གདམས་ངག་མཛོད་པོད་དྲུག་པ།
ནག་པོ་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག་བཀྲ་ཤིས་ལི་ཁྲིའི་ཐིག་ལེ།


J01,V001,P136A
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག་བཀྲ་ཤིས་ལི་ཁྲིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


J01,V001,P136B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་ཆེན་སྤྱོད་འཆང་དབང་པོ་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །གཏུམ་མོ་ལམ་རྫོགས་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་སངས་རྒྱས་ཀྱིས་ལུང་བསྟན་པའི་སློབ་དཔོན་བརྟུལ་ཞུགས་སྤྱོད་པའི་དབང་པོ་ནག་པོ་པས་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་འཆད་པ་ལ་གཉིས། བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། གྲུབ་ཆེན་ཛ་ལནྡྷ་ར་པའི་མན་ངག་ལ་བརྟེན་ཏེ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་བཞེད་པར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མཐར་ཐུག་རྡོ་རྗེ་ཐེག་པར་འདུ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་འོག་མ་གསུམ་རྣལ་འབྱོར་ཆེན་པོར་འདུ། རྣལ་འབྱོར་ཆེན་པོ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་གསུངས་པ་ཐམས་ཅད་ཀྱང་ཀྱེ་རྡོ་རྗེ་དང་བདེ་མཆོག་འཁོར་ལོ་གཉིས་སུ་འདུ། དེ་གཉིས་ལ་རྩ་རྒྱུད་བཤད་རྒྱུད་སོགས་དངོས་དང་ཆ་མཐུན་མང་དུ་བཞུགས་པ་ཐམས་ཅད་ཀྱང་བཤད་པའི་རྒྱུད་སམྦུ་ཊི་དང་རྡོ་རྗེ་


J01,V001,P137A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོར་འདུས། དེ་གཉིས་ཀྱི་དགོངས་པ་དྲིལ་ནས་རྫོགས་པའི་རིམ་པ་ནག་པོ་སྡོམ་དྲུག་ཏུ་མཛད་པ་རྗེ་བཙུན་གྲགས་པས་བཞེད་དེ། །སྡོམ་དྲུག་ནི། དཔྱིད་ཀྱི་ཐིག་ལེ་རྩ་བའི་སྡོམ། གསང་བ་དེ་ཉིད་ཚིག་གི་སྡོམ། ཨོ་ལ་པ་ཏི་མངོན་པར་རྟོགས་པའི་སྡོམ། སྙིང་པོ་བསྡུ་བ་དོན་གྱི་སྡོམ། སྡོམ་པ་བཤད་པ་རྣལ་འབྱོར་གྱི་སྡོམ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཕྱག་རྒྱ་བསྟེན་པའི་སྡོམ་རྣམས་སོ། །དེ་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་ཨོ་ལ་པ་ཏི་ཡིན་ལ། དེའི་མན་ངག་དྲིལ་བ་ནི། གཏུམ་མོས་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བ་འདི་ཉིད་ཡིན་ལ། བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། །དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། ནག་པོ་པ། དཔལ་འཛིན། ག་ཡ་དྷ་ར་ལས་འབྲོག་མི་་ཡེ་ཤེས་ཀྱིས་གསན་ཏ་རིམ་པར་རྗེ་བཙུན་ས་སྐྱ་པ་ཁུ་དབོན་སོགས་ནས་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་མཐར། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་རྒྱུད་ལུང་མན་ངག་གི་ཆུ་བོ་མཐའ་དག་གི་བཀའ་ཆེན་གཅིག་ཏུ་བབས་པའི་རྒྱུན་ལས་བཀའ་དྲིན་གྱི་ཆ་ཤས་སུ་ཐོབ་པའོ། །


J01,V001,P137B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་གདམས་ངག་དངོས་ལ་གསུམ། སྡོམ་གྱི་སྒོ་ནས་མདོར་བསྟན་པ། སྒོམ་པའི་རིམ་པ་རྒྱས་པར་བཤད་པ། དེ་ལས་མཐར་ཐུག་འབྲས་བུ་ཐོབ་པའི་ཚུལ་ལོ། །དང་པོ་ནི། སྤྱིར་སློབ་དཔོན་འདི་ཉིད་ཀྱི་ལྟ་བ་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་བཞིན་ཉིད་ཅེས་བྱ་བ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ཀྱི་ལམ་རིམ་པ་བཞིའམ་ལྔ་འདུས་པར་བཞེད་དེ། རིམ་པ་བཞི་ནི། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་རྣམས་ཡིན་ལ། དེ་སྟེང་གཉིས་སུ་མེད་པའི་རིམ་པ་བསྣན་པས་ལྔའོ། །དེ་ལྔ་པོ་རེ་རེ་ལའང་རྒྱུད་ལ་སོགས་པ་དང་། རིམ་པ་དང་། མཐར་ཕྱིན་པའི་ཚད་གསུམ་གསུམ་དུ་ཡོད་དེ། རིམ་པ་དང་པོ་ལ། རྒྱུད་ནི་འཁོར་ལོ་བཞི་ལ་སོགས་པ་རྟེན་དཀྱིལ་འཁོར་གསུམ་ཡེ་ནས་གནས་པ། རིམ་པ་ནི། དེ་དག་རིམ་གྱིས་གསལ་འདེབས་པ། མཐར་ཕྱིན་པའི་ཚད་ནི། དཀྱིལ་འཁོར་གསུམ་ཇི་ལྟ་བ་བཞིན་གསལ་བར་མཐོང་བའོ། །རིམ་པ་གཉིས་པ་ལ། སྔགས་ནི་ལྟེ་བའི་ཨཾ་ཡིག །རིམ་པ་ནི་མེ་རིམ་གྱིས་སྦར་ཏེ་འཁོར་ལོ་རྣམས་བསྲེགས་པའི་བར། མཐར་ཕྱིན་པའི་ཚད་ནི་འཕར་གཡོ་ལ་སོགས་པའི་ཉམས་སྣ་ཚོགས་འབྱུང་བའོ། །རིམ་པ་གསུམ་པ་ལ། ཡེ་ཤེས་ནི་ཡས་བརྟེན་གྱི་ལྷན་སྐྱེས། རིམ་པ་ནི་དེ་བཞིན་གཤེགས་པའི་བདུད་རྩི་བྱིན་པ་གཡོན་ནས་ཞུགས་ཏེ་རྡོ་རྗེ་ནོར་བུ་ནས་སྨིན་ཕྲག་གི་བར་དུ་ཉམས་སུ་མྱང་བ། མཐར་ཕྱིན་པའི་ཚད་ནི་ཕྱི་རོལ་གྱི་ཡུལ་སྣང་དངོས་པོ་ཐམས་ཅད་བདེ་བར་འཆར་པ་ལ་སོགས་པའོ། །རིམ་པ་བཞི་པ་ལ། གསང་བ་ནི་སྲོག་འཛིན་པའི་རླུང་། རིམ་པ་ནི་སྣའི་རྡོག་མའི་ནང་དུ་རླུང་བཟུང་སྟེ་བསྒོམས་པས་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། མཐར་ཕྱིན་པའི་ཚད་ལུས་ཤིང་བལ་གྱིས་འདབ་མ་ལྟར་ཡང་ཞིང་རྟགས་ལྔ་མཐོང་བས་མཁའ་འགྲོ་མའི་བར་ཆད་ཟློག་པ་ལ་སོགས་པའོ། །རིམ་པ་ལྔ་པ་ལ། གཉིས་སུ་མེད་པ་ནི་ཡུལ་དང་ཡུལ་ཅན།


J01,V001,P138A
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྣང་སྟོང་གཉིས་མེད་ཀྱི་སེམས་ཉིད་གཉུག་མའོ། །རིམ་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་དུ་རིམ་གྱིས་རྟོགས་པའོ། །མཐར་ཕྱིན་པའི་ཚད་ནི། །མངོན་ཤེས་ཐོབ་པ་སྟེ་དེ་དག་གིས་འཇིག་རྟེན་པའི་ལམ་སྦྱོར་ལམ་ཆོས་མཆོག་མན་ཆད་ཆོད་པའོ། །དེ་ནས་ལུང་བསྟན་པའི་ཕྱག་རྒྱ་མ་ལ་བརྟེན་ནས་གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུ་གཉིས་རིམ་གྱིས་བགྲོད་པའི་མཐར་སངས་རྒྱས་ཀྱི་ས་མངོན་ཏུ་འགྱུར་བར་གསུངས་སོ། །གཉིས་པ་སྒོམ་པའི་རིམ་པ་རྒྱས་པར་བཤད་པ་ལ་ལྔ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ། གཉིས་སུ་མེད་པའི་རིམ་པའོ། །དང་པོ་ནི། སྡོམ་པ་རྩ་བ་དང་བཤད་པའི་རྒྱུད་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྔོན་དུ་སོང་བའམ། དེ་ལྟར་མི་ནུས་པས་ཀྱང་རུང་སྟེ་བསྒོམ་པ་ཉམས་སུ་ལེན་པ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། གནས་དབེན་པར་སྟན་བདེ་བ་ལ་བསྡད་ནས། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་ཏུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཐུན་མོང་མ་ཡིན་པ་བྱ་སྟེ་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་དང་དཔལ་ཧེ་རུ་ཀ་དབྱེར་མེད་དུ་བསྒོམ། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས་ཧེ་རུ་ཀ་བསྒོམ་པ་དང་དེའི་ཡིག་བརྒྱ་བཟླ། ཚོགས་རྫོགས་པའི་ཕྱིར་མཎྜལ་སྤྱི་ལྟར་འབུལ་ཞིང་ཚོགས་ཞིང་གི་གཙོ་བོ་ངོ་བོ་བླ་མ་རྣམ་པ་ཡི་དམ་དུ་བསྐྱེད། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པར་གྱུར་བའི་དབུས་སུ། སེང་ཁྲི་པད་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་རྩ་བའི་བླ་མ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ལ་ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ། འཁོར་དཔའ་བོ་རྣལ་འབྱོར་མ་དྲུག་ཅུ་དང་རང་གི་གནས་ན་བཞུགས་པ་ལ་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ཕྱོགས་མཚམས་སྟེང་འོག་ཕྱི་ནང་ཐམས་ཅད་དུ་ཁྱབ་པར་བཞུགས་


J01,V001,P138B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཕྱོགས་མཚམས་ཐམས་ཅད་ནས་གཏིབས་པར་མོས་ཏེ། ཕྱག་འཚལ། སྐྱབས་འགྲོ། མཆོད་བསྟོད་རྣམས་སྔོན་ཏུ་འགྲོ་བས་གསོལ་བ་དྲག་ཏུ་གདབ། སྐུའི་འོད་ཟེར་ལས་དབང་བཞི་ལེན་པའི་དམིགས་པ་བྱ། མཐར་འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་རང་ལ་ཐིམ་པར་མོས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ། བླ་མས་རྗེས་སུ་འཛིན་པའི་སྨོན་ལམ་གདབ་པ་རྣམས་ནི་བསམ་གཏན་གྱི་ཡན་ལག་གོ་།གཉིས་པ་ནི། ཐོག་མར་བར་ཆད་མི་འཇུག་ཅིང་ཏིང་ངེ་འཛིན་ལ་འདྲིས་པར་བྱ་བའི་དོན་དང་། ཚོགས་རྒྱ་ཆེན་པོ་གསོག་ཅིང་སྦྱང་བྱ་སྦྱོང་བྱེད་ཀྱི་རྟེན་འབྲེལ་འགྲིགས་པའི་ཕྱིར་འདི་ཉིད་ཀྱི་སྒྲུབ་ཐབས་ནས་ཇི་ལྟར་འབྱུང་བ་ལྟར་བསྐྱེད་པའི་རིམ་པ་ཐུན་བཞི་ལ་སོགས་པར་སྦྱང་གཞི་སྦྱོང་བྱེད། སྦྱང་བྱ། སྦྱང་འབྲས་རྣམས་སོ་སོར་ངོ་སྤྲད་དེ་མ་ཡེངས་པར་བསྒོམ་པ་ལ་བསླབ་ཅིང་ཞར་བྱུང་སྤྲོ་ན་བཟླས་པའང་ཅི་རིགས་པ་བྱ། དེ་ལ་ཅུང་ཟད་བྱང་ཞིང་གསལ་ཐེབས་པ་ན་བསྒོམ་རིམ་དངོས་གཞི་ནི། གཙོ་བོའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་དང་ལྟེ་བར་ཨཾ་ཡིག་དམར་པོ་གསལ་གདབ། ཧཱུྃ་ལས་འོད་འཕྲོས་པས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཕྱོགས་གཡོན་བསྐོར་དང་། མཚམས་གཡས་སྐོར་གྱིས་ཕྱེད་སྣ་བུག་གཡས། ཕྱེད་སྣ་བུག་གཡོན་པ་ནས་རླུང་ནང་དུ་འཇུག་པ་དང་བསྟུན་ཏེ་བསྡུ་ཞིང་སྙིང་གའི་ཧཱུྃ་ཡིག་ལ་བསྟིམ། ཡུམ་རྡོ་རྗེ་ཕག་མོ་ཡང་ལྟེ་བའི་ཨཾ་ལ་ཐིམ། དེ་ལས་འོད་བྱུང་བས་ལུས་ཀྱི་ནང་སྟོང་སང་ངེ་བ་ལ། ལས་བྱེད་པའི་འཁོར་ལོ་གཉིས། ལྟེ་བ་སོགས་འཁོར་ལོ་བཞི་རྩའི་གཙོ་མོ་གསུམ། རོ་རྐྱང་ཡི་གེས་བཀག་པ་བཅས་གསལ་ལྷག་གེར་གྱུར་པར་མོས། དེ་དག་ཞིབ་པར་གསལ་གདབ་པ་ནི། གཤང་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་གཅིག་ཐུར་ལ་བསྟན་ཅིང་གྱེན་དུ་འབར་བ་གསུམ་གྱིས་མཚན་པ་སྟེ་ལས་བྱེད་ཀྱི་འཁོར་ལོ་གཉིས་གསལ་གདབ་


J01,V001,P139A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ནང་སྐོར་གྱི་རྩ་འདབ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་།ཕྱི་སྐོར་ལྔ་བཅུ་རྩ་དྲུག་ལ་ཀཱ་ལི་སུམ་ཅུ་རྩ་བཞི་གཡས་སྐོར། ཨཱ་ལི་བཅུ་དྲུག་དང་། ཨ་ཨི་ཨུ་ཨེ་ཨོ་ༀ་ཏེ་དབྱངས་ཐུང་ངུ་དྲུག་བསྣན་པ་རྣམས་གཡོན་སྐོར་དུ་གསལ་གདབ། སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་དོག་ནག་པོ་རྩ་འདབ་བརྒྱད་ལ་ཕྱོགས་བཞིར་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ། མཚམས་བཞིར་ཡ་ར་ལ་ཝ། དབུས་སུ་ཧཱུྃ་ཡིག་གོ་།མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་བཅུ་དྲུག་གི་ནང་སྐོར་བཞི་ལ། ཨཱ་ཨཱི་ཨཱུ་ཨཻ་སྟེ་དབྱངས་རིང་པོ་བཞི། ཕྱི་སྐོར་བཅུ་གཉིས་ལ་དབྱངས་ཡིག་བཅུ་གཉིས་མ་ནིང་བཞི་སྤངས་པ། དབུས་སུ་ཨཻ་ཡིག་གོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ཁ་དོག་དཀར་པོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་ཡི་གེ་ཧཾ་དཀར་པོ་མགོ་པོ་ཐུར་བསྟན་དུ་གསལ་གདབ། རྩ་འདབ་ལ་ཡི་གེ་དགོད་པ་ནི་མེད་དོ། །དེ་ནས་འཁོར་ལོ་བཞིའི་དབུས། གཡས་རོ་མ་ཉི་མ་མེའི་རང་བཞིན་ཁ་དོག་དམར་པོ་ཁ་གྱེན་ལ་ལྟ་བའི་ནང་དུ་དབྱངས་ཡིག་དཀར་པོ་རེ་རེ་མགོ་ཐུར་ལྟ་དང་གསལ་བྱེད་དམར་པོ་གཉིས་གཉིས་མགོ་གྱེན་ལྟ་སྤེལ་ནས་བརྩེགས་པ་ཡས་སྣ་ནས་མར་འགོད། གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་པོ་ཁ་གྱེན་ལ་ལྟ་བའི་ནང་དུ་དབྱངས་ཡིག་དཀར་པོ་རེ་རེ་མགོ་གྱེན་ལ་ལྟ་བ་དང་གསལ་བྱེད་དམར་པོ་གཉིས་གཉིས་མགོ་ཐུར་ལྟ་སྤེལ་ནས་བརྩེགས་པ་མས་སྣ་ནས་ཡར་འགོད་པས་ཁྲིགས་སེ་གང་བར་བསྒོམ། དེ་གཉིས་བར་དུ་དབུ་མ་ཆ་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་བཤགས་པའི་ཚད་ཙམ་ཁ་དོག་དམར་པོ་དྲང་ལ་ཕྲ་བ་བཅས་དེ་དག་ཐོག་མར་ལན་ཅིག་གསལ་ལེགས་པར་གདབ། དེ་ནས་རླུང་ཕྱིར་འགྲོ་བ་དང་བསྟུན་གཡས་རོམ་ལ་བརྟེན་ཏེ་ལྟེ་བ་ནས་སྤྱི་བོའི་བར་གྱི་འཁོར་ལོ་རྣམས་མས་རིམ་གྱིས་གསལ་གདབ། རླུང་ནང་དུ་འཇུག་པ་དང་བསྟུན་གཡོན་རྐྱང་མ་ལ་བརྟེན་ཏེ་སྤྱི་བོ་ནས་ལྟེ་བའི་བར་གྱི་འཁོར་ལོ་རྣམས་ཡས་རིམ་གྱིས་གསལ་


J01,V001,P139B
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། རླུང་གནས་པའི་ཚེ་དབུ་མ་དང་ལྟེ་བའི་ཨཾ་ཁོ་ན་གསལ་གདབ། རླུང་དང་མི་བསྟུན་པར་གསལ་འདེབས་ཚུལ་དེ་བཞིན་བྱས་ཀྱང་རུང་། གང་ལྟར་གསལ་ལ་ཡུན་ཐུང་བར་བྱ། ཐུན་གྲངས་ཀྱི་ངེས་པ་མེད་པར་བསྒོམ་པས་ཞག་གསུམ་མམ། ལྔའམ། བདུན་ནམ། དགུའམ། བཅུ་གཅིག་གིས་གསལ་སྣང་ཐོབ་པར་གསུངས་པ་ནི་དབང་པོ་རབ་ཀྱི་དབང་དུ་མཛད་པ་ཡིན་ལ། གང་ཟག་ཕལ་པ་སྤྱི་ལ་ལོ་དང་ཟླ་བ་ཁ་ཤས་བར་དུ་བསྒོམ་དགོས་པ་འབྱུང་ངོ་། །གང་ལྟར་འཁོར་ལོ་དྲུག་དང་རྩ་གསུམ་ལག་མཐིལ་གྱི་རི་མོ་ལྟར་ཤིན་ཏུ་གསལ་བར་མ་གྱུར་གྱི་བར་དུ་བསྒོམ་པ་ནི་རྒྱུད་ཀྱི་རིམ་པ་ཁོ་ནའི་མན་ངག་དམིགས་པའི་རྩ་བའི་རྣལ་འབྱོར་རོ། །གཉིས་པ་སྔགས་ཀྱི་རིམ་པ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། ཉམས་ལེན་འདི་ལ་འཇུག་པའི་སྐབས་སུ་བཟའ་བཏུང་རྣམས་སྔར་རྒྱུན་ལས་སུམ་ཆ་ཕྲི། ཁ་ཟས་བཅུད་ཆེན་བསྟེན། ལུས་གནད་ཙོག་པུར་བྱས་ལ་ལག་པ་གཉིས་སྒོམ་ཐག་གི་ཚུལ་དུ་པུས་མོ་ལ་འཁྱུད། བརླ་དང་ལྟོ་བ་དྲག་ཏུ་གཅེར། རྐང་པ་གཉིས་འཕོང་དང་གསུམ་པོ་ལྗིང་མཉམ་པར་བྱས་ལ་གཤང་སྒོའི་རླུང་གིས་སུམ་མདོའ་མེ་སྦར་བའི་དོན་ཏུ་འོག་རླུང་ལན་བདུན་བསྐུམས་པས་གཤང་ལམ་གྱི་རླུང་གཡོས། སུམ་མདོའ་མེ་འབར་བ་ལྟེ་བའི་ཨཾ་ཡིག་ལ་ཕོག་པས་མེ་འབར་བར་བསམས་ལ་འོག་རླུང་ཀློད། སྟེང་རླུང་མཆིལ་མ་མིད་པ་དང་བཅས་ལྟེ་བའི་ཨཾ་ལ་བསྟིམ་ཞིང་ཤེས་པ་ཨཾ་ལ་གཏད། རླུང་ཐུབ་ཚད་མནན། དེ་ལྟར་དྲག་ལ་ཡུན་ཐུང་བར་བྱས་ཏེ་ཡང་དང་ཡང་དུ་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལྔ་མཐོང་། ཨཾ་ནས་མེ་སོར་གཅིག་ཙམ་ནས་མགྲིན་པའི་བར་རང་དབང་མེད་པར་འབར་བར་སྙམ་བྱེད། ལྕེ་དང་དཔུང་པ་འཕེལ། སྐམ་དད་དང་ཆགས་པ་ཆེ་བའི་རྟགས་བྱུང་ན་གཏུམ་མོའི་མེ་སྟོབས་སུ་གྱུར་བ་ཡིན་ལ། དེ་ལྟར་མ་བྱུང་གི་བར་དུ་མེ་གྱེན་དུ་མི་སྦར་ཞིང་འོག་རླུང་མི་བསྐུམ་པར་སྦྱང་ངོ་། །གཉིས་པ་དངོས་གཞི་ནི། ལྟེ་བའི་མེ་རང་དབང་མེད་པར་འབར་


J01,V001,P140A
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྙམ་བྱེད་པ་སོགས་རྟགས་བྱུང་བ་དང་། མ་རྩེ་སྤྲད་པ་ཞེས་བྱ་བ་ནི་གཡས་རོ་མས་དྲོད་སྐྱེད་པར་བྱེད་པས་མེ་མ་ཞེས་བྱ། གཡོན་རྐྱང་མས་མི་རྟོག་པ་སྐྱེད་པར་བྱེད་པས་གཉིད་མ་ཞེས་བྱ་བ་གཉིས་དབུ་མར་རྩེ་སྤྲད་པ་སྟེ། འོག་སྒོ་ཨ་ལོང་འབྱེད་འཛུམ་ཡང་ནས་ཡང་དུ་བྱས་ལ་དྲག་ཏུ་བསྐུམ། བུམ་པ་ཅན་གྱི་རླུང་སྦྱོར་བསྒོམས་པས་ཨཾ་ལས་མེ་འབར་བས་ལྟེ་བའི་འཁོར་ལོ་མེའི་འོད་ཟེར་གྱིས་ཁྱབ། ཡིག་འབྲུ་དང་བཅས་པ་ལྕགས་བསྲེགས་པ་ལྟར་དམར་ལྷང་གིས་སོང་། དྲི་མ་དང་ལྗན་ལྗིན་ཚིག །རེག་བྱ་ཤིན་ཏུ་ཚ་བ་བཟོད་དཀའ་བར་གྱུར་པར་བསམ། དེ་ནས་མེ་རྩེ་གློག་གི་ཟེར་མ་ལྟ་བུ་གཡས་རོ་མ་ནས་ཡར་སོང་སྙིང་གའི་འཁོར་ལོ་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞིའི་ས་བོན་དང་བཅས་པ་སྔར་བཞིན་བསྲེགས། ཡང་རོ་མ་ནས་སོང་། མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་སྔར་བཞིན་བསྲེགས། ཡང་རོ་མ་ནས་སོང་། སྤྱི་བོའི་འཁོར་ལོ་ཡང་དེ་ལྟར་བསྲེགས་པར་དམིགས། དེ་ནས་སྨན་མཚམས་གནད་ཀྱི་སྒོ་ཕྱེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱ་བར་བཤད་ཀྱང་། ལག་ལེན་ཏུ་རྣ་བའམ་སྣ་བུག་གཡས་པ་གང་བདེ་ནས་མེ་ལྕེ་མཁའི་དབྱིངས་གང་བ་འཕྲོས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་པ་ལ་འགྲོ་འོང་བྱ་སྟེ། དེའང་དམིགས་པ་གསལ་བའི་ཚེ་དང་པོ་གཅིག་ལ་བྱ། །གོམས་རིམ་བཞིན་བཅུ་དང་། བརྒྱ་དང་། སྟོང་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་བར་དུ་བློ་སྦྱང་བར་བྱ་སྟེ། མེ་ལྕེ་དེ་དེ་བཞིན་གཤེགས་པའི་སྙན་ནམ་ཤངས་ཀྱི་བུ་ག་གཡས་པ་ནས་ཞུགས། རོ་མའི་མེ་དང་རྒྱུད་གཅིག་ཏུ་གྱུར། མེ་ལྕེ་སྐུ་ལུས་ཀྱི་ནང་ཡར་ལྡོག་མར་ལྡོག་ལན་འགའ་བྱས་པས་འཁོར་ལོ་བཞི་དང་ཁམས་ཀྱི་དྭངས་མ་རྣམས་བདུད་རྩིར་ཞུ་བ་རྣམས་མེ་ལྕེས་བསྡུས། རྐྱང་མ་ནས་རྒྱུད་གཅིག་ཏུ་གྱུར་པ་སྙན་ནམ་ཤངས་ཀྱི་བུ་ག་གཡོན་པ་ནས་མར་བྱུང་། རང་གི་རྣ་བའམ་སྣ་བུག་


J01,V001,P140B
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་ནས། རྐྱང་མའི་ནང་བརྒྱུད་སྤྱི་བོའི་འཁོར་ལོ་གང་བས་མེའི་ཚ་གདུང་ཞི་ཞིང་འཁོར་ལོ་སྔར་བཞིན་གསོས། ཡང་རྐྱང་མ་ནས་མར་བབས་མགྲིན་པའི་འཁོར་ལོ་གསོས། རྩ་ཡིག་རྣམས་སྔ་མ་ལས་ཀྱང་དྭངས་ཤིང་གསལ་ལ་འོད་འཕྲོ་བར་གྱུར། །ཡང་རྐྱང་མ་ནས་མར་སོང་སྙིང་གའི་འཁོར་ལོ་གསོས། ཡང་མར་སོང་། ལྟེ་བའི་འཁོར་ལོ་གསོས་པ་སོགས་གོང་ལྟར་དམིགས་པ་དང་། ཡང་མེ་ལྕེ་ཡར་སྤྲོ་བའི་ཚེ་དེ་བཞིན་གཤེགས་པའི་ཞབས་ཀྱི་བྱིན་པ་གཡས་པ་ནས་ཡར་ཞུགས། བྱིན་པ་གཡོན་པ་ནས་མར་བྱུང་། བདག་གི་བྱིན་པ་གཡོན་པ་ནས་རྐྱང་མར་བརྒྱུད། ལྟེ་བའི་འཁོར་ལོ་ནས་སྤྱི་བོའི་བར་དུ་ཡས་རིམ་གྱིས་གསོ་བའང་རེས་མོས་སུ་བྱ་སྟེ། གཉིས་ཀར་ཡང་དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྟེ་བའི་ཨཾ་ལ་ལོག་པས་དྲག་ཏུ་བསྐུལ་ཏེ་མེ་ལྕེ་ཤིན་ཏུ་ཕྲ་བ་གསལ་ལ་འོད་ཟེར་འབར་བ་ཞིག་བྱུང་སྟེ་དབུ་མའི་ནང་དུ་ཇེ་རིང་འབར། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨཾ་ཕུག །སྤྱི་བོའི་ཧཾ་ལ་བསྣུན་པས་ཧཾ་བདེ་བར་ཞུ་བའི་བྱང་ཆུབ་ཀྱི་སེམས་དཀར་ཞིང་བསིལ་ལ་འོད་ཟེར་དཀར་པོ་འཕྲོ་བ། དར་དཀར་གྱི་སྣལ་མ་བརྐྱང་བ་ལྟ་བུ་སྤྱི་བོ་ནས་མར་ལ་དགའ་བའི་སྟོབས་ཇེ་ཆེར་བྱུང་ནས་ལྟེ་བའི་ཨ་ལ་ཐིམ་པའམ། ཨཾ་དང་བར་ཐག་ནས་གང་ཙམ་ཡོད་པ་ལ་དམིགས་པ་གཏད། མཐར་མི་རྟོག་པའི་ངང་དུ་ངལ་གསོ། དེ་ལྟར་བསྐྱར་ནས་ཡང་ཡང་བསྒོམ། རིམ་བཞིའི་ཁྲིད་གཞན་ལས་མེ་ལྕེས་འཁོར་ལོ་རྣམས་བསྲེག །ཧཾ་ཡིག་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་སླར་གསོས། ཨཾ་ལས་དབུ་མའི་ནང་དུ་མེ་འབར་བས་ཡི་གེ་གཉིས་ཕུག །སྨིན་མཚམས་གནད་གྱི་སྒོ་ཕྱེས་ཏེ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས་པའི་བདུད་རྩི་སྤྱི་བོའི་ཧཾ་ལ་ཐིམ། དེ་དང་ལྷན་ཅིག་བབས་པའི་བདུད་རྩིས་མགྲིན་སྙིང་ཡིག་འབྲུ་གང་སྟེ་ལྟེ་བའི་ཨཾ་ལ་བསྟིམ་པའི་གོ་རིམ་འདི་ཉིད་བདེ་བ་ལྟར་སྣང་ངོ་། །འདིའི་ཕྱག་ལེན་ཏུ་རླུང་ཐེང་གཅིག་ལ་འཁོར་ལོ་བཞིའི་ཡིག་འབྲུ་རྣམས་


J01,V001,P141A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱར་ནས་གསལ་བཏབ་ལ་འབར་འཛག་གི་དམིགས་པ་ཆར་གཅིག་བསྒོམ། རླུང་ཐང་གཉིས་པ་དཔྱིད་ཐིག་ཁ་སྦྱོར་ལ་སེམས་འཛིན་པ་གཙོ་བོར་བྱ། དེ་རྗེས་རླུང་ཐེངས་གཅིག་མི་རྟོག་པར་འཇོག་སྟེ་ངལ་གསོ། དེ་ལྟར་ཡང་ནས་ཡང་དུ་གོམས་པར་བྱས་པས་ལུས་སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེད། འཕར་གཡོ། འདར་དཀྲུག །ངག་ཏུ་ཀུ་ཅོ་འདོན་པ་སོགས་འབྱུང་། དེ་དག་རེས་འགའ་ཙམ་བྱུང་རྒྱལ་དུ་བསྐྱང་བས་ཆོག །ཧ་ཅང་ཞིར་མ་འདོད་ན་ཡི་གེ་མགོ་བཅད་པ་ཞེས་བྱ་བ་ལ་རླུང་ནང་དུ་རྔུབས་ཤིང་དྲག་ཏུ་འབུད་པ་ལན་ཁ་ཤས་བྱས་པས་ཞི། དེས་མ་སེལ་ན་ཧཾ་མི་དམིགས་པར་བསྒོམ། དེས་ཀྱང་མ་སེལ་ན་སྙིང་ག་ཡན་ཆོད་ཀྱི་ལུས་སྟོད་ཟོ་བ་ལྟར་ཁ་ཧྱད་དུ་བསྒོམ། དེས་ཀྱང་མ་ཞི་ན་ཆོས་ཐམས་ཅད་རང་གི་སེམས། སེམས་སྟོང་ཉིད་དུ་དྲན་པར་བྱས་པས་ཞི་བར་འགྱུར་རོ། །འདི་ནི་སྔགས་རིམ་གྱི་རྣམ་པ་ལམ་དུ་བྱེད་པ་རྩ་རླུང་ཐིག་ལེ་ཆ་མཉམ་པའི་གཏུམ་མོའི་རྣལ་འབྱོར་རོ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། སྔགས་ཀྱི་རིམ་པའི་ཉམས་མྱོང་མཐར་ཕྱིན་པའི་གང་ཟག་དེས་ཡས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཉམས་མྱོང་བསྐྱེད་པ་ཡིན་ལ། དེ་ལའང་ཁྲིད་ཡིག་འདིར་དམིགས་བསལ་མ་གསུངས་ཀྱང་ཐོག་མར་ཡས་བབ་ཀྱི་དགའ་བ་བཞི་ངོས་ཟིན་དགོས་པ་རིམ་བཞི་ལམ་སློང་གཞན་རྣམས་སུ་འབྱུང་ཞིང་འདིར་ཡང་ཟུར་གྱིས་གོ་བའི་དབང་དུ་མཛད་པར་མངོན་པས་དེ་ལྟར་ན། སྔགས་རིམ་དངོས་གཞིའི་དམིགས་པ་ཚར་གཅིག་བྱས་པའི་མཐར་སྤྱི་བོའི་ཧཾ་ཞུ་བའི་རྒྱུན་མགྲིན་པར་བབས་པས་ལོངས་སྤྱོད་ཀྱི་འཁོར་ལོ་ཁེངས་པའི་ལམ་དུས་ཀྱི་དགའ་བའི་ཡེ་ཤེས་སྐྱེས་པར་མོས་པ་ལ་སེམས་གཏད། དེ་ལས་མར་བབ་སྙིང་ཁའི་འཁོར་ལོ་ཁེངས། མཆོག་དགའི་ཡེ་ཤེས་སྐྱེས། དེ་ལས་མར་བབས་ལྟེ་བའི་འཁོར་ལོ་ཁེངས། ཁྱད་དགའི་ཡེ་ཤེས་སྐྱེས། དེ་ལས་ཀྱང་མར་བབས་གསང་གནས་ཀྱི་འཁོར་ལོ་ཁེངས།


J01,V001,P141B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱིས་ནོར་བུའི་ནང་ཡན་ཁྱབ། ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། འདི་རྣམས་ལ་རླུང་གི་རྣལ་འབྱོར་བྱང་བ་ཡིན་ན་དམིགས་པ་གང་དུ་གཏོད་པའི་འཁོར་ལོ་སོ་སོའ་གནས་སུ་བུམ་ཅན་འཆིང་ཞིང་དགའ་བ་ངོས་བཟུང་ནས་ངོ་བོའི་ངང་དུ་བཞག་དགོས་པ་ཡིན། རླུང་ལ་དབང་མ་ཐོབ་པའི་ལས་དང་པོ་པས་རྗེས་མཐུན་བསྒོམ་ན་ལྟེ་བའི་བུམ་ཅན་དངོས་སུ་བཟུང་ནས་གནས་གཞན་རྣམས་སུ་རླུང་འདུས་པ་མོས་པ་ཙམ་བྱེད་པ་འོག་མ་ལའང་འགྲེ། དེ་ནི་སྔོན་ཏུ་འགྲོ་བའོ། །དངོས་གཞི་རྡོ་རྗེ་ནོར་བུར་ཕབ་པའི་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཆགས་པའི་ཐིག་ལེས་ཡོངས་སུ་གང་བ་ལས་རྩ་འཁོར་དེ་བྱང་ཆུབ་སེམས་ཀྱིས་ཁྱབ་པའི་དབུས་ན་ཆུ་ལ་ཟླ་བའི་གཟུགས་བརྙན་བཞིན་ལྷག་པར་གསལ་བའི་ཐིག་ལེ་ལ་སེམས་གཏད་དེ་བདེ་གསལ་མི་རྟོག་པའི་ཉམས་མ་སྐྱེས་པར་བསྒོམ་པ་ནི་དགའ་བའི་དགའ་བའོ། །བདེ་བ་མི་བཟོད་པར་སྐྱེས་ན་རྡོ་རྗེའི་སྐེད་པར་དྲངས་ཏེ་དེར་སེམས་གཏད། དགའ་བའི་མཆོག་དགའོ། །དེ་ནས་བདེ་བ་མི་བཟོད་པ་སྐྱེས་རིམ་གྱིས་ཡར་ལ་དྲངས་ནས་རེ་རེ་བཞིན་སེམས་གཏོང་དགོས་ཏེ། རྡོ་རྗེའི་རྩ་བར་དྲངས་པ་ནི་དགའ་བའི་དགའ་བྲལ་ལོ། །ལྟེ་བར་དྲངས་པ་ནི་དགའ་བའི་ལྷན་སྐྱེས་ཏེ་དགའ་བ་སྐད་ཅིག་མ་བཅུ་དྲུག་གི་དང་པོ་དགའ་བ་ལས་དབྱེ་བའི་དགའ་བཞིའོ། །དེ་ནས་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་དྲངས་ཏེ་སེམས་གཏོད་པ་ནི་མཆོག་དགའི་དགའ་བའོ། །དེ་ནས་ཡར་ལ་བཞི་ཆ་གཉིས་ཀྱི་གནས་སུ་དྲངས་ཏེ་སེམས་གཏོད་པ་ནི་མཆོག་དགའི་མཆོག་དགའོ། །དེ་ནས་ཡར་ལ་བཞི་ཆ་གསུམ་གྱི་གནས་སུ་དྲངས་ཏེ་སེམས་གཏོད་པ་ནི་མཆོག་དགའི་དགའ་བྲལ་ལོ། །དེ་ནས་སྙིང་གའི་འཁོར་ལོ་ལ་དྲངས་ཏེ་སེམས་གཏོད་པ་མཆོག་དགའི་ལྷན་སྐྱེས་ཏེ་དགའ་བ་གཉིས་པ་མཆོག་དགས་བསྡུས་པའི་དགའ་བཞིའོ། །འདི་ལ་གནད་དུ་སོང་ན་སྙིང་འདར་ཞིང་སྤྲུགས་པ་སྙམ་བྱེད་པ་འབྱུང་། དེ་ནས་ཡར་ལ་བཞི་ཆ་གཅིག་


J01,V001,P142A
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་སུ་དྲངས་ཤིང་སེམས་བཟུང་བ་ནི་དགའ་བྲལ་གྱི་དགའ་བའོ། །དེ་ནས་ཡར་ལ་བཞི་ཆ་གཉིས་ཀྱི་གནས་སུ་དྲངས་ཤིང་སེམས་བཟུང་བ་ནི་དགའ་བྲལ་གྱི་མཆོག་དགའོ། །དེ་ནས་ཡར་ལ་བཞི་ཆ་གསུམ་གྱི་གནས་སུ་དྲངས་ཤིང་སེམས་བཟུང་བ་ནི་དགའ་བྲལ་གྱི་དགའ་བྲལ་ལོ། །དེ་ནས་མགྲིན་པའི་འཁོར་ལོ་ལ་དྲངས་ཏེ་སེམས་བཟུང་བ་ནི་དགའ་བྲལ་གྱི་ལྷན་སྐྱེས་དགའ་བ་གསུམ་པ་དགའ་བྲལ་ལས་དབྱེ་བའི་དགའ་བཞིའོ། །འདི་ལ་གནད་དུ་སོང་བའི་རྟགས་སྐད་འགག་པ་སྙམ་བྱེད་པ་དང་སྨྲ་མི་ཤེས་པ་སྙམ་བྱེད་པ་འབྱུང་། དེ་ནས་ཡར་ལ་བཞི་ཆ་གཅིག་གི་གནས་སུ་དྲངས་ཏེ་སེམས་བཟུང་བ་ནི་ལྷན་སྐྱེས་ཀྱི་དགའ་བའོ། །དེ་ནས་ཡར་ལ་བཞི་ཆ་གཉིས་ཀྱི་གནས་སུ་དྲངས་ཏེ་སེམས་བཟུང་བ་ནི་ལྷན་སྐྱེས་ཀྱི་མཆོག་དགའོ། །དེ་ནས་ཡར་ལ་བཞི་ཆ་གསུམ་གྱི་གནས་སུ་དྲངས་ཏེ་སེམས་བཟུང་བ་ནི་ལྷན་སྐྱེས་ཀྱི་དགའ་བྲལ་ལོ། །དེ་ནས་ཡར་ལ་སྤྱི་བོའི་འཁོར་ལོའི་དབུས་སུ་དྲངས་ཏེ་ཐིག་ལེ་ལ་སེམས་གཏད་པ་ནི་ལྷན་སྐྱེས་ཀྱི་དགའ་བའི་ལྷན་ཅིག་སྐྱེས་པ་མཐར་ཐུག་པ་སྟེ། དེ་དག་ཐམས་ཅད་ཀྱང་གནས་རེ་རེ་བཞིན་ཉམས་མ་སྐྱེས་བར་དུ་བསྒོམ། ཉམས་ཇི་བཞིན་མ་སྐྱེས་ན་སྔར་གྱི་གནས་སུ་ལོག་ནས་བསྐྱར་ཏེ་བསྒོམ་དགོས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་གནད་དུ་སོང་བའི་རྟགས་སུ་སྣང་བ་ཐམས་ཅད་བདེ་བར་འཆར། བདེ་བས་སྙོམས་པའམ་མྱོས་པ་ལྟ་བུས་འགྱེལ་བ་འོང་། དངོས་པོ་གང་ལ་དམིགས་ཤིང་བལྟས་ཀྱང་བདེ་བས་མྱོས་པ་སྙམ་བྱེད་ན་ཡེ་ཤེས་ཀྱི་རིམ་པ་དགའ་བ་བཅུ་དྲུག་མཐར་ཕྱིན་བསྒོམ་པས་དེ་ཉིད་འཕྲོ་བཅད་ལ་རིམ་པར་ཕྱི་མ་བསྒོམ་པར་བྱའོ། །བཞི་པ་གསང་བའི་རིམ་པ་ལ་གཉིས། བསྒོམ་བྱ་དངོས་དང་། རླུང་གི་སྐྱོན་སེལ་བའོ། དང་པོ་ནི། གསང་བ་ཞེས་པ་རླུང་ཡིན་ལ་རིམ་པ་ནི་དེ་ཉིད་རིམ་གྱིས་བསྒོམ་པ་སྟེ། དེའང་རང་གི་སྣ་གཉིས་ཀྱི་བར་དུ་ཀ་བ་མེད་པ་སྒོང་ང་སྟོང་པ་ལྟ་བུར་བསྒོམ། དེ་ནས་


J01,V001,P142B
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་རླུང་བག་ཙམ་བཟུང་། སྲོག་གི་རླུང་ཆ་མཉམ་སྟེ་ལུས་ཀྱི་ནང་ནས་ཡར་ལ་སྤོས་ཀྱི་དུད་པ་བཞིན་བྱུང་ནས་སྣའི་རྡོག་མའི་ནང་དུ་ཆི་ལི་ལི་འཁྱིལ་ནས་རྒྱབ་ལ་མི་འགྲོ་བར་བསྒོམ། དེ་ལྟར་ཡུན་རིང་བསྒོམ་པས་སྲོག་འཛིན་བརྟན་ཅིང་། ནད་རྙིང་པ་ཞི་ནས་གསར་པ་མི་སྐྱེ་བ་སོགས་ཡོན་ཏན་དུ་མ་འབྱུང་བར་གསུངས་སོ། །གཉིས་པ་ནི། སྐབས་འདིར་རླུང་སྐྱོན་ཅི་རིགས་པ་འབྱུང་སྲིད་ཅིང་གང་བྱུང་ཡང་གོ་ལྡོག་གི་སྦྱོར་བས་བསལ་བ་བྱ་དགོས་ཏེ། དེའང་ཁོག་སྨད་བཤལ་ཞིང་ཡར་ལ་མི་ཐེག་པ་སྙམ་བྱེད། འགྲོ་འོང་གི་བར་དུ་ཟུག་ཅིང་ན་ན་ཐུར་སེལ་གྱི་རླུང་ཟིན་ཅིང་ཤིན་ཏུ་བདེ་བ་རྒྱས་པའི་རྟགས་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་སྨིན་ཕྲག་ཏུ་བདེ་བ་ལ་སེམས་གཏད། དེས་སྣ་རུས་སྤྱི་གཙུག་ན་བ་དང་། རྣ་བ་ན་ཞིང་སྒྲ་འུར་འུར་གྲགས་ན་གྱེན་རྒྱུའི་རླུང་ཟིན་ནས་བདེ་བ་རྒྱས་པའི་རྟགས་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་ལྟེ་བར་བདེ་བ་ལ་སེམས་གཏད། དེས་ལྟེ་བར་ཟུག་པ་དང་སྦོས་པ་སྙམ་བྱེད་ན་མི་མཉམ་གྱི་རླུང་ཟིན་ཅིང་བདེ་བ་རྒྱས་པའི་རྟགས་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་མགྲིན་པར་བདེ་བ་ལ་སེམས་གཏད། དེས་མ་མཆུ་སྤྲིད་ཅིང་སྐད་འགགས་པ་སྙམ་བྱེད་ན་ལྕེའི་དབང་པོ་ལ་གནས་པའི་རླུང་ཟིན་ཅིང་བདེ་བ་རྒྱས་པའི་རྟགས་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་སྙིང་གར་བདེ་བ་ལ་སེམས་གཏད། དེས་སྙིང་འཆུ་ཞིང་སྤྲུགས་པ་སྙམ་བྱེད་ན་སྙིང་ལ་གནས་པའི་རླུང་ཟིན་ཅིང་བདེ་བ་རྒྱས་པའི་རྟགས་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་ནོར་བུའི་དཀྱིལ་དུ་སེམས་གཏད། དེས་ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང་སྤྲིད་པ་སྙམ་བྱེད། ལུས་ཐམས་ཅད་ལ་བེར་བ་ལངས་ན་ཁྱབ་བྱེད་ཀྱི་རླུང་ཟིན་ཅིང་བདེ་བས་ལུས་རྒྱས་པ་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་བདེ་བ་ཉིད་རང་བཞིན་མེད་པར་བསྒོམ། དེ་ལྟར་བསྒོམ་པས་རྒོད་འདོད་པ་དང་། ཀུ་ཅོའ་སྒྲ་འདོན་སྙིང་འདོད་ན་བདེ་བ་ཤིན་ཏུ་རྒྱས་པ་ཡིན་ཏེ་བདེ་བ་ཤིན་ཏུ་མི་དམིགས་པར་བསྒོམ། དེ་ལྟར་བསྒོམས་པས་མྱོས་ཤིང་དྲན་པ་མེད་པར་གྱུར་ན་ཞི་གནས་ཤས་ཆེ་བ་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར་ཕྱི་ནང་གི་ཆོས་


J01,V001,P143A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་པས་སེལ་ལོ། །སྒོམ་རིམ་དེ་དག་ཆ་མཉམ་སྟེ་ཡང་ནས་ཡང་དུ་བསྒོམས་ཏེ་བར་མ་ཆད་པར་བསྐྱངས་པས་མཐར་ཕྱིན་པ་ན། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། དུ་བ་ལ་སོགས་པའི་རྟགས་ལྔ་མཐོང་། རིམ་པར་མཁའ་འགྲོ་མ་རྣམས་ཉམས་སད་པའི་ཕྱིར་འོད་ནས་གཟུགས་སྣ་ཚོགས་པར་སྟོན་པའི་ཚེ་རྒྱུད་ནས་གསུངས་པ་ལྟར་བརྡ་བསྟན་ལ་བར་ཆད་བསྲུང་། བརྡ་མི་ཤེས་ན་དེ་དག་ཐམས་ཅད་རྟོག་མེད་ཀྱི་ངང་དུ་བཞག་པས་རང་བཞིན་གྱིས་སེལ་ནས་མཁའ་འགྲོ་མས་བྱིན་གྱིས་བརླབ་པར་འགྱུར་རོ། །ལྔ་པ་གཉིས་སུ་མེད་པའི་རིམ་པ་ནི། ཡུལ་དང་ཤེས་པ་རང་བཞིན་མེད་པ་གཉིས་གཅིག་ཏུ་བསྲེས་ནས་བསྒོམ་པ་ཡིན་ཏེ། དེའང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་དང་སེམས་ལས་བྱུང་བར་འདུས་པའི་ཕྱིར། ཕྱི་རོལ་གྱི་ཡུལ་ལ་མི་རྟོག་ཅིང་ནང་གི་སེམས་ཀྱི་རྟོག་པ་ཅི་བྱུང་ཡང་ཐམས་ཅད་མི་དམིགས་པར་བཞག །ཡང་ཡུལ་དང་ཡུལ་ཅན་ཆུ་ལ་ཆུ་བཞག་པ་ལྟར་བདེ་བ་ཚོར་བ་ཐམས་ཅད་བདེ་སྟོང་དབྱེར་མེད། གསལ་བར་ཤར་བ་ཐམས་ཅད་གསལ་སྟོང་དབྱེར་མེད། མི་རྟོག་པར་ཐིམ་པ་ཐམས་ཅད་རིག་སྟོང་དབྱེར་མེད་དེ་མདོར་ན་ཡུལ་དང་ཤེས་པ་ཐམས་ཅད་གཉིས་སུ་མེད་པའི་ངང་དུ་ཅིར་ཡང་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམ་པ་མཐར་ཕྱིན་པས་མངོན་ཤེས་ལྔ་དང་འགྱུར་མེད་ཀྱི་བདེ་བ་ཆེན་པོ་རིམ་གྱིས་འཐོབ་པར་འགྱུར་རོ། །རིམ་པ་དེ་རྣམས་ཀྱིས་འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་སྟེ་སྔ་མ་རྣམས་ལ་བརྟན་པ་ཐོབ་ནས་ཕྱི་མ་རྣམས་ཚུལ་བཞིན་ཏུ་བསྒོམ་པའི་དབང་དུ་བྱས་པའོ། །དམིགས་པ་འདི་དག་ལས་དང་པོ་པས་ཚང་བར་བསྒོམ་ན་སོང་ཚོད་ལ་ཐམས་ཅད་རྒྱུད་ཀྱི་རིམ་པ་ཁོ་ནར་སོང་ཡང་རིམ་པ་ཕྱི་མ་གསུམ་གྱི་རྣམ་པ་ལམ་བྱེད་དང་མོས་སྒོམ་དུ་གྱུར་པ་ཡིན་ཅིང་། སོ་སོ་དང་རྗེས་མཐུན་གྱི་ཉམས་རྟོགས་ཀྱང་སྐྱེ་བ་ཡིན་ནོ། །འདི་ཉིད་གཙོ་བོ་གཏུམ་མོ་ལ་བརྟེན་ནས་རིམ་པ་བཞིའམ་ལམ་


J01,V001,P143B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྫོགས་པའི་ཕྱིར་གཏུམ་མོ་ལམ་རྫོགས་དང་། གཏུམ་མོ་ལམ་ལོང་ཞེས་གྲགས་ཤིང་། གཏུམ་མོ་ཞེས་པ་མ་རིག་པ་དང་ཉོན་མོངས་པའི་ཚང་ཚིང་ཡེ་ཤེས་ཀྱི་མེས་སྲེག་པར་བྱེད་པས་སྒྲ་ཡངས་པའི་དབང་དུ་བྱས་ན་རྫོགས་རིམ་སྤྱི་མིང་ཡིན་ཀྱང་། སྒྲ་དོགས་པར་བྱས་ཏེ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་ནང་གི་མེ་དམིགས་ལ་བརྗོད་ཅིང་། དེའི་གཙོ་བོ་འཁོར་ལོ་བཞི་པ་འདི་ཡིན་ཏེ། སྡོམ་པ་འབྱུང་བ་དང་། རྡོ་རྗེ་མཁའ་འགྲོ་དང་། ཁ་སྦྱོར་ཐིག་ལེ་རྣམས་ལས་གསལ་ཞིང་རྒྱས་པར་གསུངས་པའི་བསྒོམ་དོན་སྙིང་པོར་དྲིལ་བ་ཡིན་པས་ཁུངས་དང་དགོས་པ་ཤིན་ཏུ་ཆེ་བའོ། །གཉིས་སུ་མེད་པའི་རིམ་པ་ཉམས་སུ་བླངས་ནས་མཐར་ཕྱིན་པར་གྱུར་པ་དེའི་ཚེ་དཔལ་ཧེ་རུ་ཀ་དང་རྣལ་འབྱོར་མ་ལ་སོགས་པས་ཕྱག་རྒྱ་མོ་ལུང་བསྟན་པ་འབྱུང་བས་དེ་ཉིད་བཙལ་ཏེ་ཕྱག་རྒྱའི་ལམ་དང་ཟབ་མོའི་སྤྱོད་པ་ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པ་ཐོབ། དེ་ནས་བདེ་བ་ཆེན་པོའི་ཡེ་ཤེས་གོང་དུ་འཕེལ་བས་རྩ་མདུད་རྣམས་རིམ་གྱིས་གྲོལ་ཏེ་གནས་དང་ཉེ་བའི་གནས་ལ་སོགས་པའི་ས་བཅུ་གཉིས་པོ་བར་ཆད་མེད་པར་བདེ་བླག་ཏུ་བགྲོད་ཅིང་མཐར་ཐུག་སངས་རྒྱས་ཀྱི་ས་མངོན་ཏུ་བྱེད་པར་འགྱུར་རོ། །གསུམ་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། རྫོགས་པའི་སངས་རྒྱས་སྐུ་གསུམ་ཡན་ལག་བདུན་ལྡན་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་གོ་འཕང་མངོན་དུ་གྱུར་ཏེ་རང་དོན་མཐར་ཕྱིན་ནས་གཞན་གྱི་དོན་ཉི་མ་དང་འོད་ཟེར་བཞིན་འབད་རྩོལ་མི་དགོས་པ་ལྷུན་གྱིས་གྲུབ་པར་འགྱུར་རོ། །སྐུ་གསུམ་ལ་ཡན་ལག་བདུན་དང་ལྡན་པ་ནི། ཆོས་སྐུ་ལ་ཡན་ལག་གསུམ་སྟེ། རང་བཞིན་མེད་པ་དང་། རྒྱུན་མི་ཆད་པ་དང་། འགོག་པ་མེད་པ་སྟེ། དང་པོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་སོ། །གཉིས་པ་ནི་སྙིང་རྗེའི་སྟོབས་ལས་སོ། །གསུམ་པ་ནི་སྨོན་ལམ་གྱི་དབང་གིས་ཅིའང་འཆར་བའོ། །ལོངས་སྐུ་ལ་ཡན་ལག་གསུམ་སྟེ། ཁ་སྦྱོར་དང་། བདེ་ཆེན་དང་། ལོངས་སྤྱོད་རྫོགས་པ་སྟེ། དང་པོ་ནི་རང་འོད་ཤེས་རབ་


J01,V001,P144A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་ཆ་དང་འདུ་འབྲལ་མེད་པའོ། །གཉིས་པ་ནི་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བས་རྒྱུད་གང་བའོ། །གསུམ་པ་ཤིན་ཏུ་རྣམ་པར་དག་པའི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །སྤྲུལ་སྐུ་ལ་ཡན་ལག་གཅིག་སྟེ་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་ཞེས་བྱ་བ་དང་ལྡན་པར་གསུངས་སོ། །རིམ་པ་བཞི་ཡི་ཡོན་ཏན་ཀུན། །གཏུམ་མོའི་ལམ་གྱིས་རྫོགས་བྱེད་པ། །གསང་དོན་རྒྱ་མཚོའི་བཅུད་མཆོག་འདི། །ལས་སྐལ་ལྡན་རྣམས་སྤྱོད་པར་རིགས། །གྲུབ་པའི་སློབ་དཔོན་ནག་པོ་སྤྱོད་པའི་གདམས་ངག་གཏུམ་མོའི་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཁྲིད་ཀྱི་ལེའུ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།