cover

ཀློང་ཆེན་པའི་གསུང་འབུམ། ཞ༽

གླེགས་བམ་ཉེར་གཅིག་པ།

ཀུན་མཁྱེན་ཀློང་ཆེན་རབས་འབྱམས་དྲི་མེད་འོད་ཟེར།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་གསང་བ་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ།

དང་པོ། གླེང་གཞི་དང་འབྲེལ་བ་བྱུང་ཚུལ་བརྒྱུད་པའི་ལོ་རྒྱུས།

༄༅། །དཔལ་གསང་བ་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ་བཞུགས་སོ། །

༄༅། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་འབྱོར་པས་མཁྱེན་བརྩེའི་གཏིང་མཐའ་དཔག་ཡས་ཤིང་། །སྐུ་གསུམ་ཡེ་ཤེས་ཀླུ་དབང་གིས་བརྟེན་ཕན་བདེའི་ཡིད་བཞིན་འབྱུང་བའི་གནས། །ཐུགས་རྗེའི་ཆུ་གཏེར་དུས་རླབས་གཡོ་བས་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །རྒྱལ་བ་སྔོན་མེད་གངས་ཅན་མཚོ་དེ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །(༢)སེམས་ཀྱི་རང་བཞིན་དྲི་མ་མེད། །ཡེ་ནས་དག་ཅིང་འོད་གསལ་བ། །དཀྱིལ་འཁོར་མ་ལུས་འབྱུང་བའི་གནས། །ཡིད་བཞིན་སྤྲིན་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་ཆོས་སྐུའི་ངང་ཉིད་ལས། །རིགས་ལྔ་ལྷུན་རྫོགས་ཡེ་ཤེས་གདངས་གསལ་ཞིང་། །སྤྲུལ་པའི་འཕྲོ་འདུས་འགྲོ་བའི་དོན་མཛད་པ། །རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ་ལ་འདུད། །ཆོས་དབྱིངས་མ་གཡོས་ནམ་མཁའི་དཀྱིལ་ན་གཟུགས་བརྙན་ལོངས་སྤྱོད་རྫོགས་པའི་སྐུ། །ཡེ་ནས་འོད་གསལ་ལྷུན་གྱིས་གྲུབ་ཅིང་སྣང་ལ་རང་བཞིན་མེད་པའི་ལྷ། །ཀུན་མཁྱེན་ཡེ་ཤེས་དཀྱིལ་འཁོར་གང་བས་མཛད་པའི་རྣམ་འགྲོས་རབ་བརྟན་ཅིང་། །འོད་སྟོང་དྲྭ་བའི་ཉི་གཞོན་དམར་བས་བདག་བློའི་ཡིད་ཀྱི་པད་མཚོར་སྐྱོངས། །རྒྱུད་དོན་གསང་བའི་མདངས་བཀྲ་ཞིང་། །ལུང་རིགས་མན་ངག་འོད་སྟོང་འཕྲོ། །ཐར་གླིང་མ་ལུས་སྣང་བྱེད་པའི། །སྤྱི་དོན་ཡིད་ཀྱི་མུན་སེལ་བརྩམ། །

འདིར་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་འཆད་པ་ལ། སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། དང་པོ་སྤྱི་དོན་ལ་གསུམ་སྟེ། གླེང་གཞི་དང་འབྲེལ་བ་བྱུང་ཚུལ་བརྒྱུད་པའི་ལོ་རྒྱུས། གླེང་བསླང་བ་དང་འབྲེལ་བ་བསྟན་པ་སྤྱིའི་རྣམ་བཞག །རྒྱུད་དོན་དངོས་དང་འབྲེལ་བ་དོན་གྱི་རང་བཞིན་གཏན་ལ་དབབ་པའོ། །

དང་པོ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། ། དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པས། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུངས་ཀྱིས་བརྒྱུད་པ་གསུམ་ལས། དང་པོ་ལ་གསུམ་སྟེ། ཆོས་སྐུའི་རང་བཞིན་བྱིན་གྱིས་རླབས་ཀྱིས་གསུངས་པའི་ཚུལ། ལོངས་སྐུའི་རང་གི་ངོ་བོའི་སྣང་བས་གསུངས་ཚུལ། སྤྲུལ་སྐུའི་སྒྲ་ཚིག་སྡེབ་སྦྱོར་ལེགས་པས་གསུངས་པའི་ཚུལ་ལོ། །དེ་དག་ཀྱང་ཕུན་སུམ་ཚོགས་པ་ལྔ་ལྔའི་(༣)རང་བཞིན་ཏེ། ཀུན་བྱེད་ལས། སྐུ་གསུམ་སྟོན་པ་དེ་ཡི་བཤད་ལུགས་ནི། །སྟོན་པ་ཆོས་སྐུའི་བྱིན་གྱིས་བརླབས་ལས་བཤད། །ལོངས་སྤྱོད་རྫོགས་པས་རང་གི་ངོ་བོས་བཤད། །སྤྲུལ་པ་སྐུས་ནི་ཚིག་དང་དོན་སྡེབས་ནས། །གང་ཟག་རྣ་བའི་དབང་པོར་ཚིག་དོན་སྟོན། །ཅེས་པ་དང་། སྟོན་པ་བསྟན་པ་འཁོར་དུས་གནས་དག་ནི། །ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་ནོ། །ཞེས་པས། དང་པོ་ལ་ལྔ། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སྤྲོས་དང་བྲལ་བའི་ངང་། སྐྱེ་འགགས་མེད་པའི་ཀློང་། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་ཉིད། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འགྱུར་བ་མེད་པ་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་ན། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་མཉམ་རྫོགས་ཆེན་པོ། མ་གསུངས་མི་གསུང་གསུང་བ་མེད་པའི་ཚུལ་གྱིས་རྣམ་པར་དག་གོ། །

གཉིས་པ་ནི། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུའི་རྣམ་པར་བཞེངས་ཏེ། གནས་ཕུན་སུམ་ཚོགས་པ་རང་སྣང་ལྷུན་སྟུག་པོ་བཀོད་པ་གསལ་དག་བདེ་བའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་ལ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཀྱི་མཐའ་ཁྱབ་པ་ཞི་བ་དང་ཁྲོ་བོའི་རང་བཞིན་མངོན་པར་སྣང་བས་བསྐོར་ཏེ། དུས་ཕུན་སུམ་ཚོགས་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་འདུ་འབྲལ་མེད་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ན། ཆོས་ཕུན་སུམ་ཚོགས་པ་རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རང་བྱུང་རང་ཤར་ཆེན་པོར་རང་སྣང་བའོ། །དེ་སྐད་དུའང་འདི་ཉིད་ལས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་སོ། །

གསུམ་པ་ལ་གཉིས་ལས། རིག་པའི་སྐྱེས་བུ་ཐུབ་པར་སྣང་བས་གདུལ་བྱའི་དོན་དུ་བསྟན་པ་ནི། དེ་ལྟར་ལྷུན་སྟུག་པོ་བཀོད་པའི་ཞིང་ནས་རིགས་ལྔ་གངས་ཆེན་མཚོའི་སྐུ་ལས་སྤྲུལ་པའི་དང་པོ་ཡི་གེ་སྤྲིན་གྱི་འོད་ཟེར་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འཕྲོས་པའི་རྩེ་མོ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་བརྗོད་དུ་མེད་པ་འཐོན་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་(༤)འགྲོ་བ་སོ་སོའི་དོན་མཛད་པ་ལས། ཁྱད་པར་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འདི་ཉིད་དུ། ཐུབ་པ་དྲུག་གི་དོན་མཛད་པ་ལས། མི་ཡི་ཐུབ་པ་སངས་རྒྱས་སྟོང་མངོན་པར་སྣང་བས་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ཞིང་། དེ་དག་ལས་ཀྱང་ཚེ་ལོ་བརྒྱ་པའི་ཚེ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་དང་རྣམ་པས་གདུལ་བར་དགོངས་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྐུ་མཉམ་དུ་སྣང་བས་སེམས་ཅན་གྱི་དོན་མཛད་པ་ནི། ནམ་མཁའི་ཟླ་བ་མ་འཕོས་བཞིན་དུ་ཆུ་སྣོད་བྱེ་བ་ཕྲག་བརྒྱར་སྣང་བ་ལྟར། ལོངས་སྐུའི་ངང་ལས་སྤྲུལ་པའི་སྐུ་མངོན་པར་སྣང་བ་སྟེ་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ་ན། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་རིགས་ཅན་གསུམ་བྱང་ཆུབ་གསུམ་ལ་བཀོད་དེ། རྟག་པ་འཛིན་པ་ཤས་ཆེ་བ་རྣམས་གདུལ་བར་བྱ་བའི་ཕྱིར་དང་། སྐུ་དངོས་སུ་སྣང་བས་འདུལ་བའི་འགྲོ་བའི་ཆུ་སྣོད་ཀྱང་དེ་ཙམ་དུ་ཟད་པས་མྱ་ངན་ལས་འདའ་བར་བཞེད་ནས། འཇིག་རྟེན་གྱི་སློབ་མ་རྣམས་ལ་གདམས་ངག་གསུམ་བཞག་པའི་ཕྱིར། གྲོང་ཁྱེར་རྩྭ་མཆོག་གྱད་སྟོབས་པོ་ཆེ་འབྱུང་བའི་གནས། ཤིང་སཱ་ལ་ཟུང་ཞིག་གི་དྲུང་དུ་སེང་གེའི་ཁྲི་ལ་གཟིམས་ཏེ། མོའུ་འགལ་གྱི་བུ་ལ་བཀའ་བསྩལ་པ། རྫུ་འཕྲུལ་ཅན་ཁྱོད་སོང་ལ་ངའི་སློབ་མ་བསྟན་པ་འདིར་ཞུགས་པ་གང་ཇི་སྙེད་པ་བསྡུས་ཤིག་ཅེས་བསྐུལ་བ་དང་། མོའུ་འགལ་གྱི་བུས་སྐད་ཅིག་དེ་ཉིད་ལ་རི་རབ་ཀྱི་རྩེར་སོང་སྟེ་རྫུ་འཕྲུལ་གྱི་སྒྲ་སྐད་ཆེན་པོ་ཕྱོགས་བཅུར་སྨྲས་པ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་པར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་པ་ལ་སོགས་པ་རྒྱ་ཆེར་བརྗོད་པས། བློ་གྲོས་དད་གྲོལ་ལ་སོགས་པ་གང་ཟག་དམ་པའི་རིགས་ཅན་ལྔ་ནི་སྟོན་པ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱི། སྤྲུལ་པ་དབྱིངས་སུ་ཞི་བ་ཙམ་ལས་མྱ་ངན་ལས་མི་འདའ་བར་ཁོང་དུ་ཆུད་ནས་ནང་དུ་ཡང་དག་འཇོག་གོ། །དེ་ལས་གཞན་པའི་འཁོར་བློ་དམན་ཕལ་ཆེར་འདུས་ཏེ་མྱ་ངན་དང་སྨྲེ་སྔགས་བྱེད་ཅིང་མཆོད་པ་དང་བཀུར་སྟི་བྱེད་དོ། །

དེ་ནས་སྟོན་པས་བཀའ་བསྩལ་པ། ཀྱེ། གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པ། འབྱོར་པ་ཐམས་ཅད་ནི་མཐར་རྒུད་པ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ། གང་ཟག་གི་སྲོག་གི་དབང་པོ་ལ་ངེས་པར་སྐྱེ་ཤི་ཡོད་པའི་ཕྱིར་ང་ཡོངས་སུ་མྱ་ངན་འདའ་བས། གང་སུ་དག་ཐེ་(༥)ཚོམ་དང་སྤྲོས་པ་ཡོད་ན་དྲིས་ཤིག་གསུངས་པ་དང་། འཁོར་རྣམས་ཀྱི་ནང་ནས་རིག་འཛིན་ཆེན་པོ་ཀུཉྫ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ་གསོལ་པ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་ལ་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་པ་ལ་སོགས་པའི་ཚིག་གིས་དྲིས་པ་དང་ལན་ལྔ་གསུངས་པའི་ནང་ནས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །མཉམ་པའི་ཐེག་མཆོག་ཡོངས་མ་གསུངས། །ཞེས་སྔར་འཁོར་གྱི་ནང་དུ་གསང་སྔགས་མ་གསུངས་པས། འཇིག་རྟེན་དུ་གསང་སྔགས་འབྱུང་ངམ་ཞེས་དྲིས་པའི་ལན་དུ་གསང་སྔགས་འབྱུང་བར་ལུང་བསྟན་ཏོ། །དེའང་དགོངས་འདུས་ལས། རྨོངས་པས་གདུང་བ་སེལ་བ་ན་ཡང་འབྱུང་། འཇིག་རྟེན་དུ་སྒྲོན་མ་བཀོད་པ་ན་ཡང་འབྱུང་། ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་། གདུལ་བྱ་དུས་ལ་བབས་པ་ན་ཡང་འབྱུང་། བྱིན་གྱིས་བརླབས་པ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱི་གྲགས་པ་ན་ཡང་འབྱུང་། ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་པོ་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་། ཞེས་གསུངས་པ་ལས།

ཁྱད་པར་དུ། རྨོངས་པས་གདུང་བ་སེལ་བ་དང་། ལུང་ཆེན་ངེས་བསྟན་དུ་འབྱུང་བར་གསུངས་ཤིང་། དེ་དང་མཐུན་པར་མདོ་དགོངས་པ་ལུང་སྟོན་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་དྲྭ་མ་ཆེ། །རྒྱལ་པོ་ཛཿཞེས་བྱ་བ་དང་། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་ལུང་བསྟན་ཏེ། སྤྲུལ་སྐུས་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་ཏེ་མྱ་ངན་ལས་འདས་སོ། །

གཉིས་པ་རིག་པའི་སྐྱེས་བུ་སེམས་དཔར་སྣང་བས་དོན་མཛད་པ་ནི། ལྷུན་སྟུག་པོ་བཀོད་པའི་ཞིང་དུ། སྟོན་པས་ལོངས་སྐུ་བླ་ན་མེད་པའི་གསང་བ་རང་གི་ངོ་བོས་བསྟན་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སེམས་དཔའ་གསུམ་གྱིས་མི་མཇེད་ཀྱི་ཞིང་འདིར་གནས་རིས་གསུམ་སོ་སོར་སྐུ་(༦)མཉམ་དུ་བསྟན་ནས་དོན་མཛད་པ་ལས། སྐུ་ཡི་སྤྲུལ་པ་འཇམ་དཔལ་ནི་མཁྱེན་རབ་མཆོག་ཏུ་གྱུར་པས་གཙོ་བོར་ལྟ་བའི་ཆོས་སྟོན་ཅིང་། མཚན་དང་དཔེ་བྱད་དུ་འབར་བས་ལྷ་ཡི་གནས་སུ་ལྷ་རྣམས་ཀྱི་དོན་མཛད་ཅིང་། གསང་བ་དམ་པ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་གསུངས། དེ་ནས་རིམ་པ་བཞིན་དུ་ལྷ་རིན་ཆེན་འོད་འབར་དང་། ཚངས་པ་སྐྱེ་དགུའི་བདག་པོ་དང་། ཚངས་པ་གཙུག་ཕུད་འཛིན་དང་། དབང་པོ་བརྒྱ་བྱིན་གྱི་བར་དུ་གསུངས་ཤིང་། དེས་ལྷ་ཡི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས། ལྷ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་གསང་སྔགས་ཀྱི་རིག་པ་འཛིན་པར་གྱུར་ཏོ། །གསུང་གི་སྤྲུལ་པ་སྤྱན་རས་གཟིགས་ནི་ཐུགས་རྗེའི་མངའ་བདག་ཏུ་གྱུར་པས་གཙོ་བོར་སྤྱོད་པའི་ཆོས་སྟོན་ཅིང་། བདུད་རྩི་སྨན་གྱི་སྐུ་མངའ་བས་ཀླུའི་ནད་གསོ་ཞིང་ཀླུའི་གནས་སུ་གསང་བ་འདི་ཉིད་ཀླུ་དུང་མགྲིན་ནག་པོ་ལ་གསུངས་ཤིང་། རིམ་པ་བཞིན། ཀླུ་མོ་ཁང་འདུལ་མ། ཀླུ་མོ་འདུལ་ཚངས་མ། ཀླུའི་རྒྱལ་པོ་དགའ་བོ། འཇོག་པོའི་བར་དུ་གསུངས་ཤིང་། དེས་ཀླུའི་འཁོར་ཚོམ་བུ་འབུམ་སྡེ་ལ་གསུངས་ཏེ། ཀླུ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །ཐུགས་ཀྱི་སྤྲུལ་པ་གསང་བདག་ནི་མཐུ་སྟོབས་ཀྱི་བདག་པོར་གྱུར་པས་གཙོ་བོར་འབྲས་བུའི་ཆོས་སྟོན་ཅིང་། འཇིགས་གཟུགས་རྔམ་པའི་སྐུ་མངའ་བས་གནོད་སྦྱིན་གྱི་ཡུལ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་རྣམས་ལ་གསང་བའི་སྙིང་བོ་འདི་ཉིད་རྒྱ་ཆེར་སྟོན་ཅིང་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་གདམས་པར་མཛད་དོ། །དེ་ནས་རིམ་པ་བཞིན། གནོད་སྦྱིན་ལག་ན་རྡོ་རྗེ་དང་། གྲགས་ལྡན་མཆོག་སྐྱོང་། སྐར་མདའ་གདོང་གི་བར་བརྒྱུད་ཅིང་། དེས་གནོད་སྦྱིན་གྱི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །དེ་དག་གིས་མི་མ་ཡིན་པའི་གནས་སུ་གསང་བ་འདི་ཉིད་དར་ཚུལ་བསྟན་པ་སྟེ། དེ་དག་གི་ཡང་སྟོན་པ་གསུམ་ནི་སྤྲུལ་སྐུའི་ཚིག་གིས་གོ་ནས། བརྒྱུད་པ་སོ་སོའི་རིག་འཛིན་རིག་པས་བརྒྱུད་དེ། འཁོར་ཚོམ་བུ་ནས་གང་ཟག་རྣ་བར་བརྒྱུད་དོ། །དེའང་ཆོས་སྐུའི་སྟོན་པ་ཉིད་རང་བཞིན་བྱིན་གྱི་རླབས་ཀྱིས་ལོངས་སྐུར་ཤར་བ་ལ་བྱིན་གྱི་རླབས་ཀྱིས་བཤད་པ་ཞེས་བྱའོ། །ལོངས་སྐུའི་སྣང་བ་ལས་རང་གི་ལྷན་ཅིག་པའི་འཁོར་སྤྲུལ་པར་བཀོད་པ་ལ་རང་སྣང་དུ་ངོ་བོས་གསང་བ་རང་ཤར་དུ་བསྟན་པ་ནི་ངོ་བོས་བཤད་པ་ཞེས་བྱའོ། །སྤྲུལ་སྐུས་རང་རང་གི་གདུལ་བྱ་འཁོར་གྱི་རིག་པ་འཛིན་པ་རྣམས་ལ་ཚིག་སྡེབ་སྦྱོར་དུ་སྣང་བས་རྒྱུད་འདི་ཉིད་(༧)བསྟན་པ་ནི་སྒྲ་ཚིག་ཏུ་བཤད་པའོ། །རིག་འཛིན་སོ་སོ་ནི་བརྡ་ཙམ་གྱིས་ཐུགས་ནས་ཐུགས་སུ་བརྒྱུད་པའི་ཕྱིར་རིག་པས་བརྒྱུད་པ་ཞེས་བྱའོ། །གང་ཟག་སོ་སོ་བ་ལ་རྗོད་བྱེད་རྣ་བར་བརྒྱུད་པས་ན་སྙན་ཁུངས་སུ་བརྒྱུད་པ་ཞེས་བྱའོ། །

གཉིས་པ། མི་རྣམས་ཀྱི་རིག་འཛིན་རིག་པས་བརྒྱུད་པ་ནི། ཐུབ་པ་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱད་དང་བཅུ་གཉིས་སོང་བ་དེའི་ཚེ་བློ་གྲོས་དད་གྲོལ་ལ་སོགས་པ་དམ་པའི་རིགས་ཅན་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་ནས། རི་མ་ལ་ཡའི་རྩེ་མོར་ལྷགས་སོ། །དེ་རྡོ་རྗེ་གདན་ནས་ཤར་ལྷོའི་མཚམས་ཟ་ཧོར་གྱི་ཡུལ་ན་རི་དེ་ཡོད་དེ། ཙནྡན་ལ་སོགས་པའི་ནགས་འཁྲིགས་ཤིང་སྨན་དང་མེ་ཏོག་གི་ཚོགས་རྒྱས་པ། སེང་གེ་དང་། སྟག་དང་། ལྕེ་སྤྱང་ལ་སོགས་པ་རྒྱུ་ཞིང་། མཁའ་འགྲོ་དང་གྲུབ་པ་དུ་མས་བསྙེན་པ། དུས་དུས་སུ་ལྷའི་མེ་ཏོག་དང་ཙནྡན་སྣ་ཚོགས་ཀྱི་ཕྱེ་མའི་ཆར་བབས་པ། ཤར་ཕྱོགས་ན་ཨ་སུ་ར་གསང་བའི་བྲག་ཕུག་ཡོད་པ། དེའང་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། རིན་པོ་ཆེ་དང་། ཉི་ཟླའི་གཟུགས་བརྙན་འཕྱང་བ། ལྷའི་བྱ་ཀ་ལན་ཏ་ཀ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྒྲོགས་པ། རིག་འཛིན་མཆོག་དང་། འཕགས་པ་ལས་གཞན་གྱིས་མི་བགྲོད་པ་ཞིག་གོ། །དེའི་ཚེ་དམ་པ་ལྔ་པོས་མགྲིན་གཅིག་ཏུ། ཨེ་མའོ་ཀྱེ་ཧུད་ཨེ་མའོ་ཀློང་། །སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་གདུང་བའི་སྨྲེ་སྔགས་ཕྱུངས་པས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གསན་ནས། དེ་ཐམས་ཅད་ལྕང་ལོ་ཅན་གྱི་གནས་སུ་འདུས་ཏེ། གསང་བའི་བདག་པོ་ལ་བསྐུལ་བ། གསང་བ་དམ་པའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །སྙིང་རྗེས་ས་ལ་བབ་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཞེས་པ་ལ་སོགས་པ་བཀའ་བསྩལ་པ་ན། གསང་བའི་བདག་པོས་ཀྱང་འདི་སྐད་ཅེས། ལས་དང་སྐལ་བ་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་སྐལ་ལྡན་རྣམས། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟའི་དུས་ལ་འདིར་བབས་ཀྱིས། །འཁོར་བ་སྙིང་པོར་ལུང་བསྟན་ཕྱིར། །ཆོ་འཕྲུལ་རྣམས་ཀྱི་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །ཇི་ལྟར་བཤད་ཅིང་ལུང་བསྟན་བཞིན། །སྐལ་ལྡན་རྣམས་ལ་བགྲོ་བར་བྱའོ། །ཞེས་ཞལ་གྱིས་བཞེས་པ་དེའི་ཚེ། ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་ཛཿཞེས་བྱ་བ་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ། ཐེག་པ་མཆོག་གི་རིགས་ལྡན་(༨)དེ་ལ་རྨི་ལམ་རྣམ་པ་བདུན་ཤར་ཏེ། རྨི་ལམ་དང་པོ་ནི། མ་ལ་ཡའི་རྩེ་མོར་ཕྱག་ན་རྡོ་རྗེའི་ཕོ་བྲང་བཅས་ནས་སྐུ་ལས་འོད་ཟེར་སྔོན་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་སྦྱང་མི་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་ནི་གྲགས། ཐུགས་ཀ་ནས་རྡོ་རྗེ་མཐིང་ཀ་འོད་འབར་བ་ཞིག་བྱུང་ནས་རྒྱལ་པོ་ཉིད་ཀྱི་ཐུགས་ཀར་ཐིམ། ཉི་མ་འོད་འབར་བ་ཞིག་ཤར་ནས་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཞིག་ཤར་ནས་ཞབས་ཀྱི་མཐིལ་དུ་ཐིམ། སྣང་སྲིད་ཐམས་ཅད་རྒྱལ་པོ་ཉིད་ཀྱི་ལྟོ་བ་ན་འཕྱོ་བ་རྨིས་སོ། །

གཉིས་པ་ནི། སངས་རྒྱས་ཐམས་ཅད་ཉི་མ་ལ་ཞོན་ནས་གསེར་གྱི་འཁོར་ལོ་བསྐོར་ཞིང་ཆོས་ཀྱི་བགྲོ་བ་མཛད་པས་སྲིད་པ་གསུམ་གྱི་ཁ་ལོ་སྒྱུར་བར་རྨིས་སོ། །

གསུམ་པ་ནི། ནམ་མཁའ་ངོས་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་འཐིབ། ཆོ་འཕྲུལ་གྱི་འབྲུག་སྒྲ་གོ་བར་སླ་ཞིང་སྙན་པས་ཚིམ་པར་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་ན་བུན་ནི་འཐུལ། བཻ་ཌཱུརྱ་སྔོན་པོའི་འོད་ཟེར་ནི་འཕྲོས། སྣང་སྲིད་གསལ་བའི་གློག་ནི་འགྱུ། རིན་པོ་ཆེ་ཚོགས་ཀྱི་ཆར་ཆེན་པོ་འབབ་པ་ཞིག་རྨིས་སོ། །

བཞི་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དག་པའི་ཞིང་དུ་གྱུར། རིན་པོ་ཆེའི་སྒྲོན་མ་འབར་བས་སྣང་སྲིད་ཀྱི་མུན་པ་མུན་ནག་ཐམས་ཅད་ནི་བསལ། བདུད་རྩིའི་ཆུ་རྒྱུན་འབབ་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་ཐམས་ཅད་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཆེ་གེ་མོ་ཞེས་བྱ་བའི་སྒྲ་དི་རི་རི་སྒྲོག་པ་རྨིས་སོ། །

ལྔ་པ་ནི། སྤྲིན་གྱི་ནང་ནས་ཉི་མ་རིམ་པ་སྣ་ཚོགས་ཀྱི་འོད་ཟེར་ཤར་བའི་དཀྱིལ་ནས་རིན་པོ་ཆེ་སྨུག་པོའི་དཔལ་བེའུའི་སྒྲོམ་བུ་འོད་འབར་ཞིང་ཕྱི་ནང་གསལ་བའི་ནང་ནས། གསེར་གྱི་གླེགས་བམ་བཻ་ཌཱུརྱ་ཞུན་མས་བྲིས་པ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་བཞིན་དུ་བབས་པ་རྨིས་སོ། །

དྲུག་པ་ནི། གླེགས་བམ་དེ་དག་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མང་པོ་དང་། རིག་པ་འཛིན་པ་དང་། ལྷ་དང་ལྷ་མོ་དཔག་ཏུ་མེད་པས་ཡོན་ཏན་གྱི་སྒྲ་མངོན་པར་སྒྲོགས་ཤིང་མཆོད་པ་འབུལ་ལ་རོལ་མོའི་སྤྲིན་ཕུང་མང་པོ་དང་བཅས་ནས་བསྐོར་བ་བྱེད་པ་རྨིས་སོ། །

བདུན་པ་ནི། ནམ་མཁའ་ལས་ལུང་སྟོན་པའི་སྒྲ་གྲགས་པ། ལས་དང་སྐལ་བར་རབ་ལྡན་ཅིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་དྲྭ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟའི་དུས་ལ་འདིར་བབས་ཀྱིས། །འཁོར་བ་སྙིང་པོ་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་(༩)ལྡན་ཁྱོད་ལ་བགྲོ་བར་བྱ། །ཞེས་པ་རྨིས་སོ། །དེ་ནས་མནལ་དེ་སད་དེ་རབ་ཏུ་དགྱེས་ཏེ། འཁོར་རྣམས་ལ་རྨི་ལམ་གྱི་དོན་བཀའ་བསྩལ་པ། མདང་སུམ་བདག་ལ་རྨི་ལམ་འདི་ལྟར་བྱུང་། །མ་ལ་ཡ་རི་གནམ་ལྕགས་འབར་བའི་རྩེ། །ཕྱག་ན་རྡོ་རྗེའི་ཕོ་བྲང་གནས་བཞུགས་ཏེ། །སྐུ་ལས་འོད་འཕྲོས་སྣང་སྲིད་བྱི་དོར་བྱས། །གསུང་གི་སྒྲ་ཡིས་འཇིག་རྟེན་གཡོ་ཞིང་འགུལ། །ཐུགས་ལས་འོད་བྱུང་བདག་གི་ཐུགས་ཀར་ཐིམ། །ཉི་ཟླ་སྤྱི་བོ་རྐང་པའི་མཐིལ་དུ་ཐིམ། །བདག་གི་ལྟོ་ན་སྣང་སྲིད་འཕྱོ་བ་རྨིས། །དང་པོ་འདི་རྨིས་བག་ཆགས་བྱང་བའི་ལྟས། །དེ་ནས་བདག་ལ་སངས་རྒྱས་མང་པོ་རྣམས། །རྨད་བྱུང་གསང་བའི་དོན་ལ་བགྲོ་མཛད་དེ། །ཉི་ཟླ་པདྨ་སེངྒེའི་ཁྲི་སྟེང་ན། །ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར་བ་རྨིས། །གཉིས་པ་ཡིན་ཏེ་ཆོས་ལ་དབང་ཐོབ་ལྟས། །དེ་ནས་མཁའ་ལ་རིན་ཆེན་སྤྲིན་འཁྲིགས་ཏེ། །སྙན་པའི་འབྲུག་བསྒྲགས་གསལ་བའི་གློག་འགྱུ་ཞིང་། །རིན་ཆེན་ཆོས་ཀྱི་ཆར་ཆེན་བབས་པ་རྨིས། །གསུམ་པ་ཡིན་ཏེ་རབ་ཏུ་དགེ་བའི་མཆོག །ཐུགས་རྗེས་འགྲོ་ལ་ཆོས་ཀྱི་ཆར་འབེབས་ལྟས། །དེ་ནས་འཇིག་རྟེན་རིན་ཆེན་གང་བྱས་ཏེ། །ནོར་བུ་འོད་འབར་འགྲོ་བའི་མུན་པ་བསལ། །བདུད་རྩི་སྨན་གྱི་ཆུ་རྒྱུན་འབབ་པ་ཡིས། །འཁོར་བའི་ནད་རྙིང་གཏན་དུ་བྱང་བྱས་ནས། །འགྲོ་ཀུན་རྣལ་འབྱོར་ཞེས་ནི་གྲགས་པར་འགྱུར། །བཞི་པ་ཡིན་ཏེ་འདི་ཡང་དགེ་བའི་ལྟས། །འགྲོ་ཀུན་རྣལ་འབྱོར་གྲལ་དུ་བཞག་པ་ཡིན། །ཉི་མའི་སྙིང་པོ་འོད་ཟེར་འབར་བ་ནས། །དཔལ་བེའུའི་སྒྲོམ་གྱི་ནང་ནས་གླེགས་བམ་ནི། །གསེར་ལ་བཻ་ཌཱུརྱ་ཡི་ལེགས་བྲིས་པ། །དངོས་སུ་སྣང་བ་ཡིན་ཏེ་ལྔ་པ་ཡིན། །ཆོས་ཀྱི་རྒྱལ་པོར་དབང་ནི་བསྐུར་བའི་ལྟས། །དྲུག་པའི་རྨི་ལམ་གླེགས་བམ་དེ་དག་ལ། །སངས་རྒྱས་བྱང་སེམས་རིག་འཛིན་མང་པོའི་ཚོགས། །ཡོན་ཏན་སྒྲ་སྒྲོགས་མཆོད་ཅིང་བསྐོར་བ་རྨིས། །རྨད་བྱུང་ཆེན་པོར་སྟོན་པའི་སྔ་ལྟས་ཡིན། །ཐ་མ་ནམ་མཁའི་དབྱིངས་ཀྱི་སྤྲིན་རུམ་ནས། །ཆོ་འཕྲུལ་རང་སྒྲ་བདག་ལུང་སྟོན་པའི་ཚིག །རིམ་པར་གསང་བ་དམ་པའི་སྒྲ་སྒྲོགས་རྨིས། །གསང་བ་དམ་པ་རྒྱ་ཆེར་སྒྲོགས་པའི་ལྟས། །ཞེས་གསུངས་པས་འཁོར་རྣམས་ཀྱང་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་རྩེར་བྱོན་ཏེ་ཆོ་འཕྲུལ་དེ་དག་གི་ས་ལ་དམིགས་ནས་ཉིན་རེ་ཞིང་མཆོད་པ་ཆེན་པོ་བྱེད་ཅིང་ཕྱག་ན་རྡོ་རྗེ་ཟླ་བ་དྲུག་ཏུ་བསྒྲུབས་པས། ཙནྡན་ལས་གྲུབ་པའི་ཕྱག་ན་རྡོ་རྗེའི་སྐུ་གཟུགས་གཅིག་ནམ་མཁའ་ལས་རང་བྱོན་ཏེ་རྒྱལ་པོའི་ཕྱག་ཏུ་བབས་པས་དགྱེས་ཏེ། སྔོན་ཚེ་གོང་(༡༠)ནས་བསྒྲུབས་པ་ཡིས། །ལས་ཀྱི་མཇལ་བའི་ལྷ་མཆོག་འདི། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །མོས་པའི་སྟོབས་ཀྱིས་ལྷ་མཆོག་འཛིན། །ཞེས་གསུངས་ཏེ་མཆོད་པས། རྨི་ལམ་དང་མཐུན་པར་ཕོ་བྲང་གི་རྩེར་གླེགས་བམ་མང་པོ་བབས་ཏེ་དེ་དག་ལ་མཆོད་ཅིང་བརྟགས་པས། སྒྱུ་འཕྲུལ་རྒྱས་པ་ལེའུ་བརྒྱད་ཅུ་རྩ་གཉིས་པ་ནས། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་རྟོགས་པར་གྱུར་ཏོ། །འདིར་ཁ་ཅིག་གོ་བ་མ་རྙེད་དེ། རྒྱལ་པོ་ཨུ་པ་རཱ་ཛ་ལ་གླང་པོ་ཆེ་ལ་བཀལ་ཏེ་བལྟར་བཅུག་པར་འདོད་པ་ནི་མི་འཐད་དེ། རྒྱལ་པོ་ཉིད་རིག་འཛིན་དམ་པ་ཡིན་གྱི་ཐ་མལ་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྟན་པ་ནི་འགྲོ་བ་རྣམས་ཡིད་ཆེས་པ་ཙམ་ལས་དོན་ལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་བསྟན་ནོ། །

དེ་ནས་བསྒྲུབ་པ་མཛད་པའི་ཚུལ་བསྟན་པས། རྡོ་རྗེ་སེམས་དཔས་ཞལ་གཟིགས་ཏེ་དངོས་གྲུབ་ཅི་འདོད་བཀའ་བསྩལ་པས། གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ། །ཞེས་གསོལ་པས། རིགས་ཀྱི་བུ་ཁྱོད་ཀྱི་སྟོན་པ་ཕྱག་ན་རྡོ་རྗེ་བྱོན་ནས་འདི་དག་གི་དོན་མངོན་དུ་འབྱིན་པར་འགྱུར་རོ་ཞེས་མི་སྣང་བར་གྱུར་ཏོ། །དེ་ནས་མ་ལ་ཡའི་རྩེར་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རོལ་པ་བརྟུལ་ཤུགས་ཀྱི་སྤྱོད་པ་མཛད་དོ། །དེའི་འཁོར་དམ་པའི་རིགས་ཅན་རྣམས་ཀྱིས་གསོལ་པ། ཨེ་མ་ངོ་མཚར་རྨད་རེ་ཆེ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །གང་ནས་བྱོན་ཏེ་གང་ལྟར་བྱུང་། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་དང་ཆེད་ཀ་ཅི་ཞིག་མཆིས། །ཞེས་པའི་ལན་དུ་བཀའ་བསྩལ་པ། ད་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་འཁྲུག་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེ་གཡོ་ཞིང་བསྐྱོད་པས་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པུ། །ཞེས་པ་ལ་སོགས་པས་འཁོར་རྣམས་ཡི་རང་བར་མཛད་དོ། །འཁོར་རྣམས་ཀྱིས་སླར་གསོལ་པ། མཚན་མོའི་མུན་ནག་སྤྲིན་རུམ་ན། །གློག་འགྱུ་བར་སྣང་སྟོན་པ་ལྟར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། །རྣམ་དག་ལམ་ཆེན་འདི་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་དམ་པའི་བདག་པོར་གྲགས། །ཞེས་པ་ལ་སོགས་པས་བསྟོད་ནས། །དམ་པའི་སྒྲོན་མ་ཇི་ལྟར་ནུབ། །དམ་པའི་གསང་ལུང་ཇི་ལྟར་བྱུང་། །ཞེས་པ་ལ་སོགས་པ་དྲུག་གི་ལན་དུ། གསང་སྔགས་ཀྱི་བྱུང་ཚུལ་བཅུ་གཉིས་ཀྱིས་གཏན་ལ་ཕབ་ནས། རྒྱུད་སྡེ་ནམ་མཁའ་དང་མཉམ་པ་རྣམས་གསུངས་ཤིང་དབང་བསྐུར་བའང་མཛད་དོ། །དེ་དག་གི་བཀའ་བསྡུ་བའི་གྲོགས་ཀྱང་ལང་ཀའི་བདག་པོས་(༡༡)བྱས་སོ། །ལོ་རྒྱུས་ཁ་ཅིག་ནས་དགེ་སློང་ཀུ་ཀུ་རཱ་ཛས་རྡོ་རྗེ་སེམས་དཔའ་བསྒྲུབས་པས་ཞལ་མཐོང་ཟེར་བ་ཡང་མ་དག་སྟེ། རྒྱལ་པོ་ཛཿཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་སྟོན་པར་བྱེད། །ཅེས་པ་དང་འགལ་ཞིང་། རྨི་ལྟས་ཀྱང་རྒྱལ་པོ་ཉིད་ལ་བྱུང་བའི་ཕྱིར་རོ། །ཡང་ཁ་ཅིག་རྒྱལ་པོ་ཛཿནི་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷིར་འདོད་པ་ཡང་མི་རིགས་ཏེ། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །ཞེས་པས་ཕྱོགས་འགལ་བའི་ཕྱིར་རོ། །སྐབས་འདིར་གསར་མ་བ་ཁ་ཅིག་ན་རེ། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་བསྒྲུབས་པས་ལྷའི་ཞལ་མཐོང་ཟེར་བ་མི་འཐད་དེ། བཀའ་ལ་རས་ཆོད་འགྱུར་བ་དང་། བླ་མ་ལས་མ་ཐོས་པས་ཆོས་ལ་ཁུངས་མེད་པ་དང་། དབང་མ་བསྐུར་བས་ལམ་ལ་གཞི་མེད་པར་འགྱུར་བ་དང་། ལུང་བསྟན་པ་འདི་ཡང་ཁྱོད་ཀྱི་མདོ་སྒྱུ་འཕྲུལ་ལ་སོགས་འབྱུང་བའི་ལུང་བསྟན་མ་ཡིན་གྱི། རྒྱ་གར་ཤར་ཕྱོགས་ཀྲི་ཏི་ཀ་རའི་གྲོང་ཁྱེར་དུ། རྒྱལ་པོ་རབ་གསལ་ཟླ་བ་ལ། ཕྱག་ན་རྡོ་རྗེས་རྣལ་འབྱོར་གྱི་རྒྱུད་བསྟན་པའི་ལུང་བསྟན་ཡིན་ཏེ་ཁུང་ནི་སྡོམ་པ་ཕྱི་མའི་རྒྱུད་ན་ཡོད་ཅེས་ཟེར་རོ། །དེ་ཡང་ཁྱེད་ཅག་ནི་ཕྱིན་ཅི་ལོག་གི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་ལྡོངས་པར་ཟད་ཀྱི། ཚུལ་འདི་ལ་བརྒལ་དུ་རུང་བ་མ་ཡིན་ཏེ། རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པའི་གྲུབ་ཆེན་རྣམས་བྱོན་ཅིང་སྔོན་གྱི་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡིད་ཆེས་པའི་གནས་སུ་བཟུང་ན། ཁྱེད་ཀྱི་ལོག་རྟོག་གིས་ཇི་ཞིག་དཀྲུག་ཏུ་ཡོད། འོན་ཀྱང་ལན་མདོ་ཙམ་ཞིག་བརྗོད་ན། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་བསྒྲུབས་པས་ཞལ་མི་མཐོང་བའང་མི་འཐད་དེ། སངས་རྒྱས་ཀྱི་སྤྲུལ་པ་ནི་གང་ལ་གང་འདུལ་དུ་སྣང་བས་གླེགས་བམ་གྱིས་འདུལ་ན་དེར་སྣང་བ་མི་འགལ་བས། གླེགས་བམ་ཉིད་སློབ་དཔོན་དུ་འགྱུར་བའང་མི་འགལ་མོད། རྒྱལ་པོ་ཉིད་དེ་ལ་དབང་བའི་རིགས་ལྡན་དུ་བཤད་ཅིང་། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་ཏེ། དེས་མི་དབང་ན་ནམ་ཡང་ཆོས་ལ་དབང་བའི་གང་ཟག་རྒྱུན་ཆད་པའི་སྐྱོན་ཡོད་ཅིང་། བླ་མ་ལས་མ་ཐོས་པས་ཆོས་ལ་ཁུངས་མེད་ཅེས་ཟེར་བ་ནི་མིའི་བླ་མ་ལས་མ་ཐོས་ཀྱང་། ཕྱག་ན་རྡོ་རྗེ་དངོས་སུ་རོལ་པ་བརྟུལ་ཞུགས་ཀྱིས་བྱོན་ནས་ཆོས་བསྟན་དབང་བསྐུར་བས་ལམ་ལ་གཞི་མེད་པ་ག་ལ་སྲིད། གལ་ཏེ་མིའི་བླ་མ་མེད་པས་ཡིད་མི་ཆེས་ན། ཁྱོད་ཀྱིའང་ཏེ་ལོ་པས་རྡོ་རྗེ་འཆང་ལས་ཐོས་པ་དེ་ལ་སུ་ཞིག་ཡིད་བརྟན་དུ་རུང་། དེ་བཞིན་དུ་རྡོ་རྗེ་དྲིལ་བུ་བས་བདེ་མཆོག་ལས་དངོས་སུ་བརྒྱུད་པའང་(༡༢)མཚུངས་སོ། །དེ་དག་གྲུབ་པ་ཆེན་པོ་ལ་ཡིན་ནོ་ཞེ་ན། འདིར་ཡང་མཚུངས་པ་ཁོ་ན་སྟེ། རྒྱལ་པོ་ཉིད་གྲུབ་པ་ཆེན་པོ་དངོས་ཡིན་པ་ཁོ་ནའོ། །ལུང་བསྟན་པ་ལའང་ངེད་ཀྱི་མདོ་སྒྱུ་འཕྲུལ་ལ་མ་ཡིན་ཞེས་རྣམ་པར་བཅད་པའི་ལུང་ཅི་ཞིག་ཡོད། གལ་ཏེ་རྣལ་འབྱོར་གྱི་རྒྱུད་བྱུང་བ་ཡིན་དུ་ཆུག་མོད། དེའི་ཚེ་གསང་བདག་གིས་མདོ་སྒྱུ་འཕྲུལ་ལ་སོགས་པ་མ་གསུངས་པའི་ཚད་མ་ཅི་ཞིག་ཡོད། ཆོས་ལ་ཁུངས་ཀྱང་ཤིན་ཏུ་ཡོད་དེ། རྒྱལ་བས་ལུང་བསྟན་ཅིང་གསང་བདག་གིས་དངོས་སུ་བྱིན་གྱིས་བརླབས་ཏེ་གྲུབ་ཆེན་དུ་མ་རིམ་གྱིས་བྱོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་པ་ལའང་ཡིད་མི་ཆེས་ན། མཁའ་འགྲོ་མའི་གླིང་ནས་གླེགས་བམ་བརྐུས་ནས་འཛམ་བུའི་གླིང་དུ་དར་བར་བྱས་པ་དང་། བྱང་ཤམ་བྷ་ལར་ཆོས་འཚོལ་བ་ལ་ལྷོ་ཕྱོགས་ཀྱི་རྒྱ་མཚོར་ཞུགས་པ་དང་། སྔོན་དུ་བདག་མེད་མ་ལ་བརྟགས་གཉིས་གསན་ནས། ཕྱིས་ཌོམ་བྷི་ཧེ་རུ་ཀས་ཨོ་རྒྱན་ནས་བཙལ་བ་ལ་སོགས་པ་རང་རང་གི་ལོ་རྒྱུས་འགལ་བ་ཅན་དེ་དག་ཁྱོད་ལ་ཡོད་པས་སུ་ཞིག་ཡིད་ཆེས་སུ་རུང་། གལ་ཏེ་ཁྱོད་ཀྱི་རྩོད་པས་ངེད་ཀྱི་ཆོས་ལ་སྐྱོན་ཡོད་ན། མུ་སྟེགས་པས་ནང་པའི་ཆོས་ལ་རྩོད་ན་སངས་རྒྱས་ཀྱི་ཆོས་རྣམས་སྐྱོན་ཅན་དུ་འགྱུར་བ་དང་། ཁྱེད་རང་ཆོས་སུ་རློམ་པའི་གུར་བརྟགས་སམ་བྷུ་ཏྲ་ལ་སོགས་པའང་ངེད་ཀྱི་རྩོད་པ་བྱས་ན་ཆོས་མ་ཡིད་པར་འགྱུར་ཞིང་། ཕན་ཚུན་རྩོད་ཅིང་མཐུན་སྣང་དུ་མ་གྲུབ་པས་ཆོས་མ་ཡིན་ན། ཉན་ཐོས་གྱེས་པ་བཅོ་བརྒྱད་ཀྱང་ངེད་ཀྱི་འདི་ཡིན་གྱིས་གཞན་གྱི་ལྟར་མ་ཡིན་ཞེས་རྩོད་པས་ཆོས་མ་ཡིན་པར་འགྱུར་ཏེ། དེ་ལྟར་མ་ཡིན་པར་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་གཅིག་པ་བཞིན་ནོ། །དེ་བས་ན་ཆོས་དང་གང་ཟག་ལ་སྐུར་པ་གདབ་པར་མི་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་ངའམ་ང་འདྲ་བས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་བྱ་ཡི། གཞན་གྱིས་ནི་མ་ཡིན་ཏེ། སྒྲིབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ལྕི་བའི་ཕྱིར་དང་། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་དུ་འོང་བའི་ཕྱིར་རོ། །ཞེས་པ་དང་། རྒྱུད་བླ་མ་ལས་ཀྱང་། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་སོ། །དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས། ཁྱེད་ཀྱི་ལུགས་དང་ངེད་ཀྱི་ལུགས་གཉིས་ཀ་ལྟར་ཡིན་པས་འགལ་བ་ཅི་(༡༣)ཞིག་ཡོད། དེ་གཉིས་ཀའང་སངས་རྒྱས་ཀྱི་བསྟན་པར་གཅིག་ཅིང་། ཉེས་སྤྱོད་སྤོང་བ་དང་། དགེ་བ་སྒྲུབ་པར་ཁྱད་མེད་པའི་ཕྱིར་རོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། བཀའ་བསྩལ་པ། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས། སླད་མའི་ཚེ་སླད་མའི་དུས་ན། གང་དག་ཕན་ཚུན་གཤེ་ཞིང་འགྱེད་ལ། འདི་དག་ནི་ཆོས་སོ། །འདི་དག་ནི་ཆོས་མ་ཡིན་པའོ། །ཁྱེད་ཅག་ནི་ཕྱིན་ཅི་ལོག་པའོ་ཞེས་རྩོད་ན། གཞི་དེས་འོག་ནས་འོག་ཏུ་འགྲོ་བར་འགྱུར་རོ། །ཀུན་དགའ་བོ། དེ་ལ་དེ་བཞིན་གཤེགས་པ་འབའ་ཞིག་ཚད་མ་ཡིན་ཏེ། འདི་ལྟར་འདུལ་བ་ལ་འཇུག །མདོ་སྡེ་ལ་འབབ། མངོན་པའི་མཚན་ཉིད་དང་མི་འགལ་བ་དེ་ནི་ཆོས་སོ། །གཞན་ནི་ཆོས་མ་ཡིན་པའོ། །ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྗེས་སུ་སློབ་ཅིང་། མི་དགེ་བ་སྤོང་། དགེ་བ་སྒྲུབ། ཐར་པ་ཡང་དག་པར་གཞོལ་བ་ནི་ཆོས་སོ། །གཞན་ནི་ཆོས་མ་ཡིན་པའོ། །

དེ་བཞིན་དུ་ཐབས་དང་ཐབས་ལ་མཁས་པས་རང་དང་གཞན་གྱི་དགོས་པ་སྒྲུབ་ཅིང་ཉོན་མོངས་པ་སེལ་བ་དེ་ནི་ཆོས་སོ། །གཞན་ནི་ཆོས་མ་ཡིན་པའོ། །ཞེས་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱ་སྟེ། ཆོས་དང་གང་ཟག་ལ་ནམ་དུའང་སྐུར་པ་གདབ་པར་མི་བྱ་སྟེ། སངས་རྒྱས་ཀྱི་ཆོས་ཀྱང་མཐའ་ཡས་ཤིང་། རང་གི་ཁོང་དུ་ཆུད་པ་ཡང་ཅུང་ཟད་ཅིག་ལས་མདོ་དང་རྒྱུད་ཀྱི་མིང་ཙམ་ཡང་མ་ཐོས་པ་ལ་བསམ་གྱིས་མི་ཁྱབ། ཁྲོན་ནང་གི་སྦལ་པས་རྒྱ་མཚོའི་ཚད་དཔག་པ་དང་འདྲ་བར། ཐམས་ཅད་གཟིགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་མངོན་སུམ་ན་བཞུགས་པས། བདག་གིས་དེ་ལྟར་ཚད་བཟུང་དུ་ག་ལ་རུང་། གང་དག་སེམས་ཅན་གྱི་བློ་ཐར་བར་འདྲེན་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། ང་ནི་གདུལ་བྱའི་འཇིག་རྟེན་བསམ་ཡས་སུ། །སེམས་ཅན་ཁམས་དང་འགྲོ་བའི་མོས་པ་དང་། །དབང་པོའི་རིམ་པས་སྐྱེ་རྒུའི་དོན་བྱས་ཏེ། །མིང་དང་ཚིག་འབྲུ་རྣམ་པར་གྲངས་མེད་ཅིང་། །དབྱངས་ཀྱང་མཐའ་ཡས་ཤིན་ཏུ་གོ་བར་བྱ། །ལ་ལར་ཚངས་དང་དེ་བཞིན་དབང་པོ་དང་། །མི་དང་ལྷ་དང་མི་འམ་ཅི་དང་ཀླུ། །ཁྱབ་འཇུག་དང་ནི་དགེ་སྦྱོང་བྲམ་ཟེ་དང་། །གཙང་མའི་གཟུགས་སུ་སྣང་བས་དོན་བྱས་ཏེ། །ལ་ལར་ཉེ་བའི་རིག་བྱེད་ཡན་ལག་དང་། །མཆོད་སྦྱིན་སྒྱུ་རྩལ་བསྟན་བཅོས་གྲངས་མེད་བསྟན། །ཁ་ཅིག་ལ་ནི་སངས་རྒྱས་ཆོས་རྣམས་སོ། །མི་རྟག་སྡུག་བསྔལ་སྟོང་བདག་མེད་པར་བསྟན། །དེ་དག་(༡༤)གྲངས་ཀྱང་ཤིན་ཏུ་ཚད་མེད་དེ། །འགྲོ་བའི་སེམས་ཀྱིས་སྤྱོད་ཡུལ་མཐུན་པར་སྣང་། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །ད་ནི་སྐབས་ཀྱི་དོན་ཉིད་བཤད་དེ། རིག་འཛིན་གྱི་རྒྱལ་པོ་ཛཿས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི། ཟ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ། ཡུལ་དབུས་ཀྱི་དགེ་སྦྱོང་ཀུ་ཀུ་རཱ་ཛ་གསུམ་ལ་བཤད་དེ། དེ་ཐམས་ཅད་ཀྱང་སྐུ་ཚེ་དེ་ཉིད་ལ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་གཤེགས་སོ། །ཨིནྡྲ་བྷུ་ཏིས་སྲས་ཤཱཀྱ་བྷུ་ཏི་དང་། སྲས་མོ་གོ་མ་དེ་བཱི་ལ་བཤད་དེ། དེ་གཉིས་ཀྱང་རྣམ་པར་སྨིན་པའི་རིག་འཛིན་གྱི་གྲལ་ལ་འཁོད་དོ། །ཀུ་ཀུ་རཱ་ཛས་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེས་ནས། ནཱ་གརྫུ་ན་དང་། དྲང་སྲོང་བྷ་ཤཱི་ཏ་ལ་བཤད་དེ། ཕྱག་རྒྱ་ཆེན་པོའི་རིགའཛིན་ཐོབ་བོ། །རྒྱུད་སྡེ་བཅོ་བརྒྱད་ནི། རྩ་བའི་རྒྱུད་སྡེ་དྲུག །ཕྱི་མ་དྲུག །ཕྱི་མའི་ཕྱི་མ་དྲུག་གོ། །ནཱ་གརྫུ་ནས། པདྨ་སཾ་བྷ་ཝ། དེས་བི་མ་ལ་མི་ཏྲ་ལ་བཤད་དེ། འདི་གཉིས་ཀྱང་གདུལ་བྱའི་དོན་དུ་པཎྜི་ཏར་སྣང་ཡང་། ངོ་བོ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་ཡིན་ནོ། །ཡང་སྲས་མོ་གོ་མས་བི་ཏྲི་ཀ་མ་ལ། དེས་སངས་རྒྱས་གསང་བ་ལ་གསུངས་ཏེ། འདི་གཉིས་ནི་ཚེ་ལ་དབང་བའི་རིག་འཛིན་ལ་གནས་སོ། །ཡང་དྲང་སྲོང་བྷ་ཤཱི་ཏས་པྲ་ཧ་སྟི་ལ་བཤད། འདིས་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་སོ། །དེས་ཀྱང་སློབ་དཔོན་ཆེན་པོ་པདྨ་ལ་གསུངས་སོ། །འདི་དག་ལ་ཁ་ཅིག་གང་ཟག་སྙན་བརྒྱུད་དུ་འདོད་པ་མི་འཐད་དེ། ལ་ལ་ནི་རྒྱུའི་རིག་འཛིན་ཡིན་ལ། ཕལ་ཆེར་ཕྱག་རྒྱའི་རིག་འཛིན་མང་ཞིང་། པདྨ་དང་བི་མ་ལ་ནི་ལྷུན་གྲུབ་ཀྱི་ས་ལ་བཞུགས་ནས་སེམས་ཅན་གྱི་དོན་དུ་པཎྜི་ཏར་སྣང་བ་སྟེ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཡིན་ནོ། །

གསུམ་པ་གང་ཟག་སྙན་ཁུངས་སུ་བརྒྱུད་པ་ནི། བོད་ཀྱི་རིམ་པས་བརྒྱུད་པ་རྣམས་ཏེ། སྔ་འགྱུར་བར་འགྱུར་ཕྱི་འགྱུར་གསུམ་དུ་གྲགས་སོ། །དེ་ཡང་སངས་རྒྱས་གསང་བ་གངས་ཏི་སེར་བཞུགས་དུས། བྲན་ཀ་མུར་ཏི། སྦ་མཉྫུ་ཤྲཱི། བཻ་རོ་ཙ་ན་གསུམ་ལ་བཤད་དེ། དེ་ལས་བརྒྱུད་པ་ནི་སྔ་འགྱུར་རོ། །པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་མཆིམས་ཕུར་དབང་བསྐུར་ཏེ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་བསྒྱུར་ནས་བཤད་པ་ལ་བར་འགྱུར་ཞེས་གྲགས་སོ། །བི་མ་ལས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་ལ་བསམ་ཡས་ལྷུན་གྱིས་གྲུབ་པའི་བར་ཁང་དུ་གསུངས་པ་ནི་ཕྱི་འགྱུར་རོ། །བཀའ་བརྒྱུད་འདིའི་རིམ་པ་ནི། དེ་གསུམ་ཀ་ལ་བརྒྱུད་དེ། བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀའི་སློབ་མ་རྨ་རིན་ཆེན་(༡༥)མཆོག་གོ། །དེས་གྱེ་རེ་མཆོག་སྐྱོང་ནས་རིམ་པ་བཞིན། དར་རྗེ་དཔལ་གྱི་གྲགས་པ། གནུབས་སངས་རྒྱས་ཡེ་ཤེས། པ་གོར་བློན་ཆེན་འཕགས་པ། དན་ཡོན་ཏན་མཆོག །དགེ་གསལ་བའི་བྱང་ཆུབ། རྒྱ་སློབ་དཔོན་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། རོང་པ་ཆོས་ཀྱི་བཟང་པོ། མཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། དེས་གུ་རུ་དྲི་མེད་འོད་ཟེར་བདག་ལ་གསུངས་སོ། །བླ་མ་བརྒྱུད་པ་གཞན་ཡང་ཡོད་དེ་ཡི་གེ་མང་བས་མི་འབྲི་ཞིང་མ་སྤྲོས་སོ། །

གཉིས་པ། གླེང་བསླང་བ་དང་འབྲེལ་བ་བསྟན་པ་སྤྱིའི་རྣམ་བཞག

དོན་གཉིས་པ་གླེང་བསླང་བ་དང་འབྲེལ་བ་བསྟན་པ་སྤྱིའི་རྣམ་བཞག་ལ་གསུམ་སྟེ། མ་དག་འཁྲུལ་པའི་སྣང་ཚུལ། དེའི་གཉེན་པོར་དག་པ་དཀོན་མཆོག་གི་སྣང་ཚུལ། དེས་བསྟན་པ་ཐེག་པ་སོ་སོའི་སྣང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། འཁྲུལ་གཞི་ངོས་བཟུང་བ། འཁྲུལ་ཚུལ་གཏན་ལ་དབབ་པ། འཁྲུལ་དུས་ཇི་ལྟར་སྣང་བའོ། །

དང་པོ་ནི། ཆོས་ཉིད་ནམ་མཁའ་ལྟ་བུ་དང་དབྱེར་མེད་པའི་ཆོས་ཅན་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་སྟོང་ལ་སྣང་ཆ་མ་འགགས་པ། ངོ་བོ་ལ་འཁྲུལ་པ་མ་གྲུབ་ཀྱང་རྐྱེན་གྱིས་འཁྲུལ་གཞི་མི་འགལ་བ་མེ་ལོང་གཡའ་དག་པའི་ངོས་སམ་རྒྱ་མཚོ་དྭངས་པའི་ནང་དུ་གཟུགས་བརྙན་འཆར་བ་མི་འགག་པ་ལྟ་བུ་ཡིན་ཏེ། འདི་ཉིད་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོ། །དེ་ཡང་ངོ་བོ་མེད་པ་ལས་འཁྲུལ་པའི་གཞི་བྱས་པས་འཁྲུལ་པ་ཡང་རང་བཞིན་བདེན་པ་མེད་པ་གཟུགས་བརྙན་དང་འདྲ་སྟེ། ཡེ་ནས་བཅིངས་གྲོལ་མེད་པའི་ཆོས་ཉིད་ནམ་མཁའ་ལྟ་བུར་གནས་པ་ཡིན་ནོ། །གང་དུའང་མ་གྲུབ་པ་འཁྲུལ་པའི་གཞིར་མི་འཐད་དོ་ཞེ་ན། ནམ་མཁའ་ཉིད་ཀུན་གྱི་གཞི་ཡིན་པ་བཞིན་དུ། ཆོས་ཉིད་ཀྱང་ཡུལ་གྱི་འཁྲུལ་གཞིར་རྒྱུད་བླ་མར་ཡང་གསུངས་ཏེ། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་པ་དང་། དྲི་མ་མེད་པའི་མདོ་ལས། གང་ཀུན་ནས་ཉོན་མོངས་པ་དང་། དེས་མངོན་པར་འདུ་བྱས་པའི་ཆོས་རྣམས་ནི་གང་(༡༦)ལས་བྱུང་། སྨྲས་པ། རྟེན་མེད་པ་ལས་སོ། །རྟེན་མེད་པ་ནི་གང་ལས་བྱུང་། སྨྲས་པ། གང་ལས་ཀྱང་མ་བྱུང་སྟེ་ནམ་མཁའ་བཞིན་ནོ། །ཞེས་སོ། །ཆོས་ཅན་ཡང་མེ་ལོང་གི་ངོས་ལྟར་གོ་འབྱེད་ལ་འཁྲུལ་པའི་འཆར་གཞིར་འཐད་དེ། དཀོན་མཆོག་བརྩེགས་པ་ལས། འཇམ་དཔལ། སེམས་ལས་ནི་ལས་དང་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཀུན་བྱུང་ཡང་། སེམས་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་ཞིང་། མེད་པའང་མ་ཡིན་ཏེ། ཇི་ལྟར་སྣང་བ་དེ་ལྟར་འདུ་བྱེད་པའི་ཕྱིར་རོ། །ཞེས་སོ། །མདོར་བསྡུ་ན་འཕགས་པ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་དེ་ཉིད་འཁྲུལ་གཞི་སྟེ། དེའི་ངང་ལས་རང་གི་ངོ་བོ་མ་རྟོགས་ཤིང་མ་རིག་པས་འཁྲུལ་པའི་གཟུགས་བརྙན་འཆར་བར་གྱུར་ཏོ། །

གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་ནི། ཐོ་ཡོར་ལ་མིར་འཁྲུལ་པའམ། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལྟར། ལྷན་ཅིག་སྐྱེས་པའི་མ་རིག་པས་གཞི་བྱས། རང་བཞིན་ཡེ་ནས་དཀྱིལ་འཁོར་གསུམ་དུ་སངས་རྒྱས་ཀྱང་ངོ་མ་ཤེས་ཏེ། རྡོ་རྗེ་ལས། དཀྱིལ་འཁོར་གསུམ་དུ་སངས་རྒྱས་ཀྱང་། །མུན་པས་སྒྲིབ་པས་དེ་མ་ཤེས། །ཞེས་པ་དང་། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་གཉིས་སུ་མེད་པ་ལ་གཉིས་སུ་མེད་པ་ལ་གཉིས་སུ་བཟུང་བས། ཕྱི་ཡུལ་ནང་བདག་ཏུ་འཁྲུལ་ཏེ། དེ་ལས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་འཁྲུལ་པ་བསྐྱེད་པའི་རྟེན་འབྲེལ་ལ་རྨི་ལམ་གྱི་ཕྱི་ནང་དུ་སྣང་བ་སྔ་ཕྱི་ལྟར་འཁྲུལ་པའི་བག་ཆགས་ཀྱི་མཐུ་བརྟས་པ་ལས། གཞི་ལ་སྣང་བ་ཡེ་ནས་ཞིང་ཁམས་དང་། གཞལ་ཡས་ཁང་། སེམས་ཉིད་དང་ཡེ་ཤེས་སུ་གནས་པའི་རྩལ་ལ་བདག་ཏུ་བཟུང་བས། ཕྱི་སྣང་བ་སྣ་ཚོགས་ཡུལ་དང་བཅས་ཤིང་། སེམས་ཉིད་དུག་ལྔར་འཁྲུལ་པས་འགྲོ་བ་རིགས་དྲུག་གི་སྣང་བར་ཤར་ཏེ། ལས་རིམ་ལས། ཡེ་ནས་དེ་ལྟར་གནས་མོད་ཀྱི། །དཀྱིལ་འཁོར་གསུམ་གྱི་རང་བཞིན་ལས། །ཕྱི་ནང་རྣམ་པ་གཉིས་སུ་འཁྲུལ། །འགྲོ་བའི་ཁམས་ལྟར་རང་སྣང་བའོ། །ཞེས་པ་དང་། འདི་ཉིད་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་སོ། །དེ་ལྟར་འཁྲུལ་པ་འབྱུང་བ་ཡང་། སེམས་ཙམ་པ་ལྟར་ན་ཀུན་གཞིའི་སྟེང་ན་ཐོག་མ་མེད་པ་ནས་ཡུལ་དང་དོན་དུ་སྣང་བའི་བག་ཆགས་ཡོད་པ་ལས་འཁྲུལ་པར་འདོད་ལ། རང་རྒྱུད་པ་ལྟར་ན་སྟོང་པའི་ངང་ལས་རྨི་ལམ་ལྟར་སྣང་བ་མ་འགགས་པས་ཀུན་རྫོབ་འཆར་བས་དེའི་རང་བཞིན་མ་ཤེས་པས་འཁྲུལ་པར་(༡༧)འདོད་ཅིང་། ཐལ་འགྱུར་བ་ནི་མེད་བཞིན་སྣང་བའི་རང་བཞིན་ཐད་དུ་བཟུང་བས་འཁྲུལ་པར་སྣང་ཡང་། ད་ལྟ་ཉིད་ནས་མ་གྲུབ་པས་འཁྲུལ་པ་ཡུལ་མེད་པར་འདོད་པ་ལས། འདིར་ནི་ཐམས་ཅད་དང་ཡང་མཐུན་ཏེ། ཡེ་ནས་དཀྱིལ་འཁོར་དུ་གནས་པ་ལ་བདག་ཏུ་བཟུང་བས་འཁྲུལ་པ་སེམས་ཙམ་པ་དང་ཚུལ་མཐུན། དེའང་ངོ་བོ་སྟོང་པའི་ངང་ལས་རང་བཞིན་གསལ་བས་འཁྲུལ་པས་རང་རྒྱུད་པ་དང་འདྲ་ཞིང་། དོན་ལ་གཉིས་སུ་མེད་པས་ཐལ་འགྱུར་བ་ལྟར་ཡིན་ནོ། །

གསུམ་པ་འཁྲུལ་དུས་ཇི་ལྟར་སྣང་བ་ལ་གཉིས་ལས། མ་རིག་པ་གཉིས་དང་དེས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་བདེ་སྡུག་ཏུ་སྣང་ཚུལ་ནི། རྒྱུ་མི་དགེ་བ་དུག་གསུམ་མམ། བཅུ་ལ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་འབྲས་བུ་ངན་སོང་གི་སྡུག་བསྔལ་སོ་སོ་ལ་སྤྱོད་ཅིང་། དགེ་བཅུ་དང་བསམ་གཏན་གཟུགས་མེད་པ་གོམས་པས་འདོད་པ་གཟུགས་གཟུགས་མེད་གསུམ་གྱི་མཐོ་རིས་ཀྱི་བདེ་བ་འཛིན་པར་བྱེད་དོ། །མིམཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་སོ། །དེ་ལྟར་འཁྲུལ་དུས་ཉིད་ནའང་རང་བཞིན་བདེན་པར་གྲུབ་པ་མེད་དེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྲིད་པའི་འགྲོ་བ་རྨི་ལམ་བཞིན་དུ་གསོག །སེམས་ཅན་མིང་དང་སྲོག་ཀྱང་མི་དམིགས་ཏེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་པ་དང་། འདི་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་སོ། །

གཉིས་པ་འཇིག་རྟེན་པའི་ཐེག་པ་སྣང་ཚུལ་ལ་གཉིས་ལས། དང་པོ་སོར་བཞག་ལྷ་མིའི་ཐེག་པ་རྒྱུ་འབྲས་བསླུ་བ་མེད་པའི་སྣང་ཚུལ་ནི། སེམས་རགས་པའི་སྟེང་དུ་དགེ་བཅུ་སྤྱོད་ཅིང་མི་དགེ་བ་བཅུ་སྤོང་བས་འདོད་པའི་ལྷ་མིར་སྐྱེ་བས་དགེ་བ་བཅུ་ནི་མིའི་ཐེག་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །མཐོ་རིས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་སོ། །ཟག་པ་དང་བཅས་པའི་བསམ་གཏན་བཞི་དང་། གཟུགས་མེད་བཞི་བསྒོམ་པ་ནི་མི་གཡོ་བའི་ལས་ཏེ། ལྷ་ཡི་ཐེག་པ་ཞེས་བྱའོ། །དེ་སྐད་དུ་དེ་ཉིད་ལས། ཚད་མེད་བཞི་སྤྱོད་མི་གཡོ་བསྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་སོ། །དེ་ཡང་དགེ་བ་དང་མི་དགེ་བ་གཉིས་ནི་འདོད་པར་གཙོ་བོ་འཕེན་ཅིང་། མི་གཡོ་བས་ནི་ཁམས་གོང་མ་གཉིས་ལས་གཞན་དུ་མི་འཕོ་བའི་ཕྱིར་གོང་མ་གཉིས་ཀྱི་ལས་སོ། །

གཉིས་པ་སྒྲོ་འདོགས་ཕྱིན་ཅི་ལོག་གི་ཐེག་པ་ཕྱི་རོལ་པའི་ལུགས་ལ་གཉིས་ཏེ། གྲུབ་མཐའི་(༡༨)དབྱེ་བ་དང་། ཁྱད་པར་དུ་འདོད་པ་དགོད་པའོ། །

དང་པོ་ནི། ནང་པ་ལས་ཕྱི་རོལ་ཏུ་གྱུར་པ་མུ་སྟེགས་པའི་སློབ་དཔོན་སྔ་མ་དག་རྟོག་གེ་སྡེ་ལྔར་བཞེད་པ་ལས། རྟག་ལྟ་སྡེ་བཞིའི་དང་པོ་གྲངས་ཅན་པ་ནི། སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་པའི་དུས་སུ། དྲང་སྲོང་སེར་སྐྱས་མུ་སྟེགས་པའི་དཀའ་ཐུབ་ཀྱིས་གྲུབ་པ་ཐོབ་སྟེ་བསྟན་བཅོས་མང་དུ་བརྩམས་པ་དང་། གྲུབ་མཐའ་འཛིན་པའི་སློབ་མ་གཉིས་བྱུང་སྟེ། བྷ་ར་དྷཱ་ཛ་དང་། ཆུར་ལྷུང་གི་བུའོ། །བྷ་ར་དྷཱ་ཛས་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་འདོད་པའི་རྗེས་སུ་འབྲངས་པ་ལ་གྲངས་ཅན་པ་དང་། ཆུར་ལྷུང་གི་བུས་ཉི་ཤུ་རྩ་ལྔ་པོའི་གནས་ལུགས་ཀྱང་སྟོང་པར་འདོད་པ་ལས་སེར་སྐྱ་པ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། །སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་སོ། །དེ་ལ་གྲངས་ཅན་པ། སེར་སྐྱ་བ། ཡོན་ཏན་གསུམ་པ་ཞེས་བྱའོ། །

གཉིས་པ་དབང་ཕྱུག་པ་ནི། ལྷ་དབང་ཕྱུག་གིས་རྒྱུད་སྡེ་མང་དུ་གསུངས་པས། དངོས་གྲུབ་བརྙེས་པའི་སློབ་མ་གཉིས་བྱུང་སྟེ། རྐང་མིག་དང་། གཟེག་ཟན་ནོ། །རྐང་མིག་གིས་བརྩམས་པ་རིགས་པའི་ལྟ་བ་ལ་བརྟེན་པའི་རིགས་པ་ཅན་དང་། གཟེག་ཟན་གྱིས་བརྩམས་པའི་བྱེ་བྲག་གསལ་བ་ལ་བརྟེན་པའི་བྱེ་བྲག་པ་གཉིས་སོ། །འདིས་སེམས་ཅན་བཅིངས་གྲོལ་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་དེ། འགྲོ་བ་འདི་དག་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སོ། །དེ་ལ་དབང་ཕྱུག་པ། འུག་ཕྲུག་པ། དོན་དྲུག་པ་ཞེས་སོ། །

གསུམ་པ་ཁྱབ་འཇུག་པ་ནི། ཁྱབ་འཇུག་གིས་རིག་བྱེད་ཀྱི་བསྟན་བཅོས་འབུམ་སྡེ་བརྩམས་ཤིང་། ལྟེ་བ་པདྨོའི་སྐྱེ་གནས་ལས་ཚངས་པ་གདོང་བཞི་པ་བྱུང་སྟེ། དེས་སྣོད་བཅུད་ཐམས་ཅད་སྤྲུལ་ནས། སྙན་ངག །ངེས་བརྗོད། སྲིད་བསྲུང་། མཆོད་སྦྱིན་ཏེ། རིག་བྱེད་ཆེན་པོ་བཞི་དྲན་ནས་བཤད་པ་ཕྱིས་དྲང་སྲོང་རྣམས་ཀྱིས་བསྡུས་ཏེ། ཁྱབ་འཇུག་གི་བསྟན་བཅོས་བརྡ་སྤྲོད་ངག་གི་འོད་ཟེར་ལ་བརྟེན་པ་བརྡ་སྤྲོད་པ་དང་། དྲང་སྲོང་ཨགྞེའི་སྨྲ་བའི་མཚོན་ཆ་ལ་བརྟེན་པའི་ཚད་མ་པ་ལ་རྣམ་ཕུག་པ་དང་། དྲང་སྲོང་བདེན་སྨྲས་ཀྱི་བསྒོམ་རིམ་སྐོར་དགུ་ལ་བརྟེན་པའི་བསྒོམ་སྒྲུབ་པ་ལ་གསང་བ་པ་དང་། དྲང་སྲོང་ངན་སྤོང་གི་རྣམ་དཔྱོད་གསལ་བ་ལ་བརྟེན་པའི་གཞུང་བཤད་པ་ལ་སྤྱོད་པ་བ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་ཙ་ར་ཀ་འབུམ་སྡེ་ལ་བརྟེན་པའི་གསོ་དཔྱད་པ་ལ་ཙ་ར་ཀ་པ་ཞེས་བྱ་སྟེ་(༡༩)ལྔའོ། །འདི་དག་གིས་རིག་བྱེད་བཞི་ཚད་མར་འདོད་དེ། དབྱེ་ན་ཁྱབ་འཇུག་པ། ཚངས་པ་བ། རིག་བྱེད་པ་ཞེས་གྲགས་སོ། །

བཞི་པ་རྒྱལ་བ་པ་ནི། ལྷ་ཆེན་པོ་རྒྱལ་བ་དམ་པས། སྲོག་དང་ཟད་པ་སྡོམ་པ་དང་། །ངེས་པར་དགའ་དང་འཆི་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །ཤེས་བྱ་ཚིག་གི་དོན་དགུར་ངེས། །ཞེས་ཚིག་དོན་རྒྱན་གྱི་སྣང་བ་ལ་བརྟེན་པ་སྟེ། ཐར་པ་མདོག་དབྱིབས་ཅན་དང་། ཤིང་སེམས་པ་ཅན་དུ་འདོད་དེ། འདི་ལ་རྒྱལ་བ་པ། དོན་དགུ་པ། གཅེར་བུ་པ། ཞེས་སོ། །

ལྔ་པ་ཆད་ལྟ་སྡེ་གཅིག་ནི། སུམ་ཅུ་རྩ་གསུམ་དུ་ཕུར་བུ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལྷའི་བླ་མས། ལྷ་རྣམས་ལྷ་མ་ཡིན་ལ་འཐབ་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར། ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ། ཕྱིས་མི་ཡུལ་དུ་གྲོགས་མཁར་པས་དར་བར་བྱས་ཏེ། དེ་ལས། བཟང་མོ་མ་ཤི་བར་ལ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་སྐྱེ་བ་སྔ་ཕྱི་སྐུར་པ་འདེབས་ཤིང་། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཀྱེ་མ་མང་ཐོས་གང་སྨྲ་བ། །སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་མ་མཐོང་བའི་འགྲོ་བ་ལ་སྐུར་པ་འདེབས་པ་དང་། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །འདི་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པ་སྲིད་པ་ཡོད་མ་ཡིན། །ཞེས་ལམ་གོམས་པའི་འབྲས་བུ་སངས་རྒྱས་ལ་སྐུར་པ་འདེབས་པ་དང་། སྒྲོ་བཏགས་འཛིན་ཕྱིར་ཚད་མ་མིན། །ཅེས་ཚད་མ་ལ་སྐུར་པ་འདེབས་པ་དང་། པདྨའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་རྩེ་རྣོ་བ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་རྒྱུ་འབྲས་ལ་སྐུར་པ་འདེབས་པ་སྟེ། འདི་ལ་ཕུར་བུ་བ། རྒྱང་འཕེན་པ། ཚུ་རོལ་མཛེས་པ་བ། ནམ་མཁའི་ཡིད་ཅན་པ་ཞེས་སོ། །གཉིས་པ་ཁྱད་པར་དུ་འདོད་པ་དགོད་པ་ནི། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་དེ་དབྱེ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་གྱི་ལུགས་ནི་ཐ་དད་གྱུར། །ཅེས་པས། མུ་སྟེགས་བྱེད་ཕལ་གྱི་གྲུབ་མཐའི་ཕྱི་མོ་ནི་གྲངས་ཅན་པ་ཡིན་ལ། རྟག་ཆད་དུ་སྨྲ་བ་ཐམས་ཅད་ཀྱིས་བདག་གཙོ་བོ་ཁས་ལེན་པར་འདོད་དེ། རྟག་པར་སྨྲ་བས་རྒྱུ་མཚན་དུ་མའི་སྒོ་ནས་འདོད་ཅིང་། ཆད་པར་སྨྲ་བས་ཀྱང་(༢༠)བདག་དེ་ཉིད་ལས་གྲུབ་པ་དང་མཉམ་དུ་གློ་བུར་དུ་གྲུབ་པར་ཁས་ལེན་ཏོ། །དེ་ལ་གྲངས་ཅན་པས་ཤེས་བྱ་ཐམས་ཅད་བདག་དང་གཙོ་བོ་གཉིས་སུ་འདུས་པར་འདོད་དོ། །

འདི་ལ་ལྔ་སྟེ། བདག་དང་གཙོ་བོ། དེ་དག་ཤེས་པར་བྱེད་ཚུལ། མ་ཤེས་པའི་ཉེས་པ། ཤེས་པའི་ཡོན་ཏན་ནོ། །

དང་པོ་ནི། བདག་ཅེས་བྱ་བ་སེམས་པ་ཅན་གྱི་སྐྱེས་བུ་སྟེ། ཤེས་པ་རྟག་གཅིག་རང་དབང་ཅན། བྱ་བྱེད་དང་བྲལ་བ། ཟ་བ་པོ། རང་བཞིན་རྒྱུས་གཙོ་བོའི་ཁུག་མ་ན་གནས་པ། སུས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་སྟེ། ཁྱད་པར་ལྔ་ལྡན་དུ་འདོད་དོ། །

གཉིས་པ་གཙོ་བོ་ལ་གཉིས་ལས། རང་བཞིན་རྒྱུའི་གཙོ་བོ་ནི། བདེ་སྡུག་བཏང་སྙོམས་གསུམ་མམ། ཆགས་སྡང་གཏི་མུག་གསུམ་མམ། མིང་གཞན་སྙིང་སྟོབས་རྡུལ་མུན་པ་ཞེས་པའི་ཡོན་ཏན་གསུམ་ཆ་མཉམ་པ་སྟེ། བེམ་པོ་རྟག་པ། གཅིག་པུ། རྣམ་འགྱུར་ཐམས་ཅད་བསྐྱེད་པའི་རྒྱུ་བྱེད་པ། སུས་ཀྱང་མ་བསྐྱེད་པ། དྲང་སྲོང་སེར་སྐྱས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་དང་ཁྱད་པར་ལྔ་ལྡན་ནོ། །སློབ་དཔོན་བླ་རབ་ནི་དྲང་སྲོང་སེར་སྐྱས་མཐོང་གི་གཞན་གྱིས་མི་མཐོང་བ་ཞེས་གསུང་ངོ་། །རྣམ་འགྱུར་འབྲས་བུའི་གཙོ་བོ་ནི། ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ལ། ཆ་མཉམ་མ་ཡིན་པས། གནས་སྐབས་མི་རྟག་པ་དུ་མར་གསལ་བའི་བེམ་པོ་སྟེ། ཕྱེ་ན་ཉི་ཤུ་རྩ་གསུམ་ལས། དང་པོ་ནི་ཆེན་པོ་དང་། བློ་དང་། ནང་གི་བྱེད་པ་དང་། ཤེས་པ་ཞེས་ཀྱང་བྱ་བའི་མེ་ལོང་ངོས་གཉིས་པ་ལྟ་བུ་ཕྱི་ནང་གཉིས་ཀའི་གཟུགས་བརྙན་འཆར་དུ་རུང་བ། འདི་ཞེས་ཡུལ་ཞེན་པའི་རྣམ་པ་ཅན་ནོ། །དེ་ལ་བདག་སྐལ་བ་དང་ལྡན་པའོ། །ཞེས་བདག་དང་གཅིག་པུར་རློམ་པའི་ང་རྒྱལ་འབྱུང་སྟེ། ཕྱེ་ན། རྒྱུ་ལས་གྱུར་པ་དང་། འབྱུང་བ་ལས་གྱུར་པ་དང་། རྣམ་འགྱུར་ལས་གྱུར་པའི་ང་རྒྱལ་གསུམ་སྟེ། གསུམ་ཡིན་ཡང་ང་རྒྱལ་ཞེས་གཅིག་ཏུ་གྲགས་སོ། །དེ་ཡང་ང་རྒྱལ་དང་པོས་དབང་པོ་བཅུ་གཅིག་བསྐྱེད་དེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། མིག་སྟེ་བློའི་དབང་པོ་ལྔ་དང་། ཁ་དང་། ལག་པ་དང་། རྐང་པ་དང་། འདོམ་དང་། གཤང་ཁུང་སྟེ་ལས་ཀྱི་དབང་པོ་ལྔ་དང་། གཉིས་ཀའི་དབང་པོ་ཡིད་དེ་བཅུ་གཅིག་གོ། །ང་རྒྱལ་གཉིས་པས་སྒྲ་དྲི་རོ་ཁ་དོག་རེག་བྱ་སྟེ་དེ་ཙམ་ལྔ་བསྐྱེད་དོ། །དེ་དག་ལས་ནམ་མཁའ། ས། ཆུ། མེ། རླུང་ལྔ་རིམ་པ་བཞིན་དུ་བསྐྱེད་དོ། །ང་རྒྱལ་གསུམ་པས་ནི་དེ་གཉིས་ཀྱི་གྲོགས་བྱེད་ཀྱི་འབྲས་བུ་གུད་པ་ནི་མེད་དོ། །དོན་དེ་དག་དབང་ཕྱུག་ནག་པོའི་གཞུང་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་(༢༡)ཡིན། །དེ་ལ་བཅུ་དྲུག་དག་གི་ཚོགས་རྣམས་སོ། །བཅུ་དྲུག་པོ་ཡང་དེ་དག་རྣམས་ལས་ཀྱང་། །ལྔ་པོ་དག་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་སོ། །དེ་ལྟར་ཉི་ཤུ་རྩ་བཞི་ལས། རང་བཞིན་ནི་དོན་དམ་པ་དང་། རྣམ་འགྱུར་ཉི་ཤུ་རྩ་གསུམ་ཀུན་རྫོབ་ཏུ་འདོད་དེ། ཡོན་ཏན་གསུམ་གྱི་ཡོན་ཏན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོབ། །ཅེས་སོ། །དེ་དག་ནི་གཙོ་བོ་བེམ་པོ་ཉི་ཤུ་རྩ་བཞིའོ། །དེའི་སྟེང་དུ་ཤེས་པ་བདག་དང་ཉི་ཤུ་རྩ་ལྔ་ནི། ཤེས་བྱ་གྲངས་ཉི་ཤུ་རྩ་ལྔའོ། །

གསུམ་པ་དེ་དག་ཤེས་པར་བྱེད་ཚུལ་ལ་གཉིས་ཏེ། རྒྱུ་འབྲས་ཤེས་པར་བྱེད་ཚུལ་དང་། སྐྱེས་བུས་གཙོ་བོ་ལ་ལོངས་སྤྱོད་པ་ཤེས་པར་བྱེད་ཚུལ་ལོ། །

དང་པོ་ནི། རང་བཞིན་རྒྱུ་ཁོ་ན་དང་། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྟེ་བདུན་རྒྱུ་འབྲས་གཉིས་ཀ་དང་། དབང་པོ་བཅུ་གཅིག་དང་། འབྱུང་ལྔ་སྟེ། བཅུ་དྲུག་འབྲས་བུ་ཁོ་ན་དང་། སྐྱེས་བུ་རྒྱུ་འབྲས་གཉིས་ཀ་མ་ཡིན་པར་འདོད་དེ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་བ་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པའང་མིན། །ཞེས་སོ། །སྐྱེ་ཚུལ་བདག་ཁོ་ན་ལས་སྐྱེ་བས་རྒྱུ་འབྲས་བདག་གཅིག་གོ་ཞེས་འདོད་ལ། སྐྱེ་ལུགས་ཀྱང་སྔར་ཡོད་པ་གསལ་བར་བྱས་ཙམ་ཡིན་གྱི། སྔར་མེད་གསར་དུ་སྐྱེ་བ་མི་འདོད་དོ། །འཇིག་ཚུལ་ཡང་གནས་སྐབས་ཉེ་བར་ཞི་བའམ། གསལ་བ་བསྐལ་པ་ཙམ་ལས་རང་བཞིན་གཏན་འཇིག་གི་མི་རྟག་པ་མི་འཐད་དོ། །

གཉིས་པ་ནི། བདེ་སོགས་མི་གསལ་བ་གཙོ་བོའི་རང་བཞིན་དུ་ཡོད་ལ། གསལ་བ་ནི་ཚན་པ་གསུམ་སྟེ། ཕྱི་རོལ་སྒྲ་སོགས་ཀྱི་བདེ་བ་སོགས། བློ་ངོ་བོ་ཉིད་ཀྱི་བློ་བདེ་སོགས། དེ་ལས་ཤར་བ་གཟུགས་བརྙན་གྱི་བདེ་བ་སོགས་སོ། །དེ་དག་སྤྱོད་བྱེད་ཤེས་རིག་སྟེ། སྤྱོད་ཚུལ་ནི་བློའི་མེ་ལོང་གི་ངོས་གཅིག་ལ་སྒྲ་སོགས་ཀྱི་གཟུགས་བརྙན་ཤར། ངོས་གཅིག་ལ་ཤེས་རིག་གི་གཟུགས་བརྙན་ཤར་བ་འདྲེས་པ་ཉིད་སྤྱད་པའི་དོན་དུ་འདོད་དེ། བློ་ལ་ཤར་བ་སྐྱེས་བུའི་ཤེས་པར་བྱེད་དོ། །ཞེས་དང་། ཇི་ལྟར་འོ་མ་སེམས་པ་མེད་པ་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་བཞིན་གཙོ་བོ་སྐྱེས་བུ་རྣམ་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་པ་དང་། སྐྱེས་བུ་ཉེ་བར་སྤྱོད་པ་དག །བསྒྲུབ་ཕྱིར་གཙོ་བོར་རབ་འཇུག་སྟེ། །ལྟད་མོ་པ་དག་གྲུབ་བྱའི་ཕྱིར། །གར་གྱིས་ལྟད་མོ་གྱེད་པ་བཞིན། །ཞེས་སོ། །

བཞི་པ་མ་ཤེས་པའི་ཉེས་པ་ནི། བྱེད་པའི་གཙོ་(༢༢)བོ་རང་བཞིན་དང་། གནས་སྐབས་རྣམ་འགྱུར་ཡིན་གྱི་བདག་བྱ་བྱེད་དང་བྲལ་ཡང་དེ་ལྟར་མ་ཤེས་པས། བདག་གིས་བྱས་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་བཟུང་བས་འཁོར་བར་འཁྱམས་པར་འདོད་དེ། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་སྒྲིབ་ཕྱིར་ཕྱིན་ཅི་ལོག་སེམས་ཀྱིས། །བདག་གིས་བྱས་ཞེས་མི་མཁས་སེམས་པ་ཡིན། །རྩ་འབྲུབས་བྱེད་པའི་ནུས་པའང་ཡོད་མ་ཡིན། །ཞེས་པ་དང་། སྐྱེས་བུ་འདི་ནི་དོན་དམ་དུ། །རྟོག་པ་དག་པའི་རང་བཞིན་ཏེ། །རང་བཞིན་དེ་ལྟར་མ་ཤེས་པའི། །རྨོངས་པ་རྟག་ཏུ་འཁོར་བར་འཁྱམས། །ཞེས་སོ། །

ལྔ་པ་ཤེས་པའི་ཡོན་ཏན་ནི། དེ་ལྟར་ཤེས་ན་གྲོལ་བར་འདོད་དེ། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོའམ་གཙུག་ཕུད་དམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །

གཉིས་པ་དབང་ཕྱུག་པ་ནི། ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་དེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །

ཅེས་སོ། །དེ་ལ་རྫས་ནི་དགུ་སྟེ། བདག་དུས་ཕྱོགས་ཡིད་ནམ་མཁའ་སྟེ་རྟག་པའི་རྫས་ལྔ་དང་། ས་ཆུ་མེ་རླུང་སྟེ་མི་རྟག་པའི་རྫས་བཞིའོ། །རྫས་ལ་བརྟེན་པའི་ཡོན་ཏན་ཉེར་ལྔ་སྟེ། བདག་ལ་བརྟེན་པ་བཅུ་གསུམ་ནི། བདེ་སྡུག་ཆོས་དང་ཆོས་མིན་པ་འདུས་བྱས་འདུས་མ་བྱས་པ་དང་། འབད་པ་ཤུགས་རྣམ་ཤེས་ལྔའོ། །ཕྱོགས་དུས་ལ་བརྟེན་པ་བདུན་ནི། གྲངས་དང་བོང་ཚད་གཉིས། ཕྲད་པ་དང་དབྱེ་བ་གཉིས། གཞན་དང་གཞན་མ་ཡིན་པ་གཉིས། སོ་སོ་བའོ། །འབྱུང་བ་ལྔ་ལ་བརྟེན་པའི་ལྔ་ནི། སྒྲ་ནམ་མཁའི་ཡོན་ཏན་དང་། དྲི་སའི་ཡོན་ཏན། རོ་ཆུའི་ཡོན་ཏན། རེག་བྱ་རླུང་གི་ཡོན་ཏན། ཁ་དོག་མེའི་ཡོན་ཏན་ཏེ་ལྔའོ། །ལས་ནི་འདེགས་འཇོག་བརྐྱང་བསྐུམ་འགྲོ་བ་ལྔའོ། །སྤྱི་ནི་ཁྱབ་པ་དང་ཉི་ཚེ་བའོ། །བྱེ་བྲག་ནི་ཕན་ཚུན་འདྲེས་པར་མི་བྱེད་པའི་ཆོས། འདུ་བ་ནི་རྫས་དང་། ཡོན་ཏན་འབྲེལ་བར་བྱེད་དོ། །དེ་ལ་བདག་ནི་རྟག་པ། ཐམས་ཅད་ལ་ཁྱབ་པ། སེམས་ཅན་གྱི་རྒྱུད་དུ་གཏོགས་པ། ཟ་བ་པོ། བེམ་པོ་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་དེ། གཞན་དག་ཀྱང་ནི་འདིར་བདག་ཉིད། །འདོད་དང་ལྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །རང་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་སོ། །བདག་དེ་བེམ་པོ་ཡིན་ཡང་སྒོ་ལྔའི་རྣམ་ཤེས་ཀྱི་ཡོན་ཏན་དང་ལྡན་པས་ཡུལ་(༢༣)འཛིན་ནུས་ལ། ངོ་བོ་རྟག་པ་ཡིན་ཡང་འབད་དུས་ཡོན་ཏན་དུ་ལྡན་པས་ལུས་ལེན་པ་ལ་སོགས་ཡོན་ཏན་དུ་འདོད་དེ། བདག་ཉིད་རྟག་ཀྱང་བྱེད་པར་འགྱུར། །རྫ་ཆག་བྱེའུ་འཕུར་ཇི་བཞིན་དུ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །འཕོ་ཞིང་ཉིང་མཚམས་སྦྱོར་བ་ན། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་སོ། །དེ་དག་ནི་རིག་པ་ཅན་པའི་ཕྱོགས་ལ་བརྟེན་པའོ། །གསུམ་པ་ཁྱབ་འཇུག་པ་ནི། རིག་བྱེད་བཞིའི་གསང་བ་དང་། འཇུག་པ་བཅུའི་བདག་ཉིད་དུ་མར་འདོད་ཅིང་། བཞི་པ་རྒྱལ་བ་པ་ནི། སྲོག་དང་ཟད་པ་ལ་སོགས་པ་ཤེས་བྱ་ཐམས་ཅད་དོན་དགུར་ངེས་པར་འདོད་དེ། འདི་བདག་རྟག་པའི་ཕྱོགས་ལ་བརྟེན་པའོ། །ལྔ་པ་ཆད་པར་ལྟ་བ་ནི། ཐམས་ཅད་དུ་ངོ་བོ་ཉིད་རྒྱུར་སྨྲ་ཞིང་བདག་ཀྱང་གློ་བུར་བར་འདོད་དེ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་དང་། །རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་སོ། །དེ་དག་གིས་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པའི་དོན་རྣམས་ལེགས་པར་བསྟན་ཟིན་ཏོ། །

གཉིས་པ་དེའི་གཉེན་པོར་དག་པ་དཀོན་མཆོག་གི་སྣང་ཚུལ་ལ་གསུམ་སྟེ། དཔེ་དོན་ཉེ་བར་དགོད་པ། རྣམ་གྲངས་སོ་སོར་བཤད་པ། དོན་ངོས་བཟུང་བའོ། །

དང་པོ་ནི། འགྲོ་བའི་ཁམས་དང་། མོས་པ་དང་། བག་ལ་ཉལ་དང་། ཀུན་བཏགས་པའི་ཆོས་ལ་མངོན་པར་ཞེན་པའི་རང་བཞིན་གཟིགས་ནས། སྲིད་པའི་སྡུག་བསྔལ་ཡོངས་སུ་སྐྱོབ་པ་དང་། ཐར་པ་དམ་པ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོའི་ངང་ལས་གཡོ་བའི་རྩོལ་བ་དང་རྣམ་པར་རྟོག་པ་མི་མངའ་བཞིན་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་དང་། ཤེས་རབ་ཆེན་པོའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་ལས་ཀྱི་རྒྱུ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་སོ་སོའི་ངོར་གང་ལ་གང་འདུལ་དུ་སྣང་བ་ནི། དཔེར་ན་ལྷ་ཡི་དབང་པོ། དབང་སྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་(༢༤)གླིང་ཡན་ཆད། འདོད་པའི་ཡོན་ཏན་གྱི་རྐྱེན་སོ་སོར་ཆར་འབབ་པ་ཡང་། རྒྱ་མཚོའི་ལྷའི་དབང་དང་། གནས་སོ་སོའི་ནམ་མཁའི་དབང་དང་། འགྲོ་བ་སོ་སོའི་ལས་ཀྱི་རྒྱུད་ལས། ཆར་སོ་སོར་འབབ་པར་འགྲུབ་པ་ཡིན་ཡང་། རྒྱ་མཚོའི་ལྷ་ཡང་འདི་སྙམ་དུ། བདག་གིས་ནི་གནས་འདི་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པར་སྤྲིན་འདི་ལྟ་བུ་བསྡུ་བར་བྱའོ། །གློག་འདི་ལྟ་བུ་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་གྲགས་པར་བྱའོ། །ཆར་འདི་ལྟ་བུ་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། ནམ་མཁའ་ཡང་འདི་སྙམ་དུ་འགྲོ་བ་འདི་དག་གི་འདོད་པའི་ཡོན་ཏན་འབྱུང་བའི་ཆར་དབབ་པའི་གོ་སྐབས་དབྱེའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། འགྲོ་བ་སོ་སོའི་ལས་ཀྱི་བག་ཆགས་ཀྱང་འདི་སྙམ་དུ་བདག་ཅག་གིས་ལས་ཀྱི་སྐལ་བ་དང་འཚམས་པའི་ཆར་དབྱུང་བར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ་བཞིན་དུ། རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་གནས་དེ་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པའི་སྤྲིན་འདུ་བ་ནས་ཆར་འབབ་པའི་བར་དུ་སོ་སོར་འབྱུང་བ་ནི། ལྷ་ཡི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གསེར་གྱི་སྙིང་པོ་ལྟ་བུའི་སྤྲིན་འདུ་བ་དང་། དེ་བཞིན་དུ་གློག་དང་། འབྲུག་རྣམས་ཀྱང་ཐ་དད་དུ་འབྱུང་ཞིང་། ཆར་ཡང་རང་བཞིན་ཐ་དད་དུ་འབབ་པ་ནས། འཛམ་བུའི་གླིང་གི་བར་དུ་ཡང་དེ་བཞིན་ཏེ། སྤྲིན་རྣམས་ཀྱང་མུ་ཏིག་དམར་པོ་ལྟ་བུ་ནས། རི་ནག་པོ་བརྩེགས་པ་ལྟ་བུའི་བར་དང་། གློག་ཀྱང་གསེར་ཁ་སྦྱངས་པ་ནས། རིན་པོ་ཆེ་ཨིནྡྲ་སྙིལ་འོད་འཕྲོ་བ་ལྟ་བུའི་བར་དང་། འབྲུག་ཀྱང་བྱ་ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། རོལ་མོའི་སྒྲ་དབྱངས་ལྟ་བུ་ནས། རྒྱ་མཚོ་འཁྲུགས་པ་ལྟ་བུའི་སྒྲ་ཡི་བར་དང་། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ནས། མཚོན་ཆའི་ཆར་དང་། ཆུ་དང་བའི་ཆར་གྱི་བར་དུ། སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པར་སོ་སོར་ཐ་དད་དུ་འབྱུང་བ་བཞིན་དུ། གདུལ་བྱ་སོ་སོའི་ངོ་གང་ལ་དཀོན་མཆོག་གསུམ་གྱི་རང་བཞིན་ཐ་དད་དུ་མཐོང་བ་ནི་འདི་ལྟ་སྟེ། འགྲོ་བ་མཆོག་ཏུ་གྱུར་པ་རྣམས་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ལོངས་སྤྱོད་ཆེན་པོ་མཚན་དང་དཔེ་བྱད་འབར་བའི་སངས་རྒྱས་དང་། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཆོས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་དགེ་འདུན་ནས། དེ་བཞིན་དུ་སོ་སོའི་སྐྱེ་བོ་དང་། རང་སངས་རྒྱས་ལ་སོགས་སོ་སོའི་བསོད་ནམས་མཐུན་པ་རྣམས་ལ་ནི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ། (༢༥)དགའ་ལྡན་ནས་འཕོ་བ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་རྣམ་པ་དང་། ཐེག་པ་སྣ་ཚོགས་པའི་ཆོས་དང་། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་འདུན། དགེ་སྦྱོང་གི་ཆ་བྱད་ཅན་འཁོར་རྣམ་བཞི་དང་བཅས་པར་ཀུན་ཏུ་སྣང་ངོ་། །འགྲོ་བ་ཕལ་པ་དང་། ངན་སོང་དུ་གྱུར་པ་ལ་སོགས་བསོད་ནམས་ཅུང་ཟད་དམན་པ་རྣམས་ལ་ནི་སོ་སོའི་སྣང་བ་དང་མཐུན་པར། ལྷ་དང་མི་དང་ཀླུ་དང་དུད་འགྲོ་ལ་སོགས་པའི་སྟོན་པ་ཐ་དད་པ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པ་དང་། སྡུག་བསྔལ་དང་། འཇིག་རྟེན་གྱི་གཙུག་ལག་དང་། གླུ་དང་བཞད་གད་ལ་སོགས་པ་སོ་སོར་མངོན་པར་དད་པར་གྱུར་པ་དེ་དང་། དེའི་ཆོས་དང་། རང་རང་གི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་ཡང་ཐ་དད་དུ་སྣང་ངོ་། །དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། བཀའ་བསྩལ་པ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་ནམ་ཕྱེད་ཀྱི་དུས་ན། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པ་ཤེས་ཀྱང་། ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དག་གིས་བདག་ཅི་ནས་ཀྱང་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བར་བདག་གིས་སེམས་ཅན་དེ་དག་གི་མདུན་དུ་འདུག་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ་ཟླ་བའི་དཀྱིལ་འཁོར་ནི་མ་འདྲེས་པའི་ཆོས་དང་ལྡན་པས། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་ལྟ་བུའི་བྱ་བ་འདི་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཁོར་དཔག་ཏུ་མེད། ཚད་མེད། མཚུངས་པ་མེད་པ། གཞལ་དུ་མེད་པ་དེ་དག་གི་དབུས་ན་དེ་བཞིན་གཤེགས་པ་བཞུགས་པ་མཐོང་མོད་ཀྱི། དེ་བཞིན་གཤེགས་པ་ནི་དེ་དག་གི་མདུན་དུ་བཞུགས་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱིས་མཐོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་གསེར་གྱི་ཁ་དོག་གིས་འདུལ་བར་བྱ་བ་ཡིན་ནོ། །ཞེས་པ་ནས། བཻ་ཌཱུརྱ་དང་། ཨིནྡྲ་ནཱི་ལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་འདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པ་དེ་དང་དེ་དག་གི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་གཟུགས་སུ་སྣང་བས་གདུལ་(༢༦)བར་བྱ་བ་ཡིན་ནའང་དེ་བཞིན་དུ་སྣང་ངོ་། །ཞེས་སོ། །

གཉིས་པ་རྣམ་གྲངས་སོ་སོར་བཤད་པ་ལ་གསུམ་ལས། ཐེག་པ་ཐུན་མོང་དུ་གྲགས་པའི་སངས་རྒྱས་དཀོན་མཆོག་ནི། མཆོག་གི་སྤྲུལ་པའི་སྐུ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐྱེས་པའི་གཟུགས་སུ་བཞུགས་པ་མཚན་དང་དཔེ་བྱད་དུ་འབར་བ་ཤཱཀྱ་ཐུབ་པ་ལྟ་བུའོ། །ཆོས་དཀོན་མཆོག་ཀྱང་། འགྲོ་བའི་དབང་པོ་དང་། གཉེན་པོའི་དབྱེ་བས་ཐེག་པ་སྣ་ཚོགས་སུ་སྣང་བ་སྟེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལྟ་བུའོ། །དགེ་འདུན་དཀོན་མཆོག་ཀྱང་། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་དེ་བཙུན་པ་ཤཱ་རིའི་བུ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན། སོ་སོའི་སྐྱེ་བོ་དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་དག་དགེ་འདུན་དུ་བརྗོད་ཀྱི་དགེ་འདུན་དཀོན་མཆོག་ཅེས་མི་བརྗོད་དེ། འཕགས་པ་སློབ་པ་མ་ཡིན་པའི་ཕྱིར་རོ། །

གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལྟར་ན། སངས་རྒྱས་དཀོན་མཆོག་ནི་ཆོས་ཀྱི་སྐུ་དང་། འོག་མིན་ན་བཞུགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ལས་ཕྱོགས་བཅུའི་འཇིག་རྟེན་ན་སྤྲུལ་པའི་སྐུ་ཇི་སྙེད་པ་རྣམས་སོ། །ཆོས་དཀོན་མཆོག་ནི། ཐུན་མོང་དུ་གྲགས་པ་དེ་དག་དང་། ཐེག་པ་ཆེན་པོ་འབའ་ཞིག་པ་སྟེ། ཐར་པ་ཆེན་པོའི་གྲོང་དུ་གཞོལ་བའི་ལམ་དུ་གྱུར་པའོ། །དགེ་འདུན་དཀོན་མཆོག་ཀྱང་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དང་འཕགས་པའི་དགེ་འདུན་ཏེ་སྔ་མ་བཞིན་ནོ། །

གསུམ་པ། གསང་བ་བླ་ན་མེད་པའི་ལུགས་ལའང་གསུམ་ལས། དང་པོ་ཐུན་མོང་དུ་གྲགས་པ་བྱ་བ་དང་སྤྱོད་པའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་བདག་ཉིད་དག་པ་དང་། རྣམ་པར་སྤྲུལ་པ་དང་། བྱིན་གྱིས་བརླབས་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཞི་བ་དང་། ཁྲོ་བོའི་ཆ་བྱད་ཅན། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་། འཁོར་དང་། གཅིག་དང་དུ་མ་པ། རྩ་བའི་དཀྱིལ་འཁོར་དང་སྙིང་པོའི་དཀྱིལ་འཁོར་ལ་སོགས་པའི་བྱེ་བྲག་གིས་དཀྱིལ་འཁོར་ཆེ་ཆུང་གི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དཀོན་མཆོག་ཀྱང་། སྔར་སྨོས་པ་རྣམས་དང་ཁྱད་པར་དུ་རང་རང་གི་གཞུང་དུ་གྲགས་པའོ། །དགེ་འདུན་ཡང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་དགེ་འདུན་ཏེ་གསུམ་དུ་འདོད་དོ། །

གཉིས་པ་རྣལ་འབྱོར་(༢༧)གྱི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་ཆོས་ཉིད་དག་པ་དང་། དཀྱིལ་འཁོར་དང་རྒྱུད་དུ་གཏོགས་པ། རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་དང་། རིན་ཆེན་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་ལྔས་བསྡུས་པའི་སྐུ་གསུམ་ཞི་བ་དང་། ཁྲོ་བོར་སྣང་བ། གཙོ་བོ་དང་། འཁོར་དང་། གཅིག་དང་། དུ་མ་པ། རྩ་བའི་དཀྱིལ་འཁོར་དང་། ཆོས་དང་ལས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་བཞི་པ་དང་། གཅིག་ལ་སོགས་པའི་རིམ་པས་དཀྱིལ་འཁོར་ཆེ་ཆུང་དུ་གཏོགས་པའི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དང་དགེ་འདུན་ནི་བཤད་མ་ཐག་པ་བཞིན་ནོ། །

གསུམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་དཀོན་མཆོག །བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད། སོ་སོ་མ་ཡིན། ཐ་མི་དད། དབྱེར་མེད་པའི་རང་བཞིན། གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་སྐུ་ལྔ་ཡེ་ཤེས་དྲུག་གི་བདག་ཉིད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ། ཡེ་ནས་ལྷུན་གྱིས་གྲུབ་པའི་ལྷ་དང་བཅས་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཏེ་དྲུག་གིས་བསྡུས་པ་ཞི་བ་དང་། ཁྲོ་བོའི་ཆ་བྱད་ཅན། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱན་ཆེན་པོ་ལ་རོལ་པ་ཆེན་པོའི་གཟུགས་སུ་བཞུགས་པ། གཙོ་བོ་དང་། འཁོར་དང་། གཅིག་དང་། དུ་མ་དང་། སྐུ་དང་། གནས་དང་། སྤྱོད་ཡུལ་ལྟ་བུ་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་དུ་དབྱེར་མེད་ཅིང་། གཅིག་དང་དུ་མ་མེད་པའི་བདག་ཉིད། དུས་བཞི་མཉམ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་དུ་བཞུགས་པ་ནི་སངས་རྒྱས་དཀོན་མཆོག་ཅེས་པར་འདོད། ཆོས་དང་དགེ་འདུན་ཡང་། ཐུན་མོང་བ་གསང་བ་སྤྱི་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི་དཀོན་མཆོག་གསུམ་དབྱེར་མེད་པའི་རང་བཞིན་དེ་ཉིད་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཉག་གཅིག་གདོད་མ་ནས་སངས་རྒྱས་པའོ། །

ཚུལ་དེ་དག་དང་མཐུན་པར་རྒྱུད་བླ་མ་ལས་ཀྱང་། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་(༢༨)མཐར་ཐུག་ཕྱིར། །སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་པ་ལྟར་རོ། །

གསུམ་པ་དོན་ངོས་བཟུང་བ་ལ་གསུམ་ལས། དང་པོ་ཐེག་པ་ཆུང་ངུ་ཉན་ཐོས་བྱེ་བྲག་པ་ལྟར་ན། སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་སྲིད་པ་ཐ་མ་ཞིག །བརྩོན་པ་ཆེན་པོས་སངས་རྒྱས་ནས་བདག་གི་སྨོན་ལམ་དང་། གདུལ་བྱའི་སྐལ་བས་མི་མཇེད་འདིར་དོན་མཛད་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་འདས་ཏེ་ཞི་བའི་དབྱིངས་སུ་གཏན་དུ་བཞུགས་ནས་ཕྱིས་དོན་མཛད་པར་མི་འདོད་དོ། །མདོ་སྡེ་པ་ལྟར་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བའི་ལུས་ནི་སྨོན་ལམ་གྱིས་བསྒྲུབས་ཏེ། རྒྱུ་དང་བདག་ཏུ་ལྟ་བའི་བག་ཆགས་དང་གནས་ཀྱི་སའི་མ་རིག་པས་བསྐྱེད་པ་ཡིན་པར་འདོད་པས་སངས་རྒྱས་ཏེ་མྱ་ངན་ལས་འདས་ནས། གདུལ་བྱའི་དོན་དུ་འགྱུར་ན་ཞི་བའི་དབྱིངས་ལས་སྤྲུལ་པ་འབད་རྩོལ་མེད་པར་འདོད་དོ། །འདི་ཉིད་གཞུང་ལུགས་ཕལ་ཆེར་ཉན་ཐོས་ལ། ཚུལ་ཐེག་པ་ཆེན་པོའི་མདོ་སྡེའི་རྗེས་སུ་འབྲངས་པས་མདོ་སྡེ་པ་ཞེས་གྲགས་སོ། །ཐེག་པ་ཆེན་པོ་ལའང་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་སོ། །དང་པོ་ལའང་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། གྲགས་སྡེ་སྤྱོད་པའི་དབུ་མའོ། །དང་པོ་ལ་གཉིས་ཏེ། རང་རྒྱུད་འོག་མ་དང་། གོང་མའོ། །དང་པོ་ལའང་གཉིས་ལས། རྣམ་བཅས་པ་ལྟར་ན། ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ལས་གུད་ན་མེད་ལ། སེམས་ཉིད་ལུས་དང་གནས་དང་ལོངས་སྤྱོད་ལྟ་བུར་སྣང་བ་སྟེ། སངས་རྒྱས་ནས་ཀྱང་ཉོན་མོངས་པ་མཐའ་དག་དང་བྲལ་བའི་ཡེ་ཤེས་གཟུགས་ཀྱི་སྐུ། སངས་རྒྱས་ཀྱི་ཞིང་དང་། དེའི་རྒྱན་ལ་སོགས་པའི་ལོངས་སྤྱོད་དང་སྣང་བས་འགྲོ་བའི་དོན་བྱེད་པར་འདོད་ལ། དེའང་མ་དག་པ་ལ་སྤྲུལ་པ་དང་། དག་པའི་འགྲོ་བ་ལ་ལོངས་སྐུར་སྣང་བས་དུས་རྒྱུན་མི་འཆད་པར་འདོད་དོ། །རྣམ་མེད་པ་ལྟར་ན། ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བ་ཡིན་ལ། སྣང་བ་ནི་སེམས་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཏེ། སངས་རྒྱས་པའི་དུས་ན་བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་དང་བྲལ་བ་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བར་སྐྱེ་ཞིང་། སྨོན་ལམ་དང་ཐུགས་རྗེ་དང་ཡེ་ཤེས་ཆེན་པོའི་དབང་གིས། གཟུགས་ཀྱི་སྐུ་མངོན་པར་སྣང་བ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་འབྱུང་བར་འདོད་དེ། དེ་ལས་ནི་སྐད་(༢༩)ཅིག་མའི་རྒྱུན་དང་འབྲེལ་བའི་ཡེ་ཤེས་ཉིད་དོན་དམ་པར་ཡོད་པ་ཉིད་དུ་ཁས་ལེན་ཏོ། །གཉིས་པ་རང་རྒྱུད་གོང་མ་ལྟར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གྲུབ་པའི་ངང་དུ་སངས་རྒྱས་པ་ན། དོན་དམ་པར་གང་གིའང་རང་བཞིན་དུ་མ་གྲུབ་པས་དོན་བྱ་བ་དང་བྱེད་པ་མེད་ཀྱང་། ཀུན་རྫོབ་ཏུ་སྨོན་ལམ་དང་ཐུགས་རྗེ་ཆེན་པོས་སར་གནས་ཀྱི་སེམས་དཔའ་ལ་ལོངས་སྐུ། སོ་སོའི་སྐྱེ་བོ་དང་ཉན་རང་ལ་སྤྲུལ་པའི་སྐུར་སྣང་བས་དོན་མཛད་པར་འདོད་དོ། །

གཉིས་པ་གྲགས་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། སངས་རྒྱས་པའི་ཚེ་རང་བཞིན་མཁའ་ལ་སྤྲིན་དེངས་པ་ལྟར་སེམས་དང་སེམས་བྱུང་གི་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བས་སྐུ་དང་ཡེ་ཤེས་སུ་གྲུབ་པ་མེད་ཀྱང་། སྔོན་གྱི་སྨོན་ལམ་གྱིས་གདུལ་བྱའི་གཞན་སྣང་དུ་གཟུགས་སྐུ་གཉིས་སྣང་བས་དོན་མཛད་པར་འདོད་དོ། །

གཉིས་པ་གསང་སྔགས་ལའང་གཉིས་ལས། དང་པོ་ཕྱི་པ་ལྟར་ན། སངས་རྒྱས་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ལས་གྲུབ་པ། ཡེ་ཤེས་ཆེན་པོའི་བདག་ཉིད། ཡོངས་སུ་དག་པའི་ཞིང་ན་ལོངས་སྤྱོད་ཆེན་པོའི་སྐུ་དག་པའི་སེམས་དཔས་བསྐོར་བ། ཇི་ལྟར་འདུལ་བའི་དབང་དང་བཅས་པས་དོན་མཛད་ཅིང་། བཙུན་མོའི་ཚོགས་ལ་མི་སྤྱོད་དེ་སྨད་པའི་གནས་ཡིན་པའི་ཕྱིར་རོ། །འོན་ཀྱང་འགའ་ཞིག་གི་དོན་དུ་སྤྲུལ་པའི་ཡུམ་དུ་སྣང་ཡང་ལྷན་ཅིག་སྦྱོར་བ་ནི་མ་ཡིན་ནོ། །དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བས་དོན་མཛད་པའོ་ཞེས་ཟེར་རོ། །

གཉིས་པ་ནང་པའང་གསུམ་ལས། བསྐྱེད་པ་མཧཱ་ཡོ་ག་ལྟར་ན། ཡེ་ནས་སངས་རྒྱས་སུ་གནས་པ་ཐབས་དང་ཤེས་རབ་ཀྱིས་མངོན་དུ་བྱས་པ་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གསལ་ལ་རང་བཞིན་གྱིས་དག་པའི་ངང་ལས། སྤྲུལ་པའི་སྐུ་སྣང་བས་རྟག་ཏུ་ལྷུན་གྱིས་གྲུབ་པའོ་ཞེས་ཟེར་རོ། །ལུང་ཨ་ནུ་ཡོ་ག་ལྟར་ན། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་མངའ་བ། ལོངས་སྤྱོད་ཆེན་པོ། སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས། རྟག་ཏུ་ཡོངས་སུ་དག་པའི་ཞིང་ཁམས་ན་བཙུན་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན། བདེ་བ་ཐམས་ཅད་དང་མི་འབྲལ་བར་བཞུགས་ཏེ། བདེ་བ་དེ་ཡང་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཏིང་ངེ་འཛིན་གྱི་མངའ་བརྙེས་པའི་བདེ་བ་དང་ལྡན་པ། ཡིད་བདེ་བ་དང་ལྡན་པ། གཟུགས་ལ་སོགས་པ་ཕྱི་རོལ་གྱི་འདོད་པའི་བདེ་བ་དང་། ཡུམ་དང་མཉམ་པར་སྦྱོར་བའི་བདེ་བ་ལ་སོགས་ཏེ། བདེ་བ་མཆོག་(༣༠)དང་ལྡན་པ། བདེ་བ་ཟག་པ་མེད་པ་དང་། བདེ་བ་ཚད་མེད་དང་། བདེ་བ་མི་འགྱུར་བ་དང་། བདེ་བ་ཆེན་པོ་དང་། གདུལ་བྱ་ཐམས་ཅད་ལ་བདེ་བ་བསྐྱེད་པ་དང་ལྡན་པའོ་ཞེས་བྱའོ། །རྫོགས་པ་ཆེན་པོ་ལྟར་ན། ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཉིད། ལྷུན་སྟུག་པོ་བཀོད་པའི་ཞིང་ན། འོད་གསལ་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཁྱབ་པ་ལས། བདེ་བ་དང་གསལ་བ་ཞེས་ཐ་དད་པའམ་གཅིག་པ་ལ་སོགས་པའི་མཚན་ཉིད་མེད་ཅིང་སྤྲོས་པ་དང་བྲལ་བ། རང་བྱུང་གི་ཐུགས་རྗེ་དང་། མཛད་པས་སྤྲུལ་པའི་སྐུ་གསུམ་གདུལ་བྱའི་འཇིག་རྟེན་དུ་ཕྱོགས་མཐས་གཏུག་པར་སྣང་ཞིང་། སོ་སོའི་མོས་པ་དང་མཐུན་པར་དོན་མཛད་པའོ་ཞེས་འདོད་དོ། །འདི་དག་ནི་དཀོན་མཆོག་གི་རྣམ་པར་བཞག་པ་སྟེ། ཐུགས་རྗེ་ཆེན་པོའི་འཆར་ཚུལ་དང་བཅས་པ་བསྟན་པའོ། །

དོན་གསུམ་པ་དེས་བསྟན་པའི་ཐེག་པ་སོ་སོའི་སྣང་ཚུལ་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །

དང་པོ་ལ་བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཞི་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པ་དེ་ཉིད་སྒྲུབ་པའོ། །ཞེས་སོ། །དེ་ལ་རྣལ་འབྱོར་འོག་མ་གསུམ་གང་ཟག་གི་བདག་མི་འདོད་ཀྱང་། ཆོས་ཀྱི་བདག་དོན་གྱིས་ཁས་བླངས་ཏེ། དེ་འང་བྱེ་བྲག་ཏུ་སྨྲ་བས་རགས་པར་སྣང་བའི་དངོས་པོ་རྣམས་ནི་ཀུན་རྫོབ་པའི་བདེན་པ་ཡིན་ལ། ཕྲ་བ་དོན་དམ་པའི་བདེན་པ་དང་། བློ་ནི་ཀུན་རྫོབ་ལ། སྐད་ཅིག་དོན་དམ་པའི་བདེན་པར་འདོད་ཅིང་། གཟུང་ཡུལ་ལ་འཛིན་པའི་བློ་རྣམ་མེད་ཐུག་ཕྲད་སྐམ་པས་ལྕགས་སྤྲམ་འཛིན་པ་ལྟར་སྐྱེ་བར་འདོད་ཅིང་། འདུས་བྱས་ཐམས་ཅད་བདག་མེད་ཅིང་མི་རྟག་པ་དང་། མྱ་ངན་ལས་འདས་པ་རྟག་པར་ཡོད་ལ་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་གཉེན་པོར་ལམ་གོམས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་གྲུབ་སྟེ་མྱ་ངན་ལས་འདའ་བར་འདོད་ཅིང་། མདོ་སྡེ་པ། སྐད་ཅིག་སྔ་ལོགས་ན་ཡོད་པའི་རྣམ་པ་དངོས་སུ་གཏོད་པའི་སྐྱེད་བྱེད་ནི་གཟུང་བ་དང་། ཕྱི་ལོགས་སུ་དེའི་རྣམ་པ་ཅན་དུ་དངོས་སུ་སྐྱེས་པའི་ཤེས་པ་སྐྱེ་ལས་འདྲ་བ་འཛིན་པ་དངོས་པོར་བདེན་པར་འདོད་ཅིང་། ལམ་གོམས་པས་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་དོ། །དེ་(༣༡)གཉིས་ཀའང་གཟུགས་ལ་སོགས་པ་སྡུག་བསྔལ་འདི་དག་ཕྲ་རབ་ཆ་མེད་བདེན་པའི་གཅིག་ཏུ་གནས་པ་དང་། དེ་དུ་མ་འདུས་པའི་རགས་པ་ཕྱི་རོལ་གྱི་དོན་དུ་བདེན་པར་འདོད་ཅིང་། དེ་འཇལ་བྱེད་ཀྱི་ཤེས་པའང་། ཕྲ་བའི་བདག་ཉིད་གཅིག་ཏུ་གནས་པ་དང་། དེ་ལས་སྔ་ཕྱིར་སྣང་བའི་ཤེས་པ་རྒྱུན་ལྡན་དུ་འདོད་པའོ། །སེམས་ཙམ་པས། ཀུན་གཞི་ལ་བག་ཆགས་སྣ་ཚོགས་སུ་བཞག་པ་ཉིད་ཕྱི་རོལ་དོན་གྱི་རྣམ་པར་སྣང་ཡང་། དེ་ཉིད་དུ་བདེན་པ་མེད་པས་གཟུང་འཛིན་བདེན་པ་བཀག་ནས། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་དུ་གནས་པ་དོན་དམ་པར་གྲུབ་པར་འདོད་དོ། །འདི་ལའང་རྣམ་བདེན་པས་ཕྱི་དོན་དུ་སྣང་བ་སེམས་ཀྱི་བག་ཆགས་འཁྲུལ་པའི་གཟུགས་བརྙན་ཡུལ་དང་དོན་དུ་སྣང་བ་ལས་གྲུབ་པར་འདོད་ཅིང་། གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་བདེན་པར་ཁས་ལེན་ཏོ། །

རྣམ་རྫུན་པ་ནི་དེ་ལྟར་ཕྱི་རོལ་གྱི་སྣང་བ་འདི་དག་སྣང་སེམས་ལ་སྣང་ཡང་། རྣམ་པ་སེམས་དང་སེམས་ལས་གཞན་དུ་གྲུབ་པ་མེད་པས་རྫུན་པ་རྨི་ལམ་དང་འདྲ་ལ། ཡེ་ཤེས་དེ་ཡང་དོན་དམ་པར་རྫུན་པའི་རང་བཞིན་ཙམ་དུ་གྲུབ་པར་ཁས་ལེན་ནོ། །འདིའི་གྲུབ་པའི་མཐའ་ལས། ཀུན་གཞི་དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་སྣ་ཚོགས་སུ་སྣང་བ་ཐམས་ཅད། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱིས་བསྡུས་པར་འདོད་དོ། །དེའང་། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་གནས་པ། ངོ་བོ་ལུང་མ་བསྟན་བསྒྲུབ་ན་སངས་རྒྱས་འབྱུང་བས་བདེ་བར་གཤེགས་པའི་སྙིང་པོའང་ཡིན་ལ། བག་ཆགས་ཀྱིས་འཁོར་བའི་སྣང་བའང་འགྲུབ་པར་བྱེད་པའི་རྟེན་དུ་འགྱུར་བར་བཤད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཁྱད་པར་ཅན་གྱི་རྒྱུ་བརྗོད་པ། །ཅི་ནས་འབྱུང་བར་འགྱུར་བ་སྟེ། །རྒྱུ་མེད་པར་ཡང་མེད་པར་འགྱུར། །བྱ་མེད་པར་ཡང་མེད་པར་འགྱུར། །རྣམ་པར་བྱང་དང་ཐ་མི་དད། །ཀུན་གཞི་ཐ་དད་འགྱུར་བ་མིན། །ངེས་ཏེ་རྣམ་བྱང་ཐ་དད་ན། །ཀུན་གཞི་རྟག་པ་མ་ཡིན་འགྱུར། །སྔོན་མེད་འཇིག་མེད་རྟག་པ་སྟེ། །མཐའ་བཞི་རྣམ་པར་སྤང་བ་ཡིན། །དེ་བཞིན་གཤེགས་པའི་སྙིང་པོ་དག །སྤྲུལ་པ་ཡེ་ཤེས་སྒྲ་ཡང་གྲགས། །ཕན་ཚུན་སྙིང་པོ་ཐ་མི་དད། །དཔེ་ནི་སོར་གདུབ་བཞིན་དུ་གནས། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པས་བསྟན་པར་མཛད། །སྙིང་པོ་(༣༢)ཀུན་གཞིར་བསྒྲགས་པར་མཛད། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་སོ། །དབྱེ་ན་སྦྱོར་བ་དོན་གྱི་ཀུན་གཞི་ཟག་པ་མེད་པ་དང་། བག་ཆགས་ཐམས་ཅད་པའི་ཀུན་གཞི་ཟག་པ་དང་བཅས་པའོ། །དེའང་ངོ་བོ་ཁམས་སྙིང་པོ་ཡིན་པ། འགྱུར་བ་མེད་པ། མྱ་ངན་ལས་འདས་པའི་རྟེན་དུ་གྱུར་པའི་ཆ་ནས་ཟག་མེད་དུ་བཞག་ལ། མེ་ལོང་གཡའ་དག་པའི་ངོས་ལ་དྲི་མ་མེད་ཅིང་དྭངས་ཡང་། གཟུགས་བརྙན་མ་དག་པ་སྣ་ཚོགས་པའི་རྟེན་འཆར་གཞི་བྱེད་བའི་ཆ་ནས་མ་དག་པར་བཞག་པ་ལྟར་བག་ཆགས་སྣ་ཚོགས་ཀྱིས་ཟག་བཅས་སུ་བཞག་པའོ། །དེའང་བག་ཆགས་སྣ་ཚོགས་པས་དག་མ་དག་སྐྱེ་འགགས་ལ་སོགས་པ་དུ་མར་སྣང་ཡང་། ཀུན་གཞི་སྔོན་དང་ཕྱིས་ལ་འགྱུར་བ་མེད་པ་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་གྱིས་མེ་ལོང་གི་ངོས་དུ་མར་འགྱུར་བའམ། ཉི་མའི་སྟོབས་ཀྱིས་ཟླ་བ་སྐྱེ་འབྲིར་སྣང་ཡང་། གཞི་དེ་ཉིད་འགྱུར་བ་མེད་པ་བཞིན་ཏེ། དེ་ཉིད་ལས། ཇི་ལྟར་ཟླ་བ་སྐྱེ་འབྲི་བ། །མི་ཤེས་འགྲོ་བ་རྣམ་རྟོག་ཀྱང་། །ཟླ་བ་སྐྱེ་འབྲི་མེད་པ་བཞིན། །གླིང་དང་གླིང་དུ་རབ་ཏུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ལ། །བྱིས་པ་མི་ཤེས་འགྲོ་རྣམས་ཀྱིས། །རྟག་ཏུ་སྐྱེ་འབྲིར་རྣམ་རྟོག་སྟེ། །དེ་ནི་ཟག་མེད་སངས་རྒྱས་སོ། །ཞེས་པ་དང་། ཆོས་རྣམས་ཐམས་ཅད་ཀུན་གྱི་གཞི། །བག་ཆགས་སྙེམས་ལ་སོགས་པ་དང་། །རྟོག་པས་རྙོགས་མ་ཅན་དུ་བྱས། །གཞན་དུ་གྱུར་ན་ཟག་པ་མེད། །ཟག་མེད་རང་ལུགས་རང་ཐོབ་ན། །དེ་དག་བརྟན་ཅིང་རྟག་པར་འགྱུར། །ཞེས་སོ། །དེའང་དོན་གྱི་ཀུན་གཞི་ནི་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པའོ། །དེའི་སྟེང་ན་གནས་པའི་བག་ཆགས་ནི་ཀུན་བརྟགས་པ་གཞན་དབང་མ་དག་པས་བཞག་པ་ཡིན་ནོ། །གང་གིས་ཚུལ་ཇི་ལྟར་བཞག་ན། ཀུན་གཞི་ལ་ཡུལ་གྱིས་རྣམ་པར་དག་པ་ལ་གཉིས་སུ་བཟུང་བའི་འཁྲུལ་པས་གཞན་དུ་སྣང་བ་དང་། དེ་བཞིན་དུ་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པ་དོན་གྱི་རྣམ་པའང་ཡེ་ནས་དག་པའི་རང་བཞིན་ཞིང་གི་རྒྱན་དུ་གནས་པ་ལ་བཟུང་བས་གཞན་དུ་སྣང་བ་དང་། རྨི་ལམ་གྱི་ཕྱི་ནང་ལྟར་གཉིས་སུ་མེད་པ་ལ་གཉིས་སུ་བཟུང་བས་བདག་ཏུ་སྣང་བའི་རྣམ་པ་གསུམ་ཉིད་འཁྲུལ་པའི་གཞི་དང་རྣམ་པ་ཡིན་ནོ། །འཁྲུལ་པའི་བག་ཆགས་བརྒྱུད་མར་སོགས་ཚུལ་ཡང་། ཀུན་གཞིའི་སྟེང་ནས་ཀུན་གཞིའི་རྣམ་ཤེས་རྣམ་ཤེས་གཞན་གྱི་འཆར་གཞིའམ་བདག་རྐྱེན་དུ་གྱུར་ཏེ། ཡུལ་ལ་དངོས་སུ་མེད་པའི་འཛིན་པ་ལངས་ཏེ་དེ་ལ་སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་དུས། (༣༣)རང་རང་གི་ཆ་ནི་ཀུན་གཞིའི་རྣམ་ཤེས་ལས་དངོས་སུ་སྐྱེས་པས་རྟོག་མེད་དུ་གནས་པའི་ཕྱིར། ལས་མི་སོག་ཀྱང་སོག་པའི་སྒོའམ་རྟེན་བྱེད་པའོ། །དེ་ནས་ཡུལ་ལ་འདྲེ་རུང་དུ་འཛིན་པ་ནི་ཡིད་ཤེས་སོ། །དེ་ལ་ཆགས་སྡང་བར་མ་གསུམ་གང་རུང་དུ་འཛིན་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །དེ་གཉིས་ཀྱིས་ཕྱི་ནང་གི་ཆོས་ལ་གཉིས་སུ་མ་གྲུབ་བཞིན་དུ་གཉིས་སུ་ཞེན་པའི་བག་ཆགས་ཟག་བཅས་ཀྱི་ཀུན་གཞི་ལ་ལས་བསགས་པས་འཁོར་བའི་བདེ་སྡུག་སྣ་ཚོགས་ལ་སྤྱོད་པའོ། །མདོ་ལས། ཡིད་གཙོ་ཡིད་ནི་རབ་ཏུ་མགྱོགས་པ་སྟེ། །ཆོས་རྣམས་ཀུན་གྱི་སྣ་ལ་ཡིད་འགྲོའོ། །ཞེས་སོ། །དེའང་གཞན་དུ་མེད་བཞིན་གཞན་དུ་སྣང་བ་མ་དག་པ་རྨི་ལམ་གྱི་གཞན་སྣང་ལྟ་བུ་དོན་དུ་སྣང་བ་དང་བཅས་པ་འདི་ནི་མ་དག་པ་གཞན་དབང་ཞེས་བྱ་སྟེ་གཟུང་བའི་ཡུལ་ལོ། །དེ་འཛིན་བྱེད་བདག་ཏུ་མ་གྲུབ་པ་ལ་བདག་ཏུ་བློས་ཀུན་བརྟགས་པ་སྟེ་འཛིན་པའི་སེམས་སོ། །དེ་ལྟར་འཁོར་བའི་འཁྲུལ་སྣང་འདི་དག་དག་པར་བྱེད་པ་ལ། གཞི་དོན་གྱི་ཀུན་གཞི་གཏན་ལ་ཕབ་སྟེ། རང་བཞིན་གདོད་མ་ནས་དག་པའི་གནས་ལུགས་ཤེས་པར་བྱེད་པ་ནི་གཞིའོ། །དེ་ནས་སེམས་བསྐྱེད་པ་དང་། ཚོགས་གཉིས་བསྒྲུབ་པ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཉམས་སུ་ལེན་པའོ། །དེའི་མཐུས་འབྲས་བུ་གྲུབ་མཐའ་ངན་པར་ཞེན་པ་ལ་སོགས་པ་གཞི་མེད་པ་ལ་འཁྲུལ་པ་མཚན་ཉིད་ཆད་པའི་ཀུན་བཏགས་དང་། གཟུང་འཛིན་གཉིས་སུ་སྣང་བའི་འཁྲུལ་པ་སྣ་ཚོགས་པ་རྣམ་གྲངས་པའི་ཀུན་བཏགས་གཉིས་དག་པར་བྱེད་དོ། །དེའི་མཐུས་གནས་གྱུར་ཁྱད་པར་ཅན་ཐོབ་སྟེ། ཡིད་ཀྱི་རྣམ་ཤེས་མཉམ་པ་ཉིད། ཉོན་ཡིད་སོ་སོར་རྟོག་པ། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པ། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུ། ཀུན་གཞི་ཐམས་ཅད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་གྱུར་ནས། མ་དག་པ་གཞན་དབང་དག་པ་གཞན་དབང་དུ་གྱུར་ཏེ། དོན་གྱི་ཀུན་གཞི་ཡེ་ནས་དག་པའི་སྟེང་དུ་ཕེབས་པས། ཕྱི་སྣང་བ་ཞིང་ཁམས་རྣམ་པར་དག་པ། འགྲོ་བ་ལྷ་དང་ལྷ་མོ། རང་ཉིད་ལོངས་སྤྱོད་རྫོགས་པ། དེ་ལས་སྤྲུལ་པའི་རང་བཞིན་ནི་གདུལ་བྱའི་དབང་གིས་སོ་སོར་སྣང་སྟེ། རྣམ་བདེན་པ་ནི་དེའི་ཚེ་ལོངས་སྐུ་དབང་ཕྱུག་ཆེན་པོའི་འོག་མིན་དུ་བཞུགས་ནས། སྤྲུལ་སྐུ་སོ་སོར་འཕྲོ་བར་འདོད་ཅིང་། རྣམ་བརྫུན་པས་རང་གི་སྣང་བ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡང་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའི་རང་བཞིན་གནས་གྱུར་ཁྱད་པར་ཅན་གྱིས་བསྐྱེད་པའི་ཕྱིར། སྐལ་བ་མཚུངས་པའི་སངས་རྒྱས་དང་། ས་བཅུའི་སེམས་(༣༤)དཔའ་རྣམས་ལ་སྣང་བ་དེ་ཉིད་སོ་སོའི་སྐྱེ་བོ་དང་། ཉན་རང་ལ་སོགས་པ་ལ་སྤྲུལ་པའི་སྐུར་སྣང་བ་ཡིན་གྱི། སྐུ་གཉིས་གནས་ཐ་དད་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །འདི་དག་ཀྱང་བསྡུ་ན། ཀུན་བཏགས་ལ་མཚན་ཉིད་ཆད་པ་དང་རྣམ་གྲངས་པ་གཉིས། གཞན་དབང་ལ་དག་པ་དང་མ་དག་པ་གཉིས། ཡོངས་གྲུབ་ལ་འགྱུར་བ་མེད་པ་དང་ཕྱིན་ཅི་མ་ལོག་པ་གཉིས་ཏེ་དབྱེ་ན་དྲུག་ཉིད། རྩ་བ་གསུམ་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འདུས་པར་འདོད་དོ། །འདིར་ཁ་ཅིག་སེམས་ཙམ་པའི་ལུགས་ལ་གཞན་དབང་མི་སྲིད་དེ། ཐམས་ཅད་རང་གི་དབང་དུ་སྣང་བའོ། །ཞེས་པའང་མ་ཡིན་ཏེ། འདི་ལྟར་ཡུལ་དང་དོན་དང་རང་གསུམ་སྣང་བའི་ལུགས་སུ་བྱས་ན། ཡུལ་དུས་གཉིས་པོ་ལ་གཞན་དབང་ཟེར་བས་དེ་མེད་ན་ནི་ཧ་ཅང་ཐལ་ཏེ་སྣང་བ་ལ་སྐུར་པ་བཏབ་པའི་ཕྱིར། འོན་ཏེ་རང་ལས་གཞན་པའི་གཞན་དབང་མ་གྲུབ་པས་གཞན་དབང་མེད་ཀྱི། ཡུལ་དོན་གཉིས་ཡོད་པར་འདོད་ན་ནི་ཁོ་བོ་ཅག་ཇི་སྐད་ཟེར་བ་བཞིན་ཏེ་བརྩད་དུ་ཇི་ཞིག་ཡོད། རང་གི་སེམས་ལས་རྫས་གཞན་ཁོ་བོ་ཅག་ཀྱང་མི་འདོད་དོ། །དེ་ལྟར་ནའང་གཞན་དབང་མེད་པ་མ་ཡིན་ནོ། །སྣང་བ་གསུམ་དུ་ཡེ་ནས་གནས་པས་དེའི་ཆས་གཞལ་བའི་གཞན་དབང་རིགས་པ་ཁོ་ན་ཡིན་ནོ། །དབུ་མ་པ་ལའང་གཉིས་ཏེ། རང་རྒྱུད་པ་དང་། ཐལ་འགྱུར་བའོ། །དང་པོ་ཆོས་ཐམས་ཅད་བདེན་པ་གཉིས་ཀྱིས་བསྡུས་ཏེ་ལམ་དུ་བྱས་པས་སྐུ་གཉིས་རྨི་ལམ་ལྟ་བུས་ཀུན་རྫོབ་ཏུ་དོན་བྱེད་པར་འདོད་དོ། །དེའང་ཕྱི་ནང་འཁོར་འདས་ཀྱིས་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་དག །ཀུན་རྫོབ་ཏུ་རང་གི་རྐྱེན་དང་རྒྱུས་བསྐྱེད་པའི་ཕྱིར་ཇི་ལྟར་སྣང་བ་བཞིན་དུ་བདེན་ལ་དེའི་ངོར་དོན་བྱེད་ཅིང་། དོན་དམ་པར་ན་གང་གི་དངོས་པོར་ཡང་གྲུབ་པ་མེད་པ་ནམ་མཁའ་ལྟ་བུ་ཡིན་ཞེས་མེད་དགག་ཡོངས་གྲུབ་ཙམ་ཞིག་བློས་འཇལ་ཞིང་། རྣམ་བརྫུན་པ་ལྟར་ཕྱི་སྣང་བ་འདི་དག་སེམས་ལས་གཞན་དུ་མ་གྲུབ་ཀྱང་སྒྱུ་མ་ལྟར་སྣང་བར་འདོད་ལ། དེའང་རིག་པས་དཔྱད་ན་མ་གྲུབ་པར་འདོད་དེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེའི་ལུགས་ཀྱིས་སེམས་ཙམ་པ་ལྟར་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་ཡོད་པ་འགོག་ཅིང་། ཀུན་གཞི་དང་ཚོགས་བརྒྱད་ཀྱི་དབྱེ་བ་མི་བྱེད་པར་རྣམ་པར་ཤེས་པ་ནི་ཚོགས་དྲུག་ཏུ་འདོད་ལ། ཐོག་མ་མེད་པའི་ཆོས་ཁམས་དག་པ་སྟེ། (༣༥)སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཆོས་ཐམས་ཅད་ཀྱི་རྟེན་ནམ་འབྱུང་ཁུངས་སུ་འདོད་དེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །དེ་ལྟར་ན་ཆོས་ཐམས་ཅད་དོན་དམ་པའི་ངང་དུ་རང་བཞིན་གྱིས་དག་པར་གནས་ཤིང་། ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བ་འཁྲུལ་ངོར་སེམས་དང་དེ་ཉིད་ལས་གཞན་དུའང་བདེན་པར་གྲུབ་པ་མེད་པའི་ཚུལ་གྱིས་སྒྱུ་མའི་རྟ་གླང་ལྟར་གནས་པར་འདོད་དོ། །སྣང་དུས་འདི་ཉིད་ནའང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། མི་ནུས་པ་ལོག་པའི་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་པའི་ངོ་ལ་དབྱེར་མེད་ཀྱང་། བློས་ཕྱེ་ན་གཉིས་ལས། གནས་ལུགས་ཀྱི་དོན་དམ་ནི་ཆོས་ཐམས་ཅད་གདོད་མ་ནས་དག་ཅིང་སྟོང་པ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། ཆོས་འདི་སྔ་ནས་བདག་མེད་སེམས་ཅན་མེད། །སྲོག་མེད་སྐྱེས་བུ་དང་ནི་རང་བཞིན་མེད། །ཅེས་སོ། །རྣམ་གྲངས་པའི་དོན་དམ་ནི་བློས་བརྟགས་པས་སྟོང་པ་ཉིད་དུ་ཤེས་པ་སྟེ། སྔ་མ་ལས། སྐྱེ་སོགས་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །ཞེས་སོ། །དེ་ལྟར་ཤེས་ནས་ཀུན་རྫོབ་ཏུ་བསོད་ནམས་དང་། དོན་དམ་པ་ཡེ་ཤེས་ཀྱི་ཚོགས་གཉིས་གོམས་པས། འབྲས་བུ་སངས་རྒྱས་ཐོབ་པ་ནི། ས་སྡེ་ལས། དེ་ལྟར་བསོད་ནམས་ཡེ་ཤེས་ལ། །བརྟེན་ནས་ཐར་པ་དམ་པ་ནི། །བདག་དང་འགྲོ་བའི་དོན་དུ་འབྱུང་། །རིམ་གྱི་ལེགས་པ་ཐམས་ཅད་འགྲུབ། །ཅེས་སོ། །

གཉིས་པ་ཐལ་འགྱུར་བ་ནི། བདེན་པ་གཉིས་ཀར་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པས་སྤྲོས་པའི་མཐའ་དང་བྲལ་བར་འདོད་དེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། །འདི་དག་རྟག་པ་མ་ཡིན་ཆད་མ་ཡིན། །ཞེས་པ་དང་། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་(༣༦)པ། །འགྲོ་བ་མེད་པ་འོང་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །བསྟན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་བས་ཕྱི་ནང་སྣ་ཚོགས་ཀྱི་ཆོས་འདི་དག་སྣང་དུས་ཉིད་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བ་གང་དུའང་གྲུབ་པ་མེད་པས། གང་དུའང་སྣང་བར་འདོད་དེ། སྟོང་ཉིད་བདུན་ཅུ་པ་ལས། སྟོང་ལ་འདི་དག་ཀུན་འཐད་ཀྱི། །མི་སྟོང་བ་ལ་འཐད་མ་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་སོ། །དེ་ཡང་སྐྱེ་འགག་ཏུ་སྣང་ཡང་སྐྱེ་འགག་ཏུ་མ་གྲུབ་པ་སྒྱུ་མའི་རང་བཞིན་ཇི་ལྟ་བར་ཆོས་ཐམས་ཅད་དེ་ལྟར་ཏེ། འཁོར་འདས་སུ་སྣང་ཡང་འཁོར་འདས་སུ་གྲུབ་པ་མེད་པར་འདོད་དེ། རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པའང་གསུངས། །ཞེས་པ་དང་། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཀྱི་ནི་ཁྱད་པར་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །དེ་ལྟར་ན། ཆོས་ཐམས་ཅད་སྣང་བར་མཉམ། སྟོང་པར་མཉམ། ངོས་གཟུང་མེད་པར་མཉམ་པས། ཡང་དག་དང་ལོག་པའི་ཀུན་རྫོབ་ཀྱང་རང་བཞིན་འདྲ་བར་བཤད་དེ། འཇུག་པ་ལས། རྨི་ལམ་སད་པའི་གནས་སྐབས་དག །དོན་བྱེད་པ་ལ་ཁྱད་མེད་དེ། །རྨི་ལམ་དག་ནི་རྨིས་པ་བཞིན། །དོན་བྱེད་མཚུངས་པས་རང་བཞིན་མེད། །ཅེས་སོ། །ཐ་སྙད་ཙམ་དུ་སྣང་བའི་ཆ་ནས་ཀུན་རྫོབ། རང་བཞིན་མེད་པའི་ཆ་ནས་དོན་དམ་པ་སྟེ། རྩ་ཤེས་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་ཉེ་བར་མི་དམིགས་སོ། །དོན་དམ་ལས་ཀྱང་ལོགས་ཤིག་ཏུ། །ཀུན་རྫོབ་ཉེ་བར་མི་དམིགས་སོ། །ཞེས་པ་དང་། སྔ་མ་ལས། དངོས་ཀུན་ཡང་དག་མཐོང་བ་རྫུན་པ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །དེ་ཡང་གཉིས་ཀ་ལ་ངོ་བོ་མེད་པས། གཅིག་ཐ་དད་གང་དུའང་བཞག་ཏུ་མེད་དེ། སྨིག་སྒྱུ་ཆུར་མ་གྲུབ་པས་སྨིག་སྒྱུའི་ཆུའི་ཀུན་རྫོབ་དང་། དེའི་ངོ་བོ་(༣༧)དོན་དམ་ཞེས་གང་དུའང་བཞག་ཅིང་དབྱེར་མེད་པར་འདོད་དོ། །དེ་ལྟར་ཆོས་ཐམས་ཅད་སྣང་ལ་ངོས་བཟུང་མེད་པར་གཏན་ལ་ཕབ་ནས། ལམ་ཚོགས་གཉིས་སྒྱུ་མ་ལྟར་བསགས་པས། འབྲས་བུ་སྐུ་གཉིས་སྒྱུ་མ་ལྟ་བུས་དོན་གཉིས་ལྷུན་གྱིས་གྲུབ་པར་འདོད་དེ། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་དང་། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས་ཀྱང་། གང་གིས་སྦྱིན་པ་གང་ལ་བཏང་། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །སྒྱུ་མ་ལྟ་བུར་ཚོགས་བསགས་ཏེ། །སྒྱུ་མ་ལྟ་བུར་སངས་རྒྱས་ནས། །སེམས་ཅན་སྒྱུ་མ་ལྟ་བུའི་ཕྱིར། །སྒྱུ་མ་ལྟ་བུའི་དོན་བྱེད་ཤོག །ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །སངས་རྒྱས་སྒྱུ་མ་ལྟ་བུ་ཡིས། །མཛད་པ་སྒྱུ་འདྲས་དོན་བྱེད་ཤོག །ཅེས་སོ། །དེ་ཡང་ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པས། སྒྲིབ་པ་མཐའ་དག་ཞི་བ་དེའི་ཚེ་སེམས་སེམས་བྱུང་གི་འཇུག་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ནུབ་སྟེ་ཆོས་སྐུར་རོ་གཅིག་པ་ནི། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་སོ། །དེ་ལྟར་ཆོས་ཀྱི་སྐུ་དམ་པ་རང་དོན་དུ་གྲུབ་པ་ན་སྔོན་གྱི་སྨོན་ལམ་དང་། གཟུགས་སྐུ་དམ་པ་གདུལ་བྱ་ལ་སྣང་བའི་ལས་མཐུན་པར་བསགས་པའི་དབང་གིས། གཞན་སྣང་དུ་སྐུ་དང་ཡེ་ཤེས་སུ་སྣང་བ་སྒྱུ་མ་ལྟ་བུ་འབྱུང་སྟེ། སར་གནས་པའི་སེམས་དཔའ་ལ་ལོངས་སྐུ་དང་། གཞན་བ་སྤྲུལ་པའི་སྐུ་གང་ལ་གང་འདུལ་འབྱུང་བས། སེམས་ཅན་གྱི་དོན་བྱེད་པ་ནི་རྣམ་པར་མི་རྟོག་བཞིན་དུ་འབྱུང་བ་ནོར་བུ་དང་དཔག་བསམ་གྱི་ཤིང་དང་མཆོད་སྡོང་ལྟར་འབྱུང་བར་བཞེད་དེ། དེ་ཉིད་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་པ་དང་། ཐེག་བསྡུས་ལས། ཀུན་ཀྱང་འདྲེན་པའི་ཕྲིན་ལས་ཅན། །རྒྱ་མཚོ་ཆེ་འདྲའི་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱིས་དོན་ལ་དགོངས་པ་མེད། །ཅེས་པ་དང་། སྤྱོད་འཇུག་ལས། ནམ་མཁའི་ལྡིང་གི་མཆོད་སྡོང་(༣༨)བསྒྲུབས། །དེ་འདས་ཡུན་རིང་ལོན་ན་ཡང་། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྒྲུབ་པའི་སྤྱོད་མཐུན་པས། །མྱ་ངན་འདས་ཀྱང་དོན་མཛད་དོ། །ཞེས་པ་ལྟར་རོ། །དབུ་མ་པའི་ཕྱོགས་བཤད་ཟིན་ཏོ། །

དེ་ལྟར་ན་ཉན་ཐོས་ནས་དབུ་མ་པའི་བར་གྱི་ཐེག་པ་རྣམས་ནི། སྤང་བླང་ལ་སོགས་པའི་ཐབས་ཤེས་རབ་དང་། ཚོགས་གཉིས་ལས་རྒྱུ་རྐྱེན་དུ་བསྒྲུབས་པས་བྱང་ཆུབ་འདོད་པའི་ཕྱིར་རྒྱུའི་ཐེག་པ་ཞེས་བྱ་ལ། དེ་ཡང་རང་རང་གི་ལམ་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དེ་དག་གི་མཚན་ཉིད་དུ་མ་ཤེས་པ་ལ་འཇུག་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དང་། མཚན་ཉིད་ཀྱི་ཐེག་པས་བསྡུས་པ་ཡིན་ནོ། །དེ་ལྟར་རང་སངས་རྒྱས་ནི་ཉན་ཐོས་དང་གྲུབ་པའི་མཐའ་གཅིག་པས་དེའི་ཁོངས་སུ་བསྡུས་ལ། ཉན་ཐོས་ནི་ཕྱིས་ཐེག་པ་ཆེན་པོར་འཇུག་པས། རྒྱུའམ། རྐང་སྟེགས་སམ། ངལ་གསོའི་ཐེག་པ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཙམ་དུ་མཐུན་པར་བསྡུས་པ་ཡིན་ནོ། །

དོན་གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་གསང་སྔགས་ཀྱི་ཐེག་པའོ། །

དང་པོ་ལ་གསུམ་ལས། བྱ་བའི་རྒྱུད་ཀྱིས་ནི་རང་ཉིད་བྲན་དང་། ལྷ་རྗེ་ཡི་ཚུལ་ལས་དངོས་གྲུབ་འདོད་ཅིང་། ཁྲུས་དང་གཙང་སྦྲ་གཙོར་བྱེད་པས་བསྒྲུབས་ལ། སྤྱོད་པའི་རྒྱུད་ཀྱིས་ནི་རང་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་སྤུན་ནམ་གྲོགས་པོའི་ཚུལ་ལས་དངོས་གྲུབ་འདོད་ཅིང་། ལྟ་སྒོམ་ཡོ་ག་དང་འདྲ་ལ། སྤྱོད་པ་ཀྲི་ཡ་ལྟར་བྱེད་པས་གཉིས་བཅས་ཀྱི་ཐེག་པ་ཞེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི་སེམས་ཀྱི་སྒོམ་པ་གཙོ་སྟེ། སྤྱོད་པ་གྲོགས་ཙམ་ཚོལ་བས་རང་དམ་ཚིག་པར་བསྐྱེད་ལ། ལྷ་ཡེ་ཤེས་པ་གཞན་ནས་བསྒྲུབ་ཅིང་དངོས་གྲུབ་ལེན་པར་འདོད་དོ། །

གཉིས་པ་ནང་པ་གསང་སྔགས་པ་ནི། རྣལ་འབྱོར་ཆེན་པོ་སྟེ། གང་ལའང་ཐབས་ཀྱིས་ཟིན་པའི་སྒོ་ནས་སྤང་བླང་དང་བྱ་བཙལ་མེད་པར་སྤྱོད་ཅིང་། ཆོས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་འདོད་པས། ཡིན་པ་ལ་གསལ་འདེབས་པ་ཙམ་ལས་མ་ཡིན་པ་ཞིག་གདོད་སྒྲུབ་པར་མི་འདོད་ཅིང་། ལྷ་བསྐྱེད་དེ་ཡེ་ཤེས་པ་སྤྱན་འདྲེན་པ་ཡང་ཕྱོགས་གཞན་ནས་འོང་བར་མི་འདོད་དེ། རང་གི་སེམས་ཀྱི་རང་བཞིན་གོམས་ཤིང་བརྟན་པར་བྱེད་པའི་ཕྱིར་རོ། །དབྱེ་ན་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པ་ཕའི་རྒྱུད་དང་། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་བསྟན་པ་མའི་རྒྱུད་དང་། བསྐྱེད་(༣༩)རྫོགས་གཉིས་སུ་མེད་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུད་དེ་གསུམ་དུ་གནས་སོ། །འདི་དག་ནི་གཞི་ཡེ་ནས་དག་པའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ཟབ་མོས་གསལ་བཏབ་སྟེ། དབང་བསྐུར་ཞིང་བསྐྱེད་རྫོགས་བསྒོམས་པས། འབྲས་བུ་གཞིའི་དཀྱིལ་འཁོར་མངོན་དུ་གྱུར་ཏེ། འོག་མིན་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་མངོན་དུ་མཛད་ནས་སྤྲུལ་པའི་སྐུ་གང་ལ་གང་འདུལ་དུ་ལྷུན་གྱིས་གྲུབ་པར་འབྱུང་བར་འདོད་དོ། །དེའང་རྒྱུད་སྡེ་བཞི་པོ་དེ་དག་ཀྱང་། དུས་དང་། མི་རིགས་དང་། དབང་པོའི་རིམ་པས་སྣང་སྟེ། གཙང་སྦྲ་ཅན་བྲམ་ཟེ་ལ་བྱ་བའི་རྒྱུད། རྗེ་རིགས་གཉིས་བཅས་འཛིན་པ་རྣམས་ལ་སྤྱོད་པའི་རྒྱུད། རྒྱལ་རིགས་ལ་རྣལ་འབྱོར་རྒྱུད། གདོལ་པའམ་དམངས་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་འབྱུང་བའོ། །དེ་དག་སྤྱོད་པའི་དུས་ཀྱང་རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་དང་། དབང་པོའང་། རྟུལ་པོ། འབྲིང་། རྣོན་པོ། ཤིན་ཏུ་རྣོན་པོ་རྣམས་ལ་གསུངས་སོ། །གསང་བ་རྫོགས་པ་ཆེན་པོ་ནི། ཆོས་ཐམས་ཅད་གཞི་ནས་ལྷུན་གྱིས་གྲུབ་པའི་ཕྱིར། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངོ་བོར་སངས་རྒྱས་ཏེ་བདེན་པ་དབྱེར་མེད་པ་ནི། འདི་ཉིད་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པའི། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་པ་ལ་སོགས་པས། ཡེ་ནས་མཉམ་རྫོགས་ཆེན་པོ་གཅིག་ཏུ་སངས་རྒྱས་པར་བསྟན་ཏེ། ལམ་བསྒྲུབ་པའང་དེ་ཉིད་གསལ་བར་བྱེད་པ་ཙམ་ལས་གཞན་པ་མི་འདོད་ཅིང་། སེམས་ཅན་གྱི་དུས་ན་སེམས་དང་། སངས་རྒྱས་ཀྱི་དུས་ན་ཡེ་ཤེས་རང་སྣང་བ་དེ་ཡང་། ཡོད་མེད་ལ་སོགས་པ་གང་དུའང་མ་གྲུབ་པའི་ཚུལ་གྱིས་གནས་པར་འདོད་ལ། ཁྱད་པར་དུ་འཁྲུལ་སྣང་གཞི་མེད་པ་རྨི་ལམ་ལྟར་གདོད་མ་དང་ཐ་མ་ན་མེད་ལ། གློ་བུར་དུ་ད་ལྟར་རང་སྣང་བས་གནད་ཟབ་མོས་དག་པར་སླ་ཞིང་། ཡེ་ཤེས་ཀྱི་རང་བཞིན་ཉིན་སྣང་གི་སེམས་ལྟར་མ་འཁྲུལ་པར་ཡེ་ནས་དེ་ལྟར་གནས་པས། ཚེ་འདིར་འབད་ན་འགྲུབ་པའི་གནད་ཀྱང་དེ་ལྟར་འདོད་དོ། །དེའང་ཐ་སྙད་དུ་འཁྲུལ་པ་རྩ་བ་མེད་ལ་རྟེན་དང་བྲལ་བ་སྨིག་སྒྱུའི་ཆུ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་ལ། ཡེ་ཤེས་ནི་དངོས་སྣང་དོན་བྱེད་ནུས་པའི་རྣམ་པ་དང་འདྲ་ཞིང་། དོན་དམ་པར་དེ་གཉིས་ཀའང་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་ངང་ལས་གཞན་དུ་གྲུབ་པ་མེད་པར་འདོད་དོ། །གསང་སྔགས་ཀྱི་ཕྱོགས་ཕྱི་ནང་གཉིས་ལ་བརྟེན་པ་འདི་དག་གི་དོན་རྒྱས་པར་ནི་གཞུང་ཉིད་འཆད་པའི་སྐབས་སུ་རྒྱ་ཆེར་སྟོན་པས་སྐབས་འདིར་མ་བསྟན་ཞིང་སྤྲོས་པས་ཆོག་གོ། །(༤༠)

གསུམ་པ། རྒྱུད་དོན་དངོས་དང་འབྲེལ་བ་དོན་གྱི་རང་བཞིན་གཏན་ལ་དབབ་པ།

དང་པོ། སྤྱིའི་འབྲེལ་བ་སྒྲུབ་པ།

སྤྱི་དོན་གསུམ་པ་རྒྱུད་དོན་དངོས་དང་འབྲེལ་བ་དོན་གྱི་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། སྤྱིའི་འབྲེལ་བ་སྒྲུབ་པ། དགོས་འབྲེལ་གཏན་ལ་དབབ་པ། རྒྱུད་དོན་ངོས་བཟུང་བའོ། །

དང་པོ་ལ་ལྔ་ལས། སྤྱིར་གྲུབ་མཐའ་ཙམ་ལ་ལོག་པར་རྟོག་པ་དགག་པ་ནི། སོ་སོའི་སྐྱེ་བོ་འགའ་ཞིག་ན་རེ། ཕྱི་དང་ནང་གི་གྲུབ་པའི་མཐའ་ཞེས་བྱ་བ། དགེ་སྦྱོང་དང་བྲམ་ཟེ་གཡོ་ཅན་དག་གིས་འཚོ་བ་བསྒྲུབ་པའི་ཆེད་དུ་བྱས་པ་ལས། ཡང་དག་པའི་དོན་ཡོད་པར་མ་མཐོང་སྟེ། བདེ་བ་དང་སྡུག་བསྔལ་ནི་གཞན་དང་མཐུན་པར་མྱོང་ལ། འཆི་བ་དང་རྒུད་པ་ལ་སོགས་པ་ནི་མི་ཁེགས། ཐར་པའི་ལམ་ནི་འདིའོ་ཞེས་བརྗོད་ཀྱང་བསྟན་དུ་མེད་པ་དང་། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱང་མིག་གིས་བལྟ་བའི་ཡུལ་དུ་མ་གྱུར་པ་ལ་སོགས་པ་རྒྱུ་མཚན་དུ་མ་དམིགས་པའི་ཕྱིར། དེ་དག་སྟོན་པའི་གྲུབ་པའི་མཐས་ཅི་བྱ་ཞེ་ན། དེ་ལྟར་མི་ལྟ་སྟེ། གྲུབ་པའི་མཐའ་ནི་ཁྱེད་སོ་སོའི་སྐྱེ་བོ་རྣམས་ལའང་བདེན་པར་གནས་པའི་ཕྱིར་རོ། །འདི་ལྟར་ལས་རྒྱུ་འབྲས་འདོད་པའང་། འཇིག་རྟེན་ན་ཕ་མ་ལ་སོགས་པའི་དྲིན་ཅན་ལ་ཕན་གནོད་བྱས་པའི་འབྲས་བུ་ཚེ་འདི་ཉིད་ལ་འབྱུང་བར་འདོད་པ་དང་མཚུངས་སོ། །ལུང་ཚད་མར་འདོད་པ་ལྟར། ཁྱེད་ཅག་ཕ་མེས་རྒན་རབས་ཀྱི་གཏམ་ལ་ཚད་མར་འཛིན་པ་གཉིས་མཚུངས་པ་དང་། དམ་ཚིག་དང་སྡོམ་པ་ལ་བརྟེན་ནས་ལམ་བསྒྲུབ་པ་བཞིན། ཁྱེད་ཀྱང་མནའ་དང་ཆད་གཙོ་བོའི་སྒོ་ནས་ཡ་རབས་ཀྱི་དམ་པ་བསྒྲུབ་པ་གཉིས་མཚུངས་པ་དང་། བྱིས་པ་ལ་སོགས་པ་འགས་ཚེ་སྔ་མ་དྲན་པ་བཞིན་དུ་ཕྱི་མའང་ཡོད་པར་མཚུངས་པ་དང་། གང་ཞིག་ཤི་ནས་སྨན་དང་བཙན་ལ་སོགས་པའི་ཡུལ་དུ་སྐྱེས་ནས་ལུང་སྟོན་པ་བཞིན་དུ། ཐར་བའི་ཡུལ་ཡོད་པར་མཚུངས་པ་དང་། རང་གིས་མ་རྟོགས་པའི་དོན་གཙུག་ལག་མཁན་གྱི་ལུང་ལ་ལྟོས་པ་ལ་སོགས་པ་འཇིག་རྟེན་གྱི་ལུགས་ཀྱང་། གྲུབ་པའི་མཐའ་དང་ཚུལ་མཚུངས་པའི་རྒྱུ་མཚན་དུ་མ་ཡོད་པའི་ཕྱིར། ཐར་པ་དང་ལེགས་པ་བསྒྲུབས་པའི་གྲུབ་མཐའ་འཛིན་པའི་གཞུང་ལ་སྨད་པར་མི་བྱ་བ་ཁོ་ནའོ། །འཇིག་རྟེན་གྱི་ཆོས་ལུགས་ལས་ཇི་སྐད་འབྱུང་བའི་དོན་ལེགས་པ་དང་ཆོས་ལ་སོགས་པའི་གྲུབ་པ་རྣམས་ཐར་པ་བསྒྲུབ་པར་དོན་མཚུངས་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་ཡི་ཆོས་ལུགས་ལེགས་སྤྱད་ན། །རིམ་གྱིས་ཐར་པ་འགྲུབ་པར་འགྱུར། །ཞེས་སོ། །

གཉིས་པ་བྱེ་བྲག་ཏུ་སངས་རྒྱས་པའི་གྲུབ་(༤༡)པའི་མཐའ་ལ་ལོག་པར་རྟོག་པ་དགག་པ་ནི། ཕྱི་རོལ་པ་དག་ན་རེ། ངེད་ཀྱི་རིག་བྱེད་བཞི་པོ་མ་བྱས་པར་རང་བྱུང་བ། བདག་གི་དེ་ཁོ་ན་ཉིད་སྟོན་པ་ལ་སྐུར་པ་འདེབས་ཤིང་། དུས་ཕྱིས་གློ་བུར་དུ་བྱུང་བའི་ཕྱིར། ངེད་ཀྱི་གྲུབ་པའི་མཐའ་དང་མི་མཐུན་པས། ཁྱེད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པར་ཚད་མས་མ་གྲུབ་པ་དང་། དེས་བསྟན་པའི་ཆོས་ཀྱང་ཡིད་བརྟན་དུ་རུང་བ་མ་ཡིན་ནོ། །ཞེས་མཐུན་སྣང་དུ་མ་གྲུབ་པའི་ལོག་པར་རྟོག་པ་ལ། དབང་པོ་རྣམ་པ་གསུམ་གྱིས་མཐུན་སྣང་དུ་ཡང་དག་པར་བསྟན་པར་བསྒྲུབ་སྟེ། དང་པོ་ལུང་བསྟན་པའི་དཔང་པོ་ནི། ཁྱེད་རང་གི་གཞུང་ཕྱི་མོ་ལས། ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་བར་རྒྱལ་བ་རྒྱ་ལམ་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་བྲམ་ཟེའམ་རྒྱལ་རིགས་ལས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ལྷུམས་སུ་ཞུགས་པ་ན། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པ། གདོང་གསེར་གྱི་དྲྭ་བས་གཡོགས་པ། སྲོག་ཆགས་ལྷམ་བུ་ཆུ་ཤེལ་ལྟར་མགོ་དམར་ལ་འདྲིལ་བ་ཞིག་ཡུམ་གྱི་གློ་གཡས་ནས་འཇུག་པའི་མཚན་མ་ཡུམ་གྱི་རྨི་ལམ་དུ་འབྱུང་ལ། དེ་བལྟམས་པ་ན་ཡང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་ཞིང་། དེ་རབ་ཏུ་མ་བྱུང་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ། །གལ་ཏེ་རབ་ཏུ་བྱུང་ན་ནི་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་དུ་ངེད་ཀྱི་སྟོན་པ་བྱུང་བའི་ཕྱིར་དང་། གང་ཟག་གི་དབང་པོ་ནི། ཤཱཀྱ་ཐུབ་པ་བལྟམས་པ་དེའི་ཚེ་རི་བོ་གངས་ཅན་ནས་དྲང་སྲོང་མདོག་ནག་གིས་ཚ་བོ་མེས་སྦྱིན་དང་ལྷན་ཅིག་འོང་སྟེ་མཚན་བལྟས་ནས་འདི་སྐད་དུ། རྟོག་གེ་བ་རྣམས་ཐམས་ཅད་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ངེས། །ཞེས་སྨྲས་པ་དང་། དཀའ་བ་སྤྱོད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་གནས་སྐབས་ན་ཡང་། བྲམ་ཟེ་དང་། དྲང་སྲོང་དང་། རྒྱལ་པོ་ལ་སོགས་རིགས་པ་དང་། ཡོན་ཏན་དང་། མཐུ་དང་། ཕྱོགས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་མངའ་བ་རྣམས་ཀྱིས་འདུད་ཅིང་བསྟི་སྟང་དུ་བྱས་པ་དང་། སའི་ལྷ་མོས་དཔང་པོ་བྱས་ཏེ། བདུད་ལ་སོགས་པའི་མཐུ་དང་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ཚེ་བསྐལ་པར་ཐུབ་པ་དག་གིས་མཆོད་ཅིང་ཐམས་ཅད་མཁྱེན་པར་དབང་བསྐུར་བ་ཡིན་ནོ། །ལུང་དང་འབྲེལ་བའི་དཔང་པོ་ཡང་ཡོད་དེ། ཁྱོད་ཀྱི་རིག་བྱེད་ལས། གང་ཟག་གི་བདག་བརྫུས་ཏེ་སྐྱེས་པའི་སེམས་ཅན་གང་ཡིན་པ་དེ་ཡང་(༤༢)ཡོངས་སུ་དག་པའི་ཕྱིར། བློ་གྲོས་དང་། བསམ་གཏན་དང་། སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དང་། ལུས་ཀྱི་ཚངས་པར་སྤྱོད་པའི་སྒོ་ནས་གང་ཟག་ཡོངས་སུ་དག་པར་བྱས་ཏེ་རྣམ་པར་གྲོལ་ཞེས་འདོད་དོ། །ཁོ་བོ་ཅག་བྱེ་བྲག་ཏུ་སྨྲ་བ་དང་པོའི་ལྟ་བ་ཡང་གང་ཟག་ཡོངས་སུ་དག་པར་བྱ་བའི་ཕྱིར། ཤེས་རབ་དང་། ཏིང་ངེ་འཛིན་དང་། དེའི་གྲོགས་ཚུལ་ཁྲིམས་ཀྱིས་ཐར་པ་སྒྲུབ་པར་འདོད་པའི་ལུང་གི་དོན་ཡང་འབྲེལ་བ་འགྲུབ་ཅིང་མཚུངས་པས་ཡིད་བརྟན་དུ་རུང་བ་ཉིད་དོ། །ཁྱེད་ཀྱི་གཞུང་ལས་གང་ཟག་རྟག་པར་འདོད་པ་དང་། ཁོ་བོ་ཅག་མི་རྟག་པར་འདོད་པ་ལ་སོགས་པ་ཅུང་ཟད་མི་འདྲ་བ་ཡོད་ཀྱང་། སྐྱོན་མེད་དེ། ཁྱེད་རང་གི་ལྟ་བའི་བྱེ་བྲག་རྣམས་ཀྱང་རྟག་ཆད་ལ་སོགས་ཕན་ཚུན་ནང་མི་མཐུན་པ་བཞིན་ནོ། །དཔེར་ན་ཙནྡན་དང་། ཨ་མྲ་ལ་སོགས་པ་ཅུང་ཟད་མི་འདྲ་ཡང་ཤིང་དུ་གཅིག་པ་ཉིད་དང་། ཡང་ཁྱབ་འཇུག་གི་གཞུང་ལས། མིང་ཙམ་ལས་ནི་རབ་འདས་ཤིང་། །ཡོད་དང་མེད་པ་རྣམ་པར་སྤང་། །སྐྱེ་དང་འཇིག་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །ཞེས་པ་དང་། ངེད་ཀྱི་ཡོངས་སུ་རྫོགས་པ་དབུ་མའི་ལྟ་བ་ལས། ཆད་པ་མེད་པ་རྟག་མེད་པ། །འགགས་པ་མེད་པ་སྐྱེ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པས། ནང་དོན་མཐུན་པས་ན། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་ཅིང་། དེས་བསྟན་པའི་ཆོས་ཀྱང་ཕུན་སུམ་ཚོགས་པ་ཡིན་པར་ཁྱེད་དང་མཐུན་པ་ཉིད་ཡིན་པས། སྨད་པར་མི་བྱ་བ་ཁོ་ནའོ། །

གསུམ་པ་ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ལོག་པར་རྟོག་པ་དགག་པ་ནི། ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། ཐེག་པ་ཆེན་པོ་ཞེས་བྱ་བ་སངས་རྒྱས་ཀྱི་གསུངས་པ་མེད་དེ། ཡོད་ན་ངེད་ཀྱི་སྟོན་པ་གནས་བརྟན་འོད་སྲུང་ཆེན་པོ་སོགས་སྟོན་པ་དང་འབྲལ་མེད་དུ་གནས་པ་རྣམས་ཀྱིས་ཐོས་དགོས་པ་ལ་མ་ཐོས་པའི་ཕྱིར་དང་། ངེད་ཀྱི་གྲུབ་པའི་མཐའ་དང་མི་མཐུན་པའི་ཕྱིར་དང་། ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི་རྟོག་གེ་བ་རྣམས་ཀྱིས་བྱས་པའི་ཕྱིར་ཞེས་རྒོལ་བ་ནི། བྱེ་བྲག་ཏུ་བཤད་པའི་མཛོད་ཆེན་མོ་ལས། བདེ་གཤེགས་ཆོས་ཀྱི་འཁོར་ལོ་ཡང་། །བདེན་གཉིས་ལས་གཞན་མ་གསུངས་པར། །འོད་སྲུང་ཆེན་པོས་མཁྱེན་ཏེ་ཕྱིས། །གཞན་གྱིས་ཀུན་ཏུ་བརྟགས་ཕྱིར་རོ། །ཞེས་སོ། །འདི་ལའང་གསུམ་ལས། དང་པོ་ལུང་བསྟན་པའི་དཔང་པོ་ནི། ཁྱེད་རང་གི་འདུལ་བ་ལུང་རྣམ་པར་འབྱེད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྣ་ཚོགས་པ་སྤྱོད་ཅིང་། སེམས་སྟོབས་(༤༣)ཆེན་པོས་སེམས་ཅན་གྱི་དོན་ཉམས་སུ་ལེན་པ་དང་། ཤེས་རབ་ཆེན་པོས་སློབ་དཔོན་གྱི་རྒྱུད་དུ་ངེས་པར་བྱུང་སྟེ། མཐར་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ཐེག་པ་ཆེན་པོ་ལམ་འབྲས་བུ་དང་བཅས་པ་ལུང་བསྟན་པ་དང་། གང་ཟག་གི་དཔང་པོའང་། གནས་བརྟན་ཆེན་པོ་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་དང་རབ་འབྱོར་ལ་སོགས་པ་ཡོད་ཅིང་། ལུང་དང་འབྲེལ་པའི་དབང་པོ་ཡང་། ཁྱེད་ཀྱི་གཞུང་ལས་བདེན་པ་བཞིའི་ཆོས་མི་རྟག་ལ་སོགས་བཅུ་དྲུག་ཙམ་དུ་རྟོགས་ཤིང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་ཐར་པ་སྒྲུབ་པ་ལ། ངེད་ཀྱིའང་རྒྱུད་བླ་མར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་ཕྱིར་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བརྟེན་པར་བྱ། །ཞེས་པ་ལ་སོགས་པའི་ཚུལ་མཚུངས་ལ། ལྟ་བ་དང་ཏིང་ངེ་འཛིན་སྒོམ་པ་ལ་སོགས་པའི་ནང་ཚན་ཅུང་ཟད་མི་འདྲ་ཡང་སྐྱོན་མེད་དེ། ཁྱེད་རང་གི་སྡེ་པ་བཅོ་བརྒྱད་པོའང་སོ་སོའི་ནང་ཚན་མི་འདྲ་བ་བཞིན་ནོ། །གཞན་ཡང་གནས་བརྟན་འོད་སྲུང་གིས་མ་ཐོས་ཀྱང་། ཤཱ་རིའི་བུ་ལ་སོགས་པས་ཐོས་པས། འཁོར་དུ་གནས་པའི་དུས་མི་འགལ་བ་ཡིན་ཏེ། སངས་རྒྱས་ལ་གསུང་ཆོས་ཀྱི་དུང་མངའ་བའི་ཕྱིར་རོ། །དེ་སྐད་དུའང་འདུལ་བ་ལུང་རྣམ་འབྱེད་དུ། ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་སྟོན་པས་བསླབ་པའི་གཞི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་རྣམས་བཅས་ཤིང་བདེན་པ་བཞིའི་ཆོས་བསྟན་པ་དེའི་ཚེ། ཀུན་ཏུ་རྒྱུ་རྣམས་ཀྱིས་ཅུང་ཟད་ཀྱང་མ་ཐོས་ལ། ཉེ་བའི་ལྔ་སྡེ་རྣམས་ཀྱིས་ཐོས་པ་བཞིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་ཡང་དག་པ་ཉིད་དུ་ཁས་བླང་ཞིང་གཟུང་བར་འོས་སོ། །

བཞི་པ་གསང་སྔགས་ལ་ལོག་པར་རྟོག་པ་དགག་པ་ནི། རྒྱུའི་ཐེག་པ་འཛིན་པ་ཁ་ཅིག་ན་རེ། གསང་སྔགས་ནི་ཆོས་མ་ཡིན་ཏེ། གཞི་འཁོར་འདས་གཉིས་སུ་མེད་པར་ཡེ་ནས་སངས་རྒྱས་པའི་ཕྱིར་དང་། ལམ་ཉོན་མོངས་དུག་ལྔ་མི་སྤོང་བར་སྤྱོད་པའི་ཕྱིར་དང་། འབྲས་བུ་ཚེ་གཅིག་གིས་སངས་རྒྱས་པར་འདོད་པའི་ཕྱིར་ཞེས་རྒོལ་ན། འདི་ལའང་། ལུང་དུ་བསྟན་པའི་དཔང་པོ་ནི། ཁྱེད་རང་གི་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་ལྷོའི་ཕྱོགས་ངོས་ཀྱི། །མི་ལས་སྐལ་ལྡན་རིག་པ་འཛིན། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྣང་བར་བྱེད། །ཅེས་དང་། (༤༤)མྱ་ངན་འདས་པའི་མདོ་ལས་ཀྱང་། བསྟན་བཅོས་གསང་སྔགས་ཅི་ཡང་གསུངས་ཏེ། དེ་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་པར་ཤེས་པར་གྱིས་ཞེས་སོ། །གང་ཟག་གི་དཔང་པོ་ནི། དཀོན་མཆོག་བརྩེགས་པ་ལས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ནི། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འབྲང་ཞིང་གསང་བའི་མཛོད་འཛིན་པ་སྟེ། ཞེས་པ་དང་། ལྷོ་ཕྱོགས་གྱད་ཀྱི་ཡུལ་དུ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དབང་བསྐུར་བར་ཐུན་མོང་དུ་གྲགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསང་སྔགས་བསྡུས་ནས་སྐལ་བ་དང་ལྡན་པ་རྣམས་ལ་གསུངས་པའི་ཕྱིར་རོ། །ལུང་འབྲེལ་བའི་དཔང་པོ་ཡང་ཡོད་དེ། གསང་སྔགས་ལས་གཞི་དཀྱིལ་འཁོར་དུ་སངས་རྒྱས་པ་ལྟར། སྡོང་པོ་བཀོད་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་པ་དང་། ལམ་ཉོན་མོངས་པ་མི་སྤོང་བ་ཡང་དེ་བཞིན་གཤེགས་པའི་རིགས་དང་རང་བཞིན་དུ་བསྟན་པ་ཉིད། དྲི་མ་མེད་པར་གྲགས་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་པ་དང་། དེ་དག་རང་གར་ལམ་དུ་སྤྱོད་པ་མ་ཡིན་ཏེ། དུག་སྔགས་ཀྱིས་ཟིན་པའི་དུག་ལ་སྤྱོད་པ་ལྟར། ཐབས་ཀྱིས་ཟིན་ནས་སྤྱོད་ལ། དེ་ཉིད་ནི་རང་གི་གཞུང་ནས་ཀྱང་བཤད་དེ། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པ་དང་། འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་མདོ་ལས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར། རང་གི་ལུས་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས། དེ་བཞིན་གཤེགས་པའི་མདུན་ན་རྟག་ཏུ་གནས་སོ། །ཞེས་སོ། །འབྲས་བུ་ཡང་སྐྱེ་བ་གཅིག་དང་། བདུན་དང་། བཅུ་དྲུག་ཚུན་ཆད་ཀྱིས་ཐོབ་པ་ཉིད། བརྩོན་པ་དང་ཐབས་ཀྱི་མཆོག་གིས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཚེ་འདིར་བསྒྲུབ་ཏེ། རྟེན་དེས་མྱུར་དུ་ཐོབ་པར་འདོད་པ་བཞིན་དུ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་གང་། མཐོང་བས་སྤང་བར་བྱ་བ་རྣམས་ཡོངས་སུ་དག་ལ། སངས་རྒྱས་ཀྱི་མཛད་པ་ཆེན་པོས་སེམས་ཅན་དཔག་(༤༥)ཏུ་མེད། གྲངས་མེད། གཞལ་དུ་མེད་པ། ཡོངས་སུ་སྨིན་པར་བྱ་བ་ཞིག་ཡིན་ན་ནི། དེ་འདོད་ན་ཞག་བདུན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ཞིང་། འདོད་ན་བསྐལ་པ་གྲངས་མེད་པར་ཚུལ་ཁྲིམས་ཆེན་པོ་ལ་གནས་པར་བྱེད་དོ། །ཞེས་པ་དང་ཚུལ་མཚུངས་པ་ཞིག་གོ། །འོན་ཀྱང་སངས་རྒྱས་ཀྱི་ཞིང་མ་སྦྱངས། སེམས་ཅན་སྨིན་པར་མ་བྱས། དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པ་གསུམ་དུ་མ་བསགས་པར་སངས་རྒྱས་པ་ནི་མི་རིགས་ལ། གལ་ཏེ་སངས་རྒྱས་ནའང་ཉན་རང་གི་དགྲ་བཅོམ་བཞིན་དུ་འགྱུར་རོ་ཞེ་ན། ལན་དུ་གཉིས་ལས། ཚུལ་མཚུངས་པ་ནི། ཁྱེད་ཀྱང་གྲངས་མེད་གསུམ་ན་སངས་རྒྱས་པར་འདོད་པའི་སངས་རྒྱས་དེ་ཉན་རང་དགྲ་བཅོམ་ལྟར་འགྱུར་ཏེ། དམིགས་བསལ་གསུམ་པོ་དེ་རྫོགས་པར་མ་བྱས་པའི་ཕྱིར་རོ། །མ་གྲུབ་ན། བྱམས་པ་ལ་སོགས་པའི་མ་འོངས་པའི་སངས་རྒྱས་རྣམས་ལ་དགེ་བ་རྒྱུ་མེད་པར་ཐལ་ཏེ། ཐུབ་པས་བྱས་ཟིན་པའི་ཕྱིར་རོ། །ཁོ་ན་རེ། རང་ཉིད་ཀྱི་སྨོན་ལམ་དང་། མཐུན་པའི་རྫོགས་སྨིན་ལ་སོགས་གསུམ་པོ་དེ་བྱས་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། འདིར་ཡང་མཚུངས་པ་སྟེ། རང་ཉིད་ཀྱི་སྐལ་བ་དང་མཐུན་པའི་གདུལ་བྱ་ཐར་པའི་ལམ་ལ་བཀོད་པ་དང་། སྣང་སྲིད་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཞིང་ཁམས་སྦྱངས་པ་དང་། བསྐྱེད་པ་དང་། རྫོགས་པ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཚོགས་གཉིས་རྫོགས་པར་བྱས་པའི་ཕྱིར་རོ། །

གཉིས་པ་ལན་དངོས་ནི། ཚེ་གཅིག་ལ་སོགས་པའི་སངས་རྒྱས་སུ་འགྱུར་ཡང་ཉན་རང་དང་མི་མཚུངས་ཏེ། ཐབས་སྙིང་རྗེ་ཆེན་པོས་ཟིན་པས་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་ཅིང་། ཤེས་རབ་ཆོས་ཐམས་ཅད་རང་བཞིན་མེད་པའི་ཚུལ་ལ་མཁས་པས་ལམ་སྦྱངས་ཏེ་སངས་རྒྱས་པ་ན། སེམས་ཅན་དཔག་ཏུ་མེད་པའི་དོན་འབྱུང་བའི་ཕྱིར་རོ། །དུས་བསྐལ་པ་གྲངས་མེད་པ་གསུམ་ཁོ་ནའི་ངེས་བཟུང་ཡང་། ཞག་དང་ཚེས་ཀྱིས་བགྲངས་པའི་གྲངས་མེད་པ་མ་ཡིན་གྱི། སྒོ་གསུམ་གྱི་དག་པ་སྐྱོང་བ་ལ་དེ་སྐད་དུ་གྲགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གྲངས་མེད་པ་ནི་རྣམ་པ་གསུམ། །ལུས་ངག་ཡིད་ཀྱི་རང་བཞིན་ཏེ། །ཁམས་རྣམས་དང་ནི་རླུང་རྣམས་དང་། །ཡེ་ཤེས་གྲངས་མེད་རྫོགས་པ་ཡིས། །ལྷུན་གྱིས་གྲུབ་པའི་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་པ་དང་། ཁྱེད་རང་གི་མདོ་སྡེ་ཐར་པ་ཆེན་པོ་ལས་ཀྱང་། ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་རྣམས་ཡོངས་སུ་སྦྱོང་བའི་ཕྱིར། འདོད་(༤༦)པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་བསྐལ་པ་གྲངས་མེད་པ་གསུམ་དུ་མངོན་པར་བརྩོན་ཏེ། ཞེས་སྒོ་གསུམ་དང་ཁམས་གསུམ་གྱི་དྲི་མ་སྤོང་བ་ལ་དེ་སྐད་དུ་བཏགས་པར་མངོན་ཏེ། ཕྱིའི་དུས་ན་ཇི་ལྟ་བ་བཞིན་དུ་གྲངས་སུ་གསོག་མི་དགོས་སོ། །དེའང་དེད་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་བསད་པས་སྐད་ཅིག་ལ་ཚོགས་བསྐལ་པ་བཞི་ཁྲི་འདུམ་པ་ལ་སོགས་པ་དུ་མ་ཡོད་པའི་ཕྱིར། དཔེས་ཀྱང་ཤེས་པར་བྱ་སྟེ། ཉི་མ་དང་། ནོར་བུ་ལས་སྐད་ཅིག་གི་རྩོལ་བ་ཡུན་ཐུང་བར་སྐྱེས་པའི་མེ་དེ་ཉིད་མེ་མཚན་ཉིད་པ་མ་ཡིན་པར་ཐལ་ཏེ། བུད་ཤིང་ལ་སོགས་པ་རྒྱུན་རིང་པོ་ཉིད་ནས་རྩོལ་བས་མ་སྦྱངས་པའི་ཕྱིར་རོ། །དེ་ལས་བྱུང་བའམ་མེ་ཡིན་ཏེ། བཙོ་བསྲེག་གི་བྱ་བ་བྱེད་པའི་ཕྱིར་རོ་ཞེ་ན། བསྐལ་པར་མ་བསྒྲུབ་ཀྱང་སངས་རྒྱས་ཡིན་ཏེ། དོན་གཉིས་མཐར་ཐུག་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །

ལྔ་པ་གསང་སྔགས་སྔ་འགྱུར་ལ་ལོག་པར་རྟོག་པ་དགག་པ་ལ་གཉིས་ཏེ། རྩོད་པ་འགོད་པ་ནི། ཁ་ཅིག་ན་རེ། ཁྱེད་ཀྱི་རྒྱུད་འདི་དག་ཧ་ཅང་གོ་སླ་ཞིང་། ཚིག་མི་མཛེས་པ་ཅི་རིགས་པ་སྣང་བས། སྡེབ་སྦྱོར་གྱི་ཚུལ་ལ་སོགས་པ་དང་མི་མཐུན་པའི་ཕྱིར་དང་། ཐེག་པ་གོང་འོག་ཆ་ཤས་དང་། ནང་ཚན་མི་འདྲ་བ་རྒྱུད་གཅིག་ནའང་བསྟན་པའི་ཕྱིར་དང་། བལྡབ་པ་དང་། ཟློས་པར་ཡང་འགའ་ཞིག་གནས་པའི་ཕྱིར། གང་ཟག་གིས་སྦྱར་བའོ་ཞེས་འཛེར་ཏོ། །དེའི་ལན་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་མངའ་བས་ནི་སེམས་ཅན་གྱི་གོ་སླ་ཞིང་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། མི་གོ་བར་བྱ་བའི་ཕྱིར་རིག་བྱེད་སོ་སོའི་མཆོད་སྦྱིན་ལྟ་བུ་མ་ཡིན་ཅིང་། ཚིག་ཀྱང་སྔོན་གྱི་དུས་ཀྱི་སྐད་རྙིང་ལ་བརྟེན་པ་ཅི་རིགས་སུ་སྣང་བ་ནི། དེ་དུས་དེ་བས་ལྷག་པའི་སྐད་གཅིག་ལ་བརྟེན་དུ་མེད་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ན་གོ་སླ་བའི་ཕྱིར་ལོ་པཎ་ཐུགས་རྗེ་ཅན་གྱིས་བསྒྱུར་ཏེ། འཇིག་རྟེན་པའི་གཙུག་ལག་ངན་པ་དེ་དག་གིས་མ་བསླད་པས་ནོར་བའི་གཞི་མེད་པར་བྱས་པ་ཡིན་ནོ། །གལ་ཏེ་ཚིག་ལེགས་པ་འབའ་ཞིག་ལེགས་པ་ཡིན་ན་སྙན་ངག་མཁན་པོས་རང་བཟོ་བྱས་པའང་དེ་ལྟར་འགྱུར་བ་དང་། རྣམ་པ་གཅིག་ཏུ་བོད་ཀྱི་ཆོས་ཇི་སྙེད་པའང་ཡང་དག་པར་མི་རུང་སྟེ་སཾ་སྐྲ྇་ཏའི་ཚིག་དང་སྡེབ་སྦྱོར་ལྟ་བུའི་བརྒྱ་སྟོང་གི་ཆ་ཡང་མེད་པའི་ཕྱིར་རོ། །ལྟོས་ས་ལ་ལྟོས་ནས་འཇོག་གོ་ཞེ་ན་མཚུངས་ཏེ། འདིར་ཡང་དེ་བས་དམན་པ་ལ་ལྟོས་ནས་མཆོག་ཏུ་གྱུར་པའོ། །ནང་ཚན་གྱི་ཆ་ཤས་(༤༧)མི་འདྲ་བས་ཆོས་ཡང་དག་པར་མི་འགྱུར་ན། ཀྱེ་རྡོ་རྗེ་བླ་མེད་ཀྱི་རྒྱུད་དུ་ཉན་ཐོས་སྡེ་པ་བཞི་དང་། བདེན་པ་བཞིའི་རྣམ་བཞག་བྱུང་བས་ཡང་དག་པ་མ་ཡིན་པར་འགྱུར་བ་དང་། སྡོམ་པ་འབྱུང་བའི་རྒྱུད་ལས་རྒྱུད་ཀྱི་འཁོར་དུ་གནས་བརྟན་ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་བྱུང་བས་གདུལ་བྱ་དང་འདུལ་བྱེད་ཐེག་པ་དང་བསམ་པ་འགལ་བ་དང་། ངེས་བརྗོད་བླ་མའི་རྒྱུད་དུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱུང་བས་ན་རྒྱུད་མ་ཡིན་པར་ཐལ་བ་དང་། དུས་ཀྱི་འཁོར་ལོར་གཟུགས་མེད་ཀྱི་ལྷ་ལ་གནས་ངེས་པ་ཅན་བཤད་པས་ཆོས་མངོན་པ་དང་མི་མཐུན་པ་དང་། འགྲེལ་པ་དྲི་མ་མེད་པའི་འོད་ལས། བྱང་ཆུབ་སེམས་དཔའ་ལུང་བསྟན་འབྱུང་གི། རྣལ་འབྱོར་པ་ལུང་བསྟན་མི་འབྱུང་ངོ་། །ཞེས་བཤད་པས། མཚན་ཉིད་ལས་སྔགས་དམན་པར་འགྱུར་བ་ལ་སོགས་པའི་ནང་ཚན་ཅུང་ཟད་འགལ་བར་སྣང་བས་དེ་དག་ཡང་དག་པ་མ་ཡིན་ནམ་ཞེས་མཚུངས་སོ། །བལྡབ་བུ་དང་ཟློས་བུར་བསྟན་པས་ཐེ་ཚོམ་གྱི་གཞིར་ག་ལ་རུང་སྟེ། དྲི་མ་མེད་པ་ཆེ་ཆུང་གི་མདོ་དང་། ཏིང་འཛིན་རྒྱལ་པོ། ཏིང་འཛིན་མཆོག་དམ་པའི་མདོ། མྱ་ངན་ལས་འདས་པ་ཆེ་ཆུང་གི་མདོ་ལ་སོགས་པ་ལའང་། བལྡབ་པ་དང་ཟློས་པར་སྣང་བ་དང་། གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུ་དང་། རིགས་ཀྱི་ཡུམ་དང་། ཁྲོ་བོ་བཅུའི་སྔགས་དང་། ལས་དང་དྲག་པོའི་བརྟུལ་ཞུགས། ཕུར་བུ་བྱིན་གྱིས་བརླབ་པའི་ཆོ་ག་ལྟ་བུ་དང་། རྡོ་རྗེ་གདན་བཞི་པ་ཆེ་ཆུང་དང་། ཀྲི་རྣ་ཡ་མ་རི་ཆེ་ཆུང་། དེ་ལ་སོགས་པའི་རྒྱུད་འདི་དག་ལའང་། ནང་ཚན་དང་ཆེ་ཆུང་ལ་སོགས་པའི་ཅི་རིགས་སུ་ཟློས་བུར་བལྡབ་ན་ཡང་དག་པ་མ་ཡིན་པར་འགྱུར་རོ། །གཞན་ཡང་འདི་དག་ཡང་དག་པ་མ་ཡིན་པའི་ཚད་མ་ཅི་ཞིག་ཡོད། དོན་ཇི་ལྟ་བ་བཞིན་མཚུངས་ཏེ། སྨིན་བྱེད་དབང་དང་། གྲོལ་བྱེད་བསྐྱེད་རྫོགས་དང་། ཐབས་ལམ་དང་གྲོལ་ལམ་ལ་སོགས་པ་མཐུན་ལ། ནང་ཚན་ཅུང་ཟད་མི་འདྲ་བས་དེ་ལྟར་འགྱུར་ན་ནི། ཁྱེད་རང་གི་བརྟག་གཉིས་དང་། གདན་བཞི་དང་། དུས་འཁོར་ལ་སོགས་པ་རྣམས་སུ། ཐབས་དང་ལྷའི་བསྐྱེད་རྫོགས་མི་འདྲ་བ་དུ་མར་སྣང་བས། སྐྱོན་དེ་ཉིད་ཞུགས་པར་འགྱུར། གལ་ཏེ་གང་ཟག་གིས་བསྡེབས་པ་ཞིག་ན་ཡང་སྐུར་པ་གདབ་པར་མི་རུང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་རླབས་གདུལ་བྱའི་རྒྱུད་ལ་ཞུགས་པས་ཕན་པ་དང་བདེ་བར་དགོངས་པ་ཡིན་སྲིད་པའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ནི་ཐར་པ་དང་ཞི་བ་སྒྲུབ་པ་ཡིན་ལ། དེ་ཡང་དེ་དང་ཚུལ་མཚུངས་པའི་ཕྱིར་ན་སྟོན་པས་གསུངས་བཞིན་གུས་པར་བྱ་(༤༨)དགོས་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་རྣམ་པར་གྲོལ་བ་དང་། ཡེ་ཤེས་མཐོང་བའི་ཆོས་སུ་གྱུར་པ་གང་བྱུང་བ་དེ་དག་ཀྱང་། དེ་བཞིན་གཤེགས་པ་ཉིད་ཀྱི་གསུངས་པར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་དོན་དུ་གཉེར་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཞེས་པ་དང་། རྒྱུད་བླ་མ་ལས་ཀྱང་། ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་སོ། །འདི་ལྟར་དེ་བཞིན་གཤེགས་པའི་བྱིན་རླབས་འབྱུང་བ་ཡང་སེམས་ཅན་གྱི་རྣམ་པར་རྟོག་པ་དང་འདྲེས་ནས་འབྱུང་བའི་ཕྱིར་ཏེ། ཟ་མ་ཏོག་བཀོད་པའི་མདོར། བདུད་སྡིག་ཏོ་ཅན་གྱིས་ཆོས་ཀྱི་རྣམ་གྲངས་བཤད་པའི་ཚེ་སངས་རྒྱས་ཀྱིས་ལེགས་སོ་གནང་བ་དང་། སྔོན་བཅོམ་ལྡན་འདས་བཞུགས་པ་ན་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལའང་། འཁོར་རྣམས་གཅིག་ལ་གཅིག་བགྲོ་བ་མང་གི། དེ་བཞིན་གཤེགས་པ་ཉིད་ཀྱི་ཞལ་ནས་དེ་ཙམ་མང་བ་མ་ཡིན་པ་དང་། ལྷའི་བུས་ཞུས་པའི་མདོ་ལས། གང་ཞིག་རྒྱལ་བ་རྣམ་འདྲེན་གྱིས། །འགྲོ་བ་ཡོངས་སུ་སྐྱོབས་པ་ན། །ཆོས་ཀྱི་ཕུང་པོ་ཚད་མེད་དེ། །དུས་གསུམ་དུས་ནི་རྣམ་ཀུན་ཏུ། །དོན་དང་མཐུན་པའི་རང་བཞིན་ནི། །མྱ་ངན་འདས་པ་ཞིར་འགྲོ་བའི། །བདུད་རྩི་བསིལ་བ་རབ་འབྱུང་བ། །པདྨ་དང་ནི་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །སངས་རྒྱས་ཆོས་སུ་ཤེས་པར་གྱིས། །དེ་བཞིན་ལྷ་དང་མི་རྣམས་དང་། །དྲང་སྲོང་དག་གི་རང་བྱུང་དུ། །དམ་པའི་ཆོས་ཀྱི་ཚོགས་བསྟན་པ། །དེ་ཡང་འདྲེན་པས་བྱིན་བརླབས་ཏེ། །འགྲོ་བ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐབས་ཀྱི་མཆོག་ནི་བསྟན་པ་ཡིན། །ཞེས་སོ། །དེ་བས་ན་ལུང་འབྲེལ་བའི་དཔང་པོ་ཡོད་ཅིང་། ཉམས་སུ་བླངས་པ་ལས་ཇི་སྐད་སྨོས་པའི་ཡོན་ཏན་འབྱུང་ན་གང་གི་ལུགས་ཀྱང་ཡང་དག་པ་ཉིད་དེ། སྐུར་པ་གདབ་པར་མི་བྱའོ། །དེའང་དགེ་བ་དང་ཞི་བ་འཕེལ་ཞིང་ཐར་པར་འགྲོ་བ་ནི་ཆོས་ཡིན་ལ། དེ་ལས་བཟློག་ན་ཆོས་མ་ཡིན་པས། ངེས་པ་ཉིད་དུ་གཟུང་ངོ་། །རྣམ་པ་གཅིག་ཏུ་ན། སངས་རྒྱས་ལ་བརྟེན་ཀྱང་འགའ་ཞིག་གིས་མཚམས་མེད་པ་གསོག་ཅིང་། ནོར་བ་མེད་པའི་ཆོས་ལས་ཀྱང་དམ་ཚིག་ཉམས་པའི་སློབ་དཔོན་གྱིས་བར་དུ་ཆོད་པས་དངོས་གྲུབ་མི་འབྱུང་བ་ལ་སོགས་པ་མཐོང་བའི་ཕྱིར་ན། སྐྱོན་སྨྲ་བ་པོ་ཁྱེད་ཅག་གི་གཞུང་ལའང་། ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཅི་རིགས་སུ་(༤༩)མཐོང་ཞིང་། དངོས་གྲུབ་འབྱུང་བར་མ་མཐོང་བའི་ཕྱིར་ཡིད་བརྟན་དུ་རུང་བ་ཅི་ཞིག་ཡོད། ཡང་དག་པའི་ཆོས་དང་གང་ཟག་ལ་སྐུར་པ་འདེབས་པ་ནི་ཆོས་ཀྱིས་ཕོངས་པའི་ལས་ཀྱིས་དམྱལ་བ་ཆེན་པོ་རྣམས་སུ་བརྒྱུད་པ་ལ་སོགས་པའི་ཉེས་པ་ཤིན་ཏུ་ཆེན་པོ་ལ་རེག་པས་ནམ་དུ་ཡང་བསམ་པར་བྱ་བ་མ་ཡིན་ནོ། །དེ་དག་གིས་བསྟན་པ་སྤྱིའི་དགོས་འབྲེལ་བཤད་ཟིན་ཏོ། །

གཉིས་པ། དགོས་འབྲེལ་གཏན་ལ་དབབ་པ།

གཉིས་པ་དགོས་འབྲེལ་གཏན་ལ་དབབ་པ་ལ་གསུམ་སྟེ། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ། རྒྱུད་དོན་ལུས་ལ་ཡོད་པའི་དགོས་འབྲེལ། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞིའོ། །

དང་པོ་ནི། རྟོགས་ལྡན་གྱི་ངག་དེས་བསྟན་པར་བྱ་བའི་དོན་ནི་དེའི་བརྗོད་བྱ། ངག་དེ་ལས་རྟོགས་པར་བྱ་བ་ནི་དགོས་པ། རྟོགས་པ་ལས་འབྲས་བུ་གྲུབ་པ་ནི་ཉིང་དགོས། དགོས་པ་ངག་ལས་བྱུང་བ་ནི་འབྲེལ་བའོ། །དཔེར་ན་བུམ་པ་ནི་བརྗོད་བྱ། བུམ་པ་འོན་ཅིག་གི་སྒྲ་ལས་དེ་ཐོས་པ་ནི་དགོས་པ། དེ་ལས་ཆུ་བླངས་ཏེ་བྱ་བ་བྱེད་པ་ནི་ཉིང་དགོས། དེ་དག་གཅིག་ལ་གཅིག་བརྟེན་པ་ནི་འབྲེལ་བ་སྟེ། མེད་ན་མི་འབྱུང་བའི་ཕྱིར་རོ། །

གཉིས་པ་ནི། རྡོ་རྗེ་ལས། བརྗོད་འབྲེལ་དགོས་དང་ཡང་དགོས་པའི། །རྒྱུད་ཀྱི་ཡན་ལག་བཞི་རུ་འགྱུར། །ཞེས་གསུངས་པས། འདི་ལ་གསུམ་སྟེ། ངོས་བཟུང་། གཅིག་ཐ་དད་བརྟགས། གྲངས་ངེས་པའོ། །

དང་པོ་ནི། རྒྱུད་འདིའི་གཞི་ལམ་འབྲས་བུ་གསུམ་ནི་བརྗོད་བྱ། དེའི་མཚོན་པ་མིང་ཚིག་ཡི་གེར་སྣང་བའི་གཞུང་ལེའུ་ཉི་ཤུ་རྩ་གཉིས་ནི་རྗོད་བྱེད། རྗོད་བྱེད་ཚིག་རྒྱུད་ལ་བརྟེན་ནས་བརྗོད་བྱ་དོན་གྱི་རྒྱུད་རྟོགས་པ་ནི་དགོས་པ། རྟོགས་པ་བཞིན་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་དོན་གྲུབ་པ་ནི་ཉིང་དགོས། འབྲས་བུ་འགྲུབ་པ་དེ་ཉིད་རྒྱུད་དོན་རྟོགས་པ་ལ་ལྟོས་ཤིང་། རྟོགས་པའང་རྗོད་བྱེད་དང་བརྗོད་བྱ་ལ་བརྟེན་པའམ་ལྟོས་པ་ནི་འབྲེལ་བའོ། །ཚུལ་འདི་ཉིད་མན་ངག་ལྟ་ཕྲེང་དུ་གསུངས་ཏེ། གཞི་རང་བཞིན་གྱི་རྒྱུད་བརྗོད་བྱ། རྐྱེན་འཇུག་པའི་མཚན་ཉིད་དགོས་པ། རྒྱུ་ཤེས་པའི་མཚན་ཉིད་འབྲེལ་བ། དེ་གཉིས་ཀྱིས་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དགོས་པའི་ཡང་དགོས་པའོ། །ཞེས་གསུངས་སོ། །དབྱེ་ན་གསུམ་ལས། གཞི་དཀྱིལ་འཁོར་གསུམ་དུ་ཡེ་ནས་སངས་རྒྱས་པའི་དོན་བརྗོད་བྱ། དེ་སྟོན་པའི་ཚིག་གླེང་གཞི་དང་གླེང་བསླང་བ་ལྟ་བུ་ནི་རྗོད་བྱེད། དེ་ཉིད་སྟོན་པས་གསུངས་པ་བཞིན་འཁོར་གྱིས་རྟོགས་པ་དགོས་པ། དེ་ཉིད་གདུལ་བྱ་འདུལ་བྱེད་གཞན་ལ་བརྟེན་ནས་དོན་གྲུབ་པ་ཉིང་དགོས། (༥༠)དེ་དག་གཅིག་ལ་གཅིག་བརྟེན་པ་ནི་འབྲེལ་བའོ། །ལམ་དབང་མནོས་ཏེ་བསྐྱེད་རྫོགས་ཡན་ལག་དང་བཅས་པའི་ཐབས་ཤེས་ཟུང་འབྲེལ་ནི་བརྗོད་བྱ། དེ་སྟོན་པའི་ཚིག་ཡི་གེ་སྤྲིན་གྱི་ཚོགས་སྒྲུབ་པ་ལ་སོགས་པ་རྒྱུད་དོན་དངོས་རྣམས་རྗོད་བྱེད། དེ་ལ་བརྟེན་ནས་རྣལ་འབྱོར་པས་ཆོས་ཐམས་ཅད་ཐབས་ཤེས་ཟུང་འཇུག་ཏུ་རྟོགས་པ་ནི་དགོས་པ། རྟོགས་བཞིན་ཉམས་སུ་བླངས་པས་འབྲས་བུ་གྲུབ་པ་ནི་ཉིང་དགོས། དེ་དག་གཅིག་ལ་གཅིག་བརྟེན་ཅིང་། ཁྱད་པར་དུ། དཀྱིལ་འཁོར་གཟུངས་མ་དང་འབྲེལ། གཟུངས་མ་དབང་དང་འབྲེལ། དབང་སྒྲུབ་པ་དང་འབྲེལ། སྒྲུབ་པ་འབྲས་བུ་དང་འབྲེལ་བ་ནི་འབྲེལ་བའོ། །འབྲས་བུ་དཀྱིལ་འཁོར་གསུམ་དུ་སངས་རྒྱས་ནས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི་བརྗོད་བྱ། དེ་སྟོན་པའི་ཚིག་གླེང་གཞི་གླེང་བསླང་བ་ལྟ་བུ་ནི་རྗོད་བྱེད། སེམས་ཅན་གྱི་དོན་དུ་སྤྲུལ་པ་འཕྲོ་བ་ནི་དགོས་པ། དེ་ལས་འགྲོ་བའི་དོན་གཉིས་གྲུབ་པ་ནི་ཉིང་དགོས། དེ་དག་གཅིག་ལ་གཅིག་བརྟེན་དུ་བྱུང་བ་ནི་ཐུགས་རྗེ་ཡེ་ཤེས་ཀྱི་འབྲེལ་བ་གྲུབ་པའོ། །

གཉིས་པ་རྒྱུད་འདིའི་ཚིག་དོན་རྟོགས་པའི་དགོས་འབྲེལ་གཅིག་གམ་ཐ་དད་སྙམ་ན། སྣང་བའི་བརྗོད་བྱ་དོན་སྤྱི་དངོས་མེད་ཡིན་ལ། དགོས་པ་འབྲེལ་བ་ཉིང་དགོས་གསུམ་ངོ་བོ་གཅིག་པ་བཀག་ཙམ་གྱིས་ཐ་དད་དོ། །བརྗོད་བྱ་ནི་ཉིང་དགོས་འགའ་ཞིག་དང་རྫས་གཅིག་ལ། འགའ་ཞིག་གི་རྒྱུ་ཡིན་ནོ། །དགོས་པ་དང་ཉིང་དགོས་ནི་རྫས་ཐ་དད། འབྲེལ་བ་ནི་འབྲེལ་ས་སོ་སོ་ལ་གཅིག་ཏུ་ཡོད།

གསུམ་པ་ནི་དགོས་པ་ལ་ལྟོས་པའི་གྲངས་ངེས་པ་ཡིན་ཏེ། རྒྱུད་འདི་ལ་དགོས་པ་ཅན་གྱི་བརྗོད་བྱ་མེད་དམ། ཉིང་དགོས་དང་ལྡན་པའི་དགོས་པ་མེད་དམ། དོན་དུ་གཉེར་བྱའི་ཉིང་དགོས་མེད་དམ། ཐབས་དང་ཐབས་ཅན་མ་འབྲེལ་ལམ་སྙམ་པ་སྟེ། རྟོགས་ལྡན་རྒྱུད་དོན་ལ་མི་འཇུག་པའི་གེགས་བཞི་སེལ་བ་ལ། དགོས་པ་ཅན་གྱི་བརྗོད་བྱ་དང་། ཉིང་དགོས་དང་ལྡན་པའི་དགོས་པ་དང་། དོན་དུ་བླང་བྱའི་ཉིང་དགོས་དང་། ཐབས་དང་ཐབས་བྱུང་གི་འབྲེལ་བ་རྣམས་བསྟན་ཏོ། །

གསུམ་པ་དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ལས། བརྗོད་བྱ་ནི་རྒྱུད་ཀྱི་དགོས་འབྲེལ་བཞིའོ། །དགོས་པ་ནི་རྒྱུད་ཀྱི་དགོས་འབྲེལ་ཁྱད་པར་ཅན་རྟོགས་པའོ། །ཉིང་དགོས་ནི་དགོས་སོགས་ཁྱད་པར་ཅན་རྟོགས་ནས་རྟོགས་ལྡན་རྒྱུད་ལ་འཇུག་པའོ། །དེའང་ལུགས་གཉིས་ཏེ། དབང་པོ་རྟུལ་པོ་དད་པའི་རྗེས་འབྲང་ངེས་པ་སྐྱེས་ནས་འཇུག་པ་དང་། རྣོན་པོ་ཆོས་ཀྱི་(༥༡)རྗེས་འབྲང་ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེས་ནས་འཇུག་པ་སྟེ། གཉིས་ཀའང་དགོས་འབྲེལ་གྱི་ངག་ལས་དགོས་སོགས་རྟོགས་པར་མཉམ་ཞིང་། རྟོགས་ནས་རྒྱུད་ལ་འཇུག་པར་མཚུངས་སོ། །རྟོགས་ནས་འཇུག་པ་རྟོགས་པ་ལས་འབྱུང་། རྟོགས་པ་དགོས་འབྲེལ་བཀོད་པའི་ངག་ལས་བྱུང་བ་འབྲེལ་བའོ། །དེ་དག་གིས་ནི་རྒྱུད་འདིའི་དགོས་འབྲེལ་ལེགས་པར་བསྟན་ཟིན་པའོ། །

གསུམ་པ། རྒྱུད་དོན་ངོས་བཟུང་བ།

གསུམ་པ་རྒྱུད་དོན་ངོས་བཟུང་བ་ནི། འཕགས་པ་རྟོགས་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ཞེས་བྱ་བ་ཡིན་ཏེ། འདི་ལ་གསུངས་པ་པོའི་ཆེ་བ། དེས་གསུངས་པ་རྒྱུད་ཀྱི་ཆེ་བ། ཆེ་བ་དེ་དང་ལྡན་པའི་རྒྱུད་ཉིད་བསྟན་ཞིང་བཤད་པའི་ཚུལ་གསུམ་ལས། དང་པོ་ནི། ཐུན་མོང་དུ་གྲགས་པའི་སྟོན་པ་ལྟར། གང་ཟག་གཅིག་གིས་སེམས་བསྐྱེད་ནས། ལམ་བསྒྲུབས་ཏེ། ཞིང་ཁམས་འདི་ཞེས་ཕྱོགས་སུ་ཆད་པའི་གནས་གཅིག་ན་གནས་པའི་སྟོན་པ་མ་ཡིན་གྱི། ཐོག་མ་མེད་པའི་དུས་སུ་གཞི་ཐོག་ནས་མངོན་པར་བྱང་ཆུབ་ཅིང་། འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་གདོད་མའི་མགོན་པོ། ཡོན་ཏན་ལྷུན་གྱིས་གྲུབ་པའི་འབྱོར་པ་ཆེན་པོས་ཆོས་ཀྱི་སྐུའི་ཞིང་ན། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་འཕོ་འགྱུར་མེད་པར་བཞུགས་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་སྟེ། རྒྱ་མཚོ་ལས། གདོད་ནས་མངོན་པར་བྱང་ཆུབ་པ། །མངའ་དབང་རྫོགས་པའི་སྟོན་པ་ནི། །ཀུན་ལས་ཁྱད་པར་འཕགས་པའི་ཕྱིར། །རྟག་ཏུ་ཆོས་སྐུའི་ཞིང་ན་བཞུགས། །ཞེས་སོ། །དེའི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལྷུན་སྟུག་པོ་བཀོད་པའི་ཞིང་ན། རྒྱལ་ཚབ་ཀྱི་སྟོན་པ་རིགས་ལྔ་གངས་ཅན་མཚོ་སོ་སོའི་དཀྱིལ་འཁོར། ཡེ་ཤེས་རིན་པོ་ཆེའི་ངོ་བོ་ལས་གྲུབ་པ། རྩེ་མོ་ཕྱོགས་ཀུན་ཏུ་འཁྱིལ་ཞིང་། རྒྱ་ཕྱོགས་བཅུར་མ་ཆད་པ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ཐམས་ཅད་དུ་ཁྱབ་པ་ནི་ལོངས་སྐུ་རང་གི་ངོ་བོའི་སྣང་ཚུལ་ཏེ། ལེའུ་དང་པོར། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་པ་ལ་(༥༢)སོགས་པ་དང་། དགུ་པ་ལས། ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་བསམ་ཡས་མ་ལུས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན་འབྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པ་དང་། ཀུན་གསལ་ལས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་ངང་ལས་མ་གཡོས་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལས། གདུལ་བྱའི་གནས་རིགས་གསུམ་དུ་རིག་པ་ཁྱད་པར་ཅན་གྱི་སྟོན་པ་རིགས་གསུམ་མགོན་པོ་རང་བྱོན་པ་ནི་ཐུགས་རྗེ་ལྷུན་གྱིས་གྲུབ་པའི་རང་བཞིན་ཏེ། ཡེ་ཤེས་གསང་བ་ལས། སྐུ་དང་གསུང་དང་ཐུགས་དག་ལས། །ཐོག་མ་མཐའ་མ་དབུས་མེད་པའི། །སེམས་དཔའ་གཟུགས་མཛེས་པདྨ་དང་། །རྡོ་རྗེ་འཛིན་རྒྱལ་ཡེ་ཤེས་ཆེ། །ཞེས་གསུངས་སོ། །དེ་དག་ལས་འདིར་ཐུགས་ཀྱི་སེམས་དཔའ་གསང་བའི་བདག་པོ་སྟེ། མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ་དང་། ངན་སོང་སྦྱོང་རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེའི་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད། །ཅེས་པ་དང་། གཞན་ཡང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་རྒྱལ་པོ་དགའ་ཆེན་པོ། །ཞེས་པ་ལ་སོགས་གསུངས་ཏེ། ཀུན་ཏུ་བཟང་པོ་དེ་ཉིད་དེ་ལྟར་སྣང་བའི་ཕྱིར། ཐོག་མཐའ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་པས་སྟོན་པ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའོ། །

གཉིས་པ་དེས་གསུང་བ་རྒྱུད་ཀྱི་ཆེ་བ་ལ་གཉིས་ལས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ་ཀུན་ལས་མཆོག་ཏུ་འཕགས་ཏེ། ཚུལ་གསུམ་པའི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པས། ཐབས་འཕགས་པ་བཞིན་དུ་ཐབས་དེས་ཆེ་བའི་ཤེས་རབ་ཀྱང་འཕགས་པ་དང་། དུས་མྱུར་བས་བྱང་ཆུབ་འགྲུབ་པ་དང་། བླང་དོར་མི་དགོས་པས་ལམ་བདེ་བ་དང་། ཡེ་ནས་དག་པས་འབད་རྩོལ་ཆུང་བ་དང་། གཅིག་ཏུ་འཆད་པས་(༥༣)འཇུག་པ་བདེ་བ་ལ་སོགས་པ་དུ་མས་འཕགས་ཤིང་ཆེ་བའོ། །ཁྱད་པར་དུ་འདི་ཉིད་གསང་སྔགས་རྒྱུད་ལུང་ཀུན་གྱི་འཕྲོ་གཞི་ཡིན་པས་ཀྱང་གཞན་ལས་ཁྱད་པར་འཕགས་ཏེ། ལེའུ་གསུམ་པར། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །ལམ་ཀུན་གྱི་འབྲས་བུ་ཡིན་པས་ཀྱང་འཕགས་ཏེ། བཅུ་གསུམ་པར། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱང་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་སྔགས་འདི་ཡིན་ཏེ། །ཞེས་སོ། །འདི་ཉིད་ངེས་དོན་ཀུན་གྱི་སྙིང་པོ་ཡིན་ཞིང་། ཚེ་གཅིག་གིས་གྲོལ་བས་ཀྱང་ཁྱད་པར་དུ་འཕགས་ཏེ། དེ་ཉིད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །

གསུམ་པ་ཆེ་བ་དེ་དང་ལྡན་པའི་རྒྱུད་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་སྟེ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་པ་པོ་སློབ་མའི་མཚན་ཉིད། དེ་གཉིས་ཀྱིས་གཏན་ལ་དབབ་བྱ་རྒྱུད་ཀྱི་དོན་དངོས་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། ཆེ་བ། ཇི་ལྟར་གདམས་པའི་ཚུལ་ལོ། །

དང་པོ་ནི། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོ། །དམ་ཚིག་ལ་གནས་ཤིང་། ཕྱི་ནང་གི་སྒྲུབ་པ་ཐམས་ཅད་ལ་མཁས་པ། སློབ་མའི་ཤེས་རྒྱུད་བྱིན་གྱིས་རློབ་ཅིང་གྲོལ་བར་ནུས་པ། བསྐྱེད་རྫོགས་ཀྱི་དོན་ལ་དྲོད་རྟགས་ཐོན་ཅིང་། འཇིག་རྟེན་གྱི་བྱ་བ་དང་བྲལ་བ་ཞིག་གི་མཚན་ཉིད་ཚང་བའོ། །འདི་ལྟར་ཐུན་མོང་གི་ཐེག་པ་ལས་ཀྱང་། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཅེས་སོ། །ཞར་ལ་མཚན་ཉིད་དང་མི་ལྡན་པ་ཡང་། ཡོན་ཏན་དེ་དག་དང་མི་ལྡན་ཞིང་། ཁྱད་པར་དེ་ཉིད་ལས། མཚན་ཉིད་མི་ལྡན་སློབ་དཔོན་ནི། །ཤེས་ཆུང་ང་རྒྱལ་ཆེ་བ་དང་། །དམ་ཚིག་སྡོམ་པ་རབ་འཆལ་ཞིང་། །སྔགས་ཀྱི་ལྟ་སྤྱོད་ཉམས་པ་དང་། །སྙིང་རྗེ་མི་ལྡན་རྙེད་པ་འཚོལ། །ཞེས་སོ། །

གཉིས་པ་མཚན་ཉིད་དང་ལྡན་པའི་བླ་མ་དེའི་ཆེ་བ་ནི། ཀུན་ཏུ་བཟང་པོ་(༥༤)དངོས་ཡིན་པར་ལེའུ་ཐ་མ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བ་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །

གསུམ་པ་ཇི་ལྟར་གདམས་ཚུལ་ནི། ལེའུ་བཅུ་གསུམ་པ་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་དང་འཕྱར་ལ་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་པ་དང་། རྒྱན་སྟུག་པོ་བཀོད་པ་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །དམན་ལའང་མཆོག་གི་ཆོས་མི་བཤད། །ཅེས་པས་སྣོད་བརྟགས་ལ་བཤད་པར་བྱའོ། །ཅིའི་ཕྱིར་ན་རང་གཞན་ལ་ཉེས་པ་ཆེན་པོ་བསྐྱེད་པའི་ཕྱིར་དང་། རྨད་བྱུང་རྒྱལ་པོ་ལས། སློབ་མ་མ་བརྟགས་སློབ་དཔོན་དགྲ། །འདི་ཕྱིར་གནོད་ཅིང་ཡུན་རིང་འཚེ། །ཞེས་པའི་ཕྱིར་རོ། །

གཉིས་པ་ལ་གསུམ་སྟེ། མཚན་ཉིད། ཆེ་བ། ཇི་ལྟར་ཉན་པའི་ཚུལ་ལོ། །

དང་པོ་ནི། སྤྱིར་དད་པ་དང་དམ་ཚིག་ལྡན་པ། གཏོང་ཕོད་དང་སྲི་ཞུ་ཆེ་བ། ཆོས་དང་བླ་མ་ལ་གུས་པ། གསང་ཐུབ་ཅིང་སྒྲུབ་པ་ལ་བརྩོན་པ་སྟེ། སྔ་མ་ལས། གསང་སྔགས་སློབ་མའི་མཚན་ཉིད་ནི། བླ་མ་ལ་གུས་སྲི་ཞུར་ལྡན། །དད་དང་ངོ་ཚ་ཁྲེལ་ཡོད་ཆེ། །གསང་ཐུབ་བསྒྲུབ་ལ་བརྩོན་པའོ། །ཞེས་པའོ། །ཁྱད་པར་དུ་སྔར་ཐོས་བསམ་ལ་སྦྱངས་པའི་ཤེས་རབ་ཡོད་ཅིང་ཆོས་འདིའི་སྣོད་དུ་གྱུར་པ་སྟེ། འདི་ཉིད་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མཆོག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཅེས་སོ། འདི་དང་མཐུན་པར་ཐེག་པ་ཐུན་མོང་གི་གཞུང་ལས་ཀྱང་། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམ་ཞིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལགས་པར་གསུངས། །ཞེས་སོ། །ཞར་ལ་དེ་ལས་བཟློག་པ་ནི། སྣོད་མ་ཡིན་ལ་ཁྱད་པར་དུ་སྡོམ་པ་དང་དམ་ཚིག་འཆལ་ཞིང་། ཆོས་དང་བླ་མ་ལ་མི་གུས་པ། གྲོགས་དང་མཆེད་ལྕམ་ལ་སྨོད་པ་སྟེ། ཡང་དག་པའི་ལམ་ལ་རྨོངས་ཤིང་། སྒོ་གསུམ་ཁྲེལ་བག་མེད་པ། རྣམ་གཡེང་དང་མི་དགེ་བ་ལ་འཕྱར་བ་ནི་སྤང་བྱ་སྟེ། འདི་ཉིད་ལས། རྨོངས་དང་འཕྱར་ལ་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབས་ལ་ཡུན་རིང་གནས། །(༥༥)ཞེས་སོ། །

གཉིས་པ་སྣོད་ལྡན་གྱི་ཆེ་བ་ནི། འདི་ཉིད་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་པ་དང་། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་པ་དང་། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་འཛིན་ས་ལ་གནས། །ཞེས་སོ། །

གསུམ་པ་ནི། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་དང་བྲལ་བས་ལེགས་པར་ཉན་པ་སྟེ། སྐྱོན་གསུམ་ནི། ཚིག་དོན་ཅུང་ཟད་མི་གཉེར་བ་ཁ་སྦུབས་ལྟ་བུ་དང་། ཅུང་ཟད་ཟིན་ནའང་མི་བརྟན་པར་ཞབས་རྡོལ་བ་ལྟ་བུ་དང་། ཟིན་ཡང་ཉོན་མོངས་པའི་གཉེན་པོར་མི་འགྲོ་བར་གྲོགས་སུ་འགྱུར་བ་དུག་ཅན་ལྟ་བུ་གསུམ་དང་བྲལ་བས་ཉན་པ་སྟེ། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ། །ཞེས་པ་ལྟ་བུའོ། །ལེགས་པར་ནི་དུག་ཅན་དང་། རབ་ཏུ་ཉོན་ནི་ཁ་སྦུབས་དང་། ཡིད་ལ་ཟུངས་ཤིག་ནི་ཞབས་རྡོལ་ལ་གདམས་པའོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་སྟེ། སློབ་དཔོན་དང་གྲོགས་ལས་ང་ལྷག་སྙམ་པའི་ང་རྒྱལ་དང་། སློབ་དཔོན་དང་ཆོས་དང་མཆེད་གྲོགས་རྣམས་ལ་མ་དད་པ་དང་། ཆོས་ལ་འདོད་འདུན་དང་དོན་གཉེར་མེད་པ་དང་། དབང་པོ་ཡུལ་གྱི་ཕྱིར་འབྲང་ཞིང་རྩེ་གཅིག་ཏུ་མི་འཇོག་པ་དང་། སེམས་བྱིང་རྨུགས་ཀྱིས་ནང་དུ་སྡུད་པ་དང་། འཆད་ཉན་གྱི་ཚེ་འདིས་ཅི་བྱེད་སྙམ་དུ་བདུད་ཀྱིས་བཅོས་པའི་སྐྱོ་བས་ཉན་པ་རྣམས་ནི། ཚེ་འདིར་ཡང་ཚིག་དོན་ཕུན་སུམ་ཚོགས་པའི་རང་བཞིན་བསམ་གཏན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཆོས་ལ་བར་དུ་གཅོད་ཅིང་། ཕྱི་མར་ཡང་ཆོས་དང་མི་འཕྲད་པའི་ཉེས་པས་འཁོར་བ་མཐའ་མེད་དུ་འཁྱམས་པར་འགྱུར་བས་རབ་ཏུ་གུས་པས་སྤྱོད་ལམ་བསྡམ་ཞིང་ལེགས་པའི་ཚུལ་གྱིས་སོ། །གཉིས་ཀ་ལ་ཐུན་མོང་དུ་འདོམས་པའི་ཚུལ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། དང་པོ་བྱང་ཆུབ་སེམས་བསྐྱེད་དོ། །རང་ཉིད་སྒྲོལ་མར་བསྒོམས་བྱས་ནས། །རྣ་བ་གཡས་པར་པདྨ་བསམ། །སློབ་དཔོན་འཇམ་དཔལ་བསྒོམས་(༥༦)བྱས་ནས། །བླ་མའི་ཞལ་གྱི་འོད་ཟེར་དག །པདྨར་ངེས་པར་ཐིམ་པར་བྱ། །འགྲོ་རྣམས་ལྷ་མོར་བསྒོམས་བྱས་ནས། །ཐོན་ཁར་མི་རྟོག་སྟོང་པ་ཉིད། །སྐད་ཅིག་གཉིས་ཙམ་བསྒོམ་པར་བྱ། །ཞེས་པས། སློབ་དཔོན་འཇམ་དཔལ་དུ་གསལ་བའི་ཞལ་ནས་ཆོས་ཀྱི་གསུང་འོད་ཟེར་དུ་ཐོན་པས། རང་ཉིད་དེའི་ཡུམ་སྒྲོལ་མར་གྱུར་པའི་རྣ་བ་གཡས་པར་ཐིམ་པས་ཚིག་དོན་གྱིས་ལུས་གང་དྲི་མ་དག་པར་བསམ་ཞིང་། ཆོས་ཐོན་དུས་ཆོས་ཐུན་འགོ་ཞབས་འགྱུར་བས་ཀྱང་མི་རྟག་པ་མཚོན་ཞིང་། དེའི་རང་བཞིན་སྟོང་པར་བསམ་པའི་ངང་ནས་བསྔོ་བ་བྱ་ཞིང་སྒྱུ་མ་ལྟ་བུས་ཐུན་མཚམས་འདའ་བར་བྱའོ། །དེའང་འཆད་པ་པོས་ཆོས་བསྟན་པ་ནི་སྦྱིན་པ། ཉོན་མོངས་པ་མེད་པས་ཚུལ་ཁྲིམས། ཆོས་བསྟན་པ་ལ་སྐྱོ་ངལ་དང་གནོད་འཚེ་བཟོད་པས་བཟོད་པ། སྤྲོ་བས་བརྩོན་འགྲུས། ཆོས་འཆད་པ་ལས་གཞན་དུ་མ་ཡེངས་པས་བསམ་གཏན། ཚིག་དོན་འབྱེད་པས་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཤིང་། ཉན་པ་པོས་ཀྱང་ཆོས་འཆད་པའི་སྟན་དང་མཆོད་པ་ཆུ་དང་མེ་ཏོག་ལ་སོགས་པ་འབུལ་བས་སྦྱིན་པ། ལུས་ངག་ཡིད་གསུམ་གྱི་མ་དག་པ་རྐང་པ་བརྐྱང་པ་ལ་སོགས་པ་སྟེ། སྤྱོད་འཇུག་ལས། སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །གདུགས་དང་མཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་པ་ལ་སོགས་པ་ནས། སྒྲ་ཆེ་ཆུང་མི་བྱ་བའི་བར་ནི་ལུས་བསྡམ་པ་དང་། ཅ་ཅོ་དང་ཤུབ་བུ་ཟློས་རེས་བྱེད་པ་ལ་སོགས་མི་བྱ་བ་ནི་ངག་གི་ཉེས་པ་དང་། སེམས་ཀྱི་ཉོན་མོངས་པ་དང་། མ་དད་པ་ལ་སོགས་བསྡམ་པ་ནི་ཚུལ་ཁྲིམས་སོ། །ཆོས་གྲལ་དུ་ལྷགས་པའི་འབུ་སྦྲང་ལ་སོགས་པ་ལ་མི་འཚེ་ཞིང་ཤིག་ལ་སོགས་པའི་གནོད་པ་ཆེ་ཆུང་བཟོད་པ་དང་། ཆོས་སྟོན་པ་ལ་གསོལ་བ་འདེབས་ཤིང་ཉན་པར་བརྩོན་པ་ནི་བརྩོན་འགྲུས་དང་། སེམས་མ་ཡེངས་པར་ཉན་ཞིང་ཐོས་པ་འཛིན་པ་ནི་བསམ་གཏན་དང་། རང་གིས་རྟོགས་པའི་དོན་ལ་དཔྱོད་པ་དང་ཐེ་ཚོམ་གྱི་གཞིར་གྱུར་ན་བླ་མ་ལ་དྲི་ཞིང་རྩོད་པས་རྣམ་པར་གཏན་ལ་དབབ་པ་ནི་ཤེས་རབ་སྟེ། དེ་ཉིད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡམ་པ་དང་། །སྲོག་ཆགས་རྣམས་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་འཛིན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །ཡང་ན་སྣང་བ་ཐམས་ཅད་འོག་མིན་གྱི་ཞིང་ཁམས། ཆོས་སྒར་དེ་ཉིད་དཀྱིལ་འཁོར་གྱི་བཀོད་པ། (༥༧)བླ་མ་ཉིད་གཙོ་བོ་རིགས་ལྔ་ལུས་གཅིག་ལ་ཞལ་ཕྱོགས་བཞི་གང་དུ་བལྟས་ཀྱང་དེར་ལྟ་བས་ཐེག་པ་ཆེན་པོའི་སྒྲ་སྒྲོགས་པའི་གསུང་གི་འོད་ཟེར། འཁོར་རྣམས་ཞི་ཁྲོ་གང་མོས་ཀྱི་ཚོམ་བུར་གསལ་བའི་རྣ་བར་བཞུགས་པས་རྟོགས་པ་བསྐྱེད་ཅིང་། གསུང་ཡི་གེའི་སྤྲིན་ལས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་གསུང་དབྱངས་རྒྱ་མཚོས་སེམས་ཅད་ཐམས་ཅད་ཀྱི་མུན་པ་བསལ་ཞིང་དོན་བྱས་པར་བསམ་མོ། །ཐོན་ཀར་སྣང་སྲིད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་གསལ་བཏབ་ལ། བདེན་པ་དབྱེར་མེད་པའི་ངང་ལས་བསྔོ་བ་བྱས་ལ་ལངས་ཏེ་སྒྱུ་མའི་ངང་ནས་ཐུན་མཚམས་ཀྱི་བྱ་བ་རྣམས་བྱའོ། །འདི་དག་ནི་གནད་དམ་པའོ། །

གསུམ་པ་དེ་གཉིས་ཀྱིས་གཏན་ལ་དབབ་བྱ་རྒྱུད་ཀྱི་དོན་དངོས་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུད་གསུམ་སྤྱིའི་རྣམ་པར་བཞག་པ་དང་། གསང་ཆེན་དོན་གྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། ལྡང་ཚད་དོ། །

དང་པོ་ནི། དེ་བཞིན་གཤེགས་པ་དངོས་སམ་དངོས་ཀྱི་བདག་རྐྱེན་ལས་བཀའ་བྱིན་གྱིས་བརླབས་པ་གང་ཞིག །འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ཏེ། རྡོ་རྗེ་ལས། གསུངས་སོ་བསྟན་ནོ་བྱིན་གྱིས་བརླབས། །རབ་འབྱམས་ཐེག་པའི་སྙིང་པོ་མཆོག །རང་བཞིན་རབ་ཏུ་འབྲེལ་བའི་ཕྱིར། །རྒྱུད་ཅེས་ངེས་པར་བཞག་པ་ཡིན། །ཞེས་སོ། །དེའང་གཞི་ལམ་འབྲས་བུ་གསུམ་ཀ་ཡེ་ནས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། དེའི་རང་བཞིན་གསུངས་པའི་མཚན་ཉིད་འདིར་འདུས་པ་ཁོ་ནའོ། །

གཉིས་པ་ལ་གསུམ་སྟེ། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མ་ཕྱི་མའི་རྒྱུད་དོ། །

དང་པོ་ནི། གཞུང་གཞན་ལ་མ་བརྟེན་པར་གཞན་བསྐྱེད་པར་ནུས་པ་རྩ་བའི་རྒྱུད། དེའི་དོན་རྒྱས་པར་སྟོན་པ་གཉིས་པའོ། །མ་ཚང་བ་ཁ་སྐོང་བ་གསུམ་པའོ། །ཡང་རྩ་བ། བཤད་རྒྱུད། རྒྱུད་ཕྱི་མ་གསུམ་དུའང་བསྟན་ཏེ། དང་པོ་ནི་སྔར་བཞིན་ནོ། །

གཉིས་པ་ནི་རྒྱུད་རང་གིས་རྒྱུད་གཞན་གྱི་དོན་འགྲེལ་བར་བྱེད་པ་བཤད་པ་དང་། དེ་གཉིས་ནས་མི་གསལ་བ་གསལ་བར་སྟོན་པ་མ་ཚང་བ་ཁ་སྐོང་བས་རྒྱུད་ཕྱི་མ་ཞེས་བཞེད་དེ། སྔ་མ་དང་དོན་གཅིག་གོ། །དེ་ལྟར་གསུམ་ལས། འདི་ནི་སྒྱུ་འཕྲུལ་རྩ་བའི་རྒྱུད་ཆེན་པོ་སྟེ། འདི་ལ་ཁ་ཅིག་གིས། ཞི་བའི་བསྟོད་པ་ཡན་ཆད་རྩ་བའི་རྒྱུད། མན་ཆད་ལ་ཕྱི་མའི་རྒྱུད་ཟེར་བ་ནི་རིགས་པར་མ་མཐོང་སྟེ། ཐམས་ཅད་རྩ་བའི་རྒྱུད་ཡིན་པར་བསྟན་པ་དང་། རྒྱུད་ལས་ཀྱང་དེ་ལྟར་མ་ཕྱེས་པ་དང་། ཞི་ཁྲོ་གཉིས་སུ་བྱུང་བ་ནི་རྒྱུད་གཞན་(༥༨)ཐམས་ཅད་ཀྱི་རྩ་བར་བསྟན་པ་ཡིན་གྱི། ཁྲོ་བོའི་དཀྱིལ་འཁོར་ཞི་བའི་གཡོན་དུ་བསྟན་པའི་རྣམ་དབྱེ་དེ་ནི་ཤིན་ཏུ་འགལ་བར་མཐོང་ངོ་། །

གསུམ་པ་ལྡང་ཚད་ནི། རྒྱུད་དེ་ཉིད་བྱ་བ་གཞན་གྱི་འཕྲོ་གཞིར་འགྱུར་ཞིང་། གཞན་ལ་དེའི་ཆོ་ག་མི་ལྟོས་ན་རྒྱུད་ཆེན་པོ་ཞེས་བྱ་སྟེ། རྩ་བའི་རྒྱུད་འདི་བཞིན་ནོ། །གཞན་ལས་འཕྲོས་ཤིང་གཞན་དུ་ལྟོས་ན་ཡན་ལག་གི་རྒྱུད་དམ་བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་སྟེ། རྒྱུད་ཆུང་ངུའོ། །དཔེར་ན་རྩེ་མོ་རིགས་བསྡུས་བཞིན་ནོ། །རྒྱུད་སོ་སོའི་ལྡང་ཚད་ནི། རང་གི་ལམ་ཐབས་མཆོག་ལ་བརྟེན་ནས་ཉོན་མོངས་པ་རང་སར་དག་ཅིང་། དངོས་གྲུབ་གཉིས་སྒྲུབ་པའི་རང་བཞིན་འབྲེལ་ཆགས་པ་ནི་རྒྱུད་དུ་བཀོད་པ་ཙམ་སོ་སོའི་ཚད་དོ། །གཞི་ལམ་འབྲས་བུ་གསུམ་ཀྱང་རང་རང་གི་ངོ་བོ་ཟམ་མ་ཆད་ཅིང་། ཐབས་མཆོག་གི་གཞི་དང་། ལམ་དང་། འབྲས་བུར་གནས་པས་རྒྱུད་ཅེས་རྣམ་པར་བཞག་གོ། །འདི་དག་ལ་ཡི་གེ་མི་འདྲ་བ་ཤིན་ཏུ་མང་བས་འདིར་མ་བྲིས་སོ། །

གཉིས་པ་གསང་ཆེན་དོན་གྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གཞི་དང་ལམ་དང་། འབྲས་བུའི་རྣམ་པར་བཞག་པའོ། །དེ་སྐད་དུའང་རྡོ་རྗེ་ལས། གཞི་དང་། ལམ་དང་ངོ་བོ་ཡིས། །ངེས་པ་རྣམ་པ་གསུམ་དུ་གསུངས། །ཞེས་སོ། །དང་པོ་ལ་གཉིས་ཏེ། གནས་ལུགས་དོན་གྱི་གཞི་དང་། རྟོགས་པ་ལམ་གྱི་གཞིའོ། །དང་པོ་ལ་གསུམ་སྟེ། གཞིའི་གནས་ལུགས། སྣང་ཚུལ། དབྱེ་བའོ། །

དང་པོ་ནི། ཡེ་ནས་འོད་གསལ་བའི་སེམས་ཉིད་ཀྱི་རང་བཞིན་དཀྱིལ་འཁོར་གསུམ་དུ་སངས་རྒྱས་ཤིང་དངོས་པོ་དང་མཚན་མ་གང་ཡང་མ་གྲུབ་པ་སྟེ། འདི་ཉིད་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པ་དང་། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་པ་དང་། ཡང་། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་པས། འདིའི་དོན་ངེས་པར་བྱ་བ་ལ་དཔེ་དོན་རྟགས་གསུམ་ལས། སེམས་ཉིད་རང་བཞིན་གྱིས་དག་པའི་དཔེ་སྟོན་ཀའི་ནམ་མཁའ་སྤྲིན་ཐམས་ཅད་དང་བྲལ་བ་ལྟ་བུ་སྟེ་དངོས་པོ་དང་མཚན་མ་མེད་པའོ། །དོན་ནི་སེམས་ཉིད་གང་དུའང་མ་གྲུབ་ཅིང་སྨྲ་བསམ་བརྗོད་པ་ཐམས་ཅད་ལས་འདས་པ་རང་བྱུང་གི་ཡེ་ཤེས་སོ། །(༥༩)རྟགས་ནི་དྲན་རིག་སྣ་ཚོགས་སུ་གསལ་བ་འདི་ཉིད་ཡིན་ཏེ། གཞི་རྩ་དང་ངོས་བཟུང་མེད་པ། ཁ་དོག་དང་དབྱིབས་མཚན་མེད་ལ་སྣང་བ་འདིས་མཚོན་པའོ། །དེ་སྐད་དུའང་ཀུན་བྱེད་ལས། ང་ཡི་རང་བཞིན་ཤེས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་ལྟོས། །དོན་ནི་ཀུན་ཏུ་སྐྱེ་བ་མེད། །རྟགས་ནི་རིག་པ་བྱང་ཆུབ་སེམས། །ཞེས་སོ། །དེའང་མེད་པ་ཕྱང་ཆད་དུ་མ་སོང་བས་གསལ་ལ་ངོས་བཟུང་མེད་པ་རྒྱ་མཚོ་རྙོགས་དྭངས་པའི་གཏིང་ལྟ་བུ། ཡོད་པ་མཐའ་གཅིག་ཏུ་མ་གྲུབ་པས་དཔེ་སྟོན་ཀའི་ནམ་མཁའ་ལྟ་བུ། ཡོན་ཏན་ལྷུན་གྱིས་གྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། རྒྱ་མཚོ་ལས། ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡིས་མཚོན་པའོ། །ཞེས་སོ། །དེའང་ངོ་བོ་གང་དུའང་མ་གྲུབ་པས་ཀ་དག་ཅེས་བྱ་ལ། ཡོན་ཏན་ཡེ་ནས་རྫོགས་པས་ལྷུན་གྲུབ་ཅེས་བྱ་སྟེ། ངོ་བོ་གཅིག་ལ་རང་བཞིན་གཉིས་སུ་མེད་པ་ཆུ་དང་ཆུ་ཟླའི་ཚུལ་ཏེ། རྒྱས་པ་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །རང་རིག་ཡེ་ཤེས་གཟུགས་སུ་སྐྱེས། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཅེས་སོ། །དབྱེ་ན། ཀ་དག་དང་ལྷུན་གྲུབ་གཉིས་པོ་ལ། དབྱིངས། ཡེ་ཤེས། གཉིས་སུ་མེད་པ་གསུམ་གསུམ་དུ་འདོད་དེ། སྔ་མ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །ལྷུན་གྱིས་གྲུབ་དང་རྣམ་དག་པའོ། །ཞེས་སོ། །དེ་ལ་དབྱིངས་ཀ་དག་ནི་སེམས་ཉིད་ཡེ་ནས་དག་པའོ། །ཡེ་ཤེས་ཀ་དག་ནི་རིག་པ་སྐྱེས་སམ་གནས་དུས་ཉིད་ནས་ངོ་བོ་མེད་པའོ། །གཉིས་མེད་ཀ་དག་ནི་གང་སྣང་བ་ཉིད་ལས་ཐ་དད་པའི་ཆོས་ཉིད་མ་གྲུབ་པའོ། །དེ་བཞིན་དུ། དབྱིངས་ལྷུན་གྲུབ་ནི་ཡེ་ནས་འོད་གསལ་བའི་སེམས་ཉིད་སུས་ཀྱང་མ་བྱས་པར་གདོད་མ་ནས་དུས་གསུམ་འཕོ་འགྱུར་མེད་པར་ཡོད་པ་སྟེ། ལེ་ལག་ལས། འདས་དང་ད་ལྟར་བྱུང་བ་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་ཏེ། །ཞེས་སོ། །ཡེ་ཤེས་ལྷུན་གྲུབ་ནི་དཀྱིལ་འཁོར་གསུམ་དང་ཅིར་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་བ་ཉིད། སུས་ཀྱང་མ་བྱས་པར་ཡེ་ཤེས་ཉིད་རང་སྣང་བར་འདོད་དེ། རྡོ་རྗེ་ལས། ཆོས་ཀུན་ཡེ་ནས་དག་པ་ཡི། །ཡེ་ཤེས་ཉིད་ལ་ཉིད་སྣང་བ། །སུས་ཀྱང་མ་བྱས་རང་བྱུང་བར། །ཡེ་ཉིད་ནས་ནི་ལྷུན་གྲུབ་པའོ། །ཞེས་སོ། །གཉིས་མེད་ལྷུན་གྲུབ་ནི་དེ་ལྟར་ཡེ་ཤེས་སུ་སྣང་བ་ཡང་རྟག་པ་བདེན་པའི་རང་བཞིན་མ་ཡིན་ཏེ། ཆུ་ཟླའམ་གཟུགས་བརྙན་ལྟར་སྣང་ལ་ངོ་བོས་སྟོང་པར་འདོད་པ་ནི། རྒྱས་པ་ལས། འདི་ལྟར་ཐམས་ཅད་གཟུགས་བརྙན་ཏེ། །(༦༠)བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཅེས་སོ། །

གཉིས་པ་སྣང་ཚུལ་ནི། གཞི་དེ་ལྟ་བུ་ལས་མ་རིག་པ་བདག་ཏུ་འཛིན་བྱེད་ཀྱི་བློ་རྟོག་པ་ལངས་པས་འགྲོ་བ་སོ་སོར་སྣང་བ་རྨི་ལམ་ལྟ་བུ་སྟེ། འདི་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་སོ། །དེ་ལྟར་སྣང་དུས་འདི་ཉིད་ན་ངོས་བཟུང་མེད་དེ། ལས་རིམ་ལས། འཁོར་བ་གཟུགས་བརྙན་འདྲ་བ་ཡིས། །རང་བཞིན་ཡེ་ནས་མྱ་ངན་འདས། །ཞེས་སོ། །དེའང་སེམས་ཅན་གྱི་དུས་ན། སེམས་ཀྱི་སྣང་བ་ཡུལ་དང་རྣམ་པ་སྣ་ཚོགས་སྣང་བ་དུང་ལ་སེར་པོར་འཛིན་པ་ལྟ་བུ་ཉིད། འཁྲུལ་པ་དག་ཚེ་སངས་རྒྱས་ལ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་ཞིང་ཁམས་སུ་སྣང་བ་ཡང་། སྔར་གྱི་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་དག་པ་ལས་གྱུར་པ་སྟེ། དུང་སེར་པོ་ཉིད་བད་ཀན་དག་པས་དཀར་པོར་སྣང་བ་བཞིན་ནོ། །

གསུམ་པ་དབྱེ་བ་ལ་གསུམ་སྟེ། དོན་དམ་པ། ཀུན་རྫོབ། དབྱེར་མེད་པའོ། །དེ་སྐད་དུ་ལམ་རིམ་ལས། དེ་ཡང་རྣམ་གསུམ་ཚུལ་དུ་བཞག །ཅེས་སོ། །

དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་སྟེ། རྒྱས་པ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་ཅིང་དམིགས་སུ་མེད། །ཅེས་སོ། །དེའང་ཆོས་ཐམས་ཅད་རིག་པས་གཞིག་ཅིང་བརྟགས་ན་གང་གི་ངོ་བོར་མ་གྲུབ་ཅིང་། སྣང་དུས་ཉིད་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བར་གནས་ཏེ། འདི་ཉིད་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པའི་འདོན་པ་བསྒྱུར་ཏེ། འགགས་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་མེད་པའི་བར་དུ་གསུངས་ཤིང་། རིགས་པས་ཀྱང་གྲུབ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཆོས་ཅན། རང་བཞིན་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཅེས་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པས་ཀྱང་ཤེས་སོ། །མདོར་ན་ཇི་ལྟར་སྣང་བ་དེའི་རང་བཞིན་གདོད་མ་ནས་ངོ་བོ་མེད་པ་ནི་དོན་དམ་པའི་གནས་ལུགས་སོ། །

གཉིས་པ་ཀུན་རྫོབ་ལ་གསུམ་སྟེ། ངོ་བོ། དབྱེ་བ། རང་བཞིན་ནོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་མ་འགགས་སྣ་ཚོགས་སུ་གསལ་བ་འདི་ཡིན་ནོ། །དབྱེ་ན་གཉིས་ཏེ། ཡང་དག་ཀུན་རྫོབ་དང་། ལོག་(༦༡)པའི་ཀུན་རྫོབ་བོ། །

དང་པོ་ནི། འཁྲུལ་པ་དག་པའི་ཚེ་ཐམས་ཅད་དཀྱིལ་འཁོར་གྱི་རོལ་པར་སྣང་བ་ཡིན་ཏེ། འདི་ཉིད་ལས། ཡེ་ཤེས་ཉིད་ལ་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་པ་དང་། ལམ་རིམ་ལས། ཡང་དག་ཉིད་དུ་གྲགས་སོ་ཅོག །གཉིས་སྣང་ཉིད་ནས་གང་ཡིན་པ། །སེམས་ཉིད་ཡེ་ཤེས་སྒྱུ་མར་ཤར། །སྣང་བ་ངོ་བོ་ངེས་མེད་ཅིང་། །ཇི་ལྟར་བལྟས་པའི་སྣང་བ་དང་། །རང་བཞིན་ཐེར་ཟུག་རྟག་ཆད་བྲལ། །ཅེས་སོ། །

གཉིས་པ་ནི། འཁོར་བའི་འཁྲུལ་སྣང་ཇི་སྙེད་པ་ཐམས་ཅད་དེ། དེ་ཉིད་ལས། དེ་ལ་ལོག་རྟོག་སྒྱུ་མ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་སོགས་རྟོག་པ་ལས། །རྟོགས་པ་སྒྱུ་མའི་ཀློང་གྱུར་པས། །སྐྱེས་ཀྱང་མི་བདེན་བསླུ་བ་གྲུབ། །ཅེས་སོ། །

གསུམ་པ་རང་བཞིན་ལ་གཉིས་ཏེ། ཡེ་ཤེས་སྒྱུ་མའི་རང་བཞིན་དང་། ལོག་རྟོག་སྒྱུ་མའི་རང་བཞིན་ནོ། །

དང་པོ་ནི། འོག་མིན་གྱི་ཞིང་ཁམས་ན་ལོངས་སྐུའི་སྣང་བ་དང་། དེ་ལས་འཕྲོས་པའི་སྤྲུལ་པ་སྟེ། འཇའ་ཚོན་ནམ་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་དུས་ཐམས་ཅད་པའི་ངོ་བོར་གནས་ཤིང་། རྒྱུ་རྐྱེན་རང་རྒྱུད་པས་མ་བསྐྱེད་པར་འདོད་དེ། གཞི་ནས་དེ་ལྟར་གནས་པ་གསལ་བའི་ཕྱིར་རོ། །

གཉིས་པ་ནི། འགྲོ་བའི་སེམས་སྣང་རྨི་ལམ་ལྟ་བུ་སྟེ། དེའང་སེམས་ཀྱི་བག་ཆགས་ལས་ཕྱི་རོལ་དོན་གཞན་གྱིས་བསྐྱེད་པའི་རྒྱུ་འབྲས་སུ་མི་འདོད་དེ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་སོ། །འདི་ནམ་བཟློག་ན། ལང་ཀར་གཤེགས་པ་ལས། སྲིད་གསུམ་འདི་ནི་རྨི་ལམ་དང་། །སྨིག་སྒྱུ་ཆུ་ཡི་ཕུང་པོ་བཞིན། །ནོར་བར་མཐོང་ནས་ཕྱིར་བཟློག་གོ། །ཞེས་སོ། །གསུམ་པ་དབྱེར་མེད་པ་ནི། ལོག་རྟོག་སྒྱུ་མ་དང་། ཡང་དག་སྒྱུ་མ་གཉིས་ཀའི་ཚེའང་། རང་གི་སྣང་བ་དེ་དང་དེའི་རང་བཞིན་སྟོང་པ་ལ་ཆུ་དང་ཟླ་གཟུགས་ལྟར་དབྱེར་མེད་པ་ཡིན་ཏེ། འདི་ཉིད་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་སོ། །དེའང་སྒྱུ་མ་འདི་གཉིས་གཅིག་གམ་ཐ་དད། གཅིག་ན་དག་མ་དག་སོ་སོར་བཞག་ཏུ་མེད་པ་དང་། ཕན་ཚུན་འཆོལ་བར་སྣང་བར་འགྱུར་ཞིང་། མི་གཅིག་ན་སེམས་ཉིད་གཅིག་གི་རང་བཞིན་མ་ཡིན་པར་འགྱུར་རོ་ཞེ་ན། ལན་ལ་གཉིས་ལས། ཚུལ་མཚུངས་པ་ནི། རྨི་ལམ་གྱི་འཁྲུལ་སྣང་དང་། ཉིན་སྣང་གི་མ་འཁྲུལ་པ་འདི་གཉིས་ཐ་སྙད་དུ་གཅིག་གམ་ཐ་དད། གཅིག་ན་ཉིན་མཚན་གྱི་སྣང་བ་ཐ་དད་དུ་སོ་སོར་བཞག་ཏུ་མེད་པ་དང་། ཉིན་སྣང་བཞིན་དུ་རྨི་ལམ་ཡང་མ་འཁྲུལ་པ་དང་། རྨི་ལམ་བཞིན་དུ་ཉིན་སྣང་ཡང་(༦༢)འཁྲུལ་པར་འགྱུར་བས་ཕན་ཚུན་འཆོལ་བའི་སྐྱོན་ཡོད་ཅིང་། ཐ་དད་ནའང་སེམས་གཅིག་ལ་སྣང་བའི་རང་བཞིན་མ་ཡིན་པར་འགྱུར་རོ་ཞེ་ན་ལན་ཅི་ཡོད། དེ་སེམས་སུ་ངོ་བོ་གཅིག་ལ་དུས་ཀྱི་ཐ་དད་ཞེ་ན། མཚུངས་ཏེ། རིག་པར་ངོ་བོ་གཅིག་ཀྱང་རྐྱེན་འཁྲུལ་མ་འཁྲུལ་གྱི་གནས་སྐབས་སོ་སོར་སྣང་ཞེས་བྱའོ། །

གཉིས་པ་ལན་དངོས་ནི། དུང་སེར་པོར་འཛིན་དུས་ནས་དཀར་པོར་གནས་པ་དེའི་ཕྱིར། སེར་པོར་མ་གྲུབ་པས་དཀར་པོ་དང་གཅིག་ཐ་དད་དུ་མ་གྲུབ་པ་ལྟར། འཁྲུལ་པར་སྣང་དུས་ཉིད་ནས་མ་འཁྲུལ་པའི་རང་བཞིན་ཡེ་ནས་དག་པར་གནས་པས། ངོ་བོ་གཅིག་པ་དང་ཐ་དད་པ་གང་དུའང་བཞག་ཏུ་མེད་དོ། །དེ་བཞིན་དུ་ཐོ་ཡོར་ལ་མིར་འཁྲུལ་དུས་ཉིད་ནས་ཐོར་གནས་པས། ཐོ་ཡོར་དང་མི་ལ་ངོ་བོ་གཅིག་པ་དང་ཐ་དད་དུ་བཞག་ཏུ་མེད་པ་བཞིན་ནོ། །ཚུལ་འདི་ལྟར་འཁོར་བ་ཉིད་མྱ་ངན་ལས་འདས་པར་འཁྲུལ་པ་གཞི་དང་རྩ་བ་མེད་ཅིང་། དོན་ལ་མི་གནས་པར་བསྟན་པ་སྟེ། འདི་ལས། ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ཡང་། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་དང་། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་པ་དང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་སོ། །དེའང་དུང་དཀར་པོར་སྣང་བ་འདི་བར་སྐབས་སུ་སེར་པོར་སྣང་བ་ལྟར་འཁྲུལ་པར་སྣང་ཡང་། གཟུང་འཛིན་དག་པ་ན་འཁྲུལ་སྣང་འདི་ཉིད་ཡེ་ཤེས་སུ་དག་སྟེ། དུང་སེར་སྣང་དཀར་པོར་དག་པ་བཞིན་སངས་རྒྱས་སོ། །འདི་ལ་གནས་གྱུར་ཞེས་བཏགས་ཀྱང་གནས་གྱུར་མ་ཡིན་ཏེ་སྣང་བ་དེ་ལྟར་གནས་པའོ། །དུང་སེར་པོ་ཉིད་དཀར་པོར་གནས་གྱུར་པ་མེད་དེ། དང་པོ་ནས་དཀར་པོར་གནས་པ་བཞིན་དུ། འཁྲུལ་སྣང་རྟོག་ཚོགས་དང་བཅས་པ་འདི་ཉིད་དང་པོ་ནས་སངས་རྒྱས་པས། དེ་ལས་ལོགས་ཤིག་ཏུ་གནས་སྤོས་པ་བཞིན་གནས་གྱུར་མི་འཐད་ཅིང་འདིའི་དགོངས་པ་མ་ཡིན་ནོ། །དེ་ལ་རྒྱུ་ཡི་ཐེག་པས་ཀུན་རྫོབ་འདུས་བྱས་མི་རྟག་ཅིང་བསླུ་བར་འདོད་དེ། དེ་ལྟར་ན་ལོངས་སྐུའང་བསླུ་བར་ཐལ་ཏེ། གཟུགས་སྐུ་གཉིས་ཀུན་རྫོབ་པས་བསྡུས་པའི་ཕྱིར་དང་། མི་རྟག་པར་ཐལ་བ་ལས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་(༦༣)སླད་རྟག །ཅེས་ཁོ་རང་གི་གྲུབ་མཐའ་ནང་འགལ་བ་ཡིན་ནོ། །འདིར་ནི་ལོག་རྟོག་སྒྱུ་མའི་ཀུན་རྫོབ་མ་རིག་པས་བསྐྱེད་པའི་རྒྱུ་འབྲས་ཡིན་པས་མི་རྟག་པ་དང་བསླུ་བར་འདོད་ལ། ཡང་དག་སྒྱུ་མ་ནི་དང་པོ་ཉིད་ནས་དེ་ལྟར་གཞི་ལ་ལྷུན་གྱིས་གྲུབ་པ་ལམ་གྱིས་ཕྱིན་ཅི་ལོག་དག་པ་ན་སྔར་ཐོག་ཏུ་ཕེབས་པས་དུས་གསུམ་འཕོ་འགྱུར་མེད་དེ། རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །ཚུལ་འདི་རྣམས་བྱམས་པས་ཀྱང་བཤད་དེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །དེས་ན་འདིར་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པའི་དོན་ནི་གནས་ལུགས་དོན་གྱི་གཞིའོ། །

གཉིས་པ་རྟོགས་པ་ལམ་གྱི་གཞི་ལ་གསུམ་སྟེ། གནས་ལུགས། སྣང་ལུགས། དབྱེ་བའོ། །

དང་པོ་ནི། གནས་ལུགས་ཀྱི་གཞི་དེ་ཉིད་བློས་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། རྡོ་རྗེ་ལས། རང་བཞིན་གནས་པའི་གཞི་དེ་ནི། །རྟོགས་པ་རྣལ་འབྱོར་ལམ་གྱི་གཞི། །ཞེས་སོ། །དེའང་མ་རྟོགས་ན་གཞི་དེས་ཀུན་ལ་ཁྱབ་ཀྱང་གཤིས་སུ་གནས་པ་ཙམ་ལས་དོན་བྱེད་མི་ནུས་ཏེ་ཐ་མལ་པའི་སེམས་ཅན་ལ་གནས་པ་བཞིན་ནོ། །དེ་ཉིད་རྟོགས་པ་ལས་ལམ་བསྒོམ་པའི་གཞི་བྱེད་པས་དོན་འགྲུབ་པ་རྣལ་འབྱོར་པའི་ལམ་གྱི་གཞི་ཞེས་བྱའོ། །

གཉིས་པ་ནི། དེ་ཉིད་རྟོགས་པའི་རྣལ་འབྱོར་པ་ནི་དངོས་པོ་མཚན་མར་འཛིན་པ་ཤས་ཆུང་བས་ཐར་པ་ལ་ཉེ་བ་དང་། ཐ་མལ་གྱི་སྣང་བ་མ་དག་པ་དངོས་སུ་མ་ལོག་ཀྱང་སེམས་ཅན་གཞན་ལས་ཁྱད་པར་དུ་འཕགས་ཏེ། དཔེར་ན་རྨི་ལམ་དུ་དགྲ་དང་གཡང་ས་ལ་སོགས་པ་འཇིགས་པ་ཤར་དུས། རྨི་ལམ་དུ་ཤེས་པ་དང་། མ་ཤེས་པ་གཉིས་ཀ་ལ་སྣང་བ་དེ་མ་ལོག་པར་མཚུངས་ཀྱང་། སྡུག་བསྔལ་ལ་ཁྱད་ཡོད་དེ། རྨི་ལམ་དུ་མ་ཤེས་ན་དེའི་བར་ཉིན་དུས་དང་ཁྱད་མེད་པ་ཙམ་མྱོང་དགོས་ལ། དེ་ཉིད་རྨི་ལམ་ཡིན་པར་ཤེས་པ་རྣམས་ལ་སྣང་བ་དེ་དངོས་སུ་མ་ལོག་ཀྱང་སྡུག་བསྔལ་རང་མཚན་པ་མེད་པ་བཞིན་དུ། ཕྱི་ནང་གི་འཁྲུལ་སྣང་རང་མཚན་དུ་ཞེན་པའི་འགྲོ་བ་རྣམས་ལ་གནས་སྐབས་སུ་བདེ་སྡུག་རང་མཚན་པ་ཡོད་ཅིང་། ཡུན་རིང་པོར་འཁོར་བར་འཁྱམས་པའི་ཉེས་པ་ཡོད་ལ། རྣལ་འབྱོར་པ་ཆོས་ཐམས་ཅད་ཀྱི་གཞིའམ་གཤིས་བདེན་པ་དབྱེར་མེད་དུ་རྟོགས་ན་(༦༤)རྣམ་རྟོག་དང་མཚན་འཛིན་ཤས་ཆུང་བས། གནས་སྐབས་སུ་བདེ་སྡུག་ལ་སྤང་བླང་དང་ཞེན་འཛིན་རང་མཚན་པ་མེད་ཅིང་། མྱུར་དུ་འཁོར་བ་མྱང་འདས་སུ་གྲོལ་བར་ངེས་པ་བདེན་མེད་སྒྱུ་མར་སྣང་བ་ཞེས་བྱའོ། །འདིའི་སྣང་བ་དང་སེམས་སྒྱུ་མར་གཉིས་པོ་གང་གི་ནང་དུ་འདུ་ན། འཁྲུལ་སྣང་དང་ཞེན་རྟོག་གི་ཆ་རྣམས་ནི་ལོག་རྟོག་སྒྱུ་མ་ཉིད་དུ་འདུས། སོ་སོ་རང་གི་རིག་པའི་ལྟ་བ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་རྣམས་ནི་ཡང་དག་སྒྱུ་མར་འདུ་སྟེ། ཕྱིན་ཅི་ལོག་གི་བློ་ལས་འདས་པའི་རིག་པ་ཡིན་པའི་ཕྱིར་རོ། །བླ་མ་རོང་པའི་བཞེད་ཀྱིས། གནས་སྐབས་ཕྱིན་ཅི་ལོག་གི་སྒྱུ་མ་སྣང་ཡང་ངེས་པར་མི་གོལ་མི་སྲིད་པས་ཡང་དག་སྒྱུ་མའི་ས་ལ་གཏོགས་པར་བསྡུ་སྟེ། ལྕགས་ཀྱུས་ཟིན་པའི་ཉ་ཆུ་ནང་ན་གནས་ཀྱང་སྐམ་སར་གཏོགས་པ་བཞིན་ནོ་ཞེས་གསུང་ངོ་། །

གསུམ་པ་ལ་གསུམ་སྟེ། མཉམ་པ་ཉིད་བཞི། དག་པ་གསུམ། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གནས་ལུགས་ཀྱི་གཞི་རྟོགས་པ་ལམ་གྱི་གཞིར་བསྒྲུབ་པའོ། །

དང་པོ་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་དག་མཉམ་རྫོགས་པ་ཆེན་པོར་གནས་པ་ཡིན་ཏེ། གདོད་མ་ནས་མཉམ་པ་ཉིད་བཞིའི་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལ་ཐུན་མོང་གི་མཉམ་པ་གཉིས་དང་། ལྷག་པའི་མཉམ་པ་གཉིས་སོ། །

དང་པོ་ཐེག་པ་ཐུན་མོང་གི་འདོད་པའི་བདེན་པ་གཉིས་ཀྱིས་གཞལ་བས་ཀྱང་མཉམ་སྟེ། སྣང་ཙམ་ཉིད་ནས་རང་བཞིན་མ་གྲུབ་པའི་ཕྱིར། སྒྱུ་མ་ལྟ་བུར་ཆོས་ཐམས་ཅད་མཉམ་སྟེ། རྣམ་བཀོད་ལས། ཐུན་མོང་རྒྱུ་ཡི་ཀུན་རྫོབ་ཏུ། །རྐྱེན་བཞི་འདུས་ཙམ་སྒྱུ་མ་ཙམ། །ཞེས་སོ། །དོན་དམ་པར་གང་དུའང་མ་གྲུབ་པའི་ཕྱིར་ཆོས་ཐམས་ཅད་མཉམ་སྟེ། དེ་ཉིད་ལས། ཀུན་བརྟགས་སྤྲོས་པ་བཅས་པའི་ཕྱིར། །རྣམ་གྲངས་དོན་དམ་ཞེས་ཀྱང་བྱ། །དེ་ལ་རྒྱུ་རྐྱེན་ཆ་དབྱེ་བས། །འདུས་སྣང་དངོས་པོ་མ་སྐྱེས་ལ། །དོན་དམ་མཉམ་པར་འདོད་པ་སྟེ། །རྟེན་ཅིང་འབྲེལ་བས་སྒྲུབ་པའི་མཐའོ། །ཞེས་སོ། །

གཉིས་པ་ཐུན་མོང་མ་ཡིན་པའི་ཐེག་པ་ལ་གྲགས་པའི་བདེན་པ་གཉིས་ཀྱིས་གཞལ་ནའང་ཆོས་ཐམས་ཅད་མཉམ་ཉིད་དུ་གནས་པ་ལས། དང་པོ་ཀུན་རྫོབ་སྒྱུ་མར་མཉམ་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། བཟང་ངན་བླང་དོར་གྲུབ་པ་མེད་དེ། སྣང་བ་སྒྱུ་མར་དག་ཅིང་དེའི་རང་བཞིན་བདེན་མེད་ལས་འདུས་པའི་ཕྱིར་རོ། །དེ་ཉིད་ལས། ཀུན་རྫོབ་སྒྱུ་མར་སྣང་བ་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། ཐམས་ཅད་(༦༥)སྣང་ལ་རང་བཞིན་མེད། །ཅེས་སོ། །དོན་དམ་སྐྱེ་འགགས་མེད་པའི་ཕྱིར། མཉམ་པ་ཉིད་དུ་གནས་ཏེ། དེ་ཉིད་ལས། དོན་དམ་སྐྱེ་འགགས་མེད་པ་སྟེ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །ཞེས་སོ། །དེའང་ཐེག་པ་འོག་མ་ལྟར་ཀུན་རྫོབ་སྐྱེ་འགགས་བྱེད་ལ་དོན་དམ་མི་བྱེད་པ་ལྟར་མ་ཡིན་ཏེ། གནས་ལུགས་ལ་ཀུན་རྫོབ་ཀྱང་སྣང་དུས་ཉིད་ནས་དོན་དམ་དང་དབྱེར་མེད་པས། སྐྱེ་འགགས་མི་བྱེད་པར་འདོད་དེ། རྣམ་བཀོད་ལས། དོན་དམ་ཀུན་རྫོབ་དབྱེར་མེད་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །མེད་དང་ཡོད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །དངོས་མེད་དེ་ཉིད་སྣ་ཚོགས་པའི། །དེ་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཞེས་པ་དང་། འདི་ཉིད་ལས། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །ཞེས་པ་དང་། བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །ཞེས་སོ། །ལོག་རྟོག་སྒྱུ་མའང་རྨི་ལམ་བཞིན་དུ་སྐྱེ་འགག་ཏུ་སྣང་ཡང་སྐྱེ་འགག་ཏུ་དོན་ལ་མ་གྲུབ་པས་ཀུན་རྫོབ་སྐྱེ་འགག་གྲུབ་པར་མི་འགྱུར་ཞིང་། ཡང་དག་སྒྱུ་མ་དུས་གསུམ་འཕོ་འགྱུར་མེད་པས་སྐྱེ་འགགས་མི་བྱེད་པ་ཁོ་ནར་འདོད་དོ། །ཚུལ་འདི་ཉིད་སློབ་དཔོན་ཟླ་བ་གྲགས་པས་ཀྱང་བཤད་དེ། བདེན་པ་གཉིས་ཆར་དུའང་རང་བཞིན་ཡོད་མིན་པས། །འདི་དག་རྟག་པ་མ་ཡིན་ཆད་མ་ཡིན། །ཞེས་པ་དང་། ཀླུ་སྒྲུབ་ཀྱིས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །

གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས། ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་མཉམ་རྫོགས་གཅིག་ཏུ་གནས་པ་ཡིན་ཏེ། དག་པ་གསུམ་དུ་གནས་པའི་ཕྱིར་རོ། །དེ་ལ་སྣོད་ཡུམ་ལྔར་དག །བཅུད་ཀྱི་ཕུང་པོ་ལྔ་ཡབ་ལྔར་དག །རྒྱུད་ཀྱི་རྟོག་ཚོགས་བརྒྱད་བྱང་ཆུབ་སེམས་དཔར་དག་པའོ། །འདི་དག་གི་རང་བཞིན་སྔར་བསྟན་ཟིན་མོད་ཀྱི་འོན་ཀྱང་ཅུང་མི་འདྲ་བས་ལུང་གཞན་དང་མཚུངས་པར་བཤད་ན། རྣམ་བཀོད་ལས། རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུད་ལས་དག །ཡུམ་གྱི་རང་བཞིན་ཉིད་དུ་གནས། །ཞེས་པ་(༦༦)དང་། ཟླ་བ་རུས་པ་རྡོ་རྗེ། ཤ་རིན་པོ་ཆེ། དྲི་ཆེན་དེ་བཞིན་གཤེགས་པ། དྲི་ཆུ་ལས། ཉི་མ་ཁྲག་པདྨའི་རིགས་ཏེ་ཡབ་ལྔར་དག་པ་དེ་ཉིད་ལས། འབྲས་བུ་ཡོངས་སུ་དག་པ་ན། །སེམས་ཅན་ཀུན་གྱི་རུས་པ་དེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ནོ། །ཤ་ནི་པདྨའི་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །དོན་དམ་དམིགས་མེད་དག་པ་ཡིས། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །རང་གི་ངོ་བོར་མ་ཡིན་ཏེ། །སྐྱེ་འགགས་མེད་པར་ཡེ་ནས་དག །ཅེས་པ་དང་། རྟོག་ཚོགས་རྒྱུད་ནི་སེམས་དཔའ་ཆེ། །ཞེས་སོ། །

གསུམ་པ་རྟོགས་པ་བཞིའི་གཏན་ཚིགས་ནི། རྟོགས་པ་བཞིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། རྣལ་འབྱོར་པས་དག་མཉམ་རྫོགས་པ་ཆེན་པོར་དབང་འབྱོར་པ་ཡིན་ཏེ། དེ་དག་གི་རང་བཞིན་རྟོགས་པ་བཞིར་བློས་ངེས་པའི་ཕྱིར་རོ། །དེའང་འདི་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་སོ། །ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་ཡེ་ནས་དག་པར་རྒྱུ་གཅིག་པ་དང་། སྐུ་གསུང་ཐུགས་ཀྱི་ཡི་གེའི་སྤྲིན་དུ་ཡེ་ནས་གནས་ཤིང་མ་སྐྱེས་པར་གཅིག་པ་དང་། དེ་དག་ཀྱང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པས་བྱིན་གྱིས་བརླབས་ཤིང་། བླ་མས་ཀྱང་དབང་ལ་སོགས་པས་ལམ་དུ་བྱིན་གྱིས་བརླབས་པ་དང་། དེ་དག་ཀྱང་ཇི་ལྟར་གནས་པ་བཞིན་བསྟན་པའི་གནས་ལུགས་རང་གི་ཡིད་ཆེས་པར་མངོན་སུམ་དུ་རྟོགས་པ་བཞིའི་ངོ་བོར་ཁོང་དུ་ཆུད་པ་ནི། གཤིས་ཀྱི་གཞི་ལམ་གྱི་གཞིར་འགྲུབ་པར་བྱེད་པའི་གཏན་ཚིགས་སོ། །དེ་ལྟར་ཆོས་ཐམས་ཅད་སྣང་སྟོང་གཉིས་སུ་མེད་པས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྟོགས་པས། རྟག་ཆད་ཀྱི་མཐའ་ལས་གྲོལ་བ་དང་། ཚོགས་གཉིས་མྱུར་དུ་རྫོགས་པ་དང་། ལམ་ལ་གོལ་ས་མེད་པ་དང་། ཐར་པ་བྱང་ཆུབ་ཏུ་ངེས་པ་དང་། ངན་འགྲོར་མི་ལྟུང་ཞིང་བཟང་འགྲོར་བརྒྱུད་པ་དང་། ལས་ཀྱི་ཉེས་པས་མི་གོས་པ་དང་། ཐེག་པ་དམན་པ་ལས་གྲོལ་བ་དང་། དངོས་པོ་དང་མཚན་མར་མི་འཛིན་པ་དང་། དོན་གཉིས་ལྷུན་གྱིས་གྲུབ་པ་ལ་སོགས་པའི་ཡོན་ཏན་ཚད་མེད་དེ། ལམ་རིམ་ལས། གང་ཞིག་འདི་འདྲར་མཐོང་རྟོགས་པ། །དངོས་གྲུབ་མཆོག་གི་སྙིང་པོ་སྟེ། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐར་མི་གཏོང་། །རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་(༦༧)གསལ་གསུམ་བྲལ་མི་འགུལ་བས། །ངེས་པར་གདིང་དུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། །དེ་ལས་མཚན་མ་འབྱུང་བ་ནི། །སྟོབས་ཀྱི་རྟོགས་པའི་རླུང་ལྡན་ལ། །འཕོ་འགྱུར་མཐོང་ལ་འཇིགས་མེད་ཅིང་། །འཁྲུལ་པའི་ཁམས་ལ་སྐྱོ་བ་མེད། །གྲུབ་པའི་གནས་ལ་མི་སྨོན་ཏོ། །ཞེས་སོ། །འཕོ་འགྱུར་ནི་འཆི་བ་སྟེ་ཉམ་མི་ངའོ། །དེ་དག་གིས་གཞི་བསྟན་ཟིན་ཏོ། །

གཉིས་པ་ལམ་ལ་གཉིས་ཏེ། གང་གིས་སྒོམ་པ་གང་ཟག་གི་མཚན་ཉིད་དང་། གང་བསྒོམ་པ་ལམ་དངོས་ཀྱི་རིམ་པའོ། །

དང་པོ་ནི། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པ་ཉེ་རིང་ཕྱིར། །རིམ་དང་ཅིག་ཆར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་པས། རང་བཞིན་གྱི་སྣོད་དང་། སྦྱངས་པའི་སྣོད་དོ། །

དང་པོ་ནི། གཞི་ཡེ་ནས་དབང་པོ་རྣོན་པོར་གྱུར་པ་སྟེ། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་ཡེ་ནས་དབང་པོ་ཆིག་ཆོད་ཡོད། །ལ་ལ་དབང་པོ་སྦྱངས་པའི་བློ་ཅན་ཡོད། །ཅེས་པ་དང་། མཉམ་སྦྱོར་ལས། ངོ་བོ་ཉིད་དང་མཐུ་དག་དང་། །རང་བཞིན་གྱིས་ནི་དེ་གྲུབ་བོ། །ཞེས་པ་དང་། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་སེམས་ཅན་དེ་དག་ནི། སེམས་ཅན་གྱི་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོན་པོ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་དང་། ཆེ་བ་དང་། ཆུང་བ་ཤ་སྟག་གིས་གང་བས་གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ། རིམ་གྱིས་པ་དང་། ཅིག་ཆར་དུ་ཐོས་ན་དེ་ལ་མི་སྐྲག་མི་དངངས་ཤིང་། དགའ་བ་དང་། མགུ་བ་དང་། རངས་པར་གྱུར་པའི་ཕྱིར་སྣ་ཚོགས་སུ་སྣང་ངོ་། །ཞེས་པ་དང་། ཐབས་ཞགས་ལས། སེམས་ཅན་དེ་དག་ལས་རང་བཞིན་གྱི་དབང་པོ་རྣོན་པོ་ནི། མི་གཡོ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཞེས་པ་དང་། ཐུན་མོང་གི་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། ཁ་ཅིག་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་ལ། ཁ་ཅིག་ནི་རྟུལ་པོར་གནས་ཏེ། ཞེས་པ་དང་། མཛོད་ལས་ཀྱང་། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་པ་ལ་སོགས་པ་བྱུང་བས། གཞི་ནས་དབང་པོ་ལ་རྣོ་རྟུལ་ཡོད་ཅིང་། སྦྱངས་པས་ཀྱང་རྟུལ་པོ་རྣོན་པོར་གྲོལ་བར་བཤད་དོ། །འདི་ཉིད་ཀྱི་རྣོན་པོ་མཧཱར་འཇུག་ཚུལ་གཉིས་ལས། ཅིག་ཆར་བ་ནི། སྔ་མ་དང་ཡང་སྔ་ལ་སོགས་པར་ཐེག་པ་གང་ལའང་མ་སྦྱངས་ཤིང་། (༦༨)འདིར་ཡང་ཐེག་པ་གང་དུའང་མ་སྦྱངས་པར་མཧཱ་དང་ཨ་ཏིར་འཇུག་པའོ། །རིམ་གྱིས་པ་ནི། སྔར་གང་དུའང་མ་ཞུགས་མ་སྦྱངས་ཀྱང་། འདི་ལ་མཧཱ་མན་ཆད་གང་རུང་ལ་རིམ་པར་གསུམ་མམ་གཅིག་ཏུ་ཞུགས་པའི་རྗེས་ལ་ཨ་ཏིར་འཇུག་པའོ། །དེ་ལྟར་ཐེག་པ་ལ་ཞུགས་མ་ཞུགས་ཀྱིས་རིམ་གྱིས་པ་དང་། ཅིག་ཆར་བ་ཞེས་བྱ་སྟེ། དེ་གཉིས་ཡེ་ནས་ལྷུན་གྱིས་གྲུབ་པའི་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་གྱི་དོན་ཁོང་དུ་ཆུད་ཅིང་གྲུབ་པས། དབང་པོ་རྣོན་པོ་ལྟ་བ་ཡངས་པ་དེ་ཉིད་མྱུར་དུ་གྲོལ་ཏེ། ལམ་རིམ་ལས། ལ་ལ་དབང་པོ་རྣོ་བ་དག །ཐེག་པ་ཆེན་པོར་གཉིས་འཇུག་སྟེ། །མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡངས། །ཟབ་ཡངས་རྒྱུ་ཡི་གང་ཟག་དེ། །ཉིད་དང་རྐྱེན་དང་དེ་རིམ་པས། །ཕྱེ་བས་རྒྱུ་འབྲས་ཆེན་པོ་རྣམས། །མ་ངེས་འཇུག་དང་འདི་ཉིད་དུའོ། །ཞེས་སོ། །འདིར་རང་དང་གཞན་གྱི་གྲུབ་པའི་མཐའ་ལ་རབ་ཏུ་རྨོངས་ཤིང་། ཐེག་པ་ཆེན་པོའི་ཕྱོགས་ལ་བློ་ཁ་མ་ཕྱོགས་ཏེ། ཕྲག་དོག་གི་མུན་པ་མི་བཟད་པ་དང་། ཀུན་ནས་དཀྲིས་པའི་ཁྲོ་གཉེར་རྒྱུན་རིང་བས་རང་གི་དགེ་ཚོགས་མ་རུང་པར་བྱེད་པའི་བློ་ངན་དག་ན་རེ། གཞི་ནས་དབང་པོ་ལ་རྣོ་རྟུལ་མི་རིགས་ཏེ། ཐམས་ཅད་རྟུལ་པོ་ཤ་སྟག་ཡིན་པས་སྦྱངས་ན་དེར་འགྱུར་གྱི། ཁྱེད་ཀྱིས་དེ་སྐད་བརྗོད་པ་ནི་ཕྱིན་ཅི་ལོག་ཅེས་ཟེར་རོ། །དེ་ལྟར་ན་སྦྱངས་ཀྱང་རྟུལ་པོ་ཉིད་དུ་གྲུབ་པ་དེ། རྣོན་པོར་འགྱུར་མི་རིགས་ཏེ། སོལ་བའི་དངོས་པོ་ཇི་ཙམ་སྦྱངས་ཀྱང་གསེར་དུ་མི་འགྱུར་བ་བཞིན། ཞེས་པ་འདི་ལ་ལན་ཅི་ཡོད། ལུང་གིས་ཀྱང་གནོད་དེ། ཕལ་པོ་ཆེ་ལས། ཞིང་རྣམས་ཀུན་ཀྱང་སྣ་ཚོགས་ཏེ། །ལ་ལ་རིན་ཆེན་རྣམ་པར་བཀྲ། །ཁ་ཅིག་ཉོན་མོངས་ཀུན་གྱི་གནས། །སེམས་ཅན་ཀུན་ཀྱང་ཐ་དད་དེ། །ཁ་ཅིག་སེམས་དགེ་རབ་དྭངས་ཤིང་། །དབང་པོ་མཆོག་དང་རབ་ལྡན་ཏེ། །ལ་ལ་མི་ཤེས་ཀུན་ནས་རྨོངས། །གཞི་ནི་རང་བཞིན་ཐ་དད་ཅིང་། །རིག་པ་བྱེ་བྲག་སོ་སོར་སྣང་། །དེ་བཞིན་མདོག་དབྱིབས་བདེ་སྡུག་དང་། །རང་བཞིན་རྒྱ་མཚོའི་ཚད་དང་ལྡན། །ཅེས་པ་དང་ཡང་འགལ་བ་ཡིན་ནོ། །གཉིས་པ་སྦྱངས་བའི་སྣོད་ནི། ཚེ་རབས་ནས་ཐེག་པ་སྣ་ཚོགས་ལ་སྦྱངས་པའོ། །དེ་ལའང་གཉིས་ལས། སྦྱངས་པའི་རིམ་གྱིས་པ་ནི། སྔ་མ་དང་ཡང་སྔ་ལ་ཐེག་པ་མཐའ་དག་ལ་སྦྱངས་ཤིང་། འདིར་ཡང་ཀུན་ལ་རིམ་པར་ཞུགས་ཤིང་སྦྱངས་པའི་མཐར་ཨ་ཏིར་འཇུག་པ་སྟེ། སྔ་མ་ལས། དེ་ཕྱིར་མ་ངེས་རིགས་མཚོན་ནས། །མུན་པའི་ཤེས་པ་(༦༩)དེ་དག་ཉིད། །རང་བཞིན་རྒྱུ་ཡི་སྙུང་བར་གནས། །ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །ལམ་སྟེགས་སྔོན་དུ་རྫོགས་པར་སྤྱོད། །ཅེས་སོ། །སྦྱངས་པའི་ཅིག་ཆར་བ་ནི། སྔ་མ་ཡང་སྔར་ཀུན་ལ་སྦྱངས་པ་ཞིག་འདིར་གང་ལའང་མ་ཞུགས་མ་སྦྱངས་པར་ཨ་ཏི་ཉིད་ལ་འཇུག་པའོ། །སྔ་མ་ལས། ཁ་ཅིག་དུས་མཐའ་ཅིག་ཆར་བ། །བསྐལ་པ་རྡུལ་སྙེད་སྔོན་སྦྱངས་པས། །ཐུན་མོང་དེ་ཉིད་སྦྱངས་པའི་མཐར། །རིམ་གྱིས་སྦྱངས་ལ་ཅིག་ཆར་བགྲོད། །ཅེས་སོ། །འདི་ལ་གླན་རྡོ་རྗེ་འོད་ནི། སྔོན་སྦྱངས་འདིའི་ཚེ་སྟོད་ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལ་སྦྱངས་ནས། སྔགས་ཕྱི་པ་བོར་ཏེ་འཇུག་པར་བཞེད་དོ། །དེ་ལྟར་ན་ཅིག་ཆར་བ་ཡང་དག་ཏུ་མི་འགྱུར་རོ། །ཞར་ལམ་དུ་ཞུགས་ཟིན་གྱི་དབང་དུ་བྱས་ནས་ཅིག་ཆར་བ་ནི་དུས་མྱུར་བར་འབྲས་བུ་ཐོབ་པ་དང་། ལམ་སྔ་མ་ཁ་ཅིག་བཞག་ནས་ཕྱི་མ་བསྒོམ་པའང་ཡོད་ལ། རིམ་གྱིས་པ་ནི་རིམ་པ་ཇི་སྐད་བཤད་པ་བཞིན་ནོ། །དེ་དག་ཀྱང་འཇུག་ཚུལ་གྱིས་གཉིས་སུ་བཤད་དེ། ཆགས་པ་ཅན་དང་། ཆགས་པ་བྲལ་བའོ། །

གཉིས་པ་གང་བསྒོམ་པ་ལམ་དངོས་ཀྱི་རིམ་པ་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལམ་མོ། །

དང་པོ་ནི། མ་ངེས་པའི་རིགས་ཅན་འགའ་ཞིག་འོག་མའི་ལམ་སྟེགས་སྔོན་ལ་མ་བསྟན་ན་མི་འཇུག་པ་ཡོད་སྲིད་པས། དེ་གཞུག་པའི་དོན་དུ་ཐུན་མོང་གི་ལམ་རེ་ཞིག་བསྟན་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །

གཉིས་པ་ལ་གཉིས་ཏེ། ལམ་དུ་འཇུག་པའི་ཚུལ་སེམས་བསྐྱེད་པ་དང་། ལམ་དངོས་ཀྱི་རིམ་པའོ། །

དང་པོ་ཐུན་མོང་གི་ཐེག་པ་ལས་སྨོན་འཇུག་གཉིས་བཤད་པ་ལྟར། འདིར་ཡང་ལམ་ལ་འཇུག་པ་རྒྱུའི་སེམས་བསྐྱེད་དང་། ཞུགས་ནས་སྤྱོད་པ་འབྲས་བུའི་སེམས་བསྐྱེད་གཉིས་སུ་བཤད་དེ། སྤྱན་འགྲེལ་ལས། རང་བཞིན་མངོན་བྱེད་རྣལ་འབྱོར་པ། །ངོ་བོ་རྐྱེན་གྱི་རྣམ་པར་དབྱེ། །རིགས་དང་རིགས་སུ་ངེས་པ་ཡིས། །དང་པོ་རྣམ་པ་གཉིས་གྱུར་པ། །ཞེས་པས། དང་པོ་ནི། བླ་མས་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོར་ཐེག་པ་ཐུན་མོང་གི་སྨོན་འཇུག་གཉིས་བསྐྱེད་ནས། དབང་བསྐུར་བས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་དེ་ལམ་དང་པོར་ཚུད་པ་ཡིན་ནོ། །

གཉིས་པ་ནི། ལམ་སོ་སོའི་ཐབས་དང་། ཤེས་རབ་ཁྱད་པར་ཅན་གྱི་སེམས་ཐམས་ཅད་ཡིན་ཏེ། སྔ་མ་ལས། ལམ་གྱི་ངོ་བོ་སེམས་(༧༠)བསྐྱེད་པ། །རང་རང་ཐབས་དང་ཤེས་རབ་མཆོག །ཅེས་སོ། །

གཉིས་པ་ལ་གཉིས་ཏེ། ལམ་གཉིས་ཀྱི་རིམ་པ་སྤྱིར་བསྟན་པ་དང་། ལམ་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། གྲོལ་ལམ་དང་། ཐབས་ལམ་མོ། །དང་པོ་ནི། གང་ཟག་ལས་དང་པོ་པའམ་ཆགས་བྲལ་རྣམས་འཇུག་པའི་ལམ་སྟེ། ལྷ་དང་། མི་རྟོག་པ་བསྒོམ་པ་གཉིས་སོ། །

དང་པོ་ནི། གཞི་བདེན་པ་དབྱེར་མེད་རྟོགས་ནས། སྔོན་འགྲོ། དངོས་གཞི། རྗེས་གསུམ་ཚང་བས་བསྙེན་སྒྲུབ་བཞིའི་ལྷ་བསྒོམ་པའོ། །དེའང་རིམ་གྱིས་དང་སྐད་ཅིག་བསྒོམ་པའི་གང་ཟག་གཉིས་སོ། །

གཉིས་པ་མི་རྟོག་པའང་། ལུས་ཆོས་བདུན་ལྡན་པས་ཆོས་ཐམས་ཅད་ཡུལ་སེམས་གཉིས་སུ་མེད་པ་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པ་སྟེ། འདི་ལའང་རང་གསལ་གཉིས་མེད་དུ་སྐད་ཅིག་གིས་འཇོག་པ་དང་། རིམ་གྱིས་བསྒོམས་པས་འཇོག་པ་སྟེ། ཅིག་ཆར་བ་དང་རིམ་གྱིས་པ་གཉིས་ཡོད་དོ། །དེ་སྐད་དུའང་ལམ་རིམ་ལས། བསམ་བྱ་བསམ་པར་མི་བྱ་སྟེ། མི་བསམ་པ་ཡང་མི་བསམ་མོ། །གང་ལ་རྣམ་པར་མི་བསམ་པ། །དེ་ནི་རང་རིག་མཉམ་ཉིད་དོ། །ཞེས་པ་དང་། བླ་མ་ལས། རིམ་པར་དེ་ཉིད་གསལ་འགྱུར་འབྲེལ། །སྐབས་ཀྱི་རྫོགས་པ་ཆེན་པོར་བརྗོད། །ཅེས་སོ། །

གཉིས་པ་ཐབས་ལམ་ལ། རླུང་དང་། ཐིག་ལེ་གཉིས་ལས། སོ་སོར་སྦྱོང་བ་ནི། དང་པོ་རླུང་ལ་བརྟེན་ནས་ཐིག་ལེ་རྣལ་འབྱོར་དུ་བྱེད་པ་སྟེ། རྩ་ཡུང་བ་དང་འདྲ་བར་ཐིག་ལེ་ཆུ་དང་འདྲ་བ་རླུང་སྐྱེས་བུས་རྩོལ་བས་དྲངས་ཏེ། ལུས་ཀྱི་འཁོར་ལོ་བཞི་དང་། དེའི་འདབ་མས་གཞི་དང་འདྲ་བ་ཐམས་ཅད་དུ་ཁྱབ་པར་བཀྲམ་པ་ལས། གནས་སྐབས་དང་། མཐར་ཐུག་གི་དོན་གཉིས་འགྲུབ་པའོ། །འདི་ལ་གཅིག་ཏུ་བསྒོམ་པ་ནི། བརྟན་པ་ཐོབ་ནས་བསྲེས་ཏེ་བསྒོམ་པའོ། །དེ་འང་དང་པོ་དབང་རྣམས་རྫོགས་པར་མནོས་ལ། སྟེང་སྒོའི་འཁོར་ལོ་དྲུག་དང་། སྲོག་ཤིང་གསུམ་དང་། རྩ་རླུང་བསྒོམ་པ་དང་། འོག་སྒོའི་བསྙེན་སྒྲུབ་བཞི་བསྒོམ་པ་ལས། ཡེ་ཤེས་ནམ་མཁའི་གཟུགས་ཅན་གསལ་ལ་མི་རྟོག་པ་དང་། ཉི་ཟླའི་གཟུགས་ཅན་བདེ་སྟོང་ངོ་བོ་སྟོང་པ་དང་། མཆོག་དགའི་གཟུགས་ཅན་དབྱེར་མེད་ལྷུན་རྫོགས་ཆེན་པོ་གསུམ་རིམ་པས་ཐོབ་པ་ནི་རིམ་གྱིས་པ་ཡིན་ལ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དུས་གཅིག་ཏུ་སྐྱེས་པ་ནི་ཅིག་ཆར་བ་ཞེས་བྱའོ། །དེའང་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་མནོས། སྙིགས་མའི་རླུང་དང་། ཕྲ་བའི་རླུང་དང་། ཡེ་ཤེས་ཀྱི་རླུང་དང་། འཁོར་ལོ་བཞིའི་གནས་ལུགས་དང་། དེ་དག་སོ་སོའི་རྩ་དང་ཐིག་ལེ་(༧༡)འོད་ལ་སོགས་པ་བསྒོམ་དུ་གཞུག །དེ་བརྟན་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། ཐིག་ལེ་དབབ་པ་དང་། རྡོ་རྗེའི་བུམ་པར་བཟུང་བའི་ཐབས་ཀྱིས་འགྲོ་འོང་ལ་མཁས་པར་བྱ་སྟེ། ས་བཅུ་ལམ་ལྔ་ཕ་རོལ་ཏུ་ཕྱིན་པ་བཅུ། དགའ་བ་བཅུ་དྲུག་གི་ཡེ་ཤེས་སུ་ངོ་སྤྲད་དེ། ཡུམ་ཟླ་བ་ཅན་དང་རོལ་པ་ལས་ཤར་བའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་སྟེང་སྒོ་བསྒོམ་དུ་བཅུག་པའི་རྗེས་ལ། འོག་སྒོའི་ཐིག་ལེ་བཟློག་པ་ལ་སོགས་པའི་གདམས་ངག་བརྗོད་ནས། ཡུམ་ཉི་མ་ཅན་དང་རོལ་པ་ལས་ཤར་བའི་ཡེ་ཤེས་ནི་བདེ་བ་ཆེན་པོའི་དབང་སྟེ། བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ཤར་བའོ། །དེ་ཉིད་ཉམས་སུ་བླངས་པས་རྡོ་རྗེ་འཆང་གི་ས་བགྲོད་དེ། ཟླ་གསང་ལས། འདོད་ཆགས་མེད་ལ་བྱང་ཆུབ་མེད། །སྡིག་པའི་ནང་ནས་ཆགས་བྲལ་ཏེ། །ཞེས་པ་དང་། རྒྱ་མཚོ་ལས། བྱེ་བྲག་རླུང་ལས་གྱུར་པ་ཡིས། །ཡེ་ཤེས་འབྱུང་བའི་སྟེང་འོག་སྒོ། །དགུག་དང་བཀུག་པའི་ཐབས་ཉིད་དེ། །འཁོར་ལོ་གསུམ་གྱི་སྲོག་ཤིང་གསུམ། །མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །བཀུག་པ་གསུམ་གྱིས་སེམས་ལྔའི་རིམ། །སྐྱེས་པས་བཅུ་དྲུག་ས་ཐོབ་པའི། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱིས་ཐར་བའི་ལམ། །ཞེས་སོ། །སེམས་ལྔ་ནི་ཡུམ་དང་སྦྱར་བ་ལས། བྱང་ཆུབ་ཀྱི་སེམས་གནས་ནས་གཡོ་བ་དང་། གནས་སུ་བབས་པས་ལྡང་བ་དང་། རྡོ་རྗེར་བཟུང་བས་གནས་པ་དང་། གྱེན་དུ་དྲངས་པས་འཇུག་པ་དང་། ལུས་ལ་ཁྲེམ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྔའོ། །དེ་དག་གིས་ནི་ཐབས་ལ་བརྟེན་ནས་མྱུར་དུ་གྲོལ་བའི་དགོས་པ་ཡོད་དོ། །

གཉིས་པ་ལམ་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། བསྐྱེད་རྫོགས་ཅིག་ཆར་དུ་བསྒོམ་པ་དང་། རིམ་གྱིས་བསྒོམ་པའོ། །

དང་པོ་ནི། སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས། ཞི་ཁྲོ་གང་རུང་གི་དཀྱིལ་འཁོར་རྒྱས་བསྡུས་ཅི་རིགས་སུ་བསྒོམ་ནས་གྲོལ་ལམ་ལྟར་དེའི་ངང་ལ་སེམས་སྤྲོ་བསྡུ་མེད་པར་འཇོག་པར་རང་བྱུང་གི་རྫོགས་རིམ། རིམ་གྱིས་བསྡུས་ནས་མི་དམིགས་པར་བསྒོམ་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་མམ། ཐབས་ལམ་གཉིས་གང་རུང་བསྒོམ་པ་སྙིང་པོའི་རྫོགས་རིམ་བསྒོམ་སྟེ། མཐར་སྒྱུ་མ་ལྟ་བུའི་ཚུལ་གྱིས་བསྔོ་བ་བྱེད་པ་ནི་གདན་ཐོག་གཅིག་ཏུ་རྫོགས་པར་བྱེད་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅིག་ཆར་ཉིད་དུ་བསྒོམ་པ་སྟེ། ཞི་བ་རིན་པོ་ཆེའི་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་གྱི་སྒྲུབ་ཐབས་ལྟར་ཤེས་པར་བྱའོ། །

གཉིས་པ་ལ་གཉིས་(༧༢)ཏེ། ལམ་གྱི་གོ་དོན་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །

དང་པོ་ནི། གང་ཟག་རྩོལ་བ་དང་སྦྱངས་པ་རབ་ཏུ་གྱུར་པ་ཞིག །བསྐྱེད་རྫོགས་ཚར་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་བགྲོད་པའི་དབང་དུ་བྱས་ན། བསྒོམ་ལམ་བཞི་བར་ཆད་མེད་ལམ་དང་ལྔར་རིག་འཛིན་གྱི་ས་བགྲོད་དེ་ཚེ་འདིར་མཆོག་གི་ས་ཐོབ་པའོ། །བསྒོམ་ལམ་བཞི་ནི། དེ་བཞིན་ཉིད། ཀུན་ཏུ་སྣང་། རྒྱུ་ཡི་གེའི་སྤྲིན། ཡེ་ཤེས་དྲྭ་བའི་ཏིང་ངེ་འཛིན་ནོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ནི་ཚོགས་བསྒྲུབ་པའོ། །དེ་དག་སོ་སོའི་དགོས་པའང་། སྟོང་པ་ཆེན་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས། དང་པོ་ལྟ་བས་ཐག་བཅད་པས་བསྐྱེད་རྫོགས་རང་རྒྱུད་དུ་མི་ཞེན་པའི་དགོས་པ་ཡོད་ཅིང་། སངས་རྒྱས་པའི་ཚེ་ཆོས་སྐུའི་ངང་ལས་གཟུགས་སྐུ་འཆར་བའི་གཞི་གྱུར་པས་དེའི་རྟེན་འབྲེལ་མངོན་དུ་བྱེད་པ་དང་། ལམ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་དགོས་པ་ཡོད་དོ། །ཀུན་སྣང་སྙིང་རྗེ་ཆེན་པོའི་རང་བཞིན་སྒྱུ་མ་དང་མིག་ཡོར་ལྟ་བུའི་ཏིང་ངེ་འཛིན་གྱིས། སྟོང་པའི་མཐར་ཞེན་པ་ལས་གྲོལ་ཞིང་ཐབས་སྙིང་རྗེ་ཆེན་པོའི་བསྒོམ་པ་ལམ་དུ་བྱེད་པས། བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། སངས་རྒྱས་པའི་ཚེ་འོག་མིན་གྱི་ཞིང་ཁམས་རྒྱ་དང་བྲལ་བའི་རང་བཞིན་མངོན་དུ་བྱེད་པའི་དགོས་པ་ཡོད་དོ། །རྒྱུའི་ཏིང་ངེ་འཛིན་ཡི་གེའི་སྤྲིན་ལས། ཕྱག་རྒྱ་གཅིག་པའི་བར་བསྒོམ་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་། རྟག་ཆད་ཞེན་པའི་མཐའ་ལས་འདས་པས་ལམ་རང་གི་ངོ་བོ་གཉིས་སུ་མེད་པ་དང་། སངས་རྒྱས་པའི་ཚེ་འོག་མིན་གྱི་དཀྱིལ་འཁོར་ལོངས་སྐུ་རང་གི་ངོ་བོ་ལས་མཆེད་པ་ཡོངས་སུ་རྫོགས་པའི་རང་བཞིན་གཙོ་བོ་ལྷུན་གྱིས་གྲུབ་པ་རྟེན་འབྲེལ་མངོན་དུ་བྱེད་པའི་དགོས་པ་ཡོད་དོ། །ཡེ་ཤེས་དྲྭ་བའི་ཏིང་ངེ་འཛིན་གྱིས། དཀྱིལ་འཁོར་གྱི་རྒྱན་དང་བཀོད་པ་དང་། འོད་ཟེར་དང་འཕྲོ་འདུ་དང་། འཁོར་གྱི་རོལ་པ་དཔག་ཏུ་མེད་པ་རྫོགས་ལ། ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གྱིས་འོག་མིན་གྱི་ལོངས་སྤྱོད་ཆེན་པོ་སྤྲུལ་པའི་སྐུ་འཕྲོ་གཞི་རྫོགས་པ་དང་། ལམ་ཡེ་ཤེས་དང་སྟོང་པ་ཆེན་པོའི་ཚོགས་གཉིས་ལྷུན་གྱིས་རྫོགས་པའི་དགོས་པ་དམ་པ་འགྲུབ་བོ། །བར་ཆད་མེད་པའི་ཚོགས་བསྒྲུབས་པས། བསྐྱེད་རྫོགས་ཀྱི་ནུས་པ་འབྱིན་ཞིང་རིག་འཛིན་གྱི་ས་བསྒྲུབ་པ་ལ་དངོས་སུ་བར་ཆད་མེད་པར་སྦྱོར་བའི་དགོས་པ་ཡོད་དོ། །དེ་དག་རིམ་གྱིས་བསྒོམ་པའི་ཚེ་ལམ་གྱི་རྫོགས་ཚུལ་ཡང་། དེ་བཞིན་ཉིད་ནི་ཚོགས་ལམ་ཆུང་ངུ་། ཀུན་ཏུ་སྣང་ཚོགས་ལམ་འབྲིང་། རྒྱུའི་ཕྱག་རྒྱ་གཅིག་སྤྲོས་ཚོགས་ལམ་ཆེན་པོ། ཡེ་ཤེས་དྲྭ་བའི་ཕྱག་རྒྱ་རྣམ་སྤྲོས་སྦྱོར་ལམ་དྲོད་དང་། (༧༣)རྩེ་མོ། བར་ཆད་མེད་པ་བཟོད་པ་དང་། ཆོས་མཆོག་ཆེན་པོ་མཐར་ཐུག་པའི་ཡེ་ཤེས་རྫོགས་སོ། །འདི་དག་ལམ་ཟག་པ་དང་བཅས་པ་སྟེ་འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར་རོ། །དེའང་དེ་དག་བསྒོམ་པའི་ཚེ་ས་དེ་དག་གི་རྟགས་རྫོགས་ནས་ལམ་གོང་མར་འཇུག་གི། མ་རྫོགས་ཀྱི་བར་དུ་རང་བཞིན་གྱིས་དེ་ལ་ངེས་པར་སློབ་པའོ། །ཇི་ལྟར་ཞེ་ན་ཚོགས་ལམ་རྫོགས་པའི་རྟགས། སངས་རྒྱས་མཆོག་གི་སྤྲུལ་སྐུ་མཐོང་བ་དང་། གཟུངས་ཐོབ་པ་དང་། རྫུ་འཕྲུལ་ཅུང་ཟད་འགྲུབ་པ་ན་སྦྱོར་ལམ་ལ་འཇུག་གོ། །དེའང་ལུས་ཤིག་སྲོ་མེད་པ་དང་། སྲིན་བུ་མེད་པ་ལ་སོགས་པ་ཐོབ་ནས། གོང་མ་ལ་གོང་མ་འཇུག་པ་སྟེ། རྒྱས་པར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་འབྱུང་བ་བཞིན་ནོ། །དེའང་བར་ཆད་མེད་པའི་སྐབས་སུ་རྣམ་སྨིན་རིག་འཛིན་ཐོབ་པའོ། །རྟེན་དེ་ལ་ཚེ་དབང་མ་ཐོབ་པར་ཤི་ན། ལུས་རྒྱ་དང་བྲལ་མ་ཐག་སེམས་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱར་ནས་ལྷུན་གྲུབ་ཐོབ་སྟེ། ཚེ་དབང་བོར་ནས་ཤི་བའོ། །རྒྱུ་མཚན་ལུས་དོར་བས་ཚེ་དབང་མ་ཐོབ་པའོ། །མ་ཤི་ན་ཆོས་མཆོག་ཆེན་པོའི་ཡེ་ཤེས་མཐར་ཐུག་ལས་མཐོང་ལམ་དངོས་སུ་སྐྱེ་བས། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུར་གྱུར་པའི་ཕྱིར་ཚེ་ལ་དབང་བའི་རིག་འཛིན་ཞེས་བྱའོ། །དེ་ནས་མཐོང་ཟིན་གོམས་པར་བྱེད་པའི་ལམ་ས་བཅུ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། ཆོས་ཉིད་ཟག་པ་མེད་པའི་དོན་གོམས་ཤིང་། ས་གོང་མའི་ཡོན་ཏན་རྫོགས་པར་གོང་ནས་གོང་དུ་འགྱུར་པའི་ཕྱིར་རོ། །དེ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཡིན་ནོ། །འདི་དག་ལ་ཉ་ཚལ་པ་ལ་སོགས་པ་ཁ་ཅིག་ན་རེ། རྣམ་སྨིན་ལམ་གྱི་རྟེན་ལ་ཚེ་དབང་མི་འབྱུང་། ཕྱག་རྒྱ་ཆེན་པོ་ས་གཉིས་པ་ནས་བརྒྱད་པའི་བར་དང་། ལྷུན་གྲུབ་དག་པ་ས་གསུམ་ཚེ་དབང་ས་དང་པོ་དང་མཉམ་ཞེས་འདོད་པའང་། སྒྱུ་འཕྲུལ་སྤྱིའི་དགོངས་པ་མ་ལོན་ཞིང་། ས་ལམ་གྱི་དོན་རྣམས་ལེགས་པར་ཁོང་དུ་མ་ཆུད་པར་ངེས་སོ། །དེའང་རྣམ་སྨིན་གྱི་རྟེན་ལ་ཚེ་དབང་ཐོབ་མི་ཐོབ་གཉིས་ཡོད་དེ། བར་དུ་ཆད་ན་ཕྱག་རྒྱ་ལ་སྦྱོར། མ་ཆད་ན། ཚེ་དབང་ལ་སྦྱོར་ཏེ་དེའང་བཟོད་པའི་སྐབས་ཡིན་གྱི། ཆོས་མཆོག་གི་རྟེན་ལ་མཐོང་ལམ་དངོས་སུ་ཐོབ་པས་ཚེ་དབང་ལ་སྦྱོར་ཏེ། ཐུན་མོང་གི་ཐེག་པས་ཀྱང་། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་པས་འགྲུབ་བོ། །ཚེ་དབང་ས་དང་པོ་ཡིན་པ་འཐད་ཀྱི། ས་དང་པོ་ཁོ་ནར་འཇོག་ན་མི་འཐད་དེ། སངས་རྒྱས་ཀྱི་ས་དེ་ཉིད་མཐར་ཐུག་གི་ཚེ་དབང་ཡིན་ཏེ། དབང་བཅུའི་དོན་ལ་དབང་ཐོབ་པའི་ཕྱིར་རོ། །ཕྱག་རྒྱ་ཡང་འཕགས་པའི་བདེན་མཐོང་ས་དང་(༧༤)པོའི་སྐད་ཅིག་ནས་བཅུ་པའི་བར་ཡིན་ཏེ། འཕགས་པའི་ཡེ་ཤེས་དེ་ཉིད་ལ་མདོ་རྒྱུད་ཐམས་ཅད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་གསུངས་པའི་ཕྱིར་རོ། །ས་གཉིས་པ་ནས་བརྒྱད་པ་ལ་ཐུག་གི་བར་འཇོག་པ་དེ་ཁོ་ནར་ཡང་མི་འཐད་དོ། །ལྷུན་གྲུབ་ནི་སངས་རྒྱས་ཀྱི་ས་ལ་འདོད་དེ། འདི་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་པས། མཐར་ཕྱིན་པའི་ལམ་དུ་གསུངས་པའི་ཕྱིར་རོ། །དག་ས་གསུམ་ལྷུན་གྲུབ་མཐར་ཐུག་མ་ཡིན་ཏེ། གཞན་དོན་བྱེད་པ་ལ་ཏིང་ངེ་འཛིན་གྱི་རྩོལ་བ་ཡོད་པའི་ཕྱིར་དང་། རང་དོན་དུ་སངས་རྒྱས་ཐོབ་བྱར་ཡོད་པས་རང་དོན་མཐར་ཐུག་ལྷུན་གྱིས་མ་གྲུབ་པའི་ཕྱིར་དང་། ས་དེ་པའི་སེམས་དཔའ་དོན་མི་བྱེད་པས་གཞན་དོན་མཐའ་དག་ལྷུན་གྱིས་མ་གྲུབ་པའི་ཕྱིར་དང་། སྤང་རྟོགས་ཀྱི་ཡོན་ཏན་མཐའ་དག་ལྷུན་གྱིས་མ་གྲུབ་པའི་ཕྱིར་རོ། །དེ་ནི་རིག་འཛིན་གོང་མ་གོང་མ་ལ་འོག་མའི་ཡོན་ཏན་རྫོགས་པའི་ཆ་ནས་དེར་འཇོག་ལ། སངས་རྒྱས་ཀྱི་ས་ན་མཐར་ཐུག་གི་རིག་འཛིན་ཐམས་ཅད་རྫོགས་ཏེ། དོར་བ་མེད་པ་སྟོང་པ་ཉིད་ལ་མངའ་བརྙེས་པའི་ཕྱིར་རོ། །འདི་དག་རྒྱས་པར་འོག་ཏུ་འཆད་དོ། །

གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ་ལྔ་སྟེ། དེ་བཞིན་ཉིད། ཡེ་ཤེས་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། བར་ཆད་མེད་པའོ། །

དང་པོ་ལ་བཞི་ལས། ལྟ་བ་ནི། ཆོས་ཐམས་ཅད་གདོད་མ་ནས་དག་ཅིང་བདེན་པ་དབྱེར་མེད་སེམས་ཉིད་ཀྱི་དོན་ཏེ། རྣམ་བཀོད་ལས། ནམ་མཁའི་ངོས་བཟུང་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །ཞེས་སོ། །སྒོམ་པ་ནི། སེམས་བསྐྱེད་པའི་རྗེས་ལ་ཆོས་ཉིད་གྲུབ་བསལ་མེད་པའི་ངང་ལ་འཇོག་པ་སྟེ། ལས་རིམ་ལས། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །

ཞེས་སོ། །སྤྱོད་པ་ནི། རང་དོན་དུ་མི་དམིགས་པ་གསུམ་གྱི་ངང་ལས་སྒྱུ་མའི་ཚུལ་གྱིས་སྤྱད་ཅིང་། གཞན་དོན་དུ། ལས་བཞི། སྒྲུབ་པ་གསུམ། དབང་ལྔ་ལ་སོགས་མོས་སློབ་ཀྱི་སྤྱོད་པ་སྟེ། རིམ་པ་བཞིན་དེ་ཉིད་ལས། སྤྱོད་དགུ་དོར་བའི་གཅིག་ཆ་ཡང་། མི་དམིགས་མཐུན་པར་སྤྱོད་ཅེས་བྱ། །ཞེས་པ་དང་། ཤེས་འཇུག་ཀུན་དང་གཞན་དོན་དུ། །ལས་བཞི་སྤྱོད་ཅིང་བསྒྲུབ་དབང་ཆེ། །སྤྲོས་པའི་འཁོར་ལོ་མངོན་བསྒོམ་ཞིང་། །ལམ་ཀུན་སྐད་ཅིག་ཆས་བསྒོམས་ནས། །ནུས་པ་འབྱིན་ལྡན་རྫོགས་པར་བྱེད། །ཅེས་སོ། །འབྲས་(༧༥)བུ་ནི། དངོས་སུ་དོན་དམ་རྟོགས་པ་དང་། །བརྒྱུད་ནས་ཆོས་སྐུ་ཐོབ་པ་སྟེ། །ཡང་དེ་ཉིད་ལས། སྣང་སྟོང་གཉིས་མེད་རྣལ་འབྱོར་མཐའ། །མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །ཅེས་སོ། །ལམ་འདི་ཀུན་གྱི་སྔོན་དུ་འགྲོ་ཞིང་ཟིན་དགོས་ཏེ་འདི་མེད་ན་མི་འགྲུབ་པ་ཡང་། གལ་ཏེ་བསམ་གཏན་འདི་མེད་ན། །རྒྱ་མཚོའི་འཇིངས་ཀྱི་ཕ་བོང་བཞིན། །བསྐལ་པར་ལམ་ལ་བརྩོན་བྱས་ཀྱང་། །དོན་གྱི་སྙིང་པོ་སྐམ་པ་ཡིན། །ཞེས་སོ། །

གཉིས་པ་ཡེ་ཤེས་སྒྱུ་མ་ལའང་བཞི་ལས། ལྟ་བ་ནི། ཆོས་ཐམས་ཅད་བདེན་པ་དབྱེར་མེད་སྒྱུ་མའི་ངང་དུ་གསལ་བ་སྟེ། འདི་ཉིད་ལས། སྐད་ཅིག་མ་སྐྱེས་མ་འགགས་པས། །གཟུང་འཛིན་བྲལ་བའི་རིག་པ་ཉིད། །ཡེ་ཤེས་སྒྱུ་མར་མི་གཡོ་གསལ། །ཆུ་དང་ཟླ་བ་ཇི་བཞིན་དུ། །མཚུངས་པར་གསལ་བའི་ངོ་བོར་བརྗོད། །ཅེས་སོ། །སྒོམ་པ་ལ། སྔོན་འགྲོ་ཚད་མེད་པ་བཞི་དང་སྙིང་རྗེ་ཆེན་པོས་བརླན་པར་བྱ་སྟེ། སྔོན་དུ་སྟོང་གོམས་རྣལ་འབྱོར་པ། །ཁམས་གསུམ་ཐུགས་རྗེས་བཟུང་བའི་ཕྱིར། །ཡན་ལག་བརྒྱད་པ་སྔོན་བཞིན་བྱ། །ཞེས་སོ། །དེའང་སྟོང་པ་ཉིད་ཀྱི་བསམ་གཏན་བཞི་དང་། དེའི་ངང་ལས་སྙིང་རྗེ་ཆེན་པོའི་ཚད་མེད་བཞི་སྟེ་ཡན་ལག་བརྒྱད་དོ། །དངོས་གཞི་ནི་དེའི་རྗེས་ལ་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མའི་དཔེ་བརྒྱད་ཀྱི་ངང་ལ། ཕྱམ་མེ། ཝལ་ལེ། རང་གསལ་མི་རྟོག་པར་བཞག་པ་ནི་ཆོས་ཐམས་ཅད་དང་དེ་ཉིད་གང་དུའང་འཛིན་པ་མེད་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱི་ངང་ལ་ལྷན་ནེར་བཞག་སྟེ། དེ་བས་གཉིས་གོམས་རྒྱུ་གོམས་པས། །དྲན་ལས་སྤྱི་བླུག་ཡེ་ཤེས་གསལ། །མངོན་དུ་བཏང་བཞག་གང་ཡང་མེད། །ནམ་མཁར་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །དེ་ནི་ཡུལ་ནམ་མཁའ་དང་བློ་ནམ་མཁའ་བཞིན་དུ་རྟོག་མེད་བསམ་བརྗོད་ལས་འདས་པར་འཇོག་པའོ། །སྤྱོད་པ་ནི། ཆགས་སྡང་དུག་ལྔ་སྒྱུ་མ་ལྟར་རང་བཞིན་མེད་པར་སྤྱད་དེ། རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། །ཡེ་ཤེས་སྒྱུ་མར་རང་སྣང་ཕྱིར། །ཆགས་སྡང་རེ་དོགས་མེད་པར་སྤྱད། །ཅེས་སོ། །འབྲས་བུ་ནི། དངོས་སུ་ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་། བརྒྱུད་ནས་ལོངས་སྐུ་ཐོབ་སྟེ། ལམ་འདིར་ཆ་རྐྱེན་རྫོགས་གྲུབ་པ། །མཚན་དང་དཔེ་བྱད་ཀུན་དང་ལྡན། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། །

གསུམ་པ་ཕྱག་རྒྱ་གཅིག་པ་ལ་བཞི་ལས། ལྟ་བ་ནི། བདེན་པ་དབྱེར་མེད་ལྷ་ཡི་རང་བཞིན་དུ་ཡེ་ནས་དག་པ་ཤེས་པ་སྟེ། ཐམས་ཅད་ལྷུན་རྫོགས་ལྷ་ཡི་སྐུ། །ཕྱག་རྒྱ་ཆེན་པོར་ཡེ་ནས་གནས། །ཞེས་སོ། །སྒོམ་པ་ན། (༧༦)ཏིང་ངེ་འཛིན་སྔ་མ་རྣམས་སྔོན་དུ་སོང་ནས། དབྱིངས་ཀྱི་རྒྱུ་ཡི་གེའི་སྤྲིན་ལས། ཡེ་ཤེས་ཀྱི་རྒྱུ་དཀྱིལ་འཁོར་དུ་ལྷ་ཕྲ་རགས་གང་མོས་རིམ་གྱིས་སམ། ཅིག་ཆར་དུ་གསལ་བར་བསྒོམ་སྟེ་རིམ་པ་ལྟར། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཞེས་པ་དང་། ཕྱི་མ་ཚངས་པ་སྲིན་པོའི་ཚུལ། །རྫོགས་པར་བྱ་བ་ཟུང་དུ་འགྱུར། །ཞེས་སོ། །དེའང་ཞི་ཁྲོ་གཉིས་ལས། རིམ་གྱིས་པ་དང་། ཅིག་ཆར་བ་གཉིས་ལས། རིམ་གྱིས་པ་ལའང་། ཕྲ་བ་ནི། རྣམ་སྣང་རྩ་བའི་སྟོན་པ་འདྲ་བ་ཞལ་གཅིག་ཕྱག་གཉིས་པར་ཧཱུྃ་ལས་བསྒོམ་པ་སྟེ། དེ་དཀྱིལ་ཡི་གེ་ཧཱུྃ་གནས་པའི། །མཐིང་ཀ་འཚེར་ལ་རབ་གསལ་བའི། །འོད་ཟེར་འཕྲོ་བ་རྣམ་པར་བསྒོམ། །ཞེས་སོ། །རགས་པ་ནི། ཞལ་གསུམ་ཕྱག་དྲུག་ཡན་ལག་གི་ལྷ་དང་བཅས་པ་བསྒོམ་སྟེ། ལམ་རིམ་ལས། དེ་བཞིན་གཉིས་མེད་གསལ་གྱུར་ནས། །སྐུ་གཅིག་རྡོ་རྗེ་དྲིལ་འབར་བསྒོམ། །དེ་བཞིན་ཉིད་དུ་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ། །ཞེས་སོ། །ཅིག་ཆར་དུ་བསྒོམ་པ་ནི། སྐད་ཅིག་གིས་ཆུ་ལས་ཉ་ལྡང་གི་ཚུལ་དུ་བསྒོམས་ཏེ། དེ་ལས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ། །ཞེས་པ་དང་། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །ཆུ་དཀྱིལ་དྭངས་པར་གསལ་བ་ལྟར། །སྐད་ཅིག་སྐུར་གསལ་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོ་གསལ། །ཅེས་སོ། །ཁྲོ་བོའི་ལྷ་བསྒོམ་པ་ལའང་རིམ་དང་ཅིག་ཆར་ཏེ། རཀྴའི་ཆ་ལུགས་འཛིན་པ་ཡང་། །རིམ་དང་ཅིག་ཆར་སྔོན་བཞིན་ཏེ། །ཞེས་སོ། །རིམ་ལའང་ཕྲ་བ་ཡེ་ཤེས་སེམས་དཔའ་བུདྡྷ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་སྟེ། ཕྲ་བའི་གཞལ་ཡས་གདན་དང་ལྡན། །གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །ཞེས་སོ། །རགས་པ་ལའང་སྔར་བཞིན་ནོ། །ཅིག་ཆར་བ་ཡང་འདྲའོ། །སྤྱོད་པ་ནི། དུས་ཐམས་ཅད་དུ་ལྟ་བའི་ངང་ལས་སྤྱོད་པ་སྟེ། འདིའི་ཚེ་ས་གཞི་ཀུན་ལྡན་མོད། །གསུང་གི་གཞི་ལ་ལྷུར་བྱ་ཞིང་། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ། །སྤྱོད་ཡུལ་ཐམས་ཅད་སྤྱད་པར་བྱ། །ཞེས་སོ། །འབྲས་བུ་ནི། དངོས་སུ་བདེན་པ་དབྱེར་མེད་རྟོགས་པ་དང་། བརྒྱུད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ། ལམ་རིམ་ལས། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསང་བའི་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོ་(༧༧)འབར་བར་གྱུར། །ཅེས་སོ། །

བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་བཞི་ལས། ལྟ་བ་ནི། ཐམས་ཅད་དཀྱིལ་འཁོར་དུ་སངས་རྒྱས་པ་སྟེ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་པ་ལ་སོགས་པའོ། །སྒོམ་པ་ལའང་། ལམ་སྔ་མ་རྣམས་སྔོན་དུ་སོང་ནས། རིམ་མམ་ཅིག་ཆར་གྱིས་ཕུང་པོ་ལ་སོགས་པ་ལྷ་ཡི་དཀྱིལ་འཁོར་དུ་བསྒོམ་པ་སྟེ། སྔ་མ་ལས། ཕུང་སོགས་དཀྱིལ་འཁོར་ལྷར་སྣང་བ། །རྒྱ་མཚོའི་གཟུགས་བརྙན་ཇི་བཞིན་དུ། །ཀུན་དངོས་རང་རིག་ལྷར་གསལ་བ། །གཅིག་དང་དུ་མ་ཡོངས་ཀྱིས་མེད། །གསལ་ཆ་ཡུལ་མེད་མི་གཡོ་བ། །རྣལ་འབྱོར་ངོ་བོར་རྒྱལ་བས་གསུངས། །ཞེས་སོ། །དེ་ལ་དབྱེ་ན་ཞི་ཁྲོ་གཉིས་ལས། རེ་རེ་ལའང་། དཀྱིལ་འཁོར་སྤྲོས་བཅས། ཚོམ་བུ། རྣམ་གྲངས། ཞལ་ཕྱག་སྟེ་བཞི་བཞིའོ། །དང་པོ་ཞི་བའི་དཀྱིལ་འཁོར་སྤྲོས་བཅས་ལ་གསུམ་སྟེ། བསྡུས་པ། འབྲིང་། རྒྱས་པའོ། །དང་པོ་ལྷ་གྲངས་བཅོ་བརྒྱད་དེ། གཙོ་བོ་རིགས་ལྔ་དང་ཀུན་ཏུ་བཟང་པོ་གང་གིས་བྱེད་སོ་སོའི་རིགས་དང་མཐུན་པས་མ་ངེས་ཏེ། ཡབ་ཡུམ་གཉིས་ལ་རིགས་ཆུང་བརྒྱད་ཀྱིས་བསྐོར་བས་བཅུ། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །དཀྱིལ་འཁོར་འབྲིང་པོ་ལ། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་ཞེ་གཉིས་སོ། །རྒྱས་པ་ལ་བརྒྱད་ཅུ་རྩ་གཉིས་ཏེ། དབུས་ན་རིགས་ལྔ་ལ་རང་རང་གི་རིགས་ཆུང་གིས་བསྐོར་བས་ལྔ་བཅུ་ཐམ་པ། ཁྲོ་བོ་དང་ཁྲོ་མོ་ཉི་ཤུ་སྟེ་བདུན་ཅུ། ཐུབ་པ་དྲུག །སྒོ་མ་བཞི་སྟེ་བརྒྱད་ཅུ། ཀུན་བཟང་ཡབ་ཡུམ་གཉིས་དང་རྩ་གཉིས་སོ། །ལམ་རིམ་ལས། དང་པོ་བཅོ་བརྒྱད་བཞི་བཅུ་གཉིས། །རྒྱས་པའི་དཀྱིལ་འཁོར་རིམ་བཞིན་སློབ། །ཅེས་སོ། །ཚོམ་བུ་སྤྲོས་པ་ལའང་གསུམ་ལས། དང་པོ་ཚོམ་བུ་གཅིག་པ་ལ་ལྷ་གྲངས་བཅོ་བརྒྱད་དེ། གཙོ་བོ་རྣམ་སྣང་ལ། རྡོ་རྗེ་སེམས་དཔའ། རིན་ཆེན་རྡོ་རྗེ། ཆོས་རྡོ་རྗེ། ལས་རྡོ་རྗེ་བཞིའི་ཡུམ། བརྟན་མ་རྡོ་རྗེ། འབར་མ་རྡོ་རྗེ། སྡུད་མ་རྡོ་རྗེ། བསྐྱོད་མ་རྡོ་རྗེ་སྟེ་ཡབ་ཡུམ་བཅུ་དང་། ཕྱོགས་ཀྱི་ཁྲོ་བོ་ཡབ་ཡུམ་བརྒྱད་དེ། དེ་ལས། གཉིས་པོ་བདག་ཅག་ཡབ་ཡུམ་གཉིས། །གནས་སུ་དཀྱིལ་འཁོར་བསམ་བྱ་སྟེ། །གདན་ལྡན་དབུས་ན་བདག་པོ་གནས། །དེ་ལ་སེམས་དཔའ་ཁྲོ་བོས་བསྐོར། །ཞེས་སོ། །ཚོམ་བུ་འབྲིང་པོ་ལ་ལྷ་གྲངས་བཞི་བཅུ་རྩ་དྲུག་སྟེ། སྐུའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ལ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ་བཞིའི་ཡུམ། རྡོ་རྗེ་སྒེག་མོ། རྡོ་རྗེ་བདུག་པ། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་སྒྲོལ་མ་སྟེ་ཡབ་ཡུམ་བཅུ། གསུང་གི་ལྷ་སྣང་བ་མཐའ་ཡས་ལ། རྡོ་རྗེ་ཆོས། (༧༨)རྣོན་པོ། འཁོར་ལོ། རྡོ་རྗེ་སྨྲ་བ་བཞིའི་ཡུམ། གླུ་མ། མར་མེ། ལྕགས་སྒྲོག །གསལ་བཀྲ་མ་སྟེ་བཅུ། གོང་གི་ཐུགས་ཀྱི་ལྷ་རྣམ་སྣང་ཡབ་ཡུམ་གྱི་རིགས་བཅུ་སྟེ། སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུ། ཕྱོགས་དང་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་བསྣན་པས་བཞི་བཅུ་རྩ་དྲུག་སྟེ། བརྟན་ནས་མདུན་རྒྱབ་སྐུ་གསུང་ཐུགས། །འཁོར་ལོ་རྫོགས་པས་འབྲུ་གསུམ་གདབ། །ཅེས་སོ། །དེའང་ཕྱོགས་བཞིའི་སྒོ་བ་ཡབ་ཡུམ་བརྒྱད། མཚམས་བཞིའི་ཁྲོ་བོ་ཡབ་ཡུམ་བརྒྱད་དེ་བཅུ་དྲུག་གོ། །ཚོམ་བུ་རྒྱས་པ་ལ་ལྷ་གྲངས་བདུན་ཅུ་སྟེ། སྐུ་གསུང་ཐུགས་ཀྱི་སུམ་ཅུ། ཡོན་ཏན་གྱི་ལྷ་རིན་ཆེན་འབྱུང་ལྡན་ལ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་བཞིའི་ཡུམ། ཕྲེང་མ། མེ་ཏོག་མ། ཞགས་པ་མ། བདེ་བ་མ་སྟེ་བཅུ། ཕྲིན་ལས་ཀྱི་ལྷ་དོན་གྲུབ་ལ། རྡོ་རྗེ་ལས། བསྲུང་བ། གནོད་སྦྱིན། རྡོ་རྗེ་ཁུ་ཚུར་བཞིའི་ཡུམ། གར་མ། དྲི་ཆབ། དྲིལ་བུ། རྡོ་རྗེ་སེམས་མ་སྟེ་བཅུ་བསྡོམས་པས་ལྔ་བཅུ། ཕྱོགས་བཅུའི་ཁྲོ་བོ་བཅུ། ཁྲོ་མོ་བཅུ་སྟེ་བདུན་ཅུ་ནི་ལམ་རིམ་ལས། བརྟན་ནས་གཡས་དང་གཡོན་ཉིད་དུ། །ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་བཞག །རྣལ་འབྱོར་དབང་དང་ཚོམ་བུ་ལྔ། །ཤིན་ཏུ་འདྲིས་ནས་དུས་ཚོགས་སྦྱར། །ཅེས་སོ། །བསྒོམ་ཚུལ་ནི། རིགས་བསྡུས་པའི་ཚེ་རིགས་དང་པོའི་དཀྱིལ་འཁོར་དབུས་སུ་གསལ་བའོ། །དེ་བརྟན་ནས་འབྲིང་པོའི་ཚེ་མདུན་དང་རྒྱབ་ཏུ་སྐུ་དང་གསུང་གི་དཀྱིལ་འཁོར་བསྒོམ་པའོ། །དེ་བརྟན་ནས་རྒྱས་པ་ལ་གཡས་སུ་ཡོན་ཏན་དང་། གཡོན་དུ་ཕྲིན་ལས་ཀྱི་དཀྱིལ་འཁོར་གྱི་ཚོམ་བུ་བསྒོམ་པའོ། །དཀྱིལ་འཁོར་དང་ཚོམ་བུའི་ཁྱད་པར་ནི། ཁ་ཅིག་ཕོ་བྲང་གཙོ་བོའི་ཆ་ནས་ཚོམ་བུ། རྣམ་གྲངས་བྱུང་རྫོགས་ཀྱི་ཆ་ནས་དཀྱིལ་འཁོར། ཡང་ན་མི་རེས་ལྷ་རེ་བསྒོམ་པ་ཚོམ་བུ། ལྷ་དུ་མ་མི་གཅིག་གིས་བསྒོམ་པ་དཀྱིལ་འཁོར་ཟེར་ཏེ་ཧ་ཅང་མ་འབྲེལ་ལོ། །འདིར་བསྒོམ་པའི་ཚེ་སྒོ་རྟ་བབས་ལ་སོགས་པ་གཞལ་ཡས་ཁང་བསྒོམ་པའི་ཆ་ནས་དཀྱིལ་འཁོར། དེ་མི་བསྒོམ་པར་ལྷ་རྣམས་གྲངས་ཚང་དུ་བསྒོམ་པས་ཚོམ་བུའོ། །རྣམ་གྲངས་སྤྲོས་བཅས་ནི། དང་པོ་རིགས་གསུམ་ལ་སློབ། དེ་གོམས་ནས་རིགས་ལྔ་ལ་སློབ། དེ་གོམས་ནས་བཞི་བཅུ་རྩ་གཉིས་ལ་སློབ། དེ་ལ་གོམས་ནས་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་སྟེ། རྩ་བ་རྣམ་སྣང་ཡབ་ཡུམ་ལ། ཡབ་ལ་རིགས་ལྔ། སེམས་དཔའ་བརྒྱད་། ཐུབ་པ་དྲུག །སྒོ་བ་བཞི་སྟེ་ཉི་ཤུ་རྩ་གསུམ། ཡུམ་ལ་ཡུམ་ལྔ། སེམས་མ་(༧༩)བརྒྱད། སྒོ་མ་བཞི་སྟེ་བཅུ་བདུན་བསྒོམ་པ་ནི་ཐབས་ཀྱི་ལྷ་བཞི་བཅུ་ཞེས་བྱའོ། །དེ་དག་གི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་བསྒོམ་པ་ནི་ཤེས་རབ་ཀྱི་ལྷ་བཞི་བཅུ་ཞེས་བྱའོ། །དེ་ཡང་གཙོ་བོ་ནི་ཡབ་ཡུམ་དངོས་ཡིན་པས་ཐ་དད་དུ་བསྒོམ་མི་དགོས། གལ་ཏེ་བསྒོམ་ན་བཞི་བཅུ་རྩ་གཉིས་སུ་འགྱུར་བའི་སྐྱོན་ཡོད་དོ། །རགས་པ་དང་ཕྲ་བའི་ཆ་ནས་ཐབས་དང་ཤེས་རབ་ཏུ་བཏགས་པ་སྟེ། རྒྱས་པ་ལས། ཆེན་པོ་རགས་པ་ཐབས་སུ་རྟོགས། །མཚན་ཉིད་འཛིན་པ་ཤེས་རབ་བོ། །ཞེས་སོ། །ཐབས་ཀྱི་ལྷ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་བསྒོམ་པས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུ། གོང་གི་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་སྟེ་ཉིས་བརྒྱ་ལ། རང་རང་གི་རིགས་ཀྱི་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་རེ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ངོ་། །དེའང་ཐབས་ཀྱི་ལྷ་ལ་དབུ་རྒྱན་བགྲངས་ཤིང་ཤེས་རབ་ལྷ་ལ་མི་བགྲང་བས། ཐབས་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ། དེ་རེ་རེ་ལ་དབུ་རྒྱན་ལྔ་ལྔ། དེའི་སྟེང་དུ་ཤེས་རབ་ཀྱི་ལྷ་བཞི་བཅུ་བསྣན་པས་སྟོང་དུ་འགྱུར་ཏེ། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་པ་དང་། སྔ་མ་ལས། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པ་འོ། །ཞེས་སོ། །ཉི་ཁྲི་ཆིག་སྟོང་ལ་བསླབ་པ་ནི། རིགས་ལྔ། རྒྱལ་མཆོག་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་བཅས་པ་ལ་སྟོང་ཕྲག་དྲུག །སེམས་དཔའ་ཡབ་ཡུམ་ཆ་བརྒྱད་དང་། སྒོ་བ་ཡབ་ཡུམ་ཆ་བཞི་སྟེ། ཆ་བཅུ་གཉིས་ལ་སྟོང་ཕྲག་བཅུ་གཉིས། ཐུབ་པ་དྲུག་ལ་ཡུམ་མེད་པས་སྟོང་ཕྲག་གསུམ་སྟེ། དེ་ལྟར་ཡང་ཉི་ཁྲི་ཆིག་སྟོང་ངོ་། །ཉི་ཁྲི་བཞི་སྟོང་དུ་འདོད་པ་ནི་ཡུམ་ཡོད་པར་རློམ་པ་ཡིན་ནོ། །དེ་སྐད་དུ་ཡང་སྔ་མ་ལས། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་ཏེ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་དང་། ལས་རིམ་ལས། དེ་ལྟར་གཙོ་མཆོག་ལྡན་བྱ་སྟེ། །བྱ་བྱེད་རིགས་ལྔ་སྟོང་བསྒོམ་བྱ། །བཅུ་གཉིས་དྲུག་གི་འོད་འཕྲོ་བར། །ཉི་ཁྲི་ཆིག་སྟོང་དུས་གཅིག་གསལ། །ཅེས་སོ། །དེ་ལ་བརྟན་པ་དང་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སློབ་སྟེ། སྣང་སྲིད་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ་གསལ་བར་བསྒོམ་མོ། །ཞལ་ཕྱག་(༨༠)སྤྲོས་བཅས་ནི། དང་པོ་ཞལ་གཅིག་ཕྱག་གཉིས་པ་ལ་བསླབ་བོ། །དེ་ནས་ཚོམ་བུའི་ལྷ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་སློབ་སྟེ། དེ་ཉིད་ལས། གཞི་གཅིག་ཞལ་གསུམ་ཕྱག་དྲུག་པ། །བརྟན་ནས་གསུམ་ཀྱང་དེ་བཞིན་ཏེ། །ལྔ་ལའང་རྗེས་སུ་མཐུན་བསྒོམ་ནས། །སྤྲོས་པའི་ཞལ་ཕྱག་རྒྱས་གསལ་ལོ། །ཞེས་སོ། །

གཉིས་པ་ཁྲོ་བོའི་ཕྱག་རྒྱ་སྤྲོས་པ་ལའང་བཞི་སྟེ། དཀྱིལ་འཁོར། ཚོམ་བུ། ཞལ་ཕྱག །རྣམ་གྲངས་སོ། །

དང་པོ་ལ་དཀྱིལ་འཁོར་བསྡུས་འབྲིང་རྒྱས་གསུམ་ལས། བསྡུས་པ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དོ། །འབྲིང་པོ་ལ་དེའི་སྟེང་དུ་ཁྲོ་བོ་བཅུ་བསྣན་པས་དྲུག་ཅུ་རྩ་བརྒྱད་དོ། །རྒྱས་པ་ལ་བརྒྱ་རྩ་བརྒྱད་དེ། དབུས་སུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ལ། བཛྲ། རཏྣ། པདྨ། ཀརྨ་བཞིའི་ཡུམ། བཛྲ། རཏྣ། པདྨ། ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་བཞི་སྟེ་བཅུ། ཤར་དུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར། མི་ཏྲི། ཀ་རུ། ལོ་ཀ །བིང་དུ་གརྦ་ཧེ་རུ་ཀ་བཞིའི་ཡུམ། མི་ཏྲི་ཀྲོ་དྷཱི་ཤྭ་རཱི་མ་ལ་སོགས་པ་བཞི་སྟེ་བཅུ། ལྷོར་རཏྣ་ཧེ་རུ་ཀ་ཡབ་ཡུམ་ལ་འཁོར། ཡཀྴ། རཀྴ། བྷི་ཤ །ས་ནུ་ཧེ་རུ་ཀ་བཞིའི་ཡུམ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་སོགས་བཞི་སྟེ་བཅུ། ནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ་ལ་འཁོར། ཏེ་ཤ །ཀེ་ཤ །པེ་ཤ །བི་ཤ་ཧེ་རུ་ཀ་བཞིའི་ཡུམ། ཏེ་ཤ་ཀྲོ་དྷཱི་ཤྭ་རཱི་མ་ལ་སོགས་པ་བཞི་སྟེ་བཅུ། བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལ་འཁོར། ཏྲག་ཤ །ཧྲི་ཤ །ཀེ་ཤ །བག་ཤ་ཧེ་རུ་ཀ་བཞིའི་ཡུམ་ཏྲག་ཤ་ཀྲོ་དྡྷཱི་ཤྭ་རཱི་མ་ལ་སོགས་པ་བཞི་སྟེ་བཅུ་རྣམས་བསྡོམས་པས་ལྔ་བཅུ། གནས་ཡུལ་སྒོ་མ་ཉི་ཤུ། དབང་མོ་ཉི་ཤུ་རྩ་བརྒྱད། ཁྲོ་བོ་བཅུ་སྟེ། དེ་ཉིད་ལས། དང་པོ་ལྔ་བཅུ་བརྒྱད་གོམས་ནས། །དྲུག་ཅུ་རྩ་བརྒྱད་དེ་བཞིན་ཏེ། །ཡབ་ཡུམ་མཐར་ཕྱིན་འཁོར་ལོའི་ཆས། །ལྔ་བཅུ་ཚོམ་བུ་གནས་ཡུལ་དང་། །སྒོ་སླས་ཧཱུྃ་ཆེན་བརྒྱད་རྩ་བརྒྱད། །ཅེས་སོ། །

ཚོམ་བུ་ལའང་བསྡུས་འབྲིང་རྒྱས་གསུམ་ལས། བསྡུས་པ་ཚོམ་བུ་གཅིག་པ་ལ་ལྷ་གྲངས་བདུན་ཅུ་རྩ་བརྒྱད་དེ། བུདྡྷ་ཧེ་རུ་ཀ་ལ་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་གྱིས་བསྐོར་བས་བཅུ། གནས་ཡུལ་སྒོ་མ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུའོ། །འབྲིང་པོ་ལ་དགུ་བཅུ་རྩ་བརྒྱད་དེ། སྐུའི་རིགས་ལྔ་ཡབ་ཡུམ་བཅུ། གསུང་གི་པདྨ་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་བཅུ། ཐུགས་ཀྱི་བཅུ་སྟེ་སུམ་ཅུ། གནས་ཡུལ་སྒོ་མ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུའོ། །རྒྱས་པ་ལ་བརྒྱ་དང་བཅོ་བརྒྱད་དེ། དེའི་སྟེང་དུ་རིན་པོ་ཆེ་རིགས་ཀྱི་ཧེ་རུ་ཀ་(༨༡)ཡབ་ཡུམ་བཅུ། ལས་ཀྱི་རིགས་ཀྱི་བཅུའོ། །དེ་སྐད་དུ། ལམ་རིམ་ལས། དབུས་ཀྱི་ཧེ་རུ་བཞི་པོ་ལ། །སྐུ་གསུང་ཁྲག་འཐུང་མདུན་རྒྱབ་གསལ། །དེ་བརྟན་འཁོར་དང་བཅས་པ་བསྒོམ། །སྐུ་གསུང་ཐུགས་ལ་བརྟན་བྱས་ནས། །གཡས་གཡོན་ཡོན་ཏན་ལས་ཁྲོ་བོ། །ཡབ་ཡུམ་གསལ་ནས་འཁོར་ལོའི་ལྷ། །རྫོགས་པར་བསྒོམ་པ་རིམ་བཞིན་དུ། །གོང་ནས་གོང་དུ་གྱེན་དུ་འབར། །ཞེས་པའི་ཚུལ་གྱིས་སྔ་མ་སྔ་མ་བརྟན་ནས་ཕྱི་མ་ཕྱི་མ་བསྒོམ་པའོ། །

ཞལ་ཕྱག་སྤྲོས་བཅས་ནི་སྔར་བཞིན་ནོ། །རྣམ་གྲངས་སྤྲོས་བཅས་ནི། དང་པོ་ཁྲོ་བོ་རིགས་ལྔ་ལ་བསླབ། དེ་ནས་བརྒྱ་རྩ་བརྒྱད་ལ་བསླབ། དེ་ལ་བརྟན་ནས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ལ། ཡན་ལག་གི་ལྷ་ཐབས་ཀྱི་ཧེ་རུ་ཀ་ལྔ་བཅུ་རྩ་བརྒྱད། དེ་ལ་དབུ་རྒྱན་ལྔ་ལྔ་བྱས་པས། ཡན་ལག་གི་ལྷ་ཉིས་བརྒྱ་དང་དགུ་བཅུ་ལ་བསླབ་པ་སྟེ། དེ་ཉིད་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུ་ལྷ་རྣམས་ཡང་དག་ལྡན། །ཅེས་སོ། །དེ་ལས་ཀྱང་སྤྲོས་ན། རྩ་བ་ཧེ་རུ་ཀ་ཡབ་ཡུམ་ལ། ཡན་ལག་གི་ལྷ་ལྔ་བཅུ་རྩ་བརྒྱད་བསྒོམ་སྟེ། ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། དེ་དག་གི་སྙིང་གར་ཤེས་རབ་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། ཤེས་རབ་ཀྱི་ལྷ་ཕར་བཞག་པའི་ཐབས་ཀྱི་ལྷ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་བསྒོམས་པས་བརྒྱ་བདུན་ཅུ་རྩ་བཞི། དེ་ལ་དབུ་རྒྱན་རིགས་ལྔ་ལྔ་བསྒོམས་པས་སྐུ་གསུང་ཐུགས་ཀྱི་ལྷའི་དབུ་རྒྱན་བརྒྱ་བདུན་ཅུ་ཚན་པ་གསུམ་དང་། ཐབས་ཀྱི་ལྔ་བཅུ་རྩ་བརྒྱད་ལ་ཉིས་བརྒྱ་དགུ་བཅུ་སྟེ། དབུ་རྒྱན་གྱི་ལྷ་ཉིས་སྟོང་དགུ་བཅུའོ། །དེ་ཐམས་ཅད་བསྡོམས་པས་སུམ་སྟོང་ཆིག་བརྒྱ་དང་དགུ་བཅུ་ཡོད་དོ། །སྤྱོད་པ་ནི། སྤྱོད་ལམ་རྣམ་བཞི་ཉིན་མཚན་དུ་བསྐྱེད་རྫོགས་ལྷའི་ངང་ལས་མ་ཉམས་པར་སྤྱད་དེ། ལམ་རིམ་ལས། སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་ལས། །མ་ཉམས་དེ་ཡི་དབྱིངས་ན་གནས། །ཞེས་སོ། །འབྲས་བུ་ནི། དངོས་སུ་བར་ཆད་མེད་པ་ལ་སྦྱོར་ལ། བརྒྱུད་ནས་ཡི་གེ་འཁོར་ལོའི་ས་ཐོབ་པ་དེ་ཉིད་ལས། སྤྲོས་པའི་རྣལ་འབྱོར་རྒྱུན་ཆགས་པ། །བསོད་ནམས་ཡེ་ཤེས་ལོངས་སྤྱོད་ཀྱིས། །མུན་སྣང་དུག་འགྱུར་ཚུལ་བཞིན་དུ། །ཡི་གེ་འཁོར་ལོའི་ཚོགས་མཆོག་བརྙེས། །ཞེས་སོ། །

ལྔ་པ་བར་ཆད་མེད་པའི་ལམ་ཚོགས་བསྒྲུབ་པ་ལའང་བཞི་ལས། དང་པོ་ལྟ་བ་ནི། ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་ཤིང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པ་སྟེ། (༨༢)རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ལ་སོགས་པའོ། །སྒོམ་པ་ལ། སྔོན་འགྲོ་ཐུན་མོང་བ་སྔར་དང་འདྲ་ལ། ཁྱད་པར་དུ་གནས་ཡིད་དུ་འོང་ཞིང་གནམ་འཁོར་ལོ་རྩིབས་བརྒྱད་དང་། ས་པདྨ་འདབ་བརྒྱད། བར་སྣང་འོ་མའི་ཆུ་ལྟར་དྭངས་པ་ལ་སོགས་པ་སྟེ། སྔ་མ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་ཡི། །ཡིད་འོང་ས་བཙལ་རྒྱས་པར་བྱ། །རྙེད་ནས་ཚོམ་བུའི་གྲངས་བཞིན་དུ། །ཆེ་ཆུང་རྐྱེན་དང་འཚམས་པར་བྱ། །འཁོར་ཁང་ཕྱི་དང་ནང་ལྡན་པའི། །ཞེས་སོ། །དེ་ཡང་ཕྱི་མར་ཡོ་བྱད་ཅི་རིགས་པ་འཇོག་ཅིང་སྐྱེ་བོར་གསང་ཐུབ་པ་དང་། ནང་མར་སྒྲུབ་པ་པོ་ཡབ་ཡུམ་དངོས་གྲུབ་བརྙེས་པའི་དགོས་པ་ཡོད་དོ། །དེ་ལྟ་བུའི་ཁང་པར་སྒྲུབ་པའི་རྫས་དང་། ཟས་དང་། ཡོ་བྱད་དང་། སྨན་ལ་སོགས་པ་ཚོགས་པར་བྱ་སྟེ། དེ་ལས། གོས་རྒྱན་བཟའ་བཏུང་བཟང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་སོ། །དུས་ཀྱང་གཟའ་ཚེས་བཟང་པོ་སྟེ། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པའི། །གསང་མཆོག་དངོས་གྲུབ་མྱུར་བ་ཡི། །གཟའ་སྐར་ཤིས་པའང་འཇུག་པར་བྱ། །ཞེས་སོ། །དེའང་དེ་ལྟ་བུའི་ལམ་གོམས་པའི་རྣལ་འབྱོར་ཟུང་གཅིག་གམ། གསུམ་མམ། ལྔ་ཚོགས་ན་བཟང་སྟེ། དེ་དག་གིས་བསྒྲུབ་པར་སྟོན་པ་སྟེ། རྡོ་རྗེ་སློབ་དཔོན་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་ཚད་བརྒྱད་འཆང་བ། །ཞེས་སོ། །འཁོར་ནི། དེ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་བཞིན་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་སོ། །དེའང་རྣལ་འབྱོར་པ་དུ་མ་ཚོགས་ན། སྟོན་པ་རྡོ་རྗེ་སློབ་དཔོན་ཆེ་ཤོས་ཡིན་ལ་གཞན་རྣམས་འཁོར་རོ། །ཟུང་གཅིག་ལ་ཡབ་སྟོན་པ། ཡུམ་འཁོར་ཡིན་ནོ། །བསྒོམ་པའི་ཐབས་ནི། བསྙེན་སྒྲུབ་བཞི་སྟེ། ལམ་དང་། སྒྲུབ་པ་དང་། སྦྱོར་བ་དང་། ཉེ་བའི་བསྙེན་སྒྲུབ་བཞིའོ། །དང་པོ་ལམ་གྱི་བསྙེན་སྒྲུབ་བཞི་ལ། ལྟ་བ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་ནི་བསྙེན་པའོ། །ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་བསྒོམ་པ་ཉེ་བའི་བསྙེན་པའོ། །བར་ཆད་མེད་པར་ཚོགས་བསྒྲུབ་པ་ནི་སྒྲུབ་པའོ། །མཐར་(༨༣)ལམ་ཐོབ་ཏུ་ཉེ་བ་ནི་སྒྲུབ་པ་ཆེན་པོའོ། །དེ་ཉིད་ལས། བྱང་ཆུབ་སེམས་རྟོགས་འགྲུབ་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆོས་སྙིང་རྗེ་ཡན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །བསྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་ལེན། །ཞེས་སོ། །

གཉིས་པ་སྒྲུབ་པའི་བསྙེན་སྒྲུབ་བཞི་ནི། སྒྲུབ་པའི་ཤོམས་འབྲེལ་ཀ་དང་བཅས་པ་བསྙེན་པ། ཟླ་བ་གཅིག་སྒྲུབ་པའི་དབང་དུ་བྱས་ན་ཟླ་ཕྱེད་ཉེ་བའི་བསྙེན་པ། བཅོ་ལྔ་མན་ཆད་ཀྱི་ཞག་བཅུ་བཞི་སྒྲུབ་པ། ནུབ་ཐ་མ་དངོས་གྲུབ་ལེན་ཁ་མ་ནི་སྒྲུབ་པ་ཆེན་པོའོ། །ཡང་དེ་ལ་ཟླ་ཞག་ཕྱེད་ཉེར་བསྙེན། །ལྷ་གསལ་འཕྲོ་འདུ་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞེས་སོ། །

གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ནི། ཡུམ་མཚན་ལྡན་བཙལ་ནས་ཆས་སུ་ཞུགས་པ་བསྙེན་པ། འདོད་པའི་བདེ་བ་རྒྱས་པར་བྱེད་པ་ཉེ་བའི་བསྙེན་པ། ཕྱག་རྒྱ་བཞིའི་རོལ་པ་སྒྲུབ་པ། བྱང་ཆུབ་ཀྱི་སེམས་མཁར་ཕབ་སྟེ་སེམས་ལྔ་རིམ་པར་སྐྱེ་བ་སྒྲུབ་པ་ཆེན་པོའོ། །

བཞི་པ་ཉེ་བའི་བསྙེན་སྒྲུབ་བཞི་ནི། སེམས་ཉིད་རང་ལ་ཡོད་པས་བསྙེན་པ། གཞན་ནས་མི་ཚོལ་བས་ཉེ་བའི་བསྙེན་པ། སྙིང་པོ་རྙེད་པས་སྒྲུབ་པ། རང་གསལ་གོམས་པས་སྒྲུབ་པ་ཆེན་པོའོ། །དེ་དག་ནི་ཞི་བ་དང་། ཁྲོ་བོའི་དཀྱིལ་འཁོར་གང་སྒྲུབ་ཀྱང་ཤེས་པར་བྱའོ། །སྤྱོད་པ་ནི། སྒྲུབ་པའི་གྲོགས་སུ་གང་འགྱུར་བ་སྤྱོད་ཅིང་གཙོ་བོར་ཨ་ལི་ཀ་ལིའི་འབྱོར་པ་ལ་སྤྱོད་པ་སྟེ། དེ་ཉིད་ལས། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་། །གཙོ་བོར་དགོས་པ་གང་ཡིན་པ། །ཞེས་སོ། །འབྲས་བུ་ནི། དངོས་སུ་མཐོང་ལམ་ལ་སྦྱོར་ལ། བརྒྱུད་ནས་ཡི་གེ་འཁོར་ལོའི་ས་ཐོབ་པའོ། །དེ་དག་གིས་ལམ་བསྒྲུབ་པ་རྒྱ་ཆེར་བཤད་ཟིན་ཏོ། །

གསུམ་པ་འབྲས་བུའི་རྣམ་པར་བཞག་པ་ལ་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། རྣམ་སྨིན། ཚེ་དབང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །

དང་པོ་ནི། རྣལ་འབྱོར་པས་ལམ་དུ་བསྐྱེད་རྫོགས་བསྒྲུབ་པས་ལུས་ཐ་མལ་དུ་ཡོད་ལ། སེམས་ལྷའི་སྐུར་སྨིན་པ་སྟེ། རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །ཞེས་སོ། །དེའང་ཆོས་མཆོག་མ་ཐོབ་པར་ཤི་ན་བར་དོར་ཕྱག་རྒྱ་ལ་སྦྱང་ནས་རིམ་གྱིས་འཚང་རྒྱ་སྟེ། ལམ་རིམ་ལས། གཅིག་དང་དུ་(༨༤)མའི་རྣལ་འབྱོར་པ། །བརྟན་བྱ་ཉིད་པའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །སྟོབས་ཆུང་རྐྱེན་དམན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །ཞེས་སོ། །ཆོས་མཆོག་ཐོབ་ནས་ཚེ་དབང་ལ་དངོས་སུ་སྦྱོར་ཏེ། དེ་ལས། རྐྱེན་གྱིས་བར་མ་ཆད་པ་ན། །དེ་ཡང་རྡོ་རྗེའི་ལུས་སུ་སྦྱོར། །ཞེས་སོ། །

གཉིས་པ་ཚེ་དབང་རིག་འཛིན་ནི། ལམ་སྔ་མ་མཐར་ཕྱིན་པས་ལུས་དེ་ཉིད་རྡོ་རྗེའི་སྐུ་གྲུབ་ནས་སྐྱེ་འཆི་མེད་ཅིང་། སེམས་འཕགས་པའི་ཡེ་ཤེས་དང་པོ་ཐོབ་པ་སྟེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེ་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བ་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། །རྣམ་པ་ནི་སྔོན་ལྷ་མི་གང་ཡིན་དེར་སྣང་སྟེ། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །

གསུམ་པ་ཕྱག་རྒྱའི་རིག་འཛིན་ནི། སེམས་མཚན་མ་མེད་པར་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན་པ་སྟེ། ས་དང་པོ་སྐད་ཅིག་གཉིས་པ་ནས། བཅུ་པའི་བར་ཏེ་བསྒོམ་ལམ་ཟག་མེད་ལ་གནས་ཤིང་། ལུས་དཀྱིལ་འཁོར་གྱི་གཙོ་བོ་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔའི་ཆ་ལུགས་སུ་སྣང་བྱེད་ཆུའི་ཟླ་བ་ལྟ་བུར་གནས་ཏེ་རིམ་པ་ལྟར། མཉམ་པ་ཉིད་ལས་མི་གཡོ་ཞིང་། །ཟག་པ་མེད་པ་བསྒོམ་པའི་ལམ། །ཞེས་པ་དང་། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པས་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་སོ། །དེའང་གང་བསྒོམ་པའི་རིགས་སུ་སྣང་བ་དང་། ཐུན་མོང་གི་མཚན་དཔེ་དང་། མཆོག་གི་མཚན་དཔེ་འཁོར་གྱི་རྣམ་པས་བསྐོར་བར་སྣང་བ་དང་། ལོངས་སྐུ་ལ་གཉིས་ལས་ལམ་སྣང་གི་ལོངས་སྐུ་ཐོབ་པས་ཕྱག་རྒྱ་ཆེན་པོའི་རིགས་ཡིན་ནོ། །

གཉིས་པ་མཐར་ཐུག་གི་འབྲས་བུ་ནི། སློབ་པའི་ལམ་མཐར་ཕྱིན་ནས་མི་སློབ་པའི་ལམ་ལ་གནས་པའི་ཕྱིར་མཐར་ལམ་མངོན་དུ་མཛད་ཅིང་། ཆོས་སྐུའི་ཤེས་རབ་སྤྲོས་པའི་མཐའ་དང་བྲལ་བ་གནས་ལུགས་དོན་གྱི་ཡེ་ཤེས་དང་། ལོངས་སྐུའི་ཤེས་རབ་དུག་ལྔ་ཡེ་ཤེས་སུ་ཤར་བ་རང་བྱུང་གི་ཡེ་ཤེས་དང་། སྤྲུལ་སྐུའི་ཤེས་རབ་ཇི་སྙེད་ཇི་ལྟ་མཁྱེན་ནས་ཕྲིན་ལས་ལྷུན་གྲུབ་ཀྱི་ཡེ་(༨༥)ཤེས་གསུམ་ལ་མངའ་བརྙེས་ཤིང་། ཆོས་ཐམས་ཅད་ལ་མངའ་དབང་རྫོགས་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ཉིད་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འབྱུང་། །ཞེས་སོ། །

འདི་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སངས་རྒྱས་པ་དེའི་ཚེ། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ་ཉི་ཤུ་རྩ་ལྔར་གནས་པ་ལས། སྐུ་ལྔ་ནི། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཆ་ནས་མངོན་པར་བྱང་ཆུབ་ཀྱི་སྐུ་དང་། དུས་གསུམ་འཕོ་འགྱུར་དང་འཇིག་འབྲལ་མེད་ཅིང་རྟག་པས་མི་འགྱུར་རྡོ་རྗེའི་སྐུ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་པ་མཐའ་དག་ཞི་བས་ཆོས་ཀྱི་སྐུ་དང་། ལྷུན་སྟུག་པོ་བཀོད་པར་རང་སྣང་དཀྱིལ་འཁོར་དུ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་གང་འདུལ་དུ་སྣང་བས་སྤྲུལ་པའི་སྐུ་སྟེ། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་སོ། །གསུང་ལྔ་ནི། སྐུ་དེ་དག་གི་གསུང་སྟེ་མངོན་བྱང་གི་གསུང་རང་བྱུང་གི་ཡེ་ཤེས་ངོ་བོ་ཉིད་དུ་གསལ་བ། རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད་འདུས་མ་བྱས་པ། ཆོས་སྐུའི་གསུང་སྐྱེ་མེད་སྨྲ་བསམ་བརྗོད་ལས་འདས་པ། ལོངས་སྐུའི་གསུང་དྭངས་གསལ་བརྡ་ཙམ་ཚིག་ལས་འདས་པ། སྤྲུལ་སྐུའི་གསུང་འགྲོ་བ་སོ་སོའི་སྐད་དུ་སྣང་བ་དེའང་ཚངས་པའི་དབྱངས་ལ་སོགས་པའི་ཡན་ལག་དྲུག་ཅུ་ལྟ་བུ་སྟེ། སྔ་མ་ལས། གསུང་ལྔ་རང་བྱུང་ཡེ་ནས་སྣང་། །ཞེས་སོ། །ཐུགས་ལྔ་ནི། ཀུན་ལ་དབྱེར་མེད་དུ་ཁྱབ་པའི་ཡེ་ཤེས་ལྔ་སྟེ། དེ་ལས། ཐུགས་ནི་རང་བྱུང་ཡེ་ཤེས་ལྔ། །ཞེས་སོ། །ཡོན་ཏན་ལྔ་ནི། རང་སྣང་ལོངས་སྐུའི་སྣང་བ་ཆེན་པོ་སྟེ། དེའང་རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཞིང་ཁམས་དང་། གཞལ་ཡས་ཁང་དང་། འོད་ཟེར་དང་། གདན་ཁྲི་དང་། དཀྱིལ་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པར་སྣང་བ་སྟེ། དེ་ལས། ལྷུན་རྫོགས་རིག་པ་རང་སྣང་བ། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མ་སྣང་བ་སྟེ། །ཞེས་སོ། །ཕྲིན་ལས་ལྔ་ནི། མཛད་པ་སྟེ། གདུལ་བྱའི་ཉོན་མོངས་པ་དང་གནོད་འཚེ་ལ་སོགས་པ་སེལ་བས་ཞི་བ་དང་། བསོད་ནམས་དང་ཚེ་ལ་སོགས་པ་འཕེལ་བར་མཛད་པས་རྒྱས་པ་དང་། བསྡུ་བ་བཞིས་འཁོར་དུ་སྡུད་པས་དབང་དང་། བདུད་དང་གཤིན་རྗེ་ལ་སོགས་པ་ཚར་བཅད་པས་རྗེས་སུ་འཛིན་པ་དྲག་པོ་དང་། གདུལ་བྱ་དང་འཚམས་པར་གང་ལ་གང་འདུལ་གྱི་མཛད་པ་ལ་རྩོལ་བ་མེད་པར་དེ་དང་དེར་འབྱུང་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་(༨༦)ཏེ། དེ་ཉིད་ལས། གདུལ་བྱའི་བྱ་བ་ཐ་དད་པས། །ཞི་དབང་དྲག་རྒྱས་ལྷུན་གྱིས་གྲུབ། །གང་ལ་འཚམས་པར་འདུལ་མཛད་དེ། །ཞེས་སོ། །

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་རང་བཞིན་རྒྱས་པར་བཤད་པའོ། །

དང་པོ་ལ་གསུམ་ལས། ཆོས་ཀྱི་སྐུ་ནི་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་གནས་སྐབས་ན། སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ། སེམས་སེམས་བྱུང་གི་འཇུག་པ་མཐའ་དག་ཞི་བས་གང་དུའང་འཛིན་པ་མེད་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་རང་བཞིན། གནམ་གང་གི་ཟླ་བ་དབྱིངས་སུ་ནུབ་པ་ལྟར། ཡོད་པ་མ་ཡིན་ཏེ། རགས་པའི་རྣམ་པ་དང་འདིའོ་ཞེས་སངས་རྒྱས་ཀྱིས་ཀྱང་མི་གཟིགས་པ་དང་། མེད་པ་མ་ཡིན་ཏེ། ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་དང་། གཉིས་དང་གཉིས་ཀ་མ་ཡིན་པའི་མཐའ་ཐམས་ཅད་ལས་འདས་པའི་ཚུལ། འདི་ཉིད་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། དེའི་ངང་ལས་མ་གཡོས་བཞིན་དུ། རང་སྣང་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས། ཡེ་ཤེས་རིན་པོ་ཆེའི་ངོ་བོ་ལས་ལྷུན་གྱིས་གྲུབ་པ། འོག་གཞི་ཞི་བ་དང་། སྟེང་གཞི་ཁྲོ་བོའི་དཀྱིལ་འཁོར་མཁའ་དབྱིངས་ཀྱི་མཐའ་དབུས་ཁྱབ་པར་སྐུ་དང་ཡེ་ཤེས་སུ་འཇའ་ཚོན་ལྟར་སྣང་བ་སྟེ། འདི་ཉིད་ལས། ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན་འབྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པ་དང་། རྒྱ་མཚོ་ལས། རང་སྣང་རྒྱལ་བ་སེམས་སོགས་དང་། །དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་སོ། །ཞིང་འདིར་སྟོན་པས་གསང་བདག་ལ་བརྗོད་པ་མེད་བཞིན་དུ་རང་བྱུང་གི་དབྱིངས་སུ་སྣང་བས་སྒྱུ་འཕྲུལ་གསུངས་ཏེ། དེ་ཉིད་ལས། འཁོར་ལོ་འབར་བའི་སྟེང་དབུས་སུ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །སྐྱེས་བུ་བཀའ་སྡོད་མདུན་ན་གནས། །བརྗོད་པ་མེད་པར་གོ་བར་མཛོད། །ཅེས་སོ། །སྤྲུལ་སྐུ་ནི། དེ་ཉིད་ཀྱི་སྣང་ཆ་ལས་རང་བཞིན་སྤྲུལ་པ་དང་། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུར་རང་སྣང་བས་དོན་མཛད་དེ། དེའང་ས་བཅུའི་སེམས་དཔའ་ལ་ལོངས་སྐུར་(༨༧)སྣང་བས། མེ་ལོང་དུ་བཞིན་གྱི་དྲི་མ་སྣང་བ་ལྟར་ལོངས་སྐུའི་ངོས་ལ་བལྟས་པས། ས་བཅུའི་སེམས་དཔའ་སོ་སོའི་སྒྲིབ་པ་མཐོང་ནས་སྦྱོང་ཞིང་འོད་ཟེར་འགྱེད་པ་ཡིན་ཏེ། འདི་ཉིད་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །དེ་བཞིན་གསང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བལྟས་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་སྦྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་ནི། གདུལ་བྱ་སོ་སོའི་མོས་པ་དང་གནས་རིས་དང་མཐུན་པ་དེ་ཁོ་ན་འདྲ་བ་ཡང་། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །བསྡུ་ན་འགྲོ་བ་རིགས་དྲུག་སྣང་བས། དེ་དག་གི་འདུལ་བྱེད་ཐུབ་པ་དྲུག་སྣང་བ་སྟེ། འདི་ལས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཅེས་སོ། །

གཉིས་པ་བརྟེན་པ་ཡེ་ཤེས་ལ་གསུམ་ལས། ཆོས་སྐུའི་ཡེ་ཤེས་ཟབ་ཅིང་སྤྲོས་པ་དང་བྲལ་བ་སྟེ། རྡོ་རྗེ་ལས། ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་ངང་། །ཞེས་སོ། །ལོངས་སྐུའི་ཡེ་ཤེས་ལ་ལྔ་སྟེ། སྟོང་ཉིད་བསམ་ངོ་ལས་འདས་པ་ཇི་ལྟ་བའི་གནས་ལུགས་ཀྱི་ངང་ལ་བཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རང་གསལ་འགགས་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཆོས་ཐམས་ཅད་ལྷུན་མཉམ་རྫོགས་པ་ཆེན་པོའི་ངང་ལས་མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་ཅན་ཇི་སྙེད་པ་མངོན་དུ་གྱུར་པ་སོ་སོར་རྟོགས་པའི་ཡེ་ཤེས། གདུལ་བྱའི་དོན་གཉིས་འབད་མེད་དུ་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྒྱུད་བླ་མ་ལས། ཡེ་ཤེས་ཆེན་པོ་ལྔ་རྣམས་ཀྱང་། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །ཞེས་སོ། །སྤྲུལ་སྐུའི་ཡེ་ཤེས་ནི་གཉིས་ཏེ། ཤེས་བྱའི་གནས་ལུགས་སྐྱེ་འགགས་མེད་པར་མཁྱེན་པ་ཇི་ལྟ་བ་ཆོས་ཉིད་གཟིགས་པའི་ཡེ་ཤེས་དང་། ཆོས་ཅན་མ་འདྲེས་པར་ཇི་ལྟར་ཡིན་པ་བཞིན་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་ཉིད་ལས། སྤྲུལ་སྐུ་ཇི་བཞིན་ཇི་སྙེད་གཟིགས། །ཞེས་སོ། །

གསུམ་པ་མཛད་པ་ཕྲིན་ལས་ནི། གདུལ་ཡུལ་སེམས་དཔའ་དང་། ཉན་རང་དང་། སོ་སོའི་སྐྱེ་བོ་རྣམས་ནི་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། ལོངས་སྐུའི་ངང་ལས་སྤྲུལ་སྐུར་སྣང་བས་(༨༨)འདུལ་བ་བཞིའི་ཚུལ་གྱིས་དོན་མཛད་དེ། སྐུ་བསོད་ནམས་ཆེན་པོས་འདུལ་བ་སར་གནས་ལ་ལོངས་སྐུ་དང་། དེ་ལས་གཞན་པ་རྣམས་ལ་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་ལ་སོགས་པའི་རོལ་པས་གདུལ་བ་དང་། ཐུགས་མངོན་པར་ཤེས་པ་ཆེན་པོས་འདུལ་བ་དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་འདུལ་བ་དང་། བསམ་གྱིས་མི་ཁྱབ་པས་འདུལ་བ་རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་གདུལ་བ་དང་། གསུང་རིག་པས་འདུལ་བ་ཐེག་པ་ལྔ་ཡི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་གདུལ་བས་དོན་མཛད་དོ། །དེའང་དུས་ཇི་ཙམ་ཞིག་ཏུ་མཛད་ན། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་རྣམས་མ་གྲོལ་གྱི་བར་ལ་མཛད་པ་སྟེ། འདི་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་འདི་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་འཁོར་བ་ཇི་སྲིད་འདིར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་སྟེ། རྟག་པ་རྒྱུན་གྱི་འཁོར་ནམ་མཁའི་དབྱིངས་དང་མཉམ་པའི་འགྲོ་བ་ལ། གནས་སྐབས་སུ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཅིང་བདེ་བ་ལ་འགོད་ལ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྲིན་ལས་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་དག་གིས་ནི་མཐར་ཕྱིན་པ་འབྲས་བུའི་དོན་ཏེ་སྤྱིའི་དོན་རྣམས་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །

དོན་གཉིས་པ་གཞུང་གི་དོན་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་མཚན་གྱི་དོན་བཤད་པ། བརྗོད་བྱ་ཉིད་གསལ་བར་སྟོན་པ་གཞུང་གི་དོན་དངོས་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་བཤད་པའོ། །ཞེས་པ་ལ་སོགས་པས་རྡོ་རྗེའི་གནས་རྣམས་གསལ་བར་བཤད་ཅིང་། དེ་དག་གི་སྐབས་སུ། དོན་གྱི་འབྲེལ་འགོད་པ་སྦལ་པའི་འཕར་སྟངས་ལྟ་བུ། ཚིག་གི་དོན་བཤད་པ་རུ་སྦལ་གྱི་འགྲོས་ལྟ་བུ། ངག་དོན་གྱི་སྐབས་བསྡུ་བ་གླང་པོ་ཆེའི་འགྱིང་ལྟ་བུ་དང་གསུམ་གསུམ་གྱིས་བཤད་ཅིང་། ཚིག་འབྲུ་གསལ་ཞིང་ཁོང་ལྷོད་ལ་དལ་ཆགས་པ། དཔེ་དང་དོན་གཉིས་འབྲེལ་ལ་ཆུན་ཆེ་བ་སྟེ། ཡེ་ཤེས་དྲུག་ལྡན་གྱི་ཚུལ་དུ་བཤད་པ་ནི་གདམས་ངག་དམ་པའོ། །

ཆོས་ཚུལ་འདི་ནི་ཤིན་ཏུ་རྒྱ་ཆེན་ནམ་མཁའི་རང་བཞིན་འབྱམས་ཀླས་ཤིང་། །དཔག་མེད་བསམ་ཡས་ལྷུན་གྱིས་གྲུབ་ལ་ལེགས་བཤད་ཡིད་བཞིན་(༨༩)སྤྲིན་ཚོགས་ཅན། །དོན་ཟབ་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཕན་དང་བདེ་བའི་ཆར་མངའ་བ། །རྡུལ་བྲལ་དྲི་མེད་རིམ་རྒྱས་བཤད་དེས་འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །བདག་བློའི་ཡིད་མཁར་རྣམ་དཔྱོད་རྟ་བདུན་ལེགས་བཤད་འོད་སྟོང་དྲྭ་བ་ཅན། །ཚིག་དོན་རྣམ་བཀྲའི་པད་ཚལ་ཁ་འབྱེད་བློ་གསལ་རྐང་དྲུག་ཉེར་འཚོའི་གནས། །ཇི་སྙེད་ཇི་བཞིན་དོན་རྣམས་གསལ་བས་ཐར་པའི་ལམ་བཟང་སྣང་བྱེད་ཅིང་། །ལོག་བློའི་མ་རིག་ཀུནྡ་ཟུམ་པས་ཡེ་ཤེས་སེམས་དཔའི་གཞིར་གྱུར་ཏོ། །ཆ་ཤས་གང་བའི་བློ་གྲོས་ནི། །སྟོན་ཟླའི་རྒྱུ་སྐར་ཕྲེང་བ་ཅན། །གཞུང་ལུགས་ཀུ་མུ་ཏ་ཁ་འབྱེད་པ། །རིང་ན་གསལ་བས་རྣམ་པར་གྲགས། །གཏོང་ལ་དགའ་བ་དེ་དག་དགེ་བའི་མཚོ། །ནམ་ཡང་སྦྱིན་པའི་ཆུ་རྒྱུན་མི་ཟད་ལྟར། །ཡོན་ཏན་རང་བཞིན་ཅན་རྣམས་ཡིད་བཞིན་སྤྲིན། །རང་གཞན་དོན་གཉིས་འབྱོར་བའི་ཚོགས་མང་བ། །གང་འདིར་བདག་བློའི་ཡིད་ཀྱི་པད་མཚོ་ལས། །བློ་གྲོས་ངུར་པ་ཤིན་ཏུ་སྙན་འདུ་བས། །རྒྱུད་དོན་རྣམ་བཤད་ཟབ་མོའི་དར་དིར་སྒྲ། །བློ་གསལ་འདབ་གཤོག་ཚོགས་ལ་ལེགས་པར་བསྒྲགས། །དགེ་བ་དེ་ཡིས་མ་ལུས་འགྲོ་ཀུན་དོན་གཉིས་འབྱོར་བའི་སྙིང་པོ་ཅན། །རྒྱལ་བའི་གོ་འཕང་ཤིན་ཏུ་མཐའ་ཡས་ཡོན་ཏན་ཀུན་རྫོགས་ཐོབ་པར་ཤོག །ལེགས་བཤད་མཆོག་འདི་མཁའ་དང་ཆུ་མཚོ་ཡིད་བཞིན་དཔག་བསམ་དབང་པོ་ལྟར། །རྒྱ་ཆེ་རྒྱུན་རིང་གཞན་དོན་ཕུན་ཚོགས་ཡིད་ལ་བསམ་པ་འགྲུབ་པར་ཤོག །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་ཡིད་ཀྱི་མུན་སེལ་ཞེས་བྱ་བ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་གངས་རིའི་རྒྱུད་ཀྱི་ར་བར་བྱུང་བའི་རྣལ་འབྱོར་པ་རྡོ་རྗེ་གཟི་བརྗིད་ཀྱིས། སྐལ་བཟང་གི་སློབ་མ་བློ་གྲོས་བཟང་པོ་དང་། དགེ་བའི་འབྱུང་གནས་ལ་སོགས་པས་བསྐུལ་བའི་ངོར། སྔོན་གྱི་ཆོས་རྒྱལ་དམ་པས་བརྟེན་པའི་རི་ལྷུན་མཐོ་ཞིང་ཡིད་དུ་འོང་བ། སྨན་དང་མེ་ཏོག་གི་འབྱུང་གནས། གངས་རི་ཐོད་དཀར་གྱི་མགུལ། རྒྱ་ཤུག་གི་ནགས་འདབས་ཡིད་དུ་འོང་བ་སྙེ་ཕུ་ཤུག་གསེབ་ཙནྡན་གྱི་ནགས་ཁྲོད་ཆེན་པོར་ལེགས་པར་སྦྱར་བ་རྫོགས་སོ།། །།

དགེའོ།། །།

དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་བསྡུས་པའི་དོན་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ།

ལེའུ་དང་པོ།

༄༅། །དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་བསྡུས་པའི་དོན་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ་བཞུགས་སོ། །

༄༅། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལ་དོན་རྣམ་པ་གསུམ་སྟེ། བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་མཚན་གྱི་དོན་བཤད་པ། བརྗོད་བྱ་ཉིད་གསལ་བར་སྟོན་པ་རྒྱུད་ཀྱི་དོན་དངོས་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་བཤད་པའོ། །

དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དངོས་དང་། ཕྱག་གིས་མཆོད་པར་བརྗོད་པའོ། །རྒྱུད་དོན་དངོས་ལ་གསུམ་སྟེ། གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར། དེ་ལས་ཞི་ཁྲོ་གཉིས་ཀྱི་འཆར་ཚུལ། རྒྱུད་རྗེས་འཇུག་ལ་གཏད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབྱིངས་ལས་མ་(༢)གཡོས་པར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཀོད་ཚུལ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཚུལ། འཇིག་རྟེན་དུ་སྒྲོན་མ་བཀོད་དེ་ཆོས་ཐམས་ཅད་གཏན་ལ་ཕབ་ཚུལ་ལོ། །

དང་པོ་ལ་གསུམ་སྟེ། གླེང་གཞི་མདོར་བསྟན། རྒྱས་པར་བཤད། རང་སྣང་དུ་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། ལོངས་སྐུའི་ངོ་བོ་མདོར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། གནས། སྟོན་པ། འཁོར་ཕུན་སུམ་ཚོགས་པའོ། །གནས་ལ་གསུམ་སྟེ། ཞིང་ཁམས། གཞལ་ཡས་ཁང་། རྒྱན་དང་ཁྲི་བཀོད་པ་ཕུན་སུམ་ཚོགས་པའོ། །སྟོན་པ་ལ་གཉིས་ཏེ། བཞུགས་ཚུལ་ཐུན་མོང་དུ་བསྟན་པ་དང་། ཡབ་ཡུམ་སོ་སོར་བཤད་པའོ། །དེ་ལ་གསུམ་སྟེ། རྒྱལ་ཚབ་ཀྱི་ཡབ་ལྔ། དེའི་ཡུམ་ལྔ། རང་བཞིན་ཇི་ལྟར་བཞུགས་པའོ། །འཁོར་ལ་གསུམ། ནང་གི་སེམས་དཔའ་ཡབ་དང་ཡུམ། ཕྱིའི་སེམས་དཔའ་ཡབ་དང་ཡུམ། སྒོ་བ་ཡབ་དང་ཡུམ་མོ། །གསུམ་པ་རང་སྣང་དུ་དོན་བསྡུ་བ་ལ་གཉིས་ཏེ། གང་ལ་བཀོད་པའི་ངོ་བོ། ཇི་ལྟར་བཀོད་པའི་ཚུལ་ལོ། །ལེའུ་དང་པོའོ།། །།

ལེའུ་གཉིས་པ།

གཉིས་པ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཚུལ་ལ་གཉིས་ཏེ། དགོངས་པ་གླེང་བསླང་བ་དང་། མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་གཡོ་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གླེང་བའི་རྒྱུ་དང་། གླེང་བ་དངོས་ཀྱིས་ཡབ་ཀྱི་དགོངས་པ་གླེང་བསླང་བ་དང་། གླེང་བའི་རྒྱུ་དང་། གླེང་བ་དངོས་ཀྱིས་ཡུམ་གྱི་དགོངས་པ་གླེང་བསླང་བ་དང་། གླེང་བའི་རྒྱུ་དང་། གླེང་བ་དངོས་ཀྱིས་གཉིས་སུ་མེད་པའི་དགོངས་པ་གླེང་བསླང་བའོ། །ཐུགས་རྗེ་གཡོ་ཚུལ་ལ་ལྔ་སྟེ། གཞི་ཡེ་ནས་གསང་བས་སེམས་ཅན་གྱིས་མ་རྟོགས་པ། མ་རིག་པའི་སེམས་ཅན་ལ་ཐུགས་རྗེ་སྐྱེ་ཚུལ། བདག་ཏུ་བཟུང་བས་འཁོར་(༣)བར་འཁྲུལ་ཚུལ། འཁྲུལ་དུས་དེ་བཞིན་ཉིད་ལས་མ་གཡོས་པའི་ཚུལ། ཡེ་ནས་གྲོལ་བའི་ཆོས་སྟོན་ཚུལ་ལོ། །ལེའུ་གཉིས་པའོ།། །།

ལེའུ་གསུམ་པ།

གསུམ་པ་འཇིག་རྟེན་དུ་སྒྲོན་མ་བཀོད་པ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །གཉིས་པ་ལ་བཞི་སྟེ། བསོད་ནམས་ཆེན་པོས་འདུལ་བ། མངོན་པར་ཤེས་པས་འདུལ་བ། བསམ་གྱིས་མི་ཁྱབ་པས་འདུལ་བ། ཐེག་པ་ལྔས་འདུལ་བའོ། །དེ་ལ་གསུམ་སྟེ། ཐེག་པའི་དབྱེ་བ། གཉེན་པོར་གསུངས་ཚུལ། དེའི་དོན་བཤད་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འཁོར་བའི་རང་བཞིན་སྐྱེ་མེད་དུ་བསྟན་པ་དང་། ཆོས་ཀྱི་རང་བཞིན་བརྗོད་མེད་དུ་བསྟན་པའོ། །དང་པོ་ལ་དྲུག་སྟེ། འབྲེལ་འགོད་པ། འཁོར་བར་འཁྲུལ་ཚུལ། རང་བཞིན་ཆོས་ཉིད་དུ་བསྟན་པ། འཁྲུལ་སྣང་སེམས་སུ་བསྟན་པ། འཁྲུལ་རྟོག་རྩ་བྲལ་དུ་བསྟན་པ། རྣམ་ཤེས་ཡེ་ཤེས་སུ་བསྟན་པའོ། །གཉིས་པ་ཆོས་ཀྱི་རང་བཞིན་བརྗོད་མེད་དུ་བསྟན་པ་ལ་དྲུག་སྟེ། ཐེག་པ་བཞིའི་འབྲས་བུར་བསྟན་པ། རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། གང་ལ་གང་འདུལ་དུ་བསྟན་པ། ཐེག་པ་ཀུན་གྱི་འཕྲོ་གཞིར་བསྟན་པ། མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་དུ་བསྟན་པ། གནས་ལུགས་བརྗོད་མེད་དུ་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། རང་སྣང་དུ་སྟོན་པའི་རྒྱུ་བརྗོད་པ་དང་། ཇི་ལྟར་བསྟན་པ་དངོས་སོ། །གཉིས་པ་ལ་གཉིས། འཁྲུལ་སྣང་སེམས་ཀྱི་རང་སྣང་དུ་བསྟན་པ། ཞིང་སྣང་ཡེ་ཤེས་ཀྱི་རང་སྣང་དུ་བསྟན་པའོ། །ལེའུ་གསུམ་པའོ།། །།

ལེའུ་བཞི་པ།

དོན་གཉིས་པ། དེ་ལས་ཞི་ཁྲོ་གཉིས་ཀྱི་འཆར་ཚུལ་བསྟན་པ་ལ་གཉིས་ཏེ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསྟན་པ་དང་། ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པའོ། །དང་པོ་ལ་གསུམ་སྟེ། གཞི་དཀྱིལ་འཁོར་བསྐྱེད་ཅིང་དབང་བསྐུར་བ། ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྒོམ་པ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་ཡི་གེ་སྤྲིན་གྱི་དཀྱིལ་འཁོར། དེ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་དགོད་པ་དང་། ཇི་ལྟར་བསྒྲུབ་པའི་(༤)རིམ་པའོ། །དང་པོ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། ཡི་གེའི་རང་བཞིན་སྤྱིར་བསྟན། ལྷ་དང་སྦྱར་ཏེ་སོ་སོར་བཤད། དེའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། བསྒོམ་པའི་ཚུལ། སྤྲོས་པའི་ཚུལ། གསུངས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དངོས་དང་། དེའི་ཕན་ཡོན་ནོ། །སྤྲོས་ཚུལ་ལ་གཉིས་ཏེ། ཇི་ལྟར་སྤྲོས་པ་དང་། ངོ་མཚར་གྱི་ལྟས་སོ། །གསུངས་ཚུལ་ལ་དྲུག་སྟེ། གསུངས་པའི་རྒྱུ་བརྗོད། ཆོས་ཀྱི་སྐུར་བསྟན། ལོངས་སྐུར་བསྟན། སྤྲུལ་སྐུར་བསྟན། དཀྱིལ་འཁོར་རྫོགས་ཚུལ་བསྟན། ངེས་ཚིག་བཤད་པའོ། །བཞི་པ་ལ་གཉིས་ཏེ། ཚིག་གི་འབྱུང་ཁུངས་བསྟན་པ་དང་། རོལ་པ་སྤྲུལ་སྐུར་བསྟན་པའོ། །ངེས་ཚིག་ལ་གསུམ་སྟེ། སྐྱེ་བ་མེད་པ། ལྷུན་གྱིས་གྲུབ་པ། གང་གིས་བཀོད་པའོ། །གཉིས་པ་ལྷ་དང་སྦྱར་ཏེ་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །གཉིས་པ་ལ་ལྔ་སྟེ། དབྱིངས་རིགས་ལྔ་ཡབ་ཡུམ། ནང་སེམས་སྒོ་བ། ཕྱི་སེམས་སྒོ་མ། ཡེ་ཤེས་ཐུབ་པ། སྒོ་སྐྱོང་ཁྲོ་བོ་དང་བཅས་པའི་ཡི་གེའོ། །དང་པོ་ལ་གསུམ་སྟེ། ཀུན་ཏུ་བཟང་མོའི་ཡི་གེ། རིགས་ལྔ་ཡབ་ཀྱི་ཡི་གེ། རིགས་ལྔ་ཡུམ་གྱི་ཡི་གེའོ། །གཉིས་པ་ལ་གཉིས་ཏེ། དབང་པོའི་སེམས་དཔའ་བཞི་ཐུགས་ཀྱི་སྒོ་བ་དང་བཅས་པའི་ཡི་གེ་དང་། ཡུལ་གྱི་སེམས་མ་བཞི་སྐུ་ཡི་སྒོ་བ་དང་བཅས་པའི་ཡི་གེའོ། །གསུམ་པ་ལ་གཉིས་ཏེ། སེམས་དཔའ་སྒོ་བ་དང་། སེམས་མ་སྒོ་མ་དང་བཅས་པའི་ཡི་གེའོ། །བཞི་པ་ལ་གཉིས་ཏེ། ཡེ་ཤེས་ཀུན་ཏུ་བཟང་པོའི་ཡི་གེ་དང་། སྤྲུལ་སྐུ་ཐུབ་པ་དྲུག་གི་ཡི་གེའོ། །ལྔ་པ་ལ་གཉིས་ཏེ། སྒོ་སྐྱོང་དང་། ཁྲོ་བོའི་ཡི་གེའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཇི་ལྟར་བྱུང་བ་དང་། བསྡུ་བ་དངོས་སོ། །ལེའུ་བཞི་པའོ།། །།

ལེའུ་ལྔ་པ།

གཉིས་པ་ཇི་ལྟར་བསྒྲུབ་པའི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། གང་སྒྲུབ་པའི་དངོས་གྲུབ། ཡི་གེ་སྤྲིན་གྱི་རང་བཞིན། ཇི་ལྟར་སྒྲུབ་པའི་ཐབས་སོ། །དང་པོ་ལ་བཞི་སྟེ། སེམས་ཉིད་རྩ་བར་བསྟན་པ། དེས་གྲུབ་པ་མཆོག་གི་དངོས་གྲུབ། ཐུན་མོང་གི་དངོས་གྲུབ། འགྲུབ་པའི་དཔེའོ། །ཡི་གེ་སྤྲིན་གྱི་རང་བཞིན་ལ་གཉིས་ཏེ། གང་གིས་སྒྲུབ་པ་དང་། ངོ་བོ་གང་བསྒྲུབ་པའོ། །ཇི་ལྟར་སྒྲུབ་པའི་ཐབས་ལ་གསུམ་སྟེ། བསྟན། བཤད། བསྡུ་བའོ། །བཤད་པ་ལ་གཉིས་ཏེ། དམིགས་མེད་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པས་ཤེས་རབ་སྟོང་པ་(༥)ཉིད། བསྐྱེད་རྫོགས་ལྷ་ཡི་ཏིང་ངེ་འཛིན་དང་། སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱར་བཤད་པས་ཐབས་སྣང་བ་བསྒོམ་པའི་ཏིང་ངེ་འཛིན་ནོ། །ལེའུ་ལྔ་པའོ།། །།

ལེའུ་དྲུག་པ།

གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། དབྱིངས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བའི་རྒྱུ་བརྗོད་པ་དང་། འཕྲོས་པའི་དཀྱིལ་འཁོར་ཉིད་བཤད་པའོ། །དེ་ལ་གསུམ་སྟེ། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱིར་བསྟན། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད། ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་དངོས་དང་། དེས་གྲུབ་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཡི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། གཞལ་ཡས་ཁང་། རྒྱན། གདན་ཁྲིའོ། །ལྷ་ཡི་དཀྱིལ་འཁོར་ལ་དྲུག་སྟེ། བཞུགས་ཚུལ། གང་དུ་བཞུགས། ཕྱག་མཚན། སྐུ་མདོག །རྣམ་པ། འོད་ཟེར་རོ། །གཉིས་པ་དེ་སྒྲུབ་པའི་འབྲས་བུ་ལ་བཞི་སྟེ། སྐུའི་འཆར་ཚུལ། ཕྲིན་ལས་མཛད་ཚུལ། འགྲོ་བ་གྲོལ་ཚུལ། ལྟས་ཀྱི་སྣང་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། གང་ལས་བྱུང་བའི་དབྱིངས་དང་། དེ་ལས་བྱུང་བའི་ཕྲིན་ལས་སོ། །དེ་ལ་བཞི་སྟེ། འགྲོ་དྲུག་ཐ་མལ། ཉན་ཐོས། རང་རྒྱལ། སར་གནས་ལ་སྣང་ཚུལ་ལོ། །གསུམ་པ་གྲོལ་ཚུལ་ལ་གཉིས་ཏེ། རྒྱུ་ལམ་གྱིས་སྒྲིབ་པ་སྦྱངས་ཚུལ་དང་། འབྲས་བུ་སྐུ་དང་ས་ཡི་ཐོབ་ཚུལ་ལོ། །དེ་ལ་གསུམ་སྟེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །གསུམ་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དོན་བསྡུ་བ་ལ་གཉིས་ཏེ། ཇི་ལྟར་གསུངས་པ་དང་། གང་གསུངས་པའོ། །ལེའུ་དྲུག་པའོ།། །།

ལེའུ་བདུན་པ།

གཉིས་པ་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གསུང་གསང་སྔགས་དང་། སྐུ་ཕྱག་རྒྱའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། རྒྱུ་བརྗོད། དངོས་བསྟན། གཏན་ལ་དབབ་པའོ། །གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བའི་སྔགས་སོ། །དང་པོ་ལ་བཞི་སྟེ། གཞལ་ཡས་ཁང་། ལྷ། ཕྲིན་ལས་རྫོགས་པའི་སྔགས། ལྟས་སྣང་བའོ། །ལྷ་བསྐྱེད་པའི་སྔགས་ལ་དྲུག་སྟེ། རིགས་ལྔ་ཡབ་ཡུམ། ཐུགས་ཀྱི་སེམས་དཔའ་ཡབ་ཡུམ། སྒོ་བ་ཡབ་ཡུམ། ཀུན་ཏུ་བཟང་པོ་ཡབ་ཡུམ། ཐུབ་པ་དྲུག་གི་སྔགས་སོ། །གསུམ་པ་ཕྲིན་ལས་ཀྱི་སྔགས་ལ་གསུམ་སྟེ། སྤྱན་དྲངས་ཞིང་བསྟིམ་པ་(༦)དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པའི་སྔགས་སོ། །གཉིས་པ་དབང་བསྐུར་བའི་སྔགས་ལ་གཉིས་ཏེ། གསུང་བའི་ཚུལ་དང་། གང་གསུང་བའོ། །དེ་ལ་གསུམ་སྟེ། ཡེ་ཤེས་ལྔའི་སྔགས། བྱིན་གྱིས་རློབ་པའི་སྔགས། བྱིན་རླབས་ཀྱི་སྣང་ཚུལ་ལོ། །གསུམ་པ་གཏན་ལ་དབབ་པ་ལ་ལྔ་སྟེ། ངོ་བོ་བརྗོད་མེད། རང་བཞིན་བསམ་མེད། གནས་ལུགས་རྣམ་དག །སྣང་ལུགས་མཆོག་གྱུར། ཡིན་ལུགས་གདོད་མའོ། །དེ་ལ་གསུམ་སྟེ། ངོ་བོ་གཅིག་ལས་མ་འདས་པ། རོལ་པ་སྣ་ཚོགས་སུ་འཆར་བ། གདུལ་བྱའི་མོས་པ་ལ་སྣང་བའོ། །ལེའུ་བདུན་པའོ།། །།

ལེའུ་བརྒྱད་པ།

གཉིས་པ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བ་དང་། སྤྲོས་པའི་རང་བཞིན་ནོ། །དེ་ལ་གསུམ་སྟེ། གཞི་ལམ་འབྲས་བུ་ཕྱག་རྒྱའི་དཀྱིལ་འཁོར་རོ། །གཉིས་པ་ལ་གསུམ་སྟེ། ཕྱག་རྒྱའི་རྒྱུ། སྤྱིའི་ཕྱག་རྒྱ། སོ་སོའི་ཕྱག་རྒྱའོ། །དེ་ལ་ལྔ་སྟེ། རྣམ་སྣང་། མི་བསྐྱོད། རིན་འབྱུང་། འོད་དཔག་མེད། དོན་གྲུབ་ཡབ་ཡུམ་སྟེ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། སྒོ་བ་ཡབ་ཡུམ། ཐུབ་པ་དྲུག །ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱའོ། །གསུམ་པ་འབྲས་བུ་ཕྱག་རྒྱའི་དཀྱིལ་འཁོར་ལ་གསུམ་སྟེ། གནས་ལུགས་ཀྱི་ཕྱག་རྒྱ་སྤྱིར་བསྟན། སྣང་བྱེད་ཀྱི་ཕྱག་རྒྱ་བྱེ་བྲག་ཏུ་བཤད། འབྲས་བུའི་ཕྱག་རྒྱས་མཛད་པའོ། །གཉིས་པ་ལ་བཞི་སྟེ། བཞི་བཅུ་རྩ་གཉིས། སྟོང་། ཉི་ཁྲི་ཆིག་སྟོང་། བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱའོ། །

གསུམ་པ་དོན་མཛད་ལ་ལྔ་སྟེ། སྣ་ཚོགས་སུ་སྤྲོས་པ། དེ་གཉིས་འགྲོ་ལ་སྣང་ཚུལ། སྣང་ཡང་གཅིག་ལས་མ་གཡོས་པ། གྲངས་ཚད་མེད་པ། ཐམས་ཅད་ཕྱག་རྒྱ་ཆེན་པོའི་ངང་དུ་བསྟན་པའོ། །ལེའུ་བརྒྱད་པའོ།། །།

ལེའུ་དགུ་པ།

གསུམ་པ་དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། གསུངས་ཚུལ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། རབ་མཆོག་དབང་། དམན་པ་རྡུལ་ཚོན། གང་དུ་དབང་བསྐུར་བའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་དགོད་ཅིང་མཆོད་པ། དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དང་། སྦྱིན་སྲེག་གོ། །དཀྱིལ་འཁོར་ལ་གཉིས་ཏེ། དཀྱིལ་འཁོར་བྱ་དང་། མཆོད་པ་བཤམ་པའོ། །དང་པོ་ལ་ལྔ་སྟེ། གནས། ཚད། ཐིག །བྲི་བ། མཚན་མ་དགོད་པའོ། །(༧)གཉིས་པ་སྦྱིན་སྲེག་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །གཉིས་པ་མཆོད་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་མཆོད་པ་དང་། བདེ་བ་ཆེན་པོའི་མཆོད་པའོ། །དང་པོ་ཀུན་རྫོབ་སྒྱུ་མའི་མཆོད་པ་དངོས་དང་། ཇི་ལྟར་འབུལ་བའི་ཚུལ་གྱིས་ཆོས་ཅན་གྱི་མཆོད་པ་དང་། ཆོས་ཉིད་དོན་དམ་པའི་མཆོད་པའོ། །གཉིས་པ་བདེ་བ་ཆེན་པོའི་མཆོད་པ་ལ་གཉིས་ཏེ། ཐབས་དང་། ཤེས་རབ་བདེ་བ་ཆེན་པོའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། ཕན་ཡོན་ནོ། །དེ་ལ་གཉིས་ཏེ། རྒྱལ་བ་མཉེས་པ་དང་འགྲོ་བ་ཚིམ་པས་གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་ནོ། །གསུམ་པ་དབང་བསྐུར་བ་ལ་གཉིས་ཏེ། འཇུག་པ་དང་། དབང་བསྐུར་བའོ། །དེ་ལ་གཉིས་ཏེ། ཡོན་འབུལ་བ་དང་། དབང་བསྐུར་བའོ། །གཉིས་པ་རྡུལ་ཚོན་དུ་དབང་བསྐུར་བ་ལ་གསུམ་སྟེ། དཀྱིལ་འཁོར་བྲི་བ། བསྒྲུབ་པ། འབྲས་བུའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་ཆུང་ངུ་དང་། འབྲིང་། ཆེན་པོ་ཐུན་མོང་དུ་བྲི་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། ས་ཆོག་དང་། བྲི་བའོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ་སྟེ། དཀྱིལ་འཁོར་བསྐྱེད་པ། སྤྱན་དྲངས་པ། བསྟིམ་པའོ། །གསུམ་པ་འབྲས་བུ་ལ་གསུམ་སྟེ། དཔེ། དོན། གཞན་དོན་འབྱུང་བ་གསུམ་གྱིས་གཞན་དོན་སེམས་ལས་འབྱུང་བའི་འཐད་པ་དང་། ཇི་ལྟར་བསྒྲུབ་པའི་ཐབས་དང་། ཐབས་དེས་གྲུབ་པའི་འབྲས་བུའོ། །དེ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུའོ། །དེ་ལ་གསུམ་སྟེ། སྐུ་དང་ཡེ་ཤེས་སུ་གྲུབ་ཚུལ། ནང་གསལ་ཆོས་སྐུར་བཞུགས་ཚུལ། སླར་ཡང་སྤྲུལ་སྐུ་འབྱུང་ཚུལ་ལོ། །ལེའུ་དགུ་པའོ།། །།

ལེའུ་བཅུ་པ།

གཉིས་པ་དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འཇུག་པའི་ཚུལ་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ནུས་པ་དང་། ཕན་པའི་དབང་དང་། ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། ཟབ་དབང་སྤྱིར་བསྟན། ནུས་དབང་བྱེ་བྲག་ཏུ་བཤད། དབང་དང་མི་ལྡན་པའི་སྐྱོན་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། ཏིང་ངེ་འཛིན་དང་རྗེས་གནང་གི་ཉན་པའི་དབང་། ཏིང་ངེ་འཛིན་དང་རྗེས་གནང་གི་བསྒོམ་པའི་དབང་། ཏིང་ངེ་འཛིན་དང་རྗེས་གནང་གི་ཕྲིན་ལས་ཀྱི་དབང་། ཏིང་ངེ་འཛིན་དང་རྗེས་གནང་གི་འཆད་པའི་དབང་། ཏིང་ངེ་འཛིན་དང་རྗེས་གནང་གི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །གསུམ་པ་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །ལེའུ་བཅུ་པའོ།། །།(༨)

ལེའུ་བཅུ་གཅིག་པ།

གཉིས་པ་ལམ་བསྐྱེད་རྫོགས་བསྒོམས་པ་གཉིས་ཏེ། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་གཉིས་ཏེ། ཚོགས་ཀྱི་དཀྱིལ་འཁོར་དང་། དེའི་ཡན་ལག་གོ། །དང་པོ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤེས་པར་བྱ་བ་དང་། ལམ་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་ཉམས་སུ་བླང་པའོ། །དེ་ལ་གསུམ་སྟེ། ཅིར་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར། རོལ་པ་ཚོགས་ཀྱི་དཀྱིལ་འཁོར། གང་སྒྲུབ་ཐབས་ཀྱི་ཡན་ལག་གོ། །དང་པོ་ལ་གཉིས་ཏེ། སྣང་སེམས་གཉིས་མེད་ཀྱི་དཀྱིལ་འཁོར་དང་། སྦྱོར་སྒྲོལ་གཉིས་མེད་ཀྱི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། ཞི་བ་དང་ཁྲོ་བོས་འཛིན་བྱེད་ཡབ་ཀྱི་དཀྱིལ་འཁོར། ཞི་བ་དང་ཁྲོ་བོས་གཟུང་ཡུལ་ཡུམ་གྱི་དཀྱིལ་འཁོར། རོལ་པ་གཉིས་མེད་ཀྱི་དཀྱིལ་འཁོར་རོ། །སྦྱོར་སྒྲོལ་གཉིས་མེད་ལ་གསུམ་སྟེ། བདེ་ཆེན་མཆོག་གི་དཀྱིལ་འཁོར། ཐབས་ཆེན་པོ་གསང་བའི་དཀྱིལ་འཁོར། ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། སྦྱར་བའི་ཡུལ། ཚུལ་ཇི་ལྟར་སྦྱོར་བ། དེའི་ཕན་ཡོན་ནོ། །ཐབས་ཆེན་པོ་གསང་བ་ལ་གསུམ་སྟེ། གང་བསྒྲལ་བའི་ཡུལ། ཇི་ལྟར་སྒྲོལ་བའི་ཐབས། ཉེས་པས་མི་གོས་པའི་རྒྱུ་མཚན་ནོ། །གཉིས་པ་རོལ་པ་ཚོགས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། ཀུན་ཏུ་བཟང་པོ་དང་། དཀྱིལ་འཁོར་སོ་སོའི་ཚོགས་མཆོད་དོ། །དང་པོ་ལ་གསུམ་སྟེ། རང་བཞིན་ཤེས་པར་བྱ་བ། ཇི་ལྟར་སྒྲུབ་པའི་ཐབས། དེའི་འབྲས་བུའོ། །དཀྱིལ་འཁོར་སོ་སོ་ལ་གཉིས་ཏེ། དཀྱིལ་འཁོར་དང་། དེ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཚོམ་བུ་ལྔ་པ་གསུམ་པ་གཅིག་པས་ཞི་བ་དང་། ཁྲོ་བོའི་དཀྱིལ་འཁོར་རོ། །དེ་སྒྲུབ་པ་ལ་བཞི་སྟེ། གང་ཟག་གང་གིས་དཀྱིལ་འཁོར་གང་བསྒྲུབ་པའི་ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པའོ། །གསུམ་པ་གང་སྒྲུབ་ཐབས་ཀྱི་ཡན་ལག་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག །མཐུན་པ་རྐྱེན་གྱི་ཡན་ལག །འགྲུབ་པ་དུས་ཀྱི་ཡན་ལག་གོ། །ལེའུ་བཅུ་གཅིག་པའོ།། །།

ལེའུ་བཅུ་གཉིས་པ།

གཉིས་པ་དེའི་ཡན་ལག་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། (༩)བྲོ་གར་གྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ། གླུའི་ཏིང་ངེ་འཛིན། རྒྱན་གོས་ཀྱི། བཟའ་བཏུང་གི། སྦྱོར་སྒྲོལ་གྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རིག་འཛིན་འགྲུབ་པའི་རྒྱུ། དེས་གྲུབ་པ་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུའོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། ཀུན་ཏུ་བཟང་པོའི་བསྐྱེད་རྫོགས། ཚུལ་དེས་དཀྱིལ་འཁོར་ཀུན་འགྲུབ་པ། ཕྲ་མོའི་ཉེས་པས་མི་གོས་པའོ། །ལེའུ་བཅུ་གཉིས་པའོ།། །།

ལེའུ་བཅུ་གསུམ་པ།

གཉིས་པ་རྫོགས་རིམ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། དོན་ངོས་བཟུང་། དེ་གང་གིས་མཚོན། གང་ལ་གནས་པའོ། །བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཟབ་དོན་དངོས། ཁྱད་པར་འཕགས་ཚུལ། གདམས་པའི་སྣོད་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཐབས་བསྐྱེད་པའི་རིམ་པ། ཤེས་རབ་རྫོགས་པའི་རིམ་པ། གཉིས་མེད་འོད་གསལ་གྱི་རིམ་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་ཅིང་སྒོམ་པས་ཉམས་སུ་བླང་བས་ཕྱི་བསྐྱེད་པའི་རིམ་པ་བསྟན་པ་དང་། བསྒོམ་ཚུལ་དང་འབྲས་བུའི་སྒོ་ནས་ནང་རྫོགས་པའི་རིམ་པ་བསྟན་པ་དང་། འོད་གསལ་ངོས་བཟུང་ཞིང་དེ་ཉིད་ངོ་སྤྲད་པའི་འབྲས་བུའི་གསང་བ་འོད་གསལ་གྱི་རིམ་པ་དང་སྦྱར་ཏེ་བསྟན་པའོ། །གཉིས་པ་ཁྱད་པར་འཕགས་ཚུལ་ལ་གསུམ་སྟེ། གང་ཟག་གི་ཆེ་བ། ལམ་གྱི་ཆེ་བ། ཆེ་བ་དེ་ལས་གཞན་མེད་པའོ། །གསུམ་པ་གདམས་པའི་སྣོད་ལ་གཉིས་ཏེ། སྐལ་ལྡན་དང་། སྐལ་མེད་དོ། །ལེའུ་བཅུ་གསུམ་པའོ།། །།

ལེའུ་བཅུ་བཞི་པ།

གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟོད་པ་དང་། བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་སྟེ། སྐུ། གསུང་། ཐུགས། ཡོན་ཏན། ཕྲིན་ལས་ལ་བསྟོད་པའོ། །ལེའུ་བཅུ་བཞི་པའོ།། །།

ལེའུ་བཅོ་ལྔ་པ།

དོན་གཉིས་པ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་རང་བཞིན། ལམ་ཇི་ལྟར་སྒྲུབ་པའི་ཐབས། འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། གདུལ་བྱ་ལས་ཀྱི་ཁྲོ་བོའི་བྱུང་ཚུལ་དང་། འདུལ་བྱེད་ཡེ་(༡༠)ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་དྲི་བ་དང་། ལན་བཤད་པའོ། །དེ་ལ་གཉིས་ཏེ། རྒྱུ་གང་གིས་བསྐྱེད་པ་དང་། འབྲས་བུ་གང་སྨིན་པའོ། །དེ་ལ་གཉིས་ཏེ། དམྱལ་བ་དང་ཡི་དྭགས་སུ་སྐྱེས་པས་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །གཉིས་པ་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལ་གཉིས་ཏེ། གདུལ་བྱ་གཟིགས་ཚུལ་དང་། བཏུལ་བ་དངོས་སོ། །དེ་ལ་གསུམ་སྟེ། ཆོ་འཕྲུལ་བཞིས་དྲེགས་པ་ཅན་ཟིལ་གྱིས་མནན་པ། ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་བཅད་པ། ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྒྱུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་། དེ་ལས་ཆོ་འཕྲུལ་སྤྲོས་པའོ། །གཉིས་པ་ཚར་བཅད་པ་ལ་བཞི་སྟེ། གཙོ་བོ་དང་འཁོར་བཀོད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀོད་པ། དྲེགས་པ་ཅན་རྔམ་སྒྲས་རྒོལ་བ་དང་དེ་བསྒྲལ་བས་ཕོ་རྒྱུད་དངོས་སུ་བསྒྲལ་བ། སྣོད་དང་བཅུད་ཀྱི་འཇིག་རྟེན་བསྡུ་བ་དང་སྦྱོར་བ་ཆེན་པོའི་རོལ་པས་མོ་རྒྱུད་སྦྱོར་བས་དགྱེས་པ། སྤྲོ་བའི་སྦྱོར་བ་དང་། མ་མོ་སྤྲོས་པ་དང་། ཕྲ་མེན་སྤྲོས་པ་དང་འཁོར་རྣམས་རང་གི་གནས་སུ་བཏང་བས་འཁོར་གྱི་དཀྱིལ་འཁོར་སྤྲོ་བའོ། །གསུམ་པ་ཐུགས་རྗེས་བཟུང་བ་ལ་བཞི་སྟེ། རྒྱུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དྲེགས་པ་ཅན་ཕྱུང་སྟེ་ཁྲུས་བྱས་ཤིང་དཀྱིལ་འཁོར་གྱི་ཞལ་བསྟན་པས་གནས་སྤར་ཏེ་དཀྱིལ་འཁོར་མཐོང་བའི་ཚུལ་བསྟན་པ་དང་། སྟོང་ཁམས་མཉམ་དུ་བཏུལ་བ་དང་། དཀྱིལ་འཁོར་གྱི་གདན་དུ་ཕུལ་བ་དང་། འཁོར་ཕུལ་བ། དམ་བཅས་པ། དབང་མོ་འབངས་སུ་འོང་བས་དྲེགས་པ་ཅན་གྱི་འབངས་སུ་ཁས་བླང་བ་དང་། དབང་བསྐུར་ཏེ་བཀའ་བསྒོ་བའོ། །ལེའུ་བཅོ་ལྔ་པའོ།། །།

ལེའུ་བཅུ་དྲུག་པ།

གཉིས་པ་ལམ་ཇི་ལྟར་སྒྲུབ་པའི་ཐབས་ལ་ལྔ་སྟེ། ཐུགས་རྒྱུད་བསྐུལ་བ་གསང་སྔགས་ཀྱི་དཀྱིལ་འཁོར། དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར། ཇི་ལྟར་མཆོད་པའི་ཚུལ། དམ་ཚིག་གི་རིམ་པ། ཕྲིན་ལས་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །གཉིས་པ་ལ་ལྔ་སྟེ། གཙོ་བོ་ཡབ་ཡུམ། མ་མོ་བརྒྱད། ཕྲ་མེན་བརྒྱད། སྒོ་མ་བཞི། དབང་མོ་ཉེར་བརྒྱད་བསྐྱེད་པས་ལྷ་བསྐྱེད་པའི་སྔགས་དང་། ཡེ་ཤེས་སྤྱན་དྲངས་པའི་སྔགས་དང་། རིག་པའི་མེ་ཏོག་དོར་བའི་སྔགས་དང་། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པའི་སྔགས་དང་། (༡༡)ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་སོ། །ལེའུ་བཅུ་དྲུག་པའོ།། །།

ལེའུ་བཅུ་བདུན་པ།

གཉིས་པ་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གསུམ་སྟེ། རྒྱུ་སྤྱིར་བསྟན། རང་བཞིན་རྒྱས་པར་བཤད། ལྟས་སྣང་བའོ། །གཉིས་པ་ལ་གཉིས་ཏེ། གཞལ་ཡས་ཁང་དང་། རྒྱན་དང་། གདན་ཁྲི་སྟེ་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཡི་དཀྱིལ་འཁོར་རོ། །དེ་ལ་གཉིས་ཏེ། སྐུ་མདོག་ཞལ་ཕྱག་གི་རྣམ་པ། རྒྱན་ཆ། གསུང་གི་ང་རོ། ཕྱག་མཚན་བཙུན་མོའི་སྦྱོར་ཚུལ་དང་བཅས་པས་གཙོ་བོའི་བཞུགས་ཚུལ་དང་། ཁྲོ་མོ་ཉི་ཤུ་དང་དབང་མོ་ཉེར་བརྒྱད་ཀྱིས་འཁོར་གྱི་བཀོད་པའོ། །ལེའུ་བཅུ་བདུན་པའོ།། །།

ལེའུ་བཅོ་བརྒྱད་པ།

གསུམ་པ་ཇི་ལྟར་མཆོད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྒྲོལ་བ་དང་སྦྱོར་བས་སྤྱིར་བསྟན། དམ་རྫས་བདུད་རྩི་དང་འདོད་ཡོན་རྒྱན་གྱི་མཆོད་པས་བྱེ་བྲག་ཏུ་བཤད། ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པས་ཕན་ཡོན་བསྟན་པའོ། །ལེའུ་བཅོ་བརྒྱད་པའོ།། །།

ལེའུ་བཅུ་དགུ་པ།

བཞི་པ་དམ་ཚིག་གི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། དམ་ཚིག་ཆེན་པོའི་ངོ་བོ་སྤྱིར་བསྟན་པ་དང་། བསྒྲུབ་བསྲུང་གི་རྣམ་བཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། གསང་བའི་དམ་ཚིག་གཞན་ལས་འཕགས་ཚུལ། དེར་འདུལ་སྡོམ་ཐམས་ཅད་འདུས་ཚུལ། དམ་ཚིག་དངོས་སོ། །དེ་ལ་བཞི་སྟེ། སྲོག་གཅོད། མ་བྱིན་ལེན། རྫུན་སྨྲ། མི་ཚངས་སྤྱོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། ངོ་བོ་ངེས་ཚིག་དང་བཅས་པ། ཕན་ཡོན་ཉེས་དམིགས་དང་བཅས་པ། རང་བཞིན་དབྱེ་བ་དང་བཅས་པ། ཕན་ཡོན་ཆེན་པོ་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྩ་བ་དང་མི་སྤང་ཞིང་དང་བླང་གི་ཡན་ལག་སྟེ་ངོ་བོ་དང་། རྩ་བ་དང་ཡན་ལག་གི་ངེས་ཚིག་གོ། །གཉིས་པ་ཕན་ཡོན་ཉེས་དམིགས་བཅས་པ་ལ་གཉིས་ཏེ། བསྲུང་བའི་ཕན་ཡོན་དང་། ཉམས་པའི་ཉེས་དམིགས་སོ། །དེ་ལ་གཉིས་ཏེ། རྩ་བ་ཉམས་པའི་ཉམས་གྲིབ་གཞན་ལ་གནོད་ཅིང་རང་ལ་འབྱུང་བ་དང་། ཡན་ལག་ཉམས་པའི་ཉེས་པའོ། །གསུམ་པ་ལ་གཉིས་ཏེ། རང་བཞིན་དང་། དབྱེ་བའོ། །དེ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གི་དབྱེ་བས་རྣམ་གྲངས་ཀྱི་དབྱེ་བ་དང་། ཆོས་ཅན་དང་ཆོས་ཉིད་མཐའ་མེད་པས་དམ་ཚིག་བསམ་གྱིས་མི་ཁྱབ་པར་དབྱེ་(༡༢)བའོ། །བཞི་པ་ཕན་ཡོན་རྒྱ་ཆེར་བཤད་པ་ལ་ལྔ་སྟེ། འཇིག་རྟེན་པས་བསྟོད་ཅིང་བསྐུར་བ། འཕགས་པས་བྱིན་གྱིས་རློབ་པ། རྒྱལ་བའི་སྤྱོད་ཡུལ་ཐོབ་པ། འདུལ་སྡོམ་དམ་ཚིག་འདུས་པ། ཉམས་ཀྱང་གསོར་རུང་བའོ། །ལེའུ་བཅུ་དགུ་པའོ།། །།

ལེའུ་ཉི་ཤུ་པ།

ལྔ་པ་ཕྲིན་ལས་སྒྲུབ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། ཁྱད་པར་གཞན་སྨོས་པའོ། །དང་པོ་ལ་བཞི་སྟེ། དྲག་པོ། དབང་། རྒྱས་པ། ཞི་བའོ། །དང་པོ་ལ་གསུམ་སྟེ། སྲེག་པ་མེ་ཡི་ལས། གདབ་པ་ཕུར་བུའི་ལས། མནན་པ་བྲོ་ཡི་ལས་སོ། །དབང་ལ་གསུམ་སྟེ། སྲེག །གདབ། མནན་པའོ། །རྒྱས་པ་ལ་གསུམ་སྟེ། སྲེག །གདབ། མནན་པའོ། །ཞི་བ་ལ་གསུམ་སྟེ། སྲེག །གདབ། མནན་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དམ་ཅན་ལ་བཀའ་བསྒོ་བ་དང་། བྲོ་གར་གྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཀའ་བསྒོ་བའི་ཚུལ་དང་། བསྒོ་བ་དངོས་སོ། །ཕན་ཡོན་ལ་གཉིས་ཏེ། དོན་ངོས་བཟུང་བ་དང་། དེ་རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། གཙོ་བོ་ལྔ་ཡི་བྲོ་གར་གྱི་ཕན་ཡོན། མ་མོ་བརྒྱད་ཀྱི་ཕན་ཡོན། ཕྲ་མེན་བརྒྱད་ཀྱི་ཕན་ཡོན། དབང་མོ་ཉེར་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནོ། །གསུམ་པ་ཁྱད་པར་གཞན་སྨོས་པ་ལ་གཉིས་ཏེ། གནས་དང་། ཏིང་ངེ་འཛིན་ནོ། །ལེའུ་ཉི་ཤུ་པའོ།། །།

ལེའུ་ཉེར་གཅིག་པ།

གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་ལ་གཉིས་ཏེ། བསྟོད་ཚུལ་མདོར་བསྟན་པ་དང་། བསྟོད་པ་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། རིགས་ལྔ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་སྟེ། སྐུ་ཡི། གསུང་གི། ཐུགས་ཀྱི། ཡོན་ཏན་གྱི། ཕྲིན་ལས་ཀྱི་རིགས་ལ་བསྟོད་པའོ། །ལེའུ་ཉེར་གཅིག་པའོ།། །།

ལེའུ་ཉི་ཤུ་རྩ་གཉིས་པ།

དོན་གསུམ་པ་རྒྱུད་རྗེས་འཇུག་ལ་གཏད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་འགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། ལམ་ཀུན་གྱི་འབྲས་བུར་གདམས་པ་དང་། གསང་བ་ཀུན་གྱི་མཆོག་ཏུ་གདམས་པའོ། །དང་པོ་ལ་གཉིས་ཏེ། གདམས་བྱ་རྒྱུད་ཀྱི་རང་བཞིན་དང་། གང་ལ་གདམས་པ་སྣོད་ཀྱི་ཆེ་བའོ། །དང་པོ་ལ་གསུམ་སྟེ། འབྲས་རྒྱུད་དངོས་བསྟན། ལམ་གཞན་དེའི་རྐང་སྟེགས་སུ་བསྟན། རྣམ་གྲངས་གཞན་གསུངས་པའི་དགོངས་པ་བསྟན་པའོ། །གཉིས་པ་གསང་བ་ཀུན་གྱི་མཆོག་ཏུ་(༡༣)གདམས་པ་ལ་གཉིས་ཏེ། གསང་དོན་དངོས་དང་། དེ་འཛིན་པའི་གང་ཟག་ལུང་བསྟན་པའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ལ་གཉིས་ཏེ། རང་སྣང་ལ་དགྱེས་པ་དང་། རང་སྣང་གདོད་མའི་དབྱིངས་དེ་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་ཚུལ་ལོ། །ལེའུ་ཉི་ཤུ་རྩ་གཉིས་པའོ།། །།

སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་གསུམ་སྟེ། རྒྱུད་གང་གི་ཁོངས་སུ་གཏོགས་པ་དང་། ལེ་ལག་གང་ཡིན་པ། འབྲས་བུ་མཆོག་ཏུ་གྱུར་པའོ། །བདག་བློའི་ཡིད་ཀྱི་པདྨོའི་ཁང་བཟང་དུ། །རྒྱུད་དོན་སྒྱུ་འཕྲུལ་ཉི་ཟེར་གསལ་བ་ཡིས། །བསྡུས་འགྲེལ་འདབ་སྟོང་གེ་སར་རྒྱས་གྱུར་པ། །དེ་ཡིས་བློ་གསལ་རྐང་དྲུག་དགའ་བར་མཛོད། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་ཉེར་ཞི་གདོད་མའི་མཁའ་དབྱིངས་སུ། །གསང་བའི་སྙིང་པོ་དམ་པས་ལེགས་གཞོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཤོག །གང་འདིར་བདག་བློ་ནགས་རིའི་ཁྲོད་དགའ་ཞིང་། །སྤྲོས་པས་སྐྱོ་ལ་ཏིང་འཛིན་ལྷུར་ལེན་ནའང་། །ཡང་ཡང་བསྐུལ་ཕྱིར་སྙིང་རྗེའི་རླབས་གཡོ་བས། །ཕྱི་རབས་དོན་འགྱུར་སྙམ་ནས་འདི་བརྩམས་སོ། །མིག་ལྡན་རྣམས་ཀྱི་གཟུ་བོའི་བློས་སྦྱར་ཏེ། །ཇི་བཞིན་དོན་ཉིད་གཟིགས་པས་དགོངས་པར་འགྱུར། །ལུང་རིགས་མན་ངག་རྣམ་བཀྲའི་ཚོགས་མང་བས། །ཅུང་ཟད་མི་འགལ་ལེགས་བཤད་སྤྲིན་ཕུང་འཁྲིགས། །འདི་དོན་རྣམ་བཞིའི་ལེགས་པར་བསྟན་པ་ནི། །སྤྱི་དོན་ཡིད་མཁའི་མུན་པ་སེལ་བ་དང་། །བསྡུས་དོན་མ་རིག་མུན་པ་སེལ་བ་དང་། །གཞུང་དོན་ཕྱོགས་བཅུའི་མུན་པ་སེལ་བ་དང་། །ལམ་རིམ་ཡེ་ཤེས་སྒྲོན་མ་འབར་བ་སྟེ། །ཐེག་མཆོག་སྒྱུ་འཕྲུལ་ཚིག་དོན་གསལ་བ་ཡིན། །རིན་ཆེན་མཆོག་ལས་འདོད་དགུ་སྒྲུབ་པ་བཞིན། །རྒྱུད་དོན་མཆོག་ལས་ཐར་པ་བསྒྲུབ་པའི་ཕྱིར། །བློ་མིག་མཆོག་ལས་ཕུན་ཚོགས་སྒྲུབ་པ་དང་། །ལེགས་བཤད་མཆོག་ལས་དོན་གཉིས་སྒྲུབ་པར་མཛོད། །འདིར་ནི་སྐྱེ་བོ་དགའ་བ་རྣམ་མང་བས། །དད་ལྡན་དོན་གཉེར་དགའ་བས་དགྱེས་པར་མཛོད། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བསྡུས་དོན་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་རྡོ་རྗེ་གཟི་བརྗིད་ཀྱིས། གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།

དགེའོ།། །།

སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ཞེས་བྱ་བ།

༄༅། །སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་རྣམས་བྱེད་པོ་ཡེ་ནས་རྣམ་གྲོལ་རང་བཞིན་བཟང་། །མཉམ་པའི་བདག་ཉིད་ཀུན་ནས་མ་བསླད་མཁའ་དང་མཚུངས། །ཆོས་རྣམས་རང་བཞིན་བྱ་བ་རྣམ་དག་དམིགས་མེད་དབྱིངས། །ཡིད་ཆོས་བྱེད་དང་བྱ་འགྱུར་ཀུན་བཟང་ཡབ་ཡུམ་འདུད། །ཆོས་སྐུའི་མཁའ་ལ་གཟུགས་སྐུ་རྣམ་དག་རོལ་པའི་སྤྲིན། །ཐེག་མཆོག་གསང་ངག་སྐུ་དང་རབ་ལྡན་འབྲུག་གློག་ཟབ། །གདུལ་བྱ་གང་འདུལ་ཁྲོ་ཆགས་རྣམ་གྲོལ་ཆར་གྱི་རྒྱུན། །རྒྱུད་རབ་རླན་བྱེད་ཞི་ཁྲོའི་ཚོགས་ལ་དང་བས་འདུད། །དོན་གྱི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག །ཚིག་དོན་རྣམ་བཀྲ་གསལ་བར་ངེས་བྱའི་ཕྱིར། །རྒྱལ་དགོངས་མ་འཁྲུལ་སྔགས་ཀྱི་སྤྱི་ཡི་དོན། །ཅུང་ཟད་བཀྲོལ་གྱི་མཁས་ཀུན་དགའ་བར་མཛོད། །

དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་མངའ་བདག་དེས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ནས་མ་གཡོས་བཞིན་ཏུ་རང་བཞིན་ཐུགས་རྗེའི་བྱིན་གྱིས་བརླབས་ཀྱི་རང་སྣང་ལས། སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་རིགས་ལྔའི་སངས་རྒྱས་ཀྱི་རྣམ་པར་བཞེངས་ཏེ། ཕྱོགས་བཞི་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་ཉིད་ལས་མི་གཞན་པའི་མངའ་ཐང་ཆེན་པོ་ལ་དབང་བསྒྱུར་བས། རྡོ་རྗེ་སེམས་དཔའ་ལ་སོགས་པ་འབྲས་བུ་སེམས་དཔའ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་ཏེ། སྣང་བ་གསུམ་གྱིས་འདུལ་བར་བྱ་བའི་ཁམས་རང་བཞིན་གྱིས་གྲོལ་བར་མཛད་པ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་བརྒྱུད་གསུམ་ལས། དང་པོ་ནི་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དེས་དབང་ཕྱུག་ཆེན་པོའི་འོག་མིན་དུ་འབྲས་བུ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པ་དང་གཉིས་སུ་མེད་པར་བཞུགས་ཏེ། དེ་ཉིད་དང་ལྷན་ཅིག་པའི་འཁོར་རྣམས་ལ་ཟབ་མོའི་དབང་གསུམ་བསྐུར་བས་བརྗོད་བྱ་དོན་གྱི་རྒྱུད་རྟོགས་ཏེ། རང་དོན་དུ་སངས་རྒྱས་སོ། །དེ་ནས་གཞན་དོན་དུ་ཞུ་བ་ཐུན་མོང་ལམ་སྟེགས་གཉིས་པའི་ཕུལ་བས་སྟོན་པ་ཐུགས་རྗེ་སྐྱེས་ཏེ། གསུངས་པ་ཞལ་གྱིས་བཞེས་ཏེ་སྤྲོ་བ་གཉིས་མཛད་པ་ལས། སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་ཁྱད་པར་ལས། ཐུན་མོང་བཅའ་བཞིའི་སྟོན་པ་དྲུག་སྤྲོས་ཏེ། ཐུན་མོང་ལམ་སྟེགས་ཀྱི་ཐེག་པ་མཐའ་དག་གསུངས་པ་དང་། སྟོན་པས་ཆོས་ཚུལ་འདི་ཉིད་འཆད་པའི་ཚུལ་དྲུག་མཛད་ནས་འོག་མིན་དུ་གསུངས་པ་ཉིད་གཉིས་དུས་མཚུངས་པར་བསྟན་པའི་རྒྱུད་ཐ་དད་པར་འབྱུང་བའོ། །

དེ་ལའང་གསུམ་སྟེ། གནས། སྟོན་པ། འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པའོ། །དང་པོ་ལའང་བཞི་སྟེ། སྒྲ་དོན། མཚན་ཉིད། དབྱེ་བ། རྩོད་པ་སྤོང་བ་སྟེ། དང་པོ་ནི། ཨ་ཀ་ནིཥྠའི་སྒྲ་ལས་དམན་པར་མ་གྱུར་པའམ་འོག་མིན་པ་སྟེ་གོང་མར་གྱུར་པའི་དོན་ཏོ། །

གཉིས་པ་ནི། གནས་སུ་གྱུར་པ་གང་ཞིག་དུས་གང་ན་ཆོས་འཕགས་པའི་གནས་གཞན་མེད་པ་སྟེ་འོག་མིན་ཙམ་གྱི་མཚན་ཉིད་དོ། །ཆོས་སྐུའི་འོག་མིན་གྱི་མཚན་ཉིད་ནི། མཐར་ཐུག་གི་བགྲོད་བྱའི་གནས་ཡིན་པ་གང་ཞིག །གཟུགས་སྐུ་གཉིས་ཀྱི་འཆར་གཞིའི་རྟེན་བྱེད་པ། ལོངས་སྐུའི་ངེས་པ་ལྔ་ལྡན་སྣང་བའི་གནས་སུ་གྱུར་པ་གང་ཞིག །སྤྲུལ་སྐུའི་འཆར་གཞིའི་རྟེན་བྱེད་པ། སྤྲུལ་སྐུ་ནི་གཙང་མའི་གནས་གང་ཞིག །འཇིག་རྟེན་དུ་སྣང་བའི་གནས་ཀྱི་མཆོག་ཡིན་པའོ། །དེ་ཡང་འཇིག་རྟེན་གྱི་ཁམས་དང་ཞིང་ཁམས་ཀྱི་ཁྱད་ནི། སྤྲུལ་སྐུས་གདུལ་བའི་ཞིང་དང་། ལོངས་སྐུ་དང་ཆོས་སྐུའི་ཞིང་གི་ཁྱད་ཡོད་དོ། །

གསུམ་པ་དབྱེ་བ་ལ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འོག་མིན་ནོ། །དང་པོ་ནི། མཐའ་དབུས་ཕྱོགས་ཆ་གང་དུའང་བཞག་ཏུ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སངས་རྒྱས་ཀྱི་མཐར་ཐུག་གམ་བགྲོད་བྱ་དམ་པ་སྟེ་ཡང་དག་དོན་གྱི་འོག་མིན་ཞེས་བྱའོ། །དེ་སྐད་དུའང་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་སོ། །ལོངས་སྐུའི་འོག་མིན་ནི་ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའི་སྣང་བ་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ་ཡེ་ཤེས་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ནི། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་མའི་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གིས་ནི་གནང་བ་མཛོད། །ཅེས་སོ། །དེ་ཡང་གཙང་གནས་སྤངས་ཞེས་པ་ནི་དེ་ལས་འདས་པ་སྟེ། འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ཡིན་གྱི། དེའི་ཡ་རོལ་ན་ཡོད་པའི་ངེས་པ་མེད་དེ། སངས་རྒྱས་གང་ན་བཞུགས་པའི་རང་སྣང་ཡིན་པའི་ཕྱིར་རོ། །དེའང་བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པའི་རྡུལ་ཕྲ་རབ་ཀྱི་ནང་ནའང་མི་བཞུགས་ཞེས་མི་བསམ་ཞིང་། དེ་ནའང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་རྣམ་པར་མ་འགགས་སོ། །དེ་ནའང་གནས་ཀྱི་ཕྱོགས་བློས་ཕྱོགས་ཆར་ཆད་པ་གཅིག་ཏུ་བཙལ་མི་དགོས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས། ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གནས་དེ་ཉིད་འོག་མིན་ཆེན་པོ་ཞེས་བྱ་སྟེ་སངས་རྒྱས་ཉིད་ཀྱི་རོལ་པ་ལས་གཞན་གྱི་ལོངས་སྤྱོད་མ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས། མི་བསྐྱོད་པ་རྡོ་རྗེའི་རིགས། རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རིགས། འོད་དཔག་མེད་པདྨའི་རིགས། དོན་ཡོད་གྲུབ་པ་ལས་ཀྱི་རིགས་ཏེ་སོ་སོའི་དཀྱིལ་འཁོར་ཚོམ་བུ་ནམ་མཁའ་དབྱིངས་ཀྱི་མཐས་ཀླས་པར་རང་སྣང་ལྷུན་གྱིས་གྲུབ་པའོ། །དེ་ལྟར་སྣང་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་ཡང་གཅིག་ཏུ་མ་གྲུབ་སྟེ་སྣ་ཚོགས་སུ་སྣང་ཞིང་། དུ་མར་མ་གྲུབ་སྟེ་ལོངས་སྐུ་དེ་ཉིད་གཅིག་གི་རང་སྣང་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཞིང་དང་སྐུ་དང་ཡེ་ཤེས་སུ་སྣང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་སྤྱི་གཟུགས་ཏེ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ལ། སངས་རྒྱས་ལོངས་སྐུ་རྣམས་སྤྱི་མཐུན་པའི་སྣང་བའོ། །དེ་ན་སྣང་བའི་གཙོ་འཁོར་དེ་དག་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པའི་མཛོད་ཡིན་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་ངང་ཡིན་པའི་ཕྱིར་རོ། །ད་ལྟར་སྣང་བ་དེ་ཡང་སྒྲིབ་པ་མཐའ་དག་སྤངས་པའི་ཚེ་སྐད་ཅིག་དེ་ཉིད་ཆོས་སྐུ་དང་སྔ་ཕྱི་མི་ཕྱེད་པར་སྣང་བ་ཡིན་ནོ། །གདུལ་བྱ་ལ་སྣང་ཞེས་པས་ས་ཐོབ་པའི་སྤྱོད་ཡུལ་མ་ཡིན་ཏེ། སྒྲིབ་པ་མཐའ་དག་སྤངས་ཞེས་པ་དེ་མ་ཚང་བའི་ཕྱིར་རོ། །གནས་དེའི་ཡོན་ཏན་སྣང་ཚུལ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་དུ་ནི་དཔགས་པ་ཡིན། །ངོ་བོ་མཐའ་གསུམ་ལས་འདས་པ། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །གྲུ་བཞི་སྤྱི་བོའི་འཁྱིལ་བ་གནས། །ཞེས་པས། ལོངས་སྐུའི་རང་སྣང་དག་པའི་ཞིང་ཁམས་ཡིན་པས་ན། གཙང་མའི་འོག་མིན་དང་། སར་གནས་ཀྱི་སྣང་བ་རང་བཞིན་སྤྲུལ་སྐུའི་འོག་མིན་གཉིས་ལས་སྣང་བ་དེ་ཉིད་འཕགས་སོ། །དེ་ལྟ་བུའི་ཞིང་གི་ངོ་བོ་ཡོད་མེད་རྟག་ཆད་སྤྲོས་པའི་མཐའ་གསུམ་ལས་འདས་ཤིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ལྔའི་རང་བཞིན་ཅན་སྣང་བའི་རྒྱན་ཕུལ་དུ་ཕྱིན་པས་སྤྲས་པའི་གཞལ་མེད་ཁང་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པར་སྣང་བའོ། །དེ་ཡང་གང་དུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འདྲེས་པའི་གནས་དེ་ཉིད་དུ་སངས་རྒྱས་ལོངས་སྐུའི་སྣང་བ་དེ་ཉིད་འཆར་བ་ཡིན་ཏེ། དབུ་མ་ཆོས་དབྱིངས་སུ་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ན་བདག་སྨྲའོ། །ཞེས་སོ། །དབང་ཕྱུག་ཆེན་པོ་ནི་ལོངས་སྐུ་ཉིད་དེ་ཆོས་ཐམས་ཅད་ཀྱི་འབྱོར་པ་དམ་པ་ལ་དབང་བསྒྱུར་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པ་སྐུ་སྤྱིའི་སྣང་བ་ཡིན་པས་སྣང་བ་མི་འདྲ་བ་ཐ་དད་དུ་བཞག་པ་མེད་ཀྱང་། རྒྱལ་བ་སོ་སོས་བྱང་ཆུབ་བརྙེས་པའི་ལོངས་སྐུའི་ཞིང་ཆ་ནས་ལོངས་སྐུའི་ཁམས་སོ་སོར་ཕྱེ་བ་ཙམ་དུ་ཟད་དེ། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ཀྱང་། །དེ་ལ་དགག་པ་ཐ་དད་འབྱེད། །ཅེས་སོ། །དེ་ལྟར་རང་སྣང་ལོངས་སྐུའི་ཞིང་དུ་སངས་མ་རྒྱས་ན་འཇིག་རྟེན་དུ་སྒྲོན་མ་བཀོད་པ་ནས་འགྲོ་བའི་དོན་མཛད་མི་ནུས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་སོ། །དེ་ཉིད་རྒྱལ་བ་ཁམས་གསུམ་ལས་འདས་པས་གནས་ཀྱང་དེའི་སྒྲས་བརྗོད་དེ། དེ་ཉིད་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །གནས་ལས་འདས་སོ་སངས་རྒྱས་དབང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་སོགས་གནས་དེར་རང་སྣང་དག་པའི་དཀྱིལ་འཁོར་ལ། རང་བཞིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་ཕུན་སུམ་ཚོགས་པ་རང་བཞིན་བྱིན་གྱིས་བརླབས་ཀྱིས་ཐུགས་སེམས་དཔའ་ལ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུར་སྣང་བས་གསུངས་ཏེ། གསང་སྙིང་ལས། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་ཞེས་པ་དང་། གཞན་ལས་ཀྱང་ཚུལ་དེ་དང་མཐུན་པར་གསུངས་སོ། །

གསུམ་པ་སྤྲུལ་སྐུའི་འོག་མིན་ལ་གཉིས་ཏེ། གདུལ་བྱ་ལ་གནས་པའི་དོན་དུ་རང་བཞིན་སྤྲུལ་སྐུའི་ཞིང་དང་འདྲེས་མའི་དོན་དུ་གཙང་མ་རིས་ཀྱི་འོག་མིན་བསྟན་པའོ། །

དང་པོ་ནི། དབུས་ན་འོག་མིན་ཁང་བུ་བརྩེགས་པའི་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་བ། ལྷོ་ན་རིན་པོ་ཆེས་བརྒྱན་པ། ནུབ་ན་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པའི་ཞིང་ལྔར་འཁོར་ས་བཅུའི་སེམས་དཔའ་ལ། སྟོན་པ་རིགས་ལྔའི་ཆོས་ཐེག་པ་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་ཞལ་དང་ལྗགས་ལས་འོད་ཟེར་འཕྲོས་པའི་རྩེ་ལས་རང་སྣང་ཞིང་། མེ་ལོང་ལྟ་བུའི་སྣང་བས་སྒྲིབ་པ་སྦྱང་བར་འདོད་དེ། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོར། །བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་སོ། །དུས་ནི་མི་ཟད་རྒྱན་གྱི་འཁོར་ལོ་སྟེ་རྟག་པར་རོ། །ཁྱད་པར་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རིགས་ལྔ་མངོན་པར་སྣང་བས་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཐེག་པ་གསུངས་སོ། །ཞིང་དེ་ཡང་འཇིག་རྟེན་ལས་འཕགས་པས་སྟེང་ཞེས་བརྗོད་དེ། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་གནས་བསྟན་ཏེ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་པ། །གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། །གཞལ་ཡས་ཁང་དེ་གནས་ཀྱི་འོག་མིན་བཤད། །ཅེས་སོ། །འཁོར་ཡང་སེམས་དཔར་བཤད་དེ། དེ་ཉིད་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལས་འདས་པ་ཡི། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་རྣམས། །དེ་ནི་ལོངས་སྤྱོད་རྫོགས་པའི་འཁོར་དུ་བསྟན། །ཞེས་སོ། །ཆོས་ཀྱང་སྐུ་དང་ཡེ་ཤེས་ཀྱི་དགོངས་པས་སྟོན་ཏེ། དེ་ཉིད་ལས། ཡེ་ཤེས་ལོངས་སྤྱོད་འོག་མིན་བཞུགས་པ་ཡི། །ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་ལ། །བྱང་ཆུབ་སེམས་དེ་སྐུ་དང་ཡེ་ཤེས་བཤད། །ཅེས་སོ། །ཇི་ལྟར་བཤད་ན་དེ་ལ། ལོངས་སྤྱོད་རྫོགས་སྐུ་རང་གི་ངོ་བོས་སྟོན། །ཞེས་སོ། །

གཉིས་པ་འདྲེས་མའི་ཚུལ་དུ་གཙང་རིས་ཀྱི་འོག་མིན་བསྟན་པ་ནི། མི་མཇེད་ལ་སོགས་འགྲོ་བ་སེམས་ཅན་གྱི་སྣང་བ་དང་མཐུན་པའི་གནས་ཀྱི་མཆོག་རང་རང་གི་འཇིག་རྟེན་དེའི་གཟུགས་ཀྱི་ཁམས་བསམ་གཏན་བཞི་པའི་གཙང་མ་རིས་ཀྱི་ལྷ་ལྔའི་གནས་ཀྱི་འོག་མིན་རགས་པའི་དངོས་པོ་མ་ཡིན་པ། དང་བ་འོད་ཀྱི་རང་བཞིན་ལས་གྲུབ་པའི་གནས། གཞལ་ཡས་ཁང་ལ་སོགས་པ་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་དེར། འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་ཚེ་སྤྲུལ་པའི་དང་པོ་ལོངས་སྐུ་དང་ཆོས་མཐུན་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྟན་ནས། ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དུ་མས་འདུལ་བར་ཀུན་ཏུ་སྟོན་ཏེ། དེ་སྐད་དུའང་ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་པ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུད་ཆོས་དུ་མས་ཚིམ་པར་མཛད། །ཅེས་སོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྤྱན་འགྲེལ་ལས། དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ་སངས་རྒྱས་བཞུགས་གནས་ཡིན་ཞིང་། དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ་ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན་ཞིང་། ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་། དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ། གསང་བ་སྐུའི་བཞུགས་གནས་ཡིན་ཞིང་། མི་གནས་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །རྟོགས་པའི་འོག་མིན་ལས་དང་པོ་པས་འོག་མིན་གྱི་གཞལ་ཡས་ཁང་སྒོམ་པ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གནས་ཀྱི་འོག་མིན་གཙང་མ་རིས་ཀྱི་ལྷ་ལྔའི་ཡང་སྟེང་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་། གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །ཞེས་པའི་དོན་དྲུག་འབྱུང་ཡང་སྔ་མའི་ཁོངས་སུ་འདུ་སྟེ། དོན་དང་རིག་པའི་འོག་མིན་ཆོས་སྐུར་འདུ་ཞིང་། རྟགས་ཀྱི་ལོངས་སྐུ་གཞན་གསུམ་སྤྲུལ་སྐུར་འདུ་སྟེ། གནས་ཀྱི་འོག་མིན་ཡིན་ལ། གསང་བ་དང་། རྟོགས་པའི་འོག་མིན་ནི་སྤྲུལ་སྐུའི་ལམ་ཉམས་སུ་ལེན་པས་དེའི་ཁོངས་སུ་འདུའོ། །

བཞི་པ་རྩོད་པ་སྤོང་བ་ནི། རྒྱུད་གསུངས་པའི་གནས་རང་སྣང་ལོངས་སྐུའི་ཞིང་དུ་གདུལ་བྱ་རང་རྒྱུད་པ་མེད་ན་ཆོས་བསྟན་པའི་དགོས་པ་མེད་ཅིང་། དོན་རྟགས་ཀྱི་དཀྱིལ་འཁོར་ཡང་གདུལ་བྱ་ལ་བསྟན་གྱི་རང་གི་ཐུགས་ཀྱི་སྤྲུལ་པ་ལ་བསྟན་མི་དགོས་ཏེ། སྤྲུལ་པ་ལ་རྟོག་པ་མེད་པའི་ཕྱིར་རོ། །དེ་ནས་རང་རྒྱུད་པའི་འཁོར་དང་སྤྲུལ་པ་གཉིས་ཀའོ་ཞེས་ཟེར་རོ། །དེ་ནི་ཁྱེད་ཀྱི་དགོངས་པ་མ་ལོན་པར་སྣང་སྟེ། སྤྲུལ་པའི་གདུལ་བྱ་ཡོད་པའི་ཆོས་བསྟན་པའི་དགོས་པ་ཡོད་དེ། ཕྱི་རབས་གསང་བདག་གིས་འཆད་པའི་དགོས་པ་ཡོད་པའི་ཕྱིར་དང་། དོན་རྟགས་ཀྱི་ཆེད་དུ་གདུལ་བྱ་ལ་བསྟན་པ་མ་ཡིན་གྱི། རང་སྣང་ལ་ལོངས་སྤྱོད་རྫོགས་པའི་ཡོན་ཏན་ལྷུན་རྫོགས་སུ་ཤར་བ་སྟེ། མེ་ལོང་གི་ངོས་ལ་གཟུགས་བརྙན་སྣང་བ་བཞིན་ནོ། །སྤྲུལ་པ་ལ་རྟོག་པ་མེད་ཀྱང་ཡེ་ཤེས་ཡོད་པས། དེ་ཉིད་ཀྱིས་ཆོས་ཉན་ཞིང་འཛིན་པར་བྱེད་དོ། །གལ་ཏེ་སྤྲུལ་པ་ལ་རིག་པའི་ཡེ་ཤེས་མེད་ན་ཤཱཀྱ་ཐུབ་པ་དང་གསང་བདག་ལ་སོགས་པའི་ཇི་ལྟ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མི་མངའ་བར་ཐལ་བའི་སྐྱོན་ཡོད་དེ། ལུང་གིས་ཀྱང་གནོད་དེ། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་རྫོགས་དང་། །ཞེས་དང་། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་པ་དང་། དེ་བཞིན་ཉིད་ཀྱིས་དབྱིངས་ཉིད་དབང་བསྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །ཞེས་པ་ལ་སོགས་པས་གནོད། མདོར་ན་སངས་རྒྱས་ཀྱི་སྐུ་གསུམ་དང་རྣམ་པར་འཕྲུལ་པ་དང་ཞིང་ཁམས་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་དེ། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པས། ནམ་མཁས་གང་དུ་ཁྱབ་པར་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། སེམས་ཅན་གྱིས་གང་དུ་ཁྱབ་པར་སྤྲུལ་པའི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པས། བདེ་བར་གཤེགས་པའི་ཞིང་ཁམས་ལ་ཕྱོགས་དང་རིས་སུ་ཆད་པ་མེད། ཞིང་འདི་ཉིད་ཀྱི་གོང་ན་གཞན་དག་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོང་བ་ཡོད་པ་རྟོགས་པར་བྱ་ཞིང་། མ་དག་པར་སྣང་བ་ཡང་རང་གི་སྣང་བ་ཙམ་ལས་དག་པའི་ཞིང་དུ་བལྟ་བར་བྱ་སྟེ། ཉི་ཟླའི་སྣང་བ་དག་པ་མ་ཡིན་མོད་ཀྱི། དམུས་ལོང་རྣམས་ཀྱིས་མ་མཐོང་བ་བཞིན་དུ་ཤེས་པར་བྱའོ། །རྣམ་པར་གཞག་པ་འདི་ནི་ཤིན་ཏུ་དཀའ་བའི་གནས་ཏེ་གསལ་བར་བསྟན་པ་ཡིན་ནོ། །

གཉིས་པ་རིག་འཛིན་བརྒྱུད་པ་ཡང་གཉིས་ལས། རིག་འཛིན་མི་མ་ཡིན་པའི་བརྒྱུད་པ་ནི། སྟོན་པ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་དེ། ལྷ་ཀླུ་གནོད་སྦྱིན་གསུམ་ལ་བརྒྱུད་པ་ཡང་། འཇམ་དཔལ་མཁྱེན་པའི་མངའ་བདག་ཏུ་གྱུར་པ་ནི། གཙོ་བོར་ཟབ་མོའི་ཕྱོགས་ཀྱི་འགྲོ་བའི་དོན་མཛད་པ་ལས་ལྟ་བའི་ཕྱོགས་སྟོན། སྤྱན་རས་གཟིགས་ཐུགས་རྗེའི་མངའ་བདག་ཏུ་གྱུར་ཏེ། གཙོ་བོར་བྱམས་སྙིང་རྗེས་བསྐྱབ་པའི་ཕྱོགས་ཀྱི་དོན་མཛད་པ་སྒྲུབ་པའི་ཕྱོགས་སྟོན། ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱི་མངའ་བདག་ཏུ་གྱུར་ཏེ། གཙོ་བོ་ཐབས་མཁས་པའི་དྲག་ཤུལ་ཕྱོགས་ཀྱི་དོན་མཛད་པས་སྤྱོད་པའི་ཕྱོགས་སྟོན། ཁ་ཅིག་རེ་རེས་ཀྱང་ལྟ་གྲུབ་སྤྱོད་པ་གསུམ་ཀ་བསྟན་པར་བཞེད་དེ། དེ་ཡང་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུ་དང་ལྡན་པས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཏེ་ལྷ་གནས་སུ་གྲགས་པ་ན་ཕྱོགས་སྐྱོང་ལ་བཤད། དེས་ལྷ་ཚངས་པ་རིན་ཆེན་འོད་འབར་ལ། དེས་ཚངས་པ་སྐྱེ་དགུའི་བདག །ཚངས་པ་ཀུན་གྲོལ། གཙུག་ཕུད་འཛིན། དེས་ལྷ་དབང་བརྒྱ་བྱིན་ལ། དེས་ཚོམ་བུ་འབུམ་སྡེ་ལ། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་འཛིན་ཞིང་སངས་རྒྱས་ཀྱི་གདུང་སོབ་པར་འགྱུར་རོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་གདུག་པ་ཅན་གྱི་ལུས་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་རིགས་གྷྲི་ན་ནག་པོ་ལ་བསྟན། དེས་ཀླུ་མོ་མ་མ་ཁ་འདུལ། དེས་ཀླུ་མོ་འདུལ་ཚང་མ། དེས་ཀླུ་ཡིད་འོང་དགའ། དེས་ཚོམ་བུ་འབུམ་སྡེ་ལ་བཤད་དེ་སྔར་བཞིན་དུ་གྱུར་ཏོ། །ཕྱག་ན་རྡོ་རྗེས་འཇིགས་ཚུལ་འབུམ་བསྡིགས་པའི་སྐུ་དང་ལྡན་པས་གནོད་སྦྱིན་གནས་སུ་གནོད་སྦྱིན་གྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བསྟན། དེས་གནོད་སྦྱིན་གྲགས་ལྡན་ཕྱོགས་སྐྱོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད་དེ་སྔར་བཞིན་དུ་གྱུར་ཏོ། །

གཉིས་པ་རིག་འཛིན་མི་དང་མི་མ་ཡིན་གཉིས་ལ་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པར་དགོངས་ནས་འཁོར་བསྡུས་ཏེ། ཐེ་ཚོམ་ཆོད་ཅིག་པར་བསྐུལ་བས་འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་མ་ཛ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ། དྲི་བ་ལྔ་དྲིས་པའི་དང་པོ་གསང་སྔགས་ནམ་འབྱུང་ཞེས་པའི་ལན་དུ། སྤྱིར་བྱུང་ཚུལ་བཅུ་གཉིས་ཀྱིས་ཐེ་ཚོམ་འབྱུང་བར་ལུང་བསྟན་པ་ལས། ཁྱད་པར་ལུང་ཆེ་ངེས་པར་བསྟན་པའི་ཚུལ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ནས། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་གྱུར་པ། །དྲགས་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་ཅན་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་གནང་བར་འགྱུར། །ཞེས་ལུང་བསྟན་ཏེ་མྱ་ངན་ལས་འདས་སོ། །དེ་ལོ་ཉི་ཤུ་རྩ་བརྒྱད་ནས་དམ་པའི་རིགས་ཅན་ལྔ་ནང་དུ་མཉམ་པར་འཇོག་པ་ལས་ལངས་པ་དང་། འཇིག་རྟེན་གྱི་སྟོན་པ་ནུབ་པར་གྱུར་པས་རྨག་ཆད་པར་ངུས་སོ། །ཀུན་ཀྱང་རང་རང་གི་རྫུ་འཕྲུལ་གྱི་བྱ་བས་ཟ་ཧོར་གྱི་ཡུལ་ཁམས་ཞེས་བྱ་བའི་ཉེ་འཁོར་ན། དཔལ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་བཅགས་པ། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བ་ཞིག་ན། རྩེ་མོ་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེས་འཁྲབ་པར་གྱུར་པ། འདབ་ཤོད་ན་གཅན་གཟན་སྟག་གི་ཕྲེང་བ་ཡོད་པ། རྩ་བ་དང་སྡོང་པོ་ཤུན་པ་པགས་པ་ལོ་མ་འབྲས་བུ་སྨན་སྣ་ཚོགས་ཀྱི་ཤིང་སྐྱེས་པ། ངོས་ལ་བྲག་དཀར་པོ་སེང་གེས་ཁྱི་ཚུགས་བཅའ་བ་འདྲ་བ་ཡོད་པ་དེའི་རྩེ་ལ་འདུས་ཏེ། ཤིན་ཏུ་ཉམ་ཐག་པའི་ང་རོས་གདུང་བ་གསུམ་གསུམ་བཏོན་པས་ཕྱོགས་བཅུའི་རྒྱལ་བས་གསན་ནས། ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་བས། གསང་བའི་བདག་པོས་རིགས་ཅན་ལྔ་ལ་མངོན་སུམ་དུ་སྣང་བར་མཛད་ནས་ལྷའི་རིགས་གྲགས་ལྡན་ཕྱོགས་སྐྱོང་། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལས་སྐལ་ལྡན་དགེ་སློང་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་ཞེས་བྱའོ། །དེ་ལྟར་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་རོ། །དེའི་ཚེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསང་སྔགས་ཀྱི་རྒྱུད་རྣམས་ཚིག་དང་ཡི་གེར་བསྡུས་པའི་བྱིན་རླབས་མི་ཡུལ་དུ་སྣང་བའོ། །

གསུམ་པ་གང་ཟག་རྣ་བར་བརྒྱུད་པ་ནི། དེའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་ཡུལ་ཨ་པར་ཏ་མུ་ཏའི་སྐལ་ལྡན་རྒྱལ་པོ་ཛ་ཞེས་བྱ་བ་དེ་རི་མ་ལ་ཡའི་ཤར་ངོས་ལ་ཏྲི་ཤ་ཨ་སུ་ར་ཞེས་བྱ་བ་གནོད་སྦྱིན་གྱི་ཕུག་པ་ཡོད་དེ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། ཕུག་ན་རཏྣ་ཟུར་བརྒྱད་ལ་ཉི་ཟླའི་རི་མོ་རང་སྣང་བ། བྲག་དེའི་སྤྱི་བོར་བྱ་ཀ་ལནྟ་ཀ་ཞེས་བྱ་བ་དོན་གཉིས་པར་མི་སྒྲོག་པར་བྱེད་པའི་ཚང་བཅས་པ་དེར་གང་ཟག་སྐལ་ལྡན་གྱི་བགྲོད་པ་ལས། དེ་མ་ཡིན་གྱི་མ་ཕྱིན་པས་གནས་ཁྱད་པར་ཅན་དེ་ན་བཞུགས་པའི་ཚེ་ན། དུས་དེར་རྨིས་ལྟས་ཐུན་མོང་མ་ཡིན་པ་བདུན་ཤར་ཏེ། དང་པོ་དེའི་རྩེ་མོར་དཔལ་ཕྱག་ན་རྡོ་རྗེ་བྱོན་ཏེ། སྐུའི་ཁྱོན་ལས་འོད་སྔོན་པོ་འཕྲོས་པས་འཇིག་རྟེན་ཐམས་ཅད་བསྲེགས་ནས་མི་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་ཐོས། ཐུགས་ལས་རྡོ་རྗེ་འབར་བ་ཞིག་ཤར་ནས་རྒྱལ་པོའི་ཐུགས་ཀར་ཐིམ་པ་རྨིས། ཉི་མ་འོད་འབར་བ་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཞིག་ཤར་ནས་རྐང་མཐིལ་དུ་ཐིམ་ནས་སྣང་སྲིད་ཐམས་ཅད་ལྟོ་བ་ནས་འཕྱོ་བ་རྨིས་སོ། །

གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་བགྲོ་བ་མཛད་ཅིང་ཉི་ཟླ་ལ་ཆིབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སྲིད་གསུམ་ཁ་ལོ་གྱེན་དུ་བསྒྱུར་བ་ཞིག་རྨིས་སོ། །

གསུམ་པ་ནི། ནམ་མཁའི་འོད་ལས་གསེར་གྱི་སྙིང་པོ་ཅན་གྱི་ཁ་དོག་ནི་འཐིབས། ཆོ་འཕྲུལ་འབྲུག་སྒྲ་གོ་བར་སླ་ཞིང་སྙན་པ་དང་ཚིམ་པ་ནི་གྲགས། རཏྣ་སྣ་ཚོགས་ཀྱི་རྨུག་པ་ནི་འཐིབས། རཏྣ་བཻ་ཌཱུརྱའི་འོད་ནི་ལྷུང་། སྣང་སྲིད་གསལ་བའི་གློག་ནི་འཁྱུག །རཏྣའི་ཆར་མངོན་པར་འབབ་པ་ཞིག་རྨིས་སོ། །

བཞི་པ་ནི། ལོ་ཀའི་བསྟན་བཅོས་ཀུན་གྱི་འགྱུར། རཏྣ་འབར་བའི་སྒྲོན་མེ་འབར་བས་སྣང་སྲིད་ཀྱི་མུན་པ་ནི་བསལ། བདུད་རྩི་སྨན་གྱི་ཆུ་རྒྱུན་བྱུང་བས་འགྲོ་བ་ཐམས་ཅད་ཀྱི་གཅོང་རྙིང་ནི་སྦྱངས། འགྲོ་བ་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་སྒྲ་དི་རི་རི་སྒྲོགས་པ་ཞིག་རྨིས་སོ། །

ལྔ་པ་ནི། སྤྲིན་གྱི་ནང་ནས་ཉི་མའི་དཀྱིལ་འཁོར་རཏྣ་སྣ་ཚོགས་ཀྱི་འོད་ཟེར་ཅན་ཞིག་འབར་བའི་དཀྱིལ་ནས་རཏྣ་སྨུག་པོ་དཔལ་གྱི་བེའུ་སྒྲོམ་འོད་དང་བཅས་པ་ཕྱི་ནང་ཐམས་ཅད་གསལ་བར་སྣང་བའི་ནང་ནས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཞུན་མས་རྒྱ་རང་མནན་དུ་བྲིས་པའི་གླེགས་བམ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་བཞིན་འབབ་པ་ཞིག་རྨིས་སོ། །

དྲུག་པ་ནི། གླེགས་བམ་དེ་དག་ལས་བྱང་ཆུབ་སེམས་དཔའ་མང་པོ་དང་། རིག་འཛིན་ལྷ་དང་ལྷ་མོ་ཚད་མེད་པའི་ཡོན་ཏན་སྒྲོག་ཅིང་མཆོད་བསྟོད་སྐོར་གློག་བྱེད་པ་རྨིས་སོ། །

བདུན་པ་ནི། ནམ་མཁའི་སྤྲིན་གསེབ་ནས་ལུང་བསྟན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོ་དྲ་མ་ཁྱོད། །སྤྲུལ་པར་ཇི་ལྟར་ལུང་བསྟན་ཞིང་། ད་ལྟའི་དུས་འདིར་མངོན་ཤར་གྱི། །འཁོར་བར་སྙིང་པོ་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །མ་ལ་ཡ་ཞེས་བྱ་བའི་རྩེར། །དགོན་པ་ཆེན་པོའི་གནས་ཤིག་ཏུ། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །གསང་བ་བྱ་བའི་དམ་པ་ཞིག །ཡོད་ཀྱི་གསང་བ་ནན་ཏན་གྱི། །དེ་ལ་སེམས་ཀྱི་མེ་ལོང་གིས། །མངོན་དུ་གསལ་བར་རྟོགས་མ་ཐག །སངས་རྒྱས་ས་ལ་སྐལ་བ་མཉམ། །བདེ་བ་ཅན་ཞེས་བྱ་བར་ནི། །འོད་ཀྱི་རྒྱལ་པོ་ཞེས་བྱ་བའི། །ཀུན་རིག་བདེ་བ་ཆེན་པོར་འགྱུར། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གཉིས་གཅིག་ལ་ནི། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པས་བརྒྱུད་དེ་གྲགས་པར་འགྱུར། །ཞེས་གྲགས་པར་རྨིས། དེ་ནས་ནང་པར་སད་དེ་རབ་ཏུ་དགྱེས་ནས་ཉིད་ཀྱི་འཁོར་རྣམས་བསྡུས་ནས། རྨི་ལམ་བྱུང་བའི་ལོ་རྒྱུས་གསུངས་པ། མདང་གསུམ་བདག་ལ་རྨི་ལམ་འདི་ལྟར་བྱུང་། རི་མ་ལ་ཡ་གནམ་ལྕགས་ཡོད་རྩེ་ལ། །ཕྱག་ན་རྡོ་རྗེའི་ཕོ་བྲང་གནས་བཞུགས་ཏེ། །སྐུ་ལས་འོད་འཕྲོས་སྣང་སྲིད་བྱི་དོར་བྱས། །གསུང་གི་སྒྲ་ཡིས་ལོ་ཀ་གཡོ་ཞིང་འགུལ། །ཐུགས་ལས་འོད་བྱུང་བདག་གི་སྙིང་ཀར་ཐིམ། །ཉི་ཟླ་སྤྱི་བོ་རྐང་པའི་མཐུལ་དུ་ནུབ། །བདག་གི་ལྟོ་ནས་སྣང་སྲིད་འཕྱོ་བ་རྨིས། །དང་པོའི་རྨིས་ལྟས་བག་ཆག་བྱུང་བའི་རྟགས། །དེ་ནས་བདག་ལ་སངས་རྒྱས་མང་པོ་རྣམས། །རྨད་བྱུང་གསང་བའི་དོན་ལ་བགྲོ་བ་མཛད། །ཉི་ཟླ་པདྨ་སེང་གེ་ཁྲི་སྟེང་ན། །ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར་ཞིང་རྨིས། །གཉིས་པ་ཡིན་ཏེ་ཆོས་ལ་དབང་ཐོབ་རྟགས། །དེ་ནས་མཁའ་ལ་རཏྣའི་སྤྲིན་གསེབ་ནས། །སྙན་པའི་འབྲུག་སྒྲ་གསལ་བའི་གློག་འགྱུ་སྟེ། །རཏྣ་ཆོས་ཀྱི་ཆར་པ་འབབ་པ་རྨིས། །རྨི་ལམ་གསུམ་པ་ཡིན་ཏེ་དགེ་བའི་ལྟས། །འགྲོ་ལ་ཐུགས་རྗེའི་ཆོས་ཀྱི་ཆར་འབེབས་རྟགས། །དེ་ནས་ལོ་ཀ་རཏྣས་གང་བྱས་ཏེ། །ནོར་བུ་འོད་འབར་འགྲོ་བའི་མུན་པ་བསལ། །བདུད་རྩི་སྨན་གྱི་ཆུ་རྒྱུན་འབབ་པ་ཡིས། །འགྲོ་བའི་ནད་རྙིང་གཏན་ནས་སྦྱངས་བྱས་ནས། །འགྲོ་ཀུན་རྣལ་འབྱོར་ཞེས་ནི་གྲགས་པར་འགྱུར། །བཞི་པ་ཡིན་ཏེ་འདི་ཡང་དགེ་བའི་ལྟས། །འགྲོ་ཀུན་རྣལ་འབྱོར་གྲལ་དུ་བཞག་པ་ཡིན། །དྲུག་པ་རྨི་ལམ་གླེགས་བམ་དེ་དག་ལ། །སངས་རྒྱས་བྱང་ཆུབ་རིག་འཛིན་མང་པོའི་ཚོགས། །ཡོན་ཏན་སྒྲ་སྒྲོག་མཆོད་སྐོར་བྱེད་པ་རྨིས། །རྨད་བྱུང་ཆེ་བ་སྟོན་པའི་སྔ་ལྟས་ཡིན། །ཐ་མ་ནམ་མཁའི་དབྱིངས་རུམ་སྤྲིན་གསེབ་ནས། །ཆོ་འཕྲུལ་རང་སྒྲ་བདག་ལུང་བསྟན་པའི་ཚིག །རིམ་གྱིས་གསང་བ་གྲགས་པའི་སྒྲ་སྒྲོགས་རྨིས། །གསང་བ་དམ་པ་རྒྱ་ཆེར་སྒྲོག་པའི་ལྟས། །ཞེས་གསུངས་པ་དང་། གོང་གི་རྨི་ལམ་གྱི་ཚིགས་སུ་བཅད་པ་དག་ཀྱང་བརྗོད་ནས། རྨི་ལམ་འདི་དག་དང་སྦྱར་ན་བདག་ངེས་པར་སྐལ་བ་དང་ལྡན་པར་ངེས་ཞེས་གསུངས་པ་ལས། འཁོར་རྣམས་ཀྱིས་ཀྱང་དེ་ལྟར་ལེགས་སོ་ཨ་ལ་ལ་ཞེས་ངོ་མཚར་དུ་གསོལ་ཏེ། ཡང་བཀའ་སྩལ་པ། དེ་ལྟར་ཡིན་ཕན་ཆད་ཕོ་བྲང་གི་རྩེ་མོར་ཕྱིན་ལ་ཆོ་འཕྲུལ་གྱིས་དེ་ལ་དམིགས་པ་བཅས་ཏེ། མཆོད་པ་དང་སྒྲུབ་པ་ཆེན་པོ་ཞིག་བྱས་ན་དགའ་བ་ཆེན་པོ་ཞིག་སྐྱེ་བར་ངེས་པས། བདག་ཡང་ཐོག་ཏུ་གཤེགས་སོ་གསུངས་ཏེ་བྱོན་པ་ལས། རྨི་ལམ་ཇི་ལྟར་བྱོན་པའི་ངོས་ཤིག་ལ། རཏྣ་སྨུག་པོ་ལས་གྲུབ་པའི་བཛྲ་པཱ་ཎིའི་སྐུ་ཁྲུ་གང་བ་ཞིག་མཐོང་ནས་རྒྱལ་པོ་དགྱེས་ནས་ཕྱག་དང་སྐོར་བ་བྱས་ནས་ཚིགས་སུ་བརྗོད་པ། སྔོན་ཚེ་གང་ནས་བསྒྲུབ་པ་ཡི། །ལས་ཀྱིས་མཇལ་བའི་ལྷ་མཆོག་ནི། །བསྐལ་པར་གཞལ་ཡང་མི་གཏང་ངོ་། །འདྲེན་པ་མཆོག་དཔལ་ལ་སོགས་གྲངས། །མོས་པའི་གཟུངས་ཀྱི་ལྷ་མཆོག་འཛིན། །ཞེས་གསོལ་ནས་ཐུགས་དམ་དུ་བྱས་ཏེ། རྒྱལ་པོ་ཡི་དགོངས་པས་རྟགས་འདི་དག་དང་ལྡན་ན། རི་བོ་འདི་དཔལ་ཕྱག་ན་རྡོ་རྗེའི་རང་བཞིན་དུ་ངེས་པ་དང་། རིག་འཛིན་གྲུབ་པ་ཐོབ་པའི་གནས་ཡིན་པར་གཏམ་རྙིང་པ་ཐོས་པ་དང་། གཅན་གཟན་གདུག་པ་ཅན་ཡང་དགེ་བ་ཅན་ལ་མངོན་དུ་ཕྱོགས་པའི་ཚུལ་དང་སྦྱར་ན། འགྲུབ་པར་ངེས་པ་འགྲུབ་སྙམ་ནས་སྒྲུབ་པ་གཟུགས་བརྙན་དེ་ལ་བརྟེན་ནས་ཟླ་བ་བདུན་པའི་རྨི་ལམ་མཐུན་པའི་གླེགས་བམ་དེ་དག་ལ་རབ་ཏུ་དགའ་བའི་ཚུལ་གྱིས་གསུང་གི་སྒྲར་བཀླགས་ནས་ཚིག་གཅིག་ཀྱང་བརྡ་མ་འཇལ་ནས་ཐེ་ཚོམ་དུ་གྱུར་ནས། ཨེ་མ་ཧོཿསྔགས་ཀྱི་ཚུལ་རྟགས་སྦྱར་ན་གླེགས་བམ་འདི་དག་ལས་ངོ་མཚར་དུ་གྱུར་པའི་དོན་ཆེན་པོ་ཞིག་ཡོད་པར་ངེས་ཏེ། བདག་གིས་མི་རྟོགས་པ་ཅི་ཉེས་སྙམ་དུ་བཤུམ་མོ། །དེ་ནས་ཅུང་ཟད་ཅིག་ནས་ཐེ་ཚོམ་གྱི་རྟོག་པ་དེ་དག་ཞི་ནས། ལོ་ཀ་འདི་ན་འདི་དག་བརྡ་འཇལ་བ་སུ་ཡོད་ཅེས་བསྒྲགས་ནས། ཟ་ཧོར་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་པ་ཆེ་བར་ཡོད་དོ་ཞེས་ཟེར་ནས། ཕོ་ཉ་བ་བརྫངས་ལོ་རྒྱུས་ཞིབ་ཏུ་གསོལ་ནས་སྤྱན་དྲངས་པས་མ་གནང་སྟེ། གལ་ཏེ་བདག་གིས་མ་ཤེས་ན་དེར་ཕྱིན་པའི་ཚུལ་མ་ཡིན་གྱི་བསམས་ནས་འདིར་སྐྱོལ་ཞེས་སྨྲས་སོ། །དེར་རྒྱལ་པོར་བསྙད་པས་གླང་པོ་ཆེ་ལ་བཀལ་ཏེ་གདན་དྲངས་པས་ཚིག་གཅིག་ཀྱང་བརྡ་མ་འཇལ་ཏེ། བདག་གི་སྤྱོད་ཡུལ་དུ་མ་གྱུར་པས་རྒྱལ་པོ་ཉིད་ཀྱི་ཐུགས་ཀྱིས་རྗེས་སུ་དཔག་འཚལ་སླར་ཕར་བརྫངས་སོ། །དེ་ནས་འདི་ཁྱིའི་རྒྱལ་པོ་ལག་ཐུང་དང་། ཡུམ་སྐྲའི་ལྭ་བ་ཅན་གྱི་བུ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་ཚེ་ལོ་སྟོང་ཐུབ་བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པ་དེ་ལ་བསྟན་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབ་པས། ཞལ་མཐོང་སྟེ་ལུང་བསྟན་པ། གསང་བདག་དང་མཇལ་ནས་གསུངས། དེས་རྒྱལ་པོ་ལ་བཤད་ཟེར་བ་ཡོད་དེ། འགྲེལ་སྒྲུབ་ནས་གསལ་བས་འདིར་མ་བཤད་དོ། །འདིར་རྒྱལ་པོ་ཉིད་ཀྱི་ཐུན་མོང་མ་ཡིན་པར་རིག་སྟེ། སྔར་སངས་རྒྱས་ཀྱི་ཆོས་ཐོས་པ་ལས་བྱུང་བ་བཞིན་དུ་སྒྲིབ་པ་སྦྱངས་པ་དང་ཚོགས་བསགས་པ་རྒྱ་ཆེན་པོ་བྱས་ནས་བརྟགས་པས། སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དང་བརྡ་འཇལ་བར་གྱུར་ཏོ། །དེ་བཞིན་དུ་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ། གླེགས་བམ་ཐམས་ཅད་རྟོགས་པར་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ན་རང་གི་ཕུང་པོ་སྐྱོངས་ཤིག །ཁྱོད་ཀྱི་སྟོན་པ་ནི་གསང་བའི་བདག་པོ་ཡིན་གྱི། དེའི་དོན་མ་ལུས་པ་སྟོན་པར་འགྱུར་རོ། །དེ་ནས་དགའ་བ་ཆེན་པོ་སྐྱེས་ཏེ། དེ་བཞིན་ཏུ་བསྐྱེད་རིམ་གྱི་ཕུང་པོ་སྦྱངས་པས། ས་དག་ཀྱང་ཆེར་གཡོས་ཏེ། བཛྲ་པཱ་ཎིའི་ཞལ་མངོན་སུམ་དུ་གཟིགས་ནས་དེ་ཉིད་ཀྱི་ཚེ་བཛྲ་པཱ་ཎིའི་བརྟུལ་ཞུགས་མཛད། རྡོ་རྗེ་ནམ་མཁའ་ལ་སྤར་ནས། ཧཱུྃ་ཧཱུྃ་རྡོ་རྗེ་འདུལ་བ་ལ་སོགས་པའི་ཚིག་དང་སྔགས་བརྗོད་པས་ལོ་ཀའི་དྲེགས་པ་ཅན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པའི་ཚུལ་དུ་འཁོར་དུ་བསྡུས། རྡོ་རྗེ་གསང་བའི་མིང་སོ་སོར་བཏགས་ནས་ལུང་གསང་སྒོར་ཕྱེ་སྟེ། དམ་པའི་མཛོད་སུམ་བརྒྱ་ཆེར་བཤད་པ་ནི། རྒྱུད་ཡན་ལག་བཅོ་བརྒྱད་ལ་སོགས་པར་གསུངས་ཏེ། དེ་ལྟར་ཕྱག་ན་རྡོ་རྗེས་རྒྱལ་པོ་ཛ་ལ་གསུངས། དེས་ཀུ་ཀུ་རཱ་ཛ་ཚོམ་བུ་འབུམ་སྡེ་ལ་གསུངས། དེས་རྒྱལ་པོ་ཨིནྡྲ་བོ་དྷི་ཆེན་པོ་འཁོར་ཚོམ་བུ་ཁྲི་དང་བཅས་པ་ལ་གསུངས། དེས་སིངྷ་རཱ་ཛ་ཚོམ་བུ་སྟོང་ལ། དེས་ཨུ་པ་རཱ་ཛ་ཚོམ་བུ་ལྔ་བརྒྱ་ལ། དེས་ཨིནྡྲ་བོ་དྷིའི་སྲས་མོ་གོ་མ་འཁོར་ཚོམ་བུ་བརྒྱ་དང་བཅས་པ་ལ་གསུངས་ཏེ། དེ་ཐམས་ཅད་ཚོམ་བུའི་ཚོགས་བསྒྲུབས་པས་རིག་འཛིན་ཐོབ་པར་གྱུར་ཏོ། །དེ་ལྟར་སངས་རྒྱས་གསང་བའི་ལམ་རིམ་དུ་གསུངས་པ། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལས། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིག་ཅན་ལྟས་ཤར་ནས། །འབྲེལ་བས་སྣང་བ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་བསྒོམས་ནས་དེ་ཉིད་འགྲུབ། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ཁང་པ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི་དང་། །སིངྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ནས། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་རིག་འཛིན་བརྒྱུད་པ་ཁོ་ནའོ། །དེ་ཡང་ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་བ་ནི། སྐུའི་རྒྱུད་གསུམ། གསུང་གི་རྒྱུད་གསུམ། ཐུགས་ཀྱི་རྒྱུད་གསུམ། ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱི་རྒྱུད་གསུམ་སྟེ་བཅོ་བརྒྱད་དོ། །དེ་ལ་སྐུའི་སྐུ་རྒྱུད་གླང་པོ་རབ་འབོག །སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེའོ། །ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་མོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཏ་མ་ལ་འབུམ་སྡེ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་ལོ། །དེ་ལྟར་ཕྱེ་ནས་རྒྱལ་པོ་ཛ་ལ་བཤད་དོ། །ཐོས་ཆུང་ལོག་སྨྲའི་བློ་མིག་ཅན་གྱི་རིགས་ཁ་ཅིག་ན་རེ། སྔགས་རྙིང་མའི་རྒྱུད་ལ་ལ་ཡང་དག་པ་མ་ཡིན། རྒྱ་གར་ན་མི་འདུག་ཟེར་བ་སོགས་ནི། རང་གི་བློ་གྲོས་ཀྱི་མིག་ལོང་བ་ཡིན་ཏེ། རྒྱ་གར་གྱི་ཐང་བི་ཧ་རིའི་གཙུག་ལག་ཁང་ན་རྙིང་མའི་ཆོས་སྐོར་རྒྱུད་ཀྱི་རྒྱ་དཔེ་བཞུགས་པས་མཚན་ཡི་གེར་བཀོད་ན་བཀའ་རྒྱས་པ་ཙམ་བཞུགས་པར་གྲགས། དེ་སྐད་དུ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ང་དང་ང་འདྲ་བའི་གང་ཟག་གིས་ཚོད་གཟུང་དུ་རུང་གི་གཞན་དག་ནི་ལས་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་དང་། མདོ་སྡེ་རྒྱན་དུ། མི་རིག་པ་ཡི་གཟུགས་ལ་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཅེས་དང་། རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན་ཏེ། །ཞེས་སོགས་གསུངས་པས། ཆོས་ཀྱང་ཡང་དག་པ་ནི་སངས་རྒྱས་ཀྱིས་གསུངས་ཏེ། སྤྲུལ་སྐུ་དེ་ལ་སྔོན་འབྱུང་གི་ད་ལྟ་མེད་དོ་ཞེས་ཀྱང་མི་བསམ་སྟེ་རྟག་ཏུ་མོས་པའི་ངེས་འབྱུང་ལ། དེས་མདོ་དང་རྒྱུད་སྔར་མ་གྲགས་པ་གསལ་བར་མཛད་པའང་སྲིད་པས་སྐུར་པ་མི་གདབ་པ། ཆོས་གང་ལ་ཐར་པའི་ལམ་དུ་འཇུག་ཅིང་འཁོར་བ་སྤང་བར་སྟོན་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་རབ་ཚད་མར་བཞག་སྟེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང་ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་སོ། །སངས་རྒྱས་ནི་རྟག་པར་བཞུགས་པས་གདུལ་བྱའི་དོན་མཛད་ལ། བྱིན་རླབས་ཀྱི་བཀའ་ཡང་རི་དང་ཤིང་དང་པདྨ་དང་དཔག་བསམ་གྱི་ཤིང་དང་། སྐྱེས་པ་དང་། བུད་མེད་དང་། བུ་མོ་དང་། བྱ་དང་། རི་དྭགས་ལ་སོགས་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་བྱུང་བ་དེ་ཡང་བཀར་གསུངས་པ་ཡོད་ན། སྔར་བྱུང་གི་ད་ལྟ་མི་སྲིད་ཅེས་ལོག་པར་མི་ལྟ་སྟེ། བྱིན་གྱིས་བརླབས་པ་དག་འབྱུང་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ཡིད་ཆེས་པ་དམ་པར་བཟུང་ནས་ཡི་དམ་དུ་བྱས་པ་འཐད་ཀྱི། གཞན་ལ་སྐུར་པ་ནམ་ཡང་གདབ་པར་མི་བྱའོ། །གསང་སྔགས་རྙིང་མའི་ནང་ནས་རྫོགས་པ་ཆེན་པོའི་ཆོས་འགའ་ཞིག་ལས་ལྷ་གནས་གསུམ་དང་འོག་མིན་དུ་གསུངས་པ་རྣམས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པས་ཚིག་ཏུ་བཏུས་ཏེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུར་ཡ་ཞུན་མས་བྲིས་ཏེ། རྒྱ་རང་མནན་དུ་བྱས་ཏེ་དགོངས་པའི་རྩལ་བདུན་གྱི་ནམ་མཁའ་ལ་སྦས་པ་ལ། ད་ལྟར་གསང་བའི་རྒྱུད་སྡེ་རྣམས་མིའི་ཡུལ་དུ་ཇི་ལྟར་བབས་པ་ནི། རྒྱུད་ལ་ལ་རྒྱལ་པོ་ཨིནྡྲ་བོ་དྷི་ཆེན་པོའི་དོན་དུ་བྱུང་། རྒྱུད་ལ་ལ་རྒྱལ་པོ་ཛའི་ཁང་ཐོག་ཏུ་གླེགས་བམ་གྱི་ཆར་པ་བབས། རྒྱུད་ལ་ལ་མིའི་ཡུལ་ནས་བྱུང་། རྒྱུད་ལ་ལ་གནོད་སྦྱིན་དང་སྲིན་པོ་དང་གཤིན་རྗེའི་ཡུལ་ནས་བརྒྱུད་དེ་བྱུང་། རྒྱུད་ལ་ལ་སྦྱང་བའི་དོན་ལྡན་རྣམས་ཀྱི་དོན་རི་མ་ལ་ཡའི་རྩེ་ནས་བྱུང་། རྒྱུད་ལ་ལ་འོག་མིན་གྱི་གནས་ནས་རྒྱ་མཚོའི་གླིང་དུ་བརྒྱུད་དེ་བྱུང་། རྒྱུད་ལ་ལ་མཁའ་འགྲོ་མའི་གནས་ནས་བརྒྱུད་དེ་བྱུང་བའོ། །འོ་ན་ཇི་ལྟར་ན་སྔོན་བཅོམ་ལྡན་འདས་འཛམ་བུའི་གླིང་ན་བཞུགས་པའི་དུས་སུ། སྤྲུལ་པའི་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དག་གླིང་འདི་ནས་གཞན་དུ་གཤེགས་པ། ནམ་མཁའ་ལ་ལམ་བྱུང་ནས་འགྲོ་བ་རྒྱལ་པོས་གཟིགས་ཏེ། འཁོར་རྣམས་ལ་ཇི་ཡིན་དྲིས་པས། འདི་ནི་དེ་བཞིན་གཤེགས་པའི་འཁོར་སྤྲུལ་པའི་ཉན་ཐོས་དག་གླིང་གཞན་དུ་གཤེགས་པ་ཡིན་ནོ་ཞེས་གསོལ་པས། ནམ་མཁའ་ལ་འགྲོ་བ་འདི་ལྟ་བུ་གང་གི་མཐུ་ཡིན་ཞེས་པས། སངས་རྒྱས་ཀྱི་མཐུ་ཡིན་ཞེས་གསོལ་པས། རྒྱལ་པོའི་ཞལ་ནས་དེ་བཞིན་གཤེགས་པ་ནི་གང་། སངས་རྒྱས་ནི་སུ་ཞིག་ཡིན་གསུངས་པས། དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟ་བྱ་རྒོད་ཕུང་པོའི་རི་ལ་སོགས་པའི་གནས་ན་འཁོར་དགྲ་བཅོམ་པ་དང་བཅས་ནས་བཞུགས་སོ་ཞེས་གསོལ་པས། རྒྱལ་པོས་བཀའ་སྩལ་པ། དེ་ལྟ་བུའི་སྐྱེས་བུ་དེ་བདག་གི་ཁབ་ཏུ་སྤྱན་དྲོངས་ཤིག་གསུངས་པས། བཅོམ་ལྡན་འདས་འཁོར་དགྲ་བཅོམ་དང་བཅས་པ་སྤྱན་དྲངས་ཏེ་གདུགས་ཚོད་སྦྱར་ཏེ། རྒྱལ་པོས་གསོལ་པ། བདེ་བར་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་འདི་དག་གང་ལས་བྱུང་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་ཚོགས་རྣམ་པར་དཀར་བ་བསགས་པ་ལས་བྱུང་ཞེས་སོ། །རྒྱལ་པོས་གསོལ་པ། བདག་ཀྱང་དེ་བཞིན་དུ་སྤྱད་པར་བགྱི་གནང་ཞེས་གསོལ་པས། བཀའ་སྩལ་པ། དེ་ལྟར་ལེགས་ཤིག །སྲས་དང་བཙུན་མོ་སྤངས་ལ་རབ་ཏུ་བྱུང་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབས་ཤིག་ཅེས་བཀའ་སྩལ་པས། རྒྱལ་པོས་གསོལ་པ། དེ་ལྟར་མི་ནུས་ཏེ་བཙུན་མོ་དང་བཅས་པར་བྱང་ཆུབ་ཐོབ་པའི་ཆོས་ཤིག་ཞུ་འཚལ་ཞེས་གསོལ་པ་དང་། སྐད་ཅིག་དེ་ཉིད་ལ་རིགས་དྲུག་པའི་དཀྱིལ་འཁོར་སྣང་བར་མཛད། དབང་བསྐུར་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱི་དགོངས་པ་མཛད། དུས་ལ་བབས་པས་ཤོད་ཅིག་ཅེས་པས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་རྟོགས་པ་བཅུ་སློབ་བུའི་དོན་དུ་བཤད་དོ། །དེ་ནས་རྒྱལ་པོས་རྒྱུད་ལྔ་སྡེའི་དོན་ཐུགས་སུ་ཆུད་དེ་བསྒྲུབས་པས། འཁོར་འབུམ་ཚོ་དང་བཅས་པ་རིག་པ་འཛིན་པའི་ས་ཐོབ། གདམས་ངག་ཁྱིའི་མཁན་པོ་ལ་བཞག་གོ། །གསང་འདུས་ལོ་རྒྱུས་ལས། གཞན་གོང་བཞིན་ལ། སྐད་ཅིག་དེ་ཉིད་ལ་སྟོན་པ་རྡོ་རྗེ་འཆང་གི་ཆ་ལུགས་སུ་མཛད་དེ་འོག་མིན་དུ་གཤེགས་ནས་གསང་འདུས་གསུངས་ཞེས་ཟེར་རོ། །ཡང་དེ་ལས། ཨིནྡྲ་བོ་དྷི་ཞེས་པ་དང་པོའི་མགོན་པོ་སྟེ། ཨོ་རྒྱན་ཡུལ་གྱི་རྒྱལ་པོ་མིན་པར་བཤད་པ་དང་། ཡང་རྣམ་པ་གཅིག་ཏུ་ན། ཨིནྡྲ་བོ་དྷི་ཆེན་པོའི་སྲས་རྒྱལ་པོ་ཛ་ཞེས་བྱ་བའི་སྐུ་རིང་ལ། ཟ་ཧོར་གྱི་ཡུལ་ན་དྲག་ཤུལ་ཅན་གྱི་རི་མ་ལ་ཡ་ཞེས་བྱ་བ་ཡོད་དེ། རི་དེ་ཡང་རྩེ་མོ་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་འཁྲབ་པ་ཡོད་པ། འདབས་ལ་གཅན་གཟན་སྟག་གི་ཚང་ཡོད་པ། ལོགས་ལ་བྲག་དཀར་པོ་སེང་གེ་གནམ་དུ་མཆོང་བ་འདྲ་བ་ཡོད་པ་དེ་ལ་ཤིང་སྣ་ཚོགས་འབྲས་བུར་ལྡན་པ་སྐྱེས་པ། དེའི་ཤར་ཕྱོགས་ན་ཀྲི་ཤ་ཨ་ནུ་ཏ་ར་ཞེས་བྱ་བའི་བྲག་ཕུག་ཡོད་པས་སྒོ་ལ་ངོ་མཚར་ཅན་གྱི་རི་མོ་རང་བྱུང་དུ་ཡོད་པ། བུ་དཀར་རིན་པོ་ཆེ་ཟུར་བརྒྱད་ཉི་ཟླའི་རོལ་མོ་རང་སྣང་བ་སྤྱི་བོ་ན་བྱ་ཀ་ལན་ཏ་ཀའི་ཚང་བྱས་པ། རྩ་བར་བདུད་རྩིའི་ཆུ་མིག་ཡོད་པ། མདུན་ན་མེ་ཏོག་སྣ་ཚོགས་པའི་ཚལ་ཡོད་པ། ཤིང་གི་ཡལ་ག་ཕྱོགས་བཞིར་གྱེས་པ། དུས་བཞིའི་གནོད་པ་ལས་སྐྱོབ་པ། ཤིང་དེའི་འབྲུ་སྨན་དུ་གྱུར་ཏེ། ཟོས་པས་ནད་སྣ་ཚོགས་སེལ་བ། རི་དེའི་རྐེད་པ་ན་མཁར་ཡང་ཐོག་གསུམ་ཡོད་པའི་བར་ཁང་ན། སྐལ་ལྡན་གྱི་རྒྱལ་པོ་ཛ་ཉིད་བཞུགས་ཏེ། དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་ཚེ། ཆོ་འཕྲུལ་ཆེན་པོའི་ཟླ་བའི་རྒྱལ་གྱི་ཉི་མ་ལ་ངོ་མཚར་ཅན་གྱི་ལྟས་སྣ་ཚོགས་བྱུང་ནས། རྒྱལ་པོ་འཁོར་དང་བཅས་པས་མཆོད་པ་རྒྱ་ཆེན་པོ་བཤམས་ནས། དེས་ནུབ་མོ་ཕོ་བྲང་གྲོང་ཁྱེར་དང་བཅས་པ། རི་བོ་མེ་རི་འབར་བའི་རྩེ་མོ་དང་བཅས་འོད་ཀྱིས་གང་བར་བྱས་སོ། །དེའི་རྗེས་སུ་བདེ་བར་གཤེགས་པའི་ཐུགས་རྗེས། བསྟན་པ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་བབ་སྟེ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མངོན་པར་གཤེགས་ཏེ། འཁོར་དམ་པའི་རིགས་ཅན་ལྷའི་རིགས་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལས་སྐལ་ལྡན་ལི་ཙ་བཱི་དྲི་མ་མེད་པ་དང་ལྔ་འདུས་པ་ལས། རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཞིང་། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བསྡུས་པའི་བྱིན་རླབས་གནང་ངོ་། །དེའི་དུས་སུ་རྒྱལ་པོ་ཛ་ལ་རྨིས་ལྟས་བདུན་ཤར་ཚུལ་གོང་དུ་སྨོས་པ་ལྟར་ལ། དེ་ནས་ཡབ་རྒྱལ་པོ་ལ་ག་ཐུང་དང་ཡུམ་སྐྲའི་ལྭ་བ་ཅན་གྱི་བུ་དགེ་སློང་ཀུ་ཀུ་རཱ་ཛ་བྱ་བ་མཁྱེན་པ་ཆེ་ཞིང་། རྒྱལ་པོ་ཨིནྡྲ་བོ་དྷི་སློབ་མ་ཡིན་པར་དགོངས་ཏེ་སྙམ་ནས། གླང་པོ་ཆེའི་ཁལ་དུ་བྱས་ཏེ་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྐྱལ་ཏེ་དོན་འགྲོལ་བར་ཞུས་པས། སློབ་དཔོན་དེས་ཀྱང་དང་པོ་མ་མཁྱེན་ཏེ་འདི་སྐད་སྨྲས་སོ། །འཕགས་པ་ནི་ཐུགས་རྗེ་རེ་ཆུང་། བདག་ནི་ལས་འཕྲོ་རེ་ཞན། ཏནྟྲ་ནི་ཚིག་གཅིག་ཙམ་ཡང་མ་རྟོགས་ཞེས་ཡན་ལག་ས་ལ་བརྡབས་པས། དེའི་ནུབ་མོ་རྨི་ལམ་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཞལ་བསྟན་ནས། རིགས་ཀྱི་བུ་སེམས་མ་ཞི་བར་སྤྲོ་བ་བསྐྱེད་ལ་གང་རྟོགས་པ་དེའི་གཞུང་ལྟར་སྒྲུབས་ཤིག་གསུངས་སོ། །

དེ་ནས་ནམ་ལངས་ནས་གླེགས་བམ་ལ་གཟིགས་པས། དཔལ་གསང་བ་སྙིང་པོའི་གཞུང་ལས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཐུགས་སུ་ཆུད་དེ། དེའི་གཞུང་བཞིན་བསྒྲུབས་པས། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་བཅས་པའི་ཞལ་མཐོང་སྟེ། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལ། དངོས་གྲུབ་རྣམ་པ་གསུམ་འཚལ་ཏེ། དེ་ལ་གླེགས་བམ་འདི་རྣམས་ཀྱི་དོན་ཤེས་པ། འགྲོ་བ་མཐའ་དག་གི་དོན་འགྲུབ་པ། མཐར་བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་ཞིག་འཚལ་ལོ་ཞེས་ཞུས་པས། དེ་བཞིན་དུ་གྱུར་ཅིག་གསུངས་ནས་མི་སྣང་བར་གྱུར་ཏེ། དེར་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་གླེགས་བམ་དེ་དག་གཟིགས་པས། ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་དེ་ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་བ་ཡིན་ནོ་སྐད། འཆད་ལུགས་གཅིག་ལ་གོང་ལྟ་བུའོ། །བབ་ཚུལ་འདི་དག་འགྱུར་ཕྱི་མ་དང་ཁུངས་མཐུན་པར་འབྱུང་སྟེ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་འཇམ་དཔལ་གྱིས་ཞུས་པ། བདེ་བར་གཤེགས་པའི་བསྟན་པ་འདི་ཁོ་ནར་འདུག་གམ་ཞེས་གསོལ་པས། བཀའ་སྩལ་པ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །མི་ལས་སྐལ་ལྡན་མཆོག་གྱུར་པ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་ལྡན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་དང་། གསང་བའི་སྙིང་པོའི་རྒྱུད་ཕྱི་མ་ལས། རེ་ཞིག་སྣོད་དང་ལྡན་པའི་མི། །དེ་མིང་རྒྱལ་པོ་ཛ་ཞེས་བྱ། །ལག་ན་རྡོ་རྗེའི་མཐུས་སྣང་འགྱུར། །ཞེས་དང་། མདོ་ཆེན་པོ་ལས། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་པ་ལ་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུལ་བའི་གནས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཡིན། །ཞེས་མདོ་རྒྱུད་དུ་མ་ནས་གསུངས་ཏེ། རྒྱུད་ལ་ལ་མིའི་གནས་ནས་བྱུང་བ་ནི། ཏཱ་ཐ་སཾ་གྲ་ཧའི་རྒྱུད་དེ། འདི་སྐད་དུ། མི་ཡི་ཡུལ་དུ་བབས་ནས་སུ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །རྡོ་རྗེ་ཐེག་པ་མཆོག་སྐོར་ཞིག །མགོན་པོ་རབ་ཏུ་གཤེགས་པར་མཛོད། །ཅེས་པས་རི་རབ་ཀྱི་རྩེ་མོ་དེ་ཉིད་ནས་སྤྲུལ་པ་དཔག་ཏུ་མེད་པ་འཛམ་བུའི་གླིང་ཡུལ་ཉི་ཤུ་རྩ་བཞིར་བཀྱེ་སྟེ། ལྷོ་ཕྱོགས་གྱད་ཀྱི་ཡུལ་ནགས་ཚལ་དྲྭ་བ་ཅན་གྱི་མདོ། སྐྱེས་བུ་འབྱུང་བའི་གནས་ཞེས་བྱ་བ་དེར་འཕགས་པ་འཇམ་དཔལ་དུ་སྤྲུལ་ནས། འཇམ་དཔལ་གྱི་ལེའུ་ཁྲི་དྲུག་སྟོང་དང་། བཤད་རྒྱུད་ཆོ་ག་འདུས་པ་ལེའུ་ཉིས་སྟོང་བདུན་བརྒྱ་པ་དང་དཀའ་བ་ཡོངས་སུ་སྤྱོད་པའི་རྒྱུད་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བཤད་དོ། །བསིལ་བའི་ཚལ་དུ་སྟོན་པ་རིགས་གསུམ་མགོན་པོས་ཀྲི་ཡ་ཐམས་ཅད་བཤད་དོ། །ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་མཆོད་རྟེན་དཔལ་འབྲས་ཀྱི་ནང་། གནྡྷོ་ལའི་དྲི་གཙང་ཁང་རེག་པ་མེད་པའི་གདུགས་ཅན་གྱི་ནང་དུ། སྟོན་པ་རྡོ་རྗེ་འཆང་ཆེན་ཧེ་བཛྲ་དུ་སྤྲུལ་ནས། དགྱེས་པ་རྡོ་རྗེ་འབུམ་ཚོ་ལྔའི་བདག་ཉིད་བཤད་རྒྱུད་བཞི་དང་བཅས་པ་བཤད་དེ་འཛམ་བུའི་གླིང་ཁྱད་པར་ཅན་གྱི་ཡུལ་ཉི་ཤུ་རྩ་བཞིར། སྟོན་པ་རྡོ་རྗེ་འཆང་ཆེན་པོས་བདེ་མཆོག་འཁོར་ལོའི་བཤད་རྒྱུད་དང་བཅས་པ་བཤད་དོ། །རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་འཇམ་དཔལ་གཤིན་རྗེ་གཤེད་དུ་སྤྲུལ་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་ཁ་ཅིག་གསུངས་སོ། །དུར་ཁྲོད་བརྒྱད་ཀྱི་གནས་སུ་སྟོན་པ་ཧེ་རུས། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། མཧཱ་མཱ་ཡཱ་ལ་སོགས་པ་བཤད་དོ། །སྨྲེ་ཁྲོད་ཀྱི་གྲོང་ཁྱེར་དུ་གསང་སྔགས་ནང་གི་རྒྱུད་མང་པོ་གསུངས་སོ། །རི་བྱ་རྐང་ཅན་དུ་ཡང་གསུངས། དེ་ལྟར་དུ་མི་ཡུལ་དུ་གསུངས་པ་ཞེས་དེ་རྣམས་ཀྱང་ཁ་ཅིག་ནི་མཁའ་འགྲོ་མ་དང་ལྷ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ་ཕྱིས་གྲུབ་པ་ཐོབ་པ་རྣམས་ཀྱིས་དེ་དག་གི་ཡུལ་ནས་སྤྱན་དྲངས། ཁ་ཅིག་ནི་དུས་དེ་ཉིད་ནས་མི་ཡུལ་དུ་བརྒྱུད་དོ། །གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེའི་གནས་ནས་འབྱུང་བ་ནི། གནོད་སྦྱིན་གྱི་གནས་ནས། དཔལ་རྡོ་རྗེ་གུར་གྱི་རྒྱུད་ལ་སོགས་པ་གནོད་སྦྱིན་གྱི་དེད་དཔོན་གསང་བ་པས། སློབ་དཔོན་མཐུ་སྟོབས་རཱ་ཛ་ལ་ཕྱིས་བཤད་དོ། །སྲིན་པོའི་ཡུལ་ནས་བྱུང་བ་ནི་དཔལ་འབྱུང་བ་དང་དཔལ་དམ་པའི་རྒྱུད། དེའི་ཡན་ལག་དང་བཅས་པ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གྲོང་ཁྱེར་དགའ་བ་ཅན་དུ་སློབ་དཔོན་ཨིནྡྲ་བོ་དྷི་བར་མ་ལ་བཤད་དོ། །གཤིན་རྗེས་ཡུལ་ནས་བྱུང་བ་ནི་དགྲ་ནག་གི་རྒྱུད་ཁ་ཅིག་དང་། ཁ་ཐུན་ཟླ་གསང་ལ་སོགས་པ་གཤིན་རྗེའི་རྒྱུད་མང་པོ་སློབ་དཔོན་ལ་ལི་ཏ་བཛྲ་གྱིས་སྤྱན་དྲངས་ཏེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བཤད། ཡང་ལུང་རི་མ་ལ་ཡའི་རྩེར་ལག་ན་རྡོ་རྗེས་མཆན། ཨ་ནུ་ཡོ་གའི་མདོ་རྣམས་དམ་པའི་རིགས་ཅན་ལྔ་ལ་གསུངས་པ་ནི་ཏནྟྲ་སྡེ་བཅོ་བརྒྱད་དུས་མཚུངས་ཞེས་པའང་སྣང་ངོ་། །དེ་ཡང་ཀྲི་ཡ་རྣམས་ཝཱ་ར་ཎཱ་སིར་བབས། ཡོ་ག་རྣམས་མེ་རི་འབར་བར་བབས། མཧཱ་ཡོ་ག་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབས། ཨ་ནུ་ཡོ་ག་རྣམས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་བབས། ཨ་ཏི་ཡོ་ག་རྣམས་ཨོ་རྒྱན་དྷ་ན་ཀོ་ཥའི་གླིང་དུ་བབས། རྒྱུད་སྡེ་གཞན་རྣམས་ནི་དངོས་སུ་པུ་ཏི་བབས་པ་ཡིན། ཨ་ཏི་ཡོ་ག་ནི་དེ་ལྟར་མ་ཡིན་ཏེ། རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ། རྒྱལ་པོ་ཨུ་པ་རཱ་ཛ་དང་། སྣང་གསལ་འོད་ལྡན་གཉིས་ཀྱི་སྲས་མོ་སུ་དྷརྨའི་སྲས་སུ་འཁྲུངས་ཤིང་། འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་དང་། ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཏེ་གནས་པ་ལས། དེ་ནས་སྔར་གྱི་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་དང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་རི་མ་ལ་ཡ་རིན་པོ་ཆེ་རྣམ་པར་སྤྲུལ་པའི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ། ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་མ་རྣམས་འདུ་བའི་ཕུག་ཏུ་བཞུགས་སོ། །དེ་ཡང་རྙིང་མ་ལའང་བྱ་རྒྱུད་སྤྱོད་རྒྱུད། དེ་གཉིས་ཀའི་རྒྱུད། རྣལ་འབྱོར་རྒྱུད་གསུམ། ཕྱི་མ་ལ་རྣལ་འབྱོར་ཙམ་དང་། རྣལ་འབྱོར་བླ་མེད་དེ་ནང་ཚན་ཕྱེ་ན་རྒྱུད་སྡེ་བཞིའོ། །བཀའ་བརྒྱད་སྤྱིའི་རྒྱུད་ལའང་། ལྟ་སྤྱོད་འདུས་པ་ནམ་མཁའ་ཆེའི་རྒྱུད། ཆེ་མཆོག་རོལ་པ་རྩ་བའི་རྒྱུད། ཁྲག་འཐུང་རོལ་པ་རྩ་བའི་རྒྱུད། གཤིན་རྗེ་རོལ་པ་རྩ་བའི་རྒྱུད། རྟ་མཆོག་རོལ་པ་རྩ་བའི་རྒྱུད། ཕུར་པ་རོལ་པ་རྩ་བའི་རྒྱུད། མ་མོ་རོལ་པ་རྩ་བའི་རྒྱུད། རིག་འཛིན་རོལ་པ་རྩ་བའི་རྒྱུད། དྲག་སྔགས་རོལ་པ་རྩ་བའི་རྒྱུད་རྣམས་གསུངས་སོ། །དེ་ཡང་རྩ་རྒྱུད་ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་དང་ལྔའོ། །དེ་ཡང་སྟོན་པ་ནི་ཀུན་ཏུ་བཟང་པོ་སྟེ་རྒྱུད་འཆད་པའོ། །ཆོས་ནི་གོང་དུ་སྨོས་པའི་རྒྱུད་སྡེ་རྣམས་སོ། །

སྡུད་པ་པོ་ནི་རིག་འཛིན་རྡོ་རྗེ་ཆོས་ཏེ། མིའི་ཐོད་པ་ཅན་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བས་བསྡུས་ནས་ཡི་གེར་བཀོད་པའོ། །དོན་ཚན་ནི་ཀྲི་ཡ་ནས་ཨ་ཏིའི་བར་ཏེ་དྲུག་གོ། །དེ་ནས་རྒྱུད་རྣམས་མཁའ་འགྲོ་དང་སྡེ་བརྒྱད་ལ་གཏད་ནས་སྦེད་པར་བརྩམ་པའི་ཚེ་སོ་སོའི་གནས་སུ་སྦེད་པར་འདོད་ད། བློ་མ་མཐུན་པ་ལས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས། དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བའི་ནང་དུ་སྦས་སོ། །

དེ་ནས་དུས་ཕྱིས་སློབ་དཔོན་བརྒྱད་ཀྱིས་འདོན་པར་འདོད་དེ་དེར་ཚོགས་ནས་མཁའ་འགྲོ་མ་ལ་གཏོར་མ་ཕུལ་གསོལ་བ་བཏབ་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཞུས་སོ། །ཨེ་མ་ཧོ། སྐུ་ནི་ལྷར་གསལ་གསུང་ནི་སྔགས་སུ་སྒྲོགས། །ཐུགས་ནི་མཉམ་ཉིད་རྡོ་རྗེ་ལྟ་བུའོ། །སྤྲུལ་པ་སྣ་ཚོགས་འཕྲོ་བའི་སློབ་དཔོན་བརྒྱད། །བཀའ་ནི་ཅི་སྩལ་གསུང་ནི་གང་གསུངས་ཉན། །ཞེས་ཞུས་པས། ཨེ་མ་ཧོ། འདུས་པའི་འཁོར་ཚོགས་མ་མོ་ཌཱ་ཀི་དང་། །བདུད་དང་གཤིན་རྗེ་ལ་སོགས་བདག་ལ་ཉོན། །བཀའ་བཞིན་བྱེད་པ་ཁྱེད་རྣམས་མཆོད་བྱེད་པ། །སྒྲོམ་བུ་དགུ་པོ་དེ་རྣམས་ཁུར་ལ་ཤོག །ཅེས་གསུངས་པས། སློབ་དཔོན་ཧཱུྃ་ཀ་ར་ལ་ཧེ་རུ་ཀ་གལ་པོ་ལ་སོགས་པ་ཡང་དག་ཐུགས་ཀྱི་རྒྱུད་རྣམས་གཏད། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གསང་རྒྱུད་ལ་སོགས་གཤིན་རྗེའི་རྒྱུད་རྣམས་གཏད། ཀླུ་སྒྲུབ་ལ་རྟ་མཆོག་རོལ་པ་ལ་སོགས་པདྨ་གསུང་གི་རྒྱུད་རྣམས་གཏད། སློབ་དཔོན་པདྨ་འབྱུང་གནས་ལ་བི་ཏོ་ཏ་མ་ལ་སོགས་ཕུར་བ་ཕྲིན་ལས་ཀྱི་རྒྱུད་རྣམས་གཏད། བི་མ་ལ་མི་ཏྲ་ལ་བདུད་རྩི་རོལ་པའི་རྒྱུད་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་རྣམས་གཏད། དྷཱ་ན་སཾ་སྐྲ྇་ཏ་ལ་རྒྱུད་ལུང་འབུམ་ཏིག་ལ་སོགས་མ་མོའི་རྒྱུད་རྣམས་གཏད། རོ་མཱུ་གུ་ཧྱ་དཱེ་ཛ་ཙནྡྲ་ལ་སྐུའི་རྒྱུད་དྲེགས་པ་འདུས་པ་སོགས་འཇིག་རྟེན་དྲེག་པ་ཅན་གྱི་རྒྱུད་རྣམས་གཏད། ཕུང་བྱེད་ཤཱནྟིཾ་གརྦྷ་ལ་དྲག་སྔགས་ཤེལ་ཕྲེང་དཀར་པོའི་རྒྱུད་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་རྣམས་གཏད། བདེ་གཤེགས་འདུས་པའི་རྒྱུད་རྣམས་སློབ་དཔོན་ཐུན་མོང་དུ་གཏད་ནས། སླར་ཡང་མཆོད་རྟེན་དུ་བཅུག་གོ། །སོ་སོར་གཏད་པའི་རྒྱུད་རྣམས་ཡོངས་སུ་རྒྱས་པར་བྱའོ། །

དེ་ན་སློབ་དཔོན་ཆེན་པོ་པདྨས་སླར་མཆོད་རྟེན་དེ་ཉིད་བདེ་གཤེགས་འདུས་པ་བཏོན་ནས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བདེར་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་རིག་འཛིན་བརྒྱད་ལ་བདེར་འདུས་ཀྱི་དབང་བསྐུར་ནས་རིག་འཛིན་བརྒྱད་ཀྱི་བླ་མ་ཡང་མཛད། དེ་ནས་སློབ་དཔོན་པདྨ་བོད་དུ་སྤྱན་དྲངས། བསམ་ཡས་སུ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རྗེ་བློན་འབངས་དང་བཅས་བརྒྱད་ལ་བདེ་གཤེགས་འདུས་པའི་དབང་བསྐུར། རིགས་ཀྱི་མེ་ཏོག་དོར་བ་ན། རྒྱལ་པོའི་མེ་ཏོག་དབུས་སུ་ཆེ་མཆོག་ལ་བབ། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡང་དག་ལ་བབ། གནུབས་སངས་རྒྱས་ཡེ་ཤེས་རིག་འཛིན་ལྷོ་གཤིན་རྗེ་ལ་བབ། ངན་ལམ་རྒྱལ་བ་མཆོག་དབྱངས་ནུབ་དབང་ཆེན་ལ། ཇོ་མོ་མཚོ་རྒྱལ་གྱི་མེ་ཏོག་བྱང་རྡོ་རྗེ་གཞོན་ནུ། འབྲོག་བན་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་ཤར་ལྷོ་མ་མོ་ལ། རླངས་དཔལ་གྱི་མེ་ཏོག་ནུབ་བྱང་དྲེགས་པ་ཀུན་འདུལ་ལ་བབ། པ་གོར་བཻ་རོ་ཙ་ནའི་མེ་ཏོག་བྱང་ཤར་དམོད་པ་དྲག་སྔགས་ལ་ཕོག་ཅིང་། ཐམས་ཅད་དུས་སོ་སོའི་གྲུབ་པ་ཐོབ་བོ། །

འོ་ན་གསང་སྔགས་རྙིང་མའི་དཔེ་ཙམ་རྒྱ་གར་ན་ཡང་མི་བཞུགས་སམ་སྙམ་ན། རྒྱལ་བློན་སྔ་དར་གྱི་དུས་སློབ་དཔོན་ཞི་བ་འཚོ། པདྨ་འབྱུང་གནས། བི་མ་ལ་མི་ཏྲ་ལ་སོགས་པས་པཎྜི་ཏ་བགྱིས། བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར། ཅོག་གྲུ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག །ཨ་ཙར་ཡ་ཡེ་ཤེས་དབྱངས་ལ་སོགས་པས་ལོ་ཙཱ་བགྱིས་ཏེ། ཕྱི་ནང་གི་རྒྱུད་སྡེ་མ་ལུས་པ་བོད་དུ་བསྒྱུར་བ་ཡིན། འདིར་ཡི་གེས་འཇིགས་པས་རྒྱས་པར་མ་འཁོད་དོ། །མན་ངག་རྫོགས་པ་ཆེན་པོ་ཤིན་ཏུ་གསང་བ་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་ཏེ་རྡོ་རྗེ་གདན་གྱི་འོག་ཏུ་སྦས་ལ། ཁྱིམ་བདག་དགེ་ལྡན་བཟང་པོ་དང་། ཡུམ་སྣང་གསལ་དགེ་ལྡན་མ་གཉིས་ལ་སྲས་ཤྲཱ྇་སིངྷ་འཁྲུངས་ཏེ། ལོ་བཅོ་ལྔ་ལ་སློབ་དཔོན་ཧ་ཏི་བྷ་ལའི་དྲུང་དུ་སྒྲ་ཚད་བརྩི་བ་སོགས་རིག་གནས་ལྔ་ལ་མཁས་པར་བསླབས། ལོ་ཉི་ཤུ་རྩ་ལྔ་ལ་ཐེག་པ་མཆོག་གི་རྒྱུད་ལུང་མན་ངག་དང་བཅས་པའི་དབང་ཁྲིད་ཞུས་ནས་ཉམས་སུ་བླངས། ཤྲཱ྇་སིངྷས་བག་ཙམ་བཏོན་ནས་བཻ་རོ་ཙ་ན་ལ་བཤད། ལྷག་མ་སྦས་ནས་ཡོད་པ་བི་མ་ལ་རྒྱ་གར་ན་བཞུགས་དུས་བོད་ཡུལ་ན་རྒྱལ་པོའི་བླ་མཆོད་ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ་ཞིག་ཡོད་པ་དེས་པཎ་ཆེན་གྱི་ཡོན་ཏན་གཟིགས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རྒྱུ་མཚན་ཞུས་ཏེ། རྒྱལ་པོས་རྒྱ་གར་རྒྱལ་པོ་ལ་གསེར་གྱི་འབུལ་བ་བསྐུར་ནས། ཕྱིའི་ལོ་ཙཱ་བ་རང་དུ་བཅུག་པའི་སྙིང་ནང་དང་། བི་མ་ལ་མི་ཏྲ་དཔོན་གཡོག་གིས་རྒྱལ་པོ་དང་པཎྜི་ཏ་རྣམས་ལ་ཞུ་བ་ཕུལ་བ། བདག་བོད་དུ་མཆིས་ཕན་ཆད། བོད་དུ་སྔོན་ཆད་ཡོངས་སུ་མ་གྲགས་པའི་ཆོས་སྐོར་ཞིག་བསྒྱུར་དགོས་བྱས་པས། པཎྜི་ཏ་རྣམས་ན་རེ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་སྦས་ནས་ཡོད་པ་དེ་འོ་སྐོལ་རྒྱ་གར་ལ་སྤྱོད་དབང་མེད་ན་ཡང་། ཁྱོད་བོད་དུ་འགྲོ་བ་ལ་ཤིན་ཏུ་ཡུས་ཆེ་བ་ཡིན་པས། ཇི་ལྟར་རིགས་པ་ཐོན་ལ་ཁྱེར་ཟེར་བས། བི་མ་ལ་དཔོན་གཡོག་གིས་ཆོས་མ་ལུས་པ་སྤྱན་དྲངས་ནས་རྒྱ་གར་གྱི་དཔེ་རྩད་ཆོད་ཅེས་གྲགས། བི་མ་ལ་བསམ་ཡས་སུ་ཕེབས། མདོ་སྔགས་སྤྱི་དང་། ཁྱད་པར་ཐེག་དགུ། རྫོགས་ཆེན་གྱི་སྡེ་གསུམ་ཆོས་མཐའ་དག་བསྒྱུར་ནས། མཐར་རྒྱ་ནག་རི་བོ་རྩེ་ལྔར་སངས་རྒྱས་སྟོང་གི་བསྟན་པ་གནས་ཀྱི་བར་དུ་བཞུགས་ཤིང་ལོ་བརྒྱ་ན་སྤྲུལ་པ་རེ་བོད་དུ་འབྱོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་རྣམས་ནི་བརྒྱུད་པ་གསུམ་གྱི་གསང་སྔགས་ཀྱི་བབས་ཚུལ་སྤྱིར་བསྟན་པ་སྟེ། ད་ནི་བྱེ་བྲག་ཏུ་ཆོས་ཀྱི་རང་བཞིན་གཏན་ལ་དབབ་པའི་ཚུལ་ལ་གཉིས་ཏེ། ཐེག་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལུགས་སོ། །

དང་པོ་གསུམ་སྟེ། སྒྲ་དོན་དང་། དབྱེ་བ། འབྲས་བུའོ། །དང་པོ་ནི། ཡ་ནའི་སྒྲ་ལས་ཐེག་པ་སྟེ་གང་ལ་བསྟན་ནས་བགྲོད་པར་འདོད་པས་ཕྱིན་ཅིང་སྐྱེལ་བ་ཞེས་ཏེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞེ་ན་སེམས་ཅན་ཐམས་ཅད་མྱ་ངན་འདས། །ཞེས་སོ། །

གཉིས་པ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་འདུལ་བའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པས་ཐེག་པའི་རྣམ་གྲངས་ཀྱང་འདི་ཉིད་ཁོ་ནར་ངེས་སོ་ཞེས་འཆད་པ་མེད་དེ། ལང་ཀར་གཤེགས་པ་ལ། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དག་ངེས་བཤད་དོ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེ་ཡང་རེ་ཞིག་བསྡུ་ན་འབྲས་བུ་ལ་དགོངས་ཏེ་གཅིག་ཏུ་གསུངས་པ་ཡིན། དམ་པའི་ཆོས་པདྨ་དཀར་པོ་ལས། ཐེག་པ་གཉིས་སུ་ཡོད་མ་ཡིན། །ཞེས་དང་། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལས། །ཞེས་སོ། །ཡང་རྒྱུ་དང་འབྲས་བུ་ལ་དགོངས་ནས་གཉིས་ཏེ། ཆེན་པོ་དང་ཆུང་ངུ་ལ་དགོངས་ནས་གཉིས་སུ་གསུངས་ཏེ། དཔལ་འབྱུང་བཞི་ཟད་པའི་རྒྱུད་ལས། རྒྱུ་ཆོས་རྣམས་དང་འབྲས་བུའི་ཕྱིར། །ཐེག་པ་དེ་ཡང་རྣམ་པ་གཉིས། །ཞེས་དང་། ཡེ་སྒྲོན་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་གྲངས་ཀྱང་དེ་བཞིན་ཏེ། །བསྡུ་ན་ཆེ་ཆུང་རྣམ་གཉིས་ཡོད། །ཅེས་སོ། །ཡང་ཆེ་འབྲིང་གིས་དབྱེ་བའི་ཉན་རང་ཐེག་པ་ཆེན་པོ་སྟེ་གསུམ་དུ་གསུངས་ཏེ། མདོ་སྡེ་རྒྱན་ལས། སྦྱོར་བ་དང་ནི་ཚོགས་དག་ལ། །བསམ་པ་དང་ནི་བཤད་ཉིད་དང་། །སྒྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་དང་། གསང་བ་ཐིག་ལེ་ནོར་བུའི་རྒྱུད་ལས། ཕྱི་ནང་གི་རིམ་པས་ཀྱང་གསུམ་དུ་བཤད་དེ། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་གསུངས། །ཞེས་སོ། །ཡང་རྒྱུའི་ཐེག་པ་གསུམ་འབྲས་བུ་དང་བཞིར་ཡང་བཤད། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་འདི། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །ཞེས་སོ། །ཡང་རྣམ་གྲངས་བསྡུ་བ་ལྔར་བཤད་དེ། གསང་རྙིང་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་དོ། །ཞེས་སོ། །ཡང་སྒྱུ་འཕྲུལ་གྱིས་གོང་འོག་དབྱེ་བའི་དྲུག་ཏུ་ཡང་བཤད་དེ། ཀུན་བྱེད་ལས། ངེས་པར་ཐོབ་པའི་ཐེག་པ་དྲུག །ཅེས་སོ། །བདུན་དུ་ཡང་བཤད་དེ། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་སོ། །བརྒྱད་དུ་ཡང་བཤད་དེ། ནམ་མཁའ་ཆེ་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་དང་། དགུར་ཡང་བཤད་དེ། ཀུན་བྱེད་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་སོ། །ཡང་སོར་བཞག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པའི་སྡེ་ལྔ། ནང་པའི་རིམ་དགུ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུ་ཡང་བཤད་དེ། སྙིང་པོ་ཉི་མ་སྣང་བྱེད་ཀྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་དང་། ཡང་བསམ་གྱིས་མི་ཁྱབ་པར་བཤད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཡང་གནས་ལུགས་ལ་ཐེག་པ་ཞེས་བཏགས་པ་ཙམ་ལས་གྲུབ་པ་མེད་དེ། དེ་ཉིད་ལས། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་སོ། །མདོར་ན་ཐམས་ཅད་བློའི་རིམ་པ་ལས་སྣང་བ་ཙམ་ལས་བློ་ངོ་བོ་ཉིད་ཀྱིས་དག་པའི་རྣལ་འབྱོར་པ་རྣམས་ལ་ནི་ཐེག་པ་ཞེས་པའང་གཞི་ནས་མེད་པའི་ནམ་མཁའ་བཞིན་དུ་ཤེས་པར་བྱའོ། །

གཉིས་པ་བྱེ་བྲག་ཏུ་དབྱེ་བ་ལ་གཉིས་ཏེ། ཁྱད་པར་འཕགས་ཚུལ་དང་། གསང་སྔགས་ཉིད་བཤད་པའོ། །

དང་པོ་ནི། རིམ་པ་བཞིན་ཉན་རང་གི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་རྣམས་ཀྱི་ཕྱི་མ་ཕྱི་མ་མཆོག་སྟེ། མདོ་སྡེ་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ནི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་འབྱོར་པས་ནི། །ཉན་ཐོས་ཉིད་ཀྱང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །ཞེས་སོགས་ཐེག་ཆེན་དེ་ཡང་ཁྱད་པར་འཕགས་ཚུལ་གྱི་རྣམ་གྲངས་མང་ནའང་བསྡུ་ན་བདུན་དུ་འདུས་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལས་ཀྱང་གསང་སྔགས་འབྲས་བུའི་ཐེག་པ་ཁྱད་པར་འཕགས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། མདོ་གདམས་ངག་འབོགས་པའི་རྒྱལ་པོར། འཇམ་དཔལ་གྱིས་སྟོན་པ་ལ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་པས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ནི། །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སྔགས་ནི་འབྲས་བུ་ལམ་དུ་བྱེད་པ་དང་། སངས་རྒྱས་རང་ལ་ཡོད་པ་ངེས་དོན་མཐར་ཐུག་གི་ཐེག་པ་སྟེ། ལུང་འདི་གཉིས་ཀྱིས་སྡོམ་གསུམ་རབ་དབྱེར། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་པ་ལ་གནོད་དེ། ལུང་སྔ་མའི་མ་རྨོངས་པ་དང་། དབང་པོ་རྣོན་པོ་ཞེས་པ་ནི། མདོ་ལས་སྔགས་ཤེས་རབ་ཏུ་ཞུགས་པའི་ལྟ་བའང་དེའི་ཁྱད་པར་ཉིད་དང་། ལུང་ཕྱི་མའི་རྒྱུ་འབྲས་ལྷུན་གྲུབ་ཏུ་ཞེས་སོགས་ཀྱིས་རྡོ་རྗེ་ཐེག་པ་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པའོ། །དེ་ཡང་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་མཆོག་ཏུ་གསུངས་སོ། །

གཉིས་པ་སྔགས་ཉིད་བཤད་པ་ལ་གཉིས་ཏེ། རྒྱུད་སྡེ་བཞིར་གྲངས་ངེས་པའི་རྒྱུ་མཚན་དང་། རྣམ་གྲངས་སོ་སོར་བསྟན་པའོ། །

དང་པོ་ལ་ལྔ་ལས། དང་པོ་མི་རིགས་བཞི་ལ་དགོངས་ནས་གསུངས་པ་ནི། བྲམ་ཟེ་ཁྲུས་དང་གཙང་སྦྲ་གཙོ་འཁོར་སྟོན་པ་ལ་བྱ་རྒྱུད། རྗེའུ་རིགས་ཕྱི་ཁྲུས་དང་གཙང་སྦྲ་ནང་ངོ་ཚ་དང་ཁྲེལ་ཡོད་ཀྱིས་གནས་པ་ལ་སྤྱོད་རྒྱུད། རྒྱལ་རིགས་ཡོན་ཏན་དང་འབྱོར་པས་ཡུལ་སྐྱོང་བ་ལ་རྣལ་འབྱོར་རྒྱུད། དམངས་རིགས་གཙང་བཙོག་ཆུང་ཞིང་ཉོན་མོངས་རགས་པར་སྤྱོད་པ་ལ་བླ་མེད་རྒྱུད་གསུངས་ཏེ། བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེའུ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོའི་འཁོར་ཚོགས་མང་། །གཞི་དམངས་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ནི། །ཞེས་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་གདོལ་བ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གདུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །

གཉིས་པ་གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་གསུངས་པ་ནི། དབང་པོ་ཐ་མ་ལ་བྱ་བ། འབྲིང་ལ་སྤྱོད་པ། རབ་ལ་རྣལ་འབྱོར། ཡང་རབ་བླ་མེད་དེ། གུར་དུ་ལུང་སྔར་དྲངས་ཟིན་པ་ལྟར་རོ། །

གསུམ་པ་དུས་ལ་ལྟོས་ནས་བཞིར་གསུངས་ཏེ། བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་སུ་བྱ་རྒྱུད། སུམ་ལྡན་གྱིས་དུས་སུ་སྤྱོད་རྒྱུད། གཉིས་ལྡན་ལ་རྣལ་འབྱོར་རྒྱུད། རྩོད་ལྡན་ལ་བླ་མེད་དོ། །ལྷ་ཐམས་ཅད་ཡང་དག་པ་འདུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །སུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། རྒྱུད་ཀྱང་རྣམ་པ་བཞིར་བཤད་དོ། །ཞེས་སོ། །

བཞི་པ་སྤྱད་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་བཞིར་གསུངས་ཏེ། རྫོགས་ལྡན་གྱི་དུས་སུ་ཉོན་མོངས་པ་ཤས་ཆུང་བས་བལྟས་པས་ཚིམ་པ་ལ་བྱ་རྒྱུད་དེ། རྡོ་རྗེ་གཙུག་ཏོར་ལས། དཀར་པོས་རས་ལ་བརྟག་བྱ་ཞིང་། །དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །མོ་ཡང་ཕོ་ལ་བལྟ་བ་དང་། །ཕོ་ཡང་མོ་ལ་བལྟ་བ་བྲི། །ཞེས་སོ། །སུམ་ལྡན་གྱི་དུས་སུ་བགད་པས་ཚིམ་པའི་འདོད་ཆགས་བྱུང་སྟེ་དེའི་དོན་དུ་སྤྱོད་པའི་རྒྱུད་དེ། རྣམ་སྣང་མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །དེ་ཡི་གཡོན་ཕྱོགས་ལྷ་མོ་ནི། །ཅུང་ཟད་མིག་གི་འཛུམས་བཅས་བྲི། །ཞེས་སོ། །གཉིས་ལྡན་གྱི་དུས་སུ་རེག་ཅིང་འཁྱུད་པས་ཚིམ་པའི་འདོད་ཆགས་ཅན་ལ་རྣལ་འབྱོར་རྒྱུད་དེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །དཔུང་པ་ཡིད་ཙམ་བསྡམ་པར་བཞག །ཞེས་སོ། །དེ་ནས་ཡོ་གའི་ལྷ་རྣམས་ཕྱག་རྒྱ་འབྲེལ་བར་འབྱུང་ངོ་། །རྩོད་ལྡན་གྱི་དུས་སུ་དབང་པོ་གཉིས་སྤྱོད་ཀྱི་འདོད་ཆགས་ཅན་འདུལ་དོན་དུ་བླ་མེད་དེ། བརྟག་གཉིས་ལས། བོ་ལ་ཀཀྐོ་ལ་སྦྱར་བས། །དེ་ཡི་བདེ་བ་ཁྱད་པར་འཕགས། །ཞེས་དང་། གསང་འདུས་ལས། དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། མཚན་མ་གཉིས་ལ་བསྔགས་བྱས་ཏེ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །ཞེས་སོ། །འདོད་ལྷའི་རིམ་པ་ཡང་བཞག་སྟེ། གཞན་འཕྲུལ་དབང་བྱེད་ཀྱིས་བལྟས་པས་ཚིམ་པ་ལ་བྱ་བ། འཕྲུལ་དགའ་བགད་པས་ཚིམ་པ་ལ་སྤྱོད་པ། དགའ་ལྡན་ལ་སོགས་ལག་བཅང་ལ་རྣལ་འབྱོར། སུམ་ཅུ་རྩ་གསུམ་མན་ཆད་དབང་པོ་གཉིས་སྦྱོར་བ་བླ་མེད། སམྦུ་ཊ་ལས། བལྟས་དང་བགད་དང་ལག་བཅང་དང་། །གཉིས་གཉིས་འཁྱུད་པ་གང་ཡིན་ལ། །སྲིན་བུ་ཡི་ནི་ཚུལ་གྱིས་སུ། །རྒྱུད་ནི་རྣམ་པ་བཞིར་གསུངས་སོ། །ཞེས་སོ། །

ལྔ་པ་ལྷ་བཞིའི་རྗེས་སུ་འཇུག་པ་ཕྱིན་ཅི་ལོག་པ་བཞི་ནི། གཏི་མུག་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་སྟེ། བསམ་གཏན་ཕྱི་མ་ལས། འདག་ཆལ་དག་གིས་བགོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ལ་མཆོད་སྦྱིན་གྱིས་བགོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡིས་དག །ཅེས་པའི་ཚུལ་གྱིས་བྱ་རྒྱུད་དོ། །ཞེ་སྡང་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བའི་དོན་དུ་སྤྱོད་རྒྱུད་དེ། ལེགས་པར་གྲུབ་པ་ལས། རྒྱལ་རིགས་ལ་ནི་རྒྱལ་རིགས་དང་། །བྲམ་ཟེ་ལ་ནི་བྲམ་ཟེ་བསད། །རྣམ་སྣང་མངོན་བྱུང་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང་། །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་སོ། །ང་རྒྱལ་བརྒྱ་བྱིན་རྗེས་སུ་གཟུང་བའི་ཕྱིར་རྣལ་འབྱོར་རྒྱུད་དེ། དབང་ཕྱུག་འབྱོར་པ་ལྷ་ཡི་རྒྱུད། །རྣལ་འབྱོར་ཡང་དག་བཤད་པ་འོ། །ཞེས་སོ། །འདོད་ཆགས་ཅན་དབང་ཕྱུག་ནི་འདོད་ཆགས་ཆོས་སུ་སྨྲ་སྟེ། གཽ་ཏཾ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །ཞེས་པ་འདུལ་བ་བླ་མར་གསུངས་ཏེ། གསང་འདུས་ལས། བུད་མེད་གཟུགས་དང་མདངས་བཟང་མ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་ལན་གསུམ་དུ། །དབེན་པར་མཆོད་པར་རབ་ཏུ་བརྩམས། །

གཉིས་པ་རྣམ་གྲངས་སོ་སོར་ངེས་པ་ལ་ཕྱི་ནང་གཉིས་སོ། །དང་པོ་ལ་གསུམ། བྱ་སྤྱོད་རྣལ་འབྱོར། དང་པོ་ལ་གཉིས། ངེས་ཚིག་ནི་ཀྲི་ཡ་སྟེ། ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པ་བྱ་རྒྱུད་དེ། དབྱེ་ན་གསུམ་ལས། གཞི་ཆོས་རྣམས་ངོ་བོ་ཉིད་མེད་པར་རྟོགས་ནས་ལྷ་ཡེ་ཤེས་སེམས་དཔའ་རྒྱལ་པོ་ལྟ་བུ་ལ་དངོས་གྲུབ་འདོད་པའི་གཞིར་བྱེད་དོ། །ལམ་ནི་ལྷ་བསྐྱེད་ནས་མཆོད་པ་འབུལ་བས་དེ་ཁོ་ན་ཉིད་ལ་སོགས་པས་དཀའ་སྤྱད་དང་གཙང་སྦྲའི་རང་བཞིན་ལ་བརྟེན་ནོ། །འབྲས་བུ་མི་ཚེ་བཅུ་དྲུག་ན་སངས་རྒྱས་ནས་བྱང་ཆུབ་ཐོབ་པར་འདོད་དེ། ཀུན་བྱེད་ལས། ཀྲི་ཡས་བདག་དང་ལྷ་གཉིས་རྗེ་ཁོལ་ཚུལ། །མི་ཚེ་བཅུ་དྲུག་འབད་པས་གྲོལ་བ་ཐོབ། །ཞེས་སོ། །

སྤྱོད་པའི་རྒྱུད་ལའང་གཉིས། ངེས་ཚིག་ཨུ་པ་ཡ་སྟེ་སྤྱོད་པ་ཀྲི་ཡ་དང་མཐུན་ཞིང་སྒོམ་པ་ཡོ་ག་དང་མཐུན་ནས་གཉིས་བཅས་ཀྱི་ཐེག་པ་ཞེས་སོ། །དབྱེ་ན་གསུམ། གཞི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་ལྷ་གཉིས་དམ་ཚིག་པ་དང་ཡེ་ཤེས་པའི་ཚུལ་དུ་མཉམ་པར་འདོད་པའི་ཐབས་ལ་དངོས་གྲུབ་འདོད་པའི་རྟོགས་པའོ། །ལམ་དེ་ལྟར་བསྒོམ་ཞིང་ཀྲི་ཡ་ལྟར་གཙང་སྦྲ་སྤྱོད་པས་མི་ཚེ་བདུན་ནས་གྲོལ་བར་འདོད་པ་འབྲས་བུ་སྟེ། སྔ་མ་ལས། ཨུ་པ་བདག་དང་ལྷ་གཉིས་མཉམ་པོར་མཐོང་། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་སྟེར་འདོད་པ། །མི་ཚེ་བདུན་ན་གྲོལ་བའི་དངོས་གྲུབ་ཐོབ། །ཅེས་སོ། །

རྣལ་འབྱོར་གྱི་རྒྱུད་ལའང་གཉིས། ངེས་ཚིག་ནི་ཡོ་ག་སྟེ་སེམས་ཀྱི་གཙོ་ལ་ལྟ་སྤྱོད་གཉིས་གྲོགས་སུ་འདོད་པའོ། །

དབྱེ་ན་གསུམ་ལས། གཞི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་། བདག་ལྷར་གསལ་བ་ལ་ཡེ་ཤེས་པ་ཆུ་ལ་ཆུ་བཞག་པ་ལྟར་གནས་པས་གཞིར་བྱེད་པའོ། །ལམ་དེ་ལྟར་བསྒོམ་ཞིང་གཙང་སྦྲ་ཀུན་ཏུ་སྤྱོད་པ་གྲོགས་སུ་ལྡན་པས། མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་སར་གྲོལ་བར་འདོད་དེ། སྔ་མ་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །གསང་སྔགས་ནང་པ་གསུམ་སྟེ། དང་པོ་རྣལ་འབྱོར་པའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་མཧཱ་ཡོ་གའི་སྒྲ་ལས་ཐབས་ཀྱི་རྣལ་འབྱོར་བསྐྱེད་པ་དང་། རླུང་གཙོ་བོར་གྲོལ་བར་བཤད་དོ། །

དབྱེ་ན་གསུམ་ལས། ཡེ་ནས་དག་པའི་ལྷའི་དཀྱིལ་འཁོར་རླུང་གི་བྱེད་པའོ། །

ལམ་ནི་དེ་དག་སྒོམ་པའོ། །འབྲས་བུ་ནི་ཚེ་འདི་ཉིད་ལ་གྲོལ་བར་འདོད་པ་སྟེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གིས་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པའི། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་སོ། །ཤེས་རབ་མའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་ཨ་ནུ་ཡོ་ག་སྟེ་ཤེས་རབ་རྫོགས་པའི་རིམ་པ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདོད་པའོ། །

དབྱེ་ན་གཉིས་ལས། གཞི་ཡེ་ནས་དག་པ་ལྷའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ལམ་དེ་ཉིད་སྒོམ་པའོ། །འབྲས་བུ་ཚེ་འདིར་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའོ། །ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་མཚན་ཉིད་འདི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེན་པོ་སུ་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོ། །

གཉིས་སུ་མེད་པའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི། ཨ་ཏིའི་སྒྲ་ལས། སྐྱེ་བ་མེད་པའི་ངོ་བོ་ཉིད་ཀུན་གྱི་སྙིང་པོ་ལ་འཇུག་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ནོ། །

དབྱེ་བ་ནི་གསུམ་ལས། གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །ལམ་བསྐྱེད་རྫོགས་གཉིས་སུ་བླང་དོར་རེ་དོག་ལས་འདས་པར་བྱེད་པའོ། །འབྲས་བུ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པར་མཐར་ཕྱིན་པར་བྱེད་པ་སྟེ། ཐེག་པ་འདིར་ཐམས་ཅད་རྫོགས་པ་སྟེ། ལེ་ལག་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་བབས་ལྟར། །རྣམ་པར་ཐར་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །

འདི་དག་ནི་སྨིན་བྱེད་དབང་གི་རིམ་པ་གཉིས། དང་པོ་ནི། རྒྱུད་སྡེ་གང་དུ་དབང་བཞི་ཚང་བ་མི་སྟོན་ཞིང་། ཁྱད་པར་དུ་རིག་པའི་དབང་ཙམ་ལས་མི་འདོད་པ་ནི་ཕྱི་པ་སྟེ། དཔལ་ཡེ་ཤེས་གསང་བའི་རྒྱུད་ལས། བུམ་པ་ཆུ་ཡིས་དབང་བསྐུར་བས། །བྱ་བའི་རྒྱུད་ལ་ཞུགས་པ་སྟེ། །ཅོད་པཎ་གྱིས་ནི་དབང་བསྐུར་བས། །སྤྱོད་པའི་རྒྱུད་ལ་ཞུགས་པ་ཡིན། །རྡོ་རྗེ་དྲིལ་བུ་བྱིན་པ་ཡིས། །རྣལ་འབྱོར་རྒྱུད་དུ་རྟོགས་པ་དང་། །ཞེས་སོ། །ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་ཅོད་པཎ་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །དེ་ནས་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་བུམ་པའི་དབང་ཡན་ཆད་ཕྱི་པའོ། །རྒྱུད་སྡེ་གང་དུ་དབང་བཞི་རྫོགས་པར་བསྐུར་བ་ནང་པ་ཡིན་ཏེ། གསང་བ་འདུས་པ་ལས། བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་དང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །

གསུམ་པ་འབྲས་བུ་ལ་གཉིས་ཏེ། ངེས་ཚིག་དང་དབྱེ་བའོ། །

དང་པོ་བིདྱཱ་དྷཱ་ར་ཞེས་པས། བིདྱཱ་དྷཱ་ནི་རིག་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་སངས་རྒྱས་ཀྱི་གདུང་ངོ་། །དྷཱ་ར་ནི་འཛིན་ཞིང་འཆང་བ་སྟེ། དོན་ལ་སློབ་པ་པའམ་ལྡན་པ་ཡིན་ནོ། །

གཉིས་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི། དྲི་མེད་བཤགས་རྒྱུད་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པས། རྣམ་པར་སྨིན་པའི་རིག་འཛིན་ནི། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དང་པོ་མཚན་ཉིད་གསུམ་ལྡན་ཏེ། ཡི་དམ་ལྷའི་རྣལ་འབྱོར་དུ་སྨིན་པ། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ་ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་སྟེ། རྔམ་གློག་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་སྟེ། ཞེས་སོ། །

གཉིས་པ་ནི། རྣམ་སྨིན་གྱི་ལུས་རྡོ་རྗེ་ལུས་སུ་གྱུར་ཏེ། དེ་ཉིད་མ་སྤངས་པར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་ཕུང་པོའི་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་བློ་སྐྱེས་པ་སྟེ། ལུས་དང་ཕུང་པོར་བཅས་པ་ཡི། །གནས་པར་དབང་བའི་རིགས་གྲུབ་ཕྱིར། །ལྷག་རྟོགས་འབྱུང་ལས་ལུས་བཅས་འདས། །ཟག་བཅས་ཟད་པའི་རིགས་ཆེན་ཏེ། །ཇི་ལྟར་བཅད་ཀྱང་བཟློག་པ་མིན། །རང་དབང་ཐོབ་པའི་དབུགས་དབྱུང་ཕྱིར། །སྐབས་སུ་བདེན་པ་བར་མ་མཐོང་། །ཞེས་སོ། །

གསུམ་པ་ནི་རང་གི་ལུས་གང་བསྒོམ་པའི་ཆ་བྱད་དུ་དབང་གྱུར་པ་སྟེ། ཞུས་ལན་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམ་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། །ཞེས་སོ། །འོ་ན་སངས་རྒྱས་དངོས་སུ་གྱུར་མོད་སྙམ་ན། ད་དུང་སྒྲིབ་པ་མཐའ་དག་དང་མ་བྲལ་བས་བསྒྲུབ་དགོས་ཏེ། འདི་ལྟར་མངོན་རྟོགས་རྒྱན་ལས། སངས་རྒྱས་ཉིད་ནི་ཐོབ་པ་དང་། །ཞེས་པས། དང་པོ་སངས་རྒྱས་ཐོབ་པར་བཤད་ཀྱང་། ས་ལྷག་མའི་དྲི་མ་སྦྱང་དགོས་པར་གསུངས་པ་བཞིན་དུ་འདིར་ཡང་ཤེས་པར་བྱ་སྟེ། རྡོ་རྗེ་ལས། བྱང་ཆུབ་ཕྱག་རྒྱའི་ཆ་ལུགས་སྐུ། །མཚན་དང་དཔེ་བྱད་ལ་སོགས་པས། །ཆ་ལུགས་མངོན་དུ་གྱུར་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་སོ། །

བཞི་པ་ནི་སྤངས་པ་དང་། རྟོགས་པ་མཐར་ཕྱིན་པས་སངས་རྒྱས་ཏེ། རྡོ་རྗེ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་པ་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་སོ། །

གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། རྣམ་པར་འཕྲུལ་པའི་སྐྱེ་བ། ཟག་པ་མེད་པའི་བསྡུས་ཚུལ། ཕ་རོལ་ཕྱིན་པའི་རྫོགས་ཚུལ། མཐར་ཐུག་པའི་རྫོགས་ཚུལ་ལོ། །

དང་པོ་ནི་རིག་འཛིན་དེ་དག་གིས་འགྲོ་བའི་དོན་དུ་མིའི་གཙོ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷའི་གཙོ་བོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་། ཚངས་པ་ཆེན་པོའི་སྐྱེ་བར་སྤྲུལ་ནས་གང་ལ་གང་འདུལ་གྱི་དོན་བྱེད་དོ། །ཁ་ཅིག་རྣམ་སྨིན་གྱིས་མི། ཚེ་དབང་གིས་ལྷ། ཕྱག་རྒྱ་ཆེན་པོས་ཚངས་པ། ལྷུན་གྲུབ་ཀུན་གྱི་རོལ་པར་བཞེད་དེ་འགལ་བ་མེད་དོ། །

གཉིས་པ་ལ་རྣམ་སྨིན་ཚོགས་སྦྱོར་བ་མཐར་ཐུག་གི་ས་དང་། ཚེ་དབང་མཐོང་ལམ་མན་ཆད་སློབ་པའི་ས་དང་། ཕྱག་རྒྱ་ཆེན་པོ་འཕགས་པའི་ཡེ་ཤེས། མཐོང་སྒོམ་གྱི་རྟོགས་པ་ཁྱད་པར་ཅན་གྱི་ས་དང་། ལྷུན་གྲུབ་སངས་རྒྱས་ཀྱི་སས་བསྡུས་ཀྱང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་ཁྱད་པར་གྱིས་བསྡུས་ཏེ། དེར་ངེས་པར་མཐོང་དུ་བྱེད་པ་སྟེ། དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་ཆུ་ནང་ན་ཡོད་ཀྱང་སྐམ་སར་བཏོན་པ་དང་འདྲའོ། །དེ་ཡང་འཕགས་པའི་ཡེ་ཤེས་ཀྱི་ཆ་ནས་ཕྱག་རྒྱ་ཆེན་པོ་དང་། སྐྱེ་ཤི་མེད་པའི་ཆ་ནས་ཚེ་དབང་དུ་བཏགས་པའོ། །གཞན་ཡང་སར་ཆུད་པ། ས་ལ་གནས་པ། སར་སྨིན་པ་སྟེ་གསུམ་དུའང་བཤད་དེ། ཁ་ཅིག་དང་པོ་ཚེ་དབང་ཕྱག་རྒྱ་བརྒྱད་པ་ལྷུན་གྲུབ་བཅུ་པར་འདོད་པ་ནི་སྒྱུ་འཕྲུལ་གྱི་དགོངས་པ་མ་ལོན་ཏེ། དེ་ཚེ་བཅུ་དྲུག་ཡན་ཆད་ཀྱི། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་པ་དང་། ལུས་མ་བོར་སངས་རྒྱས་པ། །ཞེས་ལྷུན་གྲུབ་སངས་རྒྱས་སུ་བཤད་པ་དང་འགལ་ཞིང་ཚེ་དབང་དང་ཕྱག་རྒྱའི་མཚན་ཉིད་མ་ཆད་པར་སྣང་ངོ་། །

གསུམ་པ་ནི་རིམ་གྱིས་པས་ཕ་རོལ་ཕྱིན་པ་བཅུ་རིམ་གྱིས་སྦྱངས་ཤིང་ས་བཅུ་འཕར་བར་སྟོན་ལ། ཅིག་ཅར་བས་མྱུར་དུ་རྫོགས་པ་སྟེ། དེའང་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་དང་སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་འབྲས་བུ་དང་བཅས་པ་རྩོལ་བ་མེད་པར་ལྷུན་གྲུབ་ཀྱིས་རྫོགས་པར་བསྟན་ཏོ། །དེ་བཞིན་དུ་མཉམ་ཉིད་དུ་རིགས་པས་གོས་པ་མེད་པ་དང་བླང་དོར་མེད་པ་ནི་ཚུལ་ཁྲིམས་སོ། །འཁྲུགས་པ་མེད་པ་དང་ཡེ་ཤེས་ཀྱི་མཚན་ཡོངས་སུ་རྫོགས་པ་ནི་བཟོད་པའོ། །ཉམས་པ་མེད་པ་དང་བྱ་སྤྱོད་ཚོགས་སུ་འགྱུར་བ་ནི་བརྩོན་འགྲུས། དབང་པོ་ཡུལ་ལ་འཇུག་ཀྱང་མཉམ་ཉིད་ལས་མི་གཡོ་ཞིང་ཆོས་ཀྱི་རང་བཞིན་ལ་གནས་པ་ནི་བསམ་གཏན་ནོ། །རང་བཞིན་ཕྱིན་ཅི་མ་ལོག་པ་རྟོགས་པས་དངོས་པོ་དང་མཚན་མར་འཛིན་པ་ལས་འདས་པ་ནི་ཤེས་རབ་བོ། །བདག་ཀྱང་གཞན་དོན་དུ་འགྱུར་བ་ཐབས་སོ། །ཞིང་དང་སྤྱོད་ཡུལ་ཡང་དག་ཏུ་འགྱུར་བ་ནི་སྨོན་ལམ་མོ། །མི་མཐུན་པའི་ཕྱོགས་ཀྱིས་ཡོངས་སུ་མི་བརྫི་བ་ནི་སྟོབས་སོ། །དོན་ཇི་ལྟ་བ་བཞིན་རྟོགས་པ་ནི་ཡེ་ཤེས་ཏེ། ཕ་རོལ་ཏུ་ཕྱིན་པ་ས་བཅུ་ལྷུན་གྱིས་རྫོགས་པས་ས་བཅུ་པ་དང་། རིང་མོ་ཞིག་ཏུ་སྦྱངས་མི་དགོས་པར་མྱུར་དུ་རྫོགས་པར་འགྱུར་རོ། །ཡོན་ཏན་ནི་ས་དང་པོ་སྐད་ཅིག་སྔ་ཕྱི་མེད་བཞིན་དུ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པ་བརྒྱ་ཕྲག་བཅུ་གཉིས་མངོན་དུ་བྱེད་དེ། ཕལ་པོ་ཆེ་ལས། ཏིང་འཛིན་བརྒྱ་དང་སངས་རྒྱས་བརྒྱ་རྣམས་མཐོང་བྱེད་ཅིང་། །ཞིང་བརྒྱ་བསྐྱོད་ཅིང་རབ་ཏུ་སྣང་བྱེད་ཀུན་ཏུ་འགྲོ། །སེམས་ཅན་བརྒྱ་སྐྱོང་ཆོས་ཀྱི་སྒོ་ལ་འགོད་པར་བྱེད། །བསྐལ་པ་བརྒྱར་འཇུག་ལུས་བརྒྱ་རབ་ཏུ་སྟོན་པར་བྱེད། །རྒྱལ་བའི་སྲས་ཀྱང་བརྒྱ་ཡི་གྲངས་ཚད་རབ་ཏུ་སྟོན། །དེ་ཡི་གོང་ན་སྨོན་པ་སྟོབས་ལྡན་ཚད་ཀྱང་མེད། །ཅེས་སོ། །དེ་བཞིན་དུ་ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་གཉིས། ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། དྲུག་པར་བྱེ་བ་ཁྲག་ཁྲིག་བཅུ་གཉིས། བདུན་པར་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས། བརྒྱད་པར་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པ། དགུ་པར་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ། བཅུ་པར་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་ཉན་པ་དང་། ཞིང་གཡོ་བར་བྱེད་པ་དང་། འོད་ཀྱིས་གསལ་བར་བྱེད་པ་དང་། ཞིང་དེ་དག་ཏུ་འགྲོ་བ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། ཆོས་སྒོ་འབྱེད་པ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། དུས་སྐད་ཅིག་མ་གཅིག་བསྐལ་པ་དུ་མར་སྟོན་ཞིང་། བསྐལ་པ་དུ་མར་སྐད་ཅིག་མ་གཅིག་སྟོན་པ་དང་། སྔོན་དུ་ཕྱི་མའི་མཐའ་དེ་སྙེད་ལ་གཟིགས་པ་འཇུག་པ་དང་། རང་གི་ལུས་སངས་རྒྱས་ཀྱི་སྐུ་དུ་མར་འཕྲུལ་པ་དང་། དེ་རེ་རེ་ལའང་འཁོར་དུ་མས་བསྐོར་བར་སྟོན་པ་རྣམས་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་ངོ་། །

བཞི་པ་མཐར་ཐུག་པའི་ཐོབ་ཚུལ་ནི། དེ་ལྟར་ས་བཅུ་རྫོགས་ནས་འོད་ཟེར་མང་པོ་བཀྱེ་སྟེ་སེམས་ཅན་གྱི་དོན་མཛད་པ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། ཡེ་ཤེས་ཀྱི་སྣང་བ་དང་། ཐུགས་རྗེ་ཆེན་པོས་ཆགས་པ་མེད་པ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། ཆོས་ཐམས་ཅད་དབང་མཐར་ཐུག་པ་ལྷུན་གྱིས་རྫོགས་པ་བཅུ་གསུམ་རྡོ་རྗེ་འཛིན་པའམ། ཡི་གེ་འཁོར་ཚོགས་ཆེན་ནམ། ཁྱད་པར་ཆེན་པོའམ། རིག་པ་འཛིན་པའི་ས་ཞེས་བྱ་བ་ལྷུན་གྱིས་རྫོགས་པའོ། །དེ་ཡང་ས་བཅུ་གསུམ་པ་འདི་ཉིད་ཆོས་སྐུ་སྤྲོས་དང་བྲལ་བའི་ཆ་ནས་ཁྱད་པར་ཆེན་པོ་དེའི་ངང་ལས་ལོངས་སྐུའི་འཆར་གཞི་བྱེད་པས་ཡི་གེ་འཁོར་ཚོགས་ཆེན། དེ་ཉིད་ཀུན་གྱི་བླ་མ་ཡིན་པས་རྡོ་རྗེ་འཛིན་པ། ཡེ་ཤེས་མཐར་ཐུག་གི་ངོ་བོ་ཡིན་པས་རིག་པ་འཛིན་པ་ཞེས་ཡོན་ཏན་གྱི་ཆ་ནས་དེ་སྐད་དུ་གྲགས་སོ། །

ས་འདི་དག་ལ་སྐས་ཀྱི་གདང་བུ་ལྟར་མཐོ་དམན་ཡོད་པ་མ་ཡིན་ཏེ། སངས་རྒྱས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ནས་དེ་སྐད་ཅེས་བརྗོད་དོ། །ཡོན་ཏན་གྱིས་ཕྱེ་བའི་དེ་དང་དེ་ལས་མང་བར་ཡང་གསུངས་ཏེ་བདེ་བ་ཚད་མེད་པ་བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མ་ཞེས་གྲགས་ཤིང་། དོན་གྱི་ངོ་བོ་ལ་གྲུབ་བསལ་མེད་པ་གཅིག་ཏུའང་བཤད། ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་རྫོགས་པ་ཆེན་པོ་ས་གཅིག་པ་སྟེ། ཀུན་བྱེད་ལས། གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །ཞེས་སོ། །འབྲས་བུ་བཤད་ཟིན་ཏོ།། །།

སྤྱི་དོན་གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ་སྟེ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྣམ་གྲངས་བཀོད་པ། རྒྱུད་ཀྱི་འཆད་ཐབས་བསྟན་པ། མཇུག་དགེ་བ་བསྔོ་བའོ། །

དང་པོ་ལ་གཉིས་ལས། འོག་མ་ལས་འཕགས་ཚུལ་ཁྱད་པར་ཅན་གྱི་གསང་ཆེན་ཉིད་བཤད་དོ། །

དང་པོ་ནི། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྱེ་སེམས་དཔའ་ཆེན་པོ་འདི་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱིས། །བསྟན་པ་གསུམ་ནི་གོལ་སྒྲིབ་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། ངེས་པར་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོ་གོལ་སར་བསྟན། །ཞེས་པ་ནས། རྫོགས་པ་ཆེན་པོ་རྒྱུ་འབྲས་གཉིས་ལྟར་ན། ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་གྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ཞེས་དང་། ལྟ་བ་སྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩོལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུ་འོ། །ཞེས་དང་། གང་ཟག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཤིང་དོར་བ་གོལ་སྒྲིབ་བོ། །ཞེས་སོ། །

གཉིས་པ་ཁྱད་པར་ཅན་གྱི་གསང་ཆེན་ཉིད་བཤད་པ་ལ་སྐོར་གསུམ་སྟེ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེའི་སྐོར་དེ་ལའང་བཀོད་པ་ཆེན་པོ་ལས། འོན་ཀྱང་རང་ཉིད་འདས་འོག་ཏུ། །འདི་ལྟར་རྣམ་པར་སྣང་བར་འགྱུར། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་སོ། །དེའང་ཕྱི་ནང་གི་ཆོས་རྣམས་དོན་གཞན་ནམ་དཀྱིལ་འཁོར་ལ་སོགས་པ་མཐའ་གཅིག་ཏུ་ཞེན་པ་རྣམས་ལ་གཉིས་འཛིན་རང་རྒྱུད་པ་སྤང་པའི་ཕྱིར་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པ་སྟེ། མ་དག་པའི་སྣོད་བཅུད་དང་བཅས་པ་སེམས་ཀྱི་འཁྲུལ་སྣང་དག་པ་མྱང་འདས་ཀྱི་སྣང་བ་དང་རོལ་པར་བསྟན་པས་གཉིས་མེད་མཐའ་གྲོལ་ཆེན་པོར་དབྱིངས་སུ་སྡུད་པའི་དགོས་པ་ཡོད་དོ། །

གཉིས་པ་རྒྱུད་ཀྱི་འཆད་ཐབས་བསྟན་པ་ལ་གཉིས་ཏེ། ངོ་བོ་ངོས་བཟུང་བ། འཆད་ཐབས་དང་གཉིས་སོ། །མུ་ཏིག་ཕྲེང་བ་ལས། ཨེ་མ་ཧོ་རྡོ་རྗེ་འཛིན་པ་ཉོན། །དེ་ཉིད་རྣམ་པར་བཤད་བྱ་བ། །དོན་གྱི་རྒྱུད་དང་སེམས་ཀྱི་རྒྱུད། །ཅེས་པའི་དོན་གྱི་རྒྱུད་ལའང་ཐབས་རྒྱུད་དང་། རང་བཞིན་གྱི་རྒྱུད་གཉིས། དང་པོ་ལའང་མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་དོ། །དེའང་དེ་ཉིད་ལས། གཞི་གཅིག་ངོ་བོའི་ཁྱད་པར་ལས། །མཚོན་བྱ་དང་ནི་མཚོན་བྱེད་མེད། །ཅེས་སོ། །

གཉིས་པ་རང་བཞིན་གྱི་རྒྱུད་ནི། རིག་པ་རང་འོད་སྒྲོན་མ་དང་བཅས་ཏེ། དེ་ཉིད་ལས། དེ་བཞིན་གཤེགས་པའི་རང་བཞིན་ནི། །རྒྱུད་ཀྱི་སྙིང་པོ་རབ་ཏུ་དབྱེ། །འཁོར་དང་འདས་པ་གང་གིས་ཀྱང་། །འདི་ཉིད་ཤེས་པ་མ་ཡིན་ཏེ། །མི་འབྱེད་རྡོ་རྗེའི་རང་བཞིན་ཅན། །རང་རྒྱུད་མཚོན་པའི་གཞི་གཅིག་པའི། །རང་བཞིན་སྟོང་པ་ཉིད་དུ་གཅིག །རྫོགས་པའི་སངས་རྒྱས་བསྐྱེད་པའི་ཡུམ། །ཞེས་སོ། །

གཉིས་པ་ཚིག་རྒྱུད་འཆད་པ་ནི། བཤད་ཐབས་ཀྱི་མན་ངག་མང་ནའང་། འདིར་གསང་ཆེན་བླ་ན་མེད་པའི་རྒྱུད་བཅུ་བདུན་གྱི་དགོངས་པའི་རྗེས་སུ་འབྲངས་ནས་ཆིངས་ཆེན་པོ་ལྔ་དང་ཡན་ལག་བཞིས་ཤེས་པར་བྱ་བ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་གའི་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིག་པ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག །འབྲུས་མི་ཆོམ་པའི་སྐྱོན་དུ་འགྱུར། །དགོས་ཆེན་དོན་གྱིས་མ་བཤད་ན། །རྫོགས་ཆེན་བྱ་བརྩལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཞེས་སོ། །ཡན་ལག་བཞི་ནི་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོ་འཆོངས་སྟངས་ཤེས་རབ་བློས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམ་པར་བཤད། །ཅེས་པ་དོན་གྱི་ཁོག་དབུབ། དཀྱུས་ཀྱི་ས་བཅད། ཚིག་གི་དོན་བཤད། མན་ངག་གི་དོན་བསྡུ་བ་དང་བཞིའོ། །

ཕུན་སུམ་ཚོགས་པ་ལྔའི་ཆིངས་ཀྱིས་འཆད་དགོས་ཏེ། དེ་ཡང་ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་གཞི་གང་རུང་ཅིག་ལས་མི་འབྱུང་ལ། འདིར་རང་བཞིན་རྫོགས་པ་ཆེན་པོ་གསང་ཆེན་ངེས་པའི་རྒྱུད་རྣམས་ཐུན་མོང་མ་ཡིན་པ་དང་། ཐུན་མོང་པ་གཉིས་སུ་འབྱུང་བ་ནི། ཆོས་དབྱིངས་དོན་གྱི་འོག་མིན་དུ། རང་བྱུང་གི་རིག་པའི་སྟོན་པ་འཕོ་འགྱུར་མ་མཆིས་པ། ཆོས་བླང་བ་དང་དོར་བ་མེད་པའི་རང་བཞིན། འཁོར་རང་ལས་ཐ་མི་དད་པ་ཡེ་ཤེས་རོལ་པའི་འཁོར་ཏེ། ཉིད་ལ་ཉིད་ཆེད་དུ་གླེང་བས་འདི་སྐད་བདག་གིས་བཤད་པའམ་བསྟན་པའི་དུས་གཅིག་ན་ཞེས་འབྱུང་ལ། ཚིག་གི་རྒྱུད་དེ་ཉིད་གང་དུ་བྱུང་བས་ཉམས་སུ་ལེན་པའི་སྐབས་སུ་དོན་སྡུད་ཐ་དད་འབྱུང་བ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་གླེང་གཞི་གཉིས་སུ་བཀའ་སྩལ་པ་ཡིན་ནོ། །དེ་དག་ཅུང་ཟད་མདོར་བསྡུས་པས་ཀྱང་གསང་ཆེན་སྔགས་ལ་སློབ་པའི་རིམ་པ་མདོར་བསྟན་ཙམ་ཞིག་གོ། །ནུས་པའི་དབང་དུ་བྱས་ནས་བློ་གྲོས་དང་རྩོལ་བ་དམན་པ་འགའི་དོན་དུ་བསྟན་པའོ། །

དེ་ལྟར་རྒྱུད་དོན་ཟབ་ཅིང་རྒྱ་ཆེའི་འཕགས་བློས་སྤྱོད་ཡུལ་གངས་ཅན་མཚོ། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་གཟོད་ནས་འདུས་མ་བྱས། །ཇི་སྙེད་ཇི་བཞིན་གཟིགས་པའི་གསང་ཆེན་ཤིན་ཏུ་རྨད་བྱུང་མཐའ་ཡས་གང་། །རྒྱལ་བའི་ཐུགས་རྗེས་འགྲོ་ལ་སྣང་བྱའི་གངས་རིའི་ཁྲོད་འདིར་ཅུང་ཟད་གསལ། །འདི་ལྟའི་དགེ་བ་འོད་དཀར་རྙོག་མེད་དེས། །རབ་རིབ་རྨོངས་པའི་འགྲོ་བ་མ་ལུས་པ། །འོད་གསལ་གདོད་མའི་སྣང་བ་མངོན་གྱུར་ནས། །ཕྱམ་གཅིག་འགྱུར་མེད་ཞིང་ལ་སྤྱོད་པར་ཤོག །ཚུལ་འདི་སྐལ་བཟང་སློབ་བུའི་མཆོག་གྱུར་པ། །བློ་བཟང་དགེ་བའི་འབྱུང་གནས་དམ་པ་དང་། །དད་ལྡན་གཏོང་ཕོད་སྲི་ཞུའི་མཆོག་གྱུར་པ། །ཤཱཀྱ་ཡེ་ཤེས་བཟང་པོས་བསྐུལ་བའི་ངོར། །ཇི་བཞིན་དོན་གཉིས་སྤྱོད་པའི་རྣལ་འབྱོར་པས། །རྒྱུད་དོན་ཟབ་མོ་རང་བཞིན་མངོན་ཕྱུང་ནས། །གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་སུ་བཀོད། །སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་བཟུང་ཞིང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་ཚུལ་རྒྱ་མཚོ་ལ་མང་དུ་ཐོས་ཤིང་ལེགས་པར་སྦྱངས་པའི་མེ་ཏོག་རྒྱུན་ཆགས་པས་བློའི་པད་མཚོ་གང་བར་བྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། འབྲུག་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་བཀྲ་ཤིས་ཀྱི་ཉི་མ་ཤར་བ་ལ་ལེགས་པར་བགྱིས་པའོ། །མངྒ་ལཾ།། །།

བློ་གསལ་རི་བོང་གི་རྟོགས་པ་བརྗོད་པའི་དྲིས་ལན་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ཞེས་བྱ་བ།

༄༅། །རི་བོང་གི་རྟོགས་པ་བརྗོད་པ་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། རི་བོང་གི་རྟོགས་པ་བརྗོད་པ་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། འཕགས་པ་ཡོན་ཏན་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་གོ་སྐབས་ཡངས་པའི་ནམ་མཁའ་ལ། །མཁྱེན་བརྩེའི་དཀྱིལ་འཁོར་གང་བས་མཛེས་བྱས་ཤིང་། །ཕན་བདེའི་འོད་སྟོང་གདུལ་བྱའི་དབྱིངས་ཁྱབ་པ། །མཆོག་གསུམ་བླ་མར་དད་བརྒྱའི་གཙུག་གིས་མཆོད། །བདེ་བར་གཤེགས་གསུང་ཤིན་ཏུ་རྨད་བྱུང་གི། །དོན་བཞིན་ལེགས་འདོམས་ཕན་པར་སྨྲ་བའི་ངག །དད་ལྡན་སྐྱེ་བོ་ཀུན་གྱི་ཚོགས་ནང་དུ། །ལྷ་ཡི་རྔ་སྒྲ་ལྟ་བུའི་གཏམ་འདི་སྤྲོ། །བག་མེད་(༢)བསླང་དང་དགེ་ལ་བསྐུལ་བ་དང་། །ཆོས་མོས་ལྷག་པའི་ཤེས་རབ་བསྐྱེད་པ་དང་། །ཐར་པ་དམ་པའི་ཆོས་བཟང་བསྟེན་པར་འགྱུར། །དེ་ཕྱིར་རབ་གསལ་འཕགས་པའི་དབྱངས་འདི་ཉོན། །

དེ་ལ་དམ་པ་རྣམས་ཀྱིས་རྗེས་སུ་གདམས་པ་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པའི་ཕྱིར། རང་གཞན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བྱང་ཆུབ་འདོད་པས། དགེ་བའི་བཤེས་གཉེན་གྱིས་ལེགས་པར་འདོམས་པ་ལ་གུས་པས་མཉན་པར་བྱའོ། །དེ་ཡང་འདི་སྐད་ཐོས་སོ། །གངས་ཀྱི་རི་བོའི་འགྲམ། འཕགས་པ་འཇིག་རྟེན་དབང་པོའི་གདུལ་ཞིང་། ཡོན་ཏན་ཀུན་ནས་བཀོད་པའི་ས་ཕྱོགས་ལྷུན་པོ་རིན་པོ་ཆེ་བརྩེགས་པའི་འདབས་ནས། བྱང་ཆུབ་སེམས་དཔའ་དྲི་མེད་འོད་ཟེར་གྱི་སྐྱེད་མོས་ཚལ། ཀུན་ནས་དགེ་བ་ཡིད་བཞིན་རིན་པོ་ཆེའི་སྤྲིན་ཞེས་བྱ་བ། ཕྱོགས་རྣམས་ནི་གངས་རིའི་རྭ་བས་བསྐོར་བ། དབུས་ན་ནོར་བུ་རྣམ་པར་བརྩེགས་པ་ལྟ་བུའི་རི་ལ། བྲག་རིའི་ཚོགས་དང་སྨན་ལྗོངས་ཤིན་ཏུ་རྒྱ་ཆེ་བ་ནགས་ཀྱི་ཤིང་ལྗོན་པ་མང་པོས་དཀྲིགས་པ་དང་། འབབ་ཆུ་དང་ལྡིང་ཀ་དང་མཚེའུ་དུ་མས་བརྒྱན་པ། ཡིད་དུ་འོང་བའི་བྱ་དང་ཤིང་དང་མེ་ཏོག་དང་རི་དྭགས་མང་པོས་གང་བ། བྲག་རིའི་ཕུག་དང་རྩྭ་དང་ལོ་མའི་ཁང་བུ་ཐ་དད་པ་དུ་མ་བཀོད་པ། ཐར་པ་འདོད་པའི་སྐྱེ་བོ་བསམ་གཏན་པ་དག་གི་བསྟི་གནས་རབ་ཏུ་བཟང་པོ། དུས་བཞིར་ཞི་བའི་ཏིང་ངེ་འཛིན་ངང་གིས་འཕེལ་བ། ཚེ་འདིའི་རྣམ་པར་གཡེང་བ་དང་སྐྱེ་བོ་མང་པོའི་འདུ་འཛི་མེད་པ། བྱ་དང་ཤིང་དང་ནགས་ཀྱི་མཐོངས་ཡིད་དུ་འོང་བ། འབབ་ཆུའི་རྒྱུན་དང་མེ་ཏོག་ཁ་བྱེ་བའི་ཚལ་ན་བྱ་དང་བུང་བ་འདུ་བའི་སྒྲ་ལས་ཀྱང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཉེ་བར་ཞི་བའི་ཆོས་ཀྱི་གླུ་དབྱངས་སྙན་པར་བྱུང་བས། དཀའ་ཐུབ་པ་དག་གི་ཡིད་རབ་ཏུ་དྭངས་པར་བྱེད་པ། ནགས་ཚལ་ཀུན་ཏུ་བཟང་པོའི་ཡོན་ཏན་བཀོད་པ་ལྟ་བུ་སྟེ། གངས་རིའི་ཡུལ་ལྗོངས་འཕགས་པའི་སྐྱེད་མོས་ཚལ། །ཡིད་འོང་མེ་ཏོག་བཟང་པོ་འཕོས་པ་བཞིན། །སྣ་ཚོགས་ཉེར་བཀྲའི་བཀོད་པས་མཛེས་གྱུར་(༣)ཅིང་། །བསམ་གཏན་སྤྱོད་པ་དག་གིས་བརྒྱན་ལ་ལྟོས། །ཚུལ་འདི་སྔོན་དུས་མེད་པ་དག་པའི་ཞིང་། །ཡོན་ཏན་བཀོད་པ་ཤིན་ཏུ་རྒྱ་ཆེ་བས། །ཐར་པ་འདོད་པ་དག་གི་ཡིད་བཞིན་གླིང་། །སྲིད་ལས་རྒྱལ་འདོད་དག་གིས་བསྟེན་པར་འོས། །

དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་སྐྱེད་མོས་ཚལ་བཟང་པོ་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། ཤིང་ཀ་ར་བཱི་རའི་ལྡུམ་བུས་བརྒྱན་པའི་ནགས་ཁྲོད་མེ་ཏོག་ཀུན་ཏུ་བཀྲམ་པ། རྩྭ་དང་ལོ་མའི་ཚང་ཚིང་བཀོད་ལེགས་པ་ན་རིག་པ་དང་གྲོལ་བའི་ཡོན་ཏན་དུ་མས་མཛེས་པ་རི་བོང་བློ་དང་ལྡན་པ་ཞིག་ཀྱང་འདུག་པར་གྱུར་ཏོ། །ཞི་བའི་ནགས་ན་ཡོན་ཏན་མཆོག་ཚོགས་ཅན། །སྨན་ཤིང་མེ་ཏོག་ལྗོན་པས་བརྒྱན་པ་ན། །དུལ་བའི་རི་དྭགས་གཅིག་པུར་གནས་པ་ནི། །དྲང་སྲོང་རྣམས་ཀྱི་སྤྱོད་ལ་འགྲན་པ་བཞིན། །

དེ་ནས་རི་བོང་གི་མཆོག་དེས་དཀའ་ཐུབ་པ་དག་གི་སྐྱེད་མོས་ཚལ་བལྟ་བའི་ཕྱིར་འོངས་པ་ལས། འབབ་ཆུའི་འགྲམ་ན་མེ་ཏོག་གི་ཚོགས་ལ་བུང་བ་དི་རི་རི་སྒྲོག་ཅིང་། ཤིང་ལྗོན་པའི་ཡལ་ག་རླུང་གིས་གཡོ་བའི་ཚུལ་ལ་བསམས་ནས། ནགས་ཀྱི་ཡོན་ཏན་ལ་བསྔགས་པ། སིལ་ཁྲོལ་ལྦུ་བའི་ཕྲེང་བས་བརྒྱན་པ་ཡི། །ཆུ་འགྲམ་གེ་སར་རྐང་དྲུག་མྱོས་པའི་ཚལ། །མཐོང་ནས་དཔག་བསམ་ལག་རྩེད་དུད་པ་ཡིས། །ནགས་ཀྱི་ན་ཆུང་རྣམས་ལ་སྦྲན་པ་བཞིན། །པདྨོའི་ཚལ་གྱིས་བུང་བ་བཟུང་མ་ཐག །ལྗོན་པའི་ནགས་ཚལ་ཁྲོས་པས་མ་བཟོད་དེ། །རྣམ་བཀྲ་ཡལ་གའི་ལྕུག་ཕྲན་གཡོ་བ་ཡིས། །གེ་སར་རྣམས་ལ་འཁོན་ལན་གླན་པ་བཞིན། །ཆུ་འགྲམ་མེ་ཏོག་བཟང་པོའི་སྐྱེད་ཚལ་དུ། །པདྨའི་སྟེང་བཞུགས་བདེ་གཤེགས་བུང་བ་ནི། །ཆོས་རྔ་སྒྲོགས་པས་ཀུན་ནས་མཛེས་པ་ལ། །ཚལ་རྣམས་གུས་པས་དམ་ཆོས་ཉན་པ་བཞིན། །ཞེས་བརྗོད་དེ་སོང་བ་ལས། ཡང་ནགས་ཀྱི་མཐོངས་དབེན་ཞིང་ཉམས་དགའ་བ། བྲག་རིའི་དྲུང་དང་སྨན་ཤིང་ལོ་མ་སྡུག་གུས་མཛེས་ཤིང་། དཀའ་ཐུབ་ཀྱི་གནས་དང་ལོ་མའི་ཁང་བུ་དུ་མ་བཀོད་པ། ཡིད་དུ་འོང་བའི་ཆུ་དང་ཤིང་དང་མེ་ཏོག་གི་རིགས་མང་པོས་བརྒྱན་པ་མཐོང་ནས་བསྔགས་པ། དྭངས་པའི་མཁའ་ལ་གཟའ་སྐར་བཀྲ་བ་བཞིན། །ནགས་ཚལ་ཞི་བ་ཡོན་ཏན་རྒྱན་ཕྲེང་ཅན། །དཀའ་ཐུབ་དཔལ་གྱིས་ཀུན་ནས་མཛེས་པ་ནི། །ཚངས་སོགས་འཇིག་རྟེན་ན་ཡང་སྔོན་མེད་ཅིང་། །ཤིང་རྣམས་ལོ་མ་མེ་ཏོག་འབྲས་མང་ཞིང་། །ཚལ་རྣམས་དུས་བཞིར་དགའ་བའི་ཚོགས་མང་ལ། །ཆུ་རྣམས་ལྷུང་སྒྲ་སྙན་པའི་དབྱངས་མང་ཞིང་། །ནགས་རྣམས་བསམ་གཏན་སྤྱོད་པའི་ཚོགས་མང་མཛེས། །དུས་རླུང་སེར་བུས་བསྐྱོད་པའི་ཤིང་རྣམས་དང་། །བྱ་དང་རི་དྭགས་བུང་བའི་སྒྲ་རྣམས་ལས། །དམ་ཆོས་ཞི་བ་ཚངས་པའི་དབྱངས་འབྱུང་བས། །སྐྱེ་བོ་རྣམས་ཀྱི་དད་བརྒྱའི་འདབ་སྟོང་གཡོ། །སྔོན་ནས་ལེགས་པར་སྦྱངས་པའི་ལས་རྣམས་དང་། །(༤)དམ་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དག །གནས་འདིའི་སྐྱེ་རྒུ་རྣམས་ལ་མཉམ་ཞུགས་པས། །སྲིད་པའི་རྒྱ་མཚོ་ཐ་མར་བྱེད་པ་བཞིན། །ཡོན་ཏན་གངས་རིའི་ཕྲེང་ཚོགས་དང་ལྡན་དབེན་ཞིང་ཉམས་དགའི་རིག་པ་འཛིན། །སྣ་ཚོགས་ཉེར་བཀྲའི་བཀོད་པ་རབ་མཛེས་ཐར་པ་དམ་པའི་སྐྱེད་མོས་ཚལ། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་དང་ཆུ་གཙང་ངང་མོས་བསྟེན་གྱུར་ཅིང་། །གཉིས་སྐྱེས་དགའ་བས་གླུ་གར་སྙན་སྒྲོག་ལྷ་ཡི་སྐྱེད་ཚལ་ར་བ་བཞིན། །དཔག་བསམ་དུལ་བའི་ཡལ་འདབ་རྣམས་ནི་གེ་སར་རྒྱས་པའི་འདབ་སྟོང་བཞིན། །སྔོ་ཞིང་སྣུམ་པའི་ནགས་ཁྲོད་རྣམས་ནི་རྨ་བྱའི་མགྲིན་པ་འཚེར་བ་བཞིན། །མཐིལ་རྣམས་སྨན་ལྗོངས་ཤང་ཤོང་རྣམས་ནི་མཐོ་རིས་ས་གཞི་བཟང་པོ་བཞིན། །བྱ་དང་རི་དྭགས་རྩེད་འཇོ་རྣམས་ནི་ལྷ་རྣམས་འདུན་སར་རྩེ་བ་བཞིན། །སྐྱེད་ཚལ་ར་བ་མེ་ཏོག་གཡོ་བའི་ཤིང་འཆང་ཞིང་། །ངང་མོས་བསྟེན་པའི་རྫིང་བུ་ཡིད་འོང་འབབ་སྟེགས་ཅན། །མཐོ་རིས་གྲོང་གི་སྟེང་དུ་འཛེགས་པས་མཛེས་པ་གང་། །ལྷ་རྣམས་ཀྱིས་ཀྱང་དགའ་བར་བྱ་བའི་གནས་འདི་མཚར། །ཞེས་བརྗོད་དེ་སོང་བ་ལས། བསམ་གཏན་གྱི་བསྟི་གནས་རབ་ཏུ་བཟང་པོ་ཁ་ཅིག་ན། མང་དུ་ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་པ་དག །དོན་དང་རིག་པ་དང་ལྡན་པའི་ཚུལ་གྱིས་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་དག་མཐོང་ནས་བསྔགས་པ། མཁའ་ནི་རྒྱུ་སྐར་ཕྲེང་བ་ཅན། །མཚོ་ནི་མེ་ཏོག་པདྨ་ཅན། །མི་ནི་སྣ་ཚོགས་ཡོན་ཏན་ཅན། །སྐལ་བཟང་འདི་དག་མཛེས་སོ་ཀྱེ། །ཞེས་སོ། །

ཁ་ཅིག་ན་ཕྱག་དང་མཆོད་པ་དང་མདོ་དང་བཟླས་བརྗོད་ལ་བརྩོན་པས། ཐུན་མཚམས་སུ་བྱ་བའི་དགེ་བ་ལ་རབ་ཏུ་འབད་པ་དག་མཐོང་ནས་བསྔགས་པ། དམ་པའི་རིགས་ཅན་འདི་དག་དུས་ཀུན་ཏུ། །གཡེལ་བ་མེད་པར་རྟག་ཏུ་བརྩོན་འགྲུས་བརྩོན། །རིང་པོར་མི་ཐོགས་སྲིད་མཚོའི་མཐའ་བརྒལ་ནས། །ཞི་བའི་གླིང་མཆོག་མྱུར་དུ་མཛེས་པར་བྱེད། །ཅེས་སོ། །

ཁ་ཅིག་རབ་ཏུ་ཞི་བའི་དོན་ལ་ཡང་དག་འཇོག་པ་མཐོང་ནས་བསྔགས་པ། རང་བཞིན་ཉེ་བར་ཞི་བའི་ས་ཕྱོགས་སུ། །དུལ་བའི་སྐྱེ་བོ་བསམ་གཏན་སྤྱོད་པ་དག །མི་གཡོ་མི་གསུང་མཉམ་པར་གཞག་པ་ནི། །ཆོས་ཉིད་ངང་ལ་གནས་པས་མཛེས་སོ་ཀྱེ། །ཞེས་བརྗོད་ནས། བསྟི་གནས་པ་དག་ཉུལ་ཞིང་ལེགས་པར་སྤྱོད་པའི་ཡོན་ཏན་ལ་བསྔགས་པས་སོང་སོང་བ་ལས། མཐར་གྱིས་བྲག་རིའི་དྲུང་སབ་མོ་དང་ར་བས་བསྐོར་བའི་གནས་ཤིག་ན་རབ་ཏུ་བྱུང་བ་གཞོན་ནུ་ཞིག །རྡོ་ལེབ་ཧ་ཅང་ཡང་མི་ཆེ་བ་ཞིག་ལ་སྔས་བཅས་ཤིང་རྐང་པ་བརྐྱངས་ནས་ཁ་བུབ་ཏུ་ཉལ་བ་མཐོང་ངོ་། །དེ་ནས་བློ་གསལ་རི་བོང་དེས། བརྟན་པ་ཡིན་ཡང་ཚུལ་དེ་ལ། །སྙིང་རྗེའི་དབང་གིས་རབ་གཡོས་ཏེ། །བྲག་རིའི་དྲུང་དེར་ཕྱིན་པར་(༥)གྱུར། །གང་དུ་འཇིག་རྟེན་སྐྱོང་རྣམས་དང་། །མི་བདག་རང་གི་འཁོར་རྣམས་ལ། །བརྩེ་བས་སེམས་དཔའ་མཆོག་རྣམས་ཀྱི། །སྙིང་རྗེ་བརྟན་ལ་ཇི་ལྟར་རེག །ས་འདི་བརྟན་པའི་རི་བཅས་ཀུན། །གཡོ་བས་འཇིགས་པ་མེད་རྣམས་ཀྱང་། །དེ་ཚེ་བག་མེད་གྱུར་མཐོང་ནས། །སྙིང་རྗེའི་དཔག་བསམ་ཡལ་འདབ་གཡོས། །ཇི་ལྟར་གཡོས་ཞེ་ན། དེའི་ཚེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ། མཚར་བྱས་དལ་འབྱོར་རིན་པོ་ཆེའི་གྲུ་རྙེད་ཀྱང་སྡུག་བསྔལ་གྱི་རྒྱ་མཚོ་བརྒལ་བ་ལ་བརྩོན་པར་མི་བྱེད། རབ་ཏུ་བྱུང་ཡང་ཐར་པ་དམ་པའི་ཆོས་ལ་བརྩོན་པ་ལྷོད། གཞན་གྱིས་བསྟི་སྟང་དུ་བྱེད་ཀྱང་ལྡན་པ་དང་གྲོལ་བའི་ཡོན་ཏན་མེད་པས་བྱིན་པ་ཆུད་གསོན། དབང་པོ་གསལ་ཡང་འཆི་བར་སེམས་པ་མེད་པས་ཚེ་འདིའི་འཁྲུལ་པས་ཉིན་མཚན་འདའ། ལེགས་པ་དམ་པ་འདོད་ཀྱང་འཁོར་འདས་བླང་དོར་གྱི་གནས་ལ་རྨོངས་ཤིང་དགེ་སྡིག་རྒྱུ་འབྲས་ཀྱི་ལས་ལ་གསོ་སྦྱོང་མི་བྱེད། ཕུན་སུམ་ཚོགས་པའི་གནས་ལ་སྨོན་ཡང་གཉིད་དང་སྙོམ་ལས་ཀྱིས་དུས་འདའ་བ་འདི་ནི་མ་ལེགས་ཀྱི། ཇི་ལྟར་ཕན་པའི་ཐབས་ཤིག་བྱ་སྙམ་པ་ན་ཡང་བསམ་པ། མཁས་ཤིང་གསལ་བ་དག་ནི་དྲིས་ཤིང་ལན་དུ་ལྡོན་པས། དབང་པོ་དང་བག་ལ་ཉལ་ཤེས་པར་བྱེད་ཅིང་ཆོས་སྟོན་པའི་ཕྱིར། བདག་གིས་ཀྱང་དེའི་དུས་ལ་བབ་བོ་སྙམ་ནས་སྨྲས་པ།

ཀྱེ་མ་བྲག་རིའི་ཉི་འོད་མགུལ། །དབེན་པ་ཡིན་ཀྱང་བག་བརྐྱངས་ཏེ། །ཀུན་ཏུ་སྦྱོར་བ་ལྷོད་ནས་ཉལ། །འདི་འདྲ་ཧ་ཅང་མི་འོས་སོ། །ངལ་བར་གྱུར་ཏམ་ཆང་གིས་མྱོས། །མི་སྙན་ཐོས་སམ་ནད་ཀྱིས་བཏབ། །འདུ་ཤེས་འཁྲུགས་སམ་ཤི་བར་གྱུར། །ཉམས་ཉེས་ཆེན་པོ་ཅི་བྱུང་ཀའི། །ཞེས་བརྗོད་པ་དང་ཚིག་འབྲུ་གསལ་བའི་སྒྲ་དེས་རབ་ཏུ་བྱུང་བ་དེ་གཉིད་སད་དེ། ཁ་བུབ་པ་ལས་ཅུང་ཟད་འགྲེང་ནས་སུ་ཞིག་འདིར་འོངས་ནས་དེ་སྐད་སྨྲ་བར་བྱེད་སྙམ་ནས་བལྟས་པས། རིང་ཞིག་གཉིད་དུ་སོང་བ་དང་བད་ཀན་རབ་རིབ་ཀྱི་དབང་གིས། ཉེ་བར་གྱུར་ཀྱང་གསལ་བར་མ་མཐོང་ནས་སྨྲས་པ། རང་བཞིན་དབེན་པ་བྲག་རིའི་དྲུང་འདིར་ནི། །རང་དགའི་སྤྱོད་ལམ་ཅི་བདེར་སྤྱད་པའི་ཕྱིར། །ཕྱོགས་རྣམས་སྐྱེ་བོ་ལྟ་བ་རྭ་བས་བསྒྲིབས། །ལམ་སྲོལ་མེད་པར་འཇུག་པ་སུ་ཞིག་ཀྱེ། །ཞེས་བརྗོད་པ་དང་། རི་བོང་གིས་སྨྲས་པ། ང་ནི་སུ་ཡིན་ཕྱིས་ནས་ཤེས་པར་འགྱུར། །དབེན་པར་བག་མེད་ཉལ་བའི་རྒྱུ་འདི་ཅི། །དྲིས་པའི་དོན་རྣམས་གང་ཡིན་གསལ་བར་སྨྲོས། །ཕུན་ཚོགས་འགྲུབ་པ་ལེགས་པར་སྐྱེ་བར་འགྱུར། །ཞེས་བརྗོད་པ་ན། གདོད་རི་བོང་གཅིག་བྲག་རིའི་དྲུང་དུ་འོངས་པ་མཐོང་ནས་སླར་གན་རྐྱལ་དུ་ཉལ་ནས་སྨྲས་པ།

དཀར་གསལ་བྲག་རིའི་ཉི་འོད་མལ་གདན་ལ། །ཉལ་བ་གང་ལགས་ངལ་བར་མ་གྱུར་ཅིང་། །ཆང་དང་མི་སྙན་འདུ་ཤེས་མ་(༦)འཁྲུལ་ལ། །ནད་ཀྱིས་མ་བཏབ་ཤི་བར་གྱུར་པའང་མིན། །རང་བཞིན་བག་ཡངས་རང་དབང་བདེ་བའི་མཆོག །གང་ཞིག་མཐོང་ནས་ལེགས་པར་ཉལ་བ་ཡི། །གཏན་ཚིགས་དམ་པ་གང་ཡིན་རབ་བསྙད་ཀྱིས། །དུལ་བའི་གཟུགས་ཅན་བློ་གསལ་རི་བོང་ཉོན། །མི་རྣམས་མཐོ་དམན་ཆེ་དང་ཆུང་རྣམས་ཀྱི། །སྐྱིད་སྡུག་ཐམས་ཅད་རང་བཞིན་དལ་བྲེལ་ཙམ། །རང་དབང་སོས་དལ་དབེན་པར་ཉལ་བ་འདི། །སྐྱིད་པའི་མཆོག་ཏུ་མཐོང་ནས་ཉལ་བ་ལགས། །བྱ་བའི་ལས་ཀྱང་ཟིན་པའི་སྐབས་མེད་ལ། །འཇིག་རྟེན་བྲེལ་དོ་བྱེད་དགོས་དེ་བས་མང་། །ཆོས་ཀྱང་དེ་འདྲ་བྱས་པས་ཟིན་དུས་མེད། །ནམ་ཡང་མི་ཟིན་བཞག་ནས་ཉལ་བ་ལགས། །བརྩོན་དང་མི་བརྩོན་སྒྲིམ་གློད་ཐམས་ཅད་ཀྱང་། །ཕུགས་སུ་རྐྱང་གཅིག་ཟིན་པ་སུ་ལའང་མེད། །མ་ཟིན་ལྷག་མ་རྗེས་ལ་བྱ་དགོས་མེད། །བྱ་བྱེད་བཞག་ནས་རང་དལ་ཉལ་བ་ལགས། །སེམས་ཀྱིས་སྤྲོས་ཤིང་ལུས་ཀྱིས་བརྩོན་གྱུར་ཀྱང་། །བྱ་བའི་ལས་ལ་འདི་ཞེས་ཐུག་པ་མེད། །སོས་དལ་ཉལ་ཡང་ཚེ་གང་དེ་ཡིས་འཁྱོལ། །གང་བྱུང་ངང་ལ་རང་བབས་ཉལ་བ་ལགས། །ཉལ་ཞིང་གཉིད་པས་ཟས་རྣམས་འཇུ་བ་དང་། །ནད་པ་ཡིན་ཀྱང་ཟུག་རྔུ་མེད་པ་དང་། །མྱ་ངན་ཅན་ཡང་སྡུག་བསྔལ་བརྗེད་ལ་སོགས། །ཕན་ཡོན་མཐོང་ནས་གང་བདེར་ཉལ་བ་ལགས། །སོས་དལ་ལུས་ལ་གཉིད་ཀྱི་འབྱོར་པ་ཅན། །རང་དབང་བག་ཡངས་ཡིད་བཞིན་རིན་པོ་ཆེ། །གཡོ་འགུལ་མེད་པར་ཉིན་མཚན་དལ་བ་འདི། །དལ་འབྱོར་རིན་ཆེན་དོན་ཡོད་བྱས་པ་སྙམ། །ཉལ་བ་དྲན་མེད་འོད་གསལ་སྙིང་པོ་སྟེ། །རྣམ་རྟོག་རང་འགགས་ཡིད་ལ་བྱེད་པ་མེད། །ཆོས་ཉིད་རང་ཡང་དེ་རང་ཡིན་པ་སྙམ། །དམིགས་མེད་བབས་ལ་རང་བཞིན་ཉལ་བ་ལགས། །ནགས་ནང་ཞི་བའི་བློ་གསལ་རི་བོང་ཡང་། །ཁྲ་དང་ཅེ་སྤྱང་འཚེ་བ་མེད་གནས་སུ། །རང་བཞིན་བག་ཡངས་བདེ་བའི་ཚང་བཅས་ཏེ། །དལ་བ་གཉིད་ཀྱི་བསམ་གཏན་སྒོམ་པར་མཛོད། །ཅེས་བརྗོད་དེ། ཡང་ཅུང་ཟད་གཞོགས་ཕབ་སྟེ་ཉལ་བ་ན། རི་བོང་གིས། ཚུལ་དེ་དག་གི་ལན་ལྡོན་རིགས་པ་དང་ལྡན་པས་སྨྲས་པ། ཀྱེ་མ་བཞིན་བཟང་རབ་ཏུ་བྱུང་བ་ཁྱོད། །དོན་རྣམས་དཔྱོད་པའི་བློ་མིག་རྒྱངས་ཐུང་ཡང་། །ལོག་པའི་ལམ་ལ་དབང་པོ་མ་གསལ་བར། །བརྩེ་བའི་གདམས་ངག་རིགས་པའི་དོན་ལ་ཉོན། །འདི་ལྟར་ལྷ་མིའི་འཇིག་རྟེན་ཐམས་ཅད་ན། །དལ་བ་ཙམ་ཞིག་སྐྱིད་པ་མ་ལགས་ཀྱི། །ཆོས་དང་འཇིག་རྟེན་ཕུན་ཚོགས་སེམས་བདེ་བ། །གང་ལགས་དེ་ཀུན་སྐྱིད་པའི་མཆོག་ཏུ་གསུངས། །གལ་ཏེ་སོས་དལ་ཉལ་བ་སྐྱིད་ཡིན་ན། །ངལ་དུབ་ཆད་དང་ནད་པ་སྤྲང་པོ་ཡང་། །སྐྱིད་འགྱུར་སེམས་དལ་ཉལ་ཏེ་དེ་ལྟར་མིན། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །གང་(༧)ལ་ཕུན་ཚོགས་ཤིན་ཏུ་བྲེལ་བ་སྟེ། །ཉིན་མཚན་མི་དལ་དོན་རྣམས་རིགས་པས་བསྒྲུབ། །དེ་ཡིས་རང་བཞིན་བདེ་སྐྱིད་སྦྱིན་པས་ན། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །ཆོས་དང་འཇིག་རྟེན་བྱ་བ་གང་རྣམས་ལ། །ཟིན་དང་མི་ཟིན་དབྱེ་བ་རྣམ་གཉིས་ཏེ། །སྤྱི་ཙམ་ལས་ལ་ཟིན་པ་མེད་ན་ཡང་། །བྱེ་བྲག་ལས་ལ་སོ་སོར་ཟིན་པ་མཐོང་། །འདི་ལྟར་དུས་རིང་འཇིག་རྟེན་བྱ་བ་དང་། །ཉིན་གཅིག་ཟིན་པའི་ལས་ཀྱི་ཁྱད་པར་ལྟོས། །ཆོས་ཀྱང་སྤྱི་ཙམ་ཟིན་པ་མེད་ན་ཡང་། །བྱེ་བྲག་གང་བསྒྲུབ་མཐར་ནི་ཟིན་པར་ངེས། །དུས་རིང་འགྲུབ་པ་རྫོགས་པའི་སངས་རྒྱས་ཀྱང་། །ཚེ་རབས་ཆོས་ཀྱིས་འགྲུབ་པའི་ཁྱད་པར་གང་། །རྒྱལ་དང་དེ་སྲས་འཕགས་པའི་ཚོགས་ལ་ལྟོས། །དར་ཅིག་བསྒྲུབས་ནས་དེ་མ་ཐག་ཟིན་པའི། །མིག་རྒྱངས་ཐུང་ངུས་བྱ་བཞག་ཆུང་དུ་སྟེ། །ཆེན་པོ་རྣམས་ལ་དེ་ལྟ་མ་ཡིན་པས། །དོན་ཆེན་ལས་ལ་ངང་ཆེན་རབ་ཏུ་བསྲིངས། །ཕྱི་རྗེས་ལྟ་བ་སྐྱེས་བུ་དམ་པའི་ལུགས། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །གང་གིས་གང་དུ་ལས་ཀྱི་འཕྲོ་བརྩམ་པ། །ཆོས་དང་འཇིག་རྟེན་བྱ་བ་གང་ཅི་རུང་། །རིགས་པའི་དོན་རྣམས་རྗེས་ལ་བསྟུད་དགོས་ཏེ། །བཟོ་རིགས་ལ་སོགས་འཕྲོ་རྣམས་བསྟུད་པ་བཞིན། །འཇིག་རྟེན་ལས་ལ་གང་གིས་འཕྲོ་བརྩམ་པ། །དེ་ཡི་རྗེས་ལ་བསྟུད་པར་མ་ངེས་ཀྱང་། །ཆོས་ལ་ངེས་པས་རྒྱུད་གཅིག་ཚེ་རབས་བསྒྲུབ། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །སེམས་ལ་དྲན་རྒུ་དངོས་སུ་མི་སྒྲུབ་ཀྱང་། །རིགས་པའི་དོན་རྣམས་ཀུན་གྱིས་སྒྲུབ་པ་བཞིན། །བདག་ཀྱང་ཚུལ་དེའི་རྗེས་སུ་འགྲོ་དགོས་པས། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །བརྩོན་དང་མི་བརྩོན་མཉམ་དུ་སོང་བ་མེད། །བརྩོན་པས་བསྒྲུབས་རྣམས་ཕུན་ཚོགས་མངོན་མཐོ་ལ། །སོས་དལ་སྐྱིད་སྙམ་དེ་ལྟ་མ་ལགས་པས། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །ཉལ་ཞིང་གཉིད་པས་བད་ཀན་འཕེལ་བ་དང་། །མཁྲིས་པ་ལྡང་ཞིང་ལྡན་འདུས་འཇུག་པ་དང་། །དབང་པོ་འགྲིབ་ཅིང་ཚེ་ལ་གནོད་པས་ན། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །ཉལ་ཞིང་གཉིད་པས་དོན་རྣམས་འཆོར་བ་དང་། །བག་ཟོན་མེད་པས་དགྲ་རྣམས་འཇུག་པ་དང་། །འདྲེ་རྣམས་གླགས་ཚོལ་ཉེས་པ་ཚད་མེད་པས། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །ཉལ་ཞིང་གཉིད་པས་དལ་འབྱོར་དོན་ཡོད་ན། །ངན་འགྲོ་ལོག་པར་ལྟུང་བའི་འགྲོ་བ་དང་། །མཐའ་འཁོབ་ཀླ་ཀློའི་མི་ཡང་དོན་ཡོད་འགྱུར། །མི་ཁོམ་འབྱོར་པ་སྤང་ཕྱིར་དེ་ལྟ་མིན། །དལ་འབྱོར་རྙེད་དཀའི་མི་ལུས་རིན་ཆེན་འདི། །དོན་མེད་ཆུད་ཟོས་སྟོང་པར་མ་སོང་བར། །ད་རེས་ཐར་པ་དམ་པའི་ཆོས་སྒྲུབས་ལ། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །འདི་ལྟར་ཉེས་པའི་ལམ་ལ་རབ་བརྟེན་ནས། །དེ་ཡི་ཡོན་ཏན་བརྗོད་ཅིང་ཞེན་པ་ནི། །མུན་པའི་ལམ་ལ་བརྟེན་ནས་མུན་པ་ཡི། །(༨)བསྔགས་པ་རབ་བརྗོད་འབྱུང་པོའི་བྱ་ཚོགས་བཞིན། །ཁྱོད་ཀྱིས་བདག་ལ་ཚུལ་དེ་བསྐུལ་ན་ཡང་། །ལོག་པའི་ལམ་དེར་བདག་ཅག་ཡོངས་མི་འགྲོ། །དེ་བས་ཁྱོད་ཉིད་དེ་ལས་ལོག་ན་ལེགས། །འདི་ཕྱིའི་ལེགས་པ་གཞན་དག་སྐྱེ་བར་འགྱུར། །

ཀྱེ་གྲོགས་པོ་ཚུལ་དེར་འཇུག་ཅིང་ཞེན་པའི་ངང་ཚུལ་ཅན་ནི་ཉེས་པར་འགྲོ་བའི་དེད་དཔོན་སྲིན་མོའི་གླིང་དུ་གྲུའི་ཁ་ལོ་བསྒྱུར་བ་དང་འདྲ་སྟེ། ཁོ་བོ་ནི་ཁྱེད་ལ་མཆོག་ཏུ་བརྩེ་བས་རྟའི་རྒྱལ་པོ་བྷ་ལ་ཧ་ལྟར་དུས་སུ་འདོམས་ཤིང་། ལོག་པར་ལྟུང་བའི་འཇིགས་པ་ལས་སྐྱོབ་པར་བྱེད་ཅིང་། ལེགས་པར་སྨྲ་བའི་གཏམ་གྱི་མེ་ཏོག་རྒྱུན་ཆགས་པའི་རྗེས་སུ་གདམས་པའི་ཁྱད་པར་བཟང་པོ་གཞན་ཡང་ཉོན་ཅིག །

འགྲོ་དྲུག་ནང་ནས་མི་ཡི་ལུས་རྙེད་དཀོན། །དེ་བས་དམ་ཆོས་སྤྱོད་པའི་ལུས་རྙེད་དཀོན། །དལ་འབྱོར་དོན་ཡོད་སྤྱོད་པའི་ལུས་རྙེད་དཀོན། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །གང་དུ་སྐྱེས་པའི་མཚན་མོ་ཁོ་ན་ནས། །འཆི་བར་ཕྱོགས་པ་ཀུན་གྱི་ཆོས་ཉིད་དེ། །བདེན་ཞིང་རྟག་པར་འཛིན་པ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ཚེ་སྲོག་གཡོ་བ་ནུབ་ཀའི་ཉི་མ་བཞིན། །ད་ལྟ་ཡོད་ཀྱང་མེད་པ་མྱུར་དུ་འོང་། །འགྱུར་བའི་ཆོས་ལ་ཡིད་བརྟན་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །མྱུར་དུ་འཆི་ངེས་སྣུམ་ཟད་མར་མེ་བཞིན། །ཚེ་འདིའི་སྣང་བ་མྱུར་དུ་ནུབ་ངེས་པས། །འཁྲུལ་སྣང་ཡུལ་ལ་ཞེན་པར་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །འདུས་ཀྱང་འབྲལ་བ་ལམ་མཐུན་མགྲོན་པོ་བཞིན། །འཁོར་འདབས་མཛའ་བཤེས་གཉེན་འདུན་ཐམས་ཅད་ཀྱང་། །འབྲལ་བའི་ཆོས་ལ་གདུང་སེམས་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །བསགས་ཀྱང་འཛད་པ་རྫིང་བུའི་འཁྱིལ་ཆུ་བཞིན། །འབྱོར་ཀྱང་མི་བརྟན་སྒྱུ་མའི་ནོར་རྫས་ལ། །ཞེན་ཆགས་འཆིང་བའི་སེར་སྣ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །མཐོན་པོ་དམའ་བ་མཁར་ཁའི་མེ་ཤོར་བཞིན། །ཆེན་པོར་གྱུར་ཀྱང་ལས་ཚུལ་རྒྱང་རིང་བས། །ང་རྒྱལ་ཆེ་གྲགས་རློམ་སེམས་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །འཕོ་བཞིན་འགྱུར་བ་རྨི་ལམ་གཉིད་སད་བཞིན། །མཐོ་རིས་ཐོབ་ཀྱང་ཡིད་བརྟན་མི་རུང་བས། །ཚེ་འདིར་ཞེན་པའི་འདུ་ཤེས་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །དུས་ཀྱི་སྙིགས་མ་ཤིང་འདབ་ལྷགས་པ་བཞིན། །རྒན་རབས་གཞོན་རབས་སྐལ་མཉམ་དུ་མ་འདས། །བདག་ཀྱང་འཆི་ངེས་རྟག་འཛིན་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །འཆི་རྐྱེན་མ་ངེས་གློ་བུར་ཐོག་བབས་བཞིན། །གར་འཆི་ཅིས་འཆི་ནམ་འཆི་མ་ངེས་པས། །ལུས་སེམས་རྟེན་ལ་ཡིད་བརྟན་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །འཁོར་བའི་སྡུག་བསྔལ་མི་བཟོད་མེ་འོབས་བཞིན། །བཟོད་པའི་བླག་མེད་བདེ་བའི་སྐབས་མེད་པས། །ཁམས་གསུམ་རིགས་དྲུག་འཁོར་བར་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ངན་སོང་ངན་འགྲོ་གཅོང་རོང་ཟབ་མོ་བཞིན། །ལན་ཅིག་ཆུད་ནས་(༩)ཐར་པའི་གོ་སྐབས་དཀའ། །མར་འགྲོའི་ལས་ངན་སྡིག་པ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །མཐོ་རིས་དགའ་བདེ་གཡང་ཁའི་རྩེད་མོ་བཞིན། །ལས་ཀྱི་དབང་གིས་སླར་ཡང་ངན་སོང་ལྟུང་། །འཕོ་ཞིང་འགྱུར་ལ་ཆགས་པར་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ཁམས་གསུམ་རིགས་དྲུག་ཟོ་ཆུ་འཁོར་བ་བཞིན། །གཅིག་ནས་གཅིག་བརྒྱུད་བདེ་སྡུག་རྣམ་པར་འགྱུར། །འཁོར་བའི་གནས་ལ་ཞེན་པ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །སྐྱེ་ཤིའི་འཁོར་ལོ་ཤིང་རྟའི་འཕང་ལོ་བཞིན། །ཡང་འཁོར་ཡང་ལྡོག་སྡུག་བསྔལ་མུ་མཐའ་ཡས། །འཁོར་བའི་ཆོས་ལ་ཆགས་སྲེད་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །མྱ་ངན་འདས་པ་ལྷ་ཡི་སྐྱེད་ཚལ་བཞིན། །དགའ་བདེའི་སྣང་བ་གྲངས་མེད་ཐོབ་འཚལ་བས། །ཐར་འདོད་རྣམས་ཀྱིས་ལེ་ལོ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །བཤེས་གཉེན་དམ་པ་རྒྱ་མཚོའི་དེད་དཔོན་བཞིན། །ཞི་བའི་གླིང་དུ་འདྲེན་པར་མཛད་དེ་བསྟེན། །སྡིག་པའི་གྲོགས་དང་འགྲོགས་པར་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །དམ་ཆོས་ཞི་བ་གྲུ་གཟིངས་ཟམ་པ་བཞིན། །འཁོར་བའི་ཆུ་བོ་སྒྲོལ་ལ་ནན་ཏན་བསྐྱེད། །གཏན་བདེ་འདོད་རྣམས་ཕྱི་བཤོལ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །དགེ་སྡིག་བླང་དོར་ཞིང་སའི་ངོ་མཐོན་བཞིན། །དཀར་ནག་ལས་ལ་གསོ་སྦྱོང་སྙིང་པོར་བྱ། །དལ་འབྱོར་དོན་མེད་ཆུད་ཟོས་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ཞི་བའི་དོན་གཉེར་རྒྱ་མཚོའི་ཚོང་པ་བཞིན། །གཏན་དུ་ལེགས་པ་ཡིད་བཞིན་ནོར་བུ་འདོར། །འཁོར་བའི་བདེ་འབྲས་གཉེར་བ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ཐང་ལྷོད་མེད་པ་གཞུ་མོའི་རྒྱུད་བསྒྲེངས་བཞིན། །འགྱུར་མེད་ངང་ནས་ཟབ་མོའི་ཆོས་ལ་སྤྱོད། །ལེ་ལོ་ཕྱི་བཤོལ་མ་དད་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །དོན་ཆེན་སྒྲུབ་པའི་སྐྱེས་བུ་མཁས་པ་བཞིན། །གཡེལ་བ་མེད་པར་ཉིན་མཚན་བརྩོན་འགྲུས་བརྩམ། །ཐ་མལ་རང་གའི་ཀུན་སྤྱོད་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །དབེན་པ་བསྟེན་པ་དུལ་བའི་རི་དྭགས་བཞིན། །དམན་ས་བཟུང་ལ་སྒྲུབ་པ་སྙིང་པོར་བྱ། །ད་རེས་རྣམ་གཡེངས་འདུ་འཛི་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །རང་སེམས་དུལ་བ་རྟ་མཆོག་འདུལ་སྦྱོང་བཞིན། །སྣ་ཚོགས་རྟག་ཏུ་རང་རྒྱུད་དུལ་བར་བྱ། །ཉེ་བར་མ་ཞི་བག་མེད་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །ཚེ་གང་དོན་ཡོད་སྔོན་གྱི་དམ་པ་བཞིན། །རྟག་ཏུ་ཆོས་བསམ་སྙིང་པོའི་དོན་ལ་འབད། །དོན་མེད་འཁྲུལ་པའི་བྱ་བ་མི་ཁོམ་གྱི། །སྙོམ་ལས་སྤོངས་ལ་དམ་པའི་ཆོས་སྒྲུབ་འཚལ། །མདོར་ན་ད་རེས་དལ་འབྱོར་ཐོབ་དུས་འདིར། །འཁོར་འདས་ཆོས་ལ་སྤང་བླང་རབ་ཤེས་པས། །གཏན་གྱི་འདུན་མ་ཐར་ལམ་བྱང་ཆུབ་སྒྲུབས། །འདི་ཕྱིར་ལེགས་པས་རྗེས་སུ་གདམས་པ་ལགས། །ཞེས་བརྗོད་པ་དང་། རབ་ཏུ་བྱུང་བ་དེ་ཡང་མངོན་པར་དད་དེ་ཐར་པ་འདོད་པས་ལུས་དྲང་པོར་བསྲང་ཞིང་ཐལ་མོ་སྦྱར་ནས་སྨྲས་པ།

ཡོན་ཏན་རང་བཞིན་ཅན་ཁྱོད་འགྲོ་བའི་གཉེན། །སྐྱེ་བོ་མ་འདྲིས་པ་ཡང་(༡༠)བཤེས་ཉིད་ན། །རྟག་ཏུ་བསྟེན་པ་རྣམས་ལ་ལྟ་ཅི་ཞིག །ངོ་མཚར་མཆོག་གྱུར་ཁྱོད་ལ་སྐྱབས་སུ་མཆི། །མཁྱེན་རབ་མཚོ་ཆེན་ཡོན་ཏན་པདྨོ་ཅན། །ཐུགས་རྗེའི་ཆུ་གཏེར་རབ་ཏུ་བཟང་པོ་ལས། །ལེགས་འདོམས་ཆོས་ཀྱི་བཏུང་ཆུ་གཉེར་བར་འཚལ། །བརྩེ་བས་བདག་ལ་གོ་སྐབས་དབྱེ་བར་མཛོད། །ཅེས་བརྗོད་པ་ན། རི་བོང་གི་མཆོག་དེས་རྗེས་སུ་གདམས་པའི་སྣོད་དུ་རིག་ནས་སྨྲས་པ།

གང་ཞིག་འདི་ཕྱིའི་ལེགས་པ་གཉེར་འདོད་པས། །ནོར་དང་ཆང་དང་བུད་མེད་བག་མེད་སྤོངས། །དམ་པ་བསྟེན་དང་དད་བརྩོན་ཐོས་བསམ་ཚོལ། །བསམ་གཏན་སྒོམ་དང་དབེན་པ་བསྟེན་པར་མཛོད། །ཡོན་ཏན་མཆོག་དཀར་འདི་དག་རྣམས་བསྟེན་པས། །སྲིད་གསུམ་ཕ་རོལ་ལེགས་པའི་གླིང་འགྲོ་སྟེ། །བདེ་གཤེགས་ཟླ་བ་མཁའ་ལ་རྣམ་མཛེས་སམ། །རྒྱལ་སྲས་དེད་དཔོན་རྒྱ་མཚོར་གྲུ་མཛེས་བཞིན། །ཞེས་བརྗོད་པ་ན་རབ་ཏུ་བྱུང་བ་དེས་བསམ་པ་ལ། གང་ན་སྐྱེས་བུ་བློ་གྲོས་བླུན་པ་དག་ནི་གང་ཞིག་ཡོངས་སུ་བསྒྲུབ་པར་བྱ་བའི་དོན་ལ་བརྟག་པ་དང་དཔྱད་པ་མེད་པར་བབ་ཅོལ་དུ་འཇུག་པས། ཅུང་ཟད་དཀའ་བར་མཐོང་བ་དེའི་ཚེ་གྱ་ཚོམས་སུ་འདོར་བས་ངལ་བ་འབྲས་བུ་མེད་པར་བྱེད་པ་ཡིན་ལ། མཁས་ཤིང་གསལ་ལ་མཛངས་པ་དག་གིས་ནི། ཐོག་མར་སྒྲུབ་པའམ་དོར་བར་བྱ་བའི་ཆ་ལ་སྐྱོན་དང་ཡོན་ཏན་གྱི་ཆ་དབྱེ་བར། རང་གི་ནུས་པས་བརྟགས་ཏེ་ལེགས་པར་དཔྱད་ནས་འཇུག་པས། ཕྱིས་ནི་རབ་ཏུ་དཀའ་བའི་གནས་ལ་ཡང་འཇིགས་པའང་མི་བལྟ་བས་རྩོམ་པ་གང་དག་མཐར་ཕྱིན་པའི་ཕྱིར་སྐྱེས་བུ་དམ་པའོ་ཞེས་ཡོངས་སུ་གྲགས་ཏེ་བདག་ཀྱང་དེའི་རྗེས་སུ་འཇུག་པར་བྱ་བའི་ཕྱིར། རེ་ཞིག་རང་གི་ནུས་པས་འཇུག་པའམ། ལྡོག་པར་བྱ་བའི་དོན་ལ་བླང་དོར་གྱི་ཁྱད་པར་ཇི་ལྟ་བུ་སྙམ་དུ་རྗེས་སུ་གདམས་པའི་གནས་ལ་བརྟགས་ཤིང་དཔྱད་པས། དེའི་ཚེ་སྤང་བར་བྱ་བའི་ཆོས་དེ་དག་ཀྱང་འཇིག་རྟེན་ན་ལེགས་པའི་ཡོན་ཏན་གྱི་ཆ་ཤས་ཀྱིས་བརྒྱན་པར་ཡང་མཐོང་ལ། བླང་བར་བྱ་བའི་ཆོས་དེ་དག་ཀྱང་ཕལ་ཆེར་ཡོངས་སུ་སྒྲུབ་པར་དཀའ་བའི་མཚན་ཉིད་ཅན་དུ་མཐོང་སྟེ། རེ་ཞིག་དང་པོ་ནོར་གྱི་ཡོན་ཏན་ལ་བསྔགས་པ།

གང་ཞིག་ཡོད་ན་ཀུན་གྱིས་བཀུར་བའི་གནས། །འབྱོར་པ་ལྷ་ཡི་དཔལ་འདྲ་སྐྱེ་བོས་བསྟོད། །སྐྱེ་རྒུའི་ཁྱུ་མཆོག་ཀུན་གྱིས་ཚད་མར་འཛིན། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་སྐྱེ་བོ་བཞི་མདོའི་སྤྲང་པོ་བཞིན། །ཀུན་གྱིས་སྤོང་ཞིང་དམན་ཕྱིར་བཞད་གད་གནས། །ཕྱི་ནང་གང་གིའང་གྲལ་དུ་མི་ཆུད་པས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་འབྱོར་དམ་པས་གང་ལ་བརྒྱན་པ་དེས། །དོན་རྣམས་ཀུན་ཀྱང་ཕུན་ཚོགས་ངང་གིས་འགྲུབ། །ཡིད་བཞིན་དག་ལས་འདོད་རྒུའི་ཆར་རྒྱུན་བཞིན། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་ཚེ་ན་ཀུན་གྱིས་སྤོང་བ་སྟེ། །བཟང་པོའི་དྲིན་གྱིས་ཁྱབ་པའི་འཁོར་འདབས་དང་། །མཛའ་བཤེས་(༡༡)གཉེན་འདུན་འདོར་བར་འགྱུར་ལ་ལྟོས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །གང་ལ་ནོར་འབྱོར་ཡོད་ན་སྐྱེ་བོའི་ཚོགས། །མ་བསྡུས་པར་ཡང་ངང་གིས་ཀུན་འདུ་སྟེ། །ཡིད་འོང་མཚོ་ལ་ངང་མོ་འདུ་བ་བཞིན། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་སྐྱེ་བོ་གྲོས་འདུན་བློ་བརྟན་ཡང་། །ཉན་མཁན་མེད་ལ་ཀུན་གྱིས་འཆལ་བར་བརྩི། །ཡིན་ལུགས་ཐོག་ཏུ་བབས་ཀྱང་ད་དུང་དམོད། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་གྱིས་འབྱོར་ན་མི་གཤིས་རྩིང་པོ་ཡང་། །སྒམ་པོར་འཛིན་པས་དེ་ཡི་ངག་ལ་ཉན། །ཉེས་པར་གྱུར་ཀྱང་ད་དུང་གུས་པས་འདུད། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་ཚེ་ན་རྒན་ཡང་གཞོན་ཡང་རུང་། །རིགས་དང་ཡོན་ཏན་ཆོ་འབྲང་ཅི་ཡོད་ཀྱང་། །ཀུན་གྱི་མཐར་ལྟུང་གྲལ་ཡང་འོག་ཏུ་ལུས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་འབྱོར་གང་ལ་སྣ་ཚོགས་སྐྱོན་ཆགས་པ། །རིགས་ངན་ཡོན་ཏན་མེད་ལ་རྨོངས་ན་ཡང་། །ཀུན་གྱིས་བསྟོད་ཅིང་དེ་ཡི་རྗེས་སུ་འབྲང་། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་ཚེ་ན་མཁས་བཙུན་བཟང་ཡང་རུང་། །ཐབས་ཀྱིས་དམོད་ཅིང་བསོད་ནམས་མེད་པར་འཛིན། །འཁོར་གྱིས་སྤངས་ལ་སྙིང་རྗེའི་ཡུལ་བྱེད་པས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་དང་ལྡན་ན་འཆལ་རྨོངས་ངན་པ་ཡང་། །ཀུན་གྱིས་བཀུར་ལ་དེ་ཡི་ཁ་འཛིན་བྱེད། །གུས་པས་འདུད་ལ་དེ་ཡི་རྗེས་འཇུག་པས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་མེད་ཚེ་ན་འཇིག་རྟེན་སྐྱེ་བོ་དང་། །དམ་ཆོས་ཞུགས་པའི་གནས་རྣམས་གང་ཡང་རུང་། །མི་རྣམས་ནང་དུ་ལེགས་པར་མི་ཚུད་པས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ནོར་ཞེས་བྱ་བའི་ཡིད་བཞིན་རིན་པོ་ཆེ། །ཀུན་ལ་དགོས་ཤིང་སྐྱེ་རྒུའི་བདེ་འབྱུང་གནས། །དམ་ཆོས་སྒྲུབ་ལའང་མེད་དུ་མི་རུང་བས། །ནོར་དཔལ་ཡོན་ཏན་མཐོང་ནས་སྒྲུབ་པར་འོས། །ཞེས་བརྗོད་པ་ན། དོན་དེ་ཧ་ཅང་ཡང་མི་རིགས་ལ། དམ་པའི་ཆོས་སྒྲུབ་པ་ལ་ཚུལ་དང་འགལ་བའི་ཕྱིར། བློ་གསལ་གྱི་མཆོག་དེས་སྨྲས་པ།

ཀྱེ་ཀྱེ་འཇིག་རྟེན་འདི་ན་མི་རྣམས་ལ། །གང་གང་འབྱོར་པ་དམ་པས་བརྒྱན་གྱུར་པ། །དེ་ཡི་ཉེས་པ་ཤིན་ཏུ་ཚད་མེད་དེ། །རང་རང་སྡུག་བསྔལ་མཐའ་ཡས་བཤད་ཀྱིས་ཉོན། །ཆ་ཤས་མེད་ལ་ཚོལ་བའི་སྡུག་བསྔལ་དང་། །ཆུ་བོར་སྲོག་འདོར་ཚ་གྲང་བཀྲེས་སྐོམ་སོགས། །ཆེ་རྒུས་སྒྲུབ་ཀྱང་ཕུན་སུམ་ཚོགས་རབ་དཀོན། །ཆོ་ངེས་གདུངས་པའི་སྡུག་བསྔལ་ཆར་མི་ཕོད། །གང་ལ་ཡོད་པ་འཚོ་སྐྱོང་སྡུག་བསྔལ་མང་། །གང་དུ་བསྲུངས་ཀྱང་ཁེ་སྤོགས་ཚོལ་བ་དང་། །གང་གིས་འཚེ་དང་ཐ་མར་སྲོག་ལ་རྒོལ། །གང་དག་ནོར་གྱི་ཉེས་པ་ཚད་མེད་དོ། །ནོར་ཞེས་བྱ་བ་ཀུན་ཏུ་ནོར་བས་ཏེ། །ཀུན་དང་རྩོད་ཅིང་ཆགས་དང་སེར་སྣ་འཕེལ། །ཆོས་ལས་ཉམས་ཤིང་ཆགས་སྡང་ཉོན་མོངས་སྐྱེ། །ནོར་ཞེས་མིང་ཡང་དོན་དང་མཐུན་པར་གྲགས། །ཅུང་ཟད་འབྱོར་ན་ཁེངས་ཤིང་ང་རྒྱལ་ལ། །རེ་ཞིག་རྒུད་ན་ཞུམ་ཞིང་མྱ་ངན་སྐྱེད། །ཆོས་དང་འགལ་ཞིང་དམ་པ་རྣམས་ཀྱིས་དམད། །འཁོར་བར་འཆིང་བའི་ཉེས་པ་(༡༢)མཐའ་ཡས་ལྡན། །ནོར་གྱི་ཆེད་དུ་བཟང་པོའི་རིགས་འདོར་ལ། །ཡོན་ཏན་སྤྱོད་པ་དམ་པ་ཀུན་ཏུ་སྤོང་། །གྲགས་པ་ངན་པས་ཕྱོགས་རྣམས་ཁྱབ་གྱུར་ལ། །འདོད་པས་གདུང་ཕྱིར་ཉེས་པ་དཔག་ཏུ་མེད། །ནོར་གྱིས་ཀུན་ཏུ་བྲེལ་ལ་སྡུག་བསྔལ་མང་། །སྒོ་གསུམ་མ་ཞི་མི་དགེ་རྒྱུན་ཆགས་ལྡན། །བགྲང་གཞལ་ཚེ་ནའང་ངག་འཁྱལ་རྒྱུན་མི་འཆད། །སྲིད་པའི་འཁྲི་ཤིང་ནོར་གྱི་སྡུག་བསྔལ་ལྟོས། །སྣ་ཚོགས་ཐབས་ཚུལ་མང་པོས་རབ་བསགས་པའི། །ནོར་མང་ཕུན་སུམ་ཚོགས་པས་མངོན་མཐོ་ཡང་། །ཐ་མར་འདོར་ལ་རེ་ཞིག་ཀུན་གྱིས་སྤྱོད། །སྡིག་ཀུན་རང་གི་རྗེས་འགྲོའི་སྡུག་བསྔལ་བསམ། །ཇི་ཙམ་འབྱོར་ཡང་ལྟོ་དང་གོས་ཉིད་ཙམ། །ལྷག་མ་གཞན་དང་ཐུན་མོང་གཉེར་གྱིས་ཚུལ། །གཞན་དོན་སེམས་པ་མེད་པས་བསོད་ནམས་མེད། །ཆོག་ཤེས་མེད་པ་ནོར་གྱི་ཉེས་པས་གཟིར། །ནོར་འབྱོར་མི་འབྱོར་ཉིན་མཚན་མཉམ་འདའ་ལ། །ཟླ་བ་ལོ་དང་ཚེ་གང་མཐར་ཕུལ་ནས། །འཆི་བའི་དུས་སུ་ཡོད་ཀྱང་ཁྱེར་དབང་མེད། །གཅིག་པུ་ཉིད་འགྲོ་ནོར་གྱི་སྡུག་བསྔལ་སོམས། །ནོར་ནི་རྩོད་བཅས་ཅུང་ཟད་ཙམ་གྱི་ཕྱིར། །ཕ་མ་མཛའ་བཤེས་གཉེན་འདུན་ཚོགས་འབྲལ་ཞིང་། །དཔོན་སློབ་གྲོགས་མཆེད་དམ་ཚིག་ཞིག་རལ་བྱེད། །བསླབ་གསུམ་འཆོར་བས་ནོར་གྱི་ཉེས་ཀུན་གཟིགས། །མི་བརྟན་བསླུ་བ་སྒྱུ་མའི་འབྱོར་པ་ཡང་། །རྨི་ལམ་དང་འདྲ་དར་རེའི་ནོར་གྱི་ཕྱིར། །སྣ་ཚོགས་སྡིག་པ་ཤིན་ཏུ་མཐའ་ཡས་བསགས། །གཏན་དུ་འཁྲུལ་པ་ནོར་གྱི་ཉེས་ཀུན་སོམས། །ནོར་ཞིང་ནོར་བའི་ནོར་གྱིས་འཁོར་བར་འཁྱམས། །སྲེད་ཅིང་སྲེད་པས་སྲེད་ལྡན་ཡི་དྭགས་སྐྱེ། །འབྱོར་ཞིང་འབྱོར་ཡང་འབྱོར་པ་དོན་མེད་པས། །ཉེས་མང་ཉེས་འབྱུང་ཉེས་པའི་ནོར་ལ་གཟིགས། །དམ་པས་དམད་ཅིང་ཆོས་མིན་བག་མེད་གནས། །ཐར་ལམ་སྤངས་ཤིང་བག་མེད་འདུ་འཛིའི་གཞི། །ཟུག་རྔུ་མང་བས་བཟེ་རེ་རྒྱུན་མི་འཆད། །ཉེས་ཀུན་རང་བཞིན་ནོར་གྱི་སྡུག་བསྔལ་སོམས། །སེམས་ལ་ཆོག་ཤེས་ལེགས་པའི་བློ་མེད་ན། །སྒྱུ་མའི་ནོར་རྫས་ཡོད་ཀྱང་ཇེ་དགོས་ཏེ། །འདི་ཙམ་ཡིན་ཞེས་འབྱོར་པའི་གོ་སྐབས་མེད། །གྲགས་སྲེད་འཕེལ་བ་ནོར་གྱི་ཉེས་ཀུན་སོམས། །ནོར་ལ་གཡེང་པས་མཁས་པའི་འདུན་མ་འཇིག །ནོར་ལ་སྲེད་པས་བཙུན་པའི་འདུལ་ཁྲིམས་ཉམས། །ནོར་ལ་དགའ་བས་བཟང་པོའི་དམ་ཆོས་དམད། །ནོར་ལ་ཉེས་མང་མཐའ་ཡས་མཁྱེན་པར་མཛོད། །དེང་དུས་མི་ཡི་སྲིད་པ་དོན་ཡོད་ལ། །དམ་ཆོས་རིན་ཆེན་སྒྲུབ་པར་འདོད་རྣམས་ཀྱིས། །ནོར་གྱི་ཉེས་ཀུན་རབ་ཏུ་དྲན་བྱས་ནས། །ཆོག་ཤེས་ལྡན་པས་དམ་ཆོས་སྒྲུབ་པར་འཚལ། །ཞེས་བརྗོད་པས། རབ་ཏུ་བྱུང་བ་དེའི་སེམས་ནོར་ལ་སྲེད་པ་ལས་བྲལ་ཏེ་ཆོས་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་རབ་ཏུ་བྱུང་བ་དེས་བསམ་པ། ནོར་ནི་ཆོས་ལ་བར་དུ་(༡༣)གཅོད་པའི་ཉེས་པ་དུ་མའི་སྐྱོན་ཆགས་པ་ཉིད་སྤངས་པར་བྱ་ཡིས། ཆང་ནི་ལེགས་པ་དམ་པའི་ཡོན་ཏན་མང་ལ་ཆོས་དང་འཇིག་རྟེན་ཀུན་ལ་དགོས་པའི་ཕྱིར་སྤང་དུ་མི་རུང་བས་བསྟེན་པར་བྱའོ་སྙམ་ནས་ཡོན་ཏན་ལ་བསྔགས་པ།

གང་གི་རང་བཞིན་སྔོན་གྱི་དྲང་སྲོང་བཞིན། །དུལ་བའི་གཟུགས་བཟང་ཞི་བའི་རྒྱན་ཕྲེང་ཅན། །ཀུན་ནས་མཛེས་པ་ནགས་ཀྱི་རི་བོང་མཆོག །མི་ཡུལ་བདུད་རྩི་ཆང་གི་ཡོན་ཏན་གསོན། །ཡིད་འོང་མཐོ་རིས་ལྷ་ཡི་གྲོང་ཁྱེར་ནས། །བདུད་རྩིའི་ཐིགས་པ་མཆོག་གཅིག་ལྷུང་བ་ན། །འཛམ་གླིང་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ལས། །འབྲུ་རྣམས་བཅུད་ཆགས་ཆང་གི་དྭངས་མར་གྱུར། །ཁ་དོག་རོ་ལྡན་སྦྲང་རྩི་ལྟ་བུ་ལ། །དྲི་བསུང་ཕུན་ཚོགས་ལྷ་ཡི་བདུད་རྩི་བཞིན། །མཐོང་ན་ཡིད་དགའ་བསྟེན་པས་འབྲལ་མི་ཕོད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བས་བདེ་ལ་མྱངས་ན་ཞིམ་པ་སྟེ། །ཁོང་དུ་སོང་བས་ལུས་སེམས་མཆོག་ཏུ་བདེ། །སྣང་བ་བདེ་ཁྲོལ་ཆོས་ཉིད་རྟོགས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བའི་རྗེས་ལ་བློ་བདེ་རང་མལ་དུ། །རྟོག་མེད་ངང་ལ་རྒྱ་ཡན་གཉིད་ཕེབས་པས། །ཏིང་འཛིན་འོད་གསལ་བསམ་གཏན་འབྱོངས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བའི་མོད་ལ་དགའ་བའི་གཏམ་རྣམས་དང་། །ཡིད་འོང་སྙན་པའི་གླུ་དབྱངས་དུ་མ་འབྱུང་། །གཞན་ལ་མི་འཇིགས་སྤོབས་པ་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །རོ་མཆོག་བརྒྱ་ལྡན་བདུད་རྩི་ཆང་ཉིད་ལ། །གཙོ་བོའི་རོ་མཆོག་མངར་སྐྱུར་ཁ་བ་གསུམ། །ཕྱོགས་སུ་མ་ཆད་གཅིག་ལ་ཀུན་ཚང་བས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དང་པོར་མངར་བ་ཅུང་ཟད་སྐྱུར་བའི་རོ། །འབོལ་ཞིང་འཁྲིལ་ལ་ཁ་བས་འབྲལ་མི་ཕོད། །བརྟགས་ཤིང་ངོ་མཚར་རོ་མཆོག་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བས་ལུས་བདེ་གཟི་བརྗིད་འཕྲལ་ལ་སྐྱེ། །མགྲིན་པའི་མཚོ་རྡོལ་གྲེ་འགྱུར་ཕུན་སུམ་ཚོགས། །སྣང་བ་ཡིད་བདེ་སེམས་ལ་དགའ་བདེ་རྙེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འདུ་བ་སྙོམས་ཤིང་ནད་རྣམས་ཀུན་ལ་ཕན། །ཁྱད་པར་བད་རླུང་འདུས་པ་སེལ་བས་ན། །སྨན་རྣམས་ནང་ནས་བདུད་རྩི་སྨན་གྱི་མཆོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །གང་དུ་འཕྲད་ན་བྲེལ་བའང་དལ་འགྱུར་ཞིང་། །འཐུང་བའི་མོད་ལ་སེམས་ཀྱི་སྡུག་བསྔལ་འགགས། །ཉིན་མཚན་ཡུན་ཐུང་སོང་བ་མི་ཚོར་བས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྐྱིད་སྡུག་ཀུན་ལ་རང་གཞན་དགོས་པ་དང་། །ཆེ་ཆུང་ཀུན་གྱིས་ཡོངས་སུ་སྤྱོད་པ་དང་། །གཞི་བྱེས་ཀུན་ཏུ་མེད་ཐབས་མེད་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དོན་རྣམས་སྒྲུབ་ཀྱང་གླེང་བའི་གཞིར་དགོས་ལ། །མཛའ་བཤེས་འདུས་ཀྱང་ངོ་དགའི་སྐྱེས་སུ་དགོས། །གཉེན་འདུན་ཚོགས་ཀྱང་སྣ་ལེན་ཕྱིར་དགོས་པས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མཐོན་པོར་གྱུར་པའི་མི་དབང་རྒྱལ་པོ་ནས། །བླ་མ་མཆོག་དང་བཤེས་གཉེན་དམ་པ་དང་། །ཁྲིམས་ལ་དབང་བའི་མི་ཆེན་(༡༤)ཆེ་རྒུས་བསྟེན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །ཡུལ་ཁམས་སོ་སོའི་གྲོང་གི་མི་རྣམས་དང་། །སྡེ་དགོན་ཕལ་དང་དབེན་པའི་རི་ངོགས་ནའང་། །ལོངས་སྤྱོད་ཀུན་གྱི་གཞི་མར་བསྟེན་པས་ན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྒྲིམ་པོར་རློམ་པའི་བཀའ་གདམས་འདུལ་འཛིན་དང་། །མཚན་ཉིད་པ་དང་ཇོ་གདན་ལ་སོགས་ཀྱང་། །དབེན་པའི་གནས་སུ་དགའ་བས་སྟེན་པར་བྱེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྐྱེ་བོ་རྣམས་ཀྱང་ཅི་ཡོད་ཆང་ལ་སྐྱེལ། །བཙུན་པ་རྣམས་ཀྱང་ཆོས་གོས་ཆང་ལ་འཇོག །གྲུབ་ཆེན་རྣམས་ཀྱང་ཉི་མ་གཏེ་བོར་འཇོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །གསང་སྔགས་ཟབ་མོའི་སྒྲུབ་རྫས་ཡིན་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་བསྟེན་པ་དང་། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དྭངས་མ་འཕེལ་བས་ལུས་སེམས་བདེ་བ་དང་། །བདེ་དྲོད་སྐྱེས་པས་ཏིང་འཛིན་འཕེལ་བ་དང་། །རིག་ངར་ཐོན་པས་རྟོགས་པ་འཆར་བའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་འདུ་བ་དང་། །རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་དགྱེས་པ་དང་། །ཚོགས་གཉིས་རྫོགས་པའི་དམ་རྫས་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མི་རྣམས་ཀུན་ཀྱང་དེ་ལ་བསྟེན་པ་དང་། །འདྲེ་རྣམས་ཀུན་ཀྱང་དེ་ལ་དགའ་བ་དང་། །ལྷ་རྣམས་ཀུན་ཀྱང་དགྱེས་པར་རོལ་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དེ་དག་ལ་སོགས་ཡོན་ཏན་དཔག་ཏུ་མེད། །བརྗོད་ཀྱིས་མི་ལང་ལྷ་ཡི་བདུད་རྩི་བཞིན། །མི་ཡུལ་བཏུང་བའི་རོ་མཆོག་དམ་པ་འདི། །དགའ་ཞིང་སྲེད་པས་རབ་ཏུ་བསྟེན་པ་ལགས། །ཞེས་བརྗོད་པ་དང་། དོན་དེ་ཉིད་ཧ་ཅང་ཡང་རིགས་པ་མ་ཡིན་པས། ལེགས་པ་དམ་པ་ལ་གཟུང་བའི་ཕྱིར། རི་བོང་གི་མཆོག་དེས་སྨྲས་པ།

གང་ལ་བསྟེན་པས་ལོག་པའི་ལམ་འགྲོ་ཞིང་། །སྡིག་དང་ཉོན་མོངས་བག་མེད་ཀུན་གྱི་གཞི། །ཆོས་དང་འཇིག་རྟེན་ཕུན་ཚོགས་ཉམས་པའི་རྒྱུ། །མྱོས་བྱེད་ཆང་གི་ཉེས་ཀུན་བཤད་ཀྱིས་ཉོན། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །སྨྲ་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བརྗོད་པ་མང་ཞིང་གསང་གཏམ་ལྷུག་པར་སྒྲོགས། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །བྲེ་མོའི་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཤགས་དང་བཞད་གད་གླུ་གཞས་བག་མེད་འཕེལ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །སྲེད་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཡང་འཐུང་ཡང་སྲེད་ངོམས་ཤིང་ཆོག་མི་ཤེས། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འགྱུར་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཀུན་སྤྱོད་འགྱུར་ཞིང་གཏམ་ལ་ཟུང་མི་ཐུབ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །རྗེད་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །དྲན་པ་ཉམས་ཤིང་རྣམ་དཔྱོད་བློ་གྲོས་སྟོར། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །ཕྱི་བཤོལ་གདོན་དེ་སྙིང་ལ་ཞུགས་གྱུར་པས། །དེ་རིང་ཕྱིན་པ་སང་དང་གནང་དུ་འགོར། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །རྒུད་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ད་ལྟ་འབྱོར་ཡང་མྱུར་དུ་རྒུད་པར་འགྱུར། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འཆོར་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །དོན་རྣམས་འཆོར་ཞིང་ལེགས་པར་(༡༥)འགྲུབ་དུས་མེད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འཇིག་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཆོས་དང་འཇིག་རྟེན་ཕུན་ཚོགས་མྱུར་དུ་འཇིག །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །གནོད་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཚད་མཁྲིས་འཕེལ་ཞིང་གཉན་དང་རིམས་ནད་སྤོར། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འགྲིབ་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །མིག་ལ་སོགས་པ་དབང་པོའི་དྭངས་མ་འགྲིབ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འཆོལ་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བག་ཟོན་ཤོར་བས་དགྲ་འདྲེས་གླགས་སྐབས་འཚོལ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །ཉམས་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །གོམ་ཚུགས་འཆོར་བས་ཚེ་དང་སྲོག་ལ་རྒོལ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །ཉེས་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །འཕྲལ་ཕུགས་ཉམས་པའི་བློ་ངན་འདུན་གྲོས་གླེང་། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འཁྲུག་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །འཐབ་རྩོད་འཁྲུགས་ལོང་ཕུང་ཁྲོལ་བཅོམ་བརླག་བྱེད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །མྱོས་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བག་མེད་ཐོ་ཅོ་སྨྱོ་སྤྱོད་སྐྱུར་འགོང་བྱེད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །ཕུང་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །ཕ་མ་བརྡུང་ཞིང་བུ་སྨད་སྡུག་ལ་གཏད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །བག་མེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །སྐྱུགས་ཤིང་འགྱེལ་ལ་ངོ་ཚ་སྦ་གསང་བྲལ། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །གང་ཞིག་འཐུང་ནས་ཁོང་དུ་སོང་མ་ཐག །འཆག་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བཟོ་རིགས་ཡོན་ཏན་འཇིག་རྟེན་བྱ་བ་འཆག །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །འཇིག་རྟེན་དག་ན་ཆང་ལས་སྐྱོན་མང་ལ། །དེ་བས་དམ་ཆོས་སྒྲུབ་ལ་ཉེས་ཆེ་བས། །ཐར་པ་དམ་པ་དོན་དུ་གཉེར་རྣམས་ཀྱིས། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །འཐུང་ནས་བག་མེད་སྲེད་པ་འཕེལ་བ་དང་། །གཉེན་པོ་མེད་པས་བསླབ་གསུམ་འཆོར་བ་དང་། །བཟང་པོའི་གྲགས་པ་ཉམས་པར་འགྱུར་བའི་ཕྱིར། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གང་གིས་འཐུང་བས་འདུ་ཤེས་འགྲིབ་འགྱུར་ཞིང་། །འཆད་དང་ཁ་ཏོན་ཐོས་བསམ་སྒོམ་ལ་སོགས། །དགེ་བའི་སྦྱོར་བ་ཀུན་ལ་གནོད་པས་ན། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གསང་སྔགས་སྒྲུབ་ལའང་ཐབས་ཀྱི་ཡན་ལག་ཙམ། །བག་མེད་མྱོས་པ་ཀུན་ཏུ་དགག་པ་སྟེ། །ངུ་འབོད་གནས་སུ་སྐྱེ་བར་གསུངས་དེའི་ཕྱིར། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གང་ཞིག་ལམ་གྱི་གྲོགས་སུ་བསྟེན་པ་ཡང་། །རླུང་སེམས་གྲུབ་པས་ཉེས་པ་མེད་ཀུན་གྱི། །ཐབས་གྱུར་ཤིན་ཏུ་དབེན་པར་གསང་བས་ན། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །ཐ་མལ་སྐྱེ་བོ་ཀུན་གྱི་ཚོགས་ནང་དུ། །བག་མེད་ཀུན་ཏུ་སྤྱོད་པ་གསང་སྔགས་མིན། །གསང་བ་མངོན་དུ་ཕྱུང་བས་བཀའ་ཆད་འབྱུང་། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གང་ཞིག་འཐུང་བས་དྲན་པ་འཆོལ་འགྱུར་ལ། །བསྐྱེད་རྫོགས་ཐུན་ལས་གཡེལ་ཞིང་གསང་སྒོ་འཆོལ། །ལེགས་པའི་ཆོས་ལས་ཉམས་པས་ངན་འགྲོར་ལྟུང་། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གང་གིས་མྱོས་པས་དད་དང་ངེས་འབྱུང་འགྲིབ། །ཁྲོ་དང་ཚིག་རྩུབ་ཁོང་ངན་ཟུག་རྔུ་འཕེལ། །འཐབ་ཅིང་རྩོད་པས་དམ་ཚིག་ཉམས་པའི་རྒྱུ། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །གང་གིས་འཐུང་བས་བབ་ཅོལ་ཚོགས་རྣམས་སྨྲ། །ཆོས་ལ་བསྟེན་ཡང་ཁོང་ཁྲོས་རང་རྒྱུད་བསྲེག །དམ་པ་རྣམས་(༡༦)ལ་མི་སྙན་སྐུར་པ་འདེབས། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །ཆོས་དང་འཇིག་རྟེན་ཀུན་ལ་སྐྱོན་ཡིན་པས། །བག་མེད་ཆང་ལ་བསྟེན་པ་དམ་པས་དམད། །གང་ཞིག་ཀུན་ལ་ལེགས་པར་སྒྲུབ་འདོད་པས། །མྱོས་བྱེད་ཆང་གི་ཉེས་ཀུན་བཤད་ལ་ཉོན། །མདོར་ན་ཉེས་ཀུན་རྩ་བ་ཆང་ཡིན་ཞེས། །སྔོན་གྱི་དམ་པ་རྣམས་ཀྱིས་ལེགས་པར་བསྟན། །བུམ་པའི་རབས་དེར་ལེགས་པར་གསུངས་དེ་བཞིན། །མྱོས་བྱེད་ཆང་ནི་ལེགས་པར་སྤང་བར་མཛོད། །ཅེས་བརྗོད་པས་ཆང་ལ་སྲེད་པའི་བློ་གྲོས་ངན་པ་སྤངས་ནས་ཆོས་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། ཆང་ནི་དེ་བཞིན་ཉེས་པ་མང་བས་སྤང་དུ་རུང་གི། བུད་མེད་ནི་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པས་བསྟེན་པར་བྱའོ་སྙམ་ནས། དེའི་བསྔགས་པ་སྨྲས་པ།

མཛེས་སྐུ་ཞི་བའི་དཀྱིལ་འཁོར་གང་བ་ལ། །ཡོན་ཏན་ཆེས་བཀྲའི་གཟུགས་བརྙན་ལེགས་བྲིས་པ། །མཁྱེན་བརྩེའི་འོད་དཀར་རི་བོང་འཛིན་གཟུགས་ཅན། །བུད་མེད་དམ་པའི་བསྔགས་པ་བརྗོད་ཀྱིས་གསོན། །རྒྱལ་སྲིད་དགེ་བ་རིན་ཆེན་སྣ་བདུན་གྱི། །ནང་ནས་ཆེས་མཆོག་བུད་མེད་རིན་པོ་ཆེ། །ཐམས་ཅད་ཀུན་ཏུ་བཀྲ་ཤིས་དཔལ་འཕེལ་བས། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །ལུས་ཕྲའི་རྫིང་བུ་ཡིད་འོང་པདྨ་ཅན། །སྲེད་ལྡན་སྐྱེ་བོ་འདུ་བའི་གཞིར་གྱུར་ལ། །རྩེ་དགའི་དུས་སྟོན་བཟང་པོས་རབ་བརྒྱན་པ། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །འཇིག་རྟེན་སྐྱེ་བོ་ཀུན་གྱི་ཚོགས་ནང་དུ། །གང་ཞིག་ཤར་བས་ཕྱོགས་རྣམས་མཛེས་གྱུར་པ། །སྐར་མའི་ནང་ནས་རི་བོང་འཛིན་གཟུགས་བཞིན། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །རབ་མཛེས་དགའ་བ་རྩེ་དགའི་ཆུ་གཏེར་མཆོག །ངང་མོའི་ཁྱུ་ལྡིང་ཡིད་འོང་པདྨོའི་མཚོ། །ན་ཆུང་གཟུགས་བརྙན་འཛིན་དང་མཚུངས་པ་སྙམ། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །གཟུགས་མཛེས་མཆོག་ཏུ་འཕགས་པའི་དགའ་མ་ལ། །གོས་བཟང་རིན་ཆེན་སིལ་ཁྲོལ་མཛེས་པ་ནི། །མཆོད་སྡོང་རིན་ཆེན་དྲྭ་བས་སྤྲས་པ་བཞིན། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །འཛུམ་པའི་བཞིན་ལ་གཡོ་བའི་སྨིན་དཀྱུས་ཅན། །རབ་དཀར་སོ་ཡི་ཕྲེང་བས་མཛེས་གྱུར་པ། །ཀུནྡའི་ཚལ་དུ་ཟླ་ཟེར་ཤར་བ་བཞིན། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །ལུས་ཕྲའི་རྐང་འཐུང་རྣམ་བཀྲའི་ལོ་འདབ་ཅན། །འདོད་ལྡན་རླུང་གིས་བསྐུལ་བའི་གླུ་སྙན་དང་། །ལག་རྩེའི་གར་ལས་མྱོས་ལྡན་འབོད་པ་བཞིན། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །གང་དུ་འདུག་པས་ཕྱོགས་རྣམས་མཛེས་གྱུར་པ། །མཐོ་རིས་བུ་མོ་དགའ་བས་འབྲངས་པ་བཞིན། །སྲེད་ལྡན་རྣམས་ཀྱི་མིག་གི་བདུད་རྩིར་བྱེད། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །གཟུགས་བཟང་ལྟ་ན་སྡུག་ཅིང་ཡིད་འོང་བ། །དུལ་བའི་རང་བཞིན་ངང་ཚུལ་ཕུན་སུམ་ཚོགས། །རྟག་ཏུ་ཚིག་འཇམ་དལ་ཞིང་སྙན་པར་སྨྲ། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །གྲོང་རྣམས་ནང་ན་བུད་མེད་རྒྱན་གྱི་མཆོག །ལམ་(༡༧)སྲང་མཛེས་ཤིང་མྱོས་ལྡན་དགའ་བ་སྐྱེད། །སྙན་པའི་གླུ་ལེན་བསྟོད་པའི་ཚིག་འབྲུ་གསལ། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །ཁྱིམ་གྱི་ལྷ་མོ་ཡིད་འོང་སྐལ་བཟང་སྟེ། །འཇིག་རྟེན་སྲིད་འཕེལ་བུ་ནོར་ཕུན་སུམ་ཚོགས། །གང་ལ་ཅི་དགོས་བཟའ་བཏུང་ལོངས་སྤྱོད་སྟེར། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །གང་ཞིག་ཡོད་པས་དོན་རྣམས་ཕུན་ཚོགས་ཤིང་། །ཕྱི་ནང་སྐྱེ་བོ་ཀུན་གྱིས་བསྟེན་གྱུར་ལ། །ལུས་སེམས་བདེ་བྱེད་ལྷ་ཡི་བཙུན་མོ་བཞིན། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །འཇིག་རྟེན་ནོར་རྣམས་ནང་ནས་བུད་མེད་མཆོག །འདོད་རྒུའི་དོན་རྣམས་སྒྲུབ་ལ་མཁས་པ་དང་། །མཛངས་ཤིང་གསལ་ལ་ལེགས་པ་ཀུན་གྱི་གཞི། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །ཆོས་ལའང་གྲོགས་ཏེ་གསང་སྔགས་ཟབ་མོ་ཡི། །དབང་དང་ལམ་ཟབ་སྙིང་པོའི་དུས་དགོས་ལ། །ལྷ་རྣམས་ཀུན་ལའང་ཡུམ་དང་བཅས་པའི་ཕྱིར། །བུད་མེད་དམ་པའི་ཡོན་ཏན་མཆོག་ཏུ་བསྔགས། །མདོར་ན་ཆོས་དང་འཇིག་རྟེན་གང་ལ་ཡང་། །བུད་མེད་ཡོན་ཏན་རང་བཞིན་རྒྱན་གྱི་མཆོག །ཡིད་འོང་ཕུན་ཚོགས་ལམ་ལ་རབ་གནས་པས། །སྐལ་བཟང་བུད་མེད་དམ་པ་བསྟེན་པ་ལགས། །ཞེས་བརྗོད་པ་དང་། དོན་དེ་ཐར་པ་ཐོབ་པའི་ཚུལ་དང་འགལ་ལ། རེ་ཞིག་འཇིག་རྟེན་ན་ཡང་སྐྱོན་དང་བཅས་པ་མཐོང་ནས། དེ་ལས་ལྡོག་པའི་ཕྱིར་རི་བོང་གི་མཆོག་དེས་སྨྲས་པ།

གང་ཞིག་མཐའ་ཡས་ཉེས་པའི་ཆུ་གཏེར་དུ། །ཐོག་མཐའ་མེད་ནས་རབ་ཞུགས་ཉོན་མོངས་ཅན། །ཉེས་པའི་ཚོགས་རབ་འཕེལ་བའི་བུད་མེད་ལ། །ཉེ་བར་བསྟེན་པའི་ཉེས་ཀུན་བཤད་ཀྱིས་ཉོན། །བུད་མེད་ཅེས་པ་གཡོ་སྒྱུའི་རང་བཞིན་ཏེ། །བསམ་བརྗོད་འཛོལ་ལ་མི་བརྟན་གྱ་གྱུ་མང་། །མིང་ཡང་གཡོན་ཅན་ཞེས་སུ་གྲགས་པ་ཡིན། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ཕྱི་ནང་ཀུན་ཏུ་ཟེར་སྤྱོད་མ་ངེས་པས། །སྨྲ་མཆུ་མང་བས་དོན་མེད་གཟེང་རྩའི་གཞི། །ཕྲག་དོག་ཆེ་བས་མི་སྙན་སྐྱེལ་བསུ་བྱེད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །མཐུན་པར་བསྟེན་ཡང་དགྲར་འགྱུར་མ་ངེས་ལ། །གཞན་དང་རྩོད་བཅས་འཁྲུག་ལོང་དུ་མའི་གཞི། །སེར་སྣ་ཆེ་བས་དགེ་བའི་གེགས་ཤིང་བྱེད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །མཛེས་པར་སྣང་ཡང་གོས་དང་རྒྱན་གྱི་མདངས། །དེ་དང་བྲལ་ན་འཇིགས་ཤིང་སྐྱུགས་བྲོ་བས། །གྱ་གྱུའི་སྒེག་ཆོས་མི་གཙང་འདམ་རྫབ་ཁྲོད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གཞན་ལས་གཡོ་སྒྱུ་ཉོན་མོངས་ཆེ་བས་ན། །ནད་རྣམས་མང་ཞིང་ཁྲོ་དང་རྫུན་ལ་དགའ། །མཐོང་དང་ཐོས་དང་རེག་པས་དུག་རྣམས་ལངས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །སྤྱོད་ལམ་ཕལ་ཆེར་གཞན་སེམས་བསླུ་ཞིང་བསྒྱུར། །རེ་ཞིག་མཛེས་ཀྱང་བརྟགས་ཤིང་མི་ལེགས་པའི། །རང་བཞིན་མཐོང་ནས་སེམས་ཀྱི་ཕྲེང་ཐག་ཆོད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ཐོག་མར་མཐུན་ཡང་བར་དུ་འཐབ་ཅིང་འགྲོགས། །ཐ་མར་འབྲལ་ལ་མྱ་ངན་སྡུག་བསྔལ་སློང་། །བྲན་བཞིན་འབོད་ཀྱང་སེམས་(༡༨)ལ་ཆོག་ཤེས་མེད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །རང་གིས་ཅི་ཡོད་དེ་ལ་གཏད་ན་ཡང་། །དེ་ཡིས་བློ་རྐུན་ལོགས་སུ་སོག་བྲུན་བྱེད། །ཇི་ཙམ་བསགས་ཀྱང་འབྱོར་པའི་དུས་མེད་པ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །བག་མེད་སྐྱེ་བོ་གཞན་དག་སྟེན་བྱེད་པས། །རང་གི་རིགས་ཉམས་ཚེ་དང་སྲོག་ལ་རྒོལ། །གཞན་གྱིས་བསྐྱེད་པའི་བུ་ཚས་ཕན་མི་ཐོགས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ཆུང་མའི་དབང་གྱུར་ཕ་དང་མ་ཡང་གསོད། །བྱམས་པའི་གཉེན་བྲལ་སྡིག་ལ་མི་བྱ་མེད། །འདི་ཕྱི་ཉམས་ཤིང་ཀུན་གྱིས་སྨད་པའི་གནས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གང་ཞིག་ཡོད་པས་ཆུང་དུ་འགྲོ་བའི་ཕྱིར། །ཆུང་མ་ཞེས་བྱའི་མིང་ཡང་དོན་དང་མཐུན། །ཆགས་སྲེད་འཕེལ་ཞིང་ཚེ་སྲོག་གཡོ་བའི་ཕྱིར། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །བཀྲ་ཤིས་འབྱོར་པས་བརྒྱན་པའི་ཁྱིམ་ནང་དུ། །གང་ཞིག་ཞུགས་པས་ཐམས་ཅད་མེད་གྱུར་པ། །ཉེས་བྱེད་འབྱུང་པོས་དཀྲུགས་ཤིང་གཏོར་བ་བཞིན། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གང་རྣམས་མཐུན་ཞིང་མཚོ་ལྟར་མི་གཡོ་བ། །གང་ཞིག་ཞུགས་པས་རླུང་གིས་དཀྲུགས་པ་བཞིན། །གང་དུ་དགྲ་ལྟར་འཐབ་ཅིང་འབྲལ་བར་འགྱུར། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །དང་པོར་ཡིད་འོང་མཐུན་པའི་ལྷ་འདྲ་ཡང་། །བར་དུ་རྩོད་ཅིང་འགྲོགས་པའི་མི་ཡི་ཚུལ། །ཐ་མར་ཟ་བྱེད་བདུད་མོ་མ་རུངས་པ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །དེ་དག་ལ་སོགས་ཉེས་པའི་ཚོགས་མང་བས། །རེ་ཞིག་འཇིག་རྟེན་ན་ཡང་སྐྱོན་ཆགས་ལ། །དམ་ཆོས་སྒྲུབ་ལ་དེ་བས་ཉེས་མང་བས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ཐར་ལམ་བྱང་ཆུབ་ཞི་བ་གཉེར་རྣམས་ཀྱི། །བར་ཆད་བདུད་དུ་གཡོན་ཅན་བུད་མེད་ཆེ། །ཀུན་གྱིས་དམོད་ཅིང་དམ་པའི་ཚུལ་དང་འགལ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གང་ཞིག་ཐོས་བསམ་སྒོམ་ལ་ཞུགས་པ་ཡང་། །གང་དང་འཕྲད་པས་དེ་ལས་ཉམས་འགྱུར་ཞིང་། །མཐོང་དང་མ་མཐོང་རྣམ་སྨིན་དཔག་ཏུ་མེད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གང་ཞིག་གཞན་དོན་བྱེད་པར་ཞུགས་རྣམས་ཀྱང་། །གང་དག་བསྟེན་པས་གྲགས་པ་ཉམས་འགྱུར་ཞིང་། །ཕྲིན་ལས་ཆུང་བས་ཕན་པ་མེད་པར་འགྱུར། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །མཁས་པ་ཡིན་ཡང་ཀུན་གྱིས་དམོད་པ་དང་། །འདུན་པ་ཉམས་པས་གཞན་ལ་ཕན་མི་ཐོགས། །སྤྱོད་པ་དམན་ཕྱིར་ཕལ་པས་བཞད་གད་གནས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །བཙུན་པ་ཡིན་ཡང་འདུལ་ཁྲིམས་ཞིག་པ་ཡིས། །སྲུང་བའི་ལྷས་འདོར་ཀུན་གྱི་ཡིད་མི་འོང་། །ཉེས་པ་ལྕི་བས་འདི་ཕྱིར་སྡུག་བསྔལ་ཐོབ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །བཟང་པོ་ཡིན་ཡང་ཆགས་སྲེད་ཉོན་མོངས་འཕེལ། །ཚེ་འདིར་འཁྲུལ་ཞིང་འདོད་ཡོན་རང་དགར་སྤྱོད། །མིག་རྐྱེན་ངན་པའི་ཉེས་པ་གཞན་ལ་འགོ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །དད་དང་ངེས་འབྱུང་དམ་ཆོས་བརྩོན་པ་ཡང་། །གང་དང་འཕྲད་ན་ཚེ་འདིའི་དབང་སོང་སྟེ། །ཐར་ལམ་སྟོར་བས་གཏན་དུ་འཁོར་བར་འཁྱམས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །བསམ་གཏན་དོན་ལ་ཡང་དག་འཇོག་རྣམས་ཀྱང་། །གང་དང་འཕྲད་པས་ལེགས་པའི་ཆོས་ཉམས་ཏེ། །རི་ངོགས་སྤངས་ཏེ་ས་མཐའི་གྲོང་འདབས་འགྲིམ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །(༡༩)གསང་སྔགས་ལམ་ལའང་རིམ་པ་ཐ་དད་དེ། །ཚངས་སྤྱོད་ལྡན་པ་གསུམ་པའི་རྟེན་མེད་པས། །གྲོལ་ལམ་རང་ལུས་ཡིད་ཀྱི་ཕྱག་རྒྱ་ཙམ། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ཚངས་སྤྱོད་མིན་ཡང་ཐ་མལ་མི་རུང་སྟེ། །ལམ་གྱི་གྲོགས་གྱུར་མཚན་ཉིད་ཚང་བ་དཀོན། །བབ་ཅོལ་བསྟེན་པས་རྣམ་སྨིན་དཔག་ཏུ་མེད། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །ལྷ་རྣམས་ཀུན་ལ་ཡུམ་དང་བཅས་པ་ནི། །སྣང་སྟོང་ཐབས་དང་ཤེས་རབ་ཟུང་འཇུག་བརྡ། །ཐ་མལ་འཇིག་རྟེན་འཁྲུལ་པའི་ལུགས་བཞིན་མིན། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །གང་དང་ཉེ་ལ་སྐྱོན་གྱི་རང་བཞིན་འགོ། །ཆོས་ལ་ཞུགས་ཀྱང་ཐར་ལམ་ཉམས་པའི་རྒྱུ། །བསླབ་གསུམ་སྲུང་སྡོམ་གཉེན་པོའི་རྩལ་འཆོལ་བས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །སྔོན་ནས་ལེགས་པའི་བསོད་ནམས་ཤས་ཆུང་བས། །ཉེས་པ་མེད་ཀྱང་དེ་ཡི་ཤས་འགོ་ཞིང་། །དོན་མེད་སྒྲོ་སྐུར་གཞན་རྐྱེན་སྡིག་པའི་གནས། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་ཏུ་བསད། །དཔལ་གྱི་རི་ལ་ཀླུ་སྒྲུབ་གཤེགས་པ་ཡང་། །གཡོན་ཅན་བུད་མེད་དག་གི་ལེ་ལན་ཡིན། །ཕུང་ཁྲོལ་རྩ་བ་བུད་མེད་སྤང་བར་མཛོད། །མདོར་ན་ཆགས་སྲེད་ཉོན་མོངས་རྒྱ་མཚོའི་གནས། །བརྒལ་དཀའ་འཁོར་བའི་རང་བཞིན་མི་བཟད་པ། །བུད་མེད་གཟུགས་ཅན་ཉེས་པའི་ཆུ་གཏེར་ལ། །དགའ་བ་གང་ལགས་རབ་ཏུ་སྤང་བར་མཛོད། །རྒྱས་པར་དཀོན་མཆོག་བརྩེགས་པ་ལས་བརྒྱ་པ། །མཛང་བླུན་དྲན་པ་ཉེར་གཞག་འདུལ་བ་ལུང་། །དེ་དག་རྣམས་སུ་རྒྱལ་བས་གསུངས་དེ་བཞིན། །བུད་མེད་ཉེས་ཀུན་གཟིགས་ནས་སྤང་བར་མཛོད། །ཅེས་བརྗོད་པས། བུད་མེད་ལ་མངོན་པར་དགའ་བའི་སེམས་དང་བྲལ་ཏེ་ཆོས་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་རབ་ཏུ་བྱུང་བ་དེས་བསམ་པ། བུད་མེད་ནི་དེ་ལྟར་ཉེས་པ་མང་པོའི་གཞིར་གྱུར་པས་སྤང་བར་གདམས་པ་ཤིན་ཏུ་ལེགས་ཀྱི། རང་བཞིན་བག་ཡངས་སུ་སྤྱོད་པའི་དགའ་བ་ནི་ཡོན་ཏན་རིན་པོ་ཆེས་བརྒྱན་པའི་ཕྱིར། རྟག་ཏུ་དེ་ལ་བསྟེན་པ་ཁོ་ནའོ་སྙམ་ནས་བསྔགས་པ་སྨྲས་པ།

དཔག་མེད་དུས་ནས་ལེགས་པའི་ཆུ་གཏེར་དུ། །ཐུགས་རྗེའི་སྤྱན་མཆོག་མེ་ཏོག་རབ་བཀྲ་ཞིང་། །མཁྱེན་བརྩེའི་གཉིས་སྐྱེས་བཟང་པོའི་སྒྲ་འབྱིན་པ། །བློ་གསལ་རི་བོང་བག་ཡངས་བསྔགས་པ་གསོན། །རང་བཞིན་མ་བཅོས་ཇི་བཞིན་ལྷུན་གྲུབ་པས། །སྒོ་གསུམ་གང་དགར་རང་བབ་ལྷུག་པའི་ཚུལ། །གྲུབ་པའི་རྣལ་འབྱོར་པ་རྣམས་རྗེས་འགྲོ་བ། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །སུས་ཀྱང་མ་བཅིངས་རང་དབང་ཐོབ་གྱུར་པས། །གཞན་དང་མི་བསྟུན་སྣང་བ་བདེ་ཡངས་པ། །རང་དགའི་ལམ་ལ་སྤྱོད་པ་ཅི་བདེར་གནས། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །གང་བདེའི་སྤྱོད་པ་མཐོ་རིས་དགའ་བདེའི་གཞི། །གླུ་གར་རྩེད་འཇོ་རང་གཞན་སྐྱིད་པའི་ཚུལ། །དྲན་རྟོག་སྣ་ཚོགས་ཤེས་རབ་རིག་པའི་རྩལ། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །ཆེད་དུ་བསྡམས་པ་སྡུག་བསྔལ་འཆིང་བའི་རྒྱུ། །བཅོས་མའི་སྤྱོད་(༢༠)པ་རང་བཞིན་ཟོག་པོའི་ཚུལ། །མ་བཅོས་ཕྱལ་པ་གནས་ལུགས་གཤིས་ཀྱི་བབས། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །སྐྱིད་སྡུག་ཐམས་ཅད་རང་དབང་གཞན་དབང་སྟེ། །རང་དབང་བག་ཡངས་སྒོ་གསུམ་ལྷུག་པར་གནས། །མ་བཅིངས་རྒྱ་གྲོལ་ཉིན་མཚན་སྣང་བ་བདེ། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །ཆོས་དང་འཇིག་རྟེན་སྣང་བ་ཐམས་ཅད་ལ། །གདོག་པས་རང་བཅིངས་ཡངས་པས་གཞན་འཆིང་བས། །གུ་ཡངས་རང་གྲོལ་སྤྱོད་ལམ་བདེ་ཕྱམ་མེ། །བག་ཡངས་ཡོན་ཏན་བཟང་པོའི་རང་བཞིན་ལགས། །དེ་དག་ལ་སོགས་ལེགས་པའི་ཚུལ་མང་བས། །བག་ཡངས་ལམ་ནི་རབ་ཏུ་བཟང་པོ་སྟེ། །པདྨོའི་མཚོ་རུ་ངང་མོ་འཇུག་པ་ལྟར། །བག་ཡངས་རྫིང་བུར་དགའ་བས་བསྟེན་པར་གྱིས། །ཞེས་བརྗོད་པ་ན། དོན་དེ་རིགས་པ་མ་ཡིན་པའི་ལམ་ལས་ལྡོག་པའི་ཕྱིར། རི་བོང་གི་མཆོག་དེས་སྨྲས་པ།

དམ་པ་རྣམས་དང་དམན་པའི་རང་བཞིན་དག །བག་ཡོད་མེད་པའི་ཁྱད་པར་ཆེ་བ་ཉིད། །རེ་ཞིག་འཇིག་རྟེན་ན་ཡང་གསལ་བར་མངོན། །བག་མེད་ཉེས་ཀུན་མང་བའི་ཚུལ་ལ་ཉོན། །སྒོ་གསུམ་མ་བསྡམས་ཞི་དེས་མི་ལྡན་ལ། །ཀུན་སྤྱོད་རང་ག་གཟུ་ལུམས་སྤྱི་བརྟོལ་ཅན། །ཡ་རབས་དམ་པའི་ཚུལ་དང་འགལ་བས་ན། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །སྤྱོད་ལམ་རྩིང་བས་ངོ་ཚས་མ་བསྡམས་ཤིང་། །གཙང་སྦྲ་མེད་པས་བྲེ་མོའི་གཏམ་མང་བ། །འཇིག་རྟེན་ན་ཡང་སྤྲེའུ་འཛིན་པའི་ལུགས། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །

བཟང་པོའི་སྤྱོད་ཚུལ་དམ་པ་མི་ཤེས་ལ། །མཆོག་རྣམས་བཀུར་བའི་རིམ་པ་མ་མཐོང་ཞིང་། །འདུག་དང་བཟའ་བཏུང་ཚུལ་ཡང་མི་ཤེས་པ། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །འདི་བྱའི་ཚད་མེད་རང་བཞིན་སྨྱོན་པའི་ཚུལ། །དྲན་རྒུ་བརྗོད་ལ་རྩེ་རྒོད་མཆོང་ཞིང་རྒྱུག །ཀུན་རྟོག་རགས་ལ་ཉེ་བར་མ་ཞི་བ། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །གླུ་གར་རྩེད་འཇོ་བྲེ་མོའི་གཏམ་ལ་དགའ། །ཕན་ཚུན་འཛིང་དང་དགོད་དང་རྒྱགས་པ་འཕེལ། །ཆགས་སྲེད་ཉོན་མོངས་ཕྱི་ཕྱིར་ལྡང་གྱུར་པ། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །རྒྱན་པོ་འགྱེད་དང་ལུས་ལ་ལྟ་བ་དང་། །འདུས་པར་དགའ་དང་ཉེ་བར་མ་ཞི་བ། །ཐར་པ་དམ་པའི་ཆོས་ལམ་ཉམས་པའི་རྒྱུ། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །གང་དག་བག་མེད་ལམ་ལ་བསྟེན་གྱུར་པ། །རེ་ཞིག་འཇིག་རྟེན་ན་ཡང་སྨད་པ་སྟེ། །སྐྱེ་བོ་ངན་པ་རྣམས་ཀྱི་གྲལ་དུ་བཞག །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །དམ་ཆོས་སྒྲུབ་ལ་བག་དང་ལྡན་དགོས་ཤིང་། །དམ་པ་རྣམས་ཀྱི་རྗེས་སུ་འཇུག་དགོས་ཕྱིར། །དམ་པས་བག་མེད་དམད་ལ་གདམས་པར་མཛད། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །སྡེ་སྣོད་གསུམ་ཡང་བག་ཡོད་ཞི་དུལ་དེ། །ལུས་སེམས་སྡོམ་ཞིང་ཕྱི་ནང་གཙང་སྦྲ་བསྟེན། །བསླབ་གསུམ་དབང་བྱས་རང་སེམས་འདུལ་བའི་ཕྱིར། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །ཐེག་ཆེན་ལྡན་པའི་ཡོན་ཏན་རླབས་ཆེ་བ། །རང་གཞན་དོན་གཉིས་སྒྲུབ་པར་ཞུགས་རྣམས་ཀྱང་། །རྟག་ཏུ་བག་ཡོད་ལམ་ལ་རབ་བསྟེན་པས། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །གསང་སྔགས་རྒྱལ་པོ་(༢༡)རྡོ་རྗེ་ཐེག་པ་ཡང་། །དམ་ཚིག་སྡོམ་པ་ཞིབ་མོར་ལྷུར་བྱེད་པས། །ཉིན་མཚན་ཀུན་ཏུ་བག་ཡོད་སྙིང་པོར་བྱེད། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །མདོར་ན་ཆོས་དང་འཇིག་རྟེན་ལེགས་རྒུ་ལ། །བག་ཡོད་ཅེས་པའི་མཆོག་དེ་དོན་ཡོད་བྱེད། །བག་མེད་ལེགས་ཀུན་ཉམས་པའི་གཞིར་གསུངས་པས། །བག་མེད་ཉེས་ཀུན་དེང་ནས་སྤང་བར་མཛོད། །རྒྱས་པར་མཛངས་བླུན་སྡོང་པོ་བཀོད་པ་དང་། །བསླབ་པ་ཀུན་ལས་བཏུས་དང་སྤྱོད་འཇུག་སོགས། །བག་ཡོད་བསྟེན་པའི་མདོ་བསྟན་གསུངས་པ་དག །རྒྱ་ཆེར་གཟིགས་ལ་བག་མེད་སྤང་བར་མཛོད། །ཅེས་བརྗོད་པས། བག་མེད་པའི་གནས་ལ་བསྟེན་པ་སྤངས་ཏེ། །ལེགས་པར་ཆོས་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། དེ་ལྟར་སྤང་ཞིང་དོར་བར་བྱ་བའི་ཚུལ་དེ་དག་སླ་མོད་ཀྱི། བླང་ཞིང་བསྒྲུབ་པར་བྱ་བའི་དོན་དེ་དག་བསྟེན་པར་དཀའ་བས། ད་དུང་ལེགས་པར་བརྟག་པར་བྱའོ་སྙམ་པ་ལས། ཐོག་མར་དགེ་བའི་བཤེས་གཉེན་བསྟེན་པར་དཀའ་བའི་ཚུལ་ལ་བསམས་ཏེ་སྨྲས་པ།

ཞི་བའི་མཁའ་ལ་རབ་གསལ་ཐུགས་རྗེའི་དབྱིངས། །ཆོས་དཀར་ཡོན་ཏན་གཟའ་སྐར་ཕྲེང་ཚོགས་ཅན། །ལེགས་པའི་འབྱུང་གནས་རི་བོང་དམ་པ་ལགས། །བཤེས་གཉེན་བསྟེན་པར་དཀའ་བའི་ཚུལ་འདི་གསོན། །དེང་སང་དུས་ངན་ལྔ་བརྒྱའི་ཐ་མ་ལ། །བཤེས་གཉེན་རྣམས་ཀྱང་ཆོས་ལྟར་བཅོས་པ་མང་། །གང་ལ་བསྟེན་ཀྱང་ཕྱོགས་རིས་ཆགས་སྡང་འཕེལ། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་གོས་དཀར་རྣམ་གྲངས་རྒྱ་ཆེ་ཡང་། །འཇིག་རྟེན་མ་སྤངས་ཚེ་འདིའི་དབང་དུ་སོང་། །ཉིན་མཚན་རྟག་ཏུ་རྣམ་གཡེང་འདུ་འཛིས་གཡེངས། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་མཆོག་ཏུ་བཙུན་པར་ཁས་འཆེ་ཡང་། །ཕྲ་མོ་བསྲུང་ཞིང་ཆེན་པོ་ཁྱད་དུ་གསོད། །གཞན་ལ་སྡང་ཟ་རང་རྒྱུད་མ་དུལ་བས། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་བཟང་པོའི་གྲགས་པ་རླབས་ཆེ་བས། །ཆོས་དང་འཇིག་རྟེན་རྨོངས་པའི་ཀུན་སྤྱོད་ལ། །བླུན་པོས་ངོ་མཚར་སྐྱེ་བའི་འབར་རྒྱུག་ཙམ། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལར་ཤེས་བྱའི་ཡོན་ཏན་གྲངས་མང་ཡང་། །ཆོས་བརྒྱད་མ་བྲལ་ང་རྒྱལ་རློམ་སེམས་ཅན། །ཁེངས་ཤིང་མ་དུལ་གཞན་རྒྱུད་འབའ་ཞིག་བསྲེག །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལར་ལེགས་པའི་ཡོན་ཏན་འགས་འབྱོར་ཀྱང་། །འདོད་པས་གདུངས་ལ་སེར་སྣའི་དྲྭ་བས་བཅིངས། །རང་གིས་སྤྱོད་དམ་གཞན་ལ་སྦྱིན་མི་ནུས། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་དབེན་པར་སྒྲུབ་ལ་ཞུགས་ན་ཡང་། །འདུ་ཤེས་ཆུང་ལ་ཕྱོགས་རིས་བདག་ལྟས་ཁེངས། །མདོ་རྒྱུད་མི་ཤེས་ཟབ་མོའི་གནས་ལ་རྨོངས། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལར་རིག་སྔགས་ཡོན་ཏན་ལྡན་ན་ཡང་། །ཆགས་སྲེད་མ་སྤངས་ཁྱིམ་ཐབ་བུ་ཚས་འབྲེལ། །ཀུན་སྤྱོད་ངན་ལ་ཁ་ཁྱེར་ངོ་སོ་མཐོ། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་སྐྱོན་བྲལ་དམ་པར་རློམ་ན་ཡང་། །ཡུན་རིང་བསྟེན་(༢༢)ན་འགལ་འདུའི་གནས་མང་ལ། །གང་ལ་མི་རུང་བྱ་བྱེད་ཤིན་ཏུ་དཀའ། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་ལམ་བཟང་འགྲོ་བའི་དེད་དཔོན་ཡང་། །འགྲོགས་ཤིང་མགུ་དཀའ་ཉེས་པ་ཕྲ་མོའང་འདྲེན། །རྟག་ཏུ་བག་འཁུམས་བརྒྱད་བཀག་རྒྱུན་མི་འཆད། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །ལ་ལ་མཐར་ཐུག་ཐེག་པའི་དོན་མངའ་ཡང་། །ཐུན་མོང་ཐེག་པའི་བསླབ་གསུམ་འགལ་འདུ་ཅན། །བཟང་ངན་བརྟགས་དཀའ་མ་ངེས་ཐེ་ཚོམ་གཞི། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །འཇིག་རྟེན་དག་ན་བཤེས་གཉེན་མི་འདྲ་ཞེས། །གྲགས་པ་དེ་ཡང་དོན་དང་རེ་མཐུན་ཞིག །ཉེ་བར་བསྟེན་ལ་ཟུག་རྔུ་བསྐྱེད་པའི་ཕྱིར། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །མདོར་ན་དེང་སང་འཇིག་རྟེན་གྲགས་ངོ་ན། །མཐོང་ཐོས་གྱུར་པའི་བཤེས་གཉེན་ཐམས་ཅད་ལ། །སོ་སོའི་སྐྱོན་རེས་གོས་པར་མཐོང་བའི་ཕྱིར། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། །གང་ཞིག་ཀུན་གྱིས་མཐོང་བར་མ་གྱུར་པར། །སྦས་པའི་བཤེས་གཉེན་དམ་པ་འགའ་སྲིད་ནའང་། །བསྟེན་པར་འོས་ཏེ་རྙེད་པའི་གོ་སྐབས་དཀོན། །དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་དཀའ། ཞེས་བརྗོད་པ་ན། དོན་དེ་ལོག་པའི་ལྟ་བ་ངན་པའི་མུར་ལྷུང་བས་ན། དེ་ལས་ལྡོག་པའི་ཕྱིར་རི་བོང་གི་མཆོག་དེས་སྨྲས་པ།

དུས་གསུམ་སྔ་ཕྱིར་གཤེགས་པའི་རྒྱལ་བ་དང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་འགྲོ་བའི་ཡབ། །གྲུབ་མཆོག་རྣམས་ཀྱི་ཡོན་ཏན་ཇི་སྙེད་པ། །དགེ་བའི་བཤེས་ལས་བྱུང་ཕྱིར་ཡོན་ཏན་ཉོན། །སྔོན་དུས་གདུལ་བྱ་ལས་རབ་དག་རྣམས་ལ། །རྒྱལ་བ་དངོས་དང་འཕགས་རྣམས་འདྲེན་པར་གྱུར། །སྐྱེ་བོ་དག་པའི་སྣང་བ་རྒྱ་ཆེ་བས། །འབྲས་བུའི་དུས་དེར་གྲོལ་བ་མང་བ་ལགས། །དེང་སང་སྙིགས་མའི་གདུལ་བྱ་ལོག་རྟོག་རགས། །རྒྱལ་བ་བྱོན་ཡང་ཐུལ་བར་མ་གཟིགས་པས། །དགེ་བའི་བཤེས་སུ་སྤྲུལ་ནས་འདུལ་བར་གསུངས། །དེ་ཕྱིར་དག་པའི་སྣང་བ་རྒྱ་སྐྱེད་ཅིག །སྙིགས་དུས་འགྲོ་ཀུན་ལས་ཀྱིས་བསྒྲིབས་གྱུར་པས། །སྐྱོན་བྲལ་རྒྱལ་བ་བྱོན་ན་མི་མཐོང་ཕྱིར། །སྐྱོན་ཡོན་འདྲེས་མར་སྣང་ཚུལ་དགེ་བའི་བཤེས། །གང་མོས་གཟུགས་ཀྱིས་གདུལ་བྱ་འདུལ་བ་ལགས། །རང་རྒྱུད་དག་ན་ཀུན་ཀྱང་དག་མཐོང་ལ། །མ་དག་སྣང་ངོར་ཀུན་ཀྱང་སྐྱོན་བཅས་མཐོང་། །བད་ཀན་མིག་སེར་ཡོད་མེད་བྱེ་བྲག་གིས། །དུང་གཅིག་དཀར་སེར་ཐ་དད་མཐོང་ལ་ལྟོས། །གཞན་ལ་སྐྱོན་མཐོང་དེ་ཀུན་རང་གི་སྐྱོན། །བཞིན་དང་མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཁམས་གསུམ་རིགས་དྲུག་སྲིད་པའི་སེམས་ཅན་ཀུན། །རང་སྐྱོན་མ་དག་འཁོར་བའི་འཁྲུལ་སྣང་ལྟོས། །བཟང་པོའི་ཡོན་ཏན་ཅན་ལའང་སྐྱོན་མཐོང་ན། །གཞན་ལྟ་ཅི་སྨོས་དེང་སང་སྐལ་བ་ངན། །ཡང་དག་དགེ་བའི་བཤེས་ལ་སྐྱོན་སྨྲ་ན། །གང་ཡིན་དེ་ཀུན་ཐར་ལམ་བྱང་ཆུབ་བྲལ། །དེང་འདིར་ཞི་བ་བྱང་ཆུབ་གཉེར་རྣམས་ཀྱིས། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་བསྟེན། །སྐྱོན་ལ་མི་བརྟགས་ཡོན་ཏན་རྗེས་དྲན་པས། །དམ་པ་རྣམས་ཀྱི་རྗེས་(༢༣)སུ་འབྲང་བར་བྱ། །སྐྱེས་བུ་དམ་པ་རྣམས་ལ་གང་མངའ་བའི། །སྐྱོན་ནི་བརྫུན་ལ་ཡོན་ཏན་བདེན་པའི་ཕྱིར། །བློ་ཡི་སྟོབས་ཀྱིས་ཉེས་པ་ཟིལ་གནོན་པས། །ལྷག་པའི་སེམས་ཀྱིས་དགེ་བའི་བཤེས་ལ་བསྟེན། །སྐྱེ་རྒུའི་བླ་མ་དགེ་བའི་བཤེས་གཉེན་ལ། །རྒྱལ་བ་དངོས་ཀྱི་འདུ་ཤེས་ཉེར་བཞག་ཅིང་། །བཀའ་དྲིན་ལྷག་པར་གུས་པ་ཆེར་བསྐྱེད་ཅིང་། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །འཇིག་རྟེན་ཀུན་ན་མཁས་པར་གྲགས་པ་དཀོན། །ཚིག་རེའི་གནས་ཀྱང་སློབ་པའི་དཀའ་ལས་ལྟོས། །ཚིག་དོན་མཁས་པའི་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །བཙུན་པའི་གནས་ཀྱང་དེ་བས་བྱ་དཀའ་སྟེ། །ཉིན་རེ་བསྙེན་གནས་བསྲུང་བའི་དཀའ་བ་ལྟོས། །རྟག་ཏུ་ཚངས་སྤྱོད་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །བཟང་པོར་གྲགས་པ་དེ་བས་མཆོག་ཏུ་དཀོན། །ཚེ་འདིའི་ཆགས་སྡང་སྤང་བར་དཀའ་བ་ལྟོས། །གཟུང་འཛིན་འཁྲུལ་ཞིག་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །སྣ་ཚོགས་ཡོན་ཏན་ཕྱོགས་མེད་མཆོག་ཏུ་དཀོན། །ཕྱོགས་རེའི་གནས་ལ་སློབ་པའི་དཀའ་བ་ལྟོས། །མཁྱེན་རབ་ཚད་མེད་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །གཞན་ཕན་ཡོན་ཏན་གནས་རེའང་མཆོག་ཏུ་དཀོན། །ཤེས་ཀྱང་གཞན་ལ་ཕན་པའི་དཀའ་བ་ལྟོས། །རླབས་ཆེན་ཕན་ཐོགས་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དབེན་པའི་གནས་སུ་ཞི་བ་སྒྲུབ་པ་དཀོན། །རྣམ་གཡེང་འདུ་འཛི་སྤང་བར་དཀའ་བ་ལྟོས། །གཅིག་པུར་གནས་པའི་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །རིག་སྔགས་བརྟུལ་ཞུགས་གྲུབ་པ་རབ་ཏུ་དཀོན། །བགེགས་རིགས་འབྱུང་པོ་འདུལ་དཀའི་དོན་ལ་ལྟོས། །བསྐྱེད་རྫོགས་ཟུང་འཇུག་ཡོན་ཏན་དྲན་མཛོད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པའི་རང་བཞིན་གཟིགས་པ་རྒྱང་རིང་བས། །དགོས་པའི་དབང་གིས་དོན་གཉིས་སྒྲུབ་པ་ལ། །འགལ་འདུར་སྣང་བ་རང་སྐྱོན་འཁྲུལ་པ་ཡིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པ་ཉིད་ནི་བློ་ཆེན་མགུ་དཀའ་ལ། །ཐ་མལ་སྤྱོད་དང་མི་མཐུན་འགྲོགས་དཀའ་ཞིང་། །རྟག་ཏུ་བག་འཁུམས་ལེགས་པའི་ཡོན་ཏན་ཡིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །གཞན་དོན་བརྩེ་བ་ཅན་རྣམས་གདུལ་བྱ་ཡི། །ཆོས་དང་འཇིག་རྟེན་ནོར་བ་ཆེར་དགག་ཕྱིར། ཆུང་ངུ་འགོག་ཅིང་ཚར་གཅོད་རྗེས་སུ་འཛིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །སྐྱེ་བོ་དམ་པ་རྣམས་ནི་ཐུགས་བརྩེ་བས། །ཉེ་འཁོར་གདུལ་བྱ་འདི་ལྟར་བསྐྱང་བྱའི་ཕྱིར། །རྩུབ་མོས་གདམས་ཀྱང་འདི་ལྟར་ཞི་བ་ལགས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པའི་མཛད་སྤྱོད་རྟག་ཏུ་གཞན་གྱི་དོན། །ཕྲིན་ལས་རྣམ་བཞིའི་རྗེས་སུ་མཐུན་པར་འཇུག །གང་མཛད་གནས་ཀུན་ལེགས་པ་དམ་པ་ཡིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པའི་རང་བཞིན་རྟག་ཏུ་དགེ་བ་སྟེ། །ཇི་ལྟར་མཛད་ཀྱང་དགེ་བ་འབའ་ཞིག་འབྱུང་། །མིག་རྒྱང་ཐུང་ངུས་འགལ་འདུར་རྟོག་པ་ནོར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །ཐེག་པའི་རྩེ་མོར་སོན་པའི་དམ་པ་ལ། །བསླབ་གསུམ་གོང་མར་ཡོན་ཏན་ཀུན་འདུ་བས། །(༢༤)ཐུན་མོང་ཉེས་མེད་འགལ་འདུའི་ལོག་ལྟ་དོར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །ཐུན་མོང་ལམ་ཞུགས་ཐུན་མོང་འགལ་བ་སྐྱོན། །ཐེག་མཆོག་ཞུགས་རྣམས་མཆོག་དང་འགལ་བ་སྐྱོན། །མཆོག་དང་ཐུན་མོང་འགལ་འདུ་མི་གནས་པས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །མདོར་ན་དེང་སང་རང་རང་ཡོན་ཏན་གྱིས། །འགྲོ་དོན་མཛད་རྣམས་ངོ་མཚར་སྤྲུལ་པའི་རིགས། །རྒྱལ་བའི་རྣམ་སྤྲུལ་མཆོག་ཏུ་གུས་བསྐྱེད་ལ། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །རང་ཉིད་ལེགས་པ་གང་ཞིག་གཉེར་འདོད་པས། །དེ་ཉིད་ལྡན་ན་དེ་དོན་གཉེར་སླད་དུ། །གུས་པས་རྟག་བསྟེན་སྐྱོན་ལ་ལྟ་བ་དོར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །ཆུ་བོ་བརྒལ་ཕྱིར་མཉན་པར་བསྟེན་པ་ལྟར། །སྲིད་མཚོ་བརྒལ་ཕྱིར་བླ་མར་བསྟེན་པ་དང་། །བཀའ་བཞིན་སྒྲུབ་ལ་མི་མཉེས་པ་རྣམས་སྤང་། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པར་ཉེ་བ་གནོད་པའི་གཞིར་མཐོང་ནས། །བཤེས་གཉེན་རང་བཞིན་མེ་དང་འདྲ་བརྗོད་པ། །དེ་དག་བདུད་ཀྱིས་བྱིན་བརླབས་གསང་ཚིག་ཡིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པ་རྣམས་ནི་གང་དང་ཉེ་བ་ན། །དེ་ཡི་ཡོན་ཏན་ལྷག་པར་དེར་འགོ་སྟེ། །རི་རབ་གསེར་གྱི་རི་ལ་བྱ་གནས་བཞིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །ཐར་པ་འདོད་པས་དམ་པ་ཉེ་བར་བསྟེན། །འབྲལ་བ་མེད་པར་བཀུར་སྟི་སྲི་ཞུ་བྱ། །དེ་ཡིས་བྱིན་རླབས་ཡོན་ཏན་དངོས་སུ་འཇུག །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དེང་སང་དམ་པ་མངོན་དུ་གྱུར་རྣམས་ལའང་། །སྣ་ཚོགས་སྐྱོན་མཐོང་བསྟེན་པར་མི་འདོད་ན། །སྦས་པའི་དམ་པས་སུ་ལ་ཅི་ཞིག་ཕན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །གལ་ཏེ་སྦས་པར་བསྟེན་དུ་ཆུག་ན་ཡང་། །རང་སེམས་མ་དག་དེ་ལ་སྐྱོན་མཐོང་ངེས། །ད་ལྟའི་རྣམས་དང་སྐྱོན་ཡོན་མཚུངས་པས་ན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །གང་ཞིག་རང་ལས་ཡོན་ཏན་ལྷག་གྱུར་པ། །དེ་ཉིད་བཀུར་འོས་དམ་པའི་རིགས་ཡིན་ལ། །ཡོན་ཏན་མང་ལྡན་ཀུན་གྱིས་ཕྱག་བྱའི་འོས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །གང་ལ་དམ་ཆོས་ཡོན་ཏན་ལྷག་གྱུར་པ། །འཇིག་རྟེན་སྐྱོན་གྱིས་བརྫི་བར་མི་ནུས་ཏེ། །ཆོས་མཆོག་ཡོན་ཏན་འཇིག་རྟེན་སྤངས་དེའི་ཕྱིར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །རེ་ཞིག་སྐྱོན་དང་ཡོན་ཏན་རྣམས་འདྲེས་ཀྱང་། །ཡོན་ཏན་ཕྱིར་དུ་དེ་ལ་བསྟེན་འོས་ཏེ། །འཇིག་རྟེན་བཟོ་རིག་ཡོན་ཏན་བསླབ་པ་བཞིན། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དམ་པའི་སྐྱོན་ཡོན་མཐོང་བ་རང་གི་སེམས། །སྤེལ་མར་ཤེས་པས་དག་པའི་སྣང་བ་སྦྱང་། །མ་དག་ལོག་པར་ལྟ་བ་རྣམ་པར་དོར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །དེ་ལྟར་སྣ་ཚོགས་ཐབས་ཚུལ་དུ་མ་ཡིས། །རང་སེམས་དག་པའི་སྣང་བ་རྒྱ་བསྐྱེད་ལ། །ཐར་པ་དམ་པའི་ལམ་བཟང་བསྒྲུབ་པའི་ཕྱིར། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་ལ་བསྟེན། །ཞེས་བརྗོད་པས། དམ་པ་རྣམས་ལ་སྐྱོན་དུ་ལྟ་བ་སྤངས་ནས། དགེ་བའི་བཤེས་གཉེན་བསྟེན་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་པ་ལགས་མོད་ཀྱི། དད་པ་ནི་མཆོག་ཏུ་བྱ་དཀའ་བས་བསྟེན་པར་མི་ནུས་སོ་སྙམ་ནས་སྨྲས་པ།

རབ་མཛེས་མཆོག་ཏུ་ཞི་བའི་གངས་རི་ལ། །ཡོན་ཏན་ཆོས་དཀར་(༢༥)སྣང་བ་རྒྱ་ཆེ་བས། །མ་ལུས་ཕྱོགས་ཀྱི་མཐར་ཁྱབ་རི་བོང་མཆོག །དད་པའི་རང་བཞིན་སྐྱེ་བར་དཀའ་བས་གསོན། །སྔོན་ནས་གོམས་པའི་རང་བཞིན་ཆུང་བ་དང་། །ཚེ་འདིར་དད་པའི་ཡུལ་ཡང་ཉུང་བ་དང་། །རྟོག་པའི་རྐྱེན་ཡང་ཤིན་ཏུ་མང་བས་ན། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །དང་བའི་དད་པ་མཆོག་གསུམ་ཡུལ་ཅན་ཡང་། །སངས་རྒྱས་སྐུ་གཟུགས་ཙམ་སྟེ་མཐོང་མི་ནུས། །གཟུགས་བརྙན་བེམས་པོ་གཞན་དང་ཁྱད་ཅི་ཡོད། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །ཆོས་ཀྱང་ལུང་རྣམས་ཚིག་སྟེ་བེམས་པོ་དངོས། །རྟོགས་པ་བསྐལ་དོན་གཞན་ཡིན་མངོན་མ་གྱུར། །བརྟགས་ཤིང་དཔྱད་ན་དོན་སྤྱིའི་རྣམ་པ་ཙམ། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །བེམས་པོའི་རང་བཞིན་ཡི་གེའི་གླེགས་བམ་ཡང་། །གཙུག་ལག་ཁང་རྣམས་རྙིངས་པས་འོ་བརྒྱལ་ལ། །བཀུར་སྟི་མེད་པས་དད་པའི་ཡུལ་མ་གྱུར། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །དགེ་འདུན་རྣམས་ཀྱང་མ་བརྟགས་གཟུགས་བརྙན་ཙམ། །བརྟགས་ཤིང་དཔྱད་ན་སོ་སོའི་སྐྱོན་མང་བས། །གྲོང་བའི་སྐྱེ་བོ་ཕལ་དང་མཚུངས་པ་སྙམ། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །ཆེ་ཆུང་ཀུན་ལ་གནས་དང་ལོངས་སྤྱོད་དང་། །སོ་ནམ་ཁེ་སྤོགས་འདོད་ཡོན་མི་དགོས་མེད། །སྡེ་ཚན་ཆགས་སྡང་ཉོན་མོངས་ཆགས་སྲེད་འཕེལ། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །འདོད་པའི་དད་པ་འཁོར་འདས་བླང་དོར་དེ། །བདེན་བཞིའི་འདོར་ལེན་དེང་སང་བྱེད་པ་དཀོན། །ཐམས་ཅད་ཚེ་འདིའི་བདེ་བ་གཉེར་བའི་ཕྱིར། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །འཁོར་བའི་གནས་ནའང་ལྷ་མིའི་བདེ་མཆིས་ལ། །ཞི་བ་སྒྲུབ་ལ་དཀའ་སྤྱད་སྡུག་བསྔལ་མང་། །འཁོར་འདས་བདེན་བཞིའི་དབྱེ་བ་བརྟག་དཀའ་བས། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །ཡིད་ཆེས་དད་པ་དཀར་ནག་རྒྱུ་འབྲས་ཏེ། །ཆོས་ལམ་སྒྲུབ་པ་ཀུན་ཀྱང་ལྡོག་པས་ན། །ཀུན་གྱི་ཡིད་ཆེས་ཡུལ་དུ་ཇི་ལྟར་གཟུང་། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །མི་དགེ་སྤྱོད་རྣམས་ཚེ་རིང་དཔལ་འཕེལ་ལ། །དགེ་བ་ཅན་དག་དེ་ལས་ལོག་མཐོང་ནས། །ཕན་ཚུན་འཆོལ་བས་རྒྱུ་འབྲས་ཡིད་ཆེས་གང་། །ཡང་དག་དད་པའི་རང་བཞིན་སྐྱེ་བ་དཀའ། །མདོར་ན་དད་པའི་ཡུལ་རྣམས་རྙེད་དཀའ་ལ། །ཀུན་གྱི་ཡིད་ཆེས་ཚད་མར་མ་གྱུར་པས། །དེ་ལ་བསྟེན་པའི་དད་པ་ཇི་ལྟར་རུང་། །དེ་ཕྱིར་དད་པའི་རང་བཞིན་སྐྱེ་བར་དཀའ། །ཞེས་བརྗོད་པ་ན། དོན་དེ་ཉིད་དམ་པ་དག་གིས་དམད་པས་དེ་ལས་རབ་ཏུ་ལྡོག་པའི་ཕྱིར། རི་བོང་གི་མཆོག་དེས་སྨྲས་པ།

ཡོན་ཏན་རབ་བསགས་ཡིད་འོང་འཕགས་པའི་ནོར། །གང་ཞིག་ཡོད་པས་ལེགས་པ་ཀུན་འབྱུང་ཞིང་། །ཉེས་སྤོང་ཞི་བ་ཐར་པ་དམ་པའི་ལམ། །ཆོས་དཀར་རབ་བཟང་དད་པའི་བསྔགས་པ་ཉོན། །རྒྱལ་བ་རྣམས་ནི་དུས་ཀུན་བཞུགས་གྱུར་པས། །སྐྱེ་རྒུ་རྣམས་ལ་ཉིན་མཚན་རྟག་ཏུ་གཟིགས། །ཕན་བདེའི་ལམ་ལ་འགོད་པའི་ཕྲིན་ལས་མཛད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །བདེ་གཤེགས་གཟུགས་བརྙན་(༢༦)ཐམས་ཅད་བཟོ་སྤྲུལ་པ། །རྒྱལ་བས་བྱིན་བརླབས་འགྲོ་ཀུན་མཆོད་པའི་ཞིང་། །བེམས་པོ་གཞན་དང་འགྲན་དུ་ཡོད་མ་ལགས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །ཆོས་དཀར་དམ་པ་བསྐལ་དོན་གཞན་དེ་ཡང་། །དམ་པ་རྣམས་ཀྱི་གསུང་དང་ཐུགས་ལ་གནས། །བསྟན་པའི་རང་བཞིན་འགྲོ་ལ་མངོན་གྱུར་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །གླེགས་བམ་ཡི་གེའི་གཟུགས་ཀྱང་སྤྲུལ་པར་གསུངས། །ལེགས་པའི་ལམ་སྟོན་བླང་དོར་མིག་འབྱེད་པའི། །འགྲོ་བའི་དཀར་པོ་རྣམ་པར་འཕེལ་བྱེད་ཡིན། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དགེ་འདུན་རང་བཞིན་རྒྱ་མཚོ་ལྟ་བུ་སྟེ། །ཚུ་རོལ་མཐོང་བ་རྣམས་ཀྱིས་བརྟག་བྱ་མིན། །ལྷར་བཅས་འགྲོ་ཀུན་བསོད་ནམས་ཞིང་གི་མཆོག །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །འདོད་པའི་ཁམས་འདིར་བརྟེན་པའི་འགྲོ་ཀུན་ལ། །ཁམས་ཀྱི་ཟས་དང་བཏུང་བས་འཚོ་དགོས་པས། །ནོར་དང་རྫས་ལ་སྲེད་པ་སྣང་ན་ཡང་། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །སྔོན་དུས་གྲོང་རྣམས་དད་ལྡན་སྐྱེ་བོས་གང་། །བསོད་སྙོམས་སྤྱོད་པས་འཚོ་བར་གྱུར་མོད་ཀྱི། །དེང་སང་ནུས་མིན་རང་ལ་བདོག་པས་འཚོ། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །རབ་ཏུ་བྱུང་ལ་ཕལ་པའི་སྐྱོན་ཆགས་ཀྱང་། །དགེ་བའི་བག་ཆགས་བཟང་པོ་རྗེས་འབྲེལ་བས། །ཐོས་བསམ་སྒོམ་དང་ཁ་ཏོན་ལ་སོགས་སྤྱོད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དག་སྣང་ཚུལ་ཁྲིམས་དམན་ཞིང་ཉམས་གྱུར་ཀྱང་། །བསྐལ་པཟང་འདི་ཡི་འདྲེན་པ་ཐ་མའི་ཚེ། །མོས་པའི་བསྟན་ལ་གྲོལ་བ་ཐོབ་པར་གསུངས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །རྒྱལ་བའི་ཉན་ཐོས་མཆོག་ཏུ་ཉམས་གྱུར་ཀྱང་། །སྐྱེས་ཕལ་རྣམས་ལས་འབུམ་འགྱུར་གྱིས་འཕགས་པ། །མེ་ཏོག་ཙམ་པའི་དཔེ་ཡིས་གསུངས་དེ་བཞིན། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དེང་སང་ཚུལ་བཞིན་སྤྱོད་པ་ཉུང་ན་ཡང་། །འཁོར་འདས་བདེན་བཞི་བླང་དོར་ཚད་མར་གནས། །འདི་ལ་ཐེ་ཚོམ་ནོར་བའི་བློ་ཡིན་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །འཁོར་བའི་བདེ་འབྲས་འགྱུར་བའི་སྡུག་བསྔལ་ཏེ། །ཐར་ལམ་དཀའ་སྤྱད་བདེ་ཆེན་དམ་པའི་ལམ། །མཐར་ཐུག་བདེ་དང་སྡུག་བསྔལ་ཁྱད་ཡོད་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དཀར་ནག་ལས་ནི་བདེ་སྡུག་ཡིད་ཆེས་གནས། །གང་དག་ལྡོག་ནས་སུ་སྤྱོད་དམན་པར་འགྲོ། །དམ་པ་རྣམས་ནི་ཚུལ་དང་འགལ་མི་བྱེད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དགེ་སྤྱོད་སྡུག་ལ་སྡིག་སྤྱོད་སྐྱིད་མཐོང་བ། །ད་ལྟའི་གང་ཡིན་སྔོན་གྱི་ལས་ཡིན་ལ། །ད་ལྟའི་ལས་ཀྱིས་ཕྱི་མར་བདེ་སྡུག་བྱེད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །མི་དགེ་སྤྱོད་རྣམས་ཚེ་འདིར་བདེ་བ་གང་། །སྔོན་ལས་དགེ་བའི་ལྷག་མ་ཙམ་ཞིག་ཡིན། །ད་ལྟའི་སྡིག་པས་ཕྱི་མ་ངན་འགྲོར་ལྟུང་། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དགེ་བ་ཅན་ཡང་ཚེ་འདིར་སྡུག་པ་མང་། །སྔོན་ལས་མི་དགེའི་ལྷག་མའི་རྣམ་སྨིན་ཡིན། །ད་ལྟའི་དགེ་བས་ཕྱི་མའི་བདེ་བ་ཐོབ། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །མདོར་ན་དད་པའི་ཡུལ་གང་དག་པ་ལ། །མ་དད་ལོག་པར་རྟོག་པ་བདུད་ཀྱི་ལས། །ངན་པ་སྤངས་ལ་དག་སྣང་རྒྱ་བསྐྱེད་ལ། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །གང་ཞིག་ལྷ་མིའི་ནང་ནས་མཆོག་རྣམས་ལ། །(༢༧)དད་པའི་གོས་བཟང་རིན་ཆེན་རྒྱན་ཕྲེང་མཛེས། །དམན་པ་རྣམས་ལ་ཅུང་ཟད་མེད་པས་ན། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །གང་ལ་དད་པ་མེད་ལ་ཆོས་སྐལ་བྲལ། །འཕགས་པའི་རིགས་ཉམས་ཐར་ལམ་བྱང་ཆུབ་མེད། །སྲིད་མཚོར་འཁྱམས་ཤིང་རྟག་ཏུ་བདེ་བས་ཕོངས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་ནོར་རྣམས་ནང་ནས་རིན་པོ་ཆེ། །འདི་ཕྱིའི་ལེགས་པ་གང་ཡིན་ཆར་འབབས་པས། །ཀླུ་དབང་ཡིད་བཞིན་དབང་བའི་མཆོག་ལས་འཕགས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་ཟས་རྣམས་ནང་ནས་བདེ་བའི་ཟས། །ཏིང་འཛིན་ཡིད་བཞིན་དགའ་བ་སྐྱེད་པས་ན། །འདོད་པའི་བཟའ་བཏུང་ཀུན་ལས་ཁྱད་པར་འཕགས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པའི་གོས་རྣམས་ནང་ནས་མཆོག་གི་གོས། །ངོ་ཚ་ཁྲེལ་ཡོད་བག་དང་རབ་ལྡན་པས། །ལྷ་མིའི་གོས་མཆོག་དམ་པས་ཆར་མི་ཕོད། །དད་པའི་རང་བཞིན་བཟང་པོའི་སྐྱེད་པར་མཛོད། །དད་པ་རྒྱན་རྣམས་ནང་ནས་མཛེས་པའི་མཆོག །ཡོན་ཏན་རང་བཞིན་སྐྱེ་བོ་དམ་པ་མཚོན། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་གནས་རྣམས་ནང་ནས་ཀུན་གྱི་མཆོག །དམ་པའི་བསྟི་གནས་ཡིད་བཞིན་མཚུངས་པ་མེད། །ལྷ་མིའི་ཁང་བཟང་མཆོག་རྣམས་ཀུན་ལས་འཕགས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་གྲོགས་རྣམས་ནང་ནས་མཆོག་གི་གྲོགས། །ཚེ་རབས་བགྲགས་ཀྱང་རྟག་ཏུ་འབྲལ་མི་ཤེས། །སྐྱོ་ངལ་མེད་པས་རྟག་ཏུ་ཕན་བདེ་བྱེད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་འཁོར་རྣམས་ནང་ནས་ཉེ་བའི་འཁོར། །རྨི་ལམ་ན་ཡང་བདག་གི་རྗེས་སུ་བྱེད། །ཅི་འདོད་སྒྲུབ་ལ་དགེ་བའི་ལས་སུ་བྱེད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་གཉེན་རྣམས་ནང་ནས་ཉེ་བའི་གཉེན། །ལེགས་པ་སྟོན་ཅིང་ཉེས་པ་འགོག་པ་དང་། །དགེ་བའི་ཕྱོགས་ལ་གྲོགས་དང་དོན་བྱེད་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་བཤེས་རྣམས་ནང་ནས་མཛའ་བའི་བཤེས། །མཆོག་ཏུ་ཉེ་ཞིང་རང་སྣང་ཆོས་ལ་བསྒྱུར། །བདེ་སྡུག་ཀུན་གྱི་དུས་སུ་བསྡོངས་པས་ན། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་མགོན་རྣམས་ནང་ནས་སྐྱབས་ཀྱི་མཆོག །ངན་འགྲོ་འགོག་ཅིང་མཐོ་རིས་དགའ་བདེ་སྟེར། །འཁོར་བ་སྤངས་ཤིང་མྱ་ངན་འདས་ལ་འགོད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་སྟོན་པའི་ནང་ནས་རླབས་པོ་ཆེ། །གང་ཞིག་ཡོད་པས་ལེགས་པ་ཀུན་བསྒྲུབས་ནས། །མཐར་ཐུག་རྒྱལ་བའི་འབྱོར་པས་མཛེས་པར་བྱེད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པ་ཆོས་རྣམས་ནང་ནས་རྩ་བ་སྟེ། །དམ་པ་རྣམས་ཀྱི་ལམ་བསང་ཤིང་རྟ་ཆེ། །འདི་ཕྱིར་ལེགས་པ་ཀུན་གྱི་གཞི་ཡིན་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །དད་པའི་ཡོན་ཏན་བསྔགས་པའི་གཏེར་མཛོད་ལ། །དད་ལྡན་རྣམས་ཀྱིས་རྟག་ཏུ་བསྟེན་བྱ་ཞིང་། །དད་པའི་ཡུལ་ལ་དང་བའི་སེམས་ལྡན་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །ཅེས་བརྗོད་པས། དམ་པ་རྣམས་ལ་མཆོག་ཏུ་གུས་པས། དད་པའི་རང་བཞིན་བཟང་པོ་བསྐྱེད་པ་ལ་མོས་པར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། དེ་ལྟར་དད་པའི་ལམ་ལ་(༢༨)བསྟེན་པ་ནི་མཆོག་ཏུ་སྐལ་བ་བཟང་བས་བླང་བར་རུང་གི། བརྩོན་འགྲུས་ནི་བྱ་དཀའ་བས་སྒྲུབ་པར་མི་ནུས་སོ་སྙམ་ནས་སྨྲས་པ།

འདོད་ལྡན་བདུད་རྩིའི་བདག་པོ་སྐྱེ་རྒུའི་གཉེན། །རིག་བྱེད་དགེ་བ་གང་ལས་འབྱུང་བ་བཞིན། །སྐལ་བཟང་ཡོན་ཏན་ཀུན་འབྱུང་རི་བོང་མཆོག །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བས་གསོན། །གང་ལ་བརྩོན་ཡང་ཐུག་མཐའ་མེད་པ་དང་། །ཇི་ཙམ་བརྩོན་ཡང་ཟིན་པ་མེད་པ་དང་། །ལེགས་པར་བརྩོན་ཡང་ཉེས་པ་འགའ་སྲིད་པས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །གང་ཞིག་བརྩོན་པས་ཉེས་པ་བྱས་པ་བཞིན། །ལེ་ལོ་ཅན་རྣམས་ཡོན་ཏན་འཕེལ་གྱུར་པ། །འཇིག་རྟེན་འདི་ན་གསལ་བར་མངོན་པས་ཀྱང་། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །གང་ལ་བརྩོན་པས་བཟའ་བཏུང་འཚོ་གོས་ཙམ། །ལེ་ལོར་གནས་ཀྱང་རང་བཞིན་བབས་ཀྱིས་འབྱུང་། །ཕུགས་སུ་དོན་མཚུངས་འབྲས་བུ་དལ་བ་མེད། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །གང་ཞིག་ཆོས་ལའང་རྣམ་པ་མཚུངས་པ་དང་། །འགའ་ཞིག་ཆ་བེབས་རང་བཞིན་གནས་པ་དང་། །བརྩོན་པ་མེད་ཀྱང་ཀུན་གྱིས་མཆོག་འཛིན་པས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །སྔོན་ནས་གོམས་པའི་རང་བཞིན་རླབས་ཆུང་ལ། །ཚེ་འདིར་འཁྲུལ་པའི་སྣང་བ་གྲངས་མང་ཞིང་། །ལེ་ལོ་གསུམ་ཡང་རྟག་ཏུ་འབྱུང་ཉེ་བས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །ལུས་ངག་འཇུག་པ་ཤིན་ཏུ་མི་སྲུན་ཞིང་། །ཐ་མལ་བྱ་བྱེད་མཆོག་ཏུ་འཕྲོ་བཞིན་ལ། །ཆོས་ཀྱི་དོན་ཡང་སྒྲུབ་པར་རབ་དཀའ་བས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །སྒོ་གསུམ་ངལ་བ་འདི་ཡང་སྡུག་བསྔལ་ལ། །བརྩོན་པའི་རང་བཞིན་འདི་ཡང་མཐའ་མེད་ཅིང་། །རྟག་ཏུ་འབད་པ་འདི་ཡང་མི་ནུས་པས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །ཚེ་རབས་སྒྲིབ་པའི་མུན་པ་མཐའ་ཡས་ཤིང་། །ཡང་དག་དགེ་བའི་ཆ་ཤས་གྲངས་ཉུང་བས། །བདག་འདྲས་རྫོགས་པའི་སངས་རྒྱས་ནམ་ཞིག་ཐོབ། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །གང་དག་ཆོས་ལམ་བརྩོན་པས་སྒྲུབ་རྣམས་ཀྱང་། །བར་ཆད་བདུད་ཀྱིས་བསླུས་པ་གྲངས་མང་ཞིང་། །བཟང་པོའི་ལས་ལས་ཉམས་པའི་ཚུལ་མཐོང་ནས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །མདོར་ན་ཆོས་དང་འཇིག་རྟེན་ཐམས་ཅད་ལ། །བརྩོན་ཀྱང་མཐའ་མེད་བཞག་ཀྱང་རང་བབ་ཞིག །འབད་ཀྱང་ངལ་བ་དོན་མེད་ཚུལ་མཐོང་ནས། །བརྩོན་འགྲུས་རང་བཞིན་སྐྱེ་བར་དཀའ་བ་ལགས། །ཞེས་བརྗོད་པ་ན། དོན་དེ་ཉེས་པར་འགྲོ་བའི་གླང་པོ་འདུལ་དཀའ་བས། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་ལས་ལྡོག་པའི་ཕྱིར། །རི་བོང་གི་མཆོག་དེས་སྨྲས་པ།

དཔལ་ལྡན་མཐོ་རིས་གྲོང་གི་སྐྱེ་རྒུའི་ནང་། །ཡོན་ཏན་གདུགས་དཀར་གཅིག་མཛེས་ཕུན་ཚོགས་གང་། །སྔོན་ནས་ལེགས་པར་འབད་པའི་འབྲས་ཡིན་པས། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྔགས་པ་ཉོན། །བརྩོན་འགྲུས་མངོན་མཐོ་ངེས་ལེགས་ཆོས་ཀུན་གྱི། །གཞི་དང་རྩ་བ་བྱེད་པའི་རྐྱེན་ཡིན་ཞིང་། །དོན་རྣམས་སྒྲུབ་པའི་བཞོན་པ་མཆོག་ཡིན་པས། །རྟག་ཏུ་ལེགས་པའི་བརྩོན་འགྲུས་(༢༩)བསྟེན་པར་མཛོད། །འདོད་པའི་དོན་རྣམས་ཕུན་ཚོགས་ཡོད་པ་དང་། །འབད་པའི་ཤུགས་ཀྱིས་མངོན་སུམ་གྲུབ་མཐོང་བས། །ཐུག་མཐའ་མཆིས་ལ་ཟིན་པ་ཡོད་པས་ན། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ལེགས་པར་བརྩོན་ལ་ཉེས་པའི་ཤས་མི་སྲིད། །རྨོངས་པས་འབད་པ་དོན་རྣམས་འཛོལ་བ་གང་། །རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་མཁྱེན་མཛོད་ལ། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །བྱ་བ་གང་ལ་བརྩོན་པའི་སྐྱོན་ཆགས་པ། །ལེགས་པར་མ་ཤེས་འབད་ལས་གྱུར་པས་ན། །དང་པོར་སྐྱོན་ཡོན་དུས་སྐབས་རིག་མཛོད་ལ། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ལེ་ལོ་ཅན་ལ་ལེགས་པ་ནམ་ཡང་མེད། །གང་ཞིག་ལེགས་མཐོང་དེ་ཡང་འབད་པའི་ཤུགས། །སྔོན་གྱི་བརྩོན་པས་བསྐྱེད་པའི་འབྲས་བུ་ཙམ། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །བརྩོན་དང་མི་བརྩོན་འཚོ་གོས་ཕྱིང་བ་ཡང་། །སྔོན་ལས་བརྩོན་པའི་ཤུགས་ཏེ་འདི་ཉིད་ན། །བརྩོན་པ་ལྷོད་རྣམས་དབུལ་ཞིང་ཕོངས་པ་མང་། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ཆོས་མཆོག་སྒྲུབ་ལ་རྟག་ཏུ་བརྩོན་འཚལ་ཏེ། །ལུས་ངག་སེམས་ལ་མི་དལ་འབད་པ་གཅེས། །མི་བརྩོན་ལེ་ལོས་ནམ་ཡང་དོན་མི་འགྲུབ། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །བསམ་གཏན་སྤྱད་ལ་དལ་བར་མངོན་རྣམས་ཀྱང་། །སྐད་ཅིག་མི་ཡེངས་སེམས་ལ་བརྩོན་བྱེད་པས། །ལུས་ངག་འབད་པ་བརྒྱར་འགྱུར་ཆར་མི་ཕོད། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །གང་ཞིག་གོམས་ན་སླ་བར་མི་འགྱུར་བའི། །གནས་དེ་གང་ནའང་ཡོད་པ་མ་ཡིན་པས། །ལེ་ལོ་སྤངས་ནས་གཉེན་པོ་འབད་པའི་ཤུགས། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ཐ་མལ་བྱ་བྱེད་བཞག་ན་སྤོང་འགྱུར་ལ། །སེམས་ཀྱིས་བཏང་ན་དགའ་བའི་ཞེན་པ་སྤང་། །ཆོས་ཀྱང་བགས་ཀྱིས་སྒྲུབ་ན་དཀའ་བ་མེད། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ལུས་ངག་སེམས་དལ་སྒྱིད་ལུག་གོམས་པས་ཏེ། །བགས་ཀྱིས་བརྩོན་ན་ལྡོག་པར་དཀའ་བ་མེད། །གོམས་རྗེས་བྱེད་པ་ཀུན་གྱི་ཆོས་ཉིད་ཡིན། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །སྒྲིབ་ཀུན་གློ་བུར་ཡིན་ཕྱིར་སྤང་སླ་ལ། །ཡོན་ཏན་ལྷུན་གྱིས་གྲུབ་ཕྱིར་རང་ལ་ཡོད། །སྒྱིད་ལུག་ཞུམ་པའི་སེམས་ནི་རབ་སྤོངས་ལ། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །གང་ཞིག་ཆོས་ལས་ཉམས་པ་དེ་དག་ཀྱང་། །ནམ་ཞིག་ཐར་པ་དམ་པ་ཐོབ་འགྱུར་ཏེ། །རྒྱུ་འབྲས་རང་བཞིན་བསླུ་བ་མེད་དེའི་ཕྱིར། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །མདོར་ན་ཆོས་དང་འཇིག་རྟེན་ཕུན་ཚོགས་ཀུན། །གང་ལ་བརྩོན་པ་མཆོག་དེས་འགྲུབ་འགྱུར་ཞིང་། །མི་བརྩོན་པ་ནི་དེ་ལས་ལྡོག་པའི་ཕྱིར། །རྟག་ཏུ་ལེགས་པའི་བརྩོན་འགྲུས་བསྟེན་པར་མཛོད། །ཅེས་བརྗོད་པས། ལེ་ལོ་ངན་པའི་ཚུལ་སྤངས་ཏེ། བརྩོན་འགྲུས་དམ་པ་སྒྲུབ་པ་ལ་རབ་ཏུ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། བརྩོན་འགྲུས་ནི་ཡོན་ཏན་བཟང་པོའི་རྗེས་སུ་འགྲོ་བས་སྒྲུབ་པར་ནུས་ཀྱི། ཐོས་པ་ནི་མཆོག་ཏུ་བྱ་དཀའ་བས་བཏང་སྙོམས་སུ་བཞག་གོ་སྙམ་ནས་སྨྲས་པ།

ལེགས་པའི་ཆུ་གཏེར་ཤིན་ཏུ་རྨད་བྱུང་བ། །མཁྱེན་རབ་ཡོན་ཏན་མེ་ཏོག་མདངས་བཀྲ་ཞིང་། །དུལ་བའི་རྫིང་བུར་རི་བོང་འཛིན་གཟུགས་ཅན། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བས་གསོན། །སྣ་ཚོགས་ཤེས་བྱའི་གནས་ཀྱང་རྒྱ་ཆེ་ལ། །ཚིག་དོན་རྟོགས་དཀའི་(༣༠)རྣམ་པ་གྲངས་མང་ཞིང་། །ཇི་ཙམ་འབད་ཀྱང་ཐམས་ཅད་ཤེས་མི་ནུས། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །ཤེས་པར་རློམ་པ་ཀུན་ཀྱང་མི་འཆམ་ལ། །ཡིན་མིན་རྩོད་པའི་གནས་ལ་ཞི་དུས་མེད། །མཐའ་གཅིག་ངེས་པའི་རང་བཞིན་མེད་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །སྒོམ་པར་ཞུགས་པ་ཀུན་ཀྱང་མི་འཆམ་ལ། །ཉམས་ལེན་སོ་སོའི་གནས་ལ་ཁ་འཛིན་ཆེ། །ཆོས་བདག་འཛིན་པ་བ་ཐག་འཛིངས་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །མཁས་པར་ཁས་འཆེ་འཆད་རྩོད་རྩོམ་རྣམས་ཀྱང་། །ང་མཁས་མི་འཆམ་ང་རྒྱལ་མེ་དཔུང་འབར། །ཐ་སྙད་ཆོས་ཀྱང་སྙིང་པོ་མེད་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །སྒྲུབ་པར་ཁས་འཆེ་སྒོམ་པར་ཞུགས་རྣམས་ཀྱང་། །ང་བཟང་མི་འཆམ་ཆོས་བརྒྱད་མ་བྲལ་བས། །དོན་གྱིས་ཐོས་ཀྱང་ཐེ་ཚོམ་ཟ་བ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །གནས་ལུགས་དོན་ལ་འདི་ཡིན་ཁ་མི་འཆམ། །སོ་སོའི་ཕྱོགས་རིས་ཡིད་དཔྱོད་གྲུབ་མཐའ་རྩོད། །གཞི་ཡི་ཆོས་ལའང་ངེས་པ་མེད་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །ཉམས་ལེན་གནས་ལའང་ཐམས་ཅད་ཁ་མི་འཆམ། །བྱེད་ལུགས་ཐམས་ཅད་འགལ་འདུའི་ཚུལ་མང་བས། །ལམ་གྱི་ཆོས་ལའང་ངེས་པ་མེད་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །ཆོས་སྐུའི་གནས་ལ་ཡིན་ལུགས་ཁ་མི་འཆམ། །ཡེ་ཤེས་ཡོད་མེད་སྒྲོ་སྐུར་ཤིན་ཏུ་མང་། །འབྲས་བུའི་ཆོས་ཀྱང་ངེས་པ་མེད་པ་འདྲ། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །མདོར་ན་དེང་སང་མཐུན་པ་གཅིག་ཀྱང་མེད། །ཐམས་ཅད་མི་མཐུན་སོ་སོའི་གནས་ལ་བསྟེན། །གང་ཡིན་མི་ཤེས་འདི་ཡིན་མ་ངེས་པའི། །ཐོས་པའི་རང་བཞིན་བསྟེན་པར་དཀའ་བ་ལགས། །ཞེས་བརྗོད་པ་ན། དོན་དེ་མཆོག་ཏུ་ངོ་མཚར་མི་ཆེ་བས། དམན་པར་འཇུག་པའི་ལམ་ལས་ལྡོག་པའི་ཕྱིར། རི་བོང་གི་མཆོག་དེས་སྨྲས་པ།

གང་ཞིག་རྣམ་བཀྲ་ཤེས་བྱའི་སྐྱེད་ཚལ་དུ། །བློ་གྲོས་རྣམ་དཔྱོད་འོད་སྟོང་ཤར་གྱུར་པས། །སྐལ་བཟང་བློ་མིག་པདྨོ་རྒྱས་པ་ཡི། །ཐོས་པའི་ཡོན་ཏན་བསྔགས་པ་བཤད་ཀྱིས་ཉོན། །ཐོས་པ་འདོད་འབྱུང་ལྷ་ཡི་དཔག་བསམ་ཤིང་། །གང་ལ་ཅི་འདོད་རེ་བ་རྫོགས་བྱེད་པའི། །ཕུན་ཚོགས་སྒྲུབ་པ་དེ་དང་མཚུངས་ཡོད་མིན། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ཐོས་པས་དོན་རྣམས་རིག་ཅིང་ནོར་བ་སྤང་། །ལེགས་ཀུན་སྒྲུབ་ལ་ཡོན་ཏན་འབྱོར་བ་འཛིན། །དམ་པ་རྣམས་ཀྱི་ལམ་བཟང་ཤིང་རྟ་ཆེ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ཤེས་བྱའི་གནས་དང་རྣམ་གྲངས་རྒྱ་ཆེ་ཡང་། །བགྲོད་པའི་ལམ་ལ་རྒྱུ་འབྲས་ཐེག་པར་འདུས། །གང་མོས་དེར་ཞུགས་ཐོས་པས་སྒྲོ་འདོགས་གཅོད། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །དོན་གཅིག་གནས་དེ་ཐོས་པ་ཀུན་གྱི་དགྲ། །ཉེ་བར་འཇུག་པ་སྨན་གྱི་སྡེ་ཚན་བཞིན། །ཆོས་ཀུན་ཐོས་པས་གདམས་ལ་ཞུམ་མི་འཚལ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ནད་ཀྱི་གཉེན་པོ་སྨན་རྣམས་མཐའ་ཡས་ཀྱང་། །སྐབས་ཀྱི་དབང་གིས་གཅིག་ལ་ཀུན་བརྗོད་ལྟར། །གང་འདོད་ལམ་གྱི་ཆ་རྐྱེན་དེ་བཞིན་(༣༡)ལས། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །མཁས་རྣམས་ཚིག་དོན་གནས་ལ་རྩོད་ན་ཡང་། །རང་གཞན་གྲུབ་མཐའ་གོང་འོག་གཏན་འབེབས་ཙམ། །ཐར་ལམ་གནས་ལ་བླང་དོར་ཀུན་མཐུན་པས། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ཐ་སྙད་རྩོད་རྣམས་ངེས་པ་མེད་འདྲ་ཡང་། །སོ་སོའི་ས་ལམ་ཉམས་ལེན་ངེས་པར་ཡོད། །ཚོགས་གཉིས་ལམ་ལས་བྱང་ཆུབ་སྒྲུབ་དོན་གཅིག །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །སྒོམ་སྒྲུབ་ཚུལ་ལ་རིམ་པ་གྲངས་མང་ཡང་། །ཡིན་ཚུལ་འགགས་ལ་གཟུང་འཛིན་ཉོན་མོངས་སྤང་། །སེམས་ཉིད་ངང་ལ་མ་ཡེངས་དོན་མཐུན་པས། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །མཁས་པའི་ང་རྒྱལ་གཏན་ཚིགས་ཁོང་ནས་ཤར། །ཁེངས་པར་སྣང་ཡང་རང་བཞིན་དུལ་བས་ན། །ཆོས་ཀྱི་མཆོད་སྡོང་ནམ་ཡང་དམད་མི་བྱ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །བསམ་གཏན་སྤྱོད་རྣམས་རབ་ཏུ་དྲང་བས་ན། །སེམས་ལ་གང་ཤར་ངག་ཏུ་བརྗོད་ནས་ཡལ། །དེ་ལ་གཞན་ཞིག་ལོག་རྟོག་སྐྱེ་མི་རུང་། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །གང་ཞིག་བཀྲུ་ཚེ་དྲི་མ་རྣམ་མང་བ། །དྲི་མ་བསླངས་ནས་མྱུར་དུ་དག་པ་བཞིན། །ཚུལ་བཞིན་སྒྲུབ་པའི་སྐྱེས་བུ་དེ་དང་འདྲ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །སྒྲུབ་པར་ཞུགས་རྣམས་བཟང་པོར་བཞེད་པ་མཆོག །དོན་གཉིས་སྒྲུབ་ཚེ་ཐབས་དང་འཕྲུལ་དགོས་པས། །འཇིག་རྟེན་ཆོས་བརྒྱད་གཤེ་བ་མི་བཏང་འཚལ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །རང་རང་ལམ་ལ་བསྟོད་པ་ཡིད་ཆེས་གཞི། །ཐ་དད་གནས་ལ་བསྟེན་པ་ཆོས་ཀྱི་སྒོ། །ཅུང་ཟད་འགལ་འདུར་སྣང་བ་ཆེ་ཆུང་ཁྱད། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །དོན་དམ་དབྱིངས་ལ་སུ་ཡིས་ཅི་བརྗོད་ཀྱང་། །བདག་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐུན། །གནས་ལུགས་གཞི་ལ་ཐེ་ཚོམ་བསྐྱེད་མི་བྱ། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །འཇུག་པའི་ལམ་ལ་རྣམས་གྲངས་མཐའ་ཡས་ཀྱང་། །ཐབས་ཤེས་ཟུང་འཇུག་ཉམས་ལེན་མི་འགལ་མཐུན། །རྒྱུ་འབྲས་གནས་ལ་འགལ་འདུའི་ཐེ་ཚོམ་དོར། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །མཐར་ཐུག་ཆོས་སྐུའི་འདོད་ཚུལ་གྲངས་མང་ཡང་། །སྤངས་རྟོགས་མཐར་ཕྱིན་སྐུ་གཉིས་ཐོབ་པར་མཐུན། །འབྲས་བུའི་གནས་ལ་སྒྲོ་སྐུར་མཐར་འཛིན་པས། །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །དེང་སང་ཆོས་རྣམས་ཐ་དད་གྲངས་མང་ཡང་། །ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་ཡིན། །ཡིན་མིན་དབྱེ་བསལ་ཆོས་སྤོང་ལས་མི་གསོག །ཡང་དག་ཐོས་པའི་དོན་ལ་བསྟེན་པར་མཛོད། །ཨེ་མ་ཐོས་པ་ངོ་མཚར་མཆོག་ཏུ་འཕགས། །གང་ཞིག་ཡོད་པས་འཇིག་རྟེན་ཆོས་རྣམས་དང་། །འཇིག་རྟེན་འདས་པའི་ཆོས་རྣམས་ཕུན་ཚོགས་སྒྲུབ། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །གང་ཞིག་ཆེ་རྒུས་བསྟེན་པའི་སྐྱེ་བོ་ཡང་། །བླང་དོར་ཤེས་པས་སྐྱེ་རྒུ་སྐྱོང་བ་ན། །སྔོན་གྱི་ལམ་བཟང་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཡུལ་འཁོར་སོ་སོའི་ཆབ་སྲིད་སོ་ནམ་དང་། །ལེགས་རྒུའི་འདུན་གྲོས་བཟང་པོ་སྒྲུབ་པ་ཡང་། །སྔོན་གྱི་ལམ་བཟང་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཀུན་གྱི་རྒྱན་གྱུར་ལེགས་པའི་བཟོ་རིགས་(༣༢)དང་། །གཞན་ཕན་རིགས་པ་སྨན་ལ་སོགས་པ་ཡང་། །སྔོན་གྱི་ལམ་བཟང་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །དཔའ་བོ་ཐབས་མཁས་དགྲ་སྡེ་གཞོམ་པ་དང་། །བུད་མེད་མཛངས་མ་བུ་ནོར་སྤེལ་བ་ཡང་། །སྔོན་གྱི་ལམ་བཟང་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །བྲན་རྣམས་ལས་བྱེད་ཞོ་ཤས་འཚོ་བ་དང་། །སློང་མོ་སྤྱོད་ལམ་བཟའ་བཏུང་གཉེར་བའི་བར། །སྔོན་གྱི་ལམ་བཟང་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །འཇིག་རྟེན་འདས་པ་ཞི་བ་གཉེར་རྣམས་ཀྱང་། །བླང་དོར་ཤེས་པས་ལེགས་པའི་ལམ་བསྟེན་ནས། །རང་གཞན་དོན་གཉིས་སྒྲུབ་ལ་རབ་འཇུག་པས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཐོས་པས་ཀུན་ཤེས་བློ་གྲོས་མུན་པ་སེལ། །གཞན་ལ་འདོམས་ནུས་ལེགས་པའི་འོད་སྟོང་འཕྲོ། །ཉེས་ཀུན་སྐྱོབ་ལ་རྟག་ཏུ་བཀྲ་ཤིས་པ། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཐེག་གསུམ་ངེས་པར་འབྱུང་བའི་སྐྱེ་བོ་ཡང་། །ཐོས་པས་རང་རང་གནས་དེ་རིག་འགྱུར་ཞིང་། །གནས་སྐབས་མཐར་ཐུག་ལེགས་པ་ཀུན་འགྲུབ་པས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །རྒྱལ་སྲས་ལམ་བཟང་ས་རྣམས་བགྲོད་པ་ཡང་། །ཆོས་ཀྱི་སྒོ་དང་ཐེག་པའི་དོན་ཐོས་ནས། །ཏིང་འཛིན་འབུམ་ཕྲག་ཡངས་པའི་ལམ་ལ་འཇུག །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །རྒྱལ་བ་རྣམ་འདྲེན་ཕན་པར་མཛད་དེ་ཡང་། །སྐྱེ་རྒུ་འདུལ་ཞིང་ཁ་ལོ་སྒྱུར་བ་ན། །སྔོན་གྱི་སྨོན་ལམ་ཐོས་པའི་རྗེས་འགྲོ་བས། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཐེག་པ་གང་ལ་གསར་དུ་ཞུགས་རྣམས་ཀྱང་། །ཡང་དག་ཐོས་པ་དམ་པའི་རྗེས་འགྲོ་ལ། །གཞན་རྣམས་ཀུན་ཀྱང་མཚུངས་པར་འཇུག་དེའི་ཕྱིར། །ཐོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་ལགས། །ཐོས་པ་མཁའ་བཞིན་དྲི་མེད་རྒྱ་ཆེ་ལ། །རི་བཞིན་བརྟན་ཅིང་ས་བཞིན་ཀུན་གྱི་རྟེན། །མཚོ་བཞིན་དྭངས་ལ་འདོད་འབྱུང་ཡིད་བཞིན་གནས། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་སྐྱབས་ཀྱི་མཆོག་སྟེ་ཉེས་ཀུན་སྐྱོབ། །མགོན་མེད་སྲིད་པར་འཁོར་བའི་རྒུད་པ་སེལ། །འཇིགས་ལས་དབུགས་འབྱིན་སྡུག་བསྔལ་ཆུ་བོ་སྤོང་། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་གནས་རྣམས་ནང་ནས་བླ་ན་མེད། །དམ་ཆོས་རིན་ཆེན་ཁང་བཟང་དམ་པར་སྤྱོད། །ཟབ་ཅིང་རྒྱ་ཆེའི་ཚིག་དོན་དམ་པས་མཛེས། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་རྒྱན་རྣམས་ནང་ནས་མཛེས་པའི་མཆོག །དམ་པར་མཚོན་ཞིང་ཀུན་གྱིས་སྙན་པར་སྨྲ། །ལྷ་རྣམས་ཀྱིས་ཀྱང་བསྟོད་པར་བྱ་བའི་འོས། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་ནོར་རྣམས་ནང་ནས་འཕགས་པའི་ནོར། །རྐུན་པོ་རྣམས་དང་རྒྱལ་པོས་མི་འཕྲོག་ཅིང་། །རྟག་ཏུ་རང་དབང་འབྱོར་པས་ཕུན་སུམ་ཚོགས། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་མིག་རྣམས་ནང་ནས་བློ་གྲོས་མིག །སྣང་དང་མི་སྣང་གཟུགས་རྣམས་བལྟ་ནུས་ཤིང་། །རགས་པས་མི་སྒྲིབ་གང་ལའང་ཐོགས་པ་མེད། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །ཐོས་པ་དོན་རྣམས་ནང་ནས་ལེགས་པའི་དོན། །འདོད་རྒུར་བསྒྱུར་ཞིང་ཅི་བསམ་རེ་བ་སྐོང་། །ལྷ་རྫས་རིན་ཆེན་མཆོག་ལས་བཀྲ་ཤིས་འཕེལ། །དམ་པ་རྣམས་ཀྱི་གནས་ལ་བསྟེན་པར་མཛོད། །མདོར་ན་ཆོས་དང་འཇིག་རྟེན་ཐམས་ཅད་ལ། །ཡང་དག་ཐོས་པ་དམ་པ་རབ་གཅེས་པས། །འདི་དང་ཕྱི་མའི་ལེགས་པ་སྒྲུབ་རྣམས་ཀྱིས། །དོན་རྣམས་འབྱོར་སླད་ཐོས་པ་བསྟེན་པར་མཛོད། །(༣༣)ཅེས་བརྗོད་པས། རྨོངས་པར་དགའ་བའི་མུན་པ་བསལ་ནས། ཐོས་པ་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། །ཐོས་པ་རིན་པོ་ཆེའི་མཛོད་ཁང་ནི་བསྟེན་པ་ལེགས་ཀྱི། བསམ་གཏན་ནི་མཆོག་ཏུ་བྱ་དཀའ་བས་སྒྲུབ་པར་མི་ནུས་སོ་སྙམ་ནས་སྨྲས་པ།

མཁྱེན་བརྩེའི་རང་བཞིན་ཐུགས་རྗེའི་གཞུ་དྲག་ལས། །དམ་ཆོས་རིན་ཆེན་ཚངས་དབྱངས་མདའ་འཕངས་པས། །གདུལ་བྱའི་ལོག་རྟོག་དཔུང་འཇོམས་རི་བོང་མཆོག །བསམ་གཏན་རང་བཞིན་སྒྲུབ་པར་དཀའ་བས་གསོན། །མཆོག་ཏུ་ཉེ་བར་ཞི་བ་བྱ་དཀའ་ལ། །མ་ཡེངས་དོན་ལ་གནས་པ་སེམས་ཀྱི་ཁུར། །ཏིང་འཛིན་མཉམ་པར་འཇོག་པ་གོམས་དཀའ་བས། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །བསྒྲུབ་བྱའི་བསམ་གཏན་དེ་ཡང་གྲངས་མང་ལ། །འདི་ཡིན་མི་འཆམ་གང་ཟབ་ངོ་མི་ཤེས། །ཐབས་ཚུལ་མང་ཡང་ཐོག་ཏུ་ཕེབས་པ་དཀོན། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །ཚེ་འདི་སྤངས་ནས་སྒྲུབ་པར་ཆས་ན་ཡང་། །སྐྱེ་བོ་ཀུན་གྱིས་དེ་ལ་ཞད་རེ་འདོགས། །དོན་མེད་སྨྲ་བརྗོད་དུ་མས་སྡིག་སོག་པས། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །ཅུང་ཟད་བཟུང་ན་འདོད་པ་ཆེ་ཞེས་སྨྲ། །དྲང་པོར་བརྗོད་ན་འགྲོགས་པར་དཀའ་ཞེས་གཤེ། །ཁ་རོག་བསྡད་ན་བླུན་ནོ་རྨོངས་ཞེས་སྒྲོགས། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །རི་ངོགས་བསྟེན་ཡང་ཡོན་ཏན་མ་སྐྱེས་ལ། །དབེན་པར་གནས་ཀྱང་བྱ་བྱེད་སུ་བས་མང་། །བཟོད་སྲན་ཆུང་ལ་འདོད་པ་ཆེར་མཐོང་ནས། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །ཇི་ཙམ་བསྒོམས་ཀྱང་གྲུབ་པའི་རྟགས་མེད་ལ། །གྲོལ་བའི་ཚད་མེད་ཡོན་ཏན་མཐོང་ཚོར་མེད། །བསྒོམས་དང་མ་བསྒོམས་འདྲ་བའི་ཚུལ་མཐོང་ནས། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །མདོར་ན་གནས་ལུགས་ཞི་བའི་བསམ་གཏན་དང་། །སྒོམ་པར་ཞུགས་པའི་གང་ཟག་བྱ་དཀའ་ལ། །འགལ་འདུའི་གནས་ཀྱང་མང་བས་ཐེ་ཚོམ་གཞི། །བསམ་གཏན་སྒོམ་པར་ཞུགས་པ་མཆོག་ཏུ་དཀའ། །ཞེས་བརྗོད་པ་ན། དོན་དེ་ཉིད་ལོག་པར་རྟོག་པ་རྔམ་པོ་ཆེར་གྱུར་པ་ལས་ལྡོག་པའི་ཕྱིར། རི་བོང་གི་མཆོག་དེས་སྨྲས་པ།

གང་ཞིག་བསྒོམས་པས་སྲིད་མཚོ་མཐར་འབྱིན་ཞིང་། །ཐར་པ་དམ་པ་ཞི་བའི་གླིང་བགྲོད་པ། །བསམ་གཏན་གྲུ་ཆེན་གནས་ལ་བསྟེན་པ་ཡི། །ཡོན་ཏན་མེ་ཏོག་ཕྲེང་བ་རྒྱུན་ཆགས་ཉོན། །ཞི་བའི་དེ་ཉིད་མཆོག་ཏུ་བྱ་དཀའ་ཡང་། །ཟབ་མོའི་ཐབས་ཀྱིས་རྙེད་པར་དཀའ་བ་མེད། །མ་ཡེངས་ཏིང་འཛིན་སྒོམ་པའི་རྗེས་འགྲོ་བས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །རྒྱུ་འབྲས་ལམ་ལ་རྣམ་པ་གྲངས་མང་ཡང་། །སོ་སོའི་ཟབ་ལམ་སྙིང་པོར་བརྩོན་བྱས་ན། །དེ་དང་མཐུན་པའི་འབྲས་བུ་འགྲུབ་པར་ངེས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །དམ་པ་རྣམས་དང་རང་སེམས་དཔང་བཙུགས་ནས། །ཞི་བ་གཉེར་ལ་ཉེས་པ་འགའ་མེད་པས། །ཀུན་གྱིས་དམད་ཀྱང་དེ་ལ་འཇིགས་མི་དགོས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །ཆོག་ཤེས་ལྡན་པས་མཐུན་རྐྱེན་གཟུང་བ་ལ། །གཞན་གྱིས་དམད་ཀྱང་(༣༤)དམ་ཆོས་སྒྲུབ་པའི་གྲོགས། །ཆོས་དང་རྗེས་སུ་མཐུན་པས་འགྱོད་པ་མེད། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །སྒོ་གསུམ་བསྡམས་ནས་རང་སེམས་གཡོ་མེད་པས། །དྲང་ཞིང་གསོང་པོར་སྨྲ་ལ་མི་དད་ཅིང་། །རྗེས་སུ་ཁྲོ་བ་སྐྱེ་བ་བླུན་པོ་ཡིན། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །དེང་སང་འབྲས་བུའི་དུས་ལས་ཡོལ་བས་ན། །སྔོན་བཞིན་ཅུང་ཟད་སྒོམ་པས་རྟགས་མཐོང་མིན། །སྒྲུབ་པ་ཡུན་དུ་བསྲིངས་ན་གལ་གྱིས་མཐོང་། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །གཞན་དང་བསྟེན་འདྲིས་སྤངས་པས་སྤྲོ་ཐུང་ལ། །ཆོས་ཕྱིར་དཀའ་བ་སྤྱོད་པའི་གཟུགས་ངན་ཡང་། །འཇིག་རྟེན་འཁྲུལ་པའི་སྐྱོན་གྱིས་མ་གོས་པས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །བསམ་གཏན་དག་དང་གང་ལ་སྤྱོད་པ་ཡི། །གང་ཟག་མཆོག་ཏུ་དཀའ་བས་དམ་པར་མཚོན། །གནས་གཞན་ཐེ་ཚོམ་རྨོངས་པའི་ངན་རྟོག་ཡིན། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །གནས་ལུགས་བསྒོམས་པས་རིག་པའི་དོན་མཐོང་ན། །ཐུན་མོང་དྲོད་རྟགས་མཐོང་པ་མེད་ཀྱང་བླ། །རིག་སྟོང་ཆོས་སྐུ་མཚན་མ་མེད་པ་ལགས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །གཞན་ཡང་དང་པོར་སྒྲུབ་ལ་ཞུགས་པའི་ཚེ། །དྲོད་རྟགས་ཆེད་དུ་འབད་པ་མ་ཡིན་ལ། །ཐོབ་པར་གྱུར་ཀྱང་སྟོན་པའི་ཁྱད་ཡོད་དམ། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །གཤིས་ཀྱི་དྲོད་རྟགས་གཟུང་འཛིན་མཁའ་ལྟར་དག །ཐོག་ཏུ་ཕེབས་པ་རྟོགས་པའི་གདེང་ཚད་ཡིན། །དེ་ཉིད་རང་གི་ཟབ་མོ་སེམས་ཀྱི་ཡུལ། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །བསམ་གཏན་སྒོམ་པ་དག་པའི་དྲོད་ཚད་ནི། །སེམས་ལ་དབང་ཐོབ་མངོན་ཤེས་རྫུ་འཕྲུལ་ཏེ། །ཚུ་རོལ་མཐོང་བས་དེ་ཉིད་བལྟར་མི་ནུས། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །གྲུབ་ཆེན་རྣམས་ནི་དགོངས་པའི་ཁྱད་ཀྱིས་སྟོན། །དེང་སང་བསྟན་ཀྱང་སྒྲོ་སྐུར་སྒྲིབ་པ་གསོག །རྣལ་འབྱོར་གྲུབ་པ་ཀུན་ལ་སྣང་ངེས་མེད། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །རང་གིས་མཐོང་བས་གཞན་ལ་དཔག་བྱས་ནས། །དེང་སང་དམ་པ་རྣམས་ལ་སྡིག་མ་གསོག །སྦས་པའི་གྲུབ་ཆེན་གང་ཡིན་ཤེས་པ་མེད། །ཟབ་དོན་སྙིང་པོའི་བསམ་གཏན་སྒོམ་པར་མཛོད། །འཇིག་རྟེན་འདི་ན་སྔོན་མེད་ངོ་མཚར་ཅིག །སྒོམ་ལ་ཞུགས་ནས་ཅི་ཡང་མི་དགོས་ལ། །ཚོར་བ་མེད་པར་བེམས་པོར་གནས་འགྱུར་དགོས། །རིགས་སམ་སེམས་ལ་དེ་ཉིད་དཔྱད་པར་མཛོད། །སྒོ་གསུམ་རང་ལ་སྐྱོན་གྱི་དངོས་པོར་རྟོག །རང་དང་མི་མཐུན་ལོག་ལྟས་ཚར་གཅོད་ལ། །ཞི་བ་གཉེར་ལ་དམན་པའི་བཞད་གད་གནས། །རིགས་སམ་སེམས་ལ་དེ་ཉིད་དཔྱད་པར་མཛོད། །ཚེ་ཡང་ཡུན་ཐང་སྐད་ཅིག་རེ་རེས་འགྲིབ། །མྱུར་དུ་འཆི་ཡང་དོན་མེད་འཁྲུལ་ཕྱིར་འབྲང་། །རྙེད་དཀའི་དལ་འབྱོར་ཐོབ་ཀྱང་དོན་མེད་བྱེད། །རིགས་སམ་སེམས་ལ་དེ་ཉིད་དཔྱད་པར་མཛོད། །ཀྱེ་མ་གྲོགས་དག་འཆི་བདག་མྱུར་དུ་འོང་། །ད་རེས་འཆི་མེད་བདུད་རྩིའི་དོན་བསྒོམས་ཏེ། །སྐྱེ་འཆི་མེད་པའི་གཡུང་དྲུང་འཐོབ་བྱའི་ཕྱིར། །ཟབ་མོའི་དོན་གྱི་བསམ་གཏན་བསྟེན་པར་མཛོད། །མཐོ་རིས་ལུས་རྙེད་དགེ་བའི་སྲོག་ཤིང་ལས། །བསོད་ནམས་འཁོར་ལོ་ཡོན་ཏན་ཡངས་མིག་ཅན། །དད་དང་བརྩོན་པའི་བཞོན་པས་རབ་བསྐྱོད་དེ། །དལ་འབྱོར་ཤིང་རྟ་ཆོས་ལ་དྲང་པར་(༣༥)མཛོད། །སྔོན་ལས་ལེགས་སྨོན་དག་པའི་བསོད་ནམས་ཀྱིས། །དམ་ཆོས་དགེ་བར་སྤྱོད་པའི་ཡུལ་སྐྱེས་ཤིང་། །བཤེས་གཉེན་དམ་པའི་ལམ་མཁན་ཡོད་དུས་འདིར། །གཏན་དུ་ལེགས་པའི་བསམ་གཏན་བསྟེན་པར་མཛོད། །ཇི་ལྟར་ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་གདུང་བ་སེལ་བར་མི་ནུས་ལྟར། །མ་བསྒོམས་ཆོས་ཀྱང་རང་བཞིན་དེ་དང་འདྲ། །གདུང་སེལ་ཞི་བའི་བསམ་གཏན་བསྟེན་པར་མཛོད། །ཇི་ལྟར་ལམ་རྣམས་ཡིད་ཀྱིས་རྣམ་བརྟགས་ཤིང་། །ཚིག་གིས་གཞལ་ཀྱང་ཕྱིན་པར་མི་ནུས་ལྟར། །མ་བསྒོམས་ཆོས་ཀྱང་རང་བཞིན་དེ་དང་འདྲ། །ཐར་ལམ་མྱུར་བགྲོད་བསམ་གཏན་བསྟེན་པར་མཛོད། །ཆོས་འདིར་རྟག་ཏུ་གོམས་པར་མ་བྱས་ན། །ཆོས་ཉིད་ཞི་བའི་དོན་དེ་མི་མཐོང་བས། །དོན་དམ་དབྱིངས་དེ་མཐོང་བར་བགྱི་སླད་དུ། །ཟབ་མོའི་བསམ་གཏན་རྟག་ཏུ་བསྟེན་པར་མཛོད། །ད་རེས་གཏན་གྱི་ལེགས་པ་མ་འགྲུབ་ན། །ཡང་འཁོར་ཡང་འཁྲུལ་སྲིད་པའི་འཁོར་ལོར་འཁྱམས། །མཐའ་མེད་སྡུག་བསྔལ་བཟོད་པར་མི་ནུས་པས། །སྐྱེ་ཤི་མེད་པའི་བསམ་གཏན་བསྟེན་པར་མཛོད། །མདོར་ན་ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དམ་པས་ཇི་ལྟར་བསྒོམས་པ་བཞིན། །བདག་ཀྱང་རང་བཞིན་དེ་ལ་ཚད་བཙུགས་ཏེ། །ཆོས་ཀུན་སྙིང་པོ་ཟབ་མོའི་བསམ་གཏན་མཛོད། །ཅེས་བརྗོད་པས། ཞི་བའི་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་ཡང་རབ་ཏུ་བྱུང་བ་དེས་བསམ་པ། ཟབ་མོའི་དོན་ལ་སྒོམ་པའི་བསམ་གཏན་སྙིང་པོའི་དེ་ཁོ་ན་ཉིད་སྒྲུབ་པ་ལེགས་མོད་ཀྱི། དབེན་པ་ནི་མཆོག་ཏུ་བྱ་དཀའ་བས་མི་ནུས་སོ་སྙམ་ནས་སྨྲས་པ།

ཐུགས་རྗེའི་བརྩེ་སྤྲིན་རིན་ཆེན་སྙིང་པོ་ལས། །བདུད་རྩིའི་ཆོས་ཆར་བསིལ་བའི་རྒྱུན་བབས་པས། །ཉོན་མོངས་གདུང་སེལ་དམ་པའི་རི་བོང་མཆོག །དབེན་པའི་གནས་ལ་བསྟེན་པར་དཀའ་བས་གསོན། །གངས་ཁྲོད་ནགས་དང་བས་མཐའི་གནས་མལ་དང་། །གླིང་དང་བྲག་རི་ལུང་སྟོང་རི་ངོགས་སོགས། །མི་མེད་དབེན་པ་གང་དེ་སྐྱོན་མང་བས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །སྐྱེ་བོས་སྤངས་པས་མཐུན་པའི་ཟླ་མེད་ལ། །ཉིན་མོ་སྐྱོ་ཞིང་མཚན་མོ་འཇིགས་པ་སྟེ། །མི་བཟད་འབྱུང་པོས་བསྟེན་པས་སྲོག་ལ་རྒོལ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །གནས་དེར་དུས་མིན་སྒྲ་དང་ས་གཡོ་ལ། །འབྱུང་བའི་སྐད་དང་བྲག་རི་སྙིལ་ལ་སོགས། །གཉན་ཞིང་འཇིགས་སུ་རུང་བས་ལྟས་མང་བས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །མི་རྒོད་འདྲེ་དང་སྤྱང་ཀི་འཕར་བ་དང་། །དོམ་དྲེད་སྟག་དང་གཟིག་ལ་སོགས་པ་ཡི། །གཅན་གཟན་མ་རུངས་གདུག་པའི་ཚོགས་མང་བས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །ཚེ་འདིའི་ཟས་ནོར་སྐྱེ་བོ་ཀུན་སྤངས་ནས། །དེ་འདྲའི་གནས་སུ་གང་ཞིག་སུ་གནས་པ། །རྒྱལ་པོའི་ཆད་པས་སྤྱུགས་(༣༦)པའི་མི་འདྲ་བས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །གནས་དེར་བདེ་སྡུག་རྐྱེན་ཡང་གྲངས་མང་ལ། །གེགས་ཤིག་བྱུང་ན་སུ་ལའང་འདྲི་ས་མེད། །ན་ཡང་གཡོག་མེད་ཤི་ཡང་མི་ཚོར་བས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །གྲོགས་དང་བཅས་པའི་རི་ངོགས་དབེན་པ་ཡང་། །ས་ཁད་མཐོ་བས་བབས་ཀྱིས་ཆུ་ངན་ལ། །འགྲུལ་འགྲིམ་དཀའ་ཞིང་འགྲོ་འདུག་སྡུག་བསྔལ་མང་། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །མང་པོ་འཚོགས་ན་གཅིག་གིས་གཅིག་གཡེངས་ལ། །དབེན་པའི་དོན་མེད་གྲོང་འདབས་སྡེ་དགོན་བཞིན། །ཉུང་ངུར་གནས་ན་དགྲ་རྐུན་མི་ཐུབ་པས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་དེ་ཡང་གཞན་ལས་སེམས་སྐྱོ་ན། །སྟན་ལ་མི་ཚུགས་འགྲོ་དད་གཏམ་ལ་དགའ། །རྣམ་རྟོག་མི་ནོན་དོན་མེད་བྱ་བྱེད་མང་། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །ཚེ་འདིའི་དོན་དང་ཐོས་བསམ་ཀུན་བཞག་ནས། །སྒྲུབ་ལ་ཞུགས་ཀྱང་གྲུབ་པའི་རྟགས་མེད་ལ། །སྙིང་པོ་ཡོད་པའི་མདོ་དོན་གཅིག་ཀྱང་མེད། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །བྱ་བྱེད་སྤངས་ན་མཐུན་རྐྱེན་མི་འབྱོར་ལ། །བྲེལ་དོ་བྱས་ན་དབེན་པའི་ཚུལ་དང་འགལ། །ཆོས་བཞིན་སྤྱད་ཀྱང་རྟག་ཏུ་ཁས་ཉེན་པས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པར་གནས་རྣམས་གཞན་ལས་འགྲོགས་དཀའ་ལ། །འདུ་ཤེས་བླུན་ཅིང་རྣམ་རྟོག་སུ་བས་རགས། །གླེང་བརྗོད་མང་ལ་ནང་རིགས་མི་གཤིན་པས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པའི་མི་རྣམས་བུད་མེད་ཚོགས་དང་འདྲ། །རེ་ཞིག་མཐོང་ཚེ་མཐུན་ཞིང་དུལ་དུལ་འདྲ། །རང་བཞིན་ཁྲོ་དང་ཕྲག་དོག་ཟུག་རྔུ་ཆེ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་བླུན་རྨོངས་དུད་འགྲོའི་གནས། །རྨོངས་པ་འདུ་ཞིང་རྨོངས་པའི་ཚོགས་ཀྱིས་བསྟེན། །རྨོངས་ལ་རྨོངས་འདུ་རྨོངས་པ་རྒྱུན་མི་འཆད། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་བློ་མིག་འགྲིབ་པའི་གནས། །སྔར་ཤེས་བརྗེད་ལ་གསར་དུ་གཏི་མུག་སྐྱེ། །ཤེས་བྱས་ཕོངས་ཤིང་ཐོས་བསམ་སྣང་བ་བྲལ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་སོས་དལ་སྒྱིད་ལུག་གནས། །ཆོས་དང་འཇིག་རྟེན་དཀའ་བ་མ་བཟོད་ཀུན། །སྒོམ་ལ་སྙད་བཏགས་སྙོམ་ལས་ཅི་བདེར་ཉལ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་བ་བག་ཡངས་རང་གའི་གནས། །ཤ་ཆང་སྒོག་ཙོང་དུས་མིན་ཟས་རྣམས་ཀུན། །ནམ་དྲན་ལོངས་སྤྱོད་ངོ་ཚ་སྦ་གསང་བྲལ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་མ་བསྐྱེད་བྱིས་པའི་གནས། །སྡེ་ཚན་བྲལ་ཞིང་ཁ་ཏས་འཇུན་མཁན་མེད། །གུ་ཡངས་སྤྱོད་པ་འདི་བྱའི་ཚད་ལས་འདས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་བག་མེད་སྨྱོན་པའི་གནས། །མི་ཡིས་ཆང་འཐུང་ཆང་གིས་མི་འཐུང་བས། །ངག་འཁྱལ་གླུ་གཞས་ཐོ་ཅོ་སྐྱུར་འགོང་སྐྱེ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་འདུ་ཤེས་ཆུང་བའི་གནས། །ཚིག་ཙམ་མི་བཟོད་ཁྲོ་དང་ཟུག་རྔུ་འཕེལ། །ལེགས་ཉེས་ཚེ་ན་གཞན་ལས་སེམས་འཁོས་ཆུང་། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་ཡུལ་རྐྱེན་ངན་པའི་གནས། །བག་མེད་ཆང་དང་མི་མཐུན་མཚན་མང་བས། །གཉེན་པོ་ཆུང་རྣམས་ཚངས་སྤྱོད་ཉམས་པའི་རྒྱུ། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །དབེན་པ་ཟེར་ཡང་མི་མཛེས་སྦེད་པའི་གནས། །གཞན་དུ་སྐྱོན་ཆགས་ཀུན་གྱིས་སྤངས་པ་དང་། །དབང་པོ་མ་ཚང་རྣམས་ཀྱིས་ཉེར་བསྟེན་པས། །ཐར་པ་འདོད་ཀྱང་བསྟེན་པར་དཀའ་བ་ལགས། །(༣༧)མདོར་ན་དེང་སང་དབེན་པའི་རི་ངོགས་ན། །མཐུན་པའི་རྐྱེན་ཉུང་འགལ་བའི་རྐྱེན་མང་བས། །རི་དྭགས་གཟུགས་ཅན་རྣམས་ཀྱི་གནས་དེ་ལ། །ཐར་འདོད་རྣམས་ཀྱང་བསྟེན་པར་དཀའ་བ་ལགས། །

ཞེས་བརྗོད་པ་ན། དོན་དེ་ཉིད་ཕྱིན་ཅི་ལོག་གི་མུན་པ་མི་བཟད་པས་བསྒྲིབས་པའི་ཕྱིར། འཕགས་པའི་གནས་ལ་དམོད་པ་ཉེས་པ་ཁུར་ལྕི་བས། ཚུལ་དེ་ལས་ལྡོག་པར་འདོད་ནས། རི་བོང་གི་མཆོག་དེས་སྨྲས་པ།

ཐུགས་རྗེའི་གདུགས་དཀར་ཡངས་པའི་མཆོག་གཅིག་གིས། །སྲིད་གསུམ་འགྲོ་བ་ནམ་མཁའི་དབྱིངས་ཁྱབ་པར། །མ་ལུས་ཡོངས་བཀོད་དྲང་སྲོང་མཆོག་རྣམས་ཀྱིས། །རྟག་ཏུ་ཉེར་བསྟེན་དབེན་པའི་བསྔགས་པ་ཉོན། །ཐུབ་པ་དྲང་སྲོང་མཆོག་རྣམས་བཞུགས་བཞུགས་པ། །སྐྱེ་བོ་དམ་པ་རྣམས་ཀྱིས་བསྟེན་བསྟེན་པ། །ཡོན་ཏན་རང་བཞིན་ཅན་རྣམས་དགྱེས་དགྱེས་པ། །མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས་བསྔགས་པ། །ནགས་ཚལ་དབེན་པ་ཞི་བའི་གནས་དག་ལ། །ལོག་པར་རྟོག་པའི་མུན་པ་ཀུན་བསལ་ནས། །ཆོས་དཀར་ཡོན་ཏན་སྣང་བ་མཆེད་བྱའི་ཕྱིར། །དབེན་པ་བསྟེན་པར་གདམས་ལ་སྤྲོ་བར་མཛོད། །འཇིག་རྟེན་སྐྱེ་བོས་མཆོག་ཏུ་དབེན་པ་གང་། །ཡོངས་སུ་སྦྱངས་པ་རྣམས་ཀྱི་གནས་ལགས་པས། །དྲོད་རྟགས་ལྡན་པ་གང་རྣམས་བསྟེན་པ་ལགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །སྐྱེ་བོ་མེད་པས་མཆོག་ཏུ་ཆོས་འཕེལ་ཞིང་། །འབྱུང་པོ་མང་བས་བརྟུལ་ཞུགས་ཡོན་ཏན་འགྲུབ། །མཆོག་ཏུ་གཉན་པས་རྟོགས་པ་བོགས་འབྱིན་པས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དྲོད་ལྡན་རྣལ་འབྱོར་ནམ་ཡང་སྐྱོ་བ་མེད། །ཆོས་མཆོག་ཞི་བའི་བདུད་རྩིར་རབ་དགའ་ལ། །གཅན་གཟན་གཏུམ་པོ་རྣམས་ཀྱང་ཟིལ་གྱིས་གནོན། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གཞན་ཡང་དགའ་འཇིགས་སེམས་ཀྱི་ཁྱད་པར་ཏེ། །བྱིས་པ་དབེན་པར་འཇིགས་ལ་གྲོང་ལ་དགའ། །རི་དྭགས་གྲོང་དུ་འཇིགས་ལ་དབེན་པར་དགའ། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །ཕལ་པ་རྣམས་ནི་འདུ་འཛིའི་གནས་དགའ་ལ། །བར་མ་རྣམས་ནི་ཅུང་ཟད་དབེན་ལ་དགའ། །དམ་པ་མཆོག་རྣམས་རབ་ཏུ་དབེན་པར་དགྱེས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །ཚེ་འདིའི་སྣང་བ་ཐམས་ཅད་ནམ་ཡང་འདོར། །དེ་བས་དམ་ཆོས་སྤྱོད་པ་མཆོག་གཟིགས་ལ། །དམ་པ་རྣམས་ནི་དབེན་པར་དགྱེས་པ་ལགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གཞན་ལ་ལྟོས་པ་མེད་རྣམས་ཅི་བྱུང་ཡང་། །དབང་སྒྱུར་རིག་པའི་གྲོགས་ཏེ་རྟོགས་པའི་ཀློང་། །ན་ཤི་རྐྱེན་དབང་ཆོས་ཉིད་རིག་པའི་རྒྱན། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གང་ན་གྲོགས་དང་བཅས་པས་དབེན་པ་གང་། །འདུ་འཛིའི་གནས་རྣམས་ཀུན་ལས་ཆེས་ལྷག་སྟེ། །ངང་གིས་ཆོས་འཕེལ་བྱ་བ་ཉུང་བ་ལགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །ཆུ་ནི་ཁམས་ཀྱི་རྗེས་སུ་བྱེད་པ་སྟེ། །ཕྱོགས་གཅིག་བཟང་བ་མཐོ་དམན་གང་ལའང་མེད། །གཅིག་ལ་འཕྲོད་དེ་གཅིག་ལ་གནོད་པ་མང་། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །(༣༨)གྱེན་མཐུར་འགྲོ་འདུག་ལུས་སྤྱོད་ཟས་རྣམས་འཇུ། །ནད་རྣམས་སྦྱོང་ཞིང་ལུས་སེམས་སྤྱོད་པ་མང་། །དེ་ལ་སོགས་པའི་ཡོན་ཏན་གྲངས་མང་བས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དད་ལྡན་མང་ན་དད་པའི་རླབས་ཆེ་བས། །ཆོས་དང་ཟང་ཟིང་ལེགས་པའི་ཚོགས་རྣམས་འཕེལ། །མིག་རྐྱེན་མང་ན་སྤང་བླང་དོན་ལ་མཁས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དགྲ་དང་ཆོམ་རྐུན་སྔོན་གྱི་ལན་ཆགས་ཏེ། །ལས་ཡོད་རྣམས་ལ་གང་དུའང་འབྱུང་བར་འགྱུར། །མེད་ན་གཅིག་པུར་གནས་ཀྱང་བྱུང་དོགས་མེད། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དབེན་པར་སྐྱེ་འཇིགས་གཏམ་དང་བྱ་བྱེད་ཀུན། །ཆོས་ལ་མ་བརྩོན་རང་གར་ཤོར་བས་ཏེ། །དབང་པོ་དུལ་ལ་སྣང་བ་ཆོས་སུ་བསྒྱུར། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །བྱ་བྱེད་སྤངས་ནས་བསྒྲུབས་ཀྱང་རྟགས་མེད་ན། །བརྩོན་པས་མ་འབད་ངང་ཐུང་རེས་འཇོག་སྐྱོན། །ཟབ་མོའི་གནས་ལ་ཡུན་དུ་བསྲིང་བ་གཅེས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གང་གིས་བསྐལ་པ་བྱེ་བར་ཐོས་པ་བས། །ཟབ་མོའི་དོན་ལ་སྐད་ཅིག་གནས་པ་མཆོག །ཏིང་འཛིན་རྒྱལ་པོར་གསུངས་བཞིན་དོན་ཆེན་ལྡན། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །རིགས་པའི་དོན་རྣམས་གང་ཡིན་བསྟུན་དགོས་ལ། །དམའ་བའི་ས་རྣམས་འཛིན་པ་དམ་པའི་ལུགས། །དེ་ལ་དམོད་པ་གཞན་གྱི་ཕྲག་དོག་ཡིན། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དབེན་པར་གནས་ན་གཡོ་སྒྱུའི་ཐ་བ་སྤང་། །དྲང་པོར་སྤྱོད་ན་འཇིག་རྟེན་ཚུལ་དང་འགལ། །སྐྱོན་དུ་རྟོག་པ་ངན་པའི་རང་སྐྱོན་ཡིན། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དབེན་པར་གནས་པ་གང་ལ་སྐྱོན་མཐོང་བ། །དེ་ཀུན་གང་ཟག་རང་གི་ནོར་བའི་སྐྱོན། །གནས་ལ་དམོད་པ་སྐྱེ་བོ་ངན་པའི་ལུགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །དབེན་པར་རྨོངས་ན་མཁས་རྣམས་བསྟེན་པའི་ཚེ། །དེ་ཡང་རྨོངས་འགྱུར་དབེན་པ་བསྟེན་པའི་ཕྱིར། །གནས་གཞན་རྣམས་ན་རྨོངས་པ་མེད་པར་རིགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གང་ལ་སྐྱོན་ཆགས་གནས་ཀྱི་སྐྱོན་ཡིན་ན། །དབེན་པ་བས་ཀྱང་གཞན་རྣམས་སྐྱོན་མང་བས། །གནས་གཞན་རྣམས་ལ་ལྷག་པར་དམད་པར་རིགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །གང་ལ་སྐྱོན་ཆགས་འདུ་འཛིའི་གནས་རྣམས་ལ། །ཉེ་བར་བསྟེན་ཞིང་སྐྱོན་མེད་གནས་ལ་དམོད། །འདི་འདྲ་དེང་སང་བདུད་ཀྱིས་ཟིན་པ་ལགས། །ལོག་རྟོག་སྤོངས་ལ་དབེན་པ་བསྟེན་པར་མཛོད། །ཀྱེ་མ་གྲོགས་དག་དབེན་པའི་ཡོན་ཏན་ཉོན། །འདུ་འཛིའི་གྲོང་དང་རབ་ཏུ་རྒྱང་རིང་པས། །མི་སྲུན་སྐྱེ་བོ་རྣམས་ཀྱི་འཇིགས་པ་མེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །བྱིས་པ་ཉེ་བར་མ་ཞི་ཉོན་མོངས་ཅན། །ཚེ་འདིའི་འཁྲུལ་པས་གཟིངས་པ་དེ་དག་དང་། །ལྷན་ཅིག་གནས་པའི་ཉེས་པ་མཐའ་ཡས་པས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །སྐྱེ་བོ་རང་གི་འདོད་པའི་རྗེས་སུ་བྱེད། །དེ་དང་བསྟུན་ན་རྟག་ཏུ་ཉོན་མོངས་འཕེལ། །དལ་འབྱོར་དོན་མེད་རྣམ་པར་གཡེངས་པས་ན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཕྱི་ནང་སྐྱེ་བོ་གང་དང་གང་ཡང་རུང་། །ཡུན་དུ་བསྟེན་ན་བྱས་པ་མི་གཟོ་ལ། །(༣༩)ཁྲོ་དང་འཐབ་རྩོད་ཉེས་པ་ཅིས་ཀྱང་འབྱུང་། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཕན་པས་འབད་ཀྱང་རྟག་ཏུ་རེ་ཆེ་ལ། །མི་སྙན་ཁ་ཟེར་ནམ་ཡང་མགུ་དུས་མེད། །ངལ་བ་འབྲས་བུ་ཆུང་བའི་གནས་སྤངས་ལ། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཉིན་མཚན་འཁྲུལ་པའི་ལས་ལ་ཟིན་དུས་མེད། །དོན་མེད་སྐྱེ་བོའི་སེམས་ལ་མགུ་དུས་མེད། །རྣམ་གཡེངས་འདུ་འཛིའི་གནས་ལ་ཟད་དུས་མེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །སྔོན་གྱི་རྒྱལ་བས་ཞི་བ་བརྙེས་པ་ཡང་། །དབེན་པའི་གནས་སུ་བསྟེན་པར་མཛད་ལས་བྱུང་། །དམ་པ་རྣམས་ཀྱི་རྗེས་སུ་འགྲོ་འདོད་པས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །དབེན་པའི་གནས་ན་དུལ་བའི་རི་དྭགས་དང་། །ཞི་བའི་བྱ་ཚོགས་མང་པོས་གར་བྱེད་ཅིང་། །རི་རྩེར་ནགས་ཀྱི་བཀོད་པ་ཕུན་སུམ་ཚོགས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །གངས་རིའི་ཕྲེང་བས་བསྐོར་བའི་ར་བ་དང་། །བྲག་རིའི་མགུར་ཆུ་སྨན་ལྗོངས་མདངས་བཀྲ་ཞིང་། །ནགས་ཚལ་ལྷ་ཡི་སྐྱེད་མོས་ཆེས་ལྷག་པའི། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ལྗོན་པའི་ཤིང་རྣམས་གཡོ་བའི་གར་བྱེད་ཅིང་། །མེ་ཏོག་ཕྲེང་བའི་ལག་རྩེད་དུད་པ་ནི། །འོངས་པ་ལེགས་ཞེས་མགྲོན་ལ་བསུ་བ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །གེ་སར་འདབ་རྒྱས་རྐང་དྲུག་མྱོས་པའི་ཚལ། །འཛུམ་པ་བཞིན་གྱི་ཟེའུ་འབྲུ་གསལ་བ་ནི། །ཡིད་འོང་ལྷ་ཡི་བུ་མོ་ལྷགས་པ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཆུ་རྣམས་ལྦུ་བའི་སེང་ཁྲོལ་དང་བཅས་པས། །གྱ་གྱུར་རྒྱུག་ཅིང་ལྷུང་སྒྲ་སྙན་སྒྲོགས་པས། །གར་ལྡན་སྐྱེ་བོས་བསྟོད་དབྱངས་ལེན་པ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ལ་ལ་འཁྱིལ་ཞིང་མི་གཡོ་དྭངས་པ་ནི། །སེམས་དང་སེམས་བྱུང་རྙོག་པ་རབ་ཞི་ནས། །ཆོས་ཉིད་ངང་ལ་མཉམ་པར་བཞག་པ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །སུས་ཀྱང་མ་བྱས་བྲག་རིའི་ཁང་བཟང་དང་། །རྡོ་ལེབ་ཁྲི་མཆོག་རབ་ཏུ་བཟང་པོ་ལ། །ཉི་འོད་འཇམ་དྲོ་མལ་སྟེགས་བཀོད་པ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །རི་དྭགས་རྩེད་འཇོ་བུང་བའི་གླུ་གར་དང་། །གཉིས་སྐྱེས་སྒྲ་སྙན་མཆོག་ཏུ་མཛེས་པ་ནི། །ལྷ་ཡི་སྐྱེད་ཚལ་རང་བཞིན་འཕོས་པ་བཞིན། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །སོས་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །རིམ་གྱིས་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། །ཏིང་འཛིན་བསྟེན་པའི་རང་བཞིན་ཕུན་སུམ་ཚོགས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །དུས་བཞིར་དབེན་ཞིང་ངང་གིས་ཆོས་འཕེལ་བས། །འཁྲུལ་དང་ཅ་ཅོ་རྩོད་ཀུན་ཉེར་ཞི་ལ། །ཚེ་གང་དོན་ཡོད་དལ་འབྱོར་སྙིང་པོར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །འཇིག་རྟེན་མཚན་མ་དག་ལས་རབ་འདས་པས། །སྐྱེ་བོ་མ་བསྡམས་པ་རྣམས་སྡོམ་འགྱུར་ལ། །བསྡམས་པ་རྣམས་ནི་ཞི་བའི་མཆོག་རབ་འཕེལ། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཤིང་རྣམས་ཡལ་ག་ལོ་མ་ལྷགས་པ་དང་། །ཚལ་རྣམས་མེ་ཏོག་འདབ་མ་རྙིངས་མཐོང་ནས། །རིང་བོར་མི་ཐོགས་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཆུ་རྣམས་གཡོ་བ་གྱ་གྱུར་འབབ་པ་དང་། །སྤྲིན་རྣམས་འགྱུར་བས་གཞན་དུ་འགྲོ་མཐོང་ནས། །ཚེ་སྲོག་མི་རྟག་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཉི་ཟླའི་དཀྱིལ་འཁོར་ནུབ་ཏུ་བསྙེགས་པ་དང་། །རི་བོའི་གྲིབ་མ་ཤར་དུ་ཕྱོགས་མཐོང་ནས། །སྐད་ཅིག་མི་རྟག་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །(༤༠)ནུབ་ཀའི་བྱ་རྣམས་ཤིང་ལ་བསྙེགས་པ་དང་། །རི་དྭགས་རང་གི་གནས་ལ་འགྲོ་མཐོང་ནས། །སྐྱེས་པའི་ཐ་མ་འཆི་བ་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །པདྨོ་རྣམས་ནི་རྫིང་བུར་གནས་པ་དང་། །བུང་བ་རྣམས་ནི་ཚང་དུ་གནས་མཐོང་ནས། །བསམ་གཏན་པ་རྣམས་གནས་ལུགས་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །རི་བོ་རྣམས་ནི་མཆོག་ཏུ་བརྟན་པ་དང་། །དྲི་མེད་ནམ་མཁའ་རྣམ་པར་དག་མཐོང་ནས། །འཕོ་འགྱུར་མེད་པའི་ཆོས་དབྱིངས་དྲན་པར་བྱེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །མདོར་ན་དེང་སང་དམ་ཆོས་མ་བསྒྲུབས་ན། །གང་དང་ཅིས་ཀྱང་རང་བཞིན་ཕན་པ་མེད། །འགྱུར་ཞིང་མི་བརྟན་སྙིང་པོ་འགའ་མེད་པས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །སྐྱེས་པ་འཆི་ཞིང་འདུས་པའི་ཚོགས་འབྲལ་ལ། །བསགས་པ་འཛད་ཅིང་མཐོན་པོའི་མཐའ་རྒུད་པས། །འཁོར་བའི་ཆོས་ལ་ནམ་ཡང་ཡིད་བརྟན་མེད། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །གང་ཞིག་ཐོབ་ནས་སྐྱེ་ཤིའི་རྒྱུན་ཆད་དེ། །འཕོ་འགྱུར་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །མཁའ་མཉམ་དབྱིངས་དེར་རིག་པའི་གཏན་སྲིད་ཟུངས། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཅེས་བརྗོད་པས། དབེན་པར་ཞི་བའི་ཏིང་འཛིན་སྒྲུབ་པ་ལ་སྤྲོ་བར་གྱུར་ཏོ། །

དེ་ནས་རབ་ཏུ་བྱུང་བ་དེས་རྗེས་སུ་གདམས་པའི་གནས་དང་། རི་བོང་གི་མཆོག་ལ་རབ་ཏུ་དད་པས་བསྔགས་པ།

ཨེ་མ་ཧོ་སྐྱེ་བོ་དམ་པའི་ཚུལ། །ཨེ་མ་ཧོ་ངོ་མཚར་མཆོག་གི་གནས། །ཨེ་མ་ཧོ་སྔོན་མེད་དག་པའི་ལྷ། །ཨེ་མ་ཧོ་ཡ་མཚན་རེ་ཆེ་ཀྭ། །རྒྱུ་སྐར་ལམ་ལ་རབ་གནས་པའི། །མཚན་མོའི་མིག་ཀྱང་ཁྱོད་མཐོང་ནས། །ཟླ་ཟེར་གསལ་བས་ནམ་མཁའ་འགེངས། །ཀུན་དའི་གཉེན་གྱིས་རྒྱ་ཆེར་བསྔགས། །དུད་པའི་དཔག་བསམ་གྲིབ་མ་བཞིན། །ཕུན་ཚོགས་ཡིན་ཡང་ཕུན་ཚོགས་འགོངས། །ཁྱོད་ནི་ཞི་བའི་གདངས་གསལ་བས། །རྐང་འཐུང་མང་པོས་མཚོན་བྱ་མིན། །ལྷ་རྣམས་ཀྱིས་ཀྱང་ཁང་བཟང་ལ། །ཁྱོད་ཀྱི་གཟུགས་བརྙན་རབ་བྲིས་ཤིང་། །རྒྱུ་སྐར་བདག་པོར་གསལ་བར་བཀོད། །དེ་ཕྱིར་མཆོག་ཏུ་བསྔགས་པ་ལགས། །ཤེས་རབ་འཕགས་པས་དབྱངས་ཅན་མ། །ནགས་ཁྲོད་དག་ན་དྲང་སྲོང་བཞིན། །ལེགས་པར་འདོམས་པའི་བཤེས་གཉེན་ལ། །དད་བརྒྱའི་འདབ་སྟོང་གཡོ་བས་མཆོད། །ཅེས་བརྗོད་ནས་མེ་ཏོག་གིས་གཏོར་རོ། །དེ་ནས་རབ་ཏུ་བྱུང་བ་དེས། ངོ་མཚར་སྣང་བས་ཡིད་གཡོས་ནས། །དུལ་བའི་རི་བོང་མཆོག་དེ་ལ། །བསྟོད་ཅིང་མེ་ཏོག་ཆར་པ་འབེབས། །མཁས་པའི་རི་བོང་དམ་པ་ཡང་། །ལྷག་པར་བརྩེ་བའི་ཆུ་འཛིན་ལས། །མཁྱེན་རབ་མཆོག་གི་གློག་ཕྲེང་དང་། །མཉམ་དུ་ཚངས་དབྱངས་འབྲུག་སྟོང་སྒྲོགས། །རྗེས་སུ་གདམས་པ་ཟབ་མོ་དང་། །ས་སྐྱོང་ཕྱོགས་ཀྱི་མཐར་ཁྱབ་པ། །ཡོན་ཏན་མཆོག་གི་མཆོག་གྱུར་པ། །རབ་གསལ་ཡིད་ཀྱི་ཐིག་ལེར་གྱུར། །

དེ་ནས་ཡང་བསམ་པ། བླང་དོར་གྱི་གནས་ལ་གདམས་པ་དེ་དག་གི་དོན་ཁོང་དུ་ཆུད་(༤༡)ནས། གནས་དེ་ཡོངས་སུ་བསྒྲུབ་པར་བྱ་བའི་ཆོས་གང་ཞིག་ཡིན་སྙམ་ནས་སྨྲས་པ།

གང་དག་ལེགས་པའི་ཡོན་ཏན་ཀུ་མུ་ཏ། །གསར་དུ་འཛུམ་པས་ཡིད་མཁའི་མཚོ་གཏེར་འགེངས། །ཞི་བའི་འདབ་སྟོང་དུལ་བའི་རི་བོང་མཆོག །ཆོས་དཀར་དགེ་བའི་རང་བཞིན་སྟོན་པར་མཛོད། །ཅེས་བརྗོད་པ་ན། དོན་དེ་དམ་པ་རྣམས་ཀྱིས་བསྔགས་པའི་མེ་ཏོག་ཕྲེང་བ་རྒྱུན་ཆགས་པའི་ལམ་ལ་འཇུག་པའི་ཕྱིར། རིམ་པའི་ཆ་དབྱེ་བར་འདོད་ནས་རི་བོང་གི་མཆོག་དེས་སྨྲས་པ།

གང་ཞིག་དམ་པ་རྣམས་ཀྱིས་བསྟེན་པའི་ཆོས། །འཇིག་རྟེན་དག་ན་རྣམ་པ་གཉིས་ཡིན་ཏེ། །མངོན་པར་མཐོ་དང་ངེས་པར་ལེགས་པའོ། །གནས་སྐབས་དང་ནི་མཐར་ཐུག་ཕུན་ཚོགས་བསྒྲུབ། །ཅེས་བརྗོད་པ་ན། ཡང་དྲིས་པ།

མངོན་པར་མཐོ་བ་འཇིག་རྟེན་ལྷ་མིའི་ཆོས། །དགེ་བ་དེ་ཡང་གང་གིས་ཇི་ལྟར་སྒྲུབ། །དེ་ཡི་རིམ་པ་མ་ནོར་ངེས་པའི་དོན། །ཡོན་ཏན་རང་བཞིན་ཅན་ལ་མཉན་པར་འཚལ། །ཞེས་བརྗོད་པ་ན། རི་བོང་གིས་སྨྲས་པ།

མངོན་མཐོའི་ཆོས་ནི་དགེ་བ་འཇིག་རྟེན་གྱི། །འདི་ཕྱིའི་དོན་གཉིས་སྒྲུབ་ལ་རག་ལྟོས་ནས། །ཕུན་ཚོགས་བསྟེན་དང་ལེགས་པ་གཞན་གྱི་ཕྱིར། །མཐོང་དང་མ་མཐོང་ཡོན་ཏན་མཆོག་འགྲུབ་བྱེད། །ཅེས་བརྗོད་པ་ན། ཡང་སྨྲས་པ།

གང་ཞིག་བསྟེན་པས་འདི་ཉིད་ཀྱི། །ཕུན་ཚོགས་ཉམས་པ་བསྲུང་འགྱུར་ཞིང་། །དཔལ་ཡང་ཡར་ངོའི་དཀྱིལ་འཁོར་བཞིན། །འཕེལ་བའི་ཐབས་ནི་ཇི་ལྟ་བུ། །རི་བོང་གི་མཆོག་དེས་སྨྲས་པ།

ཚེ་འདིའི་དཔལ་དང་སྐལ་བ་བཟང་པོ་རྣམས། །ཉམས་པར་མི་འགྱུར་འཕེལ་བའི་ཐབས་དེ་ཡང་། །མི་དབང་གླིང་བཞིའི་འཇིག་རྟེན་སྐྱོང་བ་བཞིན། །རྒྱལ་སྲིད་དགེ་བ་བདུན་ལྟར་བཤད་ཀྱིས་ཉོན། །རྟག་ཏུ་དགེ་ཞིང་བརྟན་པའི་ལྟེ་བ་ལ། །ཀུན་ལ་སེམས་སྙོམས་ཕན་བདེའི་མུ་ཁྱུད་ཅན། །བསོད་ནམས་རྩིབས་སྟོང་འཁོར་ལོ་རིན་ཆེན་མཛོད། །སྐྱེ་རྒུས་བསྟོད་ཅིང་ཁ་ལོ་བསྒྱུར་བ་ལགས། །སྒོ་གསུམ་དུལ་ཞིང་ཀུན་ལ་སྙན་པར་སྨྲ། །འཛུམ་པའི་མདངས་གསལ་སྤྱོད་ལམ་ཚུལ་དུ་ཤེས། །བག་ཡོད་ཞི་བའི་བཙུན་མོ་རིན་ཆེན་མཛོད། །ཀུན་གྱིས་མཐོང་ན་ཡིད་དུ་འོང་བ་ལགས། །ཕྱི་ནང་མཐོ་དམན་ཆེ་ཆུང་ཐམས་ཅད་ལ། །གང་ལ་ཅི་འདོད་སྦྱིན་པའི་ཆར་འབེབས་པ། །ཕྱོགས་མེད་བཏང་བའི་ནོར་བུ་རིན་ཆེན་མཛོད། །སྐྱེ་རྒུ་འདུ་ཞིང་འདོད་རྒུ་འབྱུང་བ་ལགས། །དོན་རྣམས་ཀུན་ལ་རིགས་པས་སྒྲུབ་པ་དང་། །གཞན་གྱིས་མི་བསྐྱོད་སྙན་ཁུང་འཐུག་པ་དང་། །ཐུགས་རྒྱུད་སྒམ་པའི་བློན་པོ་རིན་ཆེན་མཛོད། །ཐུགས་ཚོད་མངའ་བས་ཆབ་སྲིད་བརྟན་པ་ལགས། །རང་གི་སྡེ་རྣམས་ཁུར་དུ་བཞེས་པ་དང་། །དཀའ་བ་བཟོད་པས་དོན་རྣམས་སྒྲུབ་པ་དང་། །བརླིང་ཞིང་བརྟན་པའི་གླང་པོ་རིན་ཆེན་མཛོད། །ཐམས་ཅད་བརྟེན་པའི་དམ་པར་འགྱུར་བ་ལགས། །རང་དོན་གང་ཡང་བརྩོན་པས་སྒྲུབ་པ་དང་། །འཇམ་(༤༢)ཞིང་དེས་ལ་གོ་རིག་ཕུན་སུམ་ཚོགས། །གྲིམ་ཞིང་དུལ་བའི་རྟ་མཆོག་རིན་ཆེན་མཛོད། །རང་གཞན་མཛེས་ཤིང་ལེགས་རྒུ་འགྲུབ་པ་ལགས། །ཐབས་དང་འཕྲུལ་གྱིས་སྲིད་དུ་བཅད་ལ་སོགས། །ཕ་རོལ་དགྲ་རྣམས་ངང་གིས་གཞོམ་པ་དང་། །དཔའ་མཛངས་བརྟན་པའི་དམག་དཔོན་རིན་ཆེན་མཛོད། །ཀུན་དང་མཐུན་ཞིང་འགྲན་ཟླ་མེད་པ་ལགས། །ཞེས་བརྗོད་པ་དང་། འཇིག་རྟེན་འདིའི་ལེགས་པ་སྒྲུབ་པའི་ཚུལ་ལ་མཁས་པར་གྱུར་ཏོ། །ཡང་ཕྱི་མའི་ལེགས་པ་སྒྲུབ་པར་འདོད་ནས་སྨྲས་པ།

གང་ཞིག་བསྟེན་པས་ཕྱི་མར་མངོན་མཐོ་བ། །ས་བོན་མཆོག་ལས་མྱུ་གུ་འབྱུང་བ་བཞིན། །མ་མཐོང་ཆོས་ལ་བསླུ་བ་མེད་གྱུར་པ། །ལེགས་པའི་དམ་པ་གང་ཡིན་མཉན་པར་འཚལ། །ཞེས་བརྗོད་པ་དང་། རི་བོང་གི་མཆོག་དེས་སྨྲས་པ།

ཡོན་ཏན་རང་བཞིན་ཅན་རྣམས་རིང་གཟིགས་པས། །ཕྱི་མའི་ལེགས་པ་སྒྲུབ་པ་མཐའ་ཡས་ཀྱང་། །མི་དབང་ཉེ་བའི་རིན་ཆེན་སྣ་བདུན་གྱི། །རྗེས་སུ་འགྲོ་བ་ལེགས་པའི་ཆོས་རབ་ཉོན། །གང་ལ་འདུག་པས་མཐོན་པོའི་མཆོག་གྱུར་པ། །དགེ་བཅུའི་མལ་ཁྲི་ཉེ་བའི་རིན་པོ་ཆེ། །སྒོ་གསུམ་བསྡམས་ཤིང་དམ་པའི་རྗེས་འགྲོ་བས། །ཕྱི་མར་རིགས་བཟང་ཕུན་སུམ་ཚོགས་པ་ལགས། །གང་ཞིག་བཏིང་ནས་མཐོང་ན་མི་མཐུན་མེད། །བཟོད་པའི་སྟན་མཆོག་ཉེ་བའི་རིན་པོ་ཆེ། །ཁྲོ་བ་སྤངས་ཤིང་ཚིག་འཇམ་སྙན་པར་སྨྲ། །ཕྱི་མར་གཟུགས་མཛེས་ཕུན་སུམ་ཚོགས་པ་ལགས། །གང་ཞིག་རེག་པས་རང་གཞན་བདེ་བྱེད་པ། །བསོད་ནམས་པགས་པ་ཉེ་བའི་རིན་པོ་ཆེ། །སྦྱིན་པའི་ཆར་གྱིས་འགྲོ་བ་ཚིམ་པར་བྱེད། །ཕྱི་མར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལགས། །གང་ཞིག་གྱོན་པས་དབང་ཕྱུག་ཕུན་སུམ་ཚོགས། །དུལ་བའི་མཆིལ་ལྷམ་ཉེ་བའི་རིན་པོ་ཆེ། །དམ་པར་བཀུར་ཞིང་གཞན་གྱིས་དགོས་པ་སྒྲུབ། །ཕྱི་མར་བཙན་ཞིང་ཕུན་སུམ་ཚོགས་པ་ལགས། །གང་ཞིག་ཞོན་པས་ལེགས་པ་ཀུན་འགྲུབ་པ། །དད་མོས་བཞོན་པ་ཉེ་བའི་རིན་པོ་ཆེ། །དད་ཅིང་གུས་པས་ཆོས་དཀར་དགེ་བ་འཕེལ། །ཕྱི་མར་དད་པ་ཕུན་སུམ་ཚོགས་པ་ལགས། །གང་ཞིག་ཐོགས་པས་ཐམས་ཅད་ཟིལ་གནོན་པ། །ཤེས་རབ་རལ་གྲི་ཉེ་བའི་རིན་པོ་ཆེ། །བླང་དོར་གནས་དང་བཟོ་རིག་གཙུག་ལག་སྦྱོང་། །ཕྱི་མར་ཤེས་རབ་ཕུན་སུམ་ཚོགས་པ་ལགས། །ཞེས་བརྗོད་པས། མངོན་པར་མཐོ་བ་འཇིག་རྟེན་པའི་ཆོས་དགེ་བ་སྒྲུབ་པ་ལ་མཁས་པར་གྱུར་ཏོ། །ཡང་འཇིག་རྟེན་ལས་འདས་པའི་ཆོས་དགེ་བ་འདོད་ནས་སྨྲས་པ།

གང་ལ་བསྟེན་ནས་སྲིད་པ་རྣམས་སྤངས་ཤིང་། །ཐར་པ་དམ་པ་མྱ་ངན་འདས་པའི་ཆོས། །ཟག་མེད་རྡུལ་བྲལ་ཉེས་པ་མེད་གྱུར་པ། །མཆོག་ཏུ་ཞི་བའི་ལམ་དེ་གང་ཞིག་ཀྱེ། །རི་བོང་གི་མཆོག་དེས་སྨྲས་པ། འཇིག་རྟེན་འདས་གང་ཤིན་ཏུ་སྤྲོས་པ་མེད། །མཁའ་ལྟར་(༤༣)དག་ཅིང་རྣམ་གྲངས་རྒྱ་ཆེ་ཡང་། །ཐོག་མ་བར་དང་ཐ་མར་འཇུག་པའི་ཚུལ། །བཀྲ་ཤིས་བརྒྱད་ལ་བརྟེན་ནས་བཤད་ཀྱིས་ཉོན། །དད་པའི་དབུ་ལ་རིན་ཆེན་གདུགས་མཛེས་ཀྱི། །བཀྲ་ཤིས་གང་ལགས་དགེ་བའི་བཤེས་ལ་བསྟེན། །རབ་ཏུ་གུས་པས་བཀུར་སྟི་རིམ་གྲོ་བསྐྱེད། །སྐྱོ་ངལ་སྤོངས་ལ་རྟག་ཏུ་མི་འབྲལ་མཛོད། །ཤེས་རབ་སྤྱན་ལ་རིག་པའི་ཉ་མཆོག་གི། །བཀྲ་ཤིས་གང་ལགས་བློ་མིག་སྦྱངས་པ་སྟེ། །མདོ་རྒྱུད་དོན་ལ་ཐོས་བསམ་རྒྱ་ཆེ་བས། །རང་བཞིན་བློ་ཡི་མུན་པ་སངས་པར་མཛོད། །ཚངས་དབྱངས་གསུང་ལ་གྲགས་པའི་དུང་མཆོག་གི། །བཀྲ་ཤིས་གང་ལགས་གཞན་དོན་རླབས་ཆེ་བས། །དབང་པོའི་རིམ་བཞིན་འགྲོ་ལ་དམ་ཆོས་སྟོན། །བསྡུ་བ་རྣམ་བཞིའི་ཕྲིན་ལས་ཕུན་ཚོགས་མཛོད། །བྱམས་པའི་ལྗགས་ལ་སྙིང་རྗེའི་འདབ་མ་མཆོག །བཀྲ་ཤིས་གང་ལགས་བྱང་ཆུབ་སེམས་མཆོག་བསྐྱེད། །སྨོན་དང་འཇུག་པའི་རང་བཞིན་རྒྱ་ཆེ་བས། །རྒྱལ་སྲས་སྤྱོད་པ་དམ་པའི་ལམ་བཟང་མཛོད། །ཚུལ་ཁྲིམས་མགུལ་ལ་ཡོན་ཏན་བུམ་པ་མཆོག །བཀྲ་ཤིས་གང་ལགས་བསླབ་གསུམ་གཙང་མར་བྱེད། །དྲན་དང་ཤེས་བཞིན་བག་ཡོད་གཉེན་པོ་ཡིས། །མི་དགེ་སྤངས་ཤིང་དགེ་ཆོས་སྒྲུབ་པར་མཛོད། །ཞི་བའི་ཐུགས་ལ་ཏིང་འཛིན་དཔལ་བེའུ་ཡི། །བཀྲ་ཤིས་གང་ལགས་རྟག་ཏུ་མཉམ་པར་འཇོག །ཞི་གནས་ལྷག་མཐོང་ཐབས་ཤེས་ཟུང་འབྲེལ་བས། །རིགས་དང་མངོན་ཤེས་ཡོན་ཏན་མཆོག་གྲུབ་མཛོད། །བརྩོན་པའི་ཞབས་ལ་དབང་བསྒྱུར་འཁོར་ལོ་ཡི། །བཀྲ་ཤིས་གང་ལགས་རྟག་ཏུ་དགེ་ལ་སྤྲོ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་ལམ་ལ། །ཉིན་མཚན་མི་དལ་འབད་པས་སྒྲུབ་པར་མཛོད། །བསོད་ནམས་སྐུ་ལ་མི་ནུབ་རྒྱལ་མཚན་གྱི། །བཀྲ་ཤིས་གང་ལགས་ཚུལ་ཁྲིམས་རྒྱ་མཚོ་སྒྲུབ། །ས་ལམ་གོང་བགྲོད་སྒྲིབ་གཉིས་རབ་སྦྱངས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་པས། ཐར་པ་དམ་པའི་ཆོས་སྒྲུབ་པ་ལ་མཁས་ཤིང་སྤྲོ་བར་གྱུར་ཏོ། །

སྐལ་བཟང་སྐྱེ་བོའི་ཁོར་གྱི་ཁྱམས་ནང་དུ། །ལེགས་འདོམས་ཆོས་ཀྱི་རྔ་ཆེན་སྙན་བསྒྲགས་པས། །གདུལ་བྱ་བག་མེད་གཉིད་ལས་སློང་བ་དང་། །ཡོན་ཏན་དགའ་བ་སྔོན་མེད་སྐྱེས་འདི་མཚར། །དེ་ནས་རབ་ཏུ་བྱུང་བ་དེ་དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ཏེ། དད་པས་ལྟ་ཞིང་གུས་པས་ཕྱག་འཚལ་ནས། རི་བོང་གི་མཆོག་དེ་ལ་བསྟོད་ཅིང་བསྔགས་བ།

ཨེ་མ་མཁྱེན་བརྩེའི་དཀྱིལ་འཁོར་ཡངས། །ཆོས་ཀུན་གསལ་བར་རབ་འཕྲོ་ལ། །ཐུགས་རྗེས་རྣམ་གྲོལ་མཆོག་ཏུ་བསྟན། །སྟོན་ཟླ་ཡི་ཡང་རྗེས་སུ་བསྙེགས། །ཚངས་པར་བྱེད་པས་སྐྱོན་བྲལ་ལ། །སྐྱེ་རྒུ་སྐྱོང་བས་བརྒྱ་བྱིན་དང་། །བློ་གྲོས་སྦྱིན་པས་རྒྱ་མཚོ་ཡི། །ལྷ་མོ་མཆོག་ལ་འགྲན་པ་མཚར། །འདི་ནི་རང་བཞིན་མཆོག་གཅིག་པུ། །སྙན་དངགས་མཁན་གཞན་ཆེན་པོ་མིན། །ཀུན་གྱིས་འགོད་པར་ནུས་པ་མིན། །ཡོན་ཏན་རང་(༤༤)བཞིན་བཀོད་ལ་ལྟོས། །པདྨ་འདམ་ལས་རབ་འཐོན་ལ། །རྐང་འཐུང་ས་ལས་གྱེན་དུ་འཕགས། །ཁྱོད་ནི་སྐྱེ་རྒུའི་སྟེང་འཛེགས་པས། །ནམ་མཁའི་ནོར་བུ་ཁོ་ནར་ཟད། །སྔོན་གྱི་དུས་ནའང་བློ་གསལ་རི་བོང་ཞིག །ཡོན་ཏན་གྲགས་པས་མཚན་ལ་ལྷ་ལམ་གྱི། །ཟླ་བའི་དཀྱིལ་འཁོར་ངོས་ལ་གཟུགས་བྲིས་ཞེས། །གྲགས་པ་གང་དེ་ཁྱོད་ཀྱིས་གསལ་བར་བྱས། །ལེགས་འདོམས་སྐྱེ་རྒུའི་ནང་ནས་ཕ་དང་མ། །ཐར་གླིང་འདོད་ལ་དེད་དཔོན་བླ་ན་མེད། །ཆུ་ཆེན་སྒྲོལ་ལ་གྲུ་གཟིངས་མཉན་པ་སྟེ། །རེ་འདོད་རྣམས་ཀྱི་ཡིད་བཞིན་མཆོག་དེ་རྒྱལ། །ཐོགས་མེད་བསྐལ་པ་རྒྱ་མཚོའི་རྡུལ་སྙེད་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་པའི། །རྒྱལ་བའི་རྣམ་འཕྲུལ་ངོ་མཚར་རྨད་བྱུང་བར། །དད་བརྒྱའི་འདབ་སྟོང་གཡོ་བས་གུས་ཕྱག་འཚལ། །ཞེས་བརྗོད་དེ། མེ་ཏོག་གིས་སྙིམ་པ་བཀང་བས་མཆོད་པ་དང་། དེ་ནས་རི་བོང་གི་མཆོག་དེས་སྨྲས་པ།

གང་ཞིག་སྙན་པར་སྨྲ་བ་དཀོན་པ་སྟེ། །དེ་བས་དེ་ལ་མཆོག་ཏུ་ཉན་པའང་དཀོན། །གྲོགས་དག་ཁྱོད་ཀྱང་བཟང་པོར་བྱེད་འདོད་ན། །ཉིན་མཚན་རྟག་ཏུ་ཆོས་ཀྱིས་འདའ་བར་མཛོད། །སྙན་པའི་བཀའ་མཆིད་འདི་དག་ཡིད་ལ་ཟུངས། །ཕན་པའི་གདམས་ངག་ལགས་ཀྱིས་སེམས་ལ་ཞོག །བརྩེ་བའི་གྲོས་འདུན་བཟང་པོའི་ཚུལ་ལ་ཉོན། །གནས་འདི་རྒྱ་ཆེར་གཞན་ལའང་སྤེལ་བར་མཛོད། །ཅེས་བརྗོད་ནས་རི་བོང་གི་མཆོག་དེ་རང་གི་གནས་སུ་སོང་ངོ་། །

དེ་ལྟ་བས་ན་སྐྱེ་བོ་ཐར་པ་འདོད་པ་དག་གིས། དགེ་བའི་བཤེས་གཉེན་ལ་གུས་པས་བསྟེན་པར་བྱ་བ་དང་། རྗེས་སུ་གདམས་པ་ཟབ་མོའི་གནས་ལ་བླང་དོར་དུ་བྱ་བ་དང་། ཕན་པར་སྨྲ་བ་གཞན་གྱིས་ལེགས་པར་འདོམས་པ་ལ་གུས་པས་ཉན་པ་དང་། སྐྱེ་བོ་དམ་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལ་རྒྱ་ཆེར་སྦྱར་བར་བྱའོ། །

དཔག་མེད་ཆུ་ལྡན་རིམ་རྒྱས་གེ་སར་མཚོར། །རྣམ་བཀྲའི་གཟུགས་བརྙན་དག་ནི་སྣང་བ་ལྟར། །མཁྱེན་བརྩེའི་བློ་མིག་རབ་རྒྱས་ཆུ་གཏེར་དུ། །སྙན་ངག་ཉེར་བཀྲའི་གཟུགས་བརྙན་ཤར་བ་ལགས། །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །རྣམ་དཔྱོད་ཉིན་བྱེད་འོད་ཟེར་སྟོང་འཕྲོ་བས། །ཕན་བདེའི་མེ་ཏོག་པདྨོ་འཛུམ་བྱའི་ཕྱིར། །སྐལ་བཟང་ཐར་པ་འདོད་རྣམས་དོན་དུ་སྤྲོ། །གནས་འདིར་ཚིག་རྒྱན་གཙོ་བོར་མ་བྱས་ཤིང་། །དོན་རྒྱན་ལེགས་པ་འབའ་ཞིག་དབང་བྱས་ནས། །བླང་དོར་ཚུལ་ལ་རབ་ཏུ་གདམས་པའི་དོན། །སྐྱེ་བོ་རྣམས་ཀྱི་རྟོགས་པར་སླ་ཕྱིར་བཤད། །འདི་དག་སྔོན་བྱུང་བཞིན་དུ་བཀོད་པ་ཡིས། །ད་ལྟའི་མི་དང་ཕྱི་རབས་དུས་ཀུན་ནའང་། །ངོ་མཚར་གཏམ་གྱི་སྐྱེས་སུ་བྱེད་པ་དང་། །གཞན་ལ་ཕན་འགྱུར་སྙམ་ནས་ལེགས་པར་སྦྱར། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །དམ་ཆོས་རིན་ཆེན་ཤིང་རྟར་ལེགས་ཞུགས་ནས། །ཐར་པ་ཞི་བའི་སྐྱེད་མོས་ཚལ་ནང་དུ། །འཆི་མེད་མྱ་ངན་འདས་པའི་གནས་ཐོབ་ཤོག །ཚིག་དོན་དཔག་བསམ་ལེགས་འདོམས་(༤༥)བྱང་ཆུབ་ཤིང་། །སྡེབ་སྦྱོར་ཡལ་ག་མངོན་བརྗོད་ལོ་འདབ་ཅན། །སྙན་དངགས་མེ་ཏོག་འབྲས་བཀྲའི་རང་བཞིན་འདིས། །དད་ལྡན་སྐྱེ་བོའི་བྱ་ཚོགས་དགའ་བར་མཛོད། །ཅེས་བློ་གསལ་རི་བོང་གི་རྟོགས་པ་བརྗོད་པ་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་བློ་གྲོས་རྒྱ་ཆེ་ཞིང་། གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་རྣམས་ཀྱི་ནང་ནས་ཁྱུ་མཆོག་ཏུ་གྱུར་པ་ཀུན་མཁྱེན་ངག་གི་དབང་པོས་ལྷུན་གྲུབ་གླིང་གི་གནས་སུ་སྦྱར་བ་རྫོགས་སོ།། །།བུདྡྷ་སིདྡྷཱརྡྲ་སྱ་དྷརྨ་བྷ་བནྟུ། དགེའོ། །དགེའོ། །དགེའོ།། །།

པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ།

༄༅། །པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། པོ་ཏ་ལ་ཨཱ་ནནྟ་པཱ་རི། བོད་སྐད་དུ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་སྐུ་མཆོག་ཏུ་དཀར་ཞིང་འཛུམ་པའི་མཚན་དཔེས་མཛེས་པའི་རི་བོང་འཛིན། །ཀུན་མཁྱེན་རི་དྭགས་གཟུགས་བརྙན་གྱིས་བཀྲ་ཕྲིན་ལས་འོད་དཀར་ཕྲེང་བ་ཅན། །མ་ལུས་འགྲོ་རྒྱུད་སྐྱེ་བོའི་མཁར་ཁྱབ་གདུལ་བྱའི་སྙིང་མུན་སེལ་བའི་ལྷ། །གཽ་རཱི་རིན་ཆེན་མཚན་མོའི་མིག་ནི་དེ་རིང་བདག་བློའི་ཀུནྡར་སྐྱོངས། །ཡིད་འོང་པདྨའི་སྟེང་ན་འཛུམ་པའི་སྐུ། །འགྱིང་བཅས་ཀུནྡ་ལྟར་དཀར་འོད་སྟོང་འཕྲོ། །ལྷ་ཡི་ལྷར་གྱུར་མགོན་པོ་སྤྱན་རས་གཟིགས། །ཡོན་ཏན་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་ལོ། །དོན་ཟབ་རྒྱ་མཚོའི་གླིང་ནས་ལེགས་འཁྲུངས་ཤིང་། །སྙན་ཚིག་མེ་ཏོག་མདངས་བཀྲ་འཕགས་པའི་རི། །མཐོང་ཐོས་དྲན་པས་བདེ་བ་སྟེར་བའི་གནས། །ཤར་རིའི་རྒྱལ་པོ་གྲུ་འཛིན་བསྔགས་པར་བགྱི། །

དེ་ཡང་འདི་ལྟར་གངས་རིའི་རྒྱུད། ཆུ་བོ་ལོ་ཧི་ཏ་དལ་གྱིས་འབབ་པའི་འགྲམ། རང་བྱུང་གི་བདེ་བར་གཤེགས་པའི་བཞུགས་གནས། སྔོན་གྱི་སེམས་དཔའ་ཆེན་པོ་དག་གིས་བཞེངས་པའི་གཙུག་ལག་ཁང་དང་། སྐྱེ་ཤིང་སྟུག་པོའི་ཕྲེང་བས་བསྐོར་བའི་གྲོང་དག་སྐྱེ་བོ་མང་པོས་གང་ཞིང་། འདོད་རྒུའི་ཚོགས་ཀྱིས་མངོན་པར་འབྱོར་པའི་ཡུལ་འཁོར་བཟང་པོ་དཔལ་གྱི་བསམ་ཡས་ཞེས་བྱ་བ་ཡོད་དེ། ལྷུན་པོའི་ལྷོ་ཕྱོགས་གངས་རིའི་ར་བའི་རྒྱུད། །སྔོན་གྱི་སེམས་དཔའ་དུ་མ་བྱོན་པའི་གནས། །སྐྱེ་བོས་གང་བའི་གྲོང་དང་གཙུག་ལག་ཁང་། །རང་བྱུང་ཐུབ་དབང་རྒྱལ་པོའི་མགོན་དང་བཅས། །དེ་དང་ལྷོ་ཕྱོགས་སུ་ཧ་ཅང་ཡང་མི་རིང་བ་ཞིག་ན། རྩྭ་ལྗང་སེར་གྱི་མྱུ་གུས་ཁྱབ་པའི་ས་ཕྱོགས་སྐྱེ་ཤིང་སྣ་ཚོགས་ཀྱི་ལྗོན་པས་བསྐོར་ཞིང་མེ་ཏོག་གི་ཚལ་ན་བུང་བ་སྙན་པར་སྒྲོགས་པའི་གཞིར་ཡིད་དུ་འོང་བའི་ཆུ་པདྨའི་དྲྭ་བས་ཁེབས་པར། ངུར་པ་མང་པོས་གླུ་ལེན་ཅིང་ཁྲུང་ཁྲུང་བདེ་བར་རྒྱུ་བའི་རྫིང་བུ་ཤིན་ཏུ་ཉམས་དགའ་བ་ཞིག་ན། ངང་པའི་རྒྱལ་པོ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། མང་དུ་ཐོས་པ་རྒྱ་མཚོའི་ཆུས་བརླན་པར་བྱས་པ་ཞིག་ཀྱང་འདུག་པར་(༤༦)གྱུར་ཏོ། །ལྷག་བསམ་རྫིང་བུའི་ནང་ན་གནས་པའི་བྱ། །ཐོས་པའི་ལུས་བཟང་བརྩོན་པའི་འདབ་གཤོག་ཅན། །དོན་བཟང་བདུད་རྩིའི་བཏུང་བ་རབ་འཐུངས་ནས། །ཉམས་དང་རྟོགས་པའི་དར་དིར་སྒྲ་འབྱིན་མཛེས། །

དེའི་ཚེ་གྲོང་དང་གཙུག་ལག་ཁང་རྣམས་ནི་སྡིག་སྤྱོད་དག་གིས་གང་སྟེ་ཆོས་བཞིན་དུ་སྤྱོད་པ་རྣམས་ལ་འཚེ་ཞིང་། རབ་ཏུ་བྱུང་བ་དག་ཀྱང་ཐོས་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དོན་དུ་མི་གཉེར་ཞིང་འདོད་ཡོན་གྱི་རྫིང་བུར་འབབ་ལ། ཁྱིམ་པ་རྣམས་ཀྱང་ངོ་ཚ་དང་གནའ་བོའི་གཞུང་ལུགས་བཟང་པོ་དག་ལས་ཉམས་ཏེ། དཀོན་མཆོག་དང་ཕ་མ་མི་མཆོད་ཅིང་ངན་གཡོའི་རྣམ་པར་སྤྱོད་པས་གནས་པ་མཐོང་ནས། སྐྱེ་བོ་དམ་པ་རྣམས་ཀྱི་ཡིད་ཀྱང་མངོན་པར་སྐྱོ་ཞིང་། ཚུལ་བཞིན་དུ་སྤྱོད་པ་ཁ་ཅིག་སྨྲེ་སྔགས་འབྱིན་པ་ནི། ཀྱེ་མ་དིང་སང་ཕྱོགས་འདིར་ནི། །གནའ་དུས་བཟང་པོའི་ཉི་མ་ནུབ། །ད་དུས་ངན་པའི་ཟླ་ཤར་བས། །དམ་པའི་པདྨོ་ཟུམ་པ་དང་། །མཉམ་དུ་སྡིག་སྤྱོད་ཀུནྡ་རྒྱས། །བདུད་སྡེའི་མུན་པས་ཁེབས་པ་བཞིན། །རིན་ཆེན་ལྗོན་ཤིང་སྦྲུལ་གདུག་དག་གིས་དཀྲིས། །སྐྱེ་བོ་དམ་པའི་མཚོ་བསིལ་རྫིང་བུ་བསྐམས། །བསྟན་པའི་ཉིན་བྱེད་ནུབ་རིའི་རྩེར་ལྷུང་ཞིང་། །ལེགས་ལྡན་འགྲོ་བའི་མིག་ཀྱང་ལྡོང་ལ་ལྟོས། །ཞེས་པའི་གཏམ་གླེང་བ་རྫིང་བུར་ཐོས་ཏེ། ངང་པའི་རྒྱལ་པོ་དེ་ཡང་ཡིད་སྐྱོ་བར་གྱུར་པ་དང་། ནམ་ཞིག་གི་ཚེ་རི་བོ་གངས་ཅན་ནས་འོངས་པའི་ལྷའི་བུ་ཁ་ཅིག་ཆུ་འཛིན་དུལ་བ་སྣ་ཚོགས་ཀྱི་ཤིང་རྟར་ཞུགས་ཏེ། སིལ་སྙན་འཁྲོལ་ཞིང་གླུ་གར་བྱེད་བཞིན་པས་སྤོས་ཆུའི་རྒྱུན་དང་མེ་ཏོག་གི་ཆར་འབེབས་ཤིང་། ནམ་མཁའི་ལམ་ནས་ཤར་ཕྱོགས་སུ་འགྲོ་བ་མཐོང་སྟེ། ངང་པའི་རྒྱལ་པོས་སྨྲས་པ། སྤྲིན་གྱི་བཞོན་པའི་ནང་ན་ལྷ་ཚོགས་དག །མཆོད་པའི་འོད་ཟེར་ཕྱོགས་བཅུར་རབ་འགྱེད་ཅིང་། །རོལ་མོ་སིལ་སྙན་བསྟོད་དབྱངས་འབྲུག་སྒྲ་ཅན། །གྲགས་ཆེན་འདི་དག་གང་དུ་བཞུད་དམ་ཀྱེ། །ལྷ་དེ་དག་གིས་སྨྲས་པ། ཤར་རིའི་དབང་པོ་ཡིད་འོང་པོ་ཏ་ལ། །དྲང་སྲོང་སྤྱན་རས་གཟིགས་ཀྱི་ཕོ་བྲང་དུ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་རབ་མཆོད་ཅིང་། །ཆོས་ཀྱི་རྔ་སྒྲ་ཟབ་མོ་ཉན་དུ་འགྲོ། །ངང་པའི་རྒྱལ་པོས་སྨྲས་པ། ཀྱེ་དབང་པོ་དག །གནས་དེའི་ཡོན་ཏན་དང་བཀོད་པ་ཇི་ལྟ་བུ། ལྷས་སྨྲས་པ། ཡིད་འོང་འཕགས་པའི་བཞུགས་གནས་པོ་ཏ་ལ། །མཛེས་ཤིང་ཉམས་དགའ་དྲང་སྲོང་ཆེན་པོའི་གནས། །མཆོད་པའི་སྤྲིན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། །སྐྱེད་ཚལ་མེ་ཏོག་བུང་བ་འཕུར་ལྡིང་ཞིང་། །མཚོ་བསིལ་རྫིང་བུ་ཙནྡན་ནགས་ཁྲོད་རྣམས། །བྱ་དང་རི་དྭགས་མང་པོས་རབ་ཏུ་གང་། །སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། །ཤར་རི་རྒྱལ་པོའི་རྩེ་ནས་ཉི་ཤར་བས། །འཇིག་རྟེན་འོད་ཀྱི་སྣང་(༤༧)བ་ཕྱོགས་བཅུར་འགྱེད། །མ་རིག་མུན་པ་སེལ་བའི་དཔལ་དུ་ཤར། །སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའ། །ཡངས་པའི་འོད་དང་ལྷུན་གྲུབ་ཉི་ཟླའི་འོད། །སྣ་ཚོགས་འོད་དང་རིན་ཆེན་རྒྱ་མཚོའི་འོད། །འདྲེས་དང་མ་འདྲེས་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། །ཤིང་དང་འབབ་ཆུ་ནམ་མཁའི་ཁམས་ཀུན་ནས། །སྣ་ཚོགས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད། །བརྗོད་ཀྱིས་མི་ལང་ཡོན་ཏན་རིན་ཆེན་གཏེར། །སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ། །སྲིད་མཚོ་འདིར་གནས་ཐར་པ་ག་ལ་ཡོད། །ཞི་བའི་ཚལ་དུ་ཀུན་ནས་འགྲོ་འདོད་ན། །ཤར་རི་གྲུ་འཛིན་འཇིག་རྟེན་དབང་པོའི་གནས། །སྤྱན་རས་གཟིགས་མགོན་བཞུགས་དེར་སྒོམ་དུ་འདོངས། །ཞེས་བརྗོད་པ་དང་། ངང་པས་སྨྲས་པ། གནས་དེར་འགྲོ་བའི་ལམ་ནི་གང་། ལྷས་སྨྲས་པ། གངས་རིའི་ཡུལ་གྱི་ཤར་ཕྱོགས་ན། །མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ། །འོད་ཟེར་སྤྲིན་ཞེས་བྱ་བ་ཡོད། །དེ་དབུས་རྒྱལ་སྲས་ཕོ་བྲང་ནི། །གངས་རི་རིན་ཆེན་ལྡན་ཞེས་བྱ། །དེ་ཡི་དྲུང་ནས་ཤར་ཕྱོགས་སུ། །ཆུ་ཀླུང་དྲི་མེད་ལྡན་ཡང་འབབ། །དེ་འདས་རྒྱ་མཚོའི་འགྲམ་ཞིག་ན། །སྐྱེ་བོ་མང་པོས་གང་བ་ཡི། །གྲོང་ཁྱེར་ཚངས་པའི་འབྱུང་གནས་ཡོད། །དེར་ནི་ཁྱེད་ཅག་ངལ་སོས་ལ། །ཤར་རི་རྒྱལ་པོའི་ལམ་ཡང་དྲིས། །ཞེས་བརྗོད་དེ་ཤར་ཕྱོགས་ལོགས་སུ་སོང་ནས་མི་སྣང་བར་གྱུར་ཏོ། །

ཡོན་ཏན་དགའ་བ་རྣམས་ཀྱི་ཆོས་ཚུལ་ནི། །དམ་པ་རྣམས་ལ་བརྟེན་ནས་རབ་ཏུ་སྐྱེ། །བདུད་རྩིའི་ཆར་གྱིས་དབྱར་གྱི་པད་མཚོ་བཞིན། །ངང་པའི་རྒྱལ་པོ་མཆོག་ཏུ་དགའ་བར་གྱུར། །

དེའི་ཚེ་ངང་པའི་དབང་པོ་དེ་ཡང་འགྲོ་འདོད་པར་གྱུར་ནས་སྨྲས་པ། རྫིང་བུའི་གནས་འདི་མེ་ཏོག་འབྲས་མང་ཞིང་། །ཡིད་འོང་ངང་པའི་གྲོགས་དང་ལྡན་ན་ཡང་། །སྣ་ཚོགས་ཡུལ་གྱི་ཉེས་པས་རབ་སྐྱོ་ཞིང་། །ནགས་ཀྱི་ཡོན་ཏན་ཐོས་ནས་གཞན་དུ་འགྲོ། །ཞེས་བརྗོད་པ་དང་། ངུར་པ་མང་པོས་སྨྲས་པ། པདྨའི་མཚོ་ན་བྱ་ཚོགས་སྒྲ་འབྱིན་ཞིང་། །གེ་སར་གསར་པས་རྐང་དྲུག་མྱོས་པའི་ཚལ། །བསིལ་བའི་རྫིང་བུ་འདི་དང་ལྷན་ཅིག་ཏུ། །བདག་ཅག་བཏང་ནས་འདབ་བཟང་གང་དུ་བཞུད། །ངང་པས་སྨྲས་པ། གླིང་གི་སྙིང་པོ་འཛམ་གླིང་ཤར་གྱི་ཕྱོགས། །རི་བོ་ཏ་ལ་ལེགས་པར་བརྒྱན་པ་སྟེ། །སྨན་ཤིང་མེ་ཏོག་ལྗོན་པའི་ཕྲེང་བས་དཀྲིགས། །སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། །ནམ་ཡང་བདེ་མེད་འཁོར་བ་དུག་སྦྲུལ་གླིང་། །ལས་དང་ཉོན་མོངས་བརྒྱས་གཙེས་གྲོང་ཁྱེར་ལས། །ཞི་བ་རིན་ཆེན་གླིང་འགྲོ་ཐར་པའི་གནས། །སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། །ཆགས་དང་འཇུངས་དང་སེར་སྣས་མ་བསགས་པས། །འགྲོ་ཀུན་དགའ་བའི་ནོར་ནི་བདག་ལ་མེད། །ཆོག་ཤེས་འཕགས་པའི་ནོར་དང་ལྡན་པ་ཡིས། །སྤྱན་རས་གཟིགས་དབང་(༤༨)བཞུགས་དེར་བསྒོམ་དུ་འགྲོ། །མཛའ་དང་མི་མཛའ་དེ་བཞིན་བདག་གི་ལུས། །ལྷན་ཅིག་འདུས་ཀྱང་སོ་སོར་འགྱེས་ཆོས་ཅན། །མི་རྟག་སྙིང་པོ་མེད་པའི་ཚུལ་མཐོང་ནས། །སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། །ཐུགས་རྗེ་གངས་རིའི་ངོས་ལ་ཉི་ཤར་བས། །རྨད་བྱུང་བྱིན་རླབས་ཆུ་རྒྱུན་བསིལ་བ་འབབ། །འགྲོ་བློ་གདུང་བའི་མེ་ཚོགས་ཞི་མཛད་པ། །སྤྱན་རས་གཟིགས་དབང་བཞུགས་དེར་སྒོམ་དུ་འགྲོ། །ཞེས་བརྗོད་པ་དང་། བྱའི་ཚོགས་དེ་དག་གདུང་བའི་སྨྲེ་སྔགས་འབྱིན་ཞིང་། མེ་ཏོག་ལ་སོགས་པས་མཆོད་དེ་བསྐོར་བ་བྱས་ནས་ངང་པའི་རྒྱལ་པོ་དེའི་ཞབས་དྲུང་ན་འཁོད་དེ། ཀྱེ་འདབ་བཟང་བདག་ཅག་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་མཆོག་ཏུ་གྱུར་པ་དག་སྟོན་ཅིག་ཅེས་བརྗོད་པ་དང་། ངང་པས་སྨྲས་པ། གྲོགས་དག་ཚེ་ནི་སྟོན་ཀའི་སྤྲིན་ལྟར་གཡོ། །བསགས་པ་འཛད་ཅིང་འདུས་པ་རྣམས་ཀྱང་འབྲལ། །འབྱོར་བ་རྒུད་ཅིང་མི་རྟག་སྙིང་པོ་མེད། །འགྲོ་བ་འདི་དག་མཐའ་བཞིའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ལས་དང་ཉོན་མོངས་ཆུ་ཀླུང་བཟློག་དཀའ་ཞིང་། །སྡུག་བསྔལ་རྦ་རླབས་ཤུགས་དྲག་བཟོད་པར་དཀའ། །ཨེ་མ་ཐར་དཀའ་སྲིད་པའི་རྒྱ་མཚོ་ལས། །དེ་རིང་ཉིད་ནས་བརྒལ་ཕྱིར་བརྩོན་པར་བྱ། །བྱིས་པ་རྣམས་ནི་སྦྲུལ་གདུག་ཁྲོད་འདྲ་ཞིང་། །འདོད་ཡོན་རྣམས་ནི་ལན་ཚྭའི་ཆུ་དང་མཚུངས། །མདོར་ན་འཁོར་བའི་ཉེས་པ་སྣ་ཚོགས་དག །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །དེང་ནས་ཞི་བའི་ཡོན་ཏན་དྲན་བྱ་ཞིང་། །དབེན་པའི་གནས་སུ་བྱང་ཆུབ་སེམས་བསྐྱེད་ནས། །ཡངས་པའི་སྟན་ལ་བདེ་བའི་ལུས་བསྲངས་ཏེ། །སེམས་ཀྱི་གནས་ལུགས་ཇི་བཞིན་གཉུག་མའི་དོན། །རང་བཞིན་སྤྲོས་དང་བྲལ་བའི་ངང་ལ་ཞོག །རྗེས་ལ་འཁོར་གསུམ་དག་པའི་བསྔོ་བ་བྱ། །སྟོང་པའི་འདབ་སྟོང་སྙིང་རྗེའི་སྙིང་པོ་ཅན། །སངས་རྒྱས་པདྨ་མྱུར་དུ་འབྱོན་པར་ངེས། །ཞེས་བརྗོད་དེ་རྫིང་བུའི་གནས་དེ་ནས་སོང་བ་ན། ངུར་བའི་ཚོགས་མང་པོ་དེ་དག་གིས་ཤར་ཕྱོགས་སུ་གངས་རིའི་ར་བ་མཐོང་བའི་ངོས་སྨན་ཤིང་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པ་ཞིག་ཏུ་བསྐྱལ་ཏེ། དད་པས་ཕྱག་འཚལ་ཞིང་གདུང་བའི་སྨྲེ་སྔགས་འབྱིན་པ། ཀྱེ་མ་གྲོགས་དག་མི་རྟག་འགྱེས་ཆོས་ཅན། །སོ་སོར་བྲལ་བའི་ཆོས་ཉིད་འདི་ལྟ་བུ། །དེ་རིང་བདག་ཅག་རྣམས་ལ་མངོན་སུམ་གྱུར། །ངང་པའི་རྒྱལ་པོ་གཞན་དུ་བཞུད་ལ་ཉེ། །པདྨ་མེད་པར་པདྨའི་མཚོ་བཞིན་དུ། །དེ་རིང་བདག་ཅག་རྗེ་དཔོན་བྲལ་བས་སྐྱོ། །ནང་གི་ཐ་མ་ཕྱི་ཕྱག་འཚལ་བའི་དུས། །སླན་ཆད་ཁྱོད་ཞལ་མཐོང་བ་ཤིན་ཏུ་དཀོན། །ཅེས་ཟེར་ཞིང་མངོན་པར་མི་དགའ་བཞིན་དུ་ངུར་བ་དེ་དག་ཕྱིར་ལོག་གོ། །སྔ་ནས་འདུས་ཀྱང་སོ་སོར་འབྲལ་བའི་ཆོས། །འཁོར་བའི་རང་བཞིན་ཡིན་ཏེ་ཕན་པ་མེད། །གང་ལ་འབྲལ་མེད་བདེ་ཆེན་རིན་ཆེན་གླིང་། །ཞི་བའི་ཚལ་དུ་འགྲོ་བ་ཡོང་རེ་རན། །(༤༩)

དེ་ནས་ངང་པའི་རྒྱལ་པོ་དེ་ཡང་རང་གི་ཉེ་འཁོར་བ་བཞིན་བཟང་དང་ལྷན་ཅིག་ཤར་ཕྱོགས་ལོགས་སུ་སོང་བ་ལས། སྐྱེད་མོས་ཚལ་མཐིང་ག་ནོར་བུའི་འོད་ལྟར་འཚེར་བའི་ནང་ན་རི་མཆོག་ཏུ་དཀར་བ་ཟླ་བ་འཆར་ཀའི་འོད་ལྟར་གསལ་བའི་དྲུང་ནས་ཤར་ཕྱོགས་སུ་ཆུ་ཀླུང་དཀར་པོ་དལ་གྱིས་འབབ་པ་མཐོང་སྟེ་བཞིན་བཟང་གིས་ཞེ་ས་དང་བཅས་དྲིས་པ། རྨ་བྱའི་མགྲིན་པ་ལྟ་བུར་འཚེར་བའི་ནགས། །ཡིད་འོང་ནང་ན་རབ་དཀར་ས་འཛིན་ཞིག །དྭངས་པའི་ཆུ་ཀླུང་དག་དང་མཉམ་དུ་འགྲན། །མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། །ངང་པའི་རྒྱལ་པོས་སྨྲས་པ། འོད་ཟེར་ལྡན་གྱི་ནགས་ཚལ་མཛེས་པའི་ནང་། །ཆུ་ཀླུང་དྲི་མེད་ལྡན་ཡང་འཚེར་ཞིང་འབབ། །ཕལ་ཆེར་འཇིག་རྟེན་དབང་པོའི་ཕོ་བྲང་མཆོག །གངས་རི་རིན་ཆེན་ལྡན་དེ་ཡིན་པ་སྙམ། །ཞེས་བརྗོད་དེ་སོང་བ་ལས། ནགས་ཚལ་འོད་ཟེར་ལྡན་པ་ཡིད་དུ་འོང་བའི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་འཁྲིགས་ཤིང་། །ཕུ་ཆུ་བསིལ་བའི་རྒྱུན་ལྷུང་སྒྲ་དང་བཅས་པ་ཁ་དུ་མ་ནས་འབབ་པ། ནགས་ཀྱི་མཐོངས་རྣམས་ནོར་བུ་ཨནྡ་རྙིལ་གྱི་ཁ་དོག་འཚེར་ཞིང་ཨུཏྤ་ལའི་དྲྭ་བས་ཁེབས་པའི་རྫིང་བུ་མེ་ཏོག་སྣ་ཚོགས་པས་གང་བར་བྱ་དང་རི་དྭགས་དུ་མ་རྒྱུ་ཞིང་བུང་བ་ལིང་ལིང་དུ་གྱུར་པ་ཞིག་ཏུ་ཕྱིན་ཏེ་བཞིན་བཟང་གིས་སྨྲས་པ། ཞི་བའི་ནགས་འདབས་དབེན་ཞིང་ཉམས་དགའ་བ། བསམ་གཏན་སྤྱོད་པ་དག་གི་སྐྱེད་མོས་ཚལ། །ཕུག་དང་བྲག་རི་ཆུ་བསིལ་རྫིང་བུས་གང་། །མེ་ཏོག་འབྲས་མང་སྨན་ཤིང་ལྗོན་པས་དཀྲིགས། །ཕུ་ཆུའི་རྒྱུན་དག་ལྷུང་སྒྲ་སྙན་སྒྲོགས་ཤིང་། །ཡིད་འོང་བྱ་ཚོགས་མང་པོ་བདེ་བར་རྒྱུ། །རྐང་དྲུག་ལྡན་རྣམས་སྙན་པའི་གླུ་ལེན་ཞིང་། །དུས་རླུང་སེར་བུས་མེ་ཏོག་གསལ་བར་འགྲིམས། །འགྱིང་མཛེས་ལྡིང་བ་སྤྲིན་གྱི་ཕུང་པོ་ཡང་། །ཕྱོགས་འདིར་དད་པའི་གློག་ཕྲེང་གར་བྱེད་ཅིང་། །བསྟོད་དབྱངས་སྙན་པའི་འབྲུག་སྒྲ་སྒྲོགས་པ་དང་། །མཉམ་དུ་མཆོད་པའི་ཆར་ཟིལ་བསིལ་བ་འབེབས། །དེ་འདྲའི་གནས་འདི་ནགས་ཚལ་འོད་ཟེར་ལྡན། །ལྷ་དང་དྲང་སྲོང་མང་པོས་བསྟེན་པ་སྟེ། །རང་བྱུང་འཇིག་རྟེན་དབང་པོའི་སྐྱེད་མོས་ཚལ། །སྣ་ཚོགས་བཀོད་པའི་འོད་ཟེར་འགྱེད་ལ་ལྟོས། །ངང་པའི་རྒྱལ་པོས་སྨྲས་པ། རི་ངོགས་ཡངས་པའི་ལྗོན་ཤིང་རྣམས་ནི་དགའ་བས་བྲོ་གར་བྱེད་པ་བཞིན། །ཤང་ཤང་སྨན་ལྗོངས་མེ་ཏོག་རྣམས་ནི་འཛུམ་པའི་མདངས་རབ་གསལ་བ་བཞིན། །འཁྲི་ཤིང་ཁྲོད་ཀྱི་བྱ་ཚོགས་རྣམས་ནི་སྙན་པའི་བསྟོད་དབྱངས་ལེན་པ་བཞིན། །ཆུ་རྒྱུན་གཙང་མའི་ན་ཆུང་རྣམས་ནི་ལྦུ་ཕྲེང་དོ་ཤལ་འཛིན་པ་བཞིན། །ཙནྡན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་སྙན་དྲུང་བུང་བ་འཕུར་ལྡིང་ཞིང་། །ནོར་བུའི་དོ་ཤལ་སྐེད་ངོས་ལ་རེག་འབྲས་བུའི་ཆུན་འཕྱང་འཛིན་མའི་ཚོགས། །ལོ་འདབ་གསར་པའི་སྟོད་གཡོགས་དང་བཅས་ཡལ་གའི་ལག་རྩེད་དུད་པ་ཡིས། །མེ་ཏོག་ཕྲེང་བའི་གཡབ་མོས་འདེབས་ཤིང་དེ་རིང་བདག་ཅག་བསུ་བ་འདྲ། །(༥༠)ཁུ་བྱུག་མྱོས་པའི་གདངས་སྙན་རྣམས་ནི་དྲི་ཟའི་རྒྱུད་མང་སྦྲེང་བ་བཞིན། །ཆུར་ཉལ་འཛུམ་པའི་ན་ཆུང་རྣམས་ནི་བུང་བའི་གླིང་བུ་བསྒྱུར་བ་བཞིན། །ཆུ་གཙང་པདྨས་ཁེབས་པ་རྣམས་ནི་དྭངས་པའི་གཟུགས་བརྙན་འཛིན་པ་བཞིན། །སྔོ་ཞིང་སྣུམ་པའི་ནགས་ཁྲོད་རྣམས་ནི་ལྕུག་ཕྲན་བྲོ་གར་བྱེད་པ་བཞིན། །ཞེས་བརྗོད་དེ་མཐར་གྱིས་སོང་བ་ལས། གངས་རི་རིན་ཆེན་ལྡན་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་ངོས་ལ་འཇིག་རྟེན་དབང་པོའི་སྐུ་རང་བྱོན་ཡོད་པ། ཙནྡན་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པའི་དྲུང་ནས་བསྐོར་བ། ཕྱོགས་སུ་ཆུ་ཀླུང་དྲི་མེད་ལྡན་ཤར་གྱི་རྒྱ་མཚོར་འབབ་པ་མཐོང་སྟེ། བཞིན་བཟང་གིས་དྲིས་པ། ཡིད་འོང་གངས་རིའི་ཚལ་ན་འཛུམ་པའི་སྐུ། །དཀར་གསལ་འོད་ཀྱི་དྲྭ་བ་ཕྱོགས་བཅུར་འགྱེད། །སྟོན་ཀའི་སྤྲིན་དཀར་ནང་ན་ཟླ་གཟུགས་བཞིན། །མཛེས་པ་འདི་འདྲ་གང་གི་སྐུ་ཡིན་ནམ། །ངང་པའི་རྒྱལ་པོས་སྨྲས་པ། གངས་རིའི་དྲུང་ན་ལྷུན་གྱིས་གྲུབ་པའི་སྐུ། །འཛུམ་མཛེས་བཞེངས་ཤིང་འོད་སྟོང་འགྱེད་པ་ནི། །སྤྱན་རས་གཟིགས་དབང་རྒྱལ་སྲས་ཐུགས་རྗེ་ཅན། །འགྲོ་བའི་དོན་ལ་ཕྱོགས་འདིར་བྱོན་པ་སྙམ། །ཞེས་བརྗོད་དེ་དྲུང་དུ་སོང་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་དང་སྤོས་དྲི་ཞིམ་པོས་མཆོད་ནས། ངང་པའི་རྒྱལ་པོས་བསྟོད་པ། གངས་རིའི་མགུལ་ན་འཛུམ་མཛེས་ཞི་བའི་སྐུ། །མི་གཡོ་མི་གསུང་སྤྲོས་དང་བྲལ་བ་ནི། །ཆོས་ཉིད་ངང་ལ་མཉམ་པར་བཞག་པ་བཞིན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས་བསྟོད་པ། གངས་རི་པདྨའི་དྲུང་ན་མཛེས་པའི་སྐུ། །ཟླ་བ་ཀུནྡའི་མདངས་འདྲ་ཕྱག་གཡས་ལས། །ཡི་དྭགས་བཀྲེས་སྐོམ་ཞི་མཛད་འོ་རྒྱུན་འབེབས། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་སྐྱེད་མོས་ཚལ་དེ་ལས་ཀྱང་འདས་ནས་ཤར་ཕྱོགས་ལོགས་སུ་སོང་སོང་བ་ལས་རྒྱ་མཚོའི་མཐའ་དང་ཉེ་ཞིང་ཐང་དང་ཤང་ཤོང་ཤིན་ཏུ་རྒྱ་ཆེ་བ། སྔ་དྲོའི་ཚེ་ཉི་མའི་དཀྱིལ་འཁོར་ཡང་རྒྱ་མཚོའི་ནང་ནས་འཆར་བ་སྙམ་བྱེད་ཅིང་། ཕྱི་དྲོའི་དུས་སུ་སའི་འོག་ཏུ་ནུབ་པ་འདྲ་བ། ཕྱོགས་རྣམས་ནི་སྨིག་རྒྱུ་འགྱུ་བའི་གོས་དང་དྲི་ཟའི་གྲོང་གིས་བརྒྱན་ཅིང་། རྐང་གིས་འགྲོ་བའི་མགྲོན་པོ་ཤུགས་འབྱིན་པའི་ས་ཕྱོགས་མྱ་ངམ་གྱི་དགོན་པ་ཤིན་ཏུ་བགྲོད་དཀའ་བ་ཞིག་ལ་ཉིན་ཞག་འགའ་ཙམ་སོང་བ་ན། བཞིན་བཟང་རབ་ཏུ་སྐྱོ་བས་ནམ་མཁའི་ངོས་སུ་བལྟ་ཞིང་སྨྲེ་སྔགས་འདོན་པ། ཕྱོགས་རྣམས་སྨིག་རྒྱུ་གཡོ་བས་གར་བསྒྱུར་ཞིང་། །ཉི་མ་རྒྱ་མཚོའི་ནང་ནས་ས་འོག་ནུབ། །དྲི་ཟའི་གྲོང་ཡང་ཕྱི་ཕྱིར་བསྙེགས་པ་བཞིན། །མྱ་ངམ་ཐང་ལས་སྐྱོབས་ཤིག་སྤྱན་རས་གཟིགས། །ཞེས་བརྗོད་པ་ན། ངང་པའི་རྒྱལ་པོས་སྨྲས་པ། ཀྱེ་བཞིན་བཟང་། འདིར་དེ་ཙམ་དུ་བགྲོད་དཀའ་ཞིང་སྐྱོ་བའང་མ་ཡིན་གྱི། ཅུང་ཟད་སྤྲོ་སྲིངས་ཤིག་ཅེས་བརྗོད་ནས་ཡང་སྨྲས་པ། སྲིད་པའི་མྱ་ངམ་དགོན་པ་བགྲོད་དཀའ་ཞིང་། །སྡུག་བསྔལ་སྨིག་རྒྱུ་འདུ་བྱེད་དྲི་ཟའི་གྲོང་། །ལས་དང་ཉོན་མོངས་ཉི་ཟླ་མདངས་བཀྲའི་གནས། །བཟོད་དཀའ་བཟོད་ན་འདི་དག་ཅིས་མི་བཟོད། །རྒྱ་མཚོར་མི་འགའ་འཚོ་བ་ཙམ་གྱི་ཕྱིར། །སྡུག་(༥༡)བསྔལ་བརྒྱ་ཕྲག་མང་པོའང་བཟོད་བྱེད་ན། །རིན་ཆེན་ཆོས་ཕྱིར་ཅུང་ཟད་ངལ་བ་ཡི། །དམན་པའི་སྡུག་བསྔལ་ཅི་ཕྱིར་བཟོད་མི་བྱེད། །སྔོན་ཆད་མནར་མེད་ལ་སོགས་གནས་རྣམས་སུ། །དོན་མེད་ཕྱིར་ཡང་སྡུག་བསྔལ་བཟོད་བྱེད་ན། །རང་གཞན་དོན་ཆེན་འགྲུབ་པའི་རྒྱུར་གྱུར་པ། །དམན་པའི་སྡུག་བསྔལ་དགའ་བས་བཟོད་པར་བྱ། །འོན་ཀྱང་བདེན་པའི་སྟོབས་ཀྱི་བྱིན་རླབས་དང་། །བདག་གི་ལེགས་སྨོན་སྔོན་སྦྱངས་བསོད་ནམས་སྟོབས། །དེ་དག་མཐུ་ཡིས་ཡིད་འོང་ཉམས་དགའི་གནས། །མཚོ་དང་རྫིང་བུས་བརྒྱན་པ་མཐོང་བར་ཤོག །ཅེས་བརྗོད་མ་ཐག་ཏུ་དེ་ནས་ཀྱང་ཟླ་བ་ཕྱེད་ཀྱིས་བགྲོད་དགོས་པའི་མྱ་ངམ་གྱི་དགོན་པ་དེ་ཉིད་སྔ་དྲོ་ཙམ་གྱིས་ལེགས་པར་བགྲོད་པར་གྱུར་ཏོ། །སྐྱེ་བོ་དམ་པའི་མཐུ་སྟོབས་བསམ་མི་ཁྱབ། །ལེགས་སྨོན་བསོད་ནམས་སྟོབས་ཀྱང་བསམ་མི་ཁྱབ། །མཆོག་ལ་བསྟེན་པའི་ཡོན་ཏན་བསམ་མི་ཁྱབ། །དགེ་དང་མི་དགེའི་རྣམ་སྨིན་བསམ་མི་ཁྱབ། །

དེ་ལྟར་བགྲོད་པའི་ཤར་ཕྱོགས་ན་ཡིད་དུ་འོང་བའི་གནས་སྐྱེ་ཤིང་སྣ་ཚོགས་ཀྱི་ར་བས་བསྐོར་བའི་དབུས་ན་གྲོང་དང་གཙུག་ལག་ཁང་མང་པོ་ཕྱེད་ཙམ་གསལ་བ་དག་མཐོང་སྟེ། བཞིན་བཟང་གིས་དྲིས་པ། འཁྲི་ཤིང་ར་བས་བསྐོར་བ་ཡི། །གྲོང་དང་གཙུག་ལག་ཁང་རྣམས་ནི། །ཕྱེད་ཙམ་འཛུམ་པས་བལྟ་བ་བཞིན། །མཛེས་པ་འདི་འདྲ་ཅི་ཞིག་ཀྱེ། །ངང་པའི་རྒྱལ་པོས་སྨྲས་པ། སྐྱེ་ཤིང་ཕྲེང་བས་བསྐོར་བའི་གྲོང་ཁྱེར་དབུས། །གཞལ་མེད་ཁང་མཐོང་ཡིད་འོང་མཛེས་པ་ནི། །ནོར་བུའི་ཆུན་འཕྱང་གསེར་གྱི་དྲྭ་བས་གཡོགས། །གྲོང་ཁྱེར་ཚངས་པའི་འབྱུང་གནས་ཡིན་ནམ་སྙམ། །ཞེས་བརྗོད་དེ་མཐར་གྱིས་དེའི་ཉེ་འཁོར་དུ་ཕྱིན་པ་ན། ཙནྡན་འཁྲི་ཤིང་གིས་བསྐོར་བའི་འོབས་ཆུས་ཡོངས་སུ་གང་བར་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་ཤིང་། ཆུ་བྱ་སྣ་ཚོགས་པ་རྩེ་ཞིང་ལྡིང་བ་མཐོང་ནས་བཞིན་བཟང་གིས་སྨྲས་པ། མེ་ཏོག་འཛུམ་པའི་ན་ཆུང་དག །མཛེས་པའི་བྱ་དང་ལྷན་ཅིག་ཏུ། །རྫིང་བུའི་ནང་ན་གསར་དུ་རྒྱས། །འདི་ནི་ལྷ་ཡི་པད་མཚོའམ་ཅི། །ངང་པའི་རྒྱལ་པོས་སྨྲས་པ། འོབས་ཀྱི་ཆུ་རླབས་གཡོ་བ་དག །འཁྲི་ཤིང་གཟུགས་བརྙན་འཛིན་པ་ཡི། །ལྦུ་བ་སྦྲེང་བའི་ལོ་འདབ་རྒྱས། །དཔག་བསམ་རྣམས་ལ་འགོངས་པ་བཞིན། །ཞེས་བརྗོད་དེ་གྲོང་ཁྱེར་གྱི་གཞིར་སོང་བ་ན། སྐྱེ་བོ་མང་པོས་གང་བའི་གྲོང་དང་གཙུག་ལག་དེ་དག་རྒྱ་མཚོའི་འགྲམ་དང་ཉེ་བའི་ཕྱིར་དགུན་གྱི་དུས་སུ་ཉི་མའི་འོད་ཟེར་ཧ་ཅང་མི་ཚ་ཞིང་། ཟླ་བའི་འོད་ཟེར་ཆུའི་མདངས་དང་འདྲེས་པ་ཙནྡན་ས་མཆོག་གི་ཚལ་ལྟར་ཤིན་ཏུ་བསིལ་ལ། སོས་ཀ་དང་། དབྱར་དང་། སྟོན་རྣམས་ནི་ཟླ་བའི་འོད་ཟེར་མཆོག་ཏུ་མི་བསིལ་ཞིང་། ཉི་མའི་འོད་ཟེར་རྒྱ་མཚོར་ལྷུང་བའི་སྟོབས་ཀྱིས་ནོར་བུ་མེ་ཤེལ་དྭངས་པའི་ཕུང་པོ་ཉེ་བར་གནས་པ་བཞིན་དུ་རབ་ཏུ་ཚ་ཞིང་། ཕལ་ཆེར་རྨུགས་པའི་དོ་ཤལ་དང་མཚོ་རླབས་འཁྱིལ་བའི་ཁྲོད་(༥༢)ནས་ཆུའི་ཟེགས་མ་ཕྲ་མོ་དག་ཆར་ཟིམ་བུ་ལྟར་འབབ་ཅིང་སྦྲང་མའི་སྒྲ་སྐད་སྣ་ཚོགས་སུ་གྲགས་པ་དེའི་ཕྱིར། སྦྲང་སྐྱབས་དང་། བསིལ་ཁང་དང་། འཕྱང་ཁ་དང་། ཕྱེད་ཕིབ་དང་། སྐར་ཁུང་དྲྭ་བ་ཅན་དང་། སྨྱུག་མའི་བསིལ་ཁང་ལ་སོགས་ལ་བཀོད་པ་སྣ་ཚོགས་ཀྱིས་མཛེས་ཤིང་ཚོང་འདུས་དང་བཞི་མདོ་རྣམས་སུ་རིན་པོ་ཆེ་དང་། སྨན་དང་། ཁ་ཟས་དང་། བཞོན་པ་དང་། བཏུང་བ་དང་། གོས་སྣ་ཚོགས་ཀྱིས་བཀྲམ་པའི་ཚོགས་ཁང་ཡིད་དུ་འོང་བར་སྐྱེ་བོ་མང་པོས་གང་ཞིང་། སྲང་དང་སུམ་མདོ་རྣམས་སུ་ཡུལ་དང་ཕྱོགས་ཐ་དད་པ་ནས་ལྷགས་པའི་མགྲོན་པོ་དུ་མ་ལང་ལོང་དུ་གྱུར་ཅིང་། གཙུག་ལག་ཁང་རྣམས་ཀློག་པ་དང་བསམ་གཏན་སྤྱོད་པའི་རབ་ཏུ་བྱུང་བ་མང་པོས་གང་བར་མཐོང་སྟེ། བཞིན་བཟང་གིས་སྨྲས་པ། ཡིད་འོང་གྲོགས་དག་འདོད་རྒུས་རབ་འབྱོར་ཅིང་། །ཕྱོགས་ཀྱི་སྐྱེ་བོ་མང་པོ་ཉེ་བར་འདུད། །གཙུག་ལག་ཁང་རྣམས་མཆོད་པའི་སྤྲིན་འཕྲོ་ཞིང་། །བསམ་གཏན་སྤྱོད་པ་དག་གི་སྐྱེ་བོས་གང་། །ཞེས་བརྗོད་དེ་སོང་བ་ལས། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཡིད་དུ་འོང་བའི་མཚོ་མེ་ཏོག་བརྒྱན་པ་ཞེས་བྱ་བ་ཧ་རི་ཙནྡན་ལ་སོགས་པའི་ལྗོན་ཤིང་སྣ་ཚོགས་ཀྱི་ར་བས་བསྐོར་བའི་དབུས། པདྨ་དང་། ཨུཏྤལ་དང་། ཀུ་མུ་ཏ་ལ་སོགས་པའི་མེ་ཏོག་རྣམ་པ་དུ་མའི་དྲྭ་བས་ཁེབས་པའི་མཚོ། བཞད་དང་ངུར་པ་སྒྲ་འབྱིན་པ་ཞིག་ཏུ་ཕྱིན་ཏེ། ངང་པའི་རྒྱལ་པོས་སྨྲས་པ། མེ་ཏོག་དྲྭ་བས་ལེགས་པར་འཛུམ་པའི་མཚོར། །གཉིས་སྐྱེས་དགའ་བའི་སྒྲ་སྙན་སྒྲོགས་པ་ནི། །ཡིད་འོང་འདོད་ལྷའི་རྫིང་བུ་འཕོས་པ་བཞིན། །ཞི་བའི་གནས་འདིར་བདག་ཅག་འདུག་པར་འོས། །ཞེས་བརྗོད་དེ་འཁྲི་ཤིང་རྭ་བའི་མཚོར་ཞུགས་པ་དང་། དེ་ན་གནས་པའི་བྱ་སྣ་ཚོགས་པ་དག་རབ་ཏུ་དགའ་བས་བསུ་ཞིང་བསྟོད་དེ་སྨྲས་པ། པདྨའི་མཚོ་ལས་མ་བྱུང་ཞིང་། །ཉི་ཟེར་གསལ་བས་མ་ཕྱེས་ཀྱང་། །བཞིན་གྱི་ཆུ་སྐྱེས་དཔལ་དང་ལྡན། །མཛེས་པ་ཁྱེད་ཅག་གང་ནས་ལྷགས། །ངང་པའི་རྒྱལ་པོས་སྨྲས་པ། ཡིད་འོང་གནས་ནི་ཡོན་ཏན་མཐའ་ཡས་ཤིང་། །དཔལ་རྒྱས་པདྨའི་འབྱུང་གནས་མཚོ་ཆེན་བཞིན། །གངས་རིའི་ཟེ་བས་ལེགས་པར་བསྐོར་བ་ནས། །ཞི་བའི་གནས་འདིར་བདག་ཅག་ལྷགས་པར་གྱུར། །དེ་དག་གིས་སྨྲས་པ། ཀྱེ་བཟང་པོ་གནས་དེའི་ཡོན་ཏན་ཇི་ལྟ་བུ། ངང་པའི་རྒྱལ་པོས་སྨྲས་པ། གངས་རིའི་ཡུལ་ནི་འཕགས་པའི་སྐྱེད་མོས་ཚལ། །ཡིད་འོངས་གྲོང་དང་གཙུག་ལག་ཁང་རྣམས་ནི། །མཁས་པའི་སྐྱེ་བོ་མང་པོས་རབ་ཏུ་གང་། །བསྟན་པའི་ཉི་འོད་རྒྱ་ཆེར་འཕྲོ་བ་ཡིན། །ཞེས་བརྗོད་དེ་ཡང་དྲིས་པ། འཇིག་རྟེན་དབང་པོ་བཞུགས་པའི་རི། །ཡིད་འོང་མེ་ཏོག་བརྒྱན་པ་ཡི། །ལམ་ནི་གང་ཡིན་ཇི་ཙམ་ཞིག །དེ་རིང་གསལ་བར་རབ་ཏུ་སྟོན། །དེ་དག་གིས་སྨྲས་པ། བདག་ཅག་གིས་ནི་ཤེས་པར་དཀའ་སྟེ། འོན་ཀྱང་གཙུག་(༥༣)ལག་ཁང་འདི་ན་དགེ་སློང་ཆོས་སྨྲ་བ་སྐྱེ་བོ་མང་པོའི་སློབ་དཔོན་དུ་གྱུར་པ་ཞིག་མཆིས་ཀྱི་དེར་དྲིས་ཤིག་དང་ཁྱེད་ཅག་ལ་ཕན་པ་ཉེ་བར་སྟོན་པར་འགྱུར་རོ། །དེས་ཀྱང་ལེགས་སོ་ཞེས་སྨྲས་ཏེ་གཙུག་ལག་ཁང་དེར་སོང་བ་ན། དགེ་སློང་བསླབ་པ་གསུམ་དང་མང་དུ་ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་ཅིང་། འཕགས་པ་དོན་ཡོད་ཞགས་པའི་ཞལ་མཐོང་བ་ཞིག་མཆིས་པ་དེའི་ཞབས་དྲུང་དུ་སོང་སྟེ་དད་པས་ཕྱག་འཚལ་ནས་སྨྲས་པ། གང་གིས་འཆིང་རྣམས་རབ་བཅད་དེ། །འགྲོ་བ་བྱང་ཆུབ་ལམ་འདྲེན་པའི། །རྒྱལ་སྲས་ཐུགས་རྗེ་ཅན་གྱི་ཞིང་། །གྲུ་འཛིན་ལམ་ནི་བསྟན་དུ་གསོལ། །དགེ་སློང་དེས་སྨྲས་པ། ཁྱེད་ཅག་གང་ནས་ལྷགས། བྱས་སྨྲས་པ། རི་བོ་གངས་ཅན་ནས་སོ། །དགེ་སློང་གིས་སྨྲས་པ། ཀྱེ་བཞིན་བཟང་དག་སྐལ་བ་དང་ལྡན་པ་རྣམས་ཀྱི་ལམ་ཉིད་ནི་འདི་ནས་ཤར་ཕྱོགས་ལོགས་ན་ཡོད་དེ། ཡི་གེ་ཞིབ་མོ་ལ་བརྟེན་ནས་རྟོགས་མོད་ཀྱི་བགྲོད་པར་དཀའོ། །ཁྱེད་ཅག་ནི་ལྷག་པར་ཡང་སྐལ་བ་དང་ལྡན་ཏེ། འདི་ལྟར་ལོ་བཅུ་གཉིས་ནས་ཤར་གྱི་རྒྱ་མཚོའི་འགྲམ་ཀུ་མུ་ཏ་རྒྱས་པའི་གླིང་དུ་འཕགས་པ་འཇིག་རྟེན་དབང་པོ་ཀླུ་རྣམས་ལ་ཆོས་སྟོན་པའི་ཕྱིར་འབྱུང་བར་གསུངས་ན། སྔར་ནི་ལོ་བཅུ་ཞིག་ཐལ་ཏེ་རིང་པོར་མི་ཐོགས་པར་ཁྱེད་ཅག་དང་མཇལ་བར་ངེས་སོ། །ངང་པས་སྨྲས་པ། དེ་ཙམ་དུ་འདུག་པར་མི་སྤྲོ་ན་ཐབས་གཞན་སྩོལ་ཞིག །དགེ་སློང་གིས་སྨྲས་པ། དེ་ལྟ་ན་ཟླ་བ་ཕྱེད་ཀྱི་བར་དུ་སྡོད་ཅིག་དང་འདིར་པོ་ཏ་ལའི་ཡུལ་ནས་ངང་པ་ཞིག་ཆོས་ཉན་པའི་སླད་དུ་མཆི་སྟེ་དེ་དང་ལྷན་ཅིག་སོང་ཞིག །དེས་ཀྱང་ལེགས་སོ་ཞེས་བསྟོད་དེ་ཟླ་བ་ཕྱེད་དུ་ཉིན་མོ་དགེ་སློང་ཆོས་སྨྲ་བ་དེ་ལས་འཕགས་པ་དོན་ཡོད་ཞགས་པའི་གཟུངས་ཀྱི་ཆོ་ག་དང་། ཨ་མོ་གྷ་པཱ་ཤའི་རྒྱུད་ལ་སོགས་པ་ཆོས་ཟབ་མོ་རྣམས་ཉན་ཞིང་མཚན་མོ་མཚོ་མེ་ཏོག་བརྒྱན་པར་གནས་བཅས་ཏེ་འཇུག་གོ། །དམ་པ་གངས་རིའི་དྲུང་ན་ངང་པ་དག །ཡིད་འོང་ཐོས་པའི་ཆུ་རྒྱུན་གཉེར་བ་ནི། །པདྨའི་རྫིང་བུ་ཉིད་དུ་རབ་འཁྲུལ་ནས། །དོན་ཟབ་སྦྲང་རྩིའི་སྙིང་པོ་འཐུང་བ་བཞིན། །

དེ་ནས་ཟླ་བ་ཕྱེད་ཀྱི་ཉིན་མོ་ཚེས་བཅོ་ལྔའི་ནམ་མཁའ་རྡུལ་དང་བྲལ་བའི་ཤར་ཕྱོགས་ནས་ངང་པའི་དབང་པོ་ཞིག་མེ་ཏོག་དང་འབྲས་བུའི་ཚོགས་མང་པོ་ཁྱེར་ཏེ་གཙུག་ལག་ཁང་དང་དགེ་སློང་ཆོས་སྨྲ་བ་དེ་ལ་མཆོད་ཅིང་བསྟོད་དབྱངས་དག་སྒྲོག་པར་བྱེད་དོ། །དྭངས་པའི་མཁའ་ལ་རྒྱལ་སྲས་དག་པའི་བྱ། །ཐབས་དང་ཤེས་རབ་གཤོག་གཉིས་རབ་བརྐྱངས་ཏེ། །བསྟོད་དབྱངས་སྙན་པའི་དར་དིར་སྒྲ་འབྱིན་ཞིང་། །མེ་ཏོག་འབྲས་བུའི་ཚོགས་ཀྱིས་མཆོད་ཅིང་ལྷགས། །དེའི་ཚེ་དགེ་སློང་ཆོས་སྨྲ་བ་དེས་ཀྱང་འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལ་སོགས་པ་ཟབ་མོའི་ཆོས་མང་དུ་བཤད་དེ་སྨྲས་པ། ཡིད་འོངས་གངས་རིའི་འགྲམ་ནས་འོངས་པའི་བྱ། །དད་དང་བརྩོན་པའི་(༥༤)གཤོག་ཡངས་ལྡན་པ་ཞིག །སྤྱན་རས་གཟིགས་དབང་དྲུང་དུ་གུས་པས་འགྲོ། །བཟང་པོ་ཁྱོད་ཀྱིས་དེ་ཡི་ལམ་མཁན་མཛོད། །ཅེས་བརྗོད་པ་དང་། དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ཏེ། མཚོ་མེ་ཏོག་བརྒྱན་པའི་འགྲམ་དུ་འོངས་ནས་སྨྲས་པ། གངས་རི་པདྨའི་མཚོ་ནས་འོངས་པའི་བྱ། །རབ་དཀར་དགེ་བའི་ཤུགས་ཀྱིས་བསྐྱོད་པ་དག །གཡོ་བའི་ལུས་ཀྱི་འདབ་གཤོག་རབ་བསྐྱོད་ལ། །ཚུར་ཤོག་འཇིག་རྟེན་དབང་པོའི་དྲུང་དུ་འདོང་། །ཞེས་པའི་ཚིག་འདིས་བསྐུལ་བ་དང་། ངང་པའི་རྒྱལ་པོ་མཆོག་ཏུ་དགའ་བས་སྨྲས་པ། ལེགས་སོ་དྭངས་པའི་མཁའ་ལ་མཛེས་པའི་བྱ། །ཡིད་འོང་མཚན་དཔེས་བརྒྱན་པའི་གངས་རི་ཞིག །མཁའ་ལ་འོང་ན་དེ་དང་མཚུངས་པ་བཞིན། །ཁྱོད་དང་ལྷན་ཅིག་གྲུ་འཛིན་བལྟ་བར་བགྱི། །ཞེས་བརྗོད་ནས་མེ་ཏོག་ལ་སོགས་པས་དགེ་སློང་ཆོས་སྨྲ་བ་དེ་མཆོད་དེ་ཕྱག་འཚལ་ནས་རང་གི་འཁོར་དང་ལྷན་ཅིག་ཏུ་པོ་ཏ་ལའི་ངང་པས་ལམ་མཁན་བྱས་ནས་ཤར་ཕྱོགས་ལོགས་སུ་སོང་ངོ་། །དེ་དང་མཉམ་དུ་མེ་ཏོག་བརྒྱན་པའི་མཚོ། །ཡིད་འོང་ནང་གནས་ངང་པ་ལྔ་བརྒྱ་ཡང་། །དྭངས་པའི་མཁའ་ལ་གཤོག་པ་རབ་བརྐྱངས་ནས། །ཤར་རི་རྒྱལ་པོའི་དྲུང་དུ་སྙེགས་ལ་བརྩོན། །

དེ་ལྟར་ངང་པའི་ཚོགས་དག་སོང་བ་ལས་ཉིན་ཞག་འགའ་ཙམ་ན། ཤར་གྱི་རྒྱ་མཚོའི་ནང་། ཡིད་དུ་འོང་བའི་མཚོ་པདྨའི་དྲྭ་བས་ཁེབས་ཤིང་། རིན་པོ་ཆེ་སྣ་ཚོགས་ཀྱི་གླིང་བཻ་ཌཱུཪྻའི་བྱེ་མ་བརྡལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་ཚལ་མཐིང་གར་འཁྲིགས་པ་ཞིག་ན། ནོར་བུ་ཨནྡ་རྙིལ་གྱི་རང་བཞིན་ནམ་མཁའ་དྭངས་པའི་མདོག་ལྟར་སྔོ་བའི་ཁང་བཟང་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། ཨུཏྤལ་མཐིང་ག་འཁྲིགས་པ་འདྲ་བ་ལས། །ནོར་བུའི་གཞལ་མེད་ཁང་མཐོན་འོད་ཀྱིས་མཛེས། །གེ་སར་དྲྭ་བས་གཡོགས་པའི་སྐྱེད་མོས་ཚལ། །རིང་ནས་གསལ་བ་ཅི་ཞིག་ལགས་སམ་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་ནོར་རྒྱས་ཀྱི་ཕོ་བྲང་མེ་ཏོག་ཟུམ་པ་ཅན་ཡིན་ཏེ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་ཏུ་གང་ངོ་། །བཞིན་བཟང་གིས་སྨྲས་པ། ཀྱེ་བཟང་པོ་བདག་ཅག་འགྲོ་བའི་གནས་དེར་ནི་ཇི་ཙམ་ཞིག་ན་ཡོད། ལམ་མཁན་གྱིས་སྨྲས་པ། ད་དུང་ཤིན་ཏུ་རིང་ངོ་། །དེ་ནས་ཉིན་ཞག་འགའ་ཙམ་སོང་སོང་བ་ན། རིན་པོ་ཆེའི་རི་མཆོག་ཏུ་དཀར་བ་གངས་རིའི་རྒྱལ་པོ་ཟླ་བའི་འོད་ཀྱིས་འཚེར་བ་ལྟ་བུ་ཞིག་མཐོང་སྟེ་ངང་པའི་རྒྱལ་པོས་དྲིས་པ། ནོར་བུ་ཆུ་ཤེལ་འཚེར་བའི་ལྷུན་པོ་ལ། །ཉིན་བྱེད་འོད་ཀྱི་དྲྭ་བས་གཡོགས་པ་བཞིན། །ཆུ་སྲིན་འཛིན་ཁྲིའི་གནས་ན་མཛེས་པའི་རི། །རིང་ནས་གསལ་བ་འདི་འདྲ་ཅི་ཡིན་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་པདྨའི་ཕོ་བྲང་སྤྲིན་གྱི་སྙིང་པོ་ཡིན་ཏེ་ནོར་བུ་འོད་ཀྱི་སྙེ་མ་དང་ཀེ་ཀེ་རུ་དག་མང་ངོ་། །དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བ་ལས། རི་(༥༥)མཆོག་ཏུ་དམར་བ་རྒྱ་མཚོའི་རླབས་ཀྱིས་གཉེར་བས་རེས་འགའ་ཆུའི་གཏིང་དུ་ནུབ་པ་སྙམ་བྱེད་པ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། ཆུ་གཏེར་ཟབ་མོའི་ནང་ན་མཛེས་པའི་རི། །ནོར་བུ་པདྨ་རཱ་གའི་མདོག་འདྲ་ཞིང་། །དུས་རླབས་གཡོ་བས་རྩེད་འཇོ་བགྱིད་པ་བཞིན། །མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་མཐའ་ཡས་ཀྱི་ཕོ་བྲང་འོད་ཀྱི་དྲྭ་བ་ཡིན་ཏེ་ནོར་བུ་སྤུག་དང་མུ་ས་ར་གརྦྷ་དག་མང་ངོ་། །དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བ་ན་རི་བོ་མཆོག་ཏུ་སེར་བ་གུར་གུམ་གཞོན་ནུའི་མདོག་འདྲ་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། གསེར་རི་འོད་ཀྱི་དྲྭ་བས་མཛེས་པ་ལ། །ཨིནྡྲ་ནཱི་ལའི་སྟོད་གཡོགས་འཛིན་པ་བཞིན། །མཐིང་ག་རྒྱ་མཚོའི་ཆུ་རླབས་གོས་གྱོན་པའི། །མཛེས་པ་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་པདྨ་ཆེན་པོའི་ཕོ་བྲང་གསེར་གྱི་དྲྭ་བ་ཅན་ཡིན་ཏེ་ནོར་བུ་མཐོན་ཀ་དང་ཆུ་དྭངས་དག་མང་ངོ་། །དེ་དག་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གླིང་ནོར་བུ་བཻ་ཌཱུཪྻའི་བྱེ་མ་བརྡལ་བ། ཙནྡན་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་ན་དབྱར་གྱི་ཨུཏྤལ་རབ་ཏུ་རྒྱས་པ་ལྟ་བུའི་རི་ལྗང་གུར་སྣང་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། རྨ་བྱའི་མགྲིན་པ་ལྟ་བུར་མཛེས་པའི་རི། །ལྗང་གུར་འཚེར་བའི་འོད་ཟེར་འགྱེད་པ་ནི། །ཙནྡན་ལྗོན་པའི་ཚོགས་དང་འགྲན་པ་བཞིན། །རིང་ན་གནས་པ་འདི་འདྲ་ཅི་ཞིག་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་རྒྱ་མཚོའི་ཕོ་བྲང་རིན་ཆེན་སྙིང་པོ་ཡིན་ཏེ་ནོར་བུ་འོད་ཀྱི་དྲྭ་བ་དང་པདྨའི་སྙིང་པོ་དག་ཤིན་ཏུ་མང་ངོ་། །དེ་ལས་ཀྱང་འདས་ཏེ་ཉིན་ཞག་འགའ་ཙམ་སོང་བའི་མཚམས་ན། རིན་པོ་ཆེ་སྣ་ཚོགས་ཀྱི་རི་འོད་ཀྱི་དྲྭ་བས་མཛེས་ཤིང་། ཙནྡན་ས་མཆོག་གི་ཚལ་མཐིང་གར་འཁྲིགས་པ། གསེར་གྱི་བྱེ་མ་བརྡལ་བའི་གླིང་ནོར་བུ་སྣ་ཚོགས་ཀྱིས་བཀྲམ་ཞིང་རྒྱ་མཚོའི་མདོག་ཀྱང་ལྗང་གུར་འཚེར་བ་ཞིག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། དྭངས་པའི་མཚོ་ན་རིན་ཆེན་སྙིང་པོའི་རི། །ཙནྡན་ལྗོན་པའི་ཕྲེང་བས་བསྐོར་བ་ནི། །མཐིང་གར་འཚེར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ནོར་བུའི་གླིང་ན་མཛེས་པ་ཅི་ཞིག་ཀྱེ། །ལམ་མཁན་གྱིས་སྨྲས་པ། འདི་ནི་ཀླུའི་དབང་པོ་གཙུག་ན་རིན་ཆེན་གྱི་ཕོ་བྲང་འོད་ཀྱི་སྙིང་པོ་ཡིན་ཏེ། འཛམ་བུའི་གླིང་ན་ཡོད་པའི་རིན་པོ་ཆེའི་རིགས་ཐམས་ཅད་དང་། ཁྱད་པར་དུ་ནོར་བུ་མཐོན་ཀ་ཆེན་པོ་དང་། བཻ་ཌཱུཪྻ་དང་། པདྨའི་དྲྭ་བ་དང་། ཉི་ཟླའི་འོད་དང་། སྤྲིན་གྱི་སྙིང་པོ་དང་། མཆིང་བུ་དང་། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་རྣམས་ཀྱིས་ཀུན་ཏུ་གང་ངོ་། །དེ་ལྟར་ངང་པའི་ཚོགས་དག་རིན་པོ་ཆེའི་རི་དང་། གླིང་དང་མཚོའི་བྱེ་བྲག་སྣ་ཚོགས་པ་གཞན་དང་གཞན་དག་ལས་ཀྱང་འདས་ཏེ། སོས་ཀའི་དུས་ཟླ་བ་གསུམ་གྱི་(༥༦)བར་ཉིན་རེ་བཞིན་དྭངས་པའི་མཁའ་ལ་འགྲོ་ཞིང་མཚན་མོ་རིན་པོ་ཆེ་དང་པདྨ་དང་ནོར་བུའི་མཚོར་གནས་བཅས་ཏེ། འཇིག་རྟེན་དབང་པོ་ཡིད་ལ་བྱེད་ཅིང་ཤར་ཕྱོགས་ལོགས་སུ་སྙེགས་པ་ལ་བརྩོན་པར་གྱུར་ཏོ། །ཉིན་བཞིན་དྭངས་པའི་མཁའ་ལ་མཛེས་པའི་བྱ། །གདངས་སྙན་ངང་པའི་ཅ་ཅོ་འཕེལ་བ་ནི། །པདྨོའི་མཚོ་གླིང་ཉིད་དུ་རབ་འཁྲུལ་ནས། །འོད་སྟོང་ལྡན་པ་དག་ཀྱང་ཉི་འོད་འགྱེད། །མཚན་མོ་ཆུ་གླིང་ངང་པས་བརྒྱན་པ་དག །དྲི་ཞིམ་ཀུནྡའི་ཚལ་དུ་རབ་འཁྲུལ་ནས། །སྐར་མའི་ཚོགས་ཀྱིས་བསྐོར་བའི་རི་བོང་འཛིན། །བསིལ་བའི་འོད་ཟེར་དྲྭ་བ་འགྱེད་ལ་ལྟོས། །

དེ་ནས་གླིང་དེ་དག་ལས་འདས་པའི་ཤར་ཕྱོགས་ན། ཙནྡན་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་པའི་གླིང་སྔོ་ཞིང་སྣུམ་སྣུམ་ལྟར་འདུག་པའི་དབུས་ན། རི་མཆོག་ཏུ་དཀར་བ་ཟླ་བ་འཆར་ཀ་ལྟར་མཛེས་པའི་སྟེང་ན་རིན་པོ་ཆེའི་ཁང་པས་བརྒྱན་པ། རྒྱ་མཚོའི་མདོག་ཀྱང་ནོར་བུ་འོད་ཀྱི་སྙེ་མ་ལྟར་དཀར་ཞིང་འཚེར་བ་དག་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། གངས་ཅན་རི་ནི་རིན་ཆེན་འོད་འཕྲོ་ཞིང་། །ཁང་བརྩེགས་ནོར་བུའི་དྲྭ་བས་གཡོགས་པ་བཞིན། །ཙནྡན་ནགས་འཁྲིགས་འོ་མའི་ཆུ་གཏེར་ནང་། །ཀུན་ནས་མཛེས་པ་འདི་འདྲ་ཅི་ཡིན་ནམ། ‘ལམ་མཁན་གྱིས་སྨྲས་པ། འདི་ནི་འཕགས་མ་གཽ་རཱིའི་ཕོ་བྲང་རྒྱ་མཚོའི་སྤྲིན་ཡིན་ཏེ། ལྷ་དང་གྲུབ་པ་དང་རིག་སྔགས་འཆང་རྣམས་ཀྱིས་ཉེ་བར་བརྟེན་པའོ་ཞེས་བརྗོད་དེ། གླིང་དེར་སོང་བ་ལས་རིན་པོ་ཆེའི་ཤིང་ལྗོན་པ་ནོར་བུའི་དྲྭ་བས་དཔྱངས་པ་འབུམ་ཕྲག་དུ་མས་དཀྲིགས་པའི་བར་བར་ན་ལྷ་དང་དྲང་སྲོང་དུ་མ་རབ་ཏུ་རྒྱུ་ཞིང་པདྨའི་མཚོ་ལས་བུང་བ་སྙན་པར་སྒྲོགས་པའི་གླུ་དང་སེར་བུར་ངད་ཀྱིས་བསུང་ཞིམ་པོ་དལ་བུས་ལྡང་བ་ལ་བསམས་ཏེ། ངང་པའི་རྒྱལ་པོས་སྨྲས་པ། རིན་ཆེན་ལྗོན་ཤིང་དུ་མའི་ནགས་ཁྲོད་ན། །ལྷ་དང་དྲང་སྲོང་མང་པོས་རབ་ཏུ་གང་། །དུས་རླུང་སེར་བུའི་ངད་ཀྱིས་གཡོ་བ་ཡི། །མེ་ཏོག་ཆར་པ་ལྡིང་ཞིང་འབབ་ལ་ལྟོས། །བཞིན་བཟང་གིས་སྨྲས་པ། འོད་འཕྲོ་པདྨའི་སྤྲིན་གྱི་ཁང་བཟང་ན། །སྦྲང་རྩི་འཛིན་པ་དག་གིས་གླུ་ལེན་ཞིང་། །ཉི་ཟེར་གསལ་བར་འཛུམ་པའི་ན་ཆུང་དག །ཕན་ཚུན་གཡོ་བས་བྲོ་གར་བྱེད་པ་བཞིན། །དེ་ནས་ནགས་ཁྲོད་དག་ཀུན་ཏུ་རྒྱུ་ཞིང་སོང་བ་ལས། མཐར་གྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་རིའི་རྩེ་མོར་གངས་རིའི་སྟོད་གཡོགས་ལྟར་དཀར་བའི་སྟེང་ན་ཁང་བུ་བརྩེགས་པ་མཐོང་སྟེ། ལམ་མཁན་གྱིས་སྨྲས་པ། སྣ་ཚོགས་རིན་ཆེན་སྙིང་པོས་བརྒྱན་པའི་རི། །རོལ་པའི་སྤྲིན་གྱིས་སྟོད་གཡོགས་འཛིན་པ་བཞིན། །གཽ་རཱི་རིན་ཆེན་པདྨའི་ཁང་བཟང་དུ། །གྲོགས་དག་ཚུར་ཤོག་དགའ་བས་འདོང་བར་གྱིས། །ཞེས་བརྗོད་དེ། རི་དེའི་རྩེ་མོར་འཛེགས་ཏེ་ཕྱིན་པ་ན་འཕགས་མ་གཽ་རཱིའི་ཕོ་བྲང་ནོར་བུ་འོད་ཟེར་སྤྲིན་གྱི་ཁང་པའི་སྒོ་དྲུང་ན་ཀླུའི་བུ་མོ་མང་པོ་རིན་པོ་ཆེའི་སྲད་བུ་འཁལ་ཞིང་(༥༧)གླུ་ལེན་པ་དག་མཐོང་ནས། ལམ་མཁན་གྱིས་དེ་དག་ལ་སྨྲས་པ། ཀྱེ་གཞོན་ནུ་དག །འཛམ་བུའི་གླིང་ནས་ལྷགས་པའི་ངང་པ་དག་འཕགས་མ་བལྟ་ཞིང་ཆོས་ཉན་པའི་སླད་དུ་མཆིས་སོ་ཞེས་སྦྲོན་ཅིག །དེ་ནས་ཀླུའི་བུ་མོ་གཅིག་སོང་སྟེ་འཕགས་མ་ལ་བསྙད་པས། དེས་ཀྱང་རྗེས་སུ་གནང་ནས་བུ་མོ་དེ་ཕྱིར་བྱུང་སྟེ་ངང་པ་དེ་དག་ལ་ནང་དུ་འཇུག་པའི་བརྡ་བྱས་སོ། །དེ་ནས་གཞལ་མེད་ཁང་གི་ནང་དུ་སོང་བ་ལས་རིན་པོ་ཆེའི་ཁྲི་ལ་འཕགས་མ་གཽ་རཱི་མཆོག་ཏུ་དཀར་ཞིང་འཛུམ་པ་མཚན་དང་དཔེ་བྱད་ཀྱིས་འབར་བའི་སྐུ་དར་དང་རིན་པོ་ཆེའི་རྒྱན་དུ་མས་ལེགས་པར་བརྒྱན་པ་མིའམ་ཅི་དང་ཀླུ་དང་ལྷ་མ་ཡིན་གྱི་བུ་མོ་འབུམ་ཕྲག་དུ་མས་བསྐོར་ཏེ་པི་ཝང་སྦྲེང་བ་མཐོང་ནས་དྲུང་དུ་ཕྱིན་ཏེ། དད་པས་ཕྱག་འཚལ་ཞིང་མེ་ཏོག་ལ་སོགས་པས་མཆོད་དེ། ངང་པའི་རྒྱལ་པོས་བསྟོད་པ། ཤིན་ཏུ་མི་གཡོ་སྤྲོས་ཀུན་བྲལ་བའི་ལྷ། །གདོད་ནས་ཞི་ཞིང་རང་བཞིན་མྱ་ངན་འདས། །བསམ་མེད་བརྗོད་བྲལ་གཽ་རཱི་ཆོས་ཀྱི་སྐུ། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས། གངས་རིའི་ངོས་ལ་ཞི་བའི་ཆར་སྤྲིན་བཞིན། །ཤིན་ཏུ་ཡིད་འོང་བཅོམ་ལྡན་ཐུགས་རྗེའི་ལྷ། །གཽ་རཱི་རིན་ཆེན་མཚན་དཔེས་བརྒྱན་པའི་སྐུ། །གཏི་མུག་མུན་བྲལ་མཛད་ལ་ཕྱག་འཚལ་ལོ། །ལམ་མཁན་གྱིས་བསྟོད་པ། ཐུགས་རྗེ་ཞི་བ་བསིལ་བའི་རྫིང་བུ་ལས། །རྨད་བྱུང་བྱིན་རླབས་ཆུ་རྒྱུན་བཟང་པོ་འབབ། །འགྲོ་བློའི་ཉོན་མོངས་མེ་ཚོགས་ཞི་མཛད་པ། །ཀུན་མཁྱེན་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ཞབས་ཀྱི་དྲུང་དུ་འཁོད་པ་ན། འཕགས་མ་གཽ་རཱིས་དེ་དག་གི་བསམ་པ་དང་རྗེས་སུ་མཐུན་པའི་ཆོས་གསུངས་པ། དངོས་ཀུན་མི་རྟག་རང་བཞིན་སྙིང་པོ་མེད། །གསོག་དང་གསོབ་དང་ཡ་མ་བརླ་འདྲ་ཞིང་། །ལྦུ་བ་རྡོས་འདྲ་ཆུ་ཤིང་སྡོང་པོ་བཞིན། །རང་བཞིན་མེད་ལ་སྣ་ཚོགས་སྣང་བའི་ཆོས། །དེ་དངོས་ཀྱིས་སྟོང་གཟུགས་བརྙན་དང་འདྲ་བར། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །འགྲོ་བ་འཁྲུལ་པ་རྨི་ལམ་སྒྱུ་འདྲའི་ཚོགས། །ཞི་བའི་ཚལ་དུ་བདག་གིས་དྲང་བྱ་ཞེས། །བྱམས་པའི་རང་བཞིན་སྙིང་རྗེའི་ཆུས་བརླན་ལ། །བྱང་ཆུབ་སེམས་ཉིད་བརྟན་པོར་གཟུང་བར་བྱ། །དེ་བཞིན་ཉིད་དང་རྒྱུ་དང་ཀུན་ཏུ་སྣང་། །ཡོན་ཏན་གཟིགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། །ཡུལ་དང་སེམས་བྲལ་རང་བཞིན་གདོད་མའི་ངང་། །སེམས་ཉིད་རྒྱལ་པོ་དུས་གསུམ་འཕོ་འགྱུར་མེད། །གཅིག་དང་ཐ་དད་བྲལ་བའི་ཆོས་ཉིད་ལ། །བལྟར་མེད་བསམ་ཡུལ་བྲལ་བའི་ཚུལ་གྱིས་བཞག །གང་གང་མཐོང་བ་རང་བཞིན་གཉུག་མའི་གྲོགས། །མེ་དང་ཤིང་ལྟར་མཁས་པས་རྟོགས་པར་བྱ། །བདེ་དང་སྡུག་བསྔལ་བར་མའི་དངོས་ཀུན་ལ། །སྣ་ཚོགས་ལས་དང་བྱང་ཆུབ་སེམས་ཉིད་དང་། །ཆོས་ཉིད་གྲོགས་ཏེ་གཉེན་པོ་གསུམ་དག་གིས། །འཁོར་(༥༨)བའི་རང་བཞིན་ཐར་པའི་ལམ་དུ་བསྒྱུར། །འདི་ནི་ཆོས་ཀུན་སྙིང་པོའི་བཅུད་ཕྱུང་བས། །སངས་རྒྱས་པདྨ་མྱུར་དུ་བསྐྲུན་པར་བྱེད། །ཅེས་གསུངས་མ་ཐག་ཏུ་ངང་པའི་ཚོགས་དེ་དག་གིས་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །སྐྱེ་བོ་དམ་པ་རྣམས་དང་འཕྲད་པ་དག །སྣ་ཚོགས་ཡོན་ཏན་ཀུན་གྱི་གཞིར་གྱུར་ཏེ། །གཟུངས་སྤོབས་ཆོས་ཀྱི་མཛོད་ལ་མངའ་བརྙེས་ནས། །སྡུག་བསྔལ་རྒྱ་མཚོའི་ཕ་མཐར་མཆོག་ཏུ་འགྲོན། །

དེ་ནས་བྱའི་ཚོགས་དེ་དག་གིས་འཕགས་མ་གཽ་རཱི་ལས་རྗེས་སུ་བསྟན་པ་ཐོབ་ནས། ལན་བརྒྱ་སྟོང་དུ་མར་ཕྱག་འཚལ་ཞིང་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ་མེ་ཏོག་ལ་སོགས་པས་མཆོད་ནས་ཕྱིར་བྱུང་སྟེ། གླིང་དེ་དག་ལས་ཀྱང་འདས་ནས་ཟླ་བ་ཕྱེད་ཀྱི་བར་དུ་སོང་སོང་བའི་ཤར་ཕྱོགས་ནས་རྒྱ་མཚོའི་ནང་གི་ནོར་བུའི་བྱེ་བྲག་གིས་སྟེང་གི་ཆུའི་ཁ་དོག་ཀྱང་སྣ་ཚོགས་སུ་བསྒྱུར་ཞིང་། རིན་པོ་ཆེའི་ཤིང་ལྗོན་པ་འབུམ་ཕྲག་དུ་མའི་ཁ་དོག་གསལ་བའི་དབུས་ན། ངོ་མཚར་རྨད་དུ་བྱུང་བའི་རི་མཆོག་ཏུ་དཀར་ཞིང་འཚེར་བའི་ངོས་ལ་སྐྱེད་མོས་ཚལ་མཐིང་ག་འཁྲིགས་ཤིང་སྟེང་ན་ལྷའི་གཞལ་མེད་ཁང་འོད་ཀྱི་དྲྭ་བས་མཛེས་པ་མཐོང་སྟེ། ངང་པའི་རྒྱལ་པོས་དྲིས་པ། རིན་ཆེན་རྒྱ་མཚོའི་ནང་ན་མཛེས་པའི་རི། །རྩེ་མོ་དཀར་གསལ་འོད་ཀྱི་ཁང་བས་མཛེས། །ངོས་རྣམས་ནོར་བུ་ཨནྡ་རྙིལ་ལྟར་སྔོ། །ཡིད་འོང་འདི་འདྲ་ཅི་ཞིག་ལེགས་སམ་ཀྱེ། །ལམ་མཁན་གྱིས་ཞེ་ས་དང་བཅས་པས་ཐལ་མོ་སྦྱར་ཏེ་སྨྲས་པ། སྤྱན་རས་གཟིགས་དབང་བཞུགས་གནས་པོ་ཏ་ལ། །མེ་ཏོག་བརྒྱན་པའི་ཕོ་བྲང་ཆེན་པོ་སྟེ། །བདག་ཅག་རྣམས་ཀྱང་གུས་པའི་སེམས་བཏུད་ལ། །དད་པའི་འདབ་གཤོག་གཡོ་བས་ཕྱག་འཚོལ་ཅིག །ཅེས་བརྗོད་མ་ཐག་ཏུ་ཐམས་ཅད་ཀྱང་སོ་སོ་ནས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བྱེད་དོ། །ལྷག་པར་དད་པའི་གཤོག་གཉིས་ཐལ་སྦྱར་ཏེ། །འཇིག་རྟེན་དབང་པོའི་དྲུང་དུ་ཕྱག་འཚལ་བ། །བུང་བའི་གླིང་བུས་བསྒྱུར་བའི་པདྨོ་དག །སེར་བུས་བསྐྱོད་པའི་བྲོ་གར་བྱེད་པ་འདྲ། །

དེ་ནས་མཐར་གྱིས་སོང་བ་ན་རི་དེའི་ཆུ་མཚམས་རྒྱ་མཚོའི་རླབས་ཀྱིས་གཉེར་བའི་ཕུག་ཅིག་མཐོང་ནས། ངང་པའི་རྒྱལ་པོས་དྲིས་པ། ཉེར་ཉེར་ལྦུ་བའི་ཕྲེང་བ་འཁྲིགས་པ་ཡི། །ཆིལ་ཆིལ་རླབས་ཀྱིས་བསྐྱོད་པའི་རྒྱ་མཚོ་དག །ཡང་ཡང་བྲག་རིའི་ཕུག་འདིར་སྙེགས་ལ་བརྩོན། །ཀྱེ་ཀྱེ་ཕྱོགས་འདིར་ཅི་ཞིག་བཞུགས་པ་ལགས། །ལམ་མཁན་གྱིས་སྨྲས་པ། འདི་ནི་རང་བྱུང་དབང་པོའི་ཕུག་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་བྱོན་པ་དག་བཞུགས་ཀྱི་བདག་ཅག་དད་པས་ཕྱག་འཚལ་དུ་འདོང་ངོ་། །ཞེས་བརྗོད་དེ་སོང་བ་ལས། རིན་པོ་ཆེའི་ཕུག་ཡངས་ཤིང་ཉམས་དགའ་བའི་ནང་བྲག་རིའི་ངོས་ལ་སོ་སོའི་སྣང་བ་དང་མཐུན་པར་གཟུགས་བརྙན་འཆར་བའི་སྐུ་རྒྱ་མཚོའི་(༥༩)རླབས་ཕྱིར་སྡུད་པའི་ཚེ་སྣང་ཞིང་ནང་དུ་འཇུག་པའི་ཚེ་མི་སྣང་བ་ཞིག་མཐོང་ནས་ཁ་ཅིག་གིས་སྨྲས་པ། རིན་ཆེན་ཕུག་ཡངས་དག་གི་བྲག་རིའི་ངོས། །རང་བྱུང་འཇིག་རྟེན་དབང་པོ་ཤར་བ་ལ། །རྒྱ་མཚོའི་ཆུ་ཡང་དད་པས་ཕྱག་འཚལ་ཞིང་། །དུལ་བའི་ལུས་ཀྱིས་ཁྲུས་གཙང་གསོལ་བ་བཞིན། ཁ་ཅིག་གིས་སྨྲས་པ། ཤར་རི་རིན་ཆེན་འཇིག་རྟེན་དབང་པོའི་ཕུག །རང་བྱུང་རྒྱལ་བའི་གཟུགས་བརྙན་ཤར་བ་ལ། །དད་པའི་གདུང་ཤུགས་གཡོ་བས་མ་བཟོད་དེ། །ཀླུ་མཆོག་རྣམས་ཀྱི་གནས་ཀྱང་བསྐྱོད་པ་བཞིན། །ཞེས་བརྗོད་དེ་མེ་ཏོག་ལ་སོགས་པས་མཆོད་ཅིང་ཕྱག་འཚལ་བ་ན། ཁ་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་ཕྱག་སྟོང་པར་མཐོང་ནས་བསྟོད་པ། མཛེས་སྐུ་པདྨའི་སྟེང་ན་པདྨ་བཞིན། །འདབ་སྟོང་རྒྱས་པའི་ཕྱག་སྟོང་མཛེས་པ་ལ། །སྤྱན་སྟོང་མངའ་བ་མགོན་པོ་བཅུ་གཅིག་ཞལ། །ཟླ་བ་དྲི་མེད་འོད་ལ་ཕྱག་འཚལ་ལོ། །ཁ་ཅིག་གིས་ཕྱག་བཞི་པར་མཐོང་ནས་བསྟོད་པ། ཡིད་འོང་གངས་རི་ལྟ་བུར་མཛེས་པའི་སྐུ། །ཞལ་གཅིག་ཕྱག་བཞི་རིན་ཆེན་རྒྱན་རྣམས་རྫོགས། །ཐུགས་རྗེ་ཞི་བ་བསིལ་བའི་འོད་འཕྲོ་བ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཁ་ཅིག་གིས་ཕྱག་གཉིས་པར་མཐོང་སྟེ་བསྟོད་པ། ཞལ་གཅིག་ཕྱག་གཉིས་འཛུམ་དང་ལྡན་པའི་སྐུ། །རྟག་པར་བརྩོན་པས་མི་བཞུགས་བཞེངས་པ་ནི། །སྙིང་རྗེའི་ངང་ཅན་ཕན་བདེའི་འོད་སྟོང་འགྱེད། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་མཐར་གྱིས་རི་དེའི་དྲུང་ནས་འཛེགས་ཏེ་འཇིག་རྟེན་དབང་པོའི་སྐྱེད་མོས་ཚལ་རིན་ཆེན་སྤྲིན་དུ་སོང་བ་ན། ནང་གི་ཉེ་བར་ལེན་པའི་རྐྱེན་གྱིས་ཕྱི་རོལ་གྱི་ཡུལ་ཡང་ཐ་དད་དུ་སྣང་སྟེ། གང་དག་ཆུ་བུར་གྱི་མིག་དང་ལྡན་པ་རྣམས་ཀྱིས་སྐྱེད་མོས་ཚལ་གྱི་གཞི་དེ་ཉིད་ཙནྡན་གྱི་ལྗོན་པས་དཀྲིགས་ཤིང་། པདྨ་དང་ཀུ་མུ་ཏས་གང་བའི་ཆུ་རྒྱུན་གཙང་མ་ཁ་དུ་མ་ནས་འབབ་པ། མེ་ཏོག་གི་ཚལ་ན་བུང་བ་ལྡིང་ཞིང་བྱ་དང་རི་དྭགས་མང་པོ་བདེ་བར་རྒྱུ་བའི་གནས། ཐང་མཚམས་སུ་རྒྱ་མཚོའི་ཆུས་བསྐོར་ཞིང་རྩེ་མོ་གངས་རིའི་ཟེ་བས་གསལ་བའི་སྟེང་ན་གཙུག་ལག་ཁང་ཚོན་རྩི་སྣ་ཚོགས་ཀྱིས་ཁ་བསྒྱུར་བ་གཡུའི་ཕིབས་ནོར་བུའི་ཏོག་གིས་མཛེས་ཤིང་། རི་དེའི་ཁོར་ཡུག་ཏུ་དཔག་ཚད་ཕྱེད་བཞི་དང་གྱེན་མཐུར་དུ་དཔག་ཚད་སུམ་བརྒྱ་མཚོའི་ནང་ནས་འཐོན་པར་མཐོང་སྟེ་སྨྲས་པ། འཕགས་པའི་བཞུགས་གནས་ཡིད་འོང་པོ་ཏ་ལ། །རྩེ་མོ་གངས་རིའི་དྲྭ་བས་གཡོགས་པའི་སྟེང་། །ཁང་བརྩེགས་ཡིད་འོང་ནོར་བུའི་ཏོག་གིས་མཛེས། །ངོས་རྣམས་དྲི་ཞིམ་ལྗོན་པས་རབ་འཁྲིགས་ཤིང་། །མཚོ་དང་རྫིང་བུ་ལྟེང་ཀ་ངུར་པས་ཁེངས། །ཐང་མཚམས་རྒྱ་མཚོའི་ཆུ་རླབས་གཉེར་བ་ཡིས། །ཕྱོགས་ཀྱི་ཐ་གྲུའི་ཁྱོན་རྣམས་འཇལ་བ་བཞིན། །(༦༠)སྣ་ཚོགས་འོད་ཟེར་འཁྲུགས་པས་མཛེས་སོ་ཀྱེ། །གང་དག་ལྷའི་མིག་དང་ལྡན་པ་རྣམས་ཀྱིས་རིའི་རྒྱལ་པོ་པོ་ཏ་ལ་རང་གི་མོས་པ་དང་རྗེས་སུ་མཐུན་པར་ཆེན་པོ་དང་ཆུང་ངུ་དང་ཡངས་པ་དང་དོག་པ་དང་ཁ་དོག་དང་དབྱིབས་རྣམས་སྐད་ཅིག་སྐད་ཅིག་ལ་ཇི་ལྟར་འདོད་པ་དེའི་གཟུགས་དང་བཀོད་པར་འགྱུར་ཞིང་སྣང་བའི་ཕྱིར་ཚད་མ་ངེས་ཤིང་རྒྱ་ཡོངས་སུ་མ་ཆད་པའི་ཚུལ་གྱིས་མཐོང་ངོ་། །དེ་ཡང་འདི་ལྟར་ཐང་མཚམས་རྣམས་ན་རྒྱ་མཚོའི་ཆུས་ཡོངས་སུ་བསྐོར་བའི་ནང་ན་ལྷ་མ་ཡིན་དང་ཀླུ་མཆོག་ཏུ་གྱུར་པ་རྣམས་ཀྱི་གྲོང་ཁྱེར་སྤྲིན་གྱི་སྙིང་པོའི་ཁང་བཟང་གིས་འཁོར་ཞིང་། ངོས་རྣམས་གསེར་དངུལ་དང་ནོར་བུའི་དྲྭ་བས་གཡོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གིས་འཁྲིགས་པའི་བར་བར་དག་བཻ་ཌཱུཪྻ་དང་ཨིནྡྲ་ནཱི་ལ་དང་གསེར་གྱི་དྲིལ་བུ་ཚར་དུ་སྦྲེང་བ་སྦྲེལ་ལེགས་པའི་ནགས་ཁྲོད་རིན་པོ་ཆེའི་མཚོ་དང་རྫིང་དང་ལྟེང་ཀ་མང་པོས་བརྒྱན་པར་སྤྲུལ་པའི་བྱ་དང་རི་དྭགས་མང་པོས་གླུ་གར་དང་རྩེད་འཇོ་བགྱིད་ཅིང་། ནམ་མཁའི་མཐོངས་དང་སྐྱེད་མོས་ཚལ་ཀུན་ཏུ་འོད་ཁ་དོག་རྣམ་པ་ལྔའི་དྲྭ་བ་དང་། གུར་དང་། བླ་བྲེ་དང་། ཁང་བརྩེགས་དང་། ཟླུམ་འཁྲིགས་དང་། མིག་མངས་རིས་དང་། གྲོང་དང་། ནགས་དང་། སྐྱེས་པ་དང་། བུད་མེད་ཀྱི་གཟུགས་སུ་སྣང་བ་རྣམས་འོད་ཀྱི་གུར་ཁྱིམ་ན་གླུ་གར་དང་རྩེད་འཇོ་བགྱིད་པའི་བར་བར་རྣམས་སུ་འོད་ཀྱི་རྩིབས་ཤར་དང་། གྱེན་རྒྱུག་དང་། རབ་འཁྱིལ་ལ་སོགས་པས་མཛེས་པའི་བཀོད་པ་སྣ་ཚོགས་པར་སྣང་ཞིང་། རི་དེའི་རྩེ་མོ་ནོར་བུ་ཆུ་ཤེལ་འཚེར་བའི་སྟེང་ན་འཇིག་རྟེན་དབང་པོའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པ་མཆོད་པའི་སྤྲིན་གྱི་འོད་ཟེར་ཕྱོགས་བཅུར་འགྱེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པ། བཻ་ཌཱུཪྻའི་ཕིབས་འཛམ་བུ་ཆུ་བོའི་གསེར་གྱི་གཙུག་ཏོར་གྱིས་མཚན་པ་མིག་འཕྲུལ་ལྟར་ཀུན་ཏུ་སྣང་ངོ་། །དེ་དག་གི་སྟེང་གི་ངོས་ན་ནམ་མཁའི་པོ་ཏ་ལ་རྒྱ་མཚོའི་ནང་གི་པོ་ཏ་ལ་དང་འགྲན་པ་ལྟ་བུ་ཞིག་སྣང་བ་ནི་ཆུ་དྭངས་པའི་ནང་གི་ཟླ་བའི་གཟུགས་བརྙན་དང་ནམ་མཁའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པའི་བཀོད་པ་གཉིས་སུ་སྣང་བ་དག་ལ་བསམ་སྟེ། ངང་པའི་རྒྱལ་པོས་སྨྲས་པ། ཤར་རིའི་རྒྱལ་པོ་ཡིད་འོང་པོ་ཏ་ལ། །མེ་ཏོག་སྨན་ཤིང་དྲི་ཞིམ་དྭངས་པའི་མཚོ། །རིན་ཆེན་ལྗོན་ཤིང་མང་པོའི་ར་བས་བསྐོར། །རྩེ་མོ་ནོར་བུ་ཆུ་ཤེལ་སྙིང་པོའི་སྟེང་། །ཁང་བརྩེགས་ཡིད་འོང་མཆོད་པའི་འོད་ཟེར་འགྱེད། །རྒྱ་མཚོའི་ནང་ན་གནས་པ་ཇི་བཞིན་དུ། །ནམ་མཁའི་དཀྱིལ་འཁོར་ཡིད་འོང་པོ་ཏ་ལ། །འོད་ལྔའི་ནང་ན་སྣང་ལ་རང་བཞིན་མེད། །སྣ་ཚོགས་བཀོད་པའི་ཆོ་འཕྲུལ་འགྱེད་ལ་ལྟོས། །རིའི་དྲུང་ན་ཆུའི་རླབས་གཉེར་བ་ལ་བསམས་ཏེ་ཁ་ཅིག་གིས་སྨྲས་པ། རིན་ཆེན་སྤྲིན་གྱི་སྙིང་པོས་བརྒྱན་པའི་མཚོ། །མཐིང་གར་འཁྲིགས་པའི་ལག་རྩེད་དུད་པ་ནི། །དད་པའི་གདུང་ཤུགས་(༦༡)གཡོ་བས་རབ་བསྐྱོད་དེ། །དུལ་བའི་ལུས་ཀྱིས་ཕྱག་ཀྱང་འཚལ་བ་འདྲ། །ཡང་ཁ་ཅིག་གིས་སྨྲས་པ། རིན་ཆེན་འཛིན་མའི་ཆུ་གཏེར་ཆེན་པོ་ཡང་། །ཆབ་སྒྲ་སྙན་པའི་བསྟོད་དབྱངས་རབ་སྒྲོགས་ཤིང་། །ལྷུན་པོ་འཁོར་བར་དུས་རླབས་གཡོ་བ་ནི། །བསོད་ནམས་བློ་ཡིས་བསྐོར་བ་བྱེད་པ་འདྲ། །ཡང་ཁ་ཅིག་གིས་སྨྲས་པ། མཚན་མོ་མཁའ་ལ་གཟའ་སྐར་ཤར་འདྲའི་ཆུ། །ལྦུ་བ་སྦྲེངས་པའི་ཟེགས་མ་འཐོར་བ་ནི། །མེ་ཏོག་ཆར་པ་ཟིལ་གྱིས་འབབ་པ་ཡིས། །འཇིག་རྟེན་དབང་པོའི་གནས་འདིར་མཆོད་པ་བཞིན། །ཁ་ཅིག་གིས་སྐྱེད་མོས་ཚལ་གྱི་བཀོད་པ་ལ་བསམས་ཏེ་སྨྲས་པ། རིན་ཆེན་ལྗོན་ཤིང་མེ་ཏོག་དྲྭ་བ་ཅན། །ནོར་བུའི་ཚལ་གྱིས་ལེགས་པར་སྦྲེངས་པ་དག །དད་པས་འཇིག་རྟེན་དབང་པོ་མཆོད་པའི་ཕྱིར། །ཤར་རི་རྒྱལ་པོའི་དྲུང་དུ་ལྷགས་པ་བཞིན། །ཡང་ཁ་ཅིག་གིས་སྨྲས་པ། ཆུར་ཉལ་མཚོ་ན་བྱ་ཚོགས་སྒྲ་འབྱིན་ཞིང་། །འདབ་གཤོག་གཡོ་བས་བྲོ་གར་བྱེད་པ་ནི། །སྤྲིན་གྱི་གླང་པོ་མྱོས་པའི་ཚོགས་འདི་དང་། །སྐྱེད་མོས་ཚལ་འདིར་ལྷན་ཅིག་འགྲན་པ་བཞིན། །ཡང་ཁ་ཅིག་གིས་སྨྲས་པ། ལྗང་སེར་རྩྭ་ཡི་མྱུ་གུ་རྣམས་ནི་མེ་ཏོག་འཛུམ་པའི་དོ་ཤལ་འཕྱང་། །འོད་ཟེར་གསལ་བའི་ཤིང་དྲུང་རྣམས་ནི་ཞི་བའི་དྲང་སྲོང་མང་པོས་གང་། །ཆུ་གཙང་པདྨས་ཁེབས་པ་རྣམས་ནི་སིལ་ཁྲོལ་ལྦུ་བའི་རྒྱན་ཕྲེང་འཛིན། །ཡིད་འོང་ནགས་ཀྱི་བཀོད་པ་རྣམས་ནི་འཕགས་པའི་རྣམ་འཕྲུལ་ལགས་སོ་ཀྱེ། །ཡང་ཁ་ཅིག་གིས་འོད་ཀྱི་སྣང་བ་ལ་བསམས་ཏེ་སྨྲས་པ། ནགས་ཀྱི་མཐོངས་དང་ཡིད་འོང་ནམ་མཁའི་ཁམས། །འོད་ལྔའི་སྣང་བ་སྣ་ཚོགས་མཆེད་པ་ནི། །དྲྭ་བ་དྲྭ་ཕྱེད་ཟླུམ་འཁྲིགས་ཟ་འོག་རིས། །པདྨའི་དབྱིབས་དང་ཁང་བརྩེགས་བླ་རེའི་གཟུགས། །གྱེན་འགྲེང་རྩིབས་ཤར་ཉི་ཟླའི་འོད་ལྟར་འཕྲོ། །ཀུན་གྱི་ནང་ན་ལྷ་ཡི་སྐྱེད་མོས་ཚལ། །ལྷ་དང་ལྷ་མོའི་རང་བཞིན་རྣམ་འཕྲུལ་ཞིང་། །བསྟོད་དབྱངས་སྙན་པའི་སིལ་སྙན་འཁྲོལ་ལ་ལྟོས། །ཞེས་བརྗོད་དེ་སྐྱེད་མོས་ཚལ་གྱི་ནང་དུ་རྒྱུ་ཞིང་སོང་བ་ལས། བྱ་དང་རི་དྭགས་དུ་མ་གཅིག་ལ་གཅིག་བག་ཕེབས་ཤིང་རྫིང་དང་མེ་ཏོག་དང་འཁྲི་ཤིང་ར་བའི་ནང་ན་གནས་པ་དག་མཐོང་སྟེ། བཞིན་བཟང་གིས་དྲིས་པ། སྐྱེད་མོས་ཚལ་འདིའི་བྱ་དང་རི་དྭགས་ཀྱང་། །ཕན་ཚུན་བྱམས་ཤིང་དུལ་བའི་ངང་ཚུལ་ཅན། །འདུ་འཛི་སྤངས་ཏེ་བསམ་གཏན་སྒོམ་པ་བཞིན། །དྲང་སྲོང་སྤྱོད་ཚུལ་འདི་འདྲ་སུ་ལས་བསླབ། །ལམ་མཁན་གྱིས་སྨྲས་པ། དམ་པ་རྣམས་དང་འགྲོགས་ན་དེ་ཡི་དྲི། །ཡིད་འོང་པདྨོའི་བསུང་གིས་ཁྱབ་པར་བྱེད། །དེས་ན་འདི་དག་མགོན་པོའི་བྱིན་རླབས་ཀྱི། །ཆོས་དང་ལྡན་ཞིང་ཟབ་མོའི་ཏིང་འཛིན་འཕེལ། །ཞེས་བརྗོད་དེ་མཐར་གྱིས་རི་དེའི་སྟེང་དུ་སོང་བ་ལས། རིན་པོ་ཆེ་འོད་ཀྱི་སྙིང་པོའི་ཕོ་བྲང་ནོར་བུའི་དྲྭ་བས་གཡོགས་ཤིང་མཆོད་པའི་སྤྲིན་གྱི་བླ་རེ་གསལ་བ་ཅན་མཐོང་སྟེ། དེའི་སྒོ་དྲུང་དུ་སོང་(༦༢)ནས་སིལ་སྙན་འཁྲོལ་ཞིང་བསྟོད་དབྱངས་དག་བླང་བ། འཇིག་རྟེན་དབང་ཕྱུག་བཅོམ་ལྡན་ཐུགས་རྗེའི་ལྷ། །ཀུན་ནས་དགྱེས་པའི་ཞལ་གྱི་པད་མཚོ་ཡིས། །དད་བརྒྱའི་སྦྲང་རྩིར་སྤྱོད་རྣམས་རབ་གཟིགས་ཏེ། །བདུད་རྩིའི་ཆོས་ཀྱིས་འགྲོ་བ་ཚིམ་པར་མཛོད། །ཅེས་བརྗོད་པ་དང་། གཞལ་མེད་ཁང་དེའི་ནང་ནས་ལྷའི་བུ་ཞིག་ཕྱིར་བྱུང་སྟེ་སྨྲས་པ། ཀྱེ་བཞིན་བཟང་དག་གང་ནས་འོང་ཅི་ཞིག་དོན་དུ་གཉེར། ལམ་མཁན་གྱིས་སྨྲས་པ། འཛུམ་མཛེས་གངས་རིའི་དྲུང་ནས་འོངས་པ་སྟེ། །སྣ་ཚོགས་མཆོད་པའི་འོད་ཀྱི་སྤྲིན་འཕྲོ་བས། །འཇིག་རྟེན་དབང་པོ་མཆོད་ཅིང་བསྟོད་པ་དང་། །ཡིད་འོང་ཆོས་ཀྱི་གསུང་དབྱངས་ཉན་དུ་མཆིས། །ཞེས་བརྗོད་པ་དང་། དྲི་གཙང་ཁང་གི་སྒོ་ཕྱེས་ཏེ་ནང་དུ་འཇུག་པའི་བརྡ་བྱས་སོ། །དེ་ནས་དེ་དག་གཞལ་མེད་ཁང་གི་ནང་དུ་སོང་བ་ན་ནོར་བུ་སྤྲིན་གྱི་སྙིང་པོའི་ཁྲི་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཟླ་བ་འཆར་བ་ལྟར་འཚེར་ཞིང་མཚན་དང་དཔེ་བྱད་ཀྱིས་འབར་བ་ལྷའི་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཤིན་ཏུ་འཛུམ་པ། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་གིས་བསྐོར་ནས་བཞུགས་པ་མཐོང་ངོ་། །དེའི་ཚེ་རང་རང་གི་མཆོད་པའི་ཡོ་བྱད་ཀྱིས་མཆོད་དེ་ཞབས་ལ་འདུད་པའི་ཕྱག་འཚལ་ཞིང་། ངང་པའི་རྒྱལ་པོས་བསྟོད་པ། མཆོག་ཏུ་དཀར་བ་གངས་རིའི་སྐུ་ནི་རྟ་བདུན་གཟི་བྱིན་འགྱེད་འདྲ་ཞིང་། །པདྨའི་མིག་ནི་ཐུགས་རྗེའི་ཞལ་བཟང་ཕྱོགས་བཅུར་རྒྱས་པའི་འདབ་བརྒྱ་འཛུམ། །བདེ་འབྱུང་གཙུག་གི་ནོར་བུའི་དཔལ་ནི་ཁྱོད་ཞབས་འཛིན་མའི་ཁུར་གྱིས་ལྕི། །དྲང་སྲོང་མཆོག་ནི་རྒྱལ་སྲས་དབུས་ན་མཆོག་ཏུ་མཛེས་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས་བསྟོད་པ། འོད་ཟེར་གསལ་བས་རྒྱན་རྣམས་འཁྲོལ་བའི་སྐུ། །འགྱིང་བཅས་པདྨའི་སྟེང་ན་མི་གཡོ་ཞིང་། །ཐུགས་རྗེ་ཟླ་བ་བསིལ་བའི་འོད་འཕྲོ་བས། །གདུལ་བྱའི་འཇིག་རྟེན་འགེངས་ལ་ཕྱག་འཚལ་ལོ། །ལམ་མཁན་གྱིས་བསྟོད་པ། མགོན་པོ་གངས་རིའི་དཀྱིལ་འཁོར་ཡངས་པ་ལ། །འོ་མའི་མཚོ་གཏེར་ཉིད་དུ་རབ་འཁྲུལ་ནས། །མཚན་དཔེའི་ངུར་བ་མང་པོ་འཕུར་ལྡིང་བའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མེ་ཏོག་བརྒྱན་པའི་མཚོའི་ངང་པ་རྣམས་ལས་ཁ་ཅིག་གིས་བསྟོད་པ། དུས་སྤྲིན་འཛུམ་པའི་ཐོར་ཚུགས་ནང་ན་འོད་དཔག་མེད་ཀྱི་གློག་ཕྲེང་ཅན། །ཐུགས་རྗེའི་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཚངས་པའི་རྔ་ཆེན་གསལ་བར་སྒྲོག །སྙན་པའི་གསུང་དབྱངས་ཆོས་ཆར་བསིལ་བས་འགྲོ་བློའི་ཡིད་མཁར་རབ་འགེངས་ཤིང་། །སྲིད་གསུམ་ཕན་བདེའི་མེ་ཏོག་གིས་བཀྲ་འཇིག་རྟེན་དབང་པོའི་ཞབས་ལ་འདུད། །ཡང་ཁ་ཅིག་གིས་བསྟོད་པ། ཁྱོད་ཞལ་ཀུ་མུད་གཉེན་གྱི་དཔལ། །གདུལ་བྱའི་མཁའ་ལ་རབ་མཛེས་པའི། །ངེས་པ་ལ་ནི་སུ་ཡིས་འགོང་། །ཕྲིན་ལས་འོད་དཀར་ཅན་ལ་འདུད། །ཡང་ཁ་ཅིག་གིས་(༦༣)བསྟོད་པ། ཐུགས་རྗེའི་ཕྱག་ལས་བསིལ་བའི་ཆུ་སྦྲེངས་པས། །བདུད་སྡེའི་སྙིང་ལ་གདུང་བའི་དྲོད་འབར་ཞིང་། །ཡི་དྭགས་རྣམས་ལ་བསིལ་བའི་བདུད་རྩིར་འབབ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཡང་ཁ་ཅིག་གིས་བསྟོད་པ། ཁྱོད་གདོང་ཟླ་བ་ཤར་བས་མི་ཟུམ་པའི། །ཐུགས་རྗེ་མཆོག་གི་འདབ་སྟོང་ཕྱོགས་བཅུར་རྒྱས། །གདུལ་བྱའི་བུང་བ་ལྡིང་བའི་སྐྱེད་མོས་ཚལ། །འཇིག་རྟེན་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཡང་ཁ་ཅིག་གིས་བསྟོད་པ། མཆོག་ཏུ་ཞི་བའི་ངང་ལ་བཞུགས་ཀྱང་འཇིགས་གཟུགས་རྔམས་པའི་སྤྲིན་འཕྲོ་ཞིང་། །ཐུགས་རྗེའི་རང་བཞིན་ཀུན་ལ་སྙོམས་ཀྱང་བདུད་དཔུང་ཕམ་པའི་ཆོ་ངེ་འདེབས། །མཛད་པའི་ཆུ་བསིལ་འགྲོ་ལ་འགྱེད་ཀྱང་ལོག་རྟོག་གདུང་བའི་དྲོད་འབར་ཞིང་། །བདག་མེད་སྟོང་པའི་སྒྲ་ཆེན་སྒྲོགས་ཀྱང་སྙིང་རྗེས་འགྲོ་བ་འདྲེན་ལ་འདུད། །ཡང་ཁ་ཅིག་གིས་བསྟོད་པ། མཛེས་སྐུ་ཡིད་འོང་སྟོན་ཟླའི་དཀྱིལ་འཁོར་ནི། །སྒྲ་གཅན་བཏུད་ཀྱང་གཟའ་བྲལ་ཕྱོགས་བཅུར་གསལ། །ཉིན་བྱེད་མིན་ཡང་འོད་སྟོང་དྲྭ་བ་འགྱེད། །གླིང་བཞིའི་དཔལ་དུ་ཤར་ལ་ཕྱག་འཚལ་ལོ། །ཡང་ཁ་ཅིག་གིས་བསྟོད་པ། ཟླ་བའི་འོད་ཀྱིས་མི་ཕྱེ་ཞིང་། །ཉིན་བྱེད་ཟེར་གྱིས་མི་འཛུམ་པའི། །འཛུམ་མཛེས་ཞི་བའི་ཀུ་མུ་ཏ། །མཛད་པའི་འདབ་སྟོང་རྒྱས་ལ་འདུད། །ཡང་ཁ་ཅིག་གིས་བསྟོད་པ། ཉིན་བྱེད་གདུལ་བྱའི་པདྨོ་འཛུམ་ཡང་མཛེས་སྐུ་འགྲོ་ཀུན་མཚན་མོའི་མིག །ཆོས་དབྱིངས་ནམ་མཁའི་དཀྱིལ་ན་གསལ་ཡང་མཁྱེན་རབ་རྒྱ་མཚོའི་རྦ་རླབས་གཡོ། །སྙིང་རྗེའི་རྟ་བདུན་ཤུགས་ཀྱི་བསྐྱོད་ཀྱང་ཏིང་འཛིན་མི་གཡོ་རབ་བརྟན་ཞིང་། །འོད་ཟེར་དྲྭ་བ་ཕྱོགས་བཅུར་འགྱེད་ཀྱང་བདུད་གླིང་མུན་པར་མཛད་ལ་འདུད། །ཡང་ཁ་ཅིག་གིས་བསྟོད་པ། མཐའ་ཡས་མཛེས་པའི་ཚོགས་འདི་དང་། །ནམ་མཁའི་རྗེས་འགྲོ་མཁྱེན་བརྩེའི་ཁྱོན། །མ་འདྲེས་ངོ་བོ་གཅིག་ཉིད་དུ། །ཤོང་བ་ཁྱེད་སྐུའི་ཡངས་པ་མཚར། །ཡང་ཁ་ཅིག་གིས་བསྟོད་པ། འཛུམ་མཛེས་ཞི་བའི་པདྨོ་འདི་ནི་གེ་སར་གསལ་བའི་ཚོགས་མིན་ཞིང་། །གསུང་སྙན་ཚངས་པའི་རྔ་སྒྲ་འདི་ནི་བྱེད་པོའི་སྒྲ་དབྱངས་ཟབ་མོ་མིན། །ཀུན་མཁྱེན་ཐུགས་རྗེའི་ནམ་མཁའ་འདི་ནི་སྤྲིན་བྲལ་ཉི་ཟླའི་ལམ་མིན་ཞིང་། །ཕྲིན་ལས་ཚ་ཟེར་སྣང་བ་འདི་ནི་ཉིན་བྱེད་འོད་སྟོང་མིན་ཡང་མཚར། །ཅེས་བརྗོད་དེ་སིལ་སྙན་འཁྲོལ་ཞིང་འཇིག་རྟེན་དབང་པོའི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་འཁོད་པར་གྱུར་ཏོ། །མགོན་པོ་ཐུགས་རྗེའི་འདབ་སྟོང་རྒྱས་པའི་དྲུང་། །འདབ་བཟང་རྐང་དྲུག་ལྡན་རྣམས་ལྷགས་པ་ནི། །དད་པའི་འདབ་གཤོག་གཡོ་བས་གར་བྱེད་ཅིང་། །སྙན་པའི་བསྟོད་དབྱངས་དར་དིར་སྒྲོག་ལ་བརྩོན། །

དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ངང་པའི་ཚོགས་དེ་དག་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་གསུངས་པ། (༦༤)བཞིན་བཟང་ངང་པའི་ཚོགས་དག་ཚུར་ཉོན་འཁོར་བའི་ཆོས་ལ་སྙིང་པོ་མེད། །མཚོན་དང་དུག་དང་མེ་ཡི་འོབས་འདྲ་རྟག་ཏུ་སྡུག་བསྔལ་བསྐྱེད་པའི་གནས། །མྱ་ངན་གནོད་པའི་ཚོགས་རབ་འཕེལ་ཞིང་མི་འདོད་བརྒྱ་ཕྲག་ཆར་བཞིན་འབབ། །གཅིག་ནས་གཅིག་ཏུ་རྣམ་པར་བརྒྱུད་ཅིང་ཉམ་ངའི་གཡང་ས་ཕ་མཐའ་ཡས། །མཐོ་རིས་གྲོང་གི་བདེ་བ་རྣམས་ཀྱང་རྨི་ལམ་བཞིན་དུ་རྣམ་པར་འགྱུར། །བྱིས་པ་རྣམས་ནི་མཆོག་ཏུ་སྲེད་པས་ཡུལ་གྱི་ཆུ་བོར་རབ་ལྷུང་ཞིང་། །ཉོན་མོངས་རྦ་རླབས་ཤིན་ཏུ་ཤུགས་དྲག་ལས་ཀྱི་རླུང་རབ་འཁྲུག་པས་བཅོམ། །གཏི་མུག་མ་རིག་མུན་པས་ལྡོངས་ཤིང་ཆགས་དང་ཁྲོ་བའི་གནས་སུ་གྱུར། །སྲིད་པའི་མཚོ་ཆེན་ཤིན་ཏུ་འཇིགས་རུང་སྐྱེ་ཤིའི་ཀློང་འཁོར་དང་བཅས་ཤིང་། །རྒ་ནད་རྒུད་པའི་དུས་རླབས་གཉེར་བས་འཇིག་རྟེན་གསུམ་གྱི་ཁོང་ཁྱབ་པའི། །རྒྱ་ཆེ་གཏིང་ཟབ་ཐར་དཀའི་གནས་ལས་ཁྱེད་ཅག་བརྒལ་བའི་བློ་གྲོས་སྐྱེད། །སྣ་ཚོགས་རྣམ་གཡེང་འདུ་འཛི་སྤངས་ཏེ་དབེན་པར་ཞི་བའི་བསམ་གཏན་སྒོམས། །ཆོས་ཀུན་རང་གི་སེམས་ལས་བྱུང་སྟེ་སེམས་ནི་སེམས་ཉིད་ངང་ལས་བྱུང་། །སེམས་ཉིད་གཞི་རྩ་ཀུན་ལས་འདས་ཏེ་གང་ལས་མ་བྱུང་འདུས་མ་བྱས། །རང་བཞིན་རྣམ་དག་གདོད་ནས་ཞི་ཞིང་ནམ་མཁའ་ལྟ་བུར་རྟོགས་པར་བྱ། །དེ་ཉིད་དོན་ལ་རང་གི་སེམས་ནི་སྤྲོས་དང་བྲལ་བར་ལྷན་ནེ་བཞག །འདི་ནི་དུས་གསུམ་རྒྱལ་བའི་ལམ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །སྲིད་པའི་རྒྱ་མཚོ་བརྒལ་དཀའ་ལས། །སྒྲོལ་བའི་གྲུ་ཡང་འདི་ཉིད་དོ། །ཨེ་མ་བཞིན་བཟང་ངང་པ་དག །ད་དུང་བཤད་ཀྱིས་ལེགས་པར་ཉོན། །སྟོན་ཀའི་སྤྲིན་རྣམས་མཁའ་ལ་འགྲོ་བའི་དཔེས། །ཚེ་ནི་མི་རྟག་གཡོ་ཞིང་སྙིང་པོ་མེད། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ཚོང་ཁང་སྐྱེ་བོ་འདུ་ཞིང་འགྱེས་པའི་དཔེས། །ལྷན་ཅིག་འདུས་པའི་མཛའ་བཤེས་གཉེན་འདུན་དང་། །རང་གི་ལུས་ཀྱང་འབྲལ་བའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །མཚན་མོ་གཉིད་ཀྱིས་ལོག་པའི་རྨི་ལམ་དཔེས། །སྣ་ཚོགས་ཆོས་འདི་ཐམས་ཅད་རང་གི་སེམས། །བག་ཆགས་གཉིད་ལས་བྱུང་བའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །མཁའ་ལ་སྤྲིན་རྣམས་རང་སར་དེངས་པའི་དཔེས། །ལས་དང་ཉོན་མོངས་བདེ་དང་སྡུག་བསྔལ་ཀུན། །དང་པོའི་བྱུང་སར་ཐིམ་པའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བའི་དཔེས། །སྣ་ཚོགས་དངོས་ཀུན་སྣང་ཡང་ངོ་བོ་མེད། །རྣམ་ཀུན་སྟོང་པའི་གཟུགས་བརྙན་ཆེན་པོ་རུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ནམ་མཁའི་མཐོངས་ལ་འཇའ་ཚོན་དེངས་པའི་དཔེས། །སྣ་ཚོགས་འགྱུ་བ་ཡེ་ཤེས་རིག་པའི་གདངས། །རིག་པ་རང་(༦༥)སར་གྲོལ་བ་ཆོས་སྐུའི་ངང་། །སྤང་བླང་དགག་སྒྲུབ་མེད་པར་རྟོགས་པར་བྱ། །ཡངས་པའི་མཁའ་ལ་བྱ་ཚོགས་ལྡིང་བའི་དཔེས། །སེམས་ཉིད་ངང་ལ་ཡེངས་མེད་རིག་པའི་བྱ། །གང་ཤར་འཛིན་མེད་ཕྱོགས་ལྷུང་བྲལ་བར་བཞག །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་གནས་པ་ཡིན། །ཞེས་གསུངས་མ་ཐག་ཏུ་ངང་པའི་ཚོགས་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་ཅིང་སྙིང་རྗེ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དམ་པ་ཐོབ་སྟེ། སོ་སོ་ནས་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟོད་ནས་འཇིག་རྟེན་དབང་པོའི་དྲུང་ན་མཆི་མ་འབྱིན་ཅིང་འདུག་གོ། །དད་པའི་རང་བཞིན་ཆུ་འཛིན་གཡོ་བ་ལས། །སྙན་པའི་བསྟོད་དབྱངས་འབྲུག་སྒྲ་སྒྲོགས་པ་དང་། །མཉམ་དུ་གདུང་བའི་གློག་ཕྲེང་གར་བྱེད་ཅིང་། །མཆི་མའི་ཆར་ཟིམ་བསིལ་བ་ངང་གིས་འབབ། །

དེ་ནས་ཚེ་ཇི་སྲིད་ཀྱི་བར་པོ་ཏ་ལའི་གནས་དེ་ཉིད་དུ་རེས་འགའ་འཕགས་པའི་དྲུང་དུ་ཆོས་ཉན་ཅིང་། རེས་འགའ་སྐྱེད་མོས་ཚལ་གྱི་རྫིང་བུར་ཀློག་པ་དང་བསམ་གཏན་ལ་བརྩོན་པས་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་གྲག་གོ། །དེ་ལྟ་བས་ན་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་དག་གིས་འདུ་འཛི་རྣམ་པར་གཡེང་བ་སྤངས་ཏེ། རང་གི་ཡུལ་ལ་མངོན་པར་མ་ཞེན་པས་སྐྱེ་བོ་འཕགས་པས་བརྟེན་པའི་ནགས་སུ་བསམ་གཏན་སྒོམ་པ་ལ་བརྩོན་པར་བྱའོ། །ཉི་ཟེར་གསལ་བས་ཤིན་ཏུ་འཛུམ་པའི་མཚོ་སྐྱེས་ཚལ་ནི་མིག་མེད་འགྲོ་བའི་སྤྱོད་ཡུལ་མིན། །དྲི་ཟའི་དབང་པོས་སྙན་པར་སྦྲེང་བའི་རྒྱུད་མངས་ང་རོ་སྒྲ་འཛིན་བྲལ་བས་ཐོས་སམ་ཅི། །མ་ལ་ཡར་འཁྲུངས་དྲི་ཞིམ་ཙནྡན་བུ་གའི་སྲིན་བུར་ནམ་ཡང་ཉེར་མཁོའི་གནས་སྐབས་མེད། །དམ་པ་རྣམས་ནི་རྨོངས་པའི་ཚལ་ན་ཀུན་གྱིས་བཀུར་ཞིང་གྲགས་པའི་འོད་ཀྱིས་མཛེས་གྱུར་ཏམ། །ཡུན་རིང་ལྷན་ཅིག་གནས་པ་བླུན་པོའི་བློས། །ནམ་ཡང་འདི་ན་མཁས་པ་མཐོང་བ་མེད། །རྫིང་བུའི་ནང་གནས་རུ་སྦལ་ཚོགས་རྣམས་ཀྱིས། །མདངས་བཀྲ་པདྨའི་ཁ་དོག་མི་མཐོང་བཞིན། །ཐོས་བསམ་རྫིང་བུའི་ནང་ན་རབ་རྒྱུ་ཞིང་། །དུལ་བའི་ལུས་མཛེས་བསླབ་གསུམ་འདབ་གཤོག་རྫོགས། །བློ་ལྡན་ངང་པའི་ཚུལ་འཛིན་བསམ་ཡས་པས། །གྲུ་འཛིན་ཀུན་ཏུ་དགའ་བའི་གཏམ་འདི་བྱས། །དགེ་བ་དེ་ཡིས་བདག་དང་འགྲོ་ཚོགས་སྤྲོས་ཀུན་ཞི་བའི་ནམ་མཁའ་ལ། །ཆོས་སྐུའི་དཀྱིལ་འཁོར་གཟོད་ནས་ཞི་ཞིང་རང་བཞིན་ལྷུན་གྲུབ་འདུས་མ་བྱས། །ངེས་པ་ལྔ་ལྡན་གཟུགས་བརྙན་གྱིས་བཀྲ་འོད་གསལ་སྙིང་པོ་ལོངས་སྤྱོད་རྫོགས། །སྣ་ཚོགས་སྤྲུལ་སྐུའི་འོད་ཟེར་འགྱེད་པས་གདུལ་བྱའི་པདྨོ་འཛུམ་པར་ཤོག །དོན་ཟབ་ལྷུན་པོར་སྙན་ངག་ནགས་འཁྲིགས་ཤིག །སྡེབ་སྦྱོར་ཆུ་ཀླུང་ལེགས་པར་འབབ་པའི་གནས། །མངོན་བརྗོད་པདྨའི་ཚལ་གྱིས་ཁེབས་པ་འདིར། །བློ་གསལ་འདབ་བསྐྱོད་ཚོགས་རྣམས་དགའ་བར་མཛོད། །(༦༦)པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས་རང་བྱུང་པདྨའི་གནས་སུ་སྦྱར་བ་རྫོགས་སོ། །ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་དུ་འབབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ནགས་ཚལ་ཀུན་ཏུ་དགའ་བའི་གཏམ།

༄༅། །ནགས་ཚལ་ཀུན་ཏུ་དགའ་བའི་གཏམ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། སཱ་ན་ཨཱ་ནནྟ་བཱ་ཏི། བོད་སྐད་དུ། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་སྐུའི་ནགས་འདབས་ཞི་བའི་མེ་ཏོག་གསར་པ་ཅན། །ཐུགས་རྗེས་བསིལ་བའི་ཟླ་འོད་དང་བཅས་ཉམས་དགའ་བ། །ཡུན་རིང་དུབ་པའི་སྐྱེ་བོ་ངལ་བསོའི་སྨན་གཅིག་པུ། །སྔོན་མེད་ནགས་ཚལ་རྨད་དུ་བྱུང་ལ་ཕྱག་འཚལ་ལོ། །སྲིད་པའི་གྲོང་ལ་བདག་གི་ཡིད་སྐྱོ་ནས། །ཞི་བའི་ནགས་འདབས་བསྟེན་པའི་གཏམ་འདི་ནི། །སྙིང་ནས་ཆོས་ཀྱི་ལམ་ལ་འབད་པའི་རིགས། །སེམས་ཀྱིས་སེམས་ལ་ནང་དུ་ཕྲིན་འདི་ཞུ། །ཚེ་འདི་མི་རྟག་མྱུར་དུ་འཇིག་འགྱུར་ཞིང་། །གཅེས་པར་གསོས་པའི་ལུས་ཀྱང་བཞག་ནས་ནི། །ཆ་མེད་ཡུལ་དུ་གཅིག་པུར་འགྲོ་དགོས་པས། །འདི་དོན་མཐོང་ནས་ད་ནི་ནགས་སུ་འགྲོ། །གང་གིས་གཡེངས་ན་ཐར་པའི་ལམ་སྟོར་ཞིང་། །འཁོར་བའི་སྡུག་བསྔལ་འཕེལ་བའི་རྒྱུ་གཅིག་པུ། །རྣམ་པར་རྟོག་པའི་རིམས་ནད་འདི་མཐོང་ནས། །སྐྱེ་མེད་ཞི་བའི་ནགས་འདབས་བསྟེན་དུ་འགྲོ། །འདུ་འཛིའི་གྲོང་ཁྱེར་འདོད་པའི་མེ་འོབས་ཅན། །སྲིད་པའི་རིམས་ནད་དྲག་པོས་རབ་གཟིར་ནས། །སླར་ཡང་སྲིད་པའི་གཅོང་རོང་འཁྱམས་གྱུར་པ། །འདི་དོན་མཐོང་ནས་ད་ནི་ནགས་སུ་འགྲོ། །སྲིད་པའི་སེམས་ཅན་ཉོན་མོངས་ཀྱིས་གཙེས་པ། །གཟུང་འཛིན་འཇིགས་ཆེན་འཆིང་བས་བཅིངས་པ་ཀུན། །ཕ་མར་མ་གྱུར་མེད་པས་དེ་ཡི་ཕྱིར། །འགྲོ་སྒྲོལ་སླད་དུ་ངེས་པར་ནགས་སུ་འགྲོ། །འདི་ལྟར་ཕྱི་རོལ་ཡུལ་ལ་ཕར་བལྟས་པས། །གང་ཡང་མི་རྟག་ནམ་ཡང་ཡིད་བརྟན་མེད། །སྟོན་ཀའི་སྤྲིན་ལྟར་གཡོ་བ་མཐོང་ནས་ནི། །ཞི་བའི་ནགས་སུ་སྙིང་ནས་ངེས་པར་འགྲོ། །གནའ་དུས་བཟང་པོའི་ཉི་མ་ནུབ་གྱུར་ཅིང་། །དེང་སང་སྐྱེ་བོ་ངན་པའི་ཟླ་ཤར་བས། །སྡིག་སྤྱོད་བདུད་སྡེའི་མུན་པས་ཕྱོགས་རྣམས་ཁྱབ། །འདི་དོན་མཐོང་ནས་ད་ནི་ནགས་སུ་འགྲོ། །སྐྱེ་བོ་རྣམས་ཀྱང་ཤིན་ཏུ་བསྟེན་དཀའ་སྟེ། །ལེགས་ན་མི་འདྲེན་ཉེས་ན་རྒྱུན་ཏུ་འདྲེན། །ཅུང་ཟད་ཙམ་ལའང་རྣམ་འགྱུར་སྣ་ཚོགས་འབྱིན། །ཇི་ལྟར་བྱས་ཀྱང་མགུ་བར་མི་འགྱུར་གྱི། །ད་ནི་མི་སྡོད་ནགས་ཀྱི་ནང་དུ་འགྲོ། །རང་གི་སེམས་ཀྱིས་རང་སེམས་མ་ཟིན་ན། །གཞན་གྱིས་སེམས་འཛིན་ཁ་ལོ་མི་བསྒྱུར་གྱི། །རང་གི་སེམས་ལ་གྲོས་ཆེན་གདབ་པའི་ཕྱིར། །མི་སྡོད་ནགས་ཀྱི་ནང་དུ་ངེས་པར་འགྲོ། །(༦༧)བྱིས་དང་འགྲོགས་ན་དགེ་བ་འགྲིབ་འགྱུར་ཞིང་། །མི་དགེ་བ་ཞིག་ཅིས་ཀྱང་ངེས་པར་འབྱུང་། །བདག་ནི་དགེ་བ་འབའ་ཞིག་སྤྱོད་པའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་ནགས་སུ་འགྲོ། །དེང་སང་སྐྱེ་བོ་རྣམས་དང་འགྲོགས་པ་ན། །ཡུད་ཙམ་ཉིད་ལ་བཤེས་སུ་འཛིན་བྱེད་ཅིང་། །སྐད་ཅིག་ཙམ་གྱིས་དགྲ་བཞིན་ཟུངས་མི་ཐུབ། །དེས་ན་མི་སྡོད་ནགས་ཀྱི་ནང་དུ་འགྲོ། །ཀྱེ་མ་དེང་སང་ཐུབ་པའི་བསྟན་པ་ཡང། །ནུབ་རིའི་རྩེ་མོར་ནུབ་ལ་ཉེ་བར་གྱུར། །འདི་ཉིད་ནུབ་ན་དམ་ཆོས་སེང་གེའི་སྒྲ། །ཕྱིན་ཆད་འབྱུང་བ་མེད་ཀྱི་ནགས་སུ་འགྲོ། །ལེགས་པར་བཤད་ན་དོན་དུ་གཉེར་བ་མེད། །ཉེས་པར་བཤད་ན་དམ་པའི་ཆོས་དང་འགལ། །རྒྱལ་བས་སེམས་ཅན་མགུ་བྱ་མ་གཏོགས་པ། །ཐབས་གཞན་མེད་ཅེས་གསུངས་པ་དེ་བཟུང་ནས། །ཆོས་ལམ་བཤད་ན་ཀུན་གྱིས་དགྲ་བཞིན་བརྙས། །ཅི་སྟེ་ཆོས་མིན་བཤད་ན་དེང་སང་དུས། །སེམས་ཅན་མགུ་ཡང་ངན་སོང་རྒྱུར་འགྱུར་བས། །ཇི་ལྟར་བགྱིད་པ་བདག་གིས་མ་འཚལ་བས། །དེ་དོན་མཐོང་ནས་སེམས་ཅན་དོན་སྒྲུབ་ཕྱིར། །མི་སྡོད་མི་སྡོད་ད་ནི་ནགས་སུ་འགྲོ། །དུལ་བའི་ལུས་མཛེས་བསླབ་གསུམ་འདབ་གཤོག་ཅན། །ཐོས་བསམ་པདྨོའི་མཚོར་འཇུག་སྐྱེས་བུ་ཡང་། །ནོར་མེད་ཚེ་ན་ཀུན་གྱིས་བརྙས་ཤིང་འདོར། །ཆོས་མིན་སྡིག་སྤྱོད་འབྱོར་རྣམས་ལྷ་བཞིན་བཀུར། །དམ་པ་བས་ཀྱང་བླུན་པོ་བྲིན་པའི་དུས། །དིང་སང་དུས་འདི་མཐོང་ནས་ནགས་སུ་འགྲོ། །གང་ལ་བལྟས་ཀྱང་དངོས་པོའི་རྩོལ་བ་ལས། །ཆོས་ལམ་སྒྲུབ་པ་ཉིན་མོའི་སྐར་མ་ཙམ། །འདི་དོན་མཐོང་ནས་དམ་ཆོས་སྒྲུབ་པའི་ཕྱིར། །ད་ནི་མི་སྡོད་ནགས་ཀྱི་ནང་དུ་འགྲོ། །གང་དུ་བསམས་ཀྱང་འདུ་འཛི་གཉེར་བ་ལས། །ཆོས་བཞིན་སྐྱོང་བ་བརྒྱ་ལམ་རེས་འགའ་ཙམ། །ཆོས་བཞིན་སྤྱོད་ལ་བརྙས་ཤིང་ཁྱད་དུ་གསོད། །དེས་ཀྱང་མི་སྡོད་ནགས་ཀྱི་ནང་དུ་འགྲོ། །རང་གིས་རང་ལ་ནང་དུ་བལྟས་པས་ཀྱང་། །ཉིན་མཚན་མི་སྡོད་ཚེ་འདི་མྱུར་དུ་འཇིག །ལེ་ལོས་དུས་ཀུན་དགེ་བའི་ཕྱོགས་བཅོམ་ཞིང་། །ཅུང་ཟད་ཙམ་ཡང་སེམས་འདི་མི་གནས་པའི། །དོན་འདི་མཐོང་ནས་ད་ནི་ནགས་སུ་འགྲོ། །བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སོགས། །འཇིག་རྟེན་ཆོས་བརྒྱད་འདི་ལ་གཡེངས་པས་ན། །ཆོས་བཞིན་སྤྱད་ཀྱང་ཚེ་འདིའི་དབང་དུ་སོང་། །ད་ནི་མི་སྡོད་ནགས་ཀྱི་ནང་དུ་འགྲོ། །ཁ་སོང་ཕན་ཆད་དགའ་བདེ་སྤྱད་པ་ཡི། །ལོངས་སྤྱོད་དེ་ཀུན་མདང་སུམ་རྨི་ལམ་བཞིན། །ཐེངས་འགའ་དྲན་པའི་ཡུལ་དུ་གྱུར་ན་ཡང་། །སྙིང་པོ་མེད་པར་མཐོང་ནས་ནགས་སུ་འགྲོ། །འདོད་པ་རྣམས་ནི་མྱང་ཡང་ཆོག་ཤེས་མེད། །བདག་ཉིད་སྐྱེས་ནས་ད་ལྟའི་བར་དག་ཏུ། །བདེ་བར་སྤྱད་པ་ཅི་ཙམ་མྱོང་གྱུར་ཀྱང་། །སླར་ཡང་མི་ཚིམ་འདོད་ལ་སེམས་ཆགས་པ། །འདི་འདྲས་ཚེ་འདིའི་བདེ་བ་མི་འགྲུབ་ནའང་། །ཚེ་རབས་ཀུན་(༦༨)ཏུ་ཕན་པ་སྒྲུབ་འདོད་པའི། །མྱ་ངན་འདས་པ་བདག་གིས་ཇི་ལྟར་ཐོབ། །ད་ནི་འདོད་པའི་ལམ་ཡང་དེས་ཆོག་གི། །སྙིང་ཁྱོད་དེ་རིང་ཉིད་ནས་ཆེར་གྱིས་ལ། །འདོད་པ་སྤོངས་ལ་ནགས་ཀྱི་ནང་དུ་སོང་། །ཇི་ལྟར་བསམས་ཀྱང་ཕན་པ་མི་གདའ་བས། །རང་གི་སེམས་ལ་བལྟ་བ་གོམས་པའི་ཕྱིར། །དེ་རིང་ཉིད་ནས་ནགས་ཀྱི་ནང་དག་ཏུ། །སེམས་ཁྱོད་གཏན་གྱི་བདེ་བ་སྒྲུབ་ཏུ་སོང་། །བདག་ནི་མལ་གྱི་ཐ་མ་དེར་འདུག་ནས། །ཐམས་ཅད་བོར་ནས་གཅིག་པུར་འགྲོ་དགོས་པ། །རིང་པོར་མི་ཐོགས་ངེས་པར་འབྱུང་འགྱུར་གྱི། །ད་ལྟ་ཉིད་དུ་ནགས་ཀྱི་ནང་དུ་སོང་། །དེང་སང་དུས་འདི་ཤིན་ཏུ་སྙིགས་པས་ན། །བདག་འདྲས་བཤད་ཀྱང་གཞན་ལ་ཕན་པ་མེད། །མ་འོངས་བསྐལ་པར་ཕན་པའི་སྨོན་ལམ་འདེབས། །དེས་ན་མི་སྡོད་ནགས་སུ་སྒོམ་དུ་འགྲོ། །རང་ལའང་མི་ཕན་གཞན་ལའང་མི་ཕན་པའི། །དོན་འདི་ཐོངས་ལ་སེམས་ཁྱོད་དེ་རིང་ཉིད། །ངེས་པར་རང་ལ་ཕན་པ་སྒྲུབ་པའི་ཕྱིར། །ནགས་སུ་སེམས་ཉིད་དོན་ལ་སྒོམ་དུ་སོང་། །ཕྱིས་ནས་གཞན་ཕན་འབྱུང་བའི་གནས་ཐོབ་དུས། །རང་དོན་སྐད་ཅིག་ཙམ་ཡང་མི་སེམས་པར། །གཞན་དོན་དུང་ཕྱུར་མང་པོར་རབ་སྒྲུབ་པའི། །སྨོན་ལམ་བཟང་པོ་སྙིང་ནས་ངེས་པར་འདེབས། །ད་ལྟ་སྙིང་ལ་སེམས་ཤིག་ཡོད་གྱུར་ན། །མ་སྡོད་ནགས་ཀྱི་ནང་དུ་སྒོམ་དུ་སོང་། །བདག་ལས་དམན་པས་ཐོས་པར་མཛད་པ་དང་། །ལྷག་པར་སངས་རྒྱས་བསྟན་པ་འཛིན་པའི་ཕྱིར། །བསྟན་པའི་སྙིང་པོ་འཆད་ཉན་གཙོ་བོར་མཛོད། །དེས་ནི་ཐུབ་པའི་བསྟན་པ་རྒྱས་པ་དང་། །རང་གི་སེམས་ལ་བློ་གྲོས་འཕེལ་བར་གྱུར། །གང་ལ་བསམས་ཀྱང་མི་རྟག་སྙིང་པོ་མེད། །འདུས་བྱས་དངོས་པོ་བཟང་ཡང་ངེས་པར་འཇིག །འདི་དོན་མཐོང་ནས་འཇིག་མེད་སྙིང་པོའི་དོན། །བསླུ་མེད་སེམས་ཀྱི་དམ་པ་འཚོལ་དུ་འགྲོ། །ཐུབ་པས་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས། །དེ་ཀུན་དོན་ཡང་འདོད་པ་སྤོང་བ་དང་། །ཞི་བའི་དོན་ལ་མཉམ་པར་འཇོག་པ་ལས། །གཞན་ནི་གསུངས་པ་མེད་ཀྱི་སེམས་ཁྱོད་ཀྱིས། །འཆི་བ་སོམས་ལ་ངེས་པར་ནགས་སུ་སོང་། །ནགས་ནི་རྒྱལ་བ་རྣམས་ཀྱིས་ཀུན་ནས་བསྔགས། །འདོད་པ་ཆུང་ཞིང་ཆོག་ཤེས་ལྡན་པ་ཡི། །སྐྱེ་བོ་རྣམས་ཀྱང་ནགས་སུ་གནས་པར་མཛད། །ད་ལྟ་རྟོག་པ་མི་བརྟན་དུས་འདི་ན། །སེམས་ནི་ནང་དུ་འཇོག་པ་གཙོ་བོ་སྟེ། །དེ་ཡང་མང་པོའི་དབུས་སུ་ཡུལ་ལ་འཕྲོ། །སྐད་ཅིག་ཙམ་ཡང་གནས་པ་མ་ལགས་ཤིང་། །ལེགས་པར་བསྲུངས་ཀྱང་ཉོན་མོངས་རྗེས་སུ་འབྲང་། །དེས་ཀྱང་མི་སྡོད་ནགས་སུ་སྒོམ་དུ་འགྲོ། །ཆོས་རྣམས་རང་བཞིན་གོ་ཡང་དྲན་པ་ཡི། །ཡུལ་དུ་ལུས་ན་དེ་ལ་ཕན་པ་མེད། །ཆོས་ཀྱི་རང་བཞིན་བློ་ལ་གོམས་པའི་ཕྱིར། །མི་སྡོད་ནགས་ཀྱི་ནང་དུ་འགྲོ་དགོས་སོ། །ནགས་ནི་རྣམ་གཡེང་འདུ་འཛི་ངང་གིས་ཆུང་། །འཇིགས་དང་འཚེ་བའི་(༦༩)སྡུག་བསྔལ་ཀུན་དང་བྲལ། །མཐོ་རིས་གྲོང་གི་དགའ་བས་ཆེས་ལྷག་པའི། །ཞི་བའི་ནགས་སུ་དེ་རིང་སྤྲོ་བར་མཛོད། །ཀྱེ་མ་སེམས་ཁྱོད་ནགས་ཀྱི་ཡོན་ཏན་ཉོན། །རྒྱལ་བ་མཆོད་འོས་རིན་ཆེན་ལྗོན་ཤིང་རྣམས། །འབྲས་བུ་དུད་ནས་ནགས་ན་ལེགས་པར་འཁྲུངས། །ལོ་མ་མེ་ཏོག་དྲི་ཞིམ་ཁ་ཕྱེ་ཞིང་། །སྤོས་ཀྱི་བསུང་དང་བསིལ་བུའི་ངད་ཀྱང་ལྡང་། །ཕུ་ཆུའི་རྫ་རྔ་སྙན་པའི་སྒྲ་འབྱིན་ཞིང་། །ཟླ་བ་བསིལ་བས་ཁྱབ་པའི་སྐེད་ངོས་ནི། །ཆུ་འཛིན་སྟུག་པོའི་གོས་ཀྱིས་གཡོགས་པར་གྱུར། །དེ་ན་རྒྱུ་སྐར་ཚོགས་ཀྱིས་ཡོངས་རྫོགས་མཛེས། །དྲི་ཞིམ་རྫིང་བུ་ངང་མོའི་ཁྱུ་ལྡིང་ཞིང་། །བྱ་དང་རི་དྭགས་མང་པོ་བདེ་བར་རྒྱུ། །པདྨ་དཔག་བསམ་ཤིང་དང་ཨུཏྤ་ལ། །བུང་བས་གླུ་དབྱངས་དར་དིར་ལེན་པས་ཁྱབ། །ལྗོན་པའི་ཤིང་རྣམས་གཡོ་བའི་གར་བགྱིད་ཅིང་། །འཁྲི་ཤིང་ཡལ་གའི་ལག་རྩེད་དུད་པ་ཡིས། །འོངས་པ་ལེགས་ཞེས་མགྲོན་ལ་བསུ་བ་བཞིན། །བསིལ་བའི་ཆུ་གཙང་པདྨས་ཁེབས་པ་རྣམས། །འཛུམ་པའི་བཞིན་གྱི་མདངས་རབ་གསལ་བ་བཞིན། །སྐྱེད་ཚལ་མེ་ཏོག་ལྗོན་པའི་རྒྱན་ཕྲེང་ཅན། །ནེའུ་སིང་སྔོན་པོའི་གནམ་གཡོགས་ལེགས་འཛིན་ཞིང་། །དྭངས་པའི་མཁའ་ལ་གཟའ་སྐར་ཤར་འདྲ་ཞིང་། །དགའ་བའི་ཚལ་ན་ལྷ་རྣམས་རྩེ་བ་བཞིན། །ཁུ་བྱུག་མྱོས་པའི་གདངས་སྙན་གླུ་ལེན་ཅིང་། །དུས་རླུང་བསིར་བུས་མེ་ཏོག་འགྲིམས་པ་བཞིན། །སྤྲིན་གྱི་གླང་པོ་དགའ་བའི་སྒྲ་འབྱིན་ཅིང་། །ཆར་གྱི་སྣང་བ་རབ་བཟང་བསིལ་བསིལ་བཞིན། །རྩ་བ་ལོ་མ་འབྲས་བུའི་ཁ་ཟས་ཀྱང་། །སྡིག་དང་མ་འདྲེས་ནགས་ན་དུས་བཞིར་ལྡན། །ཉོན་མོངས་རྣམས་ཀྱང་ངང་གིས་ནགས་ན་འགྲིབ། །མི་སྙན་བརྗོད་པ་སུ་ཡང་མ་མཆིས་ཤིང་། །འདུ་འཛིའི་གྲོང་ལས་རྒྱང་རིང་གྱུར་པས་ནི། །ཞི་བའི་བསམ་གཏན་ངང་གིས་ནགས་ན་འཕེལ། །དམ་པའི་ཆོས་དང་མཐུན་ཞིང་སེམས་འདི་དུལ། །ཉེ་བར་ཞི་བའི་བདེ་བ་ནགས་ན་ཐོབ། །མདོར་ན་ནགས་ཀྱི་ཡོན་ཏན་མཐའ་ཡས་ཏེ། །བསྐལ་པར་བརྗོད་ཀྱང་ཟད་པར་ག་ལ་འགྱུར། །དུས་གསུམ་རྒྱལ་བས་བྱང་ཆུབ་བརྙེས་པ་ཡང་། །ནགས་སུ་གནས་ལས་བྱུང་བ་མ་གཏོགས་པ། །ཡུལ་འཁོར་གྲོང་དང་འདུ་འཛིའི་གནས་ལས་མིན། །དེ་ལྟར་ནགས་ཀྱི་ཡོན་ཏན་དྲན་བྱས་ནས། །དགོན་པར་ཕྱོགས་ཏེ་གོམས་པ་བདུན་བོར་བ། །བསྐལ་པ་གངྒཱའི་སངས་རྒྱས་ཐམས་ཅད་ལ། །སྤོས་དང་མེ་ཏོག་ཀུན་གྱིས་མཆོད་པས་ཀྱང་། །དེ་ཡི་བསོད་ནམས་ཕུང་པོ་ཆར་མི་ཕོད། །རྒྱས་པར་ཟླ་བ་སྒྲོན་མེའི་མདོ་བཞིན་དུ། །ནགས་ཀྱི་ཡོན་ཏན་དམ་པ་བསམ་པར་བྱ། །དེར་སོང་ནས་ནི་ཕུག་དང་བྲག་རིའི་དྲུང་། །སྨན་ལྗོངས་མེ་ཏོག་ལྗོན་ཤིང་དྲུང་དག་གམ། །རྩྭ་དང་ལོ་མའི་སྤྱིལ་པོར་གནས་བཅས་ཏེ། །ཆུ་དང་ཤིང་དང་འབྲས་བུ་ལ་སོགས་པ། །ངན་ངོན་ཙམ་གྱི་འཚོ་བས་ལས་འཚོ་ཞིང་། །དགེ་བའི་ཆོས་ལ་ཉིན་མཚན་བརྩོན་པར་བྱ། །དེར་ནི་(༧༠)ནགས་ཀྱི་ཤིང་ལོ་རྙིང་པའི་དཔེས། །གཟུགས་དང་ལང་ཚོ་དབང་པོའི་བྱེ་བྲག་རྣམས། །རིམ་གྱི་རིམ་གྱིས་འགྱུར་ཞིང་སྙིང་པོ་མེད། །འབྱོར་བ་རྒུད་ཅེས་ངེས་པར་རྟོགས་པར་བྱ། །དེར་ནི་ཤིང་དང་ལོ་འདབ་བྲལ་བའི་དཔེས། །མཛའ་དང་མི་མཛའ་དེ་བཞིན་བདག་གི་ལུས། །ལྷན་ཅིག་འདུས་ཀྱང་སོ་སོར་འགྱེས་ཆོས་ཅན། །འབྲལ་བའི་ཆོས་ཞེས་ངེས་པར་རྟོགས་པར་བྱ། །དེར་ནི་པདྨའི་རྫིང་བུ་སྟོང་པའི་དཔེས། །ནོར་དང་འབྱོར་པ་འདོད་ཡོན་སྣ་ཚོགས་ཀུན། །མཐར་ནི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །བསགས་པ་འཛད་ཅེས་ངེས་པར་རྟོགས་པར་བྱ། །དེར་ནི་ནམ་ཟླ་དུས་བཞི་འགྱུར་བའི་དཔེས། །སོས་ཀའི་མེ་ཏོག་རྒྱས་འདྲའི་ལས་འདི་ཡང་། །དུས་ཀྱིས་འགྱུར་ཞིང་ལང་ཚོ་རྣམ་པར་ཡོལ། །འཆི་བདག་འབྱུང་ཞེས་ངེས་པར་རྟོགས་པར་བྱ། །དེར་ནི་འབྲས་བུ་སྨིན་དང་ལྟུང་བའི་དཔེས། །རྒན་དང་གཞོན་དང་དར་ལ་བབས་རྣམས་ཀྱང་། །འཆི་བའི་ཆོས་ཏེ་ནམ་འབྱུང་ངེས་པ་མེད། །སྐྱེས་པ་འཆི་ཞེས་ངེས་པར་རྟོགས་པར་བྱ། །དེར་ནི་རྫིང་བུར་གཟུགས་བརྙན་ཤར་བའི་དཔེས། །སྣ་ཚོགས་ཆོས་ཀུན་སྣང་ལ་རང་བཞིན་མེད། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་འདྲ། །བདེན་པས་སྟོང་ཞེས་ངེས་པར་རྟོགས་པར་བྱ། །དེ་ལྟར་ཆོས་ཀུན་ཁོང་དུ་ཆུད་བྱས་ནས། །ཡངས་པའི་སྟན་ལ་བདེ་བའི་ལུས་བསྲངས་ཏེ། །སེམས་ཅན་དོན་སེམས་བྱང་ཆུབ་སེམས་སྒོམས་ལ། །འདས་པ་མི་བསམ་མ་འོངས་སྔོན་མི་བསུ། །ད་ལྟའི་ཤེས་པ་ཡིད་ལ་བྱེད་པ་བོར། །མི་སྤྲོ་མི་བསྡུ་མ་ཡེངས་ངང་ལ་ཞོག །ས་ལེ་སིང་ངེ་ཡེ་རེ་ཝལ་ལེ་བ། །སྟོང་གསལ་འཛིན་མེད་སྤྲོས་དང་བྲལ་བར་བཞག །དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་ཡིན། །སེམས་ཀྱི་གནས་ལུགས་ཇི་བཞིན་གཉུག་མའི་དོན། །ལྷུག་པར་གློད་ནས་འཇོག་པ་མ་གཏོགས་པ། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་ཐོང་། །མ་བསམ་མ་དཔྱད་སྤྲོས་པའི་ཡུལ་མིན་པ། །སངས་རྒྱས་རྣམས་ཀྱི་དགོངས་པ་དེ་ཉིད་ཡིན། །དེས་ན་རྟོག་པའི་ཚང་ཚིང་ཞི་སླད་དུ། །ཉེར་ཞི་སེམས་ཀྱི་གནས་ལུགས་བལྟ་བར་བྱ། །རྗེས་ལ་འཁོར་གསུམ་དག་པའི་བསྔོ་བ་བྱ། །བར་སྐབས་སེམས་ལ་མི་རྟག་འཆི་བ་བསྒོམ། །འདུས་བྱས་སྙིང་པོ་མེད་ལ་སྐྱོན་མང་བ། །འཁོར་བའི་རང་བཞིན་དེ་ཡང་བསམ་པར་བྱ། །འདི་ལྟར་ཕྱི་རོལ་སྣ་ཚོགས་སྣང་བ་ཀུན། །རྨི་ལམ་སྒྱུ་མ་འདྲ་བར་རྟོགས་བྱས་ནས། །ཐམས་ཅད་མཉམ་ཉིད་ནམ་མཁའི་ངང་ལ་བཞག །དགག་སྒྲུབ་མི་བྱེད་ཡིད་ལ་བྱེད་པ་བོར། །དེ་ལྟར་སྤྱད་པས་ཅི་ཞིག་ལྟར་དེ་ཡང་། །སེམས་ཉིད་སྐྱེ་བ་མེད་ཅིང་འགག་པ་མེད། །རང་བཞིན་གཉུག་མ་གང་ཡིན་མངོན་དུ་འགྱུར། །འདི་ལྟར་མཚན་མོ་ཉལ་བའི་ཚེ་ན་ཡང་། །སེམས་ཉིད་སྐྱེ་བ་མེད་པའི་ཆོས་ཉིད་ལ། །བློ་ཡིས་སྤྲོས་དང་བྲལ་བའི་ངང་དུ་ཞོག །ལྡང་དང་སྣང་བའི་ཚེ་ཡང་སྒྱུ་མ་ལྟར། །རང་བཞིན་མེད་ལ་ཡང་(༧༡)དང་ཡང་དུ་ལྟོས། །ཅི་ཞིག་ལྟར་ཏེ་སེམས་ཉིད་རིན་ཆེན་གཏེར། །བསལ་བཞག་མེད་པའི་ངོ་བོ་མཐོང་ནས་ནི། །སྲིད་པའི་མྱ་ངན་རྒྱ་མཚོར་རབ་བརྒལ་ནས། །མྱ་ངན་མེད་ཞི་རྟག་དགའ་སྤྲོས་མེད་གླིང་། །སངས་རྒྱས་གོ་འཕང་མཐའ་ཡས་བརྙེས་པར་འགྱུར། །བར་སྐབས་རྟོག་པའི་ཆོ་འཕྲུལ་ཅི་བྱུང་ཡང་། །གང་ཤར་ངོ་བོ་རང་ཤར་འཛིན་མེད་ལྟོས། །རྣམ་རྟོག་ངོ་བོ་ཆོས་སྐུའི་རོལ་པར་འཆར། །འགྲོ་དང་འཆག་དང་ལྡང་དང་སྣང་བའི་ཚེ། །འགྲོ་བ་འདི་དག་བདག་གིས་དྲང་བྱ་ཞིང་། །མགོན་དང་སྐྱབས་དང་དཔུང་གཉེན་གྱུར་ཅིག་ཅེས། །བྱང་ཆུབ་སེམས་ལ་ངེས་པར་བློ་བཞག་ནས། །སྤྱོད་ཡུལ་དག་པའི་སྤྱོད་པ་དྲན་བྱ་ཞིང་། །སེམས་ཅན་དོན་ལས་གཞན་དུ་མི་བསམ་མོ། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་སྟེ། །ཀུན་མཁྱེན་རྒྱལ་བའི་མྱུ་གུ་སྐྱེད་བྱེད་ཡིན། །ཉན་ཐོས་སངས་རྒྱས་འབྲིང་རྣམས་ལས་འདས་ཏེ། །ཚད་མེད་ཐུགས་རྗེའི་འོད་ཟེར་རབ་འགྱེད་པའི། །ཡོན་ཏན་དཔག་མེད་དུ་མའི་གང་ཆེན་མཚོ། །རྫོགས་པའི་སངས་རྒྱས་ནོར་བུ་འབྱུང་བ་མཚར། །འདི་ལས་ངོ་མཚར་ཆེ་བ་གཞན་གང་ཡོད། །དེ་ཕྱིར་བློ་དང་ལྡན་པའི་སྐྱེ་བོ་རྣམས། །བྱང་ཆུབ་ཞི་བ་དམ་པ་སྒྲུབ་པའི་ཕྱིར། །ནགས་ཀྱི་ནང་དུ་ངེས་པར་སྒོམ་དུ་གཤེགས། །གལ་ཏེ་འདི་ལ་ཆོས་ཤིག་མ་བསྒྲུབས་ན། །ཕྱི་ནས་གར་འགྲོ་བདག་གིས་ཇི་ལྟར་ཤེས། །ཆོས་ཀྱི་ལམ་དང་དེ་ནས་འཕྲད་པ་དཀོན། །དེ་དུས་བཅོས་སུ་ཡོད་པ་མ་ལགས་ཀྱི། །ད་ལྟ་ཉིད་དུ་ཆོས་ལ་འབད་དགོས་སོ། །དེང་འཆི་སང་འཆི་ངེས་པ་སུ་ཡིས་ཤེས། །ཡིད་བརྟན་མེད་དེ་འཆི་བདག་ཚུར་ཚུར་འོང་། །འདི་ཉིད་བདག་གིས་བཟློག་པར་ཡང་མི་ནུས། །རིངས་པར་རིངས་པར་ནགས་སུ་སྒོམ་དུ་གཤེགས། །ནོར་དང་མཛའ་བཤེས་གཉེན་འདུན་སུ་འབྱོར་ཡང་། །འཆི་བའི་དུས་སུ་ཅུང་ཟད་ཕན་པ་མེད། །ཆོས་དང་ལྡན་ན་འཆི་ཡང་མི་འཇིགས་ཀྱི། །རིངས་པར་ཚུར་གཤེགས་ནགས་ཀྱི་ནང་དུ་འདོང་། །བདག་དང་གཞན་དང་ཐམས་ཅད་མེད་པའི་དུས། །རིང་པོར་མི་ཐོགས་ངེས་པར་འབྱུང་འགྱུར་གྱི། །ད་ལྟ་ཉིད་དུ་ཆོས་ཤིག་སྒྲུབ་པའི་ཕྱིར། །ནགས་ཀྱི་ནང་དུ་ངེས་པར་དེངས་པར་བྱ། །ཚངས་པར་སྤྱོད་པ་མང་དུ་ཐོས་པ་དང་། །ལེགས་པར་སྒོམ་དང་ནགས་སུ་གནས་པ་དང་། །དགེ་བ་གོམས་རྣམས་འཇིགས་པ་མེད་པ་ཡིས། །འཆི་བའི་ཚེ་ན་རབ་དགའ་ཐོབ་པར་འགྱུར། །དགའ་བའི་རྒྱུ་ནི་ནགས་སུ་གནས་པས་འགྲུབ། །དེ་ཕྱིར་ནགས་ཀྱི་ནང་དུ་སྒོམ་དུ་གཤེགས། །ངེས་པར་བདག་ནི་མེད་པར་འགྱུར་བའི་དུས། །སང་ཙམ་འབྱུང་ཡང་སུས་ཤེས་དབང་ཅི་ཡོད། །འཆི་བའི་ནངས་པར་ཆོས་ལས་སྐྱབས་གཞན་མེད། །ཆོས་ནི་སྐྱབས་དང་གནས་དང་དཔུང་གཉེན་ཏེ། །ཆོས་ནི་བདེ་འགྲོའི་ཁང་བཟང་སྟོན་པ་ལགས། །དེ་ཕྱིར་སེམས་ཁྱོད་འཆི་བ་དྲན་བྱོས་ལ། །ནགས་ཀྱི་ནང་དུ་ཆོས་ལ་འགྲོ་དགོས་སོ། །(༧༢)སེམས་ཀྱིས་སེམས་ལ་ནང་དུ་ཕྲིན་འདི་མཛོད། །དེ་ལ་ཉན་ན་སེམས་ཁྱོད་ཆོས་སུ་ཤིས། །དེ་སྐད་ཕན་པར་སྨྲ་བའི་ངག་འདི་ནི། །སྙིང་ནས་ཡིན་གྱི་སེམས་ཁྱོད་ནགས་སུ་གཤེགས། །ནགས་ཚལ་ཀུན་ཏུ་དགའ་བའི་གཏམ་འདི་ནི། །ངེས་འབྱུང་ཐར་པའི་ཡིད་ཅན་བསམ་ཡས་པས། །སེམས་ཉིད་ངལ་བསོའི་རི་བོ་ཡང་རྩེའི་རྩེར། །སྙིང་ནས་ནགས་སུ་འགྲོ་སླད་སྨྲས་པ་ཡིན། །དེ་ལས་བྱུང་བའི་དགེ་བ་གང་ཡོད་དེས། །འགྲོ་ཀུན་འཁོར་བའི་གྲོང་ལས་ཡིད་བྱུང་ནས། །རྣམ་མཁྱེན་ཐར་པའི་ནགས་འདབ་ཉམས་དགའ་བར། །ཕྱམ་གཅིག་ཉིད་དུ་ཐམས་ཅད་གྲོལ་བར་ཤོག །ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། །མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས། རི་བོ་ཡང་རྩེའི་རྩེར་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་ཚེ་སྦྱར་བའོ།། །།

ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ།

དང་པོ། འདུས་བྱས་མི་རྟག་པའི་ཚོམས།

༄༅། །ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་བཞུགས་སོ། །

༄༅། །ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལེགས་པའི་ཡོན་ཏན་དམ་པས་རབ་བརྒྱན་ཞིང་། །ཉེས་པའི་ཆུ་གཏེར་ཀུན་ལས་འདས་པའི་མཐར། །དོན་གཉིས་མཛད་པའི་ཕྲིན་ལས་རབ་རྫོགས་ནས། །མྱ་ངན་འདའ་སྟོན་དེ་ལ་ཕྱག་འཚལ་ལོ། །ཇི་ལྟར་འཕགས་པ་བ་གླང་བདག་བཞིན་དུ། །ཆོས་ཀྱི་སྡོམ་བཞི་རབ་ཏུ་དབྱེ་བ་ཡིས། །འདུས་པའི་ཚོགས་ལ་སྙིང་ནས་བསྐུལ་བའི་ཚིག །སྙན་པའི་བཀའ་མཆིད་ལགས་ཀྱིས་གསན་པར་ཞུ། །རབ་དཀར་དགེ་ཚོགས་འོད་ཟེར་སྟོང་འཕྲོ་ཞིང་། །རང་གཞན་དོན་གཉིས་འབྱོར་པའི་སྙིང་པོ་ཅན། །དལ་འབྱོར་རིན་ཆེན་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ལེགས་སྨྲས་པ། །འདི་ལྟར་ནོར་འཛིན་དག་ན་སྣང་བ་ཡི། །ཕུན་ཚོགས་དེ་ཡང་བརྟན་པ་མ་ཡིན་ལ། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ་བས་ན། །མི་རྟག་སྐྱོ་ཤས་བློ་སྣ་ཐུང་བར་མཛོད། །འགྲོ་དྲུག་ནང་ནས་མི་ཡི་ལུས་རྙེད་དཀོན། །དེ་བས་དམ་པ་རྣམས་དང་འཕྲད་པ་དཀོན། །དེ་བས་ཆོས་ཐོབ་པ་དང་སྤྱོད་པ་དཀོན། །དེ་བས་ཟབ་དོན་སྙིང་པོའི་དོན་མཐོང་དཀོན། །དལ་འབྱོར་རྙེད་དཀའི་གྲུ་ཆེན་ཐོབ་དུས་འདིར། །རབ་ཟབ་བླ་མའི་མན་ངག་གྲུ་གཟིངས་ཀྱིས། །སྡུག་བསྔལ་རྒྱ་མཚོ་བརྒལ་ལ་བརྩོན་པར་མཛོད། །རིང་པོར་མི་ཐོགས་བྱང་ཆུབ་མཆོག་སངས་རྒྱས། །གལ་ཏེ་ལེ་ལོས་ཐར་ལམ་མ་སྙོགས་ན། །ཕྱིས་ནས་གར་འགྲོ་བདག་གིས་ཇི་ལྟར་ཤེས། །དེ་དུས་བཅོས་སུ་ཡོད་པ་མ་ལགས་ཀྱི། །ད་ལྟ་ཉིད་དུ་བརྩོན་པའི་སྟོབས་བསྐྱེད་ཅིག །བདག་ཅག་ཚེ་ནི་གཡོ་བའི་སྤྲིན་དང་འདྲ། །ལུས་ནི་གཡར་པོ་བཞིན་ཏེ་ལྟོས་མེད་ལ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་འདྲ། །སྐད་ཅིག་མི་སྡོད་འཇིག་པའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་མཛོད། །ཀྱེ་མ་གྲོགས་དག་དེང་ནས་མ་འབད་ན། །ཚེ་འདིའི་སྣང་བ་ནུབ་ཚེ་ཇི་ལྟར་བྱ། །ཆ་མེད་ཡུལ་དེར་རྒྱུས་མེད་འགྲོ་(༧༣)དུས་ན། །གཅིག་པུ་གྲོགས་མེད་སྐྱབས་དང་མགོན་མེད་ལ། །གཉེན་དང་བཤེས་མེད་སུས་ཀྱང་ཕན་པ་མེད། །དེ་དུས་རང་སྣང་བག་ཆགས་དགེ་སྡིག་འབྲང་། །སྔར་བསགས་ལས་ཀྱིས་ཕྱི་མའི་སྣང་བ་འཆར། །སུས་ཀྱང་བསྒྱུར་མེད་དགེ་སྡིག་འབྲས་བུ་མྱོང་། །དེ་བས་ད་ལྟ་དགེ་ལ་བརྩོན་པར་མཛོད། །ཇི་ལྟར་ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན། །བདག་ཅག་ཚེ་འགྲོ་ནམ་ཡང་ཡིད་བརྟན་མེད། །དེང་འཆི་སང་འཆི་ངེས་པ་མ་མཆིས་པས། །ད་ལྟ་ཉིད་དུ་ཆོས་ལ་བརྩོན་པར་རིགས། །སྙིང་པོ་མེད་པའི་ལུས་འདི་འཇིག་ཅིང་འདོར། །སྐྱེས་པའི་ཐ་མ་ཡིན་ཏེ་འཆི་བས་ན། །དལ་ཞིང་འབྱོར་པས་བརྒྱན་པའི་ཚེ་འདི་ལ། །ཐར་པའི་ལམ་བཟང་སྙེགས་ལ་བརྩོན་པར་མཛོད། །ད་ལྟའི་ས་སྟེང་འགྲོ་བ་འདི་དག་ཀྱང་། །ལོ་བརྒྱའི་ནང་དུ་ལུས་པ་འགའ་མེད་ལ། །གློ་བུར་ནད་རྐྱེན་ཚེ་ལ་ངེས་མེད་པས། །སྙིང་ནས་མི་རྟག་འཆི་བ་བསམ་པར་རིགས། །འཁོར་བའི་རྒྱ་མཚོ་གཏིང་མཐའ་དཔག་ཡས་ཤིང་། །འཆི་བས་འཇིག་པའི་སྐྱེ་བ་ཕ་མཐའ་ཡས། །གང་དུ་སྐྱེས་ཀྱང་སྡུག་བསྔལ་ཆུ་བཞིས་རྩེན། །དེ་ལས་ཐར་ཕྱིན་བརྩོན་པའི་སྟོབས་སྐྱེད་ཅིག །ཚེ་འདི་སྤྲིན་དང་འདྲ་སྟེ་མི་བརྟན་གཡོ། །ལུས་ནི་ལྦུ་བ་འདྲ་སྟེ་འཇིག་ཏུ་ཉེ། །འདིར་ཚོགས་མགྲོན་པོ་འདྲ་སྟེ་འགྱེས་ལ་ཁད། །ཐམས་ཅད་རྨི་ལམ་འདྲ་སྟེ་སྙིང་པོ་མེད། །འདུས་བྱས་ཆོས་ལ་ཡིད་བརྟན་འགའ་མེད་པས། །བརྩོན་པའི་སེམས་ཀྱིས་སྙིང་པོའི་དོན་སྒོམས་ཤིག །ཚེ་འདི་རྨི་ལམ་སྒྱུ་མའི་སྣང་བ་ལ། །མི་མཁས་བདེན་པར་བཟུང་བས་བྱིས་པ་འཁྲུལ། །སྤྲུལ་པས་འགྲོ་བ་བསླུ་ཞེས་རྟོགས་བྱས་ནས། །སྙིང་པོའི་དོན་ལ་དེང་ནས་བརྩོན་པར་རིགས། །དལ་འབྱོར་སྙིང་པོ་ལྡན་པའི་ལུས་འདི་ཡང་། །མི་རྟག་མྱུར་འགྲོ་ཉི་མའི་དཀྱིལ་འཁོར་འདྲ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་བཞིན། །འཇིག་རྟེན་ཕྱི་མའི་སྣང་བ་འཆར་དུ་ཉེ། །གྲོགས་དག་རྟག་འཛིན་ལེ་ལོའི་སེམས་བོར་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །བདག་ནི་མལ་གྱི་ཐ་མ་དེར་འདུག་ནས། །འཆི་བའི་དུས་བབས་འབྱུང་བཞིའི་བསྡུ་ཚུལ་དང་། །བར་དོའི་སྣང་བ་སྣ་ཚོགས་ཤར་བའི་ཚེ། །ནོར་དང་གཉེན་བཤེས་སྒྱུ་མའི་གྲོགས་ལ་སོགས། །འཇིག་རྟེན་ཆོས་ཀྱིས་སྟོངས་པའི་སྐབས་མེད་ན། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་མཛོད་ཅིག །གང་དུ་ཕྱིན་ནས་སླར་ལོག་མི་འགྱུར་བ། །འཆི་བདག་ཁྱིམ་དེར་བདག་ཅག་འགྲོ་དགོས་ན། །འཇིགས་བྲལ་ཉག་གཅིག་སྐྱབས་དང་དཔུང་གཉེན་མཆོག །འདི་ཕྱིར་ཕན་པ་དམ་པའི་ཆོས་ལས་མེད། །སྙིང་ནས་འཆི་བ་བསམས་ཏེ་ཆོས་མཛོད་ཅིག །མདོར་ན་འབབ་ཆུ་གྱ་གྱུར་ལྟུང་བ་དང་། །ནུབ་རིའི་གྲིབ་མ་མི་སྡོད་འོང་བ་དང་། །ཉིན་མཚན་སྐད་ཅིག་ཐང་གཅིག་འགྱུར་བའི་དཔེས། །ཚེ་ལ་ལོང་མེད་འཆི་བ་དྲན་བྱས་ལ། །དེ་རིང་ཉིད་ནས་(༧༤)ཆོས་ལ་བརྩོན་པར་མཛོད། །དེ་རིང་མི་རྟག་སང་དུ་འགྱུར་བས་ཀྱང་། །རང་གི་ཚེ་འགྲོ་སྐད་ཅིག་གཡོ་བ་སྟེ། །ངེས་པར་འཆི་ཞེས་གཏིང་ནས་དྲན་བྱ་ཞིང་། །ཚེ་ལ་ལོང་མེད་བློ་སྣ་བསྟུང་བྱས་ལ། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ནམ་ཡང་བདེ་མེད་འཁོར་བ་སྦྲུལ་གདུག་གླིང་། །རྒྱལ་པོའི་བཙོན་ར་འདྲ་བར་རྟོགས་ནས་ནི། །སེམས་ཉིད་དོན་ལ་གོམས་པའི་དབང་འབྱོར་བས། །གདོད་མའི་ཟད་སར་གཏན་སྲིད་ཟིན་པར་མཛོད། །གྲོགས་དག་གཅིག་ཏུ་དགེ་ལ་བརྩོན་པ་དང་། །ཐོས་པའི་དོན་བཞིན་ཉམས་སུ་ལོན་པ་ཡིས། །འཆི་བའི་ཚེ་ན་མི་འཇིགས་གདེང་དང་ལྡན། །སྤྲོ་དགའི་སེམས་ཀྱིས་གཏན་སྲིད་ཟིན་པར་མཛོད། །གྲོགས་དག་སྐྱེས་པ་གང་ཡིན་འཆི་བ་སྟེ། །སང་དང་བདག་གི་ཚེ་ཟད་དུས་འདི་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་དོ་ཞེས། །སྙིང་ནས་བསམས་ཏེ་རྟག་ཏུ་ཆོས་མཛོད་ཅིག །རི་བདུན་གླིང་བཞི་ཐལ་བར་མི་ལུས་ཤིང་། །དུས་མཐའི་རླུང་གིས་སྟོང་པའི་སྐབས་ཡོད་ལ། །འགྲོ་ཀུན་མི་རྟག་སྒྱུ་མའི་རང་བཞིན་དུ། །ནམ་ཞིག་འགྱུར་ཞེས་ངེས་པར་རྟོགས་བྱས་ནས། །སྙིང་ནས་ཞི་བའི་ཆོས་ལ་བརྩོན་པར་མཛོད། །རྙེད་དཀའི་དལ་འབྱོར་ཐོབ་ཀྱང་མི་རྟག་ལ། །ལྷན་ཅིག་འདུས་པའི་གྲོགས་ཀྱང་འབྲལ་བས་ན། །ཚེ་འདིར་མ་ཆགས་ཕྱི་མ་རྒྱུན་རིང་བས། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཚངས་དང་བདེ་འབྱུང་འཇིག་རྟེན་དབང་པོའི་དགྲ། །དྲག་པོ་ཐ་སྐར་ཉིན་མོར་བྱེད་རྣམས་ཀྱང་། །འཆི་བདག་གནས་ལས་ཐར་པའི་སྐབས་མེད་ལ། །ཡིད་འོང་རྡོ་རྗེའི་སྐུ་ཡང་མི་རྟག་ན། །ལྦུ་བ་རྡོལ་འདྲ་ལུས་འདི་ཅིས་མི་འཇིག །དེས་ཀྱང་གཅིག་ཏུ་བརྩོན་པའི་སྟོབས་བསྐྱེད་ལ། །མི་རྟག་འཆི་བ་བསམ་ནས་ཆོས་མཛོད་ཅིག །འདུས་བྱས་མི་རྟག་པའི་ཚོམས་ཏེ་དང་པོའོ།། །།

གཉིས་པ། ཟག་པ་དང་བཅས་པ་སྡུག་བསྔལ་བའི་ཚོམས།

དགེ་ལེགས་སྙན་པའི་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །ཟག་བཅས་ཆོས་རྣམས་རིང་བཞིན་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་སྡུག་བསྔལ་གསུམ། །སྣོད་བཅུད་སྲིད་གསུམ་བདེ་བའི་གོ་སྐབས་མེད། །སེམས་དམྱལ་ཡི་དྭགས་བྱོལ་སོང་ལྷ་མིན་དང་། །ལྷར་བཅས་མི་ཡི་འཇིག་རྟེན་མ་ལུས་ཀུན། །དགེ་སྡིག་ལས་ཀྱིས་ཟོ་ཆུའི་ཁྱུད་མོ་འདྲ། །མཐོ་རིས་ཐོབ་ཀྱང་ངན་འགྲོར་ལྟུང་བས་ན། །འཁོར་བའི་གྲོང་ནས་ཐར་པའི་ཐབས་འཚལ་ལོ། །རང་བཞིན་སྡིག་ལ་གོམས་པའི་རྒྱུ་འབྲས་ཅན། །རང་སྣང་ལོག་པས་དམྱལ་བའི་འཇིག་རྟེན་ན། །དུས་མཐའི་མེ་ཆེན་འབར་བས་ཆེས་ལྷག་པས། །ལས་ཀྱི་མེ་ལྕེ་གཅིག་ཏུ་གྱུར་པ་ཡིས། །ཕྱི་ནང་ལུས་ཀྱི་ཤ་ཀུན་ཚིག་གྱུར་ལ། །གཤིན་རྗེའི་སྐྱེས་བུས་དྲག་ཏུ་གཟིར་བ་ལས། །མི་བཟོད་མཚོན་དང་བྲག་རིས་སྡུག་བསྔལ་ཞིང་། །ཁ་ཅིག་ལྕགས་ཀྱི་ཁང་པར་བསྲེགས་གྱུར་ལ། །ཐོ་ལུམ་འབར་བས་ལུས་ནང་ཞུགས་གྱུར་ཅིང་། །ལ་(༧༥)ལ་ལྕགས་ཀྱི་བྱེ་ཚན་འབར་བ་དང་། །ཁྲོ་ཆུ་ཁོལ་མས་མི་བཟད་སྡུག་བསྔལ་ལོ། །གཞན་དག་འབར་བའི་གསལ་ཤིང་རྩེར་འདུག་ཅིང་། །ཁྲག་དང་ཞག་གིས་ས་ཕྱོགས་ཁྱབ་པར་བྱེད། །ཁ་ཅིག་ཐིག་ནག་བསྡུས་འཇོམས་ངུ་འབོད་ཅིང་། །ངུ་འབོད་ཆེ་དང་ཚ་བས་རབ་ཚ་ཞིང་། །ལ་ལ་མནར་མེད་ལྕགས་ཁྱིམ་འབར་བ་རུ། །ལུས་པོ་བརྒྱངས་པ་ལྕགས་ཀྱི་ཕུར་བུས་འདེབས། །ཁ་ཅིག་མེ་ཡི་ཐོ་བས་འཇོམས་བྱེད་ཅིང་། །སྤུ་གྲིའི་ལམ་སོགས་མཚོན་གྱིས་སྡུག་བསྔལ་ལོ། །ལ་ལ་ཐལ་ཚན་ཆུ་བོར་བྱིང་གྱུར་ཅིང་། །འདབ་བཟང་མཆུ་ཡིས་ཀླད་པ་འགེམས་པར་བྱེད། །ལ་ལ་ཟངས་ཆེན་ཁོལ་མར་འཚོད་བྱེད་ཅིང་། །ཚ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་དོ། །ལ་ལ་མཚོན་ཆའི་རི་ལ་ཤ་ཀུན་འཐོར། །མདག་མེ་འབར་བས་ཡུན་རིང་སྡུག་བསྔལ་ལོ། །དེ་བཞིན་གྲང་བས་ཉམ་ཐག་སེམས་དམྱལ་ཡང་། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པདྨ་ཅན། །པདྨ་ཆེ་ལྟར་གས་པས་སྡུག་བསྔལ་ཞིང་། །བུ་ཡུག་ལངས་པས་རབ་ཏུ་སྦྲེབས་གྱུར་ལ། །ཤིན་ཏུ་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །གཤིན་རྗེའི་འཇིག་རྟེན་དག་ནའང་བདེ་བ་མེད། །བཀྲེས་སྐོམ་མེ་ཆེན་འབར་བས་ལུས་གདུང་ཡང་། །བར་གྱི་བསྐལ་པར་ཟས་སྐོམ་སྒྲ་མི་ཐོས། །སོས་ཀའི་ཟླ་བ་བསིལ་བའི་འོད་ཟེར་ཀྱང་། །མེ་ལྕེ་འབར་བས་རབ་ཏུ་ཚ་བ་བཞིན། །དགུན་རྣམས་ཉི་མ་བསིལ་བས་གདུང་བར་བྱེད། །སྨན་ཤིང་མེ་ཏོག་ཆུ་ཀླུང་བཟང་པོ་ཡང་། །མཐོང་བས་སྐམ་ལ་རྣག་ཁྲག་ཉིད་དུ་འབབ། །ལྟོ་བ་ཡངས་ཤིང་རྐང་ལག་ཤིན་ཏུ་ཕྲ། །ཟས་སྐོམ་མི་ཆུད་ཆུད་ནའང་འབར་བའི་མེས། །གློ་སྙིང་བསྲེག་ཅིང་མེ་ལྕེའི་ཆར་འབབ་བོ། །ཁ་ཅིག་ལས་ཀྱི་རྫུ་འཕྲུལ་མཐུ་ཆེ་ཡང་། །ཀུན་ཏུ་འཁྱམས་ཤིང་གནོད་པའི་སྦྱོར་བ་ཅན། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ངན་སོང་ཉིད་ལས་ཐར་པའི་སྐབས་མེད་དོ། །དེ་ནས་བྱོལ་སོང་དག་གི་འཇིག་རྟེན་ན། །གླེན་ཞིང་གཏི་མུག་གཅིག་གིས་གཅིག་ཟ་ཞིང་། །བསད་བཅད་དག་དང་བཀོལ་སྤྱོད་ལས་ཀྱིས་མནར། །བཀྲེས་སྐོམ་ནད་དང་འཚེ་བའི་འཇིགས་པས་ཉེན། །མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྐྱེ་རྒ་ན་འཆི་འཐབ་རྩོད་དབུལ་ཕོངས་དང་། །འདོད་པས་མི་ངོམས་བསགས་དང་བསྲུང་ལ་སོགས། །བྱམས་པའི་གཉེན་བྲལ་དགྲ་དང་ཕྲད་པར་དོགས། །འཚོལ་སྐྱོང་འཚེ་དང་ཡིད་མི་བདེ་བ་དང་། །འདོད་པ་མ་གྲུབ་མི་འདོད་ཐོག་ཏུ་འབབ། །སྣ་ཚོགས་སྡུག་བསྔལ་མང་པོས་སོ་སོར་མནར། །ལྷ་མིན་འཐབ་རྩོད་དུ་མས་སྡུག་བསྔལ་ཏེ། །གཡུལ་ངོར་ཤིང་རྟ་ཆག་དང་རྣམ་པར་དཀྲུགས། །རི་རབ་འཕངས་པས་ནོན་པས་ལུས་འདར་ཞིང་། །རྒྱ་མཚོ་འཁྲུགས་པས་འཆོལ་བའི་སྒྲ་སྐད་དང་། །བྲག་རི་ཉིལ་བས་སྟོང་གསུམ་གཡོ་བ་བཞིན། །མཚོན་ཆའི་(༧༦)འཁོར་ལོས་རྡུལ་ཕྲན་བཞིན་དུ་བཅོམ། །དུས་མཐའི་མེ་རླུང་འཁྲུགས་ལས་འཐོར་བ་བཞིན། །སྙིང་ཡང་འགས་པས་གསོན་དུ་རེ་བ་མེད། །ཞེ་སྡང་དྲག་པོས་རང་གི་སེམས་བསྲེག་ཅིང་། །འཐབ་རྩོད་དྲག་པོས་ཕྱི་རོལ་རྣམ་པར་འགྱུར། །དེ་བཞིན་རང་གི་སྡེ་ཡང་རབ་ཏུ་འཁྲུག །རྒྱུན་དུ་རྩོད་པས་བདེ་བའི་སྐབས་མེད་དོ། །རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་ནའང་། །བག་མེད་འདོད་པས་གཡེངས་ཤིང་མི་དག་ལ། །ལྷ་མིན་འཚེ་ཞིང་གཡུལ་ངོར་སྡུག་བསྔལ་ལོ། །བདེ་མང་སྤྱད་ཀྱང་རྨི་ལམ་སད་པ་ལྟར། །འཆི་བའི་ཚེ་ན་ཡུན་ཐུང་ངོམས་པ་མེད། །མེ་ཏོག་ཉམས་དང་རྙིང་ལ་ཉམས་མི་དགའ། །ཕྱི་མའི་གནས་མཐོང་ལུས་ལ་དྲི་མི་ཞིམ། །གྲོགས་ཀྱིས་སྤོང་དང་འདུ་ཤེས་འཁྲུགས་པ་སྟེ། །ལྷ་ཡི་ཞག་བདུན་བར་དུ་སྡུག་བསྔལ་བ། །ངན་སོང་སྡུག་བསྔལ་ལས་ཀྱང་ཆེས་ལྷག་གོ། །མཚེ་མ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་བྱེད། །འདོད་པས་མི་ངོམས་བག་མེད་ལྷུང་བ་སྟེ། །སླར་ཡང་ངན་སོང་གནས་སུ་འབབ་འཚལ་ལོ། །ཚངས་རིས་ལ་སོགས་བསམ་གཏན་གནས་བཅུ་གཉིས། །བསམ་གཏན་བདེ་བས་སྔ་མའི་གནས་ཟད་དེ། །སླར་ཡང་ངན་སོང་དག་ཏུ་ལྷུང་འགྱུར་ཞིང་། །གཟུགས་མེད་བཞི་ཡང་ཞི་གནས་གཅིག་གིས་ནི། །བསྐལ་པ་ལ་གནས་དེ་ཡང་ལས་ཟད་ཚེ། །ངན་འགྲོའི་གནས་སུ་འཇུག་པར་ཐུབ་པས་གསུངས། །མདོར་ན་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱིས་སྡུག་བསྔལ་ཞིང་། །བདེ་བའི་སྐབས་མེད་མེ་ཡི་འོབས་དང་འདྲ། །ད་རེས་ཚེ་འདིར་སྲིད་མཚོ་མ་བརྒལ་ན། །ཕྱི་ནས་ཅིར་འགྱུར་བདག་གིས་ཇི་ལྟར་བྱ། །དེ་བས་འཁོར་བའི་རང་བཞིན་སྡུག་བསྔལ་ལ། །སྙིང་ནས་སྐྱོ་བས་རང་གཞན་ཐར་བྱའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་འབད་པར་བྱ། །ད་ལྟའི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་ལའང་། །བདག་གིས་མི་བཟོད་སྨྲེ་སྔགས་འབྱིན་བྱེད་ན། །འཁོར་བ་ངན་སོང་སྡུག་བསྔལ་མི་བཟོད་པ། །དྲག་ལ་རྒྱུན་རིང་བདག་གིས་ཇི་ལྟར་བཟོད། །དེ་བས་ཆོས་ལ་དཀའ་ཐུབ་གུས་མཛོད་ལ། །དད་དང་ངོ་ཚ་ཁྲེལ་ཡོད་ཤེས་པ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཆེན་པོས། །སྲིད་པའི་ཆུ་གཏེར་བརྒལ་ལ་བརྩོན་པར་མཛོད། །དེང་ནས་བདག་གིས་བརྩོན་པར་མ་བྱས་ན། །ཚེ་རབས་གཞན་དུ་བདེ་འགྲོའང་མི་ཐོབ་ན། །བྱང་ཆུབ་ལམ་ལ་འཛེགས་པ་སྨོས་ཅི་དགོས། །དམ་པ་རྣམས་ལས་ཟབ་མོའི་ཆོས་ཐོས་ཏེ། །ངེས་དོན་སྙིང་པོ་དམ་པས་འབྱོར་དུས་འདིར། །ཐར་པའི་ལམ་ལ་ཁ་ལོ་སྒྱུར་པར་མཛོད། །དལ་འབྱོར་དབང་པོ་བརྩོན་པའི་ཡལ་འདབ་ཅན། །ཕ་རོལ་ཕྱིན་དྲུག་གོ་མཚོན་བཟང་པོས་མཛེས། །ཐབས་དང་ཤེས་རབ་སྟོབས་ཆེན་རྐང་འགྲོས་ཅན། །བསོད་ནམས་ཡེ་ཤེས་དཔུང་གིས་ལེགས་(༧༧)བསྐོར་ཏེ། །ཉོན་མོངས་དགྲ་ཆེན་འཇོམས་ལ་བརྩོན་པར་མཛོད། །གང་དུ་ཐུབ་པས་ཟག་པ་མེད་ཞི་བ། །ཉེར་བསྟེན་འཕགས་པའི་ནོར་བདུན་ལྡན་པ་ཡིས། །ཞི་བའི་གནས་སུ་བསམ་གཏན་སྒོམ་པར་མཛོད། །ས་དང་ལམ་རྣམས་མ་ལུས་རབ་རྫོགས་ནས། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །སྡུག་བསྔལ་ཤེས་བྱ་ཀུན་འབྱུང་རབ་སྤང་ཕྱིར། །ལམ་ཉིད་བསྟེན་པས་འགོག་པ་ཐོབ་པར་འགྱུར། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིས། །སྲིད་པའི་གྲོང་ལས་མྱ་ངན་འདས་ཞིར་འགྲོ། །དེ་ཕྱིར་འཁོར་བའི་སྡུག་བསྔལ་ཤེས་བྱས་ཏེ། །དེ་ཉིད་སྤང་ཕྱིར་བརྩོན་པའི་སྟོབས་སྐྱེད་ཅིག །བློ་ཡི་དབྱེ་བས་ཐེག་པ་གསུམ་དག་ལས། །གང་ལ་མོས་པའི་བྱང་ཆུབ་བསྒྲུབ་པར་བྱ། །གྲོགས་དག་ཁྱེད་ཀྱིས་ཐེག་མཆོག་འདིར་ཞུགས་ལ། །སྙིང་རྗེའི་རང་བཞིན་སྟོང་པའི་བློ་མངའ་བས། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་མཛོད། །ཟག་པ་དང་བཅས་པ་སྡུག་བསྔལ་བའི་ཚོམས་ཏེ་གཉིས་པའོ།། །།

གསུམ་པ། ཐམས་ཅད་སྟོང་ཞིང་བདག་མེད་པའི་ཚོམས།

སེམས་ཉིད་མ་བཅོས་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །འདི་ལྟར་འཁོར་འདས་སྣང་ཞིང་སྲིད་པ་ཡི། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དེ། །མ་བཅོས་གཉུག་མའི་དོན་གྱི་གནས་ལུགས་ཉིད། །གཞི་ལམ་འབྲས་བུ་གསུམ་གྱིས་མཚོན་པར་བྱ། །གཞི་ཡི་ཆོས་རྣམས་སྣང་སྟོང་མཐའ་བྲལ་ཏེ། །མུ་བཞི་ལས་འདས་གཉིས་སྣང་བྲལ་བཞིན་དུ། །སྣང་ཚུལ་རྐྱེན་གྱིས་ཅིར་ཡང་སྣང་བ་དེ། །བསྡུ་ན་འཁོར་འདས་གཉིས་སྣང་ཆུ་ཟླའི་ཚུལ། །དག་དང་མ་དག་རྒྱུ་འབྲས་རྟེན་འབྲེལ་ཙམ། །ལས་འབྲས་ཀུན་རྫོབ་ཆོས་རྣམས་སྣ་ཚོགས་སྣང་། །དེ་ཉིད་ངོར་བྱས་དགེ་སྡིག་བླང་དོར་བྱེད། །ས་དང་ལམ་དང་རྣམ་དབྱེའི་རྣམ་པ་ཅན། །གློ་བུར་དྲི་བཅས་ཁམས་དང་ཚོགས་བརྒྱད་དང་། །ཏིང་འཛིན་གཟུངས་སྤྲིན་ཡེ་ཤེས་སྙིང་པོ་ཅན། །སོ་སོར་མ་འདྲེས་ཇི་སྙེད་མཁྱེན་པའི་ཡུལ། །དེ་ཉིད་གཟིགས་པ་རྣམས་ཀྱིས་ལེགས་པར་གསུངས། །སྣང་དེའི་རང་བཞིན་གདོད་ནས་མ་སྐྱེས་ཏེ། །སྒྱུ་མ་ཆུ་ཟླ་གཉིས་མེད་སྤྲུལ་པ་འདྲ། །དྲི་ཟའི་གྲོང་བཞིན་མིག་ཡོར་བྲག་ཅའི་སྒྲ། །རྨི་ལམ་སྨིག་རྒྱུའི་རང་བཞིན་སྙིང་པོ་མེད། །ཇི་ལྟར་སྣང་ཞིང་རྫུན་ལ་དངོས་མེད་དེ། །མ་སྐྱེས་གདོད་ནས་དག་པར་ཤེས་པར་བྱ། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་སྟེ། །སོ་སོ་མ་ཡིན་གཅིག་མིན་གཉིས་མེད་མིན། །དེ་ལས་གཞན་མིན་སྤྲོས་པའི་མཐའ་ལས་འདས། །རྟོག་གེའི་ཚུལ་མིན་དབུ་མའི་རང་བཞིན་ནི། །འདི་ཞེས་མི་མཚོན་སྤྲོས་པ་ཀུན་དང་བྲལ། །སྐྱེ་མེད་འགག་མེད་འོང་མེད་འགྲོ་བ་མེད། །རྟག་མིན་ཆད་མིན་ཐ་དད་དོན་གཅིག་མིན། །དུས་གསུམ་དུས་མེད་འཁོར་འདས་སྟོང་པའི་ཚུལ། །དོན་དམ་རྟེན་འབྲེལ་སྣང་སྟོང་མཐའ་ལས་འདས། །གྲུབ་པའི་མཐའ་སྟོང་ཁས་ལེན་ཀུན་དང་བྲལ། །དམ་བཅའ་མེད་ཅིང་ཚོགས་ཆོས་རྗེས་འགྲོས་དབེན། །(༧༨)སྟོང་པའི་རང་བཞིན་ཉིད་དུའང་རང་བཞིན་མེད། །བདག་དང་བདག་མེད་མ་ཡིན་དཔེ་ལས་འདས། །དོན་དམ་གཟིགས་པས་ཇི་བཞིན་ལེགས་པར་གསུངས། །དེ་ཕྱིར་གང་སྣང་དེ་ཉིད་སྤྲོས་ལས་འདས། །རང་བཞིན་གཉིས་མེད་གཉུག་མའི་གནས་ལུགས་ཉིད། །གཞི་ཡི་ཆོས་སུ་ལེགས་པར་མཁྱེན་པར་མཛོད། །ལམ་གྱི་ཆོས་ལ་ལྟ་སྒོམ་སྤྱོད་པ་གསུམ། །ལྟ་བའི་ཆོས་ཉིད་མཐའ་དབུས་ཕྱོགས་ལྷུང་བྲལ། །རང་བཞིན་གདོད་ནས་དག་པའི་གཞི་དེ་ནི། །རང་གི་ལེགས་སྨོན་སྔོན་སྦྱངས་བསོད་ནམས་དང་། །བླ་མའི་བྱིན་རླབས་ཞུགས་ལས་ལེགས་རྟོགས་ཏེ། །མཁའ་ལ་ཉི་ཤར་མུན་ནག་སངས་པ་བཞིན། །ཡིན་མིན་ཡིད་དཔྱོད་སྒྲོ་འདོགས་ཀུན་དང་བྲལ། །གཞི་ཉིད་དངོས་པོ་ཀུན་གྱི་གནས་ལུགས་ཏེ། །དེ་ཉིད་བློ་ཡིས་ལེགས་རྟོགས་ལྟ་བ་ཡིན། །དེ་ཡང་གང་ཤར་སྣང་སྟོང་ཆོས་ཉིད་དེ། །སྤང་བླང་དགག་སྒྲུབ་རེ་དོགས་མེད་པའི་ངང་། །ཆེད་འཛིན་གཟའ་གཏད་བྲལ་ན་རྟོགས་པ་ཡིན། །རྟོགས་པའི་དོན་དང་དུས་ཀུན་མ་བྲལ་བར། །འཛིན་མེད་རྒྱལ་པོ་ཕྱོགས་རིས་མེད་པ་ན། །ཡང་རབ་དབང་པོ་ལྟ་ཐོག་ཉིད་ནས་གྲོལ། །གང་ཤར་རྒྱལ་པོ་ལྷུན་རྫོགས་བློ་བདེའོ། །མདོར་ན་གཞི་ཉིད་རྟོགས་པ་ལྟ་བ་སྟེ། །ཡིན་མིན་ཐེ་ཚོམ་སོམ་ཉི་ཡིད་དཔྱོད་བྲལ། །བློ་ཡིས་མ་བཅོས་གཉེན་པོས་བཅོས་མི་དགོས། །གང་སྣང་ཉིད་ནས་རང་ཤར་སྤྲོས་དང་བྲལ། །བཟོ་མེད་རབ་བབས་རིག་པ་སྐད་ཅིག་མ། །ཤུགས་འབྱུང་རང་གྲོལ་ཟང་ཐལ་ལྟ་བའི་དོན། །ཕྱི་རབས་རྣལ་འབྱོར་ཀུན་གྱིས་མཁྱེན་པར་མཛོད། །སྒོམ་པའི་དོན་ལ་རབ་འབྲིང་ཐ་མ་གསུམ། །ཡང་རབ་སྒོམ་མེད་ལྟ་ཐོག་ཉིད་ནས་གྲོལ། །བཅོས་ཤིང་བསྒྱུར་མེད་རང་བབས་གནས་པ་ཡིན། །འབྲིང་རྣམས་མཉམ་པའི་རང་བཞིན་ཤེས་པས་གྲོལ། །ཐག་པའི་རང་བཞིན་ཤེས་པས་སྦྲུལ་འཇིགས་མེད། །གང་ཤར་གཟུང་འཛིན་སྐད་ཅིག་མཚང་རིག་ན། །མ་ཡེངས་དྲན་པས་སྤང་གཉེན་ཀུན་ལས་གྲོལ། །གཉིས་མེད་རང་བཞིན་མཉམ་པའི་ངང་གནས་སོ། །ཐ་མས་ལུས་སེམས་ཁོང་གློད་མཉམ་པར་བཞག །རི་བོ་རྒྱ་མཚོ་རིག་པ་ཅོག་གཞག་ངང་། །སེམས་ཉིད་མ་བཅོས་གཟུང་འཛིན་བྲལ་བར་བཞག །སྔ་ཕྱིའི་དྲན་བསམ་སྐྱེལ་བསུ་མི་བྱེད་ཅིང་། །ད་ལྟར་ཤེས་པ་བཟོ་མེད་ལྷུག་པར་བཞག །དྭངས་ལ་མི་གཡོ་རྒྱ་མཚོ་ལྟ་བུ་དང་། །ཡངས་ལ་མི་རྟོག་སྤྲིན་མེད་ནམ་མཁའ་དང་། །བརྟན་ལ་མི་གཡོ་རི་རྒྱལ་ལྟ་བུར་ཞོག །དེ་ལྟར་གོམས་པས་གནས་པའི་ཏིང་འཛིན་ནི། །ཕྱི་ནང་གཟུང་འཛིན་སྤྲོས་པའི་མཐའ་བྲལ་ཞིང་། །ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས། །དེ་ལས་མཉམ་ཞིང་དང་པོའི་ཏིང་འཛིན་ནི། །རྣམ་རྟོག་ཞི་ལ་གསལ་སྣང་མི་འགག་ཅིང་། །དྭངས་པའི་ཆ་ལས་མངོན་ཤེས་སྤྱན་རྣམས་འཆར། །ཐམས་ཅད་མ་སྐྱེས་ནམ་མཁའི་དོན་དུ་མཐོང་། །དེ་བས་རང་(༧༩)བཞིན་དག་པའི་ཏིང་འཛིན་ནི། །སྤྱོད་ལམ་ཀུན་ཏུ་མཉམ་གཞག་མི་གཡོ་ཞིང་། །སྣ་ཚོགས་སྣང་བ་རྨི་ལམ་སྒྱུ་མར་རྟོགས། །རང་རིག་སྟོང་གསལ་མཐའ་དབུས་མེད་པ་དང་། །ཉོན་མོངས་རང་གྲོལ་དགག་སྒྲུབ་འཁྲུལ་པ་ཞིག །བདེན་མེད་ངང་ནས་གཏད་མེད་ཆེན་པོར་སྤྱོད། །འདི་ལྟར་རྟོགས་ཏེ་སྒོམ་པའི་རྣལ་འབྱོར་པ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ་ཡིས། །མཐའ་ཡས་འགྲོ་ལ་ཕན་པ་དཔག་མེད་འགྲུབ། །རྗེས་སྣང་རྨི་ལམ་སྒྱུ་མར་ཤེས་པར་བྱ། །མདོར་ན་སྟོང་དང་སྙིང་རྗེ་མ་བྲལ་བ། །རྟོགས་པའི་ངང་ལ་གནས་པ་སྒོམ་པར་གསུངས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །སྤྱོད་པའི་དོན་ཡང་འདི་ལྟར་རྣམ་པ་གསུམ། །ཐུན་མོང་མཆོག་དང་བླ་ན་མེད་པའོ། །དང་པོ་ཐུན་མོང་སྤྱོད་པ་བསྟན་པ་ནི། །བསྟན་པའི་སྒོར་ཞུགས་ཐོས་བསམ་རྣམ་དག་བྱ། །མི་དགེ་དོར་ཞིང་དགེ་ལ་བརྩོན་པ་དང་། །སྙིང་རྗེ་བྱང་སེམས་བསླབ་གསུམ་བརྟུལ་ཞུགས་བསྲུང་། །མཁས་ཤིང་དེས་ལ་ང་རྒྱལ་མེད་པ་དང་། །ཀུན་དང་གོ་བསྟུན་མཐའ་གཅིག་མི་གནས་ཤིང་། །རང་རྒྱུད་དུལ་ལ་བློ་སྣ་ཐུང་བ་དང་། །ཀུན་དང་མི་མཐུན་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདིའི་ཆེ་ཐབས་བྱ་བཞག་བྲེལ་བ་བསྐྱུང་། །ཀུན་ལས་ཁྱད་འཕགས་རང་སྤྱོད་གཙང་བ་དང་། །ཤེས་རབ་དྲི་མེད་ཚིག་དོན་ཀུན་ལ་མཁས། །གཅིག་ཏུ་མི་རྟག་འཆི་ཆོས་བསྒྲུབ་པར་མཛོད། །དེ་ལྟར་མཛད་ན་འདི་ཕྱིར་བདེ་བ་ཐོབ། །མཆོག་གི་སྤྱོད་པ་བླང་དོར་མེད་པ་ཡིས། །ཆོས་ཉིད་དོན་ལ་སྒྱུ་མའི་རྩལ་སྦྱང་ཞིང་། །ཚོགས་དྲུག་ལྷུག་པ་མ་བཅོས་རྣལ་མ་ལ། །འདི་ཞེས་མི་འཛིན་བློ་ཡི་མདུད་པ་བོར། །ཕྱོགས་རིས་མ་སྤྱོད་ཤུགས་འབྱུང་ཟང་ཀ་མ། །བུ་ཆུང་སྨྱོན་པ་རྒན་པོའི་ངང་ཚུལ་ཅན། །མ་བཅོས་ཐོག་བབས་ཁོང་ཡངས་བློ་བདེའོ། །ཆོས་ཉིད་རྣལ་མ་མ་བཅོས་གཉུག་མའི་ངང་། །རྣལ་འབྱོར་སྤྱོད་པ་མ་བཅོས་གང་ཤར་བསྐྱང་། །གཏད་མེད་གཟུང་འཛིན་བྲལ་བའི་རིག་པ་ལ། །འདི་ཞེས་འཛིན་པས་མ་བསླད་སོ་མར་ཞོག །གང་བབས་རང་བྱུང་ཤར་གྲོལ་འཛིན་མེད་ལ། །རྟོག་པའི་འཕྲོ་མཐུད་མ་བྱེད་ཡན་དུ་ཆུག །ཡེ་གྲོལ་ཅོག་གཞག་རང་གྲོལ་ཆེན་པོ་ལ། །ཡིད་དཔྱོད་སྒོམ་པས་མ་བསླད་གང་བདེར་ཐོང་། །གཉིས་མེད་སེམས་ཀྱི་གླང་པོ་ཡན་པ་ལ། །དམིགས་གཏད་ཞེན་པའི་ལྕགས་ཀྱུས་མ་འདེབས་ཤིག །ཇི་སྲིད་སྤང་གཉེན་འཛིན་པའི་སེམས་ཡོད་པར། །གྲོལ་བའི་ཐབས་མེད་འཁོར་བ་དེ་རང་ཉིད། །གང་ལ་འཛིན་མེད་གཟའ་གཏད་བྲལ་བ་ན། །དེ་ལ་ཆོས་མེད་ཐེག་པའི་ཞེ་འདོད་མེད། །རང་བྱུང་ལྷུན་གྲུབ་ཆེན་པོའི་དགོངས་པར་ཕྱིན། །སྒྱུ་མར་མི་གནས་སྒྱུ་མར་སྤྱད་པར་བྱ། །བླ་ན་མེད་པའི་སྤྱོད་པ་ཆེན་པོ་ནི། །དུར་ཁྲོད་ལུང་སྟོང་ཚོང་འདུས་ལ་སོགས་སུ། །མི་གཙང་ངོ་ཚ་རྣམ་པར་བྲལ་བ་ཡིས། །བརྟུལ་ཞུགས་སྤྱོད་ཅིང་དགག་སྒྲུབ་སྟེང་དུ་དབབ། །དུག་ལྔ་མ་སྤངས་རང་བྱུང་ཆེན་པོའི་ངང་། །འདི་བྱས་མེད་པའི་སྤྱོད་པ་ཚད་གཟུང་མེད། །གང་ཤར་དེ་སྤྱོད་རང་ཤར་ཟང་ཀ་མ། །རང་(༨༠)བཞིན་སྨྱོན་པའི་བརྟུལ་ཞུགས་འཛིན་པ་ཡིས། །ཆོས་ཉིད་དོན་ལ་སྣ་ཚོགས་རྩལ་སྦྱོང་བྱ། །ཉམས་དང་དགའ་བྲོད་འཇིགས་པའི་ཐོག་རྒྱུག་གིས། །གང་ཤར་འཛིན་མེད་ལྟ་བའི་རྩལ་སྦྱང་བྱ། །ཁ་ཊྭཱཾ་རུས་པའི་རྒྱན་རྣམས་ཡོངས་རྫོགས་པས། །དཔའ་བོའི་ཆས་བརྒྱད་མཁའ་འགྲོ་སྨྱོན་སྤྱོད་བྱ། །འདིས་ནི་མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །བགེགས་དང་ལོག་འདྲེན་བར་ཆད་ཞི་བ་དང་། །ནད་གདོན་མི་མཐུན་རྐྱེན་རྣམས་རང་སར་གྲོལ། །ཚེ་འདི་ཉིད་ལ་བདེ་ཆེན་མཁའ་སྤྱོད་འགྲོ། །མདོར་ན་མ་ཆགས་སྒྱུ་མའི་ངང་ཚུལ་ཅན། །ཆོས་ཉིད་ངང་ནས་འཕོ་འགྱུར་མེད་པར་སྦྱང་། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །གང་གང་བློ་ཡིས་བཏགས་པའི་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་སྟེ་ཆུ་ཟླའི་གཟུགས། །སྣང་སྣང་འདྲ་ཡང་རང་བཞིན་མེད་པས་ན། །ཡང་ཡང་མ་སྐྱེས་སྒྱུ་མའི་རྩལ་སྦྱང་མཛོད། །ཐམས་ཅད་སྟོང་ཞིང་བདག་མེད་པའི་ཚོམས་ཏེ་གསུམ་པའོ།། །།

བཞི་པ། མྱ་ངན་ལས་འདས་པ་ཞི་བའི་ཚོམས།

གཞི་རྫོགས་གཉུག་མའི་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །ཆོས་སྐུ་རྒྱལ་པོར་གཏན་སྲིད་ཟིན་པ་ནི། །མྱ་ངན་འདས་པ་མཆོག་ཏུ་ཞི་བའི་ཆོས། །གདོད་མའི་ཟད་ས་ལེགས་པར་མཁྱེན་འཚལ་ལོ། །གཞི་ཉིད་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །ནོར་བུ་བཞིན་དུ་ཕྲིན་ལས་ལྷུན་གྱིས་གྲུབ། །དེ་ཚེ་མི་རྟོག་ཆོས་སྐུ་ནམ་མཁའ་འདྲ། །བྲི་མེད་འཕེལ་མེད་ཟབ་ཞི་སྤྲོས་དང་བྲལ། །དེ་ལས་གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་ནི། །གདུལ་བྱའི་སྣོད་དང་འཚམས་པར་ཆུ་ཟླ་བཞིན། །ངེས་པའི་དོན་ལོན་ཉི་མའི་དཀྱིལ་འཁོར་དང་། །མ་དག་འགྲོ་དང་སར་གནས་དག་པའི་དོན། །རང་བཞིན་ལྷུན་གྲུབ་བྱ་རྩོལ་མེད་པར་འབྱུང་། །སྲིད་པ་ཇི་སྲིད་ཕྲིན་ལས་རྒྱུན་མི་འཆད། །འདི་ནི་དུས་གསུམ་རྒྱལ་བའི་རང་བཞིན་ཏེ། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་བོ། །གནས་སྐབས་མཐར་ཐུག་དོན་གཉིས་འབྱོར་པ་ཡི། །གཞི་ལམ་དེ་བཞིན་ཉིད་ཀྱི་འབྲས་བུ་ནི། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །མྱ་ངན་ལས་འདས་པ་ཞི་བའི་ཚོམས་ཏེ་བཞི་པའོ།། །།

དྲི་མེད་འོད་ཟེར་མཁའ་ལ་ཤར་བ་ཡིས། །དད་ལྡན་སྐྱེ་བོའི་པད་ཚལ་རྒྱས་བྱས་ཀྱང་། །ད་ནི་མི་སྡོད་ནུབ་རིའི་རྩེར་ལྷུང་བས། །གྲོགས་དག་ངེས་འབྱུང་བློ་སྣ་ཐུང་བར་མཛོད། །དགེ་བ་དེ་ཡིས་སྲིད་པའི་འགྲོ་བ་ཀུན། །སྡུག་བསྔལ་ཆུ་གཏེར་བརྒལ་དཀའ་རབ་བསྒྲལ་ཏེ། །སྐུ་དང་ཡེ་ཤེས་འདུ་བྲལ་མེད་པའི་གནས། །བདེ་ཆེན་ས་ལ་ཕྱམ་གཅིག་འགྲོ་བར་ཤོག །སྔོན་གྱི་ཆོས་རྒྱལ་དམ་པས་བསྟེན་པའི་རི། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །ཆོས་ཀྱི་སྡོམ་བཞིའི་དྲི་མེད་གཏམ་འདི་བྱས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ཆོས་ཀྱི་(༨༡)སྡོམ་བཞི་དྲི་མ་མེད་པའི་གཏམ་ཞེས་བྱ་བ། མང་དུ་ཐོས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་ཞེས་བྱ་བའི་དབེན་གནས་སུ། དཔྱིད་གསུམ་བསིར་བུའི་གནམ་གཡོགས་འཛིན་པའི་ཚེ་ལེགས་པར་སྦྱར་བ་ཡོངས་སུ་རྫོགས་སོ།། །།སརྦ་མངྒ་ལཾ།། །།

བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ།

༄༅། །བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི། བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་དབྱངས་སྙན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་ཞབས་སེན་ཉིན་མོར་བྱེད་དབུས་མཚམས་སྤྲིན་ལྟར་དམར་འོད་ཟེར་སྟོང་གིས་མཛེས་འབར་བ། །ཐུན་མཚམས་ཕྲེང་བའི་ཆ་ཤས་གཡོ་བ་ལྷ་མཆོག་རྣམས་ཀྱི་ཐོར་ཚུགས་ཀྱིས་བཏུད་གུས་བཅས་ཏེ། །དད་པའི་ཨུཏྤལ་ཁ་མ་ཕྱེ་བ་གསར་དུ་འཛུམ་པའི་བཞིན་ཟུར་གྱིས་མཆོད་ལྷ་ཁྱོད་ཀྱི། །ཐུགས་རྗེའི་འོད་འགེངས་ཉི་མ་བྱེ་བས་ཆར་མི་འཚལ་བའི་ཟེར་གྱིས་བདག་བློ་སྐྱོངས། །འཇིག་རྟེན་མེས་དང་མཆོད་སྦྱིན་བརྒྱ་པ་ཉི་ཟླའི་སྣང་བ་འཕྲོག་བྱེད་དང་། །ལྷ་ཆེན་མགྲིན་སྔོན་པད་དཀར་མིག་ཡངས་ཟླ་བའི་གཙུག་རྒྱན་འཛིན་ལ་སོགས། །འཇིགས་རུང་རྣམས་(༢)ཀྱི་བླ་མཆོད་དེས་ཀྱང་ཁྱོད་ཀྱི་ཞབས་བསྟེན་གྲོགས་བྱེད་ན། །བདག་འདྲ་ཡང་ནི་ཁྱོད་རྗེས་བསྔགས་ལ་ལྷག་པར་སྤྲོ་བ་སྐྱེས་པར་གྱུར། །ཨེ་མའོ་བཅོམ་ལྡན་མཚུངས་མེད་ལྷུན་པོ་ལྟར་བརྗིད་མཚན་དཔེའི་རྒྱུ་སྐར་ཕྲེང་བ་ཅན། །འོད་ཟེར་མཐའ་ཡས་ཉི་ཟླའི་རྗེས་འགྲོ་སྣ་ཚོགས་བཀོད་པའི་ཆུ་འཛིན་སྟུག་པོས་ཡོངས་སུ་བསྐོར། །འདི་ན་སྐྱེ་དགུའི་བདེ་འབྱུང་རང་བཞིན་ཅན་མངའ་བརྒྱ་ཕྲག་ཁྱོན་གྱིས་རྣམ་པར་རོལ། །དཔལ་ལྡན་སྲིད་ཞིའི་རྒུད་པ་འཕྲོག་བྱེད་སྔོན་མེད་ས་དེར་ཆུ་བཞི་སྐེད་ངོགས་རོལ་པ་ཅན། །འཛམ་བུའི་གླིང་དུ་འཛམ་གླིང་སྣང་བྱེད་གསེར་གྱི་པད་མཚོར་བུང་བ་མྱོས་པ་ཤར་འདྲ་ཞིང་། །འོད་ཟེར་མཐའ་ཡས་འོད་ཀྱི་རྗེས་འགྲོ་སྣང་ལ་རང་བཞིན་མེད་པའི་སྐུ། །ནམ་མཁའི་རང་བཞིན་ནམ་ཡང་གཞན་གྱིས་ལྟ་བར་མི་སྤྱོད་གཙུག་ཏོར་དང་། །གངས་དངུལ་ལྟར་དཀར་གངས་རིའི་ཚལ་དུ་ཟླ་འོད་ཁྱབ་འདྲ་མཛོད་སྤུས་མཛེས། །རྒྱལ་བ་ཉིན་མོར་བྱེད་སྐུ་ཆུ་འཛིན་ངོགས་ཀྱི་ཕག་ན་ཆགས་པའི་ཉི་གཞོན་དམར་བ་ལས་འཐོན་པའི། །མཚོར་ཉལ་ཞབས་ཀྱི་དམར་རྩི་སྨུག་པོའི་འོད་ཟེར་དྲ་བས་དགུང་ཟླའི་དཔལ་ནི་འཕྲོག་བྱེད་གང་གི་མགོར་ལྷུང་བ། །དེ་དག་ཀུན་ཀྱང་རིན་ཆེན་འཛིན་མའི་ས་གཞིར་རྣམ་གནས་མཐོ་རིས་གྲོང་གི་བདག་པོའི་སྙིང་ཡང་འཇིགས་པར་བྱེད། །མེ་ཏོག་གཞུ་ཅན་རྒྱལ་མཚན་བསྙིལ་ནས་ས་གསུམ་འགྲོ་བའི་འདྲེན་པ་མཛད་ལ་སུ་ཞིག་གུས་པས་བསྟེན་མི་བགྱིད། །མཚུངས་པ་མེད་སྐུ་བསོད་ནམས་བརྒྱ་དང་བཀྲ་ཤིས་དུ་མའི་ཆུ་མཚོར་མཛེས། །མཛེས་སྒེག་ཟིལ་གནོན་འགྲོ་བའི་མིག་གི་བདུད་རྩིའི་སྐུ་ནི་རྒྱ་ཆེ་ཞིང་། །ཞིང་རྣམས་ཀུན་ན་རྣམ་པར་རོལ་ཞིང་རླབས་ཆེན་ཕྲིན་ལས་བསམ་ཡས་མཛད། །མཛད་པ་འདི་ནི་ཁྱོད་སྐུ་བརྙེས་པའི་དཔེ་ཡིས་མི་མཚོན་མཁའ་མཉམ་མཚུངས། །ཁྱོད་སྐུ་འོད་ཀྱི་ཕུང་པོ་དང་འདྲ་ལ་ལར་བདུད་གླིང་མུན་པར་མཛད། །སྟོན་ཀའི་རི་བོང་འཛིན་གཟུགས་དང་འདྲ་ལ་ལར་འགྲོ་བློའི་པདྨོ་འཛུམ། །ལྷ་ཡི་མཚོ་ཆུ་དལ་གྱིས་འབབ་འདྲ་ལ་ལར་འདོད་ཡོན་ཆུ་བོ་སྤོང་། །རོལ་པའི་སྤྲིན་གྱི་ཆར་རྒྱུན་དང་འདྲ་ལ་ལར་ཉོན་མོངས་འདམ་རྫབ་སྐེམ། །

༈ གང་གི་གསུང་སྙན་རྣ་བའི་བདུད་རྩི་ཡན་ལག་དྲུག་ཅུ་ཚངས་པའི་དབྱངས། །གདུལ་བྱའི་རྗེས་འགྲོ་ཐ་དད་གོ་ཡང་གང་གིས་མཚན་མོར་བྱང་ཆུབ་(༣)བརྙེས། །དེ་ནས་ཞི་བའི་དབྱིངས་བཞུགས་དེ་སྲིད་ཚིག་དང་ཡི་གེ་མ་གསུང་ཚེ། །ཕན་ཚུན་མི་འགྲིགས་འགལ་བར་གྱུར་ལ་ཐེ་ཚོམ་གྱུར་པ་མ་ལགས་སམ། །གང་གི་གསུང་འདི་གདོང་བཞིའི་དབྱངས་མིན་ཡིད་འོང་རོལ་པའི་དབྱངས་ཀྱི་ཁྱད་པར་གཞན་ཡང་མིན། །ལྷ་ཡི་བུ་མོ་མཆོག་ཏུ་མཛེས་པའི་གླུ་ཡི་དབྱངས་མིན་དྲི་ཟའི་པི་ཝང་སྦྲེངས་པའང་མིན། །མ་ལ་ཡ་ཡི་བུང་བའི་སྒྲ་མིན་སྤྲིན་གྱི་ནང་ཞུགས་འབྲུག་སྒྲ་ཟབ་མོ་སྒྲོགས་པའང་མིན། །གང་ལྟ་ན་ཡང་རྒྱལ་བའི་གསུང་དབྱངས་སྙན་པའི་དཔེ་ཡིས་མཚོན་མིན་གདུལ་བྱའི་རྗེས་སུ་འཇུག་པ་ལགས། །ཚངས་དང་ལྷ་ཡི་རྔ་སྒྲ་དེ་ཡང་ས་འོག་བྱིང་བའི་མགོན་སྐྱབས་མིན། །ཞགས་ལྡན་དགའ་བའི་ང་རོ་དེ་ཡང་བདུད་དཔུང་འཇོམས་པའི་རི་བོ་མིན། །རིན་ཆེན་རྒྱན་གྱི་སིལ་ཁྲོལ་དེ་ཡང་ཀུན་དགའི་སྤྲིན་གྱི་ཕུང་པོ་མིན། །རྐྱེན་བྲལ་ཞི་བའི་གསུང་དབྱངས་དེ་ཡང་སྐལ་མེད་རྣ་བའི་ལོངས་སྤྱོད་མིན། །གང་གི་ཐུགས་ནི་དམིགས་སུ་མེད་ཀྱང་སྲིད་པའི་འགྲོ་སྒྲོལ་ཁུར་ཆེན་བསྣམས། །རྟག་ཏུ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་ཀྱང་ཆོ་འཕྲུལ་དུ་མས་འཇིག་རྟེན་འགེངས། །མགོན་པོ་སྤྲོས་བརྗོད་ཀུན་ལས་འདས་ཀྱང་སྤྲོས་པའི་ཆོས་ཚུལ་བརྒྱད་ཁྲི་སྟོན། །སེམས་དང་སེམས་བྱུང་འགྱུ་བ་ནུབ་ཀྱང་ཤེས་དང་ཤེས་བྱ་མ་འདྲེས་བསམ་ཡས་མཁྱེན། །གང་ཚེ་རྒྱལ་བ་མཚན་མར་བཟུང་ན་དེ་ཚེ་ཁྱོད་ལ་ལོག་པར་བལྟས། །ཅི་སྟེ་མཚན་མ་མེད་ཅེས་བཟུང་ན་སླར་ཡང་སྐུར་པ་བཏབ་ཅེས་གསུངས། །འོན་ཏེ་གཉིས་ཀར་བཟུང་བར་གྱུར་ན་དེ་ཡང་མུན་པའི་ཁང་པར་ཞུགས། །འདི་ལས་དཔག་ཅིང་ལེགས་པར་དཔྱད་ན་རྒྱལ་བ་བསམ་ལས་འདས་པ་སྙམ། །གང་དུ་སྤྲོས་པ་མཐའ་དག་ཉེར་ཞི་གཉིས་སུ་སྣང་བ་ནུབ་གྱུར་ལ། །གང་དུ་མཁའ་ལྟར་བསམ་པའི་ཡུལ་མིན་རང་བཞིན་མྱ་ངན་འདས་པ་སྟེ། །གང་དུ་དེ་བཞིན་ཉིད་དབྱེར་མེད་ཅིང་དམིགས་པ་ཐམས་ཅད་ཉེར་ཞི་བ། །གང་དུ་བདེ་ཆེན་ཡེ་སངས་རྒྱས་གྱུར་མཚན་མའི་ཡུལ་ལས་འདས་པ་ལགས། །གང་ཚེ་དམིགས་མེད་དེ་ཉིད་ཡིན་ན་དེ་ལ་ཐོས་གྲོལ་འཇུག་མི་འགྱུར། །འོན་ཏེ་བློ་མ་ཞུགས་པར་གྱུར་ཀྱང་ཤེས་བྱ་ཀུན་ལ་འདི་འདྲའོ་ཞེས། །ཐམས་ཅད་མཁྱེན་ལ་མངོན་བརྗོད་མ་འཁྲུལ་མེད་པར་ཟད། །དེ་ལྟ་ན་ནི་ནམ་མཁའི་མཚམས་དབང་རྒྱལ་བ་གཅིག་པུར་ཇི་ལྟར་སྤྱོད། །ཡོང་ཡེ་བསམ་བརྗོད་རྟོག་པའི་ཡུལ་མིན་སོ་སོ་རང་གིས་རིག་ཞི་བ། །ཟབ་མོ་ཡིན་ཏེ་ཤིན་ཏུ་རྟོགས་དཀའ་ཚུ་རོལ་མཐོང་བའི་སྤྱོད་ཡུལ་མིན། །ཕྲ་བ་ཡིན་ཏེ་མཐོང་བའི་ཡུལ་མིན་བརྡ་ཡིས་ནམ་ཡང་མཚོན་དུ་མེད། །མཛངས་པ་ཡིན་ཏེ་རྒྱལ་བའི་སྤྱོད་ཡུལ་རྟེན་འབྲེལ་ཙམ་དུ་གྱུར་པ་ལགས། །

༈ མགོན་པོ་བྱང་ཆུབ་སྙིང་པོར་ཞུགས་ཚེ་བདག་པོར་སྙེམས་པའི་བདུད་ཀྱི་དཔུང་། །འཇིགས་རུང་རྣམ་སྤྲུལ་ནམ་(༤)མཁའི་ཁོངས་ཁྱབ་འཁོར་ལོ་དག་དང་མདའ་བོ་ཆེ། །རྩུབ་རྣོའི་མཚོན་ཚོགས་ཆར་པ་འབེབས་ཤིང་མི་སྙན་སྒྲོགས་ལྡན་མ་ལུས་པ། །ཁྱོད་ཀྱིས་མཚོན་ཚོགས་མེད་པར་རབ་བཅོམ་དཔའ་བོ་མི་བསྙེངས་ཞབས་ལ་འདུད། །གང་ཞིག་བདུད་ཀྱི་བུ་མོའི་བཞིན་རས་པདྨ་ལྟར་རྒྱས་ལུས་ཕྲའི་རྫིང་། །ནུ་འབུར་ཟུང་གི་ངུར་པ་དང་ལྡན་མཉན་པར་འོས་པའི་གླུ་དབྱངས་ཅན། །རང་དགར་ཡིད་འཕྲོག་སྒེག་པའི་ཟོལ་གྱིས་རྣམ་གནས་ཉི་གཞོན་དམར་བ་ཡིས། །མེ་ཏོག་མདའ་ཅན་དཔུང་ཚོགས་བཅོམ་ནས་བྱང་ཆུབ་འདི་བརྙེས་དེ་ལ་འདུད། །གང་ཞིག་འདྲེན་པས་འདུལ་བ་དེ་ལ་གྲངས་མེད་འཇིག་རྟེན་འདས་ཀྱང་དགོངས། །དཔག་མེད་འགྲོ་བའི་ཚོགས་རབ་དེ་ལ་ཉིན་མཚན་དུས་དྲུག་གཟིགས་པ་འཇུག །སྡུག་བསྔལ་མཚོར་བྱིང་འགྲོ་བ་དེ་ལ་ལྷག་པར་ཐུགས་རྗེ་ཆེན་པོས་བསྐྱབས། །དེ་ལྟའི་ཕྲིན་ལས་མངའ་བ་དེ་ལ་མཁས་པ་སུ་ཞིག་བསྟེན་མི་བགྱིད། །ཁྱོད་ཀྱི་མཛད་སྤྱོད་ནམ་མཁའི་ཁོངས་ཁྱབ་ངོ་མཚར་ཟེར་གྱི་སྣང་བ་ཅན། །སྲིད་པ་གསུམ་པོའི་རབ་རིབ་སེལ་མཛད་མཆོག་ཏུ་གཞན་ལ་ཕན་བརྩོན་གང་། །ཐུགས་རྗེའི་ཞལ་བཟང་བལྟ་བས་མི་ངོམས་སྡུག་བསྔལ་རྒྱ་མཚོ་སྐེམས་ལ་བརྩོན། །སྨྲ་བའི་ཉི་མ་ལྷ་ཡི་ལམ་ལས་སྐྱེ་འགྲོ་ཡོངས་ཀྱི་དཔལ་དུ་ཤར། །རྒྱལ་བའི་ཡོན་ཏན་མཐའ་དང་དབུས་མེད་ནམ་མཁའ་ལྟར་ཁྱབ་པ། །མཛད་པའི་ཕྲིན་ལས་སྣོད་མཛེས་སྣ་ཚོགས་ནོར་བུའི་འོད་ལྟར་བཻ་ཌཱུཪྻ། །དྲི་མེད་རིམ་རྒྱས་རྡུལ་བྲལ་ཡོན་ཏན་སྒྲོགས་པ་གང་གི་ལེགས་བྱས་དེས། །བདག་དང་འགྲོ་བས་གཙོ་བོ་ཀུན་མཁྱེན་ཉི་མ་ཐོབ་པར་ཤོག །

༈ དེ་ལྟར་བསྟོད་དབྱངས་རྔ་བོ་ཆེ་ནི་ཕྱོགས་ཀྱི་མཐར་ཁྱབ་ལེགས་པར་སྒྲོགས་ལྡན་བསོད་ནམས་ཀྱིས། །རྒྱལ་བའི་བསྟན་པ་ཡུན་དུ་གནས་ཤིང་འགྲོ་ཀུན་བདེ་ལེགས་ཡིད་ལ་བསམ་པ་འགྲུབ་པ་དང་། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་བྱེད་དཔག་ཡས་ཕན་བདེའི་ཆར་གྱི་རྒྱུན་ནི་བཀྲ་ཤིས་པ། །རྫོགས་ལྡན་དུས་བཞིན་ལྷུན་གྱིས་འབྱོར་བའི་སྤྲིན་གཙང་ཕྱི་མའི་མུ་མཐར་འབྱུང་གྱུར་ཅིག །བདག་ཀྱང་མ་འོངས་ཚེ་རབས་ཀུན་ཏུ་རྟག་པར་རབ་ཏུ་འབྱུང་གྱུར་ཅིང་། །བསླབ་གསུམ་ཡོན་ཏན་རྒྱན་གྱིས་རབ་བརྗིད་གཅིག་ཏུ་གཞན་ལ་ཕན་བརྩོན་ཞིང་། །ཤེས་བྱ་ཀུན་ལ་བློ་གྲོས་རབ་རྒྱས་སྲིད་ཞིའི་རྒུད་པ་རབ་བཅོམ་ནས། །འགྲོ་བའི་བླ་མ་དྲང་སྲོང་མཆོག་གི་གོ་འཕང་རབ་མཆོག་ཐོབ་པར་ཤོག །ནམ་ཡང་བདག་ལ་འགྲོ་བའི་དོན་ཀུན་དེང་ནས་འཚམས་པར་འབྱུང་བ་དང་། །ཆོས་ཀྱི་སྣང་བ་ཀུན་ནས་རབ་གསལ་དཔག་མེད་འགྲོ་ལ་སྣང་བྱེད་ཅིང་། །བདེ་དགེའི་མཚོ་ཆེན་ནམ་མཁའི་ཁོངས་ཁྱབ་དཔལ་འབྱོར་བྱེ་བའི་བླ་རེ་ཅན། །རིན་ཆེན་འབྱུང་གནས་སྐྱེ་དགུ་ཀུན་གྱིས་བདག་ལ་བརྟེན་ནས་ཐོབ་པར་ཤོག །ཚུལ་ཁྲིམས་པད་མཚོར་བློ་གྲོས་འདབ་རྒྱས་ལྷག་བསམ་སྦྲང་རྩིའི་སྙིང་པོ་ཅན། །བློ་གསལ་རྐང་(༥)དྲུག་ཉེར་འཚོའི་གླིང་ནི་རིང་ནའང་གསལ་བར་གྲགས་གྱུར་མོད། །ཉེ་བར་གནས་རྣམས་ཡོན་ཏན་མཐོང་མེད་ལོ་བརྒྱར་གནས་པའི་རུ་སྦལ་བཞིན། །ལྷན་ཅིག་གནས་པ་བླུན་པོའི་དབུས་འདིར་བདག་བློའི་རྣམ་འཕྲུལ་ག་ལ་གསལ། །དེ་འདྲའི་སྐྱེས་བུ་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན། །དཔལ་ལྡན་སྙན་ཚིག་འདབ་མ་གཡོ་བས་རབ་གསལ་བས། །སྦྲང་རྩི་འཛིན་པ་ཀུན་ནས་དགའ་བ་བསྐྱེད་པ་དེས། །དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་སུ་སྦྱར། །སྙན་ངག་སྤྲིན་ཆེན་སྡེབ་སྦྱོར་གློག་གི་ཕྲེང་བ་ཅན། །མངོན་བརྗོད་འབྲུག་སྒྲ་ཕྱོགས་ཀྱི་མཐའ་ཁྱབ་སྒྲོགས་ལྡན་ལས། །བློ་གསལ་འདབ་བསྐྱོད་ཀུན་ནས་ཡིད་འཕྲོག་ཆར་འབེབས་པའི། །ཚུལ་འདི་སྡེབ་སྦྱོར་སྤྲིན་ལས་ཉེ་བར་འོངས་པ་ཡིན། །མ་ལ་ཡར་འཁྲུངས་དྲི་ཞིམ་ཙནྡན་བུ་གའི་སྲིན་བུར་ཉེར་མཁོ་མེད། །དེ་བཞིན་དམ་པ་རྨོངས་པའི་ཚལ་ན་ནམ་ཡང་ཉེ་བར་མཁོ་བ་མེད། །རིན་ཆེན་སྣ་ཚོགས་སྤྲས་པའི་ཅོད་པན་ཆེན་པོའི་གཙུག་ན་མཛེས། །དེ་བཞིན་མཁས་པའི་རྣམ་དཔྱོད་གང་འདི་ཆེན་པོ་རྣམས་ལ་སྐྱེས་ཀྱི་མཆོག །བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་དབྱངས་སྙན་ཞེས་བྱ་བ། ལུང་དང་། རིགས་པ་དང་། མན་ངག་གི་དོན་ལ་བློའི་འོད་ཟེར་ཀུན་ནས་འཛུམ་ཞིང་། སྙན་ངག་དང་སྡེབ་སྦྱོར་དང་། མངོན་བརྗོད་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཚིག་དང་དོན་གྱི་རྒྱན་རྣམ་པར་སྦྱར་བའོ། །འདིར་ཚིགས་བཅད་རྐང་པ་རིང་ཐུང་ཡོད་པ་རྣམས་ནི་སྡེབ་སྦྱོར་གྱི་དོན་གྲུབ་པས་སྤ་གྲོ་བའི་ཞུ་དག་མི་བགྱིད་དེ། གསར་རྙིང་དང་མི་མཐུན་པའི་བརྡ་དག་རྣམས་ལའང་ངོ་། །དགེའོ།། །།

འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ་ཞེས་བྱ་བ།

༄༅། །འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །

༄༅། །ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཡིད་འོང་ངོས་དམར་མཚམས་ཀྱི་ཆུ་འཛིན་རོལ་པའི་བླ་བྲེ་ཅན། །ཚོགས་གཉིས་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་ཚངས་པའི་རྔ་ཆེན་གསལ་བར་སྒྲོགས། །ཀུན་མཁྱེན་ནམ་མཁའི་ངོས་ན་གར་བྱེད་ཕན་བདེའི་གློག་གི་འོད་ཟེར་ཅན། །རྒྱལ་བའི་སྤྲིན་གཙང་ཀུན་ནས་སྣང་བས་དེ་རིང་བདག་བློའི་ཡིད་མཁར་སྐྱོངས། །གདོད་ནས་མངོན་པར་བྱང་ཆུབ་སྐུ་ནི་ཞིང་རྣམས་ཀུན་ནས་རྣམ་འཕྲུལ་ཞིང་། །ཚངས་པའི་གསུང་སྙན་ཆོས་ཆར་བསིལ་བས་མ་ལུས་འགྲོ་རྒྱུད་ཚིམ་པར་མཛད། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དེ་སླད་མགོན་པོ་འཇམ་པའི་དབྱངས་ནི་རྒྱལ་བ་ཀུན་གྱིས་བསྔགས་པ་ལགས། །རི་དྭགས་དབང་པོ་རབ་ཏུ་བསྒྱིངས་པར་གེ་སར་གསལ་པའི་མདངས་བཀྲ་ཞིང་། །རི་བོང་འཛིན་གཟུགས་ཉིན་བྱེད་དམར་བས་ཞབས་ཀྱི་པདྨ་ལ་རེག་པ། །རྡོ་རྗེའི་སྐྱིལ་ཀྲུང་ཤིན་ཏུ་མཛེས་ལྡན་སྙན་གོང་ཨུཏྤལ་ཁ་བྱེ་ཞིང་། །(༦)ཐོར་ཚུགས་རྩེ་ནས་རིན་ཆེན་འོད་འཕྲོ་སྙན་ཤལ་ནོར་བུའི་ཚལ་གྱིས་མཛེས། །གཡས་གཡོན་ཕྱག་གིས་ཨུཏྤལ་སྡོང་བུ་ཐུགས་ཀར་འཛིན་པས་སྙན་དྲུང་བུང་བ་འཕུར་ལྡིང་ཞིང་། །མེ་ཏོག་ཁ་བྱེ་ཙན་དན་ངད་ལྡན་སྤྱི་བོ་འཇམ་པོར་རལ་གྲི་པུ་སྟི་ལེགས་པར་འཛིན། །ནོར་བུའི་སྐེད་ངོས་དོ་ཤལ་ལ་རེག་དར་གྱི་ན་བཟའ་གདུ་བུའི་སིལ་ཁྲོལ་ཕྲེང་བ་ཅན། །ལྟ་བས་མི་ངོམས་ཤིན་ཏུ་ཡིད་འོང་ངོ་མཚར་མཆོག་གིས་ཀུན་ནས་བརྒྱན་པའི་སྐུ་དེ་ནི། །དཔེ་ཡིས་མི་མཚོན་འགྲོ་བའི་མིག་གི་བདུད་རྩིར་བྱེད་པས་ལྷ་བརྒྱའི་གཙུག་གིས་མཆོད་པ་ལགས། །འདམ་སྐྱེས་དབུས་ཀྱི་བསིལ་ཟེར་ལ་གནས་མཐོན་མཐིང་ནོར་བུའི་སྣང་བ་ཅན། །རིན་ཆེན་སིལ་ཁྲོལ་ཀུན་ནས་མཛེས་པའི་ཕྱག་གཉིས་རལ་གྲི་པུ་སྟི་འཛིན། །མུ་མེད་འོད་ཟེར་ཀུན་ནས་འཕྲོ་བས་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ངག་གི་ལྷ་མོ་གཽ་རཱི་རིན་ཆེན་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །དེ་སླད་མགོན་པོ་འཇམ་པའི་དཔལ་ནི་ཀུན་ནས་དགྱེས་པའི་བཙུན་མོར་བཅས། །སྙན་དངགས་མེ་ཏོག་གསར་པའི་ཆུན་པོས་ལེགས་པར་བསྟོད་པའི་བསོད་ནམས་ཀྱིས། །བདག་དང་འགྲོ་ཀུན་འགྲོ་བའི་གཙོ་བོ་ཀུན་མཁྱེན་མཆོག་གི་གནས་ཐོབ་ནས། །ནམ་མཁའི་མཐའ་ཀླས་འགྲོ་བ་ཀུན་ལ་བདེ་ལེགས་བཀྲ་ཤིས་བྱེད་པར་ཤོག །འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ་ཞེས་བྱ་བ། སྙན་དངགས་དང་། སྡེབ་སྦྱོར་དང་། མངོན་བརྗོད་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས་དེ་ཉིད་སྒྲུབ་པའི་ཚེ་གྲུབ་རི་རིན་པོ་ཆེ་འབྱུང་བའི་གནས་སུ་སྦྱར་བ་རྫོགས་སོ། །ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་ཉེ་བར་གནས་བཞིན་དུ་འབབ་པར་གྱུར་ཅིག །ཤུ་བྷཾ།། །།

འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ།

༄༅། །འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀུ་མཱ་ར་སྟོད་ཏྲ་ན། བོད་སྐད་དུ། འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ། ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཡིད་འོང་མགོན་པོ་འཇམ་པའི་དབྱངས། །ལྷ་བརྒྱའི་གཙུག་གི་པདྨས་ཞབས་མཆོད་ཅིང་། །ཀུན་མཁྱེན་ཉི་ཟེར་གསལ་བའི་དབང་པོ་གང་། །དེ་རིང་བདག་གི་པད་མཚོར་དགྱེས་པར་མཛོད། །ཞི་བའི་ནམ་མཁའ་རབ་ཏུ་ཡངས་པ་ལ། །སེང་གེ་མཆོག་དང་པདྨ་ཟླ་བའི་སྟེང་། །འཇམ་དཔལ་གཞོན་ནུ་ཤིན་ཏུ་མཛེས་པའི་སྐུ། །ཡིད་འོང་མཚན་དཔེས་མཛེས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་པདྨ་རཱ་ག་འདྲ། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་འགྱིང་བའི་སྟེང་། །རལ་གྲི་པོ་ཏི་མུ་མེད་འོད་ཟེར་འཕྲོ། །རྡོ་རྗེ་སྐྱིལ་ཀྲུང་མཛད་ལ་ཕྱག་འཚལ་ལོ། །དབུ་རྒྱན་སྙན་ཆ་དོ་ཤལ་དཔུང་རྒྱན་སོགས། །རིན་ཆེན་རྒྱན་རྣམས་ཀུན་ནས་འཁྲོལ་བའི་སྐུ། །ཟུར་ཕུད་ལྔ་ལྡན་དར་གྱི་ན་བཟའ་མཛེས། །སྙན་(༧)གོང་ཨུཏྤལ་འཕུར་ལ་ཕྱག་འཚལ་ལོ། །དེ་ཉིད་མདུན་གནས་པད་སྡོང་ཡངས་པའི་སྟེང་། །སྟོན་ཀའི་ཟླ་བ་ཤིན་ཏུ་དྲི་མེད་ལ། །ཞི་བའི་ལྷ་མོ་ཤིན་ཏུ་མཛེས་པའི་སྐུ། །རིན་ཆེན་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་ལོ། །ཨུཏྤལ་གཞོན་ནུ་ལྟ་བུའི་དབྱངས་ཅན་མཆོག །ཞལ་གཅིག་ཕྱག་གཉིས་རལ་གྲི་པོ་སྟི་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་རབ་ཏུ་ཞི་བའི་སྐུ། །འོད་ཟེར་དྲ་བ་འགྱེད་ལ་ཕྱག་འཚལ་ལོ། །ལྟ་བས་མི་ངོམས་ཡིད་འོང་ཐུགས་རྗེའི་ལྷ། །གཅིག་ཏུ་མ་ངེས་སྣང་ལ་རང་བཞིན་མེད། །རྒྱལ་བ་རྒྱལ་སྲས་མང་པོའི་སྤྲིན་འཕྲོ་བའི། །འཇམ་དཔལ་ཡབ་ཡུམ་སྣང་ལ་ཕྱག་འཚལ་ལོ། །སྣ་ཚོགས་ནོར་བུའི་སྣང་བས་མི་བཟློག་པའི། །འོད་ཟེར་འཁྲུགས་པས་ཕྱོགས་རྣམས་སྣང་མཛད་ཅིང་། །ཐུགས་རྗེའི་རྣམ་འཕྲུལ་མཐའ་ཡས་འགྱེད་པའི་ལྷ། །གཏི་མུག་མུན་བྲལ་མཛད་ལ་ཕྱག་འཚལ་ལོ། །ཇི་སྙེད་ཇི་བཞིན་མཁྱེན་པའི་འོད་ཟེར་གྱིས། །མ་ལུས་འཇིག་རྟེན་ཁམས་ཀུན་སྣང་མཛད་ཅིང་། །སྲིད་ནས་ཞི་བར་འགྲོ་བ་འདྲེན་པའི་ལྷ། །ཐབས་མཁས་ཐུགས་རྗེ་མངའ་ལ་ཕྱག་འཚལ་ལོ། །དེ་ལྟར་སྙན་ངག་མེ་ཏོག་སྙིམ་བཀང་ནས། །མགོན་ཁྱོད་བསྟོད་པའི་བསོད་ནམས་གང་ཡོད་དེས། །འགྲོ་ཀུན་ཡིད་ཀྱི་མུན་པ་ཀུན་བསལ་ཏེ། །འཇམ་པའི་དཔལ་དུ་མྱུར་དུ་འགྲུབ་པར་མཛོད། །འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ་མིའམ་ཅིའི་དབྱངས་སྙན་ཅེས་བྱ་བ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ།། །།

དགེའོ།། །།

དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ།

༄༅། །དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ་བཞུགས་སོ། །

༄༅། །སྙན་ངག་གི་ལྷ་ལ་ཕྱག་འཚལ་ལོ། །མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་གངས་རི་ཞུ་བ་ལས། །གསར་དུ་འཁྲུངས་པའི་ལྷ་མོ་ནི། །སྙན་དངགས་ཆུ་རླུང་དལ་གྱིས་འབབ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བཅོ་ལྔའི་ཟླ་བ་ལྟར་མཛེས་ཤིང་། །བཅུ་དྲུག་ལོ་ལོན་འཛུམ་པའི་ཞལ། །སིལ་ཁྲོལ་རྒྱན་གྱི་ཕྲེང་བས་ཀླུབས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །པད་ཟླའི་སྟེང་ན་པདྨ་བཞིན། །རབ་དཀར་གངས་རི་ལྷུན་པོ་བཞིན། །སྟོན་ཀའི་སྤྲིན་དཀར་ཕུང་པོ་བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཟླ་བའི་འོད་ཅན་དཀར་བའི་ཞལ། །ཟླ་བ་རྒྱས་པའི་གདན་སྟེང་ན། །ཟླ་བའི་རྒྱབ་ཡོལ་མཛད་པ་མོ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གླང་པོ་ཟླ་བ་མཚོ་སྐྱེས་ཀྱི། །སྟོབས་དང་འོད་ཟེར་མདངས་འཕྲོག་ཅིང་། །ཀུན་ཏུ་ཉི་མ་ལྟ་བུར་མཛེས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གངས་རི་འདི་ནི་པདྨོ་ཡི། །སྤྱན་དང་ལྡན་ན་ཁྱོད་ཞལ་མཚུངས། །ཁྱོད་སྐུ་གངས་རིའི་རྩེ་མོ་(༨)བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཡང་ཡང་ཁྱོད་སྐུ་དྲན་བྱེད་ཅིང་། །ཨ་ཨཱའི་དབྱངས་ཡིག་ལ་དམིགས་ནས། །ཧྲཱིཾ་ཧྲཱིཾ་བསླབ་པས་མུན་སེལ་བའི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་དཔའ་མོ་རྣལ་འབྱོར་མཛེས། །དེ་རིང་མཁའ་ལ་འཇའ་ཚོན་བཞིན། །སྣང་དང་མི་སྣང་གཟུགས་བརྙན་བཞིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་འོད་ཀྱི་ཕུང་པོའི་ནང་། །དཀར་སེར་དམར་དང་ལྗང་ཀུ་སྟེ། །འདྲེས་དང་མ་འདྲེས་འོད་ཟེར་འཁྲུགས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་སྤྲིན་གྱི་བླ་རེའི་ནང་། །ལུས་བྱེད་དཀར་ལ་དམར་གསལ་མཐིང་། །རྩེ་དང་མཆོག་དང་ཞི་སྐུར་སྣང་། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་ཉི་འོད་པད་ཟླའི་ནང་། །འོད་ལྔའི་ཕུང་པོ་འོད་འབར་ཞིང་། །རྔ་ཡབ་པི་ཝང་གླིང་བུ་སྒྲོགས། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལ་འོད་དང་སྐར་མའི་ནང་། །སྐད་ཅིག་སྐད་ཅིག་རྣམ་སྤྲུལ་ཏེ། །སྣང་དང་མི་སྣང་ཆོ་འཕྲུལ་འགྱེད། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལ་ལར་འོད་ཀྱི་གུར་ཁྱིམ་དང་། །འཛུམ་མཛེས་འོད་ཟེར་སྣ་ཚོགས་སྟོན། །སྤྲུལ་དང་ཡོངས་སུ་སྤྲུལ་པ་ཡི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་ལྷ་མོ་སྐལ་བཟང་མ། །ཡུན་རིང་སྨོན་པས་དེ་རིང་འགྲུབ། །སླར་ཡང་མཐོང་ཐོས་འདྲི་བར་འདོད། །དེ་ཚེ་ཁྱོད་སྐུ་སྣང་བར་མཛོད། །གང་ཞིག་ཁྱོད་དང་ཁྱོད་ཀྱི་སྲས། །ཀུན་ལ་དད་པ་དེ་དག་ལ། །ཁྱོད་ཐུགས་མཁྱེན་རབ་ཟླ་བ་ནི། །མཆོག་ཏུ་དཀར་བས་དགོངས་སུ་གསོལ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་སྟེ། །བློ་གྲོས་ཐོགས་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །སྐྱེ་བ་པདྨའི་ནགས་ཚལ་དུ། །རིགས་གཟུགས་ཡོན་ཏན་སྦྲང་རྩི་ཅན། །གྲགས་པའི་འདབ་བརྒྱ་མངའ་བ་ཡིས། །རྟག་པར་བདག་ནི་སྐྱོང་བར་ཤོག །ཁྱོད་དང་ཁྱོད་ཀྱི་སྲས་ཀུན་གྱིས། །རྟག་ཏུ་བདག་རྗེས་འཛིན་པ་དང་། །གྲགས་དང་དཔལ་ཆེན་མཐའ་ཡས་ཀྱིས། །རྟག་པར་བདག་ནི་སྤྱོད་པར་ཤོག །གཞོན་ནུ་རབ་དགའི་རོལ་དབྱངས་མཆོག །གང་གིས་མཐོང་ཐོས་ཁ་ཐོན་བྱེད། །ཀུན་ཀྱང་དབྱངས་ཅན་ཞལ་མཐོང་ཞིང་། །ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །དེ་ལྟར་བསྟོད་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་བློ་གྲོས་ཕུན་ཚོགས་ཤིང་། །དབྱངས་ཅན་གོ་འཕང་མཆོག་ཐོབ་ནས། །འགྲོ་བའི་དོན་ཀུན་འབྱུང་བར་ཤོག །ཚུལ་ཁྲིམས་པད་རྫིང་བཟང་པོ་ནས། །བློ་གྲོས་ངུར་བ་སྒྲ་འབྱིན་ཞིང་། །བསླབ་གསུམ་གཤོག་ཡངས་དཀར་བ་ཡིས། །བློ་གསལ་འགྲོ་ཀུན་དགའ་སྐྱིད་ཤོག །འདི་ནི་སྔོན་གོམས་རྒྱ་མཚོའི་ཁྱོན། །དཔལ་མོས་དངོས་གྲུབ་ཆེར་སྩོལ་བའི། །བསམ་ཡས་བློ་གྲོས་དང་ལྡན་པ། །སྙན་དངགས་འབྱུང་གནས་བདག་གིས་སྦྱར། །ས་སྐྱོང་སྲིད་པ་གསུམ་གྱི་མཐར། །བདེ་ལེགས་བཀྲ་ཤིས་བྱེད་པར་ཤོག །(༩)འཕགས་མ་ངག་གི་དབང་ཕྱུག་མ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ། མང་དུ་ཐོས་པའི་སྙན་དངགས་མཁན་བསམ་ཡས་པས་ལྷུན་གྱིས་གྲུབ་པའི་རི་རིན་ཆེན་འབྱུང་བའི་གནས་སུ་སྦྱར་བ་དགེའོ།། །།

ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་ཚོགས་བདག་གི་བསྟོད་པ།

༄༅། །དཔལ་ཚོགས་ཀྱི་བདག་པོའི་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། དཔལ་ཚོགས་ཀྱི་བདག་པོའི་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན་ཞེས་བྱ་བ། འཕགས་པ་ངག་གི་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མཆོག་ཏུ་དམར་བའི་ཉིན་བྱེད་དང་མཚུངས་རྫོགས་སངས་རྒྱས་ཀྱི་གདུང་གསོབ་ཅིང་། །ཐུགས་རྗེའི་མེ་ཏོག་མདའ་ཅན་འཛུམ་པས་སྲིད་གསུམ་དགའ་བས་བདེ་མཛད་ཅིང་། །འབྱོར་པའི་སྤྲིན་གྱི་ཚོགས་བདག་ལ་གནས་སྲིད་ཞིའི་འབྱོར་ཚོགས་ཀུན་གྱི་བདག །དཔལ་ལྡན་དྲི་མེད་ཡོན་ཏན་མཛོད་ཁེངས་རྒྱ་མཚོའི་སྤྲིན་གྱིས་བསྟོད་པར་བགྱི། །རྒྱལ་བའི་རྣམ་འཕྲུལ་ཆུ་འཛིན་ནང་ན་རོལ་པའི་གློག་གི་ཕྲེང་བ་ཅན། །ཐུགས་རྗེའི་ཉིན་བྱེད་རྣམ་པར་དམར་བའི་གསལ་པོར་བཀོད་པའི་སྐུ་འདི་ནི། །འོད་སྟོང་འབར་བའི་གཟུགས་ཅན་དང་འདྲ་འབྱོར་ཚོགས་གངས་རི་བཞུ་བ་མིན། །མེ་ལྕེའི་ཕྲེང་བས་མངོན་པར་ཀླུབས་འདྲ་ཉོན་མོངས་གདུང་བ་སྐྱེད་ཕྱིར་མིན། །རབ་བརྟན་གདོང་གི་དཀྱིལ་འཁོར་དང་འདྲ་དབང་པོའི་ཁུར་གྱིས་ལྕི་བས་མིན། །གདེངས་ཅན་ཐོར་ཚུགས་ནོར་བུ་དང་འདྲ་མཁྱེན་རབ་མེད་ཕྱིར་དེ་འདྲའང་མིན། །ཡོན་ཏན་ཀུན་རྫོགས་པདྨའི་མིག་ནི་ཞགས་ལྡན་གདུང་བས་མ་ལགས་ཤིང་། །བྱེད་པོའི་གདོང་གི་ཨུཏྤལ་མཚོར་འཁྲུངས་འབར་བའི་འོད་ཀྱི་ཕུང་པོའང་མིན། །འགྲོ་བའི་གཙུག་གི་ནོར་བུས་མཛེས་བྱས་ལྷ་དབང་པདྨ་དཀར་པོའི་མགོན། །འཇིགས་རུང་བདུད་དཔུང་རྣམ་པར་འཇོམས་པའི་རི་རབ་ལྷུན་པོའི་དབང་པོ་ལགས། །རྒྱ་མཚོའི་གླིང་གནས་ཀླུ་དབང་རྒྱ་མཚོ་གདེངས་ཀ་ནོར་བུའི་བཀྲ་ཤིས་ཀྱིས། །རྒྱ་མཚོའི་དགེ་ལེགས་རྒྱ་མཚོས་ཞབས་གཙང་ཀུན་ནས་ཀུན་ཏུ་མཆོད་བྱས་པའི། །རྒྱ་མཚོའི་འབྱོར་ཚོགས་རྒྱ་མཚོ་དང་བཅས་བསོད་ནམས་ཡེ་ཤེས་ཚོགས་ཀྱི་བདག །རྒྱ་མཚོའི་ཀློང་འཁོར་རྒྱ་མཚོས་ལྷུན་གྲུབ་དཔལ་ལྡན་རྒྱ་མཚོའི་དབང་ཕྱུག་ལགས། །བཟོད་དཀའི་མེ་ལོང་གསེར་འོད་འབར་བའི་མེ་ལྕེ་འཁྱིལ་བའི་དཔུང་གི་ནང་། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་གནོན་པའི་ཧཱུྃ་སྒྲས་སྟོང་གསུམ་འགེངས་པར་མཛད། །ཧ་ཧ་དང་བཅས་བཞད་པའི་སྒྲ་ནི་ཆེམ་ཆེམ་འབྲུག་སྒྲ་རློན་པ་ཡིས། །ནམ་མཁའི་ཁོངས་ཁྱབ་མི་བཟད་ཁྱོད་ནི་རྒྱལ་བའི་ཐུགས་རྗེ་ཁྲོས་པ་ལགས། །རིན་ཆེན་འོད་ཟེར་བརྒྱ་དག་གིས་མཛེས་དོ་ཤལ་ནོར་བུའི་རྐེད་ངོས་ཅན། །རི་རབ་ལ་གནས་པདྨོའི་རྩེར་འཁྲུངས་ནོར་འཛིན་སྟེང་ན་གར་བྱེད་ཅིང་། །གསེར་གྱིས་གདོང་རྒྱན་གླང་པོའི་བཞིན་ལྡན་ཉེ་ཞོ་དམར་(༡༠)བར་གཡོན་དུ་ཕྱོགས། །འོད་ཟེར་དམར་བཀོད་ཞགས་ལྡན་གྱིས་ནི་སྲིད་པ་གསུམ་པོ་འགུགས་པར་མཛད། །དགྲ་སྟྭ་གཏུན་ཤིང་དགྲ་ལས་རྣམ་རྒྱལ་མཆོག་དགའི་མདའ་གཞུས་འགེངས་མཛད་ཅིང་། ཁ་ཊྭཱཾ་ཐོད་པས་མཁའ་འགྲོ་སྡུད་མཛད་པདྨོའི་སྣོད་ཀྱིས་འགེངས་པར་མཛད། །རྩེ་གསུམ་བྷནྡས་མ་མོ་འགུགས་མཛད་རྡོ་རྗེ་འཕང་མདུང་དང་བཅས་ཤིང་། །བཟོད་པའི་ཕུབ་ཆུང་རྣམ་པར་གདེངས་པས་ལྷ་མིན་གཡུལ་རྣམས་བཟོད་པར་བྱེད། །རིན་ཆེན་དོ་ཤལ་མེ་ཏོག་གི་མཛེས་སྨད་གཡོགས་ནོར་བུའི་ཕྲེང་བས་བཅིངས། །གཡོན་བརྐྱང་ནོར་འཛིན་སྤྱི་བོར་བསྣུན་པས་འདོད་དགུའི་རྒྱུན་གྱི་ཆར་འབེབས་ཤིང་། །གཡས་བསྐུམ་གཡོན་པའི་བྱིན་པ་ལ་གནས་ཆགས་པས་དམར་བའི་གར་བྱེད་མཛེས། །དེ་ལྟའི་ལྷ་མཆོག་ཚོགས་ཀྱི་བདག་ལ་དིང་འདིར་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་ནས་གདུང་བའི་ཡིད་ཀྱིས་པདྨོའི་སྣོད་གནས་ཕོངས་པའི་ཚིག་གི་རྐང་དྲུག་ལྡན། །སྙིང་ནས་ཤས་ཆེར་གཡོ་བའི་སྦྲང་རྩིས་མྱོས་བྱས་ཚིག་འགའ་གསོལ་གྱི་དོན་འདི་དགོངས་ཤིག་ཀྱེ། །གང་ཚེ་འཕགས་པ་དགྲ་ལས་རྣམ་རྒྱལ་འགྲོ་བ་གང་གིས་དྲན་མ་ཐག །ཡིད་ཀྱི་རེ་བ་མཐའ་དག་རྫོགས་མཛད་ཐུགས་རྗེ་ཆེ་ཞེས་རབ་གྲགས་ནའང་། ཁྱོད་མགོན་གཉེར་བདག་ཡུན་རིང་རྗེས་དྲན་བཟླས་པའི་ཁུར་གྱིས་དུབ་པ་བཞིན། །སྙིང་ནས་གསོལ་ན་བརྩེ་བ་མེད་ལྡན་ནོར་བུའི་དཔལ་ཡང་དེ་དག་གི། །མངོན་པར་འདོད་པའི་འབྲས་བུ་སྦྱིན་མཛད་རང་དགར་བརྩེ་བའི་དགའ་བ་སྟེར། །ཁྱོད་ཅིག་གདུང་བས་ཉམ་ཐག་བདག་ལ་ཅི་ཕྱིར་འབྲས་བུ་སྦྱིན་མི་མཛད། །གུས་པས་དོན་གཉེར་རྣམ་པར་གདུང་ལ་དགྲ་ཡང་ཁྲོ་བ་རྣམ་སྤངས་ནས། །ལྷག་པར་དེ་དག་རྣམ་པར་སྐྱོང་ལ་ཡིད་ཀྱི་རེ་བ་རྫོགས་མཛད་ན། །ཁྱོད་མགོན་གཉེར་བདག་ཁྲོ་བས་ཅི་ཕྱིར་རིང་དུ་འདོར་ཞིང་འབྲས་མི་འབྱིན། །ཀྱེ་མའོ་བདག་ལ་སྐལ་བ་མེད་དང་སྙིང་རྗེས་ཁྱོད་གཅིག་མི་གཟིགས་ན། །འབྱོར་ཚོགས་སྲིད་བདེའི་དཔལ་གྱིས་མངོན་མཐོ་དེ་དག་བཟུང་བར་ཡོང་མི་དགོས། །ཕོངས་པའི་ཡིད་ཀྱིས་རྣམ་པར་སྦྱོར་བ་བསིལ་བའི་བདུད་རྩིས་མི་སྦྱོང་ན། །མཆོག་ཏུ་ཐུགས་རྗེའི་ཟླ་ཟེར་འཛུམ་པ་དེ་ཡང་ཁྱོད་རྗེས་འགལ་བ་སྙམ། །དེ་ལྟར་གསོལ་འདི་མ་མཁྱེན་ན་ནི་རྒྱལ་བའི་རྣམ་འཕྲུལ་མ་ལགས་ཤིང་། །མཁྱེན་པ་འདི་ལས་མི་ལྡོག་ན་ནི་ཐུགས་རྗེའི་སྤྱན་ཡང་མིང་དུ་བས། །འོན་ཏེ་སྐལ་བ་དམན་པས་མི་འཇུག་དེ་ལྟ་ན་ནི་ཐབས་མཁས་ཅི། །སྙིང་ནས་གདུང་བའི་ཉེ་ཞོ་དམར་བ་བདག་གཅིག་གཟིགས་པར་མི་མཛད་ཀྱེ། །འོན་ཀྱང་རང་གི་ཉེས་པ་སྤྱད་ལ་རྒྱལ་བའི་ཐུགས་རྗེ་འཇུག་དཀའ་ཞིང་། །ཡུན་རིང་དུས་ནས་སྐལ་བ་དམན་དག་རང་གི་ཉེས་པས་བསྐྱེད་པར་ཟད། ཁྱོད་ཐུགས་བརྩེ་བའི་འོད་ཀྱིས་མཛེས་བྱས་བུ་བཞིན་སྐྱོང་ལ་ཐེ་ཚོམ་བྲལ། །དེ་སླད་ཁྱོད་ཀྱི་ཐུགས་རྗེའི་མེ་ཏོག་གསར་དུ་(༡༡)འཛུམ་པས་མངོན་པར་འདོད་པའི་རེ་གྲུབ་མཛོད། །ཕོངས་པའི་མེ་ཚོགས་ཐུགས་རྗེས་བསིལ་ལ་དཔལ་འབྱོར་ཆུ་བོ་རྒྱུན་རིང་ཞིང་། །འགྲོ་ཀུན་དགའ་བས་བདག་ལ་གུས་འདུད་དབང་གི་རང་བཞིན་རྒྱས་བྱེད་ཅིང་། །ནད་དང་གདོན་གྱི་ཉེས་ཚོགས་རབ་བཅོམ་མངོན་པར་མཐོ་བའི་རབ་མཆོག་གི། །མཐོ་རིས་སྟེང་ན་གཅིག་ཏུ་མངོན་དགའ་ཁྱོད་བཞིན་བདག་རྗེས་བཟུང་བར་མཛོད། །དེ་ལྟར་བསོད་ནམས་ཡེ་ཤེས་ཚོགས་བདག་བདག་གིས་བསྟོད་ལས་གང་ཐོབ་པའི། །བསོད་ནམས་རྫོགས་ལྡན་འདོད་དགུའི་སྤྲིན་གྱི་ཕུང་པོ་མཁའ་དང་མཉམ་པ་དེས། །བདག་དང་འགྲོ་ཀུན་འབྱོར་ཚོགས་དཔག་མེད་རྒྱ་མཚོའི་སྤྲིན་གྱི་སྙིང་པོ་ཅན། །རྫོགས་སངས་རྒྱས་ཀྱི་གོ་འཕང་མཆོག་རབ་མྱུར་དུ་ལྷུན་གྱིས་གྲུབ་པར་ཤོག །དཔལ་ཚོགས་བདག་ལ་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན་ཞེས་བྱ་བ་འདི་ནི་སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པའི་ཚུལ་རིག་པའི་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ།། །།

དགེའོ།། །།

ཡེར་པའི་གནས་བསྟོད་པདྨ་དཀར་པོའི་ཕྲེང་བ།

༄༅། །ཡེར་པའི་གནས་བསྟོད་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་པདྨ་བཛྲཱ་ཡ། རང་བཞིན་ཉེ་བར་ཞི་བའི་མཚོ་དབུས་སུ། །རང་བཞིན་མྱང་འདས་པདྨའི་སྡོང་པོ་ལ། །རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་དཔལ། །རང་གཞན་དོན་གཉིས་རྫོགས་ལ་ཕྱག་འཚལ་ལོ། །ས་མཆོག་ཞི་བ་པདྨ་སྤུངས་འདྲའི་རི། །སྔོན་བྱོན་གྲུབ་པ་ཆེན་པོས་བསྟེན་པའི་རི། །བཀྲ་ཤིས་བརྒྱད་དང་ངོ་མཚར་དུ་མའི་རི། །དཔལ་ལྡན་ཡེར་པའི་གྲུབ་རི་བསྔགས་སོ་ཀྱེ། །ཕྱོགས་རྣམས་མདངས་བཟང་ཀུན་ནས་མཛེས་པའི་དབུས། །དཀར་གསལ་ཞི་བའི་རང་བཞིན་ཉམས་དགའ་བ། །ཕུག་དང་བྲག་རིའི་མགུར་ཆུས་བརྒྱན་པ་གང་། །ཤར་རི་ལག་ན་པདྨོའི་བཞུགས་གནས་བཞིན། །གངས་རིའི་ཡུལ་ན་མཚུངས་པ་མེད་པའི་གནས། །སྐལ་བཟང་དུ་མས་གྲུབ་པ་བརྙེས་པའི་གནས། །ཟབ་གཏེར་ཡོན་ཏན་འབྱོར་པས་བརྒྱན་པའི་གནས། །མཁའ་འགྲོ་དམ་ཅན་རྒྱ་མཚོས་བསྟེན་པའི་གནས། །འདི་ཡི་ངོགས་བཟང་ཡངས་པའི་རང་བཞིན་ནི། །འགྱིང་བཅས་སྒྲོལ་མ་ལྷང་ངེར་བཞུགས་པ་ལ། །ཕྱོགས་ཀྱི་རི་བྲན་ཕྲེང་བས་བསྐོར་བ་ནི། །ལྷ་བརྒྱའི་གཙུག་གིས་ཉེ་བར་བཏུད་པ་བཞིན། །ཀུན་ནས་མཛེས་པ་རིན་ཆེན་སྙིང་པོའི་རི། །རྒྱར་ཡངས་ལྷུན་སྟུག་རྩེ་མོ་དཔངས་མཐོ་ཞིང་། །གནམ་ཡངས་ཕྱོགས་ཀྱི་འཁོར་ལོ་རྒྱ་ཆེ་ལ། །མདངས་བཀྲ་ཉི་ཟླའི་འོད་ཀྱང་རྒྱང་རིང་འཆར། །ངོ་མཚར་མཆོད་རྟེན་བདེ་གཤེགས་གཞལ་མེད་ཁང་། །སྣ་ཚོགས་ཡིད་འོང་མཆོད་པའི་སྤྲིན་མཐོ་ཞིང་། །རང་བྱོན་ཡ་མཚན་དུ་མའི་རྟེན་རྣམས་དང་། །འཕགས་པ་གནས་བརྟན་ཆེན་པོའི་མགོན་དང་བཅས། །རང་(༡༢)བཞིན་ཉེ་བར་ཞི་བའི་རི་ངོགས་འདིར། །ལྷ་དང་ལྷ་མིན་རྣམས་ཀྱང་རབ་འདུ་ལ། །དྲང་སྲོང་གྲུབ་པས་དངོས་གྲུབ་ཆར་འབེབས་ཤིང་། །མི་རྣམས་ཀྱང་ནི་དད་བརྒྱའི་མེ་ཏོག་འཐོར། །འདི་ནི་སྔོན་མེད་ལྷུན་པོ་རིན་ཆེན་གཏེར། །མཐའ་ཡས་ཡོན་ཏན་འབྱོར་པས་བརྒྱན་པ་ནི། །གངས་རིའི་ཁྲོད་འདིར་འཕགས་པའི་སྐྱེད་མོས་ཚལ། །ཡིད་འོང་གཞན་ཞིག་འཕོས་ན་མཚུངས་པ་སྙམ། །དེ་འདྲའི་གནས་འདི་དཔལ་ལྡན་ཡེར་པའི་རི། །དབྱར་བསིལ་དགུན་དྲོ་སེམས་གཙང་རིག་པ་འཛིན། །དྭངས་ལ་ཡིད་སྤྲོ་བསམ་གཏན་ངང་གིས་འཕེལ། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལགས། །གནས་འདི་ཅུང་ཟད་ཉེ་བར་བསྟེན་པ་ན། །ལེགས་པའི་ཡོན་ཏན་རྨད་བྱུང་ཐོབ་ལ་སོགས། །སྔོན་གྱི་དམ་པ་རྣམས་ཀྱིས་རབ་བསྔགས་པས། །དད་ལྡན་རྣམས་ཀྱིས་ཉེ་བར་བསྟེན་པར་མཛོད། །ཚུལ་འདི་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ། །ལུང་རིག་མན་ངག་རྒྱ་མཚོའི་མཐར་སོན་ཞིང་། །ཏིང་འཛིན་ཉེ་བར་ཞི་བའི་དགའ་བ་ཅན། །ཀུན་མཁྱེན་ངག་གི་དབང་པོས་ལེགས་པར་སྦྱར། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །དགེ་སེམས་ཡིད་ལ་བྱེད་པ་ཀུན་འགྲུབ་སྟེ། །ཚེ་འདི་སྲིད་པའི་རི་བོ་ཕྱིར་བསྙིལ་ནས། །བདེ་ཆེན་མཁའ་སྤྱོད་ཞིང་ལ་སྤྱོད་པར་ཤོག །དཔལ་ཡེར་པའི་གནས་ལ་བསྟོད་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོས་སྦྱར་བའོ། །དགེའོ།། །།

ཞྭ་པདྨ་དབང་ཆེན་གྱི་བསྟོད་པ་རོལ་མོའི་སྤྲིན་ཕུང་།

༄༅། །ཞྭ་པདྨ་དབང་ཆེན་གྱི་བསྟོད་པ་རོལ་མོའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷི། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ཡུལ་འཁོར་དང་བཅས་པ་ལ་བསྔགས་པ་རོལ་མོའི་སྤྲིན་ཕུང་ཞེས་བྱ་བ། འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་བཀྲ་ཤིས་ཉིན་མོར་བྱེད་གང་སྐྱེ་དགུ་ཀུན་གྱིས་བསྟོད་གྱུར་པ། །འཇིག་རྟེན་མེས་དང་མཆོད་སྦྱིན་བརྒྱ་པ་ཉི་ཟླའི་སྣང་བ་འཕྲོག་བྱེད་དང་། །ལྷ་ཆེན་མགྲིན་སྔོན་པད་དཀར་མིག་ཡངས་སུམ་རྩེན་མགྱོགས་པའི་ཤུགས་འཆང་སོགས། །ལྷ་མཆོག་རྣམས་ཀྱི་གཙུག་གིས་གུས་མཆོད་ཐུབ་དབང་ཉི་མའི་གཉེན་དེ་རྒྱལ། །དང་བའི་མཁའ་ལ་རི་བོང་འཛིན་གཟུགས་མཚན་མོའི་མིག་གི་བདུད་རྩི་གང་། །ཀུན་མཁྱེན་མཚན་དཔེའི་དཀྱིལ་འཁོར་འཛིན་ནི་ཁྱོད་སྐུར་མཚུངས་པའི་ཆ་ཤས་ཅན། །འགྲོ་བློའི་མ་རིག་མུན་པ་སེལ་ལ་སྔོན་མེད་བསིལ་ཟེར་དབང་པོ་གང་། །རྒྱ་མཚོའི་ལྷ་མོ་སྙན་དངགས་མཁན་དེས་དེ་རིང་བདག་བློའི་ཀུན་ད་སྐྱོངས། །མ་ལུས་རབ་མཆོག་ཐར་པ་འདོད་ལ་མཐར་ཐུག་ཞི་བར་འགྲོ་བའི་སྐས། །ལྷ་མིའི་བདེ་འབྲས་ཡོན་ཏན་གཉེར་ལ་དགེ་ལེགས་འདོད་སྟེར་རོལ་པ་ཅན། །གང་ལ་ཅི་འདོད་རེ་བ་སྐོང་ལ་ནོར་བུ་བུམ་མཆོག་དཔག་བསམ་(༡༣)ཤིང་། །ངོ་མཚར་རྟེན་གསུམ་གཙུག་ལག་ཁང་ལ་དད་བརྒྱའི་གཙུག་གི་པདྨོས་མཆོད། །སྔོན་གྱི་ཆོས་རྒྱལ་མཆོག་དང་གྲུབ་མཆོག་གིས། །བསོད་ནམས་འདུན་སླད་ཐར་པའི་ཐེམ་སྐས་སུ། །བདེ་གཤེགས་གཞལ་མེད་ཁང་མཛེས་བཞེངས་པ་ལ། །བསྟོད་དབྱངས་སྙན་པའི་མེ་ཏོག་འཐོར་རོ་ཀྱེ། །

ལྷུན་པོའི་ལྷོ་ཕྱོགས་དཔལ་ལྡན་གངས་རིའི་ཡུལ། །འཕགས་པའི་རྒྱལ་པོས་མགོན་དུ་མཛད་པ་གང་། །བསྟན་པ་དར་ལ་རྟེན་གསུམ་གྲངས་མང་བས། །འཛམ་གླིང་ཡུལ་ལས་ཁྱད་པར་འཕགས་པ་ལགས། །མི་རྣམས་རབ་མཆོག་འཕགས་པའི་རྒྱུད་དུ་སྐྱེས་པ་གང་། །ཡུལ་རྣམས་ཆེ་བ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་དེར། །ཆོས་རྣམས་རྒྱས་པ་ཐེག་པ་མཆོག་རྣམས་དར་བའི་གནས། །རྒྱལ་རྣམས་བསྔགས་པ་གླང་རུ་ལུང་བསྟན་ལགས་སོ་ཀྱེ། །དེ་ལྟར་ངོ་མཚར་རྨད་བྱུང་ལས། །བྱང་ཕྱོགས་སྦས་ཡུལ་རིན་ཆེན་གླིང་། །རི་མཐོ་ས་གཙང་ཉམས་དགའ་བ། །བཀྲ་ཤིས་དགེ་མཚན་ཕུན་སུམ་ཚོགས། །སྔོན་རབས་སྔོན་རབས་རྣམས་སུ་ཡང་དང་ཡང་། །གྲུབ་མཆོག་གྲུབ་མཆོག་རྣམས་ཀྱིས་བྱིན་བརླབས་པས། །ཕྱི་རབས་ཕྱི་རབས་རྣམས་སུའང་བཀྲ་ཤིས་པ། །ངོ་མཚར་ངོ་མཚར་འཕགས་རྣམས་འབྱུང་བ་ལགས། །ཕྱོགས་རྣམས་མདངས་བཟང་གངས་རིའི་ཕྲེང་བས་བཏུད་གྱུར་ལ། །རི་ཕྲན་རིན་ཆེན་ར་བས་ཀུན་ནས་བསྐོར་བའི་དབུས། །ས་རྣམས་འདབ་བརྒྱད་པདྨ་ཁ་ཕྱེ་ལྟ་བུ་ལ། །གནམ་ཡང་རྩིབས་སྟོང་མུ་ཁྱུད་འཛིན་འདྲས་རྣམ་པར་མཛེས། །ཤར་རི་རིན་ཆེན་ཁང་བརྩེགས་ལྟ་བུ་ལ། །ལྷོ་རི་སྨན་ཤིང་འབྲུ་རྣམས་སྤུངས་འདྲ་ཞིང་། །ནུབ་རི་འདོད་འབྱུང་ནོར་བུ་ལྟ་བུ་ལ། །བྱང་རི་སྣ་ཚོགས་ནོར་ལྷའི་པད་ཕུང་བཞིན། །ལྷུང་ལྷུང་སྙན་སྒྲོགས་བདུད་རྩིའི་ཆུ་བོ་ཡང་། །ཡང་ཡང་དབང་གི་ཕྱོགས་ནས་བསྐོར་ཞིང་འབབས། །ཁྲུང་ཁྲུང་ངང་པ་མང་པོ་རྩེ་དགའི་གནས། །ཆིལ་ཆིལ་རླབས་ཀྱིས་བསྐྱོད་འདི་ཨེ་མ་མཚར། །རི་རྩེ་སྨན་ལྗོངས་ནགས་ཀྱི་མཐོངས་རྣམས་ཉམས་དགའ་ལ། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་རྣམས་དྭངས་སྤྲོ་ཞིང་། །བྱ་དང་རི་དྭགས་རྩེད་འཇོ་བགྱིད་རྣམས་མཛེས་པས་གང་། །མཐོ་རིས་གྲོང་གི་དཔལ་རྣམས་ཕྱོགས་འདིར་སྤུངས་སམ་སྙམ། །ཕྱོགས་བཞིའི་ཕྱོགས་མཚམས་མཛེས་པའི་ཡུལ་རྣམས་དང་། །རི་དབང་རི་ཕྲན་མང་པོའི་ཚོགས་འདི་ནི། །ལྷ་ཡུལ་ལྷ་རྣམས་ཀུན་ནས་མཛེས་པའམ། །དད་ལྡན་དད་པས་ཕྱོགས་འདིར་མཆོད་པ་བཞིན། །ཉིན་བཞིན་དམར་བའི་དུས་མཚམས་ཆུ་འཛིན་མ་ལགས་ཤིང་། །ཙནྡན་བསིལ་བའི་མ་ལ་ཡ་རི་མིན་ན་ཡང་། །མཛེས་དགུར་བྱེད་ལ་སྔོན་གྱི་གྲུབ་པས་བརྟེན་པའི་སླད། །དྲང་སྲོང་མཆོག་རྣམས་ཀུན་ནས་དགྱེས་པའི་བསྟི་གནས་ལགས། །(༡༤)མངོན་སུམ་དབང་པོའི་ཡུལ་ལ་ཤར་བའི་ཡུལ། །ཡུལ་གཞན་ཡོན་ཏན་དམ་པ་མཆིས་པ་ཀུན། །ཀུན་ནས་བསྡུས་ཏེ་ཕྱོགས་འདིར་བཀོད་བཞིན་མཛེས། །མཛེས་པ་འདི་འདྲ་འགྲོ་ལ་གསལ་བར་མངོན། །བཞད་རྣམས་བརྟེན་པའི་རྫིང་བུ་དང་མཚུངས་གདངས་སྙན་སྐྱེ་བོའི་རྩེད་འཇོ་འཕེལ། །བུང་བས་ཆབ་ཀྱི་པདྨོ་དང་མཚུངས་སྐྱེ་དགུ་འདུ་བས་མཛེས་གྱུར་ལ། །དཔག་མེད་ཡོན་ཏན་མཚོ་ཆེན་དང་མཚུངས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །གདེངས་ཅན་རོལ་པའི་གན་མཛོད་དང་མཚུངས་མཐའ་ཡས་འདོད་རྒུ་འབྱུང་བ་ལགས། །

དེ་འདྲའི་ཡུལ་འདི་འཕགས་པའི་སྐྱེད་མོས་ཚལ། །རྒྱལ་བའི་རྟེན་གསུམ་ཕོ་བྲང་མཛེས་པས་ན། །འཇམ་དཔལ་གཞོན་ནུ་ཤིན་ཏུ་མཛེས་པའི་ཞིང་། །པདྨོ་ཅན་ལ་མངོན་པར་རྒྱལ་འདོད་བཞིན། །ས་འཛིན་ཕྱོགས་ཀྱི་རི་བོ་རྣམས་ཀྱང་ཕྱོགས་འདིར་རྩེ་མོ་དུད་པས་གང་། །དཀར་གསལ་གངས་རིའི་ཐོད་བཅིངས་དང་ལྡན་མགུར་ཆུ་རོལ་པའི་སྤྲིན་གྱིས་འཁྱུད། །ངོས་རྣམས་མཐོན་མཐིང་དབྱར་རྩྭའི་གོས་གྱོན་སྨན་ཤིང་མེ་ཏོག་རྒྱན་ཕྲེང་ཅན། །ཆུ་གཙང་སྨན་སྤོས་དྲི་ཞིམ་ངད་ཀྱིས་གཞལ་མེད་ཁང་འདིར་མཆོད་པ་བཞིན། །ཆུ་འཛིན་རོལ་པའི་ན་ཆུང་རྣམས་ཀྱང་ཕྱོགས་འདིར་གཡོ་བས་གར་བྱེད་པ། །གསེར་ཞུན་འབར་བའི་རྐེད་ཆིངས་དང་ལྡན་གློག་ཕྲེང་འགྱུ་བའི་འོད་ཟེར་ཅན། །ཟབ་ཅིང་སྙན་པའི་གླུ་དབྱངས་འབྲུག་སྒྲ་བསྟོད་དབྱངས་མེ་ཏོག་ཆར་འབབས་པ། །ངོ་མཚར་རྟེན་གསུམ་གཞལ་མེད་མཆོད་ལ་ནམ་མཁའི་བདག་པོས་བཀོད་པ་བཞིན། །དྭངས་པའི་མཁའ་ལ་ཉི་མའི་དཀྱིལ་འཁོར་ཡང་། །ཕྱོགས་འདིར་དད་པའི་ཤུགས་ཀྱིས་རབ་བསྐྱོད་དེ། །འོད་སྟོང་སྒྲོན་མེའི་སྣང་བས་མཆོད་པའི་ཕྱིར། །ལྷ་ལམ་གཤེགས་པ་འདི་ཡིས་མཛེས་སོ་ཀྱེ། །མཚན་མོའི་ལྷ་མོ་འཇིག་རྟེན་མིག་དེ་ཡང་། །སྐར་མའི་ན་ཆུང་མང་པོའི་ཚོགས་དང་བཅས། །ཕྱོགས་འདིར་ཞི་བའི་ཞལ་བཟང་རབ་བསྐྱོད་དེ། །བསིལ་བའི་འོད་ཟེར་དྲྭ་བ་འགྱེད་ལ་ལྟོས། །

ད་ནི་སེམས་གཙང་དག་པའི་འགྲོ་བ་ཀུན། །ངོ་མཚར་ཞིང་ལ་དད་པའི་རླབས་བསྐྱེད་དེ། །ཕྱི་མའི་ཆུས་སྲིད་བསོད་ནམས་འདུན་སླད་དུ། །འཕགས་པའི་ཡུལ་འདིར་དགའ་བས་བརྟེན་པར་རིགས། །དེ་འདྲའི་གནས་འདི་སྦས་ཡུལ་རིན་ཆེན་གླིང་། །འོད་དཔག་མེད་ཀྱི་ཕོ་བྲང་བརྒྱན་པ་ནི། །སྣ་ཚོགས་དབང་པོའི་གཞུ་ལྟར་ཉེར་བཀྲ་བ། །བདེ་བ་ཅན་གྱི་ཞིང་འདིར་འཕོས་པ་བཞིན། །ཕྱི་རིམ་བཀོད་པ་ངོ་མཚར་རྨད་བྱུང་བསམ་གཏན་དང་བའི་གཞལ་ཡས་བཞིན། །སྒྱུ་འཕྲུལ་མཁན་གྱི་མིག་འཕྲུལ་དང་འདྲ་འདི་ཞེས་གཅིག་ཏུ་མ་ངེས་ལ། །ཕ་རོལ་གནོན་པའི་སྟོབས་ཆེན་ཁྲོ་བོས་བགེགས་རྣམས་འཇོམས་པ་ལྟ་བུ་སྟེ། །ཡོན་ཏན་མཐའ་ཡས་གང་གཱའི་བྱེ་སྙེད་ས་འོག་རིན་ཆེན་སྙིང་པོ་(༡༥)ལགས། །ནང་རྣམས་རྣམ་བཀྲ་ལྷ་ཡི་དཀྱིལ་འཁོར་ཀུན་ནས་མཛེས་པའི་གཞལ་མེད་ཁང་། །བླ་རེ་འཕན་ལྡིང་རིན་ཆེན་རྣམས་བསྐྱོད་སྣ་ཚོགས་མཆོད་པའི་སྤྲིན་འཕྲོ་བ། །ངོ་མཚར་བཀོད་པའི་ཁྱད་པར་འདི་ནི་རྒྱལ་བའི་རྣམ་འཕྲུལ་རྨད་བྱུང་སྟེ། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཐར་པའི་ས་བོན་འདེབས་པ་མཚར། །

དེ་ལྟའི་གཞལ་མེད་དབུས་ན་བཅོམ་ལྡན་འདས། །ཉེ་བའི་འཁོར་ནང་འོད་སྟོང་འགྱེད་པ་ནི། །རྒྱུ་སྐར་དབུས་ན་རི་བོང་འཛིན་གཟུགས་སམ། །ཞི་བའི་འཁོར་ནང་ཚངས་པ་མཛེས་པ་བཞིན། །འཛུམ་མཛེས་གསེར་གྱི་པདྨོ་དངར་བས་འགྲོ་བའི་མིག་གི་བདུད་རྩི་གང་། །འཛུམ་བཅས་ཞི་བའི་དཀྱིལ་འཁོར་བརྙེས་པས་རིན་ཆེན་པདྨའི་སྟེང་བཞུགས་ཏེ། །འཛུམ་པའི་ཞལ་གྱི་འོད་ཟེར་གསལ་བས་འཇིག་རྟེན་གསུམ་པོ་ཁྱབ་མཛད་ཅིང་། །འཛུམ་མཛད་དགྱེས་པའི་དཔལ་གྱི་མགུལ་ནས་ད་ལྟ་གསུང་མཆོག་འབྱོན་པ་སྙམ། །

དེ་འདྲའི་མགོན་པོ་བཅོམ་ལྡན་འདས། །ལྷ་དང་ནོར་བུའི་འོད་རྣམས་ཀྱི། །ཟེར་གྱིས་མུན་པ་སེལ་བ་ལ། །མཚུངས་ན་ཅི་སྙེམས་འོད་དཔག་མེད། །ནོར་བུ་སྒྲོན་གློག་སྣང་བས་མ་གསལ་བའི། །འགྲོ་ཀུན་མི་ཤེས་མ་རིག་མུན་པའི་སྨག །ལྟ་བའི་འཐིབ་པོ་རྨད་བྱུང་སེལ་མཛད་པས། །འོད་དཔག་མེད་ཅེས་མངོན་བརྗོད་མ་འཁྲུལ་ཀྱེ། །ཁྱེད་སྐུ་མཚན་དཔེའི་རྒྱན་མཆོག་གིས། །སྤྲས་པར་གྱུར་བཞིན་རྒྱན་གཞན་གྱིས། །ལྷ་ཡི་གོས་དང་ལྷན་ཅིག་ཏུ། །ཅི་སླད་ཉེ་བར་མཛེས་པ་གང་། །གྱ་གྱུར་གསལ་བ་ལྷ་མིའི་འགྲོ་དག་ཀྱང་། །རིན་ཆེན་རྒྱན་དང་གོས་ཀྱིས་མཛེས་བྱེད་ན། །མགོན་པོ་གཞན་དོན་འཕགས་པའི་རྒྱལ་པོ་ལ། །ཡིད་འོང་རྒྱན་ཕྲེང་འབྱོར་བ་ཅིས་མི་མཛེས། །མགོན་པོ་གསེར་གྱི་རི་ངོགས་ལས། །ཉིན་བྱེད་འོད་ཟེར་སྟོང་འཕྲོ་བ། །གོ་སྐབས་གཞན་དུ་མ་མཐོང་བས། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །སྤྲིན་མེད་མཁའ་ལ་ཉི་མའི་དཀྱིལ་འཁོར་ཡང་། །འོད་སྟོང་འགྱེད་པས་གླིང་བཞིའི་མུན་སེལ་ན། །ཐུགས་རྗེའི་ངང་ཅན་འགྲོ་ལ་ཕན་བདེའི་འོད། །དཔག་མེད་འགྱེད་པ་འདི་ལས་མཚར་ཅི་མཆིས། །ཁྱད་པར་མཆོག་ལས་ཕུལ་གྱུར་པའི། །ཡོན་ཏན་དེ་འདྲ་གང་ན་ཞིག །ས་སྐྱོང་སྲིད་པ་གསུམ་གྱི་མཐར། །ཡོངས་སུ་བཟུང་འདི་གང་ཞིག་ཀྱེ། །དཔག་མེད་དུས་ནས་འགྲོ་བའི་དོན་ཕྱིར་ཏེ། །གང་རྣམས་འདི་དང་མཚུངས་པ་གཞན་མེད་པས། །དེ་ཡི་འོད་དང་མཚུངས་པ་འདྲ་མེད་ཕྱིར། །ཐུགས་རྗེ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སེང་གེ་མཆོག་དང་རྨ་བྱའི་སྟེང་ན་བཅོམ་ལྡན་རྒྱལ་པོའི་ཆ་བྱད་ཅན། །དབུ་རྒྱན་མགུར་ཆུ་དོ་ཤལ་དཔུང་རྒྱན་སྣ་ཚོགས་ན་བཟའ་ལྷབ་ལྷུབ་མཛེས། །མཚན་དཔེའི་དཀྱིལ་འཁོར་དཔལ་དུ་འབར་བས་སྐྱེ་དགུའི་མིག་གི་བདུད་རྩི་གང་། །དཔག་མེད་ཡོན་ཏན་རྒྱ་མཚོ་བརྙེས་ལ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །(༡༦)གང་ཞིག་མཚན་མའི་ཡུལ་ལས་འདས་ཀྱང་མཚན་སྟོང་འབར་བའི་སྐུར་སྟོན་ཅིང་། །མཚན་བཅས་སྤྲོས་པའི་མཐའ་ལས་འདས་ཀྱང་མཚན་འཛིན་སྐྱེ་བོ་འདུལ་བའི་སླད། །མཚན་མེད་ཞི་བའི་ཆོས་རབ་སྟོན་ཀྱང་མཚན་མ་ཀུན་ལས་ངེས་གྲོལ་བ། །མཚན་མར་མི་དམིགས་མཁའ་བཞིན་དག་ཀྱང་མཚན་གྱིས་སྲིད་མཚོ་སྐྱོབ་ལ་འདུད། །

འདི་ནི་སྟོན་པ་བཅོམ་ལྡན་འདས། །འཇིག་རྟེན་གསུམ་གྱི་བླ་མར་བྱོན། །དེ་ཡི་གཟུགས་བརྙན་འགྲོ་བློ་ཡི། །དག་པའི་རྫིང་བུར་ཤར་བ་མཚར། །ཐུགས་རྗེའི་ཞལ་བཟང་འགྲོ་ལ་གཡོ་བ་དང་། །མཉམ་དུ་འགྲོ་བའི་དད་བརྒྱ་དེར་གཡོ་བས། །སྐྱེ་དགུའི་ཉོན་མོངས་རྩད་ནས་བཏོན་པ་བཞིན། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བདེ་གཤེགས་འཁོར་གྱི་དབུས་ན་མཚན་དཔེའི་གཟི་འོད་འབར་བ་ལ། །སེམས་དཔའ་གཟུགས་མཛེས་བལྟ་ན་སྡུག་དང་པདྨོའི་འཛིན་སོགས་གུས་བཅས་ཏེ། །ཕ་རོལ་གནོན་པའི་སྟོབས་ཆེན་ཁྲོ་བོ་འཇིགས་གཟུགས་རྔམས་པའི་སྤྲིན་འཕྲོ་བས། །ཡོངས་སུ་བསྐོར་བའི་དཀྱིལ་འཁོར་མཆོག་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །འཇམ་དཔལ་ཞིང་གི་ཡོན་ཏན་རྒྱན་བཀོད་འོད་དཔག་མེད་ཞིང་བཀོད་པ་དང་། །མི་འཁྲུགས་ཞིང་གི་ཡོན་ཏན་རྣམས་བཀོད་རང་བྱོན་སྤྲུལ་པའི་ཞིང་བཀོད་དང་། །བསྐལ་པཟང་འདྲེན་པའི་ཞིང་ཁམས་རྣམ་བཀོད་འཕགས་པ་སྡོང་པོ་བཀོད་དེ་དང་། །རྒྱལ་བའི་ཡུམ་གསུམ་རྣམ་པར་བཀོད་དང་ཆོས་རྗེའི་ཞིང་ཁམས་བཀོད་ལ་འདུད། །གང་གིས་བྱང་ཆུབ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་གྱི་མཐར་སོན་ཏེ། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་མཆོག །ཡོངས་སུ་བསྐོར་བར་མཛད་ལ་འདུད། །

གང་གིས་ཐོག་མར་འགྲོ་འདི་གཟིགས་ནས་བྱང་ཆུབ་ཐུགས་ནི་བསྐྱེད་ནས་སུ། །གྲངས་མེད་བསྐལ་པར་བརྩོན་པའི་གོ་བགོས་ཚོགས་གཉིས་བསགས་པ་མཐར་ཕྱིན་ནས། །རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་ཝཱ་ར་ཎཱ་སཱིར་གཤེགས་མཛད་དེ། །ལྔ་སྡེ་བཟང་པོ་བརྒྱད་ཁྲིའི་ལྷར་བཅས་ཆོས་ཀྱི་བདུད་རྩིས་ཚིམས་ལ་འདུད། །ཐུབ་དབང་ཞི་བའི་ཆོས་ཀྱི་ཆར་འབེབས་ལ། །འཇམ་དབྱངས་རྡོ་རྗེ་འཛིན་པས་གུས་བཏུད་དེ། །ཚངས་དང་བརྒྱ་བྱིན་གསོལ་བ་འདེབས་པའི་ཚུལ། །ངོ་མཚར་མཆོག་ཏུ་འཕགས་ལ་ཕྱག་འཚལ་ལོ། །

བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོར་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ཅན་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་མངའ་བ་དེ་ལ་འདུད། །འཛམ་བུའི་གླིང་ན་མཁས་པའི་མཆོག་གྱུར་པ། །རྒྱལ་བ་ཀུན་དང་མཁྱེན་རབ་དགོངས་པ་མཉམ། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུར་བཞེངས་པ། །བི་མ་མི་ཏྲ་དད་བརྒྱའི་གཙུག་གིས་མཆོད། །

གདུལ་བྱའི་ཁམས་དང་(༡༧)བསམ་པའི་རྒྱུད་མཁྱེན་སྤྱན་དང་མངོན་ཤེས་དབང་བསྒྱུར་ཞིང་། །ལས་དང་ཉོན་མོངས་བག་ལ་ཉལ་ཀུན་བཅོམ་ནས་དངོས་གྲུབ་མཆོག་བརྙེས་ཤིང་། །གདོས་བཅས་ཕུང་པོ་རྣམ་པར་དག་ནས་མཁའ་ལ་འཇའ་བཞིན་རབ་ཡལ་བ། །ཏིང་འཛིན་བཟང་པོ་གྲུབ་པ་མཆོག་བརྙེས་དེ་ལ་གུས་པའི་གཙུག་གིས་མཆོད། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པར་མཁྱེན་རབ་ཉི་མའི་སྙིང་པོ་བརྙེས། །སོ་སོ་ཡང་དག་རིག་བཞིའི་ཚུལ་གྱིས་འགྲོ་ལ་ཆོས་ཚུལ་སྣང་མཛད་དེ། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་མཁས་པ་བཻ་རོ་ཙ་ན་གང་། །ཐུན་མོང་མཆོག་གི་དངོས་གྲུབ་བརྙེས་ནས་མཁའ་ལ་འཇའ་བཞིན་ཡལ་ལ་འདུད། །

རླབས་ཆེན་ཚོགས་གཉིས་རབ་རྫོགས་པས། །རྣམ་འཕྲུལ་དུ་མས་འགྲོ་བ་འདུལ། །གངས་ཅན་དམ་ཆོས་རྒྱས་མཛད་པའི། །ཆོས་རྒྱལ་མཆོག་ལ་གུས་ཕྱག་འཚལ། །རྒྱལ་བའི་ཡུམ་གྱུར་ཕ་རོལ་ཕྱིན་པའི་ངང་། །རིགས་ལྔའི་རང་བཞིན་རྟེན་འབྲེལ་སོ་སོ་ལས། །གནོད་པ་ཞི་མཛད་ཕན་བདེའི་ཕྲིན་ལས་ཅན། །ཕྲ་མེན་མཆོད་རྟེན་འཕགས་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་ཕྱོགས་ཀྱི་མཐར་ཁྱབ་མ་ལུས་ཡོངས་སུ་བསྲུང་བ་དང་། །མི་མཐུན་གནོད་པའི་དགྲ་བགེགས་ཚར་གཅོད་གཙུག་ལག་ཁང་རྣམས་སྐྱོང་བའི་ཕྱིར། །འབར་བའི་དབྱིངས་ལས་ཐུགས་རྗེའི་རྣམ་འཕྲུལ་གང་ལ་གང་འདུལ་དེར་སྟོན་པ། །སྔགས་བདག་གཟའ་དང་དམ་ཅན་རྒྱ་མཚོར་བསྟོད་དབྱངས་སྙན་པའི་སྤྲིན་གྱིས་མཆོད། །

དེ་ལྟར་རྟེན་གསུམ་ངོ་མཚར་རྨད་བྱུང་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །སྣ་ཚོགས་མཆོད་འབུལ་མ་ལུས་སྡིག་ཀུན་བཤགས། །ཐུགས་རྗེའི་ཟེར་གྱིས་གཟིགས་པར་མཛད་དུ་གསོལ། །ད་ལྟ་མངོན་བཞུགས་འགྲོ་ལ་བརྩེ་སྤྲིན་རོལ་པ་ཅན། །ཐུགས་རྗེའི་འབྲུག་སྟོང་ས་གསུམ་སྐྱེ་བོའི་མཁར་ཁྱབ་པ། །ཕན་བདེའི་ཆར་གྱིས་ཀུན་ནས་ཕན་པར་མཛད་དེ་རྣམས། །སྙིགས་དུས་ཐུགས་རྗེས་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཀྱེ་མ་དེད་དཔོན་འགྲོ་བའི་ཡབ། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སྐྱེ་དགུ་ཐུགས་རྗེའི་གྲུ་ཆེན་གྱིས། །ཡོངས་སུ་སྒྲོལ་བར་མཛད་དུ་གསོལ། །མགོན་པོ་བཅོམ་ལྡན་ཁྱོད་ཉིད་བཞུགས་བཞིན་དུ། །སྲིད་པའི་མུན་ནག་ད་དུང་ཅི་སླད་འཚལ། །ཐུགས་རྗེའི་འོད་གཅིག་བཀྱེ་བས་འཁོར་བ་ཡི། །མ་རིག་མུན་པའི་སྨག་རྣམས་སངས་པར་མཛོད། །མཁྱེན་རབ་མཆོག་གི་འོད་ཟེར་དང་ལྡན་མི་ཤེས་རབ་རིབ་སེལ་བ་གང་། །མ་ལུས་སྐྱེ་དགུའི་དོན་བསྒྲུབ་མཛད་ལ་ཡིད་བཞིན་ནོར་འདྲའི་མཐུ་མངའ་བ། །དཔག་མེད་ཚེ་ལྡན་རྒྱལ་བའི་དབང་པོས་འགྲོ་ཀུན་སྲིད་མཚོར་སྒྲོལ་མཛོད་ལ། །འོད་དཔག་མེད་ཀྱི་གནས་རབ་མཆོག་དེར་ཡོངས་སུ་དྲང་བར་མཛད་དུ་(༡༨)གསོལ། །དེ་ལྟར་ངོ་མཚར་རྒྱལ་བའི་ཕོ་བྲང་ལ། །བསྟོད་དབྱངས་སྙན་པའི་མེ་ཏོག་ཆར་ཕབ་པས། །འགྲོ་ཀུན་ཞི་བ་བྱང་ཆུབ་ལམ་ཞུགས་ཏེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཚུལ་འདི་སྙན་དངགས་པད་རྫིང་བཟང་པོ་ན། །མངོན་བརྗོད་འདབ་སྟོང་སྡེབ་སྦྱོར་ཟེའུ་ཅན། །དོན་ཟབ་སྦྲང་རྩིའི་སྙིང་པོ་དང་ལྡན་པ། །དྲི་མེད་འོད་ཟེར་གཉེན་དེས་བཀོད་པ་ཡིན། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །ཚངས་དང་འཁོར་ལོས་སྒྱུར་རྒྱལ་རྣམ་ཐོས་བུའི། །མཚན་དཔེ་ཟིལ་གྱིས་གནོན་པའི་ཡེ་ཤེས་ལུས། །ཡོན་ཏན་རྒྱ་མཚོས་བརྒྱན་པ་ཐོབ་པར་ཤོག །ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ཡུལ་འཁོར་དང་བཅས་པ་ལ་བསྔགས་པ་རོལ་མོའི་སྤྲིན་ཕུང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོས་བཀོད་པ་དགེའོ།། །།

ཞྭ་པདྨ་དབང་ཆེན་གྱི་དཀར་ཆག་གཙིགས་ཀྱི་ཡི་གེ་ཞིབ་མོ།

༄༅། །ཞྭ་པདྨ་དབང་ཆེན་གྱི་དཀར་ཆག་གཙིགས་ཀྱི་ཡི་གེ་ཞིབ་མོ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་པདྨ་བཛྲཱ་ཡ། གཙིགས་ཀྱི་ཡི་གེ་ཞིབ་མོ་བཀོད་པ། ངོ་མཚར་རྨད་དུ་བྱུང་བར་གྱུར་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་དགེ་ཚོགས་དཔག་མེད་ལས་འཁྲུངས་པའི། །འཇིག་རྟེན་མགོན་པོའི་དམ་ཆོས་རིན་ཆེན་གཏེར། །གངས་ཅན་ཁྲོད་འདིར་སྣང་མཛད་ཆོས་རྒྱལ་དང་། །ལོ་པཎ་དཔག་མེད་ཞབས་ལ་གུས་ཕྱག་འཚལ། །གང་གིས་ཐོས་ན་ངོ་མཚར་སྐྱེད་བྱེད་ཅིང་། །འཕྲུལ་གྱི་བཀོད་པ་ཡ་མཚན་གསལ་བྱེད་པ། །གཙིགས་ཀྱི་ཡི་གེ་ཞིབ་མོ་འབུལ་ལགས་ཀྱི། །དད་ལྡན་སྐྱེ་བོའི་ཚོགས་རྣམས་གཟིགས་པར་གསོལ། །

དེ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས། སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་བཅུ་གསུམ་པ་ཐུགས་ཀར་དཔལ་གྱི་བེའུ་ལ་བརྟེན་པ་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ལས། གླིང་བཞི་པ་བར་མའི་རང་བཞིན་རི་རབ་ལྷོའི་འཛམ་བུ་གླིང་། ཐུབ་པ་བཅོམ་ལྡན་འདས་སྤྲུལ་པའི་སྐུ་མངོན་པར་བྱང་ཆུབ་པའི་གནས། བསོད་ནམས་བསགས་པ་ལས་ཀྱི་ས་པ་ཁྱད་པར་སྐྱེ་བའི་ཡུལ་ལས། ཁྱད་པར་དཔལ་ལྡན་གངས་རིའི་ཁྲོད་བོད་ཆེན་པོ་དགེ་བ་ཅན་གྱི་ཡུལ་འདིར། སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ལས། །ཁྱད་པར་དུ་གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག །འགྲེངས་མགོ་ནག་ཡོངས་ཀྱི་སྤྱི་རྗེ། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་རབ་ཏུ་བཟང་པོ། སིངྒ་ལའི་པཎྜི་ཏ་ཆེན་པོ་བྷི་མ་ལ་མི་ཏྲ་ལ་སོགས་པ་སྤྱན་དྲངས་ནས། བསྟན་པའི་གཞི་མ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་(༡༩)ལག་ཁང་ཆེན་པོ། མཐའ་འདུལ་ཡང་འདུལ་དང་བཅས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཞེངས་ཤིང་། དཀོན་མཆོག་གསུམ་གྱི་བསྟན་པ་དར་རྒྱས་སུ་མཛད་པ་ལས་ད་དུང་ཡང་མཐའི་སོ་ཁ་མ་ནོན་ཅིང་། དུས་མ་ཡིན་པའི་ས་གཡོ་བ་ལ་སོགས་པ་འབྱུང་པོའི་གནོད་པ་དང་། བདུད་སྲིན་པོའི་ཆོ་འཕྲུལ་དུ་མ་འབྱུང་ཞིང་། ཕྱི་རབས་ན་ཡང་བོད་ཆེན་པོའི་ཡུལ་འདིར་མཐའ་དམག་དང་འབྱུང་པོའི་གནོད་པས་ལོ་ཉེས་དང་། མུ་གེ་དང་། ནད་དང་། མཚོན་དང་། ཕྱི་ནང་གི་འཁྲུགས་འཚེ་དུ་མ་འབྱུང་བར་དགོངས་ནས། དེ་འདུལ་བའི་གཉེན་པོར་ལོ་པཎ་རྗེ་བློན་དང་བཅས་པ་རྣམས་བཀའ་བགྲོས་ཏེ། རྫོགས་པ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་ཉང་ཏིང་འཛིན་བཟང་པོ་ལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པར་གསོལ་ནས། དབུ་རུ་སྟོད་ཀྱི་སྦྲལ་ནས་སྨད་ཀྱི་མར་གནོན་ལ་ཐུག་པ་མཐུན་པའི་རྐྱེན་དུ་གནང་སྟེ་ཉང་གི་རིགས་རྒྱུད་དུ་གཏོགས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་གཙིགས་གཡུང་དྲུང་དུ་གནང་བ་རྡོ་རིང་གི་ངོས་ལ་གསལ་བར་བཀོད་པ་བཞིན་བཀའ་གནང་བ་དང་། བཙན་འབངས་རིན་པོ་ཆེ་སྟེ། གཞིའི་ནང་མཆོག་ཏུ་རྗེ་ལ་བྱས་པ་ཆེ་ཞིང་གློ་བ་ཉེ་བ། ཉང་སྣང་བཟང་འདུལ་ཀོང་གི་བུ་ཐུ་བོ་བནྡེ་ཏིང་འཛིན་བཟང་པོས་རྗེའི་བཀའ་ལུང་གུས་པས་མནོས་ཏེ། བོད་ཡུལ་ཀུན་ཏུ་ཕན་པའི་ལས་ཆེན་པོ་བྱས་པ་ནི། སྤྱིར་བོད་ཀྱི་ཡུལ་དུ་གནོད་པའི་མཐའ་དམག་དང་འབྱུང་པོ་ཤར་ནས་ཡོད་པས། དེའི་དགྲ་ཆེན་པོ་ཡང་ཤར་ན་གནས་ཏེ། དེ་གང་ན་འདུག་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་གཟིགས་པས། སྦྲལ་མདའ་ཕུར་པའི་དབལ་སོ་ལྟ་བུ་ཡོད་པར་མཁྱེན་ཏེ། དེ་ཡང་ཤར་རི་ཧོར་སོག་ཆས་པ་འདྲ་བ། ལྷོ་རི་གླང་ཆེན་གཡུལ་ཞུགས་འདྲ་བ། ནུབ་རི་བདུད་དཔུང་འགྱིངས་པ་འདྲ་བ། ནུབ་བྱང་ཧོམ་ཁུང་གཏད་པ་འདྲ་བ། བྱང་རི་སྟག་སེང་འཐབ་པ་འདྲ་བ། ཆུ་མགུལ་རལ་གྲི་གདེངས་པ་འདྲ་བ། ས་གཞི་ལྤགས་རློན་བརྒྱངས་པ་འདྲ་བ། ས་སྟོད་གྲུ་གསུམ་ཕུར་རྩེ་འདྲ་བ། ས་སྨད་གཤིན་རྗེའི་རྦ་དོང་འདྲ་བ། སྟེང་གི་གནམ་གྲུ་གསུམ། འོག་གི་ས་གྲུ་གསུམ། བར་གྱི་རི་གྲུ་གསུམ་དུ་གནས་པའི་གནམ་སའི་འཛོམས་ཀྱི་དབུས་སུ། ཞྭ་པདྨ་དབང་ཆེན་གྱི་གཞལ་ཡས་ཁང་མཐའ་དམག་དང་འབྱུང་པོ་འདུལ་བའི་མཆོག་ཕུར་དུ་བཏབ་པ་ནི། བགེགས་དཔུང་དབུས་སུ་རང་བྱུང་ཧེ་རུ་ཀ །སྔོན་ཚེ་གཟིར་གནོན་དྲག་པོས་བཏུལ་བ་བཞིན། །བོད་ཡུལ་ས་འདུལ་གཙུག་ལག་ཁང་འདི་ཡང་། །མཐའ་དམག་བགེགས་དང་འབྱུང་པོ་འདུལ་བ་མཚར། །དཔུང་ཚོགས་ནང་དུ་དཔའ་བོ་ཆས་པ་བཞིན། །ཕ་རོལ་དགྲ་སྡེ་རབ་ཏུ་ཕམ་བྱས་ནས། །རང་ཕྱོགས་རྣམ་པར་རྒྱལ་བའི་ཕྱོགས་འཛིན་པས། །སྔོན་མེད་(༢༠)རྒྱལ་བའི་དཔའ་བོ་བྱོན་པ་སྙམ། །བོད་ཡུལ་ཀུན་གྱི་གནོད་པ་ཟློག་པ་དང་། །ཕན་པ་སྒྲུབ་པ་རིག་སྔགས་མཆོད་སྡོང་བཞིན། །བདེ་ལེགས་སྤེལ་བའི་ཡིད་བཞིན་ནོར་བུ་དང་། །མཚུངས་པར་གྱུར་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་འཇིགས་ཤིང་འདུལ་དཀའ་བའི་ས་ཕྱོགས་དུར་ཁྲོད་གསང་བ་མཆོག་དང་འདྲ་བར་ཡེ་ཤེས་འབར་བའི་གཞལ་ཡས་ཁང་ཆེན་པོ་བཞུགས་སུ་གསོལ་བ་ཡང་། ས་མི་འགྱུར་བ་རྡོ་རྗེའི་ལྟེ་བ། བར་མི་འགྱུར་བ་བཀྲ་ཤིས་ཀྱི་བང་རིམ། གནམ་མི་འགྱུར་བ་རིན་པོ་ཆེའི་འཕྱང་གུར་གསུམ་ལ་དམིགས་བཙལ་ཏེ། ས་གཞི་ཀོ་རློན་བརྒྱངས་པ་ལྟ་བུ་མཐའ་དམག་གི་བླར་བཅས་པ་ས་གྲུ་གསུམ་ཧོམ་ཁུང་ལྟ་བུའི་ནང་དུ་བསྡུས། ཕྱོགས་ཀྱི་ས་དགྲ་རང་གཤེད་རང་ལ་ཕབ་པ་དབུས་སུ་ཞྭ་པདྨ་དབང་ཆེན་གྱི་གཞལ་ཡས་ཁང་གཟིར་གནོན་དྲག་པོའི་མཆོག་ཕུར་དུ་བཏབ་ནས། ཆོས་དང་ནོར་གྱི་གཏེར་ཁ་དུ་མས་བརྒྱན་པ་ལ། ཨོ་རྒྱན་པདྨ་འབྱུང་གནས། མཁས་པ་བི་མ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ་རྣམས་ཀྱིས་ས་འོག་འབྱུང་པོའི་གནོན་པ་དང་། བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་དུ་མ་མཛད་དེ། རབ་ཏུ་གནས་པ་ལན་བདུན་བདུན་སྔ་ཕྱི་རིམ་གྱིས་མཛད་པའི་ཚེ། ནང་གི་ལྡེར་སོ་རྣམས་ཕྱིར་བྱོན་ནས་སླར་སྔ་མའི་གནས་སུ་བཞུགས་པ་དང་། ནམ་མཁའ་ལས་ལྷའི་བུ་རྣམས་ཀྱིས་མཆོད་པའི་ཆར་འབེབས་པ་ལ་སོགས་པ་བཀྲ་ཤིས་ཀྱི་དགེ་མཚན་དུ་མ་མངོན་སུམ་དུ་བྱུང་བ་བོད་འབངས་ཡོངས་ཀྱིས་མཐོང་བས་ངོ་མཚར་དུ་གྱུར་པ་ལགས་སོ། །དེ་ཡང་ཀུན་གྱི་སྤྱི་བོར་བརྟེན་པར་འོས་པ་དང་། དམ་ཅན་རྡོ་རྗེ་ལེགས་པས་འབྲུའི་ཕུད་ཞྭ་སྤྱི་བརྟོལ་དུ་ཕུལ་བ་ལས་བཞེངས་པའི་ཕྱིར། ཞྭ་པདྨ་དབང་ཆེན་གྱི་ལྷ་ཁང་ཞེས་གྲགས་སོ། །

དུས་རིང་རྒྱལ་བའི་ཐུགས་རྗེ་རྨད་བྱུང་དང་། །གངས་ཅན་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ལས། །གཙིགས་ཀྱི་ནོར་བུ་ཞྭ་ཡི་གཙུག་ལག་ཁང་། །ཏིང་འཛིན་བཟང་པོ་འཕགས་པའི་ཐུགས་རྗེས་བསྒྲུབ། །རྟེན་རྣམས་ཀུན་ཀྱང་དངོས་སུ་རང་བྱོན་ཞིང་། །ལྷ་རྣམས་ཀུན་ཀྱང་མེ་ཏོག་ཆར་པ་འབེབས། །མི་རྣམས་ཀུན་ཀྱང་ངོ་མཚར་ཡིད་བར་གཡོ། །ཕྱོགས་རྣམས་ཀུན་ཀྱང་བཀྲ་ཤིས་བདེ་ལེགས་གྱུར། །འདི་ཡི་ངོ་མཚར་བསོད་ནམས་གཟི་འོད་ཀྱིས། །བོད་ཡུལ་བདེ་ཞིང་རྗེ་འབངས་དགོངས་པ་འགྲུབ། །མཐའ་རྣམས་ནོན་ཞིང་འདུ་བ་ཕུན་སུམ་ཚོགས། །མི་དབང་གླིང་བཞི་འཁོར་ལོས་སྒྱུར་རྒྱལ་བཞིན། །དེ་འདྲའི་ངོ་མཚར་གཙུག་ལག་ཁང་ཆེན་འདི། །རྒྱུ་བཟང་བཀོད་ལེགས་རང་བྱུང་འཕྲུལ་གྱི་བཟོ། །བྱས་པ་མི་འདྲ་ལྷུན་གྱིས་གྲུབ་པ་འདྲ། །འོག་མིན་དག་པའི་ཞིང་ལ་འགྲན་པ་བཞིན། །རྒྱལ་བས་བྱིན་བརླབས་ངོ་མཚར་རྨད་ཀྱི་རྟེན། །དད་ལྡན་རྣམས་ཀྱི་ཐར་པའི་ཐེམ་སྐས་མཆོག །སྐྱེ་(༢༡)དགུའི་དོན་སྒྲུབ་མཛད་ལ་དགེ་ལེགས་བཞིན། །ཚུ་རོལ་མཐོང་བའི་ཡུལ་ལས་འདས་སོ་ཀྱེ། །

དེ་ལྟར་ངོ་མཚར་མཆོག་གིས་བརྒྱན་པའི་གཙུག་ལག་ཁང་འདི་བཞེངས་པའི་མཐུ་དཔལ་གྱིས། བོད་ཡུལ་ཙམ་དུ་བདེ་སྐྱིད་དཔལ་འབར་ཞིང་། རྗེ་བློན་ཀུན་གྱི་དགོངས་པ་ཡིད་བཞིན་དུ་འགྲུབ་ནས་མཐོ་རིས་དང་ཐར་པའི་ལམ་བཟང་བསྟན་པ་ལགས་སོ། །འདི་ནི་རེ་འདོད་ཡིད་བཞིན་གྱི། །ནོར་བུ་རྒྱལ་མཚན་རྩེ་མོར་བྱོན། །ཕོངས་པ་ཀུན་ལས་ངེས་སྒྲོལ་བའི། །དངོས་གྲུབ་ཡིད་བཞིན་ཆར་པ་འབེབས། །འདི་ནི་སྲིད་གསུམ་འགྲོ་བའི་གཉེན། །སྐྱབས་མཛད་དཔུང་གཉེན་མཆོག་ཏུ་བྱོན། །འཇིགས་པ་ཀུན་ལས་ངེས་པར་གྲོལ། །དབང་ཕྱུག་སྐྱེ་དགུའི་རེ་བ་སྐོང་། །འདི་ནི་ཕན་བདེའི་ཡིད་བཞིན་སྤྲིན། །ཚངས་དབྱངས་ལྷ་ཡི་རྔ་སྒྲ་བྱོན། །ཉེས་པ་ཀུན་ལས་ངེས་སྒྲོལ་བའི། །ཡོན་ཏན་ཆར་གྱི་ཚོགས་མང་བཀྱེ། །

དེ་ལྟ་བུའི་གཙུག་ལག་ཁང་འདིས་ནི་བོད་ཀྱི་ཡུལ་ཀུན་ཏུ་འཇུག་པའི་མཐའ་དམག་དང་འབྱུང་པོའི་འཚེ་བ་ཐམས་ཅད་སྐྱོབ་ཅིང་། ཡུལ་གྱི་སོ་ཁ་དང་མཚམས་དག་བསྲུང་བར་བྱས་པ་ཡིན་ཏེ། འཕགས་པ་གླང་རུ་ལུང་བསྟན་པའི་མདོ་ལས། ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། མ་འོངས་པའི་རྩོད་པའི་དུས་ན་ཡུལ་འདི་གཞོམ་པའི་ཕྱིར་སུམ་པའི་དམག་ཕལ་མོ་ཆེ་དང་། གྲུ་གུ་རུས་སྣ་ཚོགས་དང་། ཧོར་དང་། གཞན་ཡང་དད་པ་མེད་པ་དག་འོང་བར་འགྱུར་ཏེ། དེའི་ཡུལ་གཞན་དང་གཞན་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱིན་གྱིས་བརླབས་པ་དག་ཡུལ་འདིར་གཤེགས་ནས། ཡུལ་གྱི་ས་མཚམས་སྲུང་བར་མཛད་དེ། བསོད་ནམས་ཀྱི་སྟོབས་དེས་ཡུལ་འདི་གཏན་བརླག་པར་མི་འགྱུར་རོ། །

བྱང་ཕྱོགས་ཀྱི་ཡུལ་ཞྭ་ཞེས་བྱ་བར་སངས་རྒྱས་ཀྱི་གཟུགས་བརྙན་ཤེན་ཞྭ་ཞེས་བྱ་བར་འོག་གི་འཇིག་རྟེན་ནས་འབྱུང་བར་འགྱུར་ཞིང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །གཞན་ཡང་ཡུལ་འདིར་ངའི་གཟུགས་བརྙན་ཆེན་པོ་ཤིང་རྟར་འདྲེན་པར་བྱས་ཏེ། མཁར་དགེ་བ་ཅན་ཞེས་བྱ་བའི་ནང་དུ་བཞག་ནས་མཆོད་གནས་ཆེན་པོ་བྱེད་པར་འགྱུར་རོ། །གནོད་པ་རྣམས་ཀྱང་ཞི་བར་འགྱུར་རོ། །གལ་ཏེ་རྒྱའི་དམག་མཆི་བར་འགྱུར་ན་དེ་དག་གི་སེམས་དད་པར་འགྱུར་ཞིང་། སླར་ཡུལ་འདི་ལ་ཕན་འདོགས་པ་དང་། ཕྱིས་ཡུལ་འདིར་བསོད་ནམས་བྱ་བའི་དངོས་པོ་དགེ་བ་དང་། གཙུག་ལག་ཁང་ཚར་མ་ལ་སོགས་པ། ཡུལ་བྱིན་གྱིས་བརླབས་པ་རྣམས་སུ་ཐེག་པ་ཆེན་པོའི་མདོ་སྡེའི་སྡེ་སྣོད་སྣ་ཚོགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་། སངས་རྒྱས་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེ་མང་པོ་ཀློགས་ཤིག་དང་། ཡུལ་སོ་(༢༢)སོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་སོགས་པ་དང་། མཐུ་སྟོབས་ཆེན་པོའི་སེམས་ཅན་དེ་དག་ཡུལ་འདིར་འོངས་ནས། ཆོས་ཀྱི་རོ་མནོས་ཤིང་དུས་གསུམ་དུ་གཏོགས་པ་རྣམས་ཀྱིས་དམ་ཚིག་ལས་མི་འགལ་བར་བྱེད། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དང་། ཡུལ་ཡང་སྲུང་བར་བྱེད། ཡུལ་འདིའི་མི་དང་བསྟན་པ་ཡང་བསྲུང་བར་འགྱུར་རོ། །ཞེས་གསུངས་སོ། །

དེ་ལ་གླང་རུ་ལུང་བསྟན་པའི་ཡུལ་ནི། བོད་ཆེན་པོ་ཡིན་ལ། རི་གླང་རུ་ལྷ་ས་ལྕགས་པོ་རི་དང་དམར་པོ་རི་ཡིན་ཞིང་། གཟུགས་བརྙན་ཤིང་རྟ་ལ་གདན་འདྲེན་པ་སྔོན་ཇོ་བོ་རྒྱ་ནག་ནས་གདན་དྲང་བ་སྟེ། མཁར་དགེ་བ་ཅན་འཕྲུལ་སྣང་ཡིན་ལ། གཙུག་ལག་ཁང་ཚར་མ་ར་མོ་ཆེ་ལ་སོགས་སོ། །འགྱུར་ཁ་ཅིག་ཏུ་བྱང་ཕྱོགས་ཀྱི་ཡུལ་ཤྭ་ཞེས་བྱ་བར་ཞེས་པ་ནི། སྐད་ཀྱི་བྱིངས་འདྲ་བ་ལ་ལོ་ཙཱ་ཕྱི་མས་མ་འགྱུར་བར་ཟད་མོད། སྔོན་གྱི་འགྱུར་ཆེན་དག་ལས་ཞྭ་ཞེས་བསྒྱུར་བར་ཡིན་པའི་ཕྱིར། གཙུག་ལག་ཁང་འདི་ཡི་མཚན་དུ་ཤེས་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པས་ལུང་བསྟན་པའི་གཙུག་ལག་ཁང་ཆེན་པོ་འདི་བོད་ཡུལ་གཙུག་ལག་ཁང་ཀུན་དང་། ཁྱད་པར་དུ་ལྷ་ས་བསམ་ཡས་ཀྱི་འོབ་རགས་ལྟ་བུ་ཡིན་པས། འདི་ཅི་ཙམ་དུ་དར་ཞིང་རྒྱས་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་དང་གཙུག་ལག་ཁང་སྡེ་དགོན་དང་བཅས་པ་ཐམས་ཅད་དར་རྒྱས་སུ་འགྱུར་ལ། འདི་གུད་ནའང་འོབ་རགས་ཞིག་པའི་ཡུལ་ལྟར་གཞན་རྣམས་མྱུར་དུ་གོག་པོར་འགྱུར་བའི་ཕྱིར། གཙུག་ལག་ཁང་འདི་མཆོག་ཏུ་གཉན་པས་གསོ་བ་དང་། མཆོད་པ་འབུལ་བ་ལ་བརྩོན་པར་བྱའོ། །

༈ དེ་ལྟར་ཡིན་པའི་གཏན་ཚིགས་ཆེ་ལོང་དུ་བཀོད་པ་ནི། སྔོན་གྱི་རྒྱལ་བློན་རྣམས་འདས་ནས་རིང་ཞིག་ན། གཙུག་ལག་ཁང་འདི་མཆོད་པའི་རྐྱེན་དུ་མ་བབ་ཅིང་མཆོད་པ་དང་། བཀུར་སྟི་བྱེད་པ་མེད་པ་ལས། བོད་འདིར་ནད་དང་མུ་གེ་དང་། ནང་འཁྲུགས་ལ་སོགས་པའི་གནོད་པ་མང་དུ་བྱུང་ངོ་། །དེའི་འོག་ཏུ་ཕྱོགས་ཀྱི་མཆོད་རྟེན་ཞིག་པ་ལས། རྒྱལ་པོ་གླང་གིས་བསྟན་པ་བསྣུབས་པ་ནས་བཟུང་སྟེ། འབངས་ཁེངས་ལོག །མི་རྗེ་ཡུལ་ཕྱུང་། བོད་ནང་འཁྲུགས་ནས་མི་བདེ་བ་དུ་མ་བྱུང་ངོ་། །དེ་ནས་དགེ་བ་ཅན་དག་གིས་སྔོན་གྱི་ཡིག་ཚང་ལས་བྱུང་བ་ལྟར་ཅུང་ཟད་གསོས་ཤིང་མཆོད་པ་ཕུལ་བ་ལས། བསྟན་པ་བར་དར་དཀོན་མཆོག་གི་ཉི་མ་ཤར་བ་ཡིན་ནོ། །

དེའི་འོག་ཏུ་འདོད་སྲེད་ཅན་དག་གིས་གཙིགས་ཀྱི་ཁང་བུ་ཕྱེས་ནས་གཏེར་ཕྱུང་། གཙུག་ལག་ཁང་གི་ས་གནོན་གྱི་མེ་བཙའ་ཉམས་སུ་བཅུག་པ་ལས། ལྷོ་རི་ནས་ས་རོལ་གྱི་ཀློང་རྡོལ་བས་སྨན་གྲོང་ཤྭས་མནན། གཙུག་ལག་ཁང་གི་དགྲར་སོང་བས་བགས་ཀྱིས་གོགས་པ་ལ་བརྟེན་ནས། བོད་ཡུལ་དུ་ཤྭ་འུད་དང་ནད་(༢༣)དང་མུ་གེ་ལ་སོགས་པའི་མི་རུང་བ་མང་དུ་བྱུང་ངོ་། །དེ་ནས་རིང་ཞིག་ན་བདུད་ཀྱི་རིགས་ཅན་ཁ་ཅིག་གིས་སྒོ་ཁང་སྟེང་ནས་གཏེར་བྲུས་པས་རང་འཐག་ལྟོ་སྦྱར་ནས་ཐོད་པ་ཁ་སྦྱར་འཕུར་ཏེ་མི་རུང་བའི་སྒྲ་བྱུང་། ཆག་པའི་སྒྲོག་རལ་པས་བོད་ཡུལ་དུ་ལོ་ཉེས། སོ་ཁ་ཧོར་ལ་ཤོར། དེའི་ཕྱི་ལོ་ལ་ཡང་བདུད་ཀྱི་སྤྲུལ་པ་དག་གིས་སྒོ་ཁང་དང་འཁོར་ས་མེས་བསྲེགས་པས་ཧོར་གྱི་དམག་རྡོལ། བོད་འབངས་མཚོན་གྱིས་ཉེན། མི་རུང་བ་སྣ་ཚོགས་པ་བྱུང་། དེ་ནས་ཅུང་ཞིག་ན་དགེ་བ་ཅན་འགས་ཕྱི་ནང་གོགས་པ་ཅུང་ཟད་གསོས། མཆོད་པའི་རྐྱེན་སྦྱར་བ་ལས་བོད་ཡུལ་འཇམ་བདེ། ཕྱི་ནང་གི་འཁྲུགས་འཚེ་མེད་པ་ལ་དར་ཞིང་གནས་སོ། །དེ་ནས་བསྟན་པ་མར་འགྲིབས་པས་ལྷ་ལ་མཆོད་པ་མེད། གཙུག་ལག་ཁང་དུ་བུད་མེད་དང་བ་གླང་ཞུགས་པས་གོགས་ཤིང་འོ་བརྒྱལ། དེའི་རྟེན་འབྲེལ་གྱིས་བོད་ཀྱི་ལྷ་ཁང་སྡེ་དགོན་ཕལ་ཆེར་སྒོག །མི་རུང་བ་སྣ་ཚོགས་བྱུང་ངོ་། །

དེ་ནས་དུས་ཀྱི་ཐ་མ་ལ་ཡུལ་འདིའི་མི་རྣམས་ཀྱི་སྙིང་དུ་བདུད་དང་རྒྱལ་འགོང་ཞུགས་པས་གཙུག་ལག་ཁང་འཇིག་པའི་མགོ་བརྩམས་ཏེ། བགེགས་རིགས་ངོ་ཚ་དང་བྲལ་བའི་སྐྱེ་བོ་ཁྲེལ་མེད་པ་རྣམས་ཀྱིས་རྒྱ་ཕིབས་དང་། དབུ་རྩེ་བཤིགས། བདུད་རིགས་དམ་ལས་ལོག་པའི་རབ་ཏུ་བྱུང་བ་དང་། དགེ་བའི་བཤེས་གཉེན་ལྟར་བཅོས་པ་རྣམས་ཀྱིས་མདོ་སྔགས་དང་ལྟག་རོལ་བཤིག །ཉེ་བའི་མཚམས་མེད་པ་བྱས་ནས་ངན་སོང་མུ་མཐའ་མེད་པའི་ལས་བྱས་པ་ལ་བརྟེན་ནས། བྱེད་པ་པོ་དེ་དག་ལ་ཚེ་འདིར་མཐོང་བའི་ཆོས་སུ་ཚེ་ཐུང་བ་དང་། རྒྱལ་པོའི་ཆད་པ་དང་། སེར་བས་ཉེན་པ་ལ་སོགས་པ་མི་རུང་བ་སྣ་དགུ་བྱུང་། བོད་ཡུལ་ཙམ་དུ་ལོ་ཆུ་དུས་སུ་མི་སྨིན། ཐན་པ་དང་སད་སེར་མོད། ཤྭ་འུད་དང་ཆུ་འབྱམས་རྡོལ། ས་གཡོས་དང་རླུང་དམར་ལྡང་། ཉི་ཟླ་ཡང་ཡང་ཤི། རྒྱུ་སྐར་གྱི་ཁྲོམ་འགྲོས་བྱེད། ཚེས་ཀྱི་ལྷག་ཆད་མང་། དྲང་སྲོང་གི་གནོད་པ་དར། གློ་བུར་གྱི་ཡེ་འདྲོགས་མང་། བགེགས་རིགས་ཀྱི་མཐའ་མི་ཡོང་། ཕྱི་ནང་གི་འཁྲུགས་འཚེ་སྦྱོར། དམག་རིགས་སྣ་དགུ་རྡོལ། བཅོམ་ཕྲོག་དང་བསད་ཤི་མང་། ནད་མཚོན་དང་མུ་གེ་དར། སྡུག་བསྔལ་གྱི་མཚོ་བརྡོལ་ནས་མཐའ་དང་དབུས་སུ་འཁྲུག་ཅིང་བདེ་བའི་གོ་སྐབས་མེད་པ་ཐམས་ཅད་ཀུན་གྱིས་དྲན་པར་བྱུང་བ་ཡིན་ནོ། །

གང་དུ་ཡིད་བཞིན་རིན་ཆེན་སྟོར་བ་ན། །ཕྱོགས་དེར་བདེ་བའི་གོ་སྐབས་མེད་པ་ལྟར། །གཙུག་ལག་ཁང་འདི་ཞིག་པས་བོད་ཡུལ་འདིར། །གནོད་པའི་ཚོགས་རབ་ཆར་དུ་འབབ་པ་ཡིན། །གྲོང་རྣམས་གོང་གི་ཐོག་མའི་རགས་ཞིག་ན། །རིང་པོར་མི་ཐོགས་ཆུ་བོས་ཉེན་པ་ལྟར། །གཙུག་ལག་ཁང་འདི་ཞིག་པས་ཡོད་ཡུལ་འདིར། །མི་བདེའི་སྡུག་བསྔལ་སྣ་ཚོགས་བྱུང་བ་ཡིན། །གཡུལ་ངོར་ཐོག་མར་དཔའ་བོ་(༢༤)ཉམ་ཉེས་ན། །དཔུང་ཚོགས་ཐམས་ཅད་མྱུར་དུ་ཕམ་པ་ལྟར། །གཙུག་ལག་ཁང་འདི་ཞིག་པས་བོད་ཡུལ་འདིར། །མཐའ་དམག་ལ་སོགས་ཉེས་ཀུན་བྱུང་བ་ཡིན། །རྒྱལ་སྲིད་ཡུལ་གྱི་སོ་ཁ་ཤོར་བ་ན། །རིང་པོར་མི་ཐོགས་ཡུལ་ཁམས་འཆོར་བ་ལྟར། །གཙུག་ལག་ཁང་འདི་ཞིག་པས་བོད་ཡུལ་འདིར། །གཙུག་ལག་ཁང་ཀུན་འཇིག་ཅིང་ཉམས་པར་འགྱུར། །དེ་ཕྱིར་བོད་ཡུལ་ཀུན་གྱི་གཙུག་ལག་ཁང་། །འདི་བས་གཉན་པ་གཞན་ན་ཡོད་མིན་པས། །ཅུང་ཟད་ཙམ་ཡང་ཉམས་སུ་མི་འཇུག་ཅིང་། །ཕྱི་རབས་དད་འབྱོར་བློ་དང་ལྡན་རྣམས་ཀྱིས། །གསོ་དང་བསྲུང་དང་མཆོད་ལ་བརྩོན་པར་མཛོད། །བོད་ཡུལ་གཙུག་ལག་ཁང་ཀུན་གསོས་དང་མཉམ། །དེ་ཕྱིར་བདེ་ཞིང་མྱུར་དུ་སངས་རྒྱས་འགྱུར། །གཞན་དོན་དགེ་བ་ཅན་རྣམས་འགྲུབ་འགྱུར་ལ། །བསྟན་པ་ནུབ་ཀའི་ཉི་མ་བསྲིང་བར་འགྱུར། །བོད་ཡུལ་ཕན་བདེའི་ལྷག་མ་བཟུང་འགྱུར་ལ། །མྱུར་དུ་དོན་གཉིས་རྫོགས་པའི་སངས་རྒྱས་འགྱུར། །དེ་ནས་ཇི་ཞིག་ན་སྔོན་གྱི་འཕགས་པའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྱད་པར་དུ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཁ་བ་ཅན་གྱི་ཞིང་ཁམས་ལ་བརྩེ་བའི་ཐུགས་རྗེ་ཆེན་པོ་སྐྱེས་ཏེ། སྦྱིན་བདག་དད་པ་ཅན་རྣམས་ཐར་པའི་ལམ་ལ་བསྐྱལ་བའི་དུས་ལ་བབ་པར་མཁྱེན་ནས། གཙུག་ལག་ཁང་གསོ་བའི་ཕྲིན་ལས་མཛད་པ་ནི། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་དབང་གིས་ཏེ། གང་དག་གང་ཞིག་ཚོགས་པ་ལས་ལེགས་པ་དམ་པ་བྱུང་བའི་རྒྱུ་འབྲས་ལ་གཟིགས་ཤིང་། དེ་དང་དེ་ལ་བྱིན་གྱིས་བརླབ་པའི་མཐུ་སྟོབས་འཇུག་པར་མཛད་པ་ནི་འཕགས་པ་རྣམས་ཀྱི་ཆོས་ཉིད་དོ། །ཉི་ཟེར་གསལ་བས་ཕྱེ་བའི་གེ་སར་དང་། །དགུང་ཟླའི་འོད་ཀྱིས་དངར་བའི་ཀུ་མུད་ལྟར། །ཐུགས་རྗེའི་ཟེར་གྱིས་གདུལ་བྱའི་མཁར་ཁྱབ་པ། །རབ་དཀར་དགེ་ལེགས་སྣང་བ་གསལ་བྱེད་ཡིན། །མཁྱེན་བརྩེའི་དུས་སྤྲིན་གཡོས་པས་མཛེས་པ་གང་། །འཇིག་རྟེན་རེ་འདོད་རྣམས་ལ་ལྷ་ཡི་ཆུ། །བདུད་རྩིའི་ཆར་ཟིམ་འབབ་པས་དགའ་བ་གང་། །ས་སྟེང་འགྲོ་ལ་དེ་ལྟར་སྣང་བ་ཡིན། །སྔོན་ནས་གོམས་པའི་དད་པ་རླབས་ཆེན་ལ། །འདིར་ཡང་འབད་པའི་བརྩོན་པ་ཤུགས་དྲག་པོས། །དུས་ལ་བབ་ཚེ་དགེ་ལ་སྤྲོ་བ་གང་། །ཡིད་ལྟར་མགྱོགས་པའི་ཤུགས་ཀྱིས་དེ་རབ་འགྲུབ། །དགེ་བའི་བརྩོན་པ་གང་ལ་དགེ་བ་ཡི། །ལྷ་རྣམས་ཀྱིས་ཀྱང་དགེ་བའི་གྲོགས་བྱེད་ཅིང་། །དེ་ཡི་མོས་དགེ་ཕུན་ཚོགས་དེ་མཐོང་ནས། །དགེ་བའི་བཤེས་ཀྱིས་དེ་ཡི་དགེ་ལེགས་སྤེལ། །

དེ་ཡང་འཕགས་པའི་ཐུགས་རྗེ་རྨད་དུ་བྱུང་བའི་འོད་ཟེར་དང་། རང་གི་ལེགས་པར་བྱས་པའི་ལས་དང་སྨོན་ལམ་གྱི་འཕྲོ་སད་པ་ལ་བརྟེན་ཏེ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་(༢༥)འདབས་སུ་སྐྱེས་ཤིང་། ཨོ་རྒྱན་པདྨས་བྱིན་གྱིས་བརླབས་པ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་དང་། སྐུ་ཚེ་སྔ་མའི་རབས་དཔག་ཏུ་མེད་པ་ནས་བསོད་ནམས་ཀྱི་སྟོབས་མངའ་ཐང་ཆེན་པོས་དབང་འབྱོར་པས། འདིར་ཡང་རིགས་དང་འབྱོར་པ་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པས་སྐྱེ་དགུ་རྣམས་ཀྱི་གཙོ་བོར་གྱུར་ཅིང་། བསོད་ནམས་ཀྱི་སྟོབས་ཀྱིས་ཕ་རོལ་གྱི་སྡེ་དཔུང་ཟིལ་གྱིས་གནོན་པའི་སྐལ་བ་བཟང་པོ་ཅན། དབང་ཕྱུག་དམ་པའི་མངའ་བདག་མིའི་ཡང་དག་ཕུལ། སློབ་དཔོན་ཀུན་དགའ་འོད་ཟེར་རིན་ཆེན་གྱི་ཞལ་སྔ་ནས། སྔོན་གྱི་སྨོམ་ལམ་བཟང་པོའི་ལས་མཐུན་པས་ལྷན་ཅིག་ཏུ་འཛོམ་སྟེ། འཕྲལ་དང་ཡུན་དུ་ཕན་པའི་བཀའ་བགྲོས་ཆོས་སུ་གསོལ་ཞིང་། ཁྱད་པར་དུ་བོད་འབངས་ཡོངས་ལ་ཕན་པའི་དོན་དུ་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གསོ་བར་སྙན་བསྐུལ་བ་ལས། ལེགས་པའི་དོན་རླབས་པོ་ཆེ་ཁུར་དུ་བཞེས་ཏེ། ནང་མི་ཆེ་ཕྲ་ཀུན་དང་ཕྱི་ནང་གི་བཀའ་འཁོར་དགེ་བ་ཅན་ཞོ་ཤས་འབུལ་བ་ཀུན་ལ་བཀའ་བསྒོ་བ་ལས། དཔོན་གཉེར་ཆེན་པོ་ཚུལ་ཁྲིམས་རིན་ཆེན་གྱིས་དཀའ་བ་དང་དུ་བཞེས་ནས་དགོས་པའི་ཚོགས་ཆས་སྦྱར། དཔོན་ཡིག་གཞོན་ནུ་བཀྲ་ཤིས་ཀྱིས་ཐེག་པ་ཁུར་དུ་ཁུར་ནས་སྣ་ཟིན་གྱི་གཞི་བླངས། དཔོན་བརྒྱ་དཔོན་དང་། ཕྱི་མ་མགོན་པོ་རིན་ཆེན་གྱིས་དགེ་བ་ཕྱག་ལེན་ལ་བཏབ་ནས་མཐུན་པའི་རྐྱེན་སྦྱར་ཏེ། ས་མོ་གླང་གི་ལོ་ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ལ་གཙུག་ལག་ཁང་གོག་པོའི་ཕུང་པོ་གཅིག་ཏུ་གྱུར་པའི་ས་རྡོ་སོལ་བ་ལ་ཞུགས་ནས། བདག་ཅག་དཔོན་སློབ་ཏུ་གཏོགས་པས་ཀྱང་སྔོན་གྱི་ཡིག་ཚང་དང་མཐུན་པར་གཙུག་ལག་ཁང་བསྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་མྱུར་དུ་འགྲུབ་པའི་རྟེན་འབྲེལ་ལ་ཞུགས་ཏེ། ཡི་གེ་བརྒྱ་པ་འབུམ་ཐེར་གྱི་ཐུན་གྱིས་ཆག་ཉམས་བསྐང་བ་དང་། ཟབ་མོ་ཡུམ་གྱི་སྒྲུབ་པས་བགེགས་དང་བར་ཆད་བཟློག་པ་དང་། སཱཙྪ་འབུམ་ཐེར་གྱི་རིམ་པས་ཡོན་མཆོད་བཟོ་རིག་པ་དང་བཅས་པའི་བར་ཆད་བཟློག་ཅིང་མྱུར་དུ་འགྲུབ་པའི་ཐབས་སུ་བྱ་བ་དང་། ཆུ་གཏོར་འབུམ་ཐེར་གྱི་རིམ་པས་ས་བདག་ཀླུ་གཉན་སྐོང་བ་དང་། སྲུང་མ་སྐོང་གསོའི་རིམ་པས་རྐྱེན་ངན་བར་ཆད་བཟློག་པ་དང་། སྡེ་དགོན་རྣམས་སུ་མང་ཇ་འབུལ་ནོད་ཀྱི་རིམ་པས་ཚོགས་གཉིས་རྫོགས་ནས་གཙུག་ལག་ཁང་གི་མཐུན་རྐྱེན་འབྱོར་པར་བྱ་བ་དང་། རི་རྒྱ་དང་། ཀླུང་རྒྱ་དང་། ཆུ་རྒྱ་དང་། ལམ་རྒྱ་བཙུགས་ནས་མངའ་འོག་འཇམ་བདེར་བྱས་པས་བོད་འབངས་ཡོངས་ལ་ཕན་པའི་རྟེན་འབྲེལ་དུ་བསྒྲུབས་ཏེ། གཙུག་ལག་ཁང་གསོ་བའི་སྔོན་འགྲོ་རྣམས་རྫོགས་པར་གྲུབ་པ་ན། ཡུལ་ཁམས་རྣམས་སུ་གཏམ་གྱི་མཚན་མ་བཟང་པོ། (༢༦)གསེར་དང་། འབྲུ་དང་། ཤིང་གི་གཏེར་ཐོན་ཏོ་ཞེས་བྱ་བ་དང་། གྲུབ་བོ་ཞེས་བྱ་བའི་སྒྲ་གྲགས་ཏེ། ཡོད་བྱད་དེ་དག་གིས་ཕོངས་པ་མེད་པ་དང་། མྱུར་དུ་བར་ཆད་མེད་པར་གྲུབ་པའི་སྔ་ལྟས་སུ་ཤེས་སོ། །

དེ་ནས་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ནས། བཟོ་རིག་པ་ཕལ་ཆེར་འཚོགས་ནས་གཙུག་ལག་ཁང་གི་རྨིངས་བྲེས་ཏེ་བཞེངས་སུ་གསོལ་བའི་རིམ་པ་ལ་བཀོད་པ་མཁན་པོའི་བཟོ་བོ་ནི། མདོ་རྒྱུད་ཀྱི་གནས་དང་ཁྱད་པར་དུ་སྔོན་གྱི་གཙུག་ལག་ཁང་གི་རྒྱུས་ལ་མཁས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད། ཤིང་བཟོ་བ་ནི། བོད་ཡུལ་ཀུན་ན་མཁས་པ་དཔོན་བསོད་ནམས་མགོན་པོ་ཡབ་སྲས་ལ་སོགས་པས་བྱས། ལྷ་བཟོ་བ་ནི། གངས་ཅན་གྱི་ཁྲོད་ན་ལྡེར་རིས་ཀྱིས་གནས་ལ་འགྲན་ཟླ་དང་བྲལ་བའི་སློབ་དཔོན་ཀུན་མཁྱེན་བསོད་ནམས་བཟང་པོ་ཡབ་སྲས་ལ་སོགས་པ་དང་། དབུ་རུ་སྟོད་གསུམ་ན་མཁས་པ་རི་མོ་མཁན་དཔོན་རྒྱ་མ་ལྷ་བཟོ་ཡབ་སྲས་ལ་སོགས་པས་མཛད། མཆོད་རྟེན་པ་ནི། མདོ་རྒྱུད་ཀྱི་དོན་ལ་མཁས་པའི་སློབ་དཔོན་འཇམ་དབྱངས་ལ་སོགས་པས་མཛད། ཡིག་མཁན་ནི་མཁས་པའི་རབ་ཏུ་གྱུར་པ་ཚུལ་ཁྲིམས་དཔལ་གྱི་མཛད། ལྕགས་མགར་བ་ནི། དབུ་རུ་སྟོད་གསུམ་ན་མཁས་པའི་ཕུལ་དུ་ཕྱིན་པ་དཔོན་ཨ་འབུམ་ལ་སོགས་པས་མཛད། ཞལ་བ་ནི། སྟོད་གསུམ་གང་ན་མཁས་པའི་ཡང་རབ་དཔོན་རྒྱ་མ་བས་མཛད། བརྩིག་བཟོ་བ་ནི། སྟོད་སྨད་ཀུན་ན་མཁས་པའི་དཔོན་རིན་ཆེན་སྐྱབས་ཀྱིས་མཛད་ནས། བཟོ་བོ་ཀུན་ཀྱང་སོ་སོའི་བཟོ་རིགས་ལ་བརྩོན་ཞིང་། རུས་སུ་ཐོན་པས་གཟབ་སྟེ། སྔོན་ཇི་ལྟར་ཡོད་པའི་བཀོད་པ་བཞིན་མྱུར་དུ་འགྲུབ་པར་བྱས་སོ། །

ཆེད་དུ་མ་བྱས་རང་བཞིན་སྤྲུལ་པའི་བཟོ། །སྔོན་གྱི་འཕགས་པ་རྣམས་ལ་འགྲན་པ་བཞིན། །རྒྱུ་བཟང་བཀོད་ལེགས་ལྟ་བས་ཆོག་མི་ཤེས། །དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་འདྲ། །བརྩིགས་ཤིང་ཞལ་བ་ལྡེར་རིས་ལྷ་རྣམས་ཀྱི། །བཀོད་པ་རྣམ་པ་བཟོ་ཁྱད་གང་ཡིན་ཀུན། །བརྟགས་ཤིང་ངོ་མཚར་གཞན་དང་མཚུངས་པ་མེད། །ཕྱི་རབས་དུས་ན་སྤྲུལ་པའི་རྣམ་པར་མཚོན། །མྱུར་དུ་གྲུབ་དང་ཁྱད་དུ་འཕགས་པ་དང་། །དགེ་མཚན་མཆོག་དང་གནོད་པ་མེད་པའི་ཕྱིར། །སྤྲུལ་པར་འོས་ཏེ་ཤིན་ཏུ་བརྟག་པར་གྱིས། །འཕགས་པ་རྣམས་ཀྱི་བྱིན་རླབས་ཡིན་པར་ངེས། །འདི་ཡི་རྨང་འཚོལ་བརྩིགས་ཤིང་ཐོག་འབུབས་དང་། །བང་སོ་རི་མོ་བརྩམ་པ་ལ་སོགས་དུས། །དང་བའི་མཁའ་ལ་འཇའ་ཚོན་གུར་ཕུབ་པས། །གཞན་ལས་འཕགས་སོ་འཕགས་པའི་ཐུགས་རྗེ་ཀྱཻ། །

དེ་ལྟར་ཡང་བཟོ་རིག་དང་བཀོད་པ་ཇི་ལྟ་བུར་གནས་ཞེ་ན། །སྔོན་ཇི་ལྟར་ཡོད་པ་ལྟར་བཞེངས་ཏེ། སློབ་དཔོན་ཆེན་པོ་པདྨས་གཙུག་ལག་ཁང་རྙིང་པ་གསོ་བའི་ཐབས་བསྟན་པ་དང་། བཟོ་གནས་འཕྲུལ་གྱི་མེ་ལོང་དུ་བསམ་ཡས་བཞེངས་(༢༧)དུས་ཀྱི་སྤྲུལ་པའི་བཟོ་ཆེན་རྣམས་ཀྱི་བཞེད་པ་དང་། རྟེན་འབྲེལ་བཀོད་པ་ལས་འབྱུང་བ་དང་བསྟུན་ཏེ། འདི་ཡང་ཐམས་ཅད་ལ་ཕན་པའི་རྟེན་འབྲེལ་གྱིས་བཞེངས་སུ་གསོལ་བ་ནི། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། བོད་ཡུལ་ཀུན་གྱི་ས་ཡི་རྟེན་ཕུར་མཆོག །རྒྱལ་བའི་རྟེན་གསུམ་ངོ་མཚར་རྨད་བྱུང་གི། །གཙུག་ལག་ཁང་ཆེན་ཡུན་དུ་གནས་བྱའི་ཕྱིར། །ལྷོ་ཡི་ཕྱོགས་སུ་ས་མིག་མེ་བཙའ་ནི། །གླང་ཆེན་སྣ་ལ་རལ་གྲི་བཏགས་འདྲའི་གདོང་། །གཙིགས་ཀྱི་ཁང་བུ་སྔོན་བཞིན་ལེགས་པར་གསོས། །མཐའ་དམག་འབྱུང་པོའི་གནོད་པ་བཟློག་པ་དང་། །ཕྱི་ནང་འཁྲུག་འཚེ་ཞི་བའི་རྟེན་འབྲེལ་དུ། །གཙུག་ལག་ཁང་སྒོ་ཤར་བསྟན་ཕྱི་ཡི་དབྱིབས། །བདུད་འདུལ་མཆོད་རྟེན་ཟུར་མང་ལུགས་སུ་བཞེངས། །ས་དགྲ་བསྲུང་ཕྱིར་ཕྱི་ནང་ལྕགས་རིའི་སྟེང་། །རྩ་བརྒྱད་མཆོད་རྟེན་ཀུན་ནས་འཁོར་བར་བཞེངས། །གསང་སྔགས་རྡོ་རྗེ་ཐེག་པ་དར་བྱའི་ཕྱིར། །ནང་དབྱིབས་བཀོད་པ་དཀྱིལ་འཁོར་ལུགས་སུ་བཞེངས། །ཡུལ་ཁམས་ཙམ་དུ་ཕུན་སུམ་ཚོགས་བྱའི་ཕྱིར། །ཞལ་རིམ་ལྔ་ལྔས་རྩིགས་ངོས་མཛེས་པར་བྱས། །འདི་དག་རྡོ་བཟོ་ཞལ་བའི་རྟེན་འབྲེལ་ལགས། །ཤིང་བཟོ་རྣམ་བཀོད་རྟེན་འབྲེལ་ཤིས་པ་ནི། །རྗེ་འབངས་ཀླད་ནོན་རིམ་གྱིས་ཆེ་བྱའི་ཕྱིར། །ཤིང་རྣམས་མདོ་ཕུག་སྟེང་འོག་འཚམས་པར་བཀོད། །དབུ་རྨོག་བཙན་ཞིང་གོང་ན་མེད་བྱའི་ཕྱིར། །ལྟེ་བ་རྒྱལ་པོའི་ས་སྟེ་མཐོ་བར་ཕུབ། །མངའ་དབང་འབྱོར་པ་ཆོས་ལ་སྤྱོད་བྱའི་ཕྱིར། །བཅུ་གསུམ་བརྩེགས་རྣམས་གཞལ་ཡས་ཁང་ལྟར་བཀོད། །གདུང་རབས་བརྒྱུད་པ་ཡུན་དུ་གནས་བྱའི་ཕྱིར། །སྐོར་ཁང་བཙུན་མོའི་ས་སྟེ་འཁོར་བར་ཕུབ། །བཀའ་བློན་ཆེ་དགུ་བཙན་ཞིང་ཆེ་བའི་ཕྱིར། །མདའ་ཁང་བློན་པོའི་ས་སྟེ་མཐོ་བར་ཕུབ། །ཡུལ་ཁམས་འདུན་ཞིང་མངའ་འོག་ཆུད་བྱའི་ཕྱིར། །ཕྱི་ཁྱམས་འབངས་ཀྱི་ས་སྟེ་དམའ་བར་ཕིབ། །བན་བོན་རྣམས་ཀྱི་མཐུ་རྩལ་རྒྱས་བྱའི་ཕྱིར། །ཀ་བ་ཆུ་སྲིན་ཀ་ལོས་བརྒྱན་པར་བྱས། །རིགས་གསུམ་སྐྱེ་བོ་རྒྱུན་དུ་འདུ་བྱའི་ཕྱིར། །སྒོ་ཁྱམས་ཀ་བ་འབར་བ་རིས་སུ་བཙུག །ཕྱོགས་ཀྱི་བཀའ་བློན་མངའ་བཙན་ཆེ་བྱའི་ཕྱིར། །སྒོ་ཁང་མཐོ་ཞིང་ཡུལ་ཕྱོགས་མཐོང་བར་ཕིབ། །རྗེ་འབངས་བཙན་ཞིང་རིམ་གྱིས་ཆེ་བྱའི་ཕྱིར། །ཕྱི་ནང་ཕིབ་རྣམས་གོང་འོག་ཕྱེད་པར་ཕིབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་བྱའི་ཕྱིར། །ཤིང་བཟོའི་རྣམ་བཀོད་སྔོན་གྱི་ལུགས་ལྟར་བཞེངས། །ལྡེར་ཚོའི་རྣམ་བཀོད་རྟེན་འབྲེལ་ཤིས་པ་ལ། །བོད་འབངས་བདེ་སྐྱིད་དཔལ་དུ་འབར་བ་དང་། །སྦྱིན་བདག་བཀའ་སྦྱིན་བཙན་འབྱོར་ཆེ་བ་དང་། །དགེ་བའི་བཤེས་རྣམས་སྐུ་ཚེ་རིང་བ་དང་། །འགྲོ་ཀུན་ཉིན་མཚན་ཆོས་ཀྱིས་འདའ་བ་དང་། །ཐམས་ཅད་བདེ་ལྡན་ཞིང་དུ་སྐྱེ་བའི་ཕྱིར། །ཕོ་བྲང་ལྟེ་བ་གཙང་ཁང་དབུས་མ་རུ། །པདྨ་དབང་ཆེན་ཞི་བའི་སྐུར་བསྟན་པ། །མགོན་པོ་ཚེ་དཔག་མེད་ཀྱི་གཙོ་འཁོར་བཞེངས། །བགེགས་རྣམས་གཞོམ་ཞིང་གསང་སྔགས་དར་བ་དང་། །ལོ་པཎ་(༢༨)འབྱུང་ཞིང་དམ་ཆོས་བསྒྱུར་བ་དང་། །ངེས་དོན་དར་ཞིང་སྤྱོད་པ་མང་བ་དང་། །བསམ་གཏན་པ་རྣམས་སྒྲུབ་པ་འཕེལ་བྱའི་ཕྱིར། །གཙང་ཁང་ལྷོ་མར་ཨོ་རྒྱན་གཙོ་འཁོར་བཞེངས། །ཐུབ་པའི་བསྟན་པ་མཚན་ཉིད་ཐེག་པ་ལ། །འཆད་ཉན་དར་ཞིང་མཁས་པ་མང་བ་དང་། །སྡོམ་བརྩོན་དམ་པ་ཀུན་གྱིས་བཀུར་བྱའི་ཕྱིར། །གཙང་ཁང་བྱང་མར་ཐུབ་པ་བཅོམ་ལྡན་འདས། །བཱ་ར་ཎཱ་སིར་འཁོར་ལོ་བསྐོར་བ་ཡི། །གཙོ་འཁོར་བཀོད་པ་ངོ་མཚར་རྨད་བྱུང་བཞེངས། །མཐའ་དམག་བཟློག་ཅིང་བགེགས་ཆེན་གནོན་པ་དང་། །ས་གཡོས་མེ་ཆུ་འབྱུང་བའི་གནོད་པ་དང་། །ནད་དང་འཁྲུགས་ལོང་གནོད་འཚེ་ཞི་བྱའི་ཕྱིར། །དབུས་སུ་རིགས་ལྔའི་ཕྲ་མེན་མཆོད་རྟེན་བཞེངས། །བསྟན་པ་བསྲུང་ཞིང་གཙུག་ལག་སྐྱོང་བ་དང་། །རྟེན་གསུམ་འཇིག་པའི་གནོད་བྱེད་བསྒྲལ་བ་དང་། །དམག་དཔུང་རྒྱལ་ཞིང་དགྲ་སྡེ་གཞོམ་པའི་ཕྱིར། །མགོན་ཁང་བཀའ་སྲུང་ཆེན་པོ་གཙོ་འཁོར་བཞེངས། །རི་མོ་རྣམ་བཀོད་རྟེན་འབྲེལ་ཤིས་པ་ལ། །བོད་འབངས་མི་རྣམས་ཚེ་སྲོག་བརྟན་པ་དང་། །སྦྱིན་པའི་བདག་པོ་སྐུ་ཚེ་རིང་བྱའི་ཕྱིར། །ལྟེ་བ་ནང་ལྟ་ཡེ་ཤེས་འོད་ལྔའི་ཀློང་། །མགོན་པོ་ཚེ་དཔག་མེད་ཀྱི་ཞིང་ཁམས་བཞེངས། །ཡུལ་ཁམས་འབྱོར་ཞིང་རྟག་ཏུ་དགེ་བ་དང་། །ནད་གདོན་འཇིགས་པ་མ་ལུས་ཞི་བའི་ཕྱིར། །ལྟེ་བའི་ཕྱིར་ལྟ་ཞིང་བཀོད་རྣམ་གསུམ་དང་། །རང་བྱོན་ལྷ་བཞིར་བཅས་པའི་ཞིང་ཁམས་བཞེངས། །ཡུལ་ཁམས་དར་ཞིང་མི་རྣམས་འབྱོར་པ་དང་། །སྡེ་དགོན་རྒྱས་ཤིང་བསྟན་པ་གནས་བྱའི་ཕྱིར། །སྐོར་ཁང་ནང་ལྟར་བསྐལ་པ་བཟང་པོ་བཞེངས། །དགེ་བའི་བཤེས་ཀྱིས་སྐྱེ་དགུ་འདུལ་བ་དང་། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་རྒྱས་བྱའི་ཕྱིར། །ཁྱམས་ཀྱི་ལྷོ་ཕྱོགས་ཆོས་རྗེའི་ཞིང་བཀོད་དང་། །རྒྱལ་བའི་ཡུམ་གསུམ་རྣམ་བཀོད་རྒྱུད་རིས་བཞེངས། །གསང་ཆེན་བླ་མེད་བསྟན་པ་དར་བྱའི་ཕྱིར། །གློ་འབུར་ལྷོ་མར་འཁོར་འདས་ཀུན་གྱི་དཔལ། །ཀུན་བཟང་ཆོས་རྗེ་བླ་མའི་ཞིང་ཁམས་བཞེངས། །བོད་ཡུལ་དད་ལྡན་སྐྱེ་བོའི་ཚོགས་རྣམས་ཀུན། །རླབས་ཆེན་སྤྱོད་པས་བྱང་ཆུབ་ཚོལ་བ་དང་། །ཤིན་ཏུ་རྒྱས་པའི་སྡེ་སྣོད་དར་བྱའི་ཕྱིར། །ཁྱམས་ཀྱི་བྱང་ཕྱོགས་ནོར་བཟང་རྒྱུད་རིས་བཞེངས། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་རྒྱས་པ་དང་། །ཐར་ལམ་ཟིན་ནས་གྲོལ་བ་མང་བྱའི་ཕྱིར། །གློ་འབུར་བྱང་མར་ལྔ་སྡེ་བཟང་པོ་དང་། །བརྒྱད་ཁྲིའི་ལྷ་རྣམས་དམ་ཆོས་ཉན་པ་བཞེངས། །སྦྱིན་བདག་རླབས་ཆེན་ཚོགས་གཉིས་རྫོགས་པ་དང་། །མངའ་ཐང་དཔལ་འབྱོར་རབ་ཏུ་རྒྱས་བྱའི་ཕྱིར། །ཁྱམས་སྨད་ཡར་ལྟ་ཀ་སྒྲོམ་གོང་རོལ་ལ། །སྦྱིན་བདག་འཁོར་བཅས་མཆོད་པ་འབུལ་བ་བཞེངས། །སྔོན་གྱི་རྒྱུས་དང་ངོ་མཚར་དྲན་བྱའི་ཕྱིར། །སྒོ་ཁྱམས་ལྷོ་མར་བསམ་ཡས་ཞིང་བཀོད་བཞེངས། །ཕྱི་རབས་དད་ལྡན་གཙུག་ལག་གསོ་བ་དང་། །བཟོ་རིགས་མཁན་རྣམས་(༢༩)གནས་འདིར་འབྱུང་བྱའི་ཕྱིར། །སྒོ་ཁྱམས་བྱང་མར་ད་ལྟའི་བཞེངས་ཚུལ་བཀོད། །གཙུག་ལག་ཁང་གི་གཉེར་གཏད་བཅོལ་བའི་ཕྱིར། །སྒོ་རྒྱབ་ཡར་ལྷ་ཡུལ་ལྷ་གཞི་བདག་བཞེངས། །འཁོར་འདས་འབྱུང་ལྡོག་རྟེན་འབྲེལ་ཤེས་བྱའི་ཕྱིར། །སྒོ་ཁང་ལྷོ་ངོས་སྲིད་པའི་འཁོར་ལོ་དང་། །སྣོད་བཅུད་འཇིག་རྟེན་རང་བཞིན་ཤེས་བྱའི་ཕྱིར། །སྒོ་ཁང་བྱང་ངོས་འཇིག་རྟེན་བསྟན་བཞག་བཀོད། །མཐའ་དམག་ལ་སོགས་རྒོལ་བ་བཟློག་པ་དང་། །ཡུལ་གྱི་ས་མཚམས་ཡོངས་སུ་བསྲུང་བྱའི་ཕྱིར། །སྒོ་ཁང་སྟེང་ངོས་རིགས་གསུམ་མགོན་པོ་བཞེངས། །དེ་ལྟར་བཟོ་རིགས་རྟེན་འབྲེལ་མཐུན་གྱུར་པ། །མདོ་རྒྱུད་ལུང་དང་མཁས་གྲུབ་བཞེད་བཞིན་བཀོད། །དེང་སང་ལུགས་བཞིན་རང་བཟོ་འདོད་རྒྱལ་དང་། །རྟེན་འབྲེལ་ལོག་པའི་གཙུག་ལག་མ་ཡིན་པས། །ཕྱི་རབས་དུས་ཀྱི་གཡང་ཚེ་འདི་ལ་མཛོད། །འདི་ཕྱིའི་བཀྲ་ཤིས་བདེ་ལེགས་འབྱུང་བ་ཡིན། །དེ་ལྟར་ངོ་མཚར་གཙུག་ལག་ཁང་ཆེན་ཡང་། །བབ་ཅོལ་དུ་ནི་རྩོམ་པ་མ་ཡིན་ཏེ། །མ་ལུས་འགྲོ་ཕན་བཟང་པོའི་སེམས་བསྐྱེད་ནས། །རྨངས་ཆོས་མནན་པ་ཆེན་པོ་ཁ་གསོས་ལ། །བར་ཆོས་རིན་ཆེན་ཆོས་ཀྱི་གཏེར་གསོས་ཤིང་། །ལྷ་རྣམས་ནང་དུ་འཕེལ་གདུང་རིང་བསྲེལ་དང་། །གཟུངས་དང་མཆོད་རྫས་བཀྲ་ཤིས་དུ་མ་བཞུགས། །རབ་ཏུ་གནས་ཏེ་བཞུགས་སུ་གསོལ་བ་ཡིན། །འདི་དག་དུས་སུ་བགེགས་ཀུན་ཞི་བ་དང་། །ངོ་མཚར་ཡ་མཚན་ཆེན་པོའི་ལྟས་བྱུང་བའི། །ཆེ་ལོང་ཙམ་ཞིག་ཡོངས་སུ་སྨོས་གྱུར་ན། །གཙིགས་ཀྱི་ཁང་བུ་མནན་པ་གསོ་བའི་ཚེ། །དར་ཅིག་མུན་སྲོས་གློ་བུར་སེར་སྤྲིན་གཡོས། །ཐམས་ཅད་དངངས་ཤིང་འཇིགས་སུ་རུང་བ་བྱུང་། །རྗེས་ལ་བཀྲ་ཤིས་ཉི་མ་འཇམ་དྲོས་ཤར། །བགེགས་རྣམས་ནོན་ཞིང་བདེ་ལེགས་འབྱུང་བ་སྟེ། །རྟེན་འབྲེལ་ལེགས་པའི་ཐོག་མར་བྱོན་པ་ལགས། །དེ་ནས་བཟུང་སྟེ་བཟང་པོའི་དུས་རྣམས་དང་། །བཟོ་རིགས་གང་ཞིག་ཡོངས་སུ་བརྩམས་པ་ན། །དྭངས་པའི་མཁའ་ལ་འོད་ལྔའི་མདངས་གསལ་ཞིང་། །ཡིད་འོང་དགེ་བའི་མཚན་མ་དུ་མ་མཐོང་། །ཡང་ཅིག་དགོངས་ཐུན་མུན་པའི་མཚམས་དག་ན། །གསེར་ཞུན་ལྟ་བུར་མཛེས་པའི་འོད་ཟེར་གྱིས། །གཙུག་ལག་ཁང་འདི་ས་གཞིར་བཅས་པ་ཁྱབ། །དེ་འདྲའི་སྣང་བ་ངོ་མཚར་མཆོག་གཅིག་ཀྱེ། །ཕྱོགས་རྣམས་ལོ་ལེགས་འཁྲུགས་འཚེ་ཞི་བ་དང་། །ཆོམ་རྐུན་མེད་ཅིང་མགྲོན་པོ་བདེ་བར་རྒྱུ། །ལྷ་ཡི་ཡུལ་བཞིན་རེ་སྨོན་དམ་པའི་གཞི། །མཆོག་ཏུ་བསྟོད་གསུམ་བདེ་བར་གྱུར་པ་ལགས། །འདི་ནི་བདག་གི་མོས་དགེ་ཕུན་ཚོགས་དང་། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་དང་། །ཁྱད་པར་ཨོ་རྒྱན་པདྨའི་ཐུགས་རྗེ་སྟེ། །བོད་འབངས་མི་རྣམས་ངོ་མཚར་བྱ་བར་རིགས། །

དེ་ལྟར་རྨད་དུ་བྱུང་བའི་གཙུག་ལག་ཆེན་པོ་འདི་གླང་གི་ཟླ་བ་གསུམ་པའི་ཚེས་(༣༠)བཅུ་གཅིག་ལ་རྨངས་བྲེས་པ་ནས་བཟུང་སྟེ། ཟླ་བ་བཅུ་པའི་བར་ཟླ་བ་བདུན། ངོ་དང་བརྒྱད་ནས་ལེགས་པར་འགྲུབ་སྟེ། བོད་སྤྱི་མཐུན་གྱི་བསམ་པ་འགྲུབ་པ་ལགས་སོ། །ཕྱི་རབས་ཀྱི་དད་པ་ཅན་དག་གིས་ཀྱང་གཙུག་ལག་ཁང་ཡོངས་སུ་གསོ་བའི་རིམ་པ་དེ་ལྟར་མཛད་ཅིང་། ཁྱད་པར་དུ་འདི་ཡི་རིམ་པ་གསོ་ལུགས་གོང་དུ་སྨོས་པ་བཞིན་ཏེ། ཐོག་མར་གཙིགས་ཀྱི་ཁང་བུ་གསོས་ལ། དེ་ནས་འདི་ཉིད་མཁྱེན་རབ་ཆེ་བ་དང་། ནུས་མཐུར་ལྡན་པས་དང་པོ་ཇི་ལྟར་ཡོད་པ་བཞིན་གསོ་བར་གདམས་ཏེ། མཁྱེན་པ་སྔ་ནས་ཆེ་བའི་ཕྱིར་རོ། །

སྔོན་གྱི་ཆོས་རྒྱལ་དམ་པ་དེ་དག་གི། །ལྷག་པའི་ཐུགས་རྗེ་མཆོག་ཏུ་ཞུགས་གྱུར་པས། །པདྨ་དབང་ཆེན་གཙུག་ལག་ཁང་གསོས་ཏེ། །གངས་རིའི་ཡུལ་འདིར་མཆོག་ཏུ་བདེ་བར་བྱས། །ལྷག་བསམ་རྣམ་དག་དད་བརྒྱའི་རང་བཞིན་གྱིས། །ཡ་མཚན་འཕྲུལ་གྱི་བཟོ་རིག་རྣམ་བཀོད་དེ། །འཛམ་བུའི་གླིང་འདིར་ཕྱི་རབས་མིས་བསྒྲུབ་རྟེན། །སྤྲུལ་པ་འདྲ་ཞེས་ངོ་མཚར་བྱ་བའི་རིགས། །

དེ་ལྟར་ཡང་དག་ཕུལ་དུ་གྱུར་པའི་གཙུག་ལག་ཁང་ལ་ཐོག་མར་ཀུན་ནས་དགེ་བའི་རབ་ཏུ་གནས་པས་བསོད་ནམས་ཀྱི་ཞིང་མཆོག་དམ་པར་གྱུར་པ་ནི། སྔོན་དང་མཚུངས་པར་གྲུབ་པ་ཡིན་ན། དེ་ལ་ཁ་ཅིག་འདི་ཅི་སྔོན་ནི་འཕགས་པ་རྣམས་ཀྱིས་མཛད་ལ། དེང་སང་དེ་ལྟར་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། བྱེད་པ་པོ་ལ་ཁྱད་པར་ཡོད་ཀྱང་སངས་རྒྱས་ཀྱི་ཐུགས་རྗེ་ལ་སྔོན་དང་། ད་ལྟར་གྱི་ཁྱད་པར་མེད་པས། བྱ་བའི་ཡུལ་ལ་བྱིན་རླབས་དང་ཐུགས་རྗེ་མཚུངས་པར་ཞུགས་པས། རྒྱལ་བའི་རྟེན་གསུམ་སྔོན་དང་འདྲ་བ་གྲུབ་པ་ཡིན་ནོ། །དེའི་འཐད་པ་ཡང་གང་དག་དེ་བཞིན་གཤེགས་པ་ལ་མོས་པ་ཙམ་དང་ལྡན་པའི་མདུན་ན་ཡང་བཞུགས་ནས་བྱིན་གྱིས་རློབ་ན། བདག་གིས་རྒྱུད་སྡེ་ལས་བྱུང་བའི་ཆོ་ག་ལྟར་བསྒྲུབས་པས་ཅིའི་ཕྱིར་བྱིན་གྱིས་རློབ་པར་མི་མཛད། དེ་ཡང་ཡུམ་བར་མ་ལས། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་ཡང་། དེའི་མདུན་དུ་དེ་བཞིན་གཤེགས་པ་བཞུགས་སོ་ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། གང་དུ་མོས་པས་སྤྱན་དྲངས་པས་དེར་དེ་བཞིན་གཤེགས་པ་རིན་ཆེན་མང་འབྱོན་པར་འགྱུར་རོ། །ཞེས་པ་དང་། གསང་བ་རྒྱ་མཚོ་ལས་ཀྱང་། ཏིང་འཛིན་རོལ་མོ་བསམ་ཡས་དང་། །སྔགས་དང་ཕྱག་རྒྱས་དགུག་བྱས་ན། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །གཤེགས་ནས་བྱིན་གྱིས་རློབ་པར་མཛད། །ཅེས་གསུངས་སོ། །དེ་ལྟ་བུའི་རྟེན་ལ་ཕྱག་འཚལ་བ་དང་། བསྐོར་བ་དང་། མཆོད་པ་བྱས་པ་ལས་བསོད་ནམས་མང་དུ་ཐོབ་སྟེ། དད་པའི་སྟོབས་བསྐྱེད་པ་ལས། རྒྱལ་བ་ཡི་ནི་རྟེན་གསུམ་ལ། །དད་པས་ཐལ་མོ་སྦྱར་ན་ཡང་། །ངན་འགྲོ་ལོག་པར་མི་ལྟུང་ཞིང་། །ལྷ་དང་མི་ཡི་དཔལ་ཐོབ་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། (༣༡)འཇིག་རྟེན་འདི་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་པ་དང་། རྒྱ་མཚོས་ཞུས་པའི་མདོ་ལས། ཀླུའི་བདག་པོ་དེ་ལ་མར་མེ་བྱིན་པས་ནི་ལྷའི་མི་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །ཞེས་སོ། །དེའང་ད་ལྟ་དཀོན་མཆོག་ལས་དགེ་བའི་རྩ་བ་བསྐྲུན་པ་དང་། སྔོན་སངས་རྒྱས་བཞུགས་པའི་དུས་སུ་བསྐྲུན་པ་ལ་བསོད་ནམས་ཁྱད་པར་མེད་པར་ཐོབ་སྟེ། མདོ་ལས། རྒྱལ་བ་མྱ་ངན་འདས་པ་དང་། །གང་དག་ད་ལྟ་བཞུགས་པ་ལ། །གང་གིས་དད་པས་གུས་མཆོད་པ། །སེམས་དགེ་བ་ཉིད་མཚུངས་པའི་ཕྱིར། །བསོད་ནམས་ཕུང་པོ་མཉམ་པར་ཐོབ། །ཅེས་གསུངས་སོ། །

དེ་ལྟར་རྟེན་གསུམ་ངོ་མཚར་ཅན་བཞེངས་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། འདི་ལྟར་བརྩམས་པ་ཐམས་ཅད་དགེ་བས། དེའི་ཕྱོགས་ལ་གཏོགས་པ་ཐམས་ཅད་དགེ་བ་ལ་བཀོད་པ་དང་། རྒྱུན་རིང་བས་དུས་ཕྱི་མའི་མཐར་ཀུན་གྱི་དགེ་བའི་རྟེན་བྱེད་པས་ཕྱག་འཚལ་བ་དང་། མཆོད་པ་དང་། བསྐོར་བ་བྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་བཞེངས་པ་ལས་བྱུང་བས། བཞེངས་པ་པོས་དེ་དག་གི་བསོད་ནམས་ཀྱི་ཤས་ཐོབ་ཅིང་། གཞན་བསྐུལ་བའི་དགེ་བ་ཐོབ་པས། འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། ཆབ་སྲིད་མངའ་ཐང་ཆེ་བ་ལ་སོགས་པ་ཐོབ་ལ། ཕྱི་མར་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །ཇི་སྐད་དུ་དམ་པའི་ཆོས་པདྨ་དཀར་པོ་ལས། གང་གིས་བདེ་གཤེགས་སྐུ་གཟུགས་ས་དག་གམ། །ཤིང་དང་རྡོ་དང་ཟངས་སམ་རོ་ཉེ་འམ། །རིན་ཆེན་མང་པོ་དག་ལ་བྱས་ཀྱང་རུང་། །དེ་དག་མྱུར་དུ་རྫོགས་པའི་སངས་རྒྱས་འགྱུར། །བྱིས་པ་རྩེད་མོར་དགའ་དང་བསིང་བ་དང་། །རྩིགས་ངོས་དག་ལ་རི་མོ་བྲིས་ཀྱང་རུང་། །ས་རྡུལ་དག་ལ་ཕྱེ་མའི་མཆོད་རྟེན་བྱེད། །དེ་དག་མྱུར་དུ་རྫོགས་པའི་སངས་རྒྱས་འགྱུར། །ཅེས་པ་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་པས་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །ལྷག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་དང་། ཡུམ་བར་མ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱས་སམ་བྱེད་དུ་བཅུག་ན་བསོད་ནམས་མང་དུ་འཕེལ་ལམ་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །ཞེས་པ་ལ་སོགས་པ་མདོ་སྡེ་དཔག་ཏུ་མེད་པ་ནས་རྒྱ་ཆེར་གསུངས་པ་བཞིན་ནོ། །

དེ་ལྟར་གཙུག་ལག་ཁང་ཆེན་བཞེངས་པ་ཡི། །རླབས་ཆེན་དགེ་བ་རྒྱ་མཚོའི་མཐར་སོན་ནས། །ནམ་མཁའི་མཐའ་མཉམ་གྱུར་པའི་འགྲོ་བ་ཀུན། །མངོན་པར་བྱང་ཆུབ་ཆོས་ཀྱི་རྒྱལ་པོ་ཤོག །མ་ལུས་ཉེ་བར་ཞི་བའི་མཁའ་དབྱིངས་སུ། །རང་དོན་ཞི་བ་དོན་དུ་མི་གཉེར་ཞིང་། །(༣༢)སྡུག་བསྔལ་བརྒལ་དཀའི་ཆུ་བོར་ལྟུང་བ་ཡི། །སྐྱེ་དགུ་མ་ལུས་འདྲེན་ལ་བརྩོན་པར་ཤོག །བྱེད་པ་ཐམས་ཅད་གཞན་ལ་ཕན་བརྩོན་ཞིང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པ་དང་། །རྡོ་རྗེ་སེམས་དཔའི་ཚེ་མཆོག་རབ་གྲུབ་ནས། །སྐྱེ་ཤི་མེད་པའི་བྱང་ཆུབ་ཐོབ་པར་ཤོག །ཀུན་ནས་དགའ་བའི་དག་པའི་ཞིང་ཁམས་སུ། །ཡོན་ཏན་རིན་ཆེན་དགེ་བས་ལེགས་དྲངས་ཏེ། །ཀུན་དགའི་བཟང་ལམ་ས་བཅུ་རིམ་བགྲོད་ནས། །རིན་ཆེན་ཆོས་ཀྱི་རྒྱལ་སྲིད་འཛིན་པར་ཤོག །དགེ་བ་འདི་ཡིས་དཔལ་ལྡན་གངས་རིའི་ཡུལ། །ལྷ་དང་མི་ཡི་བདེ་སྐྱིད་དཔལ་འབར་ཞིང་། །མཐའ་དམག་འབྱུང་པོའི་འཇིགས་པ་མེད་པ་དང་། །ཕྱི་ནང་འཁྲུགས་འཚེ་མ་ལུས་ཞི་གྱུར་ཅིག །ལྷ་མི་མཚུངས་ཤིང་ལེགས་པའི་ཆོས་སྤྱོད་ལ། །སྐྱེ་དགུ་ཞི་བས་ཕྱོགས་རྣམས་མཛེས་གྱུར་ཅིང་། །ཕན་ཚུན་མཐུན་པས་ཉིན་མཚན་བཀྲ་ཤིས་གང་། །རྫོགས་ལྡན་དུས་བཞིན་ཉེ་བར་གནས་གྱུར་ཅིག །ཡུལ་ཁམས་འབྱོར་ཞིང་མི་རྣམས་དར་བ་དང་། །སྐྱིད་ཅིང་ཉམས་དགའ་དགེ་ལེགས་ཕུན་སུམ་ཚོགས། །དུས་བཞིར་བཀྲ་ཤིས་ལྷ་ཡི་འཇིག་རྟེན་བཞིན། །དཔལ་ལྡན་བསམ་དགུའི་རེ་བ་འགྲུབ་གྱུར་ཅིག །ཁྱད་པར་མི་མཆོག་ཀུན་དགའ་རིན་ཆེན་གྱི། །སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་པ་དང་། །མངའ་རིས་དཔལ་འབྱོར་ས་སྐྱོང་ལ་རེག་པས། །སྐྱེ་དགུའི་ཁ་ལོ་གྱེན་དུ་སྒྱུར་བར་ཤོག །དེ་ལྟར་གནས་སྐབས་ལྷ་མིའི་འཇིག་རྟེན་ན། །བདེ་དགའ་རྒྱ་མཚོ་འདི་དག་རྨི་ལམ་བཞིན། །མི་རྟག་གཡོ་བར་གྱུར་པའི་ཚུལ་མཁྱེན་ནས། །འཕོ་འགྱུར་མེད་པའི་བྱང་ཆུབ་འགྲུབ་པར་ཤོག །མཐར་ཐུག་ལེགས་པར་ཞི་བ་མཆོག་གི་ལམ། །སྦྱིན་པའི་བདག་པོ་མཆོག་དང་འཁོར་རྣམས་དང་། །མངའ་རིས་གཏོགས་པ་ཀུན་གྱིས་ལེགས་བསྒྲུབས་ནས། །རང་གཞན་དོན་གཉིས་རྫོགས་པའི་སངས་རྒྱས་ཤོག །ཅིས་ཀྱང་སྙིང་པོ་མེད་པའི་འཁོར་བ་ལ། །མངོན་པར་དགའ་བ་མེད་པའི་རང་བཞིན་གྱིས། །བཤེས་གཉེན་དམ་པ་མ་ལུས་མཉེས་བྱས་ཏེ། །ཆོས་ཀྱི་བདུད་རྩི་མྱུར་དུ་ཐོབ་པར་ཤོག །ལེགས་ལྡན་འབྱོར་པ་སྦྱིན་པའི་བདག་འདི་དང་། །སླད་མའི་དུས་ནའང་སྨོན་ལམ་མཐུན་པ་ཡིས། །མ་ལུས་འགྲོ་བ་ཀུན་གྱི་དོན་བྱེད་ཅིང་། །དགེ་བའི་ལམ་བཟང་བསྒྲུབ་ལ་བརྩོན་པར་ཤོག །ཆགས་པ་མེད་ཡིད་ཅན་གྱིས་སེམས་ཅན་དོན། །སྤྲུལ་འདྲར་བྱས་ནས་གདོད་མའི་མཁའ་དབྱིངས་སུ། །མི་འགྱུར་ཀུན་ཏུ་བཟང་པོའི་ས་བཟུང་སྟེ། །མི་གཡོ་ལྷུན་གྱིས་གྲུབ་པའི་གནས་ཐོབ་ཤོག །སྐྱེ་ཤི་མེད་པ་གནས་ལུགས་རིག་པའི་དབྱངས། །འཕོ་འགྱུར་མེད་པ་བྱང་ཆུབ་སེམས་ཀྱི་ཀློང་། །འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ངང་། །རང་བྱུང་ཡེ་ཤེས་རིག་པས་དབང་བསྒྱུར་ཤོག །དེ་ལྟར་མཐའ་ཡས་བསོད་ནམས་སྤྲིན་ཆེན་ལས། །བྱུང་བའི་དགེ་བའི་ཆར་གྱི་ཚོགས་བསིལ་བས། །འཁོར་བའི་མེ་ཚོགས་མ་ལུས་(༣༣)རབ་གཞིལ་ནས། །ཚོགས་གཉིས་འབྱོར་པའི་ལོ་ཐོག་རྣམ་འཕེལ་ཤོག །ཇི་སྲིད་འགྲོ་བ་ཉེ་བར་ཞི་བ་ཡི། །མཁའ་དབྱིངས་མཆོག་དེར་བདག་གིས་མ་བཀོད་པར། །དེ་སྲིད་སེམས་ཅན་ཀུན་གྱི་དོན་བྱེད་ཅིང་། །འཇམ་དབྱངས་ཀུན་ཏུ་བཟང་དང་མཉམ་པར་ཤོག །ཚུལ་ཁྲིམས་དྲི་མེད་བློ་གྲོས་འོད་ཟེར་གྱིས། །འགྲོ་བློའི་དགེ་ཚོགས་པདྨོ་རྒྱས་བྱས་ནས། །སྲིད་ན་འགའ་ཡང་གནས་པར་མ་གྱུར་ཏེ། །ཐམས་ཅད་བྱང་ཆུབ་འབྱོར་པ་མཐའ་ཡས་ཤོག །པདྨ་དབང་ཆེན་གཙུག་ལག་ཁང་འདི་ཡང་། །སྐྱེ་དགུའི་དཔལ་མགོན་ཐར་པའི་ཐེམ་སྐས་སུ། །བསྟན་པ་ཇི་སྲིད་གནས་བཞིན་གནས་གྱུར་ཏེ། །འདིས་ཀྱང་བསྟན་པ་ཡུན་རིང་གནས་བྱེད་ཤོག །གཙུག་ལག་ཁང་འདིར་མཆོད་པའི་སྤྲིན་འདུ་བས། །དད་ལྡན་རྣམས་ཀྱི་བསོད་ནམས་འཕེལ་བྱེད་ཅིང་། །སྡོམ་བརྩོན་དམ་པ་དུ་མས་བརྟེན་གྱུར་ཏེ། །འཆད་དང་ཁ་ཏོན་གྲུབ་པ་འཕེལ་བར་ཤོག །ཉེ་འཁོར་རྣམས་ཀྱང་ལྷ་ཡི་ཡུལ་བཞིན་དུ། །སྐྱིད་ཅིང་འབྱོར་པ་ཕུན་སུམ་ཚོགས་གྱུར་ཏེ། །དགེ་བའི་ལམ་ལ་སྤྲོ་བས་གནས་གྱུར་པ། །དག་པའི་ཞིང་ཁམས་མཆོག་དང་མཚུངས་པར་ཤོག །བདག་ཀྱང་བྱང་ཆུབ་སེམས་ཀྱི་ཤིང་རྟ་ལས། །དད་པའི་ཡངས་མིག་ཤེས་རབ་འཁོར་ལོ་ཅན། །སྨོན་ལམ་འདུན་པའི་བཞོན་པས་ལེགས་དྲངས་ནས། །འགྲོ་ཀུན་ཐར་པའི་གྲོང་དུ་འདྲེན་པར་ཤོག །ལྷ་མིའི་འཇིག་རྟེན་མ་ལུས་ལྷ་ཡུལ་བཞིན། །མི་ཡུལ་བཞིན་དུ་མངོན་མཐོ་ངེས་པར་ལེགས། །བྱང་ཆུབ་འབྱོར་པ་དམ་པས་རབ་བརྒྱན་ཏེ། །རྒྱལ་བའི་ཕུན་ཚོགས་རྒྱ་མཚོ་མཐའ་ཡས་ཤོག །ཐར་པའི་ཐེམ་སྐས་གཙུག་ལག་ཁང་འདི་དང་། །རྒྱལ་བའི་ཐུགས་རྗེ་ཤིན་ཏུ་རྨད་བྱུང་གཉིས། །ཕུན་ཚུན་འགྲན་པས་སྐྱེ་དགུ་འདྲེན་པ་ལ། །བསོད་ནམས་སྟོབས་ཀྱིས་ཡོངས་སུ་བཀོད་པ་བཞིན། །དེ་འདྲའི་ངོ་མཚར་གཙུག་ལག་ཁང་ཆེན་འདི། །ཕྱི་རབས་དོན་དུ་གསོས་པས་བོད་ཡུལ་གྱི། །དད་ལྡན་མི་དང་དཀར་ཕྱོགས་ལྷ་རྣམས་དང་། །ཡུལ་ལྷ་གཞི་བདག་ཚོགས་རྣམས་དགའ་བར་མཛོད། །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་རབ་རྒྱས་ཤིང་། །རྩོམ་འཆད་རྩོད་པའི་འོད་སྟོང་འགྱེད་པས་སྦྱར། །གངས་ཅན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །དྲི་མེད་འོད་ཟེར་སྣང་བས་རབ་ཕྱེས་པའི། །རྒྱུད་འབྱུང་པདྨོ་ངོ་མཚར་སྦྲང་རྩིས་གཏམས། །སྙན་ཚིག་སྡེབ་སྦྱོར་འདབ་སྟོང་བཀྲ་བ་དེས། །བློ་གསལ་རྐང་དྲུག་ལྡན་རྣམས་དགའ་བར་མཛོད། །ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་གཙིགས་ཀྱི་ཡི་གེ་ཞིབ་མོ་བཀོད་པ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། ཐེག་པ་མཆོག་གི་གནས་ལ་ལེགས་པར་སྦྱངས་པའི་བློ་གྲོས་རྒྱ་ཆེ་བ། དེ་ཁོ་ན་ཉིད་ཀྱི་དོན་ལ་རྣམ་པར་ངེས་པའི་རྟོགས་པས་དབང་(༣༤)འབྱོར་པའི་ཆོས་སྨྲ་བ་ཀུན་མཁྱེན་ངག་གི་དབང་པོས་ལེགས་པར་སྦྱར་བ་རྫོགས་སོ།། །།དགེའོ།། །།

བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ།

༄༅། །བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་བྱ་བ། ངོ་མཚར་རྨད་དུ་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷ་ཡི་མཆོག་དང་ཀླུ་དང་གནོད་སྦྱིན་དང་། །དྲང་སྲོང་གྲུབ་པ་རིག་སྔགས་འཆང་རྣམས་ཀྱི། །ཐོར་ཚུགས་གཡོ་བས་གང་གི་ཞབས་བཏུད་པ། །རང་བྱུང་པདྨ་དད་བརྒྱའི་གཙུག་གིས་མཆོད། །སྔོན་གྱི་རྒྱལ་བློན་མཆོག་རྣམས་བྱོན་པའི་ཡུལ། །ངོ་མཚར་གཙུག་ལག་ཁང་རྣམས་བཞུགས་པའི་ཡུལ། །མཁས་གྲུབ་དུ་མ་བརྒྱུད་པར་བྱོན་པའི་ཡུལ། །བུམ་ཐང་ལྷ་ཡི་སྦས་ཡུལ་བཀོད་པ་གསོན། །དབུས་དང་ཕྱོགས་བཞི་ཡངས་པའི་རང་བཞིན་ཡུལ། །ཀུན་ནས་ཟླུམ་པ་བུམ་པའི་འཁོར་ལོ་དང་། །པདྨ་ཁ་བྱེ་ལྟ་བུར་མཛེས་པ་ལ། །མི་ཡུལ་མི་འདྲ་ལྷ་ཡུལ་འཕོས་པ་བཞིན། །རི་རྣམས་ཉམས་དགའ་སྔོ་ཞིང་སྣུམ་པ་ལ། །རྩེ་མོ་དཀར་གསལ་གངས་རིའི་ཕྲེང་ཚོགས་ཅན། །མཐོ་ཁྱད་མཉམ་ཞིང་ཕྱོགས་རྣམས་འཁོར་བ་ནི། །རིན་ཆེན་ར་བས་ཀུན་ནས་བསྐོར་བ་བཞིན། །ལུང་རྣམས་ཐང་ཡངས་མེ་ཏོག་འབྲས་མང་ལ། །གྲོང་རྣམས་ཡིད་འོང་པདྨ་མང་པོས་གང་། །ཕྱོགས་རྣམས་མདངས་གསལ་དཔལ་གྱིས་མཛེས་པ་ནི། །ལྷ་རྣམས་ཡུལ་ལ་འགྲན་པ་ལགས་སམ་སྙམ། །

ཡུལ་འདི་བུམ་པའི་ཐང་ཞེས་གྲགས་པ་ཡང་། །རབ་སྣའི་དབུས་རི་བུམ་པ་ལྟ་བུའི་འདབས། །བྱང་ངོས་ཐང་ལ་ཐོག་མར་ཡུལ་བཏབ་པས། །ཉེ་བའི་སྒྲ་ཡིས་དེ་སྐད་བཏགས་སོ་ཀྱེ། །འདི་ཡི་རང་བཞིན་ཀུན་ནས་མཛེས་པ་ལ། །ཕྱོགས་ཀྱི་ཡུལ་ཕྲན་མང་པོས་བསྐོར་བ་ནི། །ལྷུན་པོ་གསེར་རི་མང་པོས་བརྒྱན་པ་ལ། །གླིང་བཞི་གླིང་ཕྲན་མང་པོས་བསྐོར་བ་བཞིན། །དེ་ལྟའི་ཡུལ་དབུས་ཡངས་པའི་ལྟེ་བ་ལ། །རབ་སྣའི་ལུང་པ་ཀུན་ནས་མཛེས་པ་ནི། །པད་སྡོང་རྩེ་ན་བྱམས་པ་བཞུགས་པ་འདྲ། །དྭངས་པའི་ཆུ་ཀླུང་དག་ཀྱང་ཤར་དུ་འབབ། །ལུང་བཟང་སྲོལ་ནི་པདྨའི་རྩ་བ་ལ། །རྩེ་མོ་བང་རིམ་འདབ་སྟོང་རྒྱས་འདྲའི་སྟེང་། །བྱང་རི་བྱམས་པ་རྒྱལ་པོ་གདན་བཞུགས་ལ། །ཐར་པའི་གླིང་གིས་ཉེ་བར་མཛེས་པ་ལགས། །ས་རྣམས་འདབ་བརྒྱད་པདྨ་ལྟ་བུ་ལ། །གནམ་ཡང་འཁོར་ལོ་རྩིབས་སྟོང་བཀོད་པ་བཞིན། །མདངས་བཀྲ་ཉི་ཟླའི་འོད་ཀྱང་རྒྱང་རིང་ལ། །ཕྱོགས་ཀྱི་རི་དང་ཡུལ་རྣམས་འདུད་པ་བཞིན། །ས་མཁན་རིན་ཆེན་དམ་པས་བསྔགས་པའི་གཞི། །རྒྱལ་བའི་ས་སྟེ་བཀྲ་ཤིས་ཕུན་སུམ་ཚོགས། །གྲུབ་རི་རིན་ཆེན་འབྱུང་བའི་བསྟི་གནས་ཏེ། །རང་བྱུང་པདྨ་རྒྱལ་པོའི་མགོན་དང་བཅས། །འདི་ཡི་ཕྱོགས་བཞི་པདྨ་འདབ་མ་ལ། །

ཡུལ་ཁམས་བཞི་དང་གཞུང་ཆུ་འབབ་པའི་ཚུལ། །སོ་སོའི་ཡ་མཚན་དུ་མས་བརྒྱན་པ་ནི། །སྔོན་མེད་སྒྱུ་མའི་རྩེད་མཚོ་བཀོད་པ་བཞིན། །རང་བཞིན་(༣༥)བུམ་ཐང་སྡེ་བཞིར་གྲགས་པ་ནི། །རབ་སྣ་མོ་རེ་སྟེང་ཆུ་མང་སྡེའི་ཡུལ། །བཞི་པོ་སྔོན་ནས་ཡོད་ཕྱིར་སྡེ་བཞི་ལ། །ཨུ་ར་ཕྱི་ནས་བོད་ཀྱིས་བཏགས་པར་འདོད། །དེ་ནས་ཤར་ཕྱོགས་རྟ་ཆུའི་ལུང་པ་ནི། །རིན་ཆེན་ཤིང་རྟའི་དབྱིབས་ལྟར་མཛེས་པ་ལ། །ཡུལ་རྣམས་དར་ཞིང་མི་རྣམས་བདེ་སྐྱིད་འཕེལ། །རིན་ཆེན་ཆུ་བོ་ཤར་ནས་ནུབ་ཏུ་འབབ། །ཡུལ་འདིའི་ཕུ་ན་སྦས་ཡུལ་སྒོ་ཡོད་ལ། །བར་ན་དཔལ་ཕུག་བྲག་ལ་ཞབས་རྗེས་དང་། །མདའ་ན་ཆོས་ཀྱི་གཏེར་མཚན་དུ་མ་ཡོད། །དིང་སང་རི་མོ་ཅན་ཞེས་གྲགས་པ་ཡིན། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་མང་ལ། །ཡུལ་ཁམས་ཡངས་ཤིང་ལོ་ཐོག་སྣ་དགུ་འཁྲུངས། །ཕྱོགས་ཀྱི་ཚོང་ཟོང་དག་ཀྱང་གྲངས་མང་ལ། །ཡུལ་ལྷའི་མཆོག་ཀྱང་གཞན་ལས་འཕགས་པ་ལགས། །ཤར་ལྷོ་རིན་ཆེན་ཨུ་རའི་ལུང་པ་ནི། །འཁོར་ལོའི་དབྱིབས་ལྟར་ཟླུམ་ཞིང་མཛེས་པ་ལ། །གྲོང་རྣམས་དར་ཞིང་ཡུལ་འཁོར་ཤིན་ཏུ་མང་། །རིན་ཆེན་ཆུ་བོ་ལྷོ་ནུབ་དལ་གྱིས་འབབ། །འདི་ཡི་ཕུ་ལ་དངོས་གྲུབ་གནས་ཡོད་ལ། །བར་གྱི་ཕྱོགས་མཚམས་དགོན་པའི་གནས་ཀྱིས་བསྐོར། །མདའ་ན་རབ་འཇིགས་བདུད་མཚོ་མེར་བ་ལས། །དྲག་པོའི་སྒྲ་སྐད་སྣ་ཚོགས་འབྱུང་བ་ཡོད། །རྩྭ་རྣམས་བཅུད་ཆེ་རྐང་འགྲོས་གཞན་ལས་འཕེལ། །ཤིང་རྣམས་འབྲས་བཟང་ནགས་ཚལ་ཕུན་སུམ་ཚོགས། །སྨན་རྣམས་མཐུ་ཆེ་ནད་ཀྱི་རིགས་ཉུང་ལ། །ཡུལ་རྣམས་ཉམས་དགའ་ཡོན་ཏན་དཔག་ཏུ་མེད། །ཡུལ་འདི་བོད་ཡུལ་དབུས་དང་འདྲ་བ་སྟེ། །བསིལ་དྲོད་མཉམ་ལ་སྟོན་དུས་ལན་གཅིག་འབྱུང། །ཆོས་རྒྱལ་རྗེ་ཡི་གདུང་རབས་བཞུགས་པ་དང་། །གཙང་མའི་བོད་རྣམས་གནས་པས་ཁྱད་པར་འཕགས། །ལྷོ་ཕྱོགས་ལུང་སྲོལ་རབ་ཏུ་བཟང་པོ་ལ། །བུམ་ཐང་ཡུལ་གྱི་གཞུང་ཆུ་འབབ་པ་ནི། །ཐོག་མར་ལྷོར་འབབ་དེ་ནས་ལྷོ་ནུབ་ཏུ། །གངྒཱའི་ཆུ་དང་འདྲེས་ཏེ་སོང་བ་ལ། །བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོར་འབབ། །ཡང་ཡང་གངས་རིའི་མགུལ་ནས་འོངས་པའི་ཆུ། །ཆིལ་ཆིལ་རླབས་ཀྱིས་གཉེར་བའི་རྒྱུན་བབས་པ། །ལྷུང་ལྷུང་ཆབ་སྒྲ་སྙན་པའི་གླུ་ལེན་ཅིང་། །འདེང་འདེང་ཞེས་སྒྲོགས་ལྷོ་ཕྱོགས་སྙེགས་ལ་གཟིགས། །བརྒྱད་ལྡན་ཆུ་འབབ་རིན་ཆེན་ཆུ་བོ་ཡང་། །དད་བརྒྱའི་རྦ་རླབས་གཡོ་བས་རབ་བསྐྱོད་དེ། །རྡོ་རྗེ་གདན་སོགས་འཕགས་པའི་ཡུལ་རྣམས་སུ། །ཡོན་ཆབ་འབུལ་ཕྱིར་ཆས་པ་ཡིན་ནམ་སྙམ། །དྭངས་པའི་ཆུ་གཙང་ལྦུ་འཕྲེང་འཛིན་པ་ནི། །རིན་ཆེན་བཻ་ཌཱུར་བཞུ་བའི་ཁུ་བའམ། །ཨནྡ་རྙིལ་དང་སྟོན་ཀའི་ནམ་མཁའ་བཞིན། །ཡང་ན་གཡུ་ཐག་ལེགས་པར་བརྐྱངས་པ་འདྲ། །འདི་ནི་གངས་དང་སྨན་དྲིའི་སྡིང་རྣམས་དང་། །སྨན་ཤིང་མེ་ཏོག་ཅན་ནས་ལེགས་འབབ་པའི། །འཐུང་དང་ཁྲུས་བྱས་ཡོན་ཏན་དཔག་ཏུ་མེད། །ཆུ་ངོགས་(༣༦)གཞན་ལས་མཆོག་ཏུ་འཕགས་པ་ལགས། །ནུབ་ཕྱོགས་མང་སྡེའི་ཡུལ་ཁམས་བཟང་པོ་ནི། །ཡིད་འོང་གཞུ་ཡི་དབྱིབས་ལྟར་མཛེས་པ་ལ། །གྲོང་རྣམས་མྱུར་ཞིང་ཕྱོགས་ཀྱི་སྐྱེ་བོ་འདུ། །ཆུ་བོའི་རྒྱུན་ཡང་ནུབ་ནས་ཤར་ལྷོར་འབབ། །འདི་ཡི་ཕུ་ན་ནགས་རིའི་ཚོགས་མང་ཞིང་། །བར་དུ་འབྲུ་མང་སྨན་ཤིང་ལོ་འབྲས་འཕེལ། །མདའ་ན་འབྲས་དང་ཁྲེ་དང་ཡོན་ལ་སོགས། །འབྲུ་སྣ་མང་ལ་ཇ་ཤིང་བཟང་པོ་སྐྱེ། །སྦྲང་དང་བཙོད་དང་ཡ་མཚར་ལ་སོགས་པ། །ཚོང་ཟོང་གྲངས་མང་དར་དང་རས་བལ་སོགས། །ཤིང་དང་ས་ལས་འཁྲུངས་པའི་བཟའ་བ་ཡང་། །རོ་མཆོག་བརྒྱད་ལྡན་དུ་མར་ལྡན་པ་དང་། །བུ་རམ་ཤིང་དང་ཁ་ཟས་རྣམ་པ་མང་། །མང་སྡེའི་ཡུལ་ཞེས་མིང་དོན་མཐུན་པར་གྲགས། །བྱང་ཕྱོགས་མེ་རིའི་ལུང་པ་བཟང་པོ་ནི། །དཔག་བསམ་ལྗོན་ཤིང་རྒྱས་པ་ལྟ་བུ་ལ། །ཡུལ་ཁམས་དར་ཞིང་ས་ཕྱོགས་གཟི་བརྗིད་ཆེ། །དྭངས་པའི་ཆུ་བོ་བྱང་ནས་ལྷོ་ཕྱོགས་འབབ། །འདི་ཡི་ཕུ་ན་བོད་ཀྱི་སྒོ་ཡོད་ལ། །གངས་རིའི་ཕྲེང་བ་དར་དཀར་ཡོལ་བ་བཞིན། །སྔོན་ཚེ་པདྨས་དཀྱིལ་འཁོར་བཞེངས་པའི་ཐང་། །སྲིན་པོ་བཏུལ་བའི་རྡོ་དང་བཅས་པ་ཡོད། །བར་ན་ཐང་ཡངས་ཆུ་བོའི་ཤར་ཕྱོགས་ལ། །བསམ་ཡས་མེ་བཙའ་ཆོས་འཁོར་ལྷ་ཁང་དང་། །ནུབ་ན་བྱམས་པ་སྒྲོལ་མའི་ལྷ་ཁང་གཉིས། །ལྷ་ས་འུ་ཤང་རྡོ་ཡི་ལྷ་ཁང་བཞེངས། །དེ་དང་ཉེ་བའི་བྱང་རིའི་བྲག་ལོགས་ལ། །རང་བྱུང་པདྨ་རྒྱལ་པོའི་སྐུ་རྗེས་ཡོད། །དེ་ནི་ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་། །ངན་སོང་སྒོ་བཅད་མཐོ་རིས་ཐར་ལམ་བགྲོད། །མདའ་ན་སྔོན་གྱི་རྒྱལ་པོའི་ཡུལ་མཁར་དང་། །བློན་པོའི་གྲོང་ཡོད་རྒྱལ་བློན་ས་ཞེས་གྲགས། །འདི་ཡི་མི་རྣམས་མཆོག་ཏུ་རིགས་བཟང་ལ། །གཟུགས་ཀྱང་གཞན་ལས་མཆོག་ཏུ་འཕགས་པ་ལགས། །བུམ་ཐང་རིན་ཆེན་ལྷ་ཡི་སྦས་ཡུལ་གྱི། །རི་རྣམས་ལྷུན་སྟུག་ས་རལ་གྲོག་པོ་མེད། །ཡུལ་རྣམས་ཉམས་དགའ་སྟོན་དུས་འཁོར་མར་འབྱུང་། །མི་རྣམས་བཅོས་བཟང་སྔོན་གྱི་ཁྲིམས་ལ་གནས། །ཡིད་འོང་གྲོང་རྣམས་འཕྱོང་ཁ་ཕྱེད་ཕིབས་ཅན། །སྙུག་མའི་སྦག་ཁང་དག་ཀྱང་གྲངས་མང་ལ། །མཁར་དང་ཁང་བཟང་ཤིང་གི་རྒྱ་ཕིབས་ཅན། །རྒྱང་ནས་ལྷ་ཡི་ཁང་བཟང་མཐོང་བ་འདྲ། །འདི་ན་མི་རྣམས་རང་བཞིན་དགེ་བ་སྟེ། །རི་དྭགས་མི་རྔོན་ལམ་སྲོང་ཆོམ་པོ་མེད། །རྐུན་པོ་ཉུང་ཞིང་གཞན་གནོད་འཚེ་བ་ཆུང་། །ངང་གིས་རྒྱུད་འཇམ་འགྲོགས་ན་བདེ་བ་ལགས། །ཡུལ་འདིའི་མི་རྣམས་བརྙས་སུ་མི་རུང་སྟེ། །ཁ་ཅིག་དཔའ་བོ་མཁའ་འགྲོའི་རིགས་ཡིན་ལ། །ལ་ལ་ཕྲིན་ལས་གཉན་ས་གནོན་ལ་མཁས། །ཕལ་རྣམས་མཆོག་ཏུ་ངོ་ཚ་ཆེ་བ་ལགས། །འདི་ན་ལུགས་བཟང་གློ་བུར་ལྷགས་ལ་བྱམས། །གང་དུ་འགྲོ་ཡང་ལམ་རྒྱགས་མི་དགོས་ལ། །ཉེ་དུའི་ཁྱིམ་ལས་ལྷག་པའི་སྣ་ལེན་དང་། །བྱ་དགའ་ཆེ་བས་བསྐལ་པ་བཟང་(༣༧)པོ་བཞིན། །ཡུལ་འདིའི་རང་བཞིན་ཞིབ་མོར་བསམ་པ་ན། །དབུས་གཙང་དག་པའི་ཞིང་ལས་ལྷག་པ་བཞིན། །འཚེ་བ་མེད་པས་དམ་ཆོས་སྒྲུབ་པའི་གནས། །ཡུལ་ཁམས་གཞན་ལས་ཁྱད་པར་འཕགས་སོ་ཀྱེ། །དེ་འདྲའི་ཡུལ་དབུས་པདྨའི་ལྟེ་བ་ལ། །རབ་སྣའི་རི་རྒྱལ་ཀུན་ནས་མཛེས་པ་ནི། །འཁོར་ལོས་སྒྱུར་རྒྱལ་ཀུན་ནས་བསྐོར་བ་བཞིན། །ཕྱོགས་ཀྱི་རི་རྣམས་འདི་ལ་འཁོར་བར་འདུད། །རིན་ཆེན་འཛིན་མའི་ལྷུན་པོ་ཆེན་པོ་ཡང་། །སྣ་ཚོགས་བཀོད་པའི་འོད་ཟེར་སྟོང་འཕྲོ་ཞིང་། །གྲུབ་པའི་བསྟི་གནས་བཟང་པོས་བརྒྱན་པ་ནི། །ཤར་རི་ལག་ན་པདྨོའི་བཞུགས་གནས་བཞིན། །དབྱར་དུས་ཨནྡ་རྙིལ་གྱི་ས་འཛིན་ལ། །ནོར་བུ་ཉི་ཟླའི་འོད་ཀྱི་མདངས་འཚེར་བ། །སྔོན་མེད་ལྷ་ཡི་རིན་ཆེན་ལྷུན་པོ་ཡང་། །ཕྱོགས་འདིར་འཕོས་ན་དེ་དང་མཚུངས་པ་སྙམ། །ཞི་བའི་སྤྲིན་ཚོགས་བཟང་པོ་དེ་དག་ཀྱང་། །རབ་བཟང་དད་པའི་གློག་ཕྲེང་གར་བྱེད་ཅིང་། །སྙན་པའི་འབྲུག་སྒྲ་ཟབ་མོར་སྒྲོགས་པ་ནི། །གནས་ཀྱི་ཡོན་ཏན་བསྔགས་པར་ཞུགས་པ་བཞིན། །སྟོན་དུས་མདངས་བཟང་མཛེས་པའི་རི་ངོགས་ལ། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་སྨིན་པ། །ལྷ་ཡི་སྐྱེད་ཚལ་དར་བ་འཕོས་པ་བཞིན། །ཀུན་ནས་མཛེས་པའི་རང་བཞིན་འདི་ལ་གཟིགས། །དགུན་དུས་ལྷུན་པོ་གངས་རིའི་ཅོད་པན་ཅན། །ཁ་བའི་གོས་དཀར་བཟང་པོས་གཡོགས་པ་ནི། །ཤེལ་རི་འོད་ཀྱི་དྲྭ་བས་མཛེས་པ་འམ། །ཀུ་མུད་ཚལ་དུ་སྟོན་ཟླ་ཤར་བ་བཞིན། །རེས་འགའ་ཤིང་རྣམས་དུང་གི་ལྗོན་པ་ལ། །པདྨ་དཀར་པོའི་མེ་ཏོག་རྒྱས་པ་བཞིན། །ས་གཞི་རིན་ཆེན་དངུལ་གྱིས་གཡོགས་འདྲ་ལ། །རབ་དཀར་ངང་པ་མང་པོ་ལྷགས་པ་བཞིན། །དཔྱིད་དུས་ས་མཆོག་ཡོན་ཏན་མང་པོའི་རི། །རྒྱར་ཡང་ལྷུན་སྟུག་ནགས་ཚལ་དྲྭ་བས་གཡོགས། །རྩི་ཤིང་སྨན་དང་མེ་ཏོག་ཁ་འབུས་ཤིང་། །དྲི་ཞིམ་སྤོས་ངད་ལྡན་པས་ཕྱོགས་ཀུན་ཁྱབ། །འདི་ནི་སྔོན་མེད་རིན་ཆེན་ལྷུན་པོ་ཞིག །གྲུབ་པའི་གནས་འདི་གསལ་བས་མཛེས་ལས་སམ། །རྣམ་པར་འཕྲུལ་ལ་ཡོན་ཏན་བསམ་མི་ཁྱབ། །སྣ་ཚོགས་བཀོད་པའི་འོད་ཟེར་འགྱེད་ལ་ལྟོས། །དེ་འདྲའི་ལྷུན་པོ་རིན་ཆེན་མཆོག་ཚོགས་ཅན། །བྱམས་པ་གདན་བཞུགས་འདྲ་བའི་ཐུགས་ཀ་ལ། །ཐར་པ་གླིང་གི་སྒྲུབ་གནས་མཛེས་པ་ནི། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་བཞིན། །འདི་ནི་རི་རྒྱལ་རབ་ཏུ་ལྷུན་མཐོ་ལ། །ནགས་ཚལ་སྨན་ཤིང་མེ་ཏོག་ཆུ་གཙང་དང་། །ནེའུ་གསིང་སྨན་ལྗོངས་དུ་མས་རབ་བརྒྱན་ཞིང་། །དགོན་པའི་ས་གཞི་དག་ཀྱང་རབ་ཏུ་མཛེས། །ས་དང་གནམ་ཡང་ཉི་འོད་རྒྱུན་རིང་ལ། །དབྱར་བསིལ་དགུན་དྲོ་དུས་བཞི་བསིལ་དྲོད་མཉམ། །ཆུ་དང་ཤིང་བཟང་ངང་གིས་སྡོད་སྙིང་འདོད། །གྲོང་ལས་རྒྱང་རིང་དབེན་པའི་ནགས་ཁྲོད་ལགས། །འདི་ན་རང་བཞིན་(༣༨)འཚེ་བ་མེད་པ་དང་། །མཐུན་རྐྱེན་སྒྲུབ་སླ་བསམ་གཏན་ངང་གིས་འཕེལ། །བཅུད་ལེན་རྫས་ཀྱང་རྣམ་པ་གྲངས་མང་ལ། །ཤིང་ཏོག་སྔོ་ངད་མང་པོའི་ཁ་ཟས་ལྡན། །མཐོང་བས་ཆགས་ཤིང་བསྟེན་པས་ཡིད་སྤྲོ་ལ། །ངང་གིས་ཆོས་འཕེལ་སེམས་གཙང་རིག་པ་འཛིན། །རྒྱུན་དུ་ཡིད་དགའ་དག་པའི་ཞིང་ཁམས་བཞིན། །ཞི་བ་རབ་བཟང་ཐར་པའི་གླིང་མཆོག་ལགས། །འདི་ནི་སྔོན་ཚེ་རང་བྱུང་པདྨ་ཡིས། །ལུང་བསྟན་ཟབ་གཏེར་བྱིན་རླབས་འབྱོར་པས་བརྒྱན། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འདུ་བ། །བར་ཆད་མེད་ཅིང་དངོས་གྲུབ་ཉེ་བ་ལགས། །དེ་འདྲའི་གནས་འདིར་པདྨའི་བྱིན་རླབས་ལས། །རྒྱལ་སྲས་དྲི་མེད་འོད་ཟེར་ལེགས་འོངས་ཏེ། །སྨོན་ལམ་ལུང་བསྟན་བཞིན་དུ་སྒྲུབ་པའི་ཕྱིར། །བསྟི་གནས་བཅས་ཏེ་བསམ་གཏན་སྒོམ་པ་ལེགས། །དེང་སོང་དུས་ན་སྐྱེ་བོ་མི་བསྲུན་པས། །དབུས་གཙང་རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །མཐའ་དམག་འབྱུང་པོས་ཡུལ་གྱི་དབུས་དཀྲུགས་པས། །འདི་འདྲའི་གནས་སུ་བྱང་ཆུབ་སྒྲུབ་པར་རིགས། །ཕྱོགས་ཀྱི་སྦས་ཡུལ་རིན་ཆེན་སྒོ་རྣམས་ཀྱང་། །རིང་པོར་མི་ཐོགས་མྱུར་དུ་འབྱེད་འགྱུར་ལ། །སོག་པོའི་མཐའ་དམག་རྣམས་ཀྱང་འབྱུང་དུ་ཉེ། །འདི་འདྲའི་རྒྱུ་མཚན་བསམ་ཞིང་སྐྱོ་བ་འཕེལ། །དེ་བས་དད་ལྡན་ཐར་པ་འདོད་རྣམས་ཀྱིས། །རང་གི་ཡུལ་ལ་ཞེན་པ་རབ་སྤངས་ལ། །ཚེ་གང་ཟབ་མོའི་དེ་ཉིད་བསྒྲུབ་པའི་ཕྱིར། །ཕྱོགས་ཀྱི་སྦས་ཡུལ་བགྲོད་པའི་དུས་ལ་བབ། །སྦས་པའི་ཡུལ་དང་ཡུལ་འདྲ་ཐམས་ཅད་ན། །ལས་མཐུན་དགེ་བ་ཅན་རྣམས་གནས་པ་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོས་ལེགས་སྐྱོང་བས། །འཚེ་བ་མེད་ཅིང་ཆོས་དང་མཐུན་པ་ལགས། །མོན་ཡུལ་བུམ་ཐང་དགེ་བའི་གནས་མཆོག་འདི། །མོན་དུ་བཏགས་ཀྱང་བོད་ཡུལ་དབུས་དང་མཚུངས། །སྦས་ཡུལ་མིན་ཡང་ཡུལ་འདྲའི་བྱེ་བྲག་སྟེ། །དེ་ཕྱིར་མཁས་རྣམས་དགའ་བ་བསྐྱེད་པར་རིགས། །ཡུལ་འདིར་བགྲོད་ནས་ཐར་པ་སྒྲུབ་པ་གང་། །དཔག་མེད་བསྐལ་པ་རྒྱ་མཚོའི་རྡུལ་སྙེད་ནས། །ལས་དང་སྨོན་ལམ་མཆོག་ཏུ་དག་པས་ན། །ཚེ་འདིས་སྲིད་པའི་རྒྱ་མཚོ་བརྒལ་བ་ལ། །གནས་འདིར་རང་བྱུང་པདྨས་སྐྱབས་མཛད་པས། །འཚེ་བ་མེད་ཅིང་དམ་ཆོས་འཕེལ་བ་ཆེ། །མཁའ་འགྲོ་རྣམས་དང་སྐལ་བ་མཐུན་པས་ན། །ཨོ་རྒྱན་ལ་སོགས་དག་པའི་གནས་མཆོག་བཞིན། །ཚུལ་འདི་བུམ་ཐང་ཡུལ་གྱི་བཀོད་པ་སྟེ། །དད་ལྡན་ཐར་པ་འདོད་རྣམས་བསྐུལ་བ་དང་། །ཕྱོགས་ཀྱི་སྐྱེ་བོ་རྣམས་ལ་བསྒྲག་པ་དང་། །བློ་གསལ་རྣམས་ལ་མགྲིན་པའི་རྒྱན་དུ་འབུལ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་མ་ལུས་རབ་བརྒལ་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་དུ། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དེང་ནས་བདག་བློ་སྲིད་ལ་རབ་སྐྱོ་(༣༩)བས། །ཚེ་འདིའི་རྣམ་གཡེང་འདུ་འཛི་ཀུན་སྤངས་ཏེ། །ནགས་ཚལ་ཞི་བ་ཆོས་ཀྱི་དགོན་པའི་གནས། །ཐར་པའི་གླིང་དུ་སྒྲུབ་པ་འཕེལ་བར་ཤོག །བློ་གྲོས་ལྷུན་པོ་སྙན་ངག་ནགས་འཁྲིགས་ཤིང་། །སྡེབ་སྦྱོར་ཆུ་ཀླུང་ལེགས་པར་འབབ་པའི་གནས། །མངོན་བརྗོད་པདྨའི་ཚལ་གྱིས་བཀྲ་བ་འདིས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། སྙན་དངགས་དང་། སྡེབ་སྦྱོར། མངོན་བརྗོད་ཀྱི་གནས་ལ་མཁས་པ་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱི་ཤིང་མོ་ལུག་གི་ལོ་ལ་བུམ་ཐང་ཐར་པའི་གླིང་དུ་ལེགས་པར་སྦྱར་བ་རྫོགས་སོ།། །།

སརྦ་མངྒ་ལཾ།། །།

ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།

རབས་དང་པོ། བློ་ཆོས་སུ་འགྲོ་བ།

༄༅། །ཙ ཏུ རྡྷ རྨ ར ཏྣཱ ནཱཾ མཱ ལ ནཱ མཱ སྟི།

༄༅། །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཞལ་གདམས་དྲིས་ལན་སྐོར།

༄༅། །རྒྱ་གར་སྐད་དུ། དྷརྨ་ཙ་ཏུར་རཏྣ་མཱ་ལ་ནཱ་མ། བོད་སྐད་དུ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཆོས་སྐུའི་མཁའ་དབྱིངས་ལ། །ངེས་པ་ལྔ་ལྡན་གཟུགས་སྐུའི་དཀྱིལ་འཁོར་རྒྱས། །མཛད་པའི་ཟེར་གྱིས་གདུལ་བྱའི་པདྨོ་འཛུམ། །བདེ་གཤེགས་ཉི་མ་དད་བརྒྱའི་གཙུག་གིས་མཆོད། །རྒྱལ་བའི་ཆོས་ཚུལ་རིན་ཆེན་དཔག་བསམ་ཤིང་། །མ་ལུས་སྲིད་ཞིའི་གདུང་སྐྱོབ་བསིལ་གྲིབ་དེར། །དད་ལྡན་སྐྱེ་རྒུ་རིམ་གྱིས་འཇུག་པའི་ཚུལ། །རྣམ་བཞིའི་ཡོན་ཏན་ལྗོན་ཚོགས་བཤད་ཀྱིས་ཉོན། །གང་ཞིག་མཐའ་མེད་འཁོར་བའི་རྒྱ་མཚོ་ལས། །བརྒལ་འདོད་རྣམས་ཀྱིས་(༢)ཐོག་མར་བསམ་བྱ་བ། །ཐར་པའི་ཆོས་དེ་ཞི་བདེ་བསྒྲུབ་པའི་ཕྱིར། །ད་རེས་ཚེ་འདིར་ཡོངས་སུ་འབད་པར་བྱ། །རྙེད་པར་དཀའ་ཞིང་འཇིག་པར་སླ་བའི་ལུས། །དལ་འབྱོར་གྲུ་བོ་ཐོབ་དུས་མ་འབད་ན། །སྲིད་པའི་མཚོ་ལས་ནམ་ཡང་མི་ཐར་ཞིང་། །སྣ་ཚོགས་སྡུག་བསྔལ་མང་ལྡན་རྒྱུན་མི་འཆད། །སྐྱེ་ཤིའི་ཆུ་བོ་ཕ་མཐའ་མི་མངོན་ཞིང་། །ན་རྒའི་ལྦུ་ཕྲེང་ཀུན་ནས་འཁྲིགས་པའི་གནས། །ཉོན་མོངས་དུས་རླབས་སྲིད་རྩེའི་མཐའ་ཁྱབ་པའི། །མཚོ་ཆེན་མི་བཟད་འཇིགས་སུ་རྣམ་པར་རྩེན། །གང་ཞིག་ཐོས་ནས་སྐྱེ་ཤི་རྒྱུན་ཆད་དེ། །བདེ་ཆེན་མཆོག་དང་ནམ་ཡང་མི་འབྲལ་བ། །ཞི་བའི་ཆོས་མཆོག་རིན་ཆེན་གྲུ་བཟང་གིས། །སྲིད་གསུམ་ཉོན་མོངས་ཆུ་གཏེར་བརྒལ་ཕྱིར་འབད། །ད་རེས་ཐར་ལམ་བྱང་ཆུབ་མ་བསྒྲུབས་ན། །ཕྱི་ནས་བདེ་འགྲོའི་མིང་ཡང་མི་གྲགས་ཤིང་། །ངན་སོང་མཐའ་མེད་གཅིག་ནས་གཅིག་བརྒྱུད་དེ། །གཏན་དུ་འཁོར་བའི་གནས་ལས་ཐར་ཐབས་མེད། །དེ་བས་བློ་དང་ལྡན་པའི་སྐྱེ་བོ་རྣམས། །དལ་དང་འབྱོར་པའི་མི་ལུས་ཐོབ་དུས་འདིར། །སྙིང་ནས་བརྩོན་པས་ཕན་བདེ་བསྒྲུབ་པར་བྱ། །དེས་ནི་རང་གཞན་དོན་གཉིས་འགྲུབ་པར་འགྱུར། །དལ་འབྱོར་ཐོབ་ཀྱང་ཡིད་བརྟན་འགའ་མེད་དེ། །ཐམས་ཅད་མི་བརྟན་འགྱུར་ཞིང་སྙིང་པོ་མེད། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །མྱུར་དུ་འཆི་ཞེས་སྙིང་ནས་བསམ་པར་བྱ། །འདི་ལྟར་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །སྐྲ་རྩེའི་ལྷག་མ་ཙམ་ཡང་ཡོང་མེད་པར། །ཐམས་ཅད་སྟོང་སྟེ་ནམ་མཁའ་གཅིག་ཏུ་འགྱུར། །བཅུད་རྣམས་མི་རྟག་འགྲོ་བ་གཡོ་བ་སྟེ། །ལྷ་དང་ལྷ་མིན་མི་དང་དུད་འགྲོ་དང་། །ཡི་དྭགས་དམྱལ་བའི་སེམས་ཅན་ཇི་སྙེད་ཀྱང་། །དུས་མཐར་འཆི་འཕོ་སྐྱེ་བའི་ཆུ་བོར་བྱིང་། །ལོ་དང་ཟླ་བ་ཞག་དང་དུས་ཚིགས་དང་། །སྐད་ཅིག་མི་རྟག་འཇིག་ཅིང་གཡོ་བ་སྟེ། །དུས་བཞི་འགྱུར་བས་རྣམ་པར་སྐྱོ་བ་ཅན། །རང་གི་ཚེ་ཡང་མི་རྟག་འགྱུར་བ་སོམས། །ཡིད་བརྟན་མེད་དོ་ལུས་སྲོག་འབྲལ་དུ་ཉེ། །སང་དང་བདག་གི་ཚེ་ཟད་དུས་(༣)འདི་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་དོ་ཞེས། །དེ་རིང་ཉིད་ནས་ངེས་པར་བསམ་པར་བྱ། །འཆི་བ་བས་ཀྱང་སྐྱེ་བའི་སྡུག་བསྔལ་འཇིགས། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །འཁོར་བའི་རང་བཞིན་མེ་ཡི་འོབས་ལྟ་བུ། །འདི་ལས་ད་རེས་ཐར་ཐབས་བཙལ་བར་བྱ། །དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་དང་སྐོམ། །དུད་འགྲོ་གཅིག་ཟ་གླེན་རྨོངས་སྡུག་བསྔལ་ཏེ། །མི་རྣམས་ཉེས་གསུམ་བརྒྱད་ཀྱིས་ཡོངས་སུ་གདུང་། །ལྷ་མིན་འཐབ་རྩོད་ལྷ་རྣམས་འཆི་འཕོ་ལྟུང་། །བདེ་སྡུག་འགྱུར་ཞིང་འདུ་བྱེད་སྡུག་བསྔལ་མང་། །ལྷ་ཡུལ་འབྱོར་བདེ་དག་ལས་ཚེ་འཕོས་ནས། །སླར་ཡང་དམྱལ་བའི་མེ་ནང་འཇུག་འཚལ་བས། །འདི་འདྲ་བསམས་ནས་སྲིད་ལས་འདའ་བར་མཛོད། །ཚེ་འདིའི་སྣང་བ་རྨི་ལམ་སད་ཀ་འདྲ། །འགྱུར་ཞིང་མི་རྟག་དོར་ནས་འགྲོ་དགོས་པས། །འཁོར་དང་ལོངས་སྤྱོད་ལ་སོགས་ཅི་ཞིག་བྱ། །ད་ལྟ་ཉིད་དུ་ཆོས་ལ་འབད་པར་བགྱི། །འདོད་པ་དུག་དང་མཚོན་དང་མེ་འདྲ་ཞིང་། །ཡོངས་སུ་གདུངས་པས་བདེ་བའི་གོ་སྐབས་མེད། །བསགས་དང་བསྲུང་དང་སྤེལ་བས་སྡུག་བསྔལ་ཞིང་། །ཁེངས་དང་འཇུངས་དང་སེར་སྣས་རྟག་ཏུ་འཆིང་། །ཀུན་དང་རྩོད་བཅས་ཉོན་མོངས་ཟག་པ་འཕེལ། །འདུ་འཛིས་གཡེང་ཞིང་ལུས་དང་སྲོག་ལ་རྒོལ། །དོན་དང་བྱ་བ་མང་ཞིང་ཆོས་དང་འགལ། །འཕགས་པ་རྣམས་ཀྱིས་རྟག་ཏུ་སྨད་པ་ཡིན། །འདོད་པ་ཆུང་རྣམས་ངང་གིས་དགེ་བ་འཕེལ། །དེས་ན་ཞི་བའི་ཐར་ལམ་ཞུགས་རྣམས་ཀྱིས། །འདོད་པ་ཆུང་ཞིང་ཆོག་ཤེས་ལྡན་པར་མཛོད། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །འདོད་པ་ཆུང་ན་འཕགས་པའི་རིགས་ཞེས་བྱ། །འདོད་ལྡན་སྡུག་བསྔལ་ཉོན་མོངས་འཕེལ་བ་ལྟར། །འདོད་པ་ཆུང་རྣམས་ངང་གིས་དགེ་བ་འཕེལ། །དེ་བས་སྔོན་གྱི་དམ་པའི་རྗེས་འགྲོ་བས། །རྟག་ཏུ་ཆོག་ཤེས་ཡོ་བྱད་བསྙུང་བར་བྱ། །མི་དང་འགྲོགས་པའི་ཉེས་པའང་ཚད་མེད་དེ། །དོན་མེད་རྣམ་པར་གཡེངས་ཤིང་བྱ་བའང་མང་། །ཁྲོ་དང་འཐབ་རྩོད་འཕེལ་ཞིང་ཆགས་སྡང་སྐྱེ། །རྟག་ཏུ་སྡུག་བསྔལ་འགོ་ཞིང་སྙིང་པོ་མེད། །ཇི་ལྟར་བྱས་ཀྱང་མགུ་བའི་དུས་མེད་ལ། །གང་ལྟར་བསྟན་ཀྱང་ཕན་པའི་གོ་སྐབས་དཀའ། །དེ་ལྟར་མཉན་ཡང་ལེགས་པའི་ཆོས་མེད་ལ། །བཤེས་ལྟར་མཐུན་ཡང་ཐ་མ་འབྲལ་བར་འགྱུར། །དེ་བས་འཁོར་དང་མཛའ་བཤེས་གཉེན་འདུན་ལ། །ཉེ་བར་བརྟེན་པའི་འབྲེལ་འདྲིས་ཀུན་སྤངས་ཏེ། །གཅིག་པུར་དབེན་པར་དམ་ཆོས་སྒྲུབ་པའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་འབད་པར་བྱ། །སྔོན་གྱི་སྐྱེ་བོ་དམ་པ་མཆོག་རྣམས་ཀྱང་། །དབེན་པར་གནས་ལས་བདུད་རྩི་བརྙེས་ཞེས་གསུངས། །དེ་ཕྱིར་བདག་ཀྱང་ཞི་བ་སྒྲུབ་པའི་(༤)ཕྱིར། །ནགས་ནང་དབེན་པ་གཅིག་པུར་གནས་པར་བྱ། །དབེན་པའི་གནས་ནི་རྒྱལ་བ་རྣམས་ཀྱིས་བསྔགས། །མི་སྲུན་མི་མེད་ཟབ་མོའི་ཏིང་འཛིན་འཕེལ། །ངང་གིས་ཆོས་འགྲུབ་མི་རྟག་སྐྱོ་ཤས་སྐྱེ། །ཡོ་བྱད་སྐྱུངས་ཤིང་འདུ་འཛི་རྣམ་གཡེང་མེད། །དད་དང་ངེས་འབྱུང་ཡོན་ཏན་ཚོགས་མང་ཞིང་། །འབྲེལ་འདྲིས་མེད་པས་ངང་གིས་བྱ་བ་ཉུང་། །གཞན་གྱི་སེམས་འཛིན་ངོ་སྲུང་ཆོས་བརྒྱད་མེད། །རང་དབང་འབྱོར་བདེ་ཉིན་མཚན་ཆོས་ཀྱིས་འདའ། །དལ་འབྱོར་དོན་ཡོད་སྒྲུབ་པ་སྙིང་པོར་བྱེད། །དེ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལང་བས། །གཅིག་པུར་རབ་ཏུ་དབེན་པའི་ནགས་ཁྲོད་དུ། །ཚེ་གང་ཟབ་མོའི་ཏིང་འཛིན་བསྒྲུབ་པར་བྱ། །དེ་ལྟར་ལེགས་གསུང་ཆོས་ཀྱི་ཆར་བསིལ་བས། །ཉོན་མོངས་གདུང་བའི་རྟོག་པ་རབ་ཞི་ནས། །ཏིང་འཛིན་དགེ་ཚོགས་པད་མཚོ་རབ་གང་སྟེ། །ཞི་བའི་གནས་ན་འབྱོར་པ་རབ་རྒྱས་ཤོག །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། བློ་ཆོས་སུ་འགྲོ་བའི་རབས་ཏེ་དང་པོའོ།། །།

རབས་གཉིས་པ། ཆོས་ལམ་དུ་འགྲོ་བ།

དེ་ལྟར་རབ་དཀར་དམ་པའི་ཆོས་མཆོག་ལ། །དད་པས་རབ་ཞུགས་ཐར་ལམ་འདོད་རྣམས་ཀྱིས། །རང་གི་སེམས་ཉིད་རབ་ཏུ་གདུལ་བྱའི་ཕྱིར། །ཆོས་དེ་ལམ་དུ་འགྲོ་བ་རབ་ཏུ་གཅེས། །འདི་ལྟར་རྒྱལ་བའི་བསྟན་ལ་རབ་ཞུགས་ནས། །ཐོས་བསམ་སྒོམ་པར་ཆས་པ་དེ་དག་ཀྱང་། །ཁ་ཅིག་མ་ཞི་རང་རྒྱུད་ངན་པ་དང་། །ལ་ལ་ལམ་ལོག་དམན་དང་ལམ་གོལ་ཞུགས། །འདོད་སྲེད་ཆེ་དང་ཚེ་འདིར་གཡེངས་ལ་སོགས། །ཆོས་དང་འགལ་བའི་ཉེས་པ་དེ་དག་ཀུན། །ཆོས་དེ་ལམ་དུ་མ་སོང་དག་ལས་བྱུང་། །དེ་ལས་འདི་ཕྱིའི་ཉེས་པ་ཚད་མེད་དེ། །འཁྲུལ་པས་བསླུས་གང་འཆི་ཁར་འགྱོད་པ་ཉིད། །བར་དོར་འཇིགས་དངངས་ཕྱི་མ་ངན་སོང་འགྲོ། །གཏན་དུ་སྲིད་ལས་ཐར་པའི་སྐབས་མེད་དོ། །དེ་བས་ཆོས་དེ་ལམ་དུ་འགྲོ་བར་བྱ། །ཇི་ལྟར་ནད་ཀྱི་གཉེན་པོར་མི་དག་གིས། །བཀྲུ་སྨན་སྦྱར་ཡང་དེ་ཉིད་མ་དག་ན། །ཡོངས་སུ་གདུང་བས་སླར་ལ་གདུངས་པ་བཞིན། །གཉེན་པོར་མ་སོང་ཆོས་ལ་དགོས་པ་ཅི། །འདི་ན་དེ་འདྲའི་ཉེས་པ་ཚད་མེད་པས། །དད་ལྡན་སྐྱེ་བོས་ལེགས་པར་ཤེས་པར་བྱ། །དེ་ལ་ཆོས་དེ་ལམ་དུ་འགྲོ་བ་ནི། །ཐོག་མར་དགེ་བའི་བཤེས་ལ་རག་ལས་པས། །མཚན་ལྡན་བླ་མ་དམ་པར་བསྟེན་པ་གཅེས། །དེ་ལས་ལེགས་རྒུའི་ཡོན་ཏན་དུ་མ་འབྱུང་། །དེ་ཡང་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན། །ཞི་ཞིང་དུལ་བ་བཟོད་དང་ལྡན་པ་སྟེ། །སྡོམ་དང་དམ་ཚིག་སྤྱོད་ཚུལ་ཕུན་སུམ་ཚོགས། །མང་དུ་ཐོས་ཤིང་ལེགས་པར་སྦྱངས་པ་ཆེ། །བྱིན་རླབས་ཚད་མེད་གཞན་སྣང་ངང་གིས་འགྱུར། །ཚེ་འདི་མ་འདྲེས་ཆོས་བརྒྱད་མཁའ་ལྟར་དག །འབྲེལ་ཚད་དོན་ལྡན་ཐར་ལམ་འགོད་པ་འདི། །སྙིགས་མའི་དུས་སུ་རྒྱལ་བའི་རྣམ་(༥)འཕྲུལ་ཏེ། །རབ་དང་གུས་པ་ཆེན་པོས་བསྟེན་པར་བྱ། །དེ་ལས་ཕན་ཡོན་ཚད་མེད་ཟད་མེད་དེ། །སྲིད་ལ་སྐྱོ་ཞིང་ངེས་འབྱུང་བློ་སྣ་ཐུང་། །ཚེ་འདི་བློས་ཐེངས་འཁྲུལ་སྣང་བདག་འཛིན་འཇིག །ངང་གིས་དུལ་ཞིང་ཐོས་བསམ་སྒོམ་པ་ལྡན། །དད་སོགས་རྒྱ་ཆེ་སྦྱངས་པའི་ཡོན་ཏན་ལྡན། །ཚེ་འདི་དོན་ཡོད་ཕྱི་མ་འབྲས་དང་བཅས། །དེ་ཕྱིར་དམ་པ་རྣམས་ལ་བསྟེན་པར་བྱ། །དེ་ཡང་རང་གི་སྒོ་གསུམ་ཟོལ་མེད་པས། །ནད་པས་སྨན་པ་ཚོང་པས་དེད་དཔོན་དང་། །གྲུ་པས་མཉེན་པ་མགྲོན་པོས་སྐྱེལ་མ་ལྟར། །གུས་པའི་སྲི་ཞུས་རྟག་ཏུ་མཉེས་པར་བྱ། །མ་དད་ལོག་པར་ལྟ་བའི་སེམས་སྐྱེས་ན། །སྐད་ཅིག་གྲངས་བཞིན་ངན་འགྲོར་འཇུག་པར་གསུངས། །དེ་བས་བཤགས་སྡོམ་འགྱོད་ཚངས་ཆེན་པོ་ཡིས། །དམ་ཚིག་རྣམ་དག་མིག་བཞིན་བསྲུང་ལ་འབད། །དེ་ལྟར་བཤེས་གཉེན་དམ་པར་རབ་བསྟེན་ནས། །ཐོས་བསམ་སྒོམ་པས་རང་རྒྱུད་སྦྱངས་བྱས་ནས། །ཐར་པ་ཁོ་ན་འདོད་པའི་བསམ་པ་ཡིས། །གང་བྱེད་དགེ་བ་འདུན་པས་བསྒྱུར་བ་ནི། །ཆོས་དེ་ལམ་དུ་འགྲོ་བའི་མན་ངག་ཡིན། །ཉན་དང་སེམས་དང་ཁ་ཏོན་བྱེད་ནའང་། །རང་རྒྱུད་ཐར་པའི་དོན་དུ་དེ་བརྩམ་ཞིང་། །འབྲི་དང་ཀློག་དང་འཛིན་དང་འཆད་པ་ནའང་། །ཐར་པ་ཁོ་ན་འདོད་པས་བརྩམ་པར་བྱ། །སྒོམ་དང་ལྟ་དང་སྤྱོད་པར་བྱེད་པ་ནའང་། །ཐར་པ་ཁོ་ནའི་སེམས་དང་མ་བྲལ་བས། །ངེས་འབྱུང་སྐྱོ་ཤས་དྲག་པོས་འབད་པར་བྱ། །སྙིང་པོའི་མན་ངག་འདི་ལས་གོང་ན་མེད། །ཟ་ཉལ་འགྲོ་འདུག་སྨྲ་བརྗོད་བསམ་ལ་སོགས། །མདོར་ན་བྱ་བ་གང་དང་གང་བྱེད་ཀྱང་། །ཐར་པ་འདོད་པའི་བློ་དང་མ་བྲལ་བས། །སྐྱོ་ཤས་བསྐྱེད་དེ་སེམས་རྒྱུད་གདུལ་བར་བྱ། །འདི་ནི་དམ་ཆོས་ལམ་དུ་འགྲོ་བའི་གནད། །ཁྱད་པར་ཐེག་ཆེན་ལམ་དུ་འགྲོ་བྱེད་པ། །དགེ་བ་གང་བྱེད་གཞན་དོན་དམིགས་པ་སྟེ། །སྙིང་རྗེས་སེམས་བསྐྱེད་མོས་བསྔོ་ཡི་རང་ཞིང་། །སེམས་ཅན་དོན་ཕྱིར་ཡོངས་སུ་བསྒྲུབ་པའོ། །འདི་ལྟར་འགྲོ་ཀུན་བདག་གི་ཕ་དང་མ། །གཉེན་དང་རྩ་ལག་ཕན་གདགས་ཞིང་ཡིན་ལ། །བདག་ཀྱང་གཞན་དོན་བྱང་ཆུབ་སེམས་བསྐྱེད་པས། །འགྲོ་བའི་དོན་དུ་དགེ་བ་བསྒྲུབ་པར་བྱ། །བདག་གི་དགེ་བས་འགྲོ་བ་བདེ་བར་འགྱུར། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་པ་དང་། །བདག་གི་དགེ་བ་འགྲོ་ལ་སྨིན་གྱུར་ཏེ། །ལུས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །སྙམ་དུ་ཚད་མེད་སྙིང་རྗེའི་སེམས་བསྐྱེད་སྦྱངས། །དགེ་བ་གང་རྣམས་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་མི་དམིགས་རྗེས་ལ་བསྔོ་བ་བྱ། །དེ་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། །སྦྱང་བྱ་སྦྱོང་བྱེད་ཡོངས་སུ་སྦྱང་བ་པོ། །སྒྱུ་འདྲ་མེད་ལ་སྣང་(༦)ཙམ་སྤྲུལ་པ་བཞིན། །རང་བཞིན་དག་པས་གཞན་གྱི་དོན་ཕྱིར་བསྔོ། །མོས་པ་རྒྱལ་དང་རྒྱལ་བའི་ཆོས་རྣམས་དང་། །རྒྱལ་སྲས་དམ་པ་རྣམས་དང་བསོད་ནམས་ཞིང་། །མ་ལུས་ཀུན་ལ་རབ་ཏུ་དད་པ་སྟེ། །རང་དོན་གཉིས་དོན་གཞན་དོན་མོས་པ་ལས། །བསྟོད་དང་བཀུར་དང་བསྔགས་པ་དཔེ་མེད་ཐོབ། །ཡི་རང་རྒྱལ་དང་དེ་སྲས་འགྲོ་ཀུན་དང་། །དགེ་བ་ཀུན་ལ་དགའ་བ་སྒོམ་པ་སྟེ། །འདི་ནི་བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཚད་མེད་ཆེན་པོར་བསྒྱུར་བའི་ཐབས་མཆོག་ཡིན། །སྨོན་ལམ་རྣམ་དག་འགྲོ་བའི་དོན་ཕྱིར་གདབ། །སྤྱོད་ཡུལ་དག་པའི་མན་ངག་བསྒོམ་པར་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མ་ཡེངས་པར། །སྒོ་གསུམ་དགེ་བ་གཞན་དོན་སྙིང་པོར་བྱ། །རང་རྒྱུད་བཏུལ་ནས་ལྷག་པའི་སེམས་བསྐྱེད་ལྡན། །ཆོས་གང་ལམ་དུ་འགྲོ་ཞེས་བྱ་བ་ལགས། །དེ་ལྟར་དོན་ཟབ་ངོ་མཚར་རྔ་སྒྲའི་དབྱངས། །ཟབ་ཅིང་རྒྱ་ཆེའི་ང་རོ་སྙན་གྲགས་པ། །མ་རིག་གཉིད་མྱོས་འགྲོ་ཀུན་རབ་སད་དེ། །ཞི་བའི་དགའ་སྟོན་རྒྱ་ཆེར་མཐོང་བར་ཤོག །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། ཆོས་ལམ་དུ་འགྲོ་བའི་རབས་ཏེ་གཉིས་པའོ།། །།

རབས་གསུམ་པ། ལམ་འཁྲུལ་པ་སེལ་བ།

དེ་ནས་ལམ་གྱི་འཁྲུལ་པ་སེལ་བ་ཡང་། །ཐུན་མོང་ཁྱད་པར་བླ་ན་མེད་པ་ལས། །དང་པོ་ཐུན་མོང་ཐེག་པའི་ལམ་ཆེན་གང་། །ཚད་མེད་སེམས་བསྐྱེད་སྨོན་ལམ་སྙིང་རྗེའི་བདག །རླབས་ཆེན་སྤྱོད་པས་འཁྲུལ་པ་སེལ་བ་སྟེ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་དང་ལྡན་ཞིང་། །རང་གཞན་དོན་གཉིས་ཀུན་ཏུ་སྒྲུབ་པ་ན། །ཆོས་ཁམས་དགེ་བ་འདུས་མ་བྱས་པ་ཡི། །གློ་བུར་དྲི་མ་རབ་ཏུ་སྦྱངས་པའི་ཕྱིར། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་རུ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་བསྒོམ་ཞིང་། །དག་པའི་ལྟ་བ་སྟོང་ཉིད་བཅུ་དྲུག་དང་། །སྐྱོན་མེད་སྤྱོད་པ་ཕ་རོལ་ཕྱིན་དྲུག་རྫོགས། །གང་ཟག་ཆོས་བདག་གཉིས་པོ་མེད་རྟོགས་ནས། །ཉོན་མོངས་གཉེན་པོའི་ཐབས་ཀྱིས་སྦྱོང་བ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བཟང་སྟེ། །སྒྱུ་མ་རྨི་ལམ་འཁྲུལ་པའི་ཚུལ་ཙམ་ལས། །སྤང་བླང་དོན་བྱས་དགེ་སྡིག་བླང་དོར་བྱེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་ལ། །མི་གཙང་བྱམས་དང་རྟེན་འབྲེལ་ཆུ་བོས་སྦྱོང་། །དམ་པའི་དོན་དུ་མ་སྐྱེས་རྣམ་དག་པས། །འཁོར་འདས་གཉིས་མེད་སྤྲོས་དང་བྲལ་བ་སྟེ། །བདེན་པ་གཉིས་དོན་རྟེན་ཅིང་འབྲེལ་འབྱུང་ལམ། །མཚན་ཉིད་རྒྱུ་ཡི་ཐེག་པ་ཆེན་པོ་ལགས། །ཁྱད་པར་ལམ་ཆེན་གསང་སྔགས་ཕྱི་ནང་སྟེ། །བསྐྱེད་རྫོགས་ཟུང་འཇུག་ཐབས་མཆོག་དཔག་ཏུ་མེད། །སྣ་ཚོགས་རིམ་པས་འཁྲུལ་པ་སྦྱོང་བ་སྟེ། །གསང་སྔགས་ཕྱི་གསུམ་དག་པ་གཙོར་བྱེད་པས། །སྤང་བླང་རེས་འཇོག་དྲི་མ་གཉེན་པོས་སེལ། །ནང་ནི་ཟུང་འཇུག་(༧)གཉིས་མེད་ཡེ་ཤེས་ཀྱིས། །སྤང་བྱའི་དངོས་དེ་ཐབས་ཀྱིས་ལམ་དུ་བསྒྱུར། །བདེ་གཤེགས་སྙིང་པོའི་གཞི་དབྱིངས་དཀྱིལ་འཁོར་ལ། །རང་སྣང་ཆོས་ཀུན་རང་སེམས་སྣང་བ་ཙམ། །འཁྲུལ་པ་དངོས་མེད་སྟོང་གཟུགས་གསལ་སྣང་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ། །རིགས་ལྔ་ལ་སོགས་དག་པར་དྲན་བྱས་ཏེ། །བསྐྱེད་པའི་རིམ་པས་སྣང་སྲིད་དཀྱིལ་འཁོར་གཅིག །ལུས་ལྷ་ངག་སྔགས་དྲན་རྟོག་འཕྲོ་འདུར་སྦྱོར། །ཐ་མར་འཁྲུལ་སྣང་སངས་རྒྱས་ཞིང་དུ་བལྟ། །རྫོགས་པའི་རིམ་པས་ཐམས་ཅད་ཆོས་ཉིད་དང་། །བསམ་གྱིས་མི་ཁྱབ་འོད་གསལ་དབྱིངས་ལ་འཇུག །རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་གྱིས། །རླུང་སེམས་ལས་རུང་དབྱིངས་དང་ཡེ་ཤེས་སྦྱོར། །ཟུང་འཇུག་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལགས། །བླ་མེད་ཐེག་པ་མཆོག་གསང་རྫོགས་པ་ཆེ། །ལྷུན་གྲུབ་དབྱིངས་ལ་དངོས་སུ་སྦྱོར་བ་སྟེ། །གཞི་དབྱིངས་མི་འགྱུར་ནམ་མཁའ་ལྟ་བུ་ལ། །ཡོན་ཏན་ལྷུན་གྲུབ་ཉི་ཟླ་གཟའ་སྐར་བཞིན། །བཙལ་བ་མེད་པར་ཡེ་ནས་ལྷུན་གྲུབ་པས། །འབད་ཅིང་རྩོལ་མེད་རང་བཞིན་མངོན་སུམ་ལམ། །འོད་གསལ་དབྱིངས་ཀྱི་དཀྱིལ་འཁོར་འདུས་མ་བྱས། །རང་གནས་ཆོས་སྐུ་མཉམ་པའི་དགོངས་པ་ཉིད། །རྟོགས་པར་བྱེད་པ་གནས་ལུགས་ལྟ་བའི་མཆོག །དག་པའི་དབྱིངས་ལ་གློ་བུར་སྒྲིབ་པའི་སྤྲིན། །འགྲོ་སེམས་འཁྲུལ་སྣང་མེད་བཞིན་སྣང་བ་ཡིས། །ཁམས་གསུམ་རིགས་དྲུག་བརྒྱུད་ཅིང་ཅིར་སྣང་ཡང་། །སྣང་བའི་དུས་ན་དོན་ལ་གྲུབ་པ་མེད། །མཁའ་དང་སྤྲིན་བཞིན་གློ་བུར་རྐྱེན་སྣང་ཙམ། །འཁོར་བ་སྒྲོ་བཏགས་མཚན་ཉིད་ཆད་པ་སྟེ། །མེད་བཞིན་སྣང་སྟེ་རང་གི་ངོ་བོས་སྟོང་། །སྟོང་སྣང་དངོས་མེད་རབ་རིབ་སྐྲ་ཤད་དང་། །རྨི་ལམ་སྒྱུ་མ་དུང་ལ་སེར་འཛིན་བཞིན། །ཇི་ལྟར་སྣང་དུས་ཉིད་ནས་གྲུབ་མ་མྱོང་། །གཞི་མེད་རྟེན་མེད་ཐོག་མ་དབུས་ཐ་མེད། །རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། །འདི་ལྟར་སྣང་སྲིད་སྣོད་བཅུད་ཆོས་རྣམས་ལ། །གཟུང་བའི་ཡུལ་མེད་སྤྲུལ་པ་མིག་ཡོར་བཞིན། །འཛིན་པའི་སེམས་མེད་བར་སྣང་དག་པ་འདྲ། །གཟུང་འཛིན་གཉིས་མེད་འཁོར་བ་ཡོད་མ་མྱོང་། །མེད་སྣང་འཁྲུལ་པ་རང་བཞིན་ཤེས་པས་གྲོལ། །སྤང་བླང་རྒྱུ་འབྲས་རྐྱེན་སྣང་རང་དག་པས། །གནས་ལུགས་དོན་ལ་རྒྱུ་འབྲས་འདས་ཤེས་བྱ། །དེ་ཡི་རྟེན་གཞི་རིག་པ་བྱང་ཆུབ་སེམས། །མྱ་ངན་འདས་དབྱིངས་ལྷུན་གྲུབ་ཆེན་པོ་ནི། །དོན་དམ་བདེན་པ་གདོད་ནས་དག་པ་སྟེ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །རང་བཞིན་འོད་གསལ་ཟབ་ཞི་སྤྲོས་དང་བྲལ། །ཡེ་ནས་རང་གནས་ཆོས་སྐུ་དྲི་མ་མེད། །དུས་གསུམ་འཕོ་(༨)འགྱུར་མེད་པའི་ངོ་བོར་གནས། །འདི་ནི་གཞི་དབྱིངས་རྡོ་རྗེ་སྙིང་པོ་སྟེ། །གང་གིས་དེ་རྟོགས་གནས་ལུགས་ལྟ་བ་ཉིད། །སྒྲོ་སྐུར་ཞི་བ་དོན་གྱི་སྙིང་པོར་རྟོགས། །དྲི་མེད་སྒོམ་པ་འོད་གསལ་སྙིང་པོ་ནི། །རྟོགས་པའི་ངང་ནས་བྱིང་རྒོད་སྤྲོས་དང་བྲལ། །ཡེངས་མེད་བློ་བྲལ་ཡངས་པ་ཆེན་པོ་སྟེ། །མཁའ་ལྟར་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་མེད། །བསམ་བརྗོད་དམིགས་པ་ཀུན་ལས་འདས་པ་ལགས། །སྤྱོད་པ་གང་སྣང་བདེན་མེད་དག་པ་སྟེ། །ནང་གི་འཛིན་པ་གང་ཤར་རང་གྲོལ་དང་། །ཕྱི་རོལ་གཟུང་བ་རྨི་ལམ་སྒྱུ་མའི་ཚུལ། །དོན་ལ་གཉིས་མེད་བླང་དོར་མེད་པར་སྤྱད། །གཟུང་འཛིན་ཉོན་མོངས་དགག་སྒྲུབ་ཆོས་རྣམས་ལ། །སྐྱེས་པས་རང་གྲོལ་རང་བཞིན་ཤེས་པས་གྲོལ། །གྲོལ་བས་ཡེ་རྫོགས་ཆོས་སྐུ་མཉམ་པའི་ངང་། །འཁོར་བ་སྤངས་ནས་མྱ་ངན་འདས་མི་འཚོལ། །གང་སྣང་དོན་གྱི་གསལ་འདེབས་མེ་ལོང་ལ། །གང་ཤར་ཤེས་པ་རང་གྲོལ་ཆོས་སྐུའི་རྩལ། །ཆུ་དང་རླབས་བཞིན་ཆོས་སྐུར་ཕྱམ་གཅིག་གོ། །འདི་ནི་མཐར་ཐུག་དོན་གྱི་དགོངས་པ་སྟེ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ལགས། །མདོར་ན་གང་ཞིག་ཇི་ལྟར་ཉམས་ལེན་ཀྱང་། །བདག་འཛིན་རང་གྲོལ་ཉོན་མོངས་དབྱིངས་སུ་དག །ཐམས་ཅད་ཐབས་ཀྱི་སྤྱོད་ལ་མཁས་པ་ནི། །ལམ་གྱི་འཁྲུལ་པ་སེལ་ཞེས་བྱ་བར་བསྟན། །དེ་ལྟར་ཆོས་ཚུལ་རིན་ཆེན་གྲུ་བོ་ཆེས། །མ་ལུས་སྐྱེ་རྒུ་སྲིད་མཚོ་རབ་བརྒལ་ནས། །ཞི་བ་རིན་ཆེན་ཐར་པའི་གླིང་མཆོག་ཏུ། །ཟག་མེད་ཞི་བདེའི་དགའ་སྟོན་མཐོང་བར་ཤོག །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། ལམ་འཁྲུལ་པ་སེལ་བའི་རབས་ཏེ་གསུམ་པའོ།། །།

རབས་བཞི་པ། འཁྲུལ་པ་ཡེ་ཤེས་སུ་དག་པ།

དེ་ནས་འཁྲུལ་པ་ཡེ་ཤེས་དག་པ་ཡང་། །གནས་སྐབས་མཐར་ཐུག་དོན་གྱི་རིམ་པ་ལས། །དང་པོ་གནས་སྐབས་ཉམས་ལེན་ལམ་གྱི་དུས། །ཟབ་མོའི་ཐབས་ཀྱིས་གོམས་པར་བྱས་པ་ལས། །ཉོན་མོངས་གང་སྐྱེ་དབྱིངས་སུ་རྣམ་པར་དག །རང་གསལ་ཡེ་ཤེས་མངོན་དུ་གྱུར་པ་ནི། །འཁྲུལ་རྟོག་ཡེ་ཤེས་དབྱིངས་སུ་དག་ཅེས་བྱ། །དེ་ཡང་ཐུན་མོང་ཁྱད་པར་བླ་མེད་ལ། །བསྟེན་པའི་ཐབས་ཀྱིས་སོ་སོར་དབྱེ་བ་ནི། །གཉེན་པོས་སྦྱངས་དང་ཐབས་ཀྱིས་བསྒྱུར་བ་དང་། །རང་སར་རྣམ་གྲོལ་མ་སྤངས་དབྱིངས་སུ་དག །གང་དག་འདོད་ལ་ཇི་ལྟར་བསླབ་ན་ཡང་། །འགག་པ་ཉོན་མོངས་དག་པའི་དོན་དུ་གཅིག །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་སྐྱེས་པའི་རང་ས་ངོས་ཟིན་དུས། །རང་བཞག་རང་གྲོལ་ཡེ་ཤེས་རྣམ་ལྔར་དག །ཀུན་རྟོག་མེ་ལོང་ཆོས་དབྱིངས་མཉམ་པ་ཉིད། །བྱ་བ་གྲུབ་པའི་ཡེ་ཤེས་ཆེན་པོ་རུ། །དུག་ལྔའི་འཁྲུལ་པ་གནས་སྐབས་དག་ཅེས་བྱ། །མཐར་ཐུག་ཁམས་ཀྱི་གློ་བུར་དྲི་བྲལ་ཏེ། །བྱང་ཆུབ་ཞི་བ་རྡུལ་བྲལ་བརྙེས་པ་(༩)ན། །དབྱིངས་ཀྱི་རང་བཞིན་ཅི་འདྲ་མངོན་དུ་གྱུར། །སྐུ་གསུམ་ཆོས་སྐུ་རོ་གཅིག་ཡེ་ཤེས་བརྙེས། །དག་པ་གཉིས་ལྡན་དབྱིངས་ཀྱི་སྐུ་ཞེས་བྱ། །རྒྱལ་བ་ཉིད་ལས་གཞན་གྱི་ཡུལ་མིན་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ་གསུམ་ཉིད། །ཡེ་ཤེས་དང་བཅས་ངོ་བོ་ཉིད་སྐུས་བསྡུས། །རྟག་ཁྱབ་འདུས་མ་བྱས་ཤིང་འཕོ་འགྱུར་མེད། །ཡིད་བཞིན་ནོར་བུ་ཆོས་སྐུའི་དབྱིངས་ན་བཞུགས། །དེ་ཉིད་ངང་ལས་ཡེ་ཤེས་ཕྲིན་ལས་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་རོལ་པ་ནི། །སར་གནས་རྣམས་དང་འགྲོ་གཞན་སྣང་བ་ཡང་། །རྒྱལ་བའི་བྱིན་རླབས་གདུལ་བྱའི་བསོད་ནམས་མཐུ། །ཚོགས་དོན་དག་ལས་དེ་ལྟར་སྣང་བ་ལས། །སྲིད་པ་ཇི་སྲིད་ཕྲིན་ལས་རྒྱུན་མི་འཆད། །ནོར་བུ་དཔག་བསམ་ལྗོན་ཤིང་རེ་བ་སྐོང་། །འདི་ནི་འཁྲུལ་པ་ཡེ་ཤེས་དག་ཅེས་བྱ། །དེ་ལྟར་དོན་ཟབ་སྙིང་པོའི་རྟ་བདུན་གྱིས། །ཡིད་མཁའི་ལམ་ནས་གདུལ་བྱའི་འཇིག་རྟེན་དུ། །ཚིག་དོན་རྣམ་བཀྲའི་འོད་སྟོང་འཕྲོ་བ་ཡིས། །འགྲོ་ཀུན་མ་རིག་མུན་པ་སངས་པར་ཤོག །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། འཁྲུལ་པ་ཡེ་ཤེས་སུ་དག་པའི་རབས་ཏེ་བཞི་པའོ།། །།

ཚུལ་འདི་བློ་གྲོས་ཡངས་པའི་ཁང་བཟང་ནས། །ཐོས་བསམ་སྒོམ་པའི་འབྱོར་པས་རབ་བརྒྱན་པ། །རང་གཞན་དོན་གཉིས་དགའ་སྟོན་འགྱེད་པ་དེས། །མདོ་རྒྱུད་མན་ངག་སྙིང་པོའི་དོན་བཞིན་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ཚེ་འདིར་སྲིད་པའི་རི་བོ་ཕྱིར་བསྙིལ་ནས། །བྱང་ཆུབ་ཞི་བ་རྡུལ་བྲལ་མཆོག་ཐོབ་སྟེ། །རང་གཞན་དོན་གཉིས་རྫོགས་པའི་སངས་རྒྱས་ཤོག །དོན་གསལ་གངས་རི་རྒྱ་ཆེར་མཛེས་པའི་གནས། །རབ་དཀར་ཡོན་ཏན་ཕྱོགས་ཀྱི་ཐ་གྲུར་ཁྱབ། །གསུང་རབ་རིན་ཆེན་སྙིང་པོའི་གནས་འཚེར་བས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ། མེ་ཏོག་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་ཟླ་བ་ཆུ་ཤེལ་གྱིས་འཚེར་བར་སྦྱར་བ་སྟེ་རེ་ཞིག་རྫོགས་སོ། །ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་དུ་འབབ་པས་བསམ་རྒུའི་རེ་བ་ཐམས་ཅད་འགྲུབ་པར་གྱུར་ཅིག། །།

རྒྱུ་ལ་ཁམས་འདུས་པ་མེ་ཏོག་གི་ཕྲེང་ལྡན།

༄༅། །རྒྱུ་ལ་ཁམས་འདུས་པ་མེ་ཏོག་གི་ཕྲེང་ལྡན་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། རྒྱས་བྱེད་པདྨོའི་ཚལ་ལྟར་ཡིད་འོང་སྐུ། །ཀུན་མཁྱེན་ལྷ་དང་མི་ཡིས་ཞབས་མཆོད་པ། །གངས་རིའི་ཁྲོད་ཀྱི་དཔལ་ལྡན་བསམ་ཡས་པས། །བློ་གསལ་སྐྱེ་བོའི་སྙན་དུ་ཚིག་འགའ་ཞུ། །དེང་སང་ཁ་ཅིག་བདག་ལ་འདི་སྐད་དུ། །མཐུན་འཇུག་མི་ཤེས་ནོར་མེད་བློ་སྣ་ཐུང་། །གཅིག་ཏུ་མི་ཚུགས་ཁམས་འདུས་ཆེ་ཞེས་སྨྲ། །དེ་དག་ཀུན་གྱི་(༡༠)ལན་གཅིག་བཤད་ཀྱིས་ཉོན། །དམ་པས་དམད་ཅིང་ཆོས་མིན་སྡིག་སྤྱོད་འཕེལ། །གཡོ་སྒྱུ་ཁྲམ་ཟོག་ཕ་རོལ་བསླུ་བའི་གཞི། །འཆི་ཀར་འགྱོད་ཅིང་ཕྱི་མ་ངན་སོང་རྒྱུ། །འཇིག་རྟེན་མཐུན་འཇུག་འདི་ཉིད་མེད་ཀྱང་ལེགས། །འཁོར་བའི་ཞགས་པ་འདོད་ཡོན་དམ་པས་དམད། །ཀུན་དང་རྩོད་བཅས་སྡུག་བསྔལ་དུ་མའི་གཞི། །ཡོད་ཀྱང་ཆོག་ཤེས་མ་མཆིས་སྲེད་པ་འཕེལ། །ངན་སོང་རྒྱུ་བྱེད་འབྱོར་པས་དབེན་ཀྱང་ལེགས། །འཇིག་རྟེན་ཆོས་ལ་ཡིད་འབྱུང་མ་སྐྱེས་ན། །ནམ་ཡང་སྲིད་པའི་མཚོ་ལས་ཐར་པ་མེད། །མི་རྟག་སྙིང་པོ་མེད་པའི་ཆོས་རྣམས་ལ། །ཞེན་ཆགས་མི་ལྡན་བློ་སྣ་ཐུང་ན་ལེགས། །གཅིག་ཏུ་གནས་ཚེ་ཆགས་སྡང་ངང་གིས་འཕེལ། །རྣམ་གཡེང་འདུ་འཛི་བྱ་བྱེད་ལྷག་པར་མང་། །བདག་འཛིན་སྲེད་པའི་ཞགས་པས་འཆིང་བའི་རྒྱུ། །དེ་འདྲའི་གནས་ལ་ངེས་པ་མེད་ཀྱང་ལེགས། །ཁམས་འདུས་འདི་ཡང་རྒྱུ་མེད་མ་ཡིན་ཏེ། །ཉིན་མཚན་ཀུན་ཏུ་བདག་གིས་ལེགས་བསམ་པས། །འཁོར་བའི་རྒྱ་མཚོ་སྐྱེ་ཤིའི་རྦ་ཀློང་ཅན། །བདག་འཛིན་འཁྲུལ་པའི་རང་བཞིན་འདིར་འཁྱམས་ཏེ། །ཐར་དཀའ་སྲིད་པ་མཚོ་ཡི་གཏིང་མཐོང་ནས། །ཡི་ཆད་མཆི་མ་ཤོར་ཏེ་ཁམས་འདི་འདུས། །གཞན་གྱི་སྤྱོད་པ་ཀུན་ཏུ་བརྟགས་པས་ཀྱང་། །བདག་གི་ཁམས་འདི་འདུས་པའི་ཚུལ་འདི་ཉོན། །མཆོད་འོས་མཁན་སློབ་བླ་མར་ཁས་འཆེ་ཡང་། །ཆོས་ལམ་མི་གཉེར་འདོད་ཡོན་འདུ་འཛི་གཉེར། །ཕྱི་རོལ་ཞི་ཡང་ནང་ན་རློམ་སེམས་ཆེ། །གཡོ་སྒྱུ་ཚུལ་འཆོས་མཐོང་ནས་ཁམས་འདི་འདུས། །ཆོས་ལྡན་པས་ཀྱང་ནོར་ལྡན་ཅན་ལ་གཟིགས། །དྲང་པོ་བས་ཀྱང་གཡོན་ཅན་འཁོར་ལ་བྱམས། །འཇིག་རྟེན་ཆོས་བརྒྱད་དོན་གཉེར་མི་ཆོས་མཁན། །བླ་མའི་གཟུགས་བརྙན་མཐོང་བས་ཁམས་འདི་འདུས། །དོན་ལྡན་མི་ཤེས་དབྱེན་བཅུག་ཕྲ་མ་མཁན། །དྲང་པོར་མི་གནས་གཡོན་ཅན་ཁ་གསགས་ཅན། །ལེགས་ན་མི་དགའ་མཐུན་གཉིས་སོ་སོར་འབྱེད། །དེ་འདྲའི་གྲོགས་པོ་མཐོང་ནས་ཁམས་འདི་འདུས། །རང་ལ་མི་བཟོད་གཞན་ལ་རྩོལ་ཕོད་ཅན། །དགོས་དུས་མི་ཕན་གཞུང་ངན་གཞན་ཕྱོགས་འཛིན། །ཅུང་ཟད་རེ་ལ་རྣམ་འགྱུར་སྣ་ཚོགས་སྟོན། །དེ་འདྲའི་གྲོགས་པོ་མཐོང་ནས་ཁམས་འདི་འདུས། །གོ་རིམ་མི་ལྡན་བསླབ་ན་ཚིག་རྩུབ་འབྱིན། །མ་དད་མ་གུས་གྱོང་བོ་ཤིང་གླག་ཅན། །ཟས་ལ་འཇུག་ཅིང་འབད་པའི་ལས་ལ་བྱོལ། །དེ་འདྲའི་སློབ་མ་མཐོང་ནས་ཁམས་འདི་འདུས། །དངོས་སུ་བསྟོད་ན་ལྐོག་ཏུ་སྐྱོན་རྣམས་སྨྲ། །ཆོས་ལམ་མི་གཉེར་འདོད་ཡོན་རྗེས་སུ་འབྲངས། །བསྐྱངས་པའི་ཐ་མར་ལན་དུ་འཁོན་བགྱིས་ཅན། །དེ་འདྲའི་སློབ་མ་མཐོང་ནས་ཁམས་འདི་འདུས། །ཟས་གོས་(༡༡)དམན་ན་མཁས་ཀྱང་འོག་ཏུ་འདོར། །ནོར་གྱིས་འབྱོར་ན་བླུན་ཡང་གོང་དུ་བཀུར། །ངན་གཡོ་ཅན་ལ་འགྲོགས་རུང་རྒོད་པོར་བརྩི། །དེ་འདྲའི་སྐྱེ་བོ་མཐོང་ནས་ཁམས་འདི་འདུས། །དྲང་པོར་གནས་ན་རབ་ཏུ་གྱོང་བར་མཐོང་། །ནོར་གྱིས་དབེན་ན་བསོད་ནམས་མེད་པར་འཛིན། །ཆོས་དང་ལྡན་ན་འཁོས་མེད་ཐབས་རྡུག་ཟེར། །དེ་འདྲའི་སྐྱེ་བོ་མཐོང་ནས་ཁམས་འདི་འདུས། །མཐུན་འཇུག་མཁན་ལ་དགེ་བཤེས་བཟང་པོར་བརྩི། །གཡོན་ཅན་ཚུལ་འཆོས་མཁན་ལ་བཙུན་པར་སྨྲ། །ཚིག་རྩུབ་གླེན་ཟོག་མཁན་ལ་བཟང་པོར་བརྩི། །དེ་འདྲའི་སྐྱེ་བོ་མཐོང་ནས་ཁམས་འདི་འདུས། །ཁ་ལེན་སྦྱིན་རེས་བསོད་ནམས་བྱས་པར་བསྔོ། །གནོད་འཚེའི་སྦྱིན་པར་དགེ་བ་བྱས་པར་རློམ། །ཆོས་མིན་སྤྱད་ནས་བདེ་འགྲོ་ཐོབ་ཏུ་རེ། །རྣམ་གཞག་ཕྱིན་ཅི་ལོག་འདིས་ཁམས་འདི་འདུས། །ཆོས་མེད་ཅུང་ཟད་འབྱོར་ན་སྐྱིད་པར་བརྩི། །སྡོམ་བརྩོན་ནོར་མེད་མཐོང་ན་ཀུན་གྱིས་བརྙས། །དམ་པ་བས་ཀྱང་བླུན་པོ་བྲིན་པའི་དུས། །ཁམས་ཤིག་ཡོད་ན་འདི་ལ་འདུ་བར་རིགས། །དེང་སང་དུས་འདིར་རྣམ་གཞག་ཕྱིན་ཅི་ལོག །རང་སྐྱོན་དང་འགལ་ཡོན་ཏན་སྐྱོན་དུ་བརྩི། །ཙུ་ཏའི་སྐྱེ་བོས་རྐང་གཉིས་མི་རྣམས་ལ། །རྐང་གཅིག་ལྷག་ཅེས་བཞད་གད་བྱེད་པ་ལྟར། །རྩོམ་འཆད་རྩོད་པར་སྨྲ་བའི་བསམ་ཡས་པ། །ཆོས་བཞིན་སྤྱོད་ལ་བརྙས་པ་དུས་འདིར་མཐོང་། །དོན་འདི་བརྗོད་ཚེ་འཆལ་རྨོངས་བླུན་པོའི་ཚོགས། །ཐོས་བསམ་གྲུབ་མཐའི་ཚུལ་ལ་རབ་རྨོངས་ཤིང་། །བསླབ་གསུམ་རིན་ཆེན་མཆོག་ཉམས་གླེན་ཟོག་མཁན། །མཐོ་འགྲོགས་གསར་ངས་ཅན་རྣམས་མ་མཉེས་ཀྱང་། །ཚུལ་ཁྲིམས་ལུས་བཟང་བསླབ་གསུམ་འདབ་གཤོག་རྒྱས། །དྲང་པོའི་མཁར་རྒྱུ་རྣམ་དཔྱོད་བཟང་པོའི་ཚོགས། །ཡིད་ལ་དགའ་བ་བསྐྱེད་ཕྱིར་བསྡེབས་པ་ཡིན། །བདེན་རྫུན་དོན་ལ་གཟིགས་ཤིག་བློ་གསལ་ཀུན། །ཚུལ་འདི་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན། །ཚུལ་ཁྲིམས་བློ་གྲོས་བཟང་པོ་བདག་གིས་སྦྱར། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །བྱང་ཆུབ་སྙིང་པོའི་ཤིང་དབང་དྲུང་འདུག་སྟེ། །མི་སྙན་སྨྲ་བའི་བདུད་སྡེ་ཕམ་བྱས་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །འདུན་པས་སྨྲ་བ་ཡང་དག་པའི་ལན་གྱིས་ཚར་བཅད་པའི་རབ་ཏུ་བྱེད་པ་ཕྲེང་ལྡན་ཞེས་བྱ་བ་མང་དུ་ཐོས་པའི་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཡོངས་སུ་སྦྱར་བ་རྫོགས་སོ།། །།

རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ་ཞེས་བྱ་བ།

༄༅། །རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། གང་གིས་བསྟེན་པས་རྣམ་གྲོལ་མཛོད་བརྙེས་ཤིང་། །རིག་དང་གྲོལ་བའི་ཕུན་ཚོགས་འབྱུང་བའི་གཞི། །འགྲོ་ཀུན་དགེ་ལེགས་(༡༢)བསྐྲུན་པའི་གཉེན་གཅིག་པུ། །ཚོགས་མཆོག་དགེ་འདུན་སྙན་དུ་ཚིག་འགའ་གསོལ། །ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན། །ཁ་བ་ཅན་དུ་ཆོམ་རྐུན་ཁམས་པའི་རིགས། །ག་རུ་གནས་ཀྱང་གྲོང་རྡལ་འཇོམས་བྱེད་པའི། །ང་རྒྱལ་ཆགས་སྡང་རྒྱུ་བ་གཟིགས་ལགས་སམ། །ཅ་ཅོའི་རང་བཞིན་ཉོན་མོངས་ཁམས་པའི་ཚོགས། །ཆའོ་བཞིན་དུ་ཕྱོགས་བཅུར་རྒྱུ་བྱེད་ཅིང་། །ཇ་ཆང་འཐུང་ཞིང་སྲོག་ཆགས་གསོད་བྱེད་པ། །ཉ་པ་བཞིན་དུ་གནས་པ་གཟིགས་ལགས་སམ། །ཏ་ལའི་ཚལ་དུ་སྟག་གཟིག་རྒྱུ་བ་བཞིན། །ཐ་ཆད་ཆང་འཚོང་རྐུན་པོའི་གནས་རྣམས་སུ། །ད་བྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས། །ན་ཆུང་ཚོལ་ཕྱིར་རྒྱུག་པ་གཟིགས་ལགས་སམ། །པ་ནས་གང་བའི་ལྡུམ་ར་ངན་པ་འམ། །ཕ་རོལ་ཆང་དང་སྒོག་བཙོང་དྲིས་སུན་འབྱིན། །བ་ལང་བཞིན་དུ་གཙང་བཙོག་མི་ཤེས་པས། །མ་རབས་དུད་འགྲོའི་ཁམས་པ་གཟིགས་ལགས་སམ། །ཙ་ནས་རང་ལ་རྒོལ་བ་བྱུང་བའི་ཚེ། །ཚ་ཟེར་བྱེད་ལ་མུན་པའི་སྐྱེས་བུ་འམ། །ཛ་ར་སྡང་རའི་རྒྱལ་ཕྲན་ཇི་བཞིན་དུ། །ཝ་སྐྱེས་བཞིན་དུ་འབྲོས་པ་གཟིགས་ལགས་སམ། །ཞྭ་རྨོག་གྱོན་ཅིང་ཉེས་མེད་ཡུལ་རྣམས་སུ། །ཟ་མའི་ཆེད་དུ་མི་རྣམས་རྡུང་བྱེད་ཅིང་། །འ་ཅག་ཁྲེལ་མེད་ཡིན་ཞེས་སྨྲ་བ་ཡི། །ཡ་རབས་ཚུལ་ཆད་ཁམས་པ་གཟིགས་ལགས་སམ། །ར་ལུག་བ་ལང་ལ་སོགས་གསོད་པའི་ཕྱིར། །ལ་ཆུ་འཕྲང་གསུམ་བརྒལ་ནས་གྲོང་རྡལ་འཇོམས། །ཤ་ཟ་ཆང་འཐུང་བུད་མེད་བསྟེན་པ་ཡི། །ས་སྟེང་བསྟན་པའི་ཆོམ་རྐུན་གཟིགས་ལགས་སམ། །ཧ་ཅང་ཐལ་བའི་བྱེད་ཚུལ་ངན་པ་འདི། །ཨ་ཁུ་ཁམས་པའི་ཐོས་བསམ་སྒོམ་གསུམ་ཡིན། །ཡི་གེ་སུམ་ཅུའི་ཚིགས་སུ་བཅད་པ་འདི། །གནས་ནས་ཕུད་ཚེ་ལམ་ཀའི་བཞི་མདོར་སྦྱར། །ཅེས་པ་འདི་ཡང་བསམ་ཡས་པ་ངག་གི་དབང་པོས་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བ་འདིས་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

དུས་ལ་མངོན་པར་སྐྱོ་བའི་རབས་བི་ཛ་ཧ་རཾ།

རབས་དང་པོ། ཐ་མལ་པའི་གནས་ལ་སྐྱོ་བར་བསྟན་པ།

༄༅། །དུས་ལ་མངོན་པར་སྐྱོ་བའི་རབས་བི་ཛ་ཧ་རཾ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། དུས་ལ་མངོན་པར་སྐྱོ་བའི་རབས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་ཐོག་མར་བྱང་ཆུབ་ཐུགས་བསྐྱེད་ནས། །གྲངས་མེད་བསྐལ་པར་བརྩོན་པའི་གོ་བགོས་ཏེ། །མངོན་པར་བྱང་ཆུབ་མཛད་པ་བསམ་མི་ཁྱབ། །ཟས་གཙང་སྲས་སུ་གྱུར་ལ་གུས་ཕྱག་འཚལ། །གསུང་རབ་ཆུ་གཏེར་ཡོན་ཏན་གངས་ཆེན་མཚོ། །རྒྱལ་བ་རྒྱལ་སྲས་ཡིད་བཞིན་འབྱུང་བའི་གནས། །ཕན་བདེའི་དུས་རླབས་སྲིད་ཞིའི་དབྱིངས་ཁྱབ་པ། །དམ་ཆོས་རྒྱ་མཚོ་ཡུན་རིང་གནས་གྱུར་ཅིག །བསླབ་གསུམ་ཡོན་ཏན་རིན་ཆེན་ས་གཞི་ལ། །དགེ་ཚོགས་རྣམ་འཕེལ་འགྲོ་ཀུན་བསོད་ནམས་ཞིང་། །(༡༣)རང་གཞན་དོན་གཉིས་འབྱོར་བའི་གཞིར་གྱུར་པ། །འཕགས་པའི་དགེ་འདུན་དད་བརྒྱའི་གཙུག་གིས་མཆོད། །ཞི་བ་ཆོས་བཟང་ཕན་བདེ་འབྱུང་བའི་གནས། །ཐུབ་པའི་བསྟན་པ་ནུབ་རིའི་རྩེར་ལྷུང་ཞིང་། །བཤེས་གཉེན་དམ་པ་ཕལ་ཆེར་འདས་པའི་དུས། །ལྔ་བརྒྱ་ཐ་མར་གྱུར་ལ་སྐྱོ་བས་ཉོན། །འཛམ་བུ་གླིང་ལས་ཁྱད་པར་གངས་རིའི་ཡུལ། །དེང་སང་དུས་ངན་མི་རྣམས་མི་སྲུན་ཞིང་། །བཅོས་མའི་ཆ་ལུགས་དག་ཀྱང་གྲངས་མང་ལ། །ཡང་དག་ཚུལ་བཞིན་སྤྱོད་པའི་སྐྱེ་བོ་ཉུང་། །ཡུལ་རྣམས་ཕལ་ཆེར་ཁྲིམས་ཀྱིས་མི་འཚོ་ལ། །མི་རིགས་རང་གར་སྤྱོད་ཅིང་བདེན་རྫུན་འཆོལ། །ཡོན་ཏན་སྐྱོན་དུ་མཐོང་བ་འུག་པའི་མིག །གངས་རིའི་ཁྲོད་ལས་གཞན་པ་སུ་ཞིག་ཀྱེ། །ཕྱོགས་འདིར་གནའ་དུས་བཟང་པོ་ནུབ་གྱུར་ཅིང་། །ད་དུས་ངན་པའི་སྙིགས་མ་ལྔ་བདོ་བས། །ཡུལ་ལུགས་འགྱུར་ཞིང་ཆ་ལུགས་སྣ་ཚོགས་བྱེད། །བསམ་སྤྱོད་མི་དགེ་སྡིག་སྤྱོད་འབའ་ཞིག་འཕེལ། །དེ་དག་དབང་གིས་ཕྱི་རོལ་དུས་ཚིགས་དང་། །ནང་གི་བདེ་སྡུག་འགྱུར་བས་སྡུག་བསྔལ་ཞིང་། །སྔོན་དུས་བཟང་པོའི་རྗེས་སུ་མཐུན་མ་གྱུར། །ད་ནི་རང་བཞིན་སྐྱོ་བའི་ཚུལ་ལ་ཉོན། །སྔོན་དུས་ཡུལ་རྣམས་དར་ཞིང་རྒྱས་ན་ཡང་། །ད་དུས་གྲོང་རྣམས་ཕལ་ཆེར་འབྲོག་སྟོང་འདྲ། །སྐྱེ་བོ་ཉུང་ཞིང་ཟས་གོས་འབྱོར་པ་ཆུང་། །དབུལ་འཕོངས་འཚེ་བ་མང་པོས་སེམས་འདི་སྐྱོ། །སྔོན་དུས་བཟང་ལ་ཆར་ཆུ་སྙོམས་ན་ཡང་། །ད་དུས་ངན་པས་དཔྱིད་འཁྱགས་དབྱར་སྐམ་ལ། །སྟོན་འཁྲུག་དགུན་འཇུངས་སད་སེར་མུ་གེས་ཉེན། །མི་རྣམས་སེར་སྣ་འཕེལ་བས་སེམས་འདི་སྐྱོ། །སྔོན་དུས་ཡུལ་རྣམས་ཁྲིམས་ཀྱིས་སྐྱོང་ན་ཡང་། །ད་དུས་ཁྲིམས་མེད་ངན་པ་རྒྱལ་བའི་དུས། །མི་བདེན་ཁ་འཛིན་བདེན་ལ་ཆད་པ་གཅོད། །དོན་མེད་ཁྲལ་ཆུས་མནར་ལ་སེམས་འདི་སྐྱོ། །སྔོན་དུས་ཡུལ་རྣམས་འཇམ་ཞིང་བདེ་ན་ཡང་། །ད་དུས་རྩུབ་པས་ལམ་འཕྲང་ཆོམ་པོ་མང་། །འགྲིམ་འགྲུལ་མི་བདེ་མང་བས་ཉུང་བ་འཇོམས། །ཕན་ཚུན་མི་མཐུན་རྩོད་པས་སེམས་འདི་སྐྱོ། །སྔོན་དུས་ཕྱོགས་རྣམས་འཇམ་བདེར་གནས་ན་ཡང་། །ད་དུས་དམག་དང་འཁྲུག་ལོང་སྣ་ཚོགས་རྒྱས། །ཀུན་གྱི་སྙིང་དུ་འབྱུང་པོའི་གདོན་ཞུགས་པས། །བདེ་བའི་གོ་སྐབས་མེད་པས་སེམས་འདི་སྐྱོ། །སྔོན་དུས་གཞུང་བཟང་ངོ་ཚ་ཆེ་ན་ཡང་། །ད་དུས་ཁྲེལ་ཆུང་ཀུན་སྤྱོད་བསྐལ་པ་ངན། །ཕན་ཚུན་རིགས་འཆོལ་གཉེན་ལ་གདུང་སེམས་ཆུང་། །གཞུང་ངན་ཕྱི་ཐག་ཐུང་བས་སེམས་འདི་སྐྱོ། །སྔོན་དུས་མཐུན་ལ་ནང་རིགས་གཤིམ་ན་ཡང་། །ད་དུས་མི་མཐུན་དབྱེན་བཅུག་གཏམ་སྣ་མང་། །གཅིག་གིས་གཅིག་བསླུ་ཕན་ཚུན་ཉེས་ན་དགའ། །ཕྲག་དོག་ཟུག་རྔུ་ཆེ་བས་སེམས་འདི་སྐྱོ། །སྔོན་དུས་ཁོང་ཡངས་ལྷོད་(༡༤)ཆ་ཆེ་ན་ཡང་། །ད་དུས་གྲིམ་པས་ཅུང་ཟད་ཙམ་གྱི་ཕྱིར། །ཕ་དང་བུར་འཐབ་དཔོན་སློབ་མཛའ་བཤེས་འབྲལ། །རང་བཞིན་ཀུན་སྤྱོད་ངན་པས་སེམས་འདི་སྐྱོ། །སྔོན་དུས་ངོ་ཚ་ཁྲེལ་འཛེམ་ཆེ་ན་ཡང་། །ད་དུས་ཟས་ནོར་ཅུང་ཟད་ཙམ་གྱི་ཕྱིར། །སྡིག་དང་གཏམ་ངན་ཁྱད་དུ་བསད་ནས་སྒྲུབ། །བཟང་པོའི་སྤྱོད་དང་བྲལ་བས་སེམས་འདི་སྐྱོ། །སྔོན་དུས་རང་བཞིན་ཆད་ལ་བཙན་ན་ཡང་། །ད་དུས་མི་རྣམས་ཁས་བླངས་དོན་སྟབས་གཅོག །རྫུན་དང་སྤྲུལ་པ་ངན་གཡོ་སྣ་ཚོགས་བྱེད། །བློ་གཏད་མེད་པ་མཐོང་ནས་སེམས་འདི་སྐྱོ། །སྔོན་དུས་གཤིས་བཟང་རང་བཞིན་བརྟན་ན་ཡང་། །ད་དུས་རྒྱུད་འཚུབས་ཁོང་ཁྲོ་འཁོན་ངན་འབེབས། །རང་ཚུགས་མི་ཐུབ་ཟུངས་མེད་ཁ་གསག་ཅན། །མཐོ་འགྲོགས་གསར་ངས་ཆེ་བས་སེམས་འདི་སྐྱོ། །སྔོན་དུས་སྤྱི་ཚིས་བཟང་སེམས་ཆེ་ན་ཡང་། །ད་དུས་ཕྱོགས་ཆར་རང་འདོད་གཙོ་བོར་སྒྲུབ། །ཁ་ཡངས་གཏིང་དོག་ངན་ལ་མི་ཚེ་བསྐྱལ། །བཟང་སེམས་མེད་པ་མཐོང་ནས་སེམས་འདི་སྐྱོ། །སྔོན་དུས་དོན་རྣམས་རིགས་པས་སྒྲུབ་ན་ཡང་། །ད་དུས་འཕྲལ་ཕུགས་རྒྱུ་མཚན་མི་གཞིག་པར། །གང་དྲན་བྱེད་སྐྱེན་ཕྱིས་ནས་འགྱོད་པ་ཅན། །ལམ་དུ་མི་འགྲོ་སྒྲུབ་པས་སེམས་འདི་སྐྱོ། །སྔོན་དུས་བྱ་བ་གང་ལའང་གྲོས་སུ་བསྡུར། །ད་དུས་ཚོད་མེད་རང་བཟོ་རང་གར་བྱེད། །འཕྲལ་ཕུགས་མི་བརྟན་ཆབ་སྲིད་ཉམས་པའི་རྒྱུ། །རང་གཞན་གནོད་པ་མཐོང་ནས་སེམས་འདི་སྐྱོ། །སྔོན་དུས་གང་ལའང་ཕན་གནོད་གཞིག་ན་ཡང་། །ད་དུས་མི་རྣམས་སྤྱང་ཀིས་ལུག་མཐོང་ལྟར། །གཞན་ལ་གནོད་ཀྱང་རང་དོན་འབའ་ཞིག་སྒྲུབ། །བཟང་པོའི་ཚུལ་དང་འགལ་བས་སེམས་འདི་སྐྱོ། །སྔོན་དུས་ཤ་ཚ་གྲོས་འདེབས་ཉན་ན་ཡང་། །ད་དུས་བདེན་པའི་གཏམ་ལ་ཉན་མཁན་མེད། །ངོར་བསྟོད་དབྱེན་བཅུག་རྣ་བའི་བདུད་རྩི་བཞིན། །དམ་པའི་ལམ་དང་འགལ་བས་སེམས་འདི་སྐྱོ། །སྔོན་དུས་ཕ་མ་རྒན་རབས་བཀུར་ན་ཡང་། །ད་དུས་རྒན་རབས་བཀུར་སྟི་སྲི་ཞུ་མེད། །གྲལ་ཡང་མཐར་འཇོག་ཟས་གོས་ལྷག་རོལ་སྟེར། །ངོ་ཚའི་གནས་སུ་བྱེད་པས་སེམས་འདི་སྐྱོ། །སྔོན་དུས་བཟང་དྲིན་བྱས་པ་གཟོ་ན་ཡང་། །ད་དུས་མི་རྣམས་བཟང་ལན་ངན་གྱིས་འཇལ། །ཕན་ཆེར་བཏགས་ནས་གནོད་པ་ཆེར་སྐྱེལ་བ། །འགྲོགས་སུ་མི་རུང་མཐོང་ནས་སེམས་འདི་སྐྱོ། །སྔོན་དུས་གང་ལའང་རང་བཞིན་བརྟགས་ན་ཡང་། །ད་དུས་མི་རྣམས་འབར་རྒྱུག་ཕྱོགས་གཏམ་ཅན། །བཟང་ངན་མི་དཔྱོད་གྲགས་པའི་རྗེས་སུ་འབྲང་། །སྒྲོ་སྐུར་སྨྲ་བསྟོད་མང་བས་སེམས་འདི་སྐྱོ། །དེ་དག་ལ་སོགས་ཉེས་པ་ཚད་མེད་པ། །དུས་ངན་སྐྱེ་བོ་རྣམས་ཀྱི་རང་བཞིན་ཏེ། །ཆ་ཙམ་བརྗོད་པས་ཕྱོགས་ཙམ་མཐོང་བར་ཟད། །རྒྱས་པར་བསྐལ་པའི་བར་དུ་བརྗོད་མི་ལང་། །དེ་དག་མཐོང་ནས་(༡༥)དད་ལྡན་སྐྱེ་བོ་རྣམས། །དབེན་པའི་གནས་སུ་དམ་ཆོས་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། ཐ་མལ་པའི་གནས་ལ་སྐྱོ་བར་བསྟན་པ་སྟེ་རབས་དང་པོའོ།། །།

རབས་གཉིས་པ། ཕལ་པའི་གནས་ལ་མངོན་པར་སྐྱོ་བར་བསྟན་པ།

དེ་ལྟར་འཇིག་རྟེན་བསམ་སྤྱོད་སྐྱེ་བོ་ཀུན། །རང་བཞིན་བླུན་པས་བདེན་དུ་ཆུག་ན་ཡང་། །ཐར་པར་ཞུགས་པ་ཆོས་དོན་གཉེར་བ་རྣམས། །བསྟན་པ་སྙིགས་མའི་སྐྱོ་བ་བཤད་ཀྱིས་ཉོན། །ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །བསྟན་པ་འཇིག་རྟེན་མིག་འདི་ཟུམ་དུ་ཉེ། །བཤེས་གཉེན་ཐར་པའི་ལམ་མཁན་ཕལ་ཆེར་འདས། །བྱང་ཆུབ་ལྗོན་ཤིང་རྙིང་པས་སེམས་འདི་སྐྱོ། །སྔོན་གྱི་རྒྱལ་བས་བྱང་ཆུབ་བརྙེས་པའི་གནས། །རྡོ་རྗེ་གདན་སོགས་འཕགས་པའི་ཡུལ་རྣམས་སྟོང་། །སྡིག་སྤྱོད་སོག་པོ་རྣམས་ཀྱིས་མཐའ་བསྐོར་ཞིང་། །ཉམ་ངའི་གནས་སུ་གྱུར་ལ་སེམས་འདི་སྐྱོ། །ཕྱོགས་རྣམས་གང་ནའང་དགེ་བའི་བཤེས་ཉུང་ཞིང་། །ཆོས་བཞིན་སྤྱོད་པའི་སྐྱེ་བོ་རབ་དཀོན་ལ། །སྡེ་དགོན་རྣམས་ཀྱང་ཁྱིམ་པའི་གྲོང་འདབ་བཞིན། །ཆོས་མིན་བྱ་བྱེད་མང་བས་སེམས་འདི་སྐྱོ། །རང་ཉིད་མཁན་སློབ་གནས་སུ་ཁས་འཆེ་ཡང་། །ཆོས་ཀྱི་ཉམས་ལེན་ཤེས་བྱེད་གཉིས་དང་བྲལ། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འདུ་འཛི་ཅན། །འཁྲུལ་སྣང་བདེན་པར་འཛིན་ལ་སེམས་འདི་སྐྱོ། །རང་ཉིད་མཆོག་ཏུ་བཙུན་པར་ཁས་འཆེ་ཡང་། །ཕྲ་མོ་བསྲུང་ལ་ཆེན་པོ་ཁྱད་དུ་གསོད། །ཡོ་བྱད་སོགས་བྲུན་ཚེ་འདི་འབའ་ཞིག་པ། །ཐར་ལམ་ངེས་འབྱུང་བྲལ་ལ་སེམས་འདི་སྐྱོ། །རང་ཉིད་བཟང་པོའི་གནས་སུ་ཁས་འཆེ་ཡང་། །ཕྱི་ནང་འཛོལ་ལ་ཆོས་བརྒྱད་གཙོ་བོར་འཛིན། །གཞན་ལ་སྡང་ཞིང་རང་རྒྱུད་མ་དུལ་བས། །ཀོ་ལོང་ཟུར་མགོ་རགས་ལ་སེམས་འདི་སྐྱོ། །རང་ཉིད་རབ་ཏུ་བྱུང་བར་ཁས་འཆེ་ཡང་། །ཐོས་བསམ་མི་གཉེར་ཡོ་བྱད་གང་བཟང་འགྲན། །བླང་དོར་མི་ཤེས་བསླབ་གསུམ་ནོར་གྱིས་དབེན། །ཉོན་མོངས་དུག་ལྔ་འཁྲུགས་པས་སེམས་འདི་སྐྱོ། །རང་ཉིད་ཆོས་ལ་ཞུགས་པར་ཁས་འཆེ་ཡང་། །དགེ་སྡིག་མི་འཛེམ་འཁྲུལ་པའི་བྱ་བས་གཡེངས། །དད་མེད་ཤེས་རབ་ཆུང་ལ་དྲན་པ་གསལ། །ཆོས་མེད་སྟོང་པར་འགྲོ་བས་སེམས་འདི་སྐྱོ། །རང་ཉིད་བསྟན་ལ་ཞུགས་པར་ཁས་འཆེ་ཡང་། །ཁྲིམས་མེད་རྟགས་ཙམ་འཛིན་ལ་འདོད་ཡོན་གཉེར། །རབ་ཏུ་བྱུང་ཡང་ཆོས་ཀྱིས་མ་གོས་པའི། །རྫིང་བུའི་ངང་མོ་འདྲ་ལ་སེམས་འདི་སྐྱོ། །རང་ཉིད་བསོད་ནམས་གསོག་པར་ཁས་འཆེ་ཡང་། །ཕྱོགས་ཆའི་སྦྱིན་པ་ལོ་འདོད་རློམ་སེམས་ཅན། །སྡིག་དང་འདྲེས་པ་ཁ་ལན་རེ་བཅས་གཞི། །ངས་བྱས་ཡུས་ཀྱིས་བརྣངས་ལ་སེམས་འདི་སྐྱོ། །རང་ཉིད་འབྱོར་ལྡན་ཕྱུག་པོར་ཁས་འཆེ་ཡང་། །སེར་སྣས་བཅིངས་ཏེ་གཏོང་སེམས་རྡུལ་ཙམ་མེད། །རང་ཡང་མི་སྤྱོད་གཞན་ལའང་མི་སྦྱིན་པ། །འཆི་དུས་སྡིག་སྤྱོད་ཅན་གྱུར་སེམས་འདི་སྐྱོ། །རང་ཉིད་སྡེ་དགོན་ཆོས་(༡༦)ལྡན་ཁས་འཆེ་ཡང་། །ཆོས་མིན་བྱ་བྱེད་ཁྱིམ་པའི་གྲོང་རྡལ་བཞིན། །རྣམ་གཡེང་འདུ་འཛི་སྡུག་བསྔལ་རྒྱུན་མི་འཆད། །ཆགས་སྡང་འཐབ་རྩོད་མང་བས་སེམས་འདི་སྐྱོ། །དེ་དག་ལ་སོགས་ཉེས་པའི་ཚོགས་མང་པོ། །བསྐལ་པར་བརྗོད་ཀྱང་ཀུན་ཏུ་ཟད་མི་ཤེས། །འདི་འདྲའི་ཚུལ་ལ་མངོན་པར་སྐྱོ་བ་ཡིས། །དབེན་པའི་གནས་སུ་དམ་ཆོས་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། ཕལ་པའི་གནས་ལ་མངོན་པར་སྐྱོ་བར་བསྟན་པ་སྟེ་རབས་གཉིས་པའོ།། །།

རབས་གསུམ་པ། ཐ་སྙད་སྤྱོད་པའི་གནས་ལ་སྐྱོ་བར་བསྟན་པ།

དེ་ལྟར་ཕལ་རྣམས་ཉེས་པའི་སྐྱོན་མང་པོ། །ཐོས་བསམ་ཚུལ་ལ་བློ་མིག་མ་སྦྱངས་པས། །མི་ཤེས་སྐྱོན་གྱུར་གང་དེ་བདེན་མོད་ཀྱི། །ཤེས་བཞིན་ཁྱད་དུ་གསོད་ལ་སྐྱོ་བས་ཉོན། །རང་ཉིད་བླང་དོར་ཤེས་པར་རློམ་ན་ཡང་། །རྒྱུ་འབྲས་མི་འཛེམ་འདོད་ཡོན་རང་དགར་སྤྱོད། །ཐབས་ཀྱིས་གཞན་བསླུ་དུག་ལྔ་སུ་བས་རགས། །ཉོན་མོངས་འདོད་སྲེད་ཆེ་བས་སེམས་འདི་སྐྱོ། །རང་ཉིད་གཞན་ལ་འཆད་པར་ཁས་འཆེ་ཡང་། །རང་རྒྱུད་མ་དུལ་གཞན་རྒྱུད་ཐབས་ཀྱིས་བསྲེག ། གཟུ་བོར་མི་གནས་གཞན་ལ་འཕྱར་ཀ་གཏོང་། །ཆོས་དང་རང་རྒྱུད་འཛོལ་བས་སེམས་འདི་སྐྱོ། །རང་ཉིད་དམ་ཆོས་མཁས་པར་ཁས་འཆེ་ཡང་། །བྱམས་དང་སྙིང་རྗེས་རང་རྒྱུད་མ་བརླན་ཞིང་། །གཞན་ལ་ཕྲག་དོག་འཐབ་རྩོད་འཁྲུག་ལོང་སྐྱེ། །ཀུན་གྱི་གཟིང་རྩར་གྱུར་ལ་སེམས་འདི་སྐྱོ། །རང་ཉིད་སྡེ་སྣོད་འཛིན་པར་རློམ་ན་ཡང་། །རང་གཞན་གྲུབ་མཐའི་གཞུང་ལུགས་མི་ཤེས་ཤིང་། །མང་དུ་མ་ཐོས་ཕྱོགས་རེའི་བློ་མིག་ཅན། །རློམ་པས་ཁེངས་པ་མཐོང་ནས་སེམས་འདི་སྐྱོ། །རང་ཉིད་དམ་ཆོས་ཤེས་པར་རློམ་ན་ཡང་། །ཚིག་ཙམ་ཤེས་པས་ང་རྒྱལ་རི་བོ་བཞིན། །རང་རྒྱུད་ཆོས་དང་ལུང་པ་སོ་སོ་བ། །ནེ་ཙོའི་འདོན་པ་འདྲ་བས་སེམས་འདི་སྐྱོ། །རང་ཉིད་བཤེས་གཉེན་དམ་པར་རློམ་ན་ཡང་། །ཀུན་ལ་ཁྱད་གསོད་ཉེ་བར་མ་ཞི་བ། །དོན་ལ་རྨོངས་པའི་མཁས་པ་ཡ་མཚན་ཅན། །ཆོས་མེད་དྲེད་པོར་གྱུར་ལ་སེམས་འདི་སྐྱོ། །དིང་སང་བསྟན་པ་ལུང་གིས་འཛིན་ན་ཡང་། །སྔོན་གྱི་གཞུང་ལུགས་བཟང་པོ་ཕལ་ཆེར་ནུབ། །རང་བཟོའི་གྲུབ་མཐའ་ངན་པ་གཙོར་བྱས་ནས། །འཆད་རྩོད་རྩོམ་པའི་ཚུལ་ལ་སེམས་འདི་སྐྱོ། །རང་ཉིད་དམ་ཆོས་འཆད་པར་རློམ་ན་ཡང་། །དང་པོར་བླ་མ་གུས་པས་མ་བསྟེན་ཞིང་། །བར་དུ་ཚིག་དོན་བརྩོན་པས་མ་སྦྱངས་ལ། །ཐ་མར་འཆད་དུས་མུན་ཁུང་མཛུབ་བཙུགས་བཞིན། །རང་བཞིན་མ་གོ་འཆད་ལ་སེམས་འདི་སྐྱོ། །རང་ཉིད་གཞུང་ལུགས་རྩོད་པར་རློམ་ན་ཡང་། །རང་གཞན་གྲུབ་མཐའི་སྐྱོན་གེགས་མི་ཤེས་པར། །ལོག་རྟོག་ཉིང་འཁྲུལ་ལེགས་པའི་གཞུང་ལུགས་ནུབ། །རྟོག་གེ་རྣམ་པར་འཁྱམས་ལ་སེམས་འདི་སྐྱོ། །རང་ཉིད་བསྟན་བཅོས་རྩོམ་པར་རློམ་ན་ཡང་། །རྩོམ་གཞིའི་གནས་ལས་འདྲ་མིན་གོང་འོག་རྣམས། །ནོར་བས་གཞུང་(༡༧)ལུགས་སྔ་མ་ནུབ་པ་ལས། །ཁུངས་མེད་གྲགས་པ་འདོད་ལ་སེམས་འདི་སྐྱོ། །རང་ཉིད་ཀུན་ལ་མཁས་པར་གྲགས་ན་ཡང་། །རིམ་གསུམ་འཁོར་ལོའི་དགོངས་དོན་ལེན་མི་ཤེས། །ཚིག་ཚོགས་ཆེ་ཡང་སྒྲུང་དང་ལྡེའུ་བཞིན། །གསུང་རབ་གནས་ལ་རྨོངས་པས་སེམས་འདི་སྐྱོ། །ཚེ་གང་ཐོས་བསམ་དོན་ལ་སྦྱངས་ན་ཡང་། །དོན་དམ་ངེས་པའི་དབྱིངས་ལ་བློ་མ་ཕྱོགས། །སྟོང་ཆད་ནམ་མཁའ་འདྲ་བའི་ངེས་དོན་སྟོན། །ཟབ་མོའི་གནས་ལ་རྨོངས་པས་སེམས་འདི་སྐྱོ། །དེ་དག་ལ་སོགས་ཉེས་པའི་ཚོགས་མང་པོ། །མཐའ་ཡས་རྒྱ་ཆེན་ནམ་མཁའི་དབྱིངས་རུམ་བཞིན། །འདི་དག་བསམས་ནས་ཞི་བའི་ནགས་ཁྲོད་དུ། །སྙིང་པོའི་དོན་གྱི་དེ་ཉིད་སྒོམ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། ཐ་སྙད་སྤྱོད་པའི་གནས་ལ་སྐྱོ་བར་བསྟན་པ་སྟེ་རབས་གསུམ་པའོ།། །།

རབས་བཞི་པ། སྒྲུབ་པར་ཆས་པའི་གནས་ལ་སྐྱོ་བར་བསྟན་པ།

དེ་ལྟར་ཐ་སྙད་སྤྱོད་པའི་སྐྱེ་བོ་ཀུན། །ཤེས་བྱ་ཚིག་ཕྱིར་ཤོར་བའི་སྐྱོན་བདེན་གྱི། །ཚུལ་བཞིན་སྙིང་པོའི་དོན་ལ་ཞུགས་རྣམས་ཀྱི། །རང་བཞིན་སྐྱོ་བ་གང་དེ་བཤད་ཀྱིས་ཉོན། །ཀུན་ལས་འཕགས་པའི་བཀའ་སྲོལ་མཆོག་ཡིན་ཞེས། །གཙང་སྒྲ་བདག་འཛིན་མངོན་པའི་ང་རྒྱལ་ཅན། །མ་ནོར་ལམ་དུ་ཞུགས་པར་འདོད་རྣམས་ཀྱང་། །བདག་ལྟ་མཆོག་ཏུ་འཛིན་པས་སེམས་འདི་སྐྱོ། །རང་ཉིད་སྙིང་པོའི་དམ་ཆོས་ཁས་ལེན་ཅིང་། །སྔགས་སོགས་གཞན་ལ་སྨོད་པས་ཆོས་སྤོང་བ། །བློ་ཆུང་ལོག་པར་ལྟ་བ་བྲམ་ཟེའི་རིགས། །འདུ་ཤེས་ཕྱིན་ཅི་ལོག་ལ་སེམས་འདི་སྐྱོ། །ལུས་ངག་སྤྱོད་པ་གཙང་བར་འདོད་ན་ཡང་། །སེམས་གཙང་མི་ཤེས་ཐོས་བསམ་ནོར་དང་བྲལ། །ཚུལ་འཆོས་སྤྱོད་པས་ཉིན་མཚན་འདའ་བྱེད་པ། །ཡོན་ཏན་འབྱོར་པ་སྤངས་པས་སེམས་འདི་སྐྱོ། །མི་རྟོག་ཡེ་ཤེས་དངོས་སུ་བལྟར་ཡོད་ཀྱང་། །ད་རེས་དུས་མིན་སྨོན་ལམ་ཕྱི་དུས་འདེབས། །བྱ་བྱེད་སྤྲོས་པས་གནས་ལུགས་རྟོགས་སུ་རེ། །དངོས་པོ་མཚན་མར་ཞེན་པས་སེམས་འདི་སྐྱོ། །རང་བཞིན་དག་པའི་ཆོས་ལ་བདག་མེད་ཀྱང་། །ཕྱོགས་རིས་བདག་ཏུ་ཞེན་པས་གཞན་ལ་སྡང་། །སྤྱོད་པར་བལྟ་བ་ཁྱད་དུ་གསོད་པ་ཅན། །ཐར་ལམ་བྱང་ཆུབ་རིང་ལ་སེམས་འདི་སྐྱོ། །མི་རྟག་ཚིག་ཏུ་འཆད་ཀྱང་རྟག་པར་འཛིན། །ཚད་མེད་སྙིང་རྗེ་བརྗོད་ཀྱང་རྒྱུད་མ་དུལ། །ཐམས་ཅད་བདེན་མེད་ཟེར་ཡང་དངོས་པོར་ཞེན། །འདོད་ཡོན་འདུ་འཛི་གཉེར་ལ་སེམས་འདི་སྐྱོ། །གསང་མཆོག་རྡོ་རྗེ་འཛིན་པར་འདོད་ན་ཡང་། །བསྙེན་སྒྲུབ་མི་བརྩོན་བསྐྱེད་རྫོགས་ཐུན་ལ་གཡེལ། །གསང་སྒོ་འཆོལ་བས་དམ་ཚིག་ཞིག་རལ་ཅན། །ཀུན་སྤྱོད་མཆོག་ཏུ་རྩིང་བས་སེམས་འདི་སྐྱོ། །དབང་རྣམས་མ་རྫོགས་རྒྱུད་དོན་མི་ཤེས་ལ། །བཟླས་བརྗོད་མ་ཚང་བསྙེན་སྒྲུབ་མ་ཐེམས་བཞིན། །དབང་བསྐུར་རབ་གནས་གྲོང་ཆོག་རྙེད་ཚོལ་ཅན། །གསང་སྔགས་ཁྲོམ་དུ་སྒྲོགས་པས་སེམས་འདི་སྐྱོ། །(༡༨)བགེགས་ཕྲན་འབྱུང་པོ་བསྒྲུབས་པས་སྐྱེ་བོ་སྡུད། །དྲག་སྔགས་སྙིང་རྗེ་མེད་པར་ཞེ་སྡང་འཕེལ། །ཤེས་བྱའི་གནས་ལ་རྨོངས་པས་ཐར་ལམ་རིང་། །བྱང་ཆུབ་ལམ་བཟང་སྟོར་བས་སེམས་འདི་སྐྱོ། །བསམ་གཏན་སྒོམ་པར་འདོད་པའི་ཚོགས་རྣམས་ཀྱང་། །ལུང་རིགས་མི་ཤེས་ཐོས་བསམ་སྐྱོན་དུ་བལྟ། །ཆོས་བརྒྱད་མ་བྲལ་རང་ཕྱོགས་བདག་ལྟས་ཁེངས། །ནོར་བའི་ལམ་ལ་བརྩོན་པས་སེམས་འདི་སྐྱོ། །མདོ་རྒྱུད་མ་འབྲེལ་ཆོས་ལུགས་ཡ་མཚན་ཅན། །འཁྲུལ་སྣང་འོད་གསལ་འཁྲུལ་རྟོག་ཆོས་ཉིད་ཅེས། །ལོག་རྟོག་གྲུབ་མཐས་རྨོངས་པ་ངོ་མཚར་བསྐྱེད། །འདྲེན་པའི་གཟུགས་བརྙན་མཐོང་ནས་སེམས་འདི་སྐྱོ། །ཐམས་ཅད་སྟོང་པ་ཅང་མེད་ནམ་མཁའ་བཞིན། །རྒྱུ་འབྲས་གཉིས་མེད་ད་ལྟ་རྫོགས་སངས་རྒྱས། །ས་ལམ་ཡོན་ཏན་དྲང་དོན་བསླུ་བྲིད་ཅེས། །ཆད་ལྟའི་ཆོས་རྣམས་སྟོན་པས་སེམས་འདི་སྐྱོ། །དོན་དམ་འོད་གསལ་ངོ་བོ་མི་ཤེས་པས། །ཕྱང་ཆད་སྟོང་པ་སེམས་ཀྱི་གནས་ལུགས་ཞེས། །སྲིད་རྩེའི་ལམ་གྱིས་ཐར་པ་ཐོབ་ཏུ་རེ། །མདོ་རྒྱུད་དོན་ལ་རྨོངས་པས་སེམས་འདི་སྐྱོ། །སེམས་ཉིད་མ་རྟོགས་མཐའ་བྲལ་མི་ཤེས་པར། །དྲན་རྟོག་གང་ཤར་ཆོས་སྐུ་ཟང་མ་ཞེས། །སེམས་དང་སེམས་བྱུང་ཕྲེང་བ་འདྲེན་བྱེད་པ། །དྲན་རྟོག་བདག་ཏུ་འཛིན་ལ་སེམས་འདི་སྐྱོ། །རིག་པ་མཐའ་གྲོལ་རྟེན་མེད་མ་ཤེས་པར། །རླུང་སེམས་ཉམས་ལ་གནས་ལུགས་དོན་དུ་ཞེན། །ཆགས་སྲེད་འཛིན་པས་ཉོན་མོངས་ཕྱི་ཕྱིར་འཕེལ། །ལམ་གོལ་དམན་པར་ཞུགས་ལ་སེམས་འདི་སྐྱོ། །ལེགས་ཉེས་མི་དཔྱོད་རང་གའི་ལམ་དུ་ཞུགས། །གཟུ་བོར་མི་གནས་ཕྲག་དོག་མེ་ཡིས་གདུངས། །འབྲེལ་ཚད་རང་བཞིན་རྨོངས་པར་དགོད་པ་སྟེ། །གཏི་མུག་མུན་རུམ་གྱུར་ལ་སེམས་འདི་སྐྱོ། །མདོར་ན་དིང་སང་གངས་རིའི་ར་བ་འདིར། །མཁས་བླུན་མི་ཕྱེད་སླར་ལ་རྨོངས་པ་གཙོ། །བླུན་པོའི་རྨོངས་ཟིལ་ཟས་གོས་ཆེ་ཁྱད་ཅན། །སྒྲུབ་པའི་བྱིན་རླབས་ངོ་མཚར་ཁྱད་དུ་འཛིན། །བཅོས་མའི་ཆོས་ལ་ཐར་པའི་ལམ་རེ་ཞིང་། །མདོ་རྒྱུད་བསྟན་བཅོས་བཅོས་པའི་དོན་ཞེས་འདོར། །འདིས་ནི་དམ་ཆོས་པདྨ་ཟུམ་པ་འདྲ། །བསྟན་པའི་ཉི་མ་ནུབ་ལ་སེམས་འདི་སྐྱོ། །དེ་དག་ལ་སོགས་ཚད་མེད་ཉེས་པའི་ཚོགས། །རྒྱ་མཚོའི་ཆུ་རྡུལ་ཇི་བཞིན་བསམ་མི་ཁྱབ། །འདི་དག་སྤངས་ནས་ཞི་བའི་ནགས་ཁྲོད་དུ། །ཟབ་དོན་སྙིང་པོའི་དེ་ཉིད་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། སྒྲུབ་པར་ཆས་པའི་གནས་ལ་སྐྱོ་བར་བསྟན་པ་སྟེ་རབས་བཞི་པའོ།། །།

རབས་ལྔ་པ། གྲོགས་ཀྱི་བཤེས་གཉེན་རྣམས་ལ་སྐྱོ་བར་བསྟན་པ།

དེ་ལྟར་རང་བཞིན་སྐྱོ་བའི་ཚུལ་རྣམས་ཀུན། །ཕལ་ཆེར་རྨོངས་པས་བདེན་དུ་ཆུག་ན་ཡང་། །ཤེས་བཞིན་ཕྲག་དོག་དོན་མེད་སྒྲོ་སྐུར་ཅན། །ངེས་འབྱུང་སྐྱོ་ཤས་སྐྱེ་བའི་ཚུལ་ལ་ཉོན། །ཐོག་མར་བསྟན་ཞུགས་བསླབ་གཞི་ལེགས་བཅས་ཏེ། །བར་དུ་ཐོས་བསམ་ཕྱོགས་མེད་དོན་ལ་སྦྱངས། །ཐ་མར་ཟབ་དོན་སྙིང་པོ་བསྒོམས་རྗེས་སུ། །གཞན་དོན་ཟོག་(༡༩)པོར་མཐོང་བས་སེམས་འདི་སྐྱོ། །སྔོན་ཆད་མཐོང་དང་མ་མཐོང་མི་རྣམས་དང་། །གཞན་གྱི་ལམ་མཁན་འདྲེན་པའི་བཤེས་གཉེན་ཡང་། །གཟུ་བོར་མི་གནས་ཕྲག་དོག་རླུང་གིས་བསྐྱོད། །ཆགས་སྡང་མེ་དཔུང་འབར་ལ་སེམས་འདི་སྐྱོ། །རང་གཞན་ཀུན་གྱིས་དམ་པར་འཛིན་ན་ཡང་། །གཞན་ལ་གཤེ་སྐུར་བསམ་སྤྱོད་ངན་པ་སྟོན། །ཚད་མེད་བཞི་ལ་བློ་ཁ་མ་ཕྱོགས་པར། །ཆོས་པའི་གཟུགས་བརྙན་མཐོང་ནས་སེམས་འདི་སྐྱོ། །ཡང་དག་མ་ནོར་ཇི་བཞིན་སྟོན་བྱེད་པས། །ཤེས་བྱའི་གནས་རྣམས་ལེགས་པར་འདོམས་ན་ཡང་། །ཤེས་རབ་ཆེ་བ་བླ་མའི་སྐྱོན་ཡིན་ཞེས། །མི་རིགས་མུན་པས་སྨྲ་ལ་སེམས་འདི་སྐྱོ། །འཇིག་རྟེན་འདི་ན་མ་ལུས་འགྲོ་ཀུན་ལ། །འབྱོར་བདེ་སྡུག་བསྔལ་མཐོ་དམན་ཅི་ཡོད་ཀུན། །རང་རང་ལས་ཀྱིས་བསགས་པར་མི་ཤེས་པར། །ཕྲག་དོག་ཟུག་རྔུ་བྱེད་ལ་སེམས་འདི་སྐྱོ། །ཉེ་འམ་རིང་བའི་གནས་ན་འདུག་ཀྱང་རུང་། །གཞན་བདེ་མི་བཟོད་ཆགས་སྡང་འབར་བའི་མེས། །ཡོངས་སུ་གདུངས་ཤིང་གནོད་པ་མངོན་པར་སྒྲུབ། །ཉོན་མོངས་ལོག་པར་ལྟ་བས་སེམས་འདི་སྐྱོ། །རྨི་ལམ་ན་ཡང་དྲན་པར་མ་མྱོང་ན། །དངོས་སུ་ལྟ་ཞིག་རྡུལ་ཙམ་ཉེས་མེད་ལ། །སྒྲོ་སྐུར་སྣ་ཚོགས་མངོན་པར་གཤེ་བ་ཅན། །ཆགས་སྡང་དྲག་པོས་གཟིར་ལ་སེམས་འདི་སྐྱོ། །རང་ཉིད་བཟང་པོའི་གནས་སུ་ཁས་འཆེ་ཞིང་། །སྣང་བ་སེམས་སུ་གྲུབ་པར་འདོད་ན་ཡང་། །གཞན་ལ་ཕྲག་དོག་ཕན་ཚུན་ནང་འགལ་ཅན། །ཆོས་པའི་གཟུགས་བརྙན་རྣམས་ལ་སེམས་འདི་སྐྱོ། །དེ་དག་ལ་སོགས་ཉེས་པ་བརྗོད་མི་ལང་། །མཐའ་ཡས་གྲངས་མང་མཚན་མོའི་གཟའ་སྐར་བཞིན། །འདི་དག་སྤངས་ནས་ཞི་བའི་ནགས་ཁྲོད་དུ། །གཅིག་པུར་ཞི་བ་སྒྲུབ་ན་མི་ལེགས་སམ། །དེང་སང་དུས་ངན་སྐྱེ་བོ་བཟོད་དཀའ་བས། །གཞན་དོན་དགེ་ལ་བསྐུལ་བ་སྒྲུབ་པར་དཀའ། །སྡིག་པའི་མིག་རྐྱེན་བྱེད་རྣམས་རབ་སྤངས་ཏེ། །གཅིག་པུར་དབེན་པར་དམ་ཆོས་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། གྲོགས་ཀྱི་བཤེས་གཉེན་རྣམས་ལ་སྐྱོ་བར་བསྟན་པ་སྟེ་རབས་ལྔ་པའོ།། །།

རབས་དྲུག་པ། འཁོར་བའི་གནས་ལ་སྐྱོ་བར་བསྟན་པ།

དེ་དག་རང་གི་འདོད་པ་སྒྲུབ་པ་དང་། །གཞན་ཕྱོགས་བཀག་པས་སེམས་བདེ་རྙེད་གྱུར་ཅིང་། །ཕྲག་དོག་གོམས་པས་བདེན་དུ་ཆུག་ན་ཡང་། །རང་ཕྱོགས་འཁོར་གྱིས་ལོག་སྒྲུབ་སྐྱོ་བས་ཉོན། །ལྷག་བསམ་སྙིང་པོའི་བྱང་ཆུབ་སེམས་བསྐྱེད་ནས། །ཉེ་རིང་མེད་པའི་གདུལ་བྱ་སྣ་ཚོགས་ལ། །ཟོལ་མེད་ཕན་པ་སྒྲུབ་ཀྱང་མགུ་དུས་མེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དང་པོ་ལྷར་མཐོང་གསར་ངས་ལྷག་པར་ཆེ། །བར་དུ་མིར་མཐོང་དཔོན་སློབ་འགྲོགས་ཤེས་ཙམ། །ཕྱི་མར་དགྲར་མཐོང་གནོད་པ་སྣ་ཚོགས་སྐྱེལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཀུན་ཏུ་ཆོས་ཀྱི་དྲིན་ནི་མཐའ་ཡས་ཤིང་། །ལེགས་འདོམས་དུས་སུ་ཕན་པས་བསྐྱངས་བྱས་ཀྱང་། །ལྷག་པར་སེམས་དཀྲུགས་ཉེ་འཁོར་སུན་རྣམས་(༢༠)འབྱིན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་ཤེས་མེད་ལ་ཁ་ཏས་མི་ཆུན་ཞིང་། །ཕྲག་དོག་ཚིག་རྩུབ་འཐབ་རྩོད་འབའ་ཞིག་བྱེད། །རང་སྐྱོན་མི་སེམས་ཅི་བྱས་སྡང་བར་མཐོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་རྨོངས་བློ་གྲོས་ཆུང་ཞིང་དགའ་དཀའ་ལ། །ལེགས་ཀུན་ཉེས་པ་གཅིག་གིས་འགོག་པར་བྱེད། །སྐྱོན་མང་ཡོན་ཏན་མེད་ལ་ཉེས་ཀུན་གཞི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །འཕྲལ་གང་ཞི་ལ་ཕུགས་ན་མ་རུངས་པ། །ཁ་ལ་བཟང་ཆེ་ལག་ལེན་ངན་པ་བྱེད། །ཆོས་དང་རྒྱུད་འཛོལ་གཡོ་སྒྱུ་ཁྲམ་པའི་རིགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཉོན་མོངས་འདོད་སྲེད་ཆེ་ཞིང་གཉེན་པོ་མེད། །རང་བཞིན་ཀུན་སྤྱོད་ངན་པ་ཁ་ཁྱེར་མཐོ། །གཞན་གྱི་མཚང་འབྲུ་རང་སྐྱོན་མི་སྤོང་བ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ལེགས་ཉེས་ཤེས་ཀྱང་ཉེས་ལ་ནན་གྱིས་འཇུག །སྤང་བླང་ཤེས་ཀྱང་རྒྱུ་འབྲས་ཁྱད་དུ་གསོད། །དབང་པོ་རྣོ་ཡང་གཟུ་བོར་མི་གནས་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རྐྱེན་ཁར་ཡང་ལ་འགྲོགས་ཁྱེར་མི་མཁས་ཤིང་། །གཞན་ལས་བྱེད་སྐྱེན་བསྒྱུར་ཁ་ཤིན་ཏུ་ཡང་། །ཟུང་མེད་ཕྱོགས་མི་ཐུབ་ལ་གཞུང་ངན་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་ལ་དགོས་ན་ཁ་གསག་ངོ་བསྟོད་མཁས། །གཞན་ལ་དགོས་ན་ཐབས་ཀྱིས་ཕྱིར་ཕྱིར་འབྱོལ། །བྱ་བྱེད་གང་ལའང་གཡོ་ཟོལ་ཕུལ་དུ་ཕྱིན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དོན་མེད་འབྲེལ་ལ་དགའ་ཞིང་གསར་ངས་ཆེ། །ཐམས་ཅད་ཀུན་ཏུ་ཁྱབ་ཅིང་བྱ་བྱེད་མཐོ། །འཇམ་འཇམ་འདྲ་ལ་ཕྱི་ནང་ཟེར་མཆུ་མང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཞན་སྣང་བསྒྱུར་མཁས་བཟང་བཟང་འདྲ་ན་ཡང་། །འཇམ་པོས་ཕུག་པར་སྐྱོ་སྔོགས་ཕྲ་མ་བྱེད། །ཕྱི་ནང་འཛོལ་ཡང་ཇོ་བཟང་མ་ཞིག་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གི་རང་མཐོང་གཞན་ལ་ཕྲག་དོག་བྱེད། །དཔོན་དད་ཆུང་ལ་དྲིན་ཆུང་འདྲེན་ལ་དགའ། །ལག་དྲིན་ཁས་གསོད་ང་བདེན་ཡུས་ཀྱིས་བརྣངས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །འདོད་པ་ཆུང་ལ་ཚིག་གིས་བསྟོད་ན་ཡང་། །ཕོངས་པར་གྱུར་ལ་ནན་གྱིས་བརྙས་པ་བྱེད། །ངོས་སུ་བསྟོད་ལ་ལྐོག་ཏུ་གཤེ་སྐུར་འདེབས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གི་བྱ་བྱེད་འདུན་མ་མི་ཤེས་པར། །གཞན་ལ་གྲོས་འདེབས་ཁ་ཏ་ཡས་ཀྱིས་འབུབས། །ཕྲ་མ་སྔ་བཙན་ཕྱོགས་གཏམ་བདེན་པར་འཛིན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཡུན་རིང་འགྲོགས་ཤིང་ཆོས་ཀྱིས་འབྲེལ་ན་ཡང་། །གཡོན་ཅན་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །འདི་ཕྱིའི་ཉེས་དམིགས་མི་སེམས་དམ་ཉམས་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་ཀྱིས་འབྲེལ་ཞིང་ཅི་འགྲུབ་ཕན་བཏགས་ཀྱང་། །ལྐོག་ནས་གནོད་སྐྱེལ་འཕྱར་ཀ་རྟག་ཏུ་གཏོང་། །དངོས་སུ་ཕྱེ་གཏོར་ཟུངས་མེད་ཁ་ཞེ་ཅན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །འགྲོ་བར་ཆས་ན་བཟང་པོའི་ཚིག་གིས་འཆིང་། །བསྡད་པར་གྱུར་ན་ངན་པའི་གནོད་འཚེས་སྐྲོད། །ཟེར་སྤྱོད་འགལ་ལ་རང་བཞིན་མ་ངེས་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བསྡད་པའི་ཚེ་ན་འགྲོ་བའི་བློ་སྣ་འདོན། །ཕྱིན་པར་གྱུར་ན་བསྡད་པས་ལེགས་ཞེས་ཟེར། །ཅི་(༢༡)ཟེར་འདི་ཟེར་རང་བཞིན་ཆ་མེད་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཞན་དུ་འགྲོ་ན་དེ་ལ་ཤོལ་འདེབས་བྱེད། །སྡོད་རྩིས་བྱས་ན་བྱ་བྱེད་མང་ཞེས་ཟེར། །འཐད་འོས་བསྒྲུབས་ཀྱང་དེ་ལ་ཞད་རེ་འདོགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་གཙོར་བཞག་ནས་བྱང་ལམ་སྒྲུབ་ན་ཡང་། །འཇིག་རྟེན་མ་ཤེས་བྱ་བྱེད་ནོར་ཞེས་ཟེར། །ཅུང་ཟད་བསྟུན་ན་མཐུན་འཇུག་ཆེ་ཞེས་སྨྲ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཅུང་ཟད་བཟུང་ན་ཆགས་ཞེན་ཆེ་ཞེས་སྨྲ། །བཏང་བར་གྱུར་ན་མ་ཤེས་རྩིང་ཞེས་སྒྲོགས། །གང་ལྟར་བྱས་ཀྱང་ཡིན་པའི་སྐབས་མེད་པས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཕན་ཚུན་སྙོམས་པར་ལེགས་པར་བསྐྱང་བྱས་ཀྱང་། །ལན་གཅིག་རྐྱེན་གྱིས་ཐམས་ཅད་ཆུ་རུ་འབོ། །བཟང་པོའི་དྲིན་ལན་ཐམས་ཅད་ཉེས་ཀྱིས་འཇལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །མཉམ་གཉིས་ཞལ་ལྕེ་སྙོམས་པར་ཕྱེས་ན་ཡང་། །གཞན་ཕྱོགས་ཕུལ་ནས་རྟག་ཏུ་འཁང་ར་རྡུང་། །ཕམ་བློ་བླངས་ཀྱང་ཕན་དུས་མེད་པ་ཡི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གི་ལེ་ལན་སྐྱོན་ལ་མི་རྟོག་པར། །གཞན་གྱི་ཚིག་ལ་ཀོ་ལོང་ཟུར་མགོ་སྡོམ། །ཁོང་ཁྲོ་ཚིག་རྩུབ་ལུགས་དང་མི་མཐུན་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བྱས་ན་དགའ་བ་ཅུང་ཟད་མི་བྱེད་པར། །བཞག་ན་དགའ་ཡི་ངན་སྤྱོད་སྣ་ཚོགས་བྱེད། །རང་གིས་མ་ལན་གཏམ་ངན་ལུང་པ་འགེངས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་སྐྱོན་མི་རྟོག་གཞན་སྐྱོན་འབའ་ཞིག་གླེང་། །གཅིག་སོང་རྗེས་ལ་དེ་ལ་འཕྱར་ཀ་གཏོང་། །མི་སྙན་ཟེར་མཆུ་ངོ་དགའི་སྐྱེལ་བསུ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གང་དུ་གནས་ཀྱང་གཏམ་ངན་གཟེང་རྩའི་གཞི། །མང་པོའི་ནང་དུ་འཐབ་རྩོད་འཁྲུག་ལོང་སྐྱེད། །གཅིག་པུར་བསྡད་ཀྱང་ཁོང་གཏུམ་མི་འཆམ་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཡ་རབས་དམ་པའི་སྤྱོད་དང་མི་ལྡན་ཞིང་། །མ་རབས་སྨྱོན་སྤྱོད་ཐོ་ཅོ་སྐྱུར་འགོང་ཅན། །གཞན་སེམས་དཀྲུགས་ལ་དུག་ལྔ་སུ་བས་རགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་ལ་མི་བཟོད་གཞན་ལ་ཕོད་ཁམས་ཆེ། །འགྱུར་ལྡོག་མང་ཞིང་མི་བརྟན་ཁམས་འདུས་ཆེ། །འགྲོ་ན་མཆོང་ཞིང་ལབ་ན་ཀུ་ཅོ་ཆེ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཕར་ལ་བསླབ་ན་ཚུར་ལ་དེ་བས་ཐུ། །རང་དཔེ་མི་ལེན་གཞན་ལ་རྩོལ་ཕོད་ཆེ། །གླང་པོ་གཅིག་ཚུགས་བཞག་པས་མཆོག་ཅེས་ཟེར། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་བཞིན་བླུན་ལ་འདོད་སྣ་སུ་བས་ཆེ། །ཟེར་མཆུ་མང་ལ་ཀོ་ལོང་གཞན་བས་དམ། །བྱས་པ་མེད་པར་རེ་བ་གཞན་ལས་ཆེ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དུས་སྐབས་མི་ཤེས་བབ་ཅོལ་གཏམ་སྣ་མང་། །ཚིག་ཚོགས་ཆེ་ལ་སྤྱི་བརྟོལ་མཚུངས་པ་མེད། །བརྗོད་པ་མི་གཟོ་ཡིད་དང་མི་མཐུན་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་བཞིན་གྱོང་ལ་འགྲོགས་པ་མི་བདེ་ཞིང་། །མཆོག་ཏུ་མགུ་དཀའ་འཁང་པ་ཤིན་ཏུ་སྐྱེན། །སྤྱོད་ལམ་མི་གཟོབ་རང་ག་ཆིག་ཚུགས་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དད་མེད་ཀུན་ཏུ་འཁྲུག་ཅིང་འགྲོགས་མི་བདེ། །སྒོ་གསུམ་མ་(༢༢)གུས་རྟག་ཏུ་སུན་རྣམས་འབྱིན། །ངོར་འཐབ་ལྐོག་སྨྲ་དོན་མེད་འཕྱར་ཀ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་འཁྲུག་གཞན་སྨོད་དུག་ལྔ་སུ་བས་རགས། །ཁོང་ཁྲོ་འཁོན་ངན་ཕྲག་དོག་གདུག་རྩུབ་ཅན། །ཕར་ཟེར་ཚུར་ཟེར་ཕྱི་ནང་གཟིང་རྩ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བསླབ་ན་ཚུར་འཐབ་མི་ཉན་གཅུ་གྱོང་ཆེ། །རྒྱུ་འབྲས་མི་འཛེམ་རྫུན་དང་དབྱེན་ལ་དགའ། །སྨྲ་མཆུ་མང་ཞིང་མི་སྙན་སྐྱེལ་བསུ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཅིག་ལ་བཤད་ན་གཅིག་ཏུ་མི་དགའ་ཞིང་། །གཅིག་ལ་བྱིན་ན་གཅིག་ལ་ཕྲོགས་པ་ཙམ། །སྤྱི་སྙོམས་བསྐྱངས་ཀྱང་ཕྱོགས་འཕུལ་འཕྱར་ཀ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །སུ་དང་འགྲོགས་ཀྱང་དེ་དང་མི་འཆམ་ཞིང་། །སྐྱོན་རྣམས་རྟོག་ཅིང་མི་སྙན་འབའ་ཞིག་བརྗོད། །ཐམས་ཅད་དགྲར་ལེན་མཐུན་པ་གཅིག་མེད་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གོ་བར་གྱུར་ཀྱང་རྫུན་དང་གཡོ་སྒྱུ་བྱེད། །འགྲོགས་ཚད་བསླུ་ཞིང་མི་ཚེ་ངན་ལ་སྐྱེལ། །སྟོང་ཟོབ་ཕྱི་ཕྱིར་ཕོ་བཟོ་ཕུན་སུམ་ཚོགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཟ་ན་རང་ལ་བྱེད་ན་གཞན་གྱི་ཕྱོགས། །སྐྱིད་ན་གྲོགས་པོ་སྟོང་གྱོད་ཁ་འཕྱོར་ཅན། །གེགས་ཤིག་བྱུང་ན་བཙལ་གྱིས་མི་རྙེད་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་དང་ཟང་ཟིང་ལེགས་པ་བྱུང་བའི་ཚེ། །འཁོར་ཚོགས་མ་ངེས་གྲལ་རིང་ཆེ་ན་ཡང་། །དགོས་པའི་དུས་ན་ཉུང་ལ་མི་སྟོངས་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བཤེས་མེད་གློ་བུར་ལྷགས་དང་ཕོངས་རྣམས་ལ། །ཅུང་ཟད་མཐོང་བས་ཕན་པ་སྒྲུབ་ན་ཡང་། །ཕྲག་དོག་དབང་གིས་གསར་ངས་ཆེ་ཞེས་སྒྲོག །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རྟག་ཏུ་བཟང་སེམས་ཕན་པ་ཅི་བྱས་ཀྱང་། །བསྐྱངས་ཀྱིས་མི་ལང་ལྷ་ཁང་རྙིང་པ་བཞིན། །ཉིན་འབར་མཚན་འབར་ལ་ལས་སྲོད་ཐུབ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ལེགས་པའི་ཁ་ཏས་ཟོལ་མའི་ཕྱེ་གཏོར་འགམ། །ཕུགས་ཀྱི་ཤ་ཙས་འཕྲལ་གྱི་བློ་བྲིད་དགའ། །ཟབ་མོའི་ཆོས་ལས་ཡོ་བྱད་དྲིན་གཟོ་ཆེ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཁ་རོག་བསྡད་ན་ཞལ་ཏ་ཞུ་ཞེས་ཟེར། །ཕན་པར་བསླབ་ན་བཀའ་བཀྱོན་གནང་བར་གོ། །ཤ་ཚ་གྲོས་འདེབས་མཆོག་ཏུ་སྡང་བས་མཐོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཕན་འདོགས་ཞུགས་ན་སྤྲོས་ལ་དགའ་ཞེས་ཟེར། །གཅིག་པུར་འདུག་ན་གདུལ་བྱ་སྐྱོང་དགོས་ཟེར། །ཇི་ལྟར་བསམས་ཀྱང་དེ་ལ་ཞད་རེ་འདོགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བཤད་པའི་ཚེ་ན་སྒོམ་པ་ལེགས་ཞེས་ཟེར། །སྒོམ་པའི་ཚེ་ན་ཡང་ཡང་ཤོད་ཅེས་ཟེར། །ལེགས་པར་བཤད་ན་ཉན་ཡང་མི་ནུས་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་གཞུང་། །ཆོས་དང་ཆོས་མིན་ཕྱེ་ནས་བཤད་པ་ན། །སྡང་བར་མཐོང་ནས་སླར་ལ་ལོག་པར་ལྟ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དབང་པོའི་ཚོད་ལ་གང་ཕན་ཆོས་བཤད་ཀྱང་། །དེ་ཉིད་མི་སྒྲུབ་གཞན་ལ་ཡར་བལྟས་ནས། །ཟབ་ཟབ་མོ་ཞིག་ཉན་རྗེས་གོ་རྟོགས་མེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཇི་ཙམ་(༢༣)བཤད་ཀྱང་གོ་བའི་དུས་མེད་ལ། །ལག་ཁྲིད་བསླབ་ཀྱང་ཅུང་ཟད་ཤེས་དུས་མེད། །གཅིག་ལ་ཨ་འཐས་དྲག་ཏུ་མི་འགྲོ་བ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གིས་མ་ཐོས་གོང་དུ་བཤད་ན་དགའ། །ཐོས་རྗེས་གཞན་ལ་ཕྲག་དོག་གཞིར་བཞག་ནས། །ཡང་ཡང་བཤད་དྲགས་བསྒོམ་ན་ལེགས་ཞེས་ཟེར། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དོན་གཉེར་ཆོས་དེ་ཐོབ་པར་མ་གྱུར་ཚེ། །ཟོལ་མའི་དམ་བཅའ་ངོ་སྲུང་སུ་བས་མཁས། །འདོད་དོན་གྲུབ་ནས་གར་འགྲོ་ལ་དོར་བ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཟབ་མོའི་ཁྲིད་ལ་ཞུགས་པའི་མི་རྣམས་ཀྱང་། །བསྡད་ལོང་མེད་པར་ཆོས་རྣམས་རྫོགས་སུ་རེ། །ཀུན་ཏུ་འཁྱམས་ཤིང་ཆོས་མཐུན་སྔ་བསགས་ཞུ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་ཉིད་དམ་ཆོས་གཞུང་བཞིན་མི་སྒྲུབ་པར། །ཟབ་མོའི་ཆོས་རྣམས་དུས་གཅིག་ཐོབ་ཏུ་རེ། །ཆོས་ལ་བརྩེགས་ཞེས་སླར་ལ་འཕྱར་ཀ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཟབ་མོའི་ཆོས་ལ་གསང་བ་མི་ཐུབ་ཅིང་། །ཐོས་པའི་མོད་ལ་གསང་བ་གཞན་ལ་སྒྲོགས། །བསླབ་ན་ཁོང་ཁྲོ་འཁོན་ངན་ཚིག་རྩུབ་འབྱིན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཇི་ཙམ་ཐོས་བཞིན་རང་རྒྱུད་གྱོང་དུ་འགྲོ། །ཅུང་ཟད་ཤེས་ཏེ་གཉེན་པོར་མ་སོང་ཞིང་། །གཞན་ལ་ཁྱད་གསོད་ཚིག་རྩུབ་དུག་མདའ་འཕེན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །སྙིང་པོའི་དོན་ལ་ཅུང་ཟད་མི་སྒྲུབ་པར། །འཁོར་ལ་ཕར་བརྡལ་གཞན་ལ་བཤད་པར་རིངས། །ཆོས་བརྒྱད་དོན་གཉེར་ཚེ་འདིའི་མཛེས་ཆོས་ཙམ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཡིན་མིན་བཤད་ཀྱང་བདག་ལྟ་མཆོག་ཏུ་འཛིན། །ཇི་ཙམ་བཤད་ཀྱང་དོན་ལ་སྐྱེད་མེད་པའི། །དབང་པོ་གསལ་ཡང་རྨོངས་པ་གཅིག་ཚུགས་མཁན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་ལ་འདུས་ཀྱང་ཆོས་མིན་འབའ་ཞིག་བྱེད། །ཕན་ཚུན་ཚོགས་ཀྱང་ལོང་གཏམ་འབའ་ཞིག་གླེང་། །དབེན་པར་གནས་ཀྱང་རྣམ་གཡེང་འབའ་ཞིག་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཅིག་པུར་འདུག་ནས་སྒྲུབ་པར་ཁས་འཆེ་ཡང་། །སོས་དལ་རེས་འགའ་གཉིད་དང་སྙོམ་ལས་ཅན། །རང་རྫུན་རང་ལ་གཏོང་བས་ཉིན་མཚན་འདའ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །སྒྲུབ་ལ་མི་བརྩོན་ཀུན་ཏུ་འཁྱམས་ལ་དགའ། །དར་རེ་གཞི་ལ་ཅུང་ཟད་བསྡད་ན་ཡང་། །རང་གནས་མི་ཚུགས་གཞན་གྱི་གནས་རྣམས་ཉུལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ནང་དུ་མཚམས་བཅད་ཐང་གི་གང་ལ་ཟ། །ཀུན་ཏུ་འཁྱམས་ཀྱང་སྒྲུབ་ཚུགས་མ་ཞིག་པ། །དམ་བཅའི་ཁྲལ་འཇལ་ས་མཐའི་མི་ངན་འདྲ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བླ་མ་མཆོག་ལས་ཉེ་འབྲེལ་གཅེས་པར་འཛིན། །མཆེད་གྲོགས་མཆོག་ལས་སྡིག་པའི་གྲོགས་པོ་འདེམས། །དམ་ཆོས་མཆོག་ལས་ནོར་རྫས་སྙིང་པོར་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཇི་ཙམ་བསྟན་ཀྱང་དོན་དུ་མི་གཉེར་བ། །ལེགས་པར་བཤད་ཀྱང་ཅུང་ཟད་མི་ཉན་པ། །སྙིང་པོའི་དོན་ལ་ནམ་ཡང་མི་སྒྲུབ་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དེ་དག་ལ་(༢༤)སོགས་འཁོར་གྱི་ཉེས་པ་ཀུན། །ཇི་ཙམ་བརྗོད་ཀྱང་ཟད་པའི་དུས་མེད་ལ། །མེ་ཡི་འོབས་བཞིན་བཟོད་པའི་བླག་མེད་པས། །གཅིག་པུར་དབེན་པར་སྒྲུབ་པའི་དུས་ལ་བབས། །ཇི་ལྟར་བསྐྱངས་ཀྱང་མགུ་བར་མི་ནུས་ལ། །གང་ལྟར་བསྟན་ཀྱང་ཕན་པའི་གོ་སྐབས་ཆུང་། །འདི་ལྟར་བཟོད་ཀྱང་སྙིང་པོ་ཅི་འདུག་ཀྱེ། །དེ་ལྟར་བསམས་ནས་མྱུར་དུ་འགྲོ་བར་རིགས། །རང་ལའང་མི་ཕན་གཞན་ལའང་མི་ཕན་པའི། །འཇིག་རྟེན་གཟུགས་བརྙན་འདི་འདྲ་རྣམ་བཤིག་ནས། །གཅིག་པུར་ཞི་བ་དབེན་པའི་ནགས་ཁྲོད་དུ། །ཟབ་མོའི་དོན་གྱི་དེ་ཉིད་སྒྲུབ་པར་རིགས། །ད་རེས་ཚེ་འདིར་སྲིད་མཚོ་མ་བརྒལ་ན། །གཏན་དུ་འཁོར་བའི་གནས་ལས་ཐར་ཐབས་མེད། །དེ་བས་གཅིག་པུར་དབེན་པའི་ནགས་ཁྲོད་དུ། །ཚེ་གང་ཞི་བའི་ཏིང་འཛིན་སྒྲུབ་པར་རིགས། །དུས་ལ་མངོན་པར་སྐྱོ་བའི་རབས་ལས། འཁོར་བའི་གནས་ལ་སྐྱོ་བར་བསྟན་པ་སྟེ་རབས་དྲུག་པའོ།། །།

དེ་ལྟར་སྣ་ཚོགས་མངོན་པར་སྐྱོ་བ་ཅན། །རང་གཞན་ལས་ངན་བསགས་པའི་འཁྲུལ་སྣང་སྟེ། །གང་དུ་བསམས་ཀྱང་སྙིང་པོ་འགའ་མེད་པས། །སེམས་ཤིག་ཡོད་ན་འདི་ལ་སྐྱོ་བར་རིགས། །སྔོན་དུས་བསྐལ་པ་བཟང་པོ་ནུབ་གྱུར་ཅིང་། །ད་དུས་ངན་པའི་རང་བཞིན་འདི་ཤར་བས། །ཕྱོགས་དུས་གང་ནའང་བདེ་བའི་གོ་སྐབས་མེད། །ཀུན་ཏུ་འཁྲུག་ཅིང་ནད་དང་མུ་གེས་ཉེན། །སྣ་ཚོགས་སྡུག་བསྔལ་མང་ལྡན་འདི་དག་ལས། །ཤེས་ལྡན་རྣམས་ཀྱིས་ཐར་པ་སྒྲུབ་པར་རིགས། །མདོར་ན་དིང་སང་ལྔ་བརྒྱ་ཐ་མ་འདིར། །དུས་ངན་འཁོར་དང་འཇིག་རྟེན་སྣང་བ་དང་། །གདུལ་དཀའི་སེམས་ཅན་སྣ་ཚོགས་སྐྱོ་བ་ཅན། །ཡིད་ཆད་མཆི་མ་འཁྲུག་པའི་ཚུལ་ལ་སོམས། །ཕྱི་རུ་བསམས་ཀྱང་སྣང་བའི་ཡུལ་ལ་སྐྱོ། །ཡུལ་རྣམས་མི་རྟག་རྨི་ལམ་སྒྱུ་མའི་ཚུལ། །ནང་དུ་བསམས་ཀྱང་འཛིན་པའི་སེམས་ལ་སྐྱོ། །སེམས་འདི་མི་སྲུན་དགེ་གང་བརྩོན་པར་དཀའ། །བར་དུ་བསམས་ཀྱང་སྣ་ཚོགས་རྐྱེན་ལ་སྐྱོ། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །གང་དུ་བསམས་ཀྱང་སྐྱོ་བའི་རང་བཞིན་ཏེ། །སྐྱེས་པ་ཤི་ཞིང་འདུས་པ་རྣམས་ཀྱང་འབྲལ། །བསགས་པ་འཛད་ཅིང་འབྱོར་པ་མཐའ་རྒུད་པས། །འཁོར་བའི་གནས་ལས་ད་རེས་འདའ་བར་མཛོད། །མི་ཐེག་ཁུར་དང་མི་ལྕོགས་བྱ་བ་དང་། །དུས་ངན་དཔོན་དང་ཤུལ་ཁའི་མགྲོན་འགྱེད་དང་། །དུས་ལ་མ་བབ་གཞན་དོན་བྱེད་པ་རྣམས། །བཟང་སེམས་ཡོད་ཀྱང་ཕན་པ་འགྲུབ་པར་དཀའ། །དེ་བས་གཅིག་པུར་ཞི་བའི་ནགས་ཁྲོད་དུ། །སྙིང་པོའི་དེ་ཉིད་སྒོམ་པའི་དུས་ལ་བབས། །ནགས་ནི་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས། །མི་སྲུན་མེད་ཅིང་འཚེ་བ་ཀུན་དང་བྲལ། །བྱ་དང་རི་དྭགས་འགྲོགས་ན་བདེ་བས་གང་། །སྨན་ཤིང་མེ་ཏོག་ལྗོན་པའི་ཚོགས་(༢༥)མང་ཞིང་། །ཕུག་དང་བྲག་རིའི་ཁང་བཟང་རྒྱ་ཆེར་ལྡན། །ཆུ་གཙང་དལ་འབབ་ངང་མོས་བརྟེན་པ་དེར། །གེ་སར་དཔུང་བསྐྱེད་འཛུམ་པའི་མདངས་གསལ་ཞིང་། །དུས་རླུང་སེར་བུ་བདེ་བའི་ངད་དང་ལྡན། །ཙནྡན་བསིལ་བའི་ཁ་ཡི་དབུགས་བསྐྱོད་པའི། །དྲི་ཞིམ་སྤོས་བསུང་ངད་པའི་རང་བཞིན་དང་། །རྣམ་བཀྲ་ཡལ་གའི་ལག་རྩེད་དུད་པ་ཡིས། །གདུང་སྐྱོབ་བསིལ་གྲིབ་བྱེད་ལ་འགྲན་པ་བཞིན། །རྐང་དྲུག་ཚོགས་རྣམས་སྙན་པའི་གླུ་ལེན་ཅིང་། །གདངས་སྙན་བྱ་ཚོགས་མང་པོ་གར་བྱེད་པ། །ལྷ་ཡུལ་དབང་པོའི་དགའ་ཚལ་སོན་པའི་གནས། །མཐོ་རིས་བུ་མོ་དགའ་བས་རྩེ་བ་བཞིན། །ཉོན་མོངས་གདུང་སེལ་ངང་གིས་ཆོས་འཕེལ་བ། །དུས་བཞིར་མི་རྟག་སྐྱོ་བའི་རང་བཞིན་དང་། །ཏིང་འཛིན་ཞི་བ་ཡོན་ཏན་མཆོག་ཚོགས་ཅན། །དག་པའི་ཞིང་གི་ནགས་ཚལ་དམ་པ་བཞིན། །དེ་འདྲའི་གནས་ནི་ཐར་པའི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའ་རིག་པ་འཛིན་པ་དེར། །བདག་བློ་ཞི་བའི་ཏིང་འཛིན་མཐར་ཕྱིན་ནས། །སྲོག་དང་བཅས་པའི་ལུས་འདི་གཡོ་བར་ཤོག །དུས་ལ་མངོན་པར་སྐྱོ་བའི་རབས་འདི་ནི། །རྣམ་གྲོལ་ཡོན་ཏན་མཆོག་གི་རྗེས་འགྲོ་བ། །ཐར་ལམ་བྱང་ཆུབ་སྙིང་པོར་ཞུགས་པ་དེས། །སྙིང་ནས་ནགས་སུ་འགྲོ་སླད་སྨྲས་པ་ཡིན། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །ཉོན་མོངས་འཁོར་བའི་གྲོང་ལས་ཡིད་བྱུང་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་དུ། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །ཚུལ་འདི་བློ་གྲོས་རྫིང་བུ་བཟང་པོའི་ནང་། །དད་བརྒྱའི་པདྨོ་ངེས་འབྱུང་འདབ་སྟོང་ཅན། །ཏིང་འཛིན་སྦྲང་རྩིའི་སྙིང་པོ་འཛིན་པས་སྦྱར། །དད་ལྡན་རྐང་དྲུག་ཚོགས་རྣམས་དགའ་བར་མཛོད། །དུས་ལ་མངོན་པར་སྐྱོ་བའི་རབས་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལས་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཡང་དག་འཇོག་གི་བསམ་གཏན་པ་ཀུན་མཁྱེན་ངག་གི་དབང་པོས། གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་དམ་པ། ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་སྦྱར་བ་འདི་རེ་ཞིག་རྫོགས་སོ།། །།

ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་དང་བདེ་ལེགས་ཀྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་ཉེ་བར་གནས་པ་བཞིན་དུ་འབབ་པས་བསམ་རྒུའི་རེ་བ་མཐའ་དག་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །།

རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར།

དང་པོ། རང་སྐྱོན་ངན་པ་མཚངས་ནས་འདོན་པའི་ལེའུ།

༄༅། །རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བྷྱཿ། རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་ཞེས་བྱ་བ་དེ་ཉིད་རང་དང་གཞན་དང་འཇིག་རྟེན་གྱི་སྣང་བ་ལ་མངོན་པར་སྐྱོ་བས་ཨོ་རྒྱན་རྫོང་གི་གནས་སུ་གྲོས་འདེབས་མགུར་དུ་བཞེངས་པ། ཐུགས་རྗེ་མཆོག་གི་ཡེ་ཤེས་གྲུ་ཆེན་གྱིས། །མ་ལུས་འགྲོ་ཀུན་སྲིད་མཚོ་(༢༦)མཐར་འབྱིན་ཞིང་། །ཞི་བ་རྡུལ་བྲལ་རིན་ཆེན་གླིང་སོན་པའི། །དཔལ་མགོན་བླ་མ་དམ་པའི་ཞབས་ལ་འདུད། །འཁོར་བའི་རྒྱ་མཚོ་ཤིན་ཏུ་བརྒལ་དཀའི་གནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཅན། །ཐར་དཀའ་གཏིང་མཐའ་མེད་པ་འདིར་འཁྱམས་པའི། །རྨོངས་པ་ཁྱོད་ལ་སྙིང་ནས་གྲོས་ཤིག་འདེབས། །གྲོས་འདི་མཚང་ནས་བྲུས་ཏེ་མ་བཏབ་ན། །ཀུན་སྤྱོད་ངན་པ་འདི་ལ་འདོར་དུས་མེད། །བློ་འདི་ནང་དུ་ལྡོག་སྟེ་མ་བལྟས་ན། །རང་སྐྱོན་ངན་པ་འདི་ལ་ཐོན་དུས་མེད། །དེ་བས་ད་རེས་སྙིང་ནས་གྲོས་ཤིག་འདེབས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །དབེན་པར་གནས་ཀྱང་གཞན་དང་བསྟེན་འདྲིས་མང་། །ཚེ་འདིའི་རྣམ་གཡེང་ཆོས་བརྒྱད་མ་བྲལ་བར། །རང་དོན་འཆལ་བའི་གཞན་དོན་ལྟར་སྣང་ཅན། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །སྔོན་གྱི་རྒྱལ་བས་བྱང་ཆུབ་བརྙེས་པ་དང་། །ཆོས་མཛད་གོང་མས་གྲུབ་པ་བརྙེས་པ་ཡང་། །དབེན་པར་གནས་ཏེ་ཁྱོད་ནི་རྣམ་པར་གཡེངས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །ཟང་ཟིང་རྙེད་བཀུར་ནོར་རྫས་སྒྱུ་མ་ཀུན། །སྒྲུབ་ལ་བར་གཅོད་བསླུ་བར་མ་ཤེས་པས། །གཅིག་ནས་བླངས་ཤིང་གཅིག་ཏུ་བྱིན་པ་བཞིན། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །སྣ་ཚོགས་སྐྱེ་བོ་དུ་མའི་འདུ་ལོང་ཀུན། །འདུ་འཛི་འཁྲུལ་པའི་བདུད་དུ་མ་ཤེས་པར། །ཁ་ལྟ་ཆོས་བཤད་གཞན་དོན་བྱས་སོ་སྙམ། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །གར་འགྲོ་ཆ་མེད་གཅིག་ཏུ་མ་ངེས་པས། །ནོར་རྫས་གསོག་བྲུན་གནས་ཀྱི་མཁར་ལས་སོགས། །རྟག་ཏུ་སྡོད་རྩིས་འཁྲུལ་སྣང་བདེན་པར་འཛིན། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །རང་གི་སེམས་ཀྱང་མི་ཐུལ་མི་ཟིན་པར། །གཞན་སེམས་ཐུལ་ཞིང་ཟིན་དུ་རེ་བའི་མི། །རྟག་ཏུ་སྡུག་བསྔལ་གཟེ་རེ་རྒྱུན་མི་འཆད། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །སྙིང་པོའི་དེ་ཉིད་ནམ་ཡང་མི་སྒྲུབ་པར། །ཚེ་འདི་ལྷུར་ལེན་ཉིན་མཚན་འཁྲུལ་པས་འདའ། །མདོ་མེད་ཅོལ་ཆུང་དམ་པས་བཞད་གད་གནས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །དོན་མེད་སྐྱེ་བོ་མང་པོའི་ཚོགས་འདུས་ནས། །གཅིག་གིས་གཅིག་འཆིང་དཔོན་སློབ་རྣམ་གཡེང་ཅན། །དོན་མེད་གཞི་རྟེན་མགྲོན་ཁང་གཉེར་བའི་ཚུལ། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །ནམ་ཡང་མི་སྟོངས་སྒྱུ་མའི་འཁྲུལ་སྣང་ལ། །དགའ་བདེར་ཞེན་ནས་ཐར་ལམ་བྱང་ཆུབ་སྟོར། །འཁོར་བའི་གནས་ལ་ཅུང་ཟད་མི་སྐྱོ་བར། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །ད་ལོ་འདུག་ས་མེ་མོ་ཕག་ལོ་ནས། །བཅུ་གཉིས་ལོ་ནས་ས་ཕོ་ལྕགས་ཁྱི་སྟེ། །མཐའ་དམག་ལུང་བསྟན་འབྲོས་པར་མི་བརྩོན་པར། །འདི་འདྲའི་སྤྱོད་པས་ཡོང་བས་འདུག་གམ་སོམས། །ཕྱོགས་རྣམས་ཀུན་ནས་དམག་དང་འཁྲུག་ལོང་རྒྱས། །སྐྱེ་བོ་མི་སྲུན་སྣ་ཚོགས་འཚེ་བ་མང་། །སྦས་ཡུལ་རིན་ཆེན་ཚོལ་བར་མི་བརྩོན་པར། །འདི་འདྲའི་སྤྱོད་པས་ཡོང་བས་འདུག་གམ་སོམས། །རྟག་ཏུ་ཟོལ་མེད་ཕན་པ་ཅི་བསྒྲུབས་ཀྱང་། །ཕྱི་ནང་ཀུན་ཏུ་ཡིན་པའི་སྐབས་མེད་(༢༧)པས། །དོན་མེད་གཞི་རྟེན་སྡུག་བསྔལ་རྒྱུན་མི་འཆད། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །རི་ངོགས་བསྟེན་ཡང་ས་མཐའ་གྲོང་འདབས་བཞིན། །དུ་མ་འདུ་ཞིང་འབྲེལ་འདྲིས་དཔག་ཏུ་མེད། །རྣམ་པར་གཡེལ་ཞིང་བྲེལ་དོ་རྒྱུན་མི་འཆད། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །ཚེ་འདི་བློ་ཡིས་བཏང་ཡང་མི་ཐོང་ལ། །བདག་འཛིན་འཁྲུལ་པ་བཤིག་ཀྱང་མི་ཞིག་ཅིང་། །རི་ངོགས་བསྟེན་ཀྱང་དབེན་པའི་སྐབས་མེད་པ། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །དགོས་མེད་ཚིག་ཏུ་འཆད་ཀྱང་ཟས་གོས་གཉེར། །ཚེ་འདི་མི་རྟག་ཟེར་ཡང་འཆི་མ་དྲན། །དབེན་པར་སྒྲུབ་ལ་ཞུགས་ཀྱང་འདུ་འཛིས་གཡེངས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །འཇིག་རྟེན་འཁྲུལ་པ་ཟེར་ཡང་ཆོས་བརྒྱད་གཉེར། །འཁྲུལ་སྣང་དོན་མེད་ཟེར་ཡང་བྱ་བྱེད་མང་། །ཐམས་ཅད་མཉམ་ཉིད་ཟེར་ཡང་ཕྱོགས་རིས་བསྐྱངས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །གནས་ལུགས་བསྒྲུབ་པར་ཞུགས་ཀྱང་ཚེ་འདིས་བསླུས། །རང་དབང་ཆོས་ལ་སྤྱོད་ཀྱང་གཞན་དབང་བསླུས། །ཇི་ལྟར་བྱས་ཀྱང་ཉིན་མཚན་འཁྲུལ་པས་བསླུས། །འདི་འདྲའི་སྤྱོད་པས་ཡོང་བར་འདུག་གམ་སོམས། །གང་ལ་བསམས་ཀྱང་སྙིང་པོ་འགའ་མེད་ལ། །ཇི་ལྟར་བྱས་ཀྱང་དོན་མེད་སྡུག་བསྔལ་རྒྱུ། །ཐམས་ཅད་སྤངས་ལ་མི་མེད་ལུང་སྟོང་དུ། །དེ་རིང་ཉིད་ནས་ཕྱིན་པར་གྱུར་ན་ལེགས། །རང་བས་རང་ལ་ཉེ་བ་འགའ་མེད་པས། །ཕན་པའི་ཁ་ཏ་ཤ་ཚའི་གྲོས་འདེབས་ལ། །ཐར་པ་འདོད་པ་དགེ་བའི་སེམས་ཁྱོད་ཉོན། །གྲོས་འདི་ཉན་ན་རྟག་ཏུ་དགེ་བ་ལགས། །ཐོག་མར་དགེ་བ་ཚེ་འདིའི་བྱ་བ་ཐོང་། །བར་དུ་དགེ་བ་དབེན་པར་འདུ་འཛི་སྐྱུངས། །ཐ་མར་དགེ་བ་གནས་ལུགས་ཟད་སར་སྐྱོལ། །འདིར་བདེ་ཕྱི་མར་སྐྱིད་པའི་གྲོས་འདུན་ལགས། །གྲོས་འདི་རང་གིས་རང་ལ་བཏབ་པ་སྟེ། །གཞན་ལའང་བསྐུལ་ཕྱིར་གདམས་པའི་གྲོས་འདི་ལ། །རང་གཞན་ཀུན་གྱིས་ལེགས་པར་གསན་པར་མཛོད། །གཏན་གྱི་འདུན་མ་ད་རེས་འགྲུབ་པ་ལགས། །རང་ལ་གདམས་པ་རྡོ་རྗེའི་མགུར་ལས། རང་སྐྱོན་ངན་པ་མཚངས་ནས་འདོན་པའི་ལེའུ་སྟེ་དང་པོའོ།། །།

གཉིས་པ། སྣང་བ་ཆོས་སུ་བསྒྱུར་བའི་ལེའུ།

ཡང་དེ་ཉིད་ཀྱི་དུས་སུ་རང་གཞན་གྱི་སྣང་བ་དང་ཚེ་འདིའི་བྱ་བ་ལ་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་སྐྱེས་ནས་བསླབ་བྱ་མགུར་དུ་གསུངས་སོ། །ཐོག་མཐའ་མེད་པ་ཀུན་གཞིའི་ཐང་ཆེན་དུ། །མ་རིག་སྐྱེ་བོ་གཟུང་འཛིན་རྐང་འཁྱམས་ཏེ། །མཐའ་མེད་འཁོར་བའི་སྡུག་བསྔལ་ནོན་པ་ཡིས། །ནོངས་པ་ཁྱོད་ལ་ད་དུང་གྲོས་ཤིག་འདེབས། །འཁོར་བའི་སྡུག་བསྔལ་འདི་ལ་མ་བསམས་ན། །ངེས་འབྱུང་སྐྱོ་ཤས་འདི་ལ་སྐྱེ་དུས་མེད། །དལ་འབྱོར་རྙེད་དཀའ་འདི་ལ་མ་བསམས་ན། །སྤྲོ་དགའི་དམ་ཆོས་འདི་ལ་འོང་དུས་མེད། །རྟག་ཏུ་འཆི་བ་འདི་ལ་མ་བསམས་ན། །སྙིང་ནས་ལྷ་ཆོས་འདི་ལ་འོང་དུས་མེད། །ཐར་པའི་ཕན་ཡོན་འདི་ལ་མ་བསམས་ན། །བླ་མེད་བྱང་(༢༨)ཆུབ་འདི་ལ་འགྲུབ་དུས་མེད། །དཀར་ནག་དགེ་སྡིག་རྒྱུ་འབྲས་མ་བསམས་ན། །ཆོས་དང་ཆོས་མིན་བླང་དོར་ཤེས་དུས་མེད། །ཚེ་འདིའི་བྱ་བ་རྒྱབ་ཏུ་མ་བོར་ན། །ཕྱི་མའི་དམ་ཆོས་འདི་ལ་འགྲུབ་དུས་མེད། །སྙིང་ནས་དགོས་མེད་རྒྱུད་ལ་མ་སྐྱེས་ན། །རྣམ་གཡེང་འདུ་འཛི་འདི་ལ་སྤང་དུས་མེད། །མཐུན་འཇུག་རྩིག་པ་རྨིང་ནས་མ་བསྒྱེལ་ན། །འབྲེལ་འདྲིས་གཞན་སེམས་འདི་ལ་ཟིན་དུས་མེད། །འཁྲུལ་པའི་བྱ་བྱེད་ཅོག་གིས་མ་བཞག་ན། །ཉིན་མཚན་བྲེལ་དོ་འདི་ལ་ཟིན་དུས་མེད། །རྟག་ཏུ་ཁས་ཉེན་དམའ་ས་མ་བཟུང་ན། །རང་རྒྱུད་ངན་པ་འདི་ལ་ཐུལ་དུས་མེད། །བཟོད་པའི་སྨན་གྱིས་ཁོང་ཁྲོ་མ་བཏུལ་ན། །ཞེ་སྡང་ཟུག་རྔུ་འདི་ལ་ཞི་དུས་མེད། །དགེ་སྡིག་ལས་ལ་གསོ་སྦྱོང་མ་བྱས་ན། །སྤོང་གཉེན་ལམ་ཁྱེར་འདི་ལ་འགྲུབ་དུས་མེད། །བྱས་པ་ཐམས་ཅད་དོན་མེད་མ་རྟོགས་ན། །ཚེ་འདིའི་འཁྲུལ་སྣང་འདི་ལས་ལྡོག་དུས་མེད། །ངར་འཛིན་རི་བོ་རྨིང་ནས་མ་བསྒྱེལ་ན། །བདག་འཛིན་འཁྲུལ་པ་འདི་ལ་འཇིག་དུས་མེད། །ངེས་འབྱུང་སྐྱོ་ཤས་གཏིང་ནས་མ་སྐྱེས་ན། །ཐར་ལམ་དམ་ཆོས་འདི་ལ་འོང་དུས་མེད། །ངོ་སྲུང་འབྲེལ་འདྲིས་འཁྲི་བ་མ་བཅད་ན། །དབེན་པར་དམ་ཆོས་འདི་ལ་འགྲུབ་དུས་མེད། །བྱམས་དང་སྙིང་རྗེས་རང་རྒྱུད་མ་བརླན་ན། །ཐེག་ཆེན་ལམ་བཟང་འདི་ལ་བགྲོད་དུས་མེད། །སྦྱིན་སོགས་དགེ་བ་ཅི་འགྲུབ་མ་བྱས་ན། །ཐར་ལམ་བྱང་ཆུབ་འདི་ལ་ཕྱིན་དུས་མེད། །མི་དགེའི་སྡིག་ལ་འཛེམ་པར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་འདི་ལས་ལོག་དུས་མེད། །གཅིག་པུར་དབེན་པའི་རི་ཁྲོད་མ་བསྟེན་ན། །སྙིང་པོའི་དམ་ཆོས་འདི་ལ་འགྲུབ་དུས་མེད། །དཀའ་ཐུབ་སྡུག་བསྲན་སྙིང་རུས་མ་བསྐྱེད་ན། །ཚེ་གང་ལེགས་པའི་ཆོས་མགོ་ཐོན་དུས་མེད། །ཞེ་བཅད་དམ་བཅའ་བརྟན་པར་མ་བྱས་ན། །སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབ་དུས་མེད། །གནས་ལུགས་ངང་ལ་བརྩོན་པར་མ་སྒོམས་ན། །ཆོས་ཉིད་རིག་པའི་གཏན་སྲིད་ཟིན་དུས་མེད། །ད་རེས་ཚེ་འདིར་ཐར་ལམ་མ་སྙོགས་ན། །རྟག་ཏུ་འཁོར་བའི་གནས་ལས་ཐར་དུས་མེད། །སྙིང་ནས་མོས་གུས་གསོལ་བ་མ་བཏབ་ན། །གོང་མའི་བྱིན་རླབས་རྟོགས་པ་འཆར་དུས་མེད། །ལྟེམ་རྐྱང་མེད་པའི་མོས་གུས་མ་བྱས་ན། །བྱིན་རླབས་དངོས་གྲུབ་བླ་མ་མཉེས་དུས་མེད། །སེམས་ལ་ཟོལ་མེད་དགེ་བ་མ་འབད་ན། །གནས་ལུགས་ས་ཟིན་དམ་ཆོས་འགྲུབ་དུས་མེད། །རང་སྐྱོན་ངན་པ་མཚང་ནས་མ་ཕྱུང་ན། །ཐབས་དང་གཉེན་པོའི་དམ་ཆོས་འགྲུབ་དུས་མེད། །གོང་མའི་རྗེས་སུ་སྒྲུབ་ལ་མ་འབྲངས་ན། །རང་ཉིད་དམ་པའི་གནས་སུ་ཕྱིན་དུས་མེད། །དེ་བས་ཚེ་འདིའི་བྱ་བ་བློས་བཏང་ནས། །ཐར་པ་དམ་པའི་ཆོས་ལ་འབད་པར་མཛོད། །གྲོས་(༢༩)འདི་སྙིང་ནས་ཡིན་གྱིས་གུས་པས་ཉོན། །གཏན་གྱི་འདུན་མ་ད་རེས་ལེགས་འཚལ་ལོ། །གཅིག་ཏུ་དགེ་བ་ངེས་འབྱུང་སྐྱོ་ཤས་སྐྱེད། །གཉིས་སུ་དགེ་བ་ཚེ་འདི་བློ་ཡིས་ཐོངས། །གསུམ་དུ་དགེ་བ་དམ་པའི་རྣམ་ཐར་སྐྱོངས། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ལགས། །རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ལས། སྣང་བ་ཆོས་སུ་བསྒྱུར་བའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། ཚེ་འདིར་ཞེན་པ་ལོག་པའི་ལེའུ།

ཡང་དེ་ཉིད་ཀྱི་དུས་སུ་རང་གཞན་ཚེ་འདིའི་བྱ་བྱེད་འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ་མངོན་པར་སྐྱོ་བས་ཕན་མེད་དོན་གྱི་སྐུལ་འདེབས་མགུར་དུ་གསུངས་པ། ཐོག་མེད་གོམས་པ་བག་ཆགས་རི་བོ་ལ། །མ་རིག་གཟུང་འཛིན་དྲྭ་བས་འོད་གསལ་གཡོགས། །འཁོར་བའི་གནས་སུ་ཅུང་ཟད་མི་སྐྱོ་བས། །ཡང་འདིར་རྨོངས་པ་ཁྱོད་ལ་གྲོས་ཤིག་འདེབས། །ཚེ་འདི་མི་རྟག་བསླུ་བར་མ་ཤེས་ན། །བསམ་གཞིག་ཐོང་བས་ཕན་པ་མི་གདའ་ལགས། །ཐར་པའི་ལམ་སྣ་ད་རེས་མ་ཟིན་ན། །མི་ལུས་ཐོབ་པས་ཕན་པ་མི་གདའ་ལགས། །དགེ་སྡིག་ལས་ལ་གསོ་སྦྱོང་མ་བྱས་ན། །ཆོས་སྒོར་ཞུགས་ལོས་ཕན་པ་མི་གདའ་ལགས། །འཁོར་བ་ངན་སོང་སྡུག་བསྔལ་མ་དྲན་ན། །ཆོས་ལ་སྤྱོད་ལོས་ཕན་པ་མི་གདའ་ལགས། །ཚེ་འདི་དགོས་མེད་སྙིང་ནས་མ་དྲན་ན། །བསོད་ནམས་ཆེ་ལོས་ཕན་པ་མི་གདའ་ལགས། །ཆོག་ཤེས་དགོས་མེད་རྒྱུད་ལ་མ་སྐྱེས་ན། །འདོད་པ་ཆུང་ལོས་ཕན་པ་མི་གདའ་ལགས། །དུལ་བའི་སེམས་ཀྱིས་དམའ་ས་མ་བཟུང་ན། །བཟོད་པ་སྒོམ་ལོས་ཕན་པ་མི་གདའ་ལགས། །ཁོང་ཁྲོ་ང་རྒྱལ་ནང་ནས་མ་བཏུལ་ན། །བཅོས་མའི་དུལ་ལོས་ཕན་པ་མི་གདའ་ལགས། །རང་རྒྱུད་ཁོང་ནས་ཆོས་དང་མ་འདྲེས་ན། །མདོ་རྒྱུད་ཤེས་ལོས་ཕན་པ་མི་གདའ་ལགས། །སྙིང་ནས་ཚད་མེད་སེམས་བསྐྱེད་མ་འབྱོངས་ན། །ཐེག་ཆེན་ཡིན་ལོས་ཕན་པ་མི་གདའ་ལགས། །སྡོམ་པ་དམ་ཚིག་རྣམ་དག་མ་བསྲུངས་ན། །གསང་སྔགས་ཡིན་ལོས་ཕན་པ་མི་གདའ་ལགས། །སྐྱོ་ཤས་དྲག་པོས་སྐུལ་རྐྱེན་མ་བཏབ་ན། །དབེན་པར་སྒྲུབ་ལོས་ཕན་པ་མི་གདའ་ལགས། །དངོས་འཛིན་ཞེན་པ་གཏིང་ནས་མ་ལོག་ན། །ཆོས་པ་བཟང་ལོས་ཕན་པ་མི་གདའ་ལགས། །རང་སེམས་ཟོལ་མེད་དཔང་དུ་མ་བཙུགས་ན། །གཞན་ངོར་བཟང་ལོས་ཕན་པ་མི་གདའ་ལགས། །འཇིག་རྟེན་ཆོས་བརྒྱད་ཞེན་པ་མ་ལོག་ན། །ངོ་མཚར་ཆེ་ལོས་ཕན་པ་མི་གདའ་ལགས། །བསོད་ནམས་གྲགས་འདོད་འདུ་འཛི་མ་སྤངས་ན། །འཁོར་ཚོགས་མང་ལོས་ཕན་པ་མི་གདའ་ལགས། །གྲགས་འདོད་རློམ་སེམས་ཕྱོགས་འཛིན་མ་སྤངས་ན། །གཞན་ཕན་ཆེ་ལོས་ཕན་པ་མི་གདའ་ལགས། །ཕྱོགས་རིས་བདག་ལྟ་ངར་འཛིན་མ་སྤངས་ན། །གཏོང་ཕོད་ཆེ་ལོས་ཕན་པ་མི་གདའ་ལགས། །རང་འདོད་ཟད་པའི་ཕན་སེམས་མི་ལྡན་ན། །གཞན་དོན་བྱེད་ལོས་ཕན་པ་མི་གདའ་ལགས། །ཆོས་དང་བླ་མའི་ངོ་མཚར་མ་དྲན་ན། །བཅོས་མའི་དད་ལོས་ཕན་པ་མི་གདའ་ལགས། །གཏིང་ནས་རང་ལ་ངེས་ཤེས་མ་སྐྱེས་ན། །གཞན་གྱི་ཁ་ཏས་ཕན་པ་མི་གདའ་ལགས། །ནང་ནས་ཉོན་མོངས་དགྲ་རུ་མ་མཐོང་(༣༠)ན། །གཞན་རྐྱེན་གཉེན་པོས་ཕན་པ་མི་གདའ་ལགས། །ངེས་འབྱུང་སྐྱོ་ཤས་འཆི་བ་མ་དྲན་ན། །བྱང་ཆུབ་སྒྲུབ་ལོས་ཕན་པ་མི་གདའ་ལགས། །གཅིག་པུར་ཉམས་ལེན་གཅིག་ལ་མ་དྲིལ་ན། །ཐོས་བསམ་བྱས་ལོས་ཕན་པ་མི་གདའ་ལགས། །ཞེན་ལོག་སྐྱོ་ཤས་བློ་སྣ་མ་བསྟུངས་ན། །གཅིག་པུར་སྒོམ་ལོས་ཕན་པ་མི་གདའ་ལགས། །མཚན་ལྡན་དམ་པའི་བླ་མ་མ་མཇལ་ན། །བཤེས་གཉེན་བསྟེན་ལོས་ཕན་པ་མི་གདའ་ལགས། །ཚད་མེད་མོས་གུས་སྙིང་ནས་མ་སྐྱེས་ན། །བླ་མ་བསྟེན་ལོས་ཕན་པ་མི་གདའ་ལགས། །བླ་མའི་བྱིན་རླབས་སྙིང་ལ་མ་ཞུགས་ན། །ཐར་ལམ་སྒྲུབ་ལོས་ཕན་པ་མི་གདའ་ལགས། །ཚེ་འདི་བློས་བཏང་སྒྲུབ་པ་མ་ནུས་ན། །ཡིན་ལུགས་ཤེས་ལོས་ཕན་པ་མི་གདའ་ལགས། །ཁ་ཞེ་མེད་པའི་དག་སྣང་མ་སྐྱེས་ན། །མོས་གུས་ཆེ་ལོས་ཕན་པ་མི་གདའ་ལགས། །སྙིང་ནས་མོས་གུས་སྲི་ཞུ་མི་ལྡན་ན། །མཆེད་ལ་གུས་ལོས་ཕན་པ་མི་གདའ་ལགས། །རང་རིག་གོམས་པའི་ཉམས་མྱོང་མ་སྐྱེས་ན། །མན་ངག་བཟང་ལོས་ཕན་པ་མི་གདའ་ལགས། །གཟུང་འཛིན་བྲལ་བའི་གདིང་ཚད་མི་ལྡན་ན། །གོ་སྤྱིའི་ལྟ་བས་ཕན་པ་མི་གདའ་ལགས། །བཏང་བཞག་མེད་པའི་བསམ་གཏན་མ་ཤེས་ན། །དམིགས་གཏད་སྒོམ་ལོས་ཕན་པ་མི་གདའ་ལགས། །རང་སྣང་ཡུལ་མེད་སྟོང་པར་མ་ཤེས་ན། །གཉིས་མེད་སྤྱོད་པས་ཕན་པ་མི་གདའ་ལགས། །རིག་སྟོང་ཟང་ཐལ་ཆོས་སྐུར་མ་རྟོགས་ན། །འབྲས་བུ་སྒྲུབ་ལོས་ཕན་པ་མི་གདའ་ལགས། །སེམས་ལ་གང་ཕན་གཉེན་པོ་མ་བསྟེན་ན། །གོ་ཡུལ་ཁ་ལྟས་ཕན་པ་མི་གདའ་ལགས། །མ་སྤངས་རང་ཡལ་དབྱིངས་སུ་མ་དག་ན། །བཟང་རྟོག་ཉིང་འཁྲུལ་ཕན་པ་མི་གདའ་ལགས། །རྟོག་ངན་འབུར་འཇོམས་དུག་ལྔ་མ་དག་ན། །བྱར་མེད་སྟོང་པས་ཕན་པ་མི་གདའ་ལགས། །ལྟ་སྒོམ་སྤྱོད་པའི་གདིང་ཚད་མི་ལྡན་ན། །གནས་ཆེན་འགྲིམ་ལོས་ཕན་པ་མི་གདའ་ལགས། །བློ་ཟད་རྗེན་པའི་གནས་ལུགས་མ་རྟོགས་ན། །རྟོགས་ལྡན་ཡིན་ལོས་ཕན་པ་མི་གདའ་ལགས། །རིག་སྟོང་བར་མེད་རང་གནས་མ་ཤེས་ན། །སྒོམ་ཆེན་ཡིན་ལོས་ཕན་པ་མི་གདའ་ལགས། །ཕྱི་ནང་ཡུལ་མེད་ཟང་ཐལ་མ་རྟོགས་ན། །སེམས་ངོ་འཕྲོད་ལོས་ཕན་པ་མི་གདའ་ལགས། །ཐམས་ཅད་བློས་བཏང་ཞེན་ལོག་མ་སྐྱེས་ན། །གཅིག་པུར་སྒོམ་ལོས་ཕན་པ་མི་གདའ་ལགས། །སྡུག་དོགས་ཕྱི་ཚིས་རེ་དོགས་མ་སྤངས་ན། །ལྟ་དགོངས་མཐོ་ལོས་ཕན་པ་མི་གདའ་ལགས། །ཀུན་སྤྱོད་ཞིབ་མོས་རང་རྒྱུད་མ་བཏུལ་ན། །གྲོལ་ལོ་ཞིག་པོས་ཕན་པ་མི་གདའ་ལགས། །མི་མེད་ལུང་སྟོང་འགྲིམ་པར་མ་བྱས་ན། །མཚམས་དང་དམ་བཅས་ཕན་པ་མི་གདའ་ལགས། །ཚེ་འདིའི་འདུན་མ་རླུང་ལ་མ་བསྐུར་ན། །ཆོས་པ་བཟང་ལོས་ཕན་པ་མི་གདའ་ལགས། །མིང་དང་གཟུགས་ཀྱི་ཕོ་ཟོ་མ་བཤིག་ན། །བླ་མ་བཟང་ལོས་ཕན་པ་མི་གདའ་ལགས། །འཁོར་འདབས་འབྲེལ་འདྲིས་རྣམ་གཡེང་མ་སྤངས་ན། །ཀུན་གྱིས་བསྟོད་ལོས་ཕན་པ་མི་གདའ་ལགས། །དེ་བས་ད་རེས་གོང་མའི་རྗེས་བསྙེགས་ཏེ། །ཐར་ལམ་སྒྲུབ་ལ་བརྩོན་པའི་དུས་ལ་བབས། །གྲོས་འདི་སྙིང་ནས་འདེབས་ཀྱི་ལེགས་པར་ཉོན། །སེམས་འདི་ནང་དུ་ལྟོས་དང་བདེན་པར་མཆི། །དང་པོར་དགེ་བ་འཁོར་(༣༡)བ་རྒྱབ་ཏུ་བོར། །བར་དུ་དགེ་བ་དངོས་འཛིན་འཁྲུལ་པ་བཤིག །ཐ་མར་དགེ་བ་རིག་པའི་གཏན་ཡུལ་ཟུངས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ལགས། །རང་ལ་གྲོས་སུ་བཏབ་པ་རྡོ་རྗེའི་མགུར་ལས། ཚེ་འདིར་ཞེན་པ་ལོག་པའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། ཆགས་ཞེན་འཁྲི་བ་བཅད་པའི་ལེའུ།

ཡང་དེ་ཉིད་ཀྱི་དུས་སུ་འཁོར་དང་རྣམ་པར་གཡེང་བའི་གནས་ལ་མངོན་པར་སྐྱོ་བས་གྲོས་འདེབས་མགུར་དུ་གསུངས་པ། སྔོན་ནས་ལེགས་པར་སྦྱངས་པའི་འཕྲོ་སད་པའི། །བླ་མ་སངས་རྒྱས་དངོས་དང་མཇལ་གྱུར་ཅིང་། །ཟབ་དོན་སྙིང་པོའི་གདམས་པ་ཐོབ་གྱུར་ཀྱང་། །ལེ་ལོས་གཡེངས་པ་ཁྱོད་ལ་གྲོས་ཤིག་འདེབས། །འགྲོ་དྲུག་ནང་ནས་མི་ཡི་ལུས་རྙེད་དཀོན། །དེ་བས་དམ་ཆོས་སྤྱོད་པའི་ལུས་རྙེད་དཀོན། །བརྒྱ་ལམ་རེས་འགའ་དལ་འབྱོར་རྙེད་དུས་འདིར། །གཅིག་པུར་བྱང་ཆུབ་བསྒྲུབ་ན་མི་ལེགས་སམ། །ཚེ་ཡང་ཡུན་ཐུང་སྐད་ཅིག་རེ་རེས་འགྲིབ། །སྐྱེས་པ་འཆི་ཞིང་འདུས་པ་རྣམས་ཀྱང་འབྲལ། །མཐོན་པོ་རྒུད་ཅིང་བསགས་པའི་མཐའ་ཡང་འཛད། །གཅིག་པུར་ཞི་བ་བསྒྲུབ་ན་མི་ལེགས་སམ། །འཁོར་དང་ལོངས་སྤྱོད་ཉེ་བར་འབྲེལ་བའི་གཉེན། །ཚེ་འདིའི་སྣང་བ་མ་ལུས་ཅིས་ཀྱང་འདོར། །དེ་བས་ད་ལྟ་ཞི་བའི་ནགས་ཁྲོད་དུ། །གཅིག་པུར་དབེན་པར་གནས་ན་མི་ལེགས་སམ། །བྱ་བའི་ལས་ལ་ཟིན་པའི་གོ་སྐབས་མེད། །གཅིག་ཟིན་རྗེས་ལ་བྲེལ་དོ་དེ་ཡིས་མང་། །དེ་བས་བྱ་བྱེད་འཁྲུལ་པ་ཅོག་བཞག་ལ། །གཅིག་པུར་སྒྲུབ་ལ་བརྩོན་ན་མི་ལེགས་སམ། །འདུ་འཛི་གཞན་དོན་སྒྲུབ་ལ་བསླུ་བའི་བདུད། །ངོ་མཚར་སྙན་གྲགས་བར་ཆད་འཆིང་བའི་གནས། །ཟང་ཟིང་ནོར་རྫས་སེམས་ཆགས་ཉོན་མོངས་གཞི། །དེ་བས་སྒྲུབ་ལ་བརྩོན་ན་མི་ལེགས་སམ། །དོན་མེད་འཁོར་ཚོགས་ཁ་འཛིན་འཆིང་བའི་གནས། །གཅིག་གིས་གཅིག་ཁྲིད་རྣམ་གཡེང་རྒྱུན་མི་འཆད། །དེ་བས་ཐག་རིང་མི་མེད་ལུང་སྟོང་དུ། །སྙིང་པོའི་དོན་ལ་བརྩོན་ན་མི་ལེགས་སམ། །འཇིག་རྟེན་སྐྱེ་བོ་བཟོད་དཀའ་མི་སྲུན་པ། །དུས་ངན་གདུལ་དཀའ་ཤིན་ཏུ་མ་རུངས་པ། །སྙིང་པོའི་དམ་ཆོས་ནམ་ཡང་མི་འབྱུང་གི། །དབེན་པར་འཆི་ཆོས་སྒྲུབ་ན་མི་ལེགས་སམ། །ཡིན་ལུགས་བསྟན་ཀྱང་སྒྲུབ་པར་བྱེད་མཁན་སུ། །ཕན་པས་བསྐྱངས་ཀྱང་ཆོས་བཞིན་བྱེད་པ་གང་། །ཤ་ཚས་བསླབས་ཀྱང་ལེགས་པར་ཉན་མཁན་ཅི། །དབེན་པར་དམ་ཆོས་སྒྲུབ་ན་མི་ལེགས་སམ། །ད་རུང་འདུག་ཀྱང་སྔོན་བཞིན་སྐྱོ་བ་འཕེལ། །ཇི་ལྟར་བྱས་ཀྱང་དོན་དུ་འགྱུར་བ་དཀའ། །གང་ལྟར་བསྟན་ཀྱང་དེ་ལྟར་རྟོགས་པ་ཉུང་། །མི་མེད་ལུང་སྟོང་འགྲིམ་ན་མི་ལེགས་སམ། །དུས་ངན་སྐྱེ་བོ་ཤིན་ཏུ་གདུལ་དཀའ་ལ། །དོན་མེད་འཁོར་གྱི་ལོག་སྒྲུབ་བཟོད་པར་དཀའ། །རང་ཉིད་ངལ་ཞིང་གཞན་ལ་མི་ཕན་པས། །གཅིག་(༣༢)པུར་དབེན་པར་ཕྱིན་ན་མི་ལེགས་སམ། །གྲོས་འདི་སྙིང་ནས་ཡིན་གྱིས་གུས་པས་ཉོན། །རྣམ་གཡེང་འདུ་འཛི་སྤོངས་དང་བདེ་མོར་མཆི། །མི་མེད་ལུང་སྟོང་འགྲིམ་དང་མངོན་དུ་འགྱུར། །ཕན་པའི་གདམས་ངག་ཡིན་གྱིས་སྙིང་ལ་ཟུངས། །གཅིག་ཏུ་དགེ་བ་རང་ཡུལ་ཞེན་པ་བཏང་། །གཉིས་སུ་དགེ་བ་ཕྱོགས་མེད་རི་ཁྲོད་འགྲིམ། །གསུམ་དུ་དགེ་བ་སྡུག་སྲན་བརྩོན་འགྲུས་བསྐྱེད། །གནས་ལུགས་དོན་ལ་བཙན་ས་ཟིན་པ་ལགས། །རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ལས། ཆགས་ཞེན་འཁྲི་བ་བཅད་པའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། སྙིང་ནས་སྒྲུབ་ལ་སྐུལ་བའི་ལེའུ།

ཡང་དེ་ཉིད་དུས་གང་ལའང་སྙིང་པོ་མེད་པར་མཐོང་ནས། གཅིག་པུར་སྒྲུབ་ལ་བརྩོན་པའི་མགུར་གསུངས་པ། །མ་རིག་ནམ་མཁའ་བཞིན་དུ་རྒྱ་ཆེ་ལ། །གཟུང་འཛིན་མཚན་མོའི་མུན་རུམ་ཤིན་ཏུ་ནག །མི་ཤེས་ཉོན་མོངས་ཐོག་མཐའ་བར་མེད་པས། །རྨོངས་པ་ཁྱོད་ལ་ད་རུང་གྲོས་ཤིག་འདེབས། །ད་རེས་ཚེ་འདིར་ཐར་ལམ་སྙེགས་བཞིན་དུ། །སྒྲུབ་ལ་མི་བརྩོན་རྣམ་གཡེངས་འདུ་འཛིས་གཡེངས། །འཁྲུལ་སྣང་ཚེ་འདིའི་བྱ་བས་ཅི་བྱར་ཡོད། །ད་རེས་སྙིང་པོའི་དོན་ལ་སྒྲུབ་པར་འཚལ། །ཚེ་འདིའི་དགའ་བདེ་རྨི་ལམ་སྣང་བ་འདྲ། །ཅིས་ཀྱང་མི་ཕན་ངེས་པར་འདོར་ནས་འགྲོ། །ཟས་ནོར་འབྱོར་པས་བདག་ལ་ཅི་བྱར་ཡོད། །ད་རེས་ཟབ་དོན་ཆོས་ལ་སྒྲུབ་པར་འཚལ། །འདུས་ཀྱང་འབྲལ་ཏེ་ཚོང་ཁང་མགྲོན་པོ་འདྲ། །གཅིག་གིས་གཅིག་འཆིང་མཛའ་བཤེས་གཉེན་འདུན་དང་། །འཁོར་འདབས་མང་པོས་བདག་ལ་ཅི་བྱར་ཡོད། །ད་རེས་འབྲལ་མེད་དོན་ལ་སྒྲུབ་པར་འཚལ། །ངོ་མཚར་སྙན་གྲགས་བསྟོད་བཀུར་རྨི་ལམ་འདྲ། །འཁྲུལ་པས་བྱིས་པ་བསླུ་ཞིང་བློ་སེམས་འཕེལ། །གཞན་གྱི་བཀུར་སྟི་སྲི་ཞུས་ཅི་བྱར་ཡོད། །ད་རེས་འོད་གསལ་དོན་ལ་སྒྲུབ་པར་འཚལ། །ཚེ་འདིའི་བྱ་བ་གང་དང་ཅི་ཡང་རུང་། །བྱས་པ་དོན་མེད་ཐམས་ཅད་སྡུག་བསྔལ་རྒྱུ། །བྱ་བྱེད་འཁྲུལ་པས་བདག་ལ་ཅི་བྱར་ཡོད། །ད་རེས་བྱར་མེད་དོན་ལ་སྒྲུབ་པར་འཚལ། །ཀུན་གྱི་ནང་ནས་གཅིག་པུར་འགྲོ་དུས་ན། །གང་དང་ཅིས་ཀྱང་ཕན་པ་ཅུང་ཟད་མེད། །ཚེ་འདིའི་སྣང་བས་བདག་ལ་ཅི་བྱར་ཡོད། །གྲོས་མོ་ཆེ་ལ་ཕན་པ་སྒྲུབ་པར་འཚལ། །སུ་ཉེ་ཅི་འབྱོར་གང་དང་ཅི་ཡོད་ཀྱང་། །རྗེས་སུ་འབྲང་བ་དགེ་སྡིག་གཉིས་ལས་མེད། །གཉེན་བཤེས་ནོར་རྫས་མང་བས་ཅི་བྱར་ཡོད། །སྐྱས་མོ་ཆེ་ལ་ཕན་པའི་དམ་ཆོས་འཚལ། །ཕྱི་རོལ་ཡུལ་ལ་བདེ་སྐྱིད་གྲངས་མང་ཞིང་། །ལུས་སེམས་དགའ་བདེའི་སྣང་བ་རྒྱ་ཆེ་ཡང་། །འཆི་བའི་དུས་ན་བདག་ལ་ཅི་བྱར་ཡོད། །བེམས་རིག་བྲལ་དུས་ཕན་པའི་གདིང་ཞིག་འཚལ། །ན་ཡང་མི་འཚེར་ཤི་ཡང་མི་འགྱོད་ལ། །འཆི་ཀར་མི་འགྱོད་ཟབ་དོན་(༣༣)སྙིང་པོའི་ཆོས། །རང་རིག་གོམས་པའི་ཆོས་ཉིད་ནམ་མཁའ་ལ། །གནས་ལུགས་དོན་གྱི་བཙན་ས་ཟིན་པར་འཚལ། །ཡང་འཁོར་ཡང་སྐྱེ་གཏན་དུ་མི་ཁོམ་པས། །ད་རེས་ཚེ་འདིར་ཆོས་ཉིད་ས་བཟུང་ནས། །ཆོས་སྐུ་མི་འགྱུར་གདོད་མའི་མཁའ་དབྱིངས་སུ། །རང་རིག་ཆོས་སྐུའི་གོ་འཕང་ཐོབ་པར་འཚལ། །གྲོས་འདི་སྙིང་ནས་ཡིན་གྱིས་གུས་པས་ཉོན། །གཅིག་པུར་སྒྲུབ་ལ་བརྩོན་དང་དངོས་གྲུབ་འབྱུང་། །རིག་པའི་ངང་ལ་སྐྱོངས་དང་ངེས་ཤེས་སྐྱེ། །ཟབ་དོན་གནད་ཀྱི་མན་ངག་དྲིལ་བ་ལགས། །བདག་གི་སེམས་འདི་རྣམ་གཡེང་ལ་སྐྱོ་བས། །གཅིག་པུར་ཞི་བ་སྒྲུབ་ལ་མོས་པའི་ཕྱིར། །རང་ལ་གྲོས་སུ་གདམས་པའི་རིམ་པ་འདི། །སྐལ་བཟང་རྣམས་ཀྱིའང་སྙན་དུ་ཕུལ་བ་ལགས། །དགེ་བ་འདི་ཡིས་བདག་བློ་ཞི་བའི་ཚལ། །ཟབ་གཏེར་ཡོན་ཏན་འབྱོར་པས་ཡོངས་གང་ཞིང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་འདུ་བའི་གནས། །སྦས་ཡུལ་རིན་ཆེན་སྒོ་བཞི་འབྱེད་པར་ཤོག །རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ལས། སྙིང་ནས་སྒྲུབ་ལ་སྐུལ་བའི་ལེའུ་སྟེ་ལྔ་པའོ།། །།

རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ། ཨོ་རྒྱན་རྫོང་གི་གནས་ཀུན་ཏུ་བཟང་པོའི་ཁང་བཟང་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་སྨྲས་སོ། །ཤུ་བྷཾ།། །།

ཐར་པ་ལ་སྐུལ་བའི་རབས་ཞེས་བྱ་བ།

༄༅། །ཐར་པ་ལ་སྐུལ་བའི་རབས་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། ཐར་པ་ལ་སྐུལ་བའི་རབས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྣམ་འཕེལ་ཡོན་ཏན་རྒྱས་པའི་གཞིར། །བྱང་ཆུབ་ལྗོན་ཚོགས་མེ་ཏོག་འབྲས་བཀྲ་ཞིང་། །རྣམ་གྲོལ་ཞི་བ་ཐར་པའི་སྐྱེད་མོས་ཚལ། །ཕན་བདེའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་ལ་ཐུགས་རྗེའི་སྤྱན་དབྱེ་བའི། །ལེགས་འདོམས་ཆོས་ཀྱི་རྔ་ཆེན་སྒྲོགས་པའི་དོན། །དེང་འདིར་ཐུབ་པའི་གསུང་བཞིན་རབ་བསྙད་ཀྱི། །ཐར་པར་སྐུལ་བའི་རབས་ཞེས་བྱ་བ་ཉོན། །ཀྱེ་མ་གྲོགས་དག་སྲིད་གསུམ་འཁོར་བ་ན། །སྡུག་བསྔལ་མེ་ཚོགས་ཀྱིས་གདུང་བདེ་བ་མེད། །གཅིག་ནས་གཅིག་བརྒྱུད་ཤིང་རྟའི་འཕང་ལོ་འདྲ། །དེ་བས་ད་རེས་ཐར་པའི་ཐབས་ཤིག་འཚལ། །ཁོམ་ལྡན་མི་ཡི་འགྲོ་བ་རྙེད་གྱུར་ཅིང་། །ཡང་དག་དགེ་བའི་བཤེས་དང་མཇལ་དུས་འདིར། །བདེ་འགྲོ་ཐར་པའི་སྐས་ལ་མ་འཛེགས་ན། །ཕྱིས་ནས་དལ་འབྱོར་ལུས་རྙེད་ཤིན་ཏུ་དཀའ། །དལ་དང་འབྱོར་པའི་མི་ལུས་མ་ཐོབ་ན། །སྡིག་པ་འབའ་ཞིག་མངོན་པར་འཕེལ་(༣༤)བ་ལས། །དགེ་གོམས་ཆོས་ལ་སྤྱོད་པའི་སྐབས་མི་རྙེད། །དམ་པའི་ཆོས་ཞེས་སྒྲ་ཡང་ཐོས་མི་འགྱུར། །དམ་པའི་ཆོས་དང་ཕྲད་པར་མ་གྱུར་ན། །སྡིག་པའི་དབང་གིས་འོག་ནས་འོག་ཏུ་འགྲོ། །ངན་སོང་གནས་ནས་ཐོན་པར་མ་གྱུར་ན། །སྔ་མའི་སྡུག་བསྔལ་དྲག་པོས་མནར་བཞིན་དུ། །ཕྱི་མའི་ལས་ངན་དཔག་མེད་སོགས་པས་ན། །མུ་མཐའ་མེད་པའི་འཁོར་བར་རྟག་ཏུ་འཁྱམས། །མཐའ་མེད་སྡིག་པའི་རྒྱ་མཚོར་འཁྱམས་དུས་འདིར། །རང་རང་ལས་ཀྱི་རྦ་ཀློང་དྲག་པོ་འཁྲུགས། །སྡུག་བསྔལ་གཏིང་མཐའ་དཔག་ཏུ་མེད་པ་ལས། །ལས་ཟད་བར་དུ་ཡང་ཡང་བརྣག་དགོས་སོ། །རང་གི་ལས་ངན་འཁྲུལ་པའི་མེ་ཚོགས་ལ། །རྒྱལ་བའི་ཐུགས་རྗེས་དངོས་སུ་གཞིལ་དཀའ་སྟེ། །སྔོན་འདས་སངས་རྒྱས་གྲངས་མེད་བྱོན་ན་ཡང་། །བདག་ཅག་ད་དུང་སྲིད་པར་འཁྱམས་ལ་ལྟོས། །དེ་བས་ད་ལྟ་དལ་འབྱོར་ཐོབ་དུས་འདིར། །འཁོར་བའི་སྡུག་བསྔལ་དཔག་མེད་བསམ་བྱས་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་དུ། །དེ་རིང་ཉིད་ནས་མངོན་ཕྱོགས་འབད་པར་བྱ། །ད་རེས་ཟབ་མོའི་ཆོས་ལ་བརྩོན་བྱས་ན། །ཚེ་འདིར་ཐར་པའི་ལམ་སྣ་ཟིན་པར་ངེས། །ཐར་ལམ་ཟིན་ན་བདེ་ནས་བདེ་བར་འགྲོ། །བྱང་ཆུབ་བདེ་ལེགས་འབྱོར་པ་ལག་ན་འདུག །བདེ་ལེགས་དབང་གིས་ངན་འགྲོར་མི་ལྟུང་ཞིང་། །བདེ་འགྲོ་མཐོ་རིས་འཇིག་རྟེན་མཆོག་ཏུ་འགྲོ། །དེར་སོང་ནས་ནི་དགེ་ལ་རབ་བརྩོན་ཞིང་། །མངོན་མཐོ་ངེས་ལེགས་དགའ་སྟོན་བཟང་པོ་མྱོང་། །དགེ་བས་ཐར་པའི་ལམ་བཟང་རིན་ཆེན་དུ། །རྒྱལ་བའི་འབྱོར་པ་རྨད་བྱུང་མཐའ་ཡས་བསྐྲུན། །བདེ་གཤེགས་བལྟ་དང་གཙང་མའི་ཆོས་རབ་མཉན། །ཞིང་སྦྱངས་འཕགས་པའི་དགེ་འདུན་མཆོག་དང་འགྲོགས། །པདྨོ་ཅན་སོགས་དག་པའི་འཇིག་རྟེན་དུ། །པདྨོ་ལས་སྐྱེས་སེམས་གཙང་རྙོག་པ་མེད། །པདྨོ་ལྟར་མཛེས་ཡོན་ཏན་ཚོགས་མང་ཞིང་། །པདྨོའི་དཔལ་སོགས་རྒྱལ་བ་མཐོང་བར་འགྱུར། །དེ་ཕྱིར་བློ་དང་ལྡན་པའི་སྐྱེ་བོ་རྣམས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །དགེ་གོམས་ཡིད་ལ་བྱེད་པ་འབའ་ཞིག་གིས། །ཐར་ལམ་འཛེགས་ལ་བརྩོན་པ་བརྒྱ་འགྱུར་རིགས། །ད་རེས་སྲིད་ལས་ཐར་ལམ་མ་རྙེད་ན། །ཕྱིས་ནས་ཞི་བའི་ལམ་དང་ཕྲད་པ་དཀོན། །ཞི་བའི་ལམ་དང་ཕྲད་པར་མ་གྱུར་ན། །མཐའ་མེད་འཁོར་བའི་གནས་ལས་ཐར་ཐབས་མེད། །ད་ལྟའི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་དང་། །ནད་ཀྱི་སྡུག་བསྔལ་ཕྲ་མོ་མི་བཟོད་ན། །སེམས་དམྱལ་ཡི་དྭགས་དུད་འགྲོ་ལ་སོགས་པའི། །སྡུག་བསྔལ་མེ་ཚོགས་འབར་བ་བསྲན་བཟོད་དམ། །དེ་བས་ད་ལྟ་རང་དབང་ཡོད་དུས་འདིར། །འཁོར་བའི་སྡུག་བསྔལ་ཐར་པའི་(༣༥)ཕན་ཡོན་དང་། །དགེ་སྡིག་བླང་དོར་ཚོགས་གཉིས་སྒྲུབ་ལ་སོགས། །ལེགས་པའི་ཆོས་ལ་ཉིན་མཚན་འབད་པ་ཐོན། །དལ་འབྱོར་ཐོབ་ཀྱང་ཆོས་ལམ་མ་བསྒྲུབས་ན། །མི་ཚེ་ཆུད་ཟོས་ཡེངས་པའི་ལམ་ལ་ཟད། །བརྒྱ་ལ་རེས་འགའི་མི་ལུས་རིན་ཆེན་འདི། །ད་རེས་ཐོབ་དུས་སྟོང་ལོག་མ་བྱེད་ཅིག །ཚེ་འདིའི་སྣང་བ་རྨི་ལམ་འབྱོར་པ་འདྲ། །སད་པས་སྟོང་སྟེ་ཅི་ཡང་མེད་པ་ལྟར། །ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དུས་ན། །རྗེས་སུ་འབྲང་བ་དགེ་སྡིག་གཉིས་ལས་མེད། །གཉེན་འདུན་འབྱོར་པས་ཅིས་ཀྱང་མི་སྟོངས་ལ། །ཤི་བའི་རྗེས་སུ་དེ་དག་འགྲོ་བ་མེད། །བདག་ཀྱང་ཕྱིར་འོང་འདི་རུ་མི་ལྡོག་པས། །ཚེ་འདིའི་བྱ་བས་བདག་ལ་ཅི་བྱར་ཡོད། །དེ་བས་འཇིག་རྟེན་འཁྲུལ་པའི་སྣང་བ་ལ། །ཆགས་ཞེན་དགག་སྒྲུབ་བདེན་འཛིན་ཀུན་སྤངས་ཏེ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པ་ཡིས། །དལ་འབྱོར་དོན་མེད་ཆུད་ཟོས་མ་སོང་བྱ། །ད་རེས་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་སྡོད་པའི་གདིང་ནི་ཅི་ལ་ཡོད། །ཚེ་འདིའི་ནོར་རྫས་བུང་བའི་སྦྲང་རྩི་འདྲ། །རང་གིས་བསགས་ཀྱང་གཞན་གྱིས་སྤྱོད་པ་མང་། །གཉེན་འདུན་འཛའ་བཤེས་མགྲོན་པོ་གནས་མཐུན་འདྲ། །ལྷན་ཅིག་འདུས་ཀྱང་སོ་སོར་འབྲལ་དུ་ཉེ། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ད་ལྟར་ཡོད་ཀྱང་མེད་པ་མྱུར་དུ་འོང་། །འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །ཉིན་མཚན་རྟག་ཏུ་བདག་ལ་གླགས་སྐབས་འཚོལ། །ཚེ་འདིའི་སྣང་བ་རྨི་ལམ་སད་ཁ་འདྲ། །མི་རྟག་ཡུན་ཐུང་ཅིས་ཀྱང་དོར་ནས་འགྲོ། །རྒྱུ་འབྲས་ལས་རྣམས་ལུས་ཀྱི་གྲིབ་མ་འདྲ། །རྟག་པར་བདག་གི་རྗེས་སུ་འབྲང་བར་བྱེད། །དེ་བས་བློ་དང་ལྡན་པའི་སྐྱེ་བོ་ཀུན། །དེ་རིང་ཉིད་ནས་ཐར་ལམ་སྒྲུབ་པར་མཛོད། །འཇིག་རྟེན་སྤྱོད་པ་དམ་པའི་གཞིར་གྱུར་པ། །ལེགས་པའི་ཆོས་ལ་རྟག་ཏུ་འབད་པ་སྟེ། །སྙིང་ནས་མི་རྟག་འཆི་བ་དྲན་བྱས་ནས། །སྐྱེ་བོ་དམ་པ་རྣམས་ཀྱི་རྗེས་འགྲོ་མཛོད། །ཚེ་འདིའི་བྱ་བ་གང་དང་གང་ཡང་རུང་། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །འཁྲུལ་པས་བྱིས་པ་བསླུ་ཞིང་སྙིང་པོ་མེད། །དེ་བས་ཐར་པ་བྱང་ཆུབ་སྒྲུབ་པར་མཛོད། །བྱ་བ་བཏང་ན་དམ་ཆོས་ངང་གིས་འགྲུབ། །བྱ་བ་ཐོངས་ན་དངོས་འཛིན་འཁྲུལ་པ་འཇིག །བྱ་བ་མེད་ན་ཉོན་མོངས་ཆུ་བོ་བརྒལ། །བྱ་བ་བྲལ་ན་རང་སེམས་ངང་གིས་བདེ། །གང་ལ་བསམས་ཀྱང་མི་རྟག་སྙིང་པོ་མེད། །གང་དུ་བལྟས་ཀྱང་འཕོ་ཞིང་འགྱུར་བའི་ཆོས། །གང་ལྟར་དཔྱད་ཀྱང་ཚེ་འདིའི་འཁྲུལ་སྣང་ལ། །གང་གིས་མ་ཆགས་སྐྱེ་བོ་མཁས་པ་ཡིན། །དེང་ནས་འཁོར་བ་འདི་ལ་བློ་ལོག་སྟེ། །དེང་དུས་ཐར་པའི་ལམ་ཆེན་མཆོག་ཞུགས་ནས། །དེང་ཉིད་བརྩོན་པས་ཉིན་མཚན་འདའ་བྱས་ན། །དེང་འདིར་སྡུག་(༣༦)བསྔལ་ཆུ་བོ་སྒྲོལ་བར་འགྱུར། །འགྲོ་བ་འཁྲུལ་པ་འཁྲུལ་པའི་དབང་གིས་འཁྲུལ། །དེ་ལས་གང་ཞིག་གང་ལས་ལྡོག་པ་གང་། །དམ་ཆོས་བསྒྲུབ་ཕྱིར་སྒྲུབ་ལ་བརྩོན་པས་སྒྲུབས། །མངོན་མཐོ་ངེས་ལེགས་ངེས་པར་འགྲུབ་པར་ངེས། །འགྱུར་ཞིང་མི་རྟག་ཚེ་འདིའི་སྣང་བ་འགྱུར། །འགྱུར་བར་མི་ཤེས་སྐྱེ་བོ་སྡུག་བསྔལ་འགྱུར། །འགྱུར་བས་ཡིད་འབྱུང་ཐར་པ་འདོད་པར་འགྱུར། །འགྱུར་མེད་དོན་བསྒོམས་སྲིད་ལས་ཐར་པར་འགྱུར། །རིག་དང་མ་རིག་ཁྱད་པར་སོ་སོ་ལས། །ལས་ཚུལ་ཐ་དད་བདེ་སྡུག་དུ་མར་སྣང་། །སྣང་སྲིད་སྣོད་བཅུད་གཟུང་འཛིན་དབང་གིས་འཁྲུལ། །འཁྲུལ་པར་ཤེས་ནས་རྟོགས་ཏེ་མཁས་པར་རིགས། །ཉིན་མཚན་ཀུན་ཏུ་དལ་འབྱོར་སྙིང་པོར་བྱ། །ཅིས་ཀྱང་མི་ཕན་མྱུར་དུ་འགྲོ་རྩིས་བྱ། །དམ་པའི་ཆོས་ལ་དེང་ནས་བརྩོན་པར་བྱ། །དད་དང་བརྩོན་འགྲུས་བག་ཡོད་བསྟེན་པར་བྱ། །ཚེ་འདི་མི་རྟག་མྱུར་དུ་འགྲོ་ན་ཡང་། །ཚུ་རོལ་མཐོང་བས་རྟག་ཏུ་བདེན་པར་ཞེན། །ཚིག་གུ་མ་སྨིན་འབྲས་ལ་ཆགས་པ་བཞིན། །ཚ་ཟེར་ཉོན་མོངས་གདུང་བས་སྲེད་པར་ཟད། །མ་རིག་དབང་གིས་འཁོར་བའི་སེམས་ཅན་རྣམས། །མེ་གསུམ་དག་གི་སྡུག་བསྔལ་འབར་བས་གདུངས། །མུ་མཐའ་མེད་པའི་སྲིད་པར་འཁྱམས་པ་ལས། །མི་གང་ཐར་པའི་བྱང་ཆུབ་ཚོལ་བ་མཚར། །ཀྱེ་མ་གྲོགས་དག་དལ་འབྱོར་རྙེད་གྱུར་ཀྱང་། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་དུ་གང་འབྱུང་བདག་ལ་ཆ་ཡོད་དམ། །འཆི་དུས་ཅི་བྱེད་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་འཆིའམ་གཏོལ་མེད་ཀྱི། །ཅི་འགྲུབ་དགེ་ལ་དེ་རིང་བརྟུན་ཏེ་བྱ། །འཚོ་བའི་སྲོག་ནི་འཆི་བདག་བདུད་ཀྱིས་འཕྲོག །དར་བའི་ལང་ཚོ་དུས་ཀྱི་ནད་ཀྱིས་འཕྲོག །འགྱུ་བའི་དབུགས་ནི་འཆི་བདག་སྲིན་པོས་འཕྲོག །ཚེ་འདིའི་སྣང་བ་དུས་ཀྱིས་གཉེར་ཏེ་འཕྲོག །དེ་བས་ནམ་འཆི་ངེས་པ་མ་མཆིས་པས། །ཡུལ་དང་གནས་དང་ལོངས་སྤྱོད་ལ་སོགས་དང་། །ཕུང་པོ་མི་རྟག་སྒྱུ་མའི་ལྡིང་ཁང་ལ། །སེམས་ཤེས་སུ་ཞིག་སྲེད་པ་འཕེལ་བ་བགྱིད། །མ་རིག་ཡང་སྲིད་སྡུག་བསྔལ་ཆུ་བོ་ལ། །ནན་གྱིས་འཇུག་པ་འཁོར་བའི་རང་བཞིན་ལས། །མཁས་པ་རྣམས་ནི་རབ་ཏུ་རྟོགས་པའི་ཕྱིར། །འཇིག་རྟེན་ཚེ་འདིའི་འཛིན་པ་བཏང་བར་མཛོད། །འཇིག་རྟེན་འདི་ན་རྟག་པ་འགའ་མེད་དོ། །སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་དང་། །ཉི་ཟླ་གཟའ་སྐར་འདོད་ལྷའི་སྐྱེད་མོས་ཚལ། །བསམ་གཏན་གནས་དང་བཅས་པ་མ་ལུས་ཀུན། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །སྐྲ་རྩེའི་ལྷག་རོལ་ཙམ་ཡང་མི་ལུས་ཤིང་། །ཞི་གནས་སྟོང་སྟེ་ནམ་མཁའ་གཅིག་ཏུ་འགྱུར། །སོས་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །ལོ་ཟླ་ཚེས་གྲངས་སྐད་ཅིག་འགྱུར་བ་སྟེ། །ཁ་སང་དེ་རིང་(༣༧)སང་དུ་འཕོ་བ་བཞིན། །འདི་ལྟར་ས་སྟེང་འཇིག་རྟེན་མ་ལུས་ན། །དབྱར་དུས་རྩྭ་ཤིང་མེ་ཏོག་སྨན་སྤོས་དང་། །སེམས་ཅན་ཕྲ་མོ་ཇི་སྙེད་ཡོད་པ་ཀུན། །དགུན་དུས་བསྐམས་ཏེ་མེད་པར་གྱུར་ལ་ལྟོས། །བཅུད་ཀྱི་སེམས་ཅན་མི་རྟག་འགྱུར་བ་སྟེ། །བདག་གིས་དྲན་དུས་ས་སྟེང་མི་རྣམས་ལས། །རྒན་རབས་གཞོན་རབས་སྐལ་མཉམ་དུ་མ་འདས། །ཕ་མ་མཛའ་བཤེས་གཉེན་འདུན་བྲན་དང་འཁོར། །ཁྱིམ་གང་ནང་ནས་ལྷན་ཅིག་ཚོགས་རྣམས་ལས། །ཕལ་ཆེར་འདས་ཤིང་མི་རྟག་སྐྱོ་བ་འཕེལ། །འགའ་ཙམ་ཡོད་ཀྱང་ལ་ལ་ཕྱོགས་གཞན་སོང་། །རང་ཉིད་གཅིག་པུར་ད་ལྟ་གནས་ལ་སོགས། །ལོ་བརྒྱའི་ཁོངས་སུ་འདས་པའི་མི་རྣམས་ཀྱིས། །རྟག་ཏུ་རེ་བས་ནོར་དང་རྫས་བསགས་ཀྱང་། །བཞག་ནས་སོང་སྟེ་ཤ་རུས་སོ་སོར་འབྲལ། །སྐྱེ་ཤིའི་འཁོར་ལོས་གནས་པ་གཅིག་ཀྱང་མེད། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །བདེན་པར་ཞེན་ནས་ནོར་དང་རྫས་ལ་སྲེད། །འདོད་པས་གདུངས་ཏེ་གསོག་བྲུན་སྣ་ཚོགས་བྱེད། །རྟག་ཏུ་སྡོད་སྙམ་གཅིག་གིས་གཅིག་ལ་འཚེ། །ཆགས་སྡང་འཐབ་རྩོད་ཕྱོགས་རིས་བྱེད་ན་ཡང་། །དུས་ཀྱིས་རྙིངས་པའི་ཤིང་ཏོག་བྲུལ་བ་བཞིན། །སྔ་ཕྱིར་ཟད་ནས་རྟག་པ་འགའ་མེད་དེ། །ལོ་བརྒྱའི་ནང་དུ་གཅིག་ཀྱང་ལུས་མི་འགྱུར། །ཚལ་རྣམས་མེ་ཏོག་ཤིང་ལོ་འབོ་བ་བཞིན། །སོ་དང་སྐྲ་སེན་ཤ་རུས་སོ་སོར་འབྲལ། །ཚོལ་སྐྱོང་འདོད་པ་དུ་མས་ཅི་ཞིག་བྱ། །ཚུལ་འདིས་ས་སྟེང་འགྲོ་བ་ཕལ་ཆེར་བསླུས། །དེ་ལྟར་མི་རྟག་གཡོ་བར་མ་ཤེས་པར། །ཕ་མ་མཛའ་བཤེས་གཉེན་དང་ནོར་གྱི་ཕྱིར། །ཀུན་དང་རྩོད་ཅིང་མི་དགེའི་སྡིག་རྣམས་བསགས། །སྡིག་དེ་བདག་ཉིད་གཅིག་པུས་མྱོང་བ་ལས། །དེ་དག་སྐལ་ནོད་འགྱུར་བ་འགའ་ཡང་མེད། །རྣམ་སྨིན་ཕྱི་ཕྱིར་འབྲང་བའི་ཁུར་ཐོགས་ནས། །བདག་ཉིད་གཅིག་པུར་ཕ་རོལ་འགྲོ་བ་ན། །སྡིག་པས་བསགས་པའི་ནོར་རྣམས་གཞན་གྱིས་སྤྱོད། །སེར་སྣས་ཡིད་ལ་འཁྲེང་ཡང་བྱ་ཐབས་མེད། །གྲོ་ཟན་གཅིག་ཀྱང་ཁྱེར་བའི་དབང་མེད་ཅིང་། །ཤུལ་རིང་བགྲོད་ལ་འགྲོགས་པའི་ཟླ་མི་རྙེད། །ཆོས་མེད་མི་རྣམས་དེ་དུས་འཇིགས་པས་འདར། །བར་དོའི་འཕྲང་ལ་གཅིག་པུར་འགྲོ་བ་ན། །འཁོར་འདབས་ནང་མི་གཅིག་ཀྱང་ཁྲིད་དབང་མེད། །ནོར་རྫས་ཏིལ་འབྲུ་གཅིག་ཀྱང་ཁྱེར་དབང་མེད། །ཁ་དྲག་དཔུང་པ་གཅིག་ཀྱང་འཚོང་དབང་མེད། །རང་དབང་གྲོས་མཐུན་གཅིག་ཀྱང་བྱ་དབང་མེད། །བཟོ་རིག་ཡོན་ཏན་གཅིག་ཀྱང་བསྐྱང་དབང་མེད། །བདེ་དལ་ཅུང་ཟད་གཅིག་ཀྱང་རང་དབང་མེད། །འཁྲུལ་སྣང་ལས་ཀྱི་མེ་ལོང་གསལ་བར་འགྱུར། །ཀྱེ་མ་དད་ལྡན་སྐྱེ་བོའི་ཚོགས་རྣམས་ཀུན། །(༣༨)ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འགྲེ་ལྡོག་རང་སྣང་བསྐལ་པ་འཁྲུག །དེ་དུས་སྟོངས་པའི་དམ་ཆོས་བྱེད་རེ་རན། །རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ། །ད་ལྟར་ཉིད་ནས་བརྩོན་པས་འབད་འཚལ་ལོ། །ལྷན་ཅིག་འདུས་པའི་ལུས་ཀྱང་སོ་སོར་འབྲལ། །མཛའ་བཤེས་གཉེན་འདུན་སྲེད་པས་ཅི་ཞིག་བྱ། །ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དུས་ན། །སུ་ཉེ་སུ་མཛའ་ཇི་སྙེད་ཡོད་གྱུར་ཀྱང་། །བདག་གི་ཕྱི་བཞིན་འགྲོ་བ་གཅིག་ཀྱང་མེད། །གཉེན་བཤེས་བུ་སྨད་རྣམས་ཀྱིས་ཅི་ཞིག་བྱེད། །ཚེ་འདིར་བསགས་པའི་ནོར་རྫས་ཅི་ཡོད་ཀྱང་། །བཞག་ནས་འགྲོ་དུས་ཕན་པ་གཅིག་ཀྱང་མེད། །དེ་བས་ད་ལྟ་སྦྱིན་པའི་གཏེར་དུ་སྦོས། །རྗེས་སུ་འབྲང་ཞིང་འཕྲོག་ཏུ་མེད་པར་གསུངས། །ནོར་རྫས་སྒྱུ་མ་ཡིན་གྱི་ཞེན་པ་སྐྱུངས། །གཉེན་བཤེས་འཆིང་བ་ཡིན་གྱི་བརྩེ་གདུང་སྤོངས། །ཚེ་འདི་རྨི་ལམ་ཡིན་གྱི་མི་རྟག་སྒོམས། །གཟུང་འཛིན་འཁོར་བ་ཡིན་གྱི་རྒྱབ་ཏུ་བོར། །ཐམས་ཅད་འགྱུར་ཡང་ད་དུང་རྟག་ཏུ་རེ། །མཛའ་དང་མི་མཛའི་དོན་ཕྱིར་ཆགས་སྡང་བྱེད། །འཁྲུལ་སྣང་དངོས་ལ་བློ་སྟོབས་བདེན་ཞེན་འཆའ། །བྱིས་པའི་བྱ་བ་འདི་འདྲས་མངོན་པར་སྐྱོ། །དེ་བས་ད་ལྟ་རང་གི་ཡོ་བྱད་དང་། །གཉེན་འདུན་ཕྱིར་ཡང་སྡིག་པ་མི་བསགས་ཤིང་། །དོན་མེད་འཚེ་དང་རྩོད་པ་མི་བྱ་ལ། །ཉེ་འམ་རིང་ཡང་གཞན་གྱི་སེམས་མི་དཀྲུགས། །ཀུན་ལ་སེམས་སྙོམས་ལས་སུ་རུང་བར་བྱ། །དེས་ནི་འདི་ཕྱིར་ཕན་བདེ་འགྲུབ་པར་འགྱུར། །དོ་ཅིག་ཡོད་པས་སང་ཕོད་ཡོད་པ་ལྟར། །ཚེ་འདིར་ཡོད་པས་ཕྱི་མ་ཡོད་པར་འགྱུར། །སང་ཕོད་ལོ་དང་ཚེ་རབས་ཕྱི་མ་གཉིས། །གང་སྔ་ཡོད་པའང་སུ་ལ་གཏོལ་མེད་པས། །སང་ཕོད་དོན་ལ་སོ་ནམ་བྱེད་པ་བཞིན། །ཕྱི་མའི་དོན་དུ་དམ་ཆོས་སྤྱད་པར་རིགས། །དེ་རིང་དོ་ནུབ་སང་ཉིན་མི་འཆི་ཞེས། །རེ་ཞིག་བརྟགས་པས་འདུག་པར་རིགས་མ་ཡིན། །གློ་བུར་རྐྱེན་གྱིས་མི་རྟག་གཡོ་བར་འགྱུར། །དེ་བས་དེ་རིང་ཉིད་ནས་བརྩོན་པར་རིགས། །ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་པ་མེད། །ལུས་འདི་གཡར་པོ་འདྲ་སྟེ་ཡིད་བརྟན་མེད། །སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །རང་གཞན་དར་རྒུད་རྨི་ལམ་སྣང་བ་འདྲ། །རྟག་ཏུ་ཡིད་བརྟན་མེད་དོ་དམ་ཆོས་སྒྲུབས། །ཚེ་འདིའི་འཁྲུལ་སྣང་བྱིས་པའི་རྩེད་མོ་འདྲ། །བསླུ་ཞིང་འགྱུར་བ་ཡིན་ནོ་ཐར་ལམ་སྒྲུབས། །ཐམས་ཅད་བདེན་མེད་བར་སྣང་འཇའ་ཚོན་འདྲ། །གང་ལའང་ཡིད་བརྟན་མེད་ཀྱིས་བྱང་ཆུབ་སྒྲུབས། །གཟུང་འཛིན་ཉོན་མོངས་སྤྲིན་ཚོགས་འཁྲིགས་པ་འདྲ། །གློ་བུར་བག་ཆགས་ཡིན་གྱིས་སྒྲིབ་པ་སྦྱོངས། །འདུས་བྱས་མི་རྟག་བར་སྣང་གློག་དང་འདྲ། །སྐད་(༣༩)ཅིག་འགྱུར་བ་ཡིན་ནོ་གཏན་སྲིད་ཟུངས། །འགྲོ་བ་གཡོ་བ་དུས་ཀྱི་ཤིང་འདབ་བཞིན། །སྐྱེས་ཀྱང་འཆི་བ་ཡིན་ནོ་ཆོས་ལ་འབད། །རང་བཞིན་འགྱུར་བ་ཚོགས་ཁང་སྐྱེ་བོ་བཞིན། །འདུས་ཀྱང་འབྲལ་བ་ཡིན་ནོ་གདུང་སེམས་སྤོངས། །རྟག་ཏུ་མི་གནས་རྫིང་བུའི་འབབ་ཆུ་འདྲ། །བསགས་ཀྱང་འཛད་པ་ཡིན་ནོ་དངོས་ཞེན་སྤོངས། །ཐམས་ཅད་དར་ཏེ་མེ་ཏོག་བཀྲམ་པ་བཞིན། །དར་ཡང་རྒུད་པ་ཡིན་ནོ་རློམ་སེམས་སྤོངས། །ད་རེས་ཐར་ལམ་བྱང་ཆུབ་མ་བསྒྲུབས་ན། །གཏན་དུ་འཁོར་བའི་གནས་ལས་ཐར་མི་འགྱུར། །སྡུག་བསྔལ་ཆུ་བོ་ཤིན་ཏུ་བགྲོད་དཀའ་བས། །རང་གཞན་དུ་ཁས་གདུང་བའི་ཚུལ་ལ་ལྟོས། །དལ་འབྱོར་སྙིང་པོ་ལྡན་པའི་ལུས་ཐོབ་ནས། །ཐར་ལམ་མ་ཟིན་དོན་མེད་འདའ་བྱས་ན། །འདི་ལས་བསླུས་པ་བདག་ལ་གང་ཞིག་ཡོད། །ཕྱི་ཕྱིར་སྡུག་བསྔལ་བརྒྱ་ཕྲག་བཟོད་ནུས་སམ། །དེ་བས་རིན་ཆེན་གྲུ་བོ་རྙེད་དུས་འདིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་དེ། །དམ་ཆོས་ཆེད་དུ་བརྩོན་འགྲུས་བརྩམ་པར་བྱ། །དེས་ནི་བརྒལ་དཀའི་སྲིད་མཚོ་སྒྲོལ་བར་འགྱུར། །སྲིད་ལས་ཞི་བར་མཇུག་པ་དེ་དག་གིས། །ལྷ་དང་མི་ཡི་ཆོས་ལུགས་ལ་བརྟེན་ནས། །རིམ་གྱིས་ཐར་པའི་བྱང་ཆུབ་ཐོབ་པར་གསུངས། །དེ་ཕྱིར་ཐོག་མར་མངོན་མཐོའི་ཆོས་ལ་བསྟེན། །དེ་ཡང་ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །གཉིས་ལ་བརྟེན་ནས་ཡོན་ཏན་བསྒྲུབ་པ་སྟེ། །དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་བཞི། །བག་ཡོད་བསོད་ནམས་ཆ་མཐུན་ལས་རྣམས་ཀྱིས། །ལྷ་མིའི་བདེ་འབྲས་གོང་མ་ཐོབ་པས་ན། །དགེ་བའི་ལས་རྣམས་ཀུན་ལ་བསླབ་པར་བྱ། །འདི་ལྟར་རང་གི་མཛའ་བཤེས་གཉེན་རྣམས་དང་། །ནང་མི་གྲོང་མཚེས་གཞན་ཡང་འགྲོ་རྣམས་ལ། །བྱམས་པའི་སེམས་དང་བརྩེ་བའི་མིག་གིས་བལྟ། །ཆོས་ལ་བསྐུལ་ཞིང་སྡིག་ལས་ལྡོག་པར་བྱ། །དཀོན་མཆོག་མཆོད་ཅིང་ཕོངས་ལ་སྦྱིན་པ་དང་། །རྒན་རབས་སྲི་ཞུ་ཕ་མའི་བཀུར་སྟི་དང་། །ལམ་མཐུན་གློ་བུར་ལྷགས་དང་ནད་པའི་ཚོགས། །མགོན་མེད་རྣམས་ལ་ཕན་ཐོགས་རྒྱ་ཆེར་བྱ། །སྡུག་ཕོངས་རྣམས་ལ་དུས་སུ་སྦྱིན་པ་དང་། །དམ་པ་མཆོད་ཅིང་སྦྱིན་པའི་ས་བོན་གདབ། །ལམ་གྱི་སྟེགས་དང་གྲུ་ཟམ་འཛུགས་པ་དང་། །མགྲོན་ཁང་བརྩིག་དང་ཆུ་རགས་བཟང་པོ་དང་། །ཟས་སྐོམ་ཚུལ་དང་ཕན་ཐོགས་ཅི་འགྲུབ་བྱ། །ལམ་འཕྲང་སྐྱེལ་བསུ་མི་འཇིགས་སྦྱིན་པ་དང་། །བྱ་དང་རི་དྭགས་ཉ་དང་འགྲོ་རྣམས་ལ། །རི་རྒྱ་ཆུ་རྒྱ་མགོན་སྐྱབས་དཔུང་གཉེན་དང་། །གནས་མལ་སྦྱིན་སོགས་སྐྱབས་ཀྱི་སྦྱིན་པ་དང་། །མཆོད་རྟེན་ལྷ་ཁང་སྐུ་གཟུགས་ལ་སོགས་ལ། །ཕྱག་དང་བསྐོར་བ་དད་པས་(༤༠)ཐལ་མོ་སྦྱར། །དང་བས་བལྟ་དང་གུས་པས་མཆོད་པ་དང་། །རྙིང་པ་གསོ་དང་ཞིག་རལ་བཅོས་པར་བྱ། །ཕྱི་ནང་ཀུན་ཏུ་བཟང་སེམས་སྙོམས་པ་དང་། །དོན་མཐུན་སྙན་པར་སྨྲ་བས་ཆོས་ལ་བསྐུལ། །ཁྲོ་དང་འཐབ་རྩོད་ཚིག་རྩུབ་སྤང་བྱ་ཞིང་། །ཅི་ནས་གཞན་གྱི་ཡིད་དང་མཐུན་པར་བྱ། །མི་སྙན་སྨྲ་ལ་རྩུབ་མོའི་ལན་མི་གདབ། །རྟག་ཏུ་ཁོང་ཡངས་གཟེ་རེ་ཆུང་བ་དང་། །གཞན་ལ་མི་གནོད་ཅི་འགྲུབ་ཕན་གདགས་ཤིང་། །གཡོ་དང་ཟོལ་མེད་རང་སེམས་རྣམ་དག་བྱ། །བཟང་པོའི་དྲིན་རྣམས་བརྗེད་པ་མེད་པ་དང་། །ཕྱི་ཐག་རྒྱུན་རིང་འགྲོགས་གཞུང་བསྟེན་བྱ་ཞིང་། །བྱ་བ་ཀུན་ལ་རང་བཞིན་བརྟག་པ་དང་། །མཐོ་དམན་གང་ལའང་རེ་བ་བསྐྱུང་བར་བྱ། །འབྱོར་པའི་དུས་སུ་དྲེགས་པར་མི་བྱ་ལ། །གཞན་སེམས་མི་དཀྲུགས་ཕྲག་དོག་ཟུག་རྔུ་སྤང་། །འགྲན་སེམས་མི་བྱ་ཆགས་སྡང་འཐབ་རྩོད་དོར། །ཁྱད་དུ་མི་བསད་ཞི་དེས་ལྡན་པར་བྱ། །དབུལ་ཞིང་རྒུད་ཚེ་ཧ་ཅང་མི་ཞུམ་ཞིང་། །སྔོན་གྱི་ལས་བརྟག་གཞན་ལ་འཁང་མི་བྱ། །སྡིག་ལ་མི་འཇུག་ངོ་ཚ་ཁྲེལ་ཡོད་བསྟེན། །རང་ཚུགས་ཐུབ་པས་དགེ་ཞིང་བརྟེན་པར་བྱ། །ཆོས་ལྡན་བདེ་ན་གཞན་དུ་མི་འཁྱམས་ཤིང་། །གང་འདུག་གནས་ལ་རང་བཞིན་བརྟན་པར་བྱ། །ཆོས་མིན་སྡུག་ན་ཡུལ་གཞན་སྤོ་བྱས་པས། །སྔར་བས་ཇེ་བདེར་འགྱུར་བ་ཆོས་ཉིད་ལགས། །མདོར་ན་གང་སྣང་བདེ་སྡུག་མཐོ་དམན་ཀུན། །ལས་སུ་ཤེས་ནས་ངན་པ་སྤང་བ་དང་། །བཟང་པོ་སྒྲུབ་ཅིང་ངང་རྒྱུད་དགེ་བར་བྱ། །འདི་དང་ཕྱི་མར་ལེགས་པ་བསྒྲུབ་པ་ལགས། །རང་གི་སྡུག་བསྔལ་གཞན་ལ་མི་སྤོ་ཞིང་། །དང་ལེན་བཟོད་པས་བསྲན་པར་བྱ་བ་དང་། །ཐོག་ཏུ་གང་བབས་རང་གི་ལས་ཤེས་པས། །དགག་སྒྲུབ་བཏང་ལ་ལེགས་ཉེས་ཤེས་པར་བྱ། །གཞན་གྱི་ཚིག་ལ་བདེན་རྫུན་བརྟག་བྱ་ཞིང་། །ཁ་ཏར་ཤེས་པས་བླང་དོར་དྲན་བྱ་ཡིས། །ཁྲོ་བར་མི་བྱ་སླར་ལ་ཁོང་ཡངས་བསྐྱེད། །བཟོད་བྱ་དེས་པས་རང་རྒྱུད་དུལ་བར་བྱ། །དེ་དག་ལ་སོགས་ལེགས་པའི་དངོས་རྣམས་ལ། །ཆོས་དང་འཇིག་རྟེན་ཕལ་ཆེར་དོན་མཐུན་པས། །སྔོན་གྱི་ཆོས་རྒྱལ་དམ་པ་དེ་དག་དང་། །སྐྱེ་བོ་མཛངས་པ་རྣམས་ཀྱི་རྗེས་འགྲོ་བྱ། །འདི་ནི་རང་གཞན་ཡུན་གྱི་དོན་སྲིད་མཆོག །ཕན་པའི་གདམས་ངག་བདུད་རྩི་ཡིན་གྱིས་ཉོན། །འཇིག་རྟེན་དགེ་བ་ཅན་རྣམས་ཐར་པ་ཡི། །གྲོང་ཁྱེར་མཆོག་ཏུ་འཛེགས་པའི་ཐེམ་སྐས་མང་། །དེ་ལྟར་ལྷ་མིའི་ཆོས་ལུགས་ལེགས་རྟོགས་ནས། །སྲིད་པའི་གྲོང་ལས་རབ་ཏུ་འདའ་བའི་ཕྱིར། །མྱ་ངན་འདས་པ་མཆོག་ཏུ་ཞིར་འགྲོ་བ། །ཐར་པ་བྱང་ཆུབ་སྒྲུབ་ལ་འབད་པར་བྱ། །བྱང་ཆུབ་རྩ་བ་ས་བོན་སྙིང་རྗེའི་བདག །སྲིད་པ་ན་ཡང་བདེ་(༤༡)བའི་འབྲས་མང་ཞིང་། །མཐར་ཐུག་གཞལ་མེད་ཡོན་ཏན་ཡིད་བཞིན་གཏེར། །གཞན་དོན་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བྱ། །འདི་ནི་བསོད་ནམས་ཕུང་པོ་དཔག་མེད་དེ། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །མཐའ་ཡས་ཡོན་ཏན་དཔག་མེད་ཚོགས་དང་ལྡན། །གང་གིས་ཐར་པའི་མཆོག་ལ་རབ་དམིགས་ཏེ། །རྫོགས་པའི་སངས་རྒྱས་འགྱུར་ཞེས་སྨོན་པ་དང་། །འཇུག་པའི་རང་བཞིན་མངོན་པར་སྒྲུབ་བྱེད་ན། །དགེ་བ་དེ་འདྲ་འཇིག་རྟེན་གསུམ་ན་མེད། །བྱང་ཆུབ་སྨོན་པ་ཡོངས་བཟུང་དག་པར་སྤེལ། །ཚད་མེད་བཞི་ལ་བསླབ་པར་སྟོན་པས་གསུངས། །སྡུག་བསྔལ་མང་ལྡན་སྲིད་པའི་སེམས་ཅན་རྣམས། །ཐོག་མཐའ་མེད་ནས་འཁོར་བ་འདིར་འཁྱམས་ཏེ། །རྟག་ཏུ་སྡུག་བསྔལ་གྱུར་ལ་རབ་བརྩེ་བས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་ལྗོན་ཚོགས་བཏང་སྙོམས་མཚོ་བསིལ་གྱི། །མ་ལུས་འགྲོ་ལ་ཞི་བདེའི་སེམས་མཆོག་སྦྱང་། །འཇུག་པའི་རང་བཞིན་ཡོངས་བཟུང་དག་པ་སྤེལ། །ཕ་རོལ་ཕྱིན་རྣམས་རིམ་པས་བསླབ་པར་བྱ། །ཕྱིན་དྲུག་རང་བཞིན་སུམ་ཅུ་རྩ་དྲུག་ལས། །གོ་ཆའི་སྒྲུབ་པས་སྒྱུ་མ་བཞིན་དུ་སྤྱད། །སྤྱད་པ་པོ་དང་སྤྱད་བྱའི་དངོས་པོ་དང་། །ཡུལ་རྣམས་མི་དམིགས་འཁོར་གསུམ་དག་པ་ཡིས། །བྱང་ཆུབ་དགེ་བ་ཐར་པའི་མཆོག་ཏུ་བསྔོ། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་དམ་པ་ཡིན། །རྣམ་བཅུ་དབང་ལྡན་ངོ་བོ་འཁོར་གྱི་ཚུལ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་དང་། །ཡེ་ཤེས་ཕ་རོལ་ཕྱིན་བཅུ་རེ་རེ་བཞིན། །བཅུ་བཅུ་རྗེས་འགྲོ་བརྒྱ་ཕྲག་དམ་པ་ནི། །ཁྱད་པར་ཅན་དང་ཁྱད་པར་མེད་ཚུལ་གྱི། །ས་རྣམས་ཀུན་ཏུ་ཡོངས་སུ་བསྒྲུབ་པར་བྱ། །ཚོགས་སྦྱོར་མཐོང་སྒོམ་པ་ཡི་ལམ་བཞི་རུ། །དྲན་དང་སྤོང་བཞི་རྫུ་འཕྲུལ་རྐང་པ་བཞི། །དབང་པོ་སྟོབས་ལྔ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་དེ་མཉམ་རྗེས་སྤྱོད་ཡུལ་ཅན། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་བསྒོམ་བྱ། །གཟུངས་དང་ཏིང་འཛིན་ཉི་མ་རྒྱ་ཆེ་ཞིང་། །སྤྱན་དང་མངོན་ཤེས་འོད་ཟེར་སྟོང་འཕྲོ་བས། །རིག་པའི་མཁའ་དབྱིངས་དམ་པས་རབ་བརྒྱན་ཅིང་། །ཞི་བའི་རྣམ་གྲོལ་རབ་ཏུ་བརྟན་པ་ཡིན། །གོང་ནས་གོང་དུ་ས་རྣམས་རབ་འཕར་ཞིང་། །སྒྲིབ་པའི་མུན་བྲལ་ཡེ་ཤེས་དབྱིངས་ལ་སྦྱོར། །ཏིང་འཛིན་ཡོན་ཏན་འབུམ་ཕྲག་ཡངས་པའི་ཆོས། །རྒྱ་མཚོའི་རྡུལ་གྱི་རྗེས་སུ་འགྲོ་བ་ལགས། །མཐར་གྱིས་དག་པ་གཉིས་ལྡན་ཆོས་སྐུའི་མཁར། །ལོངས་སྤྱོད་རྫོགས་དང་སྤྲུལ་པས་རབ་བརྒྱན་ཏེ། །ཀུན་ཏུ་འོད་ཟེར་འགྱེད་པའི་ས་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་(༤༢)གྱིས་གྲུབ་པ་ཡིན། །དེ་ཕྱིར་བྱང་ཆུབ་དོན་དུ་གཉེར་རྣམས་ཀྱིས། །ནམ་གྱི་ཆ་སྟོད་ཉིད་དང་ཆ་སྨད་དང་། །སྔ་དྲོ་ཕྱི་དྲོ་གུང་རྣམས་རྟག་བརྩོན་པས། །བསམ་གཏན་དང་ནི་འདོན་ལ་བརྩོན་འགྲུས་བརྩམ། །མཚན་མོའི་ཐུན་སྨད་གཉིད་ཀྱིས་སྙོམས་པ་ནའང་། །སྡིག་ཟད་ཉོན་མོངས་མེད་ཡིད་ཅན་གྱིས་ཉལ། །ལྡང་ཚེ་རྨི་ལམ་སྡིག་པ་བཤགས་བྱ་ཞིང་། །དགེ་བར་མཐོང་ན་ཡི་རང་བསྔོ་བ་བྱ། །དུས་རྣམས་ཀུན་ཏུ་མི་རྟག་འཆི་དང་སྐྱེ། །དགེ་དང་དཀོན་མཆོག་གསུམ་པོ་དྲན་བྱ་ཞིང་། །སྤྱོད་ཡུལ་དག་པའི་སྤྱོད་པ་རྣམས་སྦྱང་དང་། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དྲན་བྱ། །ཟས་ཀྱི་ཚེ་ནའང་མི་གཙང་འགྱུར་བ་དང་། །སྲིན་བུའི་གྲོང་ལ་ཕན་པར་འདོད་པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་རྗེས་དྲན་པས། །རན་པར་ཟ་ཞིང་སྨོན་ལམ་རྒྱ་ཆེར་གདབ། །ཉིན་མཚན་ཀུན་ཏུ་དད་པས་བརྩོན་འགྲུས་བརྩམ། །སྤྱོད་ལམ་ཀུན་ཏུ་ཆོས་ཀྱིས་འདའ་བར་བྱ། །དུས་རྣམས་ཀུན་ཏུ་རང་རྒྱུད་འབའ་ཞིག་འདུལ། །སེམས་བསྐྱེད་ཀུན་ཏུ་གཞན་ཕན་འབའ་ཞིག་གིས། །སེམས་ཅན་མཐོང་ལ་བྱམས་པའི་སེམས་གཙང་གིས། །བྱང་ཆུབ་སྙིང་པོ་ཅན་ཞེས་གུས་པ་བསྐྱེད། །སྐུ་གཟུགས་མཆོད་རྟེན་བསོད་ནམས་ཞིང་རྣམས་ལ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་དྲན་པར་བྱ། །མཁན་པོ་སློབ་དཔོན་བླ་མའི་གནས་དག་ལ། །རྒྱལ་བའི་རྣམ་འཕྲུལ་དངོས་སུ་བལྟ་བྱ་ཞིང་། །ཆོས་མཛད་རྣམས་ལ་འཕགས་པའི་དགེ་འདུན་དུ། །གུས་པ་བསྐྱེད་ལ་དག་སྣང་མོས་གུས་བྱ། །གཞན་སྐྱོན་མཐོང་ན་རང་སྣང་འཁྲུལ་པར་བསམ། །ཡོན་ཏན་མཐོང་ན་རྗེས་སུ་ཡི་རང་བསྒོམ། །རང་སྐྱོན་ངན་པ་མཚང་དང་ཡུལ་ནས་འདོན། །ཡོན་ཏན་སྤེལ་ཞིང་བརྩོན་འགྲུས་དཔེ་མེད་བརྩམ། །དམ་པར་བསྟེན་ཞིང་སྡིག་པའི་གྲོགས་པོ་སྤང་། །དབེན་པར་གནས་ཤིང་སྦྱངས་པའི་ཡི་དམ་བླང་། །ཐོས་བསམ་སྒོམ་པས་རང་གི་རྒྱུད་སྦྱངས་ཤིང་། །ཅི་བྱེད་དམ་པའི་ཆོས་སུ་འགྲོ་བར་བྱ། །སེམས་ཉིད་དབྱིངས་ལ་ལྟ་བའི་རྫོང་བཅའ་ཞིང་། །གནས་ལུགས་ངང་ལ་མི་རྟོག་མཉམ་པར་བཞག །ཕྱི་ནང་ཆོས་ལ་སྒྱུ་མར་སྤྱད་བྱ་ཞིང་། །འོད་གསལ་ཆོས་སྐུའི་འབྲས་བུ་མངོན་གྱུར་བྱ། །འདི་ལྟར་ཡུལ་དུ་སྣང་བའི་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མ་མིག་ཡོར་སྤྲུལ་པ་འདྲ། །དྲི་ཟའི་གྲོང་བཞིན་སྣང་དུས་རང་བཞིན་མེད། །གཟུང་དང་གཟུང་ཡུལ་མེད་པ་གསལ་སྣང་ཙམ། །འཛིན་པའི་སེམས་ཀྱང་གཞི་རྩ་རྟེན་མེད་དེ། །ངོ་བོ་དངོས་མེད་ཁ་དོག་དབྱིབས་དང་བྲལ། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །དོན་དམ་བདེ་གཤེགས་སྙིང་པོའི་རང་བཞིན་ལགས། །དེ་ལྟར་གཟུང་དང་འཛིན་པ་གཉིས་མེད་པས། །མཁའ་ལྟར་བདག་མེད་སྤྲོས་ཀུན་ཞི་བ་ཉིད། །མ་སྐྱེས་པ་དང་མི་གནས་(༤༣)འགྲོ་འོང་མེད། །བསམ་འདས་བརྗོད་མེད་བྱང་ཆུབ་སེམས་ཀྱི་ངང་། །ཟབ་མོ་འཕགས་པའི་སྤྱོད་ཡུལ་རིག་ཞི་བ། །བླ་མའི་ལུང་བཞིན་མཉམ་པར་བཞག་པར་བྱ། །དེ་ལྟར་བརྩོན་པས་ཉིན་མཚན་འདའ་བྱས་ན། །ལམ་ལྔ་ས་བཅུ་རིམ་གྱིས་གོང་བགྲོད་དེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་གནས། །ཡོན་ཏན་ཚོགས་ཆེན་ལྷུན་གྲུབ་ཐོབ་པར་འགྱུར། །རབ་བཟང་སྐྱེ་བོ་རྣམས་ལ་ཆོས་ཀྱི་གཏམ། །དྲི་མེད་ཚངས་པའི་རྔ་ཆེན་སྙན་བསྒྲགས་པས། །འགྲོ་ཀུན་ཚོགས་གཉིས་དགེ་བའི་ལམ་ཞུགས་ཏེ། །ཐར་གླིང་བྱང་ཆུབ་འབྱོར་པ་མཐའ་ཡས་ཤོག །ཚུལ་འདི་ཤེས་བྱའི་ནམ་མཁའ་ཡངས་པ་ལ། །བློ་གྲོས་འོད་སྟོང་ཉིན་མོར་བྱེད་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དད་ལྡན་ཐར་པ་འདོད་རྣམས་དགའ་བར་མཛོད། །

ཐར་པ་ལ་སྐུལ་བའི་རབས་ཞེས་བྱ་བ་མང་དུ་ཐོས་པའི་སྙན་ངག་མཁན་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་མཆོག་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་ལེགས་པར་སྦྱར་བ་ནི་རེ་ཞིག་རྫོགས་སོ།། །།དགེའོ།། །།

ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ་ཞེས་བྱ་བ།

༄༅། །ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། ངང་བའི་དྲིས་ལན་སྤྲིན་གྱི་སྙིང་པོ་ཞེས་བྱ་བ། འཕགས་མ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་དྲང་སྲོང་མཆོག་གི་གཙོ། །འགྲོ་བ་ཀུན་གྱི་གཙུག་གིས་ཞབས་མཆོད་ཅིང་། །འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་མཛད་པ། །འགྲོ་བའི་དེད་དཔོན་དེ་ལ་ཕྱག་འཚལ་ལོ། །སྙན་ངག་མེ་ཏོག་མ་རྙིང་པདྨའི་མཚོ། །བློ་གསལ་ངུར་པའི་ཡིད་འཕྲོག་བསམ་ཡས་པ། །ད་ནི་མི་སྡོད་ཡུལ་གཞན་འགྲོ་སྙམ་ནས། །ངང་བའི་དྲིས་ལན་སྤྲིན་གྱི་སྙིང་པོ་གླེང་། །

དེ་ཡང་འདི་ལྟར་གངས་རིའི་འགྲམ། ཆུ་བོ་ལོ་ཧི་ཏ་དལ་གྱིས་འབབ་ཅིང་སྔོན་གྱི་སེམས་དཔའ་དུ་མ་བྱོན་པའི་གནས་དཔལ་གྱི་བསམ་ཡས་ཞེས་བྱ་བ་ཡོད་དེ། སྔོན་གྱི་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ། །རང་བྱུང་པདྨ་རྒྱལ་པོ་བྱོན་པའི་གནས། །གངས་རིར་བསྟན་པའི་དར་གནས་ཀུན་གྱི་གཞི། །དཔལ་གྱི་བསམ་ཡས་དགེ་བའི་འབྱུང་གནས་ལགས། །

དེ་དང་ལྷོ་ཕྱོགས་སུ་ཧ་ཅང་མི་རིང་བའི་ས་ཕྱོགས་སྐྱེ་ཤིང་སྣ་ཚོགས་ཀྱི་ཕྲེང་བ་དང་། མེ་ཏོག་གི་ཚལ་ན་བུང་བ་ལང་ལིང་དུ་གྱུར་པའི་གཞི་ཡིད་དུ་འོང་བའི་རྫིང་བུ་ཆུ་བསིལ་མཐིང་གས་གང་ཞིང་པདྨའི་དྲྭ་བས་ཁེབས་པ་ཞིག་ན། ངང་པའི་རྒྱལ་པོ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལ་སོགས་པའི་ཡོན་ཏན་དུ་མས་མཛེས་ཀྱང་། རྟག་ཏུ་སྐྱེ་བོ་ཀུན་གྱིས་མ་མཐོང་ཞིང་། ངུར་པ་མང་པོ་དང་ལྷན་ཅིག་གནས་བཅས་ཏེ་འདུག་གོ། །(༤༤)ཚུལ་ཁྲིམས་རྒྱན་ཕྲེང་བློ་གྲོས་འདབ་གཤོག་ཅན། །དུལ་བའི་ལུས་མཛེས་ཆོས་དང་ལྡན་ན་ཡང་། །ནོར་མེད་ཚེ་ན་ཀུན་གྱིས་མ་མཐོང་ཞིང་། །དམན་པའི་གནས་བཞིན་འདོར་བའི་ཚུལ་ལ་ལྟོས། །

དེའི་ཚེ་ངང་པའི་རྒྱལ་པོ་དེ་གྲོང་དང་གཙུག་ལག་ཁང་གི་ལྟད་མོ་ལ་ཕྱོགས་ཐ་དད་པར་སོང་ཞིང་། བསྟི་གནས་དག་ཉུལ་བ་ལས། རྒྱལ་བའི་བསྟན་པ་ཡང་ལྔ་བརྒྱའི་ཐ་མར་སྙིགས་ཏེ། རབ་ཏུ་བྱུང་བ་ཡང་འདོད་ཡོན་དང་འདུ་འཛི་དོན་དུ་གཉེར་ཞིང་བསླབ་པ་གསུམ་དང་མང་དུ་ཐོས་པའི་ནོར་གྱིས་དབེན་ཏེ། ཆོས་ལྟར་བཅོས་པའི་གཟུགས་བརྙན་ཙམ་དུ་ཟད་ཅིང་། ཞིང་ལས་དང་། ཚོང་དང་། ཁྱིམ་འཛིན་པས་གནས་ཏེ། ཆོས་དང་ལྡན་པ་ཉིན་མོའི་རྒྱུ་སྐར་ཙམ་དུ་དཀོན་ལ། ཆེན་པོར་རློམ་པ་དག་ཀྱང་ཆོས་མ་ཡིན་པས་དུས་འདའ་ཞིང་། ཚུལ་བཞིན་དུ་གནས་པ་དག་ལ་རྣམ་པར་འཚེ་བ་ན། དམ་པ་རྣམས་ཀྱི་ཡིད་འབྱུང་ཞིང་ཁ་ཅིག་སྨྲེ་སྔགས་འབྱིན་པ་ནི། ཀྱེ་མ་དིང་སང་སྙིགས་མའི་དུས། །བསྟན་པའི་ཉི་མ་ནུབ་ཏུ་ཉེ། །མཆོད་འོས་རྣམས་ཀྱང་གཟུགས་བརྙན་ཙམ། །ཆེན་པོར་རློམ་ཡང་དམན་པའི་གནས། །ངུར་སྨྲིག་འཛིན་ཀྱང་ཁྱིམ་པའི་བློ། །མང་པོས་བཀུར་ཡང་ཐ་མལ་བ། །གཡོ་སྒྱུའི་བསམ་གཏན་རི་ལྟར་བརྟན། །ཚུལ་འཆོས་སྡོམ་པའི་དྲྭ་བས་གཡོགས། །ལོ་འདོད་འདུ་འཛིའི་འཆིང་པས་བཅིངས། །དེ་བཞིན་བླ་མའི་གཟུགས་བརྙན་འགའ། །ཆོས་དང་ལྡན་ལ་རབ་ཁྲོ་ཞིང་། །ཆོས་མ་ཡིན་གྱི་བསྔགས་པ་སྨྲ། །རང་ལ་བསྟེན་རྣམས་ཐབས་ཀྱིས་བསླུ། །གཞན་ཡང་བླ་མའི་གཟུགས་བརྙན་འགས། །ཆོས་ལྟར་སྟོན་ཅིང་ཆོས་མིན་སྤྱོད། །ཚིག་འབྲུ་གཉེར་ཞིང་དོན་ཟབ་འདོར། །འཁོར་དང་དྲེགས་པའི་འཆིང་བས་བཅིངས། །གཞན་ཡང་བླ་མའི་གཟུགས་བརྙན་འགའ། །མཆོག་ཏུ་བླུན་ཞིང་གཡོ་སྒྱུ་ཅན། །རྨོངས་པའི་ནང་ན་ཆེན་པོ་བཞིན། །ཆོས་མིན་རྣམས་ཀྱིས་སྐྱེ་བོ་བསླུ། །གཞན་ཡང་བླ་མའི་གཟུགས་བརྙན་འགའ། །ཕྱི་རོལ་ཞི་ཡང་ནང་ན་རྩུབ། །ནོར་མེད་དམ་པའང་རབ་སྤོང་ཞིང་། །ནོར་ལྡན་རྨོངས་པ་སྤྲིན་བཞིན་སྡུད། །དེ་བཞིན་རབ་ཏུ་བྱུང་བ་ཡང་། །སྦྱིན་པ་བསྲུང་ཞིང་ཚུལ་ཁྲིམས་གཏོང་། །བཟོད་དང་བརྩོན་འགྲུས་མི་ལྡན་ཞིང་། །བསམ་གཏན་ཤེས་རབ་རིང་དུ་དོར། །ཐོས་བསམ་མི་གཉེར་འདུ་འཛི་གཉེར། །ཆོས་དང་མི་ལྡན་ཆོས་མིན་ལྡན། །བསླབ་པ་མི་འཛིན་མཛེས་མ་འཛིན། །མཆོག་ལ་མི་འདུད་དམན་ལ་འདུད། །གྱེན་དུ་མི་ལྟ་ཐུར་དུ་ལྟ། །ཀྱེ་མ་ད་ནི་མཚར་ཅིག་བྱུང་། །འདོད་པ་སྒྲུབ་ལ་ལྷག་པར་བརྩོན། །དགེ་བའི་ལས་ལ་སྙོམས་པར་བྱེད། །སྡིག་སྤྱོད་བདེ་འགྲོ་ཐོབ་ཏུ་རེ། །ཁྱིམ་པ་བཞིན་དུ་བྱ་བྱེད་མང་། །རང་སྐྱོན་སྦེད་ཅིང་གཞན་སྐྱོན་སྨྲ། །གོ་རིམ་(༤༥)མི་ལྡན་ཤིང་ལྟར་གྱོང་། །ངན་པའི་ཟླ་ཉིད་འདོད་པའི་ཕྱིར། །དམ་པ་རྣམས་ལ་སྐུར་པ་འདེབས། །གཞན་དག་ལོག་པའི་ལམ་ལ་འདྲེན། །གྲུང་ལ་མདོ་མེད་ཆོས་མི་དབང་། །ཆོས་དང་ལྡན་པ་དམོད་བྱེད་ཅིང་། །ཆོས་མ་ཡིན་ལ་གུས་པར་འཛིན། །དད་ཟས་མཐོང་ན་རབ་ཏུ་བྱུང་། །འདོད་ཡོན་མཐོང་ན་ཁྱིམ་པའི་བློ། །ཆོས་མ་ཡིན་རྣམས་ལྷན་ཅིག་ཏུ། །སེམས་དང་སྤྱོད་པ་གཅིག་པ་ཡིན། །དམ་པ་རྣམས་ལ་ལྷག་པར་བརྙས། །འཁྱོག་པོའི་ནང་ན་དྲང་པོའི་སྐྱོན། །གདུང་གདུང་ཅན་གྱི་ཁུར་བཞིན་ནོ། །སྙིང་རྗེའི་རྫིང་བུ་དད་པ་དང་། །མཉམ་དུ་སྐེམ་པའི་སེར་སྐྱ་དག །ངུར་སྨྲིག་འཛིན་པའི་ངང་པ་བཞིན། །གྲོང་རྣམས་པདྨའི་མཚོ་བཞིན་ཉུལ། །མྱོས་པའི་བཏུང་བ་རབ་འཐུང་ནས། །འོ་དོད་ནམ་མཁའི་མཐའ་ལ་འཇལ། །ཀྱེ་མ་འདི་འདྲ་མཚར་ཅིག་ཀྱེ། །འོན་ཀྱང་དེ་དག་སྐྱོན་མ་ཡིན། །རྗེ་དཔོན་ཇི་བཞིན་བྲན་གཡོག་བཞིན། །འབྲེལ་བ་གྲུབ་བཞིན་བྱུང་བ་བཞིན། །འདི་དག་དྲུང་ན་དམ་པ་རྣམས། །ཞུམ་ཞིང་ཉིན་མོའི་སྐར་མ་བཞིན། །སྦྲུལ་གདུག་གནས་སར་སྒྲོན་མེ་བཞིན། །བསྟན་པའི་ཉི་མ་ནུབ་པ་བཞིན། །རིན་ཆེན་ལྗོན་ཤིང་དུག་སྦྲུལ་དག་གིས་དཀྲིས། །སྐྱེ་བོ་དམ་པའི་མཚོ་བསིལ་རྫིང་བུ་སྐམ། །འོད་སྟོང་ལྡན་པ་ནུབ་རིའི་རྩེར་ལྷུང་ཞིང་། །བདུད་སྡེའི་མུན་པས་འཇིག་རྟེན་ཁེབས་སུ་ཉེ། །ཐར་གླིང་འདོད་པ་རྣམས་ཀྱི་མིག་ཟུམ་ཞིང་། །ལེགས་ལྡན་འགྲོ་བའི་སྣང་བ་དམ་པ་ནུབ། །ད་ནི་གང་ནའང་དགེ་བའི་བཤེས་ཉུང་ཞིང་། །སྡིག་པའི་གྲོགས་ལྡན་འཇིག་རྟེན་བསྟོད་ལ་ལྟོས། །ཞེས་གླེང་ངོ་། །

དེ་ནས་གྲོང་དང་གྲོང་རྡལ་གྱི་གཞིར་སོང་བ་ན། ཁྱིམ་བདག་ཀྱང་ཆོས་ལ་མི་གནས་ཤིང་སྡིག་སྤྱོད་དག་གིས་འཚོལ། ཕ་མ་རྒན་རབས་དང་དཀོན་མཆོག་གསུམ་མི་མཆོད་ཅིང་ངན་གཡོ་ལྷུར་བྱེད་པས་གནས་པ་མཐོང་སྟེ། ཚུལ་བཞིན་སྤྱོད་པའི་སྐྱེ་བོ་ཁ་ཅིག་སྨྲེ་སྔགས་འབྱིན་པ། ཀྱེ་མ་དིང་སང་ཕྱོགས་འདི་ན། །གནའ་དུས་བཟང་པོའི་ཉི་མ་ནུབ། །ད་དུས་ངན་པའི་ཟླ་ཤར་བས། །ཕ་མ་རྒན་རབས་མི་མཆོད་ཅིང་། །གཡོན་ཅན་བུད་མེད་ངག་ལ་ཉན། །ངོ་ཚ་ཁྲེལ་ཡོད་མི་ལྡན་ཞིང་། །ཁྲེལ་མེད་གནས་ལ་ངོ་སོར་བྱེད། །འཕྲལ་ཕུགས་མི་དཔྱོད་རྩུབ་མོའི་ཚུལ། །སེམས་དང་སྤྱོད་པ་སོ་སོར་སྟོན། །རང་ཉིད་རྒུད་པའི་སྡུག་བསྔལ་བས། །གཞན་དག་འབྱོར་ལ་ཡིད་མི་དགའ། །རང་ལ་མི་བཟོད་ཀོ་ལོང་དམ། །གཞན་ལ་རྩོལ་ཕོད་ལྷག་པར་ཆེ། །དྲང་པོར་མི་གནས་ཕྱོགས་ལྷུང་ཅན། །བཟང་པོའི་དྲིན་ལན་ཉེས་ཀྱིས་འཇལ། །ཕྱི་ཐག་མི་ལྡན་གསར་འགྲོགས་ཆེ། །མཆོད་འོས་དམོད་ཀྱང་དམོད་འོས་མཆོད། །བཟང་སེམས་མི་ལྡན་རང་འདོད་ཅན། །གཅིག་ཏུ་མི་གནས་འགྱུར་ལྡོག་མང་། །(༤༦)སྦྲུལ་བཞིན་ཁ་ཅིག་ལྕེ་གཉིས་རྐྱོང་། །དཔའ་འཛངས་མི་ལྡན་ངན་གཡོའི་ཚུལ། །རང་བཞིན་དགེ་ལ་སྐྱོན་དུ་བརྩི། །ལོག་པའི་ལམ་ལ་ཡོན་ཏན་བརྗོད། །གནོད་པ་བྱེད་ལ་ལྷ་བཞིན་འདུད། །ཕན་པ་སྟོན་རྣམས་དུག་བཞིན་འདོར། །ལེགས་ལ་ཆད་པ་སྦྱིན་པ་དང་། །མཉམ་དུ་ཉེས་ལ་བྱ་དགའ་སྦྱིན། །ཀྱེ་མ་དིང་སང་སྐྱེ་བོ་དག །བསྟེན་པར་དཀའ་ཞིང་སྡིག་སྤྱོད་འཕེལ། །ཡོན་ཏན་ཆུང་ཞིང་སྐྱོན་གྱི་གནས། །སྡིག་སྤྱོད་དམ་པར་འཛིན་འདིས་སྐྱོ། །ཞེས་གླེང་བས་ཡིད་འབྱུང་ཞིང་རང་གི་རྫིང་བུར་སོང་སྟེ་གནས་པ་ན། སྤྲིན་གྱི་ཤུགས་ལྟར་འགྱིང་བའི་བྱ་ཞིག་ཤར་ཕྱོགས་སུ་འགྲོ་བ་མཐོང་སྟེ་ངང་པའི་རྒྱལ་པོས་དེ་ལ་དྲིས་པ། དྭངས་པའི་མཁའ་ལ་ལྡིང་བའི་ཡིད་འོང་བྱ། །གངས་རིའི་རྒྱལ་པོ་གཤོག་པས་མཛེས་པ་བཞིན། །སྟོང་གསལ་ནམ་མཁའི་ངོས་ནས་འགྱིང་བ་འདྲ། །ཅི་ཞིག་གཟིགས་ནས་གཤེགས་པ་ལགས་སམ་ཀྱེ། །བྱ་དེས་སྨྲས་པ། ཡིད་འོང་ལྷ་ཡི་ཡུལ་འདྲའི་སྐྱེད་མོས་ཚལ། །མེ་ཏོག་འབྲས་མང་མཚོ་བསིལ་རྫིང་བུས་གང་། །འཚེ་བ་ཀུན་བྲལ་དབེན་ཅིང་རིག་པ་འཛིན། །དཔལ་གྱི་འབྱུང་གནས་ནགས་ཚལ་དམ་པར་འགྲོ། །ངང་པའི་རྒྱལ་པོས་སྨྲས་པ། ཀྱེ་བཞིན་བཟང་དེར་འགྲོ་བའི་མཚན་མ་ནི་གང་། བྱ་དེས་སྨྲས་པ། གངས་རིའི་ཡུལ་གྱི་ཤར་ཕྱོགས་ན། །སྐྱེ་བོ་མང་པོས་གང་བའི་གནས། །གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཡོད། །དེ་དང་ཉེ་བའི་ལྷོ་ཕྱོགས་ན། །ནགས་ཚལ་དཔལ་གྱི་འབྱུང་གནས་ནི། །དབེན་ཞིང་ཉམས་དགའ་རིག་པ་འཛིན། །ལྷ་དང་དྲང་སྲོང་མང་པོས་གང་། །མེ་ཏོག་འབྲས་བུས་གང་བ་སྟེ། །འཇམ་དཔལ་དང་ནི་སྤྱན་རས་གཟིགས། །ཆོས་ཀྱི་དྲི་བ་མཛད་པའི་གནས། །ལག་ན་རྡོ་རྗེའི་ཕོ་བྲང་ཡོད། །དིང་སང་དུས་ཀྱང་ཡུལ་དེ་ན། །གནོད་པའི་འབྱུང་པོ་མི་རྒྱུ་ཞིང་། །སྐྱེ་བོ་རྣམས་ཀྱང་ཞི་ཞིང་དགེ། །ཁྱེད་ཅག་ཐར་པ་དོན་གཉེར་ན། །སྐྱེད་མོས་ཚལ་དེར་སྒོམ་དུ་གཤེགས། །ཞེས་སྨྲས་ཏེ་སོང་།

དེ་ནས་གནས་ཀྱི་ཡོན་ཏན་དང་། ཡུལ་གྱི་ཉེས་པ་སྣ་ཚོགས་ལ་སོ་སོར་བརྟགས་ཏེ་འགྲོ་འདོད་པར་གྱུར་ནས། ངང་པའི་རྒྱལ་པོ་དེས་ངུར་པ་དག་ལ་སྨྲས་པ། རྫིང་བུའི་གནས་འདི་ཡིད་ཉམས་རབ་དགའ་ཞིང་། །མཛེས་པའི་བྱ་ཚོགས་མང་པོས་གང་ན་ཡང་། །སྣ་ཚོགས་ཡུལ་གྱི་ཉེས་པས་རབ་སྐྱོ་ཞིང་། །ནགས་ཀྱི་ཡོན་ཏན་མཐོང་ནས་སྒོམ་དུ་འགྲོ། །ཞེས་བརྗོད་པ་དང་། ངུར་པ་དེ་དག་གིས་སྨྲས་པ། གངས་རིའི་ར་བ་སྨན་ཤིང་ལྗོན་པས་འཁྲིགས། །མེ་ཏོག་འབྲས་མང་རང་བྱུང་རྒྱལ་བའི་གནས། །དཔལ་གྱི་བསམ་ཡས་ཡིད་འོང་འདི་དོར་ནས། །འདབ་བཟང་ངང་པའི་རྒྱལ་པོ་གང་(༤༧)དུ་འགྲོ། །ངང་པས་སྨྲས་པ། ཡིད་འོང་རྫིང་བུའི་ནང་ན་མཛེས་པའི་བྱ། །ཡུན་རིང་མཐུན་པར་འགྲོགས་པའི་གྲོགས་དག་ཉོན། །ཡུལ་འདི་མཛེས་ཤིང་ཤིན་ཏུ་ཉམས་དགའ་ཡང་། །གནའ་དུས་བཟང་པོའི་ཉི་མ་ནུབ་གྱུར་ཅིང་། །དེང་སང་སྐྱེ་བོ་ངན་པའི་ཟླ་ཤར་བས། །དམ་པ་རྣམས་ཀྱི་པདྨ་ཟུམ་གྱུར་ཅིང་། །སྡིག་སྤྱོད་ཀུ་མུ་ཏ་རྣམས་རྣམ་པར་རྒྱས། །རབ་ཏུ་བྱུང་ཡང་འདོད་ཡོན་རྫིང་བུར་འབབ། །ལྷག་བསམ་གངས་རིའི་དཔལ་དང་མི་ལྡན་ཞིང་། །བསླབ་གསུམ་ནོར་གྱིས་དབེན་པའི་ཚོགས་ཀྱིས་གང་། །ཁྱིམ་པ་རྣམས་ཀྱང་ངོ་ཚའི་གོས་བྲལ་ཞིང་། །གང་ན་གཡོན་ཅན་ཁྲེལ་མེད་ངོ་སོར་བྱེད། །དམ་པ་བས་ཀྱང་བླུན་པོ་བྲིན་པའི་གནས། །ནོར་མེད་མཁས་ཀྱང་བརྙས་ཤིང་རིང་དུ་འདོར། །བླུན་པོ་ལོངས་སྤྱོད་ལྡན་རྣམས་ལྷ་བཞིན་བཀུར། །ཆོས་དང་ཆོས་མིན་རྣམ་གཞག་ཕྱིན་ཅི་ལོག །དེ་འདྲའི་ཕྱོགས་འདིར་དཔལ་ལྡན་བསམ་ཡས་པ། །འཚོ་བ་འཚོལ་དཀའ་ཀུན་གྱིས་རྟག་ཏུ་བརྙས། །ཆོས་དང་ལྡན་པ་དམོད་ཅིང་ཡོན་ཏན་སྒྲིབ། །ཡུལ་འདིར་གནས་པའི་སྐྱེ་བོའི་ཚོགས་དེ་དག །ནམ་ཡང་མི་མགུ་སུས་ཀྱང་མི་ཐུལ་ཞིང་། །ཉེ་འམ་རིང་ཡང་གནོད་པའི་ཚོགས་རབ་འཕེལ། །དམ་པ་དམོད་ཅིང་སྡིག་སྤྱོད་བསྔགས་པ་སྨྲ། །དོན་འདི་མཐོང་ནས་བདག་གི་སེམས་འདི་སྐྱོ། །གཞན་ཡང་ནགས་ཀྱི་ཡོན་ཏན་འདི་ཐོས་ནས། །བདག་བློ་ཞི་བའི་ཚལ་དུ་སྤྲོ་བས་ཉོན། །གངས་རིའི་ཤར་ཕྱོགས་མཛེས་པའི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའ་འཚེ་བ་ཀུན་དང་བྲལ། །སྨན་ཤིང་མེ་ཏོག་ལྗོན་པའི་ཕྲེང་བས་འཁྲིགས། །བསིལ་བའི་ཆུ་རྒྱུན་ལྷུང་སྒྲ་སྙན་སྒྲོག་ཅིང་། །མཛེས་པའི་བྱ་དང་རི་དྭགས་བདེ་བར་རྒྱུ། །ཤིང་སྡོང་སྨན་ལྗོངས་བྲག་རིའི་ཕུག་མང་ཞིང་། །དུས་རླུང་སེར་བུའི་བསིལ་ཡབ་དལ་བུས་གཡོབ། །རྩྭ་དང་མེ་ཏོག་འབྲས་བུའི་རྔད་མང་ཞིང་། །བསམ་གཏན་པ་དག་ཉེ་བར་འཚོ་བའི་གནས། །དཔལ་གྱི་འབྱུང་གནས་ནགས་ཚལ་དམ་པར་འགྲོ། །ཞེས་བརྗོད་པ་དང་། དེའི་ཚེ་ངུར་པའི་ཚོགས་དེ་དག་གིས་སྨྲས་པ། ཟླ་བ་འོད་དང་ལྷན་ཅིག་ནུབ་པ་ལྟར། །སྙན་ངག་མདོ་སྡེ་སྟོང་ལྡན་ཚུལ་འདི་ཡང་། །ངང་པའི་རྒྱལ་པོ་ཉིན་བྱེད་ཁྱོད་ཉིད་དང་། །ལྷན་ཅིག་ཕྱོགས་འདིར་ནུབ་པར་མི་འགྱུར་རམ། །ངང་པས་སྨྲས་པ། སྔོན་གྱི་སེམས་དཔའ་བཞུགས་པའི་གནས། །གངས་རི་དཔལ་གྱི་བསམ་ཡས་འདིར། །འཆད་དང་རྩོད་པའི་གཟུགས་བརྙན་ཡང་། །འགའ་ཡི་དྲིན་གྱིས་ཅུང་ཟད་གནས། །སྐྱེ་བོ་མཁས་རྣམས་དགའ་བསྐྱེད་ཅིང་། །བློ་གསལ་ངུར་པའི་ཡིད་འཕྲོག་པའི། །སྙན་ངག་ཆུ་བོ་རྒྱ་མཚོའི་ལུང་། །རིང་པོར་མི་ཐོགས་ནུབ་པར་འགྱུར། །དམ་པ་སྔ་མ་རྣམས་འདས་ཤིང་། །བློ་གསལ་བུང་བ་སྤྲིན་བཞིན་(༤༨)འཐོར། །བདག་ཀྱང་མེད་པར་གྱུར་པ་ན། །ཡུལ་འདིར་སྙན་ངག་རྒྱ་མཚོ་ནུབ། །ཉི་མའི་འོད་དང་བྲལ་གྱུར་ཅིང་། །ཟླ་བ་ཡར་ནི་ནུབ་པར་འགྱུར། །སྐར་མའི་ཚོགས་ཀྱང་མེད་པ་ན། །འཇིག་རྟེན་མུན་པ་ཉིད་དུ་འགྱུར། །འོན་ཀྱང་དམ་པ་འགའ་དང་འགའ། །བདག་བློའི་གཞུང་ལ་བརྟེན་ནས་ནི། །སྙན་ངག་འོད་ཀྱི་དྲྭ་བའི་ཕྲིན། །རླུང་འགྲོགས་ཀློག་བཞིན་ཐེངས་འགའ་འབྱུང་། །ཞེས་བརྗོད་པ་དང་། ངུར་པས་སྨྲས་པ། ཀྱེ་འདབ་བཟང་ཡུལ་འདིར་དམ་པ་ཉུང་ལ་སྡིག་སྤྱོད་མང་ཞིང་རྣམ་པར་འཚེ་བའི་རྒྱུ་ནི་གང་ཞིག་ཡིན། ངང་པས་སྨྲས་པ། སྔོན་ཡང་སྡིག་སྤྱོད་སྐྱེ་བོ་ཡིས། །དམ་པ་རྣམས་ནི་བསྐྲད་དང་སྤྱུགས། །དེ་འདྲའི་མཐུ་ཡིས་དིང་སང་འདིར། །དམ་པ་ཉུང་ཞིང་སྡིག་སྤྱོད་མང་། །ཞེས་སོ། །

དེ་ནས་ངུར་པ་དེ་དག་གི་ཞེ་ས་དང་བཅས་པས་སྨྲས་པ། ངང་པའི་རྒྱལ་པོ་བཞུད་པ་ན། །ཕྱོགས་འདིར་ལྷགས་པའི་སྐྱེ་བོ་འགས། །ཁྱེད་ཀྱི་ཐ་མའི་ཚིག་འདྲི་ན། །དེ་ལ་བདག་གིས་ཇི་སྐད་བྱ། །ངང་པས་སྨྲས་པ། དེ་དག་ལ་ཕན་པ་ཉེ་བར་སྟོན་པའི་ཚིག་འདི་སྐད་སྨྲོས་ཤིག །ཡོངས་འཛིན་བཤེས་གཉེན་རྣམས་ལ་ཕྲིན་འདི་ཞུས། །རྒྱལ་བའི་བསྟན་པ་རིན་ཆེན་ལེགས་སྐྱོང་ཞིང་། །ཕྲིན་ལས་བཟང་པོས་གདུལ་བྱའི་དོན་ལ་བརྩོན། །ཕོངས་པ་སྐྱོང་ཞིང་བྱམས་སེམས་ལྡན་པར་མཛོད། །རབ་བྱུང་བཙུན་པ་རྣམས་ལ་ཕྲིན་འདི་ཞུས། །བསླབ་གསུམ་གླང་པོ་ཐོས་བསམ་དྲྭ་བས་གཡོགས། །མཁས་པ་བསྟེན་ཅིང་དགེ་བའི་ལས་ལ་བརྩོན། །ཆོག་ཤེས་དུལ་བའི་ནོར་དང་ལྡན་པར་མཛོད། །མཚན་ཉིད་སྟོན་པ་རྣམས་ལ་ཕྲིན་འདི་ཞུས། །བླ་མ་ལ་གུས་ང་རྒྱལ་མེད་པ་དང་། །ཉིན་མཚན་བརྩོན་པས་འཆད་ཉན་ལྷུར་བླངས་ཤིང་། །ཐོས་པའི་དོན་བཞིན་ཉམས་སུ་བླང་བར་མཛོད། །བཀའ་གདམས་འདུལ་འཛིན་རྣམས་ལ་ཕྲིན་འདི་ཞུས། །འཇིག་རྟེན་ཆོས་བརྒྱད་དག་ལ་མི་སེམས་ཤིང་། །བླ་མ་ལ་གུས་ང་རྒྱལ་མེད་པ་དང་། །ལུས་ངག་ཇི་བཞིན་སེམས་ཀྱང་འདུལ་བར་མཛོད། །ཡོངས་ཀྱི་སྒོམ་ཆེན་རྣམས་ལ་ཕྲིན་འདི་ཞུས། །ལྟ་བའི་རྗེས་སུ་སྤྱོད་པ་མི་འབྲང་ཞིང་། །ཕྱོགས་བཅུར་མི་རྒྱུ་རི་ཁྲོད་དབེན་བརྟེན་ནས། །སེམས་ཉིད་སྙིང་པོའི་དོན་ལ་ནན་ཏན་མཛོད། །དཀོན་མཆོག་སྔགས་པ་རྣམས་ལ་ཕྲིན་འདི་ཞུས། །གཞན་རྒྱུད་མི་བསྲེག་རང་རྒྱུད་འདུལ་བ་དང་། །ཉིན་མཚན་བསྐྱེད་རྫོགས་དོན་ལས་མ་ཡེངས་པར། །བཟླས་བརྗོད་བརྩོན་ཞིང་བསྟན་པ་བསྲུང་བར་མཛོད། །གཡུང་དྲུང་བོན་པོ་རྣམས་ལ་ཕྲིན་འདི་ཞུས། །ལྟ་ངན་སྤོངས་ལ་སྣང་སྲིད་འཁོར་འདས་ཀུན། །རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱི་བོན། །ལེགས་པར་རྟོགས་ནས་ཚོགས་གཉིས་སྒྲུབ་པར་མཛོད། །སྣ་ཚོགས་ཡོན་ཏན་མཁན་ལ་ཕྲིན་འདི་ཞུས། །གང་ཡིན་དོན་ལ་དང་པོ་མཁས་པར་སློབ། །བར་(༤༩)དུ་སྦྱངས་ཤིང་ཐ་མ་ང་རྒྱལ་མེད། །འདོད་པ་ཆུང་བས་གཞན་དོན་ངང་གིས་མཛོད། །ཕྱོགས་རིས་གོང་མ་རྣམས་ལ་ཕྲིན་འདི་ཞུས། །འོག་མ་སྐྱོང་ལ་བཀའ་ཁྲིམས་དམ་པ་དང་། །སྙན་ཁུངས་འཐུག་ལ་ཐུགས་རྒྱུད་སྒམ་པ་དང་། །དགེ་ལ་བརྩོན་ཞིང་སྡིག་ལ་འཛེམ་པར་མཛོད། །གཙོ་བོ་རྒན་རབས་རྣམས་ལ་ཕྲིན་འདི་ཞུས། །ཚད་མར་བཞག་ཚེ་ཉེ་རིང་མེད་པ་དང་། །སྤྱི་ཚིས་ཆེ་ཞིང་འཕྲལ་ཕུགས་གཞིག་པ་ཆེ། །བྱ་བ་ཀུན་ལ་གྲོས་དང་ལྡན་པར་མཛོད། །སྐྱེ་བོ་དྲྭ་མ་རྣམས་ལ་ཕྲིན་འདི་ཞུས། །རྒན་རབས་བཀུར་ཞིང་ཆུང་མའི་ངོར་མི་བལྟ། །སེམས་རྒྱུད་དྲང་ཞིང་ཕྱི་ཐག་རིང་བ་དང་། །དགྲ་འདུལ་གཉེན་སྐྱོང་སོ་ནམ་ཞིབ་ཏིག་མཛོད། །ཡུལ་གྱི་མོ་བཙུན་རྣམས་ལ་ཕྲིན་འདི་ཞུས། །རྗེ་དཔོན་བཀུར་ཞིང་འཁོར་གཡོག་རྣམས་ལ་བྱམས། །བྱ་བཞག་བརྩོན་ཞིང་ངང་རྒྱུད་རིང་བ་དང་། །ཟས་ལ་ཡངས་ཤིང་གཉེན་བཤེས་དགའ་བར་མཛོད། །སྐྱེས་ཕྲན་གཞོན་ནུ་རྣམས་ལ་ཕྲིན་འདི་ཞུས། །དཔའ་མཛངས་ལྡན་ཞིང་འགྲོགས་ན་བདེ་བ་དང་། །གསང་ལ་དེས་ཤིང་རྒན་པའི་ངག་ལ་ཉན། །གཉེན་ལ་བརྩེ་ཞིང་བྱ་བ་གྲིམས་པར་མཛོད། །ཡུལ་གྱི་ན་ཆུང་རྣམས་ལ་འདི་སྐད་ཞུས། །འཛུམ་དང་ཞེ་ས་གཙང་སྦྲར་ལྡན་པ་དང་། །ངང་རྒྱུད་དལ་ཞིང་གཟེག་དང་མོ་སོར་ལྟ། །གཡེང་ལ་མི་དགའ་ཡིད་དུ་འོང་བར་མཛོད། །བྱིས་པ་གཞོན་ནུ་རྣམས་ལ་ཕྲིན་འདི་ཞུས། །གནོད་འཚེ་ཆུང་ཞིང་ཕ་མའི་ངག་ལ་ཉོན། །རབ་ཏུ་བརླིང་ཞིང་ཡོན་ཏན་སློབ་ལ་བརྩོན། །འགྲོ་བ་ཀུན་གྱི་ཡིད་ལ་འབབ་པར་མཛོད། །ཅེས་བརྗོད་པ་དང་། དེའི་ཚེ་རྫིང་བུའི་ངུར་པ་ཐམས་ཅད་དགའ་བས་ཕྱག་འཚལ་ཞིང་མགྲིན་གཅིག་ཏུ་སྨྲས་པ། ཀྱེ་བཞིན་བཟང་ད་དུང་ལེགས་པར་བཤད་པའི་བདུད་རྩི་རྣ་བའི་སྣོད་དུ་འཐུང་སྤྲོ་ན། ཡུན་དུ་ཕན་པ་དང་ཐར་པའི་རྒྱུར་འགྱུར་བའི་ཆོས་ཀྱི་ཆར་དག་དབབ་པར་མཛོད་ཅིག །ཅེས་བརྗོད་པ་དང་། ངང་པས་སྨྲས་པ། ལེགས་སོ་གྲོགས་དག་དད་པས་ཚུར་ཉོན་དང་། །བདག་ཅག་ཚེ་ནི་སྟོན་ཀའི་སྤྲིན་ལྟར་གཡོ། །ལུས་ནི་ཆུ་བུར་བཞིན་ཏེ་སྙིང་པོ་མེད། །འདུས་བྱས་བསགས་པ་རྨི་ལམ་སྒྱུ་མ་འདྲ། །ཡིད་བརྟན་མེད་པ་ངེས་པར་རྟོགས་བྱས་ནས། །འདུ་འཛི་སྤངས་ཏེ་དབེན་པའི་ས་ཕྱོགས་སུ། །ཡངས་པའི་གདན་ལ་བདེ་བའི་ལུས་བསྲངས་ནས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །སེམས་ཀྱི་གནས་ལུགས་ཇི་བཞིན་གཉུག་མའི་དོན། །གང་ཤར་འཛིན་མེད་སྤྲོས་དང་བྲལ་བར་བཞག །རྗེས་ལ་འཁོར་གསུམ་དག་པའི་བསྔོ་བ་བྱ། །འདི་ནི་ཆོས་ཀུན་མཐར་ཐུག་སྙིང་པོའི་དོན། །དུས་གསུམ་རྒྱལ་བའི་ཀུན་གྱི་གཤེགས་ཤུལ་ཡིན། །བར་སྐབས་སེམས་ལ་མི་རྟག་འཆི་བ་སྒོམས། །འདུས་བྱས་(༥༠)སྙིང་པོ་མེད་ལ་སྐྱོན་མང་བ། །འཁོར་བའི་རང་བཞིན་དེ་ཡང་བསམ་པར་བྱ། །སྣ་ཚོགས་ཆོས་འདི་སྣང་ལ་བདེན་པས་སྟོང་། །སྣང་ལ་སྟོང་པའི་གཟུགས་སུ་རྟོགས་པར་བྱ། །ཞེས་བརྗོད་དེ་རྫིང་བུའི་གནས་དེ་ཉིད་ནས་སོང་ངོ་། །

དེ་ནས་ངུར་པའི་ཚོགས་དག་ཀྱང་དེའི་སླད་བཞིན་དུ་འབྲངས་ཏེ། ཤར་ཕྱོགས་གངས་རིའི་ར་བ་མཐོང་བའི་ངོས་ཤིག་ཏུ་བསྐྱལ་ཏེ་དད་པས་ཕྱག་འཚལ་ཏེ་འདི་སྐད་དུ། བདག་ཅག་ངང་པའི་རྒྱལ་པོ་ལ་བསྟེན་པའི་ནང་གི་ཐ་མ་ཡང་འདི་ཡིན་ཏེ། སོ་སོར་འབྲལ་བའི་ཆོས་ཉིད་ལ་ལྟོས། ཀྱེ་མའོ་རེ་མཚར། ཁྱོད་ཀྱི་ཞབས་རྟེན་གྱི་པདྨོ་བསྟེན་པའི་འོད་གསལ་སླན་ཆད་མཐོང་རེ་ཀན། ཞེས་གདུང་བའི་མཆི་མ་འབྱིན་ཅིང་ཕྱིར་ལོག་གོ། །དེ་ནས་ངང་པའི་རྒྱལ་པོ་དེ་ཡང་རང་གི་འཁོར་དང་ལྷན་ཅིག་ཏུ་ཤར་ཕྱོགས་སུ་སོང་ངོ་། །

དེའི་ཚེ་དེའི་དུས་རིང་མོ་ཞིག་ན་གངས་རིའི་རྩེ་མོ་སྐྱེད་མོས་ཚལ་གྱི་ནང་ན་གསལ་ཞིང་། མཐིང་གར་སྣུམ་ཞིམ་འཚེར་བའི་ནང་ན་འོད་ཟེར་ནམ་མཁའ་དྭངས་བའི་མདོག་ལྟར་སྔོ་བ་མཐོང་སྟེ། བཞིན་བཟང་གིས་ཞེ་ས་དང་བཅས་པས་ངང་པའི་རྒྱལ་པོ་ལ་དྲིས་པ། སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །དྭངས་པའི་མཁའ་དང་མཉམ་དུ་ལྷུང་བར་དོགས། །ཚངས་དང་བདེ་འབྱུང་དག་གིས་བཀོད་པ་འམ། །ཡིད་འོང་འདི་འདྲ་ཅི་ཞིག་ལགས་སམ་ཀྱེ། །ངང་པའི་རྒྱལ་པོས་སྨྲས་པ། ཟླ་བ་ཀུནྡའི་མདངས་འཕྲོགས་མཛེས་པའི་རི། །ཡིད་འོང་ནགས་ཀྱི་ནང་ན་གསལ་བ་དག །རང་བྱུང་འཇིག་རྟེན་དབང་པོའི་སྐྱེད་མོས་ཚལ། །འོད་ཟེར་སྤྲིན་ཞེས་བྱ་བ་ཡིན་པར་ངེས། །ཞེས་བརྗོད་དེ། སྐྱེད་མོས་ཚལ་དེའི་ཉེ་འཁོར་དུ་སོང་བ་ལས། ནགས་འོད་ཟེར་སྤྲིན་བསམ་གཏན་པ་དག་གིས་བརྟེན་པའི་གནས་སུ་ཡིད་དུ་འོང་བའི་བྱ་དང་ཤིང་དང་མེ་ཏོག་གི་ཚལ་འཛུམ་པས་ཁེབས་ཤིང་། བསིལ་བའི་ཆུ་རྒྱུན་གཙང་མ་ཁ་དུ་མ་ནས་འབབ་པ། འགྲམ་ཐམས་ཅད་རྩྭ་ལྗང་སེར་གྱིས་ཁྱབ་པ་ཞིག་ཏུ་ཕྱིན་ཏེ། བཞིན་བཟང་གིས་སྨྲས་པ། རྨ་བྱའི་མགྲིན་པ་ལྟ་བུར་འཚེར་བའི་གནས། །དབེན་ཞིང་ཉམས་དགའ་ཤིན་ཏུ་ཡིད་དུ་འོང་། །སྨན་ཤིང་མེ་ཏོག་འབྲས་བུ་རྣམ་བཀྲ་ཞིང་། །བསིལ་བའི་ཆུ་གཙང་པདྨས་ཁེབས་ལ་གཟིགས། །ཞེས་བརྗོད་དེ་སོང་བ་ལས། གངས་རིའི་ངོས་བྲག་རིའི་མགུལ། རྡོ་རྗེའི་ཁམས་ལས་རང་བྱུང་བའི་སྐུ་གཟུགས་མཐོང་སྟེ། བཞིན་བཟང་གིས་དྲིས་པ། ཟླ་བ་ནོར་བུའི་མདངས་འདྲ་འཛུམ་པའི་ཞལ། །གངས་རིའི་དྲུང་ན་ལྷུན་གྱིས་གྲུབ་པ་ནི། །ཡིད་འོང་མཚན་དཔེའི་འོད་ཟེར་འགྱེད་པ་བཞིན། །ཡིད་འོང་འདི་འདྲ་གང་གི་སྐུ་ཡིན་ནམ། །ངང་པའི་རྒྱལ་པོས་སྨྲས་པ། འདི་ནི་འཕགས་པ་འཇིག་རྟེན་དབང་པོའི་སྐུ་ཡིན་ཏེ། གང་གིས་བསོད་ནམས་སྤེལ་སླད་དུ་རང་(༥༡)བྱུང་དུ་བྱུང་བའོ། །ཞེས་བརྗོད། བསྟོད་པས་ཀྱང་བསྟོད་པ། རབ་དཀར་ལྷུན་པོའི་དྲུང་ན་མཛེས་པའི་སྐུ། །འགྱིང་བཅས་པདྨའི་སྟེང་ན་མི་གཡོ་ཞིང་། །ཐོར་ཚུགས་རྩེ་ནས་འོད་དཔག་མེད་འཕྲོ་བའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་སྐྱེད་མོས་ཚལ་དེ་དག་ལས་ཀྱང་འདས་ཏེ་སོང་བའི་ཤར་ཕྱོགས་ན་འཁྲི་ཤིང་རབ་ཏུ་བསྐོར་བའི་གྲོང་ཁྱེར་ཕྱེད་ཙམ་གསལ་བ་དག་མཐོང་སྟེ་བཞིན་བཟང་གིས་དྲིས་པ། དཔག་བསམ་ཕྲེང་བས་བསྐོར་བ་ཡི། །གྲོང་དག་འཛུམ་པས་ལྟ་བ་བཞིན། །མཐོ་རིས་ལྷ་ཡུལ་འདྲ་བ་ཡི། །མཛེས་པ་འདི་འདྲ་ཅི་ཡིན་ནམ། །ངང་པས་སྨྲས་པ། མེ་ཏོག་འཕྱོང་ཁ་རྒྱས་པའི་ཤིང་། །ནོར་བུའི་དྲྭ་བས་སྦྲེངས་པ་ན། །ཡིད་འོང་གྲོང་ཁྱེར་མཛེས་པ་ནི། །སྐྱིད་པའི་འབྱུང་གནས་ཡིན་པར་མངོན། །ཞེས་བརྗོད་དེ་སོང་བ་ལས། མཐར་གྱིས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་གཞི། སྐྱེ་བོ་མང་པོས་གང་ཞིང་འདོད་རྒུའི་དཔལ་གྱིས་འབྱོར་བ་ཞིག་ཏུ་ཕྱིན་ཏེ། དེ་ན་གནས་པའི་སྐྱེ་བོ་ཀུན་ལ་ཆོས་སྟོན་ཞིང་ཀུན་གྱིས་བསྟོད་དེ་སློབ་དཔོན་གྱི་གོ་འཕང་དུ་གྱུར་པ་ལ་ལོ་འགར་གནས་པའི་འོག་ཏུ། ཐར་པ་དམ་པ་སྒྲུབ་པའི་ཕྱིར་གྲོང་ཁྱེར་མཆོག་དེ་ནས་བྱུང་སྟེ་ཤར་ཕྱོགས་ལོགས་སུ་ནགས་ཚལ་དཔལ་གྱི་འབྱུང་གནས་འཕགས་པ་ལག་ན་རྡོ་རྗེའི་སྐྱེད་མོས་ཚལ་དུ་ཕྱིན་ཏེ། དེའི་ཚེ་སོས་ཀའི་དུས་ལ་ཉེ་བར་བབ་པས་མེ་ཏོག་རྣམ་པ་སྣ་ཚོགས་པ་ནི་རབ་ཏུ་རྒྱས་ཤིང་སྒྲ་སྙན་པར་གྲགས་པའི་ནགས་ཁྲོད་ཙནྡན་སྣ་ཚོགས་ཀྱི་ལྗོན་པས་དཀྲིགས་ཤིང་། ཕུ་ཆུ་གཙང་མའི་རྒྱུན་ཁ་དུ་མ་ནས་འབབ་པའི་འགྲམ། སྨན་དང་མེ་ཏོག་གི་དྲི་བཟང་ཞིམ་པོས་ཁྱབ་ཅིང་། བུང་བ་མྱོས་པའི་གླུ་ལེན་པ་བྲག་རིའི་ངོས་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། འཇམ་དཔལ་གཞོན་ནུ་དང་། རྡོ་རྗེ་འཛིན་པ་ལ་སོགས་སྐུ་གཟུགས་དུ་མ་རྡོའི་ཁམས་སྣ་ཚོགས་ལས་རབ་ཏུ་བསྟན་ཏེ། མཆོག་ཏུ་གྱུར་པ་རྣམས་ཀྱིས་ཉེ་བར་བཏུད་པའི་གཟུགས་ཤིག་རྒྱང་མ་ནས་མཐོང་སྟེ། ངང་པའི་རྒྱལ་པོ་མཆོག་ཏུ་དགའ་བས་སྨྲས་པ། ཡུན་རིང་དུས་ནས་མཆོག་ཏུ་སྨོན་པ་ཡི། །ཞི་བའི་ནགས་འདི་མཐོང་བས་དགའ་བ་ལྟར། །ཙནྡན་བསིལ་བའི་ཁ་སྦུབ་བསྐྱོད་པ་ཡི། །ལྷ་ཡི་དབང་པོ་དེས་ཀྱང་དགའ་མི་བྱེད། །ཅེས་བརྗོད་དེ་དེ་དང་ཉེ་བའི་ཆུ་ཀླུང་གི་འགྲམ་ཞིག་ཏུ་ཕྱིན་པ་ན། འཕགས་པ་སྤྱན་རས་གཟིགས་དབང་རང་བྱོན་པའི་སྐུ་ཞིག་མཐོང་སྟེ། བཞིན་བཟང་གི་སྨྲས་པ། ཟླ་བ་རྒྱས་པའི་ཕུང་པོ་ཞིག །བསིལ་བའི་ཆུ་ཀླུང་འགྲམ་འདི་ན། །ནམ་མཁའི་དཀྱིལ་ནས་ལྷུང་བ་བཞིན། །རབ་མཛེས་འདི་འདྲ་མཚར་ཞིག་ཀྱེ། །ཞེས་བརྗོད་ནས་དྲུང་དུ་སོང་སྟེ། ཕྱག་བཙལ་(༥༢)ནས་མེ་ཏོག་གི་ཕྲེང་བས་མཆོད་དེ། ངང་པའི་རྒྱལ་པོས་བསྟོད་པ། འཇིག་རྟེན་དབང་པོ་བདེ་གཤེགས་བཅོམ་ལྡན་འདས། །མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ། །རྟག་ཏུ་བརྩོན་པས་འགྲོ་བའི་དོན་ཀུན་མཛད། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས་བསྟོད་པ། པདྨའི་སྟེང་ན་ཟླ་བ་ཉ་འདྲ་ཞིང་། །ཡིད་འོང་མཚན་དཔེས་བརྒྱན་པ་འདི་མཐོང་ནས། །བསིལ་བའི་ཆུ་ཀླུང་འདི་ཡང་ཁྱོད་དྲུང་སྙེགས། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་སོང་སོང་བ་ལས། བྲག་རིའི་ངོས་ལ་འཕགས་པ་འཇམ་དཔལ་གཞོན་ནུའི་སྐུ་མཐོང་སྟེ། ངང་པའི་རྒྱལ་པོས་བསྟོད་པ། རིན་ཆེན་བྲག་རིའི་དྲུང་ན་མཛེས་པའི་སྐུ། །དུས་མཚམས་སྤྲིན་གྱི་ཆོས་གོས་བསྣམས་པ་བཞིན། །ཕན་བདེའི་འོད་ཟེར་ཕྱོགས་བཅུར་རབ་འགྱེད་པའི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས་བསྟོད་པ། གུར་གུམ་གཞོན་ནུ་ལྟ་བུར་མཛེས་པའི་སྐུ། །པདྨོ་ཟླ་བའི་སྟེང་ན་མི་གཡོ་ཞིང་། །ཡོན་ཏན་རྒྱན་རྣམ་རྫོགས་པའི་བཅོམ་ལྡན་འདས། །འགྲོ་བའི་མུན་སེལ་མཛད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་མཐར་གྱིས་སོང་བ་ལས་བྲག་རིའི་ངོས་རིན་པོ་ཆེའི་འོད་འཕྲོ་བ་ཞིག་ན། འཕགས་པ་ལག་ན་རྡོ་རྗེའི་སྐུ་རང་བྱོན་པ་མཐོང་སྟེ། ངང་པའི་རྒྱལ་པོས་བསྟོད་པ། མི་བཟད་དུ་བ་འཁྱིལ་འདྲའི་སྐུ། །འཇིགས་གཟུགས་རྔམས་པའི་སྤྲིན་འཕྲོ་ཞིང་། །བདུད་དཔུང་ཕམ་པའི་ཆོ་ངེ་འདེབས། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བཞིན་བཟང་གིས་བསྟོད་པ། ཨུཏྤལ་སྔོན་པོ་ལྟ་བུར་མཛེས་པའི་སྐུ། །འགྱིང་བཅས་སྤྲུལ་སྟོང་ཆུན་པོས་རབ་ཏུ་བརྒྱན། །མུ་མེད་འོད་ཟེར་ཕྱོགས་བཅུར་རབ་འགྱེད་པའི། །བགེགས་རྣམས་འཇོམས་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་སོང་བ་ལས། སྔོན་གྱི་སྐྱེ་བོ་དཀའ་ཐུབ་པ་དག་གིས་བརྟེན་པའི་གནས། རྩ་བ་དང་མེ་ཏོག་དང་འབྲས་བུའི་རྔད་མང་ཞིང་ཕུག་དང་སྤྱིལ་བུའི་ཁང་པ་དུ་མས་སྣང་བར་མཛེས་པ། འཇམ་དཔལ་གཞོན་ནུ་དང་། འཇིག་རྟེན་དབང་པོ་དང་། རྡོ་རྗེ་འཛིན་པ་དག་ཆོས་ཀྱི་དྲི་བ་མཛད་པའི་སྐུ་གཟུགས་རང་བྱོན་དུ་ཡོད་པའི་བྲག་རིའི་འགྲམ་ཞིག་ཏུ་ཕྱིན་ཏེ། ངང་པའི་རྒྱལ་པོས་སྨྲས་པ། འཇིག་རྟེན་དབང་པོ་དག་གིས་བརྟེན་པའི་གནས། །ཕུག་དང་སྨན་ལྗོངས་བྲག་རིའི་དྲུང་འདིར་ནི། །བདག་ཅག་ཐར་པ་དམ་པ་སྒྲུབ་པའི་ཕྱིར། །ཇི་སྲིད་འཚོ་ཡི་བར་དུ་གནས་པར་བགྱི། །ཞེས་བརྗོད་དེ་བསྟི་གནས་དག་བཙལ་ནས་སྨྲས་པ། འདིར་ནི་ནགས་ཀྱི་ཤིང་ལོ་རྙིངས་པའི་དཔེས། །བདག་ཅག་ཚེ་འདི་མི་(༥༣)རྟག་སྙིང་པོ་མེད། །སོ་སོར་འཇིག་ཅིང་འབྲལ་བའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །མེ་ཏོག་ཚལ་དུ་བུང་བ་འདུས་པའི་དཔེས། །བདག་དང་བཤེས་དང་ལྷན་ཅིག་འདུས་པའི་ལུས། །ཀུན་གྱི་ཐ་མ་འབྲལ་བའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བའི་དཔེས། །སྣ་ཚོགས་ཆོས་ཀུན་སྣང་ལ་རང་བཞིན་མེད། །རྣམ་ཀུན་སྟོང་པའི་གཟུགས་བརྙན་ལགས་སོ་ཞེས། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །སྤྲིན་མེད་ནམ་མཁའ་རང་བཞིན་དྭངས་པའི་དཔེས། །སེམས་ཀྱི་རྒྱལ་པོ་རང་བཞིན་ཆོས་སྐུའི་ངང་། །གདོད་ནས་མ་སྐྱེས་སྟོང་གསལ་འགྱུར་མེད་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །སྤྲིན་རྣམས་ནམ་མཁའི་ཁམས་སུ་དེངས་པའི་དཔེས། །སྣ་ཚོགས་རྟོག་པ་རང་གྲོལ་ཆོས་སྐུའི་ངང་། །གང་ཤར་དོན་ལ་འཛིན་མེད་རང་གྲོལ་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །མཛེས་པའི་བྱ་ཚོགས་ནམ་མཁར་ལྡིང་བའི་དཔེས། །སེམས་འདི་ནམ་མཁའི་དཀྱིལ་དུ་རིག་པར་བྱ། །ཉམས་དང་རྟོགས་པའི་གཤོག་གཉིས་རབ་བརྐྱངས་ཏེ། །མི་གནས་ཆོས་སྐུའི་ངང་དུ་རྟོགས་པར་བྱ། །དག་པའི་མཁའ་ལ་འཇའ་ཚོན་ཤར་བའི་དཔེས། །རང་བཞིན་མཁའ་ལ་རྣམ་རྟོག་རིག་པའི་གདངས། །གང་ཤར་རྒྱལ་པོ་གསལ་སྟོང་འཛིན་མེད་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ཇི་ལྟར་རྐྱེན་ལས་སྒྲ་སྙན་བྱུང་བའི་དཔེས། །ཆོས་ཀུན་རྐྱེན་འབྱུང་རྐྱེན་ཡང་བདེན་པས་སྟོང་། །སྟོང་པ་གཞི་མེད་རྩ་བྲལ་གཉུག་མ་རུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །གཡོ་མེད་མཁའ་ལ་སྤྲིན་ཚོགས་ལྡིང་བའི་དཔེས། །ལས་དང་ཉོན་མོངས་བཟང་ངན་ཆོས་རྣམས་ཀུན། །སེམས་ལས་བྱུང་ཞིང་སེམས་ལ་བརྟེན་པ་སྟེ། །སེམས་ནི་སེམས་ཉིད་གཞི་རྩ་ཀུན་དང་བྲལ། །རང་བཞིན་ཆོས་ཉིད་གདོད་མའི་ངང་ཉིད་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ཆུ་ནི་རྙོག་དག་བཞག་པ་དྭངས་པའི་དཔེས། །སྣ་ཚོགས་རྟོག་པ་རང་སར་བཞག་པ་ཡི། །རང་གིས་རང་དྭངས་རང་གྲོལ་ཆོས་ཀྱི་སྐུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ཞེས་བརྗོད་དེ། བྲག་རའི་དྲུང་ན་མཚོ་དང་རྫིང་བུའི་ངོས་སུ་གནས་བཅས་ཏེ། ཞི་བའི་བསམ་གཏན་ལ་མཉམ་པར་འཇོག་ཅིང་། ཚེ་ཇི་སྲིད་བར་དུ་ཉིན་མཚན་རྣམ་པར་བརྩོན་པས་རྣལ་འབྱོར་གྲུབ་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ལྟ་བས་ན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། མང་དུ་ཐོས་པའི་ནོར་གྱིས་འབྱོར་པ་དག །རབ་ཏུ་མོས་པའི་ས་ཕྱོགས་དོར་ཏེ། སྐྱེ་བོ་དམ་པ་དག་གིས་བརྟེན་པའི་གནས། དཀའ་ཐུབ་ཀྱི་གནས་ཡིད་དུ་འོང་བར་འཇིག་རྟེན་གྱི་རྣམ་པར་གཡེང་བ་སྤངས་ཏེ། རྩེ་གཅིག་ཏུ་ཟབ་མོའི་ཏིང་ངེ་འཛིན་དང་དོན་སྒྲུབ་པ་ལ་སྦྱར་བར་བྱའོ། །

རིན་ཆེན་ནོར་བུའི་འོད་ཀྱི་སྣང་བས་མི་ལྡོག་པའི། །ཆེས་དཀར་དགེ་བའི་འོད་སྟོང་འཕྲོ་བའི་གཟི་བརྗིད་(༥༤)ཀྱིས། །བདག་དང་འགྲོ་ཀུན་འགྲོ་བའི་བླ་མ་བཅོམ་ལྡན་འདས། །ཀུན་མཁྱེན་ཡེ་ཤེས་ཉི་མ་རབ་ཏུ་ཐོབ་པར་ཤོག །ཚུལ་ཁྲིམས་མཁའ་ལ་བློ་གྲོས་དབང་པོའི་བྱ། །ཐོས་པའི་ལུས་མཛེས་ཏིང་འཛིན་འདབ་གཤོག་ཅན། །ཉམས་དང་རྟོགས་པའི་དར་དིར་སྒྲ་འབྱིན་པས། །ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ་བྱས། །ཚུལ་འདི་དིང་སང་སྐྱེ་བོའི་སྤྱོད་ཚུལ་འགའ། །དཔལ་ལྡན་ཚུལ་ཁྲིམས་བློ་གྲོས་བཟང་པོ་ཡིས། །དྲང་པོར་སྨྲས་ཀྱང་སྐྱོན་བཞིན་སོང་སྲིད་ན། །གཡོན་ཅན་སྙན་པར་སྨྲ་རྣམས་བཟོད་པར་མཛོད། །དོན་འདི་བརྗོད་པས་འགའ་ཡི་ཐུགས་ཁྲོས་ན། །དེ་ཡི་སྙིང་ལ་སྐྱོན་འདི་གནས་པར་ངེས། །དེ་ལ་བློ་གསལ་རྣམས་ཀྱིས་མི་འདུད་ཅིང་། །རིང་དུ་སྤོངས་ཞེས་བདག་གིས་དེ་སྐད་གདམས། །སྣ་ཚོགས་ནོར་བུའི་འོད་ཀྱིས་མི་འཕྲོག་ཅིང་། །ཉི་མའི་ཟེར་གྱི་དྲྭ་བས་ཁེབས་ལྷག་པའི། །ཚུལ་ཁྲིམས་གླང་པོ་བློ་གྲོས་གསེར་གྱི་དྲྭ་བ་ཅན། །ལྷག་པའི་ལྷ་ཡི་མགོན་དང་བཅས་པས་མཛེས་གྱུར་མོད། །ཡུན་རིང་ལྷན་ཅིག་གནས་པ་བླུན་པོའི་བློས། །དིང་སང་འདི་ན་མཁས་པར་མཐོང་བ་མེད། །ལོ་བརྒྱར་གནས་ཀྱང་རྫིང་བུའི་རུས་སྦལ་གྱིས། །སྟེང་གི་པདྨའི་ཁ་དོག་མི་མཐོང་ཞིང་། །སྔོན་ཆད་ལས་དང་རྐྱེན་དབང་སྣ་ཚོགས་ཀྱིས། །འགྲོའོ་བསམ་ཡང་དྲན་པའི་ཡུལ་དུ་ལུས། །མཚོ་ཆེན་འགྲམ་དུ་ལྷགས་པའི་སྐྱེ་བོ་དག །འགྲོའོ་བསམས་ཀྱང་གྲུ་གཟིངས་མེད་པ་བཞིན། །ད་ནི་ལེགས་སྨོན་སྔོན་སྦྱངས་བསོད་ནམས་སྟོབས། །ལྷ་དང་དྲང་སྲོང་བདེན་པའི་བྱིན་རླབས་དང་། །རང་གིས་བརྩོན་དང་ཤིན་ཏུ་གོམས་པའི་མཐུས། །ཡིད་ལ་བསམ་པའི་དོན་འདི་གྲུབ་པར་མཛོད། །འགྲོ་བའི་ཡིད་འཛིན་དཔལ་ལྡན་བསམ་ཡས་པས། །འགྲོ་དོན་མཛད་པ་རྣམས་ལ་སྙན་པའི་ཕྲིན། །འགྲོ་ཀུན་དགའ་བ་བསྐྱེད་ཕྱིར་འབུལ་ལགས་ཀྱི། །གྲོགས་བཟང་སྐྱེ་བོ་ཡོངས་ཀྱིས་གཟིགས་པར་གསོལ། །དེ་ལྟར་སྙན་ངག་སྤྲིན་གྱི་སྙིང་པོའི་བསོད་ནམས་སྙན་པའི་གྲུ་བོ་ཆེ། །ལེགས་སྨོན་བརྩོན་པའི་ཁ་ལོ་སྒྱུར་བས་སྡུག་བསྔལ་མཚོ་བཞི་ལས་བསྒྲལ་ཏེ། །མྱ་ངན་མེད་ཅིང་འགྲོ་བའི་བདེ་འབྱུང་ཀུན་ཏུ་འོད་ཀྱི་ནོར་བུའི་གླིང་། །སྐུ་གསུམ་ཡོན་ཏན་ལྷུན་གྱིས་གྲུབ་པར་བདག་དང་འགྲོ་ཀུན་གྲོལ་བར་ཤོག །ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ་ཞེས་བྱ་བ། གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས། སྙན་ངག་དང་ལྡེབ་སྦྱོར་གཙོ་བོར་མ་བྱས་ཤིང་གོ་བདེ་བར་བྱ་བའི་ཕྱིར། རང་བྱུང་པདྨའི་གནས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པར་སྦྱར་བ་རྫོགས་སོ།། །།སརྦ་མངྒ་ལཾ། ཤུ་བྷཾ།། །།

སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ།

༄༅། །སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། །

༄༅། །ཆོས་(༥༥)དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །ཐུགས་རྗེའི་ཚ་ཟེར་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །སྐྱབས་གསུམ་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང་། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང་། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །

ཀྱེ་ཧོ་སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམ་པའི་དགོན་གཞིས་འཛིན་པ་ཡང་། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་ཆོག་སྲིའུ་གསོ་འདྲེ་འདུལ་ལ་སོགས་ཀྱི། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང་། །ཟས་ནོར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར། །རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཡོ་ལངས་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང་། །ཐབས་མཁས་ཆེན་པོས་མཆོག་དམན་འཁོར་སྐྱོང་བ། །དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །བློ་སྣ་བསྟུང་བ་ཁོ་བོའི་སྙིང་གཏམ་ཡིན། །ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང་། །ལོ་འདོད་དགེ་བ་ཆོས་བརྒྱད་དག་གི་རྒྱུ། །ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གཉའ་དང་དབང་པོ་ཞལ་ལྕེ་ལ་སོགས་ཀྱིས། །གཞན་རྩོད་བསྡུམ་པ་འགྲོ་དོན་ཡིན་སྙམ་ཡང་། །དེ་ལ་བསྟེན་པའི་ཞེ་འདོད་འབྱུང་བའི་རྒྱུ། །རེ་དོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང་། །སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང་། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གཉེར་བ་ཉེ་གནས་གཙོ་བོ་ལ་སོགས་པ། །ཐབས་ཁ་གྲ་སའི་སྲོག་ཤིང་ཡིན་མོད་ཀྱང་། །གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ། །འདུ་འཛི་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །རྟེན་མཆོད་དཔེ་ཆ་ཐབས་ཁ་ལ་སོགས་པ། །ཅི་དགོས་ཁུར་ནས་རི་ཁྲོད་འགྲིམས་པ་ཡང་། །འཕྲལ་ལ་འཛོམ་སྟེ་སྡུག་བསྔལ་རྩོད་པའི་རྒྱུ། །དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང་། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཕན་པའི་སེམས་ཀྱིས་རང་འདོད་(༥༦)མེད་པའི་གཏམ། །བརྩེ་བས་མི་ལ་མཚང་ནས་བརྗོད་པ་ཡང་། །དྲང་པོ་ཡིན་ཀྱང་སྙིང་སྐྲན་འཇུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་གད་བདར་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །བླ་མ་བཀའ་རྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང་། །རང་བསྟོད་གཞན་སྨད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་རྟོགས་པ་ཤེས་རབ་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་རང་སྡིག་གསོག་པའི་རྒྱུ། །དག་སྣང་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང་། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང་། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང་། །གྲོལ་ལམ་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །སྐལ་མེད་དག་ལ་དབང་བསྐུར་སྦྱིན་པ་དང་། །སྐྱེ་བོའི་དབུས་སུ་དམ་རྫས་འགྲེམ་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །བཙུན་དང་མཁས་ཤིང་བཟང་པོར་སྒྲུབ་པ་ཡང་། །མཐོན་པོའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ། །ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང་། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །དད་ལྡན་ཕོ་མོས་འཚོ་བ་སྦྱར་བྱས་ནས། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང་། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །བཟོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང་། །སྣ་ཚོགས་མང་པོས་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱ་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང་། །དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང་། །དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །བྱ་བྱེད་བཤོལ་བ་ཁོ་བོའི་སྙིང་གཏམ་ཡིན། །མཁས་དང་བཙུན་སོགས་སྒྲུབ་ལ་བརྩོན་གྱུར་ཅིང་། །ཕྱོགས་རེའི་ཡོན་ཏན་ཕུལ་དུ་ཕྱིན་ན་ཡང་། །གང་ཞེན་དེ་ཡིས་བདག་རྒྱུད་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །ཐོག་སེར་(༥༧)ལ་སོགས་གཏད་སྲུང་སྣ་ཚོགས་ཀྱིས། །གདུལ་དཀའ་འདུལ་བ་ཕྲིན་ལས་ཡིན་སྙན་ཡང་། །གཞན་རྒྱུད་བསྲེགས་ཤིང་རང་ཉིད་ངན་འགྲོའི་རྒྱུ། །དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང་། །ཉམས་ལེན་མ་བྱས་འཆི་ཚེ་དཔེས་མི་ཕན། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང་། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་ལ་སོགས། །རྩལ་སྣང་ཡིན་ཡང་རྣམ་རྟོག་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་། །བྱར་མེད་རྟོགས་ནས་སྡོམ་གསུམ་བསྲུང་བ་དང་། །དམིགས་མེད་སྙིང་རྗེས་འགྲོ་ལ་ཕན་བརྩོན་པ། །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན། །མཁས་གྲུབ་བླ་མ་མང་བསྟེན་གདམས་པ་ཟབ་མོའང་ཐོས། །མདོ་རྒྱུད་ཟབ་མོ་འགའ་མཐོང་ཅུང་ཞིག་ནང་དུའང་བརྟགས། །ཤེས་བཞིན་མི་སྤྱོད་ཀྱི་ཧུད་རང་གིས་རང་བསླུས་པ། །བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད། །

ངེས་འབྱུང་ཡིད་ཀྱིས་འདི་བརྩམས་དགེ་དེས་འགྲོ་བ་ཀུན། །སྲིད་པའི་དགོན་པ་ལས་བསྒྲལ་བདེ་ཆེན་ལ་བཀོད་དེ། །དུས་གསུམ་རྒྱལ་དང་དེ་སྲས་དྲང་སྲོང་ཆེ་རྣམས་ཀྱི། །རྗེས་སུ་སྤྱོད་པའི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག །སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་ངེས་པར་འབྱུང་བ་ཅུང་ཟད་ཀྱི་བློས་བསྐུལ་བ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ།། །།

ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ།

༄༅། །ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་མཉྫུ་ཤྲི་ཡེ། ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་ཕྱོགས་ཀྱི་མཐར་ཁྱབ་པས། །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པ། །དཔལ་མགོན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །སྐུ་ཚེ་སྔ་མའི་སྐྱེས་རབས་དཔག་ཏུ་མེད་པ་ནས་སྨོན་ལམ་དང་ཐུགས་རྗེའི་འབྱོར་པ་རླབས་ཆེ་བས། འདིར་ཡང་མཁྱེན་རབ་དང་ཐུགས་རྗེ་དཔག་ཏུ་མེད་ཅིང་། བསྟན་པའི་རིང་ལུགས་གསལ་བར་མཛད་པས་འཛམ་བུའི་གླིང་ན་གདུགས་ཟླ་མེད་པའི་འདྲེན་པ་དམ་པར་གྱུར་པ། མིའི་དབང་པོ་དབང་ཕྱུག་དང་ལྡན་པ་རྣམས་ཀྱིས་མངའ་དབང་བསྐུར་ཞིང་། ལུང་དང་རིགས་པ་དང་མན་ངག་གི་གནས་ལ་དབང་འབྱོར་བའི་མདོ་རྒྱུད་མན་ངག་སྙིང་པོའི་དོན་འཛིན་པ། དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་ཐོར་ཚུགས་གཡོ་བས་ཞབས་བརྟེན་གྱི་པདྨ་ལ་(༥༨)རེག་ཅིང་མངོན་པར་བསྟོད་པས་དིང་སང་གི་རྒྱལ་བ་གཉིས་པར་གྱུར་པ། འདོད་རྒུ་སྦྱིན་པས་ལྷ་དང་མི་ལས་འདས་པའི་རིན་པོ་ཆེ་བླ་མ་ཆེན་པོ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ། ཐོས་བསམ་གྱི་གནས་ལ་ཅུང་ཟད་སྦྱངས་ཤིང་། ཟབ་མོ་མཆོག་གི་གནས་ལ་སྙིང་པོར་བྱེད་པ། ཕྱོགས་མེད་ཀྱི་བྱ་བྲལ་བ་ཕན་པ་བཟང་པོས་རང་གི་བློ་དང་འཚམས་པའི་དོན་ཞུ་ཞིང་གསོལ་བ། དྲུང་ན་སྐུ་ཁམས་བཟང་ཞིང་འཆད་པ་དང་། རྩོད་པ་དང་། རྩོམ་པའི་གནས་ལ་བརྩོན་པས་བསྟན་པའི་རིང་ལུགས་རྒྱ་ཆེར་གསལ་བར་མཛད་པ་དང་། ཁྱད་པར་ཅན་དུ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་རྡོ་རྗེའི་གདན་གཉིས་པ་ལྟ་བུ་ནི། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཚངས་པའི་འབྱུང་གནས། དཀོན་མཆོག་གསུམ་གྱི་བསྟན་པ་དར་ཞིང་རྒྱས་པར་བྱས་པའི་གནས་ལ་བསོད་ནམས་རྒྱ་ཆེན་པོ་མཛད་དེ། སྔོན་དང་རྗེས་སུ་མཐུན་པར་སྣང་ངོ་ཞེས་ཐམས་ཅད་མཐུན་པར་སྨྲ་བ་ཐོས་པས་དགའ་སྤྲོ་ཚད་མེད་པ་སྐྱེས་ཤིང་ངོ་མཚར། ད་དུང་ཡང་ཐུགས་རྗེའི་མཛད་པ་རླབས་ཆེ་བས་སྔོན་བཞིན་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཏེ་མཛད་པར་གསོལ་བ་འདེབས་སོ། །

ཁྱད་པར་དུ་རིགས་དང་འབྱོར་པ་རླབས་ཆེ་བས་ཀུན་གྱི་བདག་པོར་གྱུར་ནའང་ཐམས་ཅད་སྒྱུ་མའི་རྣམ་པར་གཟིགས་ཏེ། འཇིག་རྟེན་གྱི་ཆོས་ལས་ལྡོག་ནས་དགེ་སྦྱོང་གི་ཚུལ་འཛིན་པས་བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་པ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས། སྙིགས་མའི་དུས་སུ་འགྲོ་བ་རྣམས་ཀྱི་འདྲེན་པ་དམ་པར་གྱུར་པ་ནི་ངོ་མཚར་ཆེའོ། །རྗེས་སུ་ཡི་རང་ངོ་། །མངོན་པར་བསྟོད་དོ། །དྲུང་ནས་སྔར་གོང་དུ་དད་པ་ཅན་གྱི་རིགས་སུ་གཏོགས་པ། འཕན་ཡུལ་བའི་ཡོན་བཙུན་འདི་པ་ལ་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་གང་ཞེས་གསུངས་ཟེར་གིན་འདུག་པས་དེ་དང་མཐུན་པའི་ལན། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་དང་མི་འགལ་བར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་དེ་འབུལ་བ་ལགས་སོ། །

ཞུ་ཡིག་གཟིགས་པའི་རྟེན་དུ་ཕྱག་གཅིག་འབུལ། །རབ་གསལ་སྙན་པར་སྨྲ་བའི་ངག་འདི་ནི། །སྙན་ངག་སྡེབ་སྦྱོར་ཚུལ་ལ་མ་རྨོངས་ཤིང་། །ལུང་རིགས་མན་ངག་དུ་མའི་བློ་མིག་ཅན། །སྙིང་པོའི་དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །གཞུང་རི་རིན་ཆེན་བརྩེགས་པའི་གནས་ནས་ཕུལ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གནས་སྐབས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །མཐར་ཐུག་ངེས་ལེགས་བྱང་ཆུབ་གཉིས་ཐོབ་ནས། །གཞན་དོན་མཐའ་ཡས་ཆོས་ཀྱི་རྒྱལ་པོར་ཤོག །གླང་ལོ་(༥༩)ཟླ་བ་བཅུ་གཉིས་པའི་ཚེས་དྲུག་གི་ཉིན། གཞུང་རི་རིན་ཆེན་གླིང་གི་ངོགས་ནས་ཕུལ་བ་དགེའོ།། །།

༈ ན་མོ་མཉྫུ་ཤྲི་ཡེ། གྲགས་དཀར་བསོད་ནམས་ཡོན་ཏན་ཕྲེང་ཚོགས་ཅན། །བསྟན་པའི་རྒྱལ་མཚན་ཆེན་པོ་ལེགས་འཛིན་པ། །དཔལ་ལྡན་བཟང་པོའི་མཚན་གྱིས་བརྒྱན་པ་ལ། །དད་བརྒྱའི་གཙུག་གི་འདབ་སྟོང་གཡོ་བས་འདུད། །གངས་ཅན་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ལས། །རྒྱལ་བའི་རྣམ་འཕྲུལ་ངོ་མཚར་རྨད་བྱུང་གང་། །དཔག་མེད་དུས་ནས་ཐུགས་རྗེ་རླབས་ཆེ་བས། །མཚུངས་མེད་བླ་མའི་སྙན་དུ་ཚིག་འགའ་ཞུ། །ས་གསུམ་འབྱོར་པ་དམ་པའི་གཞིར་གྱུར་པ། །རྒྱལ་བའི་བསྟན་པ་རིན་ཆེན་དཔག་བསམ་ཤིང་། །ཆེས་ཆེར་འཛིན་པའི་ཁུར་ཆེན་ལེགས་བསྣམས་པས། །བསྙེལ་བ་མི་མངའ་ངོ་མཚར་མཆོག་ཚོགས་ཅན། །ཕྱོགས་རྣམས་གང་ནའང་ཁྱེད་མཚུངས་ཡོད་མ་ཡིན། །མཆོག་གསུམ་འཕགས་པའི་འབྱོར་པས་རབ་བརྒྱན་པས། །དིང་སང་འགྲོ་ཀུན་གཙུག་གི་ནོར་བུ་ལ། །བསྟན་པའི་སྒྲོན་མེ་མཛད་པར་གསོལ་བ་འདེབས། །བདག་ཅག་ལ་སོགས་ཞི་བ་གཉེར་རྣམས་དང་། །

སྐྱེ་རྒུའི་ཚོགས་དང་ཐར་ལམ་ཞུགས་རྣམས་ལ། །ཕན་བདེའི་རང་བཞིན་ཐུགས་རྗེའི་ཕྱག་བརྐྱང་སྟེ། །བྱམས་པའི་ཞལ་གྱི་པད་མཚོ་འཛུམ་པར་མཛོད། །དམ་པ་ཁྱེད་ཀྱི་གསུང་ཟླའི་འོད་ཟེར་ནི། །བདག་བློའི་ཀུ་མུད་ཚལ་དུ་བསྩལ་བའི་དོན། །རྒྱ་ཆེར་ཞུ་བའི་སྤོབས་པ་མ་མཆིས་ཀྱང་། །ཆ་ཙམ་མཚོན་པའི་གཞི་ལམ་འབྲས་བུའི་དོན། །ཡིད་མཁའི་ལམ་ན་ཅུང་ཟད་གསལ་བ་རྣམས། །ཚིག་དོན་ཉེར་བཀྲའི་གནས་ལ་གཟིགས་པར་གསོལ། །གཞི་དབྱིངས་མི་འགྱུར་སེམས་ཉིད་འོད་གསལ་ཁམས། །རང་བཞིན་རྣམ་དག་བདེ་གཤེགས་སྙིང་པོ་ལ། །མ་རིག་གཟུང་འཛིན་གློ་བུར་སྒྲིབ་པ་ཡིས། །ཀུན་ཏུ་བརྟགས་ཤིང་ཡུན་རིང་གོམས་བྱས་པས། །ཡུལ་དང་དོན་དང་སེམས་སུ་བག་ཆགས་ཏེ། །འཁོར་བའི་འཁྲུལ་སྣང་སྣ་ཚོགས་མངོན་པར་གྲུབ། །ཐོག་མཐའ་མེད་ཅན་ཤིང་རྟའི་འཕང་ལོ་བཞིན། །ཁམས་གསུམ་རིགས་དྲུག་བདེ་སྡུག་སྣ་ཚོགས་སྣང་། །རང་རང་ལས་ཀྱིས་ཉེ་བར་བཀོད་ཅན་ནོ། །

འདི་ཀུན་རང་བཞིན་རྨི་ལམ་སྒྱུ་མ་བཞིན། །དྲི་ཟའི་གྲོང་དང་སྤྲུལ་པ་མིག་ཡོར་མཚུངས། །བྲག་ཅ་ཆུ་ཟླ་འདྲ་ཞིང་སྙིང་པོ་མེད། །གསོག་དང་གསོབ་དང་ཡ་མ་བརླ་འདྲ་ཞིང་། །རྐྱེན་སྣང་རྟེན་ཅིང་འབྲེལ་འབྱུང་ངོ་བོ་ཉིད། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །མེད་པ་གསལ་སྣང་སྟོང་པའི་རང་གཟུགས་ཏེ། །སྣང་བའི་དུས་ན་བདེན་པའི་རང་བཞིན་མེད། །མེད་ལ་ཡོད་པར་བཟུང་བས་བརྟགས་པ་ཙམ། །གཟུང་བའི་ཡུལ་མེད་རྨི་ལམ་སྒྱུ་མའི་འགྲོས། །གཟུགས་སོགས་ཡུལ་ལྔ་རང་(༦༠)སྣང་སྟོང་གཟུགས་བཞིན། །ངོ་བོ་ཆ་ཤས་རང་བཞིན་མེད་པ་སྟེ། །གཞི་མེད་གནས་མེད་ཡུལ་དངོས་གྲུབ་པ་མེད། །དེ་ཕྱིར་གཟུང་དང་གཟུང་ཡུལ་རང་བཞིན་མེད། །རྣམ་ཀུན་སྟོང་པར་གདོད་ནས་དག་པ་ཡིན། །འཛིན་པའི་སེམས་ཀྱང་རང་བཞིན་ཡོད་མིན་ཏེ། །ཀུན་གཞིར་བསྟེན་པ་ཀུན་གཞིའི་རྣམ་ཤེས་དང་། །ཡིད་དང་ཉོན་ཡིད་སྒོ་ལྔའི་ཤེས་པ་སྟེ། །རྣམ་ཤེས་ཚོགས་བརྒྱད་སེམས་ཀྱི་རྣམ་པ་ཡང་། །རིག་པའི་ཆ་ལ་མ་རིག་སྒྲོ་བཏགས་ཀྱིས། །ཀུན་ཏུ་བརྟགས་པས་སེམས་ཞེས་མཚོན་པ་ཙམ། །དཔྱད་ན་རྒྱུན་དང་སྐད་ཅིག་ཆ་ཤས་མེད། །དུས་གསུམ་མངོན་མེད་སྐྱེ་འགག་གནས་པས་སྟོང་། །གང་གིས་གང་འཛིན་དེ་ལ་རང་བཞིན་ཅི། །ཁ་དོག་དབྱིབས་མེད་ཕྱོགས་ཆ་མཐའ་དབུས་མེད། །བསམ་དང་བྲལ་བ་ནམ་མཁའི་རང་བཞིན་ཅན། །དངོས་དང་དངོས་པོ་མེད་པའི་མཚམས་ལས་འདས། །ཡེ་ནས་བདག་མེད་སྤྲོས་དང་བྲལ་བའི་ཕྱིར། །འཛིན་པའི་སེམས་ལ་རང་བཞིན་མེད་པ་ལགས། །དེ་ལྟར་གཟུང་དང་འཛིན་པ་མེད་པ་ཉིད། །གདོད་ནས་རྣམ་དག་དོན་གྱི་གནས་ལུགས་ཏེ། །འཁོར་བ་མིང་ཙམ་སྒྱུ་མར་རྟོགས་བྱས་ནས། །རྟེན་གཞི་འོད་གསལ་སྙིང་པོའི་ཁམས་ལ་འཇུག །འཁོར་འདས་ཀུན་འབྱུང་རིག་པ་བྱང་ཆུབ་སེམས། །མཐའ་དང་དབུས་མེད་ཡངས་པ་ཆེན་པོའི་ཀློང་། །སྟོང་གསལ་འགྱུར་མེད་སྤྲོས་དང་བྲལ་བ་ནི། །ཉི་མཁའ་བཞིན་ཏེ་རྒྱ་ཆད་ཕྱོགས་ལྷུང་མེད། །ནོར་བུ་བཞིན་ཏེ་ཡོན་ཏན་ལྷུན་གྱིས་གྲུབ། །ཐོག་མཐའ་མེད་དེ་དུས་གསུམ་འཕོ་འགྱུར་མེད། །འདུས་མ་བྱས་ཏེ་རྒྱུ་རྐྱེན་ཀུན་ལས་འདས། །དོན་དམ་དབྱིངས་ཏེ་ཟབ་ཅིང་རྒྱ་ཆེའི་གནས། །ཀུན་ལ་ཡོད་ཀྱང་རྟོགས་པར་དཀའ་བའི་དོན། །གཞི་དབྱིངས་མི་འགྱུར་སྤྲོས་དང་བྲལ་བ་ལགས། །ནམ་མཁའི་ངང་དུ་སྣོད་བཅུད་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་རིག་པའི་ངང་དུ་འདུས། །མཁའ་དང་སྣོད་བཅུད་ངང་དང་ངང་ཅན་ལྟར། །རིགས་དང་ཆོས་ཀུན་དབྱིངས་དང་དབྱིངས་སྣང་སྟེ། །སྣང་དང་སྣང་གཞི་དཔྱད་ན་སྟོང་པའི་ངང་། །གཅིག་དང་དུ་མའི་ཆ་ཤས་ཀུན་ལས་འདས། །སྣོད་བཅུད་ཆགས་འཇིག་འཕོ་ལྡོག་ཅི་བྱུང་ཡང་། །ནམ་མཁའི་རང་བཞིན་འགྱུར་བ་མེད་པ་ལྟར། །སྣང་སྲིད་འཁོར་འདས་སྣ་ཚོགས་ཆོས་རྣམས་ཀུན། །བདེ་སྡུག་བཟང་ངན་མཐོ་དམན་ཇི་སྙེད་དང་། །འཁྲུལ་སྣང་སྦྱང་ཕྱིར་གཞི་ལམ་འབྲས་བུའི་ཚུལ། །མ་ལུས་དག་པ་རྣམ་གྲོལ་མྱ་ངན་འདས། །མདོར་ན་འཁོར་འདས་སྣང་བ་ཅི་ཤར་ཡང་། །རིག་པའི་ངང་ལ་བཟང་ངན་འཕོ་འགྱུར་མེད། །ཡེ་ནས་ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཉིད། །ཚུལ་འདི་དོན་དམ་ངེས་པའི་(༦༡)སྙིང་པོ་སྟེ། །ཆོས་རྣམས་ཀུན་གྱི་གཞི་ཡི་གནས་ལུགས་ལགས། །ལམ་ནི་དབྱིངས་ཀྱི་དྲི་མ་སེལ་བྱ་སྟེ། །དབང་གཞིས་སྨིན་པའི་རིག་པ་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ་སྟེ། །ཟབ་མོའི་གནད་ཀྱིས་ཉམས་སུ་ལེན་པར་འདོད། །འདིར་ནི་རང་གི་མོས་དགེ་ཕུན་ཚོགས་དང་། །བླ་མའི་བྱིན་རླབས་ཤིན་ཏུ་རྨད་བྱུང་མཐུས། །ཆོས་རྣམས་བདག་མེད་སྤྲོས་དང་བྲལ་བའི་དོན། །སེམས་ཉིད་འོད་གསལ་གཞི་ཡི་གནས་ལུགས་ཉིད། །དབང་ཁྲིད་གདམས་པས་ལེགས་པར་ངོ་འཕྲོད་པས། །གནས་ལུགས་རྟོགས་པའི་ལྟ་བ་ལགས་པར་གསུངས། །རྟོགས་པའི་ངང་ལས་མ་ཡེངས་སྤྲོས་དང་བྲལ། །བྱིང་རྒོད་མི་དམིགས་བདེ་གསལ་མི་རྟོག་ཉམས། །ཇི་ལྟར་སྐྱེས་ཀྱང་དེ་བཞིན་འཛིན་ཞེན་མེད། །མཁའ་ལྟར་རྣམ་དག་འོད་གསལ་འདུས་མ་བྱས། །བསམ་བརྗོད་སྤྲོས་དང་བྲལ་བའི་རིག་པ་ཉིད། །རང་གསལ་རང་གནས་སྒོམ་པའི་རྒྱལ་པོ་ཞེས། །བདག་གིས་ལེགས་མཐོང་དཔལ་ལྡན་བླ་མའི་དྲིན། །སྙིང་པོའི་དེ་ཉིད་རྟོགས་པའི་ངང་གནས་ལགས། །མཆོག་གསུམ་རྡོ་རྗེ་སྙིང་པོའི་ཁང་བཟང་དུ། །མི་གཡོ་རི་རྒྱལ་ལྟ་བུའི་རྣལ་འབྱོར་པ། །གནད་གསུམ་ཆོས་ཀྱི་འཁོར་ལོར་གནས་པའི་ཚེ། །རྩ་གསུམ་དབུ་མར་དག་པའི་རང་བཞིན་དུ། །སྲོག་རྩོལ་ཉི་ཟླའི་འཇུག་པ་ནུབ་གྱུར་ཅིང་། །རླུང་སེམས་མི་གཡོ་ཤིན་ཏུ་དག་པ་ན། །བདེ་ཆེན་འོད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར། །ཡེ་ཤེས་རོ་གཅིག་དབྱིངས་དང་རྣམ་འདྲེས་པས། །ནང་གི་དེ་ཉིད་འོད་གསལ་ཤར་བ་ན། །ཕྱི་རོལ་རྣམ་ཀུན་སྟོང་པའི་འོད་གསལ་གཟུགས། །རྟགས་བཅུ་རྣམ་དག་མེད་བཞིན་སྣང་བ་ནི། །དག་པའི་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན། །དེ་ཚེ་རང་བཞིན་གཅིག་གིས་གདོད་མའི་ངང་། །གར་ཡང་མི་འཛིན་ཅིར་ཡང་མི་རྟོག་པས། །གནས་ལུགས་རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཟུང་འཇུག་དབྱེར་མེད་རྫོགས་པ་ཆེན་པོའི་ངང་། །བཞི་པའི་དེ་ཉིད་ཕྱག་རྒྱ་ཆེན་པོ་ནི། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་ཏེ། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལགས། །གང་ཚེ་གཟུང་དང་འཛིན་པ་གཉིས་མེད་པར། །བློ་ཡི་མདུན་ན་འཇུག་པ་ཞི་གྱུར་པ། །དེ་ཚེ་བསམ་བརྗོད་སྤྲོས་པ་མེད་པའི་དབྱིངས། །དོན་དམ་སྙིང་པོའི་དེ་ཉིད་ལེགས་བསྒོམས་པས། །སྣ་ཚོགས་དངོས་དང་དེ་བློ་མི་དམིགས་པར། །ཕྱི་རོལ་སྣང་བ་འོད་གསལ་དབྱིངས་ནུབ་སྟེ། །ནང་གི་དེ་ཉིད་ཤིན་ཏུ་མི་གཡོ་བ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །མ་ལུས་དབྱིངས་(༦༢)གཅིག་གདོད་མའི་སར་གཞོལ་ཏེ། །རང་རིག་རྡོ་རྗེའི་སྙིང་པོའི་དབྱིངས་ལ་འཇུག །དེ་ཉིད་གོམས་པས་ས་ལམ་གོང་བགྲོད་དེ། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་སོགས། །ཡོན་ཏན་སྣ་ཚོགས་གོང་མ་བརྙེས་པ་ལགས། །མཉམ་གཞག་ཆོས་ཉིད་ཟབ་མོའི་རང་བཞིན་དུ། །ཟག་པ་མེད་དགེ་སྤྲོས་དང་བྲལ་བ་དང་། །རྗེས་ཐོབ་རྨི་ལམ་སྒྱུ་མའི་ཚུལ་ཙམ་དུ། །སྦྱིན་སོགས་དགེ་བ་འཁོར་གསུམ་དག་པས་སྤྱོད། །ཐམས་ཅད་བདེན་མེད་སྒྱུ་མར་རྣམ་སྦྱོང་བ། །འདི་དག་ལྟ་སྒོམ་སྤྱོད་པའི་རིམ་པ་ལགས། །མདོར་ན་གཞི་དབྱིངས་རྟོགས་པ་ལྟ་བ་སྟེ། །དྭངས་ལ་མི་རྟོག་ཡེངས་མེད་སྒོམ་པའི་མཆོག །བདེན་མེད་སྤྱོད་པ་རྨི་ལམ་སྒྱུ་མའི་ཚུལ། །ལམ་གྱི་ཆོས་ཞེས་བླ་མ་སངས་རྒྱས་གསུངས། །འདི་དག་མཐར་ཕྱིན་འབྲས་བུའི་རིམ་པ་ནི། །ཁམས་དེའི་དྲི་མ་མ་ལུས་དག་པའི་ཚེ། །སྤྲིན་བྲལ་ཉི་བཞིན་དབྱིངས་ཀྱི་ཡོན་ཏན་ཀུན། །མ་ལུས་མངོན་གྱུར་བྱང་ཆུབ་ཆེན་པོ་སྟེ། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ལྡན། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་བརྙེས། །དེ་ཚེ་དབྱིངས་ཀྱི་སྐུ་གསུམ་རོ་གཅིག་པས། །སྐུ་གསུམ་མི་འགྱུར་ཆོས་སྐུ་ཉག་གཅིག་ལས། །ཡེ་ཤེས་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས། །རྒྱལ་བའི་བྱིན་རླབས་གདུལ་བྱའི་སྨོན་ལམ་མཐུས། །ཇི་ལྟར་འདོད་བཞིན་སོ་སོར་སྣང་བ་ནི། །

ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །ནོར་བུ་ཇི་བཞིན་འདོད་རྒུའི་རེ་བ་སྐོང་། །སྲིད་པ་ཇི་བཞིན་གཞན་དོན་རྒྱུན་མི་འཆད། །འདི་དག་མཐར་ཕྱིན་འབྲས་བུའི་རིམ་པ་ལགས། །དེ་ལྟར་གཞི་ལམ་འབྲས་བུའི་རང་བཞིན་དག །ཆ་ཙམ་བརྗོད་ལ་ནོངས་པ་མཆིས་སྲིད་ན། །མཁྱེན་རབ་དབང་ཕྱུག་དཔལ་མགོན་བླ་མ་དང་། །མཁས་གྲུབ་སྐྱེ་བོའི་ཚོགས་ལ་བཟོད་པར་གསོལ། །སླད་དུས་བསྟན་པའི་རྩ་ལག་དམ་པ་ཁྱེད། །སྐུ་ཚེ་ཕྲིན་ལས་ཀུན་ཏུ་མཐའ་ཡས་ཤིང་། །ཕན་བདེའི་ཆར་གྱིས་འགྲོ་ལ་བསིལ་བ་དང་། །བདག་ཀྱང་དམ་ཆོས་དགའ་སྟོན་འཕེལ་བར་ཤོག །ཚུལ་འདི་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཏིང་འཛིན་འོད་གསལ་ཉིན་མོར་བྱེད་པ་དེས། །ཞུ་ཡིག་རབ་བཟང་དར་དཀར་གསལ་བའི་རྟེན། །གྲོགས་རི་རིན་ཆེན་བརྩེགས་པའི་གནས་ནས་ཕུལ། །དགེ་བ་དཔག་མེད་རིན་ཆེན་གྲུ་བོ་དེས། །མ་ལུས་འགྲོ་ཀུན་སྲིད་མཚོ་རབ་བརྒལ་ནས། །ཞི་བ་རབ་བཟང་ཐར་པའི་གླིང་སོན་ཏེ། །རང་གཞན་དོན་གཉིས་འབྱོར་པའི་སངས་རྒྱས་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་ཤོག །བཤེས་གཉེན་མཆོག་རྣམས་སྐུ་ཚེ་མཐའ་ཡས་ཤོག །སྐྱེ་རྒུ་དམ་པའི་ཆོས་ལ་གཞོལ་བར་ཤོག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཞུ་ཡིག་རིན་ཆེན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ། ཞི་བའི་ནགས་སུ་ཟབ་མོའི་དེ་ཁོ་ན་ཉིད་སྒྲུབ་པ་ལ་མངོན་པར་བརྩོན་པའི་བསམ་གཏན་པ་ཀུན་མཁྱེན་ངག་གི་དབང་པོས་ཕུལ་བ། ཕྱོགས་དུས་ཀུན་ཏུ་(༦༣)བཀྲ་ཤིས་དང་བདེ་ལེགས་ཀྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་དུ་བསམ་རྒུའི་རེ་བ་མཐའ་དག་འགྲུབ་ཅིང་འབབ་པར་གྱུར་ཅིག། །།

རྒྱལ་བ་རང་བྱུང་རྡོ་རྗེ་ལ་དྲི་ཚིག་ལེའུར་བྱས་པ་ཞེས་བྱ་བ།

༄༅། །རྒྱལ་བ་རང་བྱུང་རྡོ་རྗེ་ལ་དྲི་ཚིག་ལེའུར་བྱས་པ་ཞེས་བྱ་བ་བཞུགས་སོ། །

༄༅། །ཆོས་ཀྱི་རྗེ་དཔལ་རང་བྱུང་རྡོ་རྗེའི་སྤྱན་སྔར་དྲི་བའི་ཚིག་ལེའུར་བཅད་པ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཞབས་སེན་ཉིན་བྱེད་ལྟར་དམར་བ། །འོད་ཟེར་སྟོང་གི་དྲྭ་བས་མཛེས་འབར་ཞིང་། །འགྲོ་མཆོག་སྐྱེ་བོའི་གཙུག་ན་འཛུམ་པ་གང་། །དེ་རིང་བདག་བློ་པད་ཚལ་གཡོ་བས་འདུད། །གང་ཞིག་ཐོས་ནས་འཁོར་བའི་མཐར་འབྱིན་ཞིང་། །ཞི་བའི་དབྱིངས་སུ་འགྲོ་བ་འདྲེན་པའི་ལམ། །ཆོས་བདེ་བསིལ་བས་རྙོག་བྲལ་འདུས་མ་བྱས། །རང་བྱུང་རྒྱལ་པོའི་དོན་འདི་སྙན་དུ་གསོལ། །འདི་ན་གང་བློའི་ཐེ་ཚོམ་གཅོད་མཛད་ཅིང་། །ཟབ་ཞི་བདེ་ཆེན་ལྷུན་གྲུབ་རྡོ་རྗེའི་ཐུགས། །མཉམ་སྦྱོར་ཀུན་མཁྱེན་ཉིད་ལས་གཞན་འགའ་མེད། །དེ་སླད་བདག་གིས་ཞུས་འདི་གནང་བར་མཛོད། །

དང་པོའི་སངས་རྒྱས་དེ་གང་ཞིག །སེམས་ཉིད་ཡིན་ན་འགྲོ་ཀུན་ལ། །ཡོད་ཕྱིར་སེམས་ཉིད་ཐོག་མཐའ་མེད། །དེ་ལ་དང་པོ་ཇི་ལྟར་རུང་། །འོན་ཏེ་སངས་རྒྱས་གཞན་ཡོད་ན། །ཚོགས་གཉིས་སྔོན་དུ་སོང་མ་སོང་། །སོང་ན་ཚོགས་གཉིས་སྟོན་པ་པོ། །ཡོད་ན་དེ་ཉིད་དང་པོ་འགལ། །མེད་ན་རང་བཞིན་དྲན་པ་པོ། །གདོད་མའི་གང་ཟག་དེ་སུ་ཞིག །ཚོགས་གཉིས་སྔོན་དུ་མ་སོང་ན། །སེམས་ཉིད་མ་ཡིན་ཚོགས་མ་བསགས། །དེ་འདྲའི་སངས་རྒྱས་མཚར་ཅིག་ཀྱེ། །མདོ་དང་རྒྱུད་སྡེར་འགྲོ་ཀུན་ལ། །རྒྱལ་བའི་མཚན་དཔེ་འོད་ཟེར་སོགས། །དར་ཡུག་ཆེན་པོའི་དཔེས་བསྟན་པ། །དོན་ལ་ཡོད་དམ་མེད་པ་ཉིད། །མེད་ན་གཞི་དུས་སེམས་ཅན་ལ། །དེ་མེད་ཕྱིར་ན་འབྲས་དུས་སུ། །བསྒྲུབ་ཀྱང་སངས་རྒྱས་རུང་མ་ཡིན། །དག་རྒྱུ་མེད་ཕྱིར་དག་འབྲས་མེད། །སངས་རྒྱས་རུང་བ་མ་ཡིན་ནོ། །དོན་ལ་ཡོད་ན་རྟག་ཐེར་ཟུག །བདག་བཞིན་འགྱུར་ཞིང་འབད་མེད་ཀྱང་། །འཚང་རྒྱར་ཅི་ཕྱིར་རུང་མ་ཡིན། །དྲི་མས་བསྒྲིབས་ཕྱིར་འབད་ཅེ་ན། །གདོད་ནས་དག་པའི་ཆོས་སྐུ་ལ། །བསྒྲིབ་བྱ་སྒྲིབ་བྱེད་གང་ལ་འཐད། །དེ་ཉིད་སེམས་ཉིད་ཡིན་ལུགས་ལ། །དྲི་མས་སྒྲིབ་པར་མི་འགྱུར་ན། །གཞན་ལ་དྲི་མས་བསྒྲིབས་ཅི་གནོད། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །དོན་ལ་ཡོད་ན་བདག་མཚུངས་གསུངས། །གཞན་ཡང་བདེ་གཤེགས་(༦༤)ཁམས་དེ་ནི། །དྲི་མ་བྲལ་ཚེ་སྣང་བར་འགྱུར། །གཞི་དུས་ཉིད་ནས་ཡོད་ཅེ་ན། །རྡོ་རྗེ་གདན་འགྲོའི་སྐྱེ་བོ་ལ། །རྡོ་རྗེ་གདན་དང་དེ་ཡི་ལམ། །གཞི་ནས་སེམས་ལ་ཡོད་ཅེས་མཚུངས། །རྒྱུ་ལ་འབྲས་གནས་སྐྱོན་དུ་འགྱུར། །ཞི་ཁྲོ་ལ་སོགས་འགྲོ་ཀུན་ལ། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ཉིད། །དོན་ལ་ཡོད་དམ་མེད་པ་ཉིད། །མེད་ན་མདོ་དང་རྒྱུད་སྡེར་གསུངས། །ལ་ལས་སྒྲུབ་པའི་དཀྱིལ་འཁོར་མཐོང་། །དེ་ལ་དཔེར་ནི་རུང་མ་ཡིན། །ཡོད་ན་ལུས་སེམས་གང་ལ་ཡོད། །ལུས་ལ་ཡོད་ན་ཤི་བའི་ཚེ། །དཀྱིལ་འཁོར་ལྷ་རྣམས་ལུས་བཞིན་འགྱུར། །སེམས་ལ་ཡོད་ན་སེམས་དེ་ནི། །མགོ་མཇུག་མེད་ཕྱིར་ལྷ་གནས་དང་། །བརྟེན་པའི་ལྷ་རྣམས་ཇི་ལྟར་འགྲུབ། །འཁོར་འདས་སྔ་ཕྱི་དུས་མཉམ་བཞག །སྲིད་སྔ་ཉིད་ན་སྲིད་པ་དེ། །དང་པོ་གང་ལས་བྱུང་བ་ཉིད། །མ་རིག་ལས་ལས་བྱུང་ཞེ་ན། །དེ་ཡང་དང་པོ་གང་ལས་བྱུང་། །སེམས་ཉིད་ལས་བྱུང་དེ་ལྟ་ན། །སེམས་ཉིད་སྐྱེ་མེད་དངོས་པོ་མེད། །དེ་ལ་མ་རིག་ལ་སོགས་པའི། །རྒྱུ་རྐྱེན་དངོས་པོ་འབྱུང་བ་ནི། །དངོས་མེད་ལས་དངོས་འབྱུང་ལྟར་འགྱུར། །འོན་ཏེ་མ་རིག་ལ་སོགས་ལས། །གཞན་འབྱུང་སྲིད་པ་ཡོད་ཅེ་ན། །མཚར་ཅིག་སྔོན་མེད་བཞད་གད་རྒྱུ། །མྱ་ངན་འདས་སྔ་དེ་ལྟར་ན། །འགྲོ་བས་མ་བསྒྲུབས་ས་ལམ་བགྲོད། །དེ་འདྲའི་མྱང་འདས་ཇི་ལྟ་བུ། །མཉམ་བཞག་གང་ཞིག་གང་གིས་སྒྲུབ། །བསྒྲུབ་བྱ་སྒྲུབ་བྱེད་མེད་ན་ཡང་། །འཁོར་འདས་གཟོད་ནས་ཐ་དད་ན། །སྲིད་ནི་ཐེར་ཟུག་སངས་རྒྱས་མིན། །མྱ་ངན་འདས་ལམ་དོན་མེད་འགྱུར། །གཞན་ཡང་ཞི་བས་སྲིད་སྔ་ན། །སངས་རྒྱས་རྣམས་ལ་དང་པོ་རང་། །ལམ་སྒྲུབ་དགེ་སྡིག་སྟོན་པ་ཉིད། །མི་འགྱུར་ཐམས་ཅད་དེ་དུས་མཚུངས། །དམུས་ལོང་མཉམ་པོས་མཉམ་པོ་ལ། །ལམ་མཁན་མི་ནུས་ཉིད་བཞིན་ནོ། །འཁྲུལ་འདི་རྒྱུ་བཅས་རྒྱུ་མེད་ཞིག །རྒྱུ་བཅས་ཡིན་ན་དང་པོ་ཡི། །འཁྲུལ་རྒྱུ་དེ་ལ་རྒྱུ་ཡོད་མེད། །ཡོད་ན་དང་པོའི་འཁྲུལ་རྒྱུར་འགལ། །མེད་ན་རྒྱུ་མེད་འཁྲུལ་རྒྱུ་མེད། །དང་པོ་འཁྲུལ་པ་མི་འདོད་ན། །ད་ལྟའི་འཁྲུལ་པ་རིགས་མི་འགྱུར། །འོན་ཏེ་འཁྲུལ་པའི་རྒྱུ་མེད་ན། །སྣ་ཚོགས་འཁྲུལ་འདི་གང་ལས་བྱུང་། །ཆོས་ཅན་ཆོས་ཉིད་གཅིག་ཐ་དད། །གཞན་ཡིན་དང་པོ་ཉིད་ཅེ་ན། །ཆོས་ཉིད་འཁྲུལ་པ་སྣ་ཚོགས་འགྱུར། །ཐ་དད་ཉིད་ནི་ཆོས་རང་བཞིན། །ཐ་དད་ཆོས་ཅན་ཆོས་ཉིད་དུ། །འགྱུར་བ་དེ་འདྲ་གང་ལས་ཡིན། །གཉིས་ཡིན་ནའང་སྐྱོན་གཉིས་པོ། །སྔ་མ་བཞིན་དུ་སོ་ན་གནས། །འོན་ཏེ་གཅིག་དང་ཐ་དད་མིན། །དོན་མིན་ཉིད་ན་ཆོས་ཅན་དང་། །ཆོས་ཉིད་སོ་སོར་བཞག་མེད་འགྱུར། །མ་རིག་ལ་སོགས་འགྲོ་འཁོར་བའི། །སྒྲིབ་པ་གར་བརྟེན་ཇི་ལྟར་སྒྲིབ། །སེམས་ཉིད་(༦༥)གཞི་རྩ་ཀུན་དང་བྲལ། །རྟེན་མེད་རང་བཞིན་སྐྱེ་བ་མེད། །ཡེ་ནས་སྟོང་ལ་སྒྲིབ་མི་ནུས། །འོན་ཏེ་སྣ་ཚོགས་སེམས་སྒྲིབ་ན། །དེ་ཉིད་སྒྲིབ་ཡིན་སྒྲིབ་ཅི་དགོས། །དེ་ལྟ་ན་ཡང་སྒྲིབ་ཅེ་ན། །སྣ་ཚོགས་སེམས་གང་གང་ལས་བྱུང་། །ད་ལྟ་གར་གནས་ཇི་ལྟར་སྒྲིབ། །སེམས་ནི་སེམས་ཉིད་ལ་བརྟེན་ན། །སེམས་ཉིད་གང་ལ་བརྟེན་པ་ཡིན། །རྟེན་ས་མེད་ན་བརྟེན་པ་མེད། །རྟེན་མེད་སྒྲིབ་པས་སུ་ལ་སྒྲིབ། །འཁོར་བར་འཆིང་བྱེད་གྲུབ་མ་ཡིན། །ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས། །ངོ་བོ་གཅིག་གམ་སོ་སོ་བ། །གཅིག་ན་དང་པོ་བར་དང་མཐའ། །ལྟ་སྒོམ་སྤྱོད་འབྲས་བསྟན་མིན་ནམ། །འོ་ན་ཐ་དད་ཉིད་ཅེ་ན། །དེ་དག་ངོ་བོ་མི་གཅིག་པའི། །ཆོས་ཀྱིས་ཡ་བྲལ་དོན་མི་འགྲུབ། །ཤིན་ཏུ་མཉམ་བཞག་རྣལ་འབྱོར་པ། །གང་སྣང་རང་སར་འཇོག་པ་ན། །སྣང་ཡུལ་ཐ་མལ་སྣང་འདི་དང་། །གོམས་ཡུལ་ལྷ་སྐུ་ཐིག་ལེ་འོད། །ལ་སོགས་མི་གཡོ་མངོན་སུམ་ལམ། །སྣང་བའི་ཡུལ་ལ་ཁྱད་ཡོད་མེད། །ཡོད་ན་གང་སྣང་ཐམས་ཅད་ཀུན། །རྒྱལ་བས་མཉམ་ཉིད་གསུངས་དང་འགལ། །མེད་ན་མཆོག་གི་སྟོང་གཟུགས་ཉིད། །མཐོང་བ་ཙམ་གྱིས་མཐའ་ཡས་པའི། །ཡོན་ཏན་རྒྱུད་སྡེར་གསུངས་པ་འགལ། །དབང་པོ་རྣོན་པོ་ལས་དང་པོ། །འབད་པས་ཚེ་གཅིག་སངས་རྒྱས་ཉིད། །འཐོབ་ཅེས་གསུངས་པ་དེ་ཡང་གང་། །ས་དང་ལམ་ནི་གང་དུ་འདུ། །རྒྱལ་དང་རིག་འཛིན་གང་ཟག་རྣམས། །དགོངས་དང་བརྡ་དང་སྙན་ཁུང་བརྒྱུད། །གསུངས་ན་དགོངས་པའི་བརྒྱུད་ལུང་གང་། །ཀུན་བཟང་ཆོས་སྐུ་ཆེན་པོ་དེ། །དགོངས་དང་མ་དགོངས་མཐའ་ལས་འདས། །དེ་ཡིས་གཞན་ལ་ཇི་ལྟར་བརྒྱུད། །རིག་འཛིན་བརྡ་ཡི་བརྒྱུད་པ་ཡང་། །ཚིག་དང་ཡི་གེར་ཆོས་བསྟན་པར། །གསུངས་ན་བརྡ་ཡིས་ཇི་ལྟར་བརྒྱུད། །སྙན་ཁུང་བརྒྱུད་དང་ཁྱད་ཅི་ཡོད། །འཁོར་འདས་དང་པོའི་གྱེས་མཚམས་སམ། །དབྱེ་གཞི་གང་ལས་ཇི་ལྟར་བྱུང་། །སེམས་ཅན་གསར་སྐྱེ་ཡོད་དམ་མེད། །ཡོད་ན་སེམས་ཅན་ཐོག་མཐའ་ཉིད། །ཡོད་འགྱུར་འཁོར་བའི་ཐོག་མཐའ་ཡོད། །མེད་ན་སེམས་ཅན་འདི་དག་ཀུན། །དང་པོ་གང་ལས་ཇི་ལྟར་བྱུང་། །དང་པོ་གསར་སྐྱེས་མ་བྱུང་ན། །ད་ལྟ་སེམས་ཅན་དམིགས་མི་འགྱུར། །

དེ་དག་ལ་སོགས་དྲི་བ་མཐའ་ཡས་པའི། །ཐེ་ཚོམ་དྲི་བ་མང་ཞིག་མཆིས་པའི་ལན། །རང་བྱུང་ཆོས་རྗེ་བླ་མས་གསུང་དུ་གསོལ། །དེ་ཡིས་འགྲོ་བ་དཔག་མེད་ཚིམ་པར་བྱེད། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །རང་བྱུང་རྒྱལ་བའི་ཞིང་གི་པདྨོ་ལ། །སྐྱེས་ནས་ཆོས་ཀྱི་དྲི་བ་རྒྱ་མཚོ་རྣམས། །སངས་རྒྱས་རྒྱ་མཚོ་རྣམས་ལ་དྲི་བར་ཤོག །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་(༦༦)བར། །རང་བྱུང་བླ་མའི་ཞབས་དྲུང་དེར་སྐྱེས་ནས། །ཆོས་ཀྱི་དགའ་སྟོན་རྒྱ་མཚོར་སྤྱོད་བྱེད་ཅིང་། །ཐེ་ཚོམ་ཀུན་བྲལ་ཞི་བ་ཐོབ་པར་ཤོག །ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེའི་སྤྱན་སྔར་དྲི་བའི་ཚིག་ལེའུར་བཅད་པ། ཆོས་སྨྲ་བའི་བཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕུལ་བ། ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་དུ་འབབ་པར་གྱུར་ཅིག། །།

སེམས་དང་ཡེ་ཤེས་ཀྱི་དྲི་ལན་ཞེས་བྱ་བ།

༄༅། །སེམས་དང་ཡེ་ཤེས་ཀྱི་དྲི་ལན་ཞེས་བྱ་བ་བཞུགས་སོ། །

༄༅། །སེམས་དང་ཡེ་ཤེས་བརྟག་པའི་མན་ངག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་མེད་ཆུ་གཏེར་དག་པའི་དབྱིངས། །སེམས་དང་སེམས་བྱུང་རྙོག་པ་རབ་ཞི་ཞིང་། །མཁྱེན་བརྩེའི་གཏིང་མཐའ་དཔག་གིས་མི་ལང་བའི། །རྒྱལ་བ་རྒྱ་མཚོ་སྲས་བཅས་སྤྱི་བོས་མཆོད། །ཆོས་ཚུལ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་དོན། །མདོ་དང་རྒྱུད་སྡེའི་དགོངས་པ་མ་ནོར་བར། །སེམས་དང་ཡེ་ཤེས་རྣམ་པ་གཉིས་སུ་འདུས། །དེ་དོན་བརྟགས་ནས་སྒོམ་པའི་རིམ་པ་བྲི། །

དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ལས་དང་པོ་པ་དང་བློ་ཅུང་ཟད་དམན་པ་རྣམས་འཇུག་པ་ལ་དགོངས་ཏེ། སྤང་གཉེན་གྱི་རིམ་པས་ཉམས་སུ་ལེན་པའི་ཐབས་གསལ་བར་གསུངས་ཤིང་། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ཅུང་ཟད་སྦྱངས་པ་དང་དབང་པོ་འབྲིང་པོ་རྣམས་འཇུག་པའི་རིམ་པ་ལ་དགོངས་ཏེ། ངོ་བོ་ཉིད་མེད་པའི་རྣམ་གྲངས་ཀྱི་གཉེན་པོ་ལ་བདག་ཏུ་འཛིན་པ་རྣམས་སྐྱེ་བ་མེད་པར་གསུངས་ལ། བཀའ་ཐ་མ་ངེས་པ་དོན་གྱི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ཡོངས་སུ་རྫོགས་པའི་ཐེག་པ་རྣམས་དང་དབང་པོ་རྣོན་པོ་རྣམས་འཇུག་པའི་རིམ་པས་གཤིས་ལ་ཇི་ལྟར་གནས་པའི་རྣམ་གྲངས་རྒྱ་ཆེར་གསུངས་ཏེ། དང་པོས་འཁོར་བའི་མཚན་ཉིད་སྤང་བྱ་ལས་ལྡོག་པའི་ལམ་བསྟན། བར་པས་སྤང་བྱ་ལས་འཛིན་པའི་རང་བཞིན་ངོ་བོ་མེད་པས་ཤེས་སྒྲིབ་སྤང་བར་བསྟན། ཐ་མས་ཡིན་ལུགས་སྙིང་པོར་བསྟན་ཏེ། དབང་པོའི་རིམ་པ་དང་། འཇུག་ཚུལ་གྱི་གོ་རིམ་ལ་བརྟེན་ནས་གསུངས་པ་རྣམས་ཀྱི་དོན་གསལ་རབ་ཕྱེ་ནས་ཉམས་སུ་བླང་བ་ལས། འདིར་དང་པོ་དྲི་མ་དང་བཅས་པས་མ་དག་པའི་གནས་སྐབས་དང་། ལམ་གྱིས་སྦྱངས་པས་དྲི་མ་རིམ་པ་བཞིན་དུ་དག་པ་མ་དག་པ་དག་པའི་གནས་སྐབས་དང་། དྲི་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་རྣམ་དག་གི་གནས་སྐབས་རྣམ་པ་གསུམ་ལ་ལྟོས་ནས། གཞི་དང་། ལམ་དང་། འབྲས་བུའི་རིམ་པ་རྣམས་རེ་ཞིག་གསལ་བར་མཛད་པ་ནི། བཀའ་(༦༧)ཐ་མའི་རིམ་པ་བཞིན་བརྗོད་པ་ལས། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། སེམས་ཅན་པའི་དུས་ཀྱི་འོད་གསལ་བའི་ཡེ་ཤེས་རང་ལ་ཡོད་པ་ནི་གཞིའོ། །བྱང་ཆུབ་སེམས་དཔའི་དུས་ཀྱི་ཚོགས་སྦྱོར་མཐོང་སྒོམ་བཞི་ནི་ལམ་མོ། །དེ་བཞིན་གཤེགས་པའི་དུས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་དེ་མཐར་ཕྱིན་པ་ནི་འབྲས་བུའོ། །དེ་ཡང་སེམས་ཅན་པའི་སེམས་ཉིད་འོད་གསལ་བ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་པས་ཆོས་ཁམས་དགེ་བ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་ཞེས་བྱའོ། །

འདིར་དང་པོ་གཞིའི་དོན་བཤད་པ་ནི། ཡེ་ནས་འོད་གསལ་བའི་ཆོས་ཉིད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟོང་པའི་ངོས་ན་དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་ཅིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་གང་དུའང་མ་ཆད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ། གསལ་བའི་ངོས་ནས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡེ་ལྡན་དུ་ལྷུན་གྱིས་སྒྲུབ་ཅིང་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། དེ་གཉིས་ཀའང་འདུ་འབྲལ་མེད་པའི་ཆོས་ཉིད་དུ་ཡེ་ནས་གནས་པ་ནི། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། རིན་པོ་ཆེ་རྒྱ་མཚོའི་རྒྱུད་ལས། ཡེ་ནས་འོད་གསལ་བདེ་གཤེགས་སྙིང་པོ་ནི། །ནོར་བུ་བཞིན་དུ་ཡོན་ཏན་མ་ལུས་རྫོགས། །དྲི་མེད་མཁའ་དང་ཉི་མའི་དཀྱིལ་འཁོར་བཞིན། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད། །ཅེས་པ་ལ་སོགས་པའོ། །དེ་ལྟར་འོད་གསལ་བའི་ཡེ་ཤེས་ནི་གདོད་མའི་གཞིར་ལྟ་བས་གཏན་ལ་དབབ་པའོ། །

དིང་སང་ནི་དགེ་བའི་བཤེས་གཉེན་ཕལ་དང་། སྒོམ་ཆེན་ཀུན་མཐུན་པར། སྟོང་རྐྱང་ཅི་ཡང་མེད་པ་ལ་གཞི་བྱེད་པ་ནི་སྙིང་པོའི་དོན་གྱི་དགོངས་པ་དང་མི་མཐུན་ཏེ། ཅིའང་མེད་པའི་གཞི་ཉམས་སུ་བླངས་པས་འབྲས་བུ་སངས་རྒྱན་ཡོན་ཏན་ཐམས་ཅད་དང་ལྡན་པ་མི་འབྱུང་སྟེ། གཞི་ལམ་འབྲས་བུ་གསུམ་འཛོལ་བའི་ཕྱིར་རོ། །སངས་རྒྱས་དེ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཅན་བྲལ་བའི་འབྲས་བུ་མངོན་དུ་གྱུར་པ་ཞིག་ཡིན་པའི་ཕྱིར་རོ། །དེས་ན་སྲིད་རྩེའི་ལྟ་བ་དང་དེ་དག་མཐུན་པར་སྣང་ངོ་། །འདིར་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་འོད་གསལ་བ་ཉིད་གཞིར་འདོད་པ་(༦༨)ཡིན་ནོ། །གཞི་དེ་ལྟ་བུའི་ངང་ལས་ཡིན་ལུགས་ངོ་མ་ཤེས་པས་མ་རིག་པར་གྱུར་ཏེ། དེ་ལས་གཟུང་འཛིན་དུ་འཁྲུལ་ནས་ཁམས་གསུམ་དུ་འཁོར་བར་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །ཞེས་སོ། །དེའང་གནས་ལུགས་མ་ཤེས་པ་རྩ་བའི་མ་རིག་པ་སྟེ། དང་པོའི་འཁྲུལ་པ་བསྐྱེད་པའི་གཞིའམ་ས་བོན་ནམ་རྟེན་གཞིར་གྱུར་པའི་ངང་ལས། གཉིས་སུ་འཛིན་པའི་ཀུན་རྟོག་ལངས་པ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། དེ་གཉིས་ལས་སེམས་ཅན་ཐ་མ་ངན་སོང་གསུམ་དང་། འབྲིང་མི་དང་། མཆོག་ལྷ་རྣམས་སོ་སོའི་སྣང་བ་མི་འདྲ་བ་ཐ་དད་དུ་ཤར་ནས་ཀུན་གཞི་ལ་བག་ཆགས་སྣ་ཚོགས་སུ་བཞག་པའི་ནུས་པས་འཁོར་བ་མཐོ་དམན་དུ་ཟོ་ཆུའི་ཁྱུད་མོ་བཞིན་རང་སྣང་བདེ་སྡུག་སོ་སོར་སྤྱོད་པ་ནི། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་སོ། །དེ་ལྟར་ཁམས་གསུམ་སོ་སོར་བརྒྱུད་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ནི་ངན་དུ་མ་སོང་བར་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་གནས་ཏེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་བཞིན་ནོ། །

དེའང་སེམས་ཅན་པའི་དུས་ན་བདེ་བར་གཤེགས་པའི་སྙིང་པོ་དེ། སེམས་ཀྱིས་བསྒྲིབས་ཏེ་དྲི་མ་དང་བཅས་པར་གནས་པ་ནི། སྒྱུ་འཕྲུལ་དྲྭ་བ་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །རྟག་ཏུ་རང་བཞིན་དྲི་མ་མེད། །དེ་བཞིན་སེམས་ཀྱི་སྒྲིབ་པའི་ཁམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ་དང་། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་བཟད་ས་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་ངོ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ཉིད། །རྣམ་པ་ཀུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་པ་ལྟར་རོ། །དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་ནི་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡིན་ལ། ཀུན་གཞི་བག་ཆགས་དང་བཅས་པ་ཁམས་གསུམ་པའི་རྒྱུད་ཀྱིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་སྤྲིན་དང་འདྲ་བ་ཡིན་ནོ། །

མཁས་པར་རློམ་པའི་བླུན་པོ་ཁ་ཅིག །སེམས་སེམས་བྱུང་སྒྲིབ་པར་མི་འཐད་དེ་སེམས་བསྐྱེད་པའི་ཕྱིར་དང་། སེམས་ཉིད་འོད་གསལ་བ་ཁམས་ཡིན་པའི་ཕྱིར་རོ། །དེས་ན་སེམས་(༦༩)རྟོག་མེད་བྱང་ཆུབ་ཀྱི་ཡན་ལག་ཏིང་ངེ་འཛིན་དུ་འདོད་དོ་ཟེར་བ་ནི་མདོ་རྒྱུད་ཀྱི་དགོངས་པ་མ་ལོན་པའི་རྣམ་འགྱུར་ཡིན་ཏེ། སེམས་བསྐྱེད་པའང་འཁོར་བའི་གནས་སྐབས་ན་བླང་དོར་དུ་བྱེད་པའི་རྟོག་པ་མིན་ནམ། ཡིན་ན་ནི་མཐར་ཐུག་འགག་དགོས་ལ། སེམས་ཉིད་ལ་ཟེར་ན་ནི་བསྐྱེད་བྱ་སྐྱེད་བྱེད་གཉིས་མེད་པས་མི་འགྲུབ་པའི་ཕྱིར་འོས་པ་མ་ཡིན་ནོ། །སེམས་དང་སེམས་ཉིད་སོ་སོར་ཕྱོགས་མ་བྱེད་པར་སྣང་སྟེ། སེམས་ནི་ཁམས་གསུམ་པའི་རྒྱུད་ཀྱི་རྟོག་པ་དང་དཔྱོད་པ་ཆ་དང་བཅས་པས་སྒྲོ་བཏགས་འཁྲུལ་པའི་རྣམ་པ་འཛིན་བྱེད་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡིན་ཏེ། དབུ་མ་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །སེམས་ཉིད་ནི་བདེ་བར་གཤེགས་པའི་སྙིང་པོ་འོད་གསལ་བའི་ཡེ་ཤེས་ཏེ། དེའང་སེམས་འགགས་ཤིང་མ་མཆིས་པའི་ཚེ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་སོ་སོ་རང་གི་རིག་པ་ལ་སྣང་བ་ཡིན་ནོ། །ཡུམ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ཡིན་ནོ། །

སངས་རྒྱས་ཀྱི་ས་ན་སེམས་ཆེན་པོ་ཡོད་དོ་ཞེ་ན། དེ་ནི་ཡེ་ཤེས་ཆེན་པོ་ལ་ཟེར་ཏེ། རྒྱུད་ལས་ཉོན་མོངས་པ་ཆེན་པོ་ཉིད་ཡེ་ཤེས་སུ་བཤད་པ་དང་རྣམ་པ་མཐུན་ནོ། །མདོར་བསྡུ་ན་ཁམས་གསུམ་པའི་སེམས་སེམས་བྱུང་ཆ་དང་བཅས་པ་ཐོག་མ་མེད་པ་ནས་བརྒྱུད་པའི་བག་ཆགས་ཅན་སྒྲིབ་པ་གཉིས་ཀྱི་ངོ་བོ་འཛིན་ཅིང་། བསྐྱེད་པར་བསྟན་པས་སྤང་བྱ་ཡིན་ཞིང་དགག་དགོས་པར་བཤད་པ་ཡིན་ནོ། །

དེ་ཡང་སེམས་ཉིད་འོད་གསལ་བའི་ངང་ལ་བརྟེན་པ་མེད་པའི་ཚུལ་གྱིས་ད་ལྟ་བརྟེན་པ་ནི་ནམ་མཁའ་ལ་སྤྲིན་ལྡིང་བ་ལྟར་འདོད་དེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་ནི་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པའང་ཚུལ་དེ་དང་མཐུན་ཏེ། སེམས་ཀྱི་རང་བཞིན། སེམས་ཀྱི་ཆོས་ཉིད། སེམས་ཉིད། དབྱིངས་རང་བཞིན་གྱིས་དག་པ། དོན་དམ་པའི་གནས་ལུགས་རྣམས་དོན་གཅིག་ཡིན་པའི་ཕྱིར་རོ། །སེམས་དེ་ཡང་ཁམས་གསུམ་གྱི་དབྱེ་བས་རྟོག་མེད་རྩེ་གཅིག་པ་དང་། གསལ་བ་ཙམ་དང་། རྟོག་བཅས་ཀྱི་གནས་སྐབས་གསུམ་མོ། །(༧༠)

དེའང་སེམས་ལ་བརྟེན་ཅིང་བག་ཆགས་ཀྱིས་འཁྲུལ་པར་སྣང་བ་འཁོར་བའི་ཆོས་འདི་དག་མི་བདེན་པ། བསླུ་བ། བྱིས་པ་འདྲིད་པ། གསོག །གསོབ། ཡ་མ་བརླ། སྙིང་པོ་མེད་པ། ཝུ་བ་རྡོས་པ། ཆུ་ཤིང་། སྒྱུ་མ། མིག་ཡོར་ལ་སོགས་པ་དཔེ་བརྒྱད་ཀྱིས་བསྟན་ཏེ། ར་རི། འལ་འོལ། མེད་བཞིན་སྣང་བ། སྣང་དུས་ཉིད་ནས་རང་བཞིན་མེད་པ། བློས་དཔྱད་མི་བཟོད་པ། ཀུན་རྫོབ་འཁྲུལ་པའི་ངོར་སྣང་ཙམ་དྷ་དུ་ར་ཟོས་པའི་སྣང་བ་དང་འདྲ་བར། བར་སྐབས་སུ་གཟུང་འཛིན་ལ་བདེན་པར་ཞེན་པའི་མཐུས་སྣང་བར་ཤེས་པར་བྱའོ། །འོད་གསལ་བའི་སྙིང་པོ་ནི། དོན་དམ་པའི་བདེན་པ། རྟག་པ། བརྟན་པ། འཕོ་འགྱུར་མེད་པ། རབ་ཏུ་ཞི་བ། མི་བསླུ་བ། ཐོག་མ་མེད་པ་ནས་ཐ་མའི་བར་གཞི་ཇི་བཞིན་པ་ཡེ་ཤེས་ཀྱི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་དྲི་མས་མ་གོས་མི་གོས་གོས་པ་མེད་པའི་རང་བཞིན་མཉམ་པ་ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལྟ་བུར་ཤེས་པར་བྱའོ། །

དོན་གཉིས་པ་ལམ་ཉམས་སུ་བླང་བ་ནི། དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་རང་ལ་ཡོད་པར་རྟོགས་ནས་དེའི་ངང་དུ་བསྒོམ་པ་སྟེ། དེའང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་སེམས་བསྐྱེད་ནས་བསྒོམས་ལ། སྔགས་ཀྱིས་དེའི་སྟེང་དུ་དབང་གིས་སྨིན་པར་བྱས་ཏེ་གདམས་པས་གྲོལ་བར་བྱེད་པའོ། །འདིར་ངོ་བོ་གཅིག་ཏུ་ཉམས་སུ་ལེན་ཚུལ་མདོ་དང་མཐུན་ཏེ། དེ་ཡང་སྟན་བདེ་བ་ལ་འདུག་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། གང་ལ་མོས་པའི་ལྷར་སྐད་ཅིག་གིས་གསལ་བཏབ་པའི་རྗེས་ལ། རྣམ་སྣང་གི་ཆོས་བདུན་དང་ལྡན་པས་གང་ལའང་མི་རྟོག་ཅིང་ཅི་ལའང་མི་འཛིན་ཡུལ་སྣང་ཐོག་ཏུ་བློས་མ་བཟུང་བའི་རིག་པ་སལ་ལེ་སིང་ངེ་ཝ་ལེ་བའི་ངང་ལ་མཉམ་པར་བཞག་པ་ནི། འོད་གསལ་བའི་དོན་ལ་འཇོག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་འཛིན་ཅིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལགས། །ཞེས་པ་དང་། ཧེ་རུ་ཀ་གལྤོ་ལས། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའ་མི་དམིགས་པ་ཡང་དམིགས་སུ་མེད། །ཅེས་སོ། །

དེ་ཡང་དེའི་ཚེ་སེམས་དང་སེམས་བྱུང་ཐམས་ཅད་འགགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པའི་ངོ་བོར་གནས་པ་སྟེ། ལུང་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་(༧༡)ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའང་དོན་དམ་པའི་བདེན་པ་ནི་སེམས་བློའི་ཡུལ་ལས་འདས་པ་ཞེས་པའང་ཚུལ་དེ་ལ་ཟེར་གྱི། སེམས་འགགས་ཤིང་བློ་ལས་འདས་པའི་དུས་ན་ཡེ་ཤེས་རང་ལ་གནས་པ་དེ་ནི་ཆོས་ཉིད་དེ་སྤྲིན་དང་བྲལ་བས་ཉི་མ་གསལ་བ་བཞིན་ནོ། །

དེ་ལྟར་མཉམ་པར་འཇོག་པ་ལ་དྭངས་སྙིགས་ཕྱེད་པའི་བོག་འབྱིན་དུ་ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་ཕྱོགས་པར་འདུག་སྟེ། མིག་ནམ་མཁའི་དཀྱིལ་ལམ་ངོས་དེར་བལྟས་པས་ཤེས་པ་དྭངས་ལ་རྟོག་མེད་འབྱུང་ངོ་། །དེའི་ཚེ་སེམས་འགགས་པས་ཕྱི་རོལ་སྣང་ཡུལ་ལ་དངོས་པོ་ངོས་བཟུང་དུ་འཛིན་པ་དང་། ནང་སེམས་དངོས་པོ་ངོས་བཟུང་དུ་འཛིན་པ་གཉིས་དམིགས་པ་མེད་པས་དངོས་པོ་དང་དངོས་པོ་མེད་པ་ལ་མི་རྟོག་པ་ན། དེ་གཉིས་ལས་གཞན་དུ་འཛིན་པའི་ཕུང་པོ་གསུམ་པ་དམིགས་པ་མེད་པ་ཞི་བ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་དང་། མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །ཞེས་པ་དང་། དོ་ཧ་ལས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །ཅེས་དང་། ཏོག་རྩེ་པས། སེམས་ཀྱིས་བསྒོམ་པ་བསྒོམ་མ་ཡིན། །མི་སྒོམ་པའང་སྒོམ་པ་མིན། །སྒོམ་དང་མི་སྒོམ་ལས་འདས་པ། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། །ཞེས་གསུངས་པའི་དོན་ཏེ། དེའི་ཚེ་སེམས་འགགས་པའི་དོན་རིག་པ་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་སྟེ། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པའི་ཟུར་གཅིག་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་ཡང་དག་པ་ཞིག་ཡིན་ན། ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ཀྱི་སེམས་དང་། ཡིད་ཤེས་དང་། སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བའི་རིག་པའི་ངང་ལས་མི་གཡོ་བ་འབྱུང་སྟེ། དཀོན་མཆོག་བརྩེགས་པའི་གསང་བ་བསམ་གིས་མི་ཁྱབ་པའི་ལེའུ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ཉམས་བདེ་བ། གསལ་བ། མི་རྟོག་པ་གསུམ་ངང་གིས་འབྱུང་ཞིང་གཞན་ཡང་ཚད་མེད་དེ། མདོ་གདམས་ངག་འབོག་པའི་རྒྱལ་པོ་ལས། བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །ཕྱོགས་རིས་མེད་པའི་ཉམས་མྱོང་སྐྱེ། །ཞེས་སོ། །

དེའང་ཏིང་ངེ་འཛིན་འདི་ཉིད་ཁམས་གསུམ་པའི་སེམས་དང་བྲལ་བའི་ཚུལ་ནི། (༧༢)གཟུགས་མེད་ན་རྟོགས་མེད་རྩེ་གཅིག་པ་སྣང་ཡུལ་མེད་པ་ཡིན་ལ། འདི་ནི་རྣམ་རྟོག་མེད་ཀྱང་ཡུལ་སྣང་བ་མི་འགོག་པ་དང་། རྩེ་གཅིག་པའི་འཛིན་པ་མེད་པའོ། །གཟུགས་ཀྱི་སེམས་ནི་ཡུལ་སྣང་བ་ཡིན་ཡང་རྟོག་དཔྱོད་ཀྱི་ཆ་དང་བཅས་པ་དང་། རྟོག་དཔྱོད་མེད་ཅིང་བསམ་གཏན་གྱི་དགའ་བས་བརྒྱན་ཀྱང་འཛིན་པ་ལས་མ་འདས་པ་སྟེ། མཐའ་མ་ཆོད་པས་བློའི་ཡུལ་ལས་མ་འདས་པ་དང་། འདོད་པའི་སེམས་ནི་གཙོ་བོར་རྟོག་དཔྱོད་དང་བཅས་པ་སྟེ། འདིར་ནི་མི་རྟོག་པའི་ཡེ་ཤེས་ཡིན་པ་དང་། གཞན་ཡང་ཁམས་གསུམ་སོ་སོའི་ཏིང་ངེ་འཛིན་དེ་ནི་སེམས་ཀྱི་སྣང་ཡུལ་བག་ཆགས་དང་བཅས་པས། གནས་ལུགས་ཀྱི་རང་བཞིན་མ་ཤེས་བཞིན་དུ་གནས་ལ། འདིར་ནི་རང་བཞིན་འོད་གསལ་བའི་གཞིའི་ངོ་བོ་རྟོགས་པ་དང་། སེམས་བསྐྱེད་པས་ཟིན་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་སོགས་པའི་ཁྱད་པར་དུ་མ་དང་བཅས་པའོ། །དེ་ཡང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་ཡང་གཉིས་ཏེ། འཛིན་པ་འཁོར་བའི་སེམས་ཀྱིས་བསྡུས་པ་ནི་འདིར་འགག་དགོས་ལ། འཇིག་རྟེན་ལས་འདས་པའི་བསམ་གཏན་གཟུགས་མེད་ནི་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར་བླང་བར་བྱ་བ་ཡིན་ནོ། །དེ་ལྟར་ན་འོད་གསལ་བའི་ཡེ་ཤེས་རིམ་གྱིས་གོམས་པ་ལས། ས་དང་ལམ་ཐམས་ཅད་གོང་ནས་གོང་དུ་བགྲོད་ཅིང་། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་རང་ཆས་སུ་ཡོད་པ་རྣམས་འཆར་བ་ནི། ཆུ་དྭངས་པ་ལས་གཟུགས་བརྙན་ངང་གིས་འཆར་བ་བཞིན་ནོ། །

དོན་གསུམ་པ་འབྲས་བུ་ནི། དེ་ལྟར་གཞི་ཤེས་ནས་ལམ་བསྒོམས་པས་ཁམས་ལ་སྒྲིབ་པའི་སེམས་སེམས་བྱུང་གི་དྲི་མ་ཆ་དང་བཅས་པ་དག་ནས། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་སངས་རྒྱས་ཀྱི་ཡེ་ཤེས་འཆར་བ་ནི་ཁམས་ཉིད་དྲི་མ་མཐའ་དག་དང་བྲལ་བས་བྱང་ཆུབ་ཏུ་གནས་འགྱུར་བ་ཞེས་བྱའོ། །དེའི་ཚེ་ཆོས་ཀྱི་སྐུ་འོད་གསལ་བ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་སེམས་འགག་པའི་འགོག་པ་དམ་པ་མངོན་དུ་མཛད་དོ། །འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེག་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །

སྐུ་དེ་ཡང་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་རང་བཞིན་གྱི་འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་དང་། སྤྲུལ་པའི་སྐུ་གདུལ་བྱ་སོ་སོའི་མོས་པ་ལྟར་གང་ལ་གང་འདུལ་དུ་སྣང་བ་སྟེ། ཡིད་བཞིན་གྱི་ནོར་བུ་ལྟར་ཡོན་ཏན་ལྷུན་གྱིས་གྲུབ་པ། འཁོར་བ་ཇི་སྲིད་བར་འགྲོ་(༧༣)བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འབྱུང་བ་འདི་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ལ་སྣང་ཞིང་མངོན་དུ་མཛད་པ་ནི། དེ་ཉིད་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །

དེའང་སངས་རྒྱས་པའི་ཚེ་སེམས་དང་སེམས་བྱུང་འགགས་ཀྱང་། ཡེ་ཤེས་མི་འགག་པས་བེམས་སྟོང་ནམ་མཁའ་ལྟ་བུ་མ་ཡིན་ཏེ། སྤངས་པའི་ཡོན་ཏན་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་། རྟོགས་པའི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པའི་རིག་པ་བཞི་དང་། དབང་བཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་མཁྱེན་རབས་དང་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་ཅིང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ནི་ཁམས་ལ་ཡོན་ཏན་ཡེ་ལྡན་དུ་ཡོད་པའི་ནུས་པ་མངོན་དུ་གྱུར་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པ་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །མདོར་ན་འོད་གསལ་བའི་ཁམས་ཀྱི་ནུས་པ་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་འབྲས་བུའོ། །འདི་དག་གི་རྣམ་པར་བཞག་པ་རྒྱས་པར་ནི། ཁོ་བོས་བྱས་པའི་བསྟན་བཅོས་ངེས་དོན་ཤིང་རྟ་ཆེན་པོར་བལྟ་བར་བྱའོ།། །།

དེ་ལྟར་གཞི་ལམ་འབྲས་བུའི་དོན་བསྡུས་པ། ཅུང་ཟད་གསལ་བར་བྱས་པའི་དགེ་བ་དེས། །མ་ལུས་འགྲོ་ཀུན་འོད་གསལ་དོན་རྟོགས་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བློ་གྲོས་ཆུ་གཏེར་ཡངས་པའི་མཚོ་གླིང་ན། །བསླབ་གསུམ་ཀླུ་དབང་རིན་ཆེན་གདེང་ཀས་མཛེས། །ཆོས་དཀར་ཡོན་ཏན་གྲགས་པ་བཟང་པོ་ཅན། །བསྟན་པའི་གསལ་བྱེད་ཡུན་དུ་གནས་གྱུར་ཅིག །ལུང་རིག་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་སྤོབས་བཞིན་གསལ་བར་བྱས་པ་དེས། །མ་ལུས་འགྲོ་ཀུན་ཐར་པའི་ལམ་བགྲོད་དེ། །དཔལ་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དམ་པ་ཁྱེད་དང་མཇལ་བར་སྤྲོ་ན་ཡང་། །དུས་དང་གནས་ཀྱིས་ཅུང་ཟད་བསྐལ་པར་གྱུར། །ཕྱི་དུས་ཡོན་ཏན་འབྱོར་པས་ཡོངས་གང་བའི། །དག་པའི་ཞིང་དུ་ལྷན་ཅིག་མཇལ་བར་སྨོན། །དམ་པ་ཁྱེད་ཀྱིས་དྲིས་པའི་ལན་འདི་ནི། །རྟོགས་དཀའི་གནས་ཏེ་འོན་ཀྱང་ཆ་ཤས་ཙམ། །ཇི་ལྟར་ནུས་ཤིང་(༧༤)ཁོ་བོས་ངེས་པའི་གནས། །ཡི་གེར་བཀོད་ནས་ཕྱག་ཏུ་གུས་པས་འབུལ། །སེམས་དང་ཡེ་ཤེས་བརྟགས་པའི་མན་ངག་ཅེས་བྱ་བ། གངས་རི་ཐོད་དཀར་ནས་ཆོས་སྨྲ་བའི་བསམ་གཏན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། སློབ་དཔོན་ཆོས་གྲགས་བཟང་པོའི་ཕྱག་ཏུ་ཕུལ་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པར་མངའ་དབང་འབྱོར་ཞིང་། འགྲོ་བ་ཐམས་ཅད་ཀྱི་དཀར་པོ་རྣམ་པར་འཕེལ་བས་ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་འབད་པ་མེད་པར་ཕྱིན་པར་གྱུར་ཅིག། །།སརྦ་མངྒ་ལཾ། དགེའོ། །དགེའོ།། །།