གདམས་ངག་མཛོད་པོད་ལྔ་པ།
ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོའི་ཟིན་བྲིས།


LT14_Page_230A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོ་དཔལ་ཕག་མོ་གྲུ་བའི་གསུང་ལ་བདེ་བར་གཤེགས་པ་དཔལ་སྟག་ལུང་པ་ཆེན་པོས་ཟིན་བྲིས་མཛད་པ་བཞུགས་སོ།།


LT14_Page_230B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་རབ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་མངའ་བརྙེས་པའི། །རྗེ་བཙུན་རིན་ཆེན་བིར་ཝའི་ཞབས་པད་ལ། །ཡང་དག་གུས་པ་མཆོག་གིས་རབ་བཏུད་ནས། །འདུས་པ་གསུམ་ལ་ཉམས་བཞིའི་གདམས་པ་དེ། །རིན་ཆེན་གསུང་སྒྲོས་ཡི་གེར་གསལ་བར་བྱ། ལམ་འབྲས་ཀྱི་ལུགས་ཀྱི་ནང་ཉམས་མྱོང་མ་སྐྱེས་པར་ཕྱི་སྒྲོ་འདོགས་མི་ཆོད། སྒྲོ་འདོགས་ཆོད་པར་བྱེད་པ་ལ་གཞུང་གདམས་ངག་དང་སྦྱོར་བའི་དུས་སུ་ལུང་དང་མི་སྦྱོར། གཞུང་ལུགས་དང་སྦྱོར་བའི་དུས་སུ་གདམས་ངག་མི་སྦྱོར། ནང་ཉམས་མྱོང་སྐྱེ་བར་བྱེད་པ་ལ། དང་པོ་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པ་དང་། ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བ་གཉིས་སྔོན་དུ་འགྲོ་བ་ནི། དཔེར་ན་སྣམ་བུ་ཞིག་ཆོས་སུ་འཚོད་པ་ཝ་དག་པར་བཀྲུས་ནས་བཅོས་ན་ཚོས་ཁ་གསལ་བ་དང་འདྲ་བར། མི་ཞིག་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པ་ལ། ཚོགས་གསོག་པ་དང་། སྒྲིབ་པ་དག་པར་བྱེད་དགོས་པ་ལ། མཎྜལ་གྱི་དུས་སུ་རང་ཡི་དམ་དུ་བསྒོམ། སྤྱི་བོར་བླ་མ་དྲན་པ་ཙམ་བྱ་གསུང་། ཁྲིད་རྒྱས་བསྡུས་གང་བྱེད་ཀྱང་། ཁྲིད་འགོ་ནི་ཡར་གྱི་ཚེས་གསུམ་མམ་ལྔའམ་ཁ་ཡར་ཅིག་ལ་འཇུག །གཏོར་མའང་མཐེབ་སྐྱུ་གསུམ་མམ་ལྔ་པ་བྱ། མཎྜལ་གསུམ་ཡང་འབུལ་ལོ། །ཡི་གེ་བརྒྱ་པ་


LT14_Page_231A
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གསུམ་ཡང་བཟླ། འདིའི་ལུགས་ཀྱི་ཁ་ན་ཡར་ལ་བྱེད་པ་ནི། བླ་མ་ལ་རྟེན་འབྲེལ་གྱིས་བྱེད་པ་མིན་པ་གཞན་མེད་གསུང་། མདུན་གྱི་ནམ་མཁའ་ལ་བདག་མེད་མ་ལྷ་མོ་བཅོ་ལྔ། རྗེ་བིརྦ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་སྟོན་ཀུན་རིག །ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ་རྣམས་བཞུགས་པར་བསམས་ལ། མཎྜལ་ཚོམ་བུ་བདུན་པ་དེ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེས་གང་བར་བསམ་ཞིང་གྲངས་བཟུང་ནུས་ཚད་འབུལ་བ་ནི་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པའོ། །དེ་ནས་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྡིག་པ་སྦྱང་བ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཞབས་གཡོན་བསྐུམ་པ། ཞབས་གཡས་ཀྱི་མཐེ་བོང་རང་གི་ཚངས་བུག་ནས་མར་རེག་གེ་འདུག་པ། དུང་དང་ཀུནྡ་ལྟར་དཀར་བ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞལ་གཅིག་སྤྱན་གསུམ་པ་ཁྲོ་བོའི་ཚུལ་དུ་འདུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། ཡུམ་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ཡབ་དང་འདྲ་བ། མེ་རིའི་ནང་ན་ཕྱག་ཞབས་གཉིས་ཀས་ཡབ་ལ་འཁྱུད་པ། ཞལ་སྦྱོར་དུ་བཞུགས་པ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་ཞིག་བསམས་ལ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔའ་བོ་


LT14_Page_231B
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། རྡོ་རྗེ་སེམས་དཔའི་ཚངས་བུག་ན་མར་བྱོན། ལུས་ཀྱི་ནང་སྐྱ་ལྟེམ་གྱིས་གང་ནས། ཞབས་གཡས་པའི་ཤ་དང་སེན་མོའི་བར་ནས་རང་གི་ཚངས་འུག་ན་མར་བྱོན། སྡིག་པ་དང་སྒྲིབ་པ་ཁ་དོག་ནག་པོ་སོལ་ཁུ་ལྟ་བུར་ཡོད་པ་དེ་དྲི་ཆེན་དང་དྲི་ཆུའི་ལམ་དང་སོར་མོ་བཅུའི་བར་ན་མར་དེད་པར་བསམ་ཞིང་། ངག་ཏུ་རྩིས་འཛིན་ལ་ༀ་བཛྲ་སྟྭ་ཧཱུྃ་ནུས་ཚད་བཟླའོ། །དེ་ནས་ཁྲིད་གོང་ལྟར་བྱེད་ཀྱང་བར་ཆད་འོང་ངམ་མི་འོང་གི་རླུང་བལྟ་བ་ནི། རླུང་ཞག་གཅིག་ལ་གཡས་གཡོན་དུ་རྒྱུ་བ་ལན་ལྔ། བལྟ་བའི་དུས་ནི། བླ་མས་བསྟན་པའི་དུས་དེ་རང་དང་། དོ་ནུབ་ཉལ་བ་དང་། ནང་པར་སད་པའི་དུས་དང་། ལམ་མམ་མལ་ནས་བླ་མའི་དྲུང་དུ་འོང་བ་དང་། བླ་མའི་དྲུང་དུ་ཕྱིན་ནས་བླ་མས་དྲིས་པའི་སྔོན་ལ་བལྟ་བ་དང་ལྔའོ། །དེ་ལ་བལྟ་བ་བླ་མས་དྲིས་པའི་དུས་སུ། དེ་གསུམ་གྱི་གྲངས་མ་ནོར་བར་བླ་མ་ལ་བཟླའོ། །བླ་མས་དེའི་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་ནི། ཡི་གེ་བརྒྱ་བ་དང་མཎྜལ་ཡང་མ་ཚང་ན་བར་ཆད་འོང་བས་བླ་མ་ལ་དབང་བསྐུར་ཞུ། ཚང་ན་མི་འོང་། རླུང་གཡས་སུ་རྒྱུ་བ་མང་ན་ཚེ་ལ་བར་ཆད་འོང་། སྒྲུབ་པ་ལ་བར་ཆད་འོང་བས། ཁྭ་ཏས་ནུ་མ་བཅུད་ལ་འབོར། །འཕྲལ་དུ་འབྱུང་བ་ངོ་མཚར་ཚེ། ཞེས་པས་ས་དེར་བསླུ་བའི་ཐབས་ནི། ལག་པ་གཡོན་པས་གཡས་པའི་གྲུ་མོ་ལ་བཟུང་ལ་ནུ་མ་གཡས་པ་མནན་ནས་སམ། ཡ་གཅིག་ཀྱང་ལག་པའི་ཞབས་སུ་བཅུག་ལ་ལག་མཐིལ་འགུམ་པ་ལ་བླ་ན་ཏེ་རླུང་གཡོན་དུ་འཕོའམ་བལྟ། འཕོས་ན་ང་སླུས་པ་ཡིན་པས་ཕྱིས་རླུང་ཐུན་རེ་མནན་པས་ཆོག་གོ །གཡོན་དུ་མ་འཕོས་ན་མ་བསླུས་པ་ཡིན་པས་ཐབས་གཞན་བྱའོ། །སྔ་ནས་རླུང་རྒྱུ་བ་གཡོན་མང་ན་ཚེ་སྲོག་ལ་བར་ཆད་མི་འོང་། དེའི་མཎྜལ་བླ་མ་


LT14_Page_232A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུལ་བས་ཚོགས་བསགས་པ་དང་། ཡི་གེ་བརྒྱ་པ་འདོན་པ་ལ་བརྟེན་ནས་སྒྲིབ་པ་སྦྱང་བའོ། །རླུང་གཡས་གཡོན་དུ་རྒྱུ་བ་གོང་གི་ལྟས་ཀྱིས་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་དེ་རྟེན་སྒྲུབ་པའོ། །སྒོམ་པ་ལ་སྔོན་དུ་འགྲོ་བའི་ཆོས་དགུ་ནི། དབེན་པ་རྣམ་པ་གསུམ། སྔོན་དུ་འགྲོ་བ་གསུམ། གནད་ལ་དབབ་པ་གསུམ་སྟེ་དགུའོ། །དེ་ལ་དབེན་པ་གསུམ་ནི། ལུས་དབེན་པ་འགྲོ་འདུག་དང་། གཡེང་བ་ངལ་དུབ་སྤང་། ངག་དབེན་པ་སྨྲ་བརྗོད་དང་། འདོན་ཟློས་སྤང་། སེམས་དབེན་པ་ནི། རྣམ་རྟོག་སྤང་། སྐྱོ་ཤས་བསྐྱེད། གནད་ལ་དབབ་པ་གསུམ་ལ། དང་པོ་ལུས་གནད་ལ་དབབ་པ་ནི། སྟན་ཟླ་ཚང་ཅན། རྒྱབ་སོར་བཞིས་མཐོ་བ། མདུན་སོར་བཞིས་དམའ་བར་བྱས་པའི་སྟེང་དུ། ཁྲག་མཁྲིས་ཅན་ཡིན་ན་མཉམ་པའི་སྐྱིལ་ཀྲུང་བྱ། བསམ་གཏན་གྱི་ཡན་ལག་ལྔས་གནས་པར་བྱ། གྲང་བ་ཅན་ཡིན་ན། ལུས་གཏུམ་མོ་བསྒོམ་པའི་འཁྲུལ་འཁོར་བཞིན་ཙོག་བུར་བསྡད། རྐང་པ་བསྣོལ། ལག་པ་སྒོམ་ཐག་བྱ། དེ་ཁང་པའི་རྨེངས་བྱེད་པ་དང་འདྲའོ། །སྔོན་དུ་འགྲོ་བ་གསུམ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། བླ་མ་བསྒོམ་པ་དང་གསུམ་མོ། །དང་པོ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་ལམ་འབྲས་བུ་དང་བཅས་པའི་ཁྲིད་བསྒོམ་སྙམ་དུ་བསམས་ལ། ཡི་དམ་བསྒོམ་པ་ནི། ཆུན་ན་བྲེད་ལྔའི་ལྷར་སྐད་ཅིག་གིས་གསལ་གདབ། དེ་མ་ཆུན་ན་རིགས་ལྔར་བསྒོམ། དེའང་མ་ཆུན་ན་ཡི་དམ་དུ་བསྒོམ། ཡི་དམ་མེད་ན་དེའི་དོད་བོ་ཐུགས་མི་བསྐྱོད་པའམ་ཁྲོ་བོ་གང་རུང་རུས་པའི་རྒྱན་དྲུག་དང་ལྡན་པ། རོ་མགོ་གཡོན་དུབསྟན་


LT14_Page_232B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་གི་གདན་ལ་བཞུགས་པ་གཅིག་ཏུ་བསྒོམ། བླ་མ་བསྒོམ་པ་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་སྣང་བ་མཐའ་ཡས་དེ་བླ་མའི་ངོ་བོ་ཡིན་གསུངས། རྗེ་བིརྦ་པས་ཐུགས་མི་བསྐྱོད་པ་བླ་མའི་ངོ་བོ་ཡིན་གསུངས་པས། འདིར་ཐུགས་མི་བསྐྱོད་པ་བསྒོམ་པ་ནི། རང་གི་ཐུགས་ཀའི་ཉི་མའམ་ཟླ་བའི་སྟེང་ན་ཧཱུྃ་གནས་པ་ལས་འོད་འཕྲོས་ནས་རང་བཞིན་གྱི་རེས་གཅིག་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་རྐྱང་པ་མདུན་གྱི་ནམ་མཁའ་ལ་བསམ་ཡང་གསུངས།གནས་ནས་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་ཡབ་ཡུམ་གཉིས་ཀྱི། ཡབ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་ནས། ཡུམ་མཱ་མ་ཀི་ལ་འཁྱུད་པ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་གསུམ་པ་ཡུམ་ཡང་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་ཀྱི་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པ། དེ་ལྟ་བུ་ཞིག་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསམས་ལ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་འབུལ་བ་ནི། ཕྱིའི་མཆོད་པ་རང་གི་ཐུགས་ཀའི་ས་བོན་ལས་མར་མེ་ལ་སོགས་པ་སྤྲོས་ནས་མཆོད་པར་བསམ། ནང་གི་མཆོད་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་མཁའ་འགྲོ་མ་ལཱ་མ་རེས་གཅིག་མི་བསྐྱོད་པ་རྐྱང་པ་བསམས་ལ། ལུས་ལོངས་སྤྱོད་བུལ་ནས། རང་གི་སྤྱི་བོར་ཐིམ་པ་ལ་བླ་མ་རཏྣ་གསུམ་གྱི་ངོ་བོ་ཡིན་ཨང་སྙམ་པས་ཆོག་ཀྱང་རེས་གཅིག་གསུངས།དུ་མ་སྐྱེས་གཟུགས་ཅན་མ་རྣམས་སྤྲོས་ནས་ཤ་ལྔ་བདུད་རྩི་ལྔ་སྤྲོས་ནས་མཆོད་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཡབ་ཡུམ་སྙོམས་འཇུག་ཏུ་བཞུགས་པར་བསམ་པ་ནི། བདེ་བའི་མཆོད་པའོ། །དེ་ནས་ཡིད་ཀྱིས་ནི། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་དེ་རང་གི་སྤྱི་བོ་ན་མར་ཐིམ་ནས། མར་མེས་མུན་པ་བསལ་བ་བཞིན་དུ་རང་ལྷར་གསལ་བར་བསམ། ངག་ཏུ་ནི། བླ་མ་སངས་


LT14_Page_233A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བླ་མ་ཆོས། །བླ་མ་ཡང་ནི་དགེ་འདུན་ཡིན། །ཨང་སྙམ་པ་ལན་གསུམ་བསམ། དེ་ནི་སྔོན་དུ་འགྲོ་བ་གསུམ་མོ། །གནད་ལ་དབབ་པ་གསུམ་གྱི། ལུས་གནད་ལ་དབབ་པ་གོང་དུ་ཐལ། གཉིས་པ་ངག་གནད་ལ་དབབ་པ་ནི། གཡས་གཡོན་གྱི་ཕྲག་གོང་མཐོང་བར་སྐེ་གཅུ་ལ་སྣ་སྒོར་ལན་གསུམ་དྲག་ཏུ་བུས་པས། རྩའི་སྐྱོན་བསལ་བ་ནི། ཁང་པ་ཕྱག་བདར་བྱེད་པ་དང་འདྲའོ། །གསུམ་པ་སེམས་ཞི་བ་ལྷུག་པར་ལ་ཤོག་ཙམ་བཞག་པ་ནི། རྟ་ལ་ཤུགས་འབྱིན་པ་དང་འདྲ་སྟེ། སེམས་གནད་ལ་དབབ་པའོ། །དེ་ནི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་དགུའོ། །དེ་བསྒོམ་པ་ནི། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད། ཁམས་འདུས་པ་བར་པ་ལ། ཐིག་ལེ་བདེ་སྟོང་གི་ལམ་ཁྲིད། ཁམས་འདུས་པ་ཐ་མ་ལ། གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའོ། །འདུས་པ་དང་པོ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་ནི། ཞི་བ་ལྷུག་པ་ལ་བཞག་པའི་རྟིང་ལ། རླུང་ཕྱིར་རྒྱུ་བ་ནས་མགོ་བཙུགས་ནས། ཕྱིར་རྒྱུས་ནང་དུ་རྒྱུས་སྙམ་པར་བསམ་པ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འཇོག་ཁར་ནང་དུ་རྒྱུས་པ་ལ་བཞག་གོ །རླུང་རྒྱུ་བ་བསམ་པ་ལ་རྔན་གདགས་སྦྱིན་པ་ཟེར་གསུངས། སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྟིང་ལ་རླུང་གི་འགྲོ་ལྡོག་མི་བརྩི་བར་ཕྱིར་རིང་དུ་རྒྱུས། ཕྱིར་རིང་དུ་རྒྱུས་སྙམ་པ་བཅུ། ནང་དུ་རྒྱུས་སྙམ་པ་རེ། དེ་བཞིན་དུ་སྒ་ར་ར་ཡིད་ཀྱིས་བསམས་ལ། སྒོམ་ཙམ་ན་ཕྱིར་རྒྱུས་པ་ནས་མགོ་གཟུགས། འཇོག་ཙམ་ན་ནང་དུ་རྒྱུས་པ་ལ་བཞག་གོ །དེ་ལྟར་ཐུན་གྲངས་དང་། ཐུན་མཚམས་མེད་པར་བྱའོ། །དེ་ནི་སྐྱོན་ཅན་ཕྱིར་འདོན་པའོ། །ད་ནི་སྐྱོན་ཅན་ནང་དུ་སྦ་བ་བྱ་བ་ཡིན་པས། སྔོན་འགྲོ་དགུ་པོ་འདི་ནམ་ཡང་དགོས་


LT14_Page_233B
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་སྔོན་དུ་སོང་བའི་རྗེས་ལ་ནང་དུ་རྒྱུས་པར་བསམ་པ་ནས་མགོ་བཙུགས་ལ་ནང་དུ་རིང་དུ་རྒྱུས་ནང་དུ་རིང་དུ་རྒྱུས་སྙམ་པ་བཅུ་བཅུ། ཕྱིར་ཐུང་ངུ་རྒྱུས་སྙམ་པ་རེ་རེ་བྱ། འཇོག་ཙམ་ན་ནང་དུ་རིང་དུ་རྒྱུས་པ་ལ་བཞག་གོ །འདི་པའི་ལུགས་ཀྱིས་ཉམས་སུ་ལེན་པའི་དུས་སུ་སྲོག་རྩོལ་འདིའི་མིང་ནི་རྔན་གདགས་རིམ་གྱིས་སྦྱིན་པ་ཟེར། གཞན་དུ་ནི་སྲོག་གི་རྣལ་འབྱོར་ཅེས་ཟེར། ཡང་རེ་ཞིག་སེམས་མ་ཟིན་ནའང་། འདི་ལྟར་ཡང་བྱ་གསུངས་པས། རླུང་ལྔའི་ཁ་དོག་དང་མེའི་ཁ་དོག་དང་སྦྱར་ལ་མེ་ཁ་དོག་དཀར་པོ་ལ་ཆུ་རླུང་འཛིན་དུ་གཞུག །གཞན་ལ་དེས་འགྲེའོ། །འདི་པའི་ལུགས་ནི་མིན་གསུངས། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ལ་བཞི་སྟེ། སེམས་གནས་པའི་གདམས་ངག་སྐྱོན་གང་སྐྱེ་བ་དང་། ཏིང་ངེ་འཛིན་གང་སྐྱེ་བ་དང་། མཐར་ཕྱིན་པའི་ཚད་དོ། །དེ་ལ་གོང་གི་དམིགས་པ་གསུམ་པོའམ་རེ་རེ་ལའང་བཞི་ཀ་ཚང་སྟེ། གསུམ་ཀ་བསྡུས་ན། སེམས་གནས་པའི་གདམས་ངག་ཡིན། རླུང་རྒྱུ་བ་བསམ་པ་ཙམ་གྱིས་སེམས་ཟིན་པ་འཇུག་པ་སེལ་བའི་ལམ། གནས་པ་དེའང་སྟོང་སངས་ཀྱིས་སོང་ན་ཆགས་པ་གཅོད་པའི་ལམ། དེའི་ངང་ལ་དུ་བ། སྨིག་རྒྱུ་ལ་སོགས་པ་མཐོང་ན་བྱང་ཆུབ་ཆེན་པོ་ཟུང་འཇུག་གི་ལམ། སྐྱོན་གང་སེལ་ན། སྲོག་དང་རྩོལ་བ་བསྒོམས་པས་འཆི་བ་བསླུ། སྲོག་དང་རྩོལ་བ་གང་ཞེ་ན། གཡས་ནས་རྒྱུ་བ་རྩོལ་བ། གཡོན་ནས་རྒྱུ་བ་སྲོག །ཕྱིར་རྒྱུ་བ་རྩོལ་བ་ནང་དུ་རྒྱུ་བ་སྲོག་གོ །ཏིང་ངེ་འཛིན་མང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་བ་དང་། མཐར་ཕྱིན་པའི་ཚད་ནི། རྒྱུ་བ་ངེས་པ་དང་། རྣམ་པ་གསལ་བ་གཉིས་ཏེ། སྲོག་དང་རྩོལ་བ་གོམས་ནས། ས་རླུང་རྒྱུ་བའི་དུས་སུ་ས་རླུང་རྒྱུས་སྙམ་པ་ནི་རྒྱུ་བ་ངེས་པ། དེའི་དུས་སུ་རླུང་ཁ་དོག་སེར་པོར་མཐོང་བ་ནི་རྣམ་པ་གསལ་བའོ། །མེ་རླུང་ལ་སོགས་པ་བཞི་པོའང་དེས་འགྲེའོ། །དེའི་དུས་


LT14_Page_234A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་ཀྱང་འགྲུབ་བོ། །རྒྱས་པར་བསྒྲུབ་པར་འདོད་ན། ས་རླུང་རྒྱུ་བའི་དུས་སུ་གོང་བཞིན་བྱའོ། །ཞི་བར་འདོད་ན་ཆུ་རླུང་རྒྱུ་བའི་དུས་སུ། གང་དང་གང་ཡིན་པ་དབང་དུ་བྱ་བར་འདོད་ན། མེ་རླུང་རྒྱུ་བའི་དུས་སུ་གོང་བཞིན་བྱའོ། །དྲག་པོའི་ལས་གང་བསྒྲུབ་པར་འདོད་ཀྱང་རླུང་གི་རླུང་དང་། ནམ་མཁའི་རླུང་རྒྱུ་བའི་དུས་སུ་སྔགས་དང་ཐབས་གཞན་གང་ཡང་མི་དགོས་པར།གང་རྒྱས་པར་འདོད་པ་དེ་རྒྱས་པར་བསམས་ནས། རླུང་མནན་པས་ཆོག་གསུངས། གོང་བཞིན་དུ་བྱས་ན། དྲག་པོའི་ལས་གང་ཡང་འགྲུབ་པར་འགྱུར་རོ། །སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྗེས་ལ། གཡས་ཀྱི་མཛུབ་གུས་སྣ་བུག་གཡས་མནན་ལ། རླུང་སྣ་བུག་གཡོན་ན་ཕར་ལ་འཕུལ་ཞིང་ཕར་བཀག །དམིགས་པ་སྣ་བུག་གཡོན་པའི་ནང་དུ་གཏད། མ་ཐུབ་ཙམ་ན་སྣ་ནང་ཚུར་ལ་ཧྲིལ་ཧྲིལ་གཏོང་ངོ་། །འདིའི་མིང་ནི་རྩོལ་བ་བཀག་སྟེ་སྲོག་ནས་འདོན་པའོ། །འདི་ལའང་བཞི་སྟེ། རླུང་གནས་པའི་གདམས་ངག་ནི། རྩོལ་བ་བཀག་སྟེ་སྲོག་ནས་འདོད་པ་དེ་རང་ཡིན། སྐྱོན་གང་སེལ་ན་མཁར་ཁང་ཞིག་པ་ལ་སོགས་པའི་ཡེ་འདྲོགས་གློ་བུར་སེལ། ཏིང་ངེ་འཛིན་གང་སྐྱེ་ན་བདེ་དྲོད་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་ལ་བཀག་ནས་ཚུར་ལ་འོང་རྒྱུ་མེད་ན། རླུང་རང་གནས་སུ་ཞི་བ་ཡིན་ཏེ་མཐར་ཕྱིན་པའི་ཚད་དོ། །དེ་ཡང་སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། སྣ་གཉིས་ཀ་ནས་ཕར་ལ་རླུང་འཕུལ་ཞིང་བཏང་། དམིགས་པ་སྨིན་མཚམས་སུ་འདི་ལ་གཏད་ཟེར་རྒྱུ་མེད་པར་གཏད་ལ། རླུང་ཕར་བཀག་མ་ཐུབ་ན། སྣ་གཉིས་ནས་ཚུན་ལ་ཧྲིལ་ཧྲིལ་བཏང་ངོ་། །དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །ལར་འདིའི་རེ་རེ་ལའང་བླ་མས་བཞི་བཞིར་བྱེད་དེ་མིང་དང་ལྔར་འདུག་གསུངས། འདིའི་མིང་ནི་ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པའོ། །འདི་ལ་བཞི།


LT14_Page_234B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་པའི་གདམས་ངག་འདི་རང་ཡིན། སྐྱོན་གང་སེལ་ན་འགོ་བའི་ནད་ཐམས་ཅད་སེལ། ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་མནན་ནས་ཚུར་ལའང་རྒྱུ་བ་མེད་པར་རང་གནས་སུ་ཞི་བ་སྟེ་མཐར་ཕྱིན་པའི་ཚད་དོ། །སྔོན་འགྲོ་བྱས་པའི་རྗེས་ལ། ཁ་ནས་སྒྲ་བཅས་སུ་འདོན་པ་སྟེ། སོ་བར་དུ་རྟ་རྔ་ཐར་པ་ཙམ་བྱས་ལ་སཾ་ཞེས་ཕར་ལ་རླུང་མནན། སེམས་མི་རྟོག་པ་ལ་དམིགས། རླུང་མ་ཐུབ་ཙམ་ན་ཁ་ན་ཚུར་ལ་ཧྲིལ་ཧྲིལ་བཏང་ངོ་། །འདི་ལའང་སེམས་གནས་པའི་གདམས་ངག་ཁ་ནས་སྒྲ་བཅས་སུ་འདོན་པ་དེ་རང་ཡིན། སྐྱོན་གང་སེལ་ན། ཁྲག་མཁྲིས་ཀྱི་ན་ཚ་སེལ། དེའང་ཁོ་བོས་མྱང་བས་གྲུབ་པས་ཁམས་མ་བདེ་ཚད་པ་སྐྱིས་པའི་དུས་སུ་ཐུན་རེ་བསྒོམ་ཙ་ན་བསིལ་སིང་སིང་བྱུང་གསུངས། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་ཟེར་ཏེ། ཁོ་བོས་འདི་ཙུག་བསྒོམས་ཙམ་ན་བདེ་བས་བསྡུས་པའི་གསལ་བ་དེ་སྐྱེ་བར་འདུག་གསུངས། མཐར་ཕྱིན་པའི་ཚད་ནི། རླུང་རང་གནས་སུ་ཞི་བ་སྟེ་གོང་དང་མཐུན། དེར་སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་དང་གཅིག །ཕྱིར་འདོན་པ་རྣམ་པ་གསུམ་ཐལ། ད་དགང་བ་གཉིས་ཀྱི་དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་སྣ་བུག་གཡས་པ་མཛུ་གུས་མནན་ལ། རླུང་སྣ་བུག་གཡོན་པ་ནས་ཚུར་ལ་དགང་། དམིགས་པ་སྣ་ཕོར་ནང་དུ་གཏད་ཅིང་བསྒོམ་མོ། །འདི་ལའང་སེམས་གནས་པའི་གདམས་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དེ་རང་ཡིན། ཕྲིན་ལས་བཞི་གང་བྱེད་ན། ཐོག་བབས་པའམ་ཁང་པ་ཞིག་པ་ལ་སོགས་པ་ཡེ་འདྲོགས་གློ་བུར་བ་སེལ། ཏིང་ངེ་འཛིན་གང་སྐྱེ་ན། བདེ་དྲོད་གཉིས་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། གཉིས་པ་


LT14_Page_235A
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནས་སྒྲ་མེད་དུ་དགང་བ་ནི། སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། རང་གི་ལྟེ་བའི་རྩ་འདབ་ཀྱི་དབུས་སུ་རྩ་གྲུ་གསུམ་དམར་པོ་ནང་སྟོང་པ་ཞིག་བསམ། དེའི་ནང་དུ་རྩ་སྒོ་ང་གཏུབ་པའི་ཕྱེད་ཚལ་ལྟ་བུ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམ། དེའི་ནང་གི་ནམ་མཁའ་སྟོང་པ། མར་སྒོ་ང་ལ་མ་རེག་པའི་ནང་དུ་ཡིན། ཨ་ཐུང་ཡིན་པའི་ཨ་ཤད་སེར་པོ་ཞིག་བསམས་ལ། རང་གི་སོ་བར་དུ་རྟ་རྔ་ཐར་ཙམ་བྱ། རླུང་ཁ་ན་ཚུར་ལ་དགང་ཞིང་། ཨ་ཤད་ལ་ཐིམ་པར་བསམ་པ་མིན་པའི་རླུང་གི་ཁ་དོག་ནི་མི་བསམ་གསུངས། རླུང་དགང་ཟིན་པ་དང་། ཨ་ཤད་ལ་དམིགས་ལ་རླུང་མནན་མ་ཐུབ་ན་སྣར་མི་བཏང་ལ་ཁ་ནས་ཕར་ལ་བཏང་། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཁ་ནས་སྒྲ་མེད་དུ་དགང་བ་དེ་ཡིན། སྐྱོན་གང་སེལ་ན། སྐྲན་དང་མ་ཞུ་བ་སེལ། ཡོན་ཏན་ཏིང་ངེ་འཛིན་གང་བསྐྱེད་ན། ཉམས་བཅོ་ལྔ་པོ་གང་རུང་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། རྦ་རླབས་གསུམ་གྱི་དང་པོ་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་བསྒོམ་པ་ནི། ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་བྱ། སྒལ་ཚིགས་བསྲང་། མིག་སྣ་རྩེར་ཕབ་ལ་འདིར་ཙོག་བུ་མི་བྱ། སྔོན་འགྲོ་གཞན་གོང་དང་མཐུན། དེ་བརླ་གཡས་པ་དང་པོ་གཡོན་དུ་ཚུར་ལ་བསྐྱོད། དེ་ནས་གཡོན་པ་ཚུར་ལ་གཡས་སུ་བསྐྱོད་པས་རླུང་ངན་ཕྱིར་སོང་ནས་འོག་སྒོ། འོག་རླུང་རང་སོ་བཟུང་བ་ཞེས་བྱ་བས། ད་རུང་འོག་རླུང་ཡར་མི་འཐེན་པར་རང་སོར་བཟུང་། ཚུར་དམ་དུ་འོང་། དེ་ནས་རླུང་སྣ་ནས་ཚུར་ལ་རྔུབས་ལ་རང་གི་ལྟེ་བ་ན་རྩ་མདུད་གྲུ་གསུམ་གློ་ན་ཚུར་བུ་ག་སྔོ་སེང་ངེ་བ་ཞིག་ཡོད་པར་བསམས་ལ་དམིགས་པ་དེ་ལ་གཏད། རླུང་


LT14_Page_235B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཁ་སྦྱར། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་ཕར་གཏོང་བའི་དུས་སུའང་སྣ་ནས་ཕར་བཏང་། ཚངས་བུག་ཏུ་འགྲོ་བར་བསམ་ཡང་མི་དགོས་གསུངས། འདིའི་མིང་ནི། རྒྱ་གར་སྐད་དུ། ཞི་བ་ཤཱནྟི་ཀ །བོད་སྐད་དུ། ཁ་སྦྱོར་རམ། བུམ་པ་ཅན་ཞེས་བྱའོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཞི་བ་ཤཱནྟི་ཀ་དེ་རང་ཡིན། སྐྱོན་གང་སེལ་ན། རྣལ་མར་བསྒོམས་ན་ནད་འདུ་བ་རྣམ་བཞི་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འགྲོ། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་མ་ལུས་པ་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་པས་སྟེང་འོག་ཁ་སྦྱོར་ཞིང་བསྒོམས་པས་ཕྱིར་འོང་རྒྱུ་མེད་པ་ཡིན་ཏེ་གོང་དང་མཐུན། འདི་ལའང་ཞག་མང་བར་ཁྲིད་བྱས་ན། དང་པོ་སྐྱིལ་ཀྲུང་ལ་ཞག་གསུམ་ཁྲིད། དེ་ནས་ཕྱིན་གན་དུ་ཉལ་ཞིང་བསྒོམ་པ་ལ་ཞག་གསུམ་དུ་ཁྲིད་དོ། །འདི་ལ་གནད་གསུམ་མ་འཁྲུལ་བ་གལ་ཆེ་གསུངས་པས། གནད་གསུམ་ནི། ཁ་ནས་དགང་རྒྱུ་སྣ་ནས་ཚུར་ལ་བཀག་ནའང་འཁྲུལ། ཁ་ནས་གདོན་རྒྱུ་སྣ་ནས་བཏོན་ནའང་འཁྲུལ། སྣ་ནས་དགང་རྒྱུ་ཁ་ནས་བཀང་ནའང་འཁྲུལ། ཡང་རེས་གཅིག་སེམས་ཞི་བ་ལྷུག་པར་བཞག་ལ། རྐང་པ་སྐྱིལ་ཀྲུང་བྱས་ལ། ལག་པ་གཡས་མདུན་དུ། གཡོན་རྒྱབ་ཏུ་བརྐྱངས། རེས་ཅུང་ཞིག་གཅུ་ཞིང་ཡང་བརྐྱངས། རེས་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཉིས་ཀྱང་གཡུགས་ཤིང་རྐྱོང་རེས་བྱ། དེ་ལྟར་བྱེད་དུས་སུ་རྩ་ཆད་དོགས་ཡོད་པས། རླུང་ཅུང་ཞིག་བསྡམ་པ་གལ་ཆེ་གསུངས། ཞི་བ་ཤཱནྟི་ཀའི་རིགས་གཅིག་ཡིན་གསུངས། སྣ་ནས་གདོན་རྒྱུ་ཁ་ནས་གཏོང་ནའང་འཁྲུལ། སྲོག་ནས་དགང་རྒྱུ་རྩོལ་བ་ནས་བཀང་ནའང་འཁྲུལ། སྲོག་ནས་བཏོན་རྒྱུ་རྩོལ་བ་ནས་བཏོན་ནའང་འཁྲུལ་པས་དེ་མ་འཁྲུལ་བ་གལ་ཆེ་གསུངས། ཡང་ན་འཁྲུལ་པའི་གནད། མ་འཁྲུལ་པའི་གནད།


LT14_Page_236A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཁྱད་པར་ཅན་གྱི་གནད་དང་གསུམ་ལས། དང་པོ་འཁྲུལ་བའི་གནད་ནི་འོག་རླུང་ཡར་འཐེན་ཡང་མ་ཟིན། སྟེང་རླུང་མར་མནན་ཡང་མ་ཟིན་ན་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་ལ་འཐེན་ཡང་ཟིན། སྟེང་རླུང་མར་ལ་མནན་ཡང་ཟིན། མ་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་འཐེན་པ་ཙམ་གྱིས་སྟེང་རླུང་ཡང་ཟིན། སྟེང་རླུང་མར་མནན་པ་ཙམ་གྱིས་འོག་རླུང་ཡང་ཟིན་ན། ཡོན་ཏན་ཁྱད་པར་ཅན་གྱི་གནད་ཡིན། དེར་དེ་ཡན་ཆོད་དུ་ཅི་ཐལ་ན། སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་གཅིག་ཏུ་བརྩི་བ་དང་གཅིག །རྩོལ་བ་བཀག་སྟེ་སྲོག་ནས་གདོན་པ། ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པ། ཁ་ནས་སྒྲ་བཅས་སུ་གདོན་པ་དང་གདོན་པ་རིགས་གསུམ། ཁ་ནས་སྒྲ་མེད་དུ་དགང་བ་དང་། རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དང་དགང་བ་རིགས་གཉིས། ཁ་སྦྱོར་ཞིང་ཤཱན་ཏི་ཀི་རླུང་གནས་པའི་ཡན་ལག་ཡིན་པ་དང་བདུན་གྱིས། ལམ་ན་བཞི། སྦྱོར་བ་ན་རྣམ་པ་བདུན་ཐལ། འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པའི་རླུང་གི་སྦྱོར་བ་བདུན་ཐལ། དབའ་རླབས་གསུམ་གྱི་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་ཐལ། ཏིང་ངེ་འཛིན་སེམས་ཀྱི་དབའ་རླབས་དབང་གསུམ་པའི་སྐབས་སུའང་འདིར་མི་འོང་། ངག་ཞི་རགས་འདྲེན་པ་ངག་གིས་དབའ་རླབས་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རེས་གཅིག་རིམ་གྱིས་ཁྲིད་པས་ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་རིང་ལ་ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེད་པར་བྱེད་པ་ཁྲིད་པ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་ཅིག་བསམ། དེ་གྱུར་པ་ལས་མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་ཡབ་ཀྱི་སྤྱན་དབུས་ལ་དམིགས་པ་གཏད་ཅིང་ཡང་ཡང་བསྒོམ། རླུང་མི་བསྒོམ་ཡང་གསུངས། རེས་གཅིག་མི་བསྐྱོད་པའི་སྤྱན་དབུས་མ་ལ་གཏད་ཅིང་བསྒོམས་པའི་རྟིང་ལ། ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་ཡང་གསུངས།རྗེས་ལ་སྐྱིལ་ཀྲུང་མི་བྱ། ཙོག་པུར་བསྡད་པའི་པུས་མོའི་བར་ལ་མར་ལ་མགོ་གཏད་ལ། ངག་ཏུ་ཧཱུྃ་ཞེས་ཞི་


LT14_Page_236B
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲངས་ལ། མགོ་ཇེ་བཀྱག་ལ་བཏང་ངོ་། །གཡས་དང་གཡོན་དུ་ཡང་དེ་ལྟར་ཞི་བ་དྲང་ངོ་། །ཡང་པུས་མོ་གཉིས་ཀྱི་བར་ན་ཧཱུྃ་ཞེས་རགས་པ་དྲང་ངོ་། །གཡས་དང་གཡོན་དུའང་དེ་ལྟར་རགས་པ་དྲང་ངོ་། །ཁམས་སྙོམས་མ་སྙོམས་བྱུང་ན། ཁམས་དང་སྦྱང་ལ་རགས་པ་བཞག་ལ་ཞི་བ་དྲང་། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདི་མན་ཆད་ལ་སྐྱོན་ཡོན་གྱི་བཤད་པ་མེད་གསུངས། སྔོན་འགྲོ་དགུ་པོ་མ་ལུས་པར་བྱས་པའི་རྗེས་ལ། རང་གི་སྙིང་དེ་སྟོང་པར་བསམ་པའི་ནང་དུ་ཐུགས་མི་བསྐྱོད་པ་སྐུ་མདོག་མཐིང་ནག་ཞལ་གཅིག །སྤྱན་གསུམ་པ་ཕུག་རོན་གྱི་མིག་འདྲ་བ་དམར་ཀྱི་ལི་བ། མཆེ་བ་བཞི་གཙིགས་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་གཡས་རྡོ་རྗེ། གཡོན་དྲིལ་བུ་རྡོ་རྗེ་ལ་ཡུ་བ་བྱས་པ་བསྣམས་ནས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱངས། གཡོན་བསྐུམས་ནས། སྙིང་སྟོང་པར་ཟེར་ཀྱང་པདྨ་འདབ་བརྒྱད་དུ་ཡོད་པ་ལ་བྱས་ནས་བཞུགས་པ། རུས་པའི་རྒྱན་དྲུག་དང་ལྡན་པ་དེ་ལྟ་བུ་ལ་ཡུམ་ཆུ་ཡོངས་སུ་དོག་པ་མཱ་མ་ཀི་ཡང་སྐུ་མདོག་ཞལ་སྤྱན་མཆེ་བ་ཡབ་དང་འདྲ་བ་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པའི་ཡུམ་དེ་ལྟ་བུ་དང་སྙོམས་པར་འཇུག་པར་ངེས་མ་པའམ། མི་བསྐྱོད་པ་ཐུགས་ཀར་བསམ་པ་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་གོང་བཞིན་བསྒོམ་མོ། །སྔོན་འགྲོ་བྱས་པའི་རྗེས་ལ་རང་གི་མགྲིན་པར་གསུང་སྣང་བ་མཐའ་ཡས་སྐུ་མདོག་དམར་བ། ཕྱག་གཡས་ན་པདྨ། གཡོན་ན་པདྨས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་མེ་ན་བཟའ་དཀར་མོ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་ཐམས་ཅད་གོང་དང་མཐུན་ནོ། །སྒོམ་ལུགས་ཀྱང་གོང་དང་མཐུན། སྤྱི་བོར་སྐུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཕྱག་གཡས་ན་འཁོར་ལོ་དཀར་པོ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣོམས་


LT14_Page_237A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། འདིའི་ཡང་ཡབ་ཡུམ་ཐམས་ཅད་རྒྱན་ཆ་ལུགས་ཞལ་ཕྱག་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །ལྟེ་བ་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་འདྲ་བ་ཕྱག་གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་ས་རྣམ་པར་དག་པ་སྤྱན་མ་ལ་འཁྱུད་པ། འདིའི་ཡང་རླུང་གི་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །གསང་གནས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་རླུང་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ། རླུང་གི་སྒོམ་ཐབས་སྔོན་འགྲོ་ཐམས་ཅད་གོང་གི་མི་བསྐྱོད་པའི་སྒོམ་ཐབས་དང་འདྲ། ཡུམ་ཐམས་ཅད་ཁ་དོག་རང་རང་གི་ཡབ་དང་འདྲ། ཀུན་གྱིས་ཀྱང་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ་ཡིན། ཁྲིད་ཡུན་རིང་དུ་བྱེད་ན། འདི་རྣམས་རེ་རེ་ལའང་ཞག་གསུམ། འབྲིང་ལྔ། ཐ་མ་དགུ། དེ་ཙམ་བྱེད་པ་ཡིན། ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་པ་ནི། སྔོན་འགྲོ་བྱས་པའི་རྗེས་ལ། རང་གི་ལུས་དེ་སྟོང་པར་བསམ་པའི་ནང་དུ་ཅི་ཙུག་བྱུང་ཆ་མེད་པར་མེ་དམར་སྐྱ་ཞིག་གིས་ལྷག་གིས་གང་ནས། བ་རྟའི་སྒྲོ་ཕྱིར་སྒྱུར་བྱས་པ་བཞིན་དུ་བསམས་ལ། ཡང་རེས་གཅིག་དེ་ལྟར་མི་གསལ་ན། གེགས་སེལ་ཡིན་པས་འདི་ལྟར་བྱ་གསུངས་པས། ཡི་དམ་དུ་གསལ་གདབ་པའི་སྤྱི་བོར་བླ་མ་བསྟིམ་པས་ལྟེ་བར་ཨ་སེར་པོ། །ཐུགས་གར་ཧཱུྃ་སྔོན་པོ། །མགྲིན་པར་ཨཱཿདམར་པོ། །སྤྱི་བོར་ༀ་དཀར་པོ། །གསང་གནས་སུ་ཏཱཾ་ལྗང་གུ་དེ་རྣམས་ཀྱུར་གྱིས་གྱུར་པ་ལས། རིན་འབྱུང་། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་སྣང་། དོན་གྲུབ་ཡབ་ཡུམ་རྣམས་རིམ་པ་བཞིན་དུ་གསལ་གདབ་ཅིང་བསྒོམ། དེ་ནི་ཡོན་ཏན་ཏིང་ངེ་འཛིན་སྣང་སྟོང་མཐར་ཐུག་པ་བསྐྱེད། སྐྱོན་ལུས་ལ་མཚན་


LT14_Page_237B
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུགས་པ་ཡོད་ན་དག་པ་འབྱུང་། མཐར་ཐུག་གི་ཚད་རེག་པ་དང་། སྣང་བའི་མཚན་མ་འོང་སྟེ། དཔེར་ན་ནག་བསྒོམ་བསོད་ནམས་རྒྱལ་མཚན་བཞིན་ནོ། །རླུང་སྟེང་འོག་ཁ་སྦྱར་ལ། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །ཁྲིད་འབྲིང་དུ་བྱེད་ན། རླུང་གི་དམིགས་པ་བདུན་པོ་དང་གཏུམ་མོའི་མགོ །ཁྲིད་བྱེད་ཙམ་ན་འདི་ཡིན་པས། འདི་དང་གསང་གནས་ནས་མེ་འབར་བ་དང་སྒྲོལ་ལ་ཁྲིད་དོ། །དབང་གསུམ་པའི་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་སྟིང་ལ། བདག་ཉིད་ཧེ་རུ་ཀར་བསྒོམས་པའི་མདུན་དུ་མིའི་བུ་མོ་ངོ་བོ་ནི་བདག་མེད་པའམ། ཇོ་མོ་རྡོ་རྗེ་རྣལ་འབྱོར་མའམ་མཱ་མ་ཀི་ཡིན་པ་གཟུགས་དང་ལོང་ཚོ་དང་ལྡན་པ། སྐུ་སྟོད་ཀྱི་ཤ་ཤིན་ཏུ་མཁྲིགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་ཤིན་ཏུ་རྒྱས་ལ་ཟླུམ་པ། རྐེད་པ་མཁྲིག་མ་གང་ཡོད་པ། སྐྲ་སེར་ལ་ལྡི་བ་དེ་ལྟ་བུ་ཞིག་བསམ་པ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བསམ། ཐིག་ལེ་ཉམས་ཉམས་འདྲ་ན་ཧཱུྃ་གིས་ཡར་དྲངས་ཤིང་བསྒོམ། ཡང་ན་བསྒྲད་པའི་མཐས་ཀྱང་བསྲུང་གསུངས། དེ་ལྟར་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་སྦྱོར་བ་བདུན་པོ་ཐལ། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱིད་པར་བྱེད་པ་ལ། དང་པོ་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ཐལ། གཏུམ་མོ་ཙཎྜ་ལཱི་བསྒོམ་པ་ཐལ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་དབང་གསུམ་པ་ཡང་ཐལ། ནས། རྡོ་རྗེ་དབའ་རླབས་གསུམ་དུ་རེངས་པའི་ལམ་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རྟིང་ལ། རང་ཡི་དམ་ཧེ་རུ་ཀ་གང་རུང་བསྒོམས་པའི་མདུན་དུ་ངོ་བོ་ནི་ཇོ་མོ་རྣལ་འབྱོར་མའམ། བདག་མེད་མའམ། རང་གང་མོས་སུ་བསམ་པའི་རྣམ་པ་ནི་མིའི་བུ་མོ་པད་ཅན་མའམ། རི་དྭགས་ཅན་མ་ལྟ་བུ། ཤ་རྩ་དམར་སེར་དུ་འདུག་པ། རྐང་ལག་གི་མཐིལ་དམར་བ། སྐྲ་སེར་ལ་ལི་བ། སྟོད་ཀྱི་ཤ་འཁྲིགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་


LT14_Page_238A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་ཟླུམ་པ། རྐེད་པ་ལ་ལག་པའི་མཁྲིགས་མ་གང་ལས་མེད་པ། གསུང་ཁུ་བྱུག་གི་སྐད་དང་འདྲ་བ་དེ་ལྟ་བུ་དང་རང་སྙོམས་པར་ཞུགས་པར་བསམས་ལ། རེས་གཅིག་ཐིག་ལེ་ཉམས་ཉམས་འདྲ་ན། ཧཱུྃ་གིས་ཡར་དྲངས་ཤིང་བསྐྲད་པའི་མཐས་བསྲུང་བ་བྱ། རང་གི་རྩ་གསུམ་གྱི་གཡས་དམར་བ། གཡོན་དཀར་བ། དབུ་མ་ཕྱི་དཀར་ནང་དམར་བ་གསུམ་ཀའི་མར་སྣ་གསང་བའི་རྡོ་རྗེ་ལ་ཐུག་པ། ཡར་སྣ་ཧཾ་ལ་ཞུག་པར་བསམས་ལ། ཐིག་ལེ་དཀར་དམར་གཉིས་ཀ་རང་གི་རྩ་གསུམ་གྱི་ནང་ན། ཧཾ་ལ་ཐིམ་པར་བསམ། ཐིག་ལེ་ཉམས་པའི་ཚད་ནི། དེ་མི་དགོས་ཀྱང་གསུང་པ། རང་གི་ཐིག་ལེ་ཡུམ་གྱི་མཁའ་ཀློང་དུ་ཕྱིན་ནས་དེ་ནས་ཐིག་ལེ་དཀར་དམར་གཉིས་ཁ་ཁ་རང་རང་གི་རྩ་དབུ་མ་ནས་ཧཾ་ལ་ཐིམ་ནས་འགྲོས་བཞི་ཐིམ་པའི་རྟེན་འབྲེལ་རྫོགས་ཨང་སྙམ་དུ་བསམ་ཞིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མོ། །སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ། རང་གི་མདུན་དུ་རིག་མ་མཚན་དང་ལྡན་པ། གོང་གི་ཇི་སྐད་བཤད་པ་ལྟ་བུའི་ཕྱག་རྒྱ་ཞིག་བསམ། དེའི་སྨིན་མཚམས་སུ་དམིགས་པ་གཏད་ལ་རང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་གནས་སུའང་རེས་གཅིག་ཡང་མི་གསུངས།གཏད་ཅིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། དེ་རྣམས་རི་མོས་བྱས་ཤིང་བསྒོམ། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པའང་ཐལ། ལམ་བཞི་བསྒོམས་ནས་ཉམས་བཞི་བསྐྱེད་པའང་ཐལ་ནས། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་གོང་གི་དེའང་ཡིན་ཡང་མགོ་འདི་ཡིན་གསུང་བས་སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་རེའུ་མིག་ལྟར་བསྣོལ་བའི་ཙོག་པུ་འཕོངས་སོར་བཞིས་མཐོ་བར་འདིའི་ལུགས། ལག་ལ་སྒོམ་ཐག་བྱས་ནས་རྐང་པའི་རྒྱུ་ཞབས་ཀུང་ཀུང་གི་ནང་དུ། རམ་སྐོང་བུའམ་གྲུ་གསུམ་ཉིས་བརྩེགས་སམ། གང་རུང་རེ་བསམ་


LT14_Page_238B
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལས་མེ་ཁྱུག་ཁྱུག་བརླའི་རྩ་བོ་ཆེའི་ནང་ནས་གསང་གནས་ན་ཡར་ལ་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ། འོག་སྒོ་ཡར་ཐོན། མར་ཕུལ་ཡར་ཡར་འཐེན། མར་འཕུལ་ལ་རླུང་ངན་ཕྱིར་ཕུད་ལ། ས་ན་ཚུར་འོག་སྒོ་བསྡམས་པ། སྟེང་སྒོ་མར་མནན་ལ། མེ་ལ་དམིགས་ལ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །རེག་གཅིག་གྲངས་ཅན་གྲངས་མེད་པ་ལ་མེ་སྐོར་བུ་ནས་གྲངས་ཅན། །རེས་གཅིག་དང་པོ་སྟེང་རླུང་མར་མནན། དེ་ལ་འོག་རླུང་ཡར་འཐེན་གསུངས། འདིའི་དུས་སུ་ཡང་གྲངས་མེད་ཡིན་པ་ལ། ཁྲིད་ཡུན་རིང་བར་བྱེད་ན་གསང་གནས་ནས་མེ་འབར་བ་འདི་ནས་གྲངས་ཅན་བྱེད་དགོས་པ་ཡིན་པས། རླུང་ཐུན་གཅིག་གི་ནང་དུ་འདིར་བརྩིར་མེད་པ་བཅུ་གཉིས་ལ་སོགས་པ་བརྩེ་བ་གཉིས་གཉིས། མང་མེད་ལ་དམིགས་པ་མིན་པའི་མི་བརྩི་བར་རླུང་ཐུན་གཅིག་མནན། དེ་བཞིན་དུ་མི་བརྩི་བར་རླུང་མནན་པ་བཅུ་གཉིས། བར་བར་དུ་བཅུ་གཉིས་ལ་སོགས་པ་བཅུ་གཉིས་བར་དུ་བརྩི་ཞིང་། རླུང་ཐུན་རེ་མནན་པའི་རླུང་གྲངས་ཅན་བཅུ་གཉིས་མནན། གྲངས་མེད་ཐུན་བཅུ་གཉིས་མནན་པའི་རླུང་གྲངས་ཅན་གྲངས་མེད་པ། ཉི་ཤུ་རྩ་བཞི་ལ་ཐུན་གཅིག་ཏུ་བརྩིས་པའི་ཐུན་བཞིའི་དེས་པ་བསྒོམ་མོ། །འདིའི་མིང་ནི་གསང་གནས་ནས་མེ་འབར་བ་ཟེར། སྔོན་དུ་འགྲོ་བ་བྱས་ནས། གསང་གནས་ཀྱི་རེས་གཅིག་འདི་ཐམས་ཅད་གྲངས་ཅན། གྲངས་མེད་འཕྲུལ་འཁོར་ལ་སོགས་གོང་དང་འདྲ། དམིགས་པ་འཕྲོ་བ་ཐིག་ལེའི་འཐབ་མོ་ཡིན། རླུང་ཕྱིར་བཏང་བའི་རྟིང་ལ་ཐིག་ལེ་གཉིས་གསང་གནས་ཀྱི་རྩེ་མོའི་སྟེང་དུ་བརྩེགས་མར་འདུག་པར་བསམ་གསུངས།མེའི་སྟེང་དུ། མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམ། ལྟེ་བའི་ཐད་སོའ་ནམ་མཁའ་སྟོང་པ་ལ་ཡང་མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམས་ལ། སྟེང་རླུང་འོག་ཁ་སྦྱར་བ་ཙམ་གྱིས་མེའི་རྡོག་པོ་གཉིས་ཐུག་ནས། ཁོང་པའི་ནང་ཐམས་ཅད་མེས་དམར་ཐག་གིས་གང་བར་བསམ། རླུང་ཕྱིར་གཏོང་ཙ་ན་མེ་གཉིས་ཁ་ཁ་མལ་དུ་ཕྱིན་པར་བསམ་ཞིང་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདིའི་མིང་ནི་ཐིག་


LT14_Page_239A
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་གཉིས་ཀྱི་འཐབ་མོ་ཟེར། འདི་མན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་མེད་གསུང་པས། འདི་མན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་ཀྱང་ཡོད་གསུངས། སྔོན་འགྲོ་ཐམས་ཅད་བྱས་པའི་རྗེས་ལ། རང་གི་གསང་གནས་ཀྱི་མེ་སོར་བཞི་བའི་སྟེང་དུ་ཐིག་ལེ་གཉིས་བརྩེགས་ནས་སྤྱིར་སོར་བརྒྱད་ཡོད་པས། ལྟེ་བའི་ཐད་སོར་སླེབ་བའི་སྟེང་དུ། མེའི་སྐོར་བུ་མཁལ་མ་ལ་སོར་གསུམ་གྱིས་ཅུང་མ་སླེབ་པ་ཞིག་བསམས་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་དེ་གཡོན་དུ་ཀྱི་ལི་ལི་འཁོར་བ་ལ་དམིགས་ཤིང་རླུང་མནན་པ་གཅིག །ཡང་མདུན་དུ་རེས་གཅིག་འདི་ནས་སྐོར་བུ་རེ་རེའི་རྩེ་མོར་ཧཱུྃ་གཉིས་གཉིས་ཡོད་པར་བསམ་ཞིང་། ཕྱིའི་ཕྱག་རྒྱ་མ་མི་བསམ། རྩིས་ཀྱི་གྲངས་ཅན་གྲངས་མེད་གོང་བཞིན་བསྒོམ་གསུངས།གོང་དུ་ཇི་ལྟར་བཤད་པ་ལྟ་བུའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ། སྒོས་སུ་འདིར་གཏད་ཟེར་རྒྱུ་ནི་མེད། གཟུགས་སྤྱི་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་བཞིན་དུ་རེས་མོས་ནང་དུ་མེ་འཁོར་བ་ལ་དམིགས་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ལ་དམིགས་པ་བཅུ་གཉིས་དང་། ཉི་ཤུ་རྩ་བཞི་ཐུན་གཅིག་ཏུ་བྱས་པའི་བཞིར་བསྒོམ་མོ། །འདིའི་མིང་ནི་མེ་སྐོར་བུ་ཟེར། སྔོན་དུ་འགྲོ་བར་བྱས་པའི་རྗེས་ལ། ལྟེ་བའི་འོག་ཏུ་གོང་དུ་ཇི་ལྟར་བཤད་པའི་མེ་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་མེའི་རང་བཞིན་སོར་རེ་བ་ཙམ་བཞི་བསམས་ནས་གཡོན་དུ་འཁོར་བ། རེས་འགའ་ཧཱུྃ་ལ་མེ་གཅུ་ཞིང་འབར་བར་མང་བསམ། སྐོར་བུའི་རྩེ་མོར་ཧཱུྃ་ཡོད་མེད་དེ་མིན་པའི་གོང་མ་དང་ཁྱད་མེད་དོ། །སྔོན་འགྲོ་བྱས་ནས་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་གཉིས་གཉིས་བརྒྱད་བསམས་ནས་གཡོན་དུ་འཁོར་བ་དང་། ཕྱག་རྒྱ་ལ་དམིགས་པ་དང་། ཐུན་གྲངས་དང་ཐུན་ཚད་གོང་དང་འདྲ། སྔོན་དུ་འགྲོ་བ་ཐམས་ཅད་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྣེ་མོ་རེ་རེ་ལའང་ཧཱུྃ་དམར་ཤད་དེ་བ་


LT14_Page_239B
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྤྲད་ནས་སྐོར་བུ་ལ་ཚུར་བསྟན་པའི་བཞི་ཡོད་པར་བསམ། རེས་གཅིག་མེའི་སྐོར་བུ་སྣེ་མོར་ཧཱུྃ་བཞི་བཞི་རེ་ནི་བསམ། སྐོར་བུའི་ལྟེ་བའི་མེ་དེ་ནི་མི་བསམ་ཞིང་། རྩིས་ཀྱི་གྲངས་ཅན་དང་གྲངས་མེད་ཐམས་ཅད་གོང་དང་འདྲ། བདེ་བ་ཤས་ཆུང་ན་གསང་སྔགས་ཀྱི་ལམ་བདེ་བ་ཡིན་པས། བར་བར་དང་སྐབས་སུ་བདེ་བ་བོགས་འདོན་བྱ་གསུང་བས། བདེ་བ་ཆུང་ན་མདུན་དུ་ཕྱག་རྒྱ་མ་རང་གང་མོས་པའི་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ་ཞིང་། རྩིས་ཀྱི་གྲངས་ཅན་གྲངས་མེད་སྒོམ་པའི་དུས་སུ་བར་བར་དུ་དེ་ལ་ཕྱིར་སེམས་གཏད་གསུངས། སྐོར་བུའི་ལྟེ་བ་ན་མེ་རྩེ་ལྔ་པ་སོར་བཞི་ཙམ་ཞིག་འབར་བར་བསམ་ཞིང་བསྒོམ། གཞན་ཐུན་གྲངས་ལ་སོགས་པ་ཐམས་ཅད་གོང་དང་ཁྱད་མེད་འདྲའོ། །འདིའི་མིང་མེ་འབར་བ་ཟེར། ཧཱུྃ་བཞིས་ཕྱག་རྒྱ་དང་སྦྱར་ན་དགའ་བཞི་མཚོན། ཧཱུྃ་བརྒྱད་ཀྱིས་དགའ་བ་དང་སྦྱར་ན་དགའ་བ་བརྒྱད་མཚོན། ཧཱུྃ་བཅུ་དྲུག་གིས་ཐིག་ལེ་དང་སྦྱར་ན་དགའ་བ་བཅུ་དྲུག་མཚོན། སྔོན་འགྲོ་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྟེང་གི་མེ་སོར་བཞི་རྩེ་ལྔ་པ་དེ་ཡར་ནི་རིང་དུ་མ་སྐྱེས་རེས་གཅིག་ལ་སྐོར་བུའི་སྣ་སོར་བཞི་ལྟེ་བ་དང་ལྔར་མེ་མཛུབ་རེ་ཙམ་པ་ལྔ་ཡར་འབར་བར་བསམ། གཞན་ཐམས་ཅད་གོང་དང་འདྲའོ། །མེའི་འཁོར་ལོ་གསུང་། རེས་གཅིག་ཀྱང་འདི་རང་གི་རྟིང་ལ་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་སྙིང་ག་ཙམ་ན་ཡར་འབར་བ་ལ། ཧཱུྃ་མེའི་རང་བཞིན་ཆུང་ངུ་ན་ཆར་པ་བཞིན་བབ་པས་ལུས་ཀྱི་ནང་གང་བར་བསམ་ཞིང་བསྒོམ། འཁོར་རང་མི་བསམ། གཞན་ཐམས་ཅད་ཐུན་ལ་སོགས་པ་གོང་དང་འདྲའོ། །རེས་གཅིག་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་མགྲིན་པར་སླེབ་པ་ལ། ཨཱཿམེའི་རང་བཞིན་ཅན་གྱི་ཆར་བབ་པར་བསམ། གཞན་སྔོན་འགྲོ་ལ་སོགས་པ་མེ་ཆེར་འབར་བ་ཐམས་ཅད་གོང་དང་འདྲ་གསུང་། རེས་གཅིག་ཀྱང་གཞན་ཐམས་ཅད་གོང་དང་འདྲ། མགྲིན་པའི་མེ་དེས་རང་གི་ཚངས་བུག་ནས་ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་མེ་འབར་བར་བསམ་ཞིང་བསྒོམ། འདིའི་མིང་ནི་མ་ལུས་པ་མེར་འབར་བ་ཞེས་གསུངས། རྩེ་མོ་ཕྱིར་འཁྱིལ་ནས་མཚོན་ཆའི་འཁོར་ལོའ་དབྱིབས་འདྲ་བའི་ཟུར་དྲུག་པ་ཞིག་གི་ཟུར་རེ་རེའི་སྟེང་དུ་ཧཱུྃ་སོར་ངེ་


LT14_Page_240A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་རེ་རེ་དྲུག་བསམས་པ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་འོག་གི་སྐོར་དུ་ནི་མི་འཁོར། སྟེང་གི་མེའི་འཁོར་ལོ་ཟུར་དྲུག་པ་དེ་གཡས་སུ་བསྐྱོད་གཡོན་དུ་བསྐྱོད་པར་བསམ་པ་ལ་ཐུན་གཅིག །ཡང་གོང་གི་ཇི་ལྟར་བཤད་པའི་ཕྱག་རྒྱ་ལ་དམིགས་ནས་རླུང་མནན་པ་ཐུན་གཅིག །ཡང་ནང་གི་མེའི་འཁོར་ལོ་སྐྱེས་ནས་ལུས་གང་བ་ལ་དམིགས་པ་གཅིག །དེ་ལྟར་ནང་དུ་གོང་བཞིན་བཅུ་གཉིས། ཕྱག་རྒྱ་ལའང་དམིགས་པ་བཅུ་གཉིས་གོང་བཞིན་རེས་མོས་བྱའོ། །སྔོན་དུ་འགྲོ་བ་ཐམས་ཅད་བྱས་ནས། རང་ལྟེ་བའི་སྟེང་གི་མེའི་འཁོར་ལོ་དེ་སྐྱེས་ནས། སྙིང་གའི་སྟེང་ན་ཡར་སོར་བཞི་ཙམ་འབར་བ་ཡིན། མེ་སྟག་ཡིན་ཡང་ཨཱ་ལི་ཀཱ་ལིའི་རྣམ་པ་མེའི་ཕྲོམ་ཕྲོམ་བྱེད་པ། དེའང་ལྷག་པར་ཨཱ་ལིའི་རྣམ་པར་བྱེད་པར་བསམས་ལ་རླུང་ཐུན་གཅིག་མནན། ཡང་མེས་ལུས་ཐམས་ཅད་གང་བར་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་བཅུ་གཉིས་རེ་ཉི་ཤུ་རྩ་བཞི་གོང་བཞིན་བྱ། ཕྱིར་ལ་ཕྱག་རྒྱ་ལ་དམིགས་པ་འདིར་མི་དགོས་གསུངས། སྔོན་འགྲོ་བྱས་ནས། རང་གི་སྙིང་གའི་མེ་དེ་མགྲིན་པ་ན་ཡར་ལ་འབར་ནས་རྩེ་མོ་དེ་པདྨ་འདབ་མ་བཅུ་དྲུག་པ་བཞིན་དུ་ཡོད་ནས། འདབ་མ་རེ་རེའི་སྟེང་ན་ཨཱ་ལི་བཅུ་དྲུག་གཡོན་སྐོར་དུ་མེའི་རང་བཞིན་དུ་སོང་བར་བསམས་ལ། རླུང་གོང་བཞིན་དུ་ཐུན་གྲངས་གོང་བཞིན་བསྒོམ་མོ། །སྔོན་འགྲོ་ཐམས་ཅད་བྱས་ནས། རང་གི་མགྲིན་པའི་མེ་པདྨ་བཅུ་དྲུག་པ་འདྲ་བའི་སྟེང་ན་ཡར་མེ་མར་མེ་ལྔ་འབར་ལྟ་བུའི་རྩེ་ལྔ་པ་ཞིག་ཧཾ་ལ་ཅུང་མ་སླེབ་པ་ཙམ་དུ་འབར་བར་བསམས་ལ། རླུང་མནན་པ་དང་ཐུན་གྲངས་གོང་དང་མཐུན་ནོ། །སྔོན་འགྲོ་བྱས་ནས་རླུང་ཐུན་གཅིག་མནན། རང་གི་ལུས་སྤྱི་མེ་འབར་བ་ལ་ཐུན་གཅིག་དམིགས་པ་གཏད། ཡང་རླུང་ཐུན་གཅིག་མནན། ཕྱིར་ལ་ཕྱག་རྒྱ་གོང་དུ་ཇི་ལྟར་བཤད་པ་ལྟ་བུ་ཞིག་ལ་དམིགས་པ་གཏད། དེ་ལྟར་ཐུན་གྲངས་དང་སྒོམ་ཐབས་གོང་དང་འདྲའོ། །


LT14_Page_240B
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་བྱས་ནས། སྟོང་གསུམ་ཙམ་མེར་འབར་བ་ལ་དམིགས་ལ་རླུང་གོང་ལྟར་བྱའོ། །མེ་འབར་བ། ཆེར་འབར་བ། སྟོང་གསུམ་ཙམ་འབར་བ་ཞེས་བྱའོ། །དེ་ལྟར་རླུང་བརྔན་དགས་རིམ་གྱིས་སྦྱིན་པ་ཞེས་བྱ་བ་སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་དམིགས་པ་བདུན་པོ་དེ་ཁྲིད་བསྡུས་པ་བྱེད་ན་འདུས་པ་གསུམ་ཀ་ལ་འོང་བ་ཡིན་པ་ལ། འདིར་རྒྱས་པ་བྱེད་པས་འདུས་པ་གསུམ་གང་ལའང་མ་གཏོགས་སོ། །སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་དུ་འགྲོ་བ་ཡིན། འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པས་རླུང་། གཏུམ་མོ་བསྒོམས་པས་རླུང་ལོག་དེས་རྩ་དྲལ། དེས་གཏུམ་མོའི་མེ་འབར་བས་ཁམ་བྱང་ཆུབ་ཀྱི་སེམས་བཞུས་པས་ལྷན་སྐྱེས་ཀྱི་བདེ་བའི་ཉམས་བསྐྱང་ངོ་། །དེར་བདེ་བ་མ་སྐྱེས་ན། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པའི་དུས་སུ་བདེ་བ་སྐྱེ་བར་བྱེད་པའི་ཐབས་ནི། གོང་དུ་རང་གིས་མཐོང་མཐོང་བའི་མིའི་བུ་མོ་གཟུགས་དང་ལང་ཚོར་ལྡན་པ་རང་གང་ཆགས་པ་གཅིག་གམ་བཅུ་ལ་སོགས་པ་སྔོན་འགྲོ་བྱས་ནས། མདུན་དུ་ཡོལ་བས་བཅད་པའི་རྒྱབ་ཏུ་བསམས་ལ། ཁྲོ་མོ་རྣལ་འབྱོར་མ་དྲན་ཙམ་བྱ། དེ་ནས་ཆགས་པའི་མེ་སྦར། ཐིག་ལེ་དབབ། བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ། ཞེས་བཞི་ཡོད་པ་ལས། དང་པོ་ཆགས་པའི་མེ་སྦར་བ་ནི། མདུན་གྱི་ཕྱག་རྒྱ་དེ་བཤུག་གླུ་ལེན་པ་དང་། རྩེད་མོ་བྱེད་པ་ལ་སོགས་པའི་སྒྲ་ལ་ཉན་པ་དང་། གཟུགས་ལ་བལྟས་པས། ལྷན་སྐྱེས་ཀྱི་བདེ་བ་ཅི་སྐྱེ་བྱ། དེས་བདེ་བ་མ་སྐྱེས་ན། ཐིག་ལེ་དབབ་པ་ནི། རང་གི་ལག་པའི་མཐེ་བོང་གཉིས་ཚངས་པའི་ནང་དུ་བཙུག་ལ། ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ། མིག་གཉིས་ནམ་མཁའ་ལ་བཏས་ལ། ལུས་དུམ་ཙམ་བསྒུལ། དེ་ནས་ཐིག་ལེ་ཉམས་ཚད་ན། བགྲད་པའི་མཐས་བསྲུང་བ་ནི།


LT14_Page_241A
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དང་ལག་པ་གོང་ལྟར་བྱས་ལ། ལྟེ་བ་སྒལ་པ་ལ་བཅར་ལ། རོ་སྟོད་དུམ་ཞིག་བསྒུལ་ལོ། །དེ་ནས་གསང་ཐུབ་པར་བྱ། ཞེས་པ་ནི། སྔགས་པ་ཡིན་ན་ལྷན་ཅིག་ཏུ་གནས་པར་མི་བྱ། དཀའ་ཐུབ་ཡིན་ན། ཡོལ་བའི་ནང་དུ་ཕྱག་རྒྱ་དེ་མི་བསམ་མོ། །དེ་ལྟར་བདེ་བ་མ་སྐྱེས་ཀྱི་བར་དུ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་མནན་མི་དགོས་སོ། །དེ་ལྟར་བྱས་པས་དགའ་བ་བཅུ་དྲུག་སྐྱེས་ན་དེས་ཆོག །མ་སྐྱེས་ན་ཡང་འདི་ལྟར་བྱ། སྔོན་དུ་འགྲོ་བ་བྱས་ནས་རང་གི་སྣ་བུག་གཉིས་ནས་ཕར་ལ་རླུང་སྔོ་ནར་གྱིས་བྱུང་། མདུན་དུ་ཡོལ་བའི་རྒྱབ་ཏུ་ཕྱག་རྒྱ་གོང་བཞིན་བསམ་པའི་སྣ་གཉིས་ན་ཕར་སོང་། གསང་གནས་ནས་ཚུར་བྱུང་། ཡང་རང་གི་སྣ་ནས་ཕར་སོང་། དེ་ལྟར་སྒ་ར་ར་ཐུན་གྲངས་ཐུན་མཚམས་མེད་པར་བྱའོ། །སྔོན་དུ་འགྲོ་བ་བྱས་ནས། རང་གི་མདུན་གྱི་ཡོལ་བའི་ནང་དུ་གོང་བཤད་པའི་ཕྱག་རྒྱ་དེ་བསམས་ལ། དེའི་ལུས་ལ་ནི་མི་རེག་པར་རྟ་བོང་ལ་སོགས་པའི་ཆགས་པའི་གཏམ་བྱ་བར་བསམ། སྨིན་མཚམས་དང་། མགྲིན་པ་དང་། ནུ་མ་གཉིས་ཀྱི་བར་དང་། ལྟེ་བ་དང་། གསར་གནས་ལ་སོགས་པ་གང་ཆགས་པའི་སར་བལྟ་ཞིང་། རྩེད་མོ་དང་ཀུ་རེ་ཆགས་པའི་གཏམ་བྱ་ཞིང་གཟུགས་ལ་བལྟ། སྒྲ་ལ་ཉན། དེ་ལྟར་ཆགས་པའི་མེ་སྦར་བས། བདེ་བ་སྐྱེས་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། དེ་ནས་གསང་ཐུབ་པར་བྱ་བ་ནི། ཕྱག་རྒྱ་དང་ལྷན་ཅིག་ཏུ་སྙོམས་པ་བཞུགས་པར་མི་བསམ་མོ། །རླུང་ནི་གནོན་མེ་དགོས་པའི་ཐུན་གྲངས་དང་། ཐུན་མཚམས་མེད་པར་བསྒོམ་མོ། །ཕྱག་རྒྱ་བཞིའི་དབང་དུ་བྱས་ན། བཞི་ལ་སོ་ལས་ཀྱི་ཕྱག་རྒྱ་མངོན་གྱུར་ལ་བརླབ་པ་ནི། སྔགས་པས་དངོས་སུ་ཕྱག་རྒྱ་བསྟེན་པ་ཡིན། ཆོས་ཀྱི་ཕྱག་རྒྱ་ལྐོག་གྱུར་ལ་སློབ་བཞི། སྒོམ་པའི་དུས་ཀྱི་རྩལ་དམིགས་པ་དེ་རང་ཡིན། ཡེ་ཤེས་ཕྱག་རྒྱ་རང་སྣང་གི་རིག་པ་ལ་བསླབ་པ་ནི། ད་ལྟ་མདུན་དུ་བསམས་ནས་ཁྲིད་པ་འདི་རང་ཡིན། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་ལ་


LT14_Page_241B
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཡིན། འདི་པའི་ལུགས་ཀྱིས་ཕྱེད་དང་བཅུ་གསུམ་ན་གྲུབ་པ་ཐོབ་པའི་དུས་ལ་ཕྱེད། འདི་ཡང་བླ་མས་རིག་ཙམ་གསུང་བཟུང་བ་ཡིན་གསུངས། དེར་མ་མཐོང་བའི་སྒྲ་ལ་བསླབ་པ་ཐལ། མཐོང་བའི་གཟུགས་ལ་བསླབ་པ་ཐལ་ནས། སྔོན་དུ་འགྲོ་བ་བྱས་ལ། གོང་གི་ཕྱག་རྒྱ་གཟུགས་དང་ལང་ཚོར་ལྡན་པ་དེ་ཇོ་མོར་བསམས་ལ། དེའི་ནུ་མ་མཉེ་བ་དང་། བགད་བཞད་བྱེད་པར་བསམ་ཞིང་ཆགས་པའི་མེ་སྤར། དེས་བདེ་བ་སྐྱེས་ན་ཐིག་ལེ་ཕེབས་ནས་ཉམས་ཚད་ན། གོང་བཞིན་བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ་བ་ནི། ད་རུང་ཡང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བྱའོ། །སྔོན་དུ་འགྲོ་བ་བྱས་ནས་གོང་གི་ཕྱག་རྒྱ་དེའི་གསང་བ་དང་། རང་གི་གསང་བ་གཉིས་འཕྲད་ཙམ་འཕྲད་ཙམ་བྱེད་པར་བསམ་ཞིང་བསྒོམ། ད་རུང་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱེད་པ་ནི་མིན། དེར་ཆགས་པའི་མེ་སྤར་བས་ཐིག་ལེ་ཕེབས་ནས་ཉམས་ཚད་ན་གོང་བཞིན་བསྒྲདབསྐྲད་པའི་མཐསམཐུས་བསྲུང་། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བོ་ལ་ཀཀྐོ་ལ་བཅུག་པའོ། །དེས་དགའ་དང་། དགའ་བྲལ་བསྙན་ནས། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན། སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ་གོང་གི་ཆོས་བཞི་འདིར་ཡོད་དགོས་པས། དང་པོ་ཆགས་པའི་མེ་སྤར་བས། སྲུབ་པ་དང་། སྲུབ་པའི་སྦྱོར་བ་བྱས་པས། ཐིག་ལེ་ཕེབས་ནས་ཉམས་ཚད་ན། འདི་ལམ་འབྲས་རང་གི་ལུགས་ཡིན་གསུངས། ཉམས་སུ་མི་བཅུག་པར་བསྒྲདབསྐྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པ་ཡིན་ནོ། །དེས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན་སྐྱེ་བའི་ཐབས་ནི། སྔོན་དུ་འགྲོ་བ་བྱས་ལ། གོང་གི་ཆོས་བཞི་འདིར་ཡང་དགོས་པས། དང་པོ་ཆགས་པའི་མེ་སྤར་བས་ལྷན་ཅིག་སྙོམས་པར་ཞུགས་ནས། ཐིག་ལེ་དབབ་པའི་ཐབས་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱས་ལ། དེས་ཐིག་ལེ་ཕེབས་ནས་གཉིས་ཤོར་གཉིས་མ་ཤོར་བའི་དུས་སུ་བསྒྲདབསྐྲད་པའི་མཐས་བསྲུང་བས་གཉིས་མ་ཤོར་བ་འདི་དགྱེས་རྡོར་བའི་ལུགས་


LT14_Page_242A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གསུངས།དེའི་དུས་སུ་རྟགས་ཅི་འོང་ན་བཤང་བའི་ལམ་ཚལ་འཚུབ་པའམ་སྤུ་ཟིང་ཟིང་བ་འོང་། ཐིག་ལེ་གཉིས་ཤོར་གཉིས་ལུས་པའི་དུས་དེར་ཐིག་ལེའི་ཟུག་མི་བཟོད་པས་ངུ་བའི་སྐད་འོང་བདེ་བ་དེ་ལྟ་བུ་འོང་བའི་དུས་སུ། སྟོང་པ་དང་ཟུང་དུ་འཇུག་པའི་ཐབས་ལ། རང་གི་རྩ་གཉིད་ལོག་མཛུ་གུས་མནན་ན་མི་རྟོག་པར་འགྲོ་བས། གོང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཟེར་བ་དེ་དེ་ཡིན་གསུངས། ཐིག་ལེ་གཉིས་དེ་མ་ཤོར་བ་ལ་གསང་ཐུབ་ཟེར། དེས་ཁམས་འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་དེ་ཚར་བ་ཡིན། ད་དེ་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན། ད་འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ནི། མཚོ་མཚེའུའི་འགྲམ་དུ་འགྲོ་ལ། སྔོན་དུ་འགྲོ་བ་བྱས་ལ། ཤིང་ངམ། རྡོའི་གྲིབ་མ་མཚོ་འམ། མཚེའུ་ཡི་ནང་ན་མར་ལ་ཤར་བ་ལ། སྔ་དྲོ་ཁ་ཤར་དུ་གྱུ། ཕྱི་འཕྲེད་ནུབ་ཏུ་གྱུ་ལ་བལྟ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག །ཡང་རྡོའམ་ཤིང་ལ་བལྟ་ཞིང་བསྒོམ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག །དེ་གསུམ་སྒ་ར་ར་བྱ། ཡུན་རིང་དུ་ཁྲིད་བྱེད་ན་དེ་རེ་རེ་ལའང་ཤོག་རེ་བསྒོམ་པ་ཡིན་གསུངས། དེས་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན་སྐྱེ་བའི་ཐབས་ནི། རང་གི་མདུན་གྱི་ས་གཞི་བས་ཡར་ལ་འདོམ་གང་གིས་མཐོ་བའི་ཐད་སོར་དམིགས་ལ་བསྒོམ་ཡང་མིག་བཙུམ་ལ། སེམས་ཞི་བ་ལྷུག་པ་ལ་བཞག །དེས་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །གོང་གི་ཁྲིད་ཀྱིས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་གོང་དུ་མ་སྐྱེས་ན། སྐྱེ་བར་བྱེད་པ་ནི་རབ་བྱུང་ངམ་ཡེ་ཤེས་ཀྱི་ཡིན་ན་ནི་བསམ་པར་བྱ། དངོས་སུ་ལས་ཀྱི་ཕྱག་རྒྱ་ཡིན་ན། མདུན་དུ་གཅེར་བུར་ཕུད་ལ་དེའི་སྨིན་མཚམས་སུ་ཤེས་པ་གཏད་ལ་བསྒོམ། ཡང་རང་གི་སེམས་ཞི་བ་ལྷུག་པར་བཞག །དེས་ཀྱང་མ་སྐྱེས་ན། དེ་བཞིན་དུ་ནུ་མའི་


LT14_Page_242B
[མ་དཔེ་གཟིགས་ན་འདིར་གནོན།]

བར་དང་། ལྟེ་བ་དང་། གསང་གནས་སུ་ཡང་གཏད་ཅིང་སེམས་ཞི་བ་ལྷུག་པ་ལ་བཞག་པ་རེ་མོས་སྒ་ར་ར་བྱའོ། །དེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །དེར་གཉུག་མའི་སེམས་ཀྱི་རང་སྒོ། །བཅོས་མིན་སེམས་ཀྱི་ངོ་བོ། །ཉམས་བདེ་སྟོང་མཉམ་རྗེས་མེད་པར་སྐྱེ་བ་འདུས་པ་ཐ་མའི་ཏིང་ངེ་འཛིན་ཡིན། དེའི་དུས་སུ་མངོན་ཤེས་མེད་ན་སྐྱེད་པར་བྱེད་པའི་ཐབས་ནི། གོང་དུ་མཐོང་བའི་ཕྱག་རྒྱ་གཅིག་གི་མཁའ་ཀློང་དུ་རང་གི་རྩ་གསུམ་ནས་ཐིག་ལེ་དབབ་པ། ཡང་རྩ་གསུམ་ན་ཡར་དྲངས་ལ་མིག་གི་མངོན་པར་ཤེས་པ་འདོད་ན་མིག་རྩ་གཉིས་སུ་ཡང་ཡང་དྲང་ངོ་། །རྣ་བའི་རྣམ་པར་ཤེས་པ་འདོད་ན་རྣ་བའི་རྩ་གཉིས་སུ་ཡང་ཐིག་ལེ་དྲང་ངོ་། །སྣའི་མངོན་པར་ཤེས་པ་འདོད་ན་སྣ་རྩ་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ་། །ལྕེའི་མངོན་པར་ཤེས་པ་འདོད་ན་ལྕ་ཆུང་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ་། །ཡིད་ཀྱི་མངོན་པར་ཤེས་པ་འདོད་ན། ལུས་སྤྱི་ཁྱབ་པར་བསམ་མོ། །དེས་མངོན་པར་ཤེས་པ་འོང་དེས། དེས་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་དུ་ཐལ་ལ། ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེ་བ་ཡང་ཐལ། དེ་ནས་ཁམས་འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའང་ཐལ་ལ། ཁྲིད་བསྡུས་པར་བྱེད་ན། རླུང་གི་སྦྱོར་བ་བདུན་པོ་རྐྱང་པ་བྱ། དེའི་ཁྲིད་ལུགས་ནི། ཁམས་འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་གདོན་པ་གསུམ་ལ་སོགས་པའི་རླུང་གི་སྦྱོར་བ་བར་གྱི་ལྔ་པོས་བཙལ། འདུས་པ་ཐ་མ་ལ་སྦྱོར། ཞི་བ་ཤཱན་ཏི་ཀས་ལམ་བཙལ། དེའི་དུས་སུ་དབང་པོ་རབ་ལ་ཉམས་སྐྱོན་མེད་རྣམ་པ་གསུམ་སྐྱེས་ཀྱང་། ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། དབང་པོ་འབྲིང་ལ་ཁྲིད་འབྲིང་དུ་བྱེད་ན། འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་


LT14_Page_243A
[མ་དཔེ་གཟིགས་ན་འདིར་གནོན།]

བར་པ་ལ་ཁ་སྦྱོར་ཞི་བ་ཤཱན་ཏི་ཀ་པར་གཏོགས་ཀྱི་རླུང་གི་སྦྱོར་བ་དྲུག་པོས་བསམ་གཏན་གྱི་ལམ་བཙལ། འདུས་པ་ཐ་མ་ལ་མན་ངག་གི་གནད་ལ་བརྟེན་པའི་གཏུམ་མོས་བསམ་གཏན་ཀྱི་ལམ་བཙལ། དེའི་དུས་སུ་ཉམས་སྐྱོན་མེད་གསུམ་སྐྱེས་ཀྱང་ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། རྒྱས་པར་བྱེད་ན་གྲགས་ཚོད་མ་ལུས་པར་བྱེད་པ་ཡིན་ཏེ་འདི་རང་ཡིན། རླུང་གི་སྦྱོར་བ་བདུན་པོ་ནས་སྔོན་དུ་ཁྲིད་པས་སྔོན་དུ་འགྲོ་བ་མིན་པའི་འདུས་པ་གསུམ་གང་ལའང་མ་གཏོགས། ལར་ཁྲིད་རྒྱས་བསྡུས་གང་ལྟར་བྱེད་ཀྱང་ཉམས་སྐྱོན་མེད་རྣམ་པ་གསུམ་གར་སྐྱེས་ཀྱང་དེ་ནས་གཞན་པ་སློབ་པ་མིན་པའི་ཁྲིད་མི་དགོས་སོ། །བླ་མས་རླུང་སྦྱོར་བདུན་པོའི་གོང་གི་རྒྱུ་བ་གསུམ་གཅིག་ཏུ་བརྩེ་བ་ལ་སྲོག་རྩོལ་ཞེས་ཟེར། སྲོག་རྩོལ་ལ་རྔན་དགས་རིམ་གྱིས་སྦྱིན་པས་དྲིད་ནས་རླུང་གནས་པར་བྱེད་འདོད་ཙམ་ན། རླུང་ལ་བཅས་བཅོས་བྱེད་པ་ཀུན་རླུང་གནས་པའི་ཐབས་ཡིན་པས་རླུང་གི་སྦྱོར་བ་བདུན་པོ་ཀུན་ལ་རྔན་དགས་ཟིམ་གྱིས་སྦྱིན་པ་ཟེར་བ་གོ་གསུངས། འོག་རླུང་གི་བྱེད་ལུགས་རེས་ནམ་བྱུང་བས་མ་ཤེས་ནས། ལམ་འབྲས་པའི་ལུགས་ཀྱི་ངེས་པའི་ནམ་ནས་རན་པ་ཡིན་ཞུས་པས། རིན་པོ་ཆེའི་ཞལ་ནས། མ་མཐུན་པ་དེ་རྣམས་བཤད་པ་གདམས་ངག་ཅི་ཚར་གྱི་ཐབས་ཡིན། ད་དེ་ཁྱེད་ལ་ཟློ་འཚལ། སྙིང་ཐག་པ་ནས་ཉམས་སུ་ལེན། ཡོན་ཏན་ཅི་སྐྱེ་བྱེད་ན། སྟེང་རླུང་མནན་པ་ཙམ་གྱིས་འོག་རླུང་དང་བསྡམས་ལ་ནམ་བྱུང་བའི་དུས་སུ་འོག་རླུང་རན་པ་ཡིན། དེ་མིན་བར་འོག་རླུང་སྔས་ན་ཟོང་པོ་ཟོང་ཟད་དུ་འགྲོ་བས་ཡོན་ཏན་མི་འབྱུང་། མཁལ་རྐེད་ལ་སོགས་པའི་སྐྱོན་དུ་འགྱུར་གསུང་ངོ་། །ༀ་སྭ་སྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལམ་འབྲས་ཀྱི་ཁྲིད་བྱེད་པའི་དུས་སུ། རྨི་ཉམས་དང་། ལུས་ཉམས་དང་། སེམས་ཉམས་གསུམ། མཐོང་སྣང་གི་ཉམས་དང་བཞི་ལས། དང་པོ་སྲོག་རྩོལ་གྱི་གནས་སྐབས་སུ་ཕོ་རོག་གིས་སྐྱ་ཀའི་མགོ་བཏོག་པ་རྨིས་ན། དུད་འགྲོའི་ས་བོན་དུཿཡིག་དུད་ཁར་རླུང་སེམས་གཉིས་མཉམ་པར་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕྱིང་པ་དཀར་པོ་ལ་ནག་ཐིག་ཡོད་པ་གྱོན་པར་རྨིས་ན་གྲིབ་བྱུང་བའི་རྟགས་ཡིན། དེའང་རང་གི་བླ་མ་འདྲ་བ་ཞིག་ལ་མ་གུས་པའམ་མ་མོས་པ་བྱས་པའི་རྟགས་རྨི་ཉམས་ཡིན་པས་དེ་


LT14_Page_243B
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བའི་ཐབས་ནི། རང་གི་མདུན་གྱི་ནམ་མཁར་རང་མ་ཀུས་པ་བྱས་པ་གང་ཡིན་པའི་བླ་མ་དེ་བསམས་པ། རང་གི་སྨིན་མཚམས་སུ་བསམ་པ་ཡང་ཡང་བྱ། དེས་སེལ་ལོ། ཐད་སྟོངས་པའི་དཀྱིལ་ན་འདུག་པ་ལ་དགྲས་ཁྱེར་དོགས་ཡོད་སྙམ་པ་རྨིས་པ་ན་ལྷ་མ་ཡིན་གྱི་ས་བོན་སུཿཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ཆུ་དམར་ཆེན་པོ་ལ་འགྲོ་ཚད་པ་རྨིས་ན་ཆུ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། རང་གི་ཕ་མའམ་ཉེ་དུ་རྨིས་ན། རྣམ་རྟོག་སྔོན་དུ་སོང་བའི་དྲོད་བྱ་རྩ་གཡས་པའི་མར་སྣར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། བུ་སྲིང་ལྟ་བུ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། གདོན་ས་གསུམ་གྱི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མེ་ཆེན་པོ་ལ་འགྲོ་ཚད་པ་ལ་སོགས་པ་རྨིས་ན། མགྲིན་པར་མེ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། བཙོན་གྱི་བདག་པོ་བྱེད་པ་རྨིས་ན། ནྲྀ་ཡིག་སྔོན་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རང་གི་གཞོགས་གནས་པ་ན་ཡང་སྦྲུལ་ཆེན་པོ་འགྲོ་བ་ལྟ་བུ་རྨིས་ན་རྩ་གཡས་པའི་ནང་དུ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། འདྲེ་མིན། ལུས་ཉམས་ལ་གཞོགས་གཡས་པ་ན་ཡར་འབར་བ་ལྟ་བུ་བྱུང་ན། ཕོ་རླུང་གི་འཕར་བྱ་བ་ལ་སོགས་པ་ཡིན་པས། རྩ་གཡས་པ་ལ་བརྟེན་ཏེ་ཐེས་སུ་ཕོ་རླུང་རྒྱུ་བ་ཡིན་པས་དེའི་ཉམས་ཡིན། རྨི་ལམ་དུ་ཤི་བ་ཁོ་ན་རྨིས་ན། ཉམ་ང་མྱ་ངན་འདྲེའི་རྩ་བྱ་བ་མཐེ་བོང་རྩ་བར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རྟ་སྔོན་པོ་ཞོན་པ་རྨིས་ན་རླུང་གི་རླུང་ཟིན་པའི་རྨི་ཉམས་ཡིན། ཁ་ནས་སྒྲ་གེང་དུ་དགང་བ་ལ་སོགས་པའི་དགང་བ་གཉིས་ཀྱི་གནས་སྐབས་སུ། ཉམས་བཞི་པོ་ལ་རྨི་ཉམས་སུ་རང་གི་སྤྱི་བོ་ན་ཡར་རྡོལ་ལ་ཁད་པ་རྨིས་ན་མ་ལས་ཐོབ་པའི་་སྤྱི་བོ་ན་ཡར་འབུས་པའི་རྨི་ཉམས་ཡིན། ནམ་ཕྱེད་ཡིན་པ་ལ་དཀར་སང་ངེ་འདུག་སྙམས་པ་རྨིས་ན་ཕ་ཐོབ་པའི་བྱང་སེམས་དཀར་པོ་བག་ཙམ་དབུ་མའི་ནང་འདུས་པའི་རྨི་ཉམས་ཡིན། ཁ་སྦྱོར་ཞི་བ་ཤཱན་ཏཱི་


LT14_Page_244A
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་གནས་སྐབས་སུ་ཉམས་བཞི་ལ། རྨི་ཉམས་སུ་སྦལ་པ་དང་ལ་ཕུག་རྨིས་ན། དུད་འགྲོའི་ས་བོན་དུཿཡིག་དུད་ཁའི་ཡན་ལག་སྦལ་པ་དང་། ལ་ཕུག་འདྲ་བ་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། འདམ་ལ་ནུབ་ནས་མི་ཐོན་པའམ། ས་ལས་བྱེད་པ་ལ་སོགས་པ་རྨིས་ན། ས་རླུང་རང་གནས་སུ་ལྟེ་བར་ཟིན་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། བ་ལ་མཐུར་བཅུག་པ་རྨིས་ན། ནི་ཡིག་སྔོན་པོ་ལས་འཁོར་འདས་ཐམས་ཅད་ཀྱི་རྩས་ཁྱབ་ནས་ཡོད་པའི་སྟོད་ཕྱོགས་ནས། རྩ་བའི་གཟུགས་འདྲ་བ་ལོད་པ་ལ་རྩ་ཕྲ་མོ་མང་པོས་མཐུར་བཅུག་པ་བཞིན་དུ་དཀྲིས་ནས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མི་མགོ་ཁ་ཉེར་ཉེར་བྱེད་པ་རང་གི་མདུན་ན་སྣང་བ་རྨིས་ན། ཡི་གེ་བཅུ་བཞི་པོ་མིན་པའི་ཡི་གེ་བསམ་གྱིས་མི་ཁྱབ་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རང་གི་ཐིག་ལེ་ཤོར་བས་རང་གི་གོས་ལྟེམས་ཀྱིས་གང་བ་རྨིས་ན། གོས་ཀྱི་ཕྱོགས་གཡོན་པ་ཡིན་ན་རྩ་གཡོན་པ་ཡིན། གོས་ཀྱི་ཕྱོགས་གཡས་པ་གང་བ་རྨིས་ན། རྩ་གཡས་པའི་ནང་དུ་བྱང་སེམས་དཀར་པོ་དེ་གནས་པའི་ཐིག་ལེའི་རྨི་ཉམས་ཡིན། རང་གི་ལུས་ལ་སྦྲུལ་གྱིས་དཀྲིས་པ་རྨིས་ན། རྩ་གཡས་གཡོན་གྱི་མདུད་པ་ཅུང་ཞིག་གྲོལ་ནས། སྦྲུལ་གཅུས་པ་བཞིན་དུ་རང་གི་ལུས་དཀྲིས་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་རྩའི་རྨི་ཉམས་ཡིན། རང་རྟ་པ་ལྟ་བུའི་ཟླ་ལ་སོད་བ་ཤིན་ཏུ་མགྱོགས་པ་རྨིས་ན། རླུང་གི་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། འདིའི་དུས་སུ་རྨི་ལམ་ཡེ་མ་བྱུང་ན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པའི་རིམ་པ་དབྱིབས་བསྒོམས། དེའི་དང་པོ་མི་བསྐྱོད་པའི་སྤྱན་ལ་དམིགས་པའི་གནས་སྐབས་སུ། ཉམས་བཞི་ལ་རྨི་ཉམས་སུ་ཆུ་ཚན་ལ་ཞུགས་པ་རྨིས་ན། ཆུ་རླུང་རང་


LT14_Page_244B
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སྟིང་གར་ཟིན་པ་རྨི་ཉམས་སུ་ཡིན། ལུས་པོ་ཁོང་སྟོང་གི་ནང་དུ་མེ་དམར་སྐྱ་འབར་བའི་གནས་སྐབས་སུ་ཉམས་བཞི་པ་ལ་རྨི་ཉམས་ཡིན། མ་བྱུང་ན་ལམ་འབྲས་བུའི་ལུགས་ཀྱིས་རྟེན་འབྲེལ་བཞིའི་ཉམས་བྱ་བ་བཟང་པོར་བྱེད་པ་ཡིན། དེ་ལ་ཐབས་ཀྱི་ལམ་དབང་གསུམ་པ་བསྒོམ་པའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ། ཞིང་ལ་ཆུ་འགྱེད་ཅིང་ཚིགས་བཅད་ཟློ་ཞིང་འདུག་པ་མཐོང་བ་རྨིས་ན། ས་རླུང་ཆུ་རླུང་གཉིས་དུས་མཉམ་དུ་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། བུད་མེད་འགའ་རེ་ཙམ་གྱི་ནང་དུ་རང་གིས་ཆགས་པ་བྱས་པ་ལ་འགའ་རེ་དགའ། འགའ་རེ་མི་དགའ་བར་འདུག་པ་རྨིས་ན། ཚེ་སྔ་མ་ཡང་སྔ་ལ་རང་ལ་དམ་ཚིག་གི་སེལ་ལམ་གྲིབ་བྱུང་བ་ཡིན་པས། ཉིན་རེ་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་ཤོག་ཅིག་བརྗོད་པར་བྱ། ནུབ་མོ་དཀར་སངས་སངས་པ་བྱུང་ན། ཐིག་ལེའི་ཉམས་མིན། རྡོ་རྗེ་རྦ་རླབས་གསུམ་དུ་རེངས་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་རང་གི་དྲི་ཆེན་གྱི་ནང་དུ་རིང་བསྲེལ་འོད་དང་ལྡན་པའམ་མཆོད་རྟེན་ནམ་གདུགས་རྟེན་བྱོན་པ་རྨིས་ན་བདག་ད་ལའི་ཡི་གེ་བཅུ་བཞི་པོའ། ༀ་དཀར་པོའི་ནང་དྲི་ཆེན་གྱི་དྭངས་མ་དང་བྱང་སེམས་དཀར་པོ་གཉིས་ཅུང་ཞིག་འདྲེས་པའི་རྨི་ཉམས་ཡིན། འཕུར་བ་རྨིས་ན་རླུང་གི་རླུང་ངང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། འཇིགས་ཤིང་དགྲས་ཁྱེར་དོགས་པ་རྨིས་ན། རང་གི་མཁལ་མ་གཉིས་གྱི་སྟེང་ན་འཇིགས་ཤིང་ཉམ་ང་བའི་རྩ་བྱ་བ་ལུག་རུ་ལྟ་བུ་གཉིས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་དུས་སུ་བླ་མ་བརྒྱས་མཐའ་མ་བསྐོར་ཡང་འཇིགས་ཤིང་སྐྲག་པ་འོང་བ་ཡིན་པས་དེའི་རྨི་ཉམས་ཡིན། གསང་གནས་ནས་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ་ཤར། དམར་པོ་བྲག་འདྲ་འབྱུང་བ་ལ་གབ་བའམ་བྲོས་པ་རྨིས་ན་བྱང་སེམས་ཁྲག་གི་ཆ་དེ་ཅུང་ཞིག་འདུས་པའི་རྨི་ཉམས་ཡིན། བུད་མེད་ཕྱེ་བཏགས་པའི་རོགས་རང་གིས་བྱེད་པ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བར་རླུང་སེམས་ཅུང་ཞིག་གནས་པའི་རྨི་ཉམས་ཡིན། ཐིག་ལེ་


LT14_Page_245A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་འཐབ་མོའི་གནས་སྐབས་སུ་ཉམས་བཞི་ལས། ལྟོ་བའི་འོག་སྤུ་ནེ་གུའི་ལྟག་རུ་ན་རླུང་གི་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན། བླ་མ་རབ་གནས་བྱེད་པ་ལ་བུ་ཚ་མང་པོས་ནམ་མཁའ་ན་ཚུར་སྐོར་བ་བྱེད་པ་རྨིས་ན་འགས་ལྷའི་བུ་ཡིན་ཟེར། འགས་ཆོས་སྐྱོང་ཡིན་ཟེར་ཏེ། དེ་གཉིས་གང་ཡང་མིན་པས། འདི་པའི་ལུགས་ཀྱི་མི་བསྐྱོད་པ་དང་བླ་མ་གཉིས་གཅིག་པས། དེའི་ས་བོན་དེ་རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་དེ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཅུང་ཞིག་བབས་ནས་མར་བྱོན་པས་ལྟེ་བའི་ནི་ཡིག་སྔོན་པོའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མེ་སྐོར་བུའི་སྣེ་མོ་རེ་རེར་ཧཱུྃ་གཉིས་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རང་གི་ལུས་ཆེར་སོང་སྙམ་པ་བྱུང་ན། ས་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན། སྤྲང་པོ་མང་པོའི་ནང་དུ་འདུག་པར་རྨིས་ན་རླུང་དང་བྱང་སེམས་ཀྱི་དྭངས་མ་མིན་པའི་སྙིགས་མ་ཅུང་ཞིག་འདུས་པའི་ཉམས་ཡིན། མེ་སྐོར་བུའི་སྣེ་མོར་ཧཱུྃ་བཞི་བཞི་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མིའི་ཤའམ་ཀླད་པ་ཟ་བ་རྨིས་ན་སྡིག་པ་དག་པའི་རྟགས་ཀྱང་ཡིན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་ཅུང་ཞིག་འདུས་ཀུན་གཞི་བྱིན་གྱིས་བརླབས་པའི་ཉམས་ཡིན། མིས་མདའ་རྒྱབ་བ་རྨིས་ན་ལྷ་མ་ཡིན་གྱི་ས་བོན་སུཿཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། མེ་རྩེ་ལྔ་པ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རང་རྟ་ལ་ཞོན་ནས་ཁྱི་དང་། ར་ལུག་གི་ནང་དུ་འགྲོ་བ་ལ་ཁྱི་བུ་མོས་བཀག་ཅིང་འདུག་ཙམ་ན། རང་ཡང་བུ་མོར་སོང་བ་རྨིས་ན། དུད་འགྲོའི་ས་བོན་དུཿཡིག་དུད་ཁར་མ་ལས་ཐོབ་པའི་་དེ་ཅུང་ཞིག་འདུས་ནས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རྟ་ཞོན་པ་དེའི་དུས་སུ་རླུང་གི་རླུང་རང་གནས་སུ་ཟིན་པ་ཡིན། མེ་རྩེ་ལྔ་པ་ལ་ཧཱུྃ་མེའི་རང་བཞིན་འཕྲོ་བའི་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མུན་རུབ་པ་རྨིས་ན། ཐིག་ལེ་དཀར་དམར་གཉིས་ཅུང་ཞིག་དབུ་མའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕ་


LT14_Page_245B
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ན་མར་ཐོབ་པའི་གནས་སྐབས་སུ་ཕྱི་རྟགས་སུ་མུན་རུབ་ལྟ་བུར་ཟེར་བ་དེ་ཡིན། མེ་ཆེར་འབར་བ་ཞེས་པ་མགྲིན་པར་སླེབ་པ་ལ་ཨའི་ཆར་འབབ་པར་བསམ་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རྟ་ཞོན་པའམ་མཁར་ཁ་མཐོན་པོར་ཕྱིན་པ་རྨིས་ན་རླུང་གི་རླུང་དང་ས་རླུང་གཉིས་རང་གནས་སུ་ཅུང་ཞིག་ཟིན་པའི་ཉམས་ཡིན། མ་ལུས་པ་མེར་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་དཀའ་ཐུབ་ཆས་ཆོས་གོས་གྱོན་ནས་དཔའ་བོའི་མཆོད་པ་བྱེད་པ་ལྟ་བུ་རྨིས་ན། དབུ་མའི་རྟེན་འབྲེལ་འཁོར་ལོ་དྲུག་གི་ཡ་ཐ་ཌཱ་ཀི་ཕོ་བྲང་ཧཾ་གི་རྩར་བྱང་སེམས་དཀར་པོ་ཤུན་ཞིག་གནས་པའི་ཉམས་ཡིན། ཧཾ་གི་རྩར་ཡིན་པས་དཔའ་བོ་ཡིན། རྩ་དབུ་མ་བྱང་ཆུབ་ཀྱི་ཤིང་དྲུང་ཡིན་པས་དཀའ་ཐུབ་མཚོན། ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དོན་དུ། །བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད། །བླ་མ་མཁའ་འགྲོར་བཟོད་པར་གསོལ། །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པོ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ། །ཨི་ཐི། དགེའོ། །ཤུ་བྷཾ།། །།