Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
གདམས་ངག་མཛོད་པོད་བདུན་པ།  རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ།
   
   
   
   
   


 
previousགདམས་ངག་མཛོད་པོད་བདུན་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ།next

གདམས་ངག་མཛོད་པོད་བདུན་པ།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ།


LT16_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


LT16_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་ཞབས་ལ་ཕྱག་འཚལ་ལོ། །རྗེས་སུ་རབ་ཆགས་པད་རཱཀ་ལྷུན་པོ་ལ། །ཉི་མ་བྱེ་བས་འཁྱུད་པའི་གཟི་མདངས་ཀྱིས། །འཁོར་འདས་བརྟན་གཡོ་དབང་དུ་བྱེད་པ་ཡི། །བདེ་ཆེན་དགྱེས་རོལ་བླ་མ་རྣལ་འབྱོར་མར། །གུས་པས་བཏུད་ནས་སྙན་བརྒྱུད་ཀྱི། །བརྡ་དབང་ཟབ་མོས་དབང་རྣོན་གྱི། །སྐལ་ལྡན་རྗེས་སུ་འཛིན་པའི་ཚུལ། །ཁུངས་གཙང་བཀླག་ཆོག་ཡི་གེར་སྤེལ། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ནང་ཟབ་མོ་བརྡ་ཙམ་གྱིས་དབང་རྣོན་སྐལ་པ་དང་ལྡན་པའི་རྒྱུད་ལ་རྡོ་རྗེ་ཡེ་ཤེས་ཀྱི་དབང་བཞིའི་དགོངས་པ་ངོ་སྤྲོད་པར་བྱེད་པའི་གསང་ལམ་རྨད་དུ་བྱུང་བ་རྡོ་རྗེ་འཆང་གིས་རབ་ཏུ་ཕྱེས་པའི་ལམ་སྲོལ་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་གྲུབ་ཐོབ་གོང་མ་དག་གི་དགོངས་བཅུད་རྨད་དུ་བྱུང་བའི་སྒོ་ནས་གཞན་རྗེས་སུ་འཛིན་པར་བྱེད་པ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། གནས་དབེན་པར་ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་གནས་ཁང་རྒྱན་དང་བཀོད་པས་མཛེས་པར་བརྒྱན་པའི་གུང་དུ་རྟེན་བཀྲམ་པའི་མདུན་སྟེགས་བུ་ཁེབས་ལྡན་སྟེང༌། རས་ཆུང་སྙན་བརྒྱུད་ཡུམ་བཀའི་དབང་བསྐུར་རྒྱས་པ་དང་རྗེས་སུ་འབྲེལ་ན་དེ་ཉིད་ཀྱི་ལུགས་ལྟར་དཀྱིལ་འཁོར་གསུམ་བཀོད། འདི་ཉིད་ལ་སྒེར་དུ་དགོས་པའི་བརྡ་དབང་གི་ཆས་བྲིས་འབུར་སོགས་གང་བདེར་བཀོད་པས་འཐུས་ཤིང༌། འདི་ཉིད་ཁོལ་འདོན་དུ་བྱས་སྐབས་ཀྱང་རྡུལ་ཚོན་རས་བྲིས་གང་རུང་རྡོ་རྭ་མེ་རིས་


LT16_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་ཆོས་འབྱུང་ནང་དུ་པདྨ་འདབ་བཞིའི་མཐར་དུར་ཁྲོད་ཀྱིས་བསྐོར་བ་བྲི། བསྡུ་ན་མཎྜལ་ཚོམ་བུས་ཀྱང་འཐུས། དེའི་སྟེང་དུ་མཉྫི་ཁར་ཐོད་པ་མཚན་ལྡན་བདུད་རྩི་རིལ་བུ་དང་སྦྱར་བའི་མྱོས་བྱེད་བླུགས་ལ་དར་དམར་གྱི་བཀབ་དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞི། ལྟེ་བར་ཧྲཱིཿ དེའི་མཐར་ཨོཾ་གསུམ་མ་གཡོན་བསྐོར། འདབ་བཞི་ལ་ཧ་རི་ནི་སས་བསྐོར་བ་བྲིས་ཤིང་བཀོད། བརྡ་དབང་ཆས་མདའ་གཞུ། ཕག་མགོ ཐོད་པ། རྒྱ་གྲམ་བཅས་བྲིས་འབུར་གང་རིགས་ཕྱོགས་གང་བདེར་བཞག །དཀྱིལ་འཁོར་མདུན་ནས་བརྩམས་མཆོད་ཡོན་དང་ཉེར་སྤྱོད་རྣམས་གཡོན་བསྐོར་དུ་བཤམས། མདུན་དུ་ནང་མཆོད་ཀ་པཱ་ལར་བདུད་རྩི་རིལ་བུ་དང་སྦྱར་བའི་ཆང་དང༌། རྒྱབ་ངོས་སུ་འབུལ་གཏོར་བཟའ་བཅའ་བཟང་དགུའི་བརྒྱན་པ་བཤམ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་ཀྱང་འདུ་བྱ། གཞན་ཡང་སྔོན་གཏོར། ལས་བུམ། སྦྱར་སྤོས། རང་ཉིད་ཀྱི་མདུན་དུ་རྡོར་དྲིལ། ཌ་མ་རུ། ནང་མཆོད་སོགས་ཚོགས་པར་བྱའོ། །ཉམས་ལེན་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་བདུད་རྩི་བྱིན་རླབས། སྔོན་གཏོར། སྲུང་འཁོར། མཆོད་པ་བྱིན་རླབས། སྐྱབས་སེམས་སོ། །དང་པོ་ནི། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བར་གྱུར། ཨོཾ་ཁཎྜ་རོ་ཧེས་


LT16_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

བསང༌། སྭ་བྷཱ་ཝས་སྦྱངས། དམ་ཚིག་རྫས་རྣམས་མི་དམིགས་གྱུར་པ་ལས། །ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས། །བ་དན་གཉིས་ཀྱིས་མཚན་པ་དེ་ཡི་སྟེང༌། །རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར། །ཟུར་གསུམ་རཾ་གྱིས་མཚན་པ་དེ་ཡི་སྟེང༌། །ཀཾ་ལས་མི་མགོའི་སྒྱེད་པོ་གསུམ་ལ་གནས། །ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང༌། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༌། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔས། །ཡོངས་སུ་གང་བའི་སྟེང་དུ་ཨ་ཡིག་ལས། །ཟླ་བའི་དཀྱིལ་འཁོར་ཁ་ཆོད་ཚུལ་དུའོ། །དེ་སྟེང་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན། །སྔོ་དམར་དཀར་བའི་ཧཱུྃ་ཨཱཿཨོཾ་ཡིག་ནི། །མགོ་བོ་འོག་ཏུ་ཕྱོགས་ལས་འོད་འཕྲོས་པས། །རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བ་ཡི། །རླངས་པས་ཟླ་བ་ཞུ་ཞིང་འདྲེས་པ་དང༌། །རང་གི་སྙིང་གའི་འོད་ཟེར་ཧཱུྃ་ལ་ཕོག །བདུད་རྩིར་ཞུ་དང་འདྲེས་པས་ཁ་དོག་སྔོ། །ཨཱཿཡིག་ཞུ་བས་ཉི་མ་འཆར་ཁ་བཞིན། །ཨོཾ་ཡིག་ཞུ་བས་ཟླ་ཞུན་མདོག་ཏུ་སྣང༌། །ཨོཾ་ཨཱཿཧཱུྃ། རྡོ་རྗེས་ལན་གསུམ་དཀྲུགས་པས་དྲི་རོ་རེག །སྐྱོན་རྣམས་བསལ་ཏེ་ནུས་པ་ཕུན་ཚོགས་བྱས། །ལྟེ་བའི་ས་བོན་འོད་ཀྱིས་ཡེ་ཤེས་ཀྱི། །བདུད་རྩི་བཀུག་སྟེ་རོ་གཅིག་འདྲེས་པར་གྱུར། །ཅེས་ནང་མཆོད་བྱིན་གྱིས་བརླབས་ནས་མཐེབ་སྲིན་གྱིས་མྱང་སྟེ་ཁ་དག་པར་བྱས། གཉིས་པ་སྔོན་གཏོར་ནང་མཆོད་ལྟར་བྱིན་རླབས་བྱས་ནས། འབར་བའི་རྒྱས་ཕེཾ་ཕེཾ་ཕེཾ་གྱིས་མགྲོན་རྣམས་སྤྱན་དྲངས་ལ། པད་སྐོར་རྡོར་ཐལ་ཁ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་སོགས་གསུམ་གྱིས་ཕུལ་ནས། ཞིང་སྐྱོང་ཆེན་པོ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་ཕྲིན་ལས་བཅོལ་ཏེ་གཏོར་མ་ཕྱི་རོལ་དུ་དོར། གང་དག་ནག་པོའི་ཕྱོགས་གྱུར་པ། སོགས་ནས་ཧཱུྃ་བཞིའི་སྔགས་བཅས་ནག་ཕྱོགས་བསྐྲད་དོ། །གསུམ་པ་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེས་སུ་གྱུར་པར་བསམ། བཞི་པ་ནི། ནང་མཆོད་འཐོར།


LT16_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཁཎྜ་རོ་ཧེས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ནག་པོའི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་ཞིང་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨཱརྒྷཾ་ནས། ཤབྡའི་བར་གྱིས་བྱིན་བརླབ། ལྔ་པ་ནི། བདག་སོགས་འགྲོ་བ་ནམ་མཁའི་སོགས་སྐྱབས་འགྲོ་དང༌། སངས་རྒྱས་ཆོས་ཚོགས་སོགས་ཀྱིས་སྐྱབས་སེམས་ལན་གྲངས་གང་ནུས་བྱ། གཞན་ཡང༌། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་ས་བོན་གྱིས་ཚོགས་ཞིང་རྣམས་སྤྱན་དྲངས་པར་བསམ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་ལན་གསུམ་བྱ། མཐར། ཚོགས་ཞིང་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྒོམ་པ་སོགས་བསོད་ནམས་ཀྱི་ཚོགས་བསགས་པ་སྟེ་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། མདུན་བསྐྱེད་ཐོད་པ་སྒྲུབ་པ་དང་བཅས་པའི་མཐར་དབང་བསྐུར་བའོ། །དང་པོ་ནི། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར་ཅེས་དབང་བཞི་པའི་དོན་ལ་མཉམ་པར་བཞག་པ་ཡེ་ཤེས་ཀྱི་ཚོགས་གསོག །སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་ཞིང་གདེངས་ཀ་ཆེ་བ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་གྱུར། སླར་འདུས་ཏེ་ཧྲཱིཿལ་


LT16_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་རབ་ཏུ་དམར་ཞིང་ཉི་མ་འབུམ་གྱི་འོད་ཟེར་འཕྲོ་བ། སྤྱན་གསུམ་ཁྲོ་ཞིང་འཛུམ་པའི་ཉམས་དང་ལྡན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་ནག་པོ་དང༌། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་མནན་པ། དབུ་སྐྲ་ནག་པོའི་ཚོགས་སིལ་བུར་གྲོལ་བ་ལ་ཐོད་སྐམ་ལྔའི་དབུ་རྒྱན་དང་ལྡན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་ཞིང་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ཐུར་དུ་བརྐྱང་བས་གདུག་པ་ཅན་ལ་བསྡིག་པ། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་རྡོ་རྗེའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང༌། དྲིལ་བུ་དར་དཔྱང་གིས་སྤྲས་པ་བསྣམས་པ། ལང་ཚོ་ཕུན་སུམ་ཚོགས་ཤིང་གཟི་བརྗིད་དང་ལྡན་པ། བསྐལ་པ་འཇིག་དུས་ཀྱི་མེ་ལྟར་འབར་བའི་ཕྲེང་བ་འཁྲུགས་པའི་དབུས་ན་བཞུགས་པའི་ལྟེ་བར་ཨོཾ་བྃ་དམར་པོ་ལས་རྡོ་རྗེ་ཕག་མོ་དམར་མོ། །སྙིང་གར་ཧྃ་ཡྃ་སྔོན་པོ་ལས་གཤིན་རྗེ་མ་སྔོན་མོ། །ཁར་ཧྲཱིཾ་མྃ་དཀར་མོ་ལས་རྨོངས་བྱེད་མ་དཀར་མོ། །མགོ་བོར་ཧྲིཾ་ཧྲིཾ་སེར་པོ་ལས་སྐྱོང་བྱེད་མ་སེར་མོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་ལས་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཀ་ལས་ཙཎྜི་ཀ་དུད་ཁ། ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་པོ་སོགས་ནས། བྱང་དུས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿའི་འོད་ཟེར་གྱིས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ཨཱརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་


LT16_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། པར་བསམ་ལ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧི་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། ཨོཾ་པཉྩ་ཨ་མྲྀ་ཏ་སྭ་དཱ་ནཾ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ནང་མཆོད་འབུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས་ཤློ་ཀ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤློ་ཀ་དང༌། བདེ་བ་ངང་རིག་མ་སྐྱེས་པ། །ཇི་བཞིན་ཉིད་དུ་རྟོགས་གྱུར་པས། །གཞན་དོན་མཐར་ཕྱིན་མཛད་པ་ཡི། །རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་རྟོག་འཆིང་བ་གཅོད་མཛད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་པའི། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྐུ་ལ་གཉིས་མིད་འཁྲིལ། །ཟག་མེད་བདེ་བ་སྐུ་ཉམས་བསྟར། །སེམས་ཅན་རྣམས་ལ་བདེ་སྟེར་མ། །ཕག་མོའི་སྐུ་ལ་ཕྱག་འཚལ་འདུད། །ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། །སོགས་ཤློ་ཀ་ཀྱང་བསྟོད། བཟླས་པ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་སྔགས་ཕྲེང་གཡོན་བསྐོར་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དེ་དག་གི་ཡེ་ཤེས་བདག་གི་རྒྱུད་ལ་ཞུགས། སྡིག་སྒྲིབ་ཐམས་ཅད་དག །ཚེ་བསོད་དཔལ་འབྱོར་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར། ཞེས་དམིགས་ལ། སྙིང་པོ་ཨོཾ་གསུམ་མ་དང༌། ཉེ་སྙིང༌། ཨོཾ་ཧྲཱིཿཧཱུྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། སྣོད་བཅུད་ཐམས་ཅད་འོད་གསལ་བདེ་བ་ཆེན་པོའི་ངང་དུ་གྱུར་ཅེས་སྟོང་ཉིད་དུ་བཅུག །སླར་ཡང་ཟུང་འཇུག་ལྷན་ཅིག་སྐྱེས་མའི་སྐུར་གསལ་བར་བལྟའོ། །གཉིས་པ་མདུན་བསྐྱེད་དཀྱིལ་འཁོར་དང་མེ་ལོང་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བསང་བ་དང༌། ཟླུམ་བསྐོར་


LT16_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆོས་འབྱུང་རྣམས་བྱ། ཧྲཱིཿཧ་རི་ནི་ས། ཆོས་འབྱུང་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་གཙོ་འཁོར་ལྔ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་ཐུགས་ཀའི་ས་བོན་ཡི་གེ་ལྔ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཕྲེང་གི་རྣམ་པར་སྤྱན་དྲངས་ནས་མེ་ལོང་གི་སྔགས་འཁོར་ལ་ཐིམ་པར་གྱུར། ཅེས་བསམ་ལ། ཨོཾ་གསུམ་མ་ཅི་ལྟར་རིགས་པ་བཟླའོ། །ཐེད་པ་སྒྲུབ་པ་ནི། ཨོཾ་ཨཱཿཧཱུྃ། ཧྲཱིཿཧ་རི་ནི་ས། རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཆོས་འབྱུང་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་ཡི་གེ་ལྔས་མཚན་པར་གྱུར། པར་དམིགས་པ་དང་བཅས་ཨོཾ་གསུམ་མ་ཅི་རིགས་བཟླས། མཐར་ལག་པ་གཡོན་དུ། ཧྲཱིཿཧ་རི་ནི་ས། ཆོས་འབྱུང་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་གཙོ་འཁོར་ལྔ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཉེར་སྤྱོད་ལྔས་མཆོད། ལག་པ་ལྷའི་དཀྱིལ་འཁོར་བདུད་རྩིར་ཞུ་བ། ཐོད་པ་སྔགས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པ་ལས་ངོ་བོ་ལྷ་དང་སྔགས་ཀྱི་རང་བཞིན་རྣམ་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། པར་བསམ་ལ། ཨོཾ་ཨཱཿཧཱུྃ་གསུམ་བརྗོད། སྲིན་ལག་གིས་བླངས་ཏེ་རང་དང་ཕྱོགས་མཚམས་མཆོད་རྫས་ལ་འཐོར་ཞིང༌། དྲྭ་གུར་དང༌། བ་སྤུའི་བུ་ག་རྣམས་མཁའ་འགྲོ་མའི་ཚོགས་དང༌། བདུད་རྩིར་གྱུར། པར་བསམ་ཞིང་ཨོཾ་གསུམ་མ་ལན་གསུམ་བརྗོད། ཨོཾ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བརྒྱུད་པའི་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཞལ་དུ༴ འབྲུ་གསུམ་བརྗོད་པས་རང་གིས་མྱང༌། གོང་ལྟར་མཆོད་བསྟོད་མདོར་བསྡུས་བྱ། གཏོར་


LT16_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནང་མཆོད་ལྟར་བྱིན་གྱིས་བརླབ་ལ། ཕེཾ་གསུམ་གྱིས་གཏོར་མགྲོན་སྤྱན་དྲངས་ལ། ན་མོ་རཏྣ་གུ་རུ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བླ་མ་དང༌། ཨོཾ་གསུམ་མའི་མཐར་ཨི་དཾ་སོགས་བརྟགས་པས་བཅོམ་ལྡན་འདས་མ་ལ་སྟེ་ལན་གསུམ་རེས་འབུལ། མཆོད་བསྟོད་མདོར་བསྡུས་བྱའོ། །དེ་ནས་སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་བདག་ཉིད་ཀྱི་དམིགས་པའི་ཏིང་ངེ་འཛིན་གྱིས་བླང་བར་བྱ་བ་ཡིན་ནོ། །སློབ་མ་ལ་དབང་བསྐུར་བའི་ཚུལ་ནི། ལས་བུམ་དུ་ཁཎྜ་རོ་ཧེ་བསྐྱེད་བཟླས་འོད་ཞུ་བྱས་པའི་ཆུས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་ཞིང༌། སྔོན་གཏོར་སྲུང་མཚམས་གོང་དུ་སྨོས་པ་བཞིན་བཏང་ནས་མེ་ཏོག་བཀྱེ་བསྡུ་གྲུབ་པ་དང་བསམ་པ་འཆོས་པའི་ཆོས་བཤད་ཇི་ལྟར་རིགས་པའི་མཐར་ལོ་རྒྱུས་ཀྱི་དེས་ཤེས་བསྐྱེད་པ་ནི། འདིར་མ་རྒྱུད་མཐའ་དག་གི་ཡང་སྙིང་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ཡུམ་བཀའི་དཀྱིལ་འཁོར་རྣལ་འབྱོར་གསང་མཐའི་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་སྙིང་ཟབ་པ་ལས་ཀྱང་ཆེས་ཟབ་པ་སྟེ། སྤྱིར་སངས་རྒྱས་ཐམས་ཅད་སྐྱེད་མཛད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྡོ་རྗེ་སྙེམས་མ་དང༌། སྣ་ཚོགས་ཡུམ་བདག་མེད་མ། རྡོ་རྗེ་ཕག་མོ་སོགས་མཚན་དང་སྐུའི་རྣམ་འགྱུར་མཐའ་ཡས་པ་ལས་འདིར་རྡོ་རྗེ་ཕག་མོ། །དེ་ལའང་རྒྱུད་གཞུང་སོ་སོའི་རྗེས་སུ་འབྲངས་བའི་སྒྲུབ་ཐབས་དུ་མའི་ནང་ན་ཁྱད་པར་དུ་འཕགས་པའི་བཀའ་བབས་ཀྱི་ཆུ་བོ་ཐམས་ཅད་གཅིག་ཏུ་འདྲེས་པ་སྟེ། དང་པོ་ཁྱབ་བདག་རྡོ་རྗེ་འཆང་དང་འཁོར་ལོའི་དབང་མོ་དབྱེར་མེད་པས་བྲམ་ཟེ་ཆེན་པོ་སང་ཧ་རྗེས་སུ་བཟུང༌། དེ་ནས་ཤ་བ་ར། ཀོར་ནི་རུ་བ། ཙང་ངུ་པ། འགར་སྔགས་ནན་ནས་རྗེ་སྒམ་པོ་པ་ལ་བརྒྱུད་པ་ཞལ་གཉིས་མའི་ཕྱོགས་དང༌། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་མངའ་བདག་མཻ་ཏྲི་པ། དེས་རྗེ་བཙུན་ཆོས་ཀྱི་བློ་གྲོས་བརྡའི་དབང་ཟབ་མོས་སྨིན་པར་མཛད་པ་ནི་རྡོ་རྗེའི་མགུར་ལས་གསལ་བར་གསུངས་པ་ལྟར་རིམ་པས་བརྒྱུད་པ་ཞལ་གཉིས་མའི་ཉེ་བརྒྱུད་དང༌། དྲུག་པ་རྡོ་རྗེ་འཆང་ཆེན་པོས་དཔལ་ཏཻ་ལོ་སངས་རྒྱས། དེས་པཎ་ཆེན་ནཱ་རོ་


LT16_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། དེས་བོད་ཡུལ་ཕྱི་དར་གྱི་ལོ་ཙཱ་བ་ཐམས་ཅད་ཀྱི་རྒྱལ་པོ་རྩོད་མེད་གྲུབ་ཐོབ་དགྱེས་མཛད་རྡོ་རྗེ་དངོས་སྣང་ལྷོ་བྲག་མར་པ་ལ་གནང་བ་རིམ་པར་མི་ལ་རས་ཆེན། མཉམ་མེད་དྭགས་པོ་སོགས་ལས་བརྒྱུད་པ་ནི་སྙན་བརྒྱུད་ལྷན་ཅིག་སྐྱེས་མ་རང་གཞུང་གི་དོན་བརྒྱུད་དང༌། ཁྱད་པར་སྙན་བརྒྱུད་ལྷན་སྐྱེས་མའི་དབང་དང་མན་ངག་མཐའ་དག་རྗེ་མར་པས་བྱང་ཕྱོགས་ཙམ་ན་ཆེ་བའི་གྲུབ་ཐོབ་ཡོངས་གྱི་སྤྱི་མེས་རྗེ་བཙུན་བཞད་པ་རྡོ་རྗེར་བུམ་པ་གང་བྱོར་སྩལ། རྗེ་བཙུན་གྱིས་རྒྱས་འབྲིང་བསྡུས་པའི་སྐོར་ཚོ་གསུམ་དུ་ཕྱེས་ཏེ་ཐུགས་ཀྱི་སྲས་མཆོག་གསམ་ལ་གཙོ་བོར་གནང་བའི་རྩ་བའི་སྨིན་བྱེད་རྒྱས་པ་ཟུར་དུ་མཆིས་པ་ལས། འདིར་དེ་དག་གི་སྙིང་པོའི་གསང་དོན་ཟབ་མོ་བརྡའི་དབང་བཞི་བྱིན་རླབས་གྱི་ཚུལ་དུ་བསྐུར་བ་ནི། རྗེ་བཙུན་རས་པས། ནང་ཟབ་མོ་བརྡ་ཡི་དབང་བཞི་དེ། །དུས་ད་ལྟ་བསྐུར་ན་དགའ་བ་ལ། །ད་ལྟ་བསྐུར་ན་སྐྱིད་པ་ལ། །ང་འབུལ་བ་ཆུང་ཡང་འབུལ་སྙིང་འདོད། །མོས་གུས་ཆུང་ཡང་ཞུ་བ་ཞིག་ལགས་ཏེ། ཞེས་གསུངས་པ་ལྟར་གསང་བའི་དེ་ཁོ་ན་ཉིད་དབང་རྣོན་གྱི་རྒྱུད་ལ་རྩོལ་བ་མེད་པ་བརྡ་ཙམ་གྱི་ཐབས་ལ་བརྟེན་ནས་ངོ་སྤྲོད་ཅིང་རྒྱུད་སྨིན་པར་བྱེད་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་ཆུ་བོ་ཐམས་ཅད་གཅིག་འདེས་ཀྱི་ལུགས་སུ། འདིར་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་སྐྱེས་བུ་རས་ཆུང་རྡོ་རྗེ་གྲགས་པའི་བཀའ་སྲོལ་སྙན་བརྒྱུད་འཁོར་ལོ་སྡོམ་པ་ཡབ་ཡུམ་འབྲིང་པོ་ལས་ཡུམ་བཀའ་ལྷན་ཅིག་སྐྱེས་མ་དང་འབྲེལ་བའི་ཟབ་མོ་བརྡའི་དབང་གིས་སྐལ་ལྡན་གྱིས་རྒྱུད་སྨིན་པར་བགྱིད་པ་སྐབས་སུ་བབ་པ་ལ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་མཎྜལ་ཕུལ་ནས། དེ་ལྟར་མཎྜལ་ཕུལ་བས་མཚམས་སྦྱར་ནས་དབང་གི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དམ་པ་རྗེ་བཙུན་པ་རྣམས་དང་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་


LT16_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནོར་བུ་ལྟ་བུས་གང་བར་མཛད་དུ་གསོལ་སོགས་གོང་ལྟར། དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་སོགས་གོང་ལྟར་གསོལ་བ་གདབ། ཡེ་ཤེས་པ་དབབ་པ་ལ། ད་ཡེ་ཤེས་པ་དབབ་པ་དབང་གི་གཞི་དགོད་པ་ལ་ལུས་གནད་དང་ལྡན་པས་དམིགས་པ་འདི་ལྟར་མཛོད། སློབ་མ་རྣམས་སྐད་ཅིག་གིས་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་རབ་ཏུ་དམར་ཞིང་ཉི་མ་འབུམ་གྱི་འོད་ཟེར་འཕྲོ་བ། སྤྱན་གསུམ་ཁྲོ་ཞིང་འཛུམ་པའི་ཉམས་དང་ལྡན་པ། དབུ་སྐྲ་ནག་པོའི་ཚོགས་སིལ་བུར་གྲོལ་བ་ལ་ཐོད་སྐམ་ལྔས་དབུ་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་ཞིང་གཅེར་མོ་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་གཡས་པས་རྡོ་རྗེའི་གྲི་གུག་ཟུར་དུ་བསྡིག་པ། གཡོན་པས་གདུག་པའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་རྡོ་རྗེའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང༌། དྲིལ་བུ་དར་དཔྱང་གིས་སྤྲས་པ་བསྣམས་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་ནག་པོ་དང༌། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་མནན་པ། གཞོན་ནུ་མའི་ལང་ཚོའི་དཔལ་ཕུན་སུམ་ཚོགས་པ། བསྐལ་པ་འཇིག་དུས་ཀྱི་མེ་ལྟར་འབར་བའི་ཕྲེང་བ་འཁྲུགས་པའི་དབུས་ན་བཞུགས་པ། དེའི་སྨིན་མཚམས་སུའང་རྗེ་བཙུན་མའི་སྐུ་གསལ་ལ་དོད་པ་མགལ་མེའི་འཁོར་ལོ་ལྟར་འཁོར་བ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བཻ་རོ་ཙ་ནའི་སྔགས་ཕྲེང་གཡོན་བསྐོར་དུ་དམར་སྒ་ར་ར་འཁོར་བ། ལྟེ་བར་ཆོས་འབྱུང་དམར་པོའི་དབུས་ན་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿ འདབ་མ་བཞི་ལ་ཧ་རི་ནི་ས་གཡོན་དུ་འཁོར་བ། དེ་ལྟར་གསལ་བའི་ལྷ་དང་ཡིག་འབྲུ་རྣམས་ལས་འོད་ཟེར་


LT16_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ལུས་ཀྱི་ནང་གང་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །སླར་ཡང་སིནྡྷཱུ་རའི་དཀྱིལ་འཁོར་གྱི་དབུས་ཀྱི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་ཀྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། སློབ་མའི་སྙིང་ག་དང་ལྟེ་བའི་ཧྲཱིཿལ་ཐིམ་པས་ཟག་པ་མེད་པའི་བདེ་བ་ཆེན་པོས་གང་བར་གྱུར་པའི་མོས་པ་མཛོད་ཅིག །བྱས་ལ་འབེབ་རྫས་བདུག །ཐོད་རྔ་དང་དྲིལ་བུའི་སྒྲ་སྦྱར་བས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་ཝཱ་ར་ཧི་ཨ་བེ་ཤཱ་ཡ་ཨཱཿཨཱཿ ཞེས་བཟླས་པས་བྱིན་དབབ། ཡེ་ཤེས་པ་ཕབ་པ་དེ་ཉིད་སྔགས་རྒྱས་བརྟན་པར་བྱས་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་བསྣོལ་མར་བཀོད་དེ། ཏིཥྛ་བཛྲ། དེ་དག་གིས་ནི་བྱིན་རླབས་ཀྱི་སྣོད་རུང་དུ་བསྒྲུབ་པ་སྔོན་དུ་བྱ་བའི་རིམ་པ་ལགས། དངོས་གཞི་ནི་མངའ་བདག་མར་པས་རྗེ་མཻ་ཏྲི་པ་མཇལ་དུས་ཀྱི་རྡོ་རྗེའི་མགུར་ལས། ནང་ཟབ་མོ་བརྡ་ཡི་དབང་བཞི་བསྐུར། །རྒྱུད་ཡོངས་སུ་སྨིན་པར་བྱིན་གྱིས་བརླབས། ཞེས་གསུངས་པའི་དོན་ཁྱད་ཆོས་ཐུན་མོང་མ་ཡིན་པ་བརྡ་ཡིས་དབང་བཞི་ངོ་སྤྲོད་པའི་ཚུལ་ནི་འདི་དག་ཏུ་གདའ་བས་སོ་སོའི་བརྡ་དོན་ཤེས་པའི་སྒོ་ནས་མ་ཡེངས་པར་གསན་འཚལ། །ཞེས་པས་མདའ་གཞུ། ཕག་མགོ། ཐོད་པ། རྡོ་རྗེ་རྒྱ་གྲམ་རྣམས་འོག་གི་ཚིག་རིས་དང་བསྟུན་ཏེ་རིམ་པར་བསྟན་ལ། ཁྱེད་རྣམས་ལ་མདའ་གཞུ་བསྟན་པ་འདི་ཐབས་ཤེས་དབྱེར་མེད་ཀྱི་བརྡ་སྟེ། ལྷ་ཡབ་ཡུམ་སྣང་སྟོང་གི་བསྐྱེད་རིམ་སྒོམས་ཤིག་པའི་བརྡའོ། །ཕག་མགོ་བསྟན་པ་འདི་ཕག་པས་ཁ་ཟས་ལ་གཙང་རྨེ་མེད་པར་ལོངས་སྤྱོད་པ་ལྟར་གཉིས་མེད་ཀྱི་ཡེ་ཤེས་སྒོམས་ཤིག་པའི་བརྡའོ། །ཐོད་པ་བསྟན་པ་འདིའི་ནང་སྟོང་པར་ཡོད་པ་ལྟར་ཆོས་ཐམས་ཅད་སྟོང་ཉིད་དུ་སྒོམས་ཤིག་པའི་བརྡའོ། །རྡོ་རྗེ་རྒྱ་གྲམ་བསྟན་པ་འདིའི་རྭ་རྣམས་ཕྱོགས་བཞིར་ཡོད་པ་ལྟར་ཕྲིན་ལས་རྣམ་པ་བཞི་ལ་དབང་བའི་བརྡའོ། །དེ་ལྟར་ན་དེ་རྣམས་ནི་བུམ་དབང་གི་དོན་ཡིན་ནོ། །དེ་ནས་བདུད་རྩི་ལྕེ་ཐོག་ཏུ་བྱིན་ཏེ། བདུད་རྩིའི་རོ་


LT16_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དེས་ལུས་ཐམས་ཅད་བདེ་ཕྲིལ་གྱིས་སོང་བར་སྒོམས་ཤིག །དེ་ནི་གསང་བའི་དབང་གི་དོན་ཡིན་ནོ། །བདེ་བ་དེའི་ངོ་བོ་རྣམ་པར་མི་རྟོག་པར་སྒོམས་ཤིག །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ནོ། །དེ་ནས་སློབ་དཔོན་གྱིས་ལག་མཐིལ་སྟོང་པ་དང༌། དེར་རྡོ་རྗེ་བཞག་པ་དང༌། སེ་གོལ་གསུམ་རིམ་པར་བསྟན་ལ། ཁྱེད་རྣམས་ལ་ལག་མཐིལ་སྟོང་པར་བསྟན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་བརྡའོ། །དེའི་སྟེང་དུ་རྡོ་རྗེ་བཞག་པ་འདི་སྣང་གྲགས་ཀྱི་ཆོས་ཐམས་ཅད་མེད་བཞིན་གློ་བུར་དུ་སྣང་བའི་བརྡའོ། །སེ་གོལ་གསུམ་ཏོག་པ་འདིས་སྒྲ་ཐམས་ཅད་གྲགས་སྟོང་དུ་གཅིག་པ་ལྟར་ཆོས་ཐམས་ཅད་དུ་མ་རོ་གཅིག་གི་བརྡའོ། །ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །དེ་ནི་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། ལན་གསུམ། དེ་ལྟར་ཆོས་ཐམས་ཅད་དངོས་པོ་དེ་ཉིད་དུ་མ་གྲུབ། ཁྱེད་རང་གི་སེམས་ཉིད་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་དང་བྲལ་བའོ། །སྣ་ཚོགས་སུ་སྣང་ཡང་སྣང་སེམས་གཉིས་མེད་ཆོས་ཀྱི་སྐུ་ངོས་བཟུང་མེད་པར་ངོ་ཤེས་པར་གྱིས་ཤིག །དེ་ཡང་མིང་དང་བརྡ་ཙམ་དུ་ཤེས་པ་ནི་དབང་བཞི་པའི་དོན་ཡིན་ནོ། །ཞེས་ངོ་སྤྲད་དོ། །བརྡ་བཞིའི་དོན་འདི་དག་རྒྱས་ཤིང་སྤྲོ་ན་ཞིབ་པར་སྤྲོས་ཏེ་བཤད་ནས་གོ་བརྙེད་པར་བྱའོ། །དེ་ལྟར་ན་དེ་དག་གི་སྒོ་ནས་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མ་ལ་བརྟེན་པའི་ཐུན་མོང་མ་ཡིན་པ་ནང་ཟབ་མོ་བརྡའི་དབང་བཞིའི་བྱིན་རླབས་ངོ་སྤྲོད་ཀྱི་རིམ་པ་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་གྲུབ་པའི་སྐབས་སུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པའི་གནས་ལ་སྲུང་སྡོམ་ཚུལ་བཞིན་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་


LT16_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། དེ་ལྟར་དབང་བསྐུར་ཟབ་མོ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་སུ་གྲགས་པ་ལེགས་པར་ཐོབ་པའི་སྐུ་དྲིན་གཏོང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་རེ་གནང་བར་ཞུ། ཞེས་མཎྜལ་ཕུལ། རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པ་ལ་གུས་པས་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། ཚོགས་མཆོད་སྤྲོ་ན་ཡུམ་བཀའ་རྒྱས་པའི་སྒྲུབ་དཀྱིལ་ལྟར་ཤེས་པར་བྱས་ལ་དཀྱུས་སུ་མི་དགོས། མཆོད་པ་བྱིན་རླབས། མཆོད་བསྟོད་རྣམས་གོང་དུ་སྨོས་པ་ལྟར་དང༌། བཟོད་གསོལ། རྟེན་ཡོད་ན་རྟེན་བཞུགས་དང་མེད་ན་གཤེགས་གསོལ། བསྔོ་བ་སྨོན་ལམ། ཤིས་བརྗོད་རྣམས་སྤྱི་ལྟར་བྱས་པས་འགྲུབ་བོ། །བརྡ་དབང་འདི་ནི་རྗེ་བཙུན་མ་སོ་སོར་ཕྱེས་ན་བདེན་གཉིས་ཞལ་པ་དང་གཙོ་བོར་འབྲེལ་ཡང༌། བླ་མ་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་ལུགས་གཉིས་ཀའི་སྨིན་བྱེད་དུའང་མཛད་པས་སྟག་ལུང་རྗེས་གནང་ཞེ་གསུམ་མའི་ཁོངས་ནས་བདེན་གཉིས་ཞལ་ཅན་ལ་སྦྱར་བའི་བརྡ་དབང་ཉིད་སྐབས་འདིར་བརྒྱུད་པའི་ཆུ་བོ་ཐམས་ཅད་གཅིག་འདྲེས་ཀྱི་བཀའ་སྲོལ་ཁོ་ནར་ངེས་པས་རས་ཆུང་སྙན་བརྒྱུད་ལུགས་ཀྱི་ལྷན་ཅིག་སྐྱེས་མར་སྦྱར་ཏེ་རྒྱུན་དང་ཁུངས་ཐུབ་ཀྱི་ཡིག་ཆ་དག་ལས་ཚིག་གི་ཕྲད་དང་བསྣོན་འབྲིད་ཕྲེན་བུ་ཙམ་མ་གཏོགས་སླད་དང་རང་བཟོའི་དྲི་མ་མེད་པར་བཀླགས་ཆོག་ཏུ་བསྡེབས་པའོ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་མ། །དྲྭ་བ་སྡོམ་པ་དགྱེས་པའི་བཙུན་མོ་ནི། །དུས་མཐའི་མེ་ལྕེ་ལྟ་བུའི་གཟི་བརྗིད་ཀྱིས། །འཁོར་འདས་ཟ་བྱེད་དཔའ་མོ་ཙཎྜ་ལཱིའི། །ཤིན་ཏུ་ཟབ་པའི་མཐར་ཐུག་བརྡ་ཡི་དབང༌། །རྡོ་རྗེ་འཆང་གི་ཞལ་ལུང་མངར་པོའི་བཅུད། །གྲུབ་ཐོབ་རྒྱ་མཚོས་མྱང་དེ་འདིར་བྱུང་ན། །སྐལ་ལྡན་ཀུན་ཀྱང་བདེ་ཆེན་གྱིས་མྱོས་ཤོག །ཅེས་གདམས་ངག་རིན་པོ་ཆེའི་མཛོད་


LT16_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཀྱི་སྨིན་བྱེད་ལས་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་སྨིན་དབང་གི་ཆ་ལག་ཏུ་འཇམ་མགོན་བླ་མ་རྡོ་རྗེ་འཆང་གི་དགོངས་བཞེད་མཆིས་པ་དང་བཀའི་རྗེས་སུ་གནང་བ་ནོས་པ་ལ་བརྟེན་ནས་གསང་བདག་རྡོ་རྗེ་འཛིན་པ་རྣམས་ཀྱི་བཀའ་འབངས་ཐ་ཤལ་པ་ཀརྨ་བཀྲ་ཤིས་འོད་ཟེར་ཀྱིས་དཔལ་སྤུངས་སྒྲུབ་ཁང་གི་སྐྱེད་མོས་ཚལ་ལྷ་ཀླུ་དགྱེས་པར་རོལ་པའི་བསྟི་གནས་སུ་སྟན་ཐོག་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བགྱིས་པས་དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་ཤིང་ཟབ་གསང་བསྟན་པ་མི་ཉམས་ཡུན་དུ་གསལ་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བདུན་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ།next