གདམས་ངག་མཛོད་པོད་དྲུག་པ།
སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པའི་ཕྱག་རྒྱའི་ལམ་སྐོར།


J01,V001,P060A
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པའི་ཕྱག་རྒྱའི་ལམ་སྐོར་བཞུགས་སོ།། །།


J01,V001,P060B
[མ་དཔེ་གཟིགས་ན་འདིར་གནོན།]

།བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ལྷ་སྦྱིན་གྱིས་ནི་རྟ་བྱས་ལ། །གླུ་ཡི་སྒོ་བཞི་དབྱེ་བར་བྱ། །གཞུ་རྒྱས་གྱིས་ནི་འདོད་པ་གཟུང་། །རུ་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །འགོག་པར་བྱེད་ཅིང་དབུགས་དབྱུང་བ། །སྐ་རགས་ཧིཀ་གིས་གནས་སུ་བསྐྱལ། །ཞེས་བྱ་བ་འདི་ནི་རྩ་བའི་མདོའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ལམ་འདིའི་གཞི་བཅའ་ན་བརྒྱུད་པ་ནི་བཞི་སྟེ། ཚིག་གི་བརྒྱུད་པ་སྟེ། རྡོ་རྗེ་འཆང་ནས་རང་རང་གི་བླ་མ་རྣམས་ཀྱི་བར་དུ་བརྒྱུད་པའི་ལོ་རྒྱུས་དང་། དོན་གྱི་བརྒྱུད་པ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནས་འདི་ལྟ་བུ་ཞིག་འབྱུང་ལ། དེ་ནས་འདི་ལྟ་བུ་ཞིག་འབྱུང་བའི་བརྒྱུད་པ་དང་། བརྡའི་བརྒྱུད་པ་སྟེ་བུམ་པའི་དབང་གི་བརྡ་ལ་སོགས་པ་མ་ནོར་བར་ཤེས་པའི་བརྒྱུད་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་སྟེ་བཞིའོ། །དེ་ལའང་རྣམ་པ་ལྔ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པ་དང་། ཡི་དམ་ལྷ་ཡིས་བྱིན་གྱིས་བརླབས་པ་དང་། མཁའ་འགྲོས་བྱིན་གྱིས་བརླབས་པ་དང་། ངོ་བོ་ཉིད་ལྟ་བས་བྱིན་གྱིས་བརླབས་པའོ། །དེ་ལ་བརྟེན་ནས་ལམ་གསུམ་གྱི་རྟོགས་པ་སྐྱེ་སྟེ། བུམ་པའི་དབང་ཙམ་ཐོབ་པ་ལ་བསྐྱེད་པའི་རིམ་པ་དང་། གསང་བའི་དབང་ཐོབ་པ་ལ་བདག་བྱིན་གྱིས་བརླབས་པ་དང་། ཤེས་རབ་


J01,V001,P061A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབང་ཐོབ་པ་ལ་དཀྱིལ་འཁོར་འཁོར་ལོའི་ལམ་མོ། །ལམ་ཐ་མ་འདི་ལ་གནས་པའི་གང་ཟག་ཀྱང་སྡོམ་པ་གསུམ་ལྡན་ཏེ། ལུས་ལ་ཐིག་ལེ་གནས་པས་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་དང་། དེ་ལྟར་མ་རྟོགས་པ་རྣམས་ལ་གཞན་ལ་སྙིང་རྗེ་ཆེན་པོ་སྐྱེ་བས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་དང་། ལུས་ལ་རླུང་རྒྱས་པས་བདེ་བ་འབར་བས་གསང་སྔགས་ཀྱི་སྡོམ་པ་དང་ལྡན་པའོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ལུང་སྒོ་བསྟུན་ན། །ཕྱག་རྒྱ་ལ་བརྟེན་ནས་ལམ་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆ་དྲུག་ཅུ་རྩ་བཞིའམ། བཅུ་དྲུག་གམ། བཅུ་གཉིས་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོ་དང་བཅས་པ་ནི་ཚོགས་ཀྱི་ལམ་མོ། །བོ་ལ་ཀཀྐོ་ལ་དང་མཉམ་པར་སྦྱར་བ་ནི་སྦྱོར་བའི་ལམ་མོ། །བདེ་བ་ཆེན་པོའི་དགའ་བ་རྟོགས་པ་ནི་མཐོང་བའི་ལམ་མོ། །གཉུག་མའི་དོན་དེ་ཡང་ངང་ཡང་དུ་གོམས་པར་བྱེད་པ་ནི་སྒོམ་པའི་ལམ་མོ། །ཕྱག་རྒྱའི་དངོས་གྲུབ་མཐར་ཕྱིན་པ་ནི་མཐར་ཕྱིན་པའི་ལམ་མོ། །ད་ནི་ཐོག་མར་ཉམས་སུ་བླང་བའི་ཐབས་བསྟན་པ་ལ་ལྔ། །རིག་མ་དག་པ་དང་། ལུས་ངག་མཉམ་པ་དང་། འདོད་པ་མཉམ་པ་དང་། བྱིན་རླབས་མཉམ་པ། མན་ངག་གི་གནད་ཀྱིས་ཟིན་པའོ། །དེ་ལ་དང་པོ་ནི། ལྷ་སྦྱིན་གྱིས་ནི་རྟ་བྱས་ལ། ཞེས་བྱ་བའི་དོན་ཡིན། །དེ་ལའང་གཉིས། སྐྱེ་བས་ཐོབ་པ་དང་། སྦྱངས་པ་ལས་བྱུང་བའོ། །སྐྱེ་བས་


J01,V001,P061B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ལ་གསུམ། གནས་ལས་སྐྱེས་པ་སྟེ། ཡུལ་དབུས་སུ་སྐྱེས་ཤིང་ལས་ཀྱི་མཐའ་མ་ལོག་པའམ། ཡུལ་ཉི་ཤུ་རྩ་བཞི་གང་ཡང་རུང་བར་སྐྱེས་པའམ། ཡུལ་མཐའ་འཁོབ་ཏུ་སྐྱེས་ཀྱང་ལུས་ཁྱད་པར་དུ་གྱུར་བ་ཡིན་ནོ། །སྔགས་ལས་སྐྱེས་པའམ་ཡེ་ཤེས་ལས་སྐྱེས་པ་ཞེས་བྱ་བ། རང་གཞན་གྱི་སྔགས་ཀྱི་ནུས་པ་ཆེ་བ། གསང་སྔགས་ཀྱི་སྤྱོད་པ་ལ་འཇིགས་པ་མེད་ཅིང་རང་བཞིན་གྱིས་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ། །རིགས་ལས་སྐྱེས་པའམ་ལྷན་ཅིག་སྐྱེས་མ་སྟེ། གསང་སྔགས་སྤྱོད་པའི་རིགས་སུ་སྐྱེས་པའམ། རྣལ་འབྱོར་མ་བདུན་ལས་བརྟེན་ཏུ་རུང་བ་རྣལ་འབྱོར་མའི་མཚན་མ་ཅི་རིགས་པ་དང་ལྡན་པ་ཡིན་ནོ། །ཡང་དེ་དག་ལས་ཀྱང་ལས་ཀྱི་སྟོབས་ཀྱིས་ལུས་ཁྱད་པར་དུ་གྱུར་བ་ཡིན་ཏེ། བདེ་བ་སྐྱེ་བའི་རྩ་རྣམས་གཞན་ལས་མཐུ་ཆེ་ཞིང་། ལུས་ཐམས་ཅད་ལ་ཁྱབ་པར་ཡོད་ལ། ཁྱད་པར་དུ་དབུ་མའི་རྩ་སྣ་རིང་བས་སྟོན་ནུས་པ་སྟེ། པདྨ་ཅན་མ་དང་། རི་དྭགས་ཅན་མ་དང་། དུང་ཅན་མ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་ལོ་གྲངས་ཀྱི་དབང་དུ་བྱས་ནས་ཀྱང་། བཅུ་གཉིས་མ་མཆོག་བཅུ་དྲུག་མ་རབ། ཉི་ཤུ་མ་འབྲིང་། ཉི་ཤུ་རྩ་ལྔ་མ་ནི་ཐ་མ་ཡིན་ནོ། །དེ་དག་གང་ཡིན་ཡང་རུང་སྟེ། བརྟེན་དུ་རུང་བའི་རྟག་བཅོ་ལྔ་ཞེས་བྱ་བ། ཕྱི་རྟགས་དགུ། ནང་གི་རྟགས་གསུམ། གསང་བའི་རྟགས་གསུམ་མོ། །ཕྱི་རྟགས་དགུ་ལས་ལུས་ལ་འཆར་བའི་རྟགས་གསུམ་ནི། །སྐྱེས་པ་ལ་རྟག་ཏུ་ལྟ་བ་དང་། ཁ་སྐམ་པ་དང་། ལུས་ཀྱི་བ་སྤུ་ལྡང་བའོ། །ངག་ལ་འཆར་བའི་རྟགས་གསུམ་ནི། ཆགས་པའི་གཏམ་སྨྲ་བ་དང་། རྒོད་པ་དང་། འབྲེལ་མེད་དུ་སྨྲ་བའོ། །ཐུན་མོང་དུ་འཆར་བའི་རྟགས་གསུམ་ནི། ལམ་གྱི་རྣམ་པར་གནོན་པ་དང་། བྱ་བ་གང་ཡང་ཐུག་འཕྲད་རྩོམ་པ་དང་། བྱ་བཙག་མང་སྟེ་ཕྱིའི་རྟགས་དགུའོ། །ནང་གི་རྟགས་གསུམ་ནི། དམ་པའི་ཆོས་ལ་དགའ་བ་དང་། ཞེན་ཆགས་ཆུང་བ་དང་། སྙིང་རྗེ་ཆེ་


J01,V001,P062A
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །གསང་བའི་རྟགས་གསུམ་ནི། བླ་མ་ལ་གུས་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་མི་སྐྲག་ཅིང་གུས་པ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །དེ་དག་ནི་སྐྱེ་བས་ཐོབ་པའི་ཡོན་ཏན་ནོ། །སྦྱངས་པ་ལས་བྱུང་བའི་ཡོན་ཏན་ནི། སྐྱབས་གསུམ་སྔོན་ཏུ་འགྲོ་བའི་སོ་སོར་ཐར་པའི་སྡོམ་པ་དང་ཡང་ལྡན། སྨོན་འཇུག་གི་སེམས་བསྐྱེད་བྱས་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་དང་ཡང་ལྡན། དབང་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་དང་ཡང་ལྡན། རྒྱུད་དང་གདམས་ངག་མང་དུ་ཐོས་བསམ་མཐར་ཕྱིན་པ་ཞིག་ཡིན་ནོ། །དེའང་སངས་རྒྱས་མཉམ་སྦྱོར་ལས། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་རྟེན་རྙེད་པ་དང་། ཐོག་མར་རླུང་སྦྱང་ཞིང་ལྟ་བ་བསྐྱང་བར་བྱ་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་སྔོན་ཏུ་སོང་བར་བྱས་ལ། ལུས་སྐྱིལ་ཀྲུང་བྱ། ལག་པ་གཉིས་པུས་མོ་ལ་བཀབ། མིག་སྣ་རྩེར་དབབ། འོག་རླུང་དྲག་ཏུ་འཐེན་ལ་ཧཱུྃ་དལ་ལ་རིང་བར་ཁོག་ནས་དང་ཤིང་མནན། དེའི་དུས་སུ་མཁལ་རྐེད་ན་བ་བྱུང་ན། ལྟོ་བ་བསྐྱོད་ཅིང་གྱེན་ཏུ་དྲངས། ངར་ལ་སོགས་པ་འབོལ་བས་སྐེད་པ་བསྡམ། མགོ་ན་ན་བསྐྱོད། རོ་སྟོད་ན་ན་བསིགས། དེ་ལྟ་བུ་ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཞག་ཉི་ཤུ་རྩ་གཅིག་སྦྱངས་པས། ཐུར་སེལ་ལ་ཅི་རིགས་པར་དབང་ཐོབ་པར་འགྱུར་རོ། །དེའང་བརྟེན་པར་བྱ་བའི་དོན་ཏུ། ངང་པའམ་གོང་མོའི་སྒོ་ང་བཙོས་ཏེ་སྒོ་ང་འདིའི་ཕྱོགས་གཅིག་བརྡོལ་བས། ནང་གི་བཅུད་བཏོན་ཏེ། རའི་འོ་མ་ལ་བཟང་དྲུག་དང་ཀ་ར་བཏབ་པས་བཀང་ལ། དེའི་ནང་དུ་གསང་བའི་གནས་ཆུད་པར་བྱས་ཏེ། བར་ཐམས་ཅད་བག་ཟན་གྱིས་བསྡམ། དེ་ནས་ཧཱུྃ་དལ་ལ་རིང་བས་དྲགས་པས་རིམ་གྱིས་སུམ་ཆ་ཙམ་དང་། སུམ་གཉིས་ཙམ་དང་། ཐམས་ཅད་འདྲོངས་པར་འགྱུར་རོ། །དེ་ལྟར་འདྲོངས་པ་དང་།


J01,V001,P062B
[མ་དཔེ་གཟིགས་ན་འདིར་གནོན།]

འཁར་ཕོར་ལ་སོགས་པའི་སྣོད་ནས་འདྲོངས་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་འདོད་ན་གསང་བའི་གནས་སྦུབས་སུ་ནུབ་པར་བྱ་བ་དང་། འདོད་ན་བརྐྱང་པ་ལ་དབང་ཐོབ་པར་འགྱུར་རོ། །དེའི་བར་ལ་ཐོག་མར་ལྟ་བ་སྐྱོང་བར་བྱ་སྟེ། ལྟ་བ་ནི་སེམས་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་ཁྱབ་ཅིང་འདུས་བྱས་ཀྱི་རྐྱེན་གྱིས་མི་འཇིག་པས་ན་རྡོ་རྗེའི་སྐུ་དུས་གསུམ་དུ་འགྱུར་བ་མེད་པ། ཤེས་བྱའི་གནས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་སྟེ་མཚན་ཉིད་བཞི་ལྡན་ཏེ། དེ་ཡང་ཡེ་ཤེས་གྲུབ་པ་ལས། །ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་གྲུབ་པ་དང་། །ཀུན་མཁྱེན་ཉིད་ནི་དེ་བས་འདོད། ཅེས་གསུངས་པ་ཡིན་ནོ། །དེའང་ཉམས་སུ་ལེན་ན་ཆོས་ཐམས་ཅད་རང་གི་སེམས་ཉིད་ཀྱི་ངོ་བོ། །གསལ་ཞིང་མ་འགགས་པ་བརྟགས་ན་སྟོང་པ་སྟེ། གསལ་སྟོང་དབྱེར་མེད་ཅེས་བྱ་བའམ་གསལ་བ་དེ་ཉིད་རང་གིས་རིག་ཅིང་ཉམས་སུ་མྱོང་ལ། བརྟགས་ན་སྟོང་པ་སྟེ་རིག་སྟོང་དབྱེར་མེད་ཅེས་བྱ་བའམ། ལུས་བདེ་བ་ཆེན་པོར་སྐྱེ་ལ། སྣང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོར་སྐྱེ་ཞིང་དེ་ཡང་བརྟགས་ན་སྟོང་པས། བདེ་སྟོང་དབྱེར་མེད་ཅེས་བྱ་བར་ཤེས་པར་བྱས་ལ། དང་པོར་ཐོས་བསམ་གྱིས་བསྐྱང་། ད་ནས་ཤུགས་འབྱུང་ག་ཆུལ་གྱིས་བསྐྱང་། དེ་ནས་ཤུགས་འབྱུང་གི་ཚུལ་གྱིས་བསྐྱང་ཞིང་རླུང་དང་སྦྱར་བར་བྱའོ། །དེ་ལྟར་རླུང་འབྱོངས་པ་དེས། ལྷས་བྱིན་གྱི་བརྡས་བསྟན་པ་དངོས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་སྒྲུབ་ཀྱང་རུང་། ལྟ་བ་དང་། རེག་པའི་ཡུལ་ཙམ་ལ་བརྟེན་ནས་སྒྲུབ་ཀྱང་རུང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒྲུབ་ཀྱང་རུང་སྟེ། རྟ་ལ་ཞོན་པས་གང་འདོད་པར་མྱུར་དུ་ཕྱིན་པ་ལྟར། སངས་རྒྱས་ཀྱི་སར་མྱུར་དུ་ཕྱིན་པར་བྱེད་པས་རྟ་བྱས་ལ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་གླུའི་སྒོ་བཞི་དབྱེ་བར་བྱ་ཞེས་བྱ་བའི་དོན་ནི། དངོས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་ཚུལ་གྱིས་སྒྲུབ་པར་འདོད་པའི་གང་ཟག་གིས། ཐོག་མར་


J01,V001,P063A
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་མར་རྩེ་བཙལ་བར་བྱ་སྟེ། ལྟེ་བ་མན་ཆད་རོ་རྐྱང་གི་སྣ་བཞི་རུ་གྱེས་གདེངས་ཀ་སྦྲུལ་གྱི་མགོ་ལྟ་བུ་བཞིས་དབུ་མ་བསྟུམས་ནས་མི་གསལ་བ་ཡོད་པ་དེ་བཞི་པོ་ཕྱེ་སྟེ་གསལ་བར་བྱའོ། །དེའི་མན་ངག་ཀྱང་ཕྱིང་པའི་ཤག་མ་ལྷ་བཤོས་ལྟ་བུ་བྱས་ལ། རྩེ་མོ་རྣོ་བའི་ཕྱོགས་སོར་བཞི་པྲ་ཚིལ་གྱིས་བྱུགས། པྲ་ཚིལ་གྱིས་མ་བྱུགས་པར་སོར་བཞི་ལ་ལག་པ་འཛིན་པའི་ས་བྱ། མཁལ་མ་གཉིས་སུ་རས་ཀྱི་ལྟོ་སྙིམ་པ་ཙམ་རེ་བཞག་ལ། དེའི་སྟེང་དུ་སྣ་ཕྱིན་ཅི་ལོག་ཏུ་གཏད་ལ། དེའི་སྟེང་དུ་སྣ་རས་ཀྱི་ཤགས་མ་ལྟེ་བའི་སྟེང་ནས་བཅིང་། འཆིང་བ་དང་བསྟུན་ནས་སྲིན་པོའི་ལམ་སྣ་པྲ་ཚིལ་གྱིས་བྱུགས་པ་དེ་གཞུག་སྟེ། ནང་དུ་སོར་བཞི་ལས་ཐལ་ཏུ་མི་གཞུག་གོ །དེའི་རྐྱེན་གྱིས་པདྨ་ཕྱིར་ཕྱུང་བ་དང་། རའི་འོ་མ་ལ་ཀ་ར་དང་པདྨའི་རྩ་བ་བཏབ་ལ། སྲིན་ལག་གཡོན་པའི་སེན་མོ་བྲེགས་ཏེ། གནས་ཐམས་ཅད་དུ་ཡང་དང་ཡང་དུ་བྱུགས་པས་རྩ་སྣ་བཞི་ཕྱིར་གྱེད་ནས། དབུ་མའི་མར་རྩེ་རྩ་བཟང་ངན་གྱི་བྱེ་བྲག་གི་སོར་གཉིས་སམ། གསུམ་མམ། བཞིའི་བར་དུ་སྟོན་པར་འགྱུར་རོ། །དེས་ནི། གླུ་ཡི་སྒོ་བཞི་དབྱེ་བར་བྱ། ཞེས་པའི་དོན་ཏེ། དོན་ལྔའི་དང་པོ་རིག་མ་དག་པ། སྔོན་ཏུ་སྦྱང་བ་དང་བཅས་པ་བསྟན་ཟིན་ཏོ། །གཉིས་པ་ལུས་ངག་མཉམ་པ་ནི། བདག་དང་རིག་མ་ཡི་དམ་ལྷའི་ང་རྒྱལ་བརྟེན་ལ། ངག་སྔགས་བཟླས་པ་ལ་བརྟེན་ནས་ཕྲིན་ལས་རྣམ་པ་བཞི་སྒྲུབ་ནུས་པའོ། །གསུམ་པ་བྱིན་རླབས་མཉམ་པ་ནི། རྡོ་རྗེ་དང་པདྨ་བསྣོལ་མར་བྱིན་གྱིས་བརླབས་ཏེ་སྒྲུབ་པ་པོས་ཡུམ་གྱི་པདྨ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཨཱཿལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བསྐྱེད་ལ། སྔགས་ཀྱིས་བརྟན་པར་བྱ། ཡུམ་གྱིས་ཡབ་ཀྱིས་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ཧཱུྃ་གིས་མཚན་པ་བསྐྱེད། ༀ་ལས་ནོར་བུ། སྭཱ་ལས་རིན་པོ་ཆེའི་ཏོག་


J01,V001,P063B
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གར་ཧཱུྃ་མཐིང་ནག་མགོ་ཐུར་ལྟ་དང་། པྲཊ་དམར་ནག་མགོ་གྱེན་བལྟ་གཉིས་རྩེ་སྤྲད་པ་བསྒོམ་ལ་སྔགས་ཀྱིས་བརྟན་པར་བྱའོ། །བཞི་པ་འདོད་པ་མཉམ་པ་ནི། ཐ་མལ་པའི་འདོད་ཆགས་འདི་ཉིད་ལམ་དུ་བྱས་ལ། རིམ་གྱིས་ཐ་མལ་པའི་འདོད་ཆགས་དེ་ཉིད། སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བའི་བྱང་ཆུབ་ཀྱི་སེམས་སུ་བསྒྱུར་ལ། སེམས་ཅན་གྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ནི་འདོད་པ་མཉམ་པའོ། །དེ་ལྟར་དེ་དག་ཀྱང་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་པ་སྟེ། ལུས་ངག་མཉམ་པ་ནི་སྤྲུལ་སྐུ། བྱིན་རླབས་མཉམ་པ་ནི་ལོངས་སྐུ། འདོད་པ་མཉམ་པ་ནི་ཆོས་སྐུ་ཡིན་ནོ། །ལྔ་པ་མན་ངག་གི་གནད་ཀྱིས་ཟིན་པ་ལྔ། བྱང་ཆུབ་ཀྱི་སེམས་གྱི་ཐིག་ལེ་དབབ་པ་དང་། བཟུང་ཞིང་བདེ་བ་བསྒོམ་པ་དང་། བཟློག་པ་དང་། ཁྱབ་པར་བྱ་བ་དང་། མི་ཉམས་པར་བསྲུང་བའོ། །དེ་ལས་དང་པོ་ནི། ཁ་ཟས་ཀྱི་སྒོ་ནས་ལུས་ཟུང་རྒྱས་པ་བྱ་བ་ནི། །ཤ་སར་ཆུ་སེར་ལེན་གསུམ་ལ་སོགས་པ་བཏོན་པ་བསྟེན་པ་དང་། ཆང་རྙིང་འཇམ་དང་ཤ་གསར་པ། འོ་མ་ལ་ཀ་ར་བཏབ་པ་བསྟེན། །དཀྱིལ་འཁོར་ཆེན་པོའི་སྦྱོར་བས་ཀྱང་ལུས་ཟུང་རྒྱས་པར་བྱའོ། །དེ་ནས་རིམ་གྱིས་ཕྱག་རྒྱ་ཡིད་ཀྱི་ཡུལ་དུ་བྱ་བ་དང་། མིག་གིས་མི་མཐོང་བར་སྒྲ་ཉན་པའི་ཡུལ་དུ་བཞག་ལ་ཆགས་པའི་གཏམ་བྱ་བ་དང་། མིག་གིས་མཐོང་བའི་ཡུལ་དུ་བལྟ་ཞིང་བསྒོམ་པ་དང་། ཕན་ཚུན་སྦྲང་རྩི་ལ་སོགས་པའི་རོ་བྱིན་ཞིང་བསྒོམ་པ་དང་། ཙུམྦ་དང་། འཁྱུད་པ་དང་། སོ་དང་སེན་མོ་ལ་སོགས་པའི་བྱེ་བྲག་ལ་བསྟེན་ཏེ་བསྒོམ་པ་དང་། དེ་ནས་ཕྱག་རྒྱ་སྙོམས་པར་འཇུག་པའི་ཚུལ་དུ་བསྒོམ་པ་ནི། །བྱང་ཆུབ་ཀྱི་སེམས་དབབ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་བཟུང་ཞིང་བདེ་བ་སྒོམ་པ་ནི། བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་ཕབ་པ་དེ་བཟུང་བའི་ཐབས་གསུམ་གྱིས་མི་ཉམས་པར་བྱ་སྟེ། དང་པོ་ནི། མིག་གཉིས་སྟེང་དུ་དྲག་ཏུ་བསྒྲད་པ་དང་། ལྕེ་རྐན་ལ་སྦྱར་བས་བཟུང་། དེས་མ་ཟིན་ན། གཉིས་


J01,V001,P064A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྟེང་རླུང་མནན་ཏེ། འོག་སྒོ་མར་ཕུལ་ནས། ཐིག་ལེ་ལ་ཤེས་པ་གཏད་ནས་བཟུང་ན། རིལ་བ་ཞབས་ཚགས་ཀྱི་དཔེ་དང་འདྲ་བས་ཟིན་པར་འགྱུར་ཏེ། འོག་གིས་འགོག་པར་བྱེད་ཅང་ཞེས་བྱ་བའི་དོན་ཡིན། དེས་ཀྱང་བཟུང་བར་དཀའ་ན། གཞུ་རྒྱས་ཀྱིས་ནི་འདོད་པ་གཟུང་། ཞེས་བྱ་བའི་དོན། ཕཊ་མགོ་གྱེན་བལྟ་སྟེ། ཧཱུྃ་མགོ་ཐུར་བལྟ་དེས་འདྲེན་པར་བསམ་ཞིང་། ཧཱུྃ་དལ་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པས་དྲང་བར་བྱའོ། །དེས་ཐིག་ལེ་མི་ཟིན་མི་སྲིད་དོ། འོན་ཀྱང་བདེ་ཤུགས་ཆུང་དུ་འགྲོ་བས་ན། བདེ་བ་སྤེལ་བའི་ཕྱིར་དལ་གྱིས་བསྲུབ་པར་བྱ་སྟེ། རུ་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། ཅེས་བྱ་བའི་གཞུང་ཡིན་ནོ། །གསང་གནས་ཁོ་ན་ལས་ལུས་གཞན་ཏུ་བདེ་བ་མ་འཕེལ་ན། བདེ་བ་སྤེལ་བར་བྱ་བ་ནི། འོག་རླུང་ཅུང་ཟད་བསྐུམ། མིག་ཕྱེ་ལ། དབུགས་དལ་བ། ཡུན་རིང་བར་སྣ་བུག་གཉིས་ནས་ཕྱིར་བུས་པས། ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཁྱབ་པར་འགྱུར་བ་སྟེ་དབུགས་དབྱུང་བ་ཞེས་བྱ་བའི་གཞུང་གི་དོན་ཡིན་ནོ། །དེས་ཐིག་ལེ་ཟིན་པའི་རྟགས་འོག་སྒོ་བེམ་བེམ་པ་དང་། ལྕི་ཡོར་ཡོར་བ་དང་། ཙུབ་ཙུབ་པ་དང་། སྐྲ་རྩ་སེང་སེང་བ་དང་། ཐུར་སེལ་དང་གཤང་གཅི་མི་ཐོན་པ་སྙམ་བྱེད་པ་དང་། ངུ་བ་དང་། རྒོད་པ་དང་། ཀུ་ཅོ་འདོན་པ་ལ་སོགས་པ་མི་བཟོད་པ་བྱུང་ཙམ་ན་བཟློག་པར་བྱ་བ་སྟེ། དེའང་སློབ་དཔོན་འདིའི་དགོངས་པ་ནི་རེ་ཞིག་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་བཏང་ནས་དེ་ནས་འཕྲོག་སྟེ། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་གྱིས་ཉམས་སུ་བླང་བར་བཞེད་པ་ཡིན་ཡང་། རྡོ་རྗེའི་རྩེ་མོ་ཉིད་ནས་བཟློག་ཀྱང་བཏུབ་པས་ན་འགྱུར་བ་རྣམ་པ་དྲུག་གིས་བཟློག་པར་དཀའ་སྟེ། རྐང་ལག་གི་མཐེ་བོང་བཞི་བསྐུམ་ཞིང་བཅངས་པ་དང་། ལྷོ་བ་ཚིགས་པ་ལ་སྦྱར་བ་དང་། ལྕེ་ཕུགས་སུ་ལྡོག་པ་དང་། མིག་གྱེན་ལ་ལྡོག་པ་དང་། ངག་ཏུ་ཧཱུྃ་རིང་པོའི་རྗེས་ལ་ཧིཀ་ཅེས་


J01,V001,P064B
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དང་། ཏིང་ངེ་འཛིན་གྱིས་ཧཱུྃ་གིས་ཕཊ་དྲངས་ལ་སྤྱི་གཙུག་ཏུ་བསྐྱལ་བར་བྱ་སྟེ། དེ་ཡང་སྐ་རགས་ཧིཀ་གིས་ཞེས་བྱ་བའི་དོན་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་ཀྱི་ལྷག་མ་ལུས་བ་སྲིད་པས། ལན་གཉིས་ནས་གསུམ་གྱི་བར་དུ་དྲངས་བར་བྱའོ། །དེ་ཁྱབ་པར་བྱ་བའི་ལུས་སོ་སོར་མ་བཀྲམ་ན་ནད་ལ་སོགས་པ་འགྱུར་བས། བཞི་པ་ཁྱབ་པར་བྱ་བ་ནི། མགོ་བོ་སྤྲུགས་པ་དང་། རོ་སྟོད་གསིག་པ་དང་། སྐེད་པ་གཅུ་བ་དང་། ལག་པ་གཡབ་པ་དང་། བྲོ་བཀྲབ་པ་དང་། འོ་དོད་བོས་པས་ཁྱབ་པར་བྱ་སྟེ། དེ་ནས་གནས་སུ་བསྐྱལ་ཞེས་བྱ་བའི་གཞུང་ཡིན་ནོ། །དེ་ལྟར་ན་ཉན་ཐོས་བཞིན་ཕྱག་རྒྱ་མི་སྤང་སྟེ། སྤངས་ན་ཐིག་ལེ་མི་རྒྱས་ཏེ། བ་མ་བཞོས་ན་སྐམ་པ་དང་འདྲའོ། །དེས་ན་བ་བཞིན་ཏུ་བཞོས་པས་ཐིག་ལེ་སྤེལ་ཏེ། ཐིག་ལེ་ལས་སངས་རྒྱས་འབྱུང་བ་ཡིན་ནོ། །ཕལ་པ་བཞིན་བྱང་ཆུབ་ཀྱི་སེམས་དོར་བར་མི་བྱ་སྟེ། དོར་ན་རྒྱུད་ནས་གསུངས་པའི་ཉེས་པ་ཐམས་ཅད་འབྱུང་ངོ་། །དེས་ན་ཐིག་ལེ་དབབ་ཟློག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་ཏུ་བྱེད་པའི་བསམ་པས་ཆགས་པ་དོར་ཞིང་། རིག་མ་བསྟེན་པས་ལུས་ཐམས་ཅད་ཐིག་ལེས་གང་ནས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུན་མི་འཆད་པར་སྐྱེའོ། །སྤྱི་དོན་ལྔ་པ་མི་ཉམས་པར་བསྲུང་བ་ལ་བརྒྱད་དེ། དེ་ཡང་ཐིག་ལེས་ལུས་གང་བས་འཆོར་བ་དང་། རྐྱེན་གྱིས་འཆོར་བ་དང་། ནད་ཀྱིས་འཆོར་བ་དང་། གདོན་གྱིས་འཆོར་བ་དང་། སྤྱོད་ལམ་གྱིས་འཆོར་བ་དང་། ཁ་ཟས་ཀྱིས་འཆོར་བ་དང་། བྱིན་རླབས་ཉམས་པས་འཆོར་བ་དང་། དམ་ཚིག་ཉམས་པས་འཆོར་བའོ། །དེ་ལ་གང་བས་འཆོར་བ་ནི། ལུས་ཐིག་ལེས་ཡོངས་སུ་གང་བའི་སྟོབས་ཀྱིས་འཆོར་བ་སྟེ། དེ་སྲུང་བ་ནི་རྡོ་རྗེའི་མགུལ་པ་དར་དཀར་རམ་རས་ཀྱི་སྐུད་པས་དམ་དུ་བཅིང་བ་དང་། སྐེད་པའང་དར་རམ་རས་ཀྱིས་བཅིང་བ་དང་། རྐང་པ་གཉིས་དྲག་ཏུ་སྤྲུགས་པ་དང་། ཤེས་པ་ལྟེ་བར་གཏད་པ་དང་།


J01,V001,P065A
[མ་དཔེ་གཟིགས་ན་འདིར་གནོན།]

གཤང་ལམ་བསྐུམ་པས་འོག་རླུང་ཧིཀ་ཀས་དྲང་ངོ་། །སྤྱིར་ཐིག་ལེ་མི་འཆོར་བ་ལ་རླུང་བསྒོམ་པ་ཁོ་ན་མན་ངག་ཆེ་གསུང་ངོ་། །རྐྱེན་གྱིས་འཆོར་བ་ནི། རིག་མ་མཐོང་བས་འཆོར་བ་སྟེ། དེ་ཡང་རྐང་པ་གཉིས་སྤྲུག་པ་དང་། རྡོ་རྗེའི་རྩེ་མོ་ཕཊ་སེར་པོ་དང་། ཧཱུྃ་མཐིང་ནག་གཅིག་བསམ་སྟེ། །ཧཱུྃ་གིས་དྲངས་ཤིང་རླུང་མནན་པ་དང་། འགྱུར་བ་དྲུག་ཀྱང་བྱའོ། །ནད་ཀྱིས་འཆོར་བ་ནི། གྲང་བས་འཆོར་བ་སྟེ་ཆུ་དང་བསྡོངས་ནས་འཆོར་བའོ། །དེ་བསྲུང་བ་ལ་གཉིད་ཉིན་མོ་བསྲུང་ཞིང་ནུབ་མོ་ལོག །ཨ་རུ་ར་འོ་མར་སྤངས་པ་མུར། ཆ་བ་གསུམ་གྱི་གམ་ཕྱེ་བཏང་། ཟས་བཅུད་ཅན་ལ་བརྟེན། གྲུ་མོ་སླེབས་པའི་ཕར་ངོས་ཚུར་ངོས་གཉིས་སུ་མེ་བཙའ་ཡང་གདབ། གཅན་གཟན་གྱི་རས་མ་བསྲོས་ལ་རྡོ་རྗེ་དང་དྲིལ་བུ་གཉིས་ལ་ཤུབས་ལྟ་བུར་བྱས་ལ་དཀྲི་བར་ཡང་བྱའོ། །གདོན་གྱིས་འཆོར་བ་ནི་རྨི་ལམ་དུ་འཆོར་ཏེ། དེ་སྲུང་བ་ལ་ཡུངས་ཀར་བསྲེགས་པ། གུ་གུལ་ནག་པོ། པདྨའི་རཀྟ། མིའི་ཀླད་པ་རྣམས་བསྲེས་ལ་རྡོ་རྗེ་ལ་སོགས་པ་གསང་བའི་གནས་ཐམས་ཅད་དུ་བཀུའོ། །སྐུད་པ་ནག་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་བགེགས་བཟློག་པའི་སྔགས་བཟླས་ལ་སྐེད་པར་གདམས་སོ། །སྤྱོད་ལམ་གྱིས་འཆོར་བ་ནི། །ལས་དྲག་པ་དང་། ཉལ་མ་ལེགས་པ་དང་། སྨྲ་བ་མང་བ་དང་། འགྲོ་འདུག་དྲགས་པའོ། །དེ་བསྲུང་བ་ནི། དེ་དག་སྤངས་ཤིང་འགྱུར་བ་དྲུག་བྱ་བ་དང་། ཕཊ་དང་ཧཱུྃ་བསྒོམས་ཤིང་དྲང་བ་དང་། སྟེང་རླུང་མནན་པའོ། །ཁ་ཟས་མི་འཕྲོད་པས་འཆོར་བ་ནི། ཤ་རུལ་དང་། སྲན་མ་དང་། ལན་ཚྭ་ཆེས་པ་དང་། ཚྭ་རྒོད་འཐུང་བ་དང་། ཆང་མང་བ་ལ་སོགས་པས་འཆོར་བ་སྟེ། དེ་སྲུང་བ་ནི། དེ་དག་གཉིད་སྤང་བ་དང་། འོ་མ་རྟག་ཏུ་བཏུང་བ་དང་། བདུད་རྩིའི་རྒྱུན་སྦྱོར་ཞེས་བྱ་བ་སྡུམ་སྒོག་བཟའ་བར་བྱའོ། །བྱིན་རླབས་ཉམས་པས་འཆོར་བ་ནི། གཏོར་མ་དང་། ཚོགས་


J01,V001,P065B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོད་པ་ལ་སོགས་པ་སྔར་བྱས་པ་ལས་ཉམས་ན་འཆོར་བ་སྟེ། དང་པོ་དབབ་དཀའ། ཕེབས་ནས་བསྲུང་དཀའ་བ་སྟེ། དེ་སྲུང་བ་ནི། ཚོགས་ཀྱི་མཆོད་པ་དང་། གཏོར་མ་ལ་སོགས་པ་བྱས་པ་ཉིད་ཀྱིས་སྲུང་བའོ། །དམ་ཚིག་ཉམས་པས་འཆོར་བ་ནི། ཞེ་སྡང་ལ་སོགས་ཀུན་ནས་བླངས་ནས་རྩ་ལྟུང་བཅུ་བཞི་གང་རུང་བྱུང་ན་ཏིང་ངེ་འཛིན་སྐྱེ་ལོང་མེད་པར་ཐིག་ལེ་འཛག་སྟེ། དེ་སྲུང་བ་ནི། བླ་མ་ལས་དབང་བཞི་རྫོགས་པར་ནོད་པའོ། །དེ་ལྟ་བུའི་སྟོབས་ཀྱིས་ཐིག་ལེ་ཤིན་ཏུ་རྒྱས་པ་དང་། གདོད་ལིངྒ་དེ་བརྟན་པ་འབྱུང་ངོ་། །དེའི་དུས་སུ་ཕྱག་རྒྱ་ལ་འཛེགས་པ་སྙམ་བྱེད་ཀྱང་། བསྲན་ཐུབ་པར་བྱས་ཏེ་སྦྱོར་བ་མི་བྱའོ། །དེ་ནས་བདེ་བ་ཆེར་འབར་བ་དང་། མི་རྟོག་པ་ཆེར་འབར་བ་འབྱུང་ངོ་། དུ་བ་ལ་སོགས་པའི་རྟགས་རིམ་བཞིན་སྐྱེའོ། །དེ་ལྟར་ལུས་ལ་ཐིག་ལེ་གནས་པའི་གང་ཟག་དེ་ལ། མཁའ་འགྲོ་མས་བྱིན་གྱིས་བརླབས་ལ། དེའང་དང་པོ་ནང་གི་མཁའ་འགྲོ་མ་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ལ་སོགས་པས་བྱིན་གྱིས་བརླབས། དེ་ནས་ཕྱིའི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །ནང་དུ་མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་ཚུལ་ནི། ལུས་ལ་ཐིག་ལེ་རྒྱས་པ་ནི་བདུད་རྩི་ལྔའི་དྭངས་མ་ཡིན་ལ། ད་ནི་མཁའ་འགྲོ་ལྔ་ཡིན་པས་ལུས་ཀྱི་གནས་ཡུལ་ཉི་ཤུ་རྩ་བཞིར་འགྲོ་ཞིང་རྒྱས་པས་མི་རྟོག་པ་ཆེར་སྐྱེ་སྟེ་བྱིན་གྱིས་བརླབས་པའོ། །དེ་ལྟར་གོམས་པ་ལས་ད་ནི་ཕྱག་རྒྱའི་དངོས་གྲུབ་དང་ཉེ་བར་རྟོགས་ཏེ། ཕྱག་རྒྱའི་གདམས་ངག་ལ་བརྟེན་ཏེ་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ལམ་གྱི་སྤྲོས་བ་བཅད་པའི་ཕྱིར། དགའ་བ་ས་དང་སྦྱར་བའི་རིམ་པ་བཞིན་ཏུ་བརྗོད་ན། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་སྔོན། ཡས་བརྟན་གྱི་དགའ་བ་སྔོན་ཏུ་འགྲོ་བས་ན་དེ་ཡང་བརྗོད་པ། སྤྱི་བོ་ནས་མགྲིན་པའི་བར་དུ་དགའ་བས་བསྡུས་པའི་དགའ་བ་བཞི། མགྲིན་པ་ནས་སྙིང་གའི་བར་དུ་མཆོག་དགས་བསྡུས་པའི་དགའ་བ་བཞི།


J01,V001,P066A
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ནས་ལྟེ་བའི་བར་དུ་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི། ལྟེ་བ་ནས་རྡོ་རྗེའི་རྩེའི་བར་དུ་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི། དེའང་ལྷན་སྐྱེས་ཀྱི་དུས་སུ་ཡེ་ཤེས་ངོས་ཟིན་ནས། དེ་ཡུན་རིང་དུ་རྒྱུད་སྦྱངས་བ་ལ་བརྟེན་ནས་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་སངས་རྒྱས་ཀྱི་ས་མངོན་ཏུ་བྱེད་པ་ཡིན་ཏེ། དེའང་རགས་པ་བརྗོད་ན། ལྟེ་བར་བརྟེན་པས་དགའ་བ་མངོན་ཏུ་བྱས་པ་ཡིན་ཏེ། དེའི་རྟགས་ཀྱང་ལྟེ་བའི་དཀྱིལ་འཁོར། ཁ་དོག་དཀར་ཞིང་མེ་ལོང་ལྟར་སྲ་བ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡིན། སྙིང་གར་བརྟན་པས་དཔུང་པ་འཕེལ་ཞིང་། མངོན་པར་ཤེས་པ་ལྔ་འཆར་ཞིང་། སྟོབས་གླང་པོ་ཆེ་བརྒྱ་ཡིས་ཀྱང་མི་ཐུབ་པ་ཡིན་ནོ། །མགྲིན་པར་བརྟན་པས་ལྕེ་བརྐྱང་ན་གདོང་གི་དཀྱིལ་འཁོར་ཁེབས་ཤིང་ཁམས་གསུམ་གྱི་བདུད་རྩི་ལ་ལོངས་སྤྱོད་ནུས་ཤིང་ཚིག་གི་མཆོག་གྲུབ་པ་ཡིན་ནོ། །སྤྱི་གཙུག་བརྟན་པས་ལྷན་སྐྱེས་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་ས་མངོན་ཏུ་བྱས་པ་ཡིན་ནོ། །དེའང་ཞིབ་ཏུ་བརྗོད་ན། མས་བརྟན་གྱི་དགའ་བ་བཅུ་གཉིས་དང་། ནང་གི་རྟགས་རླུང་སོར་བཅུ་གཉིས། ཕྱི་རྟགས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་བཅུ་གཉིས་འབྱུང་བ་ཡིན་ཏེ། དེའང་ཡུལ་སོ་གཉིས་ཀྱི་ཡུལ་རེ་རེ་ན་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་རེ་ཡོད་པ་ཡིན་ལ། དེ་རྣམས་གྲོང་སྟོངས་ནས་དབང་ཐོབ་པ་ལ་བརྟེན་ནས། ས་བཅུ་གཉིས་ཀྱི་མཐར་སངས་རྒྱས་ཀྱི་ས་མངོན་ཏུ་བྱེད་པ་ཡིན་ནོ། །དེ་དག་ཀྱང་ཞིབ་ཏུ་བཤད་ན། མས་བརྟན་གྱི་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། །དགའ་བའི་དགའ་བྲལ་གསུམ་མངོན་ཏུ་བྱས་ཙམ་ན་ལུས་ཀྱི་ཆ་ཤས་ཀྱི་ཨུན་དར། སྤྱི་གཙུག་ཛཱ་ལནྡྷ་ར་དང་། མ་ཚོགས་མ་པུ་ལི་ར་མ་ལ་ཡ་དང་། སྨིན་མཚམས་ཀཱ་མ་རཱུ་པ་བཞིའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་ཕྲག་བཞིར་དབུ་མར་གྲང་སྟོང་པ་ལ་བརྟེན་ནས་ས་དང་པོ་མངོན་ཏུ་བྱེད་པ་ཡིན། ལུས་ཀྱི་


J01,V001,P066B
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གནས་ཀྱི་ཕྱེད་ལྷག་བརྟན་པ་ཡིན། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་འདི་རྣམས་ནི་ཕྱོགས་མཐུན་ཙམ་ལས་ཞིབ་ཏུ་བརྩིས་པ་མིན་ཏེ། ཕྱོགས་གཅིག་ཙམ་སྨོས་ན་དང་པོ་འདི་ལ་གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་ཏུ་དགའ་བའི་ལྷན་སྐྱེས་མངོན་ཏུ་བྱས། ལྟེ་བ་མན་ཆད་བརྟན། སྣ་རྩེ་མ་ལ་ཝ་དང་། མིག་གཉིས་སིནྡུ་དང་། རྣ་བ་གཉིས་ན་ག་ར་དང་། ཁ་ཀ་ལིངྒ་སྟེ། དེ་རྣམས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞི་དབུ་མར་གྲོང་སྟོངས། ཕྱིའི་རླུང་སོར་གཉིས་འགག་ཕྱི་རྟགས་སྙིང་རྗེ་སྐྱེ་ཞིང་མཆི་མ་ལྷུང་བ་སྟེ་ས་གཉིས་པའོ། །དེ་བཞིན་ཏུ་ལྟེ་བ་ནས་སྙིང་གའི་བར་དུ་མཆོག་དགའི་དགའ་བ། མཆོག་དགའི་མཆོག་དགའ། མཆོག་དགའི་དགའ་བྲལ། མཆོག་དགའི་ལྷན་སྐྱེས་བཞི་མངོན་ཏུ་བྱས། ནང་གི་ཡུལ་ལ་ཀོས་ཀོ་མུལ་མ་ནི་དང་། མགྲིན་པ་དེ་ཝཱི་ཀོ་ཊི་དང་གཉིས་ཀྱིས་ས་གསུམ་པ། མཆན་ཁུང་གི་རྒྱབ་ཀུ་ལུ་དང་། ནུ་མ་གཉིས་ཨཱརྦུ་ཏའི་རླུང་སེམས་ཐིམ་པས་ས་བཞི་པ། སྙིང་ག་ཧ་རི་ཀེ་ལ་དང་། ལྟེ་བ་གོ་ད་ཝ་རིའི་རླུང་སེམས་ཐིམ་པ་ལ་ས་ལྔ་པ། འདོམས་བར་ལམྦ་ཀ་དང་། ལིངྒའི་དབུས་ཀནཡ་ཙི་གཉིས་ཀྱི་རླུང་སེམས་ཐིམ་པ་ལས་ས་དྲུག་པ་སྟེ། ནང་རྟགས་ཀྱང་ས་རེ་རེ་ལ་རླུང་སོར་རེ་རེ་འགགས་པ་ཡིན་ནོ། །ཕྱི་རྟགས་ཀྱང་གསུམ་པ་ལ་འགྲོ་བ་སྣ་ཚོགས་ཀྱི་གཟུགས་སྣ་ཚོགས་མཐོང་བ་དང་། བཞི་པ་ལ་ལིངྒ་བརྟན་བ་དང་། ལྔ་པ་ལ་རང་གི་རྒྱུད་བདེ་བ་ཆེན་པོས་ཚིམ་པས་རང་གཞན་ངོ་མི་ཤེས་པ་དང་། ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པས། འཇིག་རྟེན་པའི་འདོད་པའི་ཡོན་ཏན་མཐོང་ན་རྒོད་བྲོ་བ་སྟེ། ས་དྲུག་པའི་ཕྱི་རྟགས་ཡིན་ནོ། །ཡང་སྙིང་ག་ནས་མགྲིན་པའི་བར་དུ་དགའ་བྲལ་གྱི་དགའ་བ། དགའ་བྲལ་གྱི་དགའ་བྲལ། དགའ་བྲལ་གྱི་མཆོག་དགའ། དགའ་བྲལ་གྱི་ལྷན་སྐྱེས་བཞི་མངོན་ཏུ་བྱས་པ་ལ་བརྟེན་ནས། ས་བཞི་མངོན་ཏུ་བྱེད་པ་ཡིན་ཏེ། དེའང་ལུས་ཀྱི་ཆ་ཤས་བརྒྱད་


J01,V001,P067A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་ཐིམ་པའི་ཚུལ་ནི། ལིངྨའིརྩི་མོ་དཀར་མོ་དང་། གཞང་ཁ་གསེར་གླིང་གཉིས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་ཚན་གཉིས་ས་བདུན་པ་དང་། དེ་བཞིན་ཏུ་བརླ་ཀང་ཀན་དང་། པུས་མོ་གཉིས་སིནྡྷུ་ས་བརྒྱད་པ་དང་། བྱིན་པ་ཡི་དྭགས་འདུས་པ་དང་། རྐང་པའི་བོལ་རྒྱ་མཚོ་ས་དགུ་པ་དང་། མཐེ་བོང་ཀཽ་མཱ་རི་དང་། སོར་མོ་ཙཱ་རི་ཏྲས་ས་བཅུ་བ་མངོན་ཏུ་བྱས་སོ། །ནང་རྟགས་སུ་རླུང་སོར་བཅུ་ཐིམ་མོ། །ཕྱི་རྟགས་ཀྱང་བདུན་པ་ལ་ལུས་ཐམས་ཅད་འདོད་ཆགས་ཆེན་པོས་ཁྱབ་པར་མཐོང་བ་དང་། བརྒྱད་པ་ལ་རྫུ་འཕྲུལ་སྣ་ཚོགས་སྟོན་པ་དང་། དགུ་པ་ལ་སྒྲ་སྣ་ཚོགས་ཐོས་པ་དང་། བཅུ་པ་ལ་ཉི་མའི་དྲུང་དུ་ཕྱིན་ཡང་མི་འཚིགས་པ་ཡིན་ནོ། །ལྷན་སྐྱེས་ཀྱི་དགའ་བ་མངོན་ཏུ་བྱས་པ་ལ་བརྟེན་ནས། མགྲིན་པའི་སྟེང་གི་གྱེན་ཏུ་བཞི་ཆ་གཅིག་ལ་དབང་བྱས། ཁ་ཆེའི་ཡུལ་ཕྲག་པ་གཉིས་དང་། རྐང་མཐིལ་གྲོང་གི་མཐའ་འཁོབ་དང་། ལྟག་པ་ནེ་པཱ་ལ་དང་། སྐེད་པ་ཀ་ཅུ་ཙི་ཏི་བཞིའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞིའི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་གྲོང་སྟོངས་པ་ལ་བརྟེན་ནས་ས་བཅུ་གཅིག་པ་མངོན་ཏུ་བྱས། ནང་རྟགས་རླུང་སོར་བཅུ་གཅིག་ཐིམ། ཕྱི་རྟགས་འདམས་ཀྱི་དབུས་སུ་པདྨ་སྐྱེས་པ་ལྟར་སྐྱོན་གྱིས་ཉེས་པས་མ་གོས་པ་ཡིན་ནོ། །དེ་ནས་སྤྱི་གཙུག་གི་བར་དུ་ལྷན་སྐྱེས་ཀྱི་མཆོག་དགའ་དང་། ལྷན་སྐྱེས་ཀྱི་དགའ་བྲལ་དང་། ལྷན་སྐྱེས་ཀྱི་ལྷན་སྐྱེས་གསུམ་མངོན་ཏུ་བྱས་པ་ལ་བརྟེན་ནས་ས་བཅུ་གཉིས་པ་མངོན་ཏུ་བྱས་ཤིང་ཆ་ཤས་སྙིང་གའི་ཕྱི་ལུས་འཕགས་པོ་དང་། ལྟེ་བའི་དབུས་བྱང་གི་སྒྲ་མི་སྙན་དང་། སྤྲུལ་པའི་ནང་གི་རྩ་འདབ་བརྒྱད་ནུབ་ཀྱི་བ་གླང་སྤྱོད་དང་། གསང་བའི་སྣ་རྩེ་ལྷོའི་འཛམ་བུ་གླིང་ལ། དེ་དག་ཀྱང་ཧི་མ་ལ་ཡ་དང་། སོར་ཥྚ་དང་། ཀོ་ལིངྐ་དང་། ཀོ་ས་ལ་ཡིན་ནོ། །ཞེས་ཀྱང་གསུངས་ཏེ། རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞི་


J01,V001,P067B
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་གྲོང་སྟོངས་པ་ལ་བརྟེན་ནས་ས་བཅུ་གཉིས་པ་མངོན་ཏུ་བྱས། ནང་རྟགས་རླུང་སོར་བཅུ་གཉིས་འགག་སྟེ། སོར་ཞེས་བྱ་བ་ནི། སྟོང་བརྒྱད་བརྒྱ་པ་རེ་ལ་ཟེར་བ་ཡིན་ནོ། །ཕྱི་རྟགས་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་བརླབ་བོ་ཅེས་བྱ་བ་ཡིན་ནོ། །ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། པདྨའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་མཚོ་འདུ་ཇི་བཞིན་ཏུ། །དམ་ཚིག་གནས་ལ་མཁའ་འགྲོ་རྣམས། །རིང་ན་གནས་ཀྱང་བྱིན་གྱིས་བརློབ། ཅེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་ན་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་སུམ་ཅུ་སོ་གཉིས་ཀྱང་། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐིམ་པ་ཡིན་ནོ། །སྟོང་བརྒྱད་བརྒྱ་པ་བཅུ་གཉིས་ཀྱིས་ཀྱང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐིམ་པ་ཡིན་ཏེ། དེ་ལྟར་ན་དགའ་བ་བཅུ་དྲུག་གི་ས་བཅུ་གཉིས་མཐར་ཕྱིན་པར་བྱས་སོ། །ཐམས་ཅད་ཀྱི་སྟོབས་སྡོམ་པས་སྦས་པའི་རྩ་ལྔ་སྦྱངས་ནས། ས་བཅུ་གསུམ་པ་སངས་རྒྱས་ཀྱི་ས་མངོན་ཏུ་བྱས་པ་ཡིན་ནོ། །འབྲས་བུ་སངས་ཀྱི་ས་ནི་ཡན་ལག་ལྔར་བཞེད་དེ། །ཆོས་ཀྱི་སྐུ་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཉིད་དང་། གང་གིས་ཀྱང་མི་ཤིགས་པ་རྡོ་རྗེའི་སྐུ་དང་། ཆོས་ཀྱི་སྐུར་འགྱུར་བ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དག་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཀུན་མཁྱེན་པའི་ཡན་ལག་ལྔ་སྟེ། སློབ་དཔོན་དེ་ཉིད་ཀྱིས་ཡེ་ཤེས་གྲུབ་པ་ལས། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་གྲུབ་པ་ལས། །ཀུན་མཁྱེན་ཉིད་ནི་དེ་བས་འདོད། ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ལ་བླ་མ་གོང་མ་དག་ཡན་ལག་བདུན་ལྡན་ཏུ་གསུངས་ཏེ། ཆོས་ཀྱི་སྐུ་ངོ་བོ་ཉིད་མེད་པའི་ཡན་ལག་གཅིག་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་གསུམ་ནི། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཞལ་


J01,V001,P068A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དང་། ཟག་པ་མེད་པའི་བདེ་བ་ཆེན་པོའོ། །སྤྲུལ་པའི་སྐུ་ཡན་ལག་གསུམ་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པ་དང་། མྱ་ངན་ལས་འདས་པའི་དབྱིངས་སུ་མི་གཤེགས་པས་འགོགས་པ་མེད་པ་དང་གསུམ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །འབྲས་བུ་བསྟན་ཟིན་ཏོ། དེ་ལྟར་ན་མན་ངག་གི་གཞི་བཅའ་བ་ལ་བརྒྱུད་པ་བཞི་དང་། ལམ་ལྔ་དང་། སྡོམ་པ་གསུམ་ལྡན་དང་གསུམ་ཡིན་ལ། ཉམས་སུ་བླང་པའི་གནད་ནི་ལྔར་འདུས་ལ། དགའ་བ་བཅུ་དྲུག་དང་ཕྱི་ནང་གི་ཡུལ་སུམ་ཅུ་སོ་གཉིས་ཀྱི་ཚུལ་གྱིས་ས་བཅུ་གཉིས་ཀྱི་བགྲོད་ཚུལ་བསྟན་ལ། ཡན་ལག་ལྔའམ་བདུན་གྱི་འབྲས་བུ་སངས་རྒྱས་ཀྱི་ས་བསྟན་ཏེ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་གདམས་ངག་གིས་རྒྱས་པར་བཤད་པ་དང་། དོན་བསྡུས་པའི་ཚུལ་གྱིས་ཞིབ་ཏུ་བསྟན་ཟིན་ཏོ། །ཡང་འདིའི་བརྒྱུད་པའི་དབང་དུ་བྱས་ན། གཅིག་ནས་གཅིག་ཏུ་རིམ་པས་བརྒྱུད་པ། ཞིབ་མོ་རིང་དུ་བཤད་པ་དང་། ཕྱིས་དངོས་གྲུབ་ཐོབ་སྟེ་ཉེ་བར་བཤད་པ་གཉིས་ཡིན་ནོ། །དང་པོ་ནི། ཨིནྡྲ་བྷཱུ་ཏི་ཆུང་བས་མཛད་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག་ལས། དང་པོ་དཔལ་བདེའི་ཞལ་སྔ་ནས། དེ་བཞིན་ཏུ་ཡང་ཚངས་པ་དང་། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ། །དེ་ནས་ཤྲཱི་བཛྲ་བྷཱུ་ཏི་རྒྱལ། །དཔེ་ཡི་སློབ་དཔོན་དེའི་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་བྷཱུ་ཏི་རྒྱལ། སློབ་དཔོན་པདྨ་བཛྲ་དང་། ཌོམྦྷིའི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྷ་མོ། །བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ནི་ཀི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། ཞེས་བྱ་བ་སྟེ། དང་པོ་དཔལ་བདེའི་ཞལ་སྔ་ཞེས་བྱ་བ། ཨིནྡྲ་བྷཱུ་ཏི་ཆེན་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ལ། ཤྲཱི་བཛྲ་བྷཱུ་ཏི་རྒྱལ་བ་ནི་ཨིནྡྲ་བྷཱུ་ཏི་བར་པ། །བདག་ཀྱང་དང་པོ་གྲུབ་པ་ཞེས་བྱ་བ་ནི། ཨིནྡྲ་བྷཱུ་ཏི་ཆུང་བ་ཡིན་ནོ། །དེ་གསུམ་ཀའང་ཕྱག་


J01,V001,P068B
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེའི་སྤྲུལ་པ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། ཨིནྡྲ་བྷཱུ་ཏི་ཆུང་བའི་སློབ་མ། ཇོ་བོ་བྲམ་ཟེ་རིན་ཆེན་རྡོ་རྗེ། དེ་ལ་ཇོ་བོ་དམར་པོ་ཞེས་བྱ་བ། ཤེས་རབ་གསང་བས་གསན་པ་ཡིན་ནོ། །ཡང་བརྒྱུད་པ་ཉེ་བར་འདོད་ན། སངས་རྒྱས་ཀྱིས་ཨིནྡྲ་བྷཱུ་ཏི་ཆེན་པོ་ལ། དེས་ལྕམ་ལེགས་སྨིན། དེ་ལ་ཤེས་རབ་གསང་བས་གསན་ནོ། །ཞེས་འདི་ཉིད་ཀྱིས་མཛད་པའི་དཔལ་རིན་ཆེན་ཐིགས་པ་ལས་འབྱུང་ངོ་། །དཔལ་ཤེས་རབ་གསང་བས། བླ་མ་ཆེན་པོ་འབྲོག་མི་དང་། དགེ་བཤེས་དཀོན་མཆོག་རྒྱལ་པོ་ལ་སོགས་པ་མང་པོ་ལ་གསུངས་ལ། ཐམས་ཅད་ཀྱི་གདམས་ངག་ནི་བླ་ཆེན་ས་སྐྱ་པ་ལ་མངའ་ནོ། །ཨིནྡྲ་བྷཱུ་ཏིའི་གདམས་ངག་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་བསྟན་ཟིན་ཏོ། །ས་མཱ་སྟ་མི་ཐ།། །།