གདམས་ངག་མཛོད་པོད་གསུམ་པ།
བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བསྡུས་དོན་གྱི་ཚིགས་སུ་བཅད་པ།


LT12_Page_032A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བསྡུས་དོན་གྱི་ཚིགས་སུ་བཅད་པ་བཞུགས་སོ།། །།


LT12_Page_032B
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་བསྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་བའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་སྤྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། ༈ །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ལ་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་བོ་སྟེ། །


LT12_Page_033A
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཟང་སྟོང་གི་ཆུ་བོ་འདུས་པའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོ་འང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱད་ལྡན་སུ་ཞིག་ཡོད། ༈ །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ༈ །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པར། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ༈ །དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་


LT12_Page_033B
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང༌། ཐར་འདོད་ཁྱེད་ཀྱང༌། ཚིག་རྐང་འདི་གཉིས་ཕྱིན་ཆད་ཀུན་ལའང་འགྲེ། ༈ །ཤི་ནས་ངན་འགྲོར་མི་སྐྱེའི་གདིང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །རྣལ་འབྱོར༴ །ཐར་འདོད༴ །ལམ་མཆོག །སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུས་ཚོད་མི་འོང་བས། །དེ་ཡི་མ་ཚང་མེད་པའི་རྒྱུད་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མ་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བ་བརྟེན་པ་གཅེས། །རྣལ་འབྱོར༴ །ཐར་འདོད༴ ༈ །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བརྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྣལ་འབྱོར། །ཐར་འདོད། ༈ སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དབང་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །རྣལ་འབྱོར། །ཐར་འདོད། །སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་བསྐྱེད་པའི་རྒྱལ་སྲས་


LT12_Page_034A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོགས་པའི་གཞི། །དེ་ལྟར་ཤེས་ནས་ལུས་དང་ལོངས་སྤྱོད་དགེ། །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། །རྣལ་འབྱོར༴ ཐར་འདོད༴ ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྱུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེས་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛོད། །རྣལ་འབྱོར༴ ཐར་འདོད༴ བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གསང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་བསྒོམས་པར་མཛད། །རྣལ་འབྱོར༴ ཐར་འདོད༴ མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །རྣལ་འབྱོར༴ ཐར་འདོད༴ བསམ་གཏན་སེམས་ལ་དབང་སྒྱུར་རྒྱལ་བོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་བོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་བོ་རྣམས། །རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་ཏུ་བསྟེན། །རྣལ་འབྱོར༴ ཐར་འདོད༴ ཤེས་རབ་ཟབ་མོའི་དེ་ཉིད་བལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེའི་མཆོག་ཏུ་


LT12_Page_034B
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡིས། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །རྣལ་འབྱོར༴ ཐར་འདོད༴ རྩེ་གཅིག་བསམ་གཏན་ཙམ་ལས་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། །ཡིན་ལུགས་ཕུག་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་རིག་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྣལ་འབྱོར༴ ཐར་འདོད༴ རྩེ་གཅིག་བསྒོམས་པས་ཏིང་འཛིན་འགྲུབ་པ་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ། །རྣལ་འབྱོར། །ཐར་འདོད། །མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །རྣལ་འབྱོར༴ ཐར་འདོད༴ ༈ །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་དཔྱད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བརྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར༴ ཐར་འདོད༴ ༈ །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། །སྐལ་བཟང་གཞན་ལའང་


LT12_Page_035A
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་བཞག་མདོར་བསྡུས་ཏེ་བརྗོད་པ་རང་བྱས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་བློ་བཟང་གྲགས་པའི་དཔལ་གྱིས། །འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། །། ༈ །འདི་ཉིད་བཤེར་སྒོམ་གྱི་ཚུལ་དུ་ངག་འདོན་བགྱིད་པའི་ཚེ། །རྣལ་འབྱོར་ངས་ཀྱང་སོགས་ཚིག་རྐང་གཉིས་ལ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་བསྒྱུར་ནས་བརྗོད་པ་གསུང་རྒྱུན་ལས་འབྱུང་ངོ༌། །མངྒ་ལཾ།། །། །།