Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
གདམས་ངག་མཛོད་པོད་དྲུག་པ།  སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ།
   
   
   
   
   
   
   
   
   
   
   
   
  expand section
   
   
   


 
previousགདམས་ངག་མཛོད་པོད་དྲུག་པ། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ།next

གདམས་ངག་མཛོད་པོད་དྲུག་པ།
སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ།


J01,V001,P034A
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་བཞུགས་སོ།། །།


J01,V001,P034B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་ཁོ་བོས་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། རྣལ་འབྱོར་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱུད་དང་། བརྟག་པ་གཉིས་པ་དང་། རྗེ་བཙུན་མ་སྒྲོལ་མའི་གསུང་ངག་ལ་བརྟེན་ནས། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ཡན་ལག་བདུན་པ་དང་བཞི་པ་སྣང་བར་བྱེད་པ་ལ་སོགས་པའི་བསྟན་བཅོས་མཛད། བསྟན་བཅོས་དེ་དག་དང་། སློབ་དཔོན་ཌོམྦྷི་ཧེ་རུ་ཀའི་རྡོ་རྗེ་བདག་མེད་མའི་སྒྲུབ་པའི་ཐབས་བདུད་རྩིའི་འོད་ཅེས་བྱ་བའི་སྙིང་པོ་ལྟ་བུ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བའི་གདམ་ངག་འདི་མཛད་པ་ཡིན་ནོ། དེ་ཡང་རྗེ་བཙུན་སྒྲོལ་མ་ལས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་གསན། དེ་ལས་སློབ་དཔོན་དེ་བ་ཨཱ་ཀ་ར་ཙནྡྲས་གསན། སློབ་དཔོན་དེ་གཉིས་ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲས་གསན། དེའི་སློབ་མ་བླ་མ་འབྲོག་མི། དེ་ལ་བླ་མ་མཁར་ཆུང་བས། དེས་རྗེ་དགོན་པ་བ། དེ་ལ་བླ་མ་རྗེ་བཙུན་ས་སྐྱ་པས་གསན་ནོ། དེ་ལྟ་བུའི་གདམས་ངག་འདི་ལ་གསུམ། ཐོག་མར་བྱ་རྒོད་ཀྱི་འཇུག་སྟེགས་བཅའ་བ་དང་འདྲ་བ། མཁའ་འགྲོའི་བྱིན་རླབས་ཀྱི་བྱིན་གྱིས་བརླབ་པ་དང་། བར་དུ་ལམ་བསྒོམ་པ་དང་། མཐར་འབྲས་བུ་སྐུ་གསུམ་ལན་ཡག་བདུན་ལྡན་ཐོབ་ཚུལ་ལོ། དང་པོ་བྱིན་རླབས་བྱ་བ་ནི། དུས་དང་པོ་ཉི་མ་ཆེ་ཆུང་གང་ཡང་རུང་བ་ལ་གཏད། གནས་ཁང་ཕྱག་དར་བྱ། རྟེན་དགྲམ། ཁྱད་པར་དུ་རྗེ་བཙུན་མ་ལྷ་མོ་བཅོ་


J01,V001,P035A
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་མཁའ་འགྲོ་སྙིང་གི་འཁོར་ལོ་ཞེས་བྱ་བ་དཔེ་ཆུང་བཞིན་དུ་བྱ། དེ་མ་གྲུབ་ན་མེ་ཏོག་ཚོམ་བུ་དཔེ་ཆུང་བཞིན་དུ་བྱ། དེ་གཉིས་ཀའང་གཉན་པ་ཡིན་གསུང་ནས་ཕྱག་ལེན་མི་མཛད་ན། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བཞིན་དུ་མེ་ཏོག་ཚོམ་བུ་བཅོ་ལྔའི་ཕྱག་ལེན་མཛད། དེའང་མ་གྲུབ་ན་ནམ་མཁར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བསྒོམས་ཀྱང་གཏུབ་གསུངས། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་རྒྱ་ཆེར་བཤམས་ལྷ་བཤོས་གྲུབ་ན་བཅོ་ལྔ། མ་གྲུབ་ན་ལྔ། གཞན་མཆོད་པ་ཅི་འབྱོར་དུ། ནང་གི་མཆོད་པ་ཆང་ལ་བདུད་རྩི་སྦྱར་བའང་མདུན་དུ་བཞག །གཏོར་མ་གཉིས་ལ་སོགས་པ་བཤམ། ཚོགས་ཀྱི་ཡོ་བྱད་ཀྱང་བཤམ་དུ་གཞུག །འབྱོར་པའི་ཚོད་དང་སྦྱར་བའི་རྣལ་འབྱོར་པ་སྤྱན་དྲངས་ལ། གྲལ་རིམ་གྱིས་དགོད། མཎྜལ། མེ་ཏོག་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། རྗེ་བཙུན་བདག་མེད་མ་ལྷ་མོ་བཅོ་ལྔའི་མངོན་པར་རྟོགས་པ་རྫོགས་པར་བསྒོམ། མཆོད་བསྟོད་བྱ། བཟླས་པ་ཅི་རིགས་པ་བྱ། དེ་ནས་མདུན་དུ་བཤམས་ནས་ཡོད་དམ། མེད་ན་ལྷ་མོ་བཅོ་ལྔ་མདུན་གྱི་ནམ་མཁར་བསྒོམས་ནས་ཡོད་པར་མཆོད་བསྟོད་རྒྱས་པར་བྱ། འབྱུང་པོའི་ཚོགས་ལ་གཏོར་མ་བཏང་། ཚོགས་བྱིན་གྱིས་རླབས་ལ་ཕུད་བླ་མ་དང་མཁའ་འགྲོ་རྣམས་ལ་དབུལ། ཚོགས་ལ་ལོངས་སྤྱད། ཚིམ་པ་དང་ལྷག་མ་བསྡུས་ལ་བཏང་། ཡི་གེ་བརྒྱ་པ་དང་


J01,V001,P035B
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཚིགས་བཅད་དང་། སྨོན་ལམ་གདབ། བདག་ཉིད་བསྲུང་བ་བྱ། ཆོ་ག་མ་ཐོབ་པའི་རྣལ་འབྱོར་པ་གཞན་དང་པར་གཏང་། དེ་ནས་བྱིན་རླབས་བྱེད་པར་འདོད་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་རིམ་གྱིས་དགོད། མཎྜལ་འབུལ་དུ་གཞུག །ཡོན་བླང་། དེ་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། །སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པས་ལན་གསུམ་གྱིས་བླ་མ་ལ་བསྟོད། དེ་ནས་ཐབས་དང་ཤེས་རབ་ཀྱིས་རྒྱུད་ལ་བསྟོད་དེ། འགྲོ་བའི་མི་ཤེས་གཅོད་མཛད་ཅིང་། །དག་པ་དེ་ཉིད་དོན་སྟོན་མཛད། །བདེ་ཆེན་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། ལན་གསུམ་དུའོ། དེ་ནས་ཐབས་ཁྱད་པར་ཅན་ལ་བསྟོད་པ་བྱ་སྟེ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་འབྱུང་། །ཐབས་ཆེན་མཆོག་ལ་ཕྱག་འཚལ་བསྟོད། ཅེས་ལན་གསུམ་དུ་བརྗོད་པར་བྱའོ། དེ་ནས་གསོལ་བ་གདབ་པ་ནི། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤང་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། དེ་ནས་སློབ་མས་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཡིན་ངེས་སྙམ་པའི་བློ་བསྐྱེད་ལ་གུས་འདུད་དྲག་པོ་བྱེད་དུ་གཞུག །བླ་མས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་ནོ། ཞེས་བྱ་བ་ལ་སོགས་པའི་རྟོགས་པའང་བསྐྱེད། །དེ་དག་ནི་བྱིན་གྱིས་རླབས་པའི་སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་བྱིན་གྱིས་རླབས་པའི་ཆོས་དངོས་ནི། སློབ་མ་ལ་དམིགས་པ་བསྟན་ཏེ། རང་གི་མདུན་དུ་ཤིང་རིང་པོ་ཅིག་བསྒོམ། དེ་ནས་རང་གི་ལུས་གཉིས་སུ་ཕྱེ་ལ། གཅིག་ཤིང་གི་རྩ་བར་བཞག །གཅིག་གོས་མེད་པར་གཅེར་བུར་བྱས་ལ། ཤིང་དེ་


J01,V001,P036A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་ཏེ། རྩེ་མོར་རྩོག་པུར་བསྡད་པར་བསམས་ལ། ཤིང་གི་རྩ་བར་བལྟ་བར། དེའི་ཚེ་གཡང་ཟ་བའི་འཇིགས་པ་རང་ཤུགས་ཀྱིས་འབྱུང་། དེ་དག་གི་དུས་སུ་སློབ་མ་རྣམས་རྐང་པ་གཞིབས་ཏེ་འཕོངས་ལ་མ་རེག་པར་བསྡད་དུ་གཞུག་ལུས་རན་ཚད་དུ་གཡོ་ཞིང་། རླུང་རིམ་གྱིས་འབུད། དེས་འཕྲལ་དུ་ཉམས་མྱོང་སྐྱེ། ཉམས་མྱོང་སྐྱེས་ན་དེ་ཁོ་ན་ཉིད་ཡི་གེ་མེད་པ་ངོ་སྤྲད། གལ་ཏེ་དེས་མ་སྐྱེས་ན། ལུས་དང་རླུང་གི་གནད་སྔར་དང་འདྲ་བ་ལ། སེམས་ཀྱི་གནད་ཉི་ཟླའི་འོད་ཟེར་ལ་འཇུས་ཏེ། ཉི་ཟླའི་སྟེང་དུ་བསྡད་ལ་གླིང་བཞིར་བལྟ། མར་ཤིང་གི་རྩེ་མོ་ལ་སེམས་དྲག་ཏུ་གཏད། ཤིང་གི་རྩ་བ་ལ་གཏད། ཤིང་གི་རྩ་བ་ན་འདུག་པའི་བདག་གི་ལུས་རྙིང་པ་ལ་བལྟ། བདག་གི་ལུས་གང་ཡང་ཡིན་ལ་གང་ཡང་མིན་པའི་ཡི་གེ་མེད་པ་ངོ་སྤྲད། དེ་དག་གི་དུས་སུ་སློབ་དཔོན་གྱི་བྱ་བ་ནི། བདུད་རྩི་བྱིན་གྱིས་རླབས་ལ་ཉེ་བར་བཞག་ལ། བདུད་རྩི་ལུས་ཐམས་ཅད་ལ་ཁྱབ་པར་གཏོར་ཞིང་ཌཱ་མ་རུ་ལ་སོགས་པའི་སྒྲ་ནི་ལུས་ཀྱི་བྱ་བའོ། ངག་གི་བྱ་བ་ནི་ཕྲེང་བའི་སྔགས་བཟླས་སོ། སེམས་ཀྱི་བྱ་བ་ནི། ཏིང་ངེ་འཛིན་གྱི་ཕྲེང་བའི་སྔགས་དམར་པོའི་ཚུལ་གྱིས་འོད་ཟེར་འཕྲོས་སྟེ་སློབ་མའི་ལུས་ཐམས་ཅད་ལ་ཁྱབ་པས་སེམས་ཀྱི་རྟེན་སྙིང་ག་ན་ཡོད་པའི་ཡི་གེ་ཧཱུྃ་དེ་དམར་ལམ་ལམ་སོང་བར་བསམས་མོ། རྫས་ཀྱི་རྟེན་འབྲེལ་གུ་གུལ་གྱི་དུད་པས་བདུག་གོ །ཉམས་སྐྱེས་ནས་དེ་ཁོ་ན་ཉིད་ཀྱི་གླུ་དབྱངས་དང་བཅས་ནས་བླང་བར་བྱ་སྟེ། དེའང་འདི་སྐད་དུ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ཤ་དང་རུས་པ་ཁྲག་མེད་ན། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། སྐུ་ལ་བསྙུང་མེད་མི་གཙང་མེད། བཀྲེས་དང་སྐམ་པ་འབྱུང་མེད་དང་། ཁྱོད་ནི་འཇིག་རྟེན་རྗེས་མཐུན་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོད་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་པ་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ཀྱི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད།


J01,V001,P036B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང་། །སྣ་ཚོགས་མིན་ལ་སྙོམ་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ཅིང་ཕྱག་འཚལ་ལོ། །ཀུན་གྱི་མཚམས་སུའང་ཕྲེང་བའི་སྔགས་དབྱངས་སུ་བླང་། བུང་བ་མེ་ཏོག་ལ་ཞེན་པ་མེད་ཅིང་། སྦྲང་རྩི་གཞིབ་ནས་འགྲོ་བ་ལྟར། །ཡུལ་རྣམས་ལ་ཞེན་པ་མེད་པར་ལོངས་སྤྱོད་ཅིང་། དེ་ཁོ་ན་ཉིད་ཡི་གེ་མེད་པ་ངོ་སྤྲད་དོ། དེ་དག་གིས་ནི་ལུས་འདར་བ་དང་། ངག་སྨྲ་བ་དང་། སེམས་མི་རྟོག་པ་ལ་སོགས་པ་དུ་མ་འབྱུང་སྟེ། དེས་གནད་ཟིན་པ་ཡིན་ནོ། སེམས་དྲན་མེད་དུ་སོང་ན། ལུས་ལ་མི་རེག་པ་དེ་བཞིན་དུ་བཞག །འཕར་གཡོ་འབྱམས་ན་སེམས་སུ་ངོ་སྤྲད་ལ་བཞག །ཡོད་ན་ཚོགས་ལ་ལོངས་སྤྱད། སྨོན་ལམ་གདབ། བདག་དང་སློབ་མའི་གནས་གསུམ་ཡི་གེ་གསུམ་གྱི་བསྲང་ལ་འདི་སྐད་དུ། འདི་ལྟ་བུའི་ཉམས་མྱོང་ཐམས་ཅད་རང་གི་སེམས་རིག་པ་གཅིག་གི་ངང་ཡིན། དེའང་མེད་ནས་སྣང་བ་སྒྱུ་མ། ངོས་བཟུང་མེད་པས་སྟོང་པ། དེ་གསུམ་དབྱེར་མེད་པ་ནི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བ་ཡིན་ནོ། །ཞེས་བསྟན་ལ་ཉམས་མྱོང་དུ་གཞུག །དེ་ནས་བླ་མའི་ཞབས་ལ་ཕྱག་བྱ། ཡོན་དབུལ། ལས་ཀྱི་རྗེས་བསྡུ། བསྲུང་བ་བྱས་ལ་ཅི་བདེ་བར་གནས་སོ། དེ་དག་གིས་ནི་སྔོན་དུ་བྱིན་རླབས་ཀྱི་ཆོ་གའོ། །དེ་ལྟར་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་དེ་ལ་མན་ངག་བསྟན་པར་བྱ་སྟེ། དེ་ལ་གསུམ། དང་པོ་སེམས་བཟུང་བ། བར་དུ་སེམས་འདུལ་བ། ཐ་མ་དེ་ཁོ་ན་ཉིད་ལ་བློ་བཞག་པའོ། དེ་རེ་རེ་ལའང་གསུམ་གསུམ་སྟེ། དང་པོའི་གསུམ་ནི། སོང་སར་བཟུང་། བཞག་སོང་སྐྱོང་། མཐའ་གཉིས་སྤང་། བར་བའི་གསུམ་ནི། སོང་སར་ཤོར་དུ་མི་གཞུག །བཞག་སར་དལ་དུ་མི་གཞུག །གོང་འོག་ཏུ་ཐལ་ཏུ་མི་གཞུག་ཅེས་བྱ་བ་ཡིན་ནོ། ཐ་མའི་གསུམ་ནི་དཔེ་ལ་བསླབ། དོན་ལ་བསླབ་དཔེ་དོན་བས་ཞེས་བྱ་བ་གསུམ་ཡིན་ཏེ། རེ་ཞིག་མདོར་བསྟན་པ་རྩ་བའི་ཆོས་དགུ་ཡིན་ནོ། དེ་ལ་སེམས་བཟུང་བའི་དང་པོ་སོང་སར་བཟུང་བ་ནི། སྟན་བདེ་བ་ལ་བསྡད། རྩ་བའི་བླ་མ་དང་། རྗེ་བཙུན་


J01,V001,P037A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ནས་བཟུང་སྟེ་བླ་མ་བརྒྱུད་པ་རྣམས་ལ་སྐྱབས་འགྲོ་དང་མོས་གུས་དྲག་ཏུ་བྱས། བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་སྤྱི་བོར་བསྒོམ། ཡི་དམ་གྱི་ལྷ་གསལ་བཏབ་ལ། རང་གི་སེམས་གང་དུ་སོང་བ་གཅིག་ཏུ་དྲན་པའི་ཐག་པས་བཟུང་ངོ་། །བཞག་སར་བསྐྱང་བ་ནི། སེམས་བཟུང་བ་དེ་ལས་གཞན་དུ་ཤོར་དུ་མི་གཞུག་གཉིས་འཛིན་གྱི་རྣམ་པར་རྟོག་པའི་རྗེས་མི་གཅོད་པ་ནི། མཐའ་གཉིས་སྤང་བ་ཡིན་ནོ། ཡང་དཀོན་མཆོག་གི་རྟེན་ལྟ་བུ་ལ་སེམས་བཟུང་བ་དེ་མ་ཐུབ་ནས། མདུན་གྱི་ཀ་བའམ། བུམ་པ་འམ། ཆུའི་སྒྲ་ལྟ་བུ་གཅིག་དང་། རེང་བུའི་དྲི་ལྟ་བུ་ལ་རྣམ་རྟོག་སོང་ན། ཡང་དེ་ཉིད་སོང་སར་བཟུང་ཞིང་། བཞག་སར་བསྐྱང་ལ་མཐའ་གཉིས་སྤང་བར་བྱའོ། འདི་དག་གིས་སེམས་ཟིན་པར་འགྱུར་རོ། གལ་ཏེ་མ་ཟིན་ན། སྔར་བྱིན་རླབས་ཀྱི་དུས་སུ་བྱས་པའི་ཤིང་གི་རྩེ་མོར་འཇོག་པ་དང་། ཉི་ཟླའི་སྟེང་དུ་འཇུ་བ་ལ་སོགས་པ་ལ་སེམས་གཟུང་། དེས་ཀྱང་མ་ཟིན་ན་མདུན་གྱི་ནམ་མཁའ་དང་སྣ་ཡི་རྩེ་མོ་དང་། སྨིན་ཕྲག་དང་། ལྟེ་བ་ལ་སོགས་པའི་བར་དུ་སྤོས་ཤིང་སྔར་གྱི་གནད་གསུམ་གྱིས་སེམས་བཟུང་བར་བྱ་སྟེ། འདིས་ངེས་པར་སེམས་ཟིན་པར་འགྱུར་རོ། །སྤྱི་དོན་གཉིས་པ་སེམས་གདུལ་བའི་དང་པོ་སོང་སར་ཤོར་དུ་མི་གཞུག་པ་ནི། སེམས་གང་དུ་འགྲོ་ཡང་དྲན་པའི་ཐག་པས་བཏགས་ནས། དྲན་པས་མ་ཟིན་པའི་སེམས་རྐྱང་པར་ཤོར་དུ་མི་གཞུག །དྲན་པས་མ་ཟིན་ན་རྣམ་རྟོག་འཁོར་བའི་མཐར་ལྟུང་བ་ཡིན་ནོ། གལ་ལྟེ་དྲན་པས་མ་ཟིན་པ་བྱུང་ན། སེར་སར་ཤོར་བ་ཡིན་པས། གཉེན་པོ་བསྐྱེད་ལ་ཤོར་དུ་མི་གཞུག་གོ །གཉིས་པ་བཞག་སར་དལ་དུ་མི་གདུག་པ་ནི། སེམས་ག་སར་ལྟངས་ནས་ཞི་གནས་སུ་སོང་ན། ཉན་ཐོས་སུ་འགྱུར་པས་ན། སེམས་མ་ཐུལ་བ་ཡིན་པས། སྔར་སྨོས་པའི་དེ་བཞིན་གཤེགས་པའི་རྟེན་ནམ། ཀ་བའམ། བུམ་པ་ལ་སོགས་པ་གང་སེམས་ཐོན་འདུག་པ་དེ་ལས་བཏོན་ལ་གཞན་ལ་བཞག །དེ་བཞིན་དུ་སེམས་དར་གཅིག་ཀྱང་དལ་དུ་མི་གཞུག་པར་དམིགས་


J01,V001,P037B
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤོ་ཞིང་སེམས་ཞི་གནས་ཀྱི་དབང་དུ་མི་བཏང་བར་སེམས་འདུལ་བར་བྱའོ། གོང་འོག་ཏུ་ཐལ་དུ་མི་གཟུག་པ་ནི་སེམས་འཕྲོ་བ་དང་ཞི་གནས་གཉིས་ཀའི་དབང་དུ་མི་གཏོང་བ་སྟེ། མདོར་ན་གནས་པར་འདོད་ན་གནས་པའི་དབང་ཡང་ཡོད། འཕྲོ་བར་འདོད་ན་འཕྲོ་བའི་དབང་ཡང་ཡོད། གནས་པ་དང་འཕྲོ་བ་གཉིས་ཀའང་དྲན་པའི་ཐག་པས་ཟིན་པ་སྟེ། རང་ཇི་ལྟར་འདོད་པར་ཡོང་བ་ནི་སེམས་ཐུལ་བ་ཡིན་ནོ། སྤྱི་དོན་གསུམ་པ་དེ་ཁོ་ན་ཉིད་ལ་བློ་བཞག་པའི་དང་པོ་དཔེ་ལ་བསླབ་པ་གསུམ། འཁྲུལ་པའི་དུས། འཁྲུལ་པར་གོ་བའི་དུས་འཁྲུལ་པ་གཞི་མེད་དུ་ལོང་དུ་ཆུད་པའི་དུས་སོ། དང་པོ་ནི། སྒྱུ་མའི་དཔེ་བཅུ་གཉིས་ལ་བསླབ་པ་སྟེ། དང་པོ་ལུང་པ་ཐམས་ཅད་སྨིག་རྒྱུའི་ཆུ་ལ་ཆུས་ཁྱེར་བར་མཐོང་སྟེ། འདི་རྣམས་ནི་ཆུའི་རྒྱ་མཚོ་ཡིན་ནོ། སྙམ་པ་ནི་འཁྲུལ་པའི་དུས། དེ་ནས་མར་ཕྱིན་ཙམ་ན་ཆུ་མ་ཡིན་སྨིག་རྒྱུར་མཐོང་བ་སྟེ། འདི་ནི་ཆུ་མ་ཡིན་ལ་སྨིག་རྒྱུར་འདུག་གོ་སྙམ་པ་ནི་འཁྲུལ་པ་ནི་འཁྲུལ་བར་གོ་བའི་དུས། དེ་ནས་དྲུང་དུ་སླེབས་ཙམ་ན་སྨིག་རྒྱུ་ཡང་མི་དམིགས་ཏེ་འཁྲུལ་བ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སུའོ། །དེ་བཞིན་དུ་རྨི་ལམ་ན་དགྲ་དང་འཐབས་པ་དང་། གཉེན་དང་མཛའ་བ་དུ་མ་ཡོད་པ་ནི་འཁྲུལ་པའི་དུས། གནས་སྐབས་ཁ་ཅིག་ཏུ་རྨི་ལམ་གྱི་སྣང་བ་མ་འགགས་ལ། རྨི་ལམ་དུ་གོ་བ་ནི་འཁྲུལ་པར་གོ་བའི་དུས། གཉིད་སད་ཙམ་ན་སྣང་བ་ཐམས་ཅད་མེད་དེ་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོང་། དེ་བཞིན་སྒྱུ་མ་དང་། ཆུ་ཟླ་དང་། དྲི་ཟའི་གྲོང་ཁྱེར་དང་། འཇའ་ཚོན་དང་། སྤྲིན་དང་། གློག་དང་། བག་ཆ་དང་། འཕྲོག་པའི་ཟླ་བའི་གྲོང་ཁྱེར་ལ་སོགས་པ་ལའང་སྦྱར་ཞིང་། སྒྱུ་མའི་དཔེ་རྣམས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པར་བྱའོ། །དེ་ནས་དོན་ལ་སྦྱར་བར་བྱ་སྟེ། དེ་ལ་གཉིས། དྲན་སྣང་ལ་སྦྱར་བ་དང་། དམིགས་པ་ལ་བསླབ་པའོ། །དང་པོའང་ཉོན་མོངས་པ་གང་དྲག་ལྟས་ལ་ཞེ་སྡང་ལྟ་བུ་སྐྱེས་པའི་དུས་སུ་དག་ལ་སོགས་པ་བསད་པའམ་འཆིང་བའི་བློ་དྲག་པོ་


J01,V001,P038A
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་དེ་ནི་འཁྲུལ་པའི་དུས། དེ་ནས་དར་གཅིག་ན་ཉོན་མོངས་པ་ཞི་སྟེ་འཁྲུལ་བར་གོ་བའི་དུས། དེ་ནས་དེར་མི་བདེན་པར་རྟོགས་ནས་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། དེས་ན་ཞེ་སྡང་ནི་རང་གི་སེམས། སེམས་དེ་རྒྱུ་རྐྱེན་ལས་བྱུང་བས་སྒྱུ་མ། སྒྱུ་མ་བརྟགས་ན་མ་རྙེད་པ་རང་བཞིན་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། །དེ་ལ་ཡི་གེ་ཞེས་བྱ་བ་ནི་རྣམ་རྟོག་ཡིན། བརྗོད་པ་ཡིན་པས། རྣམ་རྟོག་མེད་ཅིང་བརྗོད་དུ་མེད་པ། བརྗོད་པ་དང་བྲལ་བ་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱའོ། །དེ་བཞིན་དུ་ཉོན་མོངས་པ་སོ་སོ་ལ་སྦྱར་ཞིང་བསྒོམ་པར་བྱའོ། །གཉིས་པ་དམིགས་པ་ལ་བསླབ་པ་ནི། འཆིང་བྱེད་ཀྱི་ལུས་སེམས་གཏོང་། འཛིན་པའི་ལོངས་སྤྱོད་བཏང་། རྣམ་གྲངས་གཞན་ལ་བསླབ་པའོ། །དང་པོ་ནི་མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ་གྱི་ལྷ་སྤྱན་གྲངས་ལ། དགྲར་འཛིན་པ་དང་། གཉེན་ཏུ་འཛིན་པ་དང་། རང་གི་ལུས་ཀྱང་དུམ་བུར་གཏུབས་ལ་དབུལ་ཏེ། དེ་རྣམས་ཀྱང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ལ་བློ་སྦྱར་རོ། །དེ་བཞིན་དུ་ལོངས་སྤྱོད་ཐམས་ཅད་ཀྱང་གཏང་ལ་ཡང་ཡི་གེ་མེད་པ་ལ་བློ་སྦྱར་རོ། །གསུམ་པ་རྣམ་གྲངས་གཞན་ལ་བསླབ་པ་ནི། འོག་དམྱལ་བའི་ཞིང་ཁམས་སུ་ཕྱིན་ལ་བཙོ་བསྲེག་གི་སྡུག་བསྔལ་ཉམས་སུ་མྱོང་བར་བྱ། ཡང་དེ་ལས་ཐར་བར་བྱས་ལ། དེ་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ། དེའང་ཡི་གེ་མེད་པ་ལ་བློ་སྦྱར་བར་བྱའོ། །ཡང་འོག་གི་སངས་རྒྱས་འབུམ་གཟིགས་དང་། སྟེང་གི་སངས་རྒྱས་རྣམས་པར་སྣང་མཛད་ཆེན་པོ་དང་། ཤར་གྱི་མི་བསྐྱོད་པ་དང་། ལྷོའི་རིན་ཆེན་འབྱུང་ལྡན་དང་། ནུབ་ཀྱི་འོད་དཔག་ཏུ་མེད་པ་དང་། བྱང་གི་དོན་ཡོད་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་ཁམས་བལྟ། སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མཐོང་བ་ངོ་མཚར་སྙམ་དུ་


J01,V001,P038B
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་ནས་དེའང་། སེམས་སྒྱུ་མ་རང་བཞིན་མེད་པ། དེ་ཡང་ཡི་གེ་མེད་པ་ལ་བློ་སྦྱར་བའོ། །གསུམ་པ་དཔེ་དོན་བསྲེ་བ་ནི། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། གྲུབ་པའི་རྟགས་གསུམ་མོ། །དང་པོ་ནི། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང་། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་བསྲེ་སྟེ། ཕྱོགས་གཅིག་དཔེར་བརྗོད་ན། ཞེ་སྡང་སྐྱེས་པའི་དུས་སུ་འདི་སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་བྱ་བ་ལ་སོགས་པ་དང་། དེ་དག་ཀྱང་སེམས་ཡིན། སྒྱུ་མ་ཡིན། རང་བཞིན་མེད་པ་ཡིན། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཡིན། ཞེས་རྩོལ་བ་ཡིད་ལ་བྱེད་པའོ། གཉིས་པ་རྩོལ་བ་མེད་པ་ནི། སྣང་གྲགས་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་དུས་གཅིག་ཏུ། སེམས་སྒྱུ་མ། རང་བཞིན་མེད་པ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་རང་ཤུགས་ཀྱིས་རྟོགས་པ་ཡིན་ཏེ། ས་ར་ཧས་ཀྱང་། རྟོགས་པ་ནགས་དང་ཁྱིམ་ན་གནས་བར་བྱེད། ཅེས་གསུངས་པ་དང་། སམྦུ་ཊི་ལས་ཀྱང་། གཟུགས་རྣམས་སྣ་ཚོགས་བལྟ་བ་དང་། །སྒྲ་རྣམས་རྒྱས་པ་ཉན་པ་དང་། སྣ་ཚོགས་རོ་ནི་ཟ་བ་དང་། སྨྲ་བ་དང་ནི་རྒོད་པ་དང་། ལས་རྣམས་ཐམས་ཅད་བྱེད་པ་ན། དེ་ཉིད་རིག་པའི་རྣལ་འབྱོར་གྱིས། རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། ཞེས་གསུངས་པའི་དོན་ཡིན་ཏེ། ཆུ་ལ་ཆུ་བཞག་པའམ། །མར་ལ་མར་བཞག་པ་ལྟར་རོ་གཅིག་ཏུ་གྱུར་པ་ཡིན་ནོ། །ཡང་དེ་ཉིད་ཀྱི་སྟེང་དུ་སྔར་སྨོས་པའི་གནད་དགུ་ཀ་ཡང་འདུ་སྟེ། རྐྱེན་གཞན་གྱིས་རྣམ་རྟོགས་གཞན་ཞིག་བྱུང་ན་ཐུགས་ཕྲད་རྩམ་ལས་འཛིན་པ་མེད་པ་ནི་སོང་སར་ཟིན་པ་ཡིན། དེ་ཉིད་ཀྱི་སྟེང་དུ་བློ་ཅུང་ཟད་གནས་ན་བཞག་སར་སྐྱོང་བ་ཡིན། གཉིས་འཛིན་གྱི་རྣམ་རྟོག་སྤངས་པ་ནི་མཐའ་གཉིས་སྤངས་པ། ཡང་སོང་སར་བཟུང་བ་ནི་རྟོགས་པའི་དུས། བཞག་སར་སྐྱོང་བ་ནི་གོ་བའི་དུས། མཐའ་གཉིས་སྤང་བ་ནི་ཁོང་དུ་ཆུད་པའི་དུས་སོ། ཡང་གོང་ལྟར་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པས་ན་སོང་སར་མ་ཤོར་བ། རྟོག་པ་གོང་ནས་གོང་དུ་འཕེལ་བས་ན་བཞག་སར་མི་དལ་བ།


J01,V001,P039A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ལས་གྲོལ་བས་ན་གོང་འོག་ཏུ་མི་ཐལ་བའོ། དེས་ན་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དཔེ་བཅུ་གཉིས་སུ་གོ་རྟོགས་ཁོང་དུ་ཆུད། དོན་སེམས་ལ་རྟོགས་པར་གོ་རྟོགས་ཁོང་དུ་ཆུད། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་གོ་དོན་ཁོང་དུ་ཆུད་དོ། །གསུམ་པ་གྲུབ་པའི་རྟགས་ནི། རྩོལ་བ་དང་བཅས་པའི་རྟགས་དང་། རྩོལ་བ་མེད་པའི་རྟགས་ཏེ། ཡང་རྩོལ་བ་དང་བཅས་པ་ནི། མཉམ་རྗེས་ཡོད་པ་ཡིན་ལ། རྩོལ་བ་མེད་པ་ནི་མཉམ་རྗེས་མེད་པ་ཤིན་ཏུ་མཉམ་བཞག་ཅེས་པའམ། ཡང་རྩོལ་བ་དང་བཅས་པ་ནི་ཞི་གནས་ཡིན་ལ། རྩོལ་བ་མེད་པ་ནི་ལྷག་མཐོང་དང་། ཡང་རྩོལ་བ་དང་བཅས་པ་ནི་ཉོན་མོངས་པ་གློ་བུར་བའི་གཉེན་པོ་ཡིན་ལ། རྩོལ་བ་མེད་པ་ནི་ཆོས་བརྒྱད་དང་བྲལ་ཞིང་བག་ལ་ཉལ་གྱི་གཉེན་པོའམ། ཡང་རྩོལ་བ་བཅས་པ་ནི། ཡུལ་གྱིས་རེས་གནོད། རེས་མི་གནོད་པ་ཡིན་ལ། རྩོལ་བ་མེད་པ་ནི་ཡུལ་རྐྱེན་གྱི་ཕན་འདོགས་པ་འབྱུང་སྟེ། ཐུན་མཚམས་ལས་རྣམ་པར་གྲོལ་བ་མཉམ་རྗེས་མེད་པ་རྩམ་ན། སྣང་བ་སློབ་དཔོན་དུ་འཆར་བའི་དུས། དངོས་པོ་རྣམས་བླ་མར་འཆར་བའི་དུས། ཉོན་མོང་པ་ལམ་དུ་འགྱུར་བའི་དུས། རྣམ་རྟོག་ཡེ་ཤེས་སུ་སློང་བའི་དུས། དུག་ལྔ་སྨན་དུ་འགྱུར་བའི་དུས། འགྲོ་དྲུག་གི་གཡང་ས་བཅད་པའི་དུས། རིག་དྲུག་གི་གྲོང་ཁྱེར་འཇོམས་པའི་དུས། སྣང་བ་སྟོང་པ་སྒྱུ་མར་གོ་བའི་དུས་ཏེ། ནགས་ལ་མེ་མཆེད་པའམ། རྒྱ་མཚོ་ལ་ཁ་བ་བབས་པའམ། ཡར་ངོའ་ཟླ་བ་དང་འདྲ་བར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རང་གི་ངང་གིས་འཇུག་སྟེ། སྔར་འདྲིས་པའི་མི་དང་འཕྲད་པ་ལ་རྟོག་དཔྱོད་ཀྱི་རྩོལ་སྒྲུབ་མེད་པ་དང་འདྲ་བའི་དུས་ཏེ་སྒྲ་དང་རྣམ་རྟོགས་ལས་འདས་པ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། དེ་ལྟར་ན་འདིའི་ལུགས་ལ་སྤྱོད་པ་ལ་དུས་ངེས་པ་མེད་པ་སྟེ་རྣམ་རྟོག་གཉེན་པོར་འགྱུར་ཞིང་རྟོགས་པའི་གྲོགས་སུ་


J01,V001,P039B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་ཟས་ལ་བླང་དོར་མེད། སྤྱོད་ལམ་ལ་དགག་སྒྲུབ་མེད། གྲོགས་ལ་བཟང་ངན་མེད་པའི་གསང་སྤྱོད་ནས་བརྩམ་པར་བྱའོ། སྤྱི་དོན་གསུམ་པ་འབྲས་བུ་ནི། སྐུ་གསུམ་ཡན་ལག་བདུན་ལྡན་ཡིན་ཏེ། རང་བཞིན་མེད་པ་སྟེ་སྤྲོས་པ་ཉེ་བར་ཞི་བ་རྒྱུན་མི་ཆད་པ་སྟེ་དུས་གསུམ་མཉམ་ཉིད། འགོགས་པ་མེད་པ་སྟེ་འདུས་བྱས་ཀྱི་སྐྱེ་འཇིག་དང་བྲལ། དེ་ལྟར་གསུམ་ནི་ཆོས་སྐུ་སྟེ་རང་བཞིན་ཡིན་ནོ། །ལོངས་སྐུ་ཡན་ལག་གསུམ་སྟེ། མཚན་དང་དཔེ་བྱད་འབར་བ། ཡེ་ཤེས་ཀྱི་སྣང་བའི་ཡུམ་དང་ཁ་སྦྱོར། ཟག་མེད་ཀྱི་བདེ་བས་རྒྱུད་བརླན་ཏེ་ཁྱད་པར་ཅན་དུ་གྱུར་པའོ། །སྐུ་བཞིར་ཡང་བཞེད་དེ། དང་པོ་སེམས་རང་བཞིན་གྱིས་དག་པར་གནས་པ་ལ་ངོ་བོ་ཉིད་ཀྱི་སྐུ། དེ་མངོན་དུ་གྱུར་པ་ཆོས་ཀྱི་སྐུ། མཚན་དཔེ་འབར་བ་ལ་སོགས་པ་རྣམ་པར་སྨིན་པའི་སྐུའོ། །སྤྲུལ་པའི་སྐུ་ནི་ཐུགས་རྗེ་རྒྱས་པའི་ཡན་ལག་སྟེ། དམིགས་པ་མེད་པའི་སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའོ། །འདི་ནི་ཡན་ལག་ལྔས་གྲུབ་པའི་འབྲས་བུ་སྟེ་རང་གཞན་གཉིས་ཀའི་དོན་ཏོ། །འབྲས་བུ་བསྟན་ཟིན་ཏོ། །མིང་གི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། ཕྱག་རྒྱ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པ་ཡིན་ལ། ཆེན་པོ་ཞེས་བྱ་བ་ནི་དེའི་གོང་ན་གཞན་མེད་པ་ཡིན་ནོ། དེ་ལ་གསུམ། རྒྱུ་ཕྱག་རྒྱ་ཆེན་པོ་ནི་སེམས་ཀྱི་ཆོས་ཉིད། ལམ་ཕྱག་རྒྱ་ཆེན་པོ་ནི་བཞི། འབྲས་བུ་ཕྱག་རྒྱ་ཆེན་པོ་ནི་ཆོས་སྐུ། ལམ་གྱི་དང་པོ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི་བརྗོད་བྲལ་ཐོས་ཤིང་གོ་བ། སྒོམ་པ་ཕྱག་རྒྱ་ཆེན་པོ་ནི་དཔེ་དོན་བསྲེ་བ། སྤྱོད་པ་ཕྱག་རྒྱ་ཆེན་པོ་ནི་ཤུགས་འབྱུང་། ཉམས་ཕྱག་རྒྱ་ཆེན་པོ་ནི་བདེ་སྟོང་ཟུང་འཇུག་ཡིན་ནོ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། །སྡེ་སྣོད་འཛིན་པ་དགེ་སློང་བློ་གསལ་བ། །བློ་གྲོས་བསྟན་པའི་ཞལ་ངོ་མ་ཆོག་ནས། ཟབ་མོ་སྦས་པའི་དོན་ལ་ཡི་གེར་བགྱིས། །འདི་ལ་དཔལ་ལྡན་བླ་མ་མཁའ་འགྲོ་


J01,V001,P040A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། ཐུགས་རྗེ་ཆེན་པོས་བདག་ལ་བཟོད་པར་མཛོད། དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མས་རྗེས་སུ་གནང་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་གསུང་དག །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བ་ཡོངས་སུ་རྫོགས་སོ། །ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང་། འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་དང་། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །སརྦ་མངྒ་ལམ།། །།


J01,V001,P040B

previousགདམས་ངག་མཛོད་པོད་དྲུག་པ། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ།next