལ་སྐུའི་དགོངས་པའང་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་བཞུགས་གནས། ཐད་ཀར་ལོངས་སྐུ། མར་སྤྲུལ་སྐུ་རིགས་དྲུག་གི་གནས་ཡང་མཁྱེན་ནོ། །ལས་ཀྱི་མངོན་ཤེས་ཀྱིས་རང་བཞིན་གྱི་རྒྱུ་འབྲས་ཐམས་ཅད་མཁྱེན་ནོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པས། ཐུབ་པ་དྲུག་ལ་སོགས་པས་འགྲོ་བ་འདུལ་བའོ། །དེའང་ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས་འོད་ཟེར་འཕྲོས་ཏེ། སྐྱེས་བུ་དམ་པ་ལས་དག་པའི་འཕྲོ་འདུ་བྱེད་པའི་སྤྱན་ལ་འཇུག་སྟེ། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ནས། ཡབ་ཀྱི་གསང་བ་རྡོ་རྗེའི་བུམ་པ་ནས། ཡུམ་གྱི་མཁའ་ལ་ཞུགས་ཏེ། པདྨའི་རྫིང་བུར་འཁྱིལ་པ་ལས་སྤྲུལ་པའི་སྐུར་གྱུར། སེམས་ཅན་གང་ལ་གང་འདུལ་དུ་ཤར་བའོ། །དེ་ནས་གཞོན་ནུ་བུམ་པ་སྐུའི་ཞིང་དུ། ནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་པ་དེའི་ཚེ། ཤེས་རབ་མཁའ་ལ་འདེགས་པ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འཁྱིལ་པ། རིག་པ་རང་ས་ཟིན་པ་དང་ལྔ་ལས། དང་པོ་ལ་བཞི་སྟེ་སྟོབས་ལྡན་མ། ཤུགས་འཆང་མ། འདེགས་བྱེད་མ། བརྟན་མའོ། །དང་པོས་གཙོ་འཁོར་གཉིས་སུ་མེད་པར་སྦྱོར། གཉིས་པས་སྐད་ཅིག་ལ་ཆོས་སྐུའི་ངང་དུ་བསྐྱེད། གསུམ་པས་རྟག་ཏུ་ཆོས་སྐུའི་ངང་ལ་གཟུགས་སྐུ་གནས། བཞི་པས་དགོངས་པ་འཕོ་འགྱུར་མེད་པར་རང་གསལ་ལོ། །འབྱུང་བ་མ་ལ་ཞ་བ་ལ་སྙིགས་(༡༡༦)མའི་འབྱུང་བ་དྭངས་མའི་འབྱུང་བར་གྲོལ་བས་ནང་གསལ་ཡེ་ཤེས་ལྔའི་མཚན་ཉིད་དུ་གནས་སོ། །དེའང་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་པ་སྟེ། དམ་ཚིག་གི་ལྷ་མོ་མཁའ་ལ་འཁྱིལ་པས། གཡོ་བ་མེད་པས་རླུང་དབྱིངས་སུ་ཐིམ། ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་ཤེས་ཏེ་སྲ་བ་མེད་པའི་ས་དབྱིངས་སུ་ཐིམ། མེ་པདྨའི་དྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་པས་ཚ་བ་མེད་པའི་མེ་དབྱིངས་སུ་ཐིམ། ཆུ་རྣམ་པར་དག་པའི་ཡེ་ཤེས་གཅིག་ཏུ་འདུས་པས། མ་དག་པ་འཁྲུལ་པའི་སྣང་བ་དག་པ་ཆོས་ཉིད་ལ་ཐིམ་པས་གཤེར་བ་མེད་པའི་ཆུ་དབྱིངས་སུ་ཐིམ་པའོ། །

ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཕྱི་གསལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཐིམ་པས་གསལ་བ་རྟོག་པ་མེད་པའི་ངང་དུ་རང་གསལ། ཤེས་རབ་མཁའ་ལ་འཁྱིལ་པ་ནི། དེའི་དུས་སུ་ཐིམ་ལ་མ་རྨུགས་པ། གསལ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་པ་ལ་སྒོ་མི་འབྱེད་པ་བཞི་ལས། དང་པོ་ནི། ཡེ་ཤེས་དབྱིངས་སུ་ཐིམ་པ་ཡང་། གནམ་གང་གི་ཟླ་བ་ལྟར་དབྱིངས་ན་ནང་གསལ་དུ་གནས་པའོ། །གཉིས་པ་ནི། འོད་ལྔའི་སྣང་བ་ལ་སྐུ་དང་ཡེ་ཤེས་སུ་གསལ་ཡང་ཞེན་རྟོག་མེད་པའོ། །གསུམ་པ་ནི། རང་བྱུང་གི་ཡེ་ཤེས་ཡིན་ཡང་ང་དང་བདག་ཏུ་མེད་པའོ། །བཞི་པ་ནི། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་སོ་སོར་གསལ་ཡང་ངོ་བོ་དབྱེར་མེད་པས་རྫས་ཐ་དད་དུ་མི་འབྱེད་པའོ། །རིག་པ་རང་ས་ཟིན་པ་ནི། ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ་དང་། ཡེ་ཤེས་འགགས་པ་མེད་པས་གཡུང་དྲུང་ལྟ་བུའི་ཚེ། ཏིང་ངེ་འཛིན་རྒྱུན་ཆད་མེད་པས་ཆུ་བོ་ལྟ་བུའི་གཞུང་། དགོངས་པ་གསལ་འགྲིབ་མེད་པས་ཉི་མའི་སྙིང་པོ་ལྟ་བུར་བཞུགས་སོ། །འདི་དག་ནི་གདོད་མར་གྲོལ་དུས་ཇི་ལྟར་གནས་པའི་རྣམ་པར་གཞག་པ་ཅུང་ཟད་བསྟན་པ་ཡིན་ནོ།། །།

དྲུག་པ་སྲིད་པ་ལས་ཀྱི་བར་དོ་ལ་འཕྲོ་མཐུད་པ་ནི། དབང་པོ་ཐ་མ་སྲིད་པ་བར་དོ་ནས་ལས་བཟང་པོའི་འཕྲོ་མཐུད་པ། ཡུར་བ་རྐང་ཆགས་ལ་ཝ་འཛུགས་པ་ལྟ་བུའི་མན་ངག་ནི། སྔར་འོད་གསལ་གྱི་སྣང་བ་ངོ་མ་ཤེས། རྣམ་ཤེས་ལུས་ལས་འཐོན་ནས། རྨི་ལམ་གྱི་ནང་ལྟར་ཕྱ་ཕྱོ་བན་(༡༡༧)བུན་དུ་ཡུལ་སྣ་ཚོགས་ལ་འཇུག་ཅིང་། གང་ལའང་ཐོགས་རྡུགས་མེད་པར་འགྲོ་བས་ལས་ཀྱི་རྫུ་འཕྲུལ་དང་ལྡན་ཞིང་། བར་དོ་ནང་ཚན་དང་ལྷའི་མིག་ཅན་ལས་གཞན་གྱིས་མི་མཐོང་བ་དེའི་ཚེ། རང་བཞིན་གྱིས་བག་གྲང་ཞིང་ཉམས་མི་དགའ། སྔར་ལས་ཤེས་པ་བདུན་འགྱུར་གྱིས་གསལ་བར་འབྱུང་ངོ་། །དེའི་ཚེ་ཤི་བར་ངོ་ཤེས་པས། བླ་མ་དང་གདམས་ངག་དྲན་པར་བཤད་དོ། །དེ་ལ་ཐ་མའི་རབ་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་ཤེས་པ་དང་། ཐ་མའི་འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་ཀྱིས་འཁོར་བའི་རུ་བཟློག་ཅིང་། ཐ་མའི་ཐ་མས་རིགས་ལྔའི་ཞིང་ངམ་དག་པའི་ཞིང་ངམ། ལྷ་དང་བླ་མ་ཡིད་ལ་བྱས་ཏེ་སྐྱབས་འགྲོ་བྱས་པས། འཁོར་བ་ལས་ལྡོག་ཅིང་ཞིང་ཁམས་དག་པར་སྐྱེ་བར་འགྱུར་རོ། །ཡང་ཐའི་གང་ཟག་ཀྱང་གདམས་པའི་བག་ཆགས་ཀྱིས་ངན་སོང་གི་སྐྱེ་སྒོ་ཁེགས་ནས་ཕ་མ་དད་པ་ཅན་གྱི་བུ་ཚ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་རིགས་སུ་སྐྱེ་ནས། ལོ་ཉི་ཤུ་རྩ་ལྔའམ་སུམ་ཅུ་རྩ་ལྔ་ལ་ཆོས་འདི་ལྟ་བུ་དང་འཕྲད་ནས་བར་དོ་མེད་པར་གྲོལ་ལོ། །དེ་དག་གིས་རྒྱས་པར་བསྟན་ཟིན་ཏོ།། །།

དེ་དག་བསྡུ་ན་སྒྲོན་མ་དྲུག་ཏུ་འདུས་ཏེ། གནས་པ་གཞིའི་སྒྲོན་མ་ནི། སེམས་ཉིད་འོད་གསལ་བའོ། །ཙིཏྟ་ཤའི་སྒྲོན་མ་ནི། སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་འདྲ་བ་སྟེ། དེའི་ནང་ན་འོད་གསལ་བུམ་ནང་གི་མར་མེ་ལྟར་གནས་པའོ། །དཀར་འཇམ་རྩའི་སྒྲོན་མ་ནི། རྒྱ་སྐར་གྱི་ཉི་ཞུར་ལྟར་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་འོད་གསལ་གྱི་ལམ་མོ། །རྒྱང་ཞགས་ཆུའི་སྒྲོན་མ་ནི། མིག་གཉིས་ཀྱི་ཨ་འབྲས་ཏེ་འོད་གསལ་འཆར་བའི་སྒོའོ། །བར་དོ་དུས་ཀྱི་སྒྲོན་མ་ནི། རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་ངོ་ཤེས་པས་གདོད་མའི་སར་སྐྱེལ་བའོ། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི། ཡེ་ཤེས་དབྱིངས་སུ་འཁྱིལ་བས་གཞོན་ནུ་བུམ་པ་སྐུའི་ཞིང་ན་བཙན་ས་ཟིན་པའོ། །དེ་དག་ཀྱང་བསྡུ་ན་ལྔར་འདུ་སྟེ་ལིངས་ཀྱིས་བསྐྱུར་བ་སྒྱུ་ལུས་ཀྱི་ཕུང་པོ། ཐིབས་ཀྱིས་འགགས་པ་འགྱུ་བྱེད་ཀྱི་རྣམ་རྟོག །ཏལ་གྱིས་འཆར་བ་རང་སྣང་གི་དཀྱིལ་འཁོར། ཧྲིག་གིས་རིག་པ་རང་བྱུང་གི་ཡེ་ཤེས། ཕྱམ་གྱིས་གྲོལ་བ་གདོད་མའི་གནས་(༡༡༨)ལུགས་སོ། །

དེ་ལྟར་ཆོས་ཀུན་མཐར་ཐུག་སྙིང་པོའི་དོན། །མངོན་སུམ་འོད་གསལ་ཡང་ཟབ་གནད་ཀྱི་འགགས། །གང་དང་མི་འདྲ་ཀུན་ལས་འཕགས་པ་འདི། །སུ་ཡིས་ཐོབ་པ་ཚེ་དེས་སྲིད་མཚོ་བརྒལ། །དེ་ཕྱིར་འདི་འདྲ་ཤིན་ཏུ་དཀོན་པས་ན། །སྐལ་བཟང་རྣམས་ཀྱིས་བརྩོན་པས་ཉམས་སུ་ལོངས། །དགེ་བ་འདི་ཡིས་འགྲོ་ཀུན་ཡོངས་གྲོལ་ནས། །གདོད་མའི་ས་ལ་ལྷུན་གྲུབ་རྒྱལ་གྱུར་ཅིག །སྙན་བརྒྱུད་འབྲིང་པོ་ཐིག་ལེ་མཆོག་ཏུ་གསང་བ་ལས། བར་དོའི་འོད་གསལ་རང་སྣང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ཕྱི་རབས་ཀྱི་དོན་དུ། གསལ་བར་བཀོད་པ་རྫོགས་སོ།། །།

སྔགས་ཀྱི་བདག་མོས་སྲུངས་ཤིག །ས་མ་ཡ།། །།

སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་།

དང་པོ། གཞི་གཏན་ལ་དབབ་པ།

༄༅། །སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་བཞུགས་སོ། །

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སེམས་ཉིད་དྲི་མ་མེད་པའི་གནད། རྡོ་རྗེ་སྙིང་པོའི་ཐེག་པ་མཐར་ཐུག་གི་དོན་ཉམས་སུ་བླང་བ་ལ་གསུམ་སྟེ། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །

དང་པོ་ལ་བཞི་སྟེ། གདོད་མ་གཞིའི་གནས་ལུགས། འཁོར་འདས་གཉིས་ཀྱི་བྱུང་ཚུལ། བག་ཆགས་ལུས་ཀྱི་གྲུབ་ཚུལ། སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་ལོ། །

དང་པོ་ནི། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན། ཆོས་ཀྱི་དབྱིངས་སྟོང་གསལ་འགགས་པ་མེད་པའི་ངོ་བོ་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་འབྱུང་གནས་ཆེན་པོར་བཞུགས་ཏེ། ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ་དང་། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ་དང་ཐུགས་རྗེའི་གདངས་འཆར་སྒོ་མ་འགགས་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུ། སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་གཅིག་དང་དུ་མ་མེད་པའི་གནས་ལུགས་ཆེན་པོ། རྟོགས་ན་མྱ་ངན་ལས་འདས་པའི་གྲོལ་གཞི་བྱེད་ཅིང་། མ་རྟོགས་ན་འཁོར་བའི་འཁྲུལ་གཞིར་གནས་ཏེ། ཀུན་གསལ་ལས། མ་བྱུང་མ་སྐྱེས་སྔོན་རོལ་ན། །ཐོག་མའི་མགོན་པོ་འོད་མི་འགྱུར། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །ཞེས་སོ། །དེས་ནི་སེམས་ཀྱི་དམ་པ་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བསྟན་པའོ། །

གཉིས་པ་ལ་གཉིས་ལས། ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། གཞི་དེ་ལྟ་བུའི་ངང་ལས་ངོ་བོ་སྟོང་པས་གོ་ཕྱེ། རང་བཞིན་གསལ་བས་ཡུལ་སྣང་གི་(༡༡༩)རྐྱེན་འོད་ལྔ་ལྷུན་གྲུབ་ཏུ་རང་ཤར། ཐུགས་རྗེ་རིག་པའི་གདངས་དཔྱོད་བྱེད་ཤེས་པ་རང་བྱུང་བའི་ཚེ། མེ་ལོང་དུ་བྱད་ཀྱི་གཟུགས་བརྙན་ཤར་བ་རང་སྣང་དུ་སྣང་བ་ལྟར། རང་འོད་གདོད་མའི་ལྷུན་གྲུབ་ལས་ཤར་བར་རང་ངོ་ཤེས་པས་སྐད་ཅིག་ལ་གདོད་མར་རང་གྲོལ་བ་ཉིད་དེ། ངེས་དོན་འདུས་པའི་རྒྱུད་ལས། རང་བྱུང་དཀྱིལ་འཁོར་རང་སྣང་ལ། །རང་ངོ་ཤེས་པར་ལྷན་ཅིག་པས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར། །རང་གསལ་གདོད་མའི་སར་གྲོལ་ལོ། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །འཁོར་བའི་བྱུང་ཚུལ་ནི། གཞི་ལས་རང་སྣང་དུ་ཤར་བ་རང་ངོ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། རང་ལས་སྣང་ཡང་གཞན་དུ་བཟུང་བས་ཀུན་ཏུ་བརྟགས་པའི་མ་རིག་པས་རྐྱེན་བྱས། རང་སྣང་འོད་གསལ་གྱི་སྣང་བས་འཁྲུལ་གཞི་བྱས་ཏེ། ཐོག་མར་གཟུགས་མེད། དེ་ནས་གཟུགས། དེ་ནས་འདོད་པར་རིམ་གྱིས་འཁྲུལ་པར་ཡང་། ཀུན་གསལ་ལས། རང་བྱུང་དཀྱིལ་འཁོར་རང་སྣང་ལས། །རང་ངོ་མ་ཤེས་ལྷན་ཅིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་བྱུང་། །རང་ལས་གཞན་དུ་བཟུང་བ་ཡིས། །ཀུན་ཏུ་བརྟགས་པའི་མ་རིག་བྱུང་། །དེ་ལས་ཁམས་གསུམ་སྲིད་པར་འཁྲུལ། །ཞེས་སོ། །དེའི་ཚེ་ངོ་བོ་སྟོང་པས་གོ་ཕྱེ་བ་ནི། ཆོས་ཉིད་ཡུལ་གྱི་འཁྲུལ་གཞི། འོད་ལྔའི་སྣང་བས་ཡུལ་ཕྱི་རོལ་སྣོད་ཀྱི་འཁྲུལ་གཞི་དང་། རྡོས་བཅས་ལུས་ཀྱི་འཁྲུལ་གཞིའོ། །ཐུགས་རྗེའི་གདངས་རིག་པ་སེམས་ཀྱི་འཁྲུལ་གཞི་གསུམ་དུ་བྱུང་བ་ནི། ཀུན་གསལ་ལས། དེ་ལས་འཁྲུལ་གཞི་གསུམ་དུ་བྱུང་། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་། །རིག་པ་སེམས་ཀྱི་འཁྲུལ་གཞིའོ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད། །རིགས་མེད་སྟོང་པ་ཆོས་མཐུན་ཕྱིར། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད། །ཁ་དོག་སྣང་བར་ཆོས་མཐུན་ཕྱིར། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །རིག་ཙམ་རིག་པས་ཆོས་མཐུན་ཕྱིར། །ཞེས་སོ། །

གསུམ་པ་བག་ཆགས་ལུས་ཀྱི་གྲུབ་ཚུལ་གཟུགས་མེད་རྣམས་ནི་ཏིང་ངེ་འཛིན་ཡིད་ཀྱི་ལུས་ཅན་མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པའོ། །(༡༢༠)གཟུགས་ཁམས་པ་རྣམས་ནི་འོད་ལྔ་སྣང་བའི་ལུས་ཅན་ལ་སེམས་ཀྱི་རྒྱུད་བརྟེན་པའོ། །འདོད་ཁམས་པ་རྣམས་ནི་རྡོས་བཅས་ཤ་ཁྲག་གི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་པའོ། །དེ་དག་གི་སྲིད་པར་འཕོ་བའི་བར་དོ་ནི། བག་ཆགས་ཡིད་ཀྱི་ལུས་ཏེ་རྨི་ལམ་ལྟ་བུའོ། །དེ་དག་གི་ནང་ནས་མངལ་སྐྱེས་མིའི་ལུས་ཇི་ལྟར་གྲུབ་པའི་ཚུལ་ནི། ཀུན་གསལ་ལས། དང་པོ་ལུས་ཆགས་མིག་ནས་བཟུང་། །མིག་གཉིས་ལྟེ་བར་འབྲེལ་བ་ལས། །དེ་ནི་རྩ་ཡི་མདུད་པར་གྱུར། །དེ་ལས་ལུས་བྱིངས་སྐྱེས་པ་ཡིན། །ཞེས་པས། དང་པོར་ཕ་མའི་ཐིག་ལེ་དཀར་དམར་གཉིས་ལུས་ལེན་པ་བར་དོ་ནས་དྲི་ཟ་ཉེ་བར་འཇུག་པའི་རླུང་སེམས་གཉིས་ཏེ་བཞི་འདུས་ནས་ཞག་བདུན་ཕྲག་དང་པོར་མེར་མེར་པོ་ཉུང་འབྲུ་སུམ་ཆ་ཙམ་གྱི་དབུས་སུ་རྩ་མདུད་གྲུ་གསུམ་ཆགས་པའི་དབུས་སུ་མིག་ཆུང་གཉིས་ཆགས་སོ། །གཉིས་པར་ནུར་ནུར་པོར་གྱུར་དུས་སྙིང་གའི་འོད་གསལ་ལ་བརྟེན་པའི་རྩ་ནང་ནས། ཕྱོགས་བཞིའི་རྩ་འདབས་བཞི་ཆགས་པའི་ཤར་རྩའི་ནང་དུ་ཁྲག་གི་དྭངས་མ་རྟ་རྔ་རྒྱར་གཤགས་པའི་ཆ་ཙམ་ཆགས་སོ། །གསུམ་པ་ལྟར་ལྟར་པོར་གྱུར་དུས། ལྷོའི་རྩ་ནང་དུ་ཤའི་དྭངས་མ་ཆགས་སོ། །བཞི་པ་གོར་གོར་པོར་གྱུར་དུས་ནུབ་རྩའི་ནང་དུ་དྲོད་ཀྱི་དྭངས་མ་ཆགས་སོ། །ལྔ་པ་ཁྲང་གྱུར་ཏེ། བྱང་རྩའི་ནང་དུ་དབུགས་ཀྱི་དྭངས་མ་ཆགས་སོ། །དེ་ཡང་ནམ་མཁའ་ནི་ཀུན་ཁྱབ་སྟེ། དབུགས་ཀྱི་རྩ་སྦུབས་སྟོང་པ་དང་ལྔ་ནི་ལུས་ཀྱི་འབྱུང་བ་ལྔའི་དྭངས་མ་ལས་ལུས་བསྐྱེད་པ། གནས་པ། འཇིག་པ་ཐམས་ཅད་ཀྱི་རྟེན་དང་། རླུང་ལྔ་དང་། ཉོན་མོངས་པ་ལྔ་དང་། ཡེ་ཤེས་ལྔའི་རྟེན་བྱེད་པ་ཡིན་ནོ། །དྲུག་པ་ཁྱབ་འཇུག་ཉ་ལྟ་བུ་སྟེ། དེའི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་ཆགས་སོ། །དེ་ཡང་དབུ་མ་མཐིང་ག །གཡས་རོ་མ་དཀར་བ། གཡོན་རྐྱང་མ་དམར་བ་གསུམ་ཀ་བའི་ཚུལ་ལས་གྱེས་པའི་རྩ་འཁོར་ལོ་ལྟར་གཡས་བསྐོར་ནས་ལུས་ཀྱི་ནང་དང་། ཕྱིའི་འདབ་མར་ཆགས་པ་དྲ་བ་འབྲེལ་བ་ལྟ་བུ་སྡེ་ཚན་བཞི་ལས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞིའོ། །ཀུན་གསལ་ལས། ལུས་ཀྱི་རྒྱ་མདུད་རྩ་ཡི་འཁོར་(༡༢༡)ལོ་བཞི། །འཁོར་ལོ་དྲ་བ་བཞིན་དུ་མང་འབྲེལ་ཡང་། །མཆོག་ཏུ་དྲང་བ་ལུས་ཀྱི་ཀ་བའི་ཚུལ། །སྐུ་གསུམ་བསྐྱེད་པའི་ཡེ་ཤེས་རྩ་གསུམ་གནས། །ཞེས་སོ། །དེའི་རྩ་གསུམ་གྱི་ནང་ན། ཨཱ་ཨཱཿཧཱུྃ་གསུམ་གནས་པས་མ་དག་པའི་དུས་སུ་སྒོ་གསུམ་དང་དུག་གསུམ་གྱི་རྟེན་བྱེད་པས་ཁམས་གསུམ་གྱི་ལས་གསོག་གོ། །དག་པའི་དུས་སྐུ་གསུམ་གྱི་རྟེན་བྱེད་དོ། །རོ་མ་ནས་ཞེ་སྡང་གི་ཆ་ལས་གསལ་བ་ཐབས་བསྐྱེད་པ། རྐྱང་མ་ནས་འདོད་ཆགས་ཀྱི་ཆ་ལས་བདེ་བ་ཤེས་རབ་རྫོགས་པ། ཀུན་དྷར་མ་ནས་གཏི་མུག་གི་ཆ་ལས་མི་རྟོག་པ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་འཆར་བའི་གཞི་བྱེད་དོ། །འཁོར་ལོ་བཞི་པོས་སྐུ་བཞི་ཡེ་ཤེས་ལྔའི་རྟེན་བྱེད་དོ། །དེ་དག་གི་དབུས་ན་དག་བྱེད་ཡེ་ཤེས་ཀྱི་ཡི་གེ་ཨཱ་ཨཱ་ཧཱུྃ་སྭཱ་ཧཱ་གནས་སོ། །དེ་ཡང་སྤྱི་བོར་ཨཱ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་གནས་བདེ་སྐྱོང་གི་འཁོར་ལོ་བསྣན་ན་ལྔ་ཡོད་པས་ཧཱ་གནས་སོ། །རྩ་དེ་དག་ན་རླུང་ཡང་གསུམ་སྟེ། རྩ་བའི་རླུང་། ཡན་ལག་གི་རླུང་། ལས་བྱེད་པའི་རླུང་ངོ་། །དང་པོ་ནི། སྙིང་གའི་རྩ་བའི་རྩ་བཞི་དབུས་དང་ལྔ་ན་སྲོག་རླུང་དབུས་སུ། ཁྱབ་བྱེད་ཤར་དུ། རྫོགས་བྱེད་ལྷོ་རུ། མེ་མཉམ་ནུབ་ཏུ། སྐྱོད་བྱེད་བྱང་དུ་གནས་པ་ནི། དུག་ལྔ་ཡེ་ཤེས་ལྔ་ཡི་རླུང་ལྔའོ། །ཡན་ལག་གི་རླུང་ལྔ་ལས་གྱེས་པའི་རྩའི་འཁོར་ལོ་རྣམས་ནས་འགྱུ་བ་ཆེ་ཆུང་གཉིས་སོ། །རྒྱུད་འགའ་ཞིག་ལས། གྱེན་རྒྱུ། ཐུར་སེལ། མཉམ་གནས་གསུམ་ནི་འགྱུ་བ་ཆེན་པོ་ཡིན་ལ། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི། འགྱུ་བ་ཆུང་བར་བཤད་དོ༌། །གྱེན་རྒྱུ་སྟོད་ན་གནས་ཏེ་དབུགས་འགྲོ་འོང་གི་ལས་བྱེད། ཐུར་སེལ་སྨད་ན་གནས་ཏེ་ཟག་པ་འདོར་བ་ལ་སོགས་པའི་ལས་བྱེད། མཉམ་གནས་བར་ན་གནས་པས་ཟས་ཀྱི་དྭངས་སྙིགས་འབྱེད་པར་བྱེད་དོ། །ལས་བྱེད་པའི་རླུང་ལྔ་ལས། འདེགས་བྱེད་ཀྱི་རླུང་ཚིགས་བཞིན་གནས་པས་ཤ་རུས་ཀྱི་སྟོབས་བསྐྱེད། འགྲོ་འདུག་བརྐྱང་བསྐུམ་གྱི་ལས་བྱེད་དོ། །སྐྱེད་བྱེད་ཀྱི་རླུང་སྨིན་ཕྲག་ན་གནས་པས་ཁྲག་དང་ཆུ་སེར་གྱི་སྟོབས་བསྐྱེད་དོ། །མེ་མཉམ་གྱི་རླུང་ཕོ་བར་གནས་པས་ཟས་འཇུ་བར་བྱེད། དྭངས་སྙིགས་འབྱེད་པའི་རླུང་སྟེང་འོག་གི་སྒོ་གཉིས་ན་གནས་པས་ཟས་(༡༢༢)སྐོམ་སོ་སོར་ཕྱེ་ནས་དྲི་ཆེན་དྲི་ཆུ་ཐ་དད་དུ་འབབ་པའི་ལས་བྱེད། ལས་ཀྱི་རླུང་སྙིང་ག་ན་རིག་པ་དང་དབྱེར་མེད་གདངས་ཀྱི་ཚུལ་དུ་གནས་པས་རྣམ་རྟོག་གཟུང་འཛིན་དུ་འཆར་བར་བྱེད་དོ། །རྩ་དེ་དག་ན་གནས་པ་ཁམས་བྱང་ཆུབ་ཀྱི་སེམས་ལ་རོ་མ་ནས་ཟླ་བ་ཧཾ་ཐུར་དུ་ལྟ་བ་ལས་བབས་པས། སྤྱིར་ལུས་ཟུང་ཀུན་བསྐྱེད། ཁྱད་པར་དུ་ཀླད་པ་དང་རྐང་མར་ཚིལ་དང་རུས་པ་བསྐྱེད་དོ། །རྐྱང་མ་ནས་ཉི་མ་ཨ་ལས་འབབ་པས་ཀྱང་ཤ་ཁྲག་ཆུ་སེར་པགས་པ་སྐྲ་དང་བ་སྤུ་བསྐྱེད་དོ། །དབུ་མ་ནས་དྭངས་མའི་དྭངས་མ་ཀུན་ཁྱབ་དྭངས་ལ་འོད་གསལ་གྱི་ཐིག་ལེ་འཆར་ཞིང་གནས་པར་འདོད་དོ། །བུད་མེད་ལ་རོ་རྐྱང་གོ་ལྡོག་ནས་འབབ་པོ། །ཨ་དམར་པོ་བདེ་སྐྱོང་འཁོར་ལོ་ནས་མགོ་ཡར་བསྟན་ལ། ཧཾ་དཀར་པོ་བདེ་ཆེན་འཁོར་ལོ་ནས་མར་བསྟན་ནས་རྩ་གསུམ་གྱི་ནང་དུ་ལྟ་བར་གནས་སོ། །ཁྱད་པར་དུ་དབུ་མའི་དབུས་ན་འོད་གསལ་མཆོག་ཏུ་མི་འགྱུར་བའི་རྩ་སྙིང་དབུས་ཀྱི་དྭངས་མ་ཆེན་པོའི་རྟེན་དང་འབྲེལ་བ་ལས། མིག་གཉིས་ལ་ཟུག་པར་གནས་སོ། །ཞག་བདུན་ཕྲག་བདུན་པ་ལ། ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་ལྟ་བུ་མའི་འཁྱིད་གང་བའོ། །བརྒྱད་པ་ལ་མཐོ་གང་བ་ནས་སུམ་བཅུ་རྩ་དྲུག་གི་བར་དུ་ལུས་ཆེར་རྒྱས་ཤིང་བཙའ་བར་བྱེད་དོ། །དེའི་དུས་སུ་ཟླ་བ་དགུ་ངོ་བཅུས། ས་བཅུ་རྫོགས་ནས་སྤྲུལ་པའི་སྐུ་ཕྲུ་མའི་ཆོས་གོས་དང་བཅས་ཤིང་། ཨ་ཧཾ་གི་སྒྲ་དང་བཅས་པ་རང་བྱོན་པ་ནི། ལུས་གྲུབ་ཚུལ་ལོ།། །།

བཞི་པ་སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་ལ་གཉིས་ལས། དང་པོ་ཡེ་ཤེས་ཀྱི་གནས་ཚུལ་ནི། དེ་ལྟར་ལུས་གྲུབ་དུས་ཡེ་ཤེས་ཀྱང་སྙིང་ག་འོད་གསལ་གྱི་རྩ་ནང་ན་དངས་མ་ཡུངས་འབྲུ་ཙམ་ལ་བརྟེན་པ་སྡོང་པོ་སྣུམ་ཅན་ལ་མར་མེ་སྦར་བ་ལྟར་གནས་པའི་འོད་གདངས་ཀྱིས། འཁོར་ལོ་བཞིའམ། ལྔའི་གནས་སུ་ཁྱབ་པར་གནས་ཤིང་། མིག་གཉིས་སུ་ཟུག་པ་དར་དཀར་གྱི་སྐུད་པ་ལྟ་བུའི་རྩའི་ནང་ནས་ཕྱིར་དངོས་སུ་རང་འོད་མཐོང་བའི་གདངས་འཆར་རོ། །དེའང་སྙིང་གའི་འོད་གསལ་ནི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་རང་ལ་གནས་པས་འགྲོ་བ་ཀུན་ལ་ཡེ་ནས་ཁྱབ་པ་སྟེ། དཔལ་ཕྲེང་གི་མདོ་ལས་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་། བརྟག་གཉིས་ལས། (༡༢༣)ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང་། དོ་ཧ་ལས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་པ་དང་། སྙིང་པོའི་མདོ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་ནང་ན་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ཇི་ལྟ་བ་ལས་མ་གཡོས་པར་གནས་སོ། །ཞེས་སོ། །ཇི་ལྟར་གནས་ན། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་རིག་པའི་སྙིང་པོ་ཅན། སྐུ་གསུམ་འདུ་འབྲལ་མེད་པ་བུམ་ནང་གི་མར་མེ་ལྟར་སྙིང་དབུས་འོད་ལྔའི་ཀློང་ན་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་དུ་གནས་ཏེ། ཀུན་གསལ་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ། །འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །ཞེས་པ་དང་། ཐིག་ལེ་འདུས་པ་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་ཉིད་ཀྱི་ངོ་བོར་གནས། །ཞེས་སོ། །ཆོས་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་སྟེ་དཔེ་རྨ་བྱའི་སྒོ་ང་ལྟ་བུའོ། །དབྱིབས་ཟླུམ་ལ་དྭངས་པ་ནི་ངོ་བོ་སྟོང་པ་ཆོས་སྐུ། ཆུ་རིས་འོད་ལྔར་གསལ་བ་རང་བཞིན་གསལ་བ་ལོངས་སྐུ། སྙིང་པོ་རིག་པ་ནི་ཐུགས་རྗེའི་གདངས་མ་འགགས་པར་འཆར་བ་སྤྲུལ་པའི་སྐུ་མཚོན་བྱེད་དེ། དུར་ཁྲོད་ཕུང་པོ་འབར་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །དབྱིབས་ཟླུམ་དྭངས་པ་ཆོས་སྐུ་སྟེ། །ཆུ་རིས་འོད་ལྔ་ལོངས་སྤྱོད་རྫོགས། །རྨ་བྱའི་ཕྲུག་གུ་སྤྲུལ་སྐུ་ཉིད། །མཚོན་བྱེད་དཔེ་རུ་བསྟན་པ་ཡིན། །ཞེས་སོ། །དེ་ཡང་སྙིང་ནང་གི་ཞི་བ་རིགས་ལྔའི་གདངས་སྤྱི་བོ་ན་ཁྲོ་བོ་རིགས་ལྔར་ཤར་བའོ། །སྙིང་ནས་མིག་ཏུ་འབྲེལ་བར་རྩ་ཤེལ་གྱི་སྦུ་གུ་ཅན་ལ་སྣང་བ་ནི། ཐིག་ལེ་འདུས་པ་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་དུ་ཟུག་ནས་གནས། །ཞེས་སོ། །དེ་ལས་འོད་སྣང་ཤར་བ་ཡང་ཡེ་ཤེས་ཀྱི་གདངས་ཏེ་ལམ་རྩ་ནས་འཐོན་པའོ། །ཀུན་གསལ་ལས། རིན་ཆེན་རྒྱ་མཚོར་འབྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་ཀུན་ཏུ་རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །ཅེས་སོ། །དེ་ཡང་སྒྲོན་མ་ལྔར་དབྱེ་ན། སྙིང་ནི་ཙིཏྟ་ཤའི་སྒྲོན་མའོ། །དེ་ན་གནས་པའི་རིག་པ་ནི་གནས་ལུགས་(༡༢༤)གཞིའི་སྒྲོན་མའོ། །སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ནི་དཀར་འཇམ་རྩའི་སྒྲོན་མའོ། །མིག་གི་ཨ་འབྲས་ནི་འོད་གསལ་གྱི་གཟུགས་བརྙན་འཛིན་པས་རྒྱང་ཞགས་ཆུའི་སྒྲོན་མའོ། །འོད་གསལ་མི་གཡོ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་ནི་འོད་གསལ་ཡེ་ཤེས་ཀྱི་སྒྲོན་མའོ། །ཐིག་ལེ་གསང་སྐོར་གཞན་ལས་སྒྲོན་མ་བཞིར་གསུངས་ཀྱང་། འདིར་ཉམས་སུ་ལེན་པ་བླ་ན་མེད་པ་དང་མཐུན་པས་ལྔར་བྱུང་བའོ། །ཡེ་ཤེས་རང་སར་གནས་པ་ངོས་ཟིན་ནས་བསྒོམས་པས་གདོད་མའི་སར་གྲོལ་བར་བྱེད་པའོ། །མདོར་དྲིལ་བས་ཡེ་ཤེས་ཀྱི་ངོ་བོ་ནི། སེམས་ཉིད་འོད་གསལ་བ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། གནས་ནི་སྙིང་། ལམ་ནི་རྩ། སྒོ་ནི་མིག །ཡུལ་ནི་ནམ་མཁའ། བྱེད་ལས་ནི་གདོད་མར་གྲོལ་བའོ། །གཉིས་པ་སེམས་ཀྱི་ངོ་བོ་ནི། ཡེ་ཤེས་ཀྱི་གདངས་ལས་ཤར་བའི་རྩལ་མ་དག་པ་གཟུང་འཛིན་གྱི་རྟོག་པ་ཚོགས་བརྒྱད་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པ་རྣམས་སོ། །གནས་ནི་སྙིང་ནས་གློ་བར་རྩ་གྲོ་སོག་གི་སྦུ་གུ་ཙམ་དང་འབྲེལ་བ་ལས་རླུང་གཡོ་བས། རིག་པའི་གདངས་ཁུར་བ་སྒོ་སོ་སོ་ལ་ཤར་དུས་རྟོག་དཔྱོད་དུ་སྐྱེས་པས་གློ་བའོ། །རླུང་ནི་རྟ་ལོང་བ་རྐང་ཅན་དང་འདྲ་བ་ལ། རིག་པའི་གདངས་མི་འཕྱེ་བོ་མིག་ཅན་ལྟ་བུས་ཞོན་ནས་འདྲེས་པས་ཡུལ་སྣ་ཚོགས་ལ་འཕྲོ་བའོ། །ལམ་ནི་སྙིང་ནས་གློ་བར་འབྲེལ། གློ་བ་ནས་སྒོ་སོ་སོ་ལ་འབྲེལ་བའི་རྩའོ། །སྒོ་ནི་དབུགས་ཕྱི་ནང་དུ་རྒྱུ་བའི་སྒོ་ཁ་སྣ་ཡུལ་ལ་འཆར་བའི་སྒོ་མིག་རྣ་བ་སྣ་ལྕེ་ལུས་རྣམས་སོ། །ཡུལ་ནི་གཟུགས་སྒྲ་དྲི་རོ་རེག་གོ། །བྱེད་ལས་ནི་ཉོན་མོངས་སུ་ཤར་བས་འཁོར་བའི་འཁྲུལ་སྣང་རྒྱུ་འབྲས་བསྐྱེད་དོ། །སེམས་ཀྱི་འཆར་གཞིའི་ངོ་བོ་ནི་ཡེ་ཤེས་ཡིན་ཡང་རྩལ་གྱི་ངོ་བོ་གཟུང་འཛིན་དུ་ཤར་བས་སེམས་ཞེས་བྱའོ། །སེམས་འགགས་དུས་ཡེ་ཤེས་རང་ངོ་གསལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བརྗོད་དོ། །འདིའི་ངོ་བོ་ཤེས་པར་བྱ་བ་ཉིད། དུར་ཁྲོད་ཕུང་པོ་འབར་བ་ལས། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །གནས་ནི་རླུང་ཅན་གྲོང་ན་གནས། །ལམ་ནི་མགྲིན་པ་དག་ཏུ་རྒྱུ། །སྒོ་ནི་འདོད་པའི་སྒོ་ལྔར་ཤར། །རྐྱེན་ནི་རྟོག་(༡༢༠)པ་སྣ་ཚོགས་སྐྱེ། །ལས་ནི་གཟུང་འཛིན་འཁོར་བ་བྱེད། །ཅེས་སོ། །དེ་ཡང་སེམས་ཀྱི་རྩ་བ་བཅད་ན་ཡེ་ཤེས་ལ་ཐུག་པས། སྟོང་གསལ་སྤྲོས་པ་དང་བྲལ་བར་འཆར་བའི་གནད་དེ་ཡིན་ནོ། །ཡུལ་ལ་འཆར་དུས་ཀྱི་གདངས་དེའི་འགྱུ་ཆ་ནི་སེམས་ཡིན་ལ། རིག་ཆ་ནི་ཡེ་ཤེས་ཡིན་ཏེ། རིག་ཆ་དེ་དང་ཡེ་ཤེས་གཉིས་དབྱེར་མེད་པས་གཅིག་དང་ཐ་དད་མེད་པ་སྟེ། ཀུན་གསལ་ལས། སེམས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་ན་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །དེས་ན་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་ལས། །གྲོལ་དང་མ་གྲོལ་ཞེས་བྱའོ། །ཞེས་སོ། །མདོར་ན་སེམས་ཀྱི་གནས་གློ་བ། སྒོ་རྩ་དང་དབང་པོ་ལྔ། ཁ་སྣ་དང་བཅས་པ། ལམ་རྩ། ཡུལ་ཚོགས་དྲུག །བྱེད་ལས་འཁྲུལ་སྣང་ངོ་། །སྙིང་ནང་གི་རིག་གདངས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་འོད་གསལ་དུ་ཤར་བ། རང་རིག་མྱ་ངན་ལས་འདས་པར་གྲོལ་བའི་ལམ་དུ་ཤར་བ་དང་། སྙིང་ནང་གི་རིག་གདངས་ལས་ཀྱི་རླུང་གིས་བསྐྱོད་པའི་རྟ་བྱས་པའི་རྩལ་རྟོག་པར་ཤར་བ། མ་རིག་པས་འཁོར་བར་འཁྲུལ་པའི་ལམ་དུ་ཤར་རོ། །བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་དང་། ཁ་ཅིག་ལས་སེམས་འགགས་དགོས་པར། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་འབྱུང་སྟེ། གནས་སྐབས་སུ་མི་རྟོག་པ་རང་རིག་གི་སྐུས་མངོན་དུ་མཛད་པས། ལམ་འོད་གསལ་དུ་ཤར་ལ། མཐར་ཐུག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཆོས་ཀྱི་སྐུའི་མངོན་སུམ་དུ་མཛད་པས་མྱ་ངན་ལས་འདས་པའི་ཡོན་ཏན་རྫོགས་པ་ཡིན་ནོ། །དེས་ན་སེམས་དང་ཡེ་ཤེས་ཕྱེད་པ་གལ་ཆེའོ།། །།

གཉིས་པ། ལམ་ཉམས་སུ་བླང་བ།

༈ དོན་གཉིས་པ་ལམ་ཉམས་སུ་བླང་བ་ལ་གཉིས་ཏེ། ཚེ་འདིར་ཉམས་སུ་བླང་བ་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་དང་། བར་དོར་འཆར་བ་ལྷུན་གྲུབ་འོད་གསལ་གྱི་རིམ་པའོ། །དང་པོ་ལ་གཉིས་ཏེ། སེམས་རང་གསལ་འཛིན་མེད་དུ་ཉམས་སུ་བླང་བ་དང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་ཏུ་ཉམས་སུ་བླང་བའོ། །

དང་པོ་ནི། ཚོགས་དྲུག་ཡུལ་ལ་འཆར་བའི་རིག་པ་ཉིད་ཀྱི་སྟེང་དུ་ཅེར་གྱིས་བལྟས་ལ། ཐུགས་ཕྲད་(༡༢༦)འཛིན་མེད་དུ་ཕྱམ་གྱིས་ལྷོད་ནས་བཞག་པས། རིག་རྩལ་འཕྲོ་བ་རང་སར་གྲོལ་ནས། བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་ཁོང་ནས་འཆར་བའོ། །དེ་ཡང་འཕྲོ་ཐོག་ཏུ་བཞག་པས་རྟོག་མེད་དུ་གནས་དུས་རིག་གདངས་རླུང་དང་ཕྲལ་ཏེ། སྙིང་གའི་འོད་གསལ་དུ་རང་གནས་ལ་སོང་བས། སེམས་ཡེ་ཤེས་སུ་གྲོལ་བས་སེམས་ཉིད་གདོད་མར་གནས་པ་ཞེས་བྱའོ། །དེ་ཉིད་གོམས་པས་ཉོན་མོངས་ཡེ་ཤེས་སུ་གྲོལ་ནས་འོད་གསལ་གདོད་མར་རྫོགས་པ་ཞེས་བྱའོ། །ཉམས་ཀྱང་བདེ་བ། གསལ་བ། རྣམ་པར་མི་རྟོག་པའི་ངར་དང་བཅས་པ་དུ་མ་འཆར་རོ། །

གཉིས་པ་ནི། མུན་ཁང་ངམ། སྣང་བ་ལ་སྐྱིལ་མོ་ཀྲུང་ངམ། ཙོག་པུར་འདུག་སྟེ། མིག་བར་སྣང་ལ་ཁྲུ་གང་ཙམ་ལ་སེམས་གཟུང་ལ། རླུང་རབ་ཏུ་དལ་བས་རྒྱུ་བ་མི་ཚོལ་བར་བྱས་ཏེ། ཡིད་བར་སྣང་ལ་གཏད་ནས་ཅི་ཡང་མི་བསམ་པར་ཁྲིས་སེ་གཉུག་མའི་ཡིད་རྫོགས་པ་ཆེན་པོར་གློད་ལ་བསྒོམ་མོ། །དེ་ཡང་མུན་ཁང་ཡིན་ན། དུ་བ་དང་། སྨིག་རྒྱུ་དང་། འཇའ་ཚོན་དང་། གློག་དང་། ཐིག་ལེ་དང་། ལྷ་སྐུར་སྣང་བ་མཐོང་ལ། སྣང་བ་ཡིན་ན་འཇའ་དང་། ཐིག་ལེ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། པདྨ་དང་། མཆོད་རྟེན་དང་། སྐུ་གཟུགས་ལ་སོགས་པ་འཆར་བའོ། །འདི་དག་ཤར་དུས་མིག་མི་འགུལ་བས། སེམས་དེ་ཉིད་ལ་གཏད་དེ་མ་ཡེངས་པར་བསྒོམས་པས། སྟོང་གསལ་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བ་ཁོང་ནས་འཆར་རོ། །དེ་དུས་བདེ་གསལ་མི་རྟོག་པའི་ཉམས་ཀྱང་ཚད་མེད་པ་འབྱུང་སྟེ། དགའ་བའི་ཞེན་འཛིན་མི་བྱའོ། །སྣང་བ་འདི་དག་ནི་སྙིང་ནང་ནས་འོད་གསལ་གྱི་གདངས་ཕྱིར་སྣང་བ་སྟེ། སུས་མཐོང་བ་དེ་དག་ཁམས་བདེ་གཤེགས་སྙིང་པོའི་དོན་མཐོང་བས་འོད་གསལ་ཡེ་ཤེས་ལ་རེག་པ་ཞེས་བྱའོ། །དེ་སྐད་དུ་ཡང་། མཚན་བརྗོད་ལས། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕུང་པོ་ལྟ་ན་སྡུག །ཅེས་སོ། །དེའང་གཞི་སྙིང་ནང་ནས་མིག་རྒྱ་མཚོའི་སྒོ་ལས་ནམ་མཁར་སྣང་བ་ཉིད། ཕལ་ཆེན་ལས། གཞི་ནས་རྒྱ་མཚོར་འོད་གསལ་བས། །ལམ་ལས་ནམ་མཁའི་དཀྱིལ་ན་གསལ། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ཞེས་སོ། །དེ་ཉིད་ལ་རྒྱུན་དུ་ཉིན་མཚན་གོམས་པས་སྔར་བས་ཆེས་རྒྱ་ཆེ་ཞིང་ལྷའི་སྐུ་རིགས་ལྔའི་(༡༢༧)དཀྱིལ་འཁོར་དུ་སྣང་བ་ཡང་། གསང་འདུས་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བའི་ཚོགས་དང་ལྡན། །ཡེ་ཤེས་འབར་བས་ཀུན་ལ་ཁྱབ། །ཅེས་པ་དང་། ཐིག་ལེ་འདུས་པ་ལས། རང་བྱུང་ཡེ་ཤེས་ཆེན་པོ་ལས། །རང་གདངས་སྣ་ཚོགས་རིགས་ལྔར་སྣང་། །ཞེས་སོ། །དེ་ལྟ་བུའི་སྣང་བ་ནི་མངོན་སུམ་འོད་གསལ་གྱི་གནད་དམ་པ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཤེས་པ་རང་སྣང་མངོན་སུམ་གནད། །ལེགས་པའི་ཡེ་ཤེས་རང་སྣང་བ། །ཞེས་སོ། །དེ་ནས་སྣང་བ་ཐམས་ཅད་ཀྱི་འཕེལ་ཟད་དེ། རྡོས་བཅས་འོད་ཕུང་དུ་གྲོལ་བ་ནི། ཀ་དག་ཆོས་ཉིད་ཀྱི་སྣང་བ་ནམ་མཁའ་ལྟ་བུ་སྟེ། ཀུན་གསལ་ལས། ཆོས་ཉིད་གསལ་བའི་ཡེ་གདངས་ནི། །ནམ་ལངས་ཞོགས་པ་ལྟ་བུའོ། །ཞེས་སོ། །དེ་དག་གི་ཚེ་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་འགྲུབ་ཅིང་། སྣང་ཉམས་གསལ་སྟོང་དང་། ཤེས་ཉམས་བདེ་གསལ་མི་རྟོག་པའི་ཚོགས་བརྗོད་ལས་འདས་པ་འབྱུང་ངོ་། །རིམ་པ་འདི་ཉིད་ཉིན་མཚན་དུ་བརྩོན་པར་བྱའོ། །དེ་ཡང་སྙན་བརྒྱུད་འདིར་འོད་གསལ་དངོས་སུ་སྣང་བས་གསང་སྐོར་མ་ཡིན་ནམ་སྙམ་ན། མིང་གསང་སྐོར་དུ་བཏགས་ཀྱང་། དོན་སྙིང་ཏིག་གི་བཀའ་སྲོལ་དུ་མི་ཉམས་པར་བྱ་བའི་ཕྱིར། སྙན་བརྒྱུད་དུ་བཞག་སྟེ། ལོ་རྒྱུས་ཆེན་མོ་ལས། བཀའི་སྲོལ་མི་ཉམས་པར་བྱ་བའི་ཕྱིར། ཡི་གེ་མེད་པའི་སྙན་བརྒྱུད་མཚན་དུ་བཏགས་ཏེ། ཞེས་པ་དང་། དུང་ཡིག་ཅན་ལས། ཡི་གེ་མེད་པའི་སྙན་བརྒྱུད་འདི་ཉིད་འབྲེལ། །ཞེས་གསུངས་པའི་ཕྱིར། སྙིང་ཏིག་དང་འབྲེལ་ལོ། །དེའང་སྣང་བ་བཞིའི་འཆར་ཚུལ་ལ་སོགས་པ་གནད་ཆེན་པོ་རྣམས་མེད་པས་ཅུང་རིང་བའི་ཕྱིར་གསང་སྐོར་དུ་བཏགས་ཀྱང་། འདི་ནས་སྒོའི་གནད་ལ་སོགས་པས་ཡེ་ཤེས་མིག་ཏུ་སྣང་བ་བསྟན་པའི་ཕྱིར་ཡི་གེ་ཅན་ལས་འཕགས་སོ། །

གཉིས་པ་བར་དོར་འཆར་བ་ལྷུན་གྲུབ་འོད་གསལ་གྱི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་འབྱུང་བའི་བསྡུ་ཚུལ། དངོས་གཞི་ཡེ་ཤེས་ཀྱི་འཆར་ཚུལ། རྗེས་སྣང་ཞིང་ཁམས་ཀྱི་བགྲོད་ཚུལ་ལོ། །

དང་པོ་ནི། ཆོས་འདིའི་རྩོལ་བ་འབྲིང་སྣང་བ་འོད་གསལ་གྱིས་གང་ཏུ་བལྟས་པ་ཁྱབ་ཅིང་། ཇི་ཙམ་མཉམ་པར་བཞག་པ་དེ་ཙམ་གྱིས་(༡༢༨)སེམས་གནས་ཀྱི་བསམ་གཏན་དང་ཐམས་ཅད་རང་སྣང་བར་དོའི་གདམ་ངག་ཏུ་ཤར་བ་ངོ་ཤེས་པ་རྣམས་འཆི་བའི་ཚེ། སའི་རླུང་ཆུ་རླུང་ལ་ཐིམ་པས། བག་གཞི་ས་ལ་ལྷུང་བས་ལུས་ལྕི། ཆུ་རླུང་མེ་རླུང་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་རླུང་གི་རླུང་ལ་ཐིམ་པས་དྲོད་མཐའ་ནས་སྡུད། རླུང་གི་རླུང་ནམ་མཁའི་རླུང་མི་རྟོག་པ་ལ་ཐིམ་པས་ཤེས་པ་མི་གསལ། དུས་དེར་གློ་བའི་ནང་གི་རླུང་སེམས། མི་འཕྱེ་པོ་ལྟ་བུའི་རིག་གདངས་སྙིང་གར་ཐིམ། རྟ་ལོང་བ་ལྟ་བུའི་རླུང་དེ་ལྷག་མ་མ་ལུས་པ་ལམ་མིད་པ་དཀར་ནག་ནས་ཁ་སྣ་ལས་ཐོན་ཏེ་ཚུར་མ་འདུས་པར་སོང་དུས། སེམས་དང་ཡེ་ཤེས་རྒྱབ་གྱེས་པ་ཞེས་བྱ་སྟེ་ཤི་བ་ཡིན་ནོ། །དེའང་རླུང་གིས་རིག་གདངས་ཁུར་བའི་ཆ་ལ་སེམས་ཟེར་བས་དེ་མེད་ལ། རིག་པ་དངོས་སྙིང་ནང་ན་གནས་པའི་དུས་སོ། །དེའི་ཚེ་ཁྲག་རྣམས་དྭངས་མར་འདུས་ཏེ། སྙིང་ནང་དུ་འདུ་དུས། སྙིང་དབུས་ཀྱི་རྩ་འདབ་དབུས་མ་ན་རིག་པ་མར་མེ་ལྟར་གནས་པ་ལ་ཐིགས་པ་གསུམ་ཕོག་དུས་སྔངས་ཡེད་པས་རྐྱེན་བྱས་ནས་ཕྱིར་འཐོན་པར་འགྱུར་རོ། །

གཉིས་པ་ལ་གསུམ་སྟེ། ཡེ་ཤེས་འོད་གསལ་གྱི་སྣང་བ་ལ་སྒྲ་འོད་ཟེར་གསུམ་གྱི་གནད་ཤེས་པར་བྱ་བ་དང་། ལྷུན་གྲུབ་ཚོམ་བུའི་དཀྱིལ་འཁོར་ལ་རང་སྣང་ངོ་ཤེས་པར་བྱ་བ་དང་། རིན་པོ་ཆེ་གསང་བའི་སྦུབས་ལ་གདོད་མའི་གྲོལ་ས་གཟུང་བའོ། །

དང་པོ་ནི། རིག་པའི་ཡེ་ཤེས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ལམ་ཤེལ་གྱི་སྦུ་གུ་ཅན་ལས་ཆུའི་སྒྲོན་མར་ཐོན་དུས་མིག་ནས་རྡོ་རྗེ་སེམས་དཔའི་སྣ་ཐག་ཅེས་བྱ་བ་འོད་ལྔའི་སྙེ་ཚོན་སྒྲིལ་བ་ལྟ་བུ་མིག་གཡས་གཡོན་ནས་འཆར་ཏེ། དེ་ལ་ཤེས་པ་གཏད་ནས་རྟོག་མེད་དུ་བཞག་པས་གོམས་པ་རབ་རྣམས་ཡར་གྱི་ཟང་ཐལ་དུ་གྲོལ་བར་འགྱུར་རོ། །མ་གྲོལ་ན་དེ་ལས་འོད་གསལ་འཆར་བ་ཡིན་ནོ། །དེའང་དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས། ས་རྡོ་རི་བྲག་ལ་སོགས་པའི་སྣང་བ་མེད་པར་གར་བལྟས་འོད་ལྔའི་སྣང་བ་མེ་རེ་རེ་བས་ཁྱབ་དུས། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དང་། འོད་སོ་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟ་བུ་དང་། འོད་ཀྱི་ནང་ནས་ཟེར་མཚོན་ཆའི་ཚོགས་བབས་པ་འདྲ་བ་དང་། ཁྲོ་བོའི་སྣང་བ་འཇིགས་སུ་རུང་བས་ནམ་མཁའ་ཁེངས་པར་འཆར་རོ། །(༡༢༩)དེ་དག་མེ་ལོང་དུ་བྱད་སྣང་བ་ལྟར་རང་སྣང་དུ་ཤེས་པའི་ངང་ལ་བཞག་པས་རང་ཉིད་ཁྲོ་བོའི་སྐུར་སངས་རྒྱའོ། །དེ་ངོ་མ་ཤེས་ན་སྒྲས་འཇིགས། འོད་ཀྱིས་དངངས་ཟེར་གྱིས་སྐྲག །སྐུས་བརྒྱལ་བར་འགྱུར་རོ། །

གཉིས་པ་ནི། དེའི་རྗེས་ལ་ཡེ་ཤེས་ལྔའི་གདངས་འོད་ལྔའི་སྣང་བ་ཤར་ཏེ། ཞི་བའི་ལྷ་རྣམས་རིམ་པས་འཆར་བ་ཉིད། ཀུན་གསལ་ལས། མི་གནས་ཡེ་ཤེས་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་ཡི་མཚན་ཉིད་ཅན། །རང་བྱུང་ཡེ་ཤེས་འབྱུང་བ་ལྔ། །ཆོས་ཉིད་དག་པའི་ཀློང་དུ་ཤར། །ཐིག་ལེ་འོད་ཀྱི་ཁ་དོག་ལྔ། །མཐིང་ག་ལ་སོགས་རྣམ་ལྔར་གསལ། །རིགས་ལྔའི་སངས་རྒྱས་ངོ་བོར་ཤེས། །སྐུ་ལྔ་ཡེ་ཤེས་ལུས་ཅན་རྫོགས། །བཞི་བཅུ་རྩ་གཉིས་འོད་དུ་གསལ། །རང་རང་ཡེ་ཤེས་གདངས་ལ་བཞུགས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །ཡེ་ཤེས་རྣམ་ལྔའི་གཞལ་མེད་ཁང་། །གསལ་དང་དྲོ་དང་བསིལ་བ་དང་། །ཡངས་དང་ཡང་ནི་ཁྱབ་པའི་བདག །ཀུན་འབྱུང་ཡེ་ཤེས་ཕུང་པོ་འབར། །གདན་གསུམ་མ་བསྐྱེད་གཞི་ལ་རྫོགས། །སྦྱོར་བ་གསུམ་གྱིས་སྤྲུལ་པ་འབྱིན། །འགྲོ་བའི་མ་རིག་མུན་པ་སེལ། །ཞེས་སོ། །དེའི་ཚེ་རང་སྣང་དུ་ངོ་ཤེས། དེའི་ངང་ལ་བཞག་པས་སྐད་ཅིག་གསུམ་པ་ལ་གྲོལ་ཏེ། རང་སེམས་ལོངས་སྐུའི་ངང་ལས། སྐུ་གསུང་ཐུགས་ཀྱི་གདན་གསུམ་ཡེ་ཤེས་ཀྱི་སྦྱོར་བ་དག་པས་ཡུམ་གྱི་ལྷུམས་ནས་ཕྱོགས་བཅུར་ཐུབ་པ་དྲུག་གི་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་མཛད་དེ། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །ཞེས་སོ། །རིག་ལྔའི་འཆར་ཚུལ་རྒྱས་པར་དབྱེ་ན། དང་པོ་འོད་མཐིང་ག་མཐོང་དུས་རང་སྣང་དུ་རིག་ནས་མཉམ་པར་བཞག་པའི་སྐད་ཅིག་ལ་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་སྣང་བ་ནི། དགའ་རབ་རྡོ་རྗེའི་གསེར་ཕྲེང་ལས། དཀར་དང་སེར་དང་དམར་དང་ལྗང་། །མཚན་ཉིད་འཛིན་པ་དབུས་གནས་ཏེ། །རེ་རེ་ལ་ཡང་བཞི་བཞིར་གསལ། །རྡོ་རྗེ་རིན་ཆེན་པདྨ་དང་། །རྡོ་རྗེ་རྒྱ་གྲམ་ཐུགས་ཀར་གསལ། །ཡུམ་ཡང་ལུས་དང་གྲིབ་མའི་ཚུལ། །གཞི་ཡི་གདན་ལ་རྫོགས་ཚུལ་དུ། །ཚོམ་བུའི་དཀྱིལ་འཁོར་དང་པོ་ཡིན། །ཞེས་པས་(༡༣༠)རྣམ་པར་སྣང་མཛད་ལ་གཞན་བཞིས་བསྐོར་བའི་ངང་དེར་གྲོལ་ལོ། །གཉིས་པ་འོད་དཀར་པོ་སྣང་དུས་རང་འོད་དུ་ཤེས་པས་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། མི་བསྐྱོད་པའི་དཀྱིལ་འཁོར་གསལ་བ་ནི། དེ་ཉིད་ལས། རྡོ་རྗེ་མི་བསྐྱོད་དབུས་གནས་ཏེ། །ས་ཡི་སྙིང་པོ་ལཱ་སྱེ་དང་། །བྱམས་པ་དྷུ་པེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་གཉིས་པ་ཡིན། །ཞེས་སོ། །གསུམ་པ་ནི། འོད་སེར་པོ་རང་ངོ་ཤེས་དུས་མཉམ་ཉིད་ཡེ་ཤེས་སུ་རྟོགས་པས་རིན་ཆེན་འབྱུང་ལྡན་དུ་གྲོལ་བ་ཡང་། དེ་ཉིད་ལས། རིན་ཆེན་འབྱུང་ལྡན་དབུས་གནས་ཏེ། །ནམ་མཁའི་སྙིང་པོ་མཱ་ལེ་དང་། །ཀུན་བཟང་པུཥྤེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་གསུམ་པ་ཡིན། །ཞེས་སོ། །བཞི་པ་ནི། འོད་དམར་པོ་རང་ངོ་ཤེས་དུས་སོ་སོར་རྟོགས་པའི་ཡེ་ཤེས་སུ་ཤར་བས། སྣང་བ་མཐའ་ཡས་སུ་གྲོལ་བ་ཡང་། དེ་ཉིད་ལས། སྣང་བ་མཐའ་ཡས་དབུས་གནས་ཏེ། །སྤྱན་རས་གཟིགས་དབང་གཱིརྟི་དང་། །འཇམ་དབྱངས་མར་མེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་བཞི་པ་ཡིན། །ཞེས་སོ། །ལྔ་པ་ནི། འོད་ལྗང་གུ་རང་ངོ་ཤེས་དུས་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་བས། དོན་ཡོད་གྲུབ་པར་གྲོལ་བ་ཡང་། དེ་ཉིད་ལས། དོན་ཡོད་གྲུབ་པར་དབུས་གནས་ཏེ། །ཕྱག་ན་རྡོ་རྗེ་ནཱིརྟི་དང་། །སྒྲིབ་སེལ་གྷནྡྷེ་བཞིས་བསྐོར་བ། །ཚོམ་བུའི་དཀྱིལ་འཁོར་ལྔ་པ་ཡིན། །ཞེས་སོ། །

གསུམ་པ། རིན་པོ་ཆེ་གསང་བའི་སྦུབས་ནི། དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཉི་ཟླ་འཇས་བསྐོར་བ་འདྲ་བའི་ནང་དུ་ཡར། དཀྱིལ་འཁོར་གྱི་ཚོམ་བུའི་འཆར་གཞི་ཀ་དག་ཆོས་སྐུའི་སྣང་བ་ནམ་མཁའ་ལྟ་བུ་ཐད་ཀར་ལོངས་སྐུ་འཇའ་ཚོན་ལྟ་བུ། མར་འགྲོ་དྲུག་གི་སྣང་བ་ལ་ཐུབ་པ་དྲུག་གིས་སྤྲུལ་པ་སྣ་ཚོགས་བསྟན་ནས་དོན་མཛད་པ་རྣམས། ལྷུན་གྲུབ་ཀྱི་སྣང་བ་རང་ངོ་ཤེས་པའི་སྐད་ཅིག་ལ་འཆར་ཏེ། ཚོམ་བུའི་དཀྱིལ་འཁོར་ལས་སྒོ་བ་བཞི་དང་ཐུབ་པ་དྲུག་གི་འཕྲོ་འདུ་སྣང་བ། དེ་ཉིད་ལས། འདྲ་བ་མངོན་དུ་བྱ་བའི་ཕྱིར། །དེ་དང་དེ་ལས་བྱུང་བ་སྟེ། །སྐུ་མདོག་ཕྱག་མཚན་གཙོ་དང་མཐུན། །འགྲོ་དྲུག་འདུལ་མཛད་ཐུབ་པ་དྲུག །ཚད་མེད་བཞིས་འདུལ་སྒོ་བ་བཞི། །མཐའ་བཞི་ལས་གྲོལ་སྒོ་མ་བཞི། །(༡༣༡)དབྱིངས་དང་ཡེ་ཤེས་མི་འབྲལ་བས། །ཀུན་བཟང་ཡབ་དང་ཡུམ་དུ་གསལ། །རྟོག་ཚོགས་ཡོན་ཏན་སྐུ་ལྔར་གྲོལ། །ཅེས་སོ། །དེའི་ཚེ་ཡར་ཆོས་སྐུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས། རང་འོད་མཐིང་ག་ཀུན་བཟང་ཡབ་ཡུམ་ཀ་དག་གི་སྣང་བ་ལ་གཉིས་སུ་མེད། ཐད་ཀར་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་འོག་མིན་སྟུག་པོ་བཀོད་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འོད་དང་ཟེར་དུ་འབར། མར་འགྲོ་དྲུག་གི་གནས་སུ་འདུལ་བྱེད་ཀྱི་ཐུབ་པ་དྲུག་གི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པར་རང་སྣང་དུས། ལུས་གསུམ་གྲོལ། སྤྱན་གསུམ་ཐིམ། མངོན་པར་ཤེས་པ་དྲུག་ཤར་ནས་གདོད་མའི་གཞི་ལ་མཐར་ཕྱིན་ཏེ། དེ་ལ་མངོན་པར་ཤེས་པ་དྲུག་ནི། རང་ངོ་ཤེས་ནས་གྲོལ་དུས། དེའི་ཚེ་སྤྱན་གྱི་མངོན་པར་ཤེས་པས་ཡར་ལ་བློ་འདས་ཆོས་སྐུའི་ཞིང་ཁམས་གྲོལ་གཞི་ཀ་དག་གི་སྣང་བ་གཟིགས། ཐད་ཀར་ལོངས་སྐུའི་ཞིང་ཁམས་འོག་མིན་རྡོ་རྗེ་དབྱིངས་ཀྱི་སྣང་བ་གཟིགས། མར་སྤྲུལ་སྐུའི་འདུལ་ཞིང་འགྲོ་དྲུག་གི་སྣང་བ་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་གསུང་ཡེ་ཤེས་རྩེ་གཅིག་ཉིད་ལ་གནས་པས། སྨྲ་བསམ་བརྗོད་མེད་ཆེན་པོ་གསན། ཐད་ཀར་ལོངས་སྐུའི་གསུང་གསལ་དྭངས་འཕོ་འགྱུར་མེད་པ་གསན། མར་སྤྲུལ་སྐུའི་གསུང་རིགས་དྲུག་སོ་སོའི་སྒྲ་སྐད་ཡན་ལག་དྲུག་ཅུ་གསན། གསུང་དང་པོ་གཉིས་བརྗོད་དུ་མེད་པའི་དོན་དུ་མཁྱེན་པས་གསན་པ་ཞེས་བརྗོད་ལ། གསུམ་པ་ནི། སྙན་གྱིས་གསན་པ་ལ་འཛིན་པ་མེད་པའོ། །ཐུགས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་དགོངས་པ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་མཁྱེན། ཐད་ཀར་ལོངས་སྐུའི་དགོངས་པ་ཡེ་ཤེས་རྣམ་ལྔ་མཁྱེན། མར་སྤྲུལ་སྐུའི་དགོངས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པས་ཡར་ཆོས་སྐུའི་བཞུགས་གནས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ། ཐད་ཀར་ལོངས་སྐུའི་བཞུགས་གནས་འོད་གསལ་འཕོ་འགྱུར་མེད་པ། མར་སྤྲུལ་སྐུའི་བཞུགས་གནས་རང་སྣང་གདུལ་ཞིང་ཆེན་པོ་གཟིགས་སོ། །ལས་ཀྱི་མངོན་ཤེས་ཀྱིས་རང་བཞིན་གྱི་ལས་འབྲས་མ་ལུས་པ་མཁྱེན་ནོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ཐུབ་པ་དྲུག་ལ་སོགས་པའི་སྤྲུལ་པས་གང་ལ་གང་འདུལ་དུ་སྟོན་པ་མཁྱེན་ནོ། །དེ་དག་གི་(༡༣༢)བྱེད་ལས་ནི། སྤྱན་གྱིས་བྱེ་བྲག་ཕྱེད་ནས། སྙན་གྱིས་གསན་ཏེ། ཐུགས་ཀྱིས་རིག་པས་སྐུ་གསུང་ཐུགས་གདོད་མར་བྱང་ཆུབ་པར་བྱེད་དོ། །གནས་ཀྱིས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ལ་ཕྲིན་ལས་ཀྱི་དོན་བྱེད་དོ། །ལས་ཀྱིས་རང་གི་འཁྲུལ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག་པས་ཕྱིས་འཁོར་བར་མི་འཇུག་ལ། ཐུགས་རྗེས་སེམས་ཅན་གྱི་ལས་སྦྱང་བ་ལ་སྤྲུལ་པས་འདུལ་ཞིང་འདྲེན་པར་བྱེད་དོ། །རྫུ་འཕྲུལ་གྱིས་གཞན་དོན་རླབས་པོ་ཆེས་འཁོར་བ་སྟོངས་པར་བྱེད་དོ། །དེ་ལྟར་ན་མངོན་པར་ཤེས་པ་དྲུག་པོ་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མངོན་དུ་མཛད་པ་ཡིན་ནོ། །ལུས་གསུམ་ནི། ད་ལྟར་ཤ་ཁྲག་གི་ལུས། བར་དོར་ཡེ་ཤེས་ཀྱི་ལུས་སུ་ཐིམ་པ། ཆོས་སྐུ་རིན་པོ་ཆེའི་ལུས་སུ་གྲོལ་བའོ། །སྤྱན་གསུམ་ནི། ད་ལྟ་ཤེས་རབ་ཀྱི་སྤྱན། བར་དོར་ཆོས་ཉིད་ཀྱི་སྤྱན་ལ་ཐིམ། དེ་ཡེ་ཤེས་རིན་པོ་ཆེའི་སྤྱན་ལ་ཐིམ་པས་གདོད་མར་གྲོལ་བའོ། །དེ་ལྟར་བར་དོའི་འོད་གསལ་རང་སྣང་འོད་གསལ་དུ་ཤར་དུས་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས་ཤིང་ཐག་ཆོད། གཉིས་པར་ཆོད་ཐོག་ཏུ་བཞག་པས་བསམ་གཏན་ལ་གནས། གསུམ་པར་རང་གྲོལ་ཏེ་སྐུ་དང་ཡེ་ཤེས་སུ་སངས་རྒྱས། བཞི་པར་སྤྲུལ་པས་སེམས་ཅན་གྱི་དོན་བྱེད། ལྔ་པར་གདོད་མའི་ངང་དུ་འཕོ་འགྱུར་མེད་པར་བཞུགས་པ་ནི་ཡེ་ཤེས་འོད་གསལ་གྱི་དགོངས་པ་ཞེས་བྱའོ། །སྐད་ཅིག་ལྔ་ཡང་བྱ་བ་རྫོགས་པའི་སྐད་ཅིག་མར་བཞེད་དོ། །

གསུམ་པ་རྗེས་སྣང་ཞིང་ཁམས་ཀྱི་བགྲོད་ཚུལ་ནི། ཆོས་འདིའི་དབང་པོ་ཐ་མ་བརྩོན་པ་ཆུང་བས། རེ་འགའི་ཉམས་ལེན་ལས་ཐང་ཆད་དེ་ཉམས་སུ་ལེན་ལོང་མ་བྱུང་བས། འོད་གསལ་གྱི་སྣང་བ་རེ་ལྡེ་ཙམ་ཚུད་ཆད་མཐོང་ཞིང་གདམས་པ་ལ་ཡིད་ཆེས་ཤིང་། དམ་ཚིག་ལ་སྐྱོན་མེད་པ་རྣམས་ཆོས་ཉིད་འོད་གསལ་གྱི་བར་དོ་ཤར་ཡང་ངོ་མ་ཟིན་པའི་རྗེས་ལ། གདམས་པའི་བྱིན་རླབས་ཀྱིས་ལྷུན་གྲུབ་ཀྱི་བར་དོ་ནུབ་མ་ཐག་ཏུ་ཤར་མངོན་དགའ། ལྷོ་རིན་ཆེན་ཡོངས་གང་། ནུབ་བདེ་བ་ཅན། བྱང་ལས་རབ་གྲུབ་པ། དབུས་འོག་མིན་འཐུག་པོ་བཀོད་པ་ལྔ་གང་རུང་ཞིག་ཏུ་སྐད་ཅིག་གིས་རྫུས་ཏེ་སྐྱེས་ནས། ཚེ་དེས་སངས་རྒྱས་ཐོབ་པོ། །ཁ་ཅིག་ལ་རྨི་ལམ་གྱི་ཆ་ཙམ་དུ་སྲིད་པའི་བར་དོ་ལས་ཞིང་དེར་སྐད་ཅིག་གིས་སྐྱེ་བར་གསུངས་སོ། །(༡༣༣)དབང་པོ་ཤིན་ཏུ་ཡང་མཐའ་མ་ཁ་ཅིག་འོད་གསལ་མཐོང་ཡང་ཉམས་སུ་མ་བླང་བས། འཆི་དུས་གསལ་མ་ཐེབས་པར་ཆོས་ཉིད་ཀྱི་བར་དོ་ནུབ་ནས། སྲིད་པའི་བར་དོ་ཤར་ཏེ། ཤི་བར་ངོ་ཤེས་དུས་རབ་ཀྱིས་འོད་གསལ་གྱི་གདམས་པ་དང་རིགས་ལྔའི་ཞིང་ཡིད་ལ་བྱས་པས་དེར་སྐྱེ་ལ། འབྲིང་གིས་བསྐྱེད་རྫོགས་སྒྱུ་མ་ལྟ་བུ་དང་། ཐ་མས་བླ་མ་དཀོན་མཆོག་ལ་སྐྱབས་འགྲོ་བྱས་པས་འཛམ་བུའི་གླིང་འདིར་དལ་འབྱོར་རམ། དགའ་ལྡན་གྱི་ལྷའི་གནས་ལ་སོགས་པར་སྐྱེས་ནས། རྡོ་རྗེ་ཐེག་པ་འདི་ལྟ་བུ་དང་འཕྲད་ནས་གྲོལ་བར་གསུངས་པས་ཉམས་སུ་ལེན་པ་ལ་བརྩོན་པ་གལ་ཆེ་བ་ཡིན་ནོ།། །།

གསུམ་པ། འབྲས་བུའི་གྲོལ་ཚུལ་བསྟན་པ།

དོན་གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ནི། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་གཞན་དེ་གང་དུ་གྲོལ་ཡང་འོད་གསལ་ལམ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་ཏེ་དེ་དག་ཆོས་ཉིད་གདོད་མའི་ངང་དུ་ཐིམ་པས། ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བཞུགས་པས། རྣམ་པར་གྲོལ་བའི་སྐུ་དང་ཞིང་ཁམས་ཕྱིར་མི་སྣང་མི་མངོན་མི་གསལ་ཡང་། ནང་དུ་འཕོ་འགྱུར་མེད་པས་རྟག་པར་ཁྱབ་བདག་གཅིག་པུར་བཞུགས་པ་ནི། མཚན་བརྗོད་ལས། མྱ་ངན་འདས་ཤིང་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བའི་མཐར་གྱུར་པ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་དང་། གསང་སྙིང་ལས། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པའི་དུས་སོ། །དེའི་ཚེ་འབྱུང་བ་ལྔ་མ་ལ་ཞ་བ། རླུང་ལྔ་ཡོན་ཏན་རྫོགས་པ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འཁྱིལ་པ། རིག་པ་རང་ས་ཟིན་པ་དང་ལྔ་ལས། དང་པོ་ནི། རགས་པའི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་སྟེ། མ་དག་པ་སྣོད་བཅུད་ཀྱིས་བསྡུས་པ་ལྔ། དག་པའི་འབྱུང་བ་ལྔ་འོད་གསལ་ལ་ཐིམ་པས་འོད་ལྔ་ནང་གསལ་འཕོ་འགྱུར་མེད་པར་གནས་པའི་དབྱིངས་དང་། དབྱིངས་ལས་ལྷུན་གྲུབ་ཏུ་སྤྲུལ་པ་འཆར་བའི་ཆ་ནི་རླུང་དམ་ཚིག་སྒྲོན་མ། འཕོ་འགྱུར་མེད་པའི་ཆ་ནས་སྲ་བས་ས་སངས་རྒྱས་སྤྱན་མ། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདྲེས་ཤིང་འདུས་པ་དང་(༡༣༤)འབྲལ་བ་ཞེས་ཐ་དད་མེད་པའི་ཆ་ནས་ཆུ་མཱ་མ་ཀཱི། ཡེ་ཤེས་ཀྱི་དྲོད་ལས་གདུལ་བྱ་སྨིན་པར་བྱེད་པའི་ཆ་ནས་མེ་གོས་དཀར་མོ་ཞེས། དམ་ཚིག་གི་ལྷ་མོ་བཞིར་མིང་བཏགས་ཏེ། གཞི་དབྱིངས་འཁྲུལ་སྣང་སྟོངས་ཏེ་ཡེ་ཤེས་སུ་འཆར་བ་ཀ་དག་ནམ་མཁའ་ལྟ་བུར་གནས་པའི་ཆ་ལ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་སྟེ། དེ་ལྟར་འབྱུང་བ་ལྔ་གདོད་མའི་འོད་གསལ་འདུ་འབྲལ་མེད་པ་ལ་ཐིམ་པའི་དུས་སོ། །རླུང་ལྔ་ཡོན་ཏན་རྫོགས་པ་ནི། དེའི་ཚེ་ཡེ་ཤེས་ཀྱི་རླུང་སྟོབས་ལྡན་མས་ནང་གསལ་གྱི་རིགས་ལྔའི་གཙོ་འཁོར་གཉིས་སུ་མེད་པར་སྦྱོར་བས་དབྱེར་མེད། ཤུགས་འཆང་མས་སྐད་ཅིག་མ་ལ་ཆོས་སྐུའི་ངང་དུ་བསྐྱོད། འདེགས་བྱེད་མས་རྟེན་དང་བརྟེན་པ་མེད་པར་ཆོས་སྐུའི་ངང་དུ་གཟུགས་སྐུར་རང་གནས། བརྟན་མས་དགོངས་པ་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བར་རང་གསལ་ཏེ། ཡན་ལག་གི་རླུང་བཞི་དག་པའི་སྟེང་དུ། དབྱེར་མེད་མས་སྐུ་དང་ཡེ་ཤེས་འོད་གསལ་བའི་དགོངས་པ། གཅིག་དང་དུ་མ་མེད་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་འདུ་འབྲལ་མེད་པས་རྟག་ཏུ་ཞི་བའི་དབྱིངས་སུ་བཞུགས་པའོ། །རླུང་དེ་དག་ཀྱང་མ་དག་པའི་དུས་ཀྱི། སྙིང་གའི་སྲོག་རླུང་ཡན་ལག་བཞི་ཡེ་ཤེས་ཀྱི་རླུང་ལ་ཐིམ་སྟོབས་ཀྱི་ཆ་ཐ་དད་དུ་དབྱེ་བ་ཡིན་ནོ། །ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ད་ལྟར་རྟོག་དཔྱོད་ཀྱི་ཡེ་ཤེས་རིག་གདངས་སུ་ཤར་དུས་སྤྲུལ་སྐུ་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཆ་ཡིན་པས་འོད་གསལ་ལོངས་སྐུའི་ཡེ་ཤེས་མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོགས། བྱ་བ་གྲུབ། ཆོས་ཀྱི་དབྱིངས་དང་ལྔར་ཐིམ། དེ་དག་ནང་གསལ་གདོད་མའི་ངང་ལ་དབྱེར་མེད་དུ་འདྲེས་ཤིང་ཐིམ་པའོ། །འདིའི་དུས་སུ་སྤྱན་གསུམ་དང་། ལུས་གསུམ་གཅིག་ལ་གཅིག་ཐིམ་པས་རིན་པོ་ཆེ་གསང་བའི་སྦུབས་སུ་འཕོ་འགྱུར་མེད་པའོ། །ཤེས་རབ་མཁའ་ལ་འཁྱིལ་པ་ནི། དེའི་ཚེ་ཐིམ་པ་ལ་མ་རྨུགས་པ། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པས་ཕྱིར་གསལ་རགས་པ་མེད་ཀྱང་། སྐུ་གསུམ་འདུ་འབྲལ་མེད་པའི་ཡེ་ཤེས་ནང་གསལ་དུ་གནས་པས་མཁྱེན་པའི་ཡེ་ཤེས་ཀྱི་གདངས་མ་འགགས་པར་རང་གསལ་ལོ། །གསལ་བ་ལ་རྟོག་པ་མེད་དེ། དེའི་དུས་སུ་ངོ་བོ་ཀ་ནས་དག་(༡༣༤)པས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་གསལ་གྱི་ངང་ནས་ལོངས་སྐུ་མཚན་དཔེས་བརྒྱན་པ། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་སུ་རང་གསལ་བ་ཉིད་ལ་རྟོག་དཔྱོད་ཀྱི་སེམས་མེད་པས་གཉིས་སྣང་གི་བློ་མེད། བག་ཆགས་ཀྱི་ལས་མེད་པས་འགྱུ་བྱེད་ཀྱི་དབུགས་མེད། དེའི་གནད་ཀྱིས་རྟོག་པ་མེད་དོ། །ཡིན་པ་ལ་བདག་མེད་དེ། དེའི་ཚེ་ཡིན་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ཡང་། ང་དང་བདག་ཏུ་འཛིན་པའི་སེམས་མེད་དོ། །སོ་སོར་མ་འདྲེས་པ་ལ་གོ་མི་འབྱེད་དེ། དེའི་ཚེ་ཆོས་སྐུའི་ཀློང་ནས་ལོངས་སྐུའི་སྣང་བ་མ་འགགས་པར་རང་གསལ་ཡང་རྣམ་རྟོག་འཕོ་འགྱུར་གྱི་གོ་མི་འབྱེད་པས་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་སོ། །དེ་ཉིད་ནི་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱའོ། །རིག་པ་རང་ས་ཟིན་པ་ནི་དེའི་ཚེ་ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ། ཡེ་ཤེས་འགགས་པ་མེད་པ་གཡུང་དྲུང་ལྟ་བུའི་ཚེ། ཏིང་ངེ་འཛིན་རྒྱུན་ཆད་མེད་པ་བདུད་རྩི་ལྟ་བུའི་ཆུ། དགོངས་པ་གསལ་འགྲིབ་མེད་པ་ཉི་ཟླ་ལྟ་བུའི་འོད་དང་བཞིར་གནས་པ་ལས། དང་པོ་ནི། ཆོས་སྐུའི་གཟུགས་སྐུ་སྣང་ཆའི་ངོ་བོའམ་བདག་མེད་པས་ཆོས་སྐུ་འཕོ་འགྱུར་མེད་པ་ལྟར། ལོངས་སྐུའང་རྡོ་རྗེ་ལྟར་འཕོ་འགྱུར་མེད་པའོ། །གཉིས་པ་ནི། ཆོས་སྐུའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་ལ། ལོངས་སྐུའི་ཡེ་ཤེས་ཉི་ཟླ་ལྟར་གསལ་བས། འགྲོ་བའི་དོན་དུ་སྤྲུལ་སྐུའི་ཡེ་ཤེས་འོད་ཟེར་ལྟར་འཕྲོ་བ་རྟག་པ་རྒྱུན་གྱི་འཁོར་ལོ་འབྱུང་བའི་ཕྱིར་འགགས་པ་མེད་པའོ། །གསུམ་པ་ནི་ཆོས་ཉིད་མི་གཡོ་བ་ལ་སོགས་པའི་ཏིང་ངེ་འཛིན་ལ་རྟག་ཏུ་བཞུགས་པས། དགོངས་པ་ཐུན་མཚམས་མེད་པ་ཆུ་བོའི་གཞུང་ལྟ་བུའོ། །བཞི་པ་ནི། ནང་གསལ་ཡེ་ཤེས་ཀྱི་དགོངས་པ་མཁྱེན་ཆའི་རྣམ་པ་དང་བཅས་པ་ཉི་ཟླའི་དཀྱིལ་འཁོར་ལ་སྒྲིབ་པ་མེད་པ་ལྟར་འོད་གསལ་བའི་དགོངས་པ་ལ་བཞུགས་པས། རེས་གསལ་རེས་འགྲིབ་པ་ལྟ་བུ་མ་ཡིན་པ་དུས་ཐམས་ཅད་དུ་ཆད་པ་མེད་པར་གསལ་ལ་ཡོངས་སུ་རྫོགས་པ་ཡིན་ནོ། །འདི་དག་ནི་ཆོས་སྐུ་ནམ་མཁའ་ལྟ་བུའི་ཀློང་དུ། ལོངས་སྐུ་གཟའ་སྐར་ལྟ་བུ་རྟག་ཏུ་ནང་གསལ་ལྷུན་གྲུབ་ཆེན་པོར་བཞུགས་པས། གདུལ་བྱའི་འཇིག་རྟེན་དུ་སྤྲུལ་སྐུ་ཆུ་ཟླ་ལྟ་བུ་གང་ལ་གང་འདུལ་གྱི་རྣམ་པར་དུས་སྔ་ཕྱི་མེད་པར་སྣང་བས། སྲིད་པ་ཇི་སྲིད་ནམ་མཁའ་(༡༣༦)གནས་ཀྱི་བར་ལ། ཡེ་ཤེས་ཀྱི་ཕྲིན་ལས་རྟག་པར་རྒྱུན་མི་ཆད་པར། རྒྱ་ཆེ་བ། ལྷུན་གྱིས་གྲུབ་པ་དང་རྣམ་པ་བཞིར་འབྱུང་བ་ཡིན་ནོ། །ཚུལ་འདི་ནི་ཡང་གསང་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་ལས་བྱུང་བ་བཞིན། འདིར་བཀོད་དེ་ཡིད་ཆེས་པའི་ལུང་ཅུང་ཟད་ཀྱིས་སྤྲོས་པར་བྱས་པ་ཡིན་ནོ། །རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་སྦྱར་ནས་བཤད་དུ་ཡོད་མོད་ཀྱི། གཞུང་ཆེས་ཀྱི་དོགས་པའི་ཕྱིར་ཡི་གེས་འཇིགས་ནས་མ་སྤྲོས་སོ། །མདོར་དྲིལ་ན། གཞི་གདོད་མ་ནས་འོད་གསལ་བའི་ངང་ནས། བདག་ཏུ་འཛིན་བྱེད་ཀྱི་རྟོག་པ་ལངས་དུས་རང་ངོ་མ་ཤེས་པས་འཁོར་བར་འཁྲུལ་ཏེ། བདེ་སྡུག་སྣ་ཚོགས་ལ་སྤྱོད་པའི་ཚེ་སངས་རྒྱས་རང་ལ་གནས་པ་ཉིད། བླ་མ་དམ་པའི་གདམས་ངག་ཟབ་མོས་ངོ་སྤྲད་པ་བཞིན་ཉམས་སུ་བླངས་པས་ཚེ་འདིའམ། བར་དོའམ། ཕྱི་མ་གང་རུང་དུ། འོད་གསལ་གྱི་སྣང་བ་རང་ལས་ཤར་བ་ངོ་ཤེས་པས་འཁོར་བ་ལས་གྲོལ་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་དགོངས་པར་འགྲུབ་པའི་ཕྱིར་ན་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་དགོས་སོ། །གང་འདིར་དལ་འབྱོར་ཐོབ་ཀྱང་མི་རྟག་མི་བརྟན་ཆུ་ཡི་ལྦུ་བ་དང་འདྲ་སྙིང་པོ་མེད་ལ་མྱུར་དུ་འཇིག་པའི་ཆོས་ཡིན་པས། །བློ་བཟང་རྣམས་ཀྱིས་ཐར་བར་འདོད་ལ་ཟབ་མོའི་ཆོས་བཙལ་འོད་གསལ་སྙིང་པོའི་ལམ་འདི་གཙོ་བོར་མཛོད། །དེང་སང་དུས་སྙིགས་དགེ་བའི་བཤེས་ཉུང་ཟབ་མོའི་གདམས་པ་ཤིན་ཏུ་དཀོན་ལ་ཆོས་བཞིན་སྒྲུབ་པའང་དེ་བས་ཆེས་དཀའ་མཐར་ཕྱིན་ཉུང་། །བུ་ཁྱོད་རྣམས་ནི་ཚེ་འདི་བློས་ཐོང་འདུ་འཛི་རྒྱང་བསྲིང་དབེན་པའི་གནས་སུ་ཡང་ཟབ་གནད་འདི་བརྩོན་པས་བསྒོམ་དང་ཚེ་འདིར་བྱང་ཆུབ་འགྲུབ་པར་འགྱུར། །བདག་ཀྱང་མྱུར་དུ་རྣམ་གྲོལ་བསྒྲུབས་ནས་གདོད་མའི་ཟད་སར་མྱུར་འགྲོ་གཞན་ལ་ཕན་པ་ཅུང་ཟད་འགྲུབ་ལ་དགའ་བ་དཔག་ཏུ་མེད། །དེ་སྐད་བཀོད་པའི་དགེ་བ་དེ་ཡིས་འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་ནས་གདོད་མའི་གཞི་དབྱིངས་ལྷུན་གྱིས་གྲུབ་པ་དེར། །རྟག་ཏུ་འཕོ་འགྱུར་མེད་པར་གནས་ཤིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཡིད་བཞིན་སྤྲིན་གྱི་བདག་པོར་ཤོག །ཅེས་ཐིག་ལེ་མཆོག་ཏུ་གསང་བ་ལས་སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།(༡༣༧)

དཔལ་སྔགས་ཀྱི་བདག་མོ་དང་། ཤན་པ་སྲོག་སྒྲུབ་དང་། གཟའི་རྒྱལ་པོ་དང་། རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག །ས་མ་ཡཿ རྒྱ་རྒྱ་རྒྱཿ དགེའོ། །དགེའོ། །དགེའོ།། །།

དཔལ་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ།

༄༅། །དཔལ་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ་བཞུགས་སོ། །

༄༅། །དཔལ་ལྡན་དང་པོའི་སངས་རྒྱས་ལ། །བཏུད་དེ་བསྟན་པ་བསྲུང་བའི་ཕྱིར། །རྒྱུད་ལུང་མན་ངག་ཉམས་མྱོང་བཞིན། །སྔགས་ཀྱི་བདག་མོའི་སྒྲུབ་ཐབས་བྲི། །

འདི་ལ་གསུམ་སྟེ་བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། །དང་པོ་ནི། རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་དབྱིངས་ཀྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་བསྒོམ་སྟེ། མདུན་དུ་སྔགས་བདག་བསྐྱེད་ལ་རྩ་སྔགས་བརྒྱ་རྩ་རེ་དང་གཏོར་མས་མཉེས་པར་བྱས་ལ། བསྟོད་བསྐུལ་གྱིས་ལས་བཅོལ་ཞིང་། གོང་བཟླས་སུ་འབུམ་ཕྲག་གཅིག་བྱའོ། །དེས་ནི་སྒྲུབ་ཐག་ཉེ་ཞིང་བར་ཆད་མི་འབྱུང་ངོ་། །

གཉིས་པ་སྒྲུབ་པ་ལ་གསུམ་སྟེ། བཅའ་གཞིའི་རྫས་བསགས་པ་དང་། སྒོམ་བཟླས་བྱ་བ། གཏོར་མ་གཏང་བའོ། །དང་པོ་ནི་དུར་ཁྲོད་(༢)ལ་སོགས་པར་མནྜལ་མདའ་གང་གྲུ་གསུམ་པའི་དབུས་སུ་མ་མོའི་བྲིས་སྐུ་བཙུགས་པའི་མདུན་དུ་དམར་གཏོར་ཆེན་པོ་གཅིག་གཤམས་པའི་མཐའ་མཆོད་པས་བསྐོར་ཞིང་། ཐུན་རྫས་ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ། ཉུང་དཀར། ཁྲག་སྣ་དང་བཅས་པ་ཐུན་དོང་དུ་གཞག་ཅིང་། དགྲའི་ལིང་ག་ཡང་ཁ་སྦུབ་ཏུ་བཞག་གོ། །

གཉིས་པ་སྒོམ་བཟླས་བྱ་བ་ནི། ཁ་ནུབ་བྱང་དུ་བལྟས་ལ་གོས་ནག་པོ་གོན་ནས་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད། སྟོང་ཉིད་དུ་བསྒོམ་པའི་ངང་ལས་མེ་དཔུང་འབར་བའི་དབུས་སུ་རང་ཉིད་པད་ཉིའི་སྟེང་དུ་ཨེ་ལས་དབྱིངས་ཀྱི་ཀུན་ཏུ་བཟང་མོ་མཐིང་ནག་མཆེ་བ་གཙིགས་ཤིང་བརྐྱང་བསྐུམ་དུ་བཞུགས་པའི་ཕྱག་ན་དམ་ཚིག་གི་གུནྡྷེ་འཕྲེད་ལ་འཛིན་ཞིང་། མི་ལྤགས་ཀྱི་གཡང་གཞི་གསོལ་བར་བསམས་ལ། ཨ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་ནས། མདུན་དུ་ཁྲག་མཚོ་ཁོལ་མའི་དཀྱིལ་དུ་ཀེང་རུས་ཀྱི་རི་རབ་སྤུངས་པ། དེའི་སྟེང་པདྨ་ཉི་མའི་དབུས་སུ་ཏྲག་ལས་སྔགས་བདག་སྨུག་ནག་ཞལ་གཅིག་ནས་མཆེ་བ་གཙིགས་ཤིང་རལ་པ་གཅིག་དང་། སྤྱན་གཅིག་ལས་མཆི་མ་ཁྲག་ཏུ་འབབ་པ། ཕྱག་གཡས་ཙིཏྟ་ཞལ་དུ་གསོལ་ཞིང་། གཡོན་ཞིང་ཆུང་གི་རྒྱལ་མཚན་འཕྱར་བ། དབུ་ལ་ཐོད་པའི་ཕྲེང་བ་བཅིངས་ཤིང་རལ་པ་དམར་སེར་གྱེན་དུ་འཁྱིལ་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གཅེར་བུའི་ཚུལ་དུ་བསམས་ལ། ཨཱ་རོ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རག་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛ་ཛཿ ཞེས་ནུབ་བྱང་ནས་བསྒོམས་པ་ལྟ་བུའི་སྔགས་བདག་མ་མོ་བདུན་འབུམ་གྱི་འཁོར་དང་བཅས་པ་སྐད་ཅིག་གིས་བྱོན་ནས་བྲིས་སྐུ་ལ་ཐིམ་པར་བསམས་ལ། ཅུང་ཟད་ཡིད་ཀྱིས་མཆོད་ནས། ཨཱ་མ་མ་ཏྲག་རཀྴ་སྙིང་ཐུམ་རྦད་མྱོགས་ཐུམ་རྦད་སྙིང་གཟེར་སྲོག་འདར་ཡེད་ཆུམ་ཡ་སྲོག་སྲིག་སྲིག་ཤཾ་ཁྱེར་བྷྱོཿ། ཞེས་པ་རྦད་སྔགས་བཟླས་ནས། དུས་གནད་དང་བསྟུན་ལ་ཐུན་གྱིས་ལིང་ག་བྲབ་ཅིང་བསད་སྔགས་བཟླའོ། །(༣)དེ་ནས་གཏོར་མ་རཾ་ཡཾ་ཁཾ་གིས་བསངས་སྦྱངས་བྱས་ཏེ། ཨཱ་ཨཱཿཧཱུྃ་གིས་ཤ་ཁྲག་གི་རི་དང་རྒྱ་མཚོར་བསམས་ལ། འབོད་སྔགས་ཀྱི་འཇུག་ཏུ། མ་མ་རཀ་མོ་ཨེ་ཀ་ཙ་ཏི་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་གྱིས་ཕུལ་ལ། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོ་མོ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོ་ཟུ་ཅན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་མོ་རལ་པའི་ཐོར་གཙུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །ཙིཏྟ་འདི་གསོལ་དམ་ཉམས་སྲོག་ལ་རྔམས། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་བཞེས་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་མ་ཡཿ། །ཞེས་བསྟོད་བསྐུལ་བྱའོ། །དེའང་ཞག་ཉེར་གཅིག་སྒྲུབ་སྟེ། ཞག་བདུན་དུ་འབོད་སྔགས་གཙོ་བོར་བཟླས་ཤིང་། གཞན་གཉིས་ཞར་ལ་བཟླའོ། །དེ་ནས་ཞག་བདུན་གྱི་བར་དུ་རྦད་སྔགས་གཙོ་བོར་བཟླ་ཞིང་། སྔ་ཕྱི་གཉིས་ཞར་ལ་བཟླས་སོ། །དེ་ནས་ཞག་བདུན་དུ་བསད་སྔགས་གཙོ་བོར་བཟླས་ཤིང་བྲབ་པ་སྟེ། འབོད་རྦད་སྔོན་དུ་སོང་ཙམ་བྱའོ། །དེ་ཡི་བར་དུ་རྨི་ལམ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འབྱུང་བས། མི་འཇིགས་ལྟ་བའི་གདེང་གིས་ཟིན་པ་གཅེས་སོ། །དོན་གསུམ་པ་ལས་ལ་སྦྱར་བ་ནི་དེ་ལྟར་བསྙེན་སྒྲུབ་ཐེངས་གཅིག་ཐེབས་ནས། ཁ་གསོ་བ་ཙམ་ལས་བསྐྱར་ནས་སྒྲུབ་མི་དགོས་པས། ལས་མཐའ་གང་ལའང་དུས་གནད་ཀྱིས་འགྲུབ་སྟེ། དྲག་སྔགས་གཤོར་ལ་གཏད་པ་ཡིན་པའི་ཕྱིར་རོ། །དེ་ཡང་བསྙེན་པ་ལ་འབུམ། སྒྲུབ་པ་ལ་འབུམ་ཕྲག་གཉིས་ཏེ། སུམ་འབུམ་སོང་ནས་ཟླ་བ་བཞིའི་དུས་གནད་ལ་བསད་སྔགས་ཀྱིས་བྲབ་ཅིང་སྐྱེས་པ་གྲིར་ཤི་བའི་སྙིང་ངམ། རབས་ཆད་ཀྱི་སྙིང་ནང་དུ་ལིང་ག་བཅུག་ནས། ནས་ནག་གི་ཟན་དྲོན་གྱིས་དྲིལ་ཏེ་དགྲ་ཕྱོགས་སུ་འཕངས་པས། ཁྲག་ནད་དང་། རྒྱུ་གཟེར་དང་། རིམས་ནད་དང་། གཟེར་ནད་དང་། སྨྱོ་ནད་ལ་སོགས་པ་དྲག་པོས་ཐེབས་ནས་ཁྲག་ཏུ་སྐྱུགས་ཏེ་ཞག་བདུན་ལས་མི་འགོར་བར་ལས་འགྲུབ་པོ། །སྐབས་སུ་ར་ལྤགས་གྱོན་ལ་ར་གསོབ་དགྲ་ཕྱོགས་སུ་བརྡུལ་ཞིང་། རྦད་སྔགས་དང་དམོད་བཅོལ་དང་གཏོར་ཟོར་འཕངས་པས་ཀྱང་། དགྲའི་ཡུལ་དེར་(༤)ནད་ཡམས་དང་འཚེ་བ་རྒྱུན་མི་འཆད་པ་འབྱུང་ངོ་། །དེ་ལ་མ་མོ་རྒྱུ་བའི་དུས་ངེས་པ་ནི། ལོ་གཅིག་ལ་ཞག་ཉི་ཤུ་རྩ་བཞི་ལས། གསད་པའི་དུས་བཞི་ནི། དགུན་ཟླ་ར་བའི་ཚེས་བཅོ་ལྔའི་སྲོད་ལ་ཤར་ནས་ནུབ་ཏུ་རྒྱུ་བས། ལིང་ག་ཤིང་བུ་ལ་བཏགས་ཏེ་ཁ་ཤར་དུ་བལྟ་བ་ལ་བོང་ངའི་དུད་པས་བདུག་ཅིང་། རང་ཉིད་གཤིན་རྗེ་དམར་ནག་ཏུ་བསྒོམ་ལ་ཁ་ནུབ་ཏུ་བལྟ་བས། ཉུང་ནག་དང་དུག་ཁྲག་གིས་བྲབ་ཅིང་། ཨཱ་མ་མ་སྲོག་གཏུབས་གཏུབས་ལམ་སོད་རག་མོ་སྙིང་ཁྲག་ས་མ་ཡ་བྷྱོ། ཞེས་བརྒྱ་རྩ་བརྒྱད་བཟླའོ། །དཔྱིད་ཟླ་ར་བའི་ཚེས་བཞིའི་ནམ་ཕྱེད་ན་ནུབ་ནས་ཤར་དུ་རྒྱུ་བས། ལིང་ག་ཤར་ནས་ནུབ་ཏུ་ཁ་བསྟན་ལ། རང་ཉིད་ཤར་དུ་བལྟ་བའི་གདོང་ལ་རོ་སོལ་གྱིས་བྱུགས་ཏེ། སྐྲ་སྤྱི་བོར་བཅིངས་ནས། ཁྲག་སྣ་དང་དུག་སྣའི་ཐུན་གྱིས་བྲབ་ཅིང་། ཙ་ཙ་ཤི་ཤི་སྙིང་ཁྲག་འདིར་ཤག་ལུ་འུ་ཙ་ཙ་ཡ་ཡ་མཧཱ་སྙིང་དར་སྙིང་ཐུཾ་ཤག་མ་མ་ཨེ་ཀ་ཙ་ཏི་སྲོག་ཐུན་རྦད། ཅེས་སྟོང་ཕྲག་གཅིག་བཟླས་ནས། སྔ་མ་བཞིན་འཕངས་སོ། །དབྱར་ཟླ་ར་བའི་ཚེས་བཅུ་བདུན་གྱི་ས་རུབ་མཚམས་སུ་ལྷོ་ནས་བྱང་དུ་རྒྱུ་བས། ལིང་ག་ལྷོར་བསྟན་ལ། རང་ཉིད་བྱང་དུ་བལྟ་བས་གཅེར་བུར་འདུག་སྟེ། ཐལ་ཆེན་གྱིས་བྲབ་ཅིང་། རག་མོ་རག་མོ་སྙིང་ཤ་ཀུ་རུ་ཛ་ཛ་སྙིང་ཤག་ཁོས། ཞེས་པ་བརྒྱ་རྩ་བཟླའོ། །སྟོན་ཟླ་ར་བའི་ཚེས་དྲུག་གི་ནམ་མཁའ་མཐའ་བཏེག་བྱུང་དུས་བྱང་ནས་ལྷོར་རྒྱུ་བས། ལིང་ག་བྱང་དུ་ཁ་བསྟན་ལ། རང་ཉིད་ལྷོར་བལྟས་ཏེ་བྱ་མོ་ནག་མོའི་སྒོང་ཟོར་དེང་དེང་བྱེད་ཅིང་། མ་མ་ཨེ་ཀ་ཙ་ཏི་སྙིང་ཐུཾ་ཛཿ ཞེས་པ་སྟོང་གིས་བྲབ་པོ། །དེས་ནི་ལས་གང་ཡིན་ཞག་དེ་ཉིད་ལ་འགྲུབ་པོ། །དུས་ལྷག་མ་ཉི་ཤུ་ནི། དགུན་ཟླ་ར་བའི་སྟོང་། འབྲིང་པོའི་ཚེས་བརྒྱད་དང་ཉི་ཤུ་གཉིས་ཐ་ཆུང་གི་ཚེས་བཅུ་དང་ཉི་ཤུ་ལྔ། དཔྱིད་ཟླ་ར་བའི་ཚེས་དགུ། འབྲིང་པོའི་ཚེས་བཅུ་དང་ཉི་ཤུ་དགུ། ཐ་མའི་ཚེས་གསུམ་དང་ཉི་ཤུ་བརྒྱད། དབྱར་ཟླ་ར་བའི་ཉི་ཤུ་བདུན། འབྲིང་པོའི་ཚེས་བཅུ་དང་ཉི་ཤུ་གཅིག །ཐ་མའི་ཚེས་བཅུ་དྲུག་དང་ཉི་ཤུ་བདུན། སྟོན་ཟླ་ར་བའི་ཉི་ཤུ་གསུམ། འབྲིང་པོའི་ཚེས་བཅུ་དགུ་དང་ཉི་ཤུ་གཅིག །ཐ་མའི་ཚེས་གཉིས་དང་ཉི་ཤུ་བརྒྱད་ལ་རྒྱུ་བ་སྟེ། སྟོན་ཟླ་གསུམ་གྱི་ཚེས་རྣམས་ལས། ཚེས་དྲུག་གི་ནམ་བཏེག་པ། བཅུ་དགུའི་ཉི་མ་རྩེ་ཤར། ཚེས་གཉིས་ཀྱི་ཉི་མ་ཕྱེད་ནས་མ་ནུབ་ཀྱི་བར་རྣམས་ཉིན་མོར་རྒྱུ་ལ། ལྷག་མ་མཚན་མོར་རྒྱུ་བའོ། །དེ་ཡང་ཉིན་ཞག་གཅིག་ལ་རླུང་དྲུག་ཅུ་རྩ་བཞིར་ཕྱེ་བས། ཉིན་མཚན་སྙོམས་དུས་སུམ་ཅུ་རྩ་གཉིས་གཉིས་རྒྱུ་བས་འཕེལ་འགྲིབ་ཀྱང་ཤེས་པར་བྱའོ། །དེ་དག་གི་ངེས་པ་ནི། མ་མོའི་དུས་གནད་ངེས་པ་ལས། ངེས་པར་ལོ་གཅིག་ཟླ་བ་ཡང་། །བཅུ་གཉིས་རིམ་(༥)པར་མ་ནོར་བས། །ངེས་པར་གཏན་ལ་ཕབ་བྱས་ཏེ། །དགུན་དབྱར་སྟོན་དཔྱིད་ཟླ་བ་ལ། །གསུམ་གསུམ་ཁོ་ནར་ངེས་རྩིས་པས། །དགུན་ཟླ་དང་པོའི་གསུམ་དང་སྟོང་། །འབྲིང་པོའི་བརྒྱད་དང་ཉི་ཤུ་གཉིས། །ཐ་མའི་ཚེས་བཅུ་ཉི་ཤུ་ལྔ། །དཔྱིད་ཀྱི་དང་པོའི་བཞི་དང་དགུ། །འབྲིང་པོའི་བཅུ་དང་ཉི་ཤུ་དགུ། །ཐ་མའི་ཚེས་གསུམ་ཉི་ཤུ་བརྒྱད། །དབྱར་གྱི་དང་པོའི་བཅུ་བདུན་དང་། །ཉི་ཤུ་དག་ཀྱང་དེ་བཞིན་བདུན། །འབྲིང་པོའི་བཅུ་དང་ཉི་ཤུ་གཅིག །ཐ་མའི་བཅུ་དྲུག་ཉེར་བདུན་ཡིན། །སྟོན་གྱི་དང་པོའི་ཚེས་དྲུག་དང་། །ཉི་ཤུ་གསུམ་ལ་ངེས་པར་རྒྱུ། །འབྲིང་པོའི་བཅུ་དགུ་ཉི་ཤུ་གཅིག །ཐ་མའི་གཉིས་དང་ཉི་ཤུ་བརྒྱད། །དེ་ལྟར་ཟླ་བ་བཅུ་གཉིས་ལ། །རྒྱུ་བའི་ཞག་ནི་ཉི་ཤུ་བཞི། །ལྷག་མ་ལས་དག་རྡུགས་པར་འགྱུར། །དེ་ལ་ངེས་པའི་གནད་ཕྱེ་ན། །ཉིན་མོ་རྒྱུ་བ་གསུམ་ལས་མེད། །ལྷག་མ་མཚན་མོ་རྒྱུ་བ་ཡིན། །དགུན་ཟླའི་དང་པོ་སྲོད་དང་འཇིང་། །གཉིས་པ་ཉི་ནུབ་རྡེའུ་ནག །གསུམ་པ་ཕྱེད་གུང་ཕྱེད་ཚད་དོ། །དཔྱིད་ཟླ་དང་པོའི་ཕྱེད་ཡོལ་དང་། །དེ་ཡི་ཆ་ལས་རླུང་ནི་ཡང་། །སུམ་ཅུ་རྩ་གཉིས་དག་ལའོ། །འབྲིང་པོའི་དེ་ནི་དྲུག་ཅུ་བཞི། །ཐ་ཆུང་དེ་ནི་རླུང་ཉེར་གཉིས། །དབྱར་གྱི་དང་པོ་རླུང་བཅུ་ཡིན། །ཕྱེད་དང་བདུན་དང་ཉི་ཤུ་སྟེ། །འབྲིང་པོའི་བཞིའོ་ཐ་ཆུང་དྲུག །སྟོན་གྱི་དང་པོ་རླུང་བཞི་ཆ། །དེ་ཡི་འོག་མ་ཉི་ཤར་དུས། །ཐ་ཆུང་ཉིན་ཕྱེད་མཚན་མོའི་བར། །དེ་ནི་དུས་ངེས་བརྟག་པའོ། །ཞེས་སོ། །དེ་ཡང་རླུང་ཉི་ཤུ་པོ་དེ་རྣམས་ལ་གཏོར་མ་སྦྱིན་པ་ཡིན་པས་རྒྱུ་ཕྱོགས་ཞིབ་ཏུ་མ་སྨྲོས་སོ། །གལ་ཏེ་ལས་འགྱངས་ན། གཤེད་ལ་དབབ་པ་ནི། དགྲ་བོའི་གཟུགས་བག་ཟན་དང་རྐང་རྗེས་ཀྱིས་བསྲེས་པ་ལ་བྱས་པའི་སྙིང་གར་རོ་ཤོག་ལ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་དགྲའི་མིང་རུས། རྩིབས་བཞི་ལ་བསད་སྔགས་ཚན་བཞི་བྲིས་པ་བཅུག་ནས། ཚེར་མ་སྣ་ཚོགས་བཙུགས་ལ་མ་མོ་རྒྱུ་བའི་དུས་བཞིར་སྔ་མ་བཞིན་བསྟན་ལ་དེའི་མདུན་དུ། ཨེ་ཀ་ཙ་ཏིའི་བྲིས་སྐུ་རྒྱུ་ཕྱོགས་ནས་ལིང་ག་དེ་ལ་ཞལ་བསྟན་པ་གཉིས་ཀྱི་བར་དེར་ཡུགས་ས་མོའི་དོར་རྟ་ལ་སོགས་པའི་མི་གཙང་བའི་རྫས་དུད་ཀྱིས་བདུག་ཅིང་། བདག་ཉིད་རྒྱུ་ཕྱོགས་ནས་འཁར་བའི་ཕྱེ་མའི་ཐུན་གྱིས་སྐུ་གཟུགས་དེའི་རྒྱབ་ནས་བྲབ་ཅིང་། འབོད་རྦད་བསད་གསུམ་སྦྲེལ་ལ་བཟླས་པས། མ་མོ་ཁྲོས་ཏེ་དགྲ་དེ་སྐད་ཅིག་ལ་སྙིང་ཕྱུང་བར་བསམ་མོ། །དེས་ནི་མི་འགོར་བར་འགྲུབ་ངེས་པའི་གནད་དོ། །དེ་ནས་དྲི་བཟང་དང་འོ་མའི་ཆུས་སྐུ་གཟུགས་དེ་མེ་ལོང་དུ་ཤར་བ་བཀྲུས་ཏེ། མཆོད་བསྟོད་དང་བཟོད་གསོལ་གྱིས་མ་མོ་དབུགས་དབྱུང་བར་བྱའོ། །འདི་སྔ་མས་མ་འགྲུབ་ན་བྱའི། གང་རུང་རུང་དུ་མི་བྱའོ། །འདི་ལྟ་བུའི་གནད་ཡོད་ན། སྔགས་བདག་མ་(༦)བས་ཀྱང་བྱམས་ཤིང་འདོད་པའི་དོན་ཐམས་ཅད་འགྲུབ་པའོ། །

དགེ་བ་འདི་ཡིས་འགྲོ་བ་ཀུན། །བགེགས་བྲལ་དགྲ་རྣམས་མེད་པ་དང་། །སྔགས་བདག་དམ་ཅན་རྒྱ་མཚོ་ཡིས། །དུས་རྣམས་ཀུན་ཏུ་བསྐྱང་བར་ཤོག །དཔལ་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རྒྱུད་དང་མན་ངག་དང་བླ་མ་དམ་པའི་ཞལ་གདམས་རྣམས་གཅིག་ཏུ་བསྡོམས་ཏེ་གསལ་བར་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ།། དགེའོ།། །།

རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ།

༄༅། །རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ་བཞུགས་སོ། །

༄༅། །ཐོག་མའི་མགོན་པོ་རྒྱལ་བ་ལ། །ཀུན་ནས་གུས་པས་ཕྱག་འཚལ་ཏེ། །དྲང་སྲོང་ཆེན་པོའི་སྒྲུབ་པ་ཡི། །རིམ་པ་བདག་གིས་བཤད་པར་བྱ། །

འདི་ལ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། །དང་པོ་ནི། དུས་གཉན་བརྒྱད་ཀྱི་ཚེ། བཤོས་བུ་དགུ་བསྐོར་ཏེ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པའི་མདུན་དུ་རཱ་ཧུ་ལ་བསྐྱེད་ནས། འབོད་སྔགས་བརྒྱ་རྩ་རེ་བཟླས་ཏེ། བ་ལིང་ཏ་ཁཱ་ཧི་ཞེས་པ་དང་། བསྟོད་བསྐུལ་གྱི་སྔགས་ལ་ཟླ་བ་གཅིག །སྲོད་ལ་ཡང་འཛིན་གཏོར་གསོ་ཞིང་། འབོད་སྔགས་དང་གཏོར་མ་བཏང་ལ་བསྟོད་བསྐུལ་རེ་བྱའོ། །དེས་ནི་བར་ཆད་མེད་ཅིང་སྙིང་ཉེ་ལ་འཁུ་ལྡོག་མི་འབྱུང་བའི་གནད་དམ་པའོ། །

གཉིས་པ་སྒྲུབ་པ་ནི། རི་ནག་པོའི་རྩེའམ། བྲག་(༢)ནག་པོའི་དྲུང་ལ་སོགས་པར་མནྜལ་གྲུ་གསུམ་རོ་སོལ་དང་ར་ཁྲག་གིས་བྱུགས་པའི་དབུས་སུ། རྟེན་གཏོར་བཤོས་བུ་དགུ་བསྐོར་གྱི་གདན་ལིང་ག་བྱས་པ་ལ། གཟའི་ཙཀ་ལི་བཙུགས་ཏེ། དར་ནག་གི་གུར་ཕུབ་པའི་མདུན་དུ་གཏོར་ཆུང་རེ་བཤམས་ལ་ཁྲག་གིས་བྲན་ནོ། །དེ་ནས་ཁ་ལྷོ་ནུབ་ཏུ་བལྟས་ལ། སྐྱབས་འགྲོ་སེམས་བསྐྱེད། སྟོང་པའི་ངང་དུ་བསྒོམ་པར་བྱས་ལ། རང་ཉིད་ཡེ་ཤེས་ཀྱི་རཱ་ཧུ་ལ་དབུ་དགུ་ཕྱག་བཞི་དུད་ཀ་སྦྲུལ་མཇུག་འཁྱིལ་པར་བསྒོམ་ལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ནས། མདུན་གྱི་རྟེན་གཏོར་ཙ་ཀ་ལི་དང་བཅས་པ་སྟོང་པའི་ངང་ལས། འཇིག་རྟེན་པའི་རཱ་ཧུ་ལ་དུད་ཁ་དབུ་དགུའི་དབུས་གསུམ་མཐིང་ནག །གཡས་གསུམ་དམར་ནག །གཡོན་གསུམ་ལྗང་ནག སྟེང་ན་བྱ་རོག་གི་མགོ་ཅན། ཕྱག་དང་པོ་གཉིས་ན་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞག །འོག་མ་གཉིས་ན་མདའ་གཞུ་འཛིན་པ། སྨད་སྦྲུལ་དུ་འཁྱིལ་ཞིང་། དབུ་རྣམས་ལ་སྤྱན་གསུམ་གསུམ་སྐུ་ལ་སྤྱན་སྟོང་དམར་རུམ་མེ་ཡོད་པར་བསམས་ལ། ཧྲཱི་ཤག་རུ་རམ། ན་གེ་ཙིཏྟ་ཏྲཾ། མ་མ་ཡ་ཟ་གྷྲཾ། ཧ་ཧེ་ཡོ་ཀི་ཤ་ལ་ཛ་ཛཿ ཞེས་པས། རཱ་ཧུ་ལ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་སྤྱན་དྲངས་ལ་བསྟིམ་ནས། ཡིད་ཀྱིས་མཆོད་དེ། འབོད་སྔགས་དང་དེའི་གཤམ་དུ། སྤྲའི་ཤག་སྤྲའི་ཤག །ཧ་ཧ་ཚལ་པ་ཚལ་པ། རུམ་རུམ་ཉིག་ཉིག འདུར་འདུར། རྒྱུག་རྒྱུག །ཀེ་ཏེ་ཀེ་ཏེ་རྦད། རཱ་ཧུ་ལ། དགྲ་བོའི་སྙིང་དང་ནང་ཁྲོལ་ལ་རྦད། ཤ་རུས་པགས་པ་ལ་རྦད། བླ་ཚེ་སྲོག་ལ་རྦད། ཅེས་རྦད་སྔགས་བཟླས་པའི་མཐར། དགྲ་བོའི་ལིང་ག་ཐོད་ནང་དུ་བཅུག་ལ་ཉུང་ནག་དང་། དུག་ཁྲག་གིས་བྲབ་ཅིང་སྔགས་དེའི་གཤམ་དུ། ཧེ་ཝ་ཧི་ཏི་ས་ར་ཁ་ར་ཧོར་ཏི་ཤེད་ཐོན་ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་བསད་སྔགས་བཟླས་ཤིང་། ཞག་ཉི་ཤུ་རྩ་གཅིག་སྒྲུབ་བོ། །དེ་ཡང་དང་པོ་ཞག་བདུན་དུ་བོད་སྔགས་གཙོ་(༣)བོར་བཟླས་ཤིང་རྦད་བསད་འཇོག་ཁར་བཟླའོ། །བར་པ་བདུན་ལ་འབོད་རྦད་དྲིལ་ལ་བཟླས་ཤིང་གསད་སྔགས་ཐུན་ཞབས་སུ་བཟླས་སོ། །ཐ་མ་བདུན་ལ་འབོད་རྦད་གསད་གསུམ་དྲིལ་ལ་བཟླས་ཤིང་བར་བར་དུ་ཐུན་གྱིས་བྲབ་པོ། །ཐུན་འཇོག་ཁར་གཏོར་མ་བཏང་ཞིང་། ཧཱུྃ་གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་འཚོགས་པའི་མཐུ་བོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །སྐུ་ནི་འཇིགས་པའི་དུད་ཁ་ལ། །གཡས་པ་ར་ཡི་མདའ་གཞུ་ལ། །གཡོན་པ་ཆུ་སྲིན་རྒྱལ་མཚན་བསྣམས། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག །ཚེས་གྲངས་བཞི་ཡི་སྲོད་དག་ལ། །ནུབ་ནས་ཤར་དུ་རྒྱུ་ཙམ་ན། །མ་མོ་ཡོངས་ཀྱི་དམག་དཔོན་བྱེད། །རིམས་ནད་འབེབས་པའི་མཐུ་བོ་ཆེ། །མ་མོའི་ཀིང་ཀང་དགྲ་ལ་བྷྱོཿ །ཚེས་གྲངས་བརྒྱད་ཀྱི་དྲོས་ཆེན་ལ། །ཤར་ལྷོ་ནུབ་བྱང་རྒྱུ་ཙམ་ན། །དགྲ་ལྷ་རྒྱལ་མོའི་དམག་དཔོན་བྱེད། །ཡམས་ནད་འབེབས་པའི་མཐུ་བོ་ཆེ། །དགྲ་ལྷའི་ཀིང་ཀང་དགྲ་ལ་བྷྱོཿ །ཚེས་གྲངས་བཅུ་གཅིག་དུས་ཚོད་དུ། །ནམ་ནི་ཕྱེད་ནས་ཕྱེད་ཡོལ་ལ། །བྱང་ནས་ལྷོ་རུ་རྒྱུ་ཙམ་ན། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །བལ་ནད་འབེབས་པའི་མཐུ་བོ་ཆེ། །གཤིན་རྗེའི་ཀིང་ཀང་དགྲ་ལ་བྷྱོཿ །ཚེས་གྲངས་བཅོ་ལྔའི་ཉིན་ཕྱེད་ལ། །ལྷོ་ནུབ་བྱང་ཤར་རྒྱུ་ཙམ་ན། །སྲིན་པོ་ཡོངས་ཀྱི་དམག་དཔོན་བྱེད། །གྲི་རྒོད་གཏོང་བའི་མཐུ་བོ་ཆེ། །སྲིན་པོའི་ཀིང་ཀང་དགྲ་ལ་ཡ། །ཚེས་གྲངས་བཅོ་བརྒྱད་ནམ་ཕྱེད་ལ། །ཤར་ནས་ནུབ་ཏུ་རྒྱུ་ཙམ་ན། །དམུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །བྱིང་ནད་གཏོང་བའི་མཐུ་བོ་ཆེ། །དམུ་ཡི་ཀིང་ཀང་དགྲ་ལ་ཡ། །ཉི་ཤུ་གཉིས་ཀྱི་ཕྱེད་ཡོལ་ལ། །ནུབ་བྱང་ཤར་ལྷོ་རྒྱུ་ཙམ་ན། །བཙན་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །གཟེར་ནད་གཏོང་བའི་མཐུ་བོ་ཆེ། །བཙན་གྱི་ཀིང་ཀང་དགྲ་ལ་ཡ། །ཉི་ཤུ་ལྔ་ཡི་སྐྱ་རེངས་ལ། །ལྷོ་ནས་བྱང་དུ་རྒྱུ་ཙམ་ན། །ཀླུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །མཛེ་ནད་གཏོང་བའི་མཐུ་བོ་ཆེ། །ཀླུ་ཡི་ཀིང་ཀང་དགྲ་ལ་ཡ། །ཉི་ཤུ་དགུ་ཡི་མྱུར་སྨད་ན། །བྱང་ཤར་ལྷོ་ནུབ་རྒྱུ་ཙམ་ན། །ལྷ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །ལྷ་ནད་གཏོང་བའི་མཐུ་བོ་ཆེ། །ལྷ་ཡི་ཀིང་ཀང་དགྲ་ལ་ཡ། །ཕྱོ་ཕྱོ་དམ་ཉམས་དགྲ་ལ་ཕྱོ། །གཟའ་མཆོག་(༤)ཉི་མ་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་དྲོད་ལ་རོལ། །གཟའ་མཆོག་ཟླ་བ་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་ཁྲག་ལ་རོལ། །གཟའ་མཆོག་མིག་དམར་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་སྙིང་ལ་རོལ། །གཟའ་མཆོག་ལྷག་པ་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་དབུགས་ལ་རོལ། །གཟའ་མཆོག་ཕུར་བུ་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་རྩ་རྒྱས་རོལ། །གཟའ་མཆོག་པ་སངས་དགྲ་ལ་ཕྱོ། །དམ་ཉམས་དགྲ་ཡི་རུས་ལ་རོལ། །གཟའ་མཆོག་སྤེན་པ་དགྲ་ལ་ཕྱོ། །དམ་ཉམས་དགྲ་བོའི་ཤ་ལ་རོལ། །ཆེ་གེ་མོའི་ཙིཏྟ་མཱ་ར་ཡ་རྦད་བྷྱོ། ཞེས་བརྗོད་ནས་ཐལ་མོ་བརྡབ་པའི་བར་དུ་དགྲ་བོ་སྒོང་ལྤགས་བཅར་བ་བཞིན་དུ་སོང་བར་བསམས་ལ། གཏོར་ཆུང་དགྲ་ཕྱོགས་སུ་ཟོར་དུ་འཕངས་སོ། །

གསུམ་པ་ལས་སྦྱོར་ལ་འཕངས་སྲེག་མནན་གསུམ་ལས། དང་པོ་འཕངས་པ་ནི། སྒྲུབ་པ་ཐོན་པའི་དུས་ཉི་ཤུ་དགུའི་ཉི་མ་མདུང་གང་ན། རང་ཉིད་སྐྲ་སྤྱི་བོར་བཅིངས་ཏེ། རྟེན་གཏོར་དཀྱིལ་འཁོར་དབུས་ན་ཡོད་པ་དེ་ཁྱེར་ལ། དགྲའི་ཁང་པ་ལ་བརྡེག་གོ། །སྲེག་པ་ནི། ལིང་ག་ཚེར་མའི་མེ་ནང་དུ་རཱ་ཧུ་ལ་བསམས་ལ་བསྲེགས་པའི་ཐལ་བ་ལམ་རྒྱ་གྲམ་དུ་མནན་ནོ། །སེར་བ་འབེབས་ན། རྟེན་གཏོར་ལ་ཁར་འཕངས་ཤིང་མཛེ་ཐོད་དུ་རྫས་ངན་ཚོགས་ཚད་བླུགས་ནས་བཀོལ་ལ་ཁ་སྦུབ་པས་དེ་མ་ཐག་ཏུ་སེར་བ་འབེབས་སོ། །ཡང་རྟེན་གཏོར་དགྲ་ཕྱོགས་སུ་འཕངས་ལ། ཐོད་ངན་ལིང་ག་དང་བཅས་པ་དེ་ཀླུ་ཡོད་ངེས་པའི་ཆུ་མིག་གི་མགོར་ཤ་རུའམ་དགོ་རུས། ཁྲུ་གང་མཐོ་གང་བའི་དོང་བྲུས་ཏེ་དོང་ཁར་མཛེ་རྐང་གི་སྒྱེད་པུ་གསུམ་བཙུགས་པའི་སྟེང་དུ་ཐོད་ངན་ལིང་ག་ཅན་དེ་བཙུགས་ཏེ། དུག་སྣ་ཁྲག་སྣའི་ཁུ་བས་ཕྱེད་ཙམ་བཀང་བའི་འོག་དོང་ནང་དུ་ཚེར་མ་ཅན་གྱི་ཤིང་གཙེར་ལ། མེ་སྤར་ནས་ཁོལ་བ་དང་ཐོད་པ་དེ་མེ་ཁྲོད་དུ་ཁ་སྦུབ་ལ། སས་གཡོགས་པ་གནམ་གང་གི་ཉི་མ་ནུབ་དུས་བྱའོ། །དེས་ནི་ལས་གཞུག་འཕངས་སྲེག་མནན་གསུམ་གྱིས་བསྡུ་བ་ཞེས་བྱ་སྟེ། མི་འགྲུབ་མི་སྲིད་པའི་གནད་དོ། །དེ་ཡང་ཚེས་བརྒྱད་ནས་རྫས་རྟེན་གཏོར་མ་བཤམས་ལ་མཚམས་བཅད་དེ། སྒྲུབ་པའི་མགོ་ཟུག་ནས། ཉི་ཤུ་དགུའི་ནུབ་མོ་ཟིན་པར་བྱས་ལ། གནམ་གང་གི་ནུབ་མོ་འཕངས་སྲེག་མནན་གསུམ་གྱིས་ལས་མཐའ་རྫོགས་པར་བྱེད་པའོ། །འདི་ཉིད་ལག་ལེན་དམར་ཁྲིད་དུ་བཀོད་པ་སྟེ། སྲུང་བ་དང་བླ་རྡོ་བཅང་བ་ལ་སོགས་པ་ཅི་ཡང་མི་དགོས་སོ། །དུས་གཉན་རྣམས་ལ་མཆོད་བསྟོད་ཀྱིས་བསྐང་གསོ་བྱའོ། །དེས་ནི་སྙིང་ཉེ་ཞིང་ལས་གང་ཡང་བྱེད་དོ། །

དེ་ལྟར་གཟའ་མཆོག་ཐུགས་ཀྱི་སྒྲུབ་པའི་རིམ། །གབ་པ་མངོན་དུ་ཕྱུང་ནས་བཀོད་པ་དེས། །འགྲོ་ཀུན་དམ་ཅན་རྒྱ་མཚོས་(༥)ལེགས་སྐྱོང་ཞིང་། །ཇི་ལྟར་བསམ་དགུ་ཡིད་བཞིན་འགྲུབ་པར་ཤོག །གཟའི་རྒྱལ་པོ་རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།

གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་པ།

༄༅། །གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་པ་བཞུགས་སོ། །

༄༅། །སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དྲང་སྲོང་གཟའི་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ནི། དབེན་པར་གཟའི་སྐུ་གཟུགས་བཞེངས་པ་ནི། སྟོད་ལྷའི་ལུས་ཀྱི་དབུས་ཀྱི་ཞལ་གསུམ་མཐིང་ག །གཡས་ཞལ་གསུམ་དཀར་བ། གཡོན་ཞལ་གསུམ་ལྗང་བ། སྟེང་ན་བྱ་རོག་གི་དབུ་དང་བཅུའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་ཞལ་བཞད། གཡོན་ཞལ་རྒོད། དབུས་ཞལ་རྔམ་ཞིང་ཁྲོ་བ། ཕྱག་བཞིའི་གཡས་དང་པོ་ཆུ་སྲིན་གྱི་རྒྱལ་མཚན། གཡོན་དང་པོ་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེངས་པ། སྐུ་ལུས་ཐམས་ཅད་སྤྱན་སྟོང་གཟིགས། རིན་པོ་ཆེའི་རྒྱན་ཅན་འཇིགས་སུ་རུང་བ། དྲང་སྲོང་སྐེམ་པོའི་གཟུགས་ཅན་བྲིའོ། །དེའི་ཕྱོགས་བཞིར་གདོང་མོ་བཞི་ལ། ཤར་དུ་(༢)སྟག་སྲིན་ཟོར་གདོང་ཟོར་བ་བསྣམས་པ། ལྷོར་བམ་སྲིན་དྲེད་གདོང་རྒྱུ་ཞགས་བསྣམས་པ། ནུབ་ཏུ་རྐོང་སྲིན་བ་ལང་གདོང་ལྕགས་ཀྱུ་ཐོགས་པ། བྱང་དུ་འབྲོག་སྲིན་ཆུ་སྲིན་གདོང་རི་རབ་འདེགས་ཤིང་ཀླད་ལ་བསྐོར་བ། ལུས་མི་ལ་མགོ་ཐ་དད་ཅིང་དཀར་སེར་དམར་ལྗང་རིམ་པ་བཞིན་ནོ། །དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་ལ་ལྷ་སྲིན་སྡེ་བརྒྱད་ལ། ཤར་དུ་ལྷ་དཀར་པོ་པི་ཝཾ་འཛིན་པ། ལྷོར་གཤིན་རྗེ་སྨུག་ནག་རལ་པ་སྙིགས་པ་བེ་ཅོན་འཛིན་པ། ནུབ་ཏུ་ཀླུ་དམར་པོ་སྦྲུལ་མགོའི་གདེངས་ཀ་ཅན་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་ལྗང་སེར་ནེའུ་ལེ་འཛིན་པ། ཤར་ལྷོར་རྒྱལ་པོ་དཀར་སེར་བམ་དབྱུག་འཛིན་པ། ལྷོ་ནུབ་ཏུ་བཙན་དམར་པོ་ཞགས་པ་འཛིན་པ། ནུབ་བྱང་དུ་དམུ་ལྗང་སེར་ནད་རྐྱལ་འཛིན་པ། བྱང་ཤར་དུ་བདུད་ནག་པོ་མདུང་ནག་འཛིན་པ། དེའི་ཤར་ཕྱོགས་སུ་སྨིན་དྲུག་ལ་སོགས་པ་བདུན། ལྷོ་ནུབ་བྱང་གསུམ་དུ་བདུན་བདུན་ཏེ་ཉི་ཤུ་རྩ་བརྒྱད་ནི་སྣ་ཚོགས་མདོག་ཅན་བུམ་པ་དང་། དཔལ་བེའུ་དང་། འཁོར་ལོ་དང་། རྒྱལ་མཚན་དང་། དགྲ་སྟྭ་དང་། དབྱུག་ཏོ་དང་། ཞགས་པ་དང་། ནོར་བུ་དང་། ཁང་བུ་དང་། པདྨ་དང་། གདུགས་དང་། བ་དན་དང་། རྩེ་གསུམ་དང་། རལ་གྲི་དང་། བཞོང་པ་དང་། མདའ་གཞུ་དང་། མདུང་དང་། བེ་ཅོན་དང་། མར་མེ་དང་། ཕྲེང་བ་དང་། གྲི་གུག་དང་། རྡོ་རྗེ་དང་། ཐོད་ཁྲག་དང་། ནེའུ་ལེ་དང་། སྤོས་ཁང་དང་། དུང་ཆོས་དང་། པི་ཝཾ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཕྱོགས་བཞིར་མི་ནག་འོ་དོད་འབོད་པ། བུད་མེད་ནག་མོ་རལ་པ་སྙིགས་ནས་དུལ་མོ་བརྡུལ་བ། ཁྱི་ནག་དགྲ་ལ་ཟུག་པ། སྟག་དང་སྤྲེའུ་བྱ། གཟིག་བྱི་ལ། དོམ་དྲེད། སྤྱང་ཀི་དུར་བྱ་ལ་སོགས་པ་སྣ་ཚོགས་བྲིས་པའི་མཐར་སྐོར་མེ་རི་འབར་བར་བྱའོ། །དེ་ནས་སྟེགས་གྲུ་གསུམ་དཔངས་སོར་བཞི་ངོས་གསུམ་ཁྲུ་རེ་ཡོད་པ་ལ་རོ་སོལ་གྱིས་བྱུགས་པའི་དབུས་སུ་དོང་གྲུ་གསུམ་བྲུས་པའི་ནང་དུ་དགྲ་ཡི་གཟུགས་བག་ཟན་ནམ། ཁམ་ས་ལ་བྱས་པ་གན་རྐྱལ་བཞག་པའི་སྟེང་དུ་གཟའི་བཤོས་བུ་དགུ་བསྐོར་གྱི་རྩེ་ལ་ལིང་ག་དང་ཤ་ཁྲག་གིས་བརྒྱན་པར་བྱའོ། །དེའི་ངོས་སུ་སྔར་གྱི་བྲིས་སྐུའི་ཞལ་(༣)འོང་བ་བྱས་ལ་དར་ནག་གུར་དབུབ་ཅིང་། ཟུར་དུ་འབུལ་གཏོར་ཟུར་གསུམ་པ་མཐེབ་ཀྱུས་བསྐོར་བ་གཅིག་དང་། གཞི་བདག་གཏོར་མ་གཅིག་བཤམས་ཤིང་། གྲི་དང་མདུང་ལ་སོགས་པའི་སྤྱན་གཟིགས་འབྱོར་ཚད་བཤམ་མོ། །དེ་ནི་བརྟེན་ཐབས་སོ། །སྒྲུབ་དུས་བླ་རྡོ་བཅང་བ་ལ་རྡོ་ཕ་ཝང་ལོང་བུ་ལ་མཚལ་གྱིས་ཏྲི་དྲུག་བྲིས་པ་དར་ཟབ་ཀྱིས་དྲིལ་ནས་བཅང་ངོ་། །དེས་ནི་ལུས་དང་གྲིབ་མ་ལྟར་འོང་ཞིང་། འཁུ་ལྡོག་མི་འབྱུང་ངོ་། །

སྒྲུབ་པ་དངོས་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ་ལས། དང་པོ་བསྙེན་པ་ནི་སྐྱབས་འགྲོ་སེམས་བསྐྱེད། སྟོང་པའི་ངང་ལས་རང་ཉིད་པདྨ་ཐོད་ཕྲེང་རྩལ་མཐིང་ནག་སྤྱན་གསུམ་ཉི་ཟླ་ལྟར་འབར་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་དང་སྨ་ར་དམར་སེར་བསྐལ་པའི་མེ་སྟག་འཕྲོ་ཞིང་། ཉི་ཟླ་ཐོད་སྐམ་གྱིས་བརྒྱན་པ། ཕྱག་གཡས་མེའི་འཁོར་ལོ་རྩིབས་སྟོང་ཀླད་ལ་བསྐོར་ཞིང་། གཡོན་པས་སྡིགས་མཛུབ་དང་ཕུར་བུ་འདྲིལ་བ། ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་ཤིང་། སྟག་ལྤགས་ཀྱི་སྨད་གཡོགས་དང་མི་ལྤགས་ཀྱི་སྟོད་གཡོགས་ཅན་ཐོད་པའི་ཕྲེང་བས་བརྒྱན་པ་གཅིག་ཏུ་བསྒོམས་ལ། བ་སྤུའི་ཁུང་ནས་སྤྲུལ་པའི་ཁྲོ་ཆུང་མེ་ཡི་ཚ་ཚ་འཕྲོ་བས་ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་འདར་བར་བསམས་ལ་རིག་པ་ངར་བསྐྱེད་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་དི་རི་རི་བཟླས་པར་བྱའོ། །དེ་ནས་མདུན་གྱི་བྲིས་སྐུ་དེ་བྲིས་པ་ལྟར་བསྐྱེད་ལ། འབོད་སྔགས་བདུན་བརྗོད་པས་གཟའ་རྒྱུ་བའི་ཕྱོགས་ནས་དེ་འདྲ་བ་བྱོན་ནས་ཐིམ་པར་བསམས་ལ། ཧྲཱི་ཤག་རུ་རཾ་ན་གེ་ཙིཏྟ་ཏྲཾ། མ་མ་ཡ་ཟ་འགྲམ་ཧ་ཧེ་ཡོ་གེ་ཤ་ལ་ཛ་ཛཿ ཞེས་འབོད་སྔགས་ཅི་འགྲུབ་བཟླུས་ནས་ཐུན་འཇོག་ཁར། ཨཱ་ཨཱཿཧཱུྃ་གིས་གཏོར་མ་ཤ་ཁྲག་གི་རི་དང་རྒྱ་མཚོར་བསམས་ལ། རྔ་དང་དྲིལ་བུ་ཐོད་གླིང་ལ་སོགས་པ་དཀྲོལ་ཞིང་གསུར་ཆེན་གྱི་དུད་པ་བཏང་ནས་འདི་སྐད་དོ། །ཧཱུྃ་སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ནག་པོ་མཐུ་བོ་ཆེ། །གཟའ་ཆེན་སྡེ་བརྒྱད་རྒྱུ་སྐར་བཙུན་མོར་བཅས། །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། པདྨ་ཀ་མ་ལ་ཡ་སྟྭཾ། ཧཱུྃ་ཧོ་བྷ་ལིང་ཏ་ཁཱ་ཧི། ཨཱ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ཙ་ར་ཀ །བྱིན་ནུ་རཱ་ཙ། བདུད་ཕོ་རཱ་ཛ། དྲང་སྲོང་དཀར་སེར། ཁྱབ་འཇུག་ཆེན་པོ། དུ་བ་འཇུག་རིང་། གདོང་མོ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད། ཡུལ་ལྷ་གཞི་བདག་འཁོར་དང་བཅས་པའི་ཞལ་དུ་ཁཱ་ཧི། ཞེས་པ་(༤)བདུན་གྱིས་འབུལ་ལོ། །དེ་ནས་འདི་སྐད་དོ། །ཧཱུྃ་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །རིག་འཛིན་དགྲ་བླ་འཁོར་བཅས་ལ། །བདག་ཅག་གུས་པས་ཕྱག་འཚལ་བསྟོད། །དམ་ཉམས་དགྲ་བགེགས་ཤ་ཁྲག་འདི། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །འཇིགས་གཟུགས་དུ་བ་འཁྱིལ་འདྲའི་སྐུ། །དབུ་དགུས་སྡང་མིག་དགྲ་ལ་གཟིགས། །ལྟས་ངན་བྱ་རོག་དགྲ་ལ་སྒྲོགས། །ཕྱོ་ཕྱོ་སྡང་བའི་དགྲ་ལ་ཕྱོ། །ཕྱོ་ཕྱོ་གནོད་པའི་དགེགས་ལ་ཕྱོ། །གཡས་ཞལ་འཛུམ་དང་ལྡན་པ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གཡོན་ཞལ་རྒོད་ཅིང་གཤེ་བ་ཡིས། །དགྲ་བོའི་ཡུལ་དུ་དལ་ཡམས་ཕོབ། །དབུས་ཞལ་འཇིགས་སུ་རུང་བ་ཡིས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུས། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །ཆུ་སྲིན་རྒྱལ་མཚན་ཕྱར་བ་ཡིས། །རང་གི་ཕྱོགས་རྣམས་རྒྱལ་བར་མཛོད། །ཀླུ་སྦྲུལ་ཞགས་པ་གཡུག་པ་ཡིས། །དགྲ་བོའི་བླ་སྲོག་ཁུག་ལ་སྒྲོལ། །ར་ཡི་མདའ་གཞུ་འགེངས་པ་ཡིས། །དགྲ་བགེགས་དཔུང་རྣམས་རྡུལ་དུ་རློགས། །ཕྱོ་ཕྱོ་དགྲ་བོའི་ཡུལ་དུ་ཕྱོ། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་ཕྱོ། །དལ་ཡམས་ནད་ཀྱི་བུ་ཡུག་ཕྱོ། །ཕུང་བྱེད་ལྷོག་པ་གཟེར་ཐུང་ཕྱོ། །དགྲ་བགེགས་ཡུལ་དུ་དམག་སྣ་དྲོངས། །དམག་དཔོན་ཁྱབ་འཇུག་ཆེན་པོས་མཛོད། །སྲོག་གཅོད་སྲིན་མོ་བཞི་ཡིས་མཛོད། །ལྟས་ངན་སྡེ་བརྒྱད་ཚོགས་ཀྱིས་ཐོང་། །ཁྱབ་འཇུག་ཆེན་པོའི་དམག་དཔུང་ནི། །རྔམས་པའི་བཤུག་གླུ་དི་རི་རི། །ནད་ཀྱི་བུ་ཡུག་ཐུ་ལུ་ལུ། །མཚོན་གྱི་ཆར་བ་སི་ལི་ལི། །དགྲ་བགེགས་སྟེང་དུ་ད་ཕྱོ་ཞིག །གཟའ་ཆེན་བརྒྱད་པོ་ད་ཕྱོ་ཞིག །རྒྱུ་སྐར་ཉེར་བརྒྱད་ད་ཕྱོ་ཞིག །གདོང་མོ་མཆེད་བཞི་ད་ཕྱོ་ཞིག །ལྷ་སྲིན་སྡེ་བརྒྱད་ད་ཕྱོ་ཞིག །བཛྲ་ཀིང་ཀ་ར་ཀིང་ཀ་ར་དྷ་ཤ་གྷྲི་བ། ཡག་ཤ་གྲི་བ་ཡག་ཤ་གྲི་བ། སྲའི་ཤག་སྲའི་ཤག །འུར་ཝ་འུར་ཝ། ཐུན་ཐུན། སྲོག་ལ་བྷྱོ་བྷྱོ། ཞེས་བརྗོད་ནས་ཐལ་མོ་བརྡབ་པའི་བར་དུ་དགྲ་སྒོང་ལྤགས་བཅར་བ་བཞིན་སོང་བར་བསམ་ནས། གཏོར་ཆུང་གཅིག་པོ་གཤེགས་སོ། །དེ་ནི་རྒྱུན་གྱི་བསྙེན་པ་སྟེ་འབུམ་ཕྲག་གསུམ་བྱས་ན་འཁུ་ལྡོག་མི་འབྱུང་ཞིང་སྙིང་ཉེ་བའི་ལས་བྱེད་དོ། །

གཉིས་པ་སྒྲུབ་པ་ནི། བཅའ་གཞི་དེ་དང་འདྲ་ཁྱད་པར་དུ་ཞག་ཉི་ཤུ་རྩ་གཅིག་བསྒྲུབ་པོ། །མཚམས་དམ་པར་གཅད་ནས་འབོད་སྔགས་ཀྱི་གཤམ་དུ། ཧ་ཧ། ཚལ་པ་ཚལ་པ། ཞུང་ཞུང་། ཉིགས་ཉིགས། (༥)ཆྒཻའི་སྲོག་ལ་མཱ་ར་ཡ་རྦད་རྦད། ཅེས་བཟླས་ཤིང་། ལིང་ག་ལ་དགུག་གཞུག་དྲག་པོ་བྱས་ཏེ། དགྲའི་ཤ་ཁྲག་དངོས་སུ་བསམས་ལ་གཏོར་མ་གཏང་། རྦད་བསྐུལ་བྱ། གཏོར་ཆུང་དགྲ་ཕྱོགས་སུ་གཏང་། དེ་དུས་དངོས་སུ་ཨ་ཙ་རའམ། བན་དེ་ནག་པོ་རལ་པ་ཅན་གཏོར་མ་འདོད་དུ་འོང་བས་ལྟ་བས་ཟིན་པར་བྱས་ལ་ཆང་ཕུད་གཏོར་ཞིང་དམ་བསྲེའོ། །དེའང་ཐོད་ནང་གི་ཆང་ལ་རང་ཡང་བཏུང་ཁོ་ལ་ཡང་བྱིན་ནས། གཏན་གྱི་གྲོགས་སུ་ཁྱོད་བསྟེན་པས་འགོ་ཞིང་སྟོང་གྲོགས་གཉེན་པོ་གྱིས་ཤིག་བྱའོ། །

གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཐོན་པའི་དུས་སུ་མནྜལ་སྟེང་གི་གཏོར་མ་དགྲ་ཕྱོགས་སུ་འཕངས་ཤིང་དམོད་བཅོལ་བསྟོད་བསྐུལ་དྲག་པོ་བྱས་པས་དགྲ་ལ་གཟའི་རིམས་སྨྱོ་འབོག་བརྒྱལ་ནད་གཟེར་ཐུང་ལ་སོགས་པས་འཆིའོ། །ལོ་ཐོག་གཞོམ་པར་འདོད་ན་ཡུལ་དེ་ཡི་སྔོ་ཕུད་བསྡུས་ཏེ་ལྷ་རྟེན་ཡོད་པའི་སར་མཛེ་རྐང་གི་སྒྱེད་པུ་གསུམ་བཙུགས་ལ། འོག་ཏུ་དོང་དུ་ཚེར་མ་ཅན་གྱི་ཤིང་གཙེར་བའི་སྟེང་དུ་མཛེ་ཐོད་དུ། མཛེ་ཁྲག །གྲི་ཁྲག །མངལ་ཁྲག །ཡུགས་སའི་དོར་རྟ། མི་རྟ་ཁྱི་དང་བོང་བུའི་ཆུ་རྟག་པར་བླུགས་ལ། འོག་ནས་མེ་བཏང་ལ་ཁོལ་བ་དང་མེ་ནང་དུ་ཁ་སྦུབ་པས་སེར་བ་དང་ཐོག་དེ་མ་ཐག་འབབ་ཅིང་། གཟའ་ཡམས་འབྱུང་ངོ་། །དེ་དུས་ནམ་མཁའ་ཐམས་ཅད་གཟའ་བདུད་ཀྱིས་ཁེངས་ནས་ཐོག་སེར་འབེབས་པར་བསམས་ལ། གཏོར་མ་བཏང་ནས་ཡུལ་ཆེ་གེ་མོ་འདིས། ཁྱོད་ལ་ཕོད་དུ་བཙུགས་པས་ཐོག་དང་སེར་ཆེན་ཕོབ་ཅིག་བྱའོ། །དེ་ནས་རང་གར་ཕྱིན་དུ་འབབ་པོ། །གསང་བ་ཡང་ཁོལ་གྱི་གནད་འདི་ཁོ་ནའོ། །གཟའ་བདུད་ཆེན་པོ་ཡང་གསང་བླ་ན་མེད་པའི་སྒྲུབ་ཐབས་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།

ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ། དགེའོ། །དགེའོ། །དགེའོ།། །།

དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ།

༄༅། །དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ་བཞུགས་སོ། །

༄༅། །གདོད་མའི་དེད་དཔོན་ཆེན་པོ་ལ། །དངོས་གྲུབ་དོན་དུ་ཕྱག་འཚལ་ཏེ། །རིག་འཛིན་སྤྲུལ་པ་ཐིག་ལེ་རྩལ། །སེར་སྐྱ་སྒྲུབ་པའི་རིམ་པ་བཤད། །

འདི་ལ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། །དང་པོ་ནི་རང་ཉིད་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གསལ་བཏབ། མདུན་དུ་དམ་ཅན་འཁོར་དང་བཅས་པ་བསམས་ལ། བསྙེན་སྔགས་ཅི་འགྲུབ་བཟླས་ནས་གཏོར་མ་ཕུལ་ཏེ་བསྟོད་བསྐུལ་བྱའོ། །དེ་ཡང་བསྙེན་སྔགས་སྤྱི་དྲིལ་སུམ་སྟོང་གིས། སྔོན་དུ་མཉེས་པར་བྱ་བའི་མན་ངག་གོ། །དེས་ནི་མ་བསྒྲུབས་ཀྱང་ལས་བྱེད་ཅིང་། བུ་བས་ཀྱང་སྙིང་ཉེ་བ་འབྱུང་ངོ་། །

གཉིས་པ་སྒྲུབ་པ་ལ་གཉིས་ཏེ། གཙོ་འཁོར་སྤྱིར་སྒྲུབ་པ། གཙོ་བོ་བྱེ་བྲག་ཏུ་སྒྲུབ་པའོ། །དང་པོ་(༢)ལ་གསུམ་སྟེ། རྟེན་བཅའ་བ། སྒྲུབ་པ་དངོས། སྤོག་ཆོག་གོ། །

དང་པོ་ནི། གནས་དབེན་པར་ཁམ་སའི་འབྲུབ་ཁུང་ཁྲུ་གང་བའི་ནང་ན། བང་རིམ་གསུམ་པ་ཅན་ཟུར་གསུམ་དུ་ཡོད་པའི་སྟེང་མ་སོར་གསུམ་པའི་ནང་དུ་རྡོ་ཕ་ཝང་ལོང་བུ་ལ་འཚལ་གྱིས་སྲོག་སྔགས་བྲིས་པ་དང་རའི་རྗེ་ངར་གྱི་ཤ་དང་ར་སྙིང་མི་སྙིང་། སྲེ་མོའི་སྙིང་རྣམས་དར་དམར་པོས་དྲིལ་ལ་གཞུག །བང་རིམ་བར་མ་ལ་དགྲའི་ལིང་ག་འཁྱིད་གང་བ། དཔྲལ་བར་རུས། སྙིང་གར་ནྲ་དང་མིང་། བླ་གཉིས་ལ་བླ་དག་བྲིས་པའི་མཐར། ཛ་དང་རྦད་བསད་ཀྱིས་བསྐོར་བ། གན་རྐྱལ་དུ་མགོ་རང་ངོས་ལ་བསྟན་པའི་ཚུལ་དུ་གཞག་ནས། དགྲའི་དགུག་གཞུག་བརྒྱ་རྩ་བརྒྱད་བྱས་ལ། དེ་ལ་ཁ་སྦྱར་བའི་ཚུལ་དུ། དམ་ཅན་གྱི་སྐུ་རྒྱབ་ཏུ་སྲོག་སྔགས་བྲིས་པས་སྟེང་ནས་བཀབ་པའི་ཐད་སོར་སྐུ་དང་ལིང་ག་འདོན་འཇུག་བྱེད་པའི་སྒོ་གཅིག་རང་ངོས་ནས་བྱ། བང་རིམ་སྟེང་མའི་ཁ་ཆོད་ལ་གཡམ་པ་གྲུ་གསུམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་ལ་མཚམས་ས་སྤྱིན་གྱིས་འདམ་པས་མི་མངོན་པར་བྱུགས། གཡམ་པའི་སྟེང་དེར་བཤོས་བུ་མཁར་ཐབས་པའི་སྟེང་ན་ར་དང་། ཕྱོགས་བཞིར་བཙན་བཤོས་རེ་བྱས་ཏེ། ཤ་ཆང་གིས་བྲན་ལ་རྟེན་གཏོར་རྒྱུན་ཏུ་གཟུང་ནས་ཞག་རེ་བཞིན་གསོ་བར་བྱའོ། །དེའི་རྩར་ཐུན་རྫས་ཉུང་ནག་དང་། ཁྲག་སྣ་དང་། དུག་སྣ་དང་། ལྕགས་ཕྱེ་དང་། ཟངས་ཕྱེ་དང་། རྡོ་ཕྱེ་ཐུན་དོང་དུ་བླུགས་པ་དང་། ལིང་ག་འབྲབ་པའི་སྣོད་ལྕགས་ལྡེར་རམ་འབྲུབ་ཁུང་ཆུང་ངུ་གཅིག་ཀྱང་བཞག་ཅིང་། དེའི་རྩལ་རང་གི་མལ་མགོ་ནུབ་ལ་བསྟན་པ་ཡང་བཅའོ། །

གཉིས་པ་སྒྲུབ་པ་དངོས་ནི། རང་ཉིད་ཀུན་ཏུ་བཟང་པོར་གསལ་བཏབ་ནས། སྟོང་པའི་ངང་ལས་འབྲུབ་ཁུང་དེ་ཉིད་ལྕགས་ཁང་མུན་ནག་འཁོར་མའི་དབུས་སུ། ཐིག་ལེ་རྩལ་དམར་སྐྱ་ལྕགས་སྤྱང་མགོ་དགུ་པ་ཞོན་པའི་ཕྱག་གཡས་ཞགས་པ་དམར་པོ་དང་། གཡོན་དབྱུག་ཏོ་བསྣམས་པ། སྐུ་སྟོད་དར་དཀར་གྱི་རལ་ག་དང་། སྨད་སྟག་གི་ཤམ་ཐབས་གསོལ་པ། དབུ་སྐྲ་དང་སྨ་ར་དམར་སེར་གྱེན་དུ་འཁྱིལ་ཞིང་། སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པར་བསམ་(༣)མོ། །དེའི་གཡས་གཡོན་ཕྱོགས་མཚམས་ཐམས་ཅད་དུ་བཙན་འཁོར་ཆེ་བ་གསུམ། ཆུང་བ་སུམ་བརྒྱ་དྲུག་ཅུ་རྐང་ཐང་དུ་ཡོད་པ། གཡས་ཞགས་པ་དང་མདའ། གཡོན་བེར་ག་དང་གཞུ། སྟག་རལ་གཟིག་རལ་བསེ་ཕུབ་ཁུར་ནས། མདུང་དམར་ཀླད་ལ་བསྐོར་བར་བསམ་མོ། །དེ་ནས་སྲོག་སྔགས་ཀྱིས་འབོད་པ་ནི། ཏྲིག་ཏྲཾ་བེ་ཙོན་ཏ་ཡ་མ་ར་ནི་ཧཱུྃ་ལེ་གད་མཧཱ་བེ་ཤ་ཛ་ཛཿ ཞེས་པ་བཟླས་སོ། །དེ་ནས་རྦད་བསད་དྲིལ་བ་ནི། སྙིང་ལ་ཐོད་པ་དྷ་ར་དུ་སྙིང་ལིང་རྦུད་ཐུམ་ཐུམ་ས་མ་ཡ་ལང་ཏེ་རྦུད། སྙིང་ལ་རུ་མ་ཙ་ཡ་རྦུད། ཆེ་གེ་མོའི་སྙིང་ལ་ཁ་རཾ་ཛཿ སྙིང་ཕྱུང་གཏུབས། ཙིཏྟ་བཾ། སྲོག་རྩ་ཆོད། ཁྲག་ཏུ་སྐྱུག །མཱ་ར་ཡ་རྦད། ཅེས་བཟླས་ནས་གཏོར་མ་གཏོང་ལ་བསྟོད་བསྐུལ་བྱའོ། །དེ་ཡང་ཞག་ཉི་ཤུ་རྩ་གཅིག་ལས། ཞག་དང་པོ་བདུན་དུ་འབོད་སྔགས་གཙོ་བོར་བཟླས་ཤིང་། རྦད་བསད་འཇོག་ཁར་བཟླས་སོ། །ལྷག་མ་ལ་ཐམས་ཅད་དྲིལ་ནས་བཟླས་སོ། །ཐུན་ཞབས་ཐམས་ཅད་དུ་དྲིལ་བའི་སྔགས་དེས་ཐུན་ཟོར་ཏུ་བྲབ་སྟེ། འབྲུབ་ཁུང་གི་ལིང་ག་བླངས་ལ། ལྕགས་སྣོད་ལ་སོགས་པར་གན་རྐྱལ་དུ་གཞག་སྟེ། ཐུན་གྱིས་བྲབ་པས་རྡུལ་དུ་བུན་བུན་སོང་བར་བསམ་མོ། །ཡང་དགྲའི་དགུག་གཞུག་བྱས་ལ་སྔར་ཤུལ་དུ་གཞག་གོ། །འགྲུབ་པའི་རྟགས་སུ་དངོས་སམ་ཉམས་སྣང་། རྨི་ལམ་གང་རུང་དུ། དགེ་བཤེས་དང་། དཔོན་སྐྱ་དང་། ཞང་བློན་དང་། བོན་པོ་དང་། ཨ་ཙ་ར་དང་། བྱིས་པ་དང་། མི་ཧྲིང་དམར་པོ་དང་། སྤྱང་ཁི་རྣམས་འབྱུང་ཞིང་། དགྲ་རྟགས་སུ་ཁོའི་མགོ་དང་། དོན་སྙིང་ནང་ཁྲོལ་ཁྱེར་ནས་འབྱུང་བའམ། ཤ་བ་དང་། ར་ལུག་དང་། བ་གླང་ལ་སོགས་པ་བསད་པ་ནི་དགྲའི་བླ་ཚེ་ཁུག་ནས་ལས་འགྲུབ་པའི་རྟགས་སོ། །དེ་ནས་འབྲུབ་ཁུང་ནས་ཕྱུང་ལ། དུག་ཤིང་ཚེར་མ་ཅན་གྱི་མེ་ནང་དུ། ཐིག་ལེ་རྩལ་འཁོར་དང་བཅས་པ་བསམ་ཏེ། ལིང་ག་དབུལ་ཞིང་ཐལ་བ་ལམ་རྒྱ་གྲམ་འོག་ཏུ་མནན་ནོ། །སྙིང་སྣ་དར་གྱིས་གྲིལ་བ་རང་གི་ལུས་ལ་བཅངས་པས་ལུས་དང་གྲིབ་མ་བཞིན་དུ་འོང་བའི་གནད་དོ། །གསུམ་པ་སྤོག་ཆོག་ནི་ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབས་ཀྱང་རྟགས་མེད་ན། འབྲུབ་ཁུང་གི་ལིང་ག་སྟེང་དུ་བཏོན་པའི་འོག་ཏུ་སྐུ་གཞག་ལ། གཡམ་པ་ཁ་ཕྱེས་ནས་འབྲུབ་ཁུང་དེ་ཉིད་དུ་ཐུན་སྔགས་འདིས་བྲབ་བོ། །ཁྲག་ཏུ་སྐྱུགས། སྲོག་རྩ་ཆོད། ཙིཏྟ་བཾ། སྙིང་རྩ་གཏུབས། ཁ་རཾ་ཁ་ཛཿ སྙིང་ཕྱུང་། སྙིང་མ་རུ་རྩ་ལ་རྦུད། ཐུམ་ཐུམ་ལང་ཏེ་རྦུད། ས་དུ་སྙིང་ལིང་། སྙིང་ལ་ཐོད་ད་རུ་ར་མཧཱ་བེ་ཤ་ཛ་ཛཿ ལེ་གད་མར་ནི་ཧཱུྃ། བེ་ཙོན་ད་ཡ་ཏྲི་ག་ཏྲཾ། ཞེས་སྔར་གྱི་སྔགས་རྣམས་བཟློག་པ་བཟླས་(༤)པས། ན་བ་དང་། ངུ་བ་དང་། སྨན་པས་རྩ་ལྟ་བ་རྣམས་བྱུང་དུས། སྐུ་ལ་སྨན་དང་འོ་མས་བཀྲུ་ཞིང་། མཆོད་བསྟོད་ཀྱིས་བཟོད་པར་གསོལ་ཏེ། སྔ་མ་ལྟར་གཞུག་ལ་སྔར་བསྒྲུབས་པ་བཞིན་ཞག་བདུན་བསྒྲུབས་པས་རྟགས་མི་འབྱུང་མི་སྲིད་དོ། །

དོན་གཉིས་པ་གཙོ་བོ་བྱེ་བྲག་ཏུ་སྒྲུབ་པ་ནི། མནྜལ་རོ་སོལ་གྱིས་བྱུགས་པའི་དབུས་སུ། ལིང་ག་གན་རྐྱལ་དུ་བཏང་བའི་སྟེང་དུ་བཤོས་བུ་ཟུར་གསུམ་མཐེབ་སྐྱུས་བསྐོར་བ་ལ་ཙ་ཀ་ལི་བཙུགས་སོ། །དེ་ནས་རང་ཉིད་དཔལ་རྟ་མགྲིན་དམར་པོ་ཞལ་མཆེ་བ་གཙིགས་ཤིང་རྟ་མགོ་ལྗང་ཞུར་རྟ་སྐད་མཚེར་བ། དབྱུག་ཏོ་དང་སྡིག་མཛུབ་ཅན་དུ་བསྒོམ་ལ། ཨཱ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་ནས་མདུན་གྱི་རྟེན་གཏོར་སྐུ་དང་བཅས་པ། སྟོང་པའི་ངང་ལས་ཐུགས་ཀྱི་ཐིག་ལེ་རྩལ་མོན་པ་ནག་པོ་སྔོ་ནག་ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས་ཤིང་སྨ་ར་དང་དབུ་སྐྲ་སེར་ནག །དུག་སྦྲུལ་ནག་པོས་ཐོད་བཅིངས་པ་དང་། རུས་སྦལ་ནག་པོའི་ཁོག་པ་ཞྭ་རུ་གསོལ་པ། ཕྱག་གཡས་ན་སྙིང་ཟོར་དམར་པོ་ཐོག་ལྟར་འཕངས་པ། གཡོན་མི་རྐང་གི་གླིང་བུ་དི་རི་རི་འབུད་པ། དུང་ལོའི་རྣ་ཆ་དང་མགུལ་རྒྱན་ཅན། བ་སྤུའི་ཁུང་ཐམས་ཅད་ནས་ཐོག་དང་སེར་བ་དང་། མེའི་ཚྭ་ཚྭ་འཕྲོ་བར་བྱེད་པའི་ལྟེ་བ་མན་ཆད་རླུང་ནག་འཚུབས་མའི་ནང་ན་བཞུགས་པས་མི་མངོན་པར་བསམས་ལ། ཛཿཧཱུྃ་བཾ་ཧོ། བཛྲ་ས་དྷུ་ས་མ་ཡ་ཧས་བྱ་ཧུས་བྱ་གླེ་གད་མ་ཨཱ་བེ་ཤ་ཡ་ཛ་ཛཿ ཀྱེ་ཚུར་བྱོན། བཛྲ་ས་དྷུ་ས་མ་ཡ། བཛྲ་སྐྱེས་མཆོག་ཐིག་ལེ་རྩལ། བཛྲ་ཀིང་ཀ་ར་ཧྲིང་ཧྲིང་བཛྲ་ས་དྷུ་ས་མ་ཡཿ ཡཀྴ་གིང་ཀ་ར། ཙིཏྟ་ཛྭ་ལ་རཾ། ཝག་ཏྲི་ནྲ྇་ཤི་ནྲ྇། ས་མ་ཡ་ས་དྷུ་ཁ་ཡ། བཛྲ་ས་དྷུ་ས་མ་ཡ། ཕྲ་ན་རྦད་ཐུམ་ཚིལ་གུར་རྦད་ཏི་ས་དུ་ཡ་བྷྱོ། ཀིང་ཀ་ར་ཏྲག་ཨ་པ་ར་ཁྲ་ནི་བྷྱོ། ནྲ྇་མ་ར་ནྲ྇་དུ་ཛཿ ཀིང་ཀ་ར་ས་མ་ཡ། མུ་ལ་རཀྟ་ཙ་མུན་ཏི་བྷྱོ་རྦད། སྲིག་ཤ་ཀྲ་མཱ་ར་ཡ་རྦད་བྷྱོ། ཞེས་འབོད་རྦད་གསད་གསུམ་ཆུན་གཅིག་ཏུ་བཟླས་སོ། །སྤྱིར་སོ་སོར་བཟླས་པ་དང་ཆུན་གཅིག་ཏུ་བཟླས་པ་གཉིས་ཀ་ཡིན་ཏེ། ཞག་ཉི་ཤུ་རྩ་གཅིག་བྱེད་ན། དང་པོ་འབོད་པ། བར་དུ་རྦད་པ། ཐ་མར་བསད་པ་གཙོ་བོར་བཟླས་སོ། །དེ་ཡང་ཛཿཧཱུྃ་ནས་ཧྲིང་ཧྲིང་གི་བར་འབོད་པའོ། །བཛྲ་ས་དྷུ་ནས་བྷྱོའི་བར་རྦད་པའོ། །དེ་མན་ཆད་བསད་པའོ། །འདིར་དྲིལ་ནས་བྱེད་པས་སོ་སོར་དབྱེ་མི་དགོས་སོ། །ཐུན་རྫས་ཐམས་ཅད་ལིངྒ་ལ་ཐུན་གྱིས་བྲབ་པའི་ཚུལ་སྔར་དང་འདྲ་ཞིང་། གཏོར་མ་དང་བསྟོད་བསྐུལ་བྱའོ། །དེ་དག་གི་སྐབས་སུ་ར་བལ་གྱི་རྔ་ཐོད་བཅིངས་ལ། མི་(༥)ལྤགས་སམ་སྟག་ལྤགས་སམ་གཡག་གམ་ར་ལྤགས་གྱོན་ནས་བསྒྲུབས་པས། མོན་པ་དང་ཨ་ཙ་ར་དང་། མི་ནག་པོ་དངོས་སམ། ཉམས་སྣང་ངམ། རྨི་ལམ་དུ་འབྱུང་ཞིང་དགྲ་རྟགས་སྔར་བཞིན་འོང་ངོ་། །དེ་ནས་གདོང་ལ་ར་ཁྲག་གིས་བྱུགས་ཏེ། ར་ལྤགས་གྱོན་ནས་ར་ཞོན་པའི་ལག་པ་གཡས་སུ་ཟོར་མདའ་དང་། རའི་སྙིང་ལྤགས་སུ་ཡུངས་ཀར་གྱི་ཐུན་བླུགས་པ་གཡག་གི་རའི་ནང་དུ་བཅུག་སྟེ་གཟུང་ཞིང་། གཡོན་དུ་ར་ཁྲག་གི་བྱུགས་པའི་གཞུ་བཟུང་ལ། ཟོར་མདའ་དེ་འཕངས་ཤིང་། ཐུན་རེ་དགྲ་ཕྱོགས་སུ་གཏོར་ལ་བྲང་བརྡུང་ཞིང་དམོད་བཅོལ་ཐོན་ཚད་བྱ། རང་གིས་མ་ཉེས་པའི་དཔང་གཟུག་ཅིང་རྦད་པ། བྷྱོཿ སྐྱེས་མཆོག་དམ་ཅན་ཐིག་ལེ་རྩལ། །མོན་པ་ནག་པོ་དགྲ་ལ་བྷྱོ། །རླུང་ནག་འཚུབས་མའི་ཀློང་དཀྱིལ་ནས། །ལྕགས་ཀྱི་མི་ཕོ་དྲག་ཤུལ་ཅན། །དུག་སྦྲུལ་ནག་པོའི་ཐོད་བཅིངས་ལ། །རུ་སྦལ་གཡང་གཞི་ཞྭ་རུ་གྱོན། །ཞལ་ནས་ཁྲག་འབབ་མཆེ་བ་གཙིགས། །གཡས་པས་སྙིང་ཟོར་ཐོག་འཕེན་ཞིང་། །གཡོན་པས་མི་རྐང་གླིང་བུ་འབུད། །བ་སྤུ་ཐོག་སེར་མེ་སྟག་འཕྲོ། །སྐུ་སྟོད་འཇའ་ཚོན་འབར་བ་ལ། །སྐུ་སྨད་རླུང་ནག་འཚུབས་མར་འཁྱིལ། །ལྷ་སྲིན་སྡེ་བརྒྱད་དམག་འགྱེད་ཅིང་། །ལྕགས་སྤྱང་སྔོན་པོ་ཕོ་ཉར་འགྱེད། །དགྲ་བོའི་ཡུལ་དུ་ད་ཆོས་ཤིག །སད་སེར་ནད་ཡམས་འཁྲུགས་པ་ཐོང་། །སྲོག་ཆོད་སྙིང་ཕྱུང་རྩད་ནས་ཆོད། །འུར་འུར་ཆེམ་ཆེམ་ད་རྒྱུག་ཅིག །ཅེས་ངར་དང་བཅས་པས་བརྗོད། དེས་ནི་ལས་ལ་ཐོགས་པ་མེད་པར་འགྲུབ་བོ། །དེ་ནས་ལིང་ག་བསྲེག་ཅིང་རྟེན་གཏོར་འཕངས་ལ་མནན་ཅིང་། བསྐང་གསོ་དང་བླ་རྡོ་ཡང་གཟུང་ངོ་། །དེ་ཡང་གཡུ་མིག་མེད་དང་། གསེར་མེ་མ་ཕོག་པ་དང་། རྡོ་ཕ་ཝང་ལོང་བུ་དང་། ཙན་དན་དམར་པོ་དང་། གུ་གུལ་དཀར་པོ་དང་། ཉུང་དཀར་དང་། ར་སྙིང་གི་རྩེ་རྣམས་འུག་པའི་ཐོད་པར་བླུགས་ལ། ཐོད་པ་དེ་ལ་འབོད་རྦད་བསད་པའི་སྔགས་རྣམས་བྲིས་ཏེ། བལ་ཚོན་གྱིས་དཀྲིས་ནས་དར་དམར་དུ་གཏུམས་ཏེ་མཆན་ཁུང་གཡོན་དུ་བཅང་ངོ་། །དེས་ནི་ལུས་དང་གྲིབ་མ་བཞིན་འོང་ངོ་། །

དོན་གསུམ་པ་ལས་སྦྱོར་ནི། སྒྲུབ་པའི་དུས་ཀྱི་རྟེན་གཏོར་དེ། སྒྲུབ་པའི་རྟགས་བྱུང་ནས་དགྲ་བོའི་ཁང་པའམ་ཕྱོགས་དེར་འཕངས་ཤིང་། རྦད་བསྐུལ་གྱི་རྗེས་ལ། ཆེ་གེ་མོ་འདིས་ཁྱོད་ཀྱི་སྐུ་ལ་བསྡོས་སོ། །གསུང་ལ་སྨད་དོ། །ཐུགས་ལ་བརྙས་སོ། །རིགས་ལ་བསྙེགས་སོ། །དམ་ཚིག་བྲལ་ལོ། །ཁྱོད་ཀྱི་བཀའ་འཁོར་བ་བདག་ཅག་གི་མ་ཉེས་བཞིན་དུ་སྐྱོན་ཕབ་བོ། །སངས་རྒྱས་ཀྱི་བསྟན་པ་བཤིག་(༦)གོ། །དཀོན་མཆོག་གི་དབུ་འཕང་སྨད་དོ། །སྐྱེ་བོ་ཡོངས་ལ་འཚེས་སོ། །བན་བོན་ཡོངས་ལ་གནོད་དོ། །འདིའི་རྒྱབ་ཀྱི་བདུད་ཕོབ་ཅིག །མདུན་གྱི་འོད་ཕྲོགས་ཤིག འགོ་བའི་ལྷ་དང་ཕྲོལ་ཅིག །མཆན་གྱི་བུ་དང་ཕྲོལ་ཅིག །བླའམ་སྲོག་དང་ཕྲོལ་ཅིག །ར་བའི་ཕྱུགས་དང་ཕྲོལ་ཅིག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐོང་ཞིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཐོང་ཞིག །ཁྱིམ་ཆོམས། སྒོ་ཆོག་འོད་ཐོང་། དགྲ་བོའི་ལུས་སེམས་ཕྲོལ་ཅིག །ཅི་མི་འདོད་པ་ཐམས་ཅད་ཐོང་ཞིག །ས་མ་ཡ་བྷྱོ་བྷྱོ། ཞེས་བརྗོད་ཅིང་། དུལ་མོ་བརྡུལ་ལོ། །དེ་ནས་ལིང་ག་བསྲེགས་ཏེ་ལམ་རྒྱ་གྲམ་དུ་མནན་པས་ལས་མཐའ་བསྡུས་ཏེ། སྐབས་སུ་རྦད་བསྐུལ་དྲག་པོ་བྱའོ། །དེས་ནི་དགྲ་བོ་གཉེན་ཚན་འཁོར་དང་བཅས་པ་ལོ་དང་ཟླ་བ་ལས་མི་འགོར་བར་ཕུང་བར་བྱེད་དོ། །འདི་ནི་གསང་བའི་ལས་མཐའ། རྟག་ཏུ་གཏོར་མ་མཆོད་དུས་མདུན་དུ་བསམས་ལ། འབོད་སྔགས་བདུན་བརྗོད་ནས། འབོད་སྔགས་ཀྱི་གཤམ་དུ། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་བས་གསོལ་ནས་དགྱེས་པར་བསམས་ལ་བསྟོད་བསྐུལ་འདི་སྐད་དོ། །ཀྱེ་མེས་པོ་གནམ་རུམ་རུམ་གྱི་རྗེ། །ཕྱི་མོ་ས་མེར་མེར་གྱི་བདག །ཕ་ནི་བདུད་ལ་མ་ནི་སྲིན། །བདུད་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་སྲིན་པོའི་འཇིག་རྟེན་གྱི། །མ་ལ་ཡ་ཡི་ཤར་ཕྱོགས་ན། །སྲིན་མོ་ཁ་ཡི་བྲག་ཕུག་ན། །རླུང་ནག་འཚུབས་མའི་དཀྱིལ་འཁོར་ན། །དགྲ་ལྷ་ཉག་གཅིག་སྐུ་བཞུགས་པ། །ལྕགས་སྤྱང་ནག་པོ་མགོ་དགུའི་སྟེང་། །སྐུ་སྟོད་དར་དཀར་རལ་ཀ་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཕྱག་གཡས་ཞགས་པ་དམར་པོ་ཐོགས། །གཡོན་ན་དབྱུག་ཏོ་འབར་བ་བསྣམས། །ཞལ་ནས་གདུག་པའི་ངན་སྔགས་སྒྲོགས། །སྐུ་ལས་མེ་ཡི་ཚྭ་ཚྭ་འཕྲོ། །སྐྱེས་བུ་དེ་ཡི་བཀའ་ཉན་ནི། །སྡེ་བརྒྱད་གཙོ་འཁོར་གོ་ཞུབ་ཅན། །སུམ་བརྒྱ་དྲུག་ཅུ་སི་ལི་ལི། །ཐོག་སེར་བུ་ཡུག་ཐུ་ལུ་ལུ། །མེ་འོད་མཚོན་ཆ་ཡ་ལ་ལ། །རྣལ་འབྱོར་བདག་གི་བ་ལིང་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཡང་ཅིག་ཐུགས་ཀྱི་སྤྲུལ་པ་ནི། །རླུང་ནག་འཚུབས་མའི་ནང་ཤེད་ན། །མོན་པ་ནག་པོ་འཇིགས་གཟུགས་ཅན། །སེམས་ཅན་སྲོག་གི་ཤན་པ་ནི། །སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ཅིག །སྟོང་དཔོན་ཆེན་པོ་སྐུ་སྐྱོད་ཅིག །སྲོག་བདག་ཆེན་པོ་སྐུ་སྐྱོད་ཅིག །གནས་མཆོག་འདི་རུ་དགྱེས་མཛོད་ལ། །སྒྲུབ་མཆོག་བདག་གི་བ་ལིང་བཞེས། །དགྲ་དང་བགེགས་རྣམས་མེད་པ་དང་། །བསམ་པ་ཐམས་ཅད་འགྲུབ་པར་མཛོད། །དམ་ཚིག་(༧)གཉན་པོ་རབ་དགོངས་ལ། །རྣལ་འབྱོར་བདག་གི་ལས་མཛོད་ཅིག །བསྙེན་སྒྲུབ་ཏིང་འཛིན་སྒོམ་པ་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་རབ་བརྟན་ཞིང་། །འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ཅིང་། ཕུད་ཀྱི་རྒྱུན་སྦྲེངས་སོ། །དེས་ནི་ཅི་བསམ་ཡིད་བཞིན་འགྲུབ་པོ། །

དེ་ལྟར་དམ་ཅན་སྒྲུབ་པ་ཡི། །རིམ་པ་གསལ་བར་བཀོད་པ་ལས། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་རྟག་ཏུ་བསྐྱང་བར་ཤོག །སྐྱེས་བུ་ཆེན་པོའི་གསང་སྒྲུབ་སྙིང་གི་དུམ་བུ་ཞེས་བྱ་བ། ཉང་བན་ཆེན་པོའི་ཡི་གེ་ལས་ཅུང་ཟད་གསལ་བར་བཏུས་ཏེ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།

ས་མ་ཡཿ དགེའོ། །དགེའོ། །དགེའོ།། །།

ཁ་བྱང་འོད་གསལ་སྙིང་པོ།

༄༅། །ཁ་བྱང་འོད་གསལ་སྙིང་པོ་བཞུགས་སོ། །

༄༅། །ཁ་བྱང་འོད་གསལ་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་མངའ་དབང་རྫོགས་པའི་དཔལ། །མཁྱེན་བརྩེའི་ཀླུ་དབང་ཡིད་བཞིན་རྣམ་གྲོལ་གཏེར། །ཐུགས་རྗེའི་དུས་རླབས་སྲིད་ཞིའི་དབྱིངས་ཁྱབ་པའི། །རྒྱལ་བ་སྔོན་མེད་གང་ཅན་མཚོ་ལ་འདུད། །སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས། །ངེས་པའི་སྙིང་པོ་སྐུ་གསུམ་འོད་གསལ་ལམ། །གསང་བ་སྙིང་ཏིག་ཡི་གེ་གྲངས་མང་ལས། །ཡང་ཏིག་ཡིད་བཞིན་ནོར་བུ་གསལ་བར་བྱ། །

ཤིན་ཏུ་ཡང་ཟབ་གནད་རྣམས་འདིར་བསྡུས་པ། །བླ་མེད་གདེངས་ཅན་མཚན་མཆོག་ཐུབ་པ་ཡི། །ཡང་ཟབ་(༢)མངོན་ཕྱུང་གསལ་བར་བསྟན་པ་ལ། །ལོ་རྒྱུས་སྤྲིན་ཚོགས་སྐོར་གསུམ་དབང་རྣམས་དང་། །རྒྱ་མཚོ་སྐོར་གསུམ་དོན་ཁྲིད་སྐོར་གསུམ་དང་། །རྒྱབ་ཡིག་སྐོར་གསུམ་ཡང་ཡིག་སྐོར་གསུམ་དང་། །སྤྲིན་ཕུང་སྐོར་གསུམ་སྒྲོན་མེ་སྐོར་གསུམ་དང་། །བདུད་རྩི་སྐོར་གསུམ་འཁོར་ལོ་སྐོར་གསུམ་དང་། །གེགས་སེལ་སྐོར་གསུམ་ནོར་བུ་སྐོར་གསུམ་དང་། །སྙིང་པོ་སྐོར་གསུམ་མེ་ལོང་སྐོར་གསུམ་དང་། །སྙན་བརྒྱུད་སྐོར་གསུམ་སྤུ་གྲི་སྐོར་གསུམ་སྟེ། །འདི་དག་རྣམས་ཀྱིས་དོན་གཉིས་ཕུན་ཚོགས་བྱེད། །དེ་དག་སོ་སོའི་དགོས་ཆེད་བསྟན་པ་ནི། །ལེགས་པར་བཤད་ཀྱིས་རབ་ཏུ་ཡིད་ལ་ཟུང་། །ལོ་རྒྱུས་ཆེན་མོ་རིན་ཆེན་ཕྲེང་བ་ཡིས། །ངེས་པའི་བཀའ་ལ་ངོ་མཚར་ཡིད་ཆེས་བསྟན། །སྤྲིན་ཚོགས་སྐོར་གསུམ་དངོས་གྲུབ་ཆུ་བོ་འགྲུབ། །བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཀྱིས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྷུན་གྱིས་གྲུབ། །བརྒྱུད་པའི་གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས་ཀྱིས། །བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་སྐྱེ། །མཎྜལ་འབུལ་ཆོག་ཚོགས་གཉིས་སྤྲིན་ཚོགས་ཀྱིས། །ཚོགས་གཉིས་སྒྲིབ་བྱང་སྐུ་གསུམ་ལམ་ལ་རེག །དེ་ཡི་ཕྱིར་ན་ཀུན་གྱི་སྔོན་འགྲོའི་གནད། །འདི་དག་གཅེས་པས་རྟག་ཏུ་བརྩོན་པར་བྱ། །དབང་ཆོག་སྐོར་བཞིས་སྐལ་ལྡན་སྨིན་པར་བྱེད། །གནད་ཡིག་རྣམ་བཞིས་མ་ཚང་ཁ་སྐོང་བྱེད། །སྤྲོས་བཅས་བུམ་དབང་རྡོ་རྗེའི་སྐུ་ཐོབ་ཅིང་། །བསྐྱེད་རྫོགས་ཟུང་འབྲེལ་དོན་ལ་དབང་བར་བྱེད། །དེ་ཡི་གནད་ཡིག་མིང་གི་རིགས་བྱེད་ཀྱིས། །ཡེ་ཤེས་རིགས་ལྔའི་མིང་རྣམས་གསལ་བར་བྱེད། །སྤྲོས་མེད་གསང་དབང་རྡོ་རྗེའི་དབང་ཐོབ་ཅིང་། །ཡེ་ཤེས་དྲོད་འབེབས་ཡེ་ཤེས་འཁོར་ལོའི་དབང་། །དེ་ཡི་གནད་ཡིག་ཡེ་ཤེས་དབབ་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཐོབ། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱིས། །རྡོ་རྗེའི་ཐུགས་(༣)ཐོབ་བདེ་ཆེན་དོན་ལ་སྦྱོར། །དེ་ཡི་གནད་ཡིག་གླིང་བཞི་རྒྱན་གྱུར་གྱིས། །སྐུ་བཞི་ཡེ་ཤེས་ཉི་ཤུ་ལྔ་ལ་སྤྱོད། །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེས། །ཡེ་ཤེས་དོན་ཐོབ་གདོད་མའི་ཟད་སར་ཕྱིན། །དེ་ཡི་གནད་ཡིག་ཡིད་བཞིན་དྲ་བ་ཡིས། །ཚོགས་གཉིས་ལྷུན་རྫོགས་སྐུ་གསུམ་ཞིང་ལ་སྤྱོད། །དེ་ཡི་ཕྱིར་ན་གཞི་ཉིད་སྨིན་པར་བྱེད། །དབང་གི་ཆུ་བོས་དང་པོར་རྒྱུད་སྦྱངས་གཅེས། །རྒྱ་མཚོ་སྐོར་གསུམ་དངོས་གྲུབ་མྱུར་དུ་ཐོབ། །དམ་ཚིག་རིམ་པ་རྣམ་གྲོལ་རྒྱ་མཚོ་ཡིས། །

སྤང་བླང་མཚམས་ཕྱེད་རང་རྒྱུད་དག་པར་བྱེད། །ཚོགས་མཆོད་རིམ་པ་ཡིད་བཞིན་རྒྱ་མཚོ་ཡིས། །ཚོགས་གཉིས་རྫོགས་ཤིང་དངོས་གྲུབ་རྣམ་གཉིས་ཐོབ། །བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཡིས། །བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་འཆར། །དེ་ཡི་ཕྱིར་ན་འདི་དག་ཤིན་ཏུ་གཅེས། །དོན་ཁྲིད་སྐོར་གསུམ་སྨིན་རྗེས་གྲོལ་བར་བྱེད། །སྔོན་འགྲོ་སེམས་སྦྱོང་བདུན་གྱིས་དོན་ཁྲིད་ཀྱིས། །གདོད་མའི་དོན་ལ་འཇུག་པའི་རྐང་སྟེགས་བྱེད། །དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ཀྱིས། །བདེ་གཤེགས་སྙིང་པོའི་དོན་ལ་དངོས་སུ་སྦྱོར། །ཁྲེགས་ཆོད་ཡེ་བབས་སོར་གཞག་དོན་ཁྲིད་ཀྱིས། །གཤིས་ཀྱི་ངང་དེར་མཐར་འཛིན་སྒྲོ་འདོགས་གཅོད། །དེ་ཡི་ཕྱིར་ན་འདི་དག་སྙིང་དང་འདྲ། །རྒྱབ་ཡིག་སྐོར་གསུམ་ཉམས་ལེན་ཡིད་ཆེས་བསྐྱེད། །ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་དྲི་མེད་ཀྱིས། །རྩ་བྲལ་གཉིས་མེད་རེ་དོགས་བྲལ་བར་བྱེད། །ཐོད་རྒལ་རྒྱབ་ཡིག་ཉི་ཟླ་གཟའ་སྐར་གྱིས། །འོད་གསལ་རང་སྣང་གོང་འཕེལ་བཙན་ས་ཟིན། །བཏགས་གྲོལ་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཀྱིས། །མངོན་སུམ་གོང་འཕེལ་བར་དོར་གྲོལ་བའི་གྲོགས། །དེ་ཡི་ཕྱིར་ན་འདི་དག་ཤིན་ཏུ་གཅེས། །ཡང་ཡིག་སྐོར་གསུམ་འཕྱུགས་མེད་གནད་རྣམས་སྟོན། །ཁྲེགས་ཆོད་ཡང་ཡིག་ནམ་མཁའ་ཀློང་ཡངས་ཀྱིས། །མ་བྱས་ཡེ་ཟིན་རྩོལ་བྲལ་ཉག་གཅིག་སྟོན། །ཐོད་རྒལ་ཡང་ཡིག་ནམ་མཁའ་ཀློང་གསལ་གྱིས། །མངོན་སུམ་ཉམས་ལེན་སྙིང་པོའི་དོན་རྣམས་སྟོན། །གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་གྱིས། །མངོན་སུམ་ཡེ་ཤེས་ལུང་དོན་མཐུན་པར་བྱེད། །དེ་ཡི་ཕྱིར་ན་དཀོན་པའི་ཡི་གེ་གསུམ། །མེད་དུ་མི་རུང་ཤིན་ཏུ་གཅེས་པས་ན། །སྙིང་གི་དཀྱིལ་དུ་ཕུར་ཅིག་ས་མ་ཡ། །(༤)སྤྲིན་ཕུང་སྐོར་གསུམ་སྦྱོར་ཐབས་རྒྱབ་ཡིག་སྟེ། །དབང་པོ་དམན་རྣམས་གོང་མར་དྲང་བའི་ཐབས། །རང་བྱུང་བདེ་སྟོང་བདུད་རྩི་སྤྲིན་ཕུང་གིས། །བདེ་ཆེན་ངང་ལས་འོད་གསལ་ཆེན་པོར་སྦྱོར། །རླུང་གི་སྦྱོར་བ་ཡེ་ཤེས་སྤྲིན་ཕུང་གིས། །གསལ་སྟོང་གཉིས་མེད་འོད་གསལ་ངང་ལ་སྦྱོར། །རྣམ་པར་མི་རྟོག་ནམ་མཁའ་སྤྲིན་ཕུང་གིས། །ཆོས་ཉིད་འོད་གསལ་བློ་འདས་ཆེན་པོར་སྦྱོར། །དེ་ཡི་ཕྱིར་ན་དཀོན་པའི་ཡི་གེ་གསུམ། །མངོན་སུམ་སྒོམ་པའི་གྲོགས་སུ་ཤིན་ཏུ་གཅེས། །

སྒྲོན་མེ་སྐོར་གསུམ་ཡང་ཟབ་གནད་རྣམས་སྟོན། །གཞི་སྣང་གསལ་བྱེད་ཡེ་ཤེས་སྒྲོན་མེ་ཡིས། །ཐོག་མའི་གནས་ལུགས་མཆེད་ལུགས་ལེགས་པར་སྟོན། །དཔེ་དོན་གསལ་བྱེད་འོད་གསལ་སྒྲོན་མ་ཡིས། །གཞི་ལམ་འབྲས་བུའི་ཉམས་ལེན་སྙིང་པོ་སྟོན། །ཉམས་ལེན་གནད་ཀྱི་སྒྲོན་མེ་གསལ་བ་ཡིས། །སྙིང་པོའི་ཡེ་ཤེས་གནད་དུ་བསྣུན་ཐབས་སྟོན། །ཡི་གེ་འདི་གསུམ་ཤིན་ཏུ་གཅེས་པས་ན། །སྙིང་དང་མིག་འདྲ་མེད་པའི་ཐབས་མེད་པས། །གཅིག་ལ་གཅིག་འབྲེལ་ཟུང་དུ་ཚོགས་པར་བྱ། །འདི་གསུམ་ཚོགས་པའི་སྐལ་ལྡན་ཉམས་ལེན་ཅན། །རིན་(༤)ཆེན་གསེར་ལ་གཡུ་ཡིས་ཕྲ་བཀོད་བཞིན། །གང་འདོད་ཡིད་བཞིན་ལྷུན་གྱིས་གྲུབ་པ་ཡིན། །དེ་ཡི་ཕྱིར་ན་གནད་འདི་རབ་ཏུ་གཅེས། །བདུད་རྩི་སྐོར་གསུམ་ཉམས་ལེན་སྙིང་པོ་སྟོན། །བདུད་རྩི་ལྗོན་ཤིང་བླ་མའི་སྒྲུབ་ཐབས་ཀྱིས། །འདི་ཕྱིའི་དོན་འགྲུབ་དངོས་གྲུབ་སྤྲིན་ཚོགས་སྡུད། །བདུད་རྩི་དྲི་མེད་ཁྲེགས་ཆོད་ཐོད་རྒལ་གནད། །དུས་བཞིའི་རིམ་པས་གནད་དུ་བསྣུན་ཐབས་སྟོན། །བདུད་རྩི་རྒྱལ་པོས་བརྟུལ་ཞུགས་ལམ་དུ་སློང་། །ནད་གདོན་འདྲེར་སྣང་རྐྱེན་ངན་ཆོས་ཉིད་གྲོལ། །གདོད་ནས་བྱང་ཆུབ་སྤང་བླང་མེད་པར་སྟོན། །གསང་ཆེན་གནད་ཀྱི་ཡི་གེ་འདི་གསུམ་ནི། །ཉམས་ལེན་སྒྲུབ་པའི་གྲོགས་སུ་མེད་ཐབས་མེད། །གནད་འདི་མེད་པར་མངོན་སུམ་བསྒོམས་ན་ཡང་། །ཡང་དག་རྒྱལ་བའི་དགོངས་པ་རྙེད་དུས་མེད། །དེ་ཡི་ཕྱིར་ན་འདི་ལ་ནན་ཏན་གྱིས། །འཁོར་ལོ་སྐོར་གསུམ་རྟག་ཏུ་འོད་གསལ་སྦྱོར། །གནད་གསུམ་ཆོས་ཉིད་འཁོར་ལོ་གསང་བ་ཡིས། །ལྟ་སྟངས་གཟིགས་སྟངས་གནད་ཀྱི་སྙིང་པོ་སྟོན། །ཉིན་མཚན་གཉིས་མེད་འོད་གསལ་འཁོར་ལོ་ཡིས། །དངོས་དང་རྨི་ལམ་བག་ཆགས་འབྲེལ་རྒྱུན་གཅོད། །ཡང་ཟབ་གནད་བསྡུས་ཡེ་ཤེས་འཁོར་ལོ་ཡིས། །ཉིན་མཚན་ཏིང་(༥)འཛིན་གོ་རིམ་གསལ་བར་སྟོན། །ཡི་གེ་འདི་གསུམ་ཚིག་ཉུང་དོན་དྲིལ་བས། །ཉམས་ལེན་ལག་ཁྲིད་སྙིང་ཕྱུང་བཀོད་པས་ན། །ཡང་མཛོད་དམར་པོའི་ནང་དུ་རྒྱས་ཐོབ་ལ། །གོམས་ཤིང་འདྲིས་པའི་གྲོགས་སུ་རྟག་ཏུ་འགྲོགས། །གེགས་སེལ་སྐོར་གསུམ་ཉམས་ལེན་མཐར་ཕྱིན་བྱེད། །ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་གིས། །འབྱུང་བཞིའི་ནད་སེལ་རྩ་ཁམས་སྙོམས་པར་བྱེད། །སྒོ་ཡི་གེགས་སེལ་སྒྲོན་མ་སྣང་བྱེད་ཀྱིས། །འོད་གསལ་འཆར་སྒོ་མིག་གི་གསལ་ཐབས་བྱེད། །རིག་པའི་གེགས་སེལ་ཡེ་ཤེས་དྲི་མེད་ཀྱིས། །ཏིང་འཛིན་སྐྱོན་སེལ་རིག་པའི་ཡེ་ཤེས་སྟོན། །ཡི་གེ་འདི་གསུམ་མེད་པའི་ཐབས་མེད་པས། །ཉམས་སུ་ལེན་པའི་གྲོགས་སུ་གཅེས་པར་ཟུང་། །ནོར་བུ་སྐོར་གསུམ་མཆོག་དང་ཐུན་མོང་འགྲུབ། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །ལྟ་སྒོམ་རྟོགས་པའི་བྱིན་རླབས་དངོས་གྲུབ་སྟེར། །ཡི་དམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བྱེད། །མཁའ་འགྲོའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡིས། །ལས་བཞིའི་ཕྲིན་ལས་དོན་གཉིས་འགྲུབ་པར་བྱེད། །དེ་ཡི་ཕྱིར་ན་དཀོན་པའི་ཡི་གེ་གསུམ། །སྒྲུབ་པའི་གྲོགས་སུ་མེད་དུ་མི་རུང་བས། །ཉིན་མཚན་ཐུན་བཞིར་རྟག་ཏུ་བསྒོམ་པར་བྱ། །བགེགས་དང་ལོག་འདྲེན་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །སྙིང་པོ་སྐོར་གསུམ་ཡང་ཟབ་སྙིང་པོའི་དོན། །ངེས་དོན་མཆོག་གྱུར་བྱང་ཆུབ་སྙིང་པོ་ཡིས། །ཡུད་ཙམ་ཉིད་ལ་ཏིང་འཛིན་འོད་གསལ་འཆར། །ཡང་ཟབ་མཐར་ཐུག་ཡིད་བཞིན་སྙིང་པོ་ཡིས། །རྐྱེན་ངན་ལམ་བསྒྱུར་བདེ་ཀློང་གཅིག་ཏུ་འཁྱིལ། །འཕོ་བ་ཡང་ཟབ་འོད་གསལ་སྙིང་པོ་ཡིས། །བར་དོའི་འཇིགས་བྲལ་གདོད་མའི་གནས་སུ་སྦྱོར། །ཡི་གེ་འདི་གསུམ་ཡང་གསང་སྙིང་ཏིག་གི། །རྒྱུད་ལུང་མན་ངག་སྙིང་ཁུ་མཐར་ཐུག་པས། །གཞན་ལ་མི་སྟོན་རང་ཉིད་ཞེ་དགས་འགྲོགས། །དཔལ་བེའུ་སྒྲོམ་བུར་གསང་བའི་རྒྱས་ཐོབ་ལ། །ཉིན་མཚན་བརྩོན་པས་ཉམས་སུ་ལེན་པ་གཅེས། །མེ་ལོང་སྐོར་གསུམ་འདི་ཕྱིའི་དོན་གཉིས་འགྲུབ། །ངོ་སྤྲོད་སྙིང་པོ་དྲན་པའི་མེ་ལོང་གིས། །ཚེ་འདིར་ཡིད་ཆེས་བར་དོར་གྲོལ་བར་བྱེད། །འཆི་ལྟས་གསལ་བྱེད་དྲན་པའི་མེ་ལོང་གིས། །རྣལ་འབྱོར་ཕུང་པོ་འདོར་བའི་དུས་ཚིགས་(༦)འཛིན། །འཆི་བསླུ་ཡང་ཟབ་དྲན་པའི་མེ་ལོང་གིས། །དལ་འབྱོར་རིང་གནས་ཚེ་འདིའི་སྣང་བ་སྟོན། །ཐབས་ཆེན་གསང་བའི་ཡི་གེ་འདི་གསུམ་ནི། །སྒྲུབ་པའི་གྲོགས་སུ་གཅེས་པའི་ཡིད་ལ་ཟུང་། །དེ་དག་རྣམས་ནི་སྙན་བརྒྱུད་ཡི་གེ་ཅན། །དཔེ་བརྒྱུད་སྙིང་པོའི་གདམས་པ་བླ་ན་མེད། །གཙོ་བོར་ཚེ་འདིར་གྲོལ་བའི་གནད་ཡིན་པས། །སྐལ་བཟང་རྣམས་ཀྱིས་ཉིན་མཚན་བརྩོན་པར་མཛོད། །ཡི་གེ་མེད་པའི་སྙན་བརྒྱུད་གསང་བ་འདི། །གྲུབ་མཐའ་གཅིག་པའི་སྙན་བརྒྱུད་དངོས་ཡིན་ལ། །གཙོ་བོར་བར་དོར་གྲོལ་བའི་གནད་སྟོན་པས། །ཐིག་ལེ་གསང་བའི་སྐོར་ཞེས་བཏགས་ན་ཡང་། །དུང་ཡིག་ཅན་ལས་འདི་དོན་འབྲེལ་བར་གསུངས། །དེ་ཕྱིར་གསང་ཆེན་དོན་གྱི་མན་ངག་འདི། །མེད་དུ་མི་རུང་སྙིང་ཏིག་གྲོགས་སུ་གཅེས། །སྙན་བརྒྱུད་སྐོར་གསུམ་བར་དོའི་གདམས་པ་སྟོན། །སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་གིས། །ཚེ་འདིའི་ཉམས་ལེན་གཙོ་བོར་གསལ་བར་བྱེད། །སྙན་བརྒྱུད་འབྲིང་པོ་འོད་གསལ་རང་སྣང་གིས། །བར་དོའི་ངོ་སྤྲོད་གདམས་པ་གསལ་བར་བྱེད། །སྙན་བརྒྱུད་ཆེན་མོ་ངེས་དོན་རང་སྣང་གིས། །དེ་དག་ཀུན་གྱི་རྒྱབ་ཆོས་གསལ་བར་བྱེད། །གསང་ཆེན་དོན་གྱི་ཡི་གེ་འདི་གསུམ་ནི། །གཅིག་ལ་གཅིག་འབྲེལ་ཚང་བ་ཤིན་ཏུ་གཅེས། །དེང་སང་ཁྱད་པར་སྙན་བརྒྱུད་འདི་ཟབ་པས། །ཡང་ཟབ་སྙིང་པོའི་དོན་འདི་ཉམས་སུ་ལོངས། །བར་དོའི་འོད་གསལ་སྙིང་པོ་ངེས་པར་འགྲུབ། །དེ་དག་རྣམས་ཀྱི་ཆོས་མཛོད་འཛིན་པ་ལ། །རྒྱལ་བ་རིག་འཛིན་རིམ་པས་བཀའ་བསྒོས་པ། །དམ་ཅན་རྒྱ་མཚོ་དཔག་གིས་མི་ལང་ཡང་། །གཙོ་བོར་བཀའ་བསྲུང་གསང་ཆེན་ངེས་པ་ལ། །མ་མོའི་གསང་སྒྲུབ་སྙིང་གི་སྤུ་གྲི་ཡིས། །རང་དང་ཆོས་སྲུང་འགལ་བྱེད་ཆམ་ལ་འབེབས། །གཟའ་རྒོད་གསང་སྒྲུབ་དུག་གི་སྤུ་གྲི་ཡིས། །ཕ་རོལ་དགྲ་དཔུང་ཐལ་བའི་རྡུལ་དུ་རློག །དམ་ཅན་གསང་སྒྲུབ་སྲོག་གི་སྤུ་གྲི་ཡིས། །གནོན་བྱེད་དགྲ་རྣམས་མངོན་སྤྱོད་ཐབས་ཀྱིས་སྒྲོལ། །དེ་ཡི་ཕྱིར་ན་དཀོན་པའི་སྒྲུབ་ཡིག་གསུམ། །ཞལ་གདམས་དམར་ཁྲིད་ཉམས་ལེན་བཀོད་པས་ན། །དཔེ་ལ་མ་བཞག་བསྙེན་སྒྲུབ་ལས་སྦྱོར་འབད། །རྟག་ཏུ་མཆོད་བསྟོད་བསྐང་གསོལ་མཉེས་བྱས་པས། །ཅི་བསམ་འཕྲལ་ལ་ཡིད་བཞིན་འགྲུབ་པ་ཡིན། །བདག་གིས་སྔོན་སྦྱངས་བླ་མ་མཉེས་བྱས་ཤིང་། །རྒྱུད་ལུང་(༧)མན་ངག་རྟོགས་པར་ཞུ་ཏིག་བྱས། །ཚིག་དོན་ཀུན་ཤེས་དམར་ཁྲིད་གནད་རྣམས་མཐོང་། །ཕྱི་ནང་གྲུབ་མཐའི་དོན་ཀུན་ཐམས་ཅད་ཤེས། །གསང་སྔགས་གསར་རྙིང་གསང་ཆེན་དོན་རྣམས་ཤེས། །དེ་བས་ངེས་དོན་སྙིང་པོའི་ཚུལ་འདིར་མཁས། །ཁྱད་པར་མཆོག་གསང་རྫོགས་པ་ཆེན་པོ་ཡི། །གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན་དང་། །དེ་ཡི་མན་ངག་བརྒྱ་དང་བཅུ་དགུ་ཡོད། །ཤིན་ཏུ་ཟབ་པའི་པོ་ཏི་བཞི་རྣམས་ཀྱི། །སྙིང་པོའི་བཅུད་བསྡུས་ཚིག་ཉུང་དོན་འདྲིལ་བ། །ཡང་ཏིག་ཡིད་བཞིན་ནོར་བུའི་རྒྱལ་པོ་ལ། །ཆོས་སྡེ་ལྔ་བཅུ་རྩ་གཅིག་དག་ཏུ་བྱས། །འདིར་ནི་ཡང་ཟབ་གནད་ཀུན་ཚང་བར་སྟོན། །ཕྱི་རབས་སྐལ་ལྡན་གདམས་པ་དོན་གཉེར་ཀུན། །འདི་ལས་མང་ཉུང་གང་ཡང་མེད་པར་ཟུངས། །མང་ཉུང་བྱུང་ན་འགའ་ཡིས་བསླད་པས་ན། །རྩ་བའི་ཁ་བྱང་དག་དང་བསྟུན་པ་གཅེས། །མན་ངག་སྙིང་པོ་སྔ་མས་ཆོག་ན་ཡང་། །དེ་དག་གྲངས་མང་ཁ་ཚང་མཐོང་བར་དཀོན། །གཅིག་ཏུ་མ་འཛོམ་མང་ཞིང་ཁྲོལ་བར་དཀའ། །དེ་ཕྱིར་དེང་སང་ཚེ་ཐུང་འབྱོར་པ་ཆུང་། །སྐལ་ལྡན་ཆོས་མོས་བརྩོན་པ་ཅན་དོན་དུ། །ཉུང་འདུས་དོན་འགྲུབ་མཐོང་བར་རྟོགས་པའི་གནད། །ཡང་ཏིག་ཡིད་བཞིན་ནོར་བུ་གསལ་བར་བྱས། །ཆོས་ཚུལ་འོད་གསལ་ཉི་མའི་སྙིང་པོ་འདི། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོའི་རྩེ་མོ་ཡིས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཁ་བྱང་འདིར་བཀོད་ཆོས་སྡེ་ལྔ་བཅུ་གཅིག །རིག་འཛིན་བླ་མ་མཁའ་འགྲོར་བཅས་པ་དང་། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ལ་གཏད། །ཁྱད་པར་སྨུག་ནག་ཁྲོས་མའི་རྒྱལ་མོ་དང་། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་རྩལ། །མཐུ་དཔལ་ལྡན་པ་གསུམ་ལ་གཉེར་དུ་གཏད། །ཕྱི་རབས་དམ་མེད་འཕྲི་གཞུག་བྱེད་པ་དང་། །འདྲ་མིན་འཆོས་ཤིང་ཡི་གེ་བསླད་པ་དང་། །ཀུན་ལ་སྒྲོགས་ཤིང་གསང་སྒོ་འཆོལ་རྣམས་ལ། །དམ་ཚིག་གཉན་པོས་ཆད་པ་དྲག་ཏུ་ཕོབ། །སྙིང་ཕྱུང་མིག་ཕྲུལ་མི་འདོད་སྣ་དགུ་ཐོང་། །སྐལ་ལྡན་རྣམས་ལ་འགོ་ཞིང་སྟོང་གྲོགས་མཛོད། །

དགེ་བ་འདི་ཡིས་སྲིད་པའི་ཁམས་གསུམ་པོ། །ཐམས་ཅད་ཕྱམ་ཅིག་འཁོར་བའི་མཚོ་བརྒལ་ནས། །གདོད་མའི་ས་ལ་འགྱུར་མེད་ཀུན་ཏུ་བཟང་། །བདེ་ཆེན་ལྷུན་གྲུབ་ཆོས་དབྱིངས་རྒྱལ་པོར་ཤོག །(༨)ཁ་བྱང་འོད་གསལ་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ། དཔལ་ལྷ་ལས་བབས་པའི་རི་ངོགས། ཨོ་རྒྱན་རྫོང་གི་དབེན་གནས་སུ་བཀོད་པ་རྫོགས་སོ།། །།

སློབ་མ་བཟང་པོ་གཞོན་ནུ་སངས་རྒྱས་ཀྱིས། །བསྐུལ་བའི་ངོར་ནི་ལེགས་པར་སྦྱར་བ་ལ། །མོས་གུས་བསྐྱེད་ལ་སྙིང་ནས་གསོལ་བ་ཐོབ། །བྱིན་རླབས་ཚད་མེད་རྟོགས་པ་ཁོང་ནས་འཆར། །ཐམས་ཅད་བཞད་གད་སྒྱུ་མའི་རོལ་མོ་ཆེ། །ཧ་ཧ་སེམས་དང་ཁོས་ཀྱང་གད་མོ་འཆོར། །

ཨ་སྭསྟི། སྐུ་གསུམ་སྟོན་པས་གདུལ་བྱའི་ཁམས་དབང་པོ། །གང་འདུལ་དེར་མཚུངས་བགྲང་ཡས་ཐེག་པའི་ཚུལ། །ཇི་སྙེད་གསུངས་པའི་སྙིང་པོ་རྡོ་རྗེ་ཐེག །ཀུན་གྱི་ཡང་རྩེ་འོད་གསལ་རྫོགས་པ་ཆེ། ༡ །རྒྱལ་སྲས་རིག་འཛིན་གཤེགས་ཤུལ་ལམ་བཟང་མཆོག །གསལ་མཛད་རྨད་བྱུང་སློབ་དཔོན་རྣམ་བདུན་གྱིས། །གདམས་པའི་བཅུད་དྲིལ་ནོར་མཆོག་དབང་རྒྱལ་ལྟའི། །བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཞེས། ༢ །མཚན་གྱི་ཆ་ཤས་སྐལ་བཟང་རྣ་བའི་བཅུད། །སོན་པའི་མོད་ལ་མ་རིག་མུན་པའི་ཚོགས། །སངས་བྱེད་ཉི་གཞོན་ལྟ་བུའི་ལམ་འདི་ལ། །མི་ཕྱེད་སྙིང་ནས་དད་པ་ཐོབ་པའི་ཤུགས། ༣ །ཡི་གེའི་ཕྱི་མོ་སྤར་དུ་བསྐྲུན་པའི་དགེས། །དུས་གསུམ་ལེགས་བྱས་ཆབས་གཅིག་སྡོམ་པའི་བློས། །རྒྱལ་དང་དེ་སྲས་བརྒྱུད་པ་རྒྱ་མཚོ་ཡིས། །ཇི་ལྟར་ཡོངས་བསྔོ་བཟང་པོ་དེ་མཚུངས་ཤོག ༤ །ཀུན་མཁྱེན་རྒྱལ་བསྟན་སྤྱི་དང་བྱེ་བྲག་དག །འཛིན་སྐྱོང་སྤེལ་མཁས་ད་ལྟ་གང་སུ་བཞུགས། །སླད་ནས་འབྱོན་འགྱུར་རྣམས་ཀྱི་སྐུ་ཚེ་དང་། །མཛད་ཕྲིན་གེགས་མེད་གོང་ནས་གོང་འཕེལ་ཤོག ༥ །བཤད་སྒྲུབ་བསྟན་པ་ནམ་མཁའི་མཐར་ཁྱབ་ནས། །སྙན་གྲགས་གདུགས་དཀར་ས་གསུམ་ཡོངས་སུ་ཁྱབ། །སྲིད་ན་སེམས་ཅན་གཅིག་ཀྱང་མི་གནས་པར། །དེ་སྲིད་ནུབ་མེད་རྟག་བརྟན་གནས་གྱུར་ཅིག ༦ །བཟང་ངན་འབྲེལ་ཐོག་དུས་གསུམ་ཕ་མ་ཀུན། །མ་འབད་བཞིན་དུ་གདོད་མའི་གཞི་དབྱིངས་སུ། །རྣམ་གྲོལ་དག་པ་གཉིས་ལྡན་ཆོས་ཀྱི་སྐུར། །ཚེ་གཅིག་ཉིད་དུ་ལྷུན་གྱིས་(༩)གྲུབ་པར་ཤོག། །།

ཅེས་བསྔོ་སྨོན་གྱི་ཚིགས་སུ་བཅད་པ་འདིའང་རྣམ་དཀར་བྱེད་པོ་རང་གིས་འདོད་རྒྱལ་དུ་སྨྲས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་པར་དུ་བཞེངས་ཚུལ་དཀར་ཆག་མུ་ཏིག་ཕྲེང་བ།

༄༅། །བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་པར་དུ་བཞེངས་ཚུལ་དཀར་ཆག་མུ་ཏིག་ཕྲེང་བ་བཞུགས་སོ། །

༄༅། །སྭསྟི་བི་ཛ་ཡནྟུ། ཆོས་དབྱིངས་ཞི་ལས་ནམ་ཡང་མི་གཡོ་བར། །རྣམ་འགྱུར་འགག་མེད་སྐུ་དང་ཡེ་ཤེས་ཀྱི། །རོལ་པ་བགྲང་ཡས་སྲིད་ཞིའི་དབྱིངས་ཁྱབ་པ། །ཀུན་བཟང་བླ་མས་དེང་འདིར་དགེ་ལེགས་སྩོལ། །མ་ལུས་རྒྱལ་བའི་ཡེ་ཤེས་གདུལ་བྱའི་ངོར། །ལྔ་རིག་པཎ་ཆེན་ཟོལ་དུ་ལེགས་བསྒྱུར་ནས། །རྡོ་རྗེའི་སྐུ་བརྙེས་གསང་ཆེན་བསྟན་པའི་དཔྱིད། །དྲི་མེད་བཤེས་གཉེན་དད་བརྒྱའི་གཙུག་གིས་མཆོད། །གང་གིས་ཞལ་ལུང་ཐེག་མཆོག་རྫོགས་པ་ཆེ། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་བཅུད། །གདམས་པའི་མཐར་ཐུག་སྙིང་ཐིག་འདིའོ་ཞེས། །རྒྱལ་བས་རྡོ་རྗེའི་གསུང་གིས་ལན་བརྒྱར་བསྔགས། །ཆོས་ཚུལ་ཆུ་གཏེར་ཆེ་དེར་ཀློང་ཆེན་པའི། །མཁྱེན་དཔྱོད་ས་འཛིན་བསྒྲུབ་བརྩོན་བསྲུབས་ལས་སྐྱེས། །ཟབ་དོན་བདུད་རྩིའི་ཡོངས་གང་ཀེ་ལ་ཤ །ཡང་ཏིག་ཡིད་བཞིན་རིན་ཆེན་འདི་རྨད་བྱུང་། །མཐའ་དྲུག་ཚུལ་བཞི་རྡོ་རྗེ་མདུད་རྒྱའི་ཆིངས། །རྣམ་དཔྱོད་སོར་རྩེའི་ལྷུག་བཀྲོལ་སྐལ་བཟང་འགྲོར། །ཟབ་གནད་རྗེན་ཕྱུང་ལག་མཐིལ་རྫས་བཞིན་དུ། །སྟོན་བྱེད་ལེགས་བཤད་འདི་མཚུངས་གཞན་ཡོད་མིན། །དེ་ཕྱིར་ཟབ་མོའི་ཆོས་ཚན་ཇི་ཙམ་ཞིག །བཞུགས་གྲངས་དཀར་ཆག་ལེགས་བཤད་མུ་ཏིག་ཕྲེང་། །སྡེབས་ལེགས་ཚིག་གི་སྲད་བུར་ལེགས་བསྟར་ནས། །བློ་ལྡན་དགའ་བའི་རྒྱན་དུ་སྦྱིན་གྱིས་ལོངས། །ཞེས་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་མདུན་བསུས་ནས། འདིར་པཎ་ཆེན་བི་མ་ལ་མི་ཏྲའི་ཐུགས་བཅུད་སྙིང་ཏིག་ཆེན་མོའི་ཡང་ཡིག་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྐོར་གྱི་ཆོས་སྡེ་པར་དུ་བཞེངས་པའི་བཞུགས་གྲངས་དཀར་ཆག་ཏུ་བཀོད་པ་ལ་སྤྱིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཕྱི་སེམས་སྡེ་ནང་ཀློང་སྡེ་གསང་བ་མན་ངག་གི་སྡེ་དང་གསུམ་དུ་གྲགས་ཤིང་། མན་ངག་གི་སྡེ་ལ་ཡང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་སོགས་ནང་གསེས་ཀྱི་དབྱེ་བ་མང་དུ་བཞུགས་ཤིང་། དེ་དག་ལས་སེམས་སྡེ་དང་ཀློང་སྡེའི་སྐོར་རྣམས་སྔར་ཤིན་ཏུ་དར་ཞིང་གྲུབ་ཐོབ་ཀྱང་ལྷག་མེད་འོད་ལུས་གྲུབ་པའང་མང་དུ་བྱོན་པར་བྱུང་འདུག་ཀྱང་དེང་སང་ནི་དབང་ལུང་གི་འཆད་སྲོལ་མ་ནུབ་ཙམ་ལས་དར་རྒྱས་ཆེ་བར་མི་སྣང་ལ། མན་ངག་གི་སྡེ་ལས་སྙིང་ཐིག་གི་ཆོས་སྐོར་རྣམས་ནི་དེང་སང་ཡང་མ་ནུབ་པར་བཞུགས་ཤིང་། སྔོན་དུས་གསང་བ་སྙིང་ཏིག་གི་རིང་ལུགས་འཛིན་པའང་མང་དུ་བྱུང་ཚོད་དུ་སྣང་ཞིང་རིས་མེད་ཀྱི་མཁས་གྲུབ་དུ་མས་ཀྱང་ཐུགས་ཉམས་སུ་བཞེས་པ་མང་སྟེ། ཕྱོགས་མཚོན་ཙམ་བརྗོད་ན། རྗེ་བཙུན་ས་སྐྱ་པཎྜི་ཏ་དང་། མི་ལ་བཞད་པའི་རྡོ་རྗེ་སོགས་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས་ཚུལ་སོ་སོའི་གསུང་དུ་གསལ་ལ། དེ་བཞིན་དུ་རྒྱལ་བའི་དབང་པོ་ཀརྨ་པ་རིམ་བྱོན་དང་། རྗེ་བཙུན་ཙོང་ཁ་པ། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་སོགས་ཀྱིས་ཀྱང་ཐུགས་དམ་གྱི་གཙོ་བོར་མཛད་ཚུལ་སོ་སོའི་རྣམ་ཐར་དང་གསུང་སོགས་གུང་བསྟུན་པས་ཤེས་ཤིང་། དེ་ཙམ་དུ་མ་ཟད་གྲུབ་མཐའ་སོ་སོར་རྙིང་མའི་བརྒྱུད་ཚུལ་ཁོ་ན་ལ་ལྟོས་མ་དགོས་པར་རང་རང་ལ་བཀའ་བབས་ཀྱི་ཚུལ་དུ་ཕྱིན་པའི་རྫོགས་ཆེན་གྱི་ཆོས་ཚུལ་མང་སྟེ། ས་ལུགས་ལ་བསམ་གཏན་གླིང་པའི་ཨ་ཏི་ཞེས་པའི་རྫོགས་ཆེན་གྱི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བར་ཡོད་ལ། བཀའ་བརྒྱུད་ཕྱོགས་ལ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་བི་མ་ལ་མི་ཏྲས་དངོས་སུ་གནང་བའི་རྫོགས་ཆེན་ཀརྨ་སྙིང་ཏིག་ཞེས་པའི་སྐོར་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་ཞང་གཡུ་བྲག་པ་འགྲོ་བའི་མགོན་པོས་ཀྱང་རྫོགས་ཆེན་གྱི་ཆོས་ཚུལ་རང་གཏེར་དུ་བཞེས་པའི་ལོ་རྒྱུས་སྣང་ལ། རིགས་འདུས་སྨན་པའི་རྒྱལ་པོའི་བྱིན་གྱིས་བརླབས་པའི་སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་བསྩལ་བའི་གཡུ་ཐོག་སྙིང་ཏིག་དང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པ་ཆེན་པོའི་ཐུགས་དམ་དུ། གྲུབ་ཆེན་ལས་ཀྱི་རྡོ་རྗེས་དཔལ་གསང་བའི་བདག་པོ་ལ་ཞུས་པའི་ཞུས་ལེན་བདུད་རྩི་སྨན་མཆོག་ཅེས་རྫོགས་པ་ཆེན་པོའི་ལྟ་གྲུབ་ཀྱི་ཟབ་གནད་ཇི་བཞིན་དུ་སྟོན་པའི་ཆོས་སྐོར་རྒྱས་པར་ཡོད་ལ། དེ་དག་གིས་མཚོན་པའི་སྙན་བརྒྱུད་དང་དག་སྣང་དུ་བྱོན་པའི་ཆོས་ཚན་སོགས་གྲུབ་མཐའ་སོ་སོར་ནང་གསེས་ཕྲན་ཚེགས་མང་ཡང་ཐམས་ཅད་སྨོས་ཀྱིས་མི་ལངས་ལ། རང་ལུགས་ལ་རྫོགས་ཆེན་གྱི་ཆོས་སྐོར་རྒྱ་མཚོ་ལྟ་བུ་བཞུགས་པ་ལས། ཤིན་ཏུ་ཟབ་པ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པས་གྲོལ་བ་གནད་ཐོག་གི་མེ་བཙའ་ལྟ་བུ་སྙིང་ཏིག་ཆེན་མོ་ཡང་གསང་བླ་ན་མེད་པའི་སྐོར་རྣམས་ཡིན་ཏེ། དེ་ལའང་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ལས་བརྒྱུད་པའི་ལུགས་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ནས་བརྒྱུད་པའི་ལུགས་ཀྱི་བཀའ་སྲོལ་ཆེན་པོ་གཉིས་སུ་བཞུགས་པ་ལས་འདིར་པཎ་ཆེན་བི་མ་ལའི་ལུགས་ཏེ། དེ་ཡང་པཎ་ཆེན་འདི་ཉིད་སྤྱིར་ཤེས་བྱ་རིག་པའི་གནས་ལྔ་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་ཕྱི་ནང་གི་གྲུབ་པའི་མཐའ་གང་ཡང་མི་མཁྱེན་པ་མེད་ལ། ཁྱད་པར་དུ་མཁས་པ་ཤྲཱི་སིངྷ་དང་། པཎ་ཆེན་ཛྙཱ་ན་སུ་ཏྲ་གཉིས་ལས་རྫོགས་པ་ཆེན་པོ་མ་ལུས་པ་གསན་ཞིང་ཚིག་དོན་ལ་མཁས་པར་སྦྱོངས་ཤིང་ཐུགས་སུ་ཆུད་པས་ཟབ་དོན་ཉམས་བཞེས་ལ་བརྩོན་པའི་སྟོབས་ཀྱིས་སྣང་བ་བཞིའི་རྟོགས་པ་མཐར་ཕྱིན་ནས་རྣམ་དག་འཕོ་བ་ཆེན་པོའི་སྐུ་འགྲུབ་པས་བསྐལ་པ་མ་ཞིག་གི་བར་དུ་རྡོ་རྗེའི་སྐུ་ལས་འདས་གློང་མི་མངའ་བར་སེམས་ཅན་གྱི་དོན་མཛད་ཅིང་ད་ལྟའང་སྐུ་དངོས་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་ཤིང་ལོ་བརྒྱ་བརྒྱ་ན་བོད་ཡུལ་འདིར་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་སྤེལ་བར་མཛད་པར་གྲགས་སྟེ། དེ་ལྟ་བུའི་པཎ་ཆེན་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་ན་རྒྱལ་པོ་ཨིནྡྲ་བྷུ་ཏིའི་མཆོད་གནས་སུ་བཞུགས་པ་ལ། བོད་ཀྱི་ཡུལ་འདིར་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་བསྒྱུར་ཞིང་རྒྱལ་པོ་ཡབ་སྲས་སོགས་ལ་རྫོགས་པ་ཆེན་པོའི་ཆོས་རྣམས་མང་དུ་གསུངས་ཤིང་། ཁྱད་པར་དུ་ཉང་ཤའི་སྤྱན་ཅན་ཞེས་གླིང་བཞི་དུས་གཅིག་ལ་གཟིགས་ཤིང་ཏིང་ངེ་འཛིན་ཐུན་གཅིག་གིས་ལོ་བདུན་འདའ་ནུས་པ་དེ་ཉིད་སྣོད་ལྡན་དུ་གཟིགས་ནས་སྙིང་ཏིག་གི་གདམས་པ་རྣམས་ལྷག་མ་མེད་པར་གནང་། ཉང་གི་དཔེ་རྒྱུད་དང་། སྙན་བརྒྱུད་གཉིས་སུ་ཕྱེས་ཏེ། སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་བ་ལ་གནང་ཞིང་། དཔེ་བརྒྱུད་རྣམས་གཏེར་དུ་སྦས་ནས་ཟག་མེད་འོད་སྐུར་གཤེགས།

དེ་ནས་ལོ་བརྒྱ་ན་བི་མའི་སྤྲུལ་པ་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་གྱིས་དཔེ་རྒྱུད་རྣམས་གཏེར་ནས་ཕྱུངས་ཤིང་། སྙན་རྒྱུད་ཀྱང་བཙལ་ནས་གསན་ཏེ་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང་། ལྕེ་བཙུན་ཉིད་བི་མ་མི་ཏྲ་དང་དངོས་སུ་མཇལ་ཞིང་ཟབ་པ་པོད་བཞི་སོགས་གཏེར་ནས་བཞེས་ཤིང་བསྒོམ་པས་སྐུ་འོད་ཀྱི་ཕུང་པོར་ཡལ། དེ་ནས་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་སོགས་ལ་རིམ་པར་བརྒྱུད་ནས་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་བཀའ་བབས་པ་ཡིན་ལ། ཀུན་མཁྱེན་ཆེན་པོ་འདིས་སྙིང་ཐིག་ཆེན་མོའི་དཀའ་བའི་གནས་རྣམས་ལེགས་པར་བཀྲལ་ནས་ཡིག་ཆ་ཉུང་ངུའི་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པར་ནུས་ཤིང་ཤིན་ཏུ་འཇུག་པ་བདེ་བའི་མན་ངག་ཡང་ཏིག་ཡིད་བཞིན་ནོར་བུའི་སྐོར་རྣམས་དགོངས་གཏེར་ཟབ་མོ་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པར་མཛད་ནས་སྐལ་ལྡན་མང་པོ་རྗེས་སུ་འཛིན་པར་མཛད་པས་བོད་ཡུལ་སྟོད་སྨད་ཀུན་དང་ལྷོ་མོན་གྱི་ཡུལ་ཚུན་ལ་སྙིང་ཏིག་གི་བསྟན་པ་རྒྱ་ཆེར་འཕེལ་ཞིང་དར་རྒྱས་ཆེ། ཁྱད་པར་དུ་ཀུན་མཁྱེན་ཆེན་པོ་འདིའི་བཀའ་དྲིན་གྱིས་རྫོགས་པ་ཆེན་པོའི་རིང་ལུགས་གྲུབ་མཐའ་གཞན་དང་མ་འདྲེས་པར་གྲུབ་མཐའ་རང་རྐང་ཚུགས་ཤིང་སྙིང་ཐིག་ཟབ་མོའི་ལྟ་གྲུབ་རྣམས་མ་འཕྱུག་པར་སྟོན་པས་རྫོགས་ཆེན་རང་སྐད་ཐོན་པར་བྱུང་ཞིང་། ཆོས་རྒྱུད་དང་རིང་ལུགས་འཛིན་པའང་མང་དུ་བྱོན་པས་སྙིང་པོའི་ཉམས་ལེན་དང་ཉམས་རྟོགས་ཀྱི་སྐྱེ་ཚུལ་སོགས་མ་ཉམས་པར་ཡོད་པ་ལ། སླར་ཡང་འགྲོ་བའི་བླ་མ་གཏེར་བདག་གླིང་པ་སྐུ་མཆེད་དང་། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་སོགས་ཀྱི་བཀའ་དྲིན་གྱིས་ཀྱང་དར་རྒྱས་ཆེ་བར་བྱུང་ཞིང་། དུས་ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་སྙིང་ཏིག་ཟབ་མོའི་གནད་སྟོན་པའི་བསྟན་བཅོས་མང་དུ་མཛད་ཅིང་སྙིང་པོའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས་བཀའ་དྲིན་ཆེ་ཞིང་། ཁྱད་པར་བོད་ཆེན་པོའི་ལྗོངས་འདིར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་གྱིས་སྙིང་ཏིག་ཟབ་མོའི་ལྟ་གྲུབ་ཀྱང་ཀུན་མཁྱེན་ཆེན་པོའི་བཞེད་པ་གཙང་མར་འཛིན་ཞིང་དབང་ཁྲིད་ལུང་གསུམ་གྱི་བརྒྱུད་པ་མ་ཉམས་པར་བདག་གི་བླ་མའི་བར་དུ་བཞུགས་ཤིང་། གཞན་ཡང་མདོ་ཁམས་སྒང་དྲུག་ཐམས་ཅད་ཁྱབ་པར་སྤེལ་བའི་བཀའ་དྲིན་མཛད་དེ་བོད་ཆེན་པོའི་ལྗོངས་འདིར་སྙིང་ཏིག་བསྟན་པའི་ཆུ་འགོ་ཡིན་ལ། གཞན་ཡང་མདོ་ཁམས་ཀྱི་ཕྱོགས་འདིར་སྙིང་ཐིག་གི་ཆོས་ཚུལ་འཛིན་པ་མང་དུ་བྱོན་པར་སྣང་སྟེ། དེ་དག་ནི་གང་ལས་བྱུང་བའི་ལོ་རྒྱུས་ཕྱོགས་ཙམ་ཞིག་འཕྲོས་སུ་གླེང་ནས། སྐབས་དོན་སྙིང་པོར་ཆོས་ཚུལ་ཟབ་མོ་འདི་ཉིད་ཇི་ལྟར་པར་དུ་བསྒྲུབས་པའི་ཚུལ་ནི། སྦྱོར་ལུང་གི་ཆོས་རྣམས་ཚིག་དང་ཡི་གེ་ལ་ལྟོས་དགོས་པ་དང་། དེ་དག་ཀྱང་དག་མ་དག་གི་རྗེས་སུ་འགྲོ་ཞིང་ལྡོག་པའི་རྒྱུ་མཚན་གྱིས་བོད་ཆེན་འཛིན་མའི་གཞི་ལ་སྟོབས་ཀྱི་འཁོར་ལོ་སྒྱུར་བས་ཡངས་པའི་ས་ཆེན་པོ་ཆབ་སྲིད་ཀྱི་གདུགས་དཀར་པོ་གཅིག་གིས་ཁེབས་ཤིང་འཇིག་པ་མེད་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་ཆེན་པོ་འདི་ཉིད་དུ། ཡངས་པའི་མངའ་རིས་ཆོས་བཞིན་དུ་སྐྱོངས་ཤིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྟོབས་ཀྱི་དཔུང་པས་འདེགས་པ་ལ་གཞན་དྲིང་མི་འཇོགས་པས། རིས་མེད་ཀྱི་བསྟན་པ་ལ་སྲི་ཞུ་བླ་ལྷག་ཏུ་ཆེ་བ། ལུགས་གཉིས་ཀྱི་མཁྱེན་དཔྱོད་ལ་འགྲན་ཟླར་མ་གྱུར་པའི་བྱམས་ལྡན་མིའི་དབང་པོ་སའི་ཚངས་པ་ལྷ་སྲས་ཡིད་བཞིན་ནོར་བུ་དང་། ཁྱད་པར་མ་ཡུམ་ཚེ་དབང་ལྷ་མོ་ཉིད་ཀྱིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་རིང་ལུགས་འདི་ཉིད་མི་ཉམས་ཤིང་གོང་དུ་འཕེལ་བ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕན་བདེའི་ལེགས་ཚོགས་རྒྱས་ཤིང་། ཁྱད་པར་མངའ་འབངས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པ་དང་། བསྟན་པའི་རྩ་ལག་ཆོས་སྐྱོང་བའི་རྒྱལ་པོ་ལྷ་སྲས་ཡིད་བཞིན་ནོར་བུ་འདི་ཉིད་སྐུ་ཚེ་བརྟན་ཞིང་ཆབ་སྲིད་རྒྱས་པ་སོགས་ཀྱི་ཆེད་དུ། ལྷག་པའི་ཐུགས་བསྐྱེད་ཟླ་བ་ལྟར་དཀར་བས་ཆོས་ཚུལ་ཟབ་མོ་འདི་དང་མཁའ་འགྲོ་ཡང་ཏིག་བཅས་ཆབས་གཅིག་ཏུ་པར་དུ་བརྐོ་བར་མཛད་ཅིང་། དེ་ཡང་སྙིང་ཐིག་རྩ་བའི་ཡིག་ཆ་མ་ལྟ་བུ་ལ། དེ་ལས་འཕྲོས་པའི་ཡིག་ཆ་རྣམས་བུའི་ཚུལ་དུ་བཞུགས་པ་ལ། སྙིང་ཐིག་མ་བུ་དང་། སྙིང་ཐིག་སོ་སོའི་ཟབ་གནད་སྟོན་པའི་ཡང་ཏིག་རེ་དང་བཅས་པ་ལ་སྙིང་ཐིག་ཡ་བཞིར་ཡང་གྲགས་པ་ལས། འདིར་སྙིང་ཐིག་ཟབ་མོའི་གནད་རྣམས་ལེགས་པར་སྟོན་པའི་ལེགས་བཤད་ཀྱི་ཉིང་ཁུ་ཡང་ཏིག་འདི་གཉིས་ཉམས་སུ་ལེན་པའི་གང་ཟག་ལ་མེད་དུ་མི་རུང་བར་ཤིན་ཏུ་གལ་ཆེ་བར་གཟིགས་ནས་པར་དུ་བཞེངས་པའི་ཚེ། ཐོག་མར་ཕྱི་མོ་དག་པ་ཉིད་གཙོ་ཆེ་བའི་ཕྱིར་ཁོ་བོ་ལ་བཀའ་ཕེབས་པ་བཞིན་ཞུས་དག་ཡང་ཡང་བགྱིས་ཏེ། དེ་ཡང་ཡི་གེ་དག་པ་འགའ་ཞིག་སྒོ་བསྟུན་ནས་ཡིག་སྡེབས་མ་དག་པ་རྣམས་བརྡ་དག་གི་བསྟན་བཅོས་དང་མཐུན་པར་མི་བཅོས་སུ་མི་རུང་བ་རྣམས་ལེགས་པར་བཅོས། བརྡ་རྙིང་ལྟ་བུ་འགའ་ཞིག་འདུག་པ་དང་། སྔགས་རྣམས་བཏགས་གྲོལ་སོགས་འགའ་ཞིག་ལེགས་སྦྱར་དང་བསྟུན་དུ་མ་མཆིས་པས་ཕལ་ཆེར་ཡིག་རྙིང་སོར་བཞག་ལས་འོས་མ་མཆིས་པས་དེ་བཞིན་དང་། གཞན་རང་བློས་གང་དཔོག་དཔྱད་བརྡར་གང་གཙང་ལས་བཏང་སྙོམས་སུ་བཞག་པ་ཅུང་ཟད་ཙམ་ཡང་གཏན་ནས་མ་བགྱིས་པར་ཞུས་ཤིང་དག་པར་བགྱིས་པ་ཡིན་ལ། དེའི་ཚེ་མིའི་དབང་མོ་འདི་ཉིད་རིང་མོ་ཞིག་ནས་གཏོང་བ་ལ་གོམས་པའི་ཕྱག་རིང་པོར་བརྐྱང་བས་འབྱོར་པ་མི་ཟད་པ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་བྲི་བརྐོས་ཞུས་སྦྱོར་སོ་སོར་ཇི་ལྟར་འོས་པའི་ཡོན་སྔོན་གྱི་སྲོལ་རྒྱུན་ལྟར་གྱིས་ཚིམ་པར་མཛད་ནས། དྲུག་ཅུ་སྐོར་བཅུ་བཞི་པའི་ཐོག་མར་སླེབ་པའི་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོར། དབྱར་དུས་མེ་ཏོག་དང་ལོ་འདབ་རྒྱས་པའི་དུས་ནས་འགོ་བརྩམས་ཏེ། རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོའི་སྟོན་གསུམ་ལོ་ཏོག་དང་འབྲས་བུ་ཡོངས་སུ་སྨིན་པའི་དུས་བཟང་པོར་ལེགས་པར་གྲུབ་པ་ཡིན་ལ། དེ་ལྟར་གྲུབ་པའི་ཟབ་མོ་ཆོས་ཀྱི་གླེགས་བམ་ཆེན་པོ་འདིར་ཆོས་ཚན་སོ་སོའི་བཞུགས་གྲངས་དཀར་ཆག་ཏུ་བཀོད་པ་ལ། སྤྱིར་ཐེམ་བྱང་ལ་ཇི་ལྟར་འཁོད་པ་དེ་ལས་མ་འདས་ཀྱང་འདིར་པར་ཡིག་སོ་སོར་འཚོལ་བདེ་བ་དང་ཆོས་ཚན་ཇི་ལྟར་བཞུགས་ཚུལ་ཤེས་སླ་བ་སོགས་ཀྱི་ཆེད་དུ་དཔེ་མཚོན་ཀ་ཐོར་བསྒྲིགས་ནས་བཀོད་པ་ལ།

ཀ་པ་ལ་ཁ་བྱང་ཉི་མའི་སྙིང་པོ། ཁ་པ་ལ་ལོ་རྒྱུས་རིན་ཆེན་ཕྲེང་བ། ག་པ་ལ་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས། ང་པ་ལ་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས། ཅ་པ་ལ་མཎྜལ་འབུལ་བའི་ཆོ་ག་དང་སྐུ་གསུང་ཐུགས་ཀྱི་མཎྜལ། ཆ་པ་ལ་སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲ་བ། ཇ་པ་ལ་སྤྲོས་བཅས་མིང་གི་རིམ་པ། ཉ་པ་ལ་སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ། ཏ་པ་ལ་གནད་ཡིག་བུམ་པའི་བརྡ་དོན། ཐ་པ་ལ་བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ། ད་པ་ལ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ། ན་པ་ལ་གླིང་བཞི་རྒྱན་གྱུར་གྱི་མཎྜལ། པ་པ་ལ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ། ཕ་པ་ལ་ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཚིག་ཡིད་བཞིན་དྲྭ་བ། བ་པ་ལ་དམ་ཚིག་རིམ་པ་རྣམ་གྲོལ་རྒྱ་མཚོ། མ་པ་ལ་ཚོགས་མཆོད་རིམ་པ་ཡིད་བཞིན་རྒྱ་མཚོ། ཙ་པ་ལ་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ། ཚ་པ་ལ་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད། ཛ་པ་ལ་དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། ཝ་པ་ལ་ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད། ཞ་པ་ལ་ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད། ཟ་པ་ལ་ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར། འ་པ་ལ་བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ། ཡ་པ་ལ་ཁྲེགས་ཆོད་ཡང་ཡིག་ནམ་མཁའ་ཀློང་ཡངས། ར་པ་ལ་ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ། ལ་པ་ལ་གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན། ཤ་པ་ལ་བདེ་སྟོང་བདུད་རྩི་སྤྲིན་ཕུང་། ས་པ་ལ་རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་། ཧ་པ་ལ་རྟོག་མེད་ནམ་མཁའ་སྤྲིན་ཕུང་། ཨ་པ་ལ་གཞི་སྣང་ཡེ་ཤེས་སྒྲོན་མེ། ཀི་པ་ལ་ངེས་དོན་གསལ་བྱེད་སྒྲོན་མེ། ཁུ་པ་ལ་ཉམས་ལེན་གནད་ཀྱི་སྒྲོན་མེ། གེ་པ་ལ་བདུད་རྩི་ལྗོན་ཤིང་གི་གནད་ཡིག །ངོ་པ་ལ་བདུད་རྩི་དྲི་མེད། ཅི་པ་ལ་འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ། ཆུ་པ་ལ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ། ཇེ་པ་ལ་ཉིན་མཚན་འོད་གསལ་གྱི་འཁོར་ལོ། ཉོ་པ་ལ་ཡང་ཟབ་ཡེ་ཤེས་འཁོར་ལོ། ཏི་པ་ལ་རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩི་ལྗོན་ཤིང་། ཐུ་པ་ལ་བརྟེན་པ་སྒོའི་གེགས་སེལ་སྒྲོལ་མ་སྣང་བྱེད། དེ་པ་ལ་རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད། ནོ་པ་ལ་བླ་མ་ཡིད་བཞིན་ནོར་བུ། པི་པ་ལ་ཡི་དམ་ཡིད་བཞིན་ནོར་བུ། ཕུ་པ་ལ་མཁའ་འགྲོ་ཡིད་བཞིན་ནོར་བུ། བེ་པ་ལ་ངེས་དོན་བྱང་ཆུབ་སྙིང་པོ། མོ་པ་ལ་མཐར་ཐུག་ཡིད་བཞིན་སྙིང་པོ། ཙི་པ་ལ་འཕོ་བ་འོད་གསལ་སྙིང་པོ། ཚུ་པ་ལ་ངོ་སྤྲོད་དྲན་པའི་མེ་ལོང་། ཛེ་པ་ལ་འཆི་ལྟས་དྲན་པའི་མེ་ལོང་། ཝོ་པ་ལ་འཆི་བསླུ་དྲན་པའི་མེ་ལོང་། ཞི་པ་ལ་སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་། ཟུ་པ་ལ་སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང་། འེ་པ་ལ་སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་། ཡོ་པ་ལ་དཔལ་ལྡན་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ། རི་པ་ལ་ར་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ། ལུ་པ་ལ་གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་པ། འདི་ཡང་ཏིག་གི་ཆོས་སྡེར་མ་བྱུང་ཡང་ཀློང་ཆེན་པའི་གསུང་དུ་སྣང་། ཤེ་པ་ལ་དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ། སོ་པ་ལ་ཁ་བྱང་དོན་གསལ་སྙིང་པོ། དེ་ལྟར་གཞུང་གི་ཁ་བྱང་ལ་ཇི་ལྟར་བཞུགས་པའི་ཆོས་ཚན་མ་ཚང་བ་མེད་པ་པར་དུ་བཞུགས་པ་ཡིན་ལ། དེ་ལྟ་བུའི་ལེགས་བྱས་རྒྱ་ཆེར་སྤེལ་བའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡང་། འདིར་སྨྲས་པ། བསྐལ་མང་སྦྱོང་བགྲོད་ཚུལ་ལ་བལྟོས་མིན་པར། །ཚེ་གཅིག་ཁོ་ནས་སྐུ་གསུམ་མངོན་བྱེད་པའི། །གསང་ཆེན་རྒྱུད་སྡེའི་ཡང་སྙིང་རྫོགས་པ་ཆེ། །རྒྱལ་གསུང་ཐེག་ཀུན་རྩེ་ན་མངོན་པར་མཐོ། །དེ་ལྟའི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་གནས། །རྒྱལ་ཀུན་བགྲོད་གཅིག་ལམ་གྱི་ཆུ་གཏེར་ལས། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི། །མཁྱེན་དཔྱོད་དེད་དཔོན་གྱིས་བླངས་ཡིད་བཞིན་ནོར། །འདི་ཀོ་ཀུན་བཟང་དགོངས་པ་བདེ་བླག་ཏུ། །སྒྲིབ་བྲལ་སྐལ་བ་བཟང་ལྡན་གདུལ་བྱའི་འགྲོར། །འཆད་ལ་རིངས་ནས་དྲི་མེད་བཤེས་གཉེན་དེ། །མིང་ཚིག་ཡི་གེའི་གཟུགས་ཀྱིས་བྱོན་པ་བཞིན། །དེ་ཕྱིར་ཆོས་ཚུལ་ནུབ་མེད་བསྟན་པའི་བཙས། །ཡི་གེ་གཅིག་ལས་དུ་མ་འབྱུང་བའི་འཕྲུལ། །ངོ་མཚར་པར་གྱི་ཆུ་ཁུར་བྲེས་པ་ལས། །ཆོས་སྦྱིན་ཆར་རྒྱུན་མཛད་པ་མེད་པའི་དཔྱིད། །ཚུལ་འདི་བོད་ཆེན་གསེར་ལྡན་ཡངས་པའི་ཁྱོན། །སྟོབས་ཀྱི་དཔུང་པས་རང་དབང་དུ་མཛད་ཅིང་། །རིས་མེད་རྒྱལ་བསྟན་སྲི་ཞུས་འདེགས་གཟོད་པའི། །སྡེ་བཞི་དགེ་བཅུས་ཆེ་བའི་རྒྱལ་ཁབ་ནས། །ས་ཡི་ཚངས་པའི་མི་དབང་ཡུམ་སྲས་ཀྱི། །དགེ་བའི་ཐུགས་བསྐྱེད་དཔྱིད་ཀྱི་དཔལ་མོ་ཡིས། །བསྟན་འགྲོའི་བདེ་སྐྱིད་དབྱར་སྐྱེས་འགུགས་པའི་སླད། །གཏན་པ་མེད་པའི་ཆོས་སྦྱིན་འདི་བརྩམས་སོ། །དེ་ལྟའི་ལེགས་བྱས་དྲི་མེད་གངས་རི་ལས། །བྱུང་བའི་དགེ་ཚོགས་རླབས་ཆེན་སྤྱོད་པའི་ཀླུང་། །འཁོར་གསུམ་ཡང་དག་འཇུག་ངོགས་བདེ་བ་རུ། །དྲངས་ནས་བྱང་ཆེན་རྒྱ་མཚོར་བསྔོས་པའི་མཐུས། །ས་བདག་ལྟོས་བཅས་ཀྱིས་གཙོས་མཁའ་མཉམ་འགྲོའི། །ལས་ཉོན་འཐིབས་བུའི་སྨག་རུམ་ཀུན་བསལ་ནས། །ཐར་གླིང་སྣང་བ་དམ་པའི་དགའ་སྟོན་གྱིས། །སྐུ་བཞིའི་གྲོང་ཁྱེར་ཡངས་པར་ཕྱིན་གྱུར་ཅིག །གནས་སྐབས་སུ་འང་འཇིག་རྟེན་ཁམས་ཀུན་ཏུ། །ལྔ་བདོའི་ཉེས་སྤྱོད་ལྟོ་འགྲོ་གདུག་པའི་ཁས། །བཏང་བའི་མཐུན་མིན་བསྐལ་པ་ངན་པའི་རླངས། །ཐམས་ཅད་མིང་གི་ལྷག་མ་ཉིད་གྱུར་ཅིག །བསྐལ་མང་ལེགས་སྤྱོད་སྙན་པའི་གླིང་བུ་ཡིས། །ཕན་བདེའི་ལེགས་ཚོགས་འཛད་མེད་ཤིས་པའི་གྲོགས། །མགྲོན་དུ་གཉེར་ནས་རྫོགས་ལྡན་བདེ་འབྱོར་ལ། །ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་གྱུར་ཅིག །ཁྱད་པར་ས་སྤྱོད་དབང་མོ་སྲས་ཡུམ་ཀུན། །སྲིད་འདིའི་དཔལ་དུ་བསྐལ་བརྒྱར་འཚོ་བཞེས་ཤིང་། །ཆབ་སྲིད་མངའ་ཐང་དབྱར་གྱི་ལང་ཚོ་མས། །བསྐྱེད་པའི་ཀླུང་བཞིན་གོང་འཕེལ་ཉིད་གྱུར་ཅིག །གང་གི་ཞབས་སེན་ཟླ་གཞོན་གསར་བའི་འོད། །ས་སྐྱོང་ཡོངས་ཀྱི་ཟུར་ཕུད་རྩེར་འཛེགས་བཞིན། །དབུ་རྨོག་བཙན་པོས་ཕྱོགས་རྣམས་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས་གྱུར་ཅིག །མཐའ་ཀླས་སྐྱེ་དགུའི་ཕན་བདེ་འབྱུང་བའི་གནས། །རིས་མེད་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ཉི། །སྲིད་ཞིའི་བླ་ན་ནུབ་མེད་འཆར་གྱུར་ཅིག །བཤད་སྒྲུབ་སྣང་བས་སྲིད་པའི་སྨག་བཅོམ་ཤིང་། །ལུང་རྟོགས་བསྟན་པའི་པད་ཚལ་སྐྱོངས་པའི་གཉེན། །བཤེས་གཉེན་ཆོས་ཀྱི་སྣང་བྱེད་ཆེན་པོ་རྣམས། །བསྟན་འགྲོའི་དཔྱིད་དུ་ཞབས་པད་བརྟན་གྱུར་ཅིག །མདོར་ན་གནས་སྐབས་མཐར་ཐུག་བཞེད་དགུའི་དོན། །མངོན་འདོད་ཡིད་ཀྱི་ཤིང་རྟ་ཡོངས་གང་བར། །མཆོག་གསུམ་བླ་མའི་བྱིན་རླབས་རྨད་པོ་ཆེས། །སྨོན་བཞིན་འགྲུབ་པའི་བཀྲ་ཤིས་མཆོག་སྩོལ་ཅིག །ཅེས་དཀར་ཆག་ཉུང་བསྡུས་འདི་ནི་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཡུམ་སྲས་ཀྱིས་ཆོས་ཚུལ་འདི་ཉིད་པར་དུ་བཞེངས་པའི་ཚེ་ས་སྐྱོང་དབང་མོ་མ་ཡུམ་རིན་པོ་ཆེས་འདི་ལྟ་བུ་ཞིག་བྲིས་ཞེས་པའི་བཀའི་ཅོད་པན་སྤྱི་བོར་མཆོད་ནས་གུས་ཞབས་རྨོངས་རྟུལ་སྙོམ་ལས་པ་ངག་དབང་བློ་གྲོས་ཀྱིས་ཕུན་ཚོགས་ལུགས་བརྒྱའི་མདུན་ས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་སུག་རིས་སུ་བགྱིས་པ་མངྒ་ལཾ་བྷ་བནྟུ།། །།

བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ཟིན་ཐོ་སྐལ་བཟང་དགའ་བའི་མགུལ་རྒྱན་དོན་ལ་རྟོན་པའི་ཡི་གེ།

༄༅། །བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ཟིན་ཐོ་སྐལ་བཟང་དགའ་བའི་མགུལ་རྒྱན་དོན་ལ་རྟོན་པའི་ཡི་གེ་བཞུགས་སོ། །

༄༅། །ཤེས་བྱ་ཐམས་ཅད་མཁྱེན་གཟིགས་དགོངས་ཀློང་ཆུབ། །འོད་གསལ་རྫོགས་ཆེན་ཤིང་རྟ་འཁོར་ལོས་སྒྱུར། །དྲི་མེད་འོད་ཟེར་གངས་ཅན་བསྟན་པའི་མགོན། །དབྱེར་མེད་རྡོ་རྗེ་བླ་མ་སྙིང་དབུས་རོལ། །མན་ངག་སྙིང་ཐིག་བཀའ་གཏེར་གནད་དྲིལ་བ། །བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཡི། །དབང་གི་ལག་ལེན་ཟིན་ཐོ་སྤེལ་བ་ལ། །གནང་བའི་སྐབས་དབྱེ་བྱིན་གྱིས་བརླབ་ཏུ་གསོལ། །

དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་གཉིས། བླ་སློབ་ཀྱི་རྟེན་འབྲེལ་བརྟག་པ་དང་། དཀྱིལ་འཁོར་བཤམ་བཀོད་སོགས་ཀྱི་རིམ་པ་གཞུང་ནས་ཇི་སྐད་བཤད་པ་ལྟར་ལས། དེ་ལའང་སྤྲོས་པ་རྒྱས་བསྡུས་ཡུལ་དང་དུས་ཀྱི་ཁྱད་པར་ཏེ། སློབ་དཔོན་ལྟ་(༢)དགོངས་གདིང་དུ་གྱུར་ཅིང་སྤྲོས་པ་ལ་མི་དགའ་བ་དག་གིས་ཚོམ་བུའི་དཀྱིལ་འཁོར་དང་། འབྲིང་གིས་ཆུ་ཚོན། ཐ་མས་རྡུལ་ཚོན་གྱི་དཀྱིལ་འཁོར་གསུངས་མོད་ཀྱང་། བསྐུར་ཡུལ་སློབ་མའི་རྟོག་པ་བསལ་བྱེད་ཀྱི་ལོང་སྐབས་དང་འབྱོར་པ་ཡོད་ན་དཀྱིལ་འཁོར་མཆོད་པ་སོགས་གསང་སྔགས་ཀྱི་ཆེ་བ་ཡིན་པས་སྤྲོས་རྒྱས་བྱས་ན་ལེགས་སོ། །གང་ལྟར་ཡང་ཕྱི་ནང་གི་མཆོད་པ། རྩ་གསུམ་སྤྱིའི་གཏོར་མ། བཀའ་སྲུང་གི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་སྔོན་གཏོར་གཉིས་སོགས་ལྷའི་ཉེར་སྤྱོད། ཌཱ་དྲིལ་སོགས་བདག་གི་ཉེར་སྤྱོད་རྣམས་འདུ་བྱ།

གཉིས་པ་ཆོ་ག་གོང་མཚུངས་ལྟར་ལས་འདི་དབང་པོ་དང་སྤྲོས་པ་འབྲིང་གི་དབང་དུ་བྱས་ན། མཆོད་པ་བྱིན་རླབས་དང་བརྒྱུད་འདེབས་རྒྱས་བསྡུས་སྐབས་བསྟུན་སྔོན་དུ་འགྲོ་བས། དངོས་གཞི་ལ་བདག་བུམ་གཉིས་ལས། དང་པོ་ལའང་སྐྱབས་སུ་འགྲོ་བ་ནི། རླུང་ལྔ་རྣམ་དག་དྭངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་གསུམ།

སེམས་བསྐྱེད་ཐུན་མོང་བ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། ཁྱད་པར་གྱི་སེམས་བསྐྱེད་ནི། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའ་མི་དམིགས་པ་ཡང་དམིགས་སུ་མེད། །ཨ་དྷརྨཱ་དྷ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་རྡོར་དྲིལ་བཅས་སྙིང་ཁ་ཕྱག་རྒྱ་བཅའ། མཆན། ཀོ྅ཧཾ། ཞེས་མི་དམིགས་པའི་ངང་དུ་དལ་གཅིག་གཞག་ལ། སླར་རིག་གདངས་ཆུ་ལས་ཉ་འཕར་བ་བཞིན་དུ། སྟོང་པའི་ངང་ལས་ཧཱུྃ་ཧཱུྃ་(༣)ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་ཀློང་ནས། རྡོ་རྗེའི་ར་བ་དྲྭ་བ་གུར་བླ་རེ་མཚོན་ཆའི་འཁོར་ལོ་དང་བཅས་པའི་དབུས་སུ། རང་ཉིད་སྐད་ཅིག་གིས་དཔལ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། དཔལ་གྱི་ཆས་དང་ལྡན་པ། ཡབ་ཡུམ་གྱི་སྐུར་གྱུར་པར་བསམས་ལ། དཀར་གཏོར་ལ་དམིགས་ཏེ། རྃ་ཡྃ་ཁྃ་གིས་བསངས། ཨཱ་ཨཱཿཧཱུྃ་ལན་གསུམ་གྱིས་སྦྱངས་སྤེལ་བསྒྱུར་ལ། ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱ་བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་སྤེལ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏྟ་ཨ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་ཞིག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་གནང་བར་མཛོད། །ཅེས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་མཆོད། བགེགས་གཏོར་ལ། རྃ་ཡྃ་ཁྃ་གིས་བསངས། ཨཱ་ཨཱཿཧཱུྃ་ཧོཿས་ཕྱག་རྒྱ་དང་བཅས་ལན་གསུམ་གྱིས་བརླབ། ཨཱ་སརྦ་བྷཱུ་ཏ་ཨ་ཀཪྵ་ཡ་ཛཿས་བཀུག །ན་(༤)མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲ྇ཧྞ་དཾ་བ་ལྱ་དེ་སྭཱ་ཧཱ། སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། སརྦ་བྷུ་ཏ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧིས་བསྔོས་ན། དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། ཨེ་མ་ང་ནི་རང་བྱུང་བ། །ཁྲོ་རྒྱལ་དཔལ་ཆེན་ཉིད་ཀྱི་སྐུ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདི་རུ་མ་འདུག་གཞན་དུ་སོང་། །ཅི་སྟེ་འགྲོ་བར་མི་བྱེད་ན། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་ནི་དུམ་བུ་སྟོང་དུ་གཏུབས། །ཨ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དང་སུམྦྷ་ནི་སོགས་ཀྱིས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར་སྟེ་ཕྱིའི་བགེགས་བསལ། ནང་གི་བགེགས་དབྱིངས་སུ་བསལ་བ་ནི། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཡེ་ནས་སེམས་ཉིད་དག་ཅེ་ན། །བགེགས་ཞེས་བྱ་བ་གཞན་ན་མེད། །བཛྲ་ཨཱཏྨ་ཀོ྅ཧཾ།

མཚན་བཅས་ཀྱི་སྲུང་བ་ནི། ཧཱུྃ་སྟེང་འོག་ཕྱོགས་མཚམས་ཡེ་ཤེས་མེ་དཔུང་འབར། །རྡོ་རྗེའི་ར་བ་དྲྭ་བ་གུར་དང་ནི། །བླ་བྲེ་མཚོན་ཆའི་འཁོར་ལོས་ནམ་མཁའ་ཁྱབ། །ཁྲོ་བོ་ཁྲོ་མོ་དཔལ་ཆེན་རྔམས་པའི་ཚོགས། །སྤྲིན་ཕུང་འཁྲིགས་ཤིང་ཧཱུྃ་སྒྲ་དི་རི་རི། །ཧཱུྃ་ཧཱུྃ་ཧཱུྃ།

མཚན་མེད་ཀྱི་སྲུང་བ་ནི། ཨཿ མིང་དང་མཚན་མར་མ་གྲུབ་པའི། །མི་གནས་མི་འབྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཛྙཱ་ན་བཛྲ་རཀྵ་ཨ་ཧཾ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་ཁར་སྦྱར། མཆན། ཞེས་པས་དབྱིངས་སུ་ལ་བཟླའོ། །ཞེས་མཚམས་བཅད་དོ། །

དེ་ནས་བདག་བསྐྱེད་དངོས་ནི། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་དབུས་སུ་རང་ཉིད་སྐད་ཅིག་གིས་གཞིའི་ཀུན་ཏུ་བཟང་པོ་ནམ་མཁའ་དྭངས་པའི་མདོག་ལྟར་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གིས་ཡུམ་ཀུན་ཏུ་བཟང་མོ་དཀར་མོ་དང་འཁྲིལ་ཞིང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་སྣང་ལ་རང་བཞིན་མེད་པ་ཝལ་གྱིས་གསལ་ལ། ཨཿབརྒྱ་རྩ་བརྒྱད་སོགས་བརྗོད།

གཉིས་པ་མདུན་བསྐྱེད་བུམ་པ་བསྒྲུབ་པ་ལ། བུམ་པ་ལྔ་ཡོད་ན་དབུས་དང་ཕྱོགས་བཞིར་རིགས་ལྔ་སོ་སོར་བསྐྱེད། གཅིག་གིས་འཐུས་རྒྱུ་བྱས་ཚེ་རིགས་ལྔ་ཀ་ཆབས་(༥)ཅིག་ཏུ་དམིགས། གང་ལྟར་ཡང་། མདུན་གྱི་བུམ་པ་མི་དམིགས་པའི་ངང་ལས། ཕྱི་རིན་པོ་ཆེའི་བུམ་པ་ནང་གཞལ་ཡས་ཁང་བདུད་རྩིའི་ཆུས་སུམ་གཉིས་གང་བའི་དབུས་དང་ཕྱོགས་བཞིར་སེང་གེ། གླང་ཆེན། རྟ་མཆོག །རྨ་བྱ། ཤང་ཤང་གིས་བཏེག་པའི་ཁྲིའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ། དབུས་སུ་རྣམ་པར་སྣང་མཛད་མཐིང་ཀ །ཤར་དུ་རྡོ་རྗེ་སེམས་དཔའ་དཀར་པོ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྣམས་རང་རང་གི་ཡུམ་དང་བཅས་རིགས་ཀྱི་ཕྱག་མཚན་འཛིན་ཞིང་ལོངས་སྤྱོད་རྫོགས་པའི་ཆས་ཅན་རང་འོད་འཕྲོ་བའི་ཀློང་དུ་བཞུགས་པའི་གནས་གསུམ་དང་། རང་གི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ཀློང་ན་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པར་དམིགས་ལ། རོལ་མོ་དང་བཅས་པས། ཧཱུྃ་གདོད་ནས་སྙིང་པོ་བྱང་ཆུབ་དང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །བདག་དང་དབྱེར་མེད་བརྟན་པར་བཞུགས། །རང་རྒྱ་བཅས་མཆན། ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པ་ཙམ་གྱིས་ཡེ་ཤེས་པའི་ལྷ་ཚོགས་བདག་མདུན་རྣམས་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཨཱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཇི་ལྟར་རིགས་པར་བཟླའོ། །

གཉིས་པ་མཆོད་པ་འབུལ་བ་ལ་སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། མཆོད་པའི་སྤྲིན་གཟུངས་བཅས་བརྗོད། རང་གཞུང་ཚོགས་མཆོད་ལྟར། ཨ། རིན་ཆེན་མེ་ཏོག་སོགས་ནས། བསྟོད་པ། ཚོགས་མཆོད་ཀྱི་དྲང་བའི་བར་དཀྱུས་ལྟར་བྱ། རྣམ་བུམ་གྱི་ལྷ་ཚོགས་བདེ་སྟོང་གི་ངོ་བོར་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་དམིགས། ལས་བུམ་སྒྲུབ་པ་ནི། ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་པ་ལྗང་ནག་ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཀུན་རྫོགས་པར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལས་སྔགས་ཀྱིས་བསྐོར་བ་ལས་བདུད་རྩི་བབས་པས་བུམ་པ་གང་བར་གྱུར། ཨཱ་བཛྲ་(༦)ཨ་མྲ྇་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཇི་རིགས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་པའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་ཡི་གེ་བརྒྱ་པས་ནོངས་བཤགས་ཕུལ། ལས་ཀྱི་ཁྲོ་བོ་དབང་གི་བྱ་བ་མཐར་མ་ཕྱིན་བར་དུ་བཞུགས་ནས་སྡིག་སྒྲིབ་སྦྱོང་བ་དང་བར་ཆད་ཀྱི་བགེགས་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་གསོལ། སྤྲོ་ན་བདག་འཇུག་རིག་མེ་དོར་བ་སྒྱུ་འཕྲུལ་ལྟར་བྱ།

དེ་ནས་སློབ་མ་རྣམས་ལས་སློབ་ཀྱིས་སྒོ་དྲུང་དུ་ཁྲུས་ནས་དབྱུང་། གྲལ་དུ་འཁོད་པ་དང་། བགེགས་གཏོར་བསངས་སྦྱངས་བྱིན་རླབས་རྣམས་གོང་ལྟར་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་སྤེལ་ཏེ་བསྔོ། མཚན་བཅས་ཀྱི་མཚམས་གཅོད་སྲུང་འཁོར་སོགས་གྲུབ་རྗེས་སུ། ཨཱ་ཨཱཿཧཱུྃ་གིས་མིག་རས་མེ་ཏོག་སྦྱིན། འོ་དེ་ལྟར་སྒྲིབ་པ་དག་བྱེད་ཁྲུས་ནས་དབྱུང་བ། འདུ་བར་མི་དབང་བའི་བགེགས་ལ་གཏོར་མ་བྱིན་ཞིང་བསྐྲད་པ། བར་ཆད་མི་འཇུག་པའི་ཕྱིར་བསྲུང་བའི་འཁོར་ལོ་བསྒོམ་པ་སོགས་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་རྣམས་གྲུབ་ཟིན་པ་ལགས། དེའང་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་ལ་འཇུག་པར་འདོད་པ་དག་གི་རྟེན་འབྲེལ་གྱི་ཐོག་མར་མེད་དུ་མི་རུང་བ་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོ་དང་། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཤིན་ཏུ་གལ་ཆེ་བས་ན་ཀུན་སློང་འདི་ལྟར་བཅོས་པར་ཞུ། འོ་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཅིང་། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་རྟག་ཏུ་གོ་སྐབས་མེད་པར་མནར་བ་ནི། དེ་ཡང་ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་མིག་གི་རྨ་བྱུང་བ་ལྟ་བུ་དང་། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ་བུམ་ནང་དུ་བུང་བ་བཙུད་པ་ལྟ་བུའོ། །དེ་དག་གི་རྒྱུའམ་རྐྱེན་དུ་གྱུར་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱད་ཀྱི་སྒྱུ་རྩལ་ཉེས་པའམ། དུག་ཅན་གྱི་ཟས་ལ་སྤྱོད་པ་ལྟ་བུའི་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེའི་འོབས་དང་། དུག་སྦྲུལ་ལམ་གཅན་གཟན་གདུག་པ་ཅན་གྱི་ཚངས་(༧)སྒོར་ཕྱིན་པ་ལྟ་བུ་འདི་ལ་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ཟོ་ཆུའི་ཁྱུད་མོའམ། རྫ་མཁན་གྱི་འཕང་ལོ་ལྟར་ཡང་ནས་ཡང་དུ་འཁོར་ཞིང་སྡུག་བསྔལ་རྒྱུན་རིང་ལ་དོས་དྲགས་པ་ཁོ་ནར་སྤྱོད་པ་རྣམས་བདག་གཅིག་པུས་བསྒྲལ་ཏེ། གནས་སྐབས་དང་མཐར་ཐུག་གི་བདེ་བ་བླ་ན་མེད་པ་ལ་དགོད་པར་བྱ་སྙམ་པའི་དམ་བཅའ་བ་སྔོན་དུ་འགྲོ་དགོས། དེ་ཡང་སྨོན་པ་ཙམ་གྱིས་མ་ཡིན་པར་རྣམ་མཁྱེན་སྒྲུབ་པའི་རྟེན་བཟང་དལ་བ་བརྒྱད་དང་། འབྱོར་པ་བཅུ་ལེགས་པར་ཚང་བའི་གཞི་མི་ལུས་རིན་པོ་ཆེ་རྒྱུ་རྡོ་རྗེ་བཞི་ཡི་རང་བཞིན་ཅན་དང་། རྐྱེན་བླ་མ་རྡོ་རྗེ་སློབ་དཔོན། ཐབས་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པ་ལམ་བདེ་བ་དང་མྱུར་བའི་ཁྱད་ཆོས་དུ་མས་འཕགས་པ་དང་འཕྲད་པའི་རྟེན་འབྲེལ་འདི་ལྟ་བུ་ནི་ཨུརྟུཾ་ཝཱ་རའི་མེ་ཏོག་ལས་ཀྱང་ཆེར་དཀོན་པས་ན། དེ་ལྟ་བུའི་རྒྱུ་མཚན་ཤེས་པའི་དྭངས་འདོད་ཡིད་ཆེས་ཀྱི་དད་པས་སྣ་དྲངས་ཏེ་ལེ་ལོ་ཕྱིར་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་བརྩོན་འགྲུས་དྲག་པོ་མེ་འབར་བ་ལྟ་བུའི་སྤྲོ་སེམས་དང་བཅས་པའི་སྒོ་ནས་ཐར་པའི་ལམ་བཟང་གདམས་པ་ཟབ་མོ་ཉམས་སུ་མ་བླངས་ན། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་རྟག་བརྟན་མེད་པར་སྐད་ཅིག་སྐད་ཅིག་གིས། འགྱུར་བ་ཅན་དང་། བྱེ་བྲག་སྡུག་བདེན་གྱིས་འཕངས་པའི་སྒྱུ་ལུས་ཀྱི་ཕུང་པོ་རླུང་སེམས་ཀྱི་འདུ་བ་ཅན་འདི་དང་ནམ་འབྲལ་ཆ་མེད་མ་ངེས་པས། བློ་སྣ་རྦད་ཀྱིས་བསྟུངས་ཏེ་ཐོབ་བྱ་འབྲས་བུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡིད་སྨོན་ཙམ་མ་ཡིན་པར་མྱུར་ཏུ་ཐོབ་པར་བྱ་དགོས། དེ་འཐོབ་བྱེད་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་དགོས་པས་ན། དེ་ཡང་ཐབས་ཚུལ་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་བཞུགས་མོད་ཀྱང་། མདོར་བསྡུ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། ད་ལྟ་སྐབས་སུ་བབས་པ་ནི་གསང་སྔགས་ཀྱི་ཐེག་པ་ཡིན་ལ། དེ་ལའང་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་དང་། ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དྲུག་ཏུ་འདོད་ལ། དེ་ལའང་རྒྱ་གར་ན་གསར་རྙིང་གི་རིས་མེད་ཀྱང་། འགྱུར་གྱི་(༨)སྔ་ཕྱིས་ཕྱེས་པས་འདི་ནི་སྔ་འགྱུར་རྙིང་མ་ཡིན། དེ་ལ་རང་ལུགས་ནང་རྒྱུད་ཡོ་ག་གསུམ་མམ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དུ་དབྱེ་བ་ནི། རྒྱུད་བསྐྱེད་པ་མཧཱ་ཡོ་ག་གཞི་ལྟ་བུ། ལུང་རྫོགས་པ་ཨ་ནུ་ཡོ་ག་ལམ་ལྟ་བུ། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འབྲས་བུ་ལྟར་གྲགས་པ་ལས། འདི་ནི་ཕྱི་མ་ལྟར་དབང་བསྐུར་བའི་སྐབས་སུ་བབས་པ་ལགས་པས་འདི་ཉིད་ཀྱི་བླ་མ་བརྒྱུད་པ་ནི། དང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས་གཞིའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ། རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས་བཤད། དེས་ཐུབ་པ་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་ལ་འོག་མིན་གྱི་གནས་སུ་ཚིག་བརྗོད་དུ་མེད་པའི་ངང་ནས་རང་གི་ངོ་བོས་གསུངས། དེས་དུར་ཁྲོད་མེ་རི་འབར་བར་སྤྲུལ་པའི་སྐུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་སོ་སའི་གླིང་དུ་གུ་རུ་འཇམ་དཔལ་བཤེས་གཉེན་ལ་རང་གནད་ངེས་པའི་སྒོ་ནས་བཤད། དེས་རྒྱ་ནག་རི་བོ་རྩེ་ལྔར་མཁས་པ་ཤྲཱི་སིངྷ་ལ་ཡིད་དཔྱོད་བློ་བྲལ་ངང་དུ་བཤད། དེས་རྒྱ་གར་བྷ་སེང་གི་དུར་ཁྲོད་དུ་རྒྱལ་བ་ཛྙཱ་ན་སཱུ་ཏྲ་ལ་རྟོགས་པ་མངོན་གྱུར་གྱིས་བཤད། དེས་རྒྱ་གར་འོད་མའི་ཚལ་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པའི་པཎྜི་ཏ་བཱི་མ་ལ་མི་ཏྲ་ལ་མངོན་སུམ་རང་གནད་ལ་ཕབ་ནས་གསུངས། དེས་བྱར་གྱི་ཕུར་བྲག་དཀར་ཐེམ་པ་འདྲ་བར་འོད་ལུས་སུ་གཤེགས་པའི་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་འོད་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས། དེས་རྟ་ནག་ཟམ་ཁར་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་པ་ལ་སྐུ་གསུམ་འདུ་འབྲལ་མེད་པར་གསུངས། དེས་སྤྲུལ་སྐུའི་བཞུགས་གནས་སྒོམ་ཁང་དུ་ཞང་ཉི་མ་འབུམ་ལ་འཁོར་འདས་ཆིག་རྫོགས་སུ་གཏན་ལ་ཕབ་ནས་གསུངས། དེས་སྐྱིལ་སྒང་དཔལ་གྱི་གནས་མཆོག་ཏུ་གུ་རུ་ཇོ་འབེར་ལ་ཡིད་དཔྱོད་བློ་དང་བྲལ་ནས་མངོན་སུམ་འོད་གསལ་དུ་གསུངས། དེས་གྲོ་བོ་འོན་པ་ཕུར་འཁྲུལ་ཞིག་ཆེན་པོ་ལ་(༩)དགེ་སྡིག་སྐྱོན་ཡོན་ལས་འདས་པའི་ངོ་བོ་རྗེན་པར་གསུངས། དེས་གདན་ས་དཔལ་གྱི་སེང་གེ་རྒྱབ་ཏུ་གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་སྟོང་སྒོམ་མུན་རྡོ་དང་ཕྲལ་ནས་འོད་གསལ་སྙིང་པོ་ལྔ་ལྡན་དུ་གསུངས། དེས་སྒྲགས་ཕུ་དཔལ་གྱི་ཡོངས་རྫོང་དུ་འོད་གསལ་རྒྱུན་ཆད་མེད་པའི་རིགས་འཛིན་ཀུ་མ་རཱ་ཛ་ལ་རང་གསལ་འཛིན་མེད་ཆེན་པོར་གསུངས། དེས་སྐྱམ་ཕུ་དཔལ་གྱི་དགེ་ལྡིང་དུ་འཁོར་འདས་ཆོས་ཉིད་དུ་གྲོལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་བཟང་པོ་ལ་མ་བཙལ་ལྷུན་གྲུབ་ཀྱི་དགོངས་པ་རང་གནས་ཆེན་པོར་གསུངས་ཤིང་རྫོགས་པ་ཆེན་པོའི་བཀའ་གཏེར་བསྟན་པའི་བདག་པོར་མངའ་གསོལ་ཏེ་མན་ངག་སྙིང་ཐིག་གི་ཤིང་རྟ་པ་ས་གསུམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱི་བསྟན་བཅོས་ངལ་བསོ་སྐོར་གསུམ། མཛོད་ཆེན་བདུན། རང་གྲོལ་སྐོར་གསུམ། དགོངས་གཏེར་མཁའ་འགྲོ་ཡང་ཏིག་སོགས་ཟབ་ཅིང་རྒྱ་ཆེ་བའི་གདམས་ངག་གི་རིམ་པ་ཇི་སྙེད་ཅིག་བཞུགས་པ་ལས། ད་རེས་ཀྱི་སྐབས་སུ་བབས་པ་ནི་བྲམ་ཟེ་སྙིང་པོ་གྲུབ་པའམ། བདེ་མཆོག་སྙིང་པོའམ། (༩)སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་སུ་གྲགས་པ་དེ་ཉིད་ཀྱིས། གདུལ་བྱའི་བློ་ཡུལ་དང་མཐུན་པའི་གདམས་པ་ནི། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་ཞེས་གསུམ་དུ་བཀྲལ་བ་ལས། འདི་ནི་ཕྱི་མའི་དགོངས་པ་ལྟར་ལགས། དེ་ལའང་ནང་གསེས་སུ་དབང་པོའི་ཁྱད་པར་ལ་དགོངས་ཏེ། སློབ་དཔོན་ཆེན་པོ་ཤྲཱི་སིངྷས་ཕྱི་ནང་གསང་བ་ཡང་གསང་སྡེ་སྐོར་ཚོ་བཞིར་ཕྱེས་པའི་ནང་ཚན་སྔ་མ་གསུམ་པོ་ཞར་ལ་ཚངས་ཤིང་། གཙོ་ཆེར་ཡང་གསང་བླ་ན་མེད་པ་འོད་གསལ་འཕོ་བ་ཆེན་པོའི་ལམ་མཆོག་མན་ངག་སྙིང་ཐིག་ཅེས་འཕྲད་པ་ཙམ་གྱིས་སངས་རྒྱ་བར་བྱེད་པའི་གདམས་པ་ཟབ་མོ་མང་དུ་བཞུགས་པ་ལས་སྐབས་སུ་བབས་པ་ནི་གང་གི་སྐུ་དངོས་དང་ཁྱད་པར་མེད་ཅེས་ཞལ་གྱིས་བཞེས་པའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཞེས་བཀའ་གཏེར་ཀུན་གྱི་བཅུད་དྲིལ་བརྒྱུད་པ་གསེར་གྱི་ཉག་ཐག་ལ་བཻ་ཌཱུརྱའི་ཕྲེང་བ་བརྒྱུས་པ་ལྟ་བུའི་བརྒྱུད་པའི་ཟམ་མ་ཆད་པ་དཔལ་ལྡན་རྩ་བའི་བླ་མའི་བར་དུ་བཞུགས་པ་དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ། ཐལ་འགྱུར་ལས། (༡༠)དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་པ་ལྟར་དབང་བཞི་རིམ་པར་འབྱུང་བ་ལགས་ཏེ། དེ་ལའང་རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ཞིག་དགོས་ཤིང་། དོན་ནི་ཨ་བྷི་ཥིཉྩའི་སྒྲ་གཏོར་བ་དང་བླུགས་པ་ལ་འཇུག་པས། སློབ་མའི་རྒྱུད་རྡོ་རྗེ་བཞིའི་རང་བཞིན་དུ་ཡེ་ནས་མཚུངས་ལྡན་དུ་གནས་པ་ལ། ཁམས་ཀྱི་དྲི་མའི་སྒྲིབ་པ་གཏོར་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སད་པའམ་བླུགས་པས་ན་གཏོར་བླུགས་སམ་ལྷན་ཅིག་བྱེད་པའི་རྒྱུ་ཤེས་པའི་དོན་ཡིན་ལ། དེ་ལའང་རྐྱེན་བཞི་ཚོགས་དགོས་པས་རྒྱུའི་རྐྱེན་བཤད་མ་ཐག་པ་ལྟར་ལ། བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་དབང་གི་དེ་ཉིད་ལ་མངའ་དབང་འབྱོར་བས། དམིགས་པའི་རྐྱེན་ཆོ་ག་ལྟར་མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིས། དེ་མ་ཐག་པའི་རྐྱེན་རྒྱུ་བཞིས་སད་པར་བྱེད་པ་ཆན་ལ་ཕབ་བཏབ་པ་ལྟ་བུའི་དབང་བཞི་སོ་སོའི་ནུས་པས་གློ་བུར་གྱི་དྲི་མ་ཆ་དང་བཅས་པ་བཀྲུས་ཤིང་ལམ་སྒོམ་རུང་དང་། འབྲས་བུ་ཐོབ་རུང་གི་སྐལ་བ་བཟང་པོ་རྒྱུད་ལ་འཇོག་པས་ན་དབང་ཞེས་གྲགས་པ་ལས། ཐོག་མར་སྤྲོས་བཅས་བུམ་དབང་ཟབ་མོ་བསྐུར་བ་ལ་བདག་གིས་བགྱི་འོས་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་མཎྜལ་འབུལ་བ་དང་འདོད་པའི་དོན་དུ་གསོལ་བ་འདེབས་པ་གཉིས་ཀྱི། ཐོག་མར་བླ་མ་བརྒྱུད་གསུམ་འདུས་པའི་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་འདུན་པས་སྐུ་གསུམ་གྱི་ཞིང་ཁམས་འབུལ་བའི་མཎྜལ་རྒྱས་པ་ཐུགས་ལ་བཏགས་རང་གཞུང་ཚོགས་གཉིས་སྤྲིན་ཚོགས་ལྟར། མཆན་པར་ཞུ། ཞེས་བརྡ་སྦྱར་ལ་ཕུལ་བཅུག

དེ་ནས་གསོལ་བ་འདེབས་པ་ནི། འོ་ན། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མེད་དུ་མི་རུང་བ་དངོས་གྲུབ་མྱུར་ཏུ་འཐོབ་བྱེད་ལྟར་སྣང་དང་སྒྲོ་སྐུར་གྱི་དབང་གིས་མ་ཡིན་པར། བླ་མ་དང་ལམ་གྱི་གདམས་པ་ལ་ཐེ་ཚོམ་མེད་པ་དྭངས་འདོད་ཡིད་ཆེས་ཀྱི་དད་པ་རྩ་བར་བཟུང་སྟེ། གནས་དུས་སྟོན་འཁོར་ཐ་མལ་རང་རྒྱུད་པ་མིན་པའི་དག་པའི་སྣང་བ་ལ་(༡༡)མ་རྨོངས་པ་ཞིག་དང་། ཐབས་ལ་མཁས་པའི་ཆོ་ག་རྒྱུ་གཉིས་རྐྱེན་བཞི་ཡིད་ལ་ངེས་པ་ཞིག་ཡོད་དེས་ཆོག་ཡིན་པས་ན། རང་རེ་སྡོད་པའི་ས་ཕྱོགས་སྐུ་གསུམ་དག་པའི་ཞིང་སྟོན་འཁོར་དགོངས་པ་ཐ་མི་དད་པའི་གོ་བ་དང་། ཁྱད་པར་བླ་མ་ཡེ་ཤེས་དམ་པའི་རང་གཟུགས་རྡོ་རྗེ་འཆང་དངོས་ཡིན་སྙམ་པའི་དད་གུས་སྤྲོ་དགའ་སྔ་ན་མེད་པ་དང་བཅས་པའི་སྒོ་ནས་པདྨ་ཁ་འབུས་ལྟ་བུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཨེ་མ་ཧོ༔ སྐྱེས་ཆེན་འགྲོ་མགོན་སོགས། བླ་མའི་ཕྱག་གཡས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་གྱི་ཕྱག་རྒྱ་སློབ་མར་བསྟན་ཏེ་གནང་བ་སྦྱིན་པ་འདི་ལ་སྙན་གཏོད་འཚལ། །ཞེས་ཨེ་མ་སྐལ་ལྡན་སོགས་དེ་ནས་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ལ་དེ་ལའང་ཐེག་པ་གོང་འོག་སོ་སོའི་ལམ་གྱི་སྐྱབས་སུ་འགྲོ་ཚུལ་མང་དུ་ཡོད་ནའང་། སྐབས་སུ་བབས་པ་ནི་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ། གསང་མཆོག་རྡོ་རྗེ་ཐེག་པའི་རང་ལུགས་རྡོ་རྗེ་ཕུང་པོའི་བྱེད་བཅིངས་ལ་བརྟེན་ནས་སྦྱོང་བྱེད་ཐབས་ཁྱད་པར་ཅན་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ནས། སྦྱང་བྱ་ཉོན་མོངས་པའི་རླུང་ལྔ་རྣམ་པར་སྦྱངས་ཤིང་སྦྱང་། གཞི་སྐུ་དང་ཡེ་ཤེས་མངོན་དུ་བྱས་པའི་མྱུར་ལམ་ཁྱད་པར་ཅན་གྱིས་སྐྱབས་སུ་འགྲོ་བ་ཡིན་པས་ཡིན་ཚུལ་ཤེས་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས་ཤིག །རླུང་ལྔ་སོགས། ལན་གསུམ་སྐལ་ལྡན་རང་གི་སོགས་ནས་སྐྱབས་འགྲོ་གྱིས་ཤིག་བར། འོ་སེམས་བསྐྱེད་པ་ནི་གང་ཟག་གི་བློ་ཚོད་དང་བསྟུན་པའི་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་མེད་དོན་གྱི་སེམས་བསྐྱེད་ཀྱི་བར་གོང་འཕེལ་ལ་བསླབ་དགོས་མོད། སྐབས་སུ་བབས་པ་ལ་སངས་རྒྱས་དང་སེམས་ཅན་རིག་མ་རིག་གི་ཁྱད་པར་ལས་མེད་པས། རང་རེ་སེམས་ཅན་གྱི་ཁམས་ན་སངས་རྒྱས་སྐུ་གསུམ་རང་ཆས་སུ་བཞུགས་པ་ཡིན་ཡང་། ཀུན་གཞི་ལུང་མ་བསྟན་མ་རིག་པ་གསུམ་དང་མཚུངས་པར་ལྡན་པའི་གློ་བུར་གྱི་དྲི་མས་བསྒྲིབས་ནས་ཡོད་པ་བླ་མའི་དྲིན་གྱིས་ཐབས་ཟབ་མོས་སྐད་ཅིག་ལ་ཤན་ཕྱེས་ནས། གཞི་ལས་འཕགས་པའི་དོན་མཛུབ་ཚུགས་སུ་ངོ་སྤྲད་པས། བྱེ་བྲག་ཕྱེད་མ་ཐག་པ་(༡༢)རིག་པ་རང་སངས་སུ་དག །རིག་པ་ཡེ་ཤེས་ཀྱི་རང་ཞལ་མངོན་སུམ་དུ་མཐོང་སྟེ་རྟོགས་གྲོལ་དུས་མཉམ་དུ་འགྱུར་ངེས་པས་ན། དེ་ལྟ་བུའི་གདམས་པ་ཐོབ་པར་བྱ་སྟེ་དོན་མངོན་སུམ་དུ་རྟོགས་པར་བགྱིད་དོ་སྙམ་པའི་ངང་ནས་རྗེས་ཟློས་གྱིས། ཀྱེ་མ་ཧོ། མ་རིག་སོགས། ལན་གསུམ་རང་གི་རིག་པ་སོགས་ནས་བསྐྱེད་པའོ། །

འཇུག་པ་ནི། ཨེ་མ་ཧོ། སངས་རྒྱས་སོགས་ནས་བྱའོ། །བར་དབྱིངས་ཀ་དག་སོགས་ནས་སེམས་སྐྱེད་ཅིག །བར་བརྗོད། འཁོར་བའི་ཀུན་རྟོག་ཡེ་ཤེས་ལྔས་བསྲུང་བའི་ཕྱིར་ཚོན་སྐུད་སྣ་ལྔ་རྒྱལ་བ་རིགས་ལྔར་དངོས་སུ་དམིགས་ཤིག །ཅེས། ཨཱཿཧཱུྃ་སྭཱ་ཧཱ། ཨཱ་སྭ་བྷཱ་ཝ་སོགས་ཀྱིས་སྲུང་སྐུད་གདགས། དེ་ནས་དམ་ཚིག་བསྒྲག་པ་ནི། ལས་བུམ་གྱི་ཆུ་དུང་ཞལ་དུ་བླུགས་ལ་རྡོ་རྗེ་རྩེ་མོ་ཐུར་བསྟན་གྱིས་ནང་མཆོད་ཀྱི་བདུད་རྩིའི་ཐིགས་པ་ལན་གསུམ་བསྲེས་ཤིང་། སླར་རྡོ་རྗེ་རྩེ་མོ་གྱེན་དུ་དྲང་པོར་བསླངས་ནས། འོ་རིགས་ཀྱི་བུ་རྣམས་སྤྱིར་གསང་སྔགས་ཀྱི་སྒོར་ཞུགས་པ་ལ་དབང་གིས་རྒྱུད་སྨིན་དགོས། དབང་གི་སྲོག་དམ་ཚིག་ལ་གནས་དགོས་པ་ཡིན། དེའང་ཕུང་འཚེངས་གཉིས་ཀའི་རྒྱུ་ཤིན་ཏུ་ཁེ་ཉེན་ཆེ་བས་སྦྱོར་བ་དམ་ལ་བཞག་པའི་ཕྱིར་དམ་ཚིག་གི་ཆུ་ནན་སྦྱིན་པ་ལ་དམིགས་འདུན་འདི་ལྟར་གྱིས་ཤིག །ཆུ་འདི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རྡོ་རྗེ་སེམས་དཔའ་འོད་ཀྱི་རང་བཞིན་ཡུངས་འབྲུ་ཙམ་དུ་གྱུར་ནས་མགྲིན་པའི་ལམ་བརྒྱུད་དེ་སྙིང་དབུས་དྭངས་མ་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་དུ་འདྲེས་པའི་མོས་པས་བཏུང་བར་ཞུ། ཞེས་བརྡ་སྦྱར་ལ། ཧཱུྃ་འདི་ནི་དམ་ཚིག་སོགས་ནས་ལེགས་པར་སྲུངས་ཤིག །བར་བརྗོད་དོ། །འོ་ན་དབང་གི་གཞི་དགོད་པ་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ཀྱི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ལ། ལུས་གནད་དྲང་པོར་བསྲངས་རླུང་གི་རྒྱུ་བ་ཁ་སྦྱོར་དུ་འཛིན། སེམས་ལྷོད་ཀྱིས་ཀློད་ལ་དམིགས་འདུན་འདི་ལྟར་དུ་གྱིས་ཤིག །ཁྱེད་རང་རྣམས་ཀྱི་ཐ་མལ་གྱི་ཕུང་པོ་མི་དམིགས་པའི་ངང་ལས་སྐད་ཅིག་གིས་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་ནམ་མཁའ་དྭངས་པའི་མདོག་ལྟར་སྔོ་བ། ཞབས་སྐྱིལ་ཀྲུང་དང་ཕྱག་མཉམ་བཞག་གིས་རང་(༡༣)འོད་ཀྱི་ཡུམ་ཀུན་ཏུ་བཟང་མོ་དཀར་མོ་འཁྲིལ་བ། སྣང་སྟོང་ཆུ་ཟླ་ལྟར་གསལ་བའི་ལུས་དབུས་སུ་རྩ་གསུམ་ཀ་བ་བཙུགས་པ་ལྟ་བུའི་མར་སྣར་ལྟེ་འོག་རྩ་གསུམ་སྦུབས་གཅིག་ཏུ་སོང་བའི་ལྟེ་བར་རྩ་འདབས་དྲུག་ཅུ་རྩ་བཞི། སྙིང་གར་རྩ་འདབས་བརྒྱད། མགྲིན་པར་རྩ་འདབས་བཅུ་དྲུག །སྤྱི་བོར་རྩ་འདབས་སུམ་ཅུ་རྩ་གཉིས་རྣམས་གདུགས་ཀྱི་རྩིབས་མ་བརྒྱངས་པ་ལྟ་བུར་གསལ་བའི་རྩ་འཁོར་རྣམས་སོ་སོའི་དབུས་སུ་ཀུན་བཟང་ཡབ་ཡུམ་རེ་རེ་དང་། རྩ་འདབས་རྣམས་སུའང་སྐུ་དང་རྩ་ཡིག་ཐིག་ལེ་འོད་ཀྱི་རང་བཞིན་མེར་མེར་ཤིག་ཤིག་གིས་གང་བ་གསལ་དགོས་པས་གཞན་དུ་མ་གཡེངས་པར་རླུང་དམིགས་སེམས་གསུམ་གནད་དུ་དྲིལ་ལ་འདི་ལྟར་གསལ་ཐོབ་ཅིག །དང་པོ་ལྟེ་བའི་རྩ་འདབས་རྣམས་ཀྱི་ནང་དུ་ཨཱ་ལི་དལ་བུས་ཚང་བར་བརྗོད་འོག་མ་རྣམས་དེའི་འགྲེས། མཆན་བཅུ་དྲུག་དང་། ཨ་ཏ་ལི་ཧ། ཨུ་དྷ་རཾ་ཡཾ་ཎཾ་ན་ཛ་ཊི་ས་ཁ་རྃ་ཡྃ། དེ་བཞིན་དུ་སྙིང་གའི་རྩ་འདབས་རྣམས་ཀྱི་ནང་དུ་ཨཱ་ལི། བཅུ་དྲུག་དང་། སོ་སོར་དལ་བུས་བརྗོད། མཆན། ཁ་ཙ་ཊ་ཏ་ཕ་ཡ་སྭཱ་ཧཱ། ཀ་གྷ་བྷ་ཛྷ་དང་། དེ་བཞིན་དུ་མགྲིན་པའི་རྩ་ཡིག་ནི་ཀཱ་ལི་སོ་གཉིས་དང་། དལ་བུས་བརྗོད། མཆན། ར་རཱ་ལི་ལཱི་ཨཾ་ཨེ་ཨ་ཨཱ། དེ་བཞིན་དུ་སྤྱི་བོའི་རྩ་ཡིག་ནི་ཀཱ་ལི་སོ་གཉིས་དང་། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། བ་བཱ། བི་བཱི། ཉ་ཉཱ། ཉི་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཋ་ཋཱ། པ་པཱ། ན། དེ་ལྟར་སྐུ་དང་ཐིག་ལེ་ཡིག་འབྲུ་རྣམས་སོ་སོ་གསལ་སྟོང་དེར་འཛིན་མེད་པས་རྩ་གནས་རྣམས་ཁམས་ཀྱི་དྲི་མ་ཐམས་ཅད་དག་སྟེ་འོད་རྩ་རྣམས་རབ་ཏུ་དྭངས་ཤིང་རང་བྱུང་འོད་གསལ་གྱི་སྣང་བ་མངོན་དུ་བྱས་བྱུང་བསམ་པའི་མོས་འདུན་བརྟན་པོ་གྱིས་ཤིག །ཅེས་ཌཱ་དྲིལ་དང་བཅས་དབྱངས་རབ་ཏུ་སྙན་པོས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བར་སྤྲུལ་པའི༴ སོགས་བརྗོད། རྒྱས་པར་སྤྲོ་ན་ཚིག་མཚམས་སོ་སོར་ནས་བཅད་དེ་དམིགས་པ་རིམ་པར་ཕོག་པ་དང་། མིན་ཀྱང་ཆབས་ཅིག་ཏུ་དམིགས་པ་གལ་ཆེ། དམིགས་པ་ཅི་བཞིན་མ་ཟིན་ཀྱང་དད་པ་སྐྱེད་ཅིང་ངེས་ཤེས་བསྐྱེད་དོ། །

དེ་ནས་མེ་ཏོག་དོར་བ་ནི། འོ། རང་རང་གི་ལས་འབྲེལ་གྱི་(༡༤)ལྷ་གང་ཡིན་ངོས་འཛིན་པ་དང་མ་འོངས་པ་ན་རིགས་གང་དུ་སངས་རྒྱས་པའི་རྟེན་འབྲེལ་བརྟགས་པས་ལྷ་དང་བླ་མའི་ཐུགས་རྗེའི་མཐུས་ལེགས་པར་བསྟན་དུ་གསོལ་སྙམ་པས་རེ་དོགས་མེད་པར། མདུན་གྱི་རིགས་ལྔའི་དཀྱིལ་འཁོར་ལས་གཉིས་པ་ཞིག་ཤར་གྱིས་བྱུང་བར་མོས་ལ་འདིའི་རྗེས་ཟློས་དང་བཅས་པས་འདོར་བར་ཞུ། ཞེས། ཨེ་མ་ཧོ། ཐོག་མའི་སོགས་འབབ་པར་ཤོག །ཞེས་དོར་ལ་གང་དུ་བབ་པ་དེ་མ་ནོར་བ་བླ་མས་རིམ་པར་བརྟགས། སློབ་མ་མང་ན་མིང་གི་རིམ་པ་གསལ་བྱེད་ལྟར་བྱའོ། །དེ་ནས་མིག་དང་དབྱེ་བ་ལ་འདུན་པ་འདི་ལྟར་གྱིས་ཤིག །ཡེ་གདོད་མ་ནས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསུམ་ལྡན་དང་འབྲལ་མ་མྱོངས་ཀྱང་། མ་རིག་གསུམ་གྱི་དྲི་མ་མིག་གི་ལིང་ཐོག་ལྟ་བུས་བསྒྲིབས་པ་དེ་ཐུགས་རྗེའི་ཐབས་ལ་མཁས་པའི་སློབ་དཔོན་ཁྱེད་ཀྱིས་མན་ངག་གསེར་གྱི་ཐུར་མ་ལྟ་བུས་བསལ་དུ་གསོལ་སྙམ་པ་ཁ་ཙམ་མ་ཡིན་པ་སྙིང་ནས་གསོལ་བ་འདེབས་པའི་བློས་འདིའི་རྗེས་ཟློས་གྱིས་ཤིག །ཀྱེ་མ་རྡོ་རྗེ་འཛིན་པ་སོགས་བསལ་དུ་གསོལ། །

བླ་མས་གསེར་ཐུར་ཐོགས་ཏེ། གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་སོགས་མཚོན་བར་བརྗོད། འོ་མིག་དར་བསལ་བ་དང་ཆབས་ཅིག་མ་རིག་པ་སངས་ཀྱིས་བསལ་ཏེ། མཚོན་བྱེད་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་མཚོན་བྱ་འོད་གསལ་དོན་གྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཅེས་བརྡ་སྦྱར་ལ། མིག་རས་གསལ་ནས་ཐུར་མས་མིག་གྲིབ་བཅད་ཚུལ་བྱས་ལ། དེའི་དོན་ཡང་སོགས་ཀྱིས་སྤྲོ་བ་བསྐྱེད་དོ། །དེ་ནས་མཐོང་བ་བསྟན་པ་ལ་བཞི་ཡོད་པས་དང་པོ་བླ་མའི་མཐོང་བ་བསྟན་པ་ནི། བླ་མ་ལ་སངས་རྒྱས་དངོས་དང་ཆོས་རྫོགས་པ་ཆེན་པོ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་གྱིས་ཤིག །ཅེས་བརྡ་སྦྱར་ལ། ལྟོས་ཤིག་སོགས། སྨོས། ལན་ཞུ།

གཉིས་པ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི། འོ་ན་ཐུན་མོང་གི་རྒྱུད་སྡེ་འོག་མའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་མ་བསྒོམས་ཀྱང་སྐྱེ་བ་བདུན་ནས་སངས་རྒྱས་པར་གསུངས་ན། འདི་ལྟ་བུའི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དོན་དམ་རང་་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་(༡༥)ཅིག་གིས་མངོན་སུམ་མཐོང་ནས་རབ་ལོ་ཟླ་ཙམ་དང་འབྲིང་བར་དོར་སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤེས་པ་དང་། ཐ་མ་ཡང་དབང་གི་དམ་ཚིག་མ་ཉམས་ན་རྗེས་དྲན་གསུམ་གྱི་སྒོ་ནས་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔར་གྲོལ་ངེས་པས་ན་ཨུ་དུམ་ཝཱ་རའི་མེ་ཏོག་ལས་ཀྱང་ཆེས་ཆེར་དཀོན་པས་ན་དད་པ་དང་ངེས་ཤེས་བཟང་པོ་གྱིས་ལ་ལེགས་པར་ལྟོས་ཤིག །ཅེས་བརྡ་སྦྱར་ལ། བླ་མས་ཕྱག་ཤིང་ལྟ་བུས་རིམ་པར་ངོ་སྤྲོད་པའི་ཚུལ་གྱིས་ཚིག་གསལ་ལ་དག་པས་འདི་ལྟར་བརྗོད། ལྟོས་ཤིག་མིག་ཅན་སོགས་དང་། དབུས་སུ་ཟླུམ་པོ་སོགས་ཚིག་ལྷུག་གིས་ངོ་སྤྲད་དོ། །

གསུམ་པ་རྫས་ཀྱི་མཐོང་བ་བསྟན་པ་ནི་གསང་སྔགས་ཕྱི་ནང་རྫས་ཀྱི་ཁྱད་པར་གསུངས་ལྟར་རྟེན་འབྲེལ་གྱི་དཔེ་ལ་བརྟེན་ནས་དོན་ངོ་ཤེས་པར་བྱ་བའི་རྟེན་འབྲེལ་ཡིན་པས་ངེས་ཤེས་དང་ལྡན་པས་ལེགས་པར་གསན་འཚལ། ཞེས་བརྡ་སྦྱར་ལ། ཨེ་མ་བརྡ་ཤེས་སོགས། སྨྲོས། ལན་ཞུ། ཀྱེ་སྐལ་ལྡན་རིགས་ཀྱི་བུ་སོགས་ནས། བརྡའོ། །བར་བརྗོད།

བཞི་པ་མཆེད་ལྕམ་གྱི་མཐོང་བ་བསྟན་པ་ལ། ལེགས་པར་སྙན་གཏོད་འཚལ། དེ་ལ་སྤྱིར་རླུང་ཡིད་སེམས་གསུམ་གྱིས་བསྡུས་པའི་སྐྱེ་འགྲོ་ཡོད་དོ་ཅོག་ལ་བདེ་གཤེགས་སྙིང་པོས་ཁྱབ་ཅིང་། མ་འོངས་པའི་སངས་རྒྱས་སུ་ངེས་པས་སྤྱིའི་མཆེད་དང་། དེ་ལས་བྱེ་བྲག་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་སྟོན་པ་གཅིག་པས་རིང་བའི་མཆེད་དང་། ཁྱད་པར་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ཐེག་པ་གཅིག་པས་ཉེ་བའི་མཆེད་དང་། ཡང་དགོས་ཕ་ལྟ་བུའི་བླ་མ་དང་། མ་ལྟ་བུའི་དཀྱིལ་འཁོར་གཅིག་གིས་བསྡུས་པ་ལ་ཞུགས་སྔ་ཕྱི་སྤུན་རྒན་གཞོན་ལྟ་བུ་དང་། བླ་མ་དང་དཀྱིལ་འཁོར་དང་མར་མེ་གཅིག་ལ་བརྟེན་པ་ནི་མཚེ་མ་ལྟ་བུའི་ནང་འདྲེས་པའི་མཆེད་ལྕམ་དུ་གསུངས་པས་ན། ད་རེས་ངེས་གསང་འོད་གསལ་རྫོགས་པ་ཆེན་པོའི་རྒྱུ་གཉིས་རྐྱེན་བཞི་ཚོགས་པའི་སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་པ་མན་ངག་ཅར་ཕོག་གིས་ངོ་སྤྲད་ནས་སྐུ་དང་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལོ་ཟླ་ཙམ་གྱིས་ཚོམ་བུ་གཅིག་ཏུ་ཚོགས་པ་གདོན་མི་ཟ་བས་ན་མཆེད་ལྕམ་གྱི་དམ་(༡༦)ཚིག་མིག་འབྲས་ལྟར་སྲུང་སྙམས་པས་དད་པ་དང་དག་སྣང་བསྐྱེད་འཚལ། བླ་མས་དྲི་བ་ནི། ཨེ་མ་ངོ་མཚར་སོགས་མཐོང་རེ་རན། ཞེས་དང་། ཐར་པ་བསྒྲུབ་པའི་སོགས། ལན་ཞུའོ། །དེ་ཡན་ཆོད་ཀྱིས་འཇུག་པའི་ཆོས་ཀྱི་རིམ་པ་ལེགས་པར་གྲུབ་པ་ལགས།

ཞུགས་ནས་མངོན་པར་དབང་བསྐུར་བ་ལ། དང་པོ་སྤྲོས་བཅས་བུམ་དབང་གི་སླད་དུ་དམིགས་འདུན་འདི་ལྟར་གྱིས་ཤིག །དབུས་ཀྱི་བུམ་པ་ཐོགས་ཏེ། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བ་དང་། རྡོ་རྗེ་སློབ་དཔོན་ཐ་མི་དད་པའི་ཕྱག་ན་གཞོམ་བྲལ་ཀ་དག་མཚོན་པའི་བུམ་པར་ལྷུན་གྲུབ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་གཡོ་བའི་ཚུལ་གྱིས་བསྣམས་ནས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ནས་དབང་བསྐུར་བའི་ནུས་པས་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་བག་ཆགས་དང་བཅས་པ་གཏོར་ཞིང་དག །རང་གནས་རང་བྱུང་གི་ཡེ་ཤེས་གསུམ་གྱི་བདག་ཉིད་བླུགས་པའི་ཚུལ་གྱིས་མངོན་དུ་བྱས་པའི་སྐལ་བ་བཟང་པོ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་མཛོད། ཅེས་བརྡ་སྦྱར་ལ་བུམ་པ་སྤྱི་བོར་བཞག །ཨ། ཆོས་ཉིད་དབྱིངས་སོགས། དེའང་དབྱིངས་ཆོས་ཉིད་སོགས་སྐྱེད་ཅིག །བར་རོ། །ཤར་བུམ་ཐོགས་ཏེ། འོ་རིགས་ཀྱི་བུ་རྣམས་རྡོ་རྗེའི་རིགས་ཀྱི་བུམ་པས་དབང་བསྐུར་བས་མ་རིག་པ་ཀུན་གཞིའི་རྣམ་ཤེས་ཀྱི་དྲི་མ་སངས་ཀྱིས་དག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པའི་ངེས་ཤེས་སྐྱེད་མཛོད། སྙིང་གར་གཏུགས་ལ། ཧཱུྃ་མ་སྐྱེས་སོགས་ཤེས་པར་གྱིས་ཤིག །བར་རོ། །ལྷོ་བུམ་ཐོགས་ཏེ། འོ་རིགས་ཀྱི་བུ་རྣམས་རིན་ཆེན་རིགས་ཀྱི་བུམ་པས་དབང་བསྐུར་བས་མ་རིག་པ་ཡིད་ཤེས་ཀྱི་དྲི་མ་སངས་ཀྱིས་དག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་ངེས་ཤེས་སྐྱེད་མཛོད། མགྲིན་པར་གཏུགས་ཏེ། སྭཱ༔ རང་བྱུང་ཡེ་ཤེས་སོགས་ནས་ངེས་ཤེས་སྐྱེད་ཅིག །བར་རོ། །ནུབ་བུམ་ཐོགས་ཏེ། འོ་རིགས་ཀྱི་བུ་རྣམས་པདྨ་རིགས་ཀྱི་བུམ་པས་དབང་བསྐུར་བས་མ་རིག་པ་ཉོན་ཡིད་ཀྱི་དྲི་མ་སངས་ཀྱིས་དག་སྟེ། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་ངེས་ཤེས་སྐྱེད་མཛོད། ལྟེ་བར་གཏུགས་ལ། ཨཱཿ མ་(༡༧)སྐྱེས་སོགས་ནས། ངོ་ཤེས་པར་གྱིས་ཤིག །བར་རོ། །བྱང་བུམ་ཐོགས་ཏེ། འོ་རིགས་ཀྱི་བུ་རྣམས་ལས་ཀྱི་རིགས་ཀྱི་བུམ་པས་དབང་བསྐུར་བས་སྒོ་ལྔའི་རྣམ་པར་ཤེས་པའི་འཁྲུལ་རྟོག་གཟུང་འཛིན་གྱི་དྲི་མ་སངས་ཀྱིས་དག་སྟེ། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པའི་ངེས་ཤེས་སྐྱེད་མཛོད། ཅེས་བརྡ་སྦྱར་ལ། ཧཱ༔ ཡེ་ཤེས་ཟང་ཐལ་སོགས་ནས། དབང་ཐོབ་ཤོག །སྐབས་དང་བསྟུན་ཏེ་སྤྱི་བོ་སོགས་ཀྱི་རྩ་ཡིག་བརྗོད་དེ་གནས་སོ་སོར་བཞག་ལ་བུམ་ཆུ་འཐོར་ཞིང་། དབྱངས་གསལ་དང་། སྤྱི་བོ། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། བ་བཱ། བི་བཱི། ཉ་ཉཱ། ཉི་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཋ་ཋཱ། པ་པཱ། ན། མགྲིན་པ། ར་རཱ། ལི་ལཱི། ཨཾ་ཨེ། ཨ་ཨཱ། སྙིང་ག །ཁ་ཙ་ཊ་ཏ་ཕ་ཡ་སྭཱ་ཧཱ། ཀ་གྷ་བྷ་ཛྙ། ལྟེ་བ། ཨ་ཏ་ལི་ཧ། ཨུ་དྷ་རཾ་ཡཾ་ཎཾ་ནཾ་ཛ་ཊི་ས་ཁ་རཾ་ཡཾ་ཧ་ཧེ་ཧོ། མཐར་ཁྲུས་བྱ་ཞིང་བུམ་ཆུ་ངག་ཏུ་བླུད་དོ། །དེ་ཡང་རིག་པའི་ཡེ་ཤེས་སོགས་གྱིས་ཤིག །ཅེས་དང་། དེ་དག་ནི་སོགས། དབང་ངོ་། །བར་རོ། །དེ་ལྟར་ན་དེ་དག་གིས་བུམ་པའི་དབང་གི་རིམ་པ་ལེགས་པར་གྲུབ་ཟིན་པ་ལགས།

གཉིས་པ་སྤྲོས་མེད་གསང་བའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཀུན་བཟང་ཡབ་ཡུམ་གསལ་བའི་ལུས་དབུས་སུ་རྩ་གསུམ་འཁོར་ལོ་བཞིའི་རྩ་འདབས་སོ་སོའི་དབུས་སུ་བདེ་ཆེན་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་དུ་ཀུན་བཟང་ཡབ་ཡུམ་རྗེས་ཆགས་ཀྱི་ཉམས་ཅན་རེ་བཞུགས་པར་མོས། བླ་མ་ཡང་ཀུན་བཟང་ཡབ་ཡུམ་དུ་གསལ་བ་སྦྱོར་བས་བདེ་བའི་སྒྲ་དང་འོད་ཟེར་གྱིས་བསྐུལ་ཏེ་ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་རིགས་ལྔ་ཡབ་ཡུམ་ཀྱི་རྣམ་པར་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་བཞུ་བས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་གསང་བའི་རྡོ་རྗེ་ནས་བརྒྱུད་ཡུམ་གྱི་པདྨོར་ལྷུང་བ་ཁམས་དཀར་དམར་འདྲེས་པ་ཐོད་པའི་བདུད་རྩི་དང་དབྱེར་མེད་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་ཕུལ་བ་མགྲིན་པར་བརྒྱུད་དེ་འཁོར་ལོ་བཞིའི་རྩ་གནས་ན་བཞུགས་པའི་ཀུན་བཟང་ཡབ་ཡུམ་གྱི་ཞལ་དུ་(༡༨)ཞུགས་པས་སོ་སོར་རྗེས་ཆགས་སུ་སྦྱོར་བའི་བྱང་སེམས་དང་གཅིག་ཏུ་འདྲེས་ཏེ། རྩ་འདབས་རྣམས་སུ་ཁྱབ་པས་དབྱངས་གསལ་དང་རྩ་ཡིག་སོ་སོས་མེར་ཁྲིག་གེར་གང་བས་ལུས་ཀྱི་ནང་ཐམས་ཅད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་བདེ་ཆེན་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པའི་སྐལ་བ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་མཛོད། ཅེས་ཐོད་པ་ཐོགས་ལ། ཧཱུྃ་བདེ་ཆེན་སོགས་ནས། ཐོབ་པར་ཤོག༔ གནས་སོ་སོར་གཏུགས་ལ་དབྱངས་གསལ་དང་། སྤྱི་བོར། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། བ་བཱ། བི་བཱི། ཉ་ཉཱ། ཉི་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཋ་ཋཱ། པ་པཱ། ན། མགྲིན་པར། ར་རཱ། ལི་ལཱི། ཨཾ་ཨེ། ཨ་ཨཱ། སྙིང་གར། ཁ་ཙ་ཊ་ཏ་ཕ་ཡ་སྭཱ་ཧཱ། ཀ་གྷ་བྷ་ཛྙ། ལྟེ་བར། ཨ་ཏ་ལི་ཧ། ཨུ་དྷ་རཾ་ཡཾ་ཎཾ་ན་ཛ་ཊི་ས་ཁ་རཾ་ཡཾ། ཧ་ཧེ་ཧོ། དེ་ལྟར་རྩ་ཡིག་རྣམས་གསལ་བཞིན་བདུད་རྩི་བཏུང་བས་མ་དག་པའི་རྩ་ཐིག་རླུང་གསུམ་དྭངས་མའི་རླུང་ལྔར་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱས་པའི་སྐལ་བ་བཟང་པོ་རྒྱུད་ལ་བཞག་པའི་ངེས་ཤེས་དང་བཅས་དལ་ཅིག་མཉམ་པར་ཞོག་མཛོད། ཅེས་དང་། དེ་ཡང་རང་བྱུང་གི་སོགས་ངོ་ཤེས་པར་གྱིས་ཤིག །བར་རོ། །དེས་གསང་བའི་དབང་གི་རིམ་པ་གྲུབ་པ་ལགས།

གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་གྱིས་ཤིག །སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་གསལ་བ་དང་། ཁྱོད་རང་རྣམས་ཀུན་ཏུ་བཟང་པོ་ཡབ་རྐྱང་རེ་དམིགས་ཤིག །སློབ་དཔོན་གྱིས་རིགས་ཀྱི་ཡུམ་གྱི་ངོ་བོའི་རིག་མ་གཏད་པས། བརྡ་དང་བརྡ་ལེན་གྱི་མཚམས་སྦྱར་ཏེ། འདུ་ཤེས་གསུམ་གྱི་སྙོམས་པར་ཞུགས་པའི་མོས་འདུན་གྱིས་ཤིག །ཅེས་རིག་ཙཀྲ་གཏད་ལ། ཧཱུྃ་སྣང་སྲིད་སོགས་ནས་གྲོལ་བར་ངེས་སོ། །ཞེས་བའི་བར་བརྗོད་དོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྲུབ་པ་ལགས།

བཞི་པ་རབ་ཏུ་སྤྲོས་མེད་ཚིག་གི་སྒོ་ནས་དོན་དམ་ངོ་སྤྲོད་པའི་དབང་ལ། ཚོགས་དྲུག་གི་ཡུལ་དུ་དབང་པོ་རྐྱེན་ཁར་ཤོར་བའི་གཡེང་བ་སྤངས་ཏེ། ཤེས་པ་ཅུང་ཟད་རང་བབས་སུ་བཞག་པའི་ངང་ནས་བརྡའི་དོན་འདི་ལ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་བརྡ་དོན་བརྗོད་པ་ནི། ཀྱེ། སྐལ་བ་དང་ལྡན་པ་སོགས་ནས་གདོད་(༡༩)མའི་བཙན་ས་ཟིན་པའོ། །ཞེས་པའི་བར་ངག་དག་ཅིང་གསལ་བས། ཚིག་དལ་བུས་སུ་བརྡ་སྤྲད་དོ། །དེ་ནས་དབྱངས་དང་བཅས་པས། ཨེ་མ་ཧོ། མ་ཡེངས་གསོན་ཅིག་ནས། ངོ་མཚར་ཆེའོ། །དེས་ཚིག་དབང་རིན་པོ་ཆེའི་དབང་བསྐུར་གྲུབ་པ་ལགས། ཞེས་པའི་བར་ཚིག་བཅད་ལྷུག་རྣམས་ལེགས་པར་བརྗོད་ཅིང་ངོ་སྤྲོད་གཟེངས་བསྟོད་པ་དང་། མཎྜལ་འབུལ་བ་སོགས་བྱ། དཔོན་སློབ་ཀུན་གྱིས་ཚོགས་ལ་རོལ་ཞིང་སྨོན་ལམ་བཟང་པོ་གདབ། དབང་སོ་སོ་ཞག་གིས་ཆོད་པའི་དབང་དུ་བྱས་ན། བླ་མས་ལྷག་མ་གཏོང་བ་སོགས་ཆོ་གའི་མཐའ་བསྡུ་ཞིང་བཀྲ་ཤིས་བསྔོ་སྨོན་བཅས་མཐའ་རྒྱས་བྱའོ། །དེས་སྤྲོས་བཅས་ཐུན་མོང་དབང་བཞིའི་རིམ་པའི་ཟིན་བྲིས་གྲུབ་ཟིན་ཏོ།། །།

༈ དམིགས་མེད་བརྩེ་བས་གདུལ་བྱར་རྗེས་ཆགས་ཀྱིས། །གང་འདུལ་ཐེག་རིམ་མཐའ་ཡས་འཇུག་སྒོ་ལས། །འོད་གསལ་རྫོགས་ཆེན་ལམ་བཟང་སྣང་མཛད་པའི། །བརྒྱུད་གསུམ་ངོ་བོ་རྡོ་རྗེ་བླ་མར་འདུད། །སྤྲོས་མེད་དབང་ཆོག་རིན་ཆེན་དྲྭ་བ་ལ། །འཇུག་བདེར་མཚམས་སྦྱོར་ཐོ་ཙམ་སྤེལ་བ་ལ། །ལྷ་དང་བླ་མས་གནང་བའི་སྐབས་དབྱེ་སྟེ། །རྣམ་ཀུན་ཤིས་པའི་སྣང་བ་བསྐྱེད་དུ་གསོལ། །

དེ་ལ་འདིར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་བསྐུར་གཉིས་པ་ཐུན་མིན་སྤྲོས་མེད་ཀྱི་དབང་ལ་སྦྱོར་བ་དཀྱིལ་འཁོར་རྒྱན་བཀོད་སོགས་རང་གཞུང་ལྟར་ལེགས་པར་འདུ་བྱ། ཆོ་ག་སྤྲོས་བཅས་བུམ་དབང་གི་སྐབས་ཇི་སྐད་བཤད་པ་ལྟར། བདག་བསྐྱེད་སྐབས་བཟླས་པ། ཨཱ་ཨཱཿཧཱུྃ། ཕྲལ་ཏེ། ཨཱ་ཡིད་བཟླས་གཙོར་འདོན་གྱིས་སྟོང་ཕྲག་མ་མཐའ། ཨཱཿཧཱུྃ་གཉིས་ཀྱང་དེ་མཚུངས། དབྱངས་གསལ་ཀྱང་དེ་ལྷག་ཙམ་བཟླ་བའི་ཁྱད་པར་རོ། །

དེ་ནས་བུམ་པ་ལ་དམིགས་ཏེ། ཆོས་ཉིད་ཀ་དག་སྟོང་པའི་ངང་ལས་མདུན་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་ཤིང་རྒྱ་ཆེ་བའི་ནང་དུ་སྨན་སྤོས་འོ་མས་སུམ་ཆ་མན་ཆད་གང་བའི་ཆུའི་རྡུལ་གྱི་གྲངས་དང་མཉམ་པའི་སྐྱེ་མེད་ཀྱི་ཡི་གེ་ཨ་དཀར་པོས་ཤིག་ཤིག་གང་བར་མོས། ཞེས་གསལ་ལ། ཨ། ཁོ་ན་ཡིད་བཟླས་གཙོ་བོར་བྱས་ཏེ་བརྒྱ་སྟོང་ཁྲི་སོགས་སྐབས་བསྟུན་དང་། དབྱངས་གསལ་ཀྱང་སྟོང་ཕྲག་མ་མཐའ་བྱས་པ་ཅི་འགྲུབ་བཟླའོ། །

སྨིན་དབང་ཚད་ལྡན་གྱི་དབང་དུ་བྱས་ན། གཞུང་ནས་ཇི་སྐད་བཤད་པ་ལྟར་བཟླས་པ་གྲངས་ཚང་བར་མཛད་ན་ཤིན་ཏུ་ལེགས་མོད། གང་ལྟར་ཨ་ཡིག་དང་བུམ་ཆུ་དབྱེར་མེད་ཡེ་ཤེས་ཀྱི་བདུད་རྩི་མྱང་རེག་ཙམ་གྱིས་གྲོལ་བའི་ནུས་ལྡན་དུ་དམིགས་སོ། །ལས་བུམ་སྔར་སྤྲོས་བཅས་(༢༠)སྐབས་བསྒྲུབས་ཟིན་པ་དེ་ལ་ལྷ་སྔགས་དམིགས་པའི་ཁ་གསོ་བྱ། དབང་སོ་སོ་ཞག་གིས་མ་ཆོད་པའི་དབང་དུ་ན། ཚོགས་མཆོད་རྐྱང་པ་བྱས་ནས་ལྷག་མའི་མགོར་དབང་བསྐུར། དེ་ནས་སློབ་མ་ཕྱི་རོལ་ནས་ཁྲུས་བྱ་བ་སོགས་སྤྲོས་བཅས་སྐབས་ལྟར་གྲུབ་ནས། བླ་མས། འོ་ཁྱེད་རྣམས་ལ་འོད་གསལ་རྫོགས་པ་ཆེན་པོའི་དབང་གཉིས་པ་ཐུན་མིན་སྤྲོས་མེད་ཀྱི་དབང་རིན་པོ་ཆེའི་དྲྭ་བ་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལ་བླ་མ་དང་སློབ་མའི་བྱ་བ་གཉིས་ཡོད་པས། བདག་གིས་བགྱི་འོས་རྣམས་ལེགས་པར་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གསལ་བའི་དྲུང་དུ་སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བཀོད་པ་བློས་བླངས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་རྒྱས་བསྡུས་གང་རུང་འབུལ་བཅུག་ལ། ཀུན་སློང་བཅོས་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་བདག་གཅིག་པུས་དགོད་པར་བྱ། དེའི་ཆེད་དུ་ངེས་གསང་འོད་གསལ་རྫོགས་པ་ཆེན་པོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལེགས་པར་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་གདམས་ངག་ཏུ་དྲིལ་ནས་དད་བརྩོན་བརྟུལ་ཞུགས་དང་ལྡན་པའི་སྒོ་ནས་ལྷུར་ལེན་ཞིང་། འབྲས་བུ་ཡིད་སྨོན་མ་ཡིན་པར་ལོ་ཟླ་ཙམ་གྱིས་དག་པ་གཉིས་ལྡན་དོན་གཉིས་ལྷུན་གྲུབ་ཀྱི་རྒྱལ་སར་དབང་འབྱོར་བ་ཞིག་ཅི་ནས་ཀྱང་བྱ་སྙམ་པའི་དམ་བཅའ་བརྟན་པོས་ཀུན་སློང་བཅོས་པ་དང་། ཀུན་སྤྱོད་ཀྱི་རིམ་པའང་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་གསལ་བཏབ་ལ་ལེགས་པར་གསན་འཚལ། ཤིན་ཏུ་རྙེད་པ་དཀའ་བ་སོགས་རང་གཞུང་ལྟར། མཆོག་ཏུ་བདེ་བའོ། །བར་དང་། དེ་ལའང་གདུལ་བྱ་སེམས་ཅན་གྱི་ཁམས་དང་དབང་པོ་བསམ་པའི་ཁྱད་པར་དང་མཐུན་པའི་ཆོས་ཀྱི་སྒོ་མོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་མདོར་བསྡུ་ན། རྒྱུ་ལམ་བྱེད་དང་འབྲས་བུ་ལམ་དུ་བྱེད་པའི་ཁྱད་པར་གྱིས་མདོ་སྔགས་གཉིས་སུ་གྲགས་པ་ལས། འདི་ནི་འབྲས་བུ་སྔགས་ཀྱི་ཐེག་པ་ཡིན། དེ་ཡང་རིགས་དང་དུས་ཀྱི་ཁྱད་པར་ལ་དགོངས་སྟེ་རྒྱུད་སྡེ་བཞིར་གསུངས་པའི་ནང་ནས། འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེར་གཏོགས་ལ། (༢༡)དེ་ལའང་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ནང་ཚན་རྫོགས་པ་ཆེན་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་སྲོལ་གང་ཟག་དབང་རྣོན་དང་། དབང་པོ་ཡང་རབ་གཉིས་ཀྱི་ཁྱད་པར་ལས། སྔ་མ་ལྟར་ན་སྣང་བ་ཡུལ་གྱི་བློ་ཅན་རིམ་གྱིས་ལམ་དུ་བཀྲི་བའི་ཕྱིར། རྒྱུད་ལུང་མན་ངག་གསུམ་ཞེས་གཞི་ལམ་འབྲས་བུའི་ཚུལ་དུ་ནང་རྒྱུད་ཡོ་ག་གསུམ་དུ་གྲགས་པ་ལས། འདི་ནི་ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །དེའང་རིགས་ཅན་གསུམ་ལ་དགོངས་པའི་སེམས་ཀློང་མན་ངག་གསུམ་གྱི་ནང་ནས་མན་ངག་གི་སྡེ་ཡིན། དེ་ལའང་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་སྐོར་ཚོ་བཞི་བཞུགས་པ་གང་ཉམས་སུ་བླངས་ན་གང་ཟག་གཅིག་གི་ལམ་གྱི་ཆ་རྐྱེན་ཁ་ཚང་། གདམས་པ་གཞན་ལ་རག་མ་ལུས་པ་ཡིན་ལ། འདི་ནི་ཀུན་གྱི་བཅུད་འདྲིལ་ལྟ་བུ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཞེས་ཆོས་སྡེ་སུམ་ཅུ་རྩ་ལྔའི་བདག་ཉིད་ཅན། གདམས་ངག་ཆིངས་སུ་བཅིངས་ཤིང་འགགས་བསྡོམས་པ་ཡང་གསང་བླ་མེད་འོད་གསལ་འཕོ་བ་ཆེན་པོའི་ལམ་བཟང་། ཤིན་ཏུ་དབང་རྣོན་རིག་པ་རང་སྣང་གི་བློ་ཅན་འཕྲད་པ་ཙམ་གྱིས་ས་ལམ་ཆིག་ཆོད་རྟོགས་གྲོལ་དུས་མཉམ་སྤངས་བླངས་རྩོལ་སྒྲུབ་ལ་མ་ལྟོས་པར་བྱར་མེད་ཡེ་རྫོགས་ཆེན་པོའི་ཀློང་དུ་འཚང་རྒྱ་བ་དང་། མིན་ཡང་གདམས་པ་དང་བླ་མ་ཡ་བྲལ་དུ་མ་སོང་བའི་དད་གུས་དང་ལྡན་པའི་རིགས་ཅན་རྣམས་དད་པའི་ཉེར་ལེན་གྱིས་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ལོ་ཟླ་ཙམ་མམ། བར་དོ་ལས་མི་འགྱང་བར་འཚང་རྒྱ་བའི་མན་ངག་ཟབ་མོ་འདིའི་སྤྲོས་མེད་དབང་བསྐུར་གྱི་སྐབས་སུ་བབ་པ་ཡིན་ལ། རྡོ་རྗེ་ཐེག་པའི་དངོས་གྲུབ་ཀྱི་སྐལ་བ་ཆེ་ཆུང་དད་པ་དང་དམ་ཚིག་ལ་རག་ལས་པས་འདུན་པ་འདི་ལྟར་གྱིས་ཤིག །རང་རེ་སྡོད་པའི་ས་ཕྱོགས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། རྡོ་རྗེ་སློབ་དཔོན་ཉིད་ཆོས་སྐུ་ཀུན་བཟང་འོད་མི་འགྱུར་བ་དང་། ལོངས་སྐུ་རྡོ་རྗེ་འཆང་། སྤྲུལ་སྐུ་རིག་འཛིན་བརྒྱུད་པ་སོ་སོ་མ་ཡིན་ཐ་མི་དད་པ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཆེན་པོ་དངོས་ཡིན་སྙམ་པ་དང་། ཁྱེད་(༢༢)རང་རྡོ་རྗེའི་མཆེད་ལྕམ་རྣམས་ཀྱང་རྒྱུ་རྡོ་རྗེ་བཞིའི་བདག་ཉིད་ཅན་དང་། ཐབས་ཟབ་མོ་སྨིན་གྲོལ་གྱི་གདམས་པ་དང་འཕྲད་པས་སྲིད་པ་ཐ་མའི་རིག་འཛིན་ཡིན་པ་ལ་ཡིན་ཚུལ་ཤེས་པས་ཚིག་གི་རྗེས་སུ་དོན་ཡིད་ལ་དྲན་བཞིན་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་རེ་གནང་བར་ཞུ། བླ་མ་རྡོ་རྗེ་འཛིན་པ་སོགས་ནས་བསིལ་བར་མཛོད། །ལན་གསུམ་དང་། བླ་མ་རྡོ་རྗེ་འཛིན་པ་སོགས་ནས་མཛད་དུ་གསོལ། །བར་ལན་གསུམ་བྱའོ། །དེའང་ལམ་གྱི་སྲོག་དམ་ཚིག་ལ་གནས་དགོས་པས་བསྲུང་བྱ་རིགས་ལྔའི་སྡོམ་པ་བཟུང་བ་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དགུ་གསུམ་ཉེར་བདུན་ལས་མི་འདའ་བར་བསྲུང་དགོས། སྲུང་ཚུལ་ཀྱང་ཕྱི་ནང་གསང་བ་ཡང་གསང་ཡེ་སྲུང་རྒྱལ་པོའི་ལུགས་སོགས་ལྟ་སྤྱོད་ཟུང་འཇུག་གིས་ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་དུས་སུ་བབ་པའི་སྤྱོད་པ་གཙོ་བོར་འདོན་པས་དེ་ལྟར་བགྱིད་དོ་སྙམས་པའི་རྡོ་རྗེ་རྩེ་གཅིག་པས་ཕྱག་རྒྱ་སྙིང་ཁར་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ།

སྡོམ་པ་བཟུང་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་སོགས་ནས་མི་འདའོ། །ཞེས་པའི་བར་བརྗོད།

སླར་དམ་ཆུ་སྦྱིན་པ་ནི། དམ་ཚིག་གི་བདུད་རྩི་འདི་ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩིས་ཐེབས་པའི་རྟེན་འབྲེལ་ཡིན་པས་དམ་ཚིག་ལ་ཚུལ་བཞིན་གནས་ན་རྡོ་རྗེ་སེམས་དཔར་གྱུར་ཏེ་འདི་ཕྱིའི་ཕན་བདེ་མ་ལུས་སྩོལ་མེད་དུ་འགྲུབ་ཅིང་། ཉམས་ན་ཁྲོ་བོར་གྱུར་ཏེ་ཚེ་འདིར་མི་འདོད་པ་དུ་མས་མནར་ཞིང་། ཕྱི་མ་ན་རག་ཆེན་པོར་ལྟུང་བས་ན་ཁེ་ཉེན་ཤིན་ཏུ་ཆེ་བའི་ཐ་ཚིག་ལ་གནས་པར་གྱིས་ཤིག །ཅེས། ཧཱུྃ་འདི་ནི་དམ་ཚིག་སོགས་ཐུབ་པར་གྱིས། །ཅེས་བརྗོད་ཅིང་དམ་ཆུ་སྦྱིན་ནོ། །དེ་ལྟ་བུའི་དམ་ཚིག་སྤྱི་དང་ཁྱད་པར་མི་ཉམས་པར་བསྲུང་བ་ཁས་བླངས་པ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། བདག་གི་དུས་འདི་སོགས་ནས། འདས་པའི་བྱ་བ་བཏང་རེ་ཀན། །ཞེས་པའི་བར་བརྗོད། བླ་མས་རྡོ་རྗེ་གདེངས་ཏེ། འོ། རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་རྡོ་རྗེས་དམ་ལ་བཞག་པ་(༢༣)འདི་ཉིད་ཚིག་ཙམ་མིན་པས་སྙིང་ནས་དམ་བཅའ་དགོས་པས་ལེགས་པར་སྙན་གཏོད་འཚལ།

དམ་བསྒྲག་པ་ནི། ཀྱེ། སྐལ་ལྡན་སེམས་ཀྱི་བུ་སོགས་ནས་མ་གཏོང་ཞིག །བར་ལན་གསུམ་བརྗོད་དེ་སློབ་བུའི་གནས་གསུམ་དུ་རྡོ་རྗེ་བཞག་གོ། །དེས་སྦྱོར་བའི་ཆོས་ཀྱི་རིམ་པ་དམ་ལ་བཞག་པ་དང་བཅས་གྲུབ་པ་ལགས།

དེ་ནས་དོན་གྱི་དཀྱིལ་འཁོར་ལ་འཇུག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དངོས་གཞིའི་དབང་རྣམས་རིམ་པར་འབྱུང་བས། དེ་ལ་གསོལ་བ་གདབ་པ་དང་། མཎྜལ་ཕུལ་བ་སྔོན་དུ་འགྲོ་དགོས་པས་སྐུ་གསུམ་གྱི་ཞིང་ཁམས་རྒྱས་བསྡུས་གང་མཚམས། མཆན། འབུལ་བར་ཞུ། ཞེས་མཎྜལ་འབུལ་བཅུག །མེ་ཏོག་གཏད་ལ། འོ། རིགས་ངེས་པའི་ཕྱིར་རྡོ་རྗེ་ཐལ་མོས་མེ་ཏོག་སྙིང་ཁར་ཟུང་ལ་མོས་པའི་དད་པ་ཁྱད་པར་ཅན་གྱིས་ཀུན་ནས་བསླང་སྟེ་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། དེའི་ལམ་ལས་ཕྱིར་མི་ལྡོག་པ་དམ་བཅའ་བཟུང་བའི་ཆེད་དུ་འདིའི་རྗེས་ཟློས་ལན་གསུམ། བླ་མ་རྡོ་རྗེ་འཛིན་སོགས། སླར་ཡང་ལྡོག་པར་མི་བགྱིད་དོ། །བར་བརྗོད། བླ་མས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་གྱི་ཕྱག་རྒྱ་སློབ་མར་བསྟན་ཏེ། འོ། དེ་ལྟར་དམ་ཚིག་སྤྱི་དང་བྱེ་བྲག་ལ་གནས་ཤིང་བླ་མ་དང་གདམས་ངག་ལ་གཅིག་ཏུ་གུས་པ་ནི་སྐལ་ལྡན་གྱི་རིགས་སུ་ངེས་པས་ན་རྗེས་སུ་གནང་བ་འདི་ལ་སྙན་གཏོད་འཚལ། ཞེས། ཨེ་མ་བུ་ཁྱོད་སོགས་ནས། སླར་མ་ལྡོག །ཅེས་བརྗོད་ལ།

དེ་ནས་འཇུག་པ་ཐུན་མོང་མ་ཡིན་པ་ནི། ཁྱེད་རང་རྣམས་རང་རང་གི་གྲལ་ལས་བཞེངས་ཏེ་རྐང་པའི་ལོང་བུ་གཉིས་གཤིབས། ལག་གཉིས་སྤྱི་བོར་ཐལ་མོ་སྦྱོར་མིག་བཙུམས་ལ་དམིགས་པ་འདི་ལྟར་གྱིས་ཤིག །བླ་མས་དྲག་སྔགས་བརྗོད་ཅིང་ཡུངས་དཀར་ཐུན་གྱིས་བྲབ། གུ་གུལ་བདུག་ཅིང་ཁྲོ་བོའི་རྒྱལ་པོའི་ང་རྒྱལ་གྱིས་བགེགས་བསྐྲད་ལ་དམིགས་པ་འདི་ལྟར་དུ་ཕོག །ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་སྣོད་བཅུད་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ། སྟོང་པ་རིག་པའི་སྙིང་པོ་ཅན་གྱི་རང་རྩལ་འགགས་མེད་ཀྱི་རོལ་པར་སྣོད་དག་པ་འོག་མིན་བདེ་ཆེན་འབར་བའི་ཕོ་བྲང་། བཅུད་དག་པ་སྣང་སྲིད་ལྷའི་ཕྱག་རྒྱར་(༢༤)བསྒྲུབ་པའི་སླད་དུ། པད་ཟླ་ཉི་མའི་གདན་ལ་བཅོམ་ལྡན་འདས་ཁྲོས་མ་དམར་མོ་ཞབས་གཉིས་དོར་ཐབས། ཕྱག་གཡས་ཟངས་ཀྱི་གྲི་ཁུག་ནམ་མཁར་འཕྱར་ཞིང་། གཡོན་པས་ཐོད་པར་རཀྟས་བཀང་བ་ཐུགས་ཀར་འཛིན་ཞིང་། ཐོད་སྐམ་ཀྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་དར་དང་རིན་པོ་ཆེ་རུས་པའི་རྒྱན་དྲུག་གསོལ་བ། རྣ་ལྟག་གཡས་སུ་ཕག་ཞལ་གྱིས་མཚན་པ་སྣང་ལ་རང་བཞིན་མ་གྲུབ་པ་ཡེ་ཤེས་ཀྱི་རང་འོད་འཁྲིགས་པའི་དབུས་ན་རོལ་པ། དེའི་སྙིང་དབུས་སུ་འོད་ཁ་དོག་ལྔ་ལྡན་གྱི་གཡུང་དྲུང་དགའ་བ་འཁྱིལ་པ་གཡོན་དུ་ཀྱི་ལི་ལི་འཁོར་བར་དམིགས། ནམ་མཁའི་དབྱིངས་ཐམས་ཅད་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟར་རྩ་བའི་བླ་མའི་བར་དུ་བྱོན་པའི་འོད་གསལ་རྫོགས་ཆེན་གྱི་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་སྐུ་གར་སྟབས་ཤིག་ཤིག །གསུང་ཚངས་པའི་དབྱངས་ཀྱིས་ཧཱུྃ་ཕཊ་ཀྱི་སྒྲ་སེང་སེང་། ཐུགས་ཟག་མེད་བདེ་བ་ཆེན་པོའི་རོལ་གར་འཇའ་འོད་ཐིག་ལེ་མེར་མེར་ཡོམ་ཡོམ་དང་བཅས་ནམ་མཁའ་བར་སྣང་ཐམས་ཅད་སྐུ་ཡི་ཕྱག་རྒྱའི་རྣམ་པས་གང་བ་རྣམས་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་ཁྱེད་རང་རྣམས་ཀྱི་གནས་གསུམ་དང་དབང་པོའི་སྒོ་བ་སྤུའི་བུ་ག་རྣམས་སུ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་གྱིས་ཤིག །ཅེས་བརྡ་སྤྲད་ལ་ཟུར་གསལ་ལྟར། ཨེ་མ་བུ་རྣམས་དད་གུས་སོགས་ནས་སྒོམས་ཤིག །བར་བརྗོད་ལ་ཌཱ་དྲིལ་དལ་བུས་བཀྲོལ་ཞིང་མཚམས་སུ་བཅད་ལ། ཨཱ་གུ་རུ་ཀུན་ཏུ་བཟང་པོ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་རྡོ་རྗེ་སེམས་དཔའ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་དགའ་རབ་རྡོ་རྗེ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་མཱཉྫུ་ཤྲཱི་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཤྲཱི་སིངྷ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཛྙཱ་ན་སཱུ་ཏྲ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་བི་མ་མི་ཏྲ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཏིང་འཛིན་བཟང་པོ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ལྡང་མ་ལྷུན་རྒྱལ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་སེང་གེ་དབང་ཕྱུག་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཞང་སྟོན་པ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་མཁས་པ་ཉི་འབུམ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཇོ་འབེར་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་སངས་རྒྱས་དབོན་(༢༥)ས་མཱ་ཡ་ཛ་ཛ༔ ཨ་གུ་རུ་མེ་ལོང་རྡོ་རྗེ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཀུ་མཱ་རཱ་ཛ་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་ཀློང་ཆེན་རབ་འབྱམས་ས་མ་ཡཱ་ཛ་ཛ༔ ཨ་གུ་རུ་བརྒྱུད་གསུམ་ཀུན་འདུས་རྩ་བའི་བླ་མ་ས་མ་ཡཱ་ཛ་ཛ༔ ཛཿཧཱུྃ་བྃ་ཧོ༔ ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿབརྗོད་ཅིང་རོལ་མོ་དྲག་ཏུ་སྒྲོགས་སོ། །ཁྱད་པར་རྒྱ་ནག་ སོགས་ནས། ཧཱུྃ་ཧཱུྃ་ཕཊ་ཕཊ༔ བར་བརྗོད་ཅིང་བྱིན་དབབ་བོ། །

རིག་པའི་མེ་ཏོག་དོར་བ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། འདིར་ཐུན་མོང་བ་མཚན་བཅས་ཀྱི་མེ་ཏོག་བླ་མའི་ཕྱག་ཏུ་ཕུལ་བའི་བརྡ་ཐབས་ཀྱི་རྟེན་འབྲེལ་གྱིས་ཁྱད་པར་བ་རང་བྱུང་རིག་པའི་ཡེ་ཤེས་འོད་གསལ་མའི་ཐ་སྙད་བླ་མའི་ཐུགས་དང་དབྱེར་མེད་པ་སྒྲིབ་པ་དང་བྲལ་བ་དེ་རིག་པའི་མེ་ཏོག་དོར་བའི་གཞིར་བྱས་ལ། སློབ་མའི་རྒྱུད་ཀྱི་འོད་གསལ་བུའི་ཐ་སྙད་ཡེ་དོན་གྱི་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་ཀྱི་དྲི་མས་བསྒྲིབས་པ་དེ་ཉིད་དོར་བའི་ཚུལ་དུ་བྱས་པས་དབྱེར་མེད་རོ་གཅིག་འཁོར་གསུམ་མཚན་མ་དང་བྲལ་བ་དེ་དོན་གྱི་རིག་པའི་མེ་ཏོག་གམ། བརྡ་ཕྱག་འཚལ་བ་ཞེས་གྲགས་པས་ན་ཐུགས་འདུན་འདི་ལྟར་གྱིས་ཤིག །ཅེས། ཐུགས་ཀྱི་དཀྱིལ་འཁོར་སོགས་ནས། ཞེས་བྱའོ། །བར་བརྗོད། དེས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་ཐུན་མོང་མ་ཡིན་པ་གྲུབ་ཟིན་པ་ལགས། དོན་གཉིས་པ་དབང་བསྐུར་བ་དངོས་ལ་སོགས་ནས། ཨཾ་ཨཱཿ བར་བརྗོད། དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ་པ་རྣམས་རིམ་པར་གཞུང་ལྟར་གྲུབ་པ་དང་། སྤྲོ་ན་ཚོགས་དང་གཏོར་མ་འབུལ་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཀྱང་མཐའ་རྒྱས་སུ་བྱའོ། །དེས་ཐུན་མིན་སྤྲོས་མེད་དབང་གི་རིམ་པའི་ཟིན་ཐོ་གྲུབ་པ་ཡིན་ནོ།། །།

༈ གཉིས་སྣང་འཁྲུལ་པ་ཆོས་ཀྱི་དབྱིངས་སུ་ཟད། །ཇི་ལྟ་ཇི་སྙེད་འོད་གསལ་མངོན་དུ་བྱས། །ངེས་གསང་བསྟན་པའི་ཤིང་རྟ་ཉི་མའི་གཉེན། །ཀུན་མཁྱེན་རྗེ་དང་དབྱེར་མེད་བླ་མར་འདུད། །

དེ་ལ་འདིར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གསུམ་པ་ཤིན་ཏུ་སྤྲོས་མེད་དབང་གི་ཟིན་ཐོ་ལ། ཁྱད་པར་གྱི་སྔོན་འགྲོ་དང་དངོས་གཞིའི་དབང་བསྐུར་ཚུལ་ལོ། །དང་པོ་ཚོགས་ཀྱི་ཡོ་བྱད་དང་། སློབ་མ་ལ་བསྐུར་རྒྱུའི་དཀར་དམར་གཏོར་མ་སོགས་ལ་འདུ་བྱ། དེ་ནས་རང་གཞུང་ལྟར་ཚོགས་མཆོད་རྒྱས་པར་བྱས་ནས་ལྷག་མའི་མགོར་བཞག །ལས་བུམ་གྱི་ཁྲོ་བོ་སླར་གསལ་བཏབ་སྟེ་འཁྱིལ་སྔགས་ཅི་མང་(༢༦)དང་། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རིང་ཐུང་ཅི་མང་གིས་ནུས་ལྡན་དུ་བསྒྲུབ། མཆོད་བསྟོད་ནོངས་བཤགས་རྒྱས་བསྡུས་སྐབས་བསྟུན་བྱ།

ལྷ་འོད་དུ་ཞུ་བའི་ཆུའི་རྡུལ་གྱི་གྲངས་དང་མཉམ་པའི་ལྷ་དང་བདུད་རྩི་དབྱེར་མེད་དུ་གྱུར་ནས་ཕྱི་ནང་གསང་བའི་སྡིག་སྒྲིབ་སྦྱངས་པ་དང་། བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར་པར་མོས། དེ་ནས་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་དང་ཉེ་རེག་བྱས་ནས་བླ་མའི་དྲུང་དུ་འཁོད་པ་ལ། ཀུན་སློང་བཅོས་ཤིང་ཆོས་བཤད་ཅི་རིགས་པས་མཚམས་སྦྱར། སྐབས་སུ་བབ་པ་ནི་རང་ལུགས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་འབྱུང་བ་ལས། འདི་ནི་སྟ་གོན་གྱི་རིམ་པ་ཡིན། དེའང་ཐུན་མོང་གི་ལུགས་ལ་དབང་བཞི་སོ་སོའི་སྣོད་རུང་དུ་བྱ་བ་དང་། ལེགས་ཉེས་ཀྱི་མཚན་མ་བརྟག་པའི་ཕྱིར་རྟེན་འབྲེལ་རྫས་ལ་བརྟེན་ནས་སྟ་གོན་དུ་གནས་པར་བྱ་བ་ཡིན་ཀྱང་། འདིར་ནི་གཟུང་བྱ་འཁོར་འདས་སོགས་ལ་འཛིན་བྱེད་རེ་དོགས་གཉིས་ལ་རུ་ཞེས་བཞེད་ལ་དེ་ཐུན་མོང་མ་ཡིན་པའི་ཐབས་ཀྱི་སྤྱོད་པ་ཟབ་མོ་བརྟུལ་ཞུགས་ལམ་ཁྱེར་གྱིས་གཉིས་ཆོས་སྤང་བླང་རེ་དོགས་ལས་འདས་པའི་ལམ་དུ་ལྷོང་བའི་དོན་ལ་ཤན་ཕྱེ་ཞེས་གསུངས་པས་ན་འཁོར་འདས་རུ་ཤན་ཕྱེ་བ་ཞེས་གྲགས་པ་ལགས། དེ་ལའང་རྒྱུད་ཀྱི་དགོངས་པ་བཀའ་གཏེར་སོ་སོར་སྲོལ་མི་འདྲ་བ་མང་དུ་བཞུགས་ཀྱང་། འདི་ནི་སྒོ་གསུམ་ཆུན་གཅིག་ཏུ་བྱས་ནས་གཉིས་སྣང་རེ་དོགས་ཀྱི་འཕྲང་ལས་སྒྲོལ་ཏེ། གཉིས་མེད་ཐིག་ལེ་ཉག་གཅིག་གཞོན་ནུ་བུམ་སྐུར་གྲོལ་བའི་རྟེན་འབྲེལ་སྟ་གོན་དུ་བྱ་བ་ཡིན་པས། བརྒྱུད་གསུམ་སྐྱབས་གནས་རྒྱ་མཚོའི་ངོ་བོ་བླ་མ་ཡིན་པའི་ངེས་ཤེས་དང་བཅས་བར་ཆད་ཞི་ཞིང་བྱིན་རླབས་མྱུར་ཏུ་འཇུག་པའི་ཕྱིར་བསགས་སྦྱོང་གི་རྟེན་གསོལ་བ་གདབ་པའི་ཡུལ་ཚོགས་ཞིང་སྤྱན་འདྲེན་པ་སོགས་མཉམ་དུ་གསུང་བར་ཞུ། ཞེས་བརྡ་སྦྱར་ལ། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་སོགས། གནས་མཆོག་འདི་རུ༴ ཨ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོ་སོགས་དང་། (༢༧)རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཡན་ལག་བརྒྱད་པའི་ཚོགས་བསགས་སྔོན་དུ་འགྲོ་བས། སླར་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས་ལྟར། ཨཱ་ཨཱཿཧཱུྃ། གདོད་མའི་མགོན་པོ་སོགས་ནས། སྤྲོ་ན་བརྒྱུད་པའི་ཁ་སྐོང་བཅས་དང་། ཉེ་བརྒྱུད་གང་རུང་དང་། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སོགས་ནས་ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། ཞེས་དབྱངས་དང་བཅས་པས་ལེགས་པར་བརྗོད། མཎྜལ་རྒྱས་པ་ཚོགས་གཉིས་སྤྲིན་ཚོགས་ལྟར་འབུལ། དེ་ནས་སློབ་མ་རྣམས་གཅེར་བུ་ཨང་རཀ་གྱོན་པའམ། མིན་ཀྱང་སྟོད་གཡོགས་བསལ་ནས་བླ་མའི་དྲུང་དུ་སློབ་མས་འདུད་རྒྱ་བྱ། རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པ་དང་། བར་ཆད་ཞི་བར་བྱ་བའི་ཕྱིར་དུ་གོ་བགོ་བ་ནི། ཁྱེད་རང་རྣམས་ཀྱིས་དམིགས་འདུན་འདི་ལྟར་དུ་གྱིས་ཤིག །སློབ་དཔོན་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་གྱེན་དུ་བརྫེ་བ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ་ཁྲོ་བོའི་ཆས་དང་ལྡན་པར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་དེ་ལྟར་དུ་བསྒོམ་པའི་སྤྱི་བོར་ལྃ་སེར་པོ། དཔྲལ་བར་ཨེ་མཐིང་ཀ །ལྐོག་མར་སུ་སེར་པོ། མགྲིན་པར་ཁྃ་དུད་ཁ། ནུ་མ་གཉིས་ལ་ཧ་དཀར་པོ། ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡྃ་ལྗང་གུ་སྟེ་ཡིག་འབྲུ་རྣམས་གསལ་ལ་དྭངས་པ་སྣང་ལ་རང་བཞིན་མེད་པ་རེ་གསལ་ཐོབ། སླར་བླ་མ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་མངོན་སུམ་པ་ཡིན་སྙམས་པའི་མོས་གུས་དྲག་ཏུ་སྐྱེད་ཅིག །བླ་མས་གཞིའི་ཧེ་རུ་ཀའི་ང་རྒྱལ་ལ་གནས་པའི་ངང་ནས་ཧཱུྃ་ཞེས། དྲག་ཏུ་བརྗོད་པས་ཐུགས་ཀ་ནས་ཐུགས་རྗེ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ནང་དུ་ཞུགས་པས་ཧཱུྃ་སྔོན་པོའི་རྣམ་པར་གྱུར་པར་སྒོམས་ཤིག །ཅེས་བླ་མས་ཧཱུྃ་འཇམ་ལ་རིང་བ་མང་དུ་བརྗོད་མཐར། ཧ་ཧ། ཞེས་ངར་དང་བཅས་པས་ལན་གསུམ་བརྗོད། བླ་སློབ་ཀུན་གྱིས་ཚོགས་ལ་རོལ་ཞིང་། བསམ་པ་ལྷུན་གྲུབ་སོགས་སྨོན་ལམ་ཁྱད་པར་ཅན་རྣམས་དང་བཀྲ་ཤིས་བསྔོ་བ་བཅས་གྲུབ་འཕྲལ། སློབ་མ་གཙོ་བོའི་ལག་ཏུ་དཀར་དམར་གྱི་གཏོར་མ་གཏད་དེ་རང་གནས་སུ་གཏང་ངོ་། །དེ་ནས་མི་ཡི་རྒྱུ་འགྲུལ་དང་མཐོང་ཐོས་མེད་པའི་སར་ཕྱིན་ལ། ཡུལ་དེའི་གཞི་བདག་དང་མཁའ་འགྲོ་ལ་གཏོར་མ་དཀར་(༢༨)དམར་སོགས་བརྔན་ཆ་ཅི་འབྱོར་བཤམས། ཀུན་སློང་བཟང་པོས་སྐྱབས་སེམས་སོགས། བླ་མའི་རྣལ་འབྱོར་དབང་བཞི་བཅས་ལེགས་པར་གྲུབ་འཕྲལ། གཏོར་མ་རྒྱས་བསྡུས་ཅི་ལྟར་རིགས་པས་བསྔོ་ཞིང་། བར་ཆད་ཞི་ཞིང་སྡོང་གྲོགས་བྱེད་པའི་འཕྲིན་ལས་བཅོལ་བཀའ་བསྒོ་ནན་ཏན་དུ་བྱའོ། །

དེ་ནས་སྤྱོད་པ་དངོས་ལ་རྟེན་འབྲེལ་གྱི་དགོས་ཆེད་གཅེར་བུ་ཨང་རཀ་གམ་སྨད་དཀྲིས་བྱས་ལ། རང་གཞུང་ནས་ཌཱ་མ་རུ་བཀྲོལ་ཞིང་ཁ་ཊྭཱྃ་ཐོགས་པ་སོགས་གསུངས་ཀྱང་། གང་ལྟར། ཡུལ་རི་འདིའི་གཞིའི་བདག་པོ་དང་བཅས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོ་སོའི་ལས་སྣང་གཟུང་འཛིན་གཉིས་སྣང་གི་འཁྲུལ་པའི་སྡུག་བསྔལ་དང་བྲལ་ཏེ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་མྱུར་ཏུ་དགོད་པར་བྱ་བའི་ཆེད་དུ་བདག་གིས་སྒོ་གསུམ་རེ་དོགས་ཀྱི་ཞེན་འཛིན་གཅད་པར་བྱ་བའི་ཆེད་དུ་བདེ་སྡུག་འཁོར་འདས་ཐབས་ཀྱི་སྤྱོད་པ་ཟབ་མོས་རུ་ཤན་བགྱིད་དོ། །ཞེས་ངག་ཏུ་བརྗོད་ཅིང་ཡིད་ལ་དུང་ངེར་དྲན་པར་བྱས་ཏེ། དབང་གཞུང་ནས་ཇི་སྐད་བསྟན་བཞིན་ངན་སོང་གསུམ་དང་། བདེ་འགྲོ་མཐོ་རིས་གསུམ་སོགས་འཁོར་བའི་རྟོག་ཚོགས་ཡིད་ལ་གང་དྲན་རེས་འཇོག་མ་ཡིན་པས་བཙན་ཐབས་སུ་བསླངས་ཏེ། དེའི་ལུས་ཀྱི་རྣམ་འགྱུར། ངག་གི་སྒྲ་སྐད་སོགས་སྨྱོན་པ་ཁྲོ་ལངས་པ་ལྟ་བུའི་སྤྱོད་པ་སྒོ་གསུམ་གཅིག་དྲིལ་གྱི་སྒོ་ནས་སྡིག་པའི་རྒྱུ་འབྲས་སྣ་ཚོགས་ཀྱི་དོགས་པ་གང་དྲན་དང་། དགེ་བའི་རྒྱུ་འབྲས་ཀྱི་རེ་བ་གང་དྲན་སྤྱོད་པས་ངལ་དུབ་ཀྱིས་ཐང་ཆད་ཆད་པར་བྱ་ཞིང་། མཚན་མོ་སྨྲ་བརྗོད་སོགས་གང་ཡང་མི་བྱ་བར་བག་ཡངས་སུ་ཉལ་བར་བྱའོ། །སྐབས་སུ་སེམས་ཀྱི་རུ་ཤན་ཁོ་ན་དང་། ལུས་དང་ངག་ཀྱང་དེ་ལྟར་སོ་སོར་ཆུན་གཅིག་ཏུ་བྱ་བ་སོགས་རང་རྒྱུད་ལ་གང་ཕན་ཉམས་སུ་ལེན། རབ་ཏུ་ཤན་འབྱེད་པའི་རྟགས་མ་ཐོན་བར། འབྲིང་ཞག་ཉེར་གཅིག །ཐ་ནའང་བདུན་གཅིག་ཞག་གསུམ་སོགས་ལ་འབད་པ་བསྐྱེད་འཚལ། དེ་ལྟར་སྤྱོད་པའི་ཕན་ཡོན་ནི་གཞུང་ནས་ཅི་སྐད་བཤད་པ་ལྟར་འབྱོངས་པ་ལ་ཐེ་ཚོམ་མེད་པས་གལ་ཆེའོ། །

གཉིས་པ་དངོས་གཞི་དབང་བསྐུར་བ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། མཎྜལ་ལ་དྲི་བཟང་བྱུག་ཅིང་། སྟེང་དུ་ཙཀླིའམ་མར་ཚོན་གྱིས་མུ་ཁྱུད་དང་། འོད་ལྔའི་ར་བ་ཟླུམ་སྐོར་སྤྲོས་པ་དང་བསྟུན། མེ་ཏོག་གི་ཚོམ་བུ་ལྔ་སོགས་རང་གཞུང་ལྟར་བྱ། གཉིས་པ་ནམ་ལངས་དུས་སློབ་མས་དྲི་བཟང་ངམ་བདུད་རྩི་ཅན་གྱི་(༢༩)ཤིང་དང་། མཁན་པ་དཀར་པོ་དང་། འོམ་བུའི་ཁུ་བས་རང་ལུས་མགོ་མཇུག་ཐམས་ཅད་ལེགས་པར་བཀྲུས་ཤིང་། ཉི་མ་རྩེ་ཤར་ལ་ལག་སྟོང་མིན་པས་ཕྱག་རྟེན་མཎྜལ་འབྱོར་ཚད་དམ། མེ་ཏོག་སོགས་ཐོགས་ཏེ་བླ་མའི་སྒོ་དྲུང་དུ་འདུས་ལ། ལས་སློབ་ཀྱིས་ཁྲུས་ནས་དབྱུངས་འཕྲལ་བླ་མའི་དྲུང་དུ་སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་ཁར་སྦྱར་ལ་དགའ་བའི་མདངས་དང་བཅས་ཏེ་འཁོད་དོ། །བླ་མས། བུ་ཁྱོད་སུ་ཡིན༴སོགས་ནས་གཞུང་ལྟར་ལྔ་ཚན་ལྔའི་མཎྜལ་འབུལ་བ་རྣམས་བྱའོ། །དེ་ནས་སྤྲོས་མེད་ཀྱི་བྱིན་རླབས་དབབ་པའི་ཆེད་དུ། ཁྱེད་རང་རྣམས་རང་རང་གི་གདན་ལས་ལངས་ཏེ་སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་ཁར་སྦྱོར། རྐང་པའི་ལོང་བུ་གཉིས་གཤིབས་ནས་བླ་མ་གཞིའི་ཀུན་ཏུ་བཟང་པོའམ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམས་པའི་ངེས་ཤེས་བསྐྱེད་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་རླུང་མིག་སེམས་གསུམ་གཅིག་དྲིལ་གྱིས་བླ་མའི་ཐུགས་ཀར་མ་ཡེངས་པར་གཏོད་ཅིག །ཅེས་བླ་མས་དགོངས་པ་མི་གཡོ་བའི་ངང་ནས་ཕྱག་སྐྱབས་སྦྱིན་གྱི་ཕྱག་རྒྱ་སློབ་མ་སོ་སོ་ལ་གཏོད་པའི་ཚུལ་གྱིས་ཨ་དྲུག་བརྩེགས་དྲག་ལ་ཐུང་བར་བརྗོད་པས། སློབ་མའི་ལུས་འཕར་བ་དང་། ངག་གསལ་ཞིང་སྨྲ་བ། སེམས་མི་རྟོག་པ་ཤར་བ་ནི་ཡེ་ཤེས་པ་དབབ་པ་ཡིན་ནོ། །དེ་ནས་དངོས་གཞི་དོན་དམ་ཐུགས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སེམས་ཀྱི་མཚང་བཙལ་བ་བྱུང་གནས་འགྲོ་གསུམ་མཁན་པོ་དང་བཅས་པའི་རྩད་བཅད་ནས་སེམས་ཀྱི་ཁང་བུ་གཤིག་པར་བྱ་བའི་ཕྱིར་ལེགས་པར་སྙན་གཏོད་ལ་དོན་ཡིད་ལ་ངེས་པར་གྱིས་ཤིག །ཅེས་བརྡ་སྦྱར་ལ། བླ་མས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཕྱོགས་སོ་སོར་རིམ་པར་གཏད་བཞིན་ཚིག་དག་ཅིང་སྙན་པས་དལ་བུས་སུ། སློབ་མ་ཁྱེད་རང་རྣམས་ལུས་གནད་དེ་ཉིད་ཀྱིས་ཁ་ཤར་གྱི་ནམ་མཁར་གཏོད་ཅིག་བྱས་ལ། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ལ་འཕར་གམ་གམ་སོང་དང་། ཞེས་ལན་གསུམ་བརྗོད་དེ་དར་གཅིག་བཞག་ལ། ཡང་འགྲོ་ན་འགྲོ་ས་འདུག་གམ། འགྲོ་བའི་མཁན་པོ་འདུག་གམ། ཞེས་བརྗོད་ཅིང་། སློབ་མས་ཀྱང་ལེགས་པར་མཚང་བཙལ། དེ་བཞིན་དུ་ཕྱོགས་གཞན་གསུམ་ལའང་དེ་ལྟར་བྱ་ཞིང་དྲིས་ཏེ། མཐར་(༣༠)འགྲོ་འོང་བསམ་མཁན་དང་བཅས་ཧར་སེང་དུ་རྟོགས་ན་དེས་ཆོག །མིན་ཀྱང་བྱུང་གནས་འགྲོ་གསུམ་བསྒོམ་རུང་གི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས་དོན་གོ་བར་གྱིས། དེའི་དོན་བརྡའི་སྒོ་ནས་སྟོན་པ་ཡིན་པས་འདི་ལྟར་ངེས་པར་གྱིས་ཤིག །གཞུང་ལྟར་བླ་མས་ཕྱག་མཛུབ་ནམ་མཁའི་དབྱིངས་སུ་བསྒྲེངས་ལ་ཡུག་ཡུག་ལན་གསུམ་བྱས་ཏེ། ནམ་མཁའི་དབྱིངས་ལ་ལྟོས་ཤིག །ཅེས་ལན་གསུམ་བརྗོད་དོ། །ཆོས་སྐུ་མཁའ་མཉམ་དག་བའི་དཀྱིལ་འཁོར་བསྟན་པའོ། །སོགས་དབང་གཞུང་ལྟར་གཟེངས་བསྟོད་པ་ཡན་སོང་ནས། དེས་གཞི་ལམ་གྱི་སྣང་བ་ངོ་སྤྲད་པའམ་ལམ་བསྒོམ་རུང་གི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད་དོ། །

མཐར་ཁས་ལེན་དང་གཏང་རག་གི་མཎྜལ་སོགས་སྤྱི་ལྟར་ཤེས་པར་བྱ་ཞིང་། སྤྲོ་ཞིང་ལོང་སྐབས་དང་བསྟུན་པའི་ཚོགས་དང་། བཀའ་སྲུང་གསོལ་མཆོད་སོགས་མཐར་རྒྱས་སུ་གྲུབ་པར་བྱའོ། །དེས་ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་ཟིན་ཐོ་གྲུབ་ཟིན་པ་ལགས།

༈ གཞི་ལ་ལམ་གྱིས་མཚམས་སྦྱར་ཏེ། །འབྲས་བུ་མངོན་བྱས་ཐབས་མང་ཀྱང་། །ཀུན་ལས་ཁྱད་འཕགས་ངེས་གསང་དོན། །སྟོན་མཛད་རྡོ་རྗེའི་བླ་མར་འདུད། །

དེ་ལ་འདིར་བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ་ཞེས་བརྡ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་གཞི་སྣང་ཅར་ཕོག་ཏུ་ངོ་སྤྲོད་ཅིང་། གཞི་ལམ་ཟུང་འཇུག་གི་ཡེ་ཤེས་འབྲས་བུ་ཐོབ་རུང་གི་ནུས་པ་རྒྱུད་ལ་འཇོག་པར་བྱེད་པ་འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་བཤམ་བཀོད་ཀྱི་རིམ་པ་གཞུང་ལྟར་དང་། བླ་མའི་ཞལ་ཤར་ཕྱོགས་སུ་གཟིགས་པ་སོགས་སོ། །

གཉིས་པ་སྐབས་སུ་བབ་པའི་ཚེ་སློབ་མ་ཡི་གེ་བརྒྱ་པས་ཁྲུས་ནས་ཕྱུང་སྟེ། བླ་མའི་ཞལ་ལ་གདོང་ཕྱོགས་ནས་འདུག་སྟེ། ལྔ་ཚན་ལྔའི་མཎྜལ་དབུལ། བླ་མས་མཎྜལ་གྱི་ཕན་ཡོན། མཎྜལ་ལྔ་ཚན་རྣམས་སོགས་ནས། སྤྱོད་པའོ། །བར་བརྗོད་དོ། །འོ། དོན་དམ་ངེས་པའི་དཀྱིལ་འཁོར་དུ་འཇུག་པར་འདོད་པ་ཁྱེད་རྣམས་ཆོས་བརྒྱད་ཀྱི་བསམ་པ་ཅན་དང་། ཉན་རང་གི་རིགས་ཅན་ལམ་འདིར་འཇུག་པའི་སྐལ་བ་མེད་པས་གདམས་ངག་ཐབས་ཀྱིས་རྐུ་བའི་བསམ་པ་སྤངས་ནས་བླ་མ་དང་ལམ་རྫོགས་པ་ཆེན་པོ་ལ་ཕྱིར་མི་ལྡོག་པའི་དད་བརྩོན་བརྟུལ་ཞུགས་ལྡན་པའི་གང་ཟག་གི་ཆོས་སྐལ་ཡིན་པས་རང་རྒྱུད་ལ་ལེགས་པར་བརྟགས་ཤིང་དྲི་བ་འདི་ལ་ངེས་(༣༡)པར་གྱིས་ཤིག །ཅེས་བླ་མས། བུ་ཁྱོད་སུ་ཡིན༴སོགས་དྲི་བ་དང་ལན་གསོལ། གནང་བ་སྦྱིན་པ་སོགས་ནས། ཞུགས་ཤིག །བར་བརྗོད

དེ་ནས་དངོས་གཞིའི་དབང་ལ། འོ། རིགས་ཀྱི་བུ་རྣམས་ཉོན་ཅིག །དེ་ལ་མཐར་ཐུག་དོན་གྱི་དབང་བསྐུར་བ་ལ་བདག་གཞན་འཁོར་བ་ལས་བསྒྲལ་བར་འདོད་པའི་ངེས་འབྱུང་ཁྱད་པར་ཅན་དང་། གདམས་པ་དང་བླ་མ་ཡ་མ་བྲལ་བའི་དད་པ་ཁྱད་པར་ཅན་མེད་ན་ཆོས་རྫོགས་པ་ཆེན་པོ་ཡིན་ཀྱང་གང་ཟག་ངེས་པ་མེད་པས་རྒྱུད་ལེགས་པར་འཆོས་ལ། གཞི་གཏན་ལ་འབེབས་པ་ཀ་དག་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ལམ་བསྒོམ་རུང་དང་། ནུས་པ་ཐོབ་རུང་གི་སྐལ་བ་རྒྱུད་ལ་འཇོག་པ་ཡིན་པས་དད་གུས་མོས་པ་བརྟན་པོས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། ཀྱེ་ཀྱེ། བླ་མ་སོགས་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་གསོལ་བ་གདབ་ལ། སེམས་ཉིད་ཀྱི་རང་བཞིན་བསྟན་པའི་དབང་དངོས་ལ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རང་བབས་སུ་ལྷོད་ལ་བླ་མའི་ཐུགས་ཀར་མིག་ཅེར་རེ་གཏོད་ཅིག །ཅེས་བླ་མས་དྲག་ཤུལ་གྱི་ངར་དང་བཅས་པས། སེམས་གང་ཡིན། ཞེས་ལན་གསུམ་བརྗོད་པ་སོགས་གཞུང་ལྟར་རོ། །

དང་པོ་སྤྲུལ་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ལ། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་ཞེས་པ་ལྟར་མན་ངག་སྙིང་ཐིག་གི་དགོངས་པའི་མཐིལ། ལྟ་ལུགས་སོགས་ཕལ་ཆེར་དང་མཐུན་ཡང་། བལྟ་ཚུལ་ཀུན་ལས་ཁྱད་པར་དུ་འཕགས་པ་རང་ལུགས་ལ་རྩ་འཁོར་ལོ་ལྔའི་འོད་རྩ་དྭངས་པར་བྱེད་པའི་ཐབས་ལྟ་སྟངས་དང་། བཞུགས་སྟངས་གཟིགས་སྟངས་གནད་དུ་བསྣུན་དགོས་ཏེ་དཔེར་ན་སྦྲུལ་གྱི་རྐང་ལག་རང་བཞིན་གྱིས་མི་མངོན་ཀྱང་། ལུས་པོ་གཅུར་ཚེ་མངོན་པ་སོགས་ཀྱི་དཔེས། དོན་ཉམས་སུ་ལེན་པ་ལ་ཐབས་འདི་དག་གལ་ཆེ་བས་ལམ་གྱི་ཡན་ལག་ཏུ་མེད་མི་རུང་བ་ཡིན་པས། དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེའི་འདུག་ཚུལ་ལྟ་བུ་འདི་ལ་དབྱེ་བ་མང་ཡང་རང་ལུགས་འདིར་རྐང་མཐིལ་གཉིས་ས་ལ་(༣༢)ཕབ། ལུས་ཀྱི་ཆ་བསྲངས་མགོ་བོའི་རྩལ་མཇིངས་པ་ལ་བསྐུར། ལག་སོར་གཉིས་བསྒོངས་ཏེ་དཔྱི་མིག་གཉིས་ཀྱི་ཐད་ནས་སར་བཙུག་པ་དང་། ཡང་རྐང་མཐིལ་གཉིས་མདུན་དུ་སྤྲད་པའི་ལང་མོ་གཉིས་ཀྱི་ནང་ཐད་དྲང་པོར་ལག་སོར་གཉིས་བཙུགས་པ་སྟེ་ཕྱོགས་གཉིས་ཉམས་ལེན་སྐབས་རང་ཁམས་དང་བསྟུན་ལ། མཐར་གླང་པོའི་སྟ་སྟངས་ཞེས་པ་ནི་མིག་ཐད་དྲང་དུ་བལྟ་བ་དང་། སེང་གེའི་མཆོང་སྟབས་ཞེས་མིག་གྱེན་ལ་ལྡོག་སྟེ་ལག་པ་གཉིས་སྙིང་གི་ཐད་གདེངས་ཤིང་མཆོང་སྟབས་བྱས་ཏེ་རིག་པ་འོད་ཀྱི་གོང་བུར་གྱུར་པ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སྐར་མདའ་ལྟར་འཕངས་ཏེ་ཕྱིར་མི་ལྡོག་པའི་ངེས་ཤེས་དང་བཅས་པས་ཆོས་ཉིད་སྐྱེ་བ་མེད་པར་ངང་དུ་ཞོག་ཅིག །ཅེས་བརྡ་སྦྱར་ལ། བླ་མས་གསུང་གསལ་ངག་སྙན་པས་ཕྱག་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་གཏད་དེ་འདི་ལྟར་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ༴ སོགས་ནས། དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟབས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ ཞེས་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་སློབ་མའི་ཁ་ལྷོར་བལྟ་བཅུག་ལ། ཡང་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ལྟ་བུ་ནི་ཁ་སྦུབ་ལ་པུས་མོ་གཉིས་བྲང་ལ་སྦྱར། གྲུ་མོ་གཉིས་ས་ལ་བཙུགས་ཏེ་ཐལ་མོ་གཉིས་ཀྱིས་མགྲིན་པ་ཡིད་ཙམ་བཏེག །རྐང་པའི་སོར་མོ་ཕྱིར་ཕུལ་ཏེ་བསྐུམས། མིག་ཐད་དྲང་དུ་བལྟ། མཐར་སེང་གེའི་ལྟ་སྟངས་ཞེས་པ་ནི་མིག་གྱེན་དུ་ལྡོག །སྟག་མོའི་མཆོངས་སྟབས་ནི་མིག་འཕྲེད་ལ་བལྟ་ཞིང་སྐེད་པ་ཉེད་ཉེད་བྱས་ཏེ། རིག་པ་འོད་ཀྱི་གོང་བུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་དུ་སྐར་མདའ་ལྟར་འཕངས་ཏེ་ཕྱིར་མི་ལྡོག་པའི་ངེས་ཤེས་གྱིས་ལ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཞོག་ཅིག །ཅེས་བརྡ་སྤྲོད་པ། གོང་ལྟར། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ལྷོ་ཕྱོགས་སོགས་ནས། སྟག་མོའི་མཆོང་སྟབས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་སློབ་མའི་ཁ་ནུབ་ཏུ་བལྟ་བཅུག་ལ། (༣༣)ཡང་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི་ལུས་ཙོག་པུར་རྐང་མཐིལ་གཉིས་ས་ལ་ཕབ། པུས་མོ་གཉིས་བྲང་ལ་སྦྱར། སྒལ་ཚིགས་དྲང་པོར་བསྲངས། རྒྱུ་མ་ཡིད་ཙམ་གྱེན་ལ་འཐེན་ནས་སྒལ་པ་ལ་བཅར། ལག་པ་གཉིས་རེའུ་མིག་ཐུར་དུ་བསྣོལ་ནས་པུས་མོས་བཀབ་ན་ཚ་བའི་ནད་སེལ། གལ་ཏེ་བསྣོལ་ནས་མཆན་ཁུང་གཉིས་སུ་རེག་ན་གྲང་བའི་ནད་སེལ། གྲུ་མོ་གཉིས་པུས་མོ་གཉིས་ཀྱི་སྟེང་དུ་བསླངས་ཏེ་ཐལ་མོ་བསྒོངས་ནས་ལྐོག་མ་བཏེག་ན་ཚ་གྲང་སྙམ་པའི་དགོས་པ་ཡོད་པས་དེ་ལྟར་དང་། མཐར་དཔལ་ཆེན་རྔམས་སྟབས་ཀྱིས་ཞེས་པ་ནི་མིག་གཡོན་བཟུར་ནས་ཁད་ཀྱིས་ཐད་དྲང་དུ་བལྟ་བ་དང་། ཁྱུང་ནམ་མཁའ་ལྡིང་བའི་འགྲོས་སྟབས་ནི་མིག་གྱེན་དུ་ཅུང་ཟད་ཟློག་སྟེ། རིག་པ་འོད་ཀྱི་གོང་བུ་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་སུ་སྐར་མདའ་ལྟར་འཕངས་ཏེ་ཕྱིར་མི་ལྡོག་པའི་ངེས་ཤེས་གྱིས་ལ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལ་ཞོག་ཅིག །ཅེས་བརྡ་སྤྲད་ལ། གོང་ལྟར། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ནུབ་ཕྱོགས་སོགས་ནས། སོང་ཞིག །ཨ་ཨ་ཨཱཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །

ཡང་སློབ་མའི་ཁ་བྱང་དུ་བལྟ་བཅུག་ལ། ཡང་ཡན་ལག་གི་འདུག་སྟངས་བྱ་རྒོད་སྤུངས་པ་ལྟ་བུ་ནི་རྐང་པའི་མཐིལ་གཉིས་ས་ལ་ཕབ། གཙོས་པོ་ས་ལ་མ་རེག་པས་ལུས་པོ་རན་ཙམ་རྒུར། ལག་པ་གཉིས་ཐལ་མོ་གཙོས་པོའི་སྟེང་དུ་བསྣོལ། མིག་གྱེན་དུ་བཟློག་སྟེ་ཞིང་ཁམས་ཡིད་ལ་བྱ། མཐར་རྡོ་རྗེ་འཆང་གི་ལྟ་སྟངས་ཞེས་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་བ་དང་ཕྱིར་འཕངས་པ་ལ་གློག་དམར་འཁྱུགས་སྟངས་བྱ་བ་ཡིན་པས་རིག་པ་འོད་ཀྱི་གོང་བུ་སྐར་མདའ་ལྟར་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་དུ་འཕངས་ཏེ་ཕྱིར་མི་ལྡོག་པའི་ངེས་ཤེས་གྱིས་ལ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཞོག་ཅིག །ཅེས་བརྡ་སྤྲད་ལ་གོང་ལྟར། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །འདི་ནས་བྱང་ཕྱོགས༴སོགས་ནས། སོང་ཞིག །ཨ་ཨ་ཨཱཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །དེ་དག་ནི་སོགས་དགོས་པ་ཡོད་དོ། །དེ་ལྟར་ན་དེ་དག་གིས་རང་བཞིན་སྤྲུལ་སྐུའི་ཞིང་བཞི་རུ་(༣༤)དབུགས་འབྱིན་པའམ་འབྱིན་རུང་གི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ད་ལོངས་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི་ཁྱེད་རང་རྣམས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལྟེ་འོག་ཏུ་འཆིངས་ཤིང་། མིག་ཧ་རེར་གཙུག་ཏོར་རྣམ་པར་བལྟ་བའི་ལྟ་སྟངས་གྱིས། ཡང་གླང་པོའི་ལྟ་སྟངས་མིག་ཐད་དྲང་དུ་བལྟ་བ་དང་། སེང་གེའི་མཆོང་སྟབས་ལག་པ་ཁུ་ཚུར་བཅས་སྙིང་གི་ཐད་ནས་ཕར་གདེངས་ཏེ་མཆོང་སྟབས་གྱིས་ལ་དབུས་ཕྱོགས་རྒྱན་སྟུག་པོ་བཀོད་པའམ། དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་སུ་རིག་པ་འོད་ཀྱི་གོང་བུ་སྐར་མདའ་ལྟར་འཕངས་པས་ཕྱིར་མི་ལྡོག་པའི་ངེས་ཤེས་གྱིས་ཤིག །ཅེས་བརྡ་སྤྲད་ལ། གོང་ལྟར། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་དག་ཐམས་ཅད་ལས་སོགས་སོང་ཞིག །ཨ་ཨ་ཨཱཿ ཞེས་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་རྒྱས་གདབ་བོ། །དེས་རང་བཞིན་སྤྲུལ་པའི་ཞིང་བཞིར་རྫོགས་སྨིན་སྦྱང་པ་ལོ་ལྔ་བརྒྱར་མཐར་སོན་ཏེ། དབུས་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་སུ་ཕྱིར་མི་ལྡོག་པའི་ས་ལ་དབུགས་དབྱུང་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །

དེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི་ཁྱེད་རང་རྣམས་ཆོས་སྐུ་སེང་གེའི་འདུག་སྟངས་གྱིས་ལ་མིག་ཆོས་སྐུའི་གཟིགས་སྟངས་གྱེན་སྤྲུལ་སྐུའི་གཟིགས་སྟངས་ཐུར། ལོངས་སྐུའི་གཟིགས་སྟངས་གཡས་དང་གཡོན་དུ་མིག་འདྲིལ་ལ་མཐར་མིག་ཐད་དྲངས་སུ་བཞག་སྟེ་རང་རིག་ཟང་ཐལ་རྗེན་པའི་ཡེ་ཤེས་སྐྱེས་བུ་ལས་ཟིན་ལྟ་བུ་རང་བབས་སུ་ལྷོད་དེ་ཀློད་ལ་ཚིག་ལ་སྙན་གཏོད་འཚལ། ཞེས་བརྡ་སྤྲད་ལ། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་ལས་ཀྱང་འདས་པའི་སོགས་ནས། སླར་མ་ལྡོག་ཅིག །བར་བརྗོད།

དེ་ནས་དོན་གསུམ་པ་དབང་ལས་ཐོབ་པའི་ངོ་སྤྲོད་བྱ་བ་ལ། ཁྱེད་རང་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟར་གྱིས་ལ་གཟིགས་སྟངས་མིག་ཅུང་ཐུར་དུ་ཕབ་ནས་ཚིག་གི་དོན་ངེས་པར་ཟུངས་ཤིག །ཅེས། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་(༣༥)གཅིག་པོ། །སེམས་ཉིད་ངོ་བོ་སོགས་ནས། སྤྲུལ་སྐུ་ལམ་འཛིན་སླར་མ་ལྡོག་ཅིག །བར་ལན་གཅིག །ཡང་ལོངས་སྐུའི་བཞུགས་སྟངས་གྱིས་ལ་མགྲིན་པ་ཐད་དྲང་དུ་བཞག །མིག་ཅུང་ཟད་དབབ་ལ་སླར་ཚིག་ལ་སྙན་གཏོད་འཚལ། ཞེས། ཨེ་མ་སོགས་ནས་སླར་མ་ལྡོག་ཅིག །བར་ལན་གཅིག །ཡང་ཆོས་སྐུའི་འདུག་སྟངས་ཀྱིས་འདུག་ལ་མགྲིན་པ་བསྟོད་མིག་ཐད་དྲངས་སུ་ལྟོས་ལ་ཚིག་ལ་སྙན་གཏོད་འཚལ། ཞེས། ཨེ་མ་སོགས་སླར་མ་ལྡོག་ཅིག །བར་ལན་གཅིག་གོ། །

དེ་ནས་རང་ལུས་དྲང་པོར་རང་བབས་སུ་འདུག་ལ་དོན་ཡིད་ལ་ཟུངས་ཤིག །དེ་དག་གི་དོན་ཅུང་ཟད་བཤད་ན་སོགས་ཚེ་འདི་ཉིད་ལ་ཕྱིན་པར་གྱིས་ཤིག །ཅེས་པའི་བར་སྒྲ་དག་ལ་དལ་བུས་བརྗོད་པར་བྱའོ། །དེ་དག་གིས་ལམ་སྒོམ་རུང་དང་། འབྲས་བུ་ཐོབ་རུང་གི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དོན་བླ་མའི་དྲུང་དུ་མན་ངག་གི་དམར་ཐག་མ་བཅད་ན་གང་ཟག་དབང་རབ་རྣམས་ལས། འབྲིང་མན་ཆད་ལ་གཞི་ལམ་གྱི་སྣང་བ་ཤན་འབྱེད་ལ་བཟླས་ངོ་སྤྲོད་དམར་བཅིངས་སུ་མ་ཐོབ་ན་གོ་བ་དང་ཡིན་ལོ་ཙམ་གྱིས་ཡིད་དཔྱོད་མཐར་འཛིན་གྱི་ཕྱོགས་སུ་ལྷུང་ཉེན་ཆེའོ། །

དོན་གསུམ་པ་དབུགས་དབྱུང་སོགས་ནས། ཐོབ་པ་ཡིན་ནོ། །ཞེས་པའི་བར་བརྗོད་ལ། འབྱོར་ན་དངོས་པོའི་མཎྜལ་གྱིས་དགའ་སྟོན་བྱ་ཞིང་། དེའི་དགོས་ཆེད་དང་ཡོན་ཏན་བརྗོད་པ་ནི། དགའ་སྟོན་ནི་དབང་གི་རྗེས་ལ་སོགས་ཞེས་གསུངས་སོ། །བར་བརྗོད་པར་བྱ། མཐའ་ཁས་ལེན་གཏང་རག་གི་མཎྜལ་སོགས་སྤྱི་ལྟར་མཐའ་རྒྱས་སུ་བྱའོ། །དེས་རབ་ཏུ་སྤྲོས་མེད་དབང་གི་ཟིན་ཐོ་གྲུབ་ཟིན་པ་ཡིན་ནོ། །

ཨེ་མ་སྐུ་གསུམ་རྒྱལ་བས་འགྲོ་ཁམས་རྒྱ་མཚོ་ཡི། །གདུལ་བྱ་འདུལ་བྱེད་ཆོས་སྒོ་མཐའ་ཡས་བསྟན། །ཀུན་གྱི་བཅུད་ཕུར་རྒྱུད་ལུང་མན་ངག་སྡེ། །ཆེས་ཆེར་ཡང་ཟབ་འོད་གསལ་རྫོགས་པ་ཆེ། །མཐོང་ཐོས་ཙམ་ཡང་ཨུ་དུམ་ཝཱ་ར་ལྟའི། །ལམ་ཟབ་འདི་འདྲའི་སྨིན་གྲོལ་བདུད་རྩིའི་རྒྱུན། །མྱོང་བའི་སྐལ་བ་ལྡན་པའི་ངེས་ཤེས་ནི། །དངོས་སམ་རྨི་ལམ་ཡིན་སྙམ་དད་གསུམ་གྱིས། །སྤྲོ་དགའི་ཚད་ལ་དཔེ་ཟླར་མ་མཆིས་ཀྱང་། །འདི་སྣང་དགའ་མའི་བཞིན་ལ་རབ་འཕྱན་པས། །ཇི་བཞིན་ཉམས་སུ་མ་མྱོང་བདག་འདྲ་དག །ཆུ་གཏེར་(༣༦)འགྲམ་དུ་སྐོམ་རེག་ཀྱིས་གདུང་ལྟར། །བཤད་ཡམ་ཚིག་དང་རང་མཐོང་བླུན་བསྒོམ་སོགས། །ཕྱོགས་ལྷུང་ཆོས་བརྒྱད་གདོན་གྱིས་བསླུས་འདི་ལ། །བསམ་ན་སྐྱོ་བ་འཕེལ་ཞིང་མཆི་མ་དཀུ། །ཀྱེ་མ། ད་ལྟ་སྙིགས་མའི་གདོན་གྱིས་རབ་གཟིར་རྐྱེན། །མཁས་གྲུབ་རྒྱུ་སྐར་དབང་པོ་བསྟན་འགྲོའི་དཔྱིད། །ཆུ་ལྷར་ཕྱོགས་ཤིང་མི་མཐུན་དུ་མས་གཙེས། །མདོ་སྔགས་བསྟན་གཉིས་དབྱིངས་སུ་གཟིམ་ལ་ཉེ། །བྱས་ཚད་དོན་མེད་དུཿཁའི་རྒྱུ་འབྲས་ལ། །དབང་མེད་སྤྱོད་རྣམས་སྐྱབས་ཀྱིས་སྐྱོབ་པར་དཀའ། །ད་ལྟ་བཞུགས་དང་སླད་ནས་འབྱོན་འགྱུར་བའི། །རིས་མེད་སྤོང་ཀློག་བསྟན་འཛིན་སྐྱེས་ཆེན་རྣམས། །སྨིན་གྲོལ་གདམས་པས་རང་རྒྱུད་དག་མཛོད་ལ། །དུས་ལ་བབས་ཚེ་བསྟན་འགྲོར་ཕན་བདེའི་ཆེད། །བརྒྱུད་པའི་ཕྱག་ལེན་རྒྱུད་དོན་དང་མཚུངས་ལས། །གཟུ་ལུམས་རས་ཆོད་དབང་ཟ་མ་ཡིན་པ། །ཐལ་མོ་སྙིང་ནས་སྦྱར་ཏེ་གསོལ་བ་འདེབས། །ལོག་རྟོག་ཁེངས་སེམས་མ་ཡིན་གཅམ་བུ་བདག །བགྲང་བྱ་སོན་ནས་ལྷག་བསམ་དག་པའི་ངག །སྦ་གསང་མེད་པར་དྲང་པོར་ཞུ་བ་ལགས། །ནོངས་པར་གྱུར་ན་སྙིང་ནས་བཟོད་པར་གསོལ། །བླུན་པོའི་རང་མཚང་སྟོན་བྱེད་སྤེལ་འདི་ལ། །རང་འདོད་ཆོས་བརྒྱད་དུག་གིས་མ་མྱོས་པས། །ལེགས་པའི་ཆ་མཆིས་གྱུར་ན་དུས་གསུམ་གྱི། །དགེ་ཚོགས་ལྷན་ཅིག་རྒྱལ་སྲས་བྱང་སེམས་དང་། །བརྒྱུད་ལྡན་བླ་མས་ཡོངས་བསྔོས་ཇི་བཞིན་དུ། །སྨོན་པའི་གནས་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་བཅོས་མིན་ཤུགས་འབྱུང་གི་བཀྱལ་ཚིག་བཅས་རྫོགས་ཆེན་གཞི་ལམ་གྱི་སྨིན་གྲོལ་ངོ་སྤྲོད་ལེགས་པར་ཕུལ་བས་དོན་ལ་དབང་འབྱོར་པ་གྲུབ་དབང་དམ་པ་ཤཱཀྱ་ཤྲཱིས་ཀུན་ཕན་གྱི་ཐུགས་བསྐྱེད་ཁོ་ནས་ལན་གཅིག་མིན་པར་དངོས་བརྒྱུད་ནས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་བསྐུར་ཐབས་གང་ཟག་ལས་དང་པོ་པ་ལ་གོ་སླ་བའི་མཚམས་སྦྱར་ཞིག་དགོས་ཞེས་གསུང་ནན་དངོས་པོའི་མཎྜལ་བཅས་དང་། གཞན་ཡང་ལམ་འདིར་གཅིག་ཏུ་གུས་པའི་དམ་པ་མང་པོས་ཀྱང་ཡང་ཡང་བསྐུལ་བས་གསུང་ངོ་ལྡོག་མིན་ཙམ་དུ། ལུགས་གཉིས་ཀྱི་མདོ་ཤོར་ཀུ་སཱ་ལི་༧ རིག་འཛིན་སྣ་ཚོགས་རང་གྲོལ་རྩལ་ཞེས་འབོད་པའི་གདོལ་སྤྱོད་པོས་བླ་མ་ལ་གསོལ་བ་ཡང་ཡང་བཏབ་ནས་བྲིས་པ་ཡང་དཔྱད་བཅས་ཤིང་འབྲུག་སྟོན་ཟླ་ར་བ་སྟོན་པས་ཆོས་འཁོར་བསྐོར་བའི་དུས་ཆེན་ལྕེ་བཙུན་སེང་གེ་དབང་ཕྱུག་འོད་ཕུང་དུ་གཤེགས་པའི་ཟླ་ཚེས་དགེ་བར་(༣༧)གྲུབ་པར་བགྱིས་པའི་དགེ་བས་ལམ་འདིའི་ཞབས་ཏོག་ཏུ་ལེགས་པར་གྱུར་ནས་ཡིད་ཅན་རྒྱ་མཚོ་སྨིན་ཅིང་གྲོལ་ཏེ་འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

༈ རྒྱལ་བ་ཀུན་གྱི་གཤེགས་ཤུལ་གཅིག་པུ་ལ། །རྒྱལ་སྲས་སེམས་དཔའ་རྣམས་ཀྱང་དཀའ་བའི་གནས། །ཨ་ཏི་རྡོ་རྗེ་སྙིང་པོའི་གཞུང་བཟང་པོ། །ལེགས་པར་འདོམས་ལ་དགའ་རབ་དཔའ་བོ་བཞིན། །བསྟན་པའི་ཤིང་རྟ་ཀློང་ཆེན་རབ་འབྱམས་ཞེས། །རྡོ་རྗེའི་ལུང་གིས་ཤིས་བརྗོད་སྟོབས་པའི་གནས། །གང་དེའི་འདྲ་འབག་བླ་མ་ཡང་ཏིག་གི། །དབང་ཆོག་གསལ་བྱེད་སྔོན་མེད་ཁྱད་ནོར་འདི། །སྲས་བཅས་རྒྱལ་རྣམས་གདུལ་བྱར་ཐུགས་བརྩེ་བ། །གཅིག་ཏུ་མཐུན་པའི་གཟུགས་སྐུ་འགྲོ་འདུལ་རྗེའི། །གསུང་ཟབ་རྡོ་རྗེའི་ཚིག་གི་ངོ་མཚར་རླབས། །སྐལ་བཟང་འགའ་ཡི་དཔལ་དུ་ལེགས་ཤར་བ། །མི་ཟད་པར་གྱི་འཕྲུལ་ལས་ཆོས་ཀྱི་རྒྱུན། །སླད་ནས་སླད་ཀུན་སྤེལ་བའི་ཐུགས་བསྐྱེད་ཅན། །བླ་མ་ཡེ་ཤེས་རྒྱ་མཚོའི་འཕྲིན་ལས་ཀྱིས། །བསྐྲུན་ཏེ་གདན་ས་ཐེག་མཆོག་གླིང་དུ་བཞུགས། །ཞེས་པའང་ཁྱབ་བདག་རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་སྙོམས་ལས་པ་ཀུན་བཟང་རྣམ་རྒྱལ་གྱིས་གུས་པས་བྲིས་པའོ། །ཤུ་བྷཾ།། །།