Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་དྲུག་པ།  ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ།
   
   
   
   
   
   
   
  collapse section
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་དྲུག་པ། ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ།next

གདམས་ངག་མཛོད་པོད་དྲུག་པ།
ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ།


J01,V001,P091A
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།


J01,V001,P091B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། ནག་པོ་འཆི་བ་མེད་པ་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཡོན་པོ་སྲོང་བའི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་ནག་པོ་ཨུ་ཙི་ཏ་འཆི་བ་མེད་པའི་གདམས་པ་ཡོན་པོ་སྲོང་བའི་ཁྲིད་འཆད་པ་ལ་གཉིས། བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ཆེན་པོ་ནག་པོ་པ་ཡུལ་ཛ་ལན་དྷ་ར་ནས་སྤྱོད་པ་ལ་གཤེགས་པའི་ལམ་དུ་རྣལ་འབྱོར་མ་རྣམས་སྔོན་ལ་སོང་། སློབ་དཔོན་ཕྱི་ནས་བྱོན་ཏེ་གྲོང་ཁྱེར་ཆེན་པོ་ཞིག་གི་སྲང་ཁར་ཕེབས་པ་ན་མི་འགས་ཕན་ཚུན་གཏམ་གླེང་བ་ལ་གསན་པས། མི་གཅིག་གིས་ཁར་སེང་ཞག་འགའི་གོང་ནས་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ནམ་མཁའ་ལ་འགྲོ་བ། རྒས་པ་དང་འཆི་བ་མེད་པ་ཞིག་འདུག་ཟེར། དེ་གང་ན་འདུག་དྲིས་པས། །སྡོད་ས་ངེས་པ་མེད། རེས་ནི་བྲག་ཡ་ཀི་ལ་སྡོད། རེས་ནགས་ཆུང་དུ་མ་ཀི་ལའང་སྡོད་ཟེར་ནས་ནགས་ཆུང་དུ་ཞིག་བསྟན། སློབ་དཔོན་གྱིས་དེར་ཕྱིན་པས། མི་གཅེར་བུ་མདོག་ནག་པ། ལུས་ཆབ་རམ་ལྟ་བུ་ཞིག་


J01,V001,P092A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཞིང་འདུག་པ་མཐོང་ནས་མ་བརྟག་པར་ཕྱག་འཚལ་ཏེ་བདག་རྗེས་སུ་བཟུང་བར་ཞུ་ཞུས་པས། ངས་ཁྱོད་མི་འདུལ་བས་དེ་ལྟར་མ་བྱེད་གདམས་ངག་མ་ཞུ་ཟེར། དེར་ཁྱོད་ཀྱི་སློབ་དཔོན་སུ་ཡིན་དྲིས་པས། རྡོ་རྗེ་འཆང་གི་སློབ་མ་དབང་ཕྱུག་ཆེན་པོ་ཡིན། ང་དེའི་སློབ་མ་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ཡིན་ཟེར། དབང་ཕྱུག་དེ་ད་ལྟ་གང་ན་ཡོད་བྱས་པས། ས་འོག་རིམ་པ་དགུ། རི་རབ་ཀྱི་ཁང་གསེང་ན་ཨུ་མ་དང་སྙོམས་པར་ཞུགས་ནས་ཡོད་ཟེར། ནམ་ཙམ་ལྡང་བྱས་པས། སངས་རྒྱས་སྟོང་རྩ་གཉིས་རྫོགས་པ་དང་ལྡང་ཟེར། འོ་ན་ཁྱོད་ཀྱི་གདམས་ངག་དེ་སངས་རྒྱ་བའི་ལམ་དུ་འདོད་དམ་མི་འདོད་བྱས་པས། སངས་རྒྱ་བའི་ལམ་དུ་འདོད་ཟེར། འོ་ན་ཅིས་ཀྱང་རྗེས་སུ་བཟུང་བར་ཞུ་བྱས་པས། དེ་ལྟར་ན་ངའི་གདམས་ངག་འདི་ལྟར་ཡིན་ནོ། །ཁྲོ་བོའི་གཟུགས་ཀྱིས་རླུང་བཟུང་ན། །སྐྲ་དཀར་གཉེར་མ་རྣམས་སྤངས་ཏེ། །རྒས་དང་འཆི་བ་ལས་གྲོལ་ནས། །ནམ་མཁའ་བཞིན་ཏུ་འཆི་མེད་འགྱུར། །ཅེས་པའི་ཚིགས་བཅད་འདི་གསུངས་སོ། །འདིའི་དོན་ནི་ཡོན་པོ་སྲོང་བའི་གདམས་ངག་ཅེས་བྱ་བ་ཡིན་ཏེ། རྩ་ཡོན་པོ་རོ་རྐྱང་གཉིས། རླུང་


J01,V001,P092B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་པོ་ལྡང་འཇུག་གཉིས། ཐིག་ལེ་ཡོན་པོ་ཁུ་ཁྲག་གཉིས་རྣམས་ཡིན་ལ། དེ་རྣམས་སོང་བ་ནི་དབུ་མར་འཛུད་པ་སྟེ། དེ་ལྟར་ཚུད་པས་རྩ་རླུང་བྱང་ཆུབ་ཀྱི་སེམས་འཆིང་ནས་སངས་རྒྱས་བགྲོད་པའི་མྱུར་ལམ་མཆོག་ཏུ་འགྱུར་བ་ཡིན་ནོ། །དེའི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་། དབང་ཕྱུག་ཆེན་པོ། ནག་པོ་ཨུ་ཙི་ཏ་འཆི་བ་མེད་པ། ནག་པོ་སྤྱོད་པ་པ། ཤྲཱི་དྷ་ར། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ། རྗེ་བཙུན་གོང་མ་ལྔ་སོགས་ནས་རིམ་པར་བརྒྱུད། སྨིན་གྲོལ་གྱི་བཀའ་བབས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་ཏུ་སྩལ་བའོ། །གཉིས་པ་གདམས་ངག་ཉམས་སུ་བླང་བའི་རིམ་པ་ནི། ཐོག་མར་ཉི་མ་འགའ་ཤས་ལ་སྤྱོད་ལམ་དལ་བར་བསྡད་ལ་བཀུ་མཉེ་བྱ། དེ་ནས་བསྒོམ་པ་ལ་འཇུག་པའི་ཚེ་སྟན་བདེ་བར་བསྡད་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་སྤྱི་ལྟར་བྱ། རྩ་བའི་བླ་མ་སྤྱི་བོར་བསྒོམ། མོས་གུས་དྲག་ཏུ་བྱ་ཞིང་གསོལ་འདེབས་ཀྱི་ཚིག་ལན་གྲངས་མང་དུ་བརྗོད། རང་ཉིད་ཡི་དམ་གང་ལ་བྱེད་པའི་ལྷའི་སྐུར་ལམ་གྱིས་དྲན་པར་བྱ། ལུགས་སྲོལ་འདི་དང་བསྟུན་ན། སྐྱབས་ཡུལ་ཐུན་མོང་མ་ཡིན་པ་བླ་མ་དང་གཉིས་སུ་མེད་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པར་གསལ་གདབ། དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཏུ་ཤེས་པར་བྱས་ནས་བྱང་ཆུབ་བར་དུ་སྐྱབས་གནས་ཞུ་བའི་འདུན་པ་དྲག་པོས་སྐྱབས་འགྲོ་ལྔ་བསྐོར་གྱི་ཚིག་བརྗོད། མཐར་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་མོས། ཕ་མར་གྱུར་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁྲུལ་པའི་དབང་གིས་འཁོར་བ་ན་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བ་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་བདག་གིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེ་ཉིད་འཐོབ་བྱེད་ཀྱི་


J01,V001,P093A
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ཡང་ཡང་བརྗོད། རང་གི་སྤྱི་བོར་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན། དེའི་སྟེང་དུ་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་མཐིང་སྔོན་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་ཤེས་པའི་མོས་གུས་དྲག་པོས་གསོལ་འདེབས་ཇི་ལྟར་འོས་པ་དང་། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཅེས་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མོས་གུས་དྲག་པོས་ལན་དུ་མར་གསོལ་བ་བཏབ། མཐར་བླ་མ་ཉིད་འོད་ཀྱི་རང་བཞིན་ཏུ་ཞུ་ནས་རང་ལ་ཐིམ་པས་བྱིན་རླབས་ཞུགས། དབང་བཞི་ཐོབ། དྲི་མ་བཞི་དག །ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་བླ་མ་སྐུ་བཞིའི་བདག་ཉིད་དུ་གྱུར་པར་མོས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་བཞག །ལྷའི་རྣལ་འབྱོར་དྲན་པ་ནི། ཧཱུྃ་ཞེས་བརྗོད་པས་གནས་ཁང་སྲུང་བའི་འཁོར་ལོར་གྱུར། ཡང་ཧཱུྃ་བརྗོད་པས་དེའི་ནང་དུ་གཞལ་ཡས་ཁང་ལམ་གྱིས་གསལ། ཡང་ཧཱུྃ་བརྗོད་པས་དེའི་དབུས་སུ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་ལ། བདག་ཉིད་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་མཐིང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཐོད་པ་བསྣམས་པ། གྲུ་མོ་ན་བདག་མེད་མའི་


J01,V001,P093B
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཁ་ཊྭཱཾ་ག་ལ་འཁྱུད་པ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་དཀར་དམར་མཐིང་གསུམ་གྱིས་མཚན་པར་གསལ་གདབ་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པ་ནི་སྔོན་དུ་འགྲོ་བའོ། །དེ་ནས་དངོས་གཞི་རྩ་བ་ལས། ཁྲོ་བོའི་གཟུགས་ཀྱིས་རླུང་བཟུང་ན། །ཞེས་གསུངས་པའི་དོན། ལུས་གནད་སྐྱིལ་ཀྲུང་ལེགས་པར་བཅའ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། པུས་མོ་གཉིས་ཀྱི་སྟེང་དུ་བཞག །མིག་གཉིས་མི་འཛུམ་པར་གྱེན་ལ་ལྡོག །ལྕེ་ཡ་རྐན་ལ་སྦྱར། སོ་རྣམས་བསྒྲིགས་ལ་ཁ་བསྒྲད། དེ་ནས་སྟེང་རླུང་རྔུབས། འོག་རླུང་འཐེན། ལྟེ་འོག་ཏུ་ཁ་སྦྱར། ལྟོ་བ་ཚིགས་པ་ལ་གཅེར། ལག་པ་གཉིས་པུས་མོའི་སྟེང་ནས་ཡར་ལ་རིམ་གྱིས་གྲུ་མོ་པུས་མོར་སླེབ་པར་ཤུགས་བསྐྱེད་ལ་བཏང་། ལུས་ཐམས་ཅད་བསྒྲིམས་ཏེ་ཤུགས་དྲག་པོས་ཉ་སུལ་ཐོན་པ་ཙམ་དུ་བྱས་པས་རླུང་ཐམས་ཅད་འཆིང་བར་འགྱུར། དེ་ལྟར་ལན་ཉི་ཤུ་རྩ་གཅིག་ཙམ་རེ་བྱ། དེ་ནས་སྦྱོར་བ་ཀློད་ལ་སེམས་གསལ་སྟོང་ངོས་བཟུང་ལ་བཞག །ཡང་སྔ་མ་བཞིན་རྩོལ་བ་དྲག་ཏུ་བྱ། ལན་ཉེར་གཅིག་སོང་ནས་ཀློད་ལ་བཞག་པ་དང་སྤེལ་མར་བྱས་ཏེ་ཐུན་གྲངས་དང་ཐུན་ཚོད་མེད་པར་ཇི་ཙམ་ནུས་པར་བསྐྱར་ནས་འབད་དོ། །དེ་ལྟ་བུའི་འཁྲུལ་འཁོར་དྲག་ཏུ་སྦྱོང་བའི་ཚེ་སྙིང་ཚ་ལམ་ལམ་པ་དང་། མགོན་པ་སྙམ་བྱེད་པ་བྱུང་ནས་སྦྱོར་བ་ཀློད། དེས་མ་ཞི་ན་འོ་དོད་འབོད་པ་དང་ཁ་ཟས་ཐོས་པས་ཞི་བར་འགྱུར་རོ། །ཇི་ཙམ་ན་ལུས་ཀྱི་འཁྲུལ་འཁོར་བྱས་མ་ཐག་ཏུ་གསལ་སྟོང་གི་ཏིང་ངེ་འཛིན་ཏུ་ངང་པས་འགྲོ་བ་བྱུང་ན་འཁྲུལ་འཁོར་མཐར་ཕྱིན་པ་ཡིན་པས་དེ་བརྟན་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་ཁ་བསྒྱུར་ལ་བསླབ་པ་ནི། ལག་པ་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་འཕྱར། རླུང་སྔར་བཞིན་ཁ་སྦྱར་ལ་བཟུང་ཞིང་ལུས་སྔར་བཞིན་བསྒྲིམ། ཡང་དེ་


J01,V001,P094A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གོ་ལྡོག་སྟེ་ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡོན་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་ཕྱར། རླུང་དང་ལུས་བསྒྲིམ་པ་སྔར་བཞིན་བྱས་ལ་སྦྱོང་། ཡང་ལག་པ་གཡས་གཡོན་གཉིས་ཀྱིས་གཞུ་འགེངས་པའི་ཚུལ་བྱས་ལ་སྔ་མ་བཞིན་ཏུ་སྦྱོང་། ཡང་ལག་པ་གཉིས་ནམ་མཁའ་ལ་ཕྱར་ཏེ་རླུང་དང་ལུས་བསྒྲིམས་ལ་སྔར་བཞིན་བྱས་ལ་བསྒོམ། ཡང་ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཅིངས་ལ་རླུང་ཁ་སྦྱོར་བཟུང་། ལུས་བསྒྲིམ་ལ་བསྒོམ། དེ་དག་རྣམས་ཀྱི་བར་དུའང་སྦྱོར་བ་ཀློད་ལ་གསལ་སྟོང་དུ་འཇོག་པ་རེས་མོས་བྱ། དེ་ལྟར་འཁྲུལ་འཁོར་དེ་དག་གང་བཅིངས་ཀྱང་བརྗོད་བྲལ་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་ཤུགས་ཀྱིས་སྐྱེས་ན་མཐར་ཕྱིན་པའི་ཚད་ཡིན་ནོ། །འདི་དག་རྒྱུན་རིང་དུ་བསྒོམས་པས་སྐྲ་དཀར་དང་གཉེར་མ་སྤང་བར་འགྱུར་ཞིང་གལ་སྲིད་དེ་དག་བྱུང་ན་གང་བྱུང་སར་མཆིལ་མ་བྱུགས་ལ་མཉེ། དེས་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །དེ་དག་མཐར་ཕྱིན་པར་གྱུར་པ་ན་ཟས་ལ་གཙང་དམེ་མེད་པར་སྤྱོད་པ་སོགས་ཀུན་འདར་གྱི་སྤྱོད་པ་ལ་རིམ་གྱིས་བསླབས་པས་མངོན་པར་ཤེས་པ་ལྔ་དང་། ནམ་མཁའ་ལ་འགྲོ་བ་དང་། འཆི་བ་མེད་པར་འགྲུབ། དེའི་ཚེ་ཀུན་ཏུ་བཟང་པོའི་སྤྱོད་པས་བོགས་དབྱུང་བས་ས་རྣམས་རིམ་པར་བགྲོད་ནས་སངས་རྒྱས་ཀྱི་ས་མཆོག་མངོན་ཏུ་བྱེད་པར་འགྱུར་རོ། །འདིའི་སྐབས་སུ་འབྱུང་བ་ལུས་འཁྲུགས་ཀྱི་གེགས་དང་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་རྣམས་ནི་རང་ཞི་བར་འགྱུར་བས་གེགས་སེལ་ཟུར་དུ་མི་དགོས་ལ། ཕྱི་རོལ་བདུད་བཞིའི་བར་ཆད་བྱུང་ན། ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་པ་སྤྱད་པས་རང་ཞི་བར་འགྱུར་རོ། །དེ་ལ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཏུ་ཐོབ་པར་འགྱུར་ཏེ། ཆོས་སྐུ་ནི་ངོ་བོ་ཉིད་མེད་པའི་ཡན་ལག་དང་ལྡན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཁ་སྦྱོར་དང་། བདེ་བ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པ་གསུམ་དང་ལྡན་


J01,V001,P094B
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྤྲུལ་པའི་སྐུ་ནི། སྙིང་རྗེ་ཆེན་པོ། རྒྱུན་མི་འཆད་པ། འགོག་པ་མེད་པ་གསུམ་དང་ལྡན་པ་སྟེ་དེ་ལྟར་རང་དོན་ཆོས་ཀྱི་སྐུ་མངོན་ཏུ་གྱུར་ནས། གཞན་དོན་གཟུགས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་རྣམ་པ་གཉིས་ཀྱིས་འཁོར་བ་ཇི་སྲིད་དུ་གཞན་དོན་རྒྱུན་མི་འཆད་པར་འབྱུང་བར་འགྱུར་རོ། །བློ་གྲོས་གསེར་གྱི་ཡོལ་གོ་རུ། །གདམས་ཟབ་བདུད་རྩིའི་བཅུད་འཁྱིལ་བ། །མཐའ་ཡས་སྐྱེ་རྒུའི་གདུང་སེལ་སླད། །ཟེགས་མ་ཙམ་ཞིག་འདིར་སྤྲོས་སོ། །ཨུ་ཙི་ཏ་འཆི་བ་མེད་པའི་གདམས་ངག་རྩ་རླུང་ཐིག་ལེ་ཡོན་པོ་སྲོང་བའི་ཁྲིད་ཀྱི་ལེ་ཚན་འདིའང་ཀུན་མཁྱེན་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་དྲུག་པ། ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ།next