གདམས་ངག་མཛོད་པོད་དང་པོ།
རྫོགས་པ་ཆེན་པོ་ཀློང་སྡེའི་སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་སྒོམ་ཁྲིད་ཀྱི་ལག་ལེན།


LT10,Page_209A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཀློང་སྡེའི་སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་སྒོམ་ཁྲིད་ཀྱི་ལག་ལེན་བཞུགས་སོ། །འོ་ལ་ཇོ་སྲས་ཀྱི་བཅུད་རྒྱ་སྒོམ་གྱི་སྣོད་དུ་བླུགས་པ།


LT10,Page_209B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཧེ་རུ་ཀ་དང་ནི། །བཀའ་སྲུང་མཁའ་འགྲོར་བཅས་རྣམས་ལ། །རབ་ཏུ་གུས་པས་ཕྱག་འཚལ་ནས། །དམ་པའི་གསུང་བཞིན་མ་ནོར་བྲི། །དེ་ལ་རྣལ་འབྱོར་པ་བླ་མ་ལ་གུས་ཤིང་བྱིན་རླབས་ཀྱི་རྒྱུད་སྨིན་ཅིང་གདམས་པ་ཐོབ་ནས་འཇིག་རྟེན་གྱི་བྱ་བ་ལ་མི་དགའ་ཞིང་། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་འདོད་པའི་རྟེན་གྱི་གང་ཟག་གིས་གནས་ཡིད་དང་མཐུན་ཅིང་དབེན་པའི་གནས་སུ་འདུག་ནས། དེ་ལ་དང་པོ་མི་སྐྱེ་བ་སྐྱེ་བར་བྱེད་པའི་གནད་ནི། སྒོམ་ཐག་བཏབ་པ་རྐྱང་ཁྲུ་གང་དང་སོར་བཞིའོ། །སྒོམ་རྟེན་ལའང་ཚད་དེ་ཙམ་ཞིག་གོ །འདུག་སྟངས་ལ་སྔ་དྲོ་ཁ་ནུབ་བལྟ། པུས་མོ་གཡོན་པ་ས་ལ་དབབ། །གཡས་པ་བསྒྲེང་བའི་པུས་མོ་ཁར་སྒོམ་ཐག་འཁྱུད། སྒོམ་རྟེན་གཞོག་གཡོན་ངོས་ཀྱི་སྟ་ཟུར་ངོས་ནས་ལག་པ་གཉིས་ཀྱི་བཟུང་བར་བྱའོ། །དགོངས་མོ་ཁ་ཤར་དུ་བལྟ། པུས་མོ་གཡས་པ་ས་ལ་དབབ། །གཡོན་པ་བསྒྲེང་བའི་པུས་མོ་ཁར་སྒོམ་ཐག་འཁྱུད། སྒོམ་རྟེན་གཡས་ངོས་ཀྱི་ལྟ་ཟུར་ལ་ལྟའོ། །ཉིན་གུང་ལ་དུས་ཀྱི་གནད་མི་འོང་བས་མི་སྒོམ་གསུངས། གཉིས་པ་སྐྱེས་པ་བརྟན་པར་བྱེད་པའི་གནད་ནི། བརྡ་གཉིས་ཀྱི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། །དུས་ཀྱི་བརྡ་དང་། གནད་ཀྱི་བརྡའོ། །དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་སྟོན་པས་ད་རེས་འདིར་མི་སྟོན། འོ་ན་དེར་སྟོན་ཡང་བཤད་ན་ཇི་ལྟ་བུ་གཅིག་ཡིན་ན། རྒྱུད་མཱུ་ལ་ཏནྟྲ་ནས། དུས་ཀྱི་བརྡ་ནི་ཤེས་བྱས་ནས། །གནད་ཀྱི་བརྡ་ནི་ཡོངས་གྱུར་ནས། །ཡོངས་གྱུར་གཉིས་ལ་མི་གནས་ཏེ། །ཞེས་བཤད་དོ། །དེ་ལ་དུས་ཀྱི་བརྡ་ནི་རླུང་ཨ་བ་དྷཱུ་ཏིར་ཚུད་པའི་དུས་སོ། །ཨ་བ་དྷཱུ་ཏི་ལ་ལྔ་ཡོད་དེ། སྤྱི་བོ་གཙུག་ཏོར་གྱི་ཨ་བ་དྷཱུ་ཏི། མགྲིན་པ་ལོངས་སྤྱོད་ཀྱི་ཨ་བ་དྷཱུ་ཏི། སྙིང་ག་ཤེས་རབ་ཀྱི་ཨ་བ་དྷཱུ་ཏི། ལྟེ་བ་སྤྲུལ་


LT10,Page_210A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཨ་བ་དྷཱུ་ཏི། གསང་བ་བདེ་ཆེན་གྱི་ཨ་བ་དྷཱུ་ཏི་དང་ལྔ་ཡོད་པ་དེ་རྣམས་གང་དུ་ཚུད་ཀྱང་འདྲ་སྟེ། དེའི་རྟགས་སུ་རླུང་སྣ་བུག་གཡོན་ནས་རྒྱུའོ། །དེའི་དུས་སུ་གནད་ཀྱི་བརྡ་བཞིས་ཉམས་སུ་བླང་བ་ནི། །དང་པོ་གསལ་བའི་གནད་ཀྱི་བརྡ་ནི། །དབང་པོ་མ་བཀག་སྟེ། དེ་ཡང་སྣའི་རྩེ་མོ་མཐོ་གང་ཙམ་གྱི་ཐད་ཀར་བལྟས་ཏེ་དབང་པོ་མ་བཀག་པར་བཞག་གོ །དེས་རྒྱུད་ལ་ཇི་ལྟ་བུ་ཅིག་འཆར་ན་སེམས་ཉིད་རང་གིས་ངོ་བོ་རང་གསལ་བ་ཞིག་འོང་། དེའང་དྲན་པ་དང་བཅས་པའི་གསལ་བ་དང་། །དྲན་མེད་གཉིས་ལས། འདི་དྲན་མེད་ཀྱི་གསལ་བ་ཡིན། དེ་ལ་མིང་འདོགས་གསལ་བ་ཟེར་བ་ཡིན། གཉིས་པ་མི་རྟོག་པའི་གནད་ཀྱི་བརྡ་ནི། དབང་པོ་མ་གཡོས་པར་མིག་གི་འབྲས་བུ་མི་གཡོ་མི་འགུལ་བར་རྩེན་ལ་བཞག་པ་ཡིན། དེ་ལ་རྒྱུད་ལ་ཇི་ལྟར་དུ་འཆར་ན། སེམས་ཉིད་རང་གི་ངོ་བོ་རང་གསལ་བ་སོལ་ལེ་བ་བློའི་རྟོག་པ་ཅི་ཡང་མི་རྒྱུ་བ་གཅིག་ཡོད། དེ་ནི་གསལ་བ་ལ་སྟོང་བས་རྒྱས་ཐེབ་པ་ཞེས་བྱའོ། །གསུམ་པ་བདེ་བའི་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་ཅིང་མ་གཡོས་པས་ཀྱང་འོག་རླུང་རང་བཞིན་གྱིས་ཟིན། ཨ་ལོང་ཁ་རང་བཞིན་གྱིས་བཙུམ་གྱིས་འགྲོ། འོག་རླུང་ཅུང་ཞིག་འཐེན་ཡང་འཐེན་ནོ། །དེས་ཡོང་དུ་མི་མངོན་པའི་བདེ་བ་ཅིག་སྐྱེའོ། །བཞི་པ་དབྱེར་མི་ཕྱེད་ཀྱི་བརྡ་ནི། ལྕེའི་རྩེ་མོ་གང་ལའང་མི་རེག་པར་བཞག་གོ །དེ་ཡང་བཤད་པ་སྔ་ཕྱིར་བྱུང་ཡང་ཉམས་སུ་ལེན་པའི་དུས་སུ་འོག་རླུང་ཅུང་ཟད་འཐེན། ལྕེ་རྩེ་གང་ལའང་མ་རེག་པ་དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པར་བཞག་གོ །དེས་བདེ་བ་གསལ་བ་མི་རྟོག་པ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པ་ཙམ་གྱིས་མཐའ་ཡང་མི་གནས་པ་བཞི་རྒྱུད་ལ་འཆར་རོ། །དེའང་གསལ་བའི་གནད་ཀྱི་བརྡ་དེ་དབང་པོ་མ་


LT10,Page_210B
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་ཡིན། མི་རྟོག་པའི་གནད་ཀྱི་བརྡ་དབང་པོ་མ་གཡོས་པ་ཡིན། བདེ་བའི་གནད་ཀྱི་བརྡ་འོག་རླུང་ཟིན་པ་ཡིན། དབྱེར་མི་ཕྱེད་ཀྱི་གནད་ཀྱི་བརྡ་ལྕེ་རྩེ་གང་ལའང་མ་རེག་པ་ཡིན་ནོ། །དེའང་གནད་ཀྱི་བརྡ་དང་པོས་གསལ་བ་གཅིག་འབྱུང་བདེ་དྲན་མེད་ཀྱི་གསལ་བ་དེ་ཡིན་ཏེ། རང་བཞིན་གྱིས་གསལ་བ་ཡིན། སེམས་ཉིད་རང་གི་ངོ་བོ་རང་གསལ་བ་ཡིན། དེ་ལ་འོད་གསལ་ཟེར་བ་ཡིན་ནོ། །གནད་ཀྱི་བརྡ་གཉིས་པས་རྣམ་རྟོག་རྒྱུ་འཕྲོ་སད་ཆད་ནས་ཅིའང་ཡིད་ལ་མི་རྒྱུ་བ། ཅིར་ཡང་མི་རྟོག་པ། དྲན་མེད་ཅིག་འོང་སྟེ་དེ་ལ་མི་རྟོག་པ་ཟེར་བ་ཡིན། མི་རྟོག་པ་དེ་རང་གི་སེམས་དག་པ་ཡིན། བླ་མས་བསྟན་པས་ཆོས་ཉིད་རྣམ་པར་དག་པ་བྱ་བ་ཡིན། དེ་ལ་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཟེར་པ་ཡིན། གནད་ཀྱི་བརྡ་གསུམ་པས་ལུས་སེམས་བྲལ་ནས་ཡོད་དུ་མི་མངོན་པའི་བདེ་བ་ཞིག་འབྱུང་སྟེ། དེ་ལ་ཟག་པ་མེད་པའི་བདེ་བ་བྱ་བ་ཡིན། དེ་ལ་སྟོང་པའི་རོ་བདེ་བར་ཤར་བ་ཟེར་བ་ཡིན་ནོ། །གནད་ཀྱི་བརྡ་བཞི་པས་བདེ་བ་གསལ་བ་མི་རྟོག་པ་གསུམ་པོ་དེ་དབྱེར་མི་ཕྱེད་པ་ཅིག་འབྱུང་བ་ཡིན་ནོ། །དེའང་རྒྱ་གང་དུའང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བའོ། །དེ་གསུམ་ངོ་བོ་གཅིག་ཏུ་འདུས་པའོ། །འབྲས་བུའི་དུས་སུ་ཡང་རིམ་པས་སྐུ་བཞི་འབྱུང་བའོ། །མིག་སྣ་རྩེར་གཏད་པ་ནི་དུས་འཁོར་ནས། །མུ་སྟེགས་ཚངས་གནས་གྱེན་དུ་བལྟ། །ཞི་བ་པོ་ནི་ཐུར་དུ་བལྟ། །ཁྲོ་བོའི་ལྟ་སྟངས་ཐད་ཀར་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་དོ། །དབང་བོའི་སྒོ་མ་བཀག་པ་ནི་རྫོགས་ཆེན་ལས། མིག་མ་བཙུམ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། །ཅེས་བཤད་དོ། །དབང་པོ་མ་གཡོས་པ་ནི་དུས་འཁོར་ནས། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་སོ། །དེ་ལ་གསུམ།


LT10,Page_211A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྲིད་པའི་སྲིད་པ། ཇི་སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པའོ། །དང་པོ་ནི། སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་གསུམ་ག་ཡིད་ལ་མི་འགྱུ་བ་ཞིག་འོང་། གཉིས་པ་ནི་རྟོག་པ་གཅིག་ཤར་ནས་གཅིག་འགག་པས་གཉིས་པ་ཡིད་ལ་མི་བྱེད་པ་ཞིག་འོང་། གསུམ་པ་ནི་བདེའོ་སྙམ་བའམ་མི་རྟོག་གོ་སྙམ་པའམ་དབྱེར་མི་བྱེད་དོ་སྙམ་པའང་ཡིད་ལ་མི་བྱེད་པ་ཞིག་འོང་། འོག་རླུང་ཅུང་ཟད་འཐེན་པས་ལུས་སེམས་བྲལ་ནས་ཟག་པ་མེད་པའི་བདེ་བ་ཞིག་སྐྱེ། དེའི་ལུང་ཡང་ཕར་ཕྱིན་བྱམས་ཞུས་ལེའུ་ནས། གང་ལུས་ཡོད་དུ་མ་ཚོར་བའི་བདེ་བ་དེ་ནི་ཟག་པ་མེད་པའི་བདེ་བའོ། །བླ་ན་མེད་པའི་བདེ་བའོ། །བདེ་བ་ཆེན་པོའོ། །ཞེས་བཤད་དོ། །ལྕེ་རྩེ་རྐན་ལ་མ་རེག་པར་བཞག་པས་བདེ་བ་གསལ་བ་མི་རྟོག་པ་གསུམ་དབྱེར་མི་ཕྱེད་པ་ཞིག་རྒྱུད་ལ་སྐྱེའོ། །དེའི་ལུང་འཇམ་དཔལ་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་གསུངས་སོ། །བརྟེན་པ་གོང་ནས་གོང་དུ་བོགས་འབྱིན་པར་བྱེད་པ་ནི། སྒོམ་གྱི་སྐྱོན་སེལ་བར་བྱེད་པ་ཡིན། སེམས་ཉིད་དང་ཆོས་ཉིད་ལ་སྐྱོན་མི་འོང་ཀྱང་། ལུས་འབྱུང་བཞི་ལས་གྲུབ་པས་འབྱུང་བཞི་ཆ་མ་སྙོམས་ན་ལུས་ལ་ནད་འོང་། ཏིང་ངེ་འཛིན་མི་སྐྱེ། དེའང་ས་ཤས་ཆེ་ན་ལུས་ལྕི་རྒྱུ་བ་ངན་གཉིད་ཆེ་ཉལ་སྙིང་འདོད། གཏམ་སྨྲ་སྙིང་མི་འདོད། རླུང་ཤས་ཆེ་ན་འགྲོ་བ་དང་སྨྲ་བ་ལ་དགའ། ཤེས་པ་འཕྲོ། ཆུ་ཤས་ཆེ་ན་བྱིང་འཐིབ་དྲན་པ་མེད་པར་གཉིད་དུ་འགྲོ། མེ་ཤས་ཆེ་ན་རྒོད་པ་དང་འཕྲོའོ། །དེ་ཚོ་གང་ཤས་ཆེ་ཡང་བསྒོམ་མི་འོང་བས། རླུང་ཤས་ཆེ་ན་སྔ་དྲོ་རླུང་གི་དུས་སུ་ས་བསྒོམ་ཏེ། རྐང་པ་མཐེ་བོ་གཅིག་ཐོག་ཏུ་གཅིག་བཞག་སྟེ་ལག་པ་གཉིས་དཔུང་པ་ལ་འཁྱུད། ལག་པའི་མཐེབ་ཆེན་གཉིས་ཀྱི་དཔུང་པའི་ནར་རྩ་གཉིས་མནན་ཏེ་གྲུ་མོ་པུས་མོ་ལ་


LT10,Page_211B
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་མགོ་མར་རྒུའོ། །དེས་ལུས་གྲུ་གུ་ལྟར་འདྲིལ་ལོ། །ལྟ་སྟངས་ནི་ཐུར་ལ་བལྟ་སྟེ་ལྟེ་བ་ནས་ས་སེར་པོའམ། ཡང་ན་ཐིག་ལེ་སེར་པོ་གཅིག་ལ་གཏད་དོ། རླུང་ཤས་ཆུང་ན་ཐུན་གཅིག་གིས་ཆོག་སྟེ་ཏིང་ངེ་འཛིན་སྐྱེའོ། །ཕྱི་གྲོ་ཆུའི་དུས་སུ་མེ་སྒོམ་པ་ནི། འདུག་སྟངས་རྐང་པ་བརྐྱང་པ་ལས་གར་བདེ་བྱ། ལག་པའང་དེ་དང་འདྲའོ། །སྟོད་ཕུད་སྨད་དགབ་འཇིད་པ་བསྒྲེད་དོ། །ལྟ་སྟངས་གྱེན་ལ་བལྟ། རིག་པ་སྤྱི་བོ་ན་ཡར་ཟང་ཟང་ཐོན། རང་གི་སྤྱི་བོ་ནས་ཁྲུ་གང་གི་སར་རཾ་མམ་ཐིག་ལེ་དམར་པོ་ལ་སེམས་གཏད་དེ་བསྒོམ་མོ། །ལན་བདུན་བྱའོ། །དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། །སྲོད་ལ་མེའི་དུས་སུ་ཆུ་བསྒོམ་པ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་བྱ། ལྟ་སྟངས་ནི་རི་ཐང་མཚམས་པས་མགྲོག་བལྟ། ལྟེ་བར་ཆུའི་ཡི་གེ་བཾ་ལ་གཏད། དེ་བས་ཀྱང་ཤེས་པ་རང་སོར་བཞག་གསུངས་སོ། །དེས་ཀྱང་སྐྱོན་ལས་གྲོལ་ནས་ཏིང་ངེ་འཛིན་སྐྱེའོ། །ནམ་ཕྱེད་ཡོལ་ནས་ཉི་མ་ཤར་བའི་བར་སའི་དུས་སུ་རླུང་བསྒོམ་པ་ནི། རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་བྱ། ལྟ་སྟངས་ཐད་ཀར་བལྟའོ། །རང་གི་ལྟེ་བའི་ཐད་ཀར་ཡི་གེ་ཡཾ་ལྗང་ཁུའམ་ཐིག་ལེ་ལྗང་ཁུ་ལ་སེམས་གཏད་ལ་བསྒོམ་མོ། །དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། །ཀུན་གྱི་གེགས་སེལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། སྙིང་ཁའམ་ལྟེ་བར་ༀ་ཁ་དོག་ལྔ་པ་བསྒོམ། རླུང་ཐུབ་ཚད་བཟུང་ངོ་། །དེ་ལྟར་ལྟ་སྒོམ་གྱི་སྐྱོན་བསལ་ཞིང་བསྒོམ་པས་ཉམས་རྣམ་པ་གསུམ་འཆར་ཏེ། སྒོམ་ཉམས་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས་ཤར་བའི་དུས་སུ་ནགས་ལ་མེ་མཆེད་པ་དང་འདྲ། དཔེར་ན་ནགས་མེ་མཆེད་པ་དེ་དང་པོ་ཆུང་ངུ་ལས་ཇེ་ཆེ་ཇེ་ཆེར་ནགས་ཐམས་ཅད་ལ་མེ་འབར། དེ་ནས་དེ་ཇེ་ཆུང་ཇེ་ཆུང་ལ་ཐ་མ་རང་ཞི་ནས་མེད་ནས་འགྲོ། དེ་བཞིན་དུ་རྟགས་ལྔ་པོ་ཡང་དང་པོ་ཆུང་ངུ་ལས་ཇེ་ཆེར་འགྲོ། དེ་ནས་


LT10,Page_212A
[མ་དཔེ་གཟིགས་ན་འདིར་གནོན།]

ཇེ་མེད་ལ་ཐ་མ་ཡལ་ནས་འགྲོ། དེ་ཡང་སྒོམ་གྱི་སྐྱོན་བསལ་ཞིང་བརྡ་གཉིས་ཀྱི་སྒོ་ནས་བསྒོམ་པས་ལས་དང་པོ་པ་ལ་ཆོས་ཉིད་ཡད་ཡུད་བྲང་ཕྲེང་ཙམ་འབྱུང་། རྗེས་ལ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། སྒྱུ་མ་ལྟ་བུར་གྱུར། མདོ་ལས་ཀྱང་། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒྱུ་མ་ལྟ་བུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ནའང་སྒྱུ་མ་ལྟ་བུའོ། །ཞེས་བཤད་དོ། །དེའང་ཡུན་རིང་དུ་བསྒོམས་པས་རྗེས་ལ་འབར་བ་ལྟ་བུའི་རྟགས་འཆར། དེ་ཡང་ཁ་དོག་ལ་ངེས་པ་མེད་དེ་དཀར་པོ་ལྟ་བུ་གཅིག་ལ་མཚོན་ན་དཀར་པོ་ཆུང་ངུ་ལ་དཀར་བྲེངས་པའམ་དཀར་ཀྱུག་ལ་དཀར་དཀོར་བ་ལྟ་བུ་གཅིག་འབྱུང་ངོ། །དེ་ཇེ་ཆེ་ཇེ་ཆེ་ལ་མེ་ལོང་ཙམ་ཕུབ་ཙམ་ཡུལ་ཙམ། འཇུག་ཏུ་ཡུལ་ཁམས་ཐམས་ཅད་དཀར་ཡལ་དཀར་པོ་འབའ་ཞིག་ཏུ་འགྱུར་རོ། །དེ་ཡུན་རིང་དུ་འབྱུང་ངོ་། །དེ་ནས་ཡང་དེ་ཡལ་ནས་འགྲོ། ཁ་དོག་བཞི་ཀ་ཡང་དེ་དང་འདྲའོ། །དེ་ནས་ཟླ་བ་ལྟ་བུའི་རྟགས་འཆར་ཏེ། དང་པོ་མེ་ལོང་ཙམ་དེ་ནས་ཕུབ་ཙམ་དེ་ནས་ཡུལ་ཁམས་ཐམས་ཅད་ཟླ་བ་གསལ་པོ་ལྟ་བུའོ། །དེ་ནས་ཉི་མ་ལྟ་བུའི་རྟགས་འཆར་ལུགས་གང་དང་འདྲའོ། །འདིའི་དུས་སུ་ཉིན་མཚན་བྱེ་བྲག་མི་ཕྱེད་པ་འོང་། འདི་ནས་རང་གི་ལུས་ལ་གྲིབ་མ་མི་འབྱུང་ངོ་། །དེ་ནས་སྤྲུལ་པ་སྐུའི་ཞལ་མཐོང་བ་འབྱུང་ཏེ། དང་པོ་རང་གི་ཡི་དམ་གང་ཡིན་པ་གཅིག་ཞལ་མཐོང་། རྗེས་ཤེས་ལ་ཡང་དང་ཡང་དུ་མཐོང་ངོ་། །དེ་ནས་འཇུག་ཏུ་སྣང་བའི་དངོས་པོ་འདི་ཐམས་ཅད་ཡི་དམ་དུ་འཆར་ཏེ། དེ་ཡང་དངོས་པོ་ཆེ་བ་དང་སྦོམ་པ་ཐམས་ཅད་ཡི་དམ་ཆེ་བ་དང་སྦོམ་པ། ཆུང་བ་དང་ཕྲ་བ་ཐམས་ཅད་ཡི་དམ་ཆུང་བ་དང་ཕྲ་བར་འགྱུར་རོ། །དེ་ཡུན་རིང་དུ་གནས། དེ་ཡང་ཡལ་དག་ནས་འགྲོའོ། །འདིའི་དུས་སུ་གཟུང་བ་ལ་རང་


LT10,Page_212B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་རྟོགས་སོ། །དེ་ནས་ལོངས་སྐུའི་ཞལ་མཐོང་བ་ནི་རྗེས་ཤེས་བར་སྣང་ཐམས་ཅད་ཡི་དམ་གྱི་ཁེངས་པ་འབྱུང་སྟེ། འདིའི་དུས་སུ་ནད་ཞི་བ་ལ་སོགས་པ་སྨོན་ལམ་ཅི་བཏབ་འགྲུབ་བོ། །དེའི་དུས་སུ་འཛིན་པ་ལ་རང་བཞིན་མེད་པར་རྟོགས་སོ། །རྟགས་དེ་རྣམས་བྱུང་བ་དང་མ་བྱུང་བ་ལ་དགའ་བ་དང་མི་དགའ་བ་མི་བྱའོ། །དེ་ནས་རྗེས་ཐོབ་ལ་དུ་མ་རོ་གཅིག་སྟོང་པ་ཉིད་ཀྱི་ཉམས་འཆར་ཏེ། དེའང་ཕྱིའི་ཡུལ་དྲུག་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་གྱུར། ལུང་ལས། གཟུགས་སྟོང་པ་ཉིད་དོ་ལ་སོགས་པ་གསུངས་སོ། །ནང་གི་སེམས་ལྔ་སྟོང་པ་ཉིད་དུ་གྱུར། འདོད་ཆགས་ལ་སོགས་པ་ལྔ་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་གྱུར། ལུང་ལས། འདོད་ཆགས་སྟོང་པ་ཉིད་ལ་སོགས་པ་གསུངས་སོ། དཔེ་ནི་མཚོ་ལ་ཁ་བ་བབས་པ་ལྟ་བུའོ། །དེའི་དུས་ན་མངོན་པར་ཤེས་པ་ལྔ་འབྱུང་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་ས་འོག་ས་སྟེང་ས་བླ་རྣམ་པ་གསུམ་མཐོང་བའོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ས་འོག་ས་སྟེང་ས་བླ་གསུམ་གྱི་ཤིག་གི་སྐད་ཚུན་ཆད་ཐོས་པའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་སེམས་ལ་ཅི་འགྱུས་ཤེས་པའོ། །འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ནི། གཞན་ཅིས་འཆི། ནམ་འཆི། འཆི་ལུགས་པེཇི་ལྟར་འཆི། ཤི་ནས་གང་དུ་སྐྱེ་ཤེས་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ལུས་ཤིང་བལ་ལྟར་ཡངས་པ། ས་ལ་བྱི་བ་ལྟར་འཛུལ་བ། ནམ་མཁའ་ལ་འཕུར་ཤེས་པ། ཆུ་ལ་བྱིངས་བ་མེད་པར་འགྲོ་བ། ལུས་ཀྱི་བཀོད་པ་དུ་མར་སྤྲུལ་ནུས་པའོ། །ལུང་ཡང་ཕར་ཕྱིན་ལས། ནམ་མཁའ་ལ་འཕུར་ཤེས་ཏེ་བྱ་བཞིན་ནོ། །ཆུ་ལ་མི་བྱིངས་ཏེ་ས་ལ་བྱི་བ་བཞིན་ནོ། །ས་ལ་འཛུལ་ཏེ་ཆུ་ལ་ཉ་བཞིན་ནོ། །སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་ཏུ་སྤྲུལ་ནས་མང་པོ་འགྱེད་པ་དང་། མང་པོར་སྤྲུལ་ནས་གཅིག་ཏུ་


LT10,Page_213A
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུད་པའོ། །ཞེས་གསུངས་སོ། །དེ་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་འཆར་ཏེ། བརྡ་གཉིས་ལམ་ལྟོས་པར་མཉམ་གཞག་རྗེས་ཐོབ་མེད། སེམས་ཉིད་ཆོས་ཉིད་དུ་དག །དཔེར་ན་ནམ་མཁའ་དག་པ་ལ་ཉི་མ་ཤར་བ་ལྟ་བུ་སྟེ། སེམས་ཉིད་གཉིས་འཛིན་གྱི་མཐའ་ལས་གྲོལ་བའོ། །གདམས་ངག་རྒྱལ་པོ་རྣ་བརྒྱུད་ཀྱི། །སྒོམ་ཁྲིད་བླ་མའི་གསུང་བཞིན་བཀོད། །དགེ་རྩ་སེམས་ཅན་དོན་དུ་ནི། །སེམས་ཉིད་ངང་ལ་གནས་གྱུར་ཤོག །སྒོམ་ཁྲིད་ཡི་གེ་བླ་མའི་གསུང་བཞིན་དུ་བྲིས་པ་ལགས་སོ། །འཛེང་བན་རྣམ་གཉིས་ལ། བཛྲ་སཾ་ཀི་རྟིས་ཞུས། དེ་ལ་སྔགས་འཆང་འོ་ལ་ཇོ་སྲས་ཀྱིས་ཞུས། དེ་ལ་བདག་རྒྱ་སྒོམ་གྱིས་ཞུས་སོ། །མངྒ་ལམ།། །།སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད་བཞུགས་སོ། །ཡེ་ནས་ལྷག་པའི་ཆོས་སྐུ་ཆེན་པོ་ནི། །གང་གིས་མངོན་དུ་མཛད་པ་ཀུ་མཱ་ར། །བླ་མ་དམ་པའི་ཞབས་ཀྱི་པདྨ་ལ། །ཡན་ལག་མཆོག་གི་གུས་པས་ཕྱག་འཚལ་ལོ། །གང་གི་ཞལ་ལས་འོངས་པའི་སྙན་བརྒྱུད་ནི། །ཡི་གེ་བྲི་བར་བྱ་བ་མིན་ནའང་། །དྲན་པའི་ངལ་བ་ཅུང་ཟད་གསོ་ཕྱིར་དུ། །ཟིན་བྲིས་འདི་བརྗོད་མཁའ་འགྲོས་བཟོད་མཛོད་ཅིག །དེ་ལ་རྫོགས་པ་ཆེན་པོ་ཆོས་སྐོར་ལ། །སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་ལས། ཕྱག་ཆེན་ཞི་བྱེད་སོགས་སེམས་སྡེ་དང་མཐུན། སྙན་བརྒྱུད་རྡོ་རྗེ་ཟམ་པ་ཀློང་སྡེ་ཡིན་ཡང་སྡེ་གསུམ་ཀར་བཞག་གོ །དེ་ཡང་རྡོ་རྗེ་ཟམ་པ་ཅེས་པ། རྡོ་རྗེ་སྔགས་ཀྱི་ཁྱད་ཆོས་ཡིན་ཏེ། སློབ་དཔོན་ལ་རྡོ་རྗེའི་སློབ་དཔོན་དང་། སློབ་མ་ལ་རྡོ་རྗེའི་སློབ་མ། ཆོས་ལའང་རྡོ་རྗེའི་ཚིག་སོགས་ཀྱིས་བཏགས་པ་བཞིན་ནོ། །ཟམ་པ་ཅེས་པ་ནི། སེམས་སྡེ་དང་མན་ངག་གི་སྡེ་གཉིས་ཀློང་སྡེས་སྤྲེལ་བས་ཟམ་པ་ཅེས་བྱ་བའམ། ད་ལྟར་གྱི་ལུས་འདི་མ་སྤངས་བར་


LT10,Page_213B
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ལུས་སུ་སྒྱུར་ཐུབ་པས་ལུས་གཉིས་སྤྲེལ་བས་ཟམ་པ་ཅེས་ཀྱང་བྱར་རུང་ངོ་། །དེ་ལྟ་བུའི་སྙན་བརྒྱུད་ཉམས་སུ་ལེན་པ་ལ། བསྒོམ་དོན་སེམས་ལ་བཀོད་པ། སྒོམ་ཁྲིད་ལག་ཏུ་བླངས་པ། སྒོམ་འབྲས་ཚད་ལ་དབབ་པ་དང་གསུམ། དང་པོ་ནི། འདིར་ཟབ་གསལ་གཉིས་མེད་གཅིག་ཏུ་བསྟན་པས། ཆོས་ཐམས་ཅད་གཏན་ལ་ཕེབས་པ་དབང་པོ་ཤིན་ཏུ་རྣོན་པོའི་ཆོས་ཡིན་ཅིང་། དེ་ཡང་དང་པོར་ལྷག་མཐོང་སྟོན་པ་ཡིན་ཏེ། ད་ལྟར་གྱི་སེམས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བར་བསྒོམ་པས་སྣང་བ་སྣ་ཚོགས་སུ་འཆར་བ་འདི་ལོངས་སྤྲུལ་དང་། ངོ་བོ་ཉིད་ཀྱི་སྐུར་འགྱུར་བ་བཤད་པའི་གོ་དོན་སེམས་ལ་བཀོད་པའོ། །གཉིས་པ་ལ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་། དག་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་བྱ་བ། སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས། གྲོལ་བ་མཐར་ཕྱིན་པར་བྱེད་པ་རྡོ་རྗེའི་ཚིག་ལམ་དང་བཞི། དང་པོ་ལ་ཕྱི་རྒྱ་མཚོ་ཁྲུས་ཀྱི་ལུང་དང་། ནང་རྒྱ་མཚོ་ཁྲུས་ཀྱི་ལུང་གཉིས། དང་པོ་ནི། ཐོ་རངས་ལངས་ཟིན་པ་དང་དྲི་བཟང་གི་ཆུ་ལ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཡཾ་ཤུདྡྷེ་ཤུདྡྷེ། ཨེ་རཾ་བཾ་དྷ་ར་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ༀ་ཤྲཱི་བཛྲ་མ་ཧཱ་ཧེ་རུ་ཀ་།བཛྲ་ཀྲོ་དྷ་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཅེས་པ་ཉི་ཤུ་རྩ་གཅིག་བཏབ་ལ་ཁྲུས་བྱ། དྲི་ཆུ་བར་པ་ནས་ཀྱང་ཁྲུས་དང་ཅུང་ཞིག་འཐུང་ངོ་། །དེ་ལྟར་བྱས་པས་དྲི་མ་དག །ལུས་ཤེལ་སྒང་ལྟར་གསལ་སིང་སོང་བར་བསམ། ནང་རྒྱ་མཚོ་ཁྲུས་ཀྱི་ལུང་ནི། དབང་གི་སྐབས་སུ་བུམ་ཆུས་ཁྲུས་བྱེད་པའོ། །གཉིས་པ་སྒོ་གསུམ་ལས་ཀྱི་བྱ་བ་ལ། ལུས་ལྷར་བསྒོམ། ངག་སྔགས་བཟླ། སེམས་སྤྲོས་བྲལ་དུ་འཇོག་པ་དང་གསུམ་ལས། དང་པོ་ནི། འོག །རྩ་བའི་ཡིག་ཆུང་ལས་དྲི་ཆུ་བར་བའི་ཁྲུས་ལ་ནང་རྒྱ་མཚོ་ཁྲུས་ཀྱི་ལུང་དུ་གསུངས་ཤིང་། སྤྱིར་འདི་ལ་ཡིག་ཆ་རྒྱས་པ་ཟུར་དུ་ཡོད་དོ། །


LT10,Page_214A
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ས་གཞི། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཟླ་བ་དང་ཉི་མ། དེའི་སྟེང་དུ་རང་སྐད་ཅིག་གིས་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ། སྐུ་མདོག་སྨུག་ནག་ཁྲོ་ཆགས་ཀྱི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དཔུང་པའི་ཐད་དུ་འཛིན་པ། གཡོན་ཡུམ་སྭ་ཏི་བཛྲ་ལ་འཁྱུད་ནས་དངུལ་དཀར་གྱི་དྲིལ་བུ་བསྣམས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རྒྱན་ཆ་སྣ་ཚོགས་པས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལྷོད་པ་བྱས་པ། ཡུམ་ཡང་སྐུ་མདོག་སྨུག་ནག་ཕྱག་གཡས་པས་ཡབ་ཀྱི་གཡོན་ཕྱོགས་ནས་འཁྱུད་ཅིང་གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པའི་ཚུལ་གྱིས་འཛིན་ཅིང་ཞབས་སེམས་སྐྱིལ་ལམ། འཁྱུད་པ་གང་རུང་བྱ། རྒྱན་གཙོ་བོ་དང་མཐུན་པའོ། །རང་མངོན་རྫོགས་རྒྱལ་པོར་གསལ་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་པད་འདབས་ཀྱི་ཟེའུ་འབྲུའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ངམ། བཾ་ཡིག་སྨུག་ནག་གམ། སྔོན་པོ་གང་རུང་བསྒོམ། དེའི་མཐའ་ནང་བསྐོར་དུ་རྫོགས་རིམ་གྱི་སྔགས། མདུན་དུ་ཨ། གཡས་སུ་ཧ། རྒྱབ་ཏུ་ཧོ། གཡོན་དུ་ཡི། བཞི་པོ་སྟན་ལ་ཁབ་བཙུགས་པ་བཞིན་ལངས་ཐབས་སུ་ཡོད་པ་ཀློག་པའི་ཚུལ་གྱིས་ཅི་ནུས་བཟླས། དེའི་མཐའ་བསྐོར་དུ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཅེས་པ་བསྐྱེད་རིམ་གྱི་སྔགས་ཡིན་པས་གང་བཞིན་ཀློག །ཡི་གེ་རྣམས་འོད་ཀྱི་གང་བུར་གསལ་བ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། གང་གི་དྲིན་གྱི་དང་། སངས་རྒྱས་ཀུན་གྱི་དང་། ཇི་སྙེད་སུ་དག་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ་བའི་བར་དང་། བརྒྱུད་པའི་གསོལ་འདེབས་དང་། མཎྜལ་རྣམས་བྱའོ། །ཐུན་འཇོག་


LT10,Page_214B
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་སྙིང་གའི་ཧཱུྃ་ལས་འོད་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། ནང་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་གསེར་གྱི་ས་གཞི་ལ། དེ་པདྨ་ལ། དེ་ཟླ་བ་ལ། དེ་ཉི་མ་ལ། ཡུམ་ཡབ་ལ། ཐོད་སྐམ་ཕྱག་མཚན་རྣམས་སྐུ་ལ། སྐུ་ཡང་སྟོད་ནས་མར། མས་ནས་ཡར་ཐིམ་པས་ཉི་མའི་དཀྱིལ་འཁོར་ལ། དེ་ཡང་ཧཱུྃ་ལ། དེ་ཡང་ཞབས་ཀྱུ། དེ་ཧ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་དམིགས་མེད་དུ་སོང་བའི་སྤྲོས་བྲལ་གྱི་ངང་དུ་གནས་པར་བྱའོ། །དེ་ནས། མངོན་རྫོགས་རྒྱལ་པོ་འགྲུབ་གྱུར་ནས་ཀྱི་བསྔོ་བ་ཡང་བྱའོ། །གཉིད་ཉལ་ཁར་མངོན་རྫོགས་ཡབ་ཡུམ་འོད་ཀྱི་གང་བུར་བསམས་ལ་ཉལ་ལོ། །གསུམ་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། སེམས་བསྐྱེད་དང་། བསྐྱེད་རིམ་གསལ་ལ་ཡུན་ཐུང་བར་བྱ། གཉིས་པ་ནི། སྤ་གོར་བཻ་རོ་ཙ་ནས་སྤངས་མི་ཕམ་མགོན་ལ་གནང་བར་ཐ་སྙད་དེ་འདྲ་མེད་ནའང་། སྙན་བརྒྱུད་ཀྱི་གདམས་པ་གཞན་ལས། སེམས་གསུམ་ཉམས་སུ་ལེན་བའི་གནད་དྲུག་བཤད་པ་ལས། སེམས་གསུམ་ནི། ལྷ་དང་མིའི་སེམས། བྱང་ཆུབ་སེམས་དཔའི་སེམས་དང་། དེ་བཞིན་གཤེགས་པའི་ཐུགས་དང་གསུམ། གནད་དྲུག་པ། རིག་པའི་ཡུལ་བཙལ་བ། ལུས་ཀྱི་གནད་གཟིར་བ། འགྲོ་འོང་གི་ལམ་བཀག་པ། གཏད་པའི་འབེན་གཟུགས་པ། མི་འགྱུར་བའི་གཞི་བཅའ་བ། རྒྱ་ཆེ་བ་ནམ་མཁའ་སྤར་བས་བཟུང་བ་དང་དྲུག །དང་པོ་ལ་དོན་དམ་པ་དང་། ཀུན་རྫོབ་གཉིས། དང་པོ་ནི། སེམས་ཉིད་ཟབ་གསལ་གཉིས་མེད་ཡིན་ལ། གཉིས་པ་ནི། གང་དུ་གཏད་པའི་ནམ་མཁའ་ཡིན་པས། ལས་དང་པོ་པའི་དུས་སུ་གཉིས་པ་ལ་བྱའོ། །གཏད་


LT10,Page_215A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབེན་ལའང་གཉིས། དང་པོར་ཨ་དཀར་པོ་ཡིན་ཅིང་། གཉིས་པ་དུ་བ་ལ་སོགས་པའི་སྟོང་གཟུགས་ཇི་སྙེད་བྱུང་བ་རྣམས་ཡིན། དང་པོ་ནི། ལྷ་མིའི་སེམས་དང་གཅིག །གཉིས་པ་བྱང་ཆུབ་སེམས་དཔའི་སེམས་དང་གཅིག་གོ །ལུས་གྱི་གནད་གཟིར་བ་ནི། ལུས་སྐྱིལ་ཀྲུང་ཅུང་ཞིག་ཙོག་པུར་བྱས་ལ། ལག་མཐིལ་གཉིས་དཔྱི་ཟུར་གཉིས་ནས་མཐིལ་ས་ལ་ཕབས་པས། མཐིལ་བཞི་ས་ལ་ཕབ་པ་ཅེས་བྱ། འདི་ལ་སེང་གེའི་འདུག་སྟངས་ཅེས་ཀྱང་བྱ། འགྲོ་འོང་གི་ལམ་བཀག་པ་ནི། རླུང་རང་བབས་སུ་འཇོག་པ་དང་། གཏད་པའི་འབེན་ལ་གཟུགས་པ་ནི། དཔུང་པ་འགྲེང་། ལྟ་སྟངས་ཧུར་པ་བྱས་ལ་ཡུན་ཐུང་བར་འཇོག །དེ་ནས་ལྷ་མིའི་སེམས་བསྒོམ་པ་ནི། སྣའི་ཐད་ཀྱི་མཐོ་ཕྱེད་དང་དེའི་ཚོད་ཀྱི་ནམ་མཁར་ཨ་དཀར་པོ་ཆུང་ལ་སྲན་ལྐོག་ཕྱེད་ཚལ་ཙམ་མམ། ཅི་རིགས་ལ་དམིགས་པ་ཧྲིལ་བསྒྲིལ་ལ། ཇི་ཙམ་གསལ་གསལ་གྱི་བར་ལ་བཞག །ཡང་བྱིང་རྨུགས་ཡོངས་ལ་ཁང་འདུག་ན། དམིགས་པ་མེད་པར་ལྷོད་དེ་བཞག །དེ་མ་ཐག་ཏུ་གང་བཞིན་སྒོམ། ལེགས་བར་གསལ་སྣང་བྱུང་རྗེས། ཨ་མེད་པར་དེའི་ཐད་ཀའི་ནམ་མཁའ་དེ་ལ་སེམས་ཇི་གནས་བཞག་ཅིང་སྤྲོས་པ་མེད་པར་ཡང་ཡང་བལྟ་བ་ནི་བྱང་ཆུབ་སེམས་དཔའི་སྒོམ་པའོ། །དེའི་རྗེས་སུ་མི་འགྱུར་བའི་གཞི་བཅའ་བ་ནི། ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུར་བསྒོམ། དེ་ལས་སེམས་གཞན་མ་ཡིན་ཅིང་། སེམས་ཀྱང་དེ་ལས་གཞན་མ་ཡིན་པར་ཐག་ཆོད་དེ། དོ་ཧ་ལས། ཆོས་རྣམས་ནམ་མཁའ་འདྲར་ཤེས་ཏེ། །ནམ་མཁའི་རང་བཞིན་དེ་ནི་སེམས་བཟུང་བྱ། སེམས་དེ་སེམས་མ་ཡིན་པར་བྱས་གྱུར་ན། །དེ་ནི་བླ་མེད་བྱང་ཆུབ་མྱུར་ཐོབ་འགྱུར། །ཅེས་བཤད་དོ། །གསུམ་པ་དངོས་གཞི་ལ། སྔོན་འགྲོ་གསལ་ལ་ཡུན་ཐུང་བར་བྱས་རྗེས། སྤ་གོར་བཻ་རོ་ཙ་ནས། སྤང་མི་ཕམ་ལ་གནང་བ་ལ། གནད་གཉིས་


LT10,Page_215B
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་བཞིའི་སྒོ་ནས་བསྟན། དང་པོ་ལ། དུས་ཀྱི་གནད། རླུང་གི་གནད་གཉིས། དུས་ནི་ཉིན་གུང་མཚན་གུང་ཡང་སྒོམ་མི་སྐྱེ་བར་མི་སྒོམ་ཞིང་། སྔ་དྲོ་ཁ་ནུབ་ཏུ་བལྟས་ལ། ཕྱི་དྲོ་ཁ་ཤར་དུ་བལྟ། རླུང་གཡོན་ཕྱོགས་ནས་རྒྱུ་དུས་བྱ་ཞིང་། མི་རྒྱུ་ན་གཞོག་གཡས་ཕབ་ལ་ཅུང་ཞིག་ཉལ་བ་དང་གཡོན་ལ་རྒྱུ་བས་དེ་དུས་བྱ། དེ་ལ་ཡང་མ་སྐྱེས་པ་སྐྱེད་བར་བྱེད་པ་དང་། བསྐྱེད་པ་བོགས་འདོན་པར་བྱེད་པ་གཉིས། དང་པོ་ལ། ལུས་སྔ་དྲོ་པུས་མོ་གཡོན་པ་ས་ལ་ཕབ། གཡས་ཙོག་པུར་བྱས་ལ། བསྒོམ་ཐག་རྐེད་ནས་བཀོན། བསྒོམ་མཁར་གཡས་ནས་བཙུགས་ཏེ། མིག་སོར་བཅུ་དྲུག་པའི་ཐད་ཀྱི་ནམ་མཁར་ལྟ་སྟངས་བྱ། ཕྱི་དྲོ་ལུས་གནད་དེ་ལས་ལྡོག་ཅིང་ཁ་ཤར་ལ་བལྟའོ། །བརྡ་བཞི་ནི། མིག་དང་ངེ་བལྟ་བ་ཀུན་རྫོབ་གསལ་བའི་བརྡ། དེའི་དང་ནས་སྟོང་གཟུགས་སྣ་ཚོགས་སྣང་བ་དོན་དམ་པ་གསལ་བའི་བརྡ། མིག་འབྲས་མི་འགུལ་བ་ཀུན་རྫོབ་ཀྱི་མི་རྟོག་བའི་བརྡ། དེའི་སྟོབས་ཀྱིས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དོན་དམ་པའི་མི་རྟོག་པའི་བརྡ། འོག་རླུང་ཅུང་ཟད་འཐེན་པ་ཀུན་རྫོབ་བདེ་བའི་བརྡ། དེའི་དུས་སུ་བརྗོད་དུ་མེད་པའི་སེམས་བདེ་བ་སྐྱེ་བ་དོན་དམ་པའི་བདེ་བའི་བརྡ། ལྕེ་གང་ལའང་མ་རེག་བར་གནས་པ་ཀུན་རྫོབ་དབྱེར་མེད་པའི་བརྡ། དེ་དུས་སེམས་སྐད་ཅིག་མའི་སྟེང་དུ་བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་དུ་སྟོང་པའི་སེམས་ལ་ལྡན་པ་དོན་དམ་པའི་དབྱེར་མེད་བརྡ་ཞེས་བྱ་སྟེ། བདེ་གསལ་མི་རྟོག་སྟོང་པའི་ངང་། །ཞེས་པའང་འདི་ལྟ་བུ་གཅིག་གི་དུས་ལ་ངེས་པར་དགོས་སོ། །འདི་དུས་བླ་མས་གདམས་པ་འདི་ལས་ཟབ་ཡོད་རེ་ཅེས་མནའ་བསྐྱེལ་བའི་དུས། སློབ་མས་མགོ་འཇོག་བྱེད་བའི་དུས་ཡིན། སེམས་གསལ་སྟོང་དུ་ཤར་བ་ལ། དམ་པ་སངས་རྒྱས་རྩ་བ་ཟིན་བ་ཟེར། དེ་ལྟར་བསྒོམ་པས་སྟོང་གཟུགས་ཁ་དོག་སྣ་ཚོགས་སུ་འཆར་བས་གང་ཤར་གྱི་སྟེང་དུ་བསྒོམ་པ་


LT10,Page_216A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་སྟོང་གཟུགས་གང་བྱུང་ཀྱང་། ཆོས་སྐུ་འགྲུབ་པའི་སྣང་བ་ཡིན་ལ། སྤྱིར་སྣང་བ་ཐམས་ཅད་སེམས་ཅན་ལ་ཉོན་མོངས་པ་ལས་སྣང་བ་ཨ་འཐས་མ་དག་བའི་སྣང་བ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། སངས་རྒྱས་ལ་དག་པའི་སྣང་བ་ཆོས་སྐུ་འབའ་ཞིག་དུ་སྣང་བ་ཡིན་ལ། ད་ལྟར་གྱི་གཟུགས་སྒྲ་དྲི་རོའ་ལས་སྣང་ཐམས་ཅད་དང་། སྟོང་པ་ཉིད་ཀྱི་གཟུགས་བརྙན་ཆུ་ལ་ཆུ་བཞག་དང་། མར་ལ་མར་བཞག་གི་ཚུལ་དུ་ཡོད་པ་ལ། མན་ངག་འདི་དང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་ལྟ་བུས་བཙན་ཐབས་སུ་ཉམས་སུ་བླངས་པས་སྟོང་གཟུགས་གསལ་བར་སྣང་བ་ཡིན་ཅིང་། མ་བླངས་དུས་བྱུང་བ་འདྲེས་མར་སྣང་། ལས་སྣང་བྱུང་ན་དེ་ལ་ཨ་འཐས་སུ་ཞེན་པས་འཁོར་བའི་རྒྱུ་བྱེད། སྟོང་གཟུགས་ཤར་བའི་སྟེང་དུ་མཉམ་པར་གཞག་ན་ལས་སྣང་དག་སྟེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་སྟེ་ཆོས་སྐུའི་ངང་དུ་གནས་པ་ཡིན་ནོ། །དེ་ཡང་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའི་ལུགས་ཀྱི། ལས་སྣང་ལོག་ཀྱང་སྟོང་གཟུགས་མི་ལོག་པས། སངས་རྒྱས་ལ་སྟོབས་བཅུ་མི་འཇིགས་པ་ལ་སོགས་ཡོན་ཏན་ཐམས་ཅད་ཟུང་འཇུག་གི་ཡེ་ཤེས་དེ་ལ་གསལ་མདངས་སུ་ལྡན་པ་ཡིན་གྱིས། ཐ་དད་པའི་ཚུལ་མ་ཡིན། སྣང་མེད་རབ་ཏུ་མི་གནས་བའི་ལུགས་ཀྱིས། སངས་རྒྱས་པའི་ཚེ་སྣང་བ་ཐམས་ཅད་ལོག་སྟེ་སྟོབས་སོགས་ཅི་ཡང་མེད་པའི་སྣུམ་ཟད་མར་མེད་ལྟ་བུ། ལས་ཟད་ཆོས་ཟད་རང་བཞིན་མེད་ཙམ་གྱི་སྟོང་ཉིད་ཁོ་ན་གཉིས་ཀ་དཔེ་སྤྲུལ་ལ་མཛད་དེ། སྦྲུལ་གྱི་འཇིགས་པའི་སར་ཐག་ཁྲ་སྦྲུལ་དུ་འཁྲུལ་བའི་ཚེ། ཟུང་འཇུག་གི་དབུ་མ་པ་འཁྲུལ་པ་ལོག་པའི་ཚེ་སྣང་བ་ཐག་ཁྲ་ཡོད་གསུང་། སྣང་བ་མེད་པས་དེའི་ཚེ་སྣང་བ་ཐག་ཁྲ་དང་འཁྲུལ་པ་གཉིས་ཀ་མེད་པར་བཞེད། དྭགས་པོའི་བཀའ་


LT10,Page_216B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་ཟུང་འཇུག་གི་དབུ་མ་དང་མཐུན་པས། ལྷན་ཅིག་སྐྱེས་པ་ཞེས་པ་ཆོས་གང་དང་གང་གི་གཤིས། སྟོང་པ་དང་གསལ་བ་ལྷན་ཅིག་སྐྱེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཇི་ལྟ་བ་དང་། ཇི་སྙེད་པ་གཉིས། དང་པོ་ཆོས་ཐམས་ཅད་རང་བཞིན་སྟོང་ཉིད་རྟོགས་པ་ལ་བྱ། གཉིས་པ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མ་ཡིན་དགག་རྟོགས་པའི་ཆ་ལ་ཟེར། དེས་ན་སྟོང་གཟུགས་སྣ་ཚོགས་འཆར་བ་འདི་ལ། གྲུབ་ཆེན་ཡུ་མོས། སྟོང་ཉིད་མིག་གིས་མཐོང་བ་གལ་ཆེ། བེམ་པོའི་སྟོང་ཉིད་ཀྱི་ས་ལམ་མཐར་ཐུག་མི་ཆོད་གསུངས་སོ། །སྐྱེས་པ་བོགས་འདོན་པར་བྱེད་པ་ལ། བྱེ་བྲག་འབྱུང་བ་སོ་སོའ་རླུང་བསྒོམས་པ་དང་། སྤྱིའི་གེགས་སེལ་གཉིས། དང་པོ་འགྱུར་བ་ཆེའི་རླུང་ཆ་སྙོམས་པར་གང་རུང་རེ་རེའི་རླུང་ཤེད་ཆེས་ནས་རླུང་ཁ་རེངས་ན་འོད་གསལ་མི་འཆར་བས། དེ་ཡང་ས་ཤས་ཆེ་ན། ལུས་ལྕི་རྒྱུ་བ་ངན། གཉིད་ཆེ། ཉལ་སྙིང་འདོད། གཏམ་སྨྲ་སྙིང་མི་འདོད། རླུང་ཤས་ཆེ་ན། འགྲོ་བ་དང་སྨྲ་བ་ལ་དགའ། ཤེས་པ་འཕྲོ། ཆུ་ཤས་ཆེ་ན་བྱིང་འཐིབ། དྲན་པ་མེད་པར་གཉིད་དུ་འགྲོ། མེ་ཤས་ཆེ་ན། རྒོད་པ་དང་འཕྲོ། དེ་ཚོ་གང་ཤས་ཆེ་ཡང་སྒོམ་མི་ཆགས་པས། རླུང་ཤས་ཆེ་ན་སྔ་དྲོ་རླུང་གི་དུས་སུ་སྒོམ་སྟེ། རྐང་པའི་མཐེ་བོང་གཅིག་ཐོག་ཏུ་གཅིག་བཞག་སྟེ། ལག་པ་གཉིས་དཔུང་པ་ལ་འཁྱུད། ལག་པ་མཐེབ་ཆེན་གཉིས་ཀྱི་དཔུང་པའི་ནང་རྩ་གཉིས་མནན་ཏེ། གྲུ་མོ་པུས་མོ་ལ་འཁྱུད། མགོ་མར་དགུག །ལུས་གྲུ་གུ་ལྟར་བསྒྲེལ། ལྟ་སྟངས་འཐུར་ལ་བལྟ་སྟེ། ལྟེ་བ་ས་སེར་པོ་ལྕི་བ་གཅིག་ལའམ། ཐིག་ལེ་སེར་པོ་གཅིག་ལ་སེམས་གཏད་དེ། རླུང་འཇམ་པོར་རྔུབས་ལ། ལྟེ་བའི་ཐད་ཀྱི་སའམ། ཐིག་ལེ་ལ་རླུང་སེམས་ཐིམ་པར་བསམ། ལན་གཅིག་གཉིས་ཀྱི་ཏིང་ངེ་འཛིན་སྐྱེའོ། །ཕྱི་དྲོ་ཆུའི་དུས་མེ་སྒོམ་པ་ནི།


LT10,Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྟངས་རྐང་པ་བརྐྱང་བསྐུམ་གང་བདེ་བྱ། ལག་པ་དེ་དང་འདྲ། སྟོད་ཀྱི་གོས་ཕུད། སྨད་དགབ་འཇིང་པ་བསྒྲེང་ངོ་། །ལྟ་སྟངས་གྱེན་ལ་བལྟ། སྤྱི་བོ་ནས་མཐོ་གང་ཙམ་ན་རཾ་ཡིག་དམར་པོའམ་ཐིག་ལེ་དམར་པོ་ཚ་ཞིང་བསྲེག་པ་ལ་སེམས་གཏད། རླུང་འཇམ་པ་གཅིག་ལྟེ་འོག་རྔུབ། མ་ཐུབ་པར་གཏོང་དུས་སྤྱི་གཙུག་ཏུ་བུག་པ་ཧ་རེ་བ་ནས་རླུང་སེམས་ཐོན་ཐིག་ལེ་ལ་ཐིམ་པར་བསམ། ལན་གསུམ་བཞི་ཙམ་གྱིས་ཆོག །སྲོད་མེའི་དུས་སུ་ཆུ་བསྒོམ་པ་ནི། ལུས་གནད་གང་བདེ་བྱེད། ལྟེ་བའི་འོག་ཏུ་ཐིག་ལེའམ། བཾ་ཡིག་དཀར་པོ་ཆུའི་རང་བཞིན་ཅན་གཅིག་ལ་སེམས་གཏད། ལྟ་སྟངས་སྣའི་རྩེ་མོའམ། རི་ཐང་མཚམས་ལ་བལྟ། རླུང་འཇམ་པར་རྔུབས། རླུང་སེམས་ལྟེ་བའི་ཐིག་ལེ་ལ་ཐིམ་པར་བསམ། ལན་གསུམ་གྱི་ཏིང་ངེ་འཛིན་སྐྱེ། ཐོ་རངས་སའི་དུས་སུ་རླུང་བསྒོམ་པ་ནི། ལུས་གནད་ལྟ་སྟངས་བྱིངས་དང་འདྲ་པར་བྱས། ལྟེ་བའི་འོག་ཏུ་ཐིག་ལེའམ། ཡཾ་ལྗང་གུ་རླུང་གི་རང་བཞིན་ལ་སེམས་གཏད། རླུང་ཤུགས་ཆེ་བས་རྔུབས་ལ། ལྟེ་བའི་འོག་གི་ཐིག་ལེ་ལ་རླུང་སེམས་ཐིམ་པར་བསམ་པ་ལན་གསུམ་ཙམ་བྱ། སྤྱིའི་གེགས་སེལ་བ་རྐང་པ་གཤིབས་ལག་པ་གཉིས་བསྣོལ་སྤྱི་གཙུག་ཏུ་བཀབ། གྲུ་མོ་བརྒྱངས། ལྟེ་བའི་ཐད་དུ་ༀ་ཁ་དོག་ལྔ་ལྡན་ཞིག་ལ་སེམས་གཏད། རླུང་གཅིག་རྔུབས་ལྟེ་བའི་ༀ་ལ་རླུང་སེམས་ཐིམ་པར་བསམ་མོ། །དེ་ལྟར་བྱས་པས་ཟླ་བ་ལྟ་བུའི་རྟགས་འཆར། དེའང་དང་པོར་མེ་ལོང་ཙམ། དེ་ནས་ཕུབ་ཙམ། དེ་ནས་ཡུལ་ཙམ། དེ་ནས་ཡུལ་ཁམས་ཐམས་ཅད་ཟླ་བ་ལྟ་བུའི་ནང་དུ་འཆར། དེ་ནས་ཉི་མ་ལྟ་བུའི་རྟགས་སོགས་གོང་དང་འདྲ། འདིའི་སྐབས་སུ་ཉིན་མཚན་གྱི་བྱེ་བྲག་མི་ཕྱེད་པ་འོད། དེ་ནས་རང་ལུས་ལ་གྲིབ་མ་མི་འབྱུང་། སྤྲུལ་སྐུའི་


LT10,Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཐོང་སྟེ། རེ་ཁཱ་ནག་པོ་ཡུངས་འབྲུ་ཙམ་གྱི་ནང་དུ་དང་པོ་རང་གི་ཡི་དམ་གང་ཡིན་གཅིག་གི་ཞལ་མཐོང་། རྗེས་ཤེས་ལའང་དེ་བཞིན་ནོ། །དེ་ནས་སྣང་བའི་དངོས་པོ་གང་ཡིན་ཐམས་ཅད་ཡི་དམ་གང་ཡིན་དུ་འཆར་ཏེ། དངོས་པོ་ཆེ་བ་དང་ཆུང་བ། ཡི་དམ་ཆེ་བ་དང་ཕྲ་བ་ཐམས་ཅད་འཆར་ཏེ། ཡུན་རིང་དུ་གནས་ནས་ཡལ་འགྲོ། དེ་དུས་ཡུལ་གཟུང་བ་རང་བཞིན་མེད་པར་རྟོགས། དེ་ལ་ནག་པོ་སྐྲ་ཙམ་མཐོང་བ་ལ་སྟོང་ཉིད་མངོན་སུམ་པ་ཅེས་བྱ་སྟེ། དེ་རེ་ཆེ་རེ་མང་དང་། རེ་ཟུང་འབྱུང་བ་ལ་ཉམས་གོང་འཕེལ། དེ་བརྟན་ཕོར་སོང་བ་ལ་རིག་པ་ཚད་ལ་ཕེབས་པས། རེ་ཁཱ་དེ་སྦྲུལ་འགྲོས་དང་འདྲ་བ་འབྱུང་བ་ལ། ཆོས་རྗེ་རང་བྱུང་རྡོ་རྗེས། རིག་པ་ལུ་གུ་རྒྱུད་ཅེས་གསུངས་ཏེ། རིག་པ་གསལ་དྭངས་ཉིད་ཡིན་གསུངས། རེ་ཁཱ་སྐྲའི་རྩེ་ཙམ་གྱི་ནང་དུ་སྲིད་གསུམ་དང་། དུས་གསུམ་འཆར་ཞིང་། དེ་སེམས་སྤྲོས་བྲལ་ཡིན་པར་ཤེས་པ་ལ་ཆོས་ཉིད་ཟད་སར་འཁྱོལ་བ་ཅེས་བྱ་བ་ཡིན་ནོ། །ཡུངས་འབྲུ་ཙམ་གྱི་ནང་དུ་སྲིད་གསུམ་འཆར་བ་ལ་སྣང་བ་འཕྲོས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་ཕྱིན་ཚོགས་བསོག་སྡིག་སྦྱོང་བྱས། ཆོས་ཉན་པ་སོགས་འོང་། དེ་ཡང་དེ་ལྟ་བུ་བྱས་པའི་གོ་ཆོད་པ་ཡིན། འདི་ལྟ་བུ་ལ་དོན་དམ་པའི་རྣལ་འབྱོར་ཞེས་བྱ་སྟེ། གོང་གི་རྒྱ་ཆེ་བའི་ནམ་མཁའ་སྦར་བས་བཟུང་བ་ཞེས་བྱ་བ་དང་དོན་གཅིག་གོ །དེ་ཡང་དོན་ལ་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ཏུ་ཕྱིན་པ་མེད་པར་རང་རིག་སེམས་གསལ་དྭངས་ཉིད་ཡིན་ཏེ། ཟླ་བ་གྲགས་པས། འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟར། །ཅེས་བཤད། གསུམ་པ་རྗེས་ལ་རྒྱུན་དུ་བསྐྱང་བའི་ཉམས་ལེན་ལ། ཉིན་མོ་སྣང་བ་རྒྱ་ཡིས་འདེབས་པ་དང་། མཚན་མོ་ཤེས་བྱ་བུམ་པར་གཞུག་པ་གཉིས་ལས། དང་པོ་ལའང་། དངོས་


LT10,Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲེབ་བཞིའི་སྒོ་ནས་ཉམས་སུ་བླངས་པའོ། །དང་པོ་གཉིད་ཁྲ་ལྷག་གིས་སད་པ་དང་། སྔར་བཞིན་མངོན་རྫོགས་རྒྱལ་པོར་རང་ཉིད་བསྒོམས་ལ། ཕྱི་རྒྱ་མཚོ་ཁྲུས་དང་། ནང་རྒྱ་མཚོ་ཁྲུས་དམིགས་པས་བྱས་ལ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཨེ་ཝཾ་མཱ་ཡཱ་ཅེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་སྙམ་པའི་མོས་པ་དང་། དག་ཏུ་ཡང་ཚར་ཁ་ཡར་འདོན། དེ་ནས་ཞྭ་གྱོན་དུས་བླ་མ་སྤྱི་གཙུག་ཏུ་འབྲལ་མེད་དུ་བཞུགས་པར་མོས་པ་དང་། གོས་གྱོན་དུས་སྲ་བ་བརྟན་པ་རྡོ་རྗེའི་གོས་ཡིན་སྙམ་པ་དང་། སྐེ་རག་ལའང་རྡོ་རྗེའི་ཀ་ནན་དང་། ཟས་ལ་ལོངས་སྤྱོད་དུས། རང་ཉིད་ཧེ་རུ་ཀ་སེར་པོར་སྔར་བཞིན་བསམས་ལ། མགྲིན་པར་ཨེ་ཝཾ་མཱ་ཡཱ་ཅེས་པའི་སྔགས་བསྐྱེད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་སྙམ་པ་དང་། གཟུགས་ཐམས་ཅད་གཟུགས་ཀྱི་ལྷ་མོ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་དེ་དང་དེའི་ལྷ་མོར་མོས་ཏེ། བླ་མ་ཡི་དམ་མཆོད་པར་བསམ་མོ། །སྐབས་སུ་བར་དོ་ཡིན་ནམ་མ་ཡིན་བརྟགས་པ་ནི། ད་ལྟའི་སྣང་ཚུལ་དང་ཁྱད་ཅི་འདུག །དེ་ཡང་བར་དོ་ལ་བརྟགས་ཐབས་དྲུག་སྟེ། གནས་གཅིག་ཏུ་བར་དོའ་སེམས་ཅན་ཡུན་རིང་དུ་མི་འདུག་སྟེ། གནས་པའི་རྩ་མེད། དེ་བཞིན་དུ་ལུས་ལ་གྲིབ་མ་དང་རྐང་རྗེས་མི་འོང་། བདེ་སྡུག་ཅི་ཡིན་ཀྱང་ཡུན་མི་བརྟན། རྨི་ལམ་ལྟར་སྣང་བ་འགྱུར་རྐྱེན། མི་ཡིན་འཕྲོ་ལ་ཁྱིར་འགྲོ་བ་ལ་སོགས་སྲིད། བར་དོ་དང་རྨི་ལམ་བརྟགས་པ་གལ་ཆེ། བག་ཆགས་སྦྱོང་བ་སླ་བ་ཡིན། ད་ལྟར་བག་ཆགས་སྦྱོང་བ་ལྕགས་མེ་ལ་བསྲེགས་པ་དང་འདྲ། སླར་ལོག་འོང་བ་ཡིན། རྨི་ལམ་ཤིང་མེ་ལ་བསྲེགས་པ་དང་འདྲ། སོལ་བ་ལུས་ཡོང་བ་ཡིན། བར་དོ་རས་བལ་བསྲེགས་པ་དང་འདྲ། ཐལ་བ་ཡང་མི་ལུས་པར་བར་དོ་


LT10,Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ཞིང་ཁམས་ཟེར། ལས་མཐུ་ཆེའོ། །གཉིས་པ་བསྲེ་བ་བཞིའི་སྒོ་ནས་ཉམས་སུ་བླང་བ་ལ། སྣང་བ་དང་གསལ་བ་བསྲེ་བ། རྟོག་པ་དང་མི་རྟོག་པ་བསྲེ་བ། སྡུག་བསྔལ་དང་བདེ་བ་བསྲེ་བ། སྣ་ཚོགས་དང་དབྱེར་མེད་བསྲེ་བའོ། །དང་པོ་ནི། སྣང་བ་ཅི་ཤར་ཀྱང་སེམས་སྟོང་གསལ་དེའི་རང་མདངས་སུ་བལྟས་ལ་དེའི་ངང་ལ་བཞག་པའོ། །གཉིས་པ་ནི། རྟོག་པ་ཅི་སྐྱེས་ཀྱང་། རིག་པ་མིག་ཏུ་བཅུག་པའི་ཚུལ་གྱིས། མིག་འབྲས་མི་འགུལ་བ་ལ་སེམས་གཏད་དེ་འཇོག་པའོ། །གསུམ་པ་ནི་སྡུག་བསྔལ་གྱི་རྣམ་པ་གང་བྱུང་ཡང་། དེའི་ངོ་བོ་ལ་སེམས་བཞག་ནས། སྔར་གྱི་འོག་རླུང་ཅུང་ཟད་འཐེན་པའི་ལུས་ཡོད་དུ་མི་ཚོར་བའི་བདེ་བ་དེ་དང་བསྲེ། བཞི་པ་ནི། སེམས་སྐད་ཅིག་མའི་སྟེང་དུ་བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་དུ་ཡོད་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རྒྱ་ལས་མ་འདས་པར་ཐག་བཅད་དེ་དྲན་པའི་རྒྱུན་སྐྱོང་བའོ། །གཉིས་པ་མཚན་མོ་ཤེས་བྱ་བུམ་པར་གཞུག་པ་ནི། །གཉིད་ལ་འགྲོ་ལ་ཁད་དུ་རང་གི་སྙིང་གི་དབུས་སུ་པདྨ་འདབ་མ་བཞི་པ་གཅིག་བསམ། དེའི་དབུས་སུ་གདན་སེར་པོ་གཅིག་གི་སྟེང་དུ་ཧེ་རུ་ཀ་སེར་པོ་གཅིག་སྔར་བཞིན་བསྒོམ། འདབ་མ་རེ་རེའི་སྟེང་དུ། ཨེ་བཾ་མཱ་ཡཱ་ཅེས་པ་འོད་ཟེར་གྱི་རྣམ་པར་བསྒོམ་ཏེ། གཉིད་དུ་འགྲོ་བ་དང་དུས་མཚུངས་པར་ཡིག་འབྲུ་རྣམས་འོད་ཟེར་གྱི་རྣམ་པས་ཧེ་རུ་ཀ་ལ་ཐིམ། དེ་ཡང་འོད་ཟེར་གྱི་རྣམ་པར་གྱུར་ཏེ་དེའི་ངང་ལ་ཉལ་བ་དང་རྨི་ལམ་ཟིན་པ་སོགས་འབྱུང་ཞིང་། ལས་ཀྱི་འབྲེལ་པ་ཆོད་པ་ཡིན་ནོ། །བཞི་པ་གྲོལ་བ་མཐར་ཕྱིན་པར་བྱེད་པ་རྡོ་རྗེའི་ཚིག་ལམ་ལ། མི་འགྱུར་བའི་གཟེར་བཞི་གདབ་པ་ཡིན་ཏེ། ཨ་སྐྱེ་བ་མེད་པའི་དོན་གྱིས་བལྟ་བའི་ཚུལ་གཏད་པ། ཧོ་འགག་པ་མེད་པའི་དོན་གྱིས་བརྡ་བཞི་བསྒོམ་པ། ཧ་མི་འགྱུར་བའི་དོན་གྱིས་གཟེར་བཞི་གདབ་པ། ཡིད་སྣ་ཚོགས་པའི་དོན་


LT10,Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སེམས་ཀྱི་བཞག་ཐབ་བསྟན་པའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་གདོད་མའི་ཡེ་ཤེས་ཀྱི་རང་གདངས་སུ་ཐག་ཆོད་པ། དཔེར་ན་རྫིངས་ལ་འཕུར་བའི་བྱ་རོག་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཆོས་ཉིད་ལས་སྐད་ཅིག་ཀྱང་མི་ཡེངས་བ་སྟེ། དཔེ་ནི་མདའ་མཁན་བཞིན་ནོ། །གསུམ་པ་ནི། ལྟ་སྒོམ་སྤྱོད་འབྲས་བཞི་ཀར་བལྟ་བ་ལས་མ་ཡེངས་བཞིན་དུ་བདེ་སྡུག་གཏོང་སྙོམས་གསུམ་ལ་བླང་དོར་མེད་པར་སྤྱོད་པ་སྟེ། དཔེ་ནི་བྱིས་པ་བཞིན་ནོ། །བཞི་པ་ནི། ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་སྟེ། སྐྱེ་བ་མེད་པས་གཉུག་མ། གདོད་མ་ནས་གནས་པས་ཐ་མལ་གྱི་ཤེས་པ་མཐར་འགག་པའི་གནས་མེད་པས་སོ་མ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་འབྱུང་བས་ལྷུག་པ་སྟེ། དཔེ་ནི་རང་ཐག་ཆུ་སྐོར་བཞིན་ནོ། །གསུམ་པ་བསྒོམ་འབྲས་ཚད་ལ་དབབ་པ་ནི། དེ་ལྟར་ཐུགས་ཉམས་སུ་བཞེས་པས། རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་ཉམས་གསུམ་ཕྱེ་བ་ནི། རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས། རོ་གཅིག་སྟོང་པ་ཉིད་ཀྱི་ཉམས། སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་གསུམ་ལས། དང་པོ་ནི། སྒོམ་པའི་སྟོབས་ཀྱིས་དུ་བ་ལ་སོགས་པའི་སྟོང་གཟུགས་ཇི་སྙེད་ཤར་བ་རྣམས་སྣང་བ་རང་བཞིན་མེད་པར་རྗེས་ལའང་ངེས་ཤེས་འདྲེན་ནུས་པའི་མྱོང་བ་བརྟེན་པོར་སོང་བ་ཡིན། གཉིས་པ་ནི། །སྔར་གྱི་སྟོང་གཟུགས་རྣམས་དང་ལས་སྣང་གི་གཟུགས་སོགས་རྣམས་སྣང་བ་ཉིད་ནས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ། སྟོང་བཞིན་དུ་སྣང་བ། སྣང་བཞིན་དུ་སྟོང་པ། སྣང་སྟོང་རོ་གཅིག་གི་ཟུང་འཇུག་ཏུ་ཤར་བ་ཡིན། གསུམ་པ་ནི། རེ་ཁཱ་ནག་པོ་སྐྲའི་ཁྱོན་གྱི་ཚད་ཙམ་ལ། སྲིད་པ་གསུམ་དང་དུས་གསུམ་གྱི་བཀོད་པ་དང་སྣང་བ་ཤར་ཞིང་། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་ཕྱིན་ནས། ཆོས་ཉན་པ།


LT10,Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསགས་སྦྱང་དཔག་ཏུ་མེད་པ་བྱེད་ནུས་པ་ཡིན་ཏེ། འདི་ལྟ་བུ་ལ་དོན་དམ་པའི་རྣལ་འབྱོར་པ་ཞེས་བྱ་ཞིང་། གོང་གི་རྒྱ་ཆེ་བའི་ནམ་མཁའ་སྤར་བས་བཟུང་བ་དང་དོན་གཅིག་གོ །དེ་ལྟར་ལམ་འདིར་ཞུགས་ནས་དམ་ཚིག་དང་སྡོམ་པ་མ་ཉམས་ན། ཐ་མའང་སྐྱེ་བ་བདུན་ལ་སངས་རྒྱས་ཏེ། དུས་འཁོར་བསྡུས་རྒྱུད་ལས། གལ་ཏེ་ལམ་དུ་ཞུགས་པ་འཆི་བར་གྱུར་པ་དེའི་ཚེ་གཞན་པ་དེའི་སྐྱེ་གཞན་ལའོ། །ཞེས་དང་། དེའི་འགྲེལ་བར། སྐྱེ་བ་བདུན་གྱི་མཐར་ཐུག་པ། བརྩོན་འགྲུས་དང་ལྡན་པ་མ་ཡིན་པ་དང་། ཡང་དག་པར་ཡེ་ཤེས་མ་བསྒོམ་ཀྱང་ངེས་པའོ། །ཅེས་བཤད་པས། ཉ་ལྕགས་ཀྱུས་ཟིན་པ་དང་འདྲ་བར་ཡེ་ཤེས་མྱུར་དུ་སྐྱེ་བར་བཅོམ་ལྡན་འདས་ཀྱི་ངེས་པའོ། །དཔལ་ལྡན་བླ་མ་དམ་པའི་གསུང་གི་སྙིང་པོ་མཆོག །སྙན་བརྒྱུད་བདུད་རྩིའི་ཐིག་པ་བློ་གྲོས་བུམ་པ་གང་། །སྐལ་ལྡན་གདུལ་བྱའི་ལུས་སྟོབས་རྒྱས་བྱེད་འདི། །བློ་ཡི་ནུས་དང་སྦྱར་སྟེ་ཅུང་ཟད་ཡི་གེར་བཀོད། །ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་པའོ། །དེ་ལས་བྱུང་བའི་རྣམ་དཀར་དགེ་བ་དེས། །མ་གྱུར་ནམ་མཁའི་མཐའ་ཀླས་སེམས་ཅན་རྣམས། །རྡོ་རྗེ་ཐེག་པའི་ལམ་བཟང་འདིར་ཞུགས་ནས། །ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཐོབ་ཤོག །ཛ་ག་ཏུ་ཤུ་བྷཾ།། །།