Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་ལྔ་པ།  བརྡའ་དོན་གསལ་བའི་ཁྲིད་ཡིག
   
   


 
previousགདམས་ངག་མཛོད་པོད་ལྔ་པ། བརྡའ་དོན་གསལ་བའི་ཁྲིད་ཡིགnext

གདམས་ངག་མཛོད་པོད་ལྔ་པ།
བརྡའ་དོན་གསལ་བའི་ཁྲིད་ཡིག


LT14_Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་དོན་གསལ་བའི་ཁྲིད་ཡིག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བཞུགས་སོ། །


LT14_Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །འདིར་ཤིན་ཏུ་ཉེ་བརྒྱུད་ལས་འོངས་ཤིང་མཚོན་བྱེད་བརྡའི་མཎྜལ་གྱི་སྒོ་ནས་མཚོན་བྱ་ལམ་འབྲས་བུ་དང་བཅས་པའི་དོན་གཏན་ལ་འབབས་པའི་འཁྲིད་ཡིག་ཀྱི་རིམ་པ་ནི། གཞུང་འཁྲིད་རྒྱས་པ་ཐོབ་ཅིང་འདིའི་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས་ཉམས་སུ་བླང་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ལ་བསགས་སྦྱངས་གཉིས། སྦྱང་བ་རྣམ་གསུམ་རྒྱས་པ་བཞིན་ནོ། །གཉིས་པ་ཐུན་གྱི་སྔོན་འགྲོ་ལ། སྒོམ་པ་གསུམ་དང་གནད་ལ་དབབ་པ་གསུམ་རྒྱས་པ་བཞིན་ལ་སྒོམ་པ་སྔོན་ལ་བྱེད། གཉིས་པ་དངོས་གཞི་ལ་གཉིས་ཀྱི་དང་པོ་ཤེས་རབ་ལྟ་བས་ཐག་བཅད་པ་ནི། ཆུ་ཟླ་ལྟ་བུ་གཅིག་གི་སྟེང་དུ་སྣང་བ་སེམས། དེ་སྒྱུ་མ། དེ་རྟེན་འབྲེལ་དང་བརྗོད་བྲལ་དུ་གཏན་ལ་དབབ་ཚུལ་རྒྱས་པ་བཞིན་ནོ། །གཉིས་པ་ཐབས་དེ་ཉམས་སུ་བླང་བ་ལ་བཞིའི་དང་པོ་བུམ་དབང་གི་ལམ་ལ། དྲུག་གི་དང་པོ་ལམ་བསྐྱེད་རིམ་ལ་གཉིས་ཀྱི་


LT14_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཕྱི་བསྐྱེད་རིམ་ནི། སྭ་བྷཱ་ཝས། སྟོང་བའི་ངང་ལས་བྷྲཱུཾ་ལས་གཞལ་ཡས་ཁང་བསྡུས་པའི་དབུས་རང་ཉིད་སྐད་ཅིག་གིས་ཀྱེ་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་ལྷ་དང་གཞལ་ཡས་ཁང་དུ་གྱུར། ཡང་ཧཱུྃ་ལས་འོད་འཕྲོས་དབང་ལྷ་སྤྱན་དྲངས། མཆོད་བསྟོད་དབང་འབྲིང་པོ་བཞིན་བླང་། རྒྱས་གདབ་མི་བྱ། དེ་ནས་སྣོད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་ལ་སེམས་འཛིན་པའམ། རང་གི་སྤྱན་དབུས་མ་ལ་སེམས་འཛིན་ནོ། ༈ གཉིས་པ་བསྐྱེད་རིམ་ནི། ཕྱི་གསལ་འདེབས་སྔོན་དུ་སོང་ནས། ཡང་ཧཱུྃ་ལས་འོད་འཕྲོས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་སྤྱན་དྲངས་རང་ལ་ཐིམ། སྙིང་གར་ཐུགས་རྡོ་རྗེ་གསལ་གདབ་པ་ལ་སེམས་འཛིན་པའམ། དེའི་སྤྱན་དབུ་མ་ལ་སེམས་འཛིན་ནམ། གཉིས་པ་ལྟ་བ་ངོ་བོ་ཉིད་གསུམ་དང་། གསུམ་པ་གྲུབ་མཐའ་འཁོར་འདས་དབྱེར་མེད་ནི་རྒྱས་


LT14_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །བཞི་པ་འདའ་ཁ་མ་གོང་དུ་འཕོ་བ་གཉིས་ཀྱི་དང་པོ་འཆི་ལྟས་བརྟགས་ཏེ་འཆི་བསླུ་བསྟན་པ་ནི། འཆི་བའི་རྐྱེན་ངན་པ་ལངས་ན་རིམ་གྲོ་དང་སྤྱོད་ལམ་གཟབ་པས་བཟློག །ཚེ་ཟད་ན་ཚེ་བསྲིངས། བསོད་ནམས་ཟད་ན་བསོད་ནམས་བསོག །ལས་ཟད་ན་མར་མེ་སྣུམ་ཟད་པ་དང་འདྲ་སྟེ། ལས་ཀྱི་རྣམ་སྨིན་གང་ལའང་མ་ལྟོས་པའི་ཕྱིར་སྤྱིར་འཆི་ལྟས་མང་དུ་གསུངས་ཀྱང་ཕྱི་ནང་གསང་གསུམ་གྱི་རྟགས་འཛོམ་ན་ངེས་པར་འཆིའོ། །དེའང་ཕྱི་ནང་རྩ་ཐིག་རླུང་གསུམ་གྱི་ནུས་པ་ཉམས་པས་དེ་རིམ་བཞིན་སྤྱན་གཟིགས་ནང་དུ་བ་མེད་པ། མིག་རྩིར་ན་འོང་མེད་པ། རྣ་བ་བཀག་ན་འུར་སྒྲ་མེད་པ་གསུམ་འཛོམ་ན་ངེས་པའོ། །ཅུང་ཞིག་མི་གསལ་ན་ནད་དྲག་པོ་འབྱུང་བའི་ལྟས་སོ། །ནང་རྟགས་ནི་རླུང་ཁ་ཕྱོགས་གཅིག་ཏུ་འབྱམས་པ་ལས་རླུང་གྱེན་ལ་ཅུང་ཟད་ལོག །རྩོལ་བ་འབའ་ཞིག་ནས་རྒྱུ་བ་དང་། སྤྱི་གཙུག་གི་ཐིག་ལེ་ཅུང་ཟད་གཡོ་ཞིང་། རྩ་ཁ་ཀློད་པས་ཐུར་བསལ་ནུས་པ་ཉམས་པ་དང་། མ་ཉམས་པས་རྐྱེན་མེད་པར་ས་བོན་རྫོགས་པར་འབྱུང་ཞིང་། དེ་ཡང་དཀར་པོའི་གསེབ་ན་ནག་ཐོར་ཐོར་ཡོང་བ་ནི་འཆི་ལྟས་ཀྱི་མཇུག །གསང་རྟགས་ནི། འཆི་དུས་སུ་བསོད་ནམས་བྲི་ཞིང་ཟད་པར་འགྱུར་བས། དགེ་སྦྱོར་དྭངས་པ་དེ་འགྲིབ་ཅིང་མཉམ་པར་འཇོག་མི་ནུས་པ་དང་། རྐྱེན་མེད་པར་བློ་ལས་སུ་མི་རུང་བ། ཡུལ་དང་གྲོང་ལ་སྐྱོ་ཞིང་སྔར་བས་མིག་རྩ་ལོག་པ་དང་། ཤིས་པ་སྤྱོད་ལམ་འགྱུར་བའོ། །དེ་ལྟར་ཀུན་ཚང་ནས་འཆི་བའི་རྣལ་འབྱོར་ལ་འཇུག་པ་རེ་རེ་གཉིས་འཆོལ་ན་འཆི་བསླུ་རླུང་སྦྱོར་ལས་ལྷག་པ་མེད་པས་རླུང་བུམ་པ་ཅན་བརྒྱ་རྩ་རེ་ཙམ་བཟུང་བ་དང་། ཉིན་ཞག་གཅིག་གི་ནང་དུ་སྲོག་རྩོལ་སྟོང་ཕྲག་བཅོ་ལྔ་བགྲངས་བ། ནམ་མཁའ་ཟས་


LT14_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟ་བ་དང་བ་འཇོ་བའི་བསམ་གཏན་བྱ་བ་དང་། ལྟ་བ་འཁོར་འདས་དབྱེར་མེད་ལ་སེམས་རྩེ་གཅིག་ཏུ་འཇོག་པ་དང་། ཐུན་འཚམས་ཀྱི་འཆི་བསླུ་འཁོར་གསུམ་ཡོངས་སུ་དག་པའི་སྤང་ཐག་བྱེད་པ་དང་། སྡོམ་གསུམ་ཉམས་པ་ཕྱིར་བཅོས་བྱས་ཤིང་། སེམས་བསྐྱེད་དབང་ཞུ་བ་དང་། རང་གིས་བླང་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེང་བ་ལ་སོགས་པ་བྱ་སྟེ། འཆི་ལྟས་རྣམས་ལ་བརྟགས་པས་སོར་ཆུད་ནས་འཆི་བ་བསླུ་བའོ། །གཉིས་པ་འཆི་བ་མ་བསླུས་ན་འཕོ་བ་བྱ་བ་ལ་བཞིའི། དང་པོ་ཕྱི་འབྱུང་བ་དང་། དབང་པོ་ཇི་ལྟར་ཐིམ་པ་ནི། འགའ་ཞིག་ལ་རྟགས་འདི་རྣམས་རིམ་གྱིས་ཡོད་པས་དེ་ལྟར་ན་དང་པོར་རྡོ་རྗེའི་ལུས་གྲུབ་པའི་ཚེ་སྤྲུལ་པའི་འཁོར་ལོ་ཐོག་མར་ཆགས་ཤིང་། དེ་ལ་བརྟེན་ནས་རིམ་གྱིས་འཁོར་ལོ་ལྔ་དང་། དྭངས་མའི་ཡི་གེའི་གཟུགས་སུ་གནས་པ་རྣམས་བཅུའི་བར་དུ་རྫོགས་པར་ཆགས་ནས་ལོ་ཉི་ཤུ་རྩ་ལྔའི་བར་ལ་ནུས་པ་ཆེར་འགྲོ་ཞིང་། ཞེ་ལྔའི་བར་ལ་སོར་གནས། དེ་ནས་རིམ་གྱིས་འབྲི་བ་ལས། འཆི་བའི་དུས་སུ་ལས་རླུང་གྱེན་ལ་ལོག་པས་རླུང་ཐམས་ཅད་དབང་དུ་བྱས། འཁོར་ལོ་ལྔའི་རྩ་མདུད་འཇིག །རླུང་ལྔའི་མལ་འཆུགས། ཁམས་དངས་མ་རྣམས་བསྡུད་པ་སྟེ། དེའང་མཉམ་གནས་འཆུགས་པས་ཟས་མི་འཇུ། སྲོག་འཛིན་འཆུག་པས་ཤེས་པ་མི་གསལ་ཞིང་འཚུབས། ཐུར་སེལ་འཆུག་པས་རྩ་ཆུ་རྣམས་རང་ལུགས་སུ་འོང་། གྱེན་དུ་འཆུགས་པས་ནང་དུ་ཟས་མི་འབུལ། དབུགས་ཐུང་། ཁྱབ་བྱེད་འཆུགས་པས་ཡན་ལག་ལས་སུ་མི་རུང་རྩ་འཐུལ་བའོ། །འཇིག་དུས་ཀྱང་ཐོག་མར་ཆགས་པའི་ལྟེ་བའི་རྩ་མདུད་ཀྱི་ཡིག་གཟུགས་འཇིག །ས་ཆུ་མལ་འཆུགས་ཤིང་དབུ་མར་ཅུང་ཟད་རྒྱུ་བས་ཕྱི་རྟགས་


LT14_Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ས་མཁར་ཞིག་ནས་འོག་ཏུ་ནོད་པ་སྙམ་བྱེད་པ་དང་། ལུས་ཀྱི་མགོ་མི་ཐེག །རྐང་པས་ལུས་མི་ཐེག་ལག་པས་ཟས་སྣོད་མི་ཐེག་ཅིང་། ལུས་འོད་དུ་ལྷུང་བྱད་རུད་ཅིང་ཧམ། སོ་ལ་ནི་དྲེག་ནག་ཆག །ཁ་ཆུ་སྣ་ཆུ་ལ་སོགས་པ་འབྱུང་ངོ་། །ནང་རྟགས་སུ་ལུས་ལྕི། ཤེས་པ་འཐིབ་ཅིང་མི་གསལ། ས་འོག་བྱིང་བྱིང་འགྲོ་བ་སྙམ་བྱེད་པས་སློང་ཐིག་ཟེར། གོས་གསོལ་ལག་པ་ཕྱིར་འཐེན། མིག་མཐོང་ཀར་བལྟའོ། །གསང་རྟགས་སུ་དུ་བ་བན་བོན་གྱི་སྣང་བ་འབྱུང་ངོ་། །སྙིང་གའི་རྩ་མདུད་འཇིག །ཆུ་རླུང་མལ་འཆུགས་ཤིང་། དྭངས་མ་ནང་དུ་སྡུད་པའི་དུས་སུ་ཕྱི་རྟ་ཁ་སྣ་སྐམ། ལྕེ་གྱོང་། ལྕེ་རྩེ་མི་མཐོང་། སྣ་བུག་ཚ། སྣ་ཞམ། ནང་རྟགས་ཤེས་པ་འཚུབ་ཅིང་ཚིག་པ་ཟ། གསང་རྟགས་སྨིག་རྒྱུ་ལྟ་བུ་ཧྲབ་ཧྲིབ་འབྱུང་ངོ་། །མགྲིན་པའི་རྩ་མདུད་འཇིག །གྱེན་རྒྱུ་མལ་འཆུགས་ཤིང་། དྭངས་མ་སྡུད་པས། ཕྱི་རྟགས་སུ་དྲོད་མཐའ་ནས་སྡུད། ནང་གི་དྲོད་ཕྱིར་གཤེར་གྱི་རླངས་ཐོལ་འབྱུང་། མེ་རླུང་ལ་ཐིམ་པས་ཁ་སྣའི་རླུང་དྲང་སིབ་འགྲོ། ནང་རྟགས་སྣང་བ་འདི་རེས་གསལ་རེས་མི་གསལ་ཞིང་ངོ་མི་ཤེས་པ་འབྱུང་ངོ་། །གསང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཁྱེམ་ཁྱེམ་ཡོང་། གསང་གནས་ཀྱི་རྩ་མདུད་འཇིག །རླུང་གི་རླུང་མལ་འཆུགས་ཤིང་དྭངས་མ་སྡུད་པས། ཕྱི་རྟགས་སུ་དབུགས་ཕྱིར་རྒྱུ་བ་རིང་། ནང་དུ་སྡུད་མི་ཤེས། །དབུགས་རྩེགས་ཤིང་ཤང་ཤང་ཟེར། སྒྲ་ངར་ངར་པོ་འདྲེན་ཅིང་མིག་གྱེན་དུ་ལྡོག་པའོ། །ནང་རྟགས་ཤེས་པར་འགྱུར། རྩ་མདུད་ཞིག་པའི་མཐོང་སྣང་མང་དུ་འབྱུང་། ཁྱད་པར་སྡིག་ཅན་ལ་གཤིན་རྗེའི་བང་ཕྱིན་འོངས་ཏེ་ཁ་གདབས། མཆེ་བ་གཙིགས་ཤིང་འཇིགས་པའི་གཟུགས་སྟོན། མི་


LT14_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་པ་དུ་མ་བྱེད་དོ། །རྣལ་འབྱོར་པ་ལ་དཔའ་བོ་དང་མཁའ་འགྲོའི་བསུ་མ་ཡོང་ངོ་། །གསང་རྟགས་མར་མེ་འབར་བ་ལྟ་བུ་ཡལ་ཡལ་འབྱུང་ངོ་། །དེ་དག་ཐིམ་པ་ན་དེ་དང་དུས་མཚུངས་པར་དབང་པོ་རྣམས་ཀྱང་ཐིམ་པར་འགྱུར་ཏེ། དེ་ཡང་ཡན་ལག་གི་རླུང་ལྔ་མལ་འཆུགས། རྩ་ཁམས་རྣམས་ནུས་པ་ཉམས་པ་ལ་མིག་དབང་ཐིམ་པས་མི་ངོ་མི་ཤེས། གཟུགས་ཕྲ་མོ་མི་མཐོང་། རྣ་དབང་ཐིམ་པས་སྒྲ་ཆུང་ངུ་མི་ཐོས། སྣ་དབང་ཐིམ་པས་དྲི་མི་ཚོར། ལྕེ་དབང་ཐིམ་པས་རོ་མི་ཚོར། ལུས་དབང་ཐིམ་པས་མལ་བདེ་མི་བདེ་མི་ཚོར་ཏེ། དེ་ལྟར་རླུང་བཅུའི་མལ་འཆུགས་པས་འབྱུང་བཞི་དང་དབང་པོ་ཐིམ་པའོ། །འབྱུང་བཞིའི་རླུང་འགགས། ནམ་མཁའི་རླུང་སྤྱི་བོ་ནས་མལ་འཆུགས་པ་རླུང་མལ་དུ་མི་སློབ་པར་ཕྱི་རོལ་ཏུ་ཤ་ཤ་འགྲོ་བའོ། །དེ་རྣམས་ཐུན་མོང་གི་འཆི་ལྟས་ཏེ། ཁ་ཅིག་ལ་ནད་གདོན་གྱི་བྱེད་པས་མཚམས་ཅིག་ནས་ཚུར་ལྡོག་པའང་སྲིད་གསུངས། གཉིས་པ་ན་སྣང་བ་གསུམ་གྱི་རྟོག་པ་ཇི་ལྟར་འགགས་པ་ནི། དེ་ལྟར་རྟེན་བརྟེན་པའི་མལ་འཆུགས་པ་ལས་སྣང་རྟོག་ཐིམ་པ་སྟེ། འདི་ཕན་ཆད་བཟློག་མི་སྲིད་པས་ཐུན་མོང་མ་ཡིན་པའི་འཆི་ལྟས་སོ། །དེའང་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བས་ན། །ཟླ་བ་བདུད་རྩི་མཐུར་དུ་འཛག །ཉི་རྡུལ་གྱེན་ལ་གཤེགས་པར་འགྱུར། །ཞེས་པས་དབུ་མའི་ཡས་སྣ་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཀུནྡའི་དངས་མ་ཧཾ་གི་གཟུགས་སུ་ཡོད་པ་དེ་རྐྱང་མའི་ནུས་པ་ཉམས་ཏེ། སྟོད་རླུང་མ་ལུས་པར་རྫོགས་པས་མལ་འཆུགས་ཏེ་འཐུར་དུ་འགྲོ་བ་ལས་དཀར་ལམ་ཞེས་པ་སྣང་བ་ཐམས་ཅད་དཀར་ལམ་མེ་འགྲོ། དེ་ཉིད་སྣང་བ་ཐིམ་པ་ཡིན། དེའི་ཚེ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་


LT14_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འགགས། དབུ་མའི་མས་སྣ་ལྟེ་བ་ན་མ་ལས་ཐོབ་པའི་འི་དངས་མ་ཨ་ཤད་ཀྱི་གཟུགས་སུ་ཡོད་པ་དེ་རོ་མའི་ནུས་པ་ཉམས་ཏེ་འོག་རླུང་མ་ལུས་པ་རྫོགས་པས་མལ་འཆུགས་ནས་གྱེན་དུ་འགྲོ་བས་ནི་དམར་ལམ་ཞེས་བྱ་བ་སྣང་བ་ཐམས་ཅད་དམར་ལམ་འབྱུང་ཏེ། དེས་སྣང་བ་མཆེད་པ་ཐམས་ཅད་ཐིམ་པ་ཡིན། དེའི་ཚེ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེ་ནས་སྤྱི་བོ་ནས་ཁྱབ་བྱེད་རླུང་མལ་འཆུགས་པས། རང་རིག་སེམས་ཀྱི་རྒྱལ་པོ་ཁྱབ་བྱེད་ལས་ཀྱི་རླུང་གིས་བསྡུས་ཏེ་མལ་འཆུགས་པས་ནག་ལམ་ཞེས་བྱ་བ་སྣང་བ་ཐམས་ཅད་ནག་པོར་འབྱུང་སྟེ། དེ་སྣང་བ་ཉེར་ཐོབ་ལ་ཐིམ་པ་ཡིན། དེའི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེ་ལྟར་ན་ནམ་མཁའི་རླུང་འགགས་པས་ཕྱི་དབུགས་ཆད། དེའི་ཚེ་བེམ་རིག །འབྲལ་བའི་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །གསུམ་པ་གསང་བ་འོད་གསལ་ཆོས་སྐུའི་སུན་མ་ཇི་ལྟར་འཆར་བ་ནི། ནང་དབུགས་མ་ཆད་པའི་དུས་དེར་ཉི་མ་ཡས་བྱོན་པ་དང་ཟླ་བ་མས་བྱོན་པ་གཉིས་དབུ་མར་བྱོན་པ་གཉིས་དབུ་མར་འཛོམས་ནས་དེའི་དུས་སུ་རླུང་སེམས་ཚུད་དེ་དེ་གསུམ་དབུ་མར་ཚུད་དེ། དེ་གསུམ་དབུ་མར་གནས་པའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ཉམས་སུ་མྱོངས་ཏེ། འདི་ཉིད་ནི་འཆི་བ་དོན་དམ་པ་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་རྗེན་ལྷང་བ་ཅིག་འཆར་སྟེ། སེམས་ཅན་གྱི་བསོད་ནམས་ཀྱི་ཁྱད་པར་གྱིས་ཁ་ཅིག་ཡུན་རིང་དུ་གནས། ཁ་ཅིག་ཡུན་ཐུང་སྟེ། ལག་པ་རྐྱང་བསྐུམ་ཙམ་ཅིག་ནི་འཇག་མའི་སིན་བུ་ཚུན་ཆད་ལ་འཆར་ཏེ། ཤར་ཡང་སྔར་མ་འཕྲོད་པས་ངོ་མི་ཤེས། གོམས་འདྲིས་ཆུང་བས་གནས་མི་ནུས། དེའི་


LT14_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་རོ་མདངས་ཡལ་འོང་ངོ་། །དེ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྡིག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཟད། སྙིང་ག་ཆོས་ཀྱི་འཁོར་ལོ་རལ། ལྟེ་བ་སྤྲུལ་པའི་འཁོར་ལོ་འཆོལ་བའི་དུས་སུ་ཨ་དང་ཧཾ་གི་བར་དུ་རླུང་རྒྱུ་བའི་ནད་དབུགས་ཆད། ཧཾ་མར་སོང་བས་གསང་གནས་སུ་ཐིག་ལེ་འབྱུང་། ཨ་ཡར་བྱུང་བས་ཁྲག་གམ་ཆུ་སེར་ཁ་སྣ་སོགས་ནས་འཐོན་ཏེ། རྣམ་ཤེས་ནམ་མཁའི་རླུང་དང་ཐ་མི་དད་པར་སྒོ་དགུ་གང་རུང་ནས་ཐོན་འགྲོའོ། །བཞི་པ་འཕོ་བ་དངོས་ལ་གསུམ་གྱི་དང་པོ་འོད་ཀྱི་གོང་བུའི་འཕོ་བ་ལ་དང་པོ་སྦྱོང་གཞི་གོམས་པ་ནི། མདུན་དུ་བླ་མ་ཡི་དམ་དབྱེར་མེད་སྤྱན་དྲངས་མོས་གུས་དྲག་པོས་རྒྱུན་བཤགས་དང་། གསོལ་བ་བཏབ་ནས་ལུས་ཙོག་པུར་བྱ། རྟིང་པ་གཉིས་ཀྱིས་བཤངས་ཅིའི་སྒོ་བཀག །ལག་མཐིལ་བསྣོལ་བ་བལྟག་པའི་ཕྱོགས་སུ་བགག །རང་ཉིད་ལྷའམ་ཐ་མ་ལ་གང་རུང་། ལུས་སྒོ་ང་སྟོང་པ་ལྟ་བུའི་སྙིང་གར་ཐིག་ལེ་མཐེ་བོང་ཙམ་ཅིག་བསམ་ལ། དེ་ལས་དེ་འདྲ་བ་རེ་རེ་ཆད་ནས་བཤང་ལྕི་གཉིས། ལྟེ་བ། ཁ། སྣ། མིག་གཉིས། སྤྱི་གཙུག་རྣམས་སུ་དགག་གོ །དེ་ནས་ལྟེ་བའི་ཐད་ཀར་རླུང་གི་དལ་གཞུའི་དབྱིབས་ཅན་གྱི་སྟེང་། ཟླ་བ་དེའི་སྟེང་དུ་སེམས་ཉིད་ཧཱུྃ་ནག་པོར་བསམ། མིག་གྱེན་དུ་ལྟ་ཞིང་། འོག་རླུང་རྒྱུ་མཇུག་གཉིས་པོ་གྱེན་ལ་འཐེན། སྟོབས་ཀྱི་ཧཱུྃ་དྲག་པོའི་ཧིག་ཉི་ཤུས་རླུང་ཟླ་ཧཱུྃ་གསུམ་མགྲིན་པའི་བར་དུ་དྲངས། ཡང་ཀ་ཧིས་ལྟེ་བའི་བར་དུ་ཕབ་བཞག །འཕོ་གྲབས་སོགས་གེགས་བྱུང་ན་རྐང་མཐིལ་དུ་ཕབ་པའམ། ཡང་ན་རྐང་མཐིལ་དུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཏད་དོ། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་བའི་ཚེ་དབེན་པར་དུས་


LT14_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་དེ། ནོར་རྫས། ཁང་པ། འཁོར། སློབ་དཔོན། སློབ་མ། ཡི་དམ། རང་ལུས་སོགས་ལ་སྐད་ཅིག་ཀྱང་མ་ཆགས་པར་ཚེ་འདིའི་སྣང་ཞེན་སྐད་ཅིག་ཀྱང་མེད་པར་བྱས། དམ་ཉམས། ཚུལ་འཆལ། གྲིབ་ཅན། མི་སྐྱ་སོགས་ཙར་མི་བཞག །བླ་མ་བཞུགས་ན་དབང་ཞུ། མི་བཞུགས་ན་གྲོགས་སམ། སློབ་མ་ཉམས་མྱོང་ཅན་ལ་ཡང་ཞུ། དགེ་སྦྱོང་གསོལ་འདེབས་སུ་འཇུག །བླ་མ་ཡི་དམ་གྱི་སྐུའི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་དང་། ཆོས་སྐྱོང་ལ་གཏོར་མ་ཕུལ། ལམ་གྱི་བར་ཆད་མི་འབྱུང་བར་གསོལ་བ་གདབ་བོ། །དེ་ནས་བླ་མ་སྤྱན་འདྲེན་སོགས་སྦྱང་བའི་སྐབས་དང་འདྲ་བ་ལས་སྤྱི་གཙུག་མི་བགག་ཧཱུྃ་ཉེར་གཅིག་གིས་ཕུག་རོན་སྐར་ཁུང་ནས་ཐར་བ་བཞིན་རྣམ་ཤེས་འཕངས་ཏེ་བླ་མའི་ཐུགས་ཀར་བསྟིམ་མོ། །ལག་པ་ཕྲལ་ཞིང་ལྟག་པ་དགྱེད། ཡང་མིའི་རྒྱལ་པོ་སོགས་སུ་སྐྱེ་བར་འདོད་ན་མིག་གཡས་མི་བསྒག་ཅིང་། མངལ་སྒོ་ཡིད་ལ་བྱ། བདེ་བ་ཅན་དུ་སྐྱེ་བར་འདོད་ན་པདྨ་ཡིད་ལ་བྱའོ། །གཉིས་པ་སྣང་བ་སྒྱུར་བའི་འཕོ་བ་ལ་སྔ་མ་ལྟར་གཉིས་ཀྱི་དང་པོ་ནི། ལུས་སྐྱིལ་ཀྲུང་སོགས་གང་བདེ་བྱས། མདུན་དུ་བླ་མ་ལ་གསོལ་འདེབས་པར་འདྲ། དེ་ནས་སྐུ་གཟུགས་དང་གཤིན་རྗེ་ལ་སོགས་པ་བདག་ལ་མི་འཚམས་བ་དུ་མ་བྱེད་པ་དང་། འབྱུང་བཞིའི་ཐིམ་སྡུད་བྱེད་པའི་རྟགས་རྣམས་ཀྱང་དྲན་པར་བྱས་ནས། ཅི་སྣང་ཐམས་ཅད་ལྟ་བ་བདེན་མེད་ཀྱིས་རྒྱས་བཏབ་ནས་ཡི་དམ་དུ་བསྒྱུར་ནས་རང་སེམས་དང་བསྲེས་ཏེ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །གཉིས་པ་ནི། སྔ་མ་བཞིན་ལ་འཇིགས་པའི་དགྲ་བཞི་ལ་སོགས་པ་འཁྲུལ་སྣང་མང་དུ་འབྱུང་བ་ཐམས་ཅད་ཀྱང་ཉམས་ལེན་གྱིས་ཟིན་ནས་ཉམས་པ་


LT14_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གཅེས་སོ། །གསུམ་པ་སྒྲས་འཕོ་བ་འདིར་མི་གསུངས་སོ། །ལྔ་པ་བར་དོ་ཡི་དམ་ལྷ་དང་སྣང་སེམས་བསྲེ་བ་ལ་གསུམ་གྱིས། དང་པོ་སྐྱེ་ཤི་བར་དོ་ནི། རྣལ་འབྱོར་པ་ཉིན་བར་གྱི་དུས་ད་ལྟར་བར་དོའ་གནས་སྐབས་ཡིན་སྙམ་དུ་བསམ་སྟེ། ལུས་ཀྱང་ཡིད་ལུས། ཅི་སྣང་ཐམས་ཅད་ཀྱང་བར་དོའ་སྣང་བ། གཞན་ཡང་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་ཕྱོགས་ལ་རིགས་དྲུག་ཏུ་སྐྱེ་བའི་རྟགས་དང་། རྣམ་བྱང་ལྔ་ལ་སོགས་པའི་རྣམ་བཞག་འོག་ཏུ་འཆད་པ་རྣམས་འདིར་ཡང་དྲན་པར་བྱས་ལ། ཐམས་ཅད་ཀྱང་ལྟ་བས་ཟིན་ཞིང་བདེ་ཆེན་ལྷའི་ངོ་བོར་བསྒྱུར་ནས་རང་སེམས་དང་རྩེ་གཅིག་ཏུ་བཞག །ཡང་ཕྱི་སྒྲོ་འདོགས་སྤྱོད་པའི་བླ་མ་དྲན། དེས་བསྟན་པའི་ལྷ་རྗེས་སུ་དྲན། ལྷ་ལས་དྲས་པའི་གསང་མཚན་རྗེས་སུ་དྲན་པར་བྱའོ། །གཉིས་པ་རྨི་ལམ་བར་དོ་ནི། རྨི་ལམ་བཟུང་། སྦྱང་། སྤེལ་གསུམ་ནུས་པ་དང་། རྨི་ལམ་དུ་ད་ལྟ་བར་དོའ་གནས་སྐབས་ཡིན་སྙམ་དུ་བསམ། གནས་ལུས་སོགས་ཐམས་ཅད་ཀྱང་བར་དོའ་གནས་ལུས་སུ་བསམ། འཇིགས་པའི་སྒྲ་སོགས་བར་དོའ་སྣང་བ་ཐམས་ཅད་དྲན་པར་བྱས་ལ་ལྟ་བའི་ངང་ནས་ལྷར་བསྒྱུར་ནས་རང་སེམས་དང་བསྲེས་ཏེ་རྩེ་ཅིག་ཏུ་དྲན་པ་རྣམ་པ་གསུམ་དྲན་པར་བྱའོ། །གསུམ་པ་སྲིད་པ་བར་དོ་ལ་གཉིས་ཀྱི་དང་པོ་རང་བཞིན་བསྟན་པ་ནི། བར་དོའ་ཤེས་པ་དེ་ཤིན་ཏུ་གསལ་ཞིང་དྲིམ་པ་ལ། མི་བརྟན་ཅིང་རྣ་བ། གཏད་སེམས་མེད་པ་སྣ་ཚོགས་སུ་འཆར་བ། བག་ཆགས་གསོ་སླ་བ་ཡིན་ནོ། །དེ་སྐད་དུ། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་


LT14_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་སྐྱེ་འགྱུར་གྱི་བྱད་གཟུགས་སུ་འཆར་བར་གསུངས་སོ། །འདིར་ཚེ་ཚད་ཞག་བདུན་གྱི་ཚེ། ཕྱེད་བཞིར་བག་ཆགས་དང་འབྲེལ་བའི་ལུས་ཀྱི་སྣང་བ་འཆར། ཕྱེད་བཞིར་རྣམ་སྨིན་དང་འབྲེལ་པའི་ལུས་ཀྱི་སྣང་བ་འཆར་སྟེ། གོང་གི་ནར་འགྱུར་གྱི་བྱད་གཟུགས་སུ་འཆར་རོ། །དེའང་དང་པོ་རང་ཉིད་ཤི་བར་མི་ཤེས་པས། ཉེ་དུ་སོགས་ལ་ཕར་གཏམ་སྨྲས་ཀྱང་ཚུར་ལེན་མི་ཡོང་། ཟས་སྐོམ་གྱིས་སྐལ་བ་གཅོད། འདུག་གནས་སོགས་ཕྲོག་དོག་པས་རང་གི་ནོར་རྫས་ལ་ཆགས་སྡང་སྐྱེ་ཞིང་གཉེན་ལ་ཡི་ཆད་པ་འོང་། དེ་ནས་རང་ཤི་བར་ཤེས་ནས། ཐོག་མར་གཉེན་དང་བྲལ་བའི་སྡུག་བསྔལ། མི་འཚམས་པ་དུ་མ་བྱེད་པའི་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་དེད་ཅིང་བདས་པའི་སྡུག་བསྔལ་སོགས་བཟོད་ཐབས་མེད་པ་འབྱུང་། དེའི་ཚེ་ཉེ་དུ་དོར་ནས་གོས་བསྐྱུར། སྐྲ་འབལ་བ་མཐོང་ནས་མུན་པའི་སྣང་བ་འབྱུང་། མཆི་མ་བཏང་བས་སེར་དྲག་དང་། ཁྲག་གི་ཆར་པ་འབབ། འོ་དོད་བྱས་པས་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་རྒྱོབ་སོད་ཅེས་པའི་སྒྲར་སྣང་ཞིང་རི་བོ་གྲུམས་པའི་དང་། རྒྱ་མཚོ་འཆོལ་བའི་དང་། བསྐལ་པའི་མེ་འབར་བའི་དང་། དུས་མཐའི་རླུང་གཡོས་པ་ལྟ་བུའི་སྒྲ་འབྱུང་ལ། དེའང་འབྱུང་བཞི་ཐིམ་པའི་བག་ཆགས་ཀྱི་དབང་གིས་ཡིན་ནོ། །ཡ་ང་བའི་གཡང་ས་གསུམ་ནི། ངན་སོང་གསུམ་གྱི་གནས་མཐོང་ནས་དེར་སྐྱེས་ཀྱིས་དོགས་པའི་སྡུག་བསྔལ་ཡང་མྱོང་ངོ་། །རིགས་དྲུག་གང་དུ་སྐྱེ་བའི་རྟགས་རྣམས་དང་རྣམ་བྱ་རྣམ་པ་ལྔ་ཡང་འཆར་སྟེ། དམྱལ་བར་སྐྱེ་ན་ཁ་དོག་ནག་པོ་ལ་སེམས་ཟིན་ཅིང་། སྐྱེ་གནས་དེ་རེ་རུལ་ལམ་སོལ་བའི་ཕུང་པོར་སྣང་། ཡི་དྭགས་སུ་སྐྱེ་ན་སེར་པོ་ལ་ཟིན་ཅིང་། གནས་དེ་སྡོང་རུལ་ལམ་རྩ་


LT14_Page_223A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིལ་དུ་སྣང་། དུད་འགྲོར་སྐྱེ་ན་སྔོན་པོ་ལ་ཟིན་ཅིང་། གནས་དེ་ཁོང་རུལ་ལམ་ས་ཕུག་ཏུ་སྣང་། ལྷ་མིན་དུ་སྐྱེས་ན་ལྗང་གུ་ལ་ཟིན་ཅིང་། གནས་དེ་ནགས་ཚལ་ཉམས་དགའ་བར་སྣང་། ལྷར་སྐྱེས་ན་དཀར་པོའམ་དམར་པོ་ལ་ཟིན་ཅིང་གནས་དེ་རིན་པོ་ཆེའི་གཞལ་ཡས་ཁང་ངམ། གུར་དཀར་དུ་སྣང་། མིར་སྐྱེས་ན་ཁ་དོག་སྣ་ཚོགས་པར་སེམས་ཤིང་སྐྱེ་གནས་དེ་ལྷ་ཁང་དུ་སྣང་ངོ་། །དེ་ཡང་གླིང་བཞི་དབུས་དང་ལྔ་ལས། དབུས་སུ་སྐྱེ་ན་སེང་གེ་ཕོ་མོའི་འཁྲིག་པ་སྤྱོད་པ་དང་དེས་བརྒྱན་པའི་མཚོར་སྣང་། ཤར་དུ་སྐྱེ་ན་གླང་པོ་དེ་ལྟ་བུ་དང་། དེས་སོགས། ལྷོར་སྐྱེས་ན་རྟ་དེ་ལྟ་བུ་དང་། དེས་སོགས། ནུབ་ཏུ་རྨ་བྱ་དེ་ལྟ་བུ་དང་། དེས་སོགས། བྱང་དུ་སྐྱེ་ན་ཤང་ཤང་ཕོ་མོ་འཁྲིག་པ་སྤྱོད་པ་དང་དེས་བརྒྱན་པའི་མཚོར་སྣང་ངོ་། །རང་གིས་ཡིད་དེ་ཡང་གང་དུ་སྐྱེ་འགྱུར་གྱི་རྣམ་བྱ་དེའི་ཁ་དོག་ཏུ་ཡོང་ངོ་། །བརྫུས་ཏེ་སྐྱེས་ན་མེ་ཏོག་ལ་སེམས་ཟིན། དྲོད་གཤེར་ལ་སྐྱེ་ན་དྲི་རོ་ལ་ཤིན་ཏུ་སྲེད་པར་འགྱུར། ལྷུན་པོ། སྐུ་གཟུགས། རྡོ་རྗེ་གདན། མའི་མངལ་དང་བཞི་མ་གཏོགས་ཐམས་ཅད་ལ་ཐོགས་པ་མེད་དེ། ལས་དབང་གིས་རྫུ་འཕྲུལ་དང་མངོན་ཤེས་ཅུང་ཟད་ཡོད། བར་དོ་ནང་ཕན་ཚུན་དང་ལྷའི་མིག་དག་པས་མཐོང་། དེ་ཡང་ངེས་མེད་དུ་འགྲོ་སྟེ། བརྟེན་པ་ལ་ཤེས་པ་མེད་དེ། མཆོད་རྟེན་དང་ལྗོན་ཤིང་སོགས་ཀུན་ལ་བརྟེན། གནས་ལ་ངེས་པ་མེད་དེ། ཅང་རོང་དང་། ཚེར་མ་དང་། ལྷ་ཁང་ལ་སོགས་པ་ཀུན་ལ་བརྟེན། གྲོགས་ངེས་མེད། ཕན་སྐྱེལ་བ་དང་། གནོད་སྐྱེལ་བའི་གྲོགས་ཀུན་དང་འགྲོགས། ཟས་ངེས་མེད་དྲི་ཟ་བ་ལས། རེས་འགའ་དྲི་ཞིམ་པ་དང་། ཕལ་ཆེར་མི་ཞིམ་པ་ཟ་བའོ། །སྤྱོད་ལམ་ངེས་མེད་མི་བརྟེན་པའི་


LT14_Page_223B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་སྣ་ཚོགས་བྱད་དོ། །ཚེ་ངེས་མེད་ཚེ་ཟད་ཞག་བདུན་ཡིན་ཡང་ཞག་གཅིག་དང་གཉིས་ལ་སོགས་པ་ཡུད་ཀྱིས་ཀྱང་འཆིའོ། །གཞན་ཡང་ལུས་ལ་འོད་ཀྱི་རྣམ་པ་ཅུང་ཟད་ཡོད། བྱང་སེམས་དཀར་དམར་དང་རྩ་ཕྲན་མེད་པས་ཉི་ཟླ་དཀར་གསུམ་གྱི་སྣང་བ་མེད། གྲིབ་མ་དང་རྐང་རྗེས་མེད། ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཀྱིས་ཆོས་རྒྱལ་གྱི་མདུན་དུ་ཁྲིད་དེ་རྡེའུ་དཀར་ནག་བཞག་ནས། དགེ་སྡིག་མང་ཉུང་བལྟ་བའི་ཚེ་ནག་པོ་མང་བ་དང་དཀར་པོ་ཉུང་གིས་དོགས་པའི་སྡུག་བསྔལ་བསམ་ལས་འདས་སོ། །གཉིས་པ་ལམ་དུ་སློང་བའི་ཚུལ་ནི། རིགས་དྲུག་ཏུ་སྐྱེ་བའི་རྟགས་དང་རྣམ་བྱ་ལྔ་ལ་ཞེན་མེད། ཕྱོགས་ལྔར་སྐྱེ་བའི་རྟགས་ལ་མི་ཆགས། སྒྲ་བཞི་དང་གཡང་ས་བཞི་ལ་མི་འཇིགས་ཤིང་། གཤིན་རྗེས་མི་འཚམས་པ་དུ་མ་སྟོན་ནའང་འདི་ལྟར་བར་དོར་གདོས་བཅས་ཀྱི་ལུས་ནི་མེད། ཡིད་ལུས་སྟོང་པ་འདི་ལ་གནོད་པར་བྱར་མེད་དོ། །འཇིག་རྟེན་ཐམས་ཅད་དང་དགྲར་ལངས་ཀྱང་གནོད་མི་ནུས་སྙམ་དུ་བསམ་ཞིང་། དྲན་པ་གསུམ་ཡང་དྲན་ནོ། །དགའ་མི་དགའི་སྣང་བ་ཅི་ཤར་ཡང་། ཕྱི་རོལ་དུ་ཁ་བཞིན་དུ་ནང་རླུང་སེམས་ཀྱི་འཕྲོ་འདུ་ལས་བྱུང་བའི་འཁྲུལ་སྣང་དུ་ཤེས་པར་བྱས། བལྟ་བའི་རྩིས་བཟུང་། བདེ་ཆེན་ལྷའི་འཁོར་ལོ་བསྒྱུར་ནས་རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་བཞག་གོ །ཡང་གཉེན་པོ་གསུམ་གྱིས་མངལ་སྒོ་བགག་ཏེ། ལྟ་བ་དང་། ལྷ་དང་། མངལ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སྤང་བའོ། །མ་ཁོག་ན་མངལ་འདམས་པ་ནི། ངན་སོང་ལ་སོགས་པར་སྐྱེ་བའི་རྟགས་བྱུང་ན་ཡང་རྒྱལ་རིགས་སུ་སྐྱེ་བ་བླངས། བདེ་བ་ཅན་ལ་སོགས་པར་འགྲོ་སྙམ་དུ་འདུན་པ་དྲག་ཏུ་བཏང་བས་དེར་སྐྱེ་བའི་རྟེན་འབྲེལ་ཡིན་ནོ། །དེའང་ད་ལྟར་གོམས་ཤིང་འདྲིས་དགོས། ད་ལྟ་མ་


LT14_Page_224A
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་ན་དེའི་དུས་མི་འབྱུང་། དེས་ན་ད་ལྟ་ཉིན་པར་སྐྱེ་ཤི་བར་དོ་སྦྱོང་། མཚན་མོ་རྨི་ལམ་བར་དོ་སྦྱང་། འཆི་ཁར་དྲན་འདུན་དྲག་པོ་དུང་ངེ་བ་བྱ། བར་དོའ་ཚིག་དོན་འདི་རྣམས་ཁྱིས་བདས་ཀྱང་ཐོན་ཅིང་ཡིད་ལ་འཇག་ན་བར་དོ་གང་ཤར་ཉམས་སུ་ལོངས་ནས་གྲུབ་མཐའ་སྙོགས་གསུངས། དྲུག་པ་རྨི་ལམ་ལ་བཞིའི་དང་པོ་བཟུང་བ་གསུམ་གྱི་དང་པོ་བཟུང་བ་དངོས་ལ་གཉིས་ཀྱིས་དང་པོ་སྔོན་འགྲོ་ནི། །དབེན་པའི་གནས་སུ་ཁ་ཟས་མཉམ་ཞིང་སྤྱོད་ལམ་དལ་ལ་སྨྲ་བ་ཉུང་བར་བྱའོ། །གཉིས་པ་དངོས་གཞི་ནི། སྔ་དྲོ་ནས་ཕྱི་མ་རེད་ཀྱི་བར་དུ་བདག་གི་དོ་ནུབ་རྨི་ལམ་བཟུང་བར་བྱ། རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲག་པོ་བཏང་ངོ་། །ཕྱི་མ་རེད་ནས་ཉལ་ཁའི་བར་འདུན་པ་མི་བཏང་། ཉལ་ཁར་དྲག་ཏུ་བཏང་། གཉིད་ཁར་མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི། ལྟེ་བར་ༀ་དཀར་པོ། ཕྱོགས་བཞིར། ཨ། ནུ་ཏ་ར་དཀར་པོའམ་དམར་པོ་མདུན་ནས་གཡོན་སྐོར་དུ་བཀོད། ཨ་ནས་རིམ་གྱིས་སེམས་བཟུང་བའི་མཐར། ༀ་ལ་དམིགས་པ་གཏད་དེ་གཉིད་ལོག །རྨི་ལམ་ཟིན་པའི་རྟགས་སུ་གཡང་ས་དང་རི་རྩེར་གནས་པ་སོགས་འཇིགས་སྐྲག་སྣ་ཚོགས་འབྱུང་ངོ་། །གཉིས་པ་འབྱམས་པ་བཅད་པ་ནི། གལ་ཏེ་རྨི་ལམ་མ་ཟིན་ན་འདུན་པ་དྲག་ཏུ་བཏང་ལ་གཉིད་ཁར་སྨིན་འཚམས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཅིག་གསལ། དེས་ཀྱང་མ་ཟིན་ན། སྨིན་འཚམས་ཀྱི་ནང་དུ་ཐིག་ལེ་དཀར་པོ་དང་། ཕྱིར་གོང་བཞིན་བསམ། དེས་ཀྱང་མ་ཟིན་པར་ཆེར་འབྱམས་ན་གསུམ་པ་གོལ་ས་སྤང་བ་ནི། ལུང་སྟོང་སོགས་སུ་གཅེར་བུར་འཕྱང་རྒྱུག་དང་འོ་དོད་དང་གླུ་དབྱངས་སྣ་ཚོགས་དང་། འཇིགས་སྐྲག་འབྱུང་བའི་གཡང་ས་མཐོན་པོར་བསྡད་


LT14_Page_224B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྲག་ཏུ་གཞུག །དེ་ནས་འདོན་པ་སྔོན་བཞིན་ལ་ལུས་ཕྱིར་བསྒྱུར་བ་གཉིད་ཁར་བྱས་ལ། སྨིན་འཚམས་སུ་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་གསལ་ལ་གཉིད་ལོག་པས་ངེས་པར་ཟིན། གཏན་ནས་མ་ཟིན་ན་བླ་མ་ལ་དབང་ཞུ་དཔའ་བོའི་སྟོན་མོ་དང་མ་སོགས་བྱ། ཟིན་འཕྲོ་ལ་མ་ཟིན་ན་ཡིག་བརྒྱ་དང་། སྒྲིབ་སེལ་གྱི་གདམས་པ་བྱའོ། །གཉིས་པ་སྦྱང་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ནི། ཉིན་པར་གྱི་དུས་སུ་རྨི་ལམ་བཟུང་ཞིང་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་ཏུ་བཏང་། ད་ལྟ་རྨི་ལམ་གྱི་སྐབས་ཡིན་སྙམ་དུ་བསམ་ཏེ། རི་རབ་ཀྱི་སྟེང་དུ་ཕྱིན་ནས་གླིང་བཞི་བལྟ་བ་དང་། ཉི་ཟླའི་སྟེང་དུ་འདུག་པ་དང་། སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་དེའི་ཁང་བཟང་བལྟ་བ་དང་། ཨོ་རྒྱན་དང་། དགའ་ལྡན་དང་བདེ་བ་ཅན་ལ་སོགས་སུ་ཕྱིན་ནས་ཆོས་ཉན་ཞིང་སྒྲོ་འདོགས་གཅོད་པའི་འདུན་པ་བྱའོ། །གཉིས་པ་དངོས་གཞི་ནི། རྨི་ལམ་བཟུང་བའི་དུས་བཞིན་གཉིད་ལོག་པས་རྨི་ལམ་ཟིན་ན་ཨོ་རྒྱན་སོགས་སུ་འགྲོ་བ་སྔར་བཞིན་ནོ། །གསུམ་པ་སྤེལ་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ནི། ཉིན་པར་རྨི་ལམ་བཟུང་སྦྱང་སྤེལ་བར་བྱའོ། །སྙམ་པའི་འདུན་པ་དྲག་ཏུ་བཏང་། གཞན་གོང་བཞིན་ལས་རྨི་ལམ་དུ་གང་རྨི་པ་དེ་མང་དུ་སྤེལ་ཞིང་། དེ་དག་ལ་ཆོས་ཞུ་བ་ལ་སོགས་བྱ། གཡང་ས་ལ་སོགས་པ་ཅིར་སྣང་ཐམས་ཅད་ཌཱ་ཀི་མ་ཁྱིའི་གདོང་པ་ཅན་ནམ་ཡི་དམ་དུ་གྱུར་ནས་རང་དང་བཅས་པ་བརྒྱ་ཕྲག་དུ་མར་སྤྲོ་བར་བྱའོ། །དེ་ལྟ་བུའི་ངང་ནས་གཉིད་ལོག་པས་གཉིས་པ་དངོས་གཞིའི་དུས་སུ་ཇི་ལྟར་འདོད་པ་བཞིན་སྤེལ་བའོ། །དེ་ལྟར་རྨི་ལམ་སྦྱང་སྤེལ་ཅུང་ཟད་ནུས་ན་སྤང་། ལུས་ལ་བདེ་བ་མ་སྐྱེས་ན། བཞི་པ་དེ་ཁོ་ན་ཉིད་བསྒོམ་པས་རྟོགས་པ་ཕུལ་དུ་བྱུང་བ་གསུམ་གྱི་དང་པོ་ནི། སྨིན་མའི་དབུས་སུ་


LT14_Page_225A
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་ཡར་སྣེར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཅིག་བསམ་ནས་གཉིད་ལོག་ཅིང་ཕྱག་རྒྱ་སྙོམས་པར་འཇུག་གི་སྦྱོར་བ་བྱས་ལ་བདེ་བ་བསྐྱེད་པར་བྱ་ཞིང་། དེ་ཡང་བདེ་སྟོང་གིས་རྒྱས་བཀབ་ནས་ཉམས་སུ་བླང་ངོ་། །དེ་ལྟར་བྱས་ཀྱང་ལུས་ཀྱི་བདེ་བའི་ཆ་ཞེན་ན། གཉིས་པ་ཉོན་མོངས་ལྡོང་བའི་རོ་སྤང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་སྒོམ་ཞིང་། ཁྱད་པར་རྨི་ལམ་བརྗོད་བྲལ་གྱི་དོན་ལ་མཉམ་པར་བཞག་གོ །དེ་ལྟར་སེམས་སྒྱུ་མར་རྟོགས་ཀྱང་ལུས་སྒྱུ་མར་མ་རྟོགས་ན། གསུམ་པ་འཁོར་བ་ལྡོག་པའི་དུས་ཆད་བསྟན་པ་ནི། སྒྱུ་ལུས་སྦྱང་དགོས་པ་ཡིན་ཏེ། དེ་ལ་གསུམ་གྱི་དང་པོ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱོང་བ་ནི། མ་དག་པའི་དུས་འདི་ཉིད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་དང་འདྲ་བས་རང་གི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་བསྟོད་སྨད་བྱས་ཀྱང་དགའ་མི་དགའི་རྣམ་རྟོག་མེད་པ་ལྟར་རང་ལ་བསྟོད་སྨད་བྱེད་པ་དེ་དང་འདྲ་བར་བསམས་ཏེ། འཇིག་རྟེན་ཆོས་བརྒྱད་སྒྱུ་མའི་དཔེ་དང་འདྲ་བར་ཤེས་པར་བྱ་ཞིང་། མི་སྙན་པར་སྨྲ་བ་བྲག་ཆ་དང་འདྲ་བར་ཤེས་ནས་མི་དགའ་བ་མེད་པར་ཉམས་སུ་བླང་ཞིང་དེ་ལྟར་མ་དག་པའི་སྒྱུ་ལུས་སྦྱངས་བའོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། ལོངས་སྤྲུལ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་སྣང་ལ་རང་བཞིན་མེད་པར་ཉམས་སུ་བླངས་ཤིང་སྣོད་བཅུད་ཐམས་ཅད་ལྷ་སྐུ་སྒྱུ་མར་ལྟ་བུར་ཉམས་སུ་བླངས་སོ། །དེ་ལྟར་ཤར་ན་དག་པའི་སྒྱུ་ལུས་འབྱངས་པའོ། །གསུམ་པ་གཉིས་བསྡུས་ཀྱིས་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་སྣང་བ་སྣ་ཚོགས་འདི། ཡང་དག་པར་གྲུབ་པ་མེད་དེ། སྣང་དུས་ཉིད་ངོ་བོས་


LT14_Page_225B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ཕྱིར་རོ། །སྒྱུ་མ་མཁན་གྱིས། ར་རྔ་དང་སྤྲེལ་མཇུག་ལ་སོགས་པའི་རྫས་ལ་ཨཾ་གུ་སཾ་གུ་ལ་སོགས་སྔགས་བཏབ་པའི་དུས་ན་རྟ་གླང་དང་སྐྱེས་པ་བུད་མེད་སོགས་སུ་སྣང་ཡང་། སྣང་དུས་ན་ཅིར་ཡང་གྲུབ་པ་མེད་དེ། སྔར་ཡོད་ཅིག་མེད་པར་སོང་བ་མ་ཡིན། མེད་པ་ལ་མེད་པར་རྟོགས་པ་ཡིན་མོད། དེ་ལྟར་རྟ་གླང་སྤྲུལ་པའི་གོང་དང་། སྤྲུལ་པའི་དུས་དང་། བཤིག་པའི་དུས་གསུམ་ཆར་དུ་རྟ་གླང་ཡོད་མ་མྱོང་བ་དེ། ཐོག་མར་སྐྱེ་བ། བར་དུ་གནས་པ། མཐར་འགག་པས་སྟོང་། དེ་ལྟར་རྫུན་སྣང་སྟེ། ཡང་དག་ཏུ་མ་གྲུབ་ཀྱང་སྣང་ཙམ་དུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་བློ་འཁྲུལ་པའི་སྣང་ངོར་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཤར་ཡང་། སྣང་དུས་ནས་མ་གྲུབ་ཅིང་ངོ་བོས་སྟོང་། འོ་ན་སྣང་བ་ཅི་ཞེ་ན། ཡོད་ནས་སྣང་བ་མ་ཡིན་གྱིས་ལས་དང་བག་ཆགས་ཀྱི་རྟེན་འབྲེལ་ཚོགས་པའི་དབང་བའི་སྣང་བ་ཡིན་མོད། རྫུན་སྣང་དེ་རྟོག་པ་མ་ཤར་གྱི་བར་དུ་མེད་པར་མི་འགྲོ། རྟོག་པ་སྐྱེས་པའི་དུས་ན་ཡོད་མ་མྱོང་བའི་ཐོག་ཏུ་འགྲོ་སྟེ། སྔར་ཡོད་པ་ཅིག་ཕྱིས་མེད་པར་སོང་བ་མ་ཡིན། མེད་པ་ལ་མེད་པར་ངོ་ཤེས་ཤིང་རྟོགས་པ་ཡིན་ནོ། །དེས་ན་ད་ལྟའི་སྣང་བ་སྣ་ཚོགས་པ་འདི་མ་སྐྱེས་པ་དང་སྐྱེས་པ་དང་གྲོལ་བ་གསུམ་ཆར་གྱི་དུས་སྐྱེས་མ་མྱོང་བ་དང་། སྐྱེ་གནས་འགག་གསུམ་གྱིས་སྟོང་པར་མཚུངས་པ་ཡིན་ནོ། །དེ་ལྟར་སྣང་བཞིན་དུ་གྲུབ་པ་མེད་ལ། མེད་བཞིན་དུ་ཅིར་ཡང་འཆར་བས་སྒྱུ་མ་སྟེ་སྣང་ཙམ་ལ་བཀུར་པ་མི་འདེབས་ཤིང་། གནས་ལུགས་ལ་སྒྲོ་མི་འདོགས་པས་སྒྲོ་བཀུར་ཡོད་མེད། རྟག་ཆད། བདེན་རྫུན་ལ་སོགས་པ་མཐའ་ཐམས་ཅད་ལས་འདས་པའི་མཐའ་བྲལ་གྱི་ལྟ་ཉམས་སྐྱེས་པ་ནི་སྒྱུ་ལུས་མཐར་ཐུགས་འབྱངས་པའོ། །འདི་ལུས་ཕྱི་བསྒྱུར་གྱི་སྦྱོང་བ་ཡང་བྱས་ལ། རྨི་


LT14_Page_226A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཡང་རྐྱེན་བྱས། རྣམ་བྱ་ལྔ་སྒྲ་བཞི། གཡང་ས་གསུམ། གཤིན་རྗེ་ལ་སོགས་པ་འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་། རྨི་ལམ་ཡིན། འཇིགས་རྒྱུ་གང་ཡང་མེད། དེ་དག་ཏུ་འཆང་བ་དང་། མ་ཕོད་པ་ཐམས་ཅད་ལ་ཐོག་རྫིས་བྱས་ལ་དྲན་པ་རྣམས་གསུམ་ཡང་དྲན་པར་བྱའོ། །ཐམས་ཅད་ཡི་དམ་དུ་བསྒྱུར་ནས་རང་སེམས་དང་བསྲེས་ནས་རྩེ་གཅིག་ཏུ་བཞག །གཉིད་སད་ནས་ཀྱང་མདངས་གསུམ་གྱི་རྨི་ལམ་དང་། དེ་རིང་ཉིན་བར་གྱི་སྣང་བ་ལ་བྱད་པར་ཅི་ཡང་མི་འདུག །གཉིས་ཀ་སྒྱུ་མ་ལྟ་གུར་འདུག་སྙམ་དུ་ཤེས་པར་བྱས་ནས་རྨི་ལམ་གྱི་ཉམས་ལ་ཞེན་པ་མེད་པ་བྱའོ། །དེ་ལྟར་ཉིན་བར་སྣང་བ་རྨི་ལམ་དུ་སྦྱང་། རྨི་ལམ་དད་ཉིན་པར་བསྲེས་ནས་ཉམས་སུ་བླངས་ན་དུས་གསུམ་ཤེས་པའི་མངོན་ཤེས་དང་། མཁའ་འགྲོས་དངོས་སུ་ལུང་སྟོན་པ་ཡང་སྲིད་གསུངས་ངོ་། །གཉིས་པ་གསང་དབང་ལ་དྲུག་གི་དང་པོ་རང་བྱིན་རླབས་ལ་གཉིས་ཀྱི་དང་པོ་ཁྱབ་བྱེད་དམིགས་པའི་གནད་ནི། ཐུན་གྱི་སྔོན་འགྲོ་བུམ་དབང་བཞིན་ལ། ལུས་ཀྱི་དབུས་སུ་སྤྱི་གཙུག་ནས་ལྟེ་བའི་བར་ལ་རྩ་དབུ་མ་གསལ་བཏབ། རླུང་ཡང་རྩོལ་བ་ནས་ཕྱིར་རྒྱུས། སྲོག་ནས་ནང་དུ་ཞུགས། ནང་དུ་གནས་པ་གསུམ་དང་། ཧཱུྃ་ཨ་ཨཱཿཡིད་ཀྱིས་བརྗོད་པ་དང་། རྩ་གསུམ་ཡང་རིམ་པ་བཞིན་དུ་གསལ་གདབ། སེམས་ཀྱིས་ཡང་རླུང་རྒྱུ་བ་དང་བསྟུན་ནས་ཕྱིར་རྒྱུས། ནང་དུ་ཞུགས་གནས་མཉམ་དུ་བསམ། ཡང་རླུང་དེ་ཉིད་ཧཱུྃ་སྔོན་པོ། ༀ་དཀར་པོ། ཨཱཿདམར་པོའི་རྣམ་པར་བསྒོམས་ལ་རླུང་ལྡང་འཇུག་གནས་གསུམ་གྱི་རྗེས་ལ་སེམས་འགྲོ་བ་བོགས་ཆེ་གསུངས། རྔན་དགས་བྱིན་པ་ནི་རླུང་རྒྱུ་བ་དང་བསྟུན་ལ། རྩོལ་བ་ནས་ཕྱིར་རིང་དུ་རྒྱུས། སྲོག་ནས་ནང་དུ་ཐུང་དུ་རྒྱུས། ནང་དུ་


LT14_Page_226B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ངུ་གནས་མཉམ་དུ་བསམ། དེ་ཞག་འགའ་ཞིག་གི་བར་སྦྱངས་ནས་ཡང་རྩོལ་བ་ནས་ཕྱིར་ཐུང་ངུ་རྒྱུས། སྲོག་ནས་ནང་དུ་རིང་དུ་རྒྱུས། ནང་དུ་རིང་དུ་གནས་སྙམ་དུ་བསམ་ཏེ། རྣམ་པ་ངེས་པ་དང་། རྒྱུ་བ་གསང་བའི་བར་དུ་སྦྱང་ངོ་། །གཉིས་པ་ཁྱབ་བྱ་དམིགས་པའི་གནད་ནི། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་རྒྱས་པ་བཞིན་ནམ། རྩ་འདབས་རྐྱང་པ་གང་རུང་གསལ་གདབ་ལ་སྟེང་བླུད་སྣ་གཉིས་ནས་མཉམ་དུ་རྔུབས་པས་རོ་རྐྱང་གཉིས་ནས་རླུང་ཞུགས་ཏེ། དབུ་མའི་མར་སྣར་འཕྲོད་པ་འོག་རླུང་ཅུང་ཟད་འཐེན། ལྟེ་བའི་ཨཾ་ལ་བསྣུན། ༀ་ལས་མེ་འབར་དབུ་མ་ནས་ཞུགས། སྙིང་ཁའི་ཧཱུྃ་དང་མགྲིན་པའི་ཨ་བསྲེས་ནས་སྤྱི་བོའི་ཧཾ་ལ་བསྣུན། དེ་ལས་བྱང་སེམས་བབས། ༀ་དང་ཧཱུྃ་གཉིས་བསྲེས་ནས་ལྟེ་བའི་གོང་གི་སོར་བཞི་ཙམ་དུ་འབར་འཛག་བྱ། སྟེང་རླུང་གཉིས་ཀྱི་བར་དུ་འོག་རླུང་གཅིག་འཐེན་ལ་མནན། མི་ཐུབ་ན་དལ་བུས་བཏང་ལ་སླར་ཡང་སྔར་བཞིན་བྱའོ། །གཉིས་པ་ལྟ་བ་དང་གསུམ་པ་གྲུབ་མཐའ་གཉིས་ནི་རྒྱས་པ་བཞིན་ནོ། །གཉིས་པ་འདའ་ཁ་མ་ལ་གཉིས་ཀྱི་དང་པོ་སྦྱང་བ་ནི། ལས་སྦྱར་དང་གཉིས་པའི་སྔོན་དུ་བླ་མ་སྤྱན་དྲང་བ། གསོལ་བ་གདབ་བ། ཞེན་པ་སྤོངས་པ་རྣམས་གོང་དང་འདྲ། འདིར་འབྱུང་བཞི་ཐིམ་སྡུད་བྱེད་པའི་ཕྱི་ནང་གསང་གསུམ་གྱི་རྟགས་རྣམས་དྲན་པར་བྱས་ལ། དེ་དག་ཀྱང་འོད་གསལ་སྟོང་པ་ཉིད་དུ་ཤེས་པར་བྱས་ཏེ། རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་བཞག་གོ །གཉིས་པ་ལས་སྦྱར་ནི་འཆི་བའི་ཚེ། འབྱུང་བཞི་ཐིམ་སྡུད་བྱེད་པའི་རྟགས་དང་མཚན་མ་ཐམས་ཅད་དངོས་སུ་འབྱུང་བས་དེ་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་ཁ་ལོ་སྒྱུར་ཏེ་རང་སེམས་དང་བསྲེས་ཏེ་རྩེ་གཅིག་ཏུ་བཞག །དེ་ལྟར་བྱས་པས་རླུང་


LT14_Page_227A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཐམས་ཅད་དབུ་མར་བྱས་ནས་འོད་གསལ་མ་བུ་ངོ་འཕྲོད་དེ་གྲུབ་མཐའ་སྙོག་པར་འགྱུར་རོ། །ལྔ་པ་བར་དོ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱང་བ་ནི། བར་དོའ་རྣམ་བཞག་ཐམས་ཅད་བུམ་དབང་གི་སྐབས་བཞིན་དྲན་པར་བྱ། དེ་ཐམས་ཅད་འོད་གསལ་སྟོང་ཉིད་དུ་བསྒྱུར་ནས་སེམས་དང་བསྲེས་ནས་རྩེ་གཅིག་ཏུ་བཞག །ཡང་དེའི་ཚེ་ལྟ་བ་རང་གི་སྟོན་པའི་བླ་མ། དེས་བསྟན་པའི་ལམ་ཙཎྜ་ལི། རང་བྱུང་གི་ཡེ་ཤེས་དངོས་ཏེ་གསུམ་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི། བར་དོའ་གནས་སྐབས་སུ་སྣང་བ་ཐམས་ཅད་དངོས་སུ་འབྱུང་བས་དེ་དུས་ཉམས་ལེན་འདི་བཞིན་བྱ་སྟེ། སྣང་བ་ཐམས་ཅད་ཨ་ལི་ཀ་ལིའི་གཟུགས་སུ་ཤར་ནས་རང་བྱུང་གི་ཡེ་ཤེས་སྐྱེས་ཏེ་གྲུབ་མཐའ་སྙོགས་པར་འགྱུར་རོ། །དྲུག་པ་རྨི་ལམ་གཟུགས་སྦྱང་སོགས་གང་བཞིན་ལ། དེ་དག་ཐམས་ཅད་འོད་གསལ་སྟོང་ཉིད་དུ་སྒྱུར་ནས་དུ་མ་སྒྲོ་བ་དང་། འདིའི་དྲན་པ་གསུམ་དྲན་པར་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ལམ་ལ་དྲུག་གི་དང་པོ་ལ་དལ་འཁོར་ནི། ཐུན་གྱི་སྔོན་དུ་འགྲོ་བ་སོགས་བྱས་ནས་ཕྱག་རྒྱ་སྙོམས་འཇུག་གི་སྦྱོར་བ་བྱས་པས་གཉིས་ཀའི་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་དམར་བྱུང་། དགའ་བཞིའི་རིམ་པས་གསང་བའི་གནས་སུ་ཕབ་ནས་བྱང་སེམས་གཉིས་པོ་ཉི་ཟླ་ཁ་སྦྱར་བ་བཞིན་བྱས་པས་ལྷན་ཅིག་ཡེ་ཤེས་སྐྱེའོ། །སླར་ཡང་མས་བརྟན་གྱི་དགའ་བཞི་ཉམས་སུ་བླངས། འཛག་པ་ཤས་ཆེ་ན་དུད་འགྲོའི་འགྱུར་བ་བཞི་བྱའོ། །གཉིས་པ་ལྟ་བ་དང་། གསུམ་པ་གྲུབ་མཐའ་ནི་རྒྱས་པ་བཞིན་ནོ། །བཞི་པ་འདའ་ཀ་མ་ལ་གཉིས་ཀྱི་དང་པོ་སྦྱང་བ་ནི། བླ་མ་སྤྱན་འདྲེན་སོགས་གོང་བཞིན་དང་། འཁོར་ལོ་ལྔའི་རྩ་མདུད་འཇིག །ཅིང་དངས་མ་སྡུད་ལ་རླུང་མལ་འཆུགས་པའི་ཐིམ་


LT14_Page_227B
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཀྱི་རྟགས་འདི་དག་དངོས་སུ་འབྱུང་བས་བདེ་སྟོང་གི་རྣམ་པར་ཉམས་སུ་བླང་། དེ་ལྟར་བྱས་པས་རླུང་སེམས་དབུ་མར་ཞུགས་པའི་རྡོ་རྗེ་སྟོང་པ་དང་སེམས་དཔའ་བདེ་བ་སྟེ། རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །ལྔ་པ་བར་དེས་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱོང་བ་ནི། བར་དོའ་རྣམ་བཞག་ཀུན་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི་བར་དོའ། དེ་ཐམས་ཅད་བདེ་སྟོང་དུ་བསྒྱུར་ནས་རང་སེམས་སུ་བསྲེས་ལ་རྩེ་གཅིག་ཏུ་བཞག །འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའི་བླ་མ། ཕོ་ཉའི་ལམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་དང་གསུམ་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི་བར་དོའ་སྐབས་སུ་སྣང་བ་དེ་ཐམས་ཅད་དངོས་སུ་འབྱུང་བས་ཉམས་ལེན་འདི་བཞིན་བྱ། དེ་ལྟར་བྱས་པས་སྣང་བ་ཐམས་ཅད་བྱང་སེམས་མུ་ཏིག་གི་ཕྲེང་བ་ལྟ་བུར་ཤར་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་ཏེ་གྲུབ་མཐའ་སྙོགས་པར་འགྱུར་རོ། །དྲུག་པ་རྨི་ལམ་ནི་གཟུགས་སྦྱང་སོགས་སྔར་བཞིན་ལ། རྨི་ལམ་གྱི་སྣང་བ་དེ་ཐམས་ཅད་དུ་མ་སྤྲོ་ཞིང་། བདེ་སྟོང་དུ་བསྒྱུར་ནས་འདིའི་དྲན་པ་གསུམ་དྲན་པར་བྱའོ། །བཞི་པ་དབང་བཞི་པའི་ལམ་ལ་དྲུག་གི་དང་པོ་རྡོ་རྗེ་རྦ་རླབས་ལ་གསུམ་གྱི་དང་པོ་ཐབས་རྒྱུད་དག་པ་ནི། སྔོན་འགྲོ་སྔར་བཞིན་ལ། རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་རྩ་གསུམ་གསལ་གདབ། །ཕྱག་རྒྱ་དང་སྙོམས་འཇུག་གི་སྦྱོར་བ་བྱས་པས། གཉིས་ཀའི་ཧཾ་ལས་བྱང་སེམས་མར་བྱུང་། དགའ་བཞིའི་རིམ་པས་གསང་བའི་གནས་སུ་དབབ་པས་དབུ་མའི་མར་སྣ་བྱང་སེམས་གཉིས་པོ་འདྲེས་ནས་འོད་ཟེར་ལྔའི་རང་བཞིན་དུ་གྱུར། དེ་ཉིད་ཐབས་ཀྱི་རོ་མ་ནས་ཞུགས་སྟེ་ལྟེ་བ། སྙིང་ཁ། མགྲིན་པའི་འཁོར་ལོ་གསུམ་ལངས་བ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་གསལ་གསལ། གློ་བ་བུས་པ་བཞིན་བཏང་


LT14_Page_228A
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སོང་བར་བསམས་ཏེ། ཆོས་གསུམ་ལྡན་དུ་བྱས། དེ་ཉིད་རྣ་བ་གཡོན་པ་ནས་ཐོན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་ལྔས་ཁེབས་པར་གྱུར། འོད་ཀྱི་སྣ་ལ་ཀྱཻ་རྡོ་རྗེའི་དལ་དཔག་ཏུ་མེད་པ་སྤྲོས། དེས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷར་གྱུར་ནས་དབང་བཞི་བསྐུར་བའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱས། དེ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་བསྒྱུར་ནས་སྤྱི་བོ་ནས་ཞུགས་ཏེ། སྤྱི་བོའི་སོགས་འཁོར་ལོ་ཡས་མར་སྔར་བཞིན་གསལ་བཏབ་རོ་མ་ནས་བརྒྱུད་གསང་བའི་གནས་སུ་དབབ་བོ། །དེའང་སྤྱི་བོ་མགྲིན་པར་བྱོན་པས་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་ཁར་བྱོན་པས་བདག་རྒྱུད་ཡི་ཤེས་ལྔར་བྱིན་གྱིས་བརླབས་པའི་རྟགས་འོད་ཟེར་ཁ་དོག་ལྔར་གྱུར་པར་བསམ། དེ་ལྟར་བྱས་པས་རོ་མའི་རྩ་ལམ་དག །བཟུང་རྟོག་རེངས་ཤིང་རོ་མ་དཔང་དུ་འདུས་པས་རྩོལ་བའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་པར་བསམ་ལ། དེའི་ངང་ལ་མཉམ་པར་བཞག །སླར་ཡང་འོད་ཟེར་རྐྱང་མའི་ལམ་ནས་ཞུགས་ཏེ། རྣ་བ་གཡོན་ནས་སྤྲོ་བ་སོགས་འགྲོ་འོང་ཐམས་ཅད་སྔ་མ་བཞིན་བྱས་པས་འཛིན་རྟོག་རེངས་ཤིང་རྐྱང་མ་དབང་དུ་འདུས་སྲོག་གི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ་ལ། དེའི་ངང་དུ་གནས་པར་བཞག །སླར་ཡང་འོད་ཟེར་དུ་དབུ་མ་ནས་འགྲོ་འོང་བྱེད་ཅིང་མས་ཡར་དུས་སུ་སྤྱི་བོའི་འཁོར་ལོ་གསལ་གདབ། གཞན་ཐམས་ཅད་སྔར་བཞིན་བྱས་པས་གཟུང་འཛིན་གཉིས་ཀྱི་རྣམ་རྟོག་རེངས། དབུ་མ་དབང་དུ་འདུས། གནས་པའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་ལ། དེའི་ངང་དུ་མཉམ་པར་བཞག་


LT14_Page_228B
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པ་ནི། སྔར་བཞིན་ལས་ཁྱད་པར་ནི་རོ་རྐྱང་གི་དུས་སུ་རྣ་བ་ནས་འོད་ཟེར་སྤྲོ་བ་མེད་ཅིང་། དབུ་མའི་དུས་སུ་སྤྲོའམ་མ་སྤྲོས་ཀྱང་རུང་ངོ་། །གསུམ་པ་གཉིས་ཀའི་རྒྱུད་དག་པར་བྱ་བ་ནི། ཐབས་ཤེས་གཉིས་ཀྱིས་དབུ་མའི་མར་སྣ་ནས་སོ་སོའ་ཁམས་དཀར་དམར་ཞུགས་པའི་ཚེ། རྩ་གསུམ་ཞུགས་པ་བཟློག་པ་བཞིན་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ་པར་བསམ་མོ། །གཉིས་པ་ལྟ་བ་དང་གསུམ་པ་གྲུབ་མཐའ་ནི་རྒྱས་པ་བཞིན་ནོ། །བཞི་པ་འདའ་ཁ་མ་གཉིས་ཀྱི་དང་པོ་ནི་སྦྱང་གཞི་གོམས་པ་ལ། གསུམ་གྱི་དང་པོ་སྒྲ་ལ་གོམས་པ་ནི། རླུང་གི་སྦྱོར་བ་ཞག་གྲངས་ཞེ་གཉིས་ཀྱི་བར་དུ་གཞུང་ནས་བཤད་པར་བཞིན་བྱ། བུམ་དབང་གི་སྐབས་བཞིན་ལུས་གནད་དང་ལྡན་པས་ཧི་ཀི་ཉི་ཤུས་མགྲིན་པར་དྲངས་ཤིང་། ཉེར་གཅིག་པ་འདིར་མེད་པས་ཧི་ཀི་ཉི་ཤུས་ངལ་བསོ་བར་བྱའོ། །གཉིས་པ་ཕྱིའི་ཡི་གེ་ལ་གོམས་པ་ནི། བཤང་། གཅི། ལྟོ་བ། ཁ། མིག །རྣ་བ། སྤྱི་བོ། །སྤྱི་གཙུག་རྣམས་འཕོས་ན་རིམ་བཞིན། དམྱལ་བ། དུད་འགྲོ། འདོད་ལྷ། ཡི་དྭགས། གནོད་སྦྱིན། མི། མིའམ་ཅི། གཟུགས་ཁམས། གཟུགས་མེད་ཀྱི་ལྷར་སྐྱེ་བས། སྒོ་དགུ་ཡི་གེས་བསྒག་པ་གཞུང་བཞིན་ནོ། །གསུམ་པ་ནང་གི་ཡི་གེ་ལ་གོམས་པ་ནི། ལུས་ལ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གཏུམ་མོ་འཁོར་ལོ་བཞི་ལ་སྟོན་པའི་སྐབས་བཞིན་གསལ་ལ། རོ་རྐྱང་གཉིས་སུ་ཨི་བཅུ་དྲུག་ཁ་དོག་དམར་པོ་གྱེན་དུ་ལྟ་བ་དེའི་བར་དུ་ཀ་ལི་སོ་བཞི་ཁ་དོག་དཀར་པོ་མགོ་མཐུར་དུ་བསྟན་པ་བསམ། ཕྱིར་རྒྱུ་རྩོལ་དུས་སུ་ལྟེ་བ་ནས་ཡས་མར་རྩ་གསུམ་འཁོར་ལོ་བཞི། ཡི་ཤེས་རྣམས་གསལ་བཏབ། ནང་རྒྱུ་སྲོག་གི་དུས་སུ་ཡང་སྤྱི་བོ་ནས་བརྩམས་ཏེ། མས་ཡས་


LT14_Page_229A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གསལ་གདབ་བོ། །གཉིས་པ་ལས་སྤྱིར་ནི། འཆི་བའི་དུས་སུ་ཙོག་པུའམ་སྐྱིལ་ཀྲུང་གང་བདེ་བྱས་ལ། རྩ་གསུམ་འཁོར་ལོ་བཞི། ཡི་གེ་དང་བཅས་པ་གོམས་པའི་དུས་བཞིན་གསལ་གདབ་ལ། ཕྱིར་རྒྱུས་དུས་སུ་རོ་རྐྱང་གཉིས་ཀྱི་རླུང་ཨ་ཡིག་ནས་དབུ་མར་ཞུགས་པར་བསམ། ནང་རྒྱུའི་དུས་སུ་དེ་བཞིན་དུ་ཧཾ་ཡིག་ནས་ཡར་ཞུགས་པར་བསམ། དེ་ལྟར་བྱས་པས་འཆི་བ་འོད་གསལ་གྱི་གནས་སྐབས་སུ་རླུང་སེམས་ཐིག་ལེ་ཐམས་ཅད་དབུ་མར་ཞུགས་པའི་ཚེ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ཉམས་ཤར་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །ལྔ་པ་བར་དོ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱང་བ་ནི་བར་དོའ་རྣམ་བཞག་རྣམས་སྔར་བཞིན་དྲན་པར་བྱས་ལ། དེ་ཐམས་ཅད་གནས་ལུགས་དེ་ཁོ་ན་ཉིད་དུ་ཉམས་སུ་བླངས་ཤིང་རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེའི་ཚེ་དེ་ཁོ་ན་ཉིད་སྟོན་པའི་བླ་མ་དྲན་པ། དེས་བསྟན་པའི་ལམ་རྡོ་རྗེའི་རྦ་རླབས་དྲན་པ། ལྟ་བ་དེ་ཁོ་ན་ཉིད་དྲན་པའོ། །གཉིས་པ་དངོས་གཞི་ནི། སྲིད་པ་བར་དོའ་སྐབས་སུ་འཇིགས་པའི་སྒྲ་བཞི་ལ་སོགས་པ་དངོས་སུ་འཆར་བས། དེ་ཐམས་ཅད་ལྟ་བ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་ལ། འདིའི་དྲན་པ་རྣམ་པ་གསུམ་དྲན་པར་བྱའོ། །དེ་ལྟར་ཉམས་སུ་བླང་བས་ཅི་སྣང་ཐམས་ཅད་ལྟ་བའི་ངོ་བོར་འཆར་ཞིང་། ལུས་ལ་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་གསལ་བར་རྫོགས་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །དེ་ལྟར་ན་དབང་བཞི་ཆར་གྱི་བར་དོའ་སྐབས་སུ་ཉིན་པར་དང་། མཚན་མོའི་དུས་སྐྱེ་ཤི་བར་དོ་དང་། རྨི་ལམ་བར་དོའ་རྣམ་བཞག་རང་རང་གི་སྐབས་བཞིན་ཉམས་སུ་བླང་ངོ་། །དྲུག་པ་རྨི་ལམ་ནི་བཟུང་སྦྱང་སོགས་གང་བཞིན་ལ། སྐབས་དེར་ཅི་སྣང་ཐམས་ཅད་ལྟ་བ་དེ་ཁོ་ན་ཉིད་ཀྱིས་རྩིས་ཟིན་པར་བྱས་ལ་རང་དང་བཅས་པ་དུ་མར་སྤྲོ་ཞིང་སྐབས་འདིའི་དྲན་པ་རྣམ་གསུམ་ཡང་དྲན་པར་བྱའོ།། །།


previousགདམས་ངག་མཛོད་པོད་ལྔ་པ། བརྡའ་དོན་གསལ་བའི་ཁྲིད་ཡིགnext