Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
གདམས་ངག་མཛོད་པོད་ལྔ་པ།  ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས།
   
   
   


 
previousགདམས་ངག་མཛོད་པོད་ལྔ་པ། ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས།next

གདམས་ངག་མཛོད་པོད་ལྔ་པ།
ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས།


LT14_Page_213A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས་བཞུགས་སོ། །བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད།


LT14_Page_213B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང་། །རྗེ་བཙུན་དམ་པ་སྙིང་པོའི་ཞབས། །དབྱེར་མེད་དཀོན་མཆོག་མཚན་ཅན་ལ། །བཏུད་དེ་འཁྲིད་ཚུལ་མདོ་ཙམ་བྲི། །དེ་ཡང་རྣལ་འབྱོར་དབང་ཕྱུག་བིར་ཝ་པས། རྗེ་བཙུན་ས་སྐྱ་པ་ལ་དངོས་སུ་གནང་བའི་གདམས་ངག །དཔལ་ལྡན་ས་སྐྱའི་ལྕགས་རིའི་ཁང་ནས་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པའི་ནང་ནས་ལམ་སྦས་ཏེ་བཤད་པ། མཆོག་སྒྲུབ་པ་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་གཉིས་ལས། འདིར་མཆོག་གི་དངོས་གྲུབ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་ཐབས། ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས། དབང་བཞི་གཅིག་ཆར་དུ་ཉམས་སུ་ལེན་པའི་ཚུལ་ལ། དེའང་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། སློབ་ལམ་རྒྱས་པའི་ཁྲིད་ཡོངས་སུ་རྫོགས་པའམ། མ་རྫོགས་ཀྱང་རུང་སྟེ། དབང་དང་དམ་ཚིག་དང་ལྡན་པ་ཚུལ་བཞིན་ཁྲིད་ཅིང་། གདམས་པ་སྟོན་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བསགས་སྦྱོང་གི་རྣལ་འབྱོར་ལམ་རྒྱས་པ་བཞིན་ཞག་གྲངས་ཅི་རིགས་སུ་བྱ། གཉིས་པ་ལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང་། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་གཉིས། ཐུན་རེའམ་ཟུང་འབྲེལ་དུ་སྒོམ་པ་མཛད་དེ། དེའང་བསམ་གཏན་གྱི་གདན་ལ་ལུས་གནད་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། བདག་གི་སྤྱི་བོར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། བླ་མ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའམ། རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གསལ་ལ། གནས་གསུམ་དུ་ཡི་གེ་བསྒོམས།


LT14_Page_214A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། བླ་མ་བརྒྱུད་པ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་སྲུང་མ་ཐམས་ཅད་སྤྱན་དྲངས་བསྟིམ་ལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་དམིགས་ཤིང་། གུས་འདུད་དྲག་པོ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པ་ལ་སོགས་པའི་གསོལ་གདབ་དྲག་པོ་བྱས་པའི་མཐར། བླ་མ་ཉིད་བྱང་སེམས་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ། སྤྱི་བོར་ཐིམ་པས་ལུས་ངག་ཡིད་གསུམ་དང་། སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསམ་ལ་མཉམ་པར་བཞག །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། གཉིས་པ་བསྐྱེད་པའི་རིམ་པ་ནི། དེ་ཉིད་ཀྱི་རྗེས་སུ་སྒོམ། འདིར་དབང་པོ་རྣོན་པོའི་ལམ་ཡིན་པས་མངོན་རྟོགས་རྒྱས་པ་སྒོམ་མི་དགོས། བདག་བླ་མས་དལ་དུ་བཅུག་པའི་དུས་སུ་དཔལ་ཀྱཻ་རྡོ་རྗེར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག་དབང་བསྐུར་ཕྱིན་ཆད། ཀྱཻ་རྡོ་རྗེ་ཡིན་སྙམ་པ་བྱས་ལ། སྐད་ཅིག་གིས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་བཏབ་ལ། སྐུ་ཡོངས་སུ་རྫོགས་པ་ལ་དམིགས་པ་གཏད་ཅིང་སྒོམ། ལམ་རྒྱས་པ་ལྟར་དམིགས་པ་དུམ་ཁྲིད་བྱས་ནས་སྒོམ་མི་དགོས་ཅེས་གསུངས་སོ། །དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ། རྩ་བ་དང་ཡན་ལག་གི་དམིགས་པ་གཉིས་ཀྱི་དང་པོ་ནི། བཅའ་བ་ལུས་ཀྱི་གནད། སྒོམ་པ་དམིགས་པའི་གནད། དགང་བ་རླུང་གི་གནད་གསུམ་ལས། དང་པོ་ནི་འདི་ཉིད་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ཉམས་སུ་ལེན་པ་ཡིན་པས་རྗེའམ་ཤིང་ལས་བྱས་པའི་འཁོར་ལོ་དཔང་སོར་དྲུག་པ། སྦོམ་དུ་མཐེབ་མཛུབ་རྩེ་སྤྲད་པའི་བར་དུ་


LT14_Page_214B
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་བ། རྩེ་མོ་ཅུང་ཟད་ཕྲ་ཞིང་ཤིན་ཏུ་འཇམ་པ་ཚགས་བྱས་ཏེ། བསམ་གཏན་གྱི་དངོས་གཞི་ལ་འཇུག་པའི་ཚེ། འབོལ་ལ་སོགས་པའི་སྟན་བདེ་བ་ལ་གནས་ནས་སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་བསྒོམ་པའི་བར་སྔར་བཞིན་བྱ། དེ་ནས་གླང་པོ་ཆེའི་རྣ་བ་ལྟ་བུའི་སྐྱིལ་ཀྲུང་ཡངས་པར་བྱས། སྔར་གྱི་འཁོར་ལོ་སྲིན་བུའི་ལམ་གྱི་ཐད་ཀར་བཞག་ལ། བརླ་རེས་མོས་བཏེགས་པ་དང་། འོག་རླུང་འདྲེན་པ་བསྟུན་ཏེ། སྲིན་བུའི་ལམ་བསྡམས་ནས། འཁོར་ལོའ་སྟེང་དུ་བཞག །ཅུང་ཟད་མཐོ་བས་མི་བདེ་ན། སྨད་ཅེས་པ་སྣག་པོ་ཆེའི་འོག་ཏུ་སྟེགས་མཚམས་པར་གཞུགས། ལག་པ་གཉིས་པུས་མོ་ལ་བཀབ། ཚིགས་པ་དྲང་པོར་བསྲངས་ཏེ་བཅའ་བ་ལུས་ཀྱི་གནད་དོ། །གཉིས་པ་ནི། ལུས་ལ་རང་བཞིན་གྱི་གནས་ཚུལ། གློ་བ་ཁ་མཐུར་ལ་བསྟན་ལ། མཆིན་པ་འདེབས་ལ་འབྱར་ཏེ་གནས་པ་ལ། དེ་གཉིས་སྒོམ་དུས་གོང་འོག་རྗེས་ནས་འདབ་བརྒྱད་གློ་བ་དཀར་པོ་ཁ་གྱེན་ལ་བསྟན་པ་མཆིན་པ་པདྨ་དམར་སྨུག་འདབ་བརྒྱད་ཁ་ཐུར་ལ་བསྟན། དེ་གཉིས་རྩེ་ཅུང་ཟད་བསྣོལ་བ་གཞལ་ཡས་ཁང་གི་ཚུལ་དུ་བསམ། རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། སྙིང་ག་ཐུར་ལ་བསྟན་ནས་གནས་ཀྱང་། བློས་གྱེན་ལ་བསླངས་ཏེ། པདྨ་གཉིས་ཀྱི་བར་དུ་གནས་པར་བསམ། སྙིང་དེའི་དབུས་སུ་རྩ་གསུམ་འདུས་པའི་མདུད་པ་ཧཱུྃ་གི་གཟུགས་སུ་གྲུབ་པ་ལ་དམིགས་པ་གཏད། དེ་ནས་རྡོ་རྗེ་མཁའ་འགྲོ་བསྒོམ་སྟེ། སྙིང་དབུས་ཀྱི་དེ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་ཤིང་། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་གཉིས་སྟེང་དུ་བརྒྱད་གཡོན་ཟླ་སྟེང་དུ་བསྐུམ་པ།


LT14_Page_215A
[མ་དཔེ་གཟིགས་ན་འདིར་གནོན།]

དབུའི་གཙུག་ཏོར་དང་བཅས་ཤིང་། རལ་པ་ལྔ་གཡོན་དུ་འཕྱང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་སྒོམ། ཡུམ་དྲན་ཙམ་ལས་ཞལ་ཕྱག་རྒྱས་པར་གསལ་གདབ་མི་དགོས་གང་དེའང་ཧཱུྃ་དེ་རང་བཞིན་གྱི་ཧེ་རུ་ཀའི་རྣམ་པར་གནས་པ་གསལ་འདེབས་པ་ཡིན་གྱིས། ས་བོན་ལྟ་བུར་བསྒྱུར་ནས་སྒོམ་པ་ནི་མ་ཡིན་ནོ། །དེ་ནི་སྒོམ་པ་དམིགས་པའི་གནད་དོ། །གསུམ་པ་དགང་བ་རླུང་གི་གནད་ནི། རླུང་རོ་ལན་གསུམ་བུས་ལ་ལྟོ་བ་ཅུང་ཟད་གཅེར། ལྕེ་རྐན་ལ་སྦྱར། མིག་ཅུང་ཟད་བགྲད། སྤྱི་བོ་ས་ལ་ཐུག་པ་སྟེ་རླུང་ཧའི་གདངས་ཀྱིས་དྲངས་ཤིང་། རྔུབ་སྟེ་རོ་སྟོད་སྦུབ་ཅིང་སིབ་ཀྱིས་མནན། སྟེང་འོག་གི་རླུང་ཁ་སྦྱར་ལ། སེམས་ཀྱི་དམིགས་པ་ཐུགས་རྡོ་རྗེའི་གདན་གྱི་པད་འདབ་རྣམས་འདར་ཁྲི་ལི་ལི་གཡོ་བར་བསམ་མོ། །མི་ཐུབ་དལ་བུས་བཏང་། ཡང་སྤྱི་བོར་ས་ལ་ཐུག་པར་རྔུབ་སྟེ། རླུང་ས་ལེན་མ་བྱ་བ་ཡིན་གསུངས། དེ་ལྟར་རྩ་བའི་འཁྲུལ་འཁོར་བདུན་དང་བསྲེལ་ཞིང་སྒོམ་པས་སྣང་བ་དཀར་དམར་ལམ་པ་འོང་ཞེས་པའི་དོན་དཀར་ལམ་ལམ་བྱུང་ན་འོང་བའི་རྟགས་དམར་ལམ་ལམ་བྱུང་ན་མི་འོང་བའི་རྟགས། ཟས་བཅུད་ཅན་བཏང་ཞིང་སྒོམ། ལྟེ་བར་དམིགས་པ་མང་པོ་སྒོམ་པས་གལ་ཏེ་རྣམ་ཤེས་འཕོ་བ་སྙམ་བྱེད། སྙིང་ག་ཚ་ལམ་ལམ་བྱེད་ན་བཙན་འཕྱོང་བཏང་། འོ་དོད་འབོད། དེས་ངེས་པར་སེལ་ལོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། འབར་དང་གཡོ་དང་བརྟན་པ་དང་། ཞེས་པའི་དོན་ཉམས་སུ་ལེན་པ་ཡིན་ཏེ། ལུས་སྐྱིལ་ཀྲུང་། ལག་པ་མཐེ་བོས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལ། སེམས་ཀྱི་དམིགས་པ་ལུས་ཀྱི་སྤྱི་གཙུག་ནས་གསང་གནས་ཀྱི་བར་ལ། རྩ་དབུ་


LT14_Page_215B
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦོམ་ཕྲ་གྲོ་སོགས་ཙམ་ཁ་དོག་དམར་པོ་ཡ་ཡོ་དང་ཁྱག་ཁྱོག་མེད་པ་ཐད་ལ་པི་རི་བ་གཅིག་བསམ། རྡོ་རྗེའི་རྩ་བར་བདུད་བཞིས་ཟིལ་གྱིས་མི་གནོན་པའི་ཧཱུྃ་མེ་འབར་བ་མགོ་བོ་གྱེན་བསྟན་ཅིག་བསམ། སྤྱི་གཙུག་ཏུ་བྱང་སེམས་ཀྱིས་གང་བའི་ཧཾ་མགོ་ཐུར་བསྟན་ཅིག་བསམ། མགོ་ས་ལ་བཏུད་དེ་རླུང་སྣ་བུག་གཉིས་ནས་རྔུབ་ལ་ཁ་སྦྱར་བས་ཧཱུྃ་ལས་ཧཱུྃ་མེ་འབར་བ་མང་པོ་མཆེད། དབུ་མར་ཡར་མར་ཁྲོལ་ཁྲོལ་སོང་བས་ཧཾ་གི་བྱང་སེམས་ལ་ཞུ་བས། སྤྱི་བོའི་རྩ་འདབ་སོ་གཉིས་མེར་གྱིས་གང་བར་བསྒོམས་ཏེ། དེ་ནས་ཧཱུྃ་དེ་ཐེམ་བུ་བཀག་པ་བཞིན་བསམ། མར་འཛག་པ་ལྟ་བུ་ནི་མ་ཡིན་ནོ། །སྐབས་སུ་མན་ངག་བཞིན་ཧ་རིང་བགྲང་། དེ་ལ་གསལ་བ་དང་། མགྲིན་པ་སྙིང་གའི་འཁོར་ལོ་རྣམས་ཀྱང་གང་བར་བསམ། མཐར་ལུས་ཐམས་ཅད་གང་བར་བསྒོམས་ཏེ། བདེ་བཞིན་དུ་སྟོང་། སྟོང་བཞིན་དུ་བདེ་བ། བདེ་སྟོང་གཉིས་མེད་དུ་བསམ། དེ་ལྟ་བུའི་ལྷའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་པ་གཏད་དོ། །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། དེ་དག་གི་སྐབས་སུ་རྡུལ་ཆེར་བྱུང་ན་ལག་པས་སྐེམ་མཉེ། སྟེང་དུ་གཅུན་དྲག་པས་སྣ་ཁྲག་བྱུང་ན་གན་རྐྱལ་དུ་ཉལ་ཏེ། ཅུང་ཟད་མིག་ལ་ལག་པ་གཉིས་ཁུ་ཚུར་མགྲིན་པར་བརྐྱང་བས་འཆད། དེས་མ་ཆད་ན་སྒྲོ་བ་འཁྱིག་པ་ལག་ལེན་བཞིན་བྱ། འཛག་པ་བྱུང་ན་དབང་བཞི་པའི་ལག་ལེན་བཞིན་ནོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམིགས་པ་རེས་མོས་སུ་བསྒོམས་ཏེ་དངོས་གཞིའོ། །གཞན་རྣམས་ནི་འཁྲིད་ཡིག་ཏུ་གསལ་ལ་འཁྲིད་ཡིག་ཏུ་གློ་བ་སྟེང་དང་། མཆིན་པ་འོག་ཏུ་བསྒོམ་པར་གསུངས་ལ། འདིར་སྟེང་འོག་བརྗེ་བ་ནི་བླ་མའི་མན་ངག་དང་། སྙིང་རྩ་འབྲེལ་བས་ལས་དང་པོ་ལ་སྙིང་གྱེན་དུ་བསླང་བའི་


LT14_Page_216A
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བདེ་བའི་ཕྱིར་ཡིན་གསུངས། འཕྲུལ་འཁོར་སོ་གཉིས་ནི་རྩ་བ་ནས་མ་བཤད་པས་ཅིས་ཀྱང་དགོས་པ་མ་ཡིན་ལ། བྱས་ན་འགལ་བ་མེད་ཅེས་གསུངས་སོ། །ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་པ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མོ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང་། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousགདམས་ངག་མཛོད་པོད་ལྔ་པ། ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས།next