Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བདུན་པ།  དཔལ་བདེ་མཆོག་སྙན་བརྒྱུད་ལས། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་མི་ལས་མཛད་པ།
   


 
previousགདམས་ངག་མཛོད་པོད་བདུན་པ། དཔལ་བདེ་མཆོག་སྙན་བརྒྱུད་ལས། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་མི་ལས་མཛད་པ།next

གདམས་ངག་མཛོད་པོད་བདུན་པ།
དཔལ་བདེ་མཆོག་སྙན་བརྒྱུད་ལས། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་མི་ལས་མཛད་པ།


LT16_Page_240A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་མཆོག་སྙན་བརྒྱུད་ལས། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་མི་ལས་མཛད་པ་བཞུགས་སོ། །


LT16_Page_240B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། །དུས་གསུམ་སངས་རྒྱས་ཀུན་གྱི་མཆོད་འོས་ཡོན་ཏན་གཏེར། །ཡིད་བཞིན་ནོར་བུ་གདུང་བ་ཀུན་སེལ་འགྲན་ཟླ་བྲལ། །དྲི་མེད་ཉི་མའི་དཀྱིལ་འཁོར་སེམས་ཅན་ཀུན་ཀྱི་དཔལ། །བདེ་ཆེན་བདེ་མཆོག་བླ་མ་གསུམ་ལ་གུས་པས་འདུད། །ཡེ་ཤེས་མཁའ་འགྲོ་མའི་གསང་ཚིག །འགྲོ་རྣམས་དག་པའི་གནས་སུ་འདྲེན་པར་བྱེད་པ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་གདམས་པ། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་དར་བ་དེ་སྲིད་དུ་འགྲོ་དོན་ཆེར་འབྱུང་བའི་དོན་དུ། བརྒྱུད་པ་བཅུ་གསུམ་གྱི་བར་དུ་ཆིག་བརྒྱུད་དུ་བཀའ་རྒྱས་གདམས་པ། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་རྗེ་བཙུན་མས་སློབ་དཔོན་ཏཻ་ལོ་པ་ལ་དངོས་སུ་གདམས། ཏཻ་ལོ་པ་ལ་སློབ་མ། ཀ་སོ་རི་པ། རི་རི་པ། གྲུབ་ཐོབ་བརྒྱད་རྣམས་ཀྱིས་ཨོ་རྒྱན་དུ་མཁའ་འགྲོ་མ་ལ་དངོས་སུ་ཞུས་པའི་ཆོས་དེ་ཞུ་བྱས་པས། །དྲན་པ་བརྗེད་མེད་ནཱ་རོ་པས། །བཅུ་གཉིས་པར་དུ་ང་བརྟེན་བྱས། །ང་ཡི་དེ་ཉིད་ཁོ་ལ་ཡོད། །ཕྱི་རབས་རྟེན་གྱི་གང་ཟག་རྣམས། །རྟོགས་པར་འདོད་ན་ནཱ་རོ་བརྟེན། །གསུང་ནས་ཁོང་རྣམས་ལ་མ་བྱིན་པར། ནཱ་རོ་པ་གཅིག་


LT16_Page_241A
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ལ་སྦྱིན་ནས། །བོད་ཀྱི་མར་པ་ལུང་བསྟན་ཏེ། །ཕུལླ་ཧ་རིའི་དགོན་པ་རུ། །མ་ཏི་མ་རིག་མུན་པ་སོལ། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡིས། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། ཅེས་གསུངས། ནཱ་རོ་པཎ་ཆེན་ནམ་དཔལ་འཇིགས་མེད་གྲགས་པ་ལ་སློབ་མ་ཨཱ་ཀ་ར་སཾ་དྷི། པཎྜི་ཏ་ཤེས་རབ་ཡེ་ཤེས། ཏི་ཕུ་ལ་སོགས་མང་དུ་ཡོད་ཀྱང་མ་གནང་བར། མར་པ་གཅིག་པུ་ལ་བྱིན་ནས། མི་ལ་རས་པ་བདག་ལུང་བསྟན་པ། །ཤར་ཕྱོགས་ཏེ་ལོས་བྱིན་གྱིས་བརླབས། །ལྷོ་ཕྱོགས་ཀླུ་སྒྲུབ་བྱིན་གྱིས་བརླབས། །ནུབ་ཕྱོགས་ཨིན་དྲས་བྱིན་གྱིས་བརླབས། །བྱང་ཕྱོགས་ནཱ་རོས་བྱིན་གྱིས་བརླབས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་ན། །ཐོས་པ་དགའ་ཞེས་བྱ་བ་ཡི། །གདུལ་བྱ་སྣོད་ལྡན་ཡོད་པས་སོང༌། །ཅེས་གསུངས་སོ། །མར་པ་ལོ་ཙཱ་ལ་སློབ་མ་རྔོག་ཆོས་རྡོར། མར་བ་མགོ་ཡག མེས་ཆེན་པོ་ལ་སོགས་མང་དུ་ཡོད་ཀྱང༌། མཁའ་འགྲོའི་སྙན་བརྒྱུད་ལ་ཡི་གེ་མེད། སྤེལ་བ་མེད་གསུང་ནས། གཞན་རྣམས་ལ་མ་བྱིན་པར་ཁོ་བོ་གཅིག་པུ་ལ་གནང་བའོ། །དེ་སྔ་ཡན་ཆད་ཁྲིད་ཀྱི་ངོ་བོ་ལ་ཡི་གེ་མེད་པར་སྙན་བརྒྱུད་ཟང་མ་ཡིན་པ་ལ། གྲོད་ཕུག་ཏུ་བཅོམ་ལྡན་


LT16_Page_241B
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མའི་ཞལ་ནས། །མཁའ་འགྲོ་གསང་ཚིག་ནོར་བུ་དེ། །རྣལ་འབྱོར་ཙིཏྟའི་དཀྱིལ་ནས་ཕྱུངས། །བཛྲ་ཀཱི་རྟིའི་སྤྱི་བོར་ཞོག །འོད་ཟེར་དགའ་བས་འཐུང་བར་འགྱུར། །ཅེས་ལུང་བསྟན་པའི་ཕྱིར་དང༌། །རྡོ་རྗེ་གྲགས་པས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་ཕྱིར་དང༌། ལས་འཕྲོ་ཅན་གྱི་སྣོད་ལྡན་རིམ་པར་བརྒྱུད་པ་དང༌། ཁམས་གསུམ་སེམས་ཅན་མ་ལུས་པ་དྲང་བའི་དོན་དུ། མཁའ་འགྲོའི་བཀའ་རྒྱ་བཀྲོལ་ནས་བཤད་པར་བྱའོ། །དེའང་ཡེ་ཤེས་མཁའ་འགྲོའི་ཞལ་ནས་སྙན་དུ་བརྒྱུད་པ་འདི་ལ་གསུམ་སྟེ། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད་དང༌། བསྟན་པ་སློབ་མའི་མཚན་ཉིད་དང༌། བསྟན་བྱ་ཆོས་ཀྱི་གནས་ལུགས་སོ། །དང་པོ་ལ་དྲུག་སྟེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྡོམ་པ་གསུམ་དང་ལྡན་པ། ཏིང་ངེ་འཛིན་གྱི་བསླབ་པ་སེམས་ལ་རང་དབང་ཐོབ་པ། ཤེས་རབ་ཀྱི་བསླབ་པ་སྔགས་ཀྱི་འཇུག་སྒོ་རྟོགས་པ། བྱིན་རླབས་འབྱུང་བའི་གཞི་བརྒྱུད་པ་དང་ལྡན་པ། བརྒྱུད་པ་དེ་ལྡན་གྱི་གདམས་ངག་ཉམས་སུ་མྱོང་བ། ཐོས་བསམ་སྡེ་སྣོད་ཀྱི་འཇུག་ཚུལ་ཤེས་པས་སྙན་བརྒྱུད་ཀྱི་སྒྲོ་འདོགས་ཆོད་པའོ། །སློབ་མ་ལ་ལྔ་སྟེ། དཀར་པོའི་གཞི་ཟད་པ་མོ་གཤམ་གྱི་བུ་ལྟ་བུ་མ་ཡིན་པ་ནི། དད་པ་མེད་ན་ཡོན་ཏན་གྱི་གཞི་མེད་པས། དད་པ་ལ་གསུམ། དང་བའི་དད་པ་ཡུལ་ཁྱད་པར་ཅན་ལ་དྲངས་ཤིང་དད་པ། འདོད་པའི་དད་པ་འཁོར་བ་སྤོང་ཞིང་མྱ་ངན་ལས་འདས་པ་སྒྲུབ་པ་སྟེ་འགྲོ་བའི་དོན་བྱ་བར་འདོད་པ། ཡིད་ཆེས་པའི་དད་པ་མི་དགེ་བས་ངན་སོང༌། དགེ་བས་མཐོ་རིས། ཐེག་པ་ཆེན་པོ་གསང་སྔགས་ཉམས་སུ་བླངས་ནས་སངས་རྒྱས་པར་ཤེས་པའོ། །གཉིས་པ་ཡོན་ཏན་གྱི་རྟེན་དུ་མ་གྱུར་པ་རུས་སྦལ་གྱི་སྤུ་ལྟ་བུ་མ་ཡིན་པ་ནི། དམ་ཚིག་དང་སྡོམ་པ་མེད་ན་ཡོན་ཏན་སྐྱེ་བའི་རྟེན་མེད་པས་དམ་ཚིག་དང་སྡོམ་པ་བསྲུང་ནུས་པའོ། །གསུམ་པ་ཆོས་བརྒྱད་ཀྱི་དབང་དུ་སོང་བ་བྲན་ལྟ་བུ་མ་


LT16_Page_242A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ནི། བདེ་བ། སྡུག་བསྔལ་བ། བསྟོད། སྨད། གྲགས། མ་གྲགས། རྙེད། མ་རྙེད་སོགས་མང་པོའི་དབང་དུ་སོང་ན་འཁོར་བ་ལས་མི་ཐར་བས། དེས་ན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བརྩོན་འགྲུས་དང་ལྡན་པའོ། །བཞི་པ་ཐེག་པ་ཆེན་པོའི་སྣོད་དང་མི་ལྡན་པ་རིགས་ཆད་པ་ལྟ་བུ་མ་ཡིན་པ་ནི། སྙིང་རྗེ་ཆེན་པོ་དང༌། ཐོས་བྱུང་དང༌། བསམ་བྱུང་དང༌། སྒོམ་བྱུང་གི་ཤེས་རབ་དང་ལྡན་པའོ། །ལྔ་པ་སྨིན་གྲོལ་གྱི་སྣོད་དང་མི་ལྡན་པ་སིནྡྷ་པ་མ་ཡིན་པ་ནི། སྔགས་ཀྱི་སྤྱོད་པ་བློར་མི་ཤོང་བར་སྐུར་པ་བཏབ་ན་དམྱལ་བར་སྐྱེ་བས། །སྔགས་ཀྱི་ལྟ་སྤྱོད་ལ་ཡོན་ཏན་དུ་མཐོང་བའོ། །བསྟན་བྱ་ཆོས་ཀྱི་གནས་ལུགས་ལ་གསུམ་སྟེ། ཕྱིའི་སྒྲོ་འདོགས་གཅོད་པ་སྤྲུལ་པ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་ནོར་བུ། ནང་ཉམས་མྱོང་ལོངས་སྤྱོད་རྫོགས་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་པ་གྲོལ་ལམ་ཡིད་བཞིན་ནོར་བུའོ། །འདི་ལ་གསུམ་སྟེ། བུམ་དབང་དང་འབྲེལ་བར་བསྒོམ་བྱ་གཙོ་བོར་བཏོན་པ་ཐུན་མོང་ཡིད་བཞིན་ནོར་བུ། སྤྱི་དང་འབྲེལ་བར་བསྲུང་བྱ་གཙོ་བོར་བཏོན་པ་དམ་ཚིག་ཡིད་བཞིན་ནོར་བུ། མཆོག་དབང་གསུམ་དང་འབྲེལ་བར་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་གནས་ལུགས་ཡིད་བཞིན་ནོར་བུའོ། །གནས་ལུགས་ཡིད་བཞིན་ནོར་བུ་ལ་དྲུག་སྟེ། གསང་དབང་དང་འབྲེལ་པར་རྫོགས་རིམ་རྩ་རླུང་གི་གནས་དེ་གཙོ་བོར་བཏོན་པ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་པ་མཁའ་འགྲོའི་གསང་བ་སྒྲོགས་པ་འོག་སྒོ་བདེ་བ་ཆེན་པོ། ཚིག་དབང་དང་འབྲེལ་པར་སྐུ་གསུམ་སེམས་ལ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་གཅོད་པ་ངོ་སྤྲོད་བར་དོའི་གདམས་པ་དང༌། གདམས་ངག་སྤྱིའི་གེགས་སེལ་བ་དང༌། ལམ་ཅིག་ཅར་བ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ལམ་གྱི་


LT16_Page_242B
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་གོ །དང་པོ་བུམ་དབང་དང་འབྲེལ་བ་བསྒོམས་བྱ་གཙོ་བོར་བཏོན་པ་ཐུན་མོང་ཡིད་བཞིན་ནོར་བུ་ལའང་གསུམ་སྟེ། རྒྱལ་པོ་ཆོས་ཉིད་མི་འགྱུར་བ། བློན་པོ་རིགས་གསུམ་ལས་བྱེད་པ་ཕྲིན་ལས་མཐུན་སྦྱོར་རོ། །དང་པོ་ལ་ཐོག་མར་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། འཆི་བ་མི་རྟག་པ་བསམ་པ། ཚོགས་རྫོགས་པའི་ཡན་ལག་ཏུ་སྟོབས་ཀྱིས་གང་འབྱོར་བའི་གསེར་གྱི་མཎྜལ་འབུལ། བར་ཆད་སེལ་ཞིང་བྱིན་རླབས་འབྱུང་བའི་དོན་དུ་ཚོགས་འཁོར་ངེས་པ་ཅན་བཅུ་གཉིས་བསྐོར། ཟླ་བ་དྲུག་ཏུ་ཁྲིད་དུ་བསྐྱང་བར་བྱའོ། མཆན། གསུམ། ཡབ་རྒྱལ་པོ་ལྟ་བུའི་སྒྲུབ་ཐབས། ཡུམ་རྒྱལ་མོ་ལྟ་བུའི་སྒྲུབ་ཐབས། སྲས་རྒྱལ་ཕྲན་ལྟ་བུའི་སྒྲུབ་ཐབས་སོ། །དེ་ལས་འདིར་ཡུམ་གྱི་སྒྲུབ་ཐབས་གཙོ་བོར་བཏོན་ཏེ། ལྷ་མོ་གཅིག་ཏུ་སྒྲུབ་པ་ལ་རྣལ་འབྱོར་བཅུ་ལས། དང་པོ་ཚད་མེད་པའི་རྣལ་འབྱོར་ནི། གནས་ཡིད་དང་མཐུན་པར་མཐུན་རྐྱེན་བསྒྲུབ། །རྟེན་བཀྲམ། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་ཞིང་ཚད་མེད་པ་བཞི་བསྒོམ། གཉིས་པ་བླ་མའི་རྣལ་འབྱོར་སྒོམ་པ་ནི། སྤྱི་བོར་པདྨ་ཉི་ཟླའི་གདན་ལ། རང་གི་རྩ་བའི་བླ་མ་སྐུ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །སྐུ་མདོག་མཐིང་ག་སྤྱན་ཕྱོགས་བཅུར་གཟིགས་པ། གཡས་ཌཱ་མ་རུ། གཡོན་དྲིལ་བུ་དཀུར་བསྟེན་པ། སྐུ་གཟི་མདངས་དང་ལྡན་པ་འཛུམ་ཞིང་གར་མཛད་པ། དེ་ལ་བརྒྱུད་པའི་བླ་མ། ཆོས་འབྲེལ་ཞུས་ཚད། ཡི་དམ། སངས་རྒྱས།ཆོས། དགེ་འདུན་ཐམས་ཅད་འོད་དང་འོད་ཟེར་གྱི་ཚུལ་དུ་བསྟིམ། དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར་བར་སྒོམ། ཕྱི་ནང་གསང་བའི་མཆོད་པ་འབུལ། རྟོགས་པ་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ཅེས་གསོལ་བ་རྩེ་གཅིག་ཏུ་བཏབ། དེ་རྗེས་བླ་མ་འོད་དུ་ཞུ་རང་ལ་ཐིམ། ཕྱག་རྒྱ་ཆེན་པོའི་དབང་བཞུག་གོ །གསུམ་པ་ལྷ་སྒོམ་པ་ནི། རང་གི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པ་པདྨ་དམར་པོ་འདབ་


LT16_Page_243A
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བ། དེའི་སྟེང་དུ་བྃ། དེ་ལས་འོད་འཕྲོས། ལུས་ཕྱི་ནང་སྦྱངས། ཡང་འོད་འཕྲོས། སྣོད་བཅུད་འོད་དུ་ཞུ། འོད་ཟེར་སླར་འདུས་པ་ལས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་སྔོན་པོའི་རྣ་བ་མནན་པ། གཡོན་བསྐུམ་པས་དུས་མཚན་མ་དམར་མོའི་ནུ་མ་ནས་མནན་པ། རུས་པའི་རྒྱན་དྲུག་མི་མགོའི་དོ་ཤལ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་གྲོལ་བ། ཁ་ཊྭཱཾ་ག་འབྲིང་པོ་བསྣམས་པ། མ་དང་དུ་ཁྲོད་ཀྱི་དབུས་ན་སྣང་ལ་རང་བཞིན་མེད་པ། འདུ་བ་དང་གཤེགས་པ་མེད་པ། ཡེ་ཤེས་ཀྱི་ལུས་སུ་ཡེངས་མེད་དུ་སྒོམ། མི་གསལ་ན་བསྐྱར་ཞིང་སྒོམ། བཞི་པ་འཇིག་རྟེན་གྱི་ཁམས་སྦྱངས་པ་ནི། སྙིང་གའི་བྃ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་པས་གཞལ་ཡས་ཁང༌། ནང་བཅུད་ལ་ཕོག་པས་སྐྱེ་འགྲོ་ཕོ་ཐམས་ཅད་བདེ་མཆོག །མོ་ཐམས་ཅད་རྗེ་བཙུན་མར་གྱུར་པར་བསམ། ལྔ་པ་དཔའ་བོ་དཔའ་མོ་བསྡུ་བ་ནི། སྙིང་གའི་བྃ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ཕོག་སྟེ་ཐམས་ཅད་རང་ལ་ཐིམ་པར་བལྟའོ། །དྲུག་པ་རླུང་རྡོ་རྗེའི་བཟླས་པ་ནི། སྣ་ཡི་རྩེ་མོར་ཐིག་ལེ་དཀར་དམར་སྲན་མ་ཙམ་རླུང་ཕར་འགྲོ་དུས་དཀར་པོ་ཕར་འགྲོ། ཚུར་འཇུག་དུས་དམར་པོ་ཚུར་འོང༌། རེས་མོས་ལ་སེམས་གཏད་པས་ཡེ་ཤེས་སྐྱེའོ། བདུན་པ་ངག་རྡོ་རྗེའི་བཟླས་པ་ནི། ཐུགས་ཀའི་བྃ་ལ་སྔགས་འཁོར་བ་ལ་སེམས་གཏད་ལ། ཉེ་སྙིང་ཇི་སྲིད་དུ་བཟླའོ། །བརྒྱད་པ་རྫོགས་རིམ་ནི། སྙིང་གའི་ས་བོན་ལས་འོད་འཕྲོས། སྣོད་བཅུད་འོད་དུ་ཞུ་རང་ལ་ཐིམ། རང་ཡས་འདུས་མས་འདུས། ཟླ་བ་ལ། ཟླ་བ་བྃ་ལ། བྃ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་རིང་ཐུང་ནས་ཙམ། ཕྲ་སྦོམ་རྟ་རྔ་བརྒྱད་གཤགས་པའི་ཆ་ཙམ། མུན་ཁུངས་ལ་གློག་འཁྱུགས་པ་ཙམ་དམར་ཁྱེམ་ཙམ་ལ་སེམས་གཏད། དེ་འོད་དུ་ཡལ་ཙེར་སོང་སྟེ་དམིགས་པ་ཡེ་དྲ་མེད། བློས་འཛིན་མེད།


LT16_Page_243B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བྱ་བྲལ་དུ་བཞག །བྱིང་ན་སྟོད་སེང་མགོ་དགྱེ། རིག་པ་ཧུར་ཕྱུངས་ལ་ཕཊ་དྲག་པོ་གང་བ། རྒོད་ནམ་གོ་ཕུར། སེམས་འཕྲོ་ན་དབང་དུས་དྲན་པར་བྱའོ། དགུ་པ་བསྲེ་བ་རོ་སྙོམས་ནི། བསྲེ་བ་དང་རོ་སྙོམས་གཉིས་པོ་རེ་རེ་ལའང་བཞི་བཞི་སྟེ་བརྒྱད། དང་པོ་སྨིན་པ་དབང་དང་བསྲེ་བ། གྲོལ་བ་ལམ་དང་བསྲེ་བ། བསྲུང་བྱ་དམ་ཚིག་དང་བསྲེ་བ། ཐོབ་བྱ་འབྲས་བུ་དང་བསྲེ་བའོ། །སྨིན་པ་དབང་དང་བསྲེ་བ་ནི། །བདག་གི་བསྐྱེད་རྫོགས་བསྒོམས་ཀྱང༌། །སྨིན་པ་དབང་གི་དོན་མ་བསྒོམས། །གྲོལ་བ་ལམ་ཡང་མ་བསྒོམས། །བསྲུང་བྱ་དམ་ཚིག་ཀྱང་མ་བསྲུངས། ཐོབ་བྱ་འབྲས་བུ་སྐུ་བཞི་ཡང་མི་ཐོབ་ལས་ཆེ་སྙམས་ན། རང་རྗེ་བཙུན་མའི་སྤྱི་བོར་བླ་མ་དང་བཅས་པ་གསལ་སེང་ངེ་བ་དེ་བུམ་དབང་གི་དོན་ཡིན། བུམ་དབང་ལའང་རྣམ་པ་གསལ་བ་ལས་གཞན་བསྒོམ་རྒྱུ་མེད། གསལ་བ་དོ་ཙ་ན་གསལ་བ་རང་གི་སེམས་སུ་འདུག །སྐུ་མདོག་ཕྱག་མཚན་རང་རང་གི་ངོ་བོས་སྟོང་པར་འདུག་པ་གསང་དབང་གི་དོན་ཡིན། གསང་དབང་ལ་ངོ་བོ་སྟོང་པ་ལས་གཞན་བསྒོམ་རྒྱུ་མེད། རྣམ་པ་གསལ་བ་ངོ་བོ་སྟོང་པ་གཉིས་དབྱེར་མེད་དུ་ཉམས་སུ་མྱོང་བ་བདེ་བ་ཟག་པ་མེད་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དོན་ཡིན། དབང་གསུམ་པ་ལའང་ཉམས་མྱོང་བདེ་བ་ལས་གཞན་བསྒོམ་རྒྱུ་མེད། དེ་ལྟར་རྣམ་པ་གསལ་བ་དང༌། ངོ་བོ་སྟོང་པ་དང༌། ཉམས་མྱོང་བདེ་བ་དང༌། སྐྱེ་འགགས་གནས་གསུམ་དང་བྲལ་བ་དེ་ཚིག་དབང་གི་དོན་ཡིན་ལ། དབང་བཞི་པ་ལའང་འོད་གསལ་འགྲོ་འོང་སྐྱེ་འགག་གནས་གསུམ་དང་བྲལ་བ་ལས་གཞན་སྒོམ་རྒྱུ་མེད། དེ་ལྟར་བསྐྱེད་རིམ་བསྒོམས་པས་དབང་བཞི་རྫོགས་པའི་ཉམས་ལེན་གཅིག་འབྱུང་སྟེ། བུམ་དབང་དམའ་སྟེ་མར་མ་ཤོར། །ཚིག་དབང་མཐོ་སྟེ་ཡར་མ་ཤོར། །གསང་དབང་དང་ཤེས་རབ་ཡེ་ཤེས་པར་ཚིགས་སུ་མ་ལུས་པར་བསྐྱེད་རིམ་སྒོམ་བདོ་ཙན། དབང་བསྐུར་ཐོབ་བ་དོ་བས་


LT16_Page_244A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་ཡིན་ཅེས་བདེ་མཆོག་གི་ཡུམ་རྡོ་རྗེ་རྣལ་འབྱོར་མ་དེས་སོ། །གཉིས་པ་གྲོལ་ལམ་དང་བསྲེ་བ་ལ་བཞི་སྟེ། བསྐྱེད་རིམ་གྲོལ་བའི་ལམ། །རྫོགས་རིམ་གྲོལ་བའི་ལམ། ཟུང་འཇུག་གྲོལ་བའི་ལམ། ཕྱག་རྒྱ་ཆེན་པོ་གྲོལ་བའི་ལམ་མོ། །རང་རྗེ་བཙུན་མར་གསལ་སེང་ངེ་བ་དེ་བསྐྱེད་རིམ་གྱི་ལམ་ཡིན། བསྐྱེད་རིམ་ལའང་རྣམ་པ་གསལ་བ་ལས་གཞན་བསྒོམ་རྒྱུ་མེད། གསལ་དུས་ན་གསལ་བ་ངོ་བོས་སྟོང་པ་དེ་རྫོགས་རིམ་གྱི་ལམ་ཡིན། རྫོགས་རིམ་ལའང་ངོ་བོས་སྟོང་པ་ལས་གཞན་བསྒོམ་རྒྱུ་མེད། ཉམས་མྱོང་བདེ་བ་དེ་ཟུང་འཇུག་གི་ལམ་ཡིན། ཟུང་འཇུག་ལའང་ཉམས་མྱོང་བདེ་བ་ལས་གཞན་བསྒོམ་རྒྱུ་མེད། གསལ་སྟོང་བདེ་བ་དབྱེར་མེད་འགྲོ་འོང་གནས་གསུམ་དང་བྲལ་བ་དེ་ཕྱག་རྒྱ་ཆེན་པོའི་ལམ་ཡིན། ཕྱག་རྒྱ་ཆེན་པོ་ལའང་འོད་གསལ་འགྲོ་འོང་གནས་གསུམ་དང་བྲལ་བ་ལས་གཞན་བསྒོམ་རྒྱུ་མེད། དེས་ན་བསྐྱེད་རིམ་བྱས་པས་ཟུང་འཇུག་གི་ལམ་རྫོགས་པའི་རྣལ་འབྱོར་གཅིག་འབྱུང་ངོ༌། །ཇོ་བོ་ལ་ལ་ཕྱག་རྒྱ་ཆེན་པོ་གོ་བས་བསྐྱེད་རིམ་ལ་བློ་མི་འཇུག་ཟེར། ལ་ལ་སྟོང་ཉིད་སྒོམ་པའི་དུས་མིན་ཟེར། འདིར་བསྐྱེད་རིམ་ལམ་དམའ་སྟེ་མར་མ་ཤོར། ཕྱག་རྒྱ་ཆེན་པོ་མཐོ་སྟེ་ཡར་མ་ཤོར། རྫོགས་རིམ་དང་ཟུང་འཇུག་བར་ཚིགས་སུ་མ་ལུས་པར་བསྐྱེད་རིམ་བསྒོམ་བདོ་ཙན་ལམ་བཞི་བགྲོད་བདོ་བས། གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་དམ་པའོ། །གསུམ་པ་དམ་ཚིག་དང་བསྲེ་བ་ལ་བཞི་སྟེ། བུམ་དབང་གི་དམ་ཚིག་བསྐྱེད་རིམ། གསང་དབང་གི་དམ་ཚིག་རྫོགས་རིམ། ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་བདེ་ཆེན། དབང་བཞི་པའི་དམ་ཚིག་ཕྱག་རྒྱ་ཆེན་པོའོ། །དེ་ངོ་སྤྲོད་ན། བདག་ཉིད་ལྷར་གསལ་བ་དེ་བུམ་དབང་གི་བསྲུང་བྱ། བུམ་དབང་གི་དམ་ཚིག་ལའང་རྣམ་པ་གསལ་བ་ལས་གཞན་བསྒོམ་རྒྱུ་མེད། དེ་བཞིན་དུ་གོང་


LT16_Page_244B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགྲོའོ། བཞི་པ་ཐོབ་བྱ་འབྲས་བུ་དང་བསྲེ་བ་ལ་བཞི་སྟེ། གཟུགས་སྐུ། ཆོས་སྐུ། བདེ་བ་ཆེན་པོའི་སྐུ། ངོ་བོ་ཉིད་ཀྱི་སྐུའོ། །དེ་ངོ་སྤྲོད་ན་རྣམ་པ་གསལ་བ་ལ་འཕེལ་འགྲིབ་མེད་པར་བརྟན་པ་ཟོབ་པ་དེ་གཟུགས་སྐུ། ངོ་བོ་སྟོང་ལ་འཕེལ་འགྲིལ་མེད་པར་བརྟན་པ་ཐོབ་པ་དེ་ཆོས་སྐུ། ཉམས་མྱོང་བདེ་བ་ལ་བརྟན་པ་ཐོབ་པ་དེ་བདེ་བ་ཆེན་པོའི་སྐུ། འོད་གསལ་འགྲོ་འོང་མེད་པ་ལ་བརྟན་པ་ཐོབ་པ་དེ་ངོ་བོ་ཉིད་ཀྱི་སྐུའོ། །ངོ་བོ་ཉིད་ཀྱི་སྐུ་ལའང་འོད་གསལ་འགྲོ་འོང་མེད་པ་ལས་གཞན་བསྒོམ་རྒྱུ་མེད། བསྐྱེད་རིམ་བསྒོམས་པས་སྐུ་བཞི་ཐོབ་པའི་རྣལ་འབྱོར་པ་གཅིག་བྱུང་སྟེ། ངོ་བོ་ཉིད་སྐུ་མཐོ་སྟེ་ཡར་མི་གཏོང་པ་ལ་སོགས་གོང་གིས་འགྲེའོ། །འདི་ནི་འབྲས་བུ་ལམ་དུ་བྱེད་པ་གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་ཡིན་ཅེས་སངས་རྒྱས་ཀྱི་ཡུམ་དེས་གསུངས་སོ། །བསྲེ་བ་གོ་བས་རོ་སྙོམས་གོ་བར་འགྱུར་རོ། །དེ་ཡན་ཆད་ལ་ཁྲིད་དུས་རྣལ་འབྱོར་རེ་རེ་ལ་དམིགས་སྐོར་རེ་རེ་བྱའོ། །མྱོང་བ་མ་སྐྱེས་བར་དུ་བསྒོམ་པར་བྱའོ། །བཅུ་པ་གཏོར་མ་ནི། ངེས་བཅས་ཚེས་བཅུར། ངེས་མེད་རྒྱུན་དུའོ། །ཤ་ཆང་ཟན་ཆུ་དང་བཅས་པ་གཏོར་སྣོད་གཙང་མར་བཤམས་ཏེ། ཡོཾ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་ཀ་ཕྱིར་བསྟན་པ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་དབུས་སུ། ཤ་ལྔ་བདུད་རྩི་ལྔར་བསམས་ལ། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ། ལན་གསུམ་གྱིས་རླུང་གཡོས། མེ་སྦར། རྫས་ཁོལ་བའི་རླངས་པས། ཨོཾ་ཞུ་ཉེས་སྐྱོན་དག ཨཱཿཞུ་ཟག་མེད་ཀྱི་བདུད་རྩིར་གྱུར། ཧཱུྃ་ཞུ་དཔག་ཏུ་མེད་པ་འཕེལ་བར་བསམ། འབར་བའི་ཕྱག་རྒྱས་ཕེཾ་ཕེཾ་བརྗོད་པས་སྙིང་གའི་ས་བོན་ལས་འོད་འཕྲོས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མདུན་དུ་བྱོན། རྩ་སྔགས་ལ་བ་ལིཾ་བཏགས་པ་ལན་བདུན་གྱིས་འབུལ་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་པར་


LT16_Page_245A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཡི་གེ་བརྒྱ་པས་བཤགས་པ་བྱ། འདོད་དོན་ལ་གསོལ་བ་གདབ། བཛྲ་མུཿས་གཤེགས་པར་བྱ། རྒྱས་པར་གཞན་དུ་ཤེས་སོ། །རྒྱལ་པོ་ཆོས་ཉིད་མི་འགྱུར་བའོ། །བློན་པོ་རིགས་གསུམ་ལས་བྱེད་ལ་གསུམ། བླ་མའི་རྣལ་འབྱོར། བདག་འཇུག་ཏིང་ངེ་འཛིན་གྱི་དབང་བསྐུར་བ་དང༌། ཡི་གེ་བརྒྱ་པའི་བཟླས་པའོ། །དང་པོ་བླ་མའི་རྣལ་འབྱོར་ནི། རང་ལྷར་གསལ་བའི་སྤྱི་བོར་པྃ་ལས་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ། ཁ་དོག་སྣ་ཚོགས་རིམ་པ་བདུན་དང་ལྡན་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་འཕྲོས། བླ་མ་ཡི་དམ་དབྱེར་མེད་སྤྱན་དྲངས་པདྨའི་དབུས་སུ་བཞུགས། བླ་མ་དང་རང་གི་ཐུགས་ཀ་ནས་འོད་འཕྲོས། བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་སྤྱན་དྲངས། པདྨའི་ཕྱི་རིམ་ལ་བཞུགས། དེ་བཞིན་དུ་ཡི་དམ་རྣམས་དེའི་ཕྱི་རིམ་དུ་སྤྱན་དྲངས། དུས་གསུམ་གྱི་སངས་རྒྱས་རྣམས་དེ་ཡི་ཕྱི་རིམ་ལ། བྱང་ཆུབ་སེམས་དཔའ་རྣམས་དེའི་ཕྱི་རིམ་ལ༴ དཀོན་མཆོག་གསུམ་དང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དེའི་ཕྱི་རིམ་ལ༴ གྲུབ་ཐོབ་བརྒྱད་ཅུ་སོགས་རྣལ་འབྱོར་ཕོ་མོ་རྣམས་སྤྱན་དྲངས། དེ་ཡི་ཕྱི་རིམ་ལ་བཞུགས། དེ་ཐམས་ཅད་འོད་ཀྱི་ལུས་ཅན། ནང་མ་བས་ཕྱི་མ་ཅུང་ཟད་དམའ་བ། ཞལ་རྩ་བའི་བླ་མ་ལ་བསྟན་པར་བསམ། དེ་དག་ལ་ཕྱག་བྱ། ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་ལུས་འབུལ། བླ་མ་ལ་སངས་རྒྱས་སུ་བལྟས་ལ་མོས་གུས་ཆེན་པོས་རྩེ་གཅིག་ཏུ་གསོལ་བ་བཏབ། དེ་རྣམས་རིམ་གྱིས་རྩ་བའི་བླ་མ་ལ་ཐིམ། བླ་མ་སྤྱི་བོར་ཐིམ་པས། སྙིང་གར་མི་བསྐྱོད་པའི་རྣམ་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བཞུགས་པས་མ་རིག་པ་སངས་དག དེ་འོད་དུ་ཡལ། རྗེས་གནས་ལུགས་ཀྱི་ངང་ལ་བཞག །འདི་ཟབ་ལམ་བླ་མའི་མོས་གུས་ཡིན་པས་ཉིན་མཚན་དུ་འབད་པར་བྱའོ། །དེ་ལྟར་བསྒོམས་པས་བླ་མའི་


LT16_Page_245B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འབའ་ཞིག་འཆར་རྨི་ལམ་དུ་ཆོས་ཞུ་བ། དབང་བསྐུར་བ། ཀ་པཱ་ལ་བདུད་རྩིས་གང་བ་སྦྱིན་པ་ལ་སོགས་པ་འབྱུང་བ་བྱིན་རླབས་ཀྱིས་ཆོས་སྐུ་ཐོབ་པའི་རྟགས་སོ། །གཉིས་པ་བདག་འཇུག་གི་ཏིང་ངེ་འཛིན་གྱི་དབང་ནི། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། རང་གི་མདུན་དུ་རིན་པོ་ཆེའི་ཁྲི། ཕྱོགས་བཞིར་རྒྱལ་ཆེན་བཞི། ཁྲི་མིག་ན་གླང་ཆེན་བརྒྱད། མཚམས་བཞི་ནས་སེང་གེ་བཞིས་བཏེགས་པའི་ཉི་ཟླ་པདྨའམ། དར་འབོལ་བརྩེགས་པའི་སྟེང་ན་རྩ་བའི་བླ་མ་ཡབ་ཡུམ་འཁོར་ལོས་སྒྱུར་བའི། ངོ་བོ་བླ་མ་ལ་རྣམ་པ་བདེ་མཆོག་ཡབ་ཡུམ་དགྱེས་པའི་ཞལ་རས་འཛུམ་པའི་མདངས་དང་ལྡན་པ། བདག་ལ་ཐུགས་ཀྱི་དགོངས་པས་སྤྱན་གྱིས་གཟིགས་པར་བསམ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་དང༌། ཡི་དམ་ལྷ་ཚོགས། སངས་རྒྱས་ཆོས་དང་དགེ་འདུན། དཔའ་བོ་མཁའ་འགྲོ་གྲངས་མེད་པ་བླ་མ་ལ་བསྟིམ། སྙན་བརྒྱུད་པ་ལ་ཐ་མལ་དུ་སྡོད་པའི་སྐབས་གཉིས་ཏེ། བློན་པོ་རིགས་གསུམ་ལས་བྱེད་ཀྱི་བར་མར་མ་གཏོགས་ལྷ་རུ་གསལ་བ་ཞིག་དགོས། འདིར་རང་ཐ་མལ་དུ་འདུག་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ། ལུས་ལོངས་སྤྱོད་དང་རང་གི་དགེ་བའི་རྩ་བ་ཐམས་ཅད་ལྟོས་མེད་དུ་འབུལ། མོས་གུས་ཀྱི་གདུང་ཤུགས་བསྐྱེད་ལ་གསོལ་བ་ཐུན་མོང་མ་ཡིན་པ་ཡུན་རིང་དུ་འདེབས། བླ་མ་རིན་པོ་ཆེས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ་ཅེས་པས། བླ་མ་ཡབ་ཡུམ་ཀྱི་སྨིན་མཚམས་ནས་འོད་ཟེར་ཀར་པོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དཀར་ན་ར་ར་བྱུང༌། རང་གི་སྨིན་མཚམས་སུ་ཞུགས། ལུས་ཀྱི་དྲི་མ་དང་སྐུའི་དམ་ཚིག་ཉམས་ཆགས་སངས་དག །ལུས་ཤེལ་ལྟར་དག་པ་སྟེ། ཡི་དམ་གྱི་སྐུར་གྱུར། སྐུའི་བྱིན་རླབས་མ་ལུས་པ་བདག་གི་ལུས་ལ་ཞུགས། རིག་པའི་དབང་ལྔ་མཐའ་བརྟེན་དང་བཅས་པ་ཐོབ་པར་བསམ། བླ་མ་རིན་པོ་ཆེས་བདག་ལ་


LT16_Page_246A
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དབང་བསྐུར་བ་སྩལ་དུ་གསོལ་ཅེས་པས། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་འོད་དམར་པོ་དང་བཅས་པ་དམར་ན་ར་ར་བྱུང༌། རང་གི་ལྕེ་ཐོག་ཏུ་བབས། ངག་གི་སྒྲིབ་པ་དང་གསུང་གི་ཉམས་ཆག་དག་ཡི་དམ་ཀྱི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར། གསུང་གི་བྱིན་རླབས་མ་ལུས་པ་ངག་ལ་ཞུགས། གསང་བའི་དབང་ཐོབ་པར་བསམ་མོ། །བླ་མ་རིན་པོ་ཆེས་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྩལ་དུ་གསོལ། ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང༌། སྙིང་གར་ཞུགས། ཡིད་ཀྱི་སྒྲིབ་པ་དང་ཐུགས་ཀྱི་ཉམས་ཆག་དག །རང་ཡི་དམ་དུ་གསལ་བ་དེ་བདེ་སྟོང་གི་ངང་ནས་བདེ་ཕྲིལ་ཕྲིལ་བར་གྱུར། ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཡིད་ལ་ཞུགས། དབང་གསུམ་པ་ཐོབ་པར་བསམ། དེ་རྗེས་གསོལ་བ་བཏབ་པས། གནས་གསུམ་གྱི་འོད་ཟེར་སྒོ་གསུམ་དུ་ཞུགས། ཡབ་ཡུམ་འོད་དུ་ཞུ། རང་ལ་ཐིམས་པ་ཐུགས་སེམས་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངང་ལ་ཀློད་ནས་ཇི་སྲིད་གནས་པ་དེ་སྲིད་དུ་བཞག །དབང་བཞི་པ་ཐོབ། རྗེས་བསྔོ་བས་རྒྱས་འདེབ། བསྲེ་བ་རོ་སྙོམས་སྦྱར། ཁྲིད་དུས་དམིགས་སྐོར་ནི། དུས་རྒྱུན་དུ་ཞག་རེ་ལ་ལན་རེ་མི་བླང་ཁ་མེད་དོ། །དེ་ལྟར་བྱས་པས་དམ་ཚིག་ཉེས་ལྟུང་ཐམས་ཅད་སྦྱོང༌། དགེ་སྦྱོར་གྱི་བོགས་ཐོན། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ། བར་དོའི་ཆགས་སྡང་རང་གྲོལ་དུ་གྲོལ་བའོ། །ཏིང་ངེ་འཛིན་གྱི་དབང་བསྐུར་བའོ། །གསུམ་པ་ཡི་གེ་བརྒྱ་པའི་བཟླས་པ་ནི། སྒྲིབ་གཉིས་མ་སྦྱོངས་ན་ཚོགས་གཉིས་མི་རྫོགས། སྣམ་བུ་དྲི་མ་ཅན་ལ་ཚོས་བཟང་ཡང་མི་འགོས་པ་བཞིན་ཉམས་སྒྲིབ་ཅན་ལ་གདམས་པ་ཟབ་ཀྱང་རྟོགས་པ་མི་སྐྱེ་བས། དེའི་ཕྱིར་ན་མཚན་མའི་བསྙེན་པ་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་རམ། གྲངས་བསྙེན་འབུམ་ཚོ་གསུམ། དུས་བསྙེན་ཟླ་བ་གཅིག གནས་དབེན་པར་སྨྲ་བཅད་བྱ། མཎྜལ་ཚོམ་བུ་དགུ་པའོ། །


LT16_Page_246B
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བཅས་དབྱར་མ་རུལ། དགུན་མ་འཁྱགས་པ་བྱ། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་སྤྱི་བོར་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ལ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་ཕྱེད་ཀྲུང་དུ་བཞུགས་པ། གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དང་བྃ་ལས་ཡི་གེ་བརྒྱ་པ་མུ་ཏིག་གི་རྡོག་པོ་ལྟ་བུ་དཀར་རམ་མེ་བས་བསྐོར་བར་བསམ། དེ་ཡང་ངོ་བོ་བླ་མ། རྣམ་པ་རྡོ་རྗེ་སེམས་དཔར་བལྟས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བྱུང༌། རྡོ་རྗེ་སེམས་དཔའི་ཧཱུྃ་དང་ཡི་གེ་བརྒྱ་པ་ལ་ཐིམ། སྐུའི་ནང་ཐམས་ཅད་གང༌། །ཞབས་གཡས་པའི་སེན་དབྲག་ནས་ཆའི་ཐེམ་བུ་བཏང་བ་བཞིན། སྐྱ་ན་ར་ར་ཚངས་བུག་ནས་ཞུགས་ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས། ནད་གདོན་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དུད་པའམ་དྲི་མ་ལྟ་བུ་བ་སྤུའི་བུ་ག་དང༌། གཤང་གཅིའི་ལམ་ནས་ཐོན་པར་བསམ། ཡི་གེ་བརྒྱ་པ་བཟླ། ཡང་ན་བདེ་མཆོག་ལྷན་སྐྱེས་སྐུ་མདོག་དཀར་པོར་བསམ་ལ། ཧེ་རུ་ཀའི་ཡིག་བརྒྱ་བཟླ། འཕྲོ་གཅོད་དུས་མཆོད་པ་སྣ་ལྔ་དང་གཏོར་མ་འབུལ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྒྲིབ་པ་དག་གོ་གསུངས་ནས་འོད་དུ་ཞུ་ནས་སྤྱི་བོར་ཐིམ། ཐུགས་སེམས་གཉིས་མེད་ཀྱི་ངང་དུ་བསྔོ་བ་བྱ། བསྲེ་བ་རོ་སྙོམས་སྦྱར། དུས་རྒྱུན་དུ་ཐུན་གྱི་སྟོད་སྨད་ལ་བྱ། ཁྲིད་དུས་དམིགས་སྐོར་གཅིག་དང་ཆོས་ཐུན་རེ་ལ་ཉི་ཤུ་རྩ་རེ་བྱ། དེ་ལྟར་བྱས་པས་སྒྲིབ་པ་དག །དམ་ཚིག་སོར་ཆུད་པའི་རྟགས་རབ་ཞལ་མཐོང༌། འབྲིང་ཏིང་ངེ་འཛིན་སྐྱེ། མངོན་ཤེས་འཆར་


LT16_Page_247A
[མ་དཔེ་གཟིགས་ན་འདིར་གནོན།]

བ། བླ་མས་ཆོས་གསུངས་པ། །དབང་བསྐུར་བ་ལ་སོགས་འབྱུང༌། །ཐ་མ་རྨི་ལམ་ཁྱད་པར་ཅན། །འཇའ་ཚོན་སྐས་ལ་འཛེག་པ་དང༌། །ཉི་ཟླ་ཤར་དང་རི་མཐོར་འཛེག །མི་ནག་ཁྱི་ནག་བསད་པ་དང༌། །རྣག་ཁྲག་འཛག་དང་ངན་སྐྱུགས་འཐོན། །གོས་དཀར་གོན་དང་གྲུ་གཟིངས་གཏོར། །དགེ་སྦྱོར་ལ་ཡང་ངང་གིས་འཇུག །འཇིག་རྟེན་ཆོས་ལ་བློ་ལྡོག་པ། །ཞེས་སོགས་རྟགས་རྣམས་འབྱུང་ངོ༌། །ཡི་གེ་བརྒྱ་པའི་རྣལ་འབྱོར་⁽14b4⁾། དམངས་ཕལ་པ་ཕྲིན་ལས་མཐུན་སྦྱོར་ལ་བདུན། བཟའ་བ་ཟས་ཀྱི་རྣལ་འབྱོར། བགོ་བ་གོས་ཀྱི་རྣལ་འབྱོར། ཉལ་བ་གཉིད་ཀྱི་རྣལ་འབྱོར། འགྲོ་འདུག་བསྐོར་བའི་རྣལ་འབྱོར། བཀྲུ་བ་ཁྲུས་ཀྱི་རྣལ་འབྱོར། གསོལ་འདེབས་མཎྜལ་གྱི་རྣལ་འབྱོར། ཚོགས་གསོག་ཆོས་སྤྱོད་ཀྱི་རྣལ་འབྱོར་རོ། །དང་པོ་བཟའ་བ་ཟས་ཀྱི་རྣལ་འབྱོར་ལ་གསུམ་སྟེ། ཐ་མས་སེམས་གསུམ་སྔོན་དུ་སོང་ནས་ལྷར་གསལ་བཏབ། སྤྱི་བོར་བཀའ་བརྒྱུད་བླ་མ། སྙིང་གར་འཁོར་ལོ་སྡོམ་པ། ཡན་ལག་ཚིགས་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བ་སྤུའི་བུ་གར་རྡོ་རྗེའི་སྤུན་རྣམས་དམིགས་ཏེ། བཟའ་བཏུང་གང་ཡང་རུང་བ་རྣམས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒོམ་ལ་ལག་པ་གཡོན་པས་ལོངས་སྤྱོད། དེ་ཐམས་ཅད་མཉེས་པར་བསམ། ལྷག་མ་ལ་བདུད་རྩིར་རང་ལ་བསྟིམ་ལ་གཞན་ལ་སྦྱིན་ནོ། །འབྲིང་གིས་ལྷ་རུ་བདེན་འཛིན་དང་བྲལ་བ་སྒྱུ་མ་ལྟ་བུའི་ངང་དུ་ཟ། རབ་ཆོས་ཉིད་ངང་ནས་མ་བཅོས་པའི་ཀློང་དུ་རོལ་ལོ། །དཔེར་ན་ཟས་གཏེར་དང་འདྲ་སྟེ། ཞིམ་མི་ཞིམ་གྱི་རྟོགས་པ་མེད་པའོ། །སྙན་བརྒྱུད་ཀྱི་སྒོར་ཞུགས་ནས་ཟས་ཀྱི་རྣལ་འབྱོར་མ་ཆགས་པར་བྱའོ། །དེ་ལྟར་རྒྱུན་དུ་བྱས་པས་བཟའ་བཏུང་ཐམས་ཅད་ཚོགས་འཁོར་དུ་སོང༌། དཔའ་བོ་མཁའ་འགྲོ་མཉེས། བར་ཆད་ཞི། མཐུན་


LT16_Page_247B
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཕུན་སུམ་ཚོགས་པ་འགྲུབ། བྱིན་རླབས་མྱུར་བའོ། །བགོ་བ་གོས་ཀྱི་རྣལ་འབྱོར་ནི། སེམས་བསྐྱེད་དང་ལྡན་པས། གོས་རྒྱན་སྐེ་རགས་ཞྭ་ལྷྭམ་ལ་སོགས་པ་གོན་ཚད་ཀྱི་དུས་སུ་རང་ལྷར་གསལ་གདབ། ན་བཟའ་དང་རྒྱན་ཕྲེང་དུ་གསལ་གདབ་ལ་འབུལ། ངག་ཏུ་ཨོཾ་སྤརྴེ་ཨཱཿཧཱུྃ་ཞེས་བརྗོད། གསར་པ་ཡིན་ན་རྩ་སྔགས་ལན་གསུམ་བཟླས་ནས་བཏབ་པས་བྱིན་རླབས་འབྱུང༌། དང་པོ་ནས་ལྷ་ལ་དམིགས་པས་ཚོགས་རྫོགས། གོན་དུས་ལག་པ་གཡོན་པས་སྔོན་ལ་གྱོན། དེ་ལྟར་དུས་རྒྱུན་དུ་བྱ། གོས་གྱོན་ཚད་བྱང་ཆུབ་ཀྱི་ལམ་དུ་འགྲོའོ། །དར་ཟབ་ལ་སོགས་པ་འདོད་ཡོན་ལ་ལོངས་སྤྱོད་པ་དང༌། ངོ་ཚ་དང་ཁྲེལ་ཡོད་ཚུལ་ཁྲིམས་ཀྱི་གོས་དང་ལྡན་པར་འགྱུར་རོ། །ཉལ་བ་གཉིད་ཀྱི་རྣལ་འབྱོར་ལ་གསུམ་སྟེ། སེམས་བསྐྱེད་བྱས། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་ལྷ་སྐུར་ཉལ་བའོ། །དང་པོ་འོད་གསལ་དུ་ཉལ་བ་ལ་སྤྲོས་བཅས་སྤྲོས་མེད་གཉིས་ལས། སྤྲོས་བཅས་ནི། སྣོད་བཅུད་དཀྱིལ་འཁོར་དུ་གསལ་གདབ། སྣོད་བཅུད་ལ་ཐིམ། བཅུད་ཀྱི་ལྷ་རྣམས་རང་ལ། རང་ཐུགས་ཀའི་བྃ་ལ། བྃ་ཟླ་ཚེས་ལ། དེ་ནཱ་ད་ལ། དེ་འོད་དུ་ཞུ། རྗེས་མི་རྟོག་པའི་ངང་ལ་ཉལ་ལོ། །སྤྲོས་མེད་སྐད་ཅིག་གིས་སྟོང་པའི་ངང་དུ་ཉལ་ལོ། །འབྲིང་སྒྱུ་ལུས་སུ་ཉལ་བ་ལ། སྤྲོས་བཅས་སྤྲོས་མེད་གཉིས་ལས་སྤྲོས་བཅས་ནི། སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན་སྙམས་པའི་ངང་ནས་གཡས་འོག་ཏུ་ཕབ་ལ་ཉལ། སྤྲོས་མེད་ནི། སྒྱུ་མ་མི་བདེན་བཞིན་སྣང་བ་ཡིན་སྙམ་དུ་བསམ་ལ་ཉལ། ཐ་མ་ལྷ་སྐུར་ཉལ་བ་ལ། སྤྲོས་བཅས་སྤྲོས་མེད་གཉིས་ལས། སྤྲོས་བཅས་ནི། རྗེ་བཙུན་མའི་བསྐྱེད་རིམ་སྒོམ་པའི་ངང་དུ་ཉལ། སྤྲོས་མེད་ནི། སྐད་ཅིག་གིས་ལྷར་བལྟས་ཏེ་སྣང་ལ་རང་བཞིན་མེད་པའི་ངང་དུ་ཉལ། གཉིད་སད་པའི་དུས་སུ་ཌཱ་མ་རུའི་སྒྲས་གཉིད་སད་པར་བསམ་མོ། །


LT16_Page_248A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་འོད་གསལ་ལམ་གང་རུང་ལ་བཞག་པ་དེའི་ངང་ལ་བཞག །བསྲེ་བ་རོ་སྙོམས་རྣལ་འབྱོར་བདུན་ཆར་ལ་སྦྱར་བར་བྱའོ། །འདི་དུས་རྒྱུན་དུ་མ་ཆག་པར་བྱ། ཁྲིད་དུས་དམིགས་སྐོར་གཅིག །དེ་ལྟར་ཉམས་སུ་བླངས་པས་མཚན་མོ་གཉིད་པས་ཀྱང་འཆི་བ་སྐྱོང༌། རྨི་ལམ་གྱིས་བར་དོ་སྦྱོང༌། སྔ་དྲོ་སད་པས་སྐྱེ་བ་སྦྱོང༌། གཉིད་ཀྱིས་གཏི་མུག་འགགས། །རྨི་ལམ་གྱིས་འདོད་ཆགས་འགགས། །སད་པས་ཞེ་སྔགས་འགས། ཉལ་ཚད་བྱང་ཆུབ་ཀྱི་ལམ་དུ་འགྲོའོ། །འགྲོ་འདུག་བསྐོར་བའི་རྣལ་འབྱོར་ནི། སེམས་བསྐྱེད་བྱ། རིང་བ་ལོ་ཟླ་ནས། ཐུང་བ་ཆུ་ལེན་པའི་འགྲོ་ལམ་ཚུན་ཐམས་ཅད་དུ་རྐང་པ་གཡོན་པ་སྔོན་ལ་དོར་ཏེ་ཤེས་རབ་མཚན། གཡས་པ་ཐབས། ལམ་ཟུང་འཇུག་མཚོན་ནས། །འགྲོ་བ་དེ་ཨོ་རྒྱན་ནམ། བླ་མ་ཡི་དམ་གྱི་དྲུང་དུ་འགྲོ་བར་བསམ་སྟེ། ཚུར་ལྡོག་དུས་ཀྱང་དེ་བཞིན་ནོ། །འདི་རྒྱུན་དུ་འགྲོ་འོང་བྱད་ཚད་ལམ་བརྗེད་པར་བྱའོ། །དེ་ལྟར་བྱས་པས་འཁྲུལ་པ་འགྲོ་འོང་གི་རྣམ་རྟོག་ཐ་མལ་པ་འགགས། མཚན་བལྟས་བླ་མའི་སྤྱན་སྔར་ཕྱིན་པ་དང༌། ཞལ་མཐོང་བ་ལ་སོགས་འབྱུང༌། འགྲོ་འདུག་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོའོ། །བཀྲུ་བ་ཁྲུས་ཀྱི་རྣལ་འབྱོར་ནི། སེམས་བསྐྱེད་བྱ། རིགས་ལྔ་ཡབ་ཡུམ་སྐུ་མདོག་སེར་པོ་གསལ་བ་རུས་པའི་རྒྱན་ཅན། གཡས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་སོ། །གཡོན་དྲིལ་བུ་བསྣམས་པ་སྤྱི་བོར་བྱོན། མཆོད་པ་ཕུལ། གསོལ་བ་བཏབ་པས་ཡུམ་རྣམས་ཀྱི་ཕྱག་གི་ཐོད་པའི་བདུད་རྩིའི་རྒྱུན་ལུད་པས་སྒོ་གསུམ་གྱི་དྲི་མ་དག་པར་བསམས་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་ཁྲུས་བྱ། དེ་ནས་རིགས་ལྔ་མི་བསྐྱོད་པ་ལ་ཐིམ། དེ་རང་ལ་ཐིམ། དེ་ནས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས། ཨོཾ་བྃ་སྭཱ་ཧཱ་ཞེས་ཆུ་སྦྱིན་བྱས་ནས། རིགས་དྲུག་གི་སྒྲིབ་པ་དག་ནས་སྡུག་བསྔལ་དང་


LT16_Page_248B
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། དོན་ཡིད་ལ་བསམ། ཆུ་ཁྱོར་པར་ཅུང་ཟད་བླུག་སྟེ། ཨོཾ་ཨཱཿཧཱུྃ་བརྗོད་ནས་རང་གིས་འཐུང་བས་ཞག་གཅིག་གི་བསྲུང་བར་འགྱུར། དེ་འགྲུབ་ན་ཉིན་རེ་བཞིན་དངོས་སུ་བྱ། མ་གྲུབ་ན་ཏིང་ངེ་འཛིན་བྱའོ། །དེ་ལྟར་བྱས་པས་སྡིག་སྒྲིབ་ཉམས་ཆགས་དག །མི་གཙང་བ་མཁོན་གྲིབ་ལ་སོགས་པ་སེལ། ནད་གདོན་གྱི་བར་ཆད་མི་འབྱུང༌། རིག་པ་དྭངས། ཏིང་ངེ་འཛིན་གསལ་ལོ། །ཁྲུས་བྱས་ཚད་བྱང་ཆུབ་ཀྱི་ལམ་དུ་འགྲོའོ། །གསོལ་འདེབས་མཎྜལ་གྱི་རྣལ་འབྱོར་ལ་གཉིས་ཏེ། སྒྲུབ་པའི་དང༌། མཆོད་པའི་མཎྜལ་ལོ། །དང་པོ་ནི་རྒྱུ་རིན་པོ་ཆེ་ལས་བྱས་པ། འབྱོར་ན་ཁྲུ་སྐོར། མ་འབྱོར་ན་སོར་བཞི་ཡན་ཆད་ཁ་ཁྱེར་མཐོ་བ། ཡིད་དུ་འོང་བ། གས་ཆག་དང་རྡོལ་བུག་མེད་པ་ཚགས་བྱས་ལ། ལེགས་པར་ཕྱིས་ཏེ། དཀྱིལ་དུ་སྲིན་ལག་གཡོན་པ་བཞག་ལ། ངག་ཏུ་ཨོཾ་བཛྲ་བིགྷྣཱ་ན་ཏ་ཀྲྀ་ཏ་ཨཱཿཧཱུྃ། ཞེས་པས་བགེགས་བསལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། བརྗོད་པས་ཞིང་ཁམས་རྣམས་པར་དག་པ་རིན་པོ་ཆེ་ལས་གྲུབ་པ་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་དཀྱིལ་དུ་མེ་ཏོག་གི་ཚོམ་བུ་ལག་པ་གཡས་ཀྱིས་བཞག་པས། སེང་གེའི་ཁྲི་ཉི་ཟླ་པདྨའི་གདན་སྟེང་ན་ཧཱུྃ་བྃ་ལས་ངོ་བོ་བླ་མ། རྣམ་པ་བདེ་མཆོག་ཡབ་ཡུམ་དུ་བསམ་མདུན་ནས་མེ་ཏོག་ཕྱོགས་གཡས་བསྐོར་དུ། མཱྃ་ལཱྃ་པཱྃ་ཏཱྃ། བཞི་བཀོད། ལྷ་མོ་བཞི་རུ་བསམ། དེ་ལ་མཆོད་པའི་མཎྜལ་ལ་སོགས་པ་འབུལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཅེས་གསོལ་བ་བཏབ། ལྷ་མོ་རྣམས་བླ་མ་ལ་ཐིམ། བླ་མ་རང་ལ་ཐིམ། རྗེས་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །བསྲེ་བ་རོ་སྙོམས་སྦྱར། མེ་ཏོག་ཐད་ཀར་མ་སོང་ཉན་ཐོས་ཀྱི་ཕམ་ལྟུང་ཕོག་པས་ཐུ་པ་མ་གུད་པར་བྱ། གཉིས་པ་མཆོད་པའི་མཎྜལ་ནི། རྒྱུ་རིན་པོ་ཆེ་ལས་བྱས་པ་ནི་གོང་དང་འདྲ། གཉིས་


LT16_Page_249A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་གོང་གི་ལྷ་ཚོགས་བར་སྣང་ལ་བཏེགས་པར་དམིགས་ཏེ། མཎྜལ་ཕྱིས་ལ། འབྱུང་པོ་མེ་ལོང་གདོང་ཅན་གྱི་བར་ཆད་བསྲུང་སྟེ། གཡོན་གྱི་སྲིན་ལག་གིས་ལན་གསུམ་བསྐོར་ལ། ཨོཾ་ཨཱཿབིགྷྣཱ་ན་ཨ་ནུ་གྷཱ་ཏ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཅེས་པས་གསེར་གྱི་ས་གཞི་ལག་མཐིལ་ལྟར་མཉམ་པར་གྱུར། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ་ཅེས་པས་རིན་པོ་ཆེའི་ལྕགས་རིས་བསྐོར་བར་བསམ། དེ་ནས་ལག་པ་གཡས་ཀྱིས་ཚོམ་བུ་གཡོན་བསྐོར་དུ་བཀོད་ལ། བཅུ་གཅིག་གམ། བཅུ་དགུའམ། སུམ་ཅུ་སོ་བདུན་ལ་སོགས་པ་བཀོད། ངག་ཏུ་བརྗོད་ཅིང་དོན་བསམ་པ་ནི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། གླིང་བཞི། གླིང་ཕྲན་བརྒྱད། ཉི་མ། ཟླ་བ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། བཀྲ་ཤིས་ཀྱི་གདུགས་དང༌། གསེར་གྱི་ཉ་དང༌། པདྨ་དང༌། བུམ་པ་དང༌། དུང་དང༌། དཔལ་བེའུ་དང༌། རྒྱལ་མཚན་དང༌། འཁོར་ལོ་དང༌། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། མེ་ཏོག་གི་སྐྱེད་མོའི་ཚལ། ལྷ་མིའི་དཔལ་འབྱོར་བདག་པོས་ཡོངས་སུ་མ་བཟུང་བ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་ཕུལ་ལ། བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །བླ་མ་རྒྱལ་བ་སྲས་བཅས་རྣམས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་ཀྱང༌། །བདག་གཞན་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཅེས་བརྗོད། ཁྲིད་དུ་དམིགས་སྐོར་གཉིས་བྱ། ཆོས་ཐུན་རེ་རེ་ལ་ལན་རེ་འབུལ། སྒྲུབ་པའི་དུས་སུ་གྲངས་མེད། རྒྱུན་དུ་ཉི་མ་རེ་ལ་ལན་གསུམ་མ་ཆགས་པར་བྱའོ། །དངོས་སུ་མ་འབྱོར་ན་ཏིང་ངེ་འཛིན་གྱིས་འབུལ། དེ་ལྟར་བྱས་པས་རྟགས་རྨི་ལམ་དུ་རིན་པོ་ཆེའི་ཐང་ལ་ཕྱིན་པ་དང༌། རིན་པོ་ཆེ་


LT16_Page_249B
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲུའི་ཆར་བབས་པ་དང༌། དཔའ་བོ་མཁའ་འགྲོས་ཐོད་པ་རྫས་ཀྱིས་བཀང་བ་སྟེར་བ་ལ་སོགས་འབྱུང་ངོ༌། །དངོས་སུ་འཁོར་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ལོ་ཟླས་འགྲུབ། གནས་སྐབས་སུ་མཐོ་རིས་ཀྱི་བདེ་འབྲས་ཐོབ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ། །སངས་རྒྱས་པའི་དུས་སུ་ཞིང་ཁམས་དང་མཛད་པ་རྣམ་པར་དག་པ་འབྱུང༌། བསྲེ་བ་རོ་སྙོམས་སྦྱར་རོ། །ཚོགས་གསོག་ཆོས་སྤྱོད་ཀྱི་རྣལ་འབྱོར་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། མདུན་དུ་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་བང་རིམ་བདུན་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བ་གཅིག་བསམ། མདུན་དུ་ཤེལ་གྱི་ཁྲི། གཡས་སུ་གསེར་གྱི་ཁྲི། རྒྱབ་ཏུ་བྱེ་རུའི་ཁྲི་དམར་པོ། གཡོན་དུ་གཡུའི་ཁྲི་སྔོན་པོ་རེ་རེ་བསམ། རང་གི་ཐུགས་ཀ་ནས་འོད་འཕྲོས། བླ་མ་བཀའ་བརྒྱུད་རྣམས་བྱོན། ཁྲི་དབུས་མར་བཞུགས། ཡང་འོད་འཕྲོས་ཡི་དམ་ལྷ་ཚོགས་སྤྱན་དྲངས་མདུན་དུ་བཞུགས། ཡང་འོད་འཕྲོས་དུས་གསུམ་གྱི་སངས་རྒྱས་དང༌། འཇིག་རྟེན་ན་བཞུགས་པའི་སྐུའི་རྟེན་ལུགས་སུ་བླུགས་པ། རི་མོར་བྲིས་པ། འབུར་དུ་འདོད་པ་ཐམས་ཅད་གཡས་སུ་བཞུགས། ཆོས་དཀོན་མཆོག་གླེགས་བམ་ལ་སོགས་རྒྱབ་ཏུ་བཞུགས། ཡང་འོད་འཕྲོས། དགེ་འདུན་དཀོན་མཆོག་གྲངས་མེད་པ་སྣམ་སྦྱར་ཆོས་གོས་གསོལ་བ་སྤྱན་དྲངས་གཡོན་དུ་བཞུགས། དེ་དག་གི་མཐར་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་རྡོ་རྗེའི་སྤུན་རྣམས་ཀྱིས་བསྐོར་བར་དམིགས་ལ་སྤྱན་དྲངས་པ་ནི། །ཆོས་དབྱིངས་རྣམ་དག་གཞལ་ཡས་ནས། །བླ་མ་ཡི་དམ་ལྷ་ཚོགས་རྣམས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །འགྲོ་བའི་དོན་དུ་གནས་འདིར་གཤེགས། །ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་བཛྲ་ཡོ་གི་ནི་ཝཱི་ར་ཌཱ་ཀི་ནཱི་བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ་ཏྲི་ཤྱ་ཧོཿ མཛེས་ཤིང་ཡིད་འོང་གཞལ་ཡས་ཁང༌། །རིན་ཆེན་སྣ་ཚོགས་སེང་གེའི་ཁྲི། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་བཛྲ་ཡོ་གཱི་ནཱི་ཝི་ར་ཌཱ་ཀི་ནི། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་


LT16_Page_250A
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་ས་གཞི་བར་སྣང་ཐམས་ཅད་གང་བས་ལུས་ལོངས་སྤྱོད་དང༌། ཉམས་དང་རྟོགས་པ། དགེ་བའི་རྩ་བ་ཐམས་ཅད་ལྟོས་མེད་དུ་རིམ་པ་བཞིན་དུ་ཕུལ་བར་དམིགས་ལ། ཡན་ལག་བདུན་པ་འབུལ་བ་ནི། ཆོས་སྐུ་སྤྲོས་བྲལ་ངང་ཉིད་ལས། །སྣ་ཚོགས་གཟུགས་ཀྱི་སྐུར་སྟོན་པའི། །བླ་མ་རྒྱལ་བ་སྲས་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཞིང་ཁམས་ཐམས་ཅད་ན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་མཆོད་པའི་ཚོགས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །འཕན་དང་བ་དན་རྒྱལ་མཚན་དང༌། །ཕྱེ་མའི་ཕུར་མ་གདུགས་དང་ནི། །བླ་བྲེ་དར་དབྱངས་བཀོད་པའི་ཚོགས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །རིན་ཆེན་སྣོད་མཛེས་གཞལ་ཡས་ཁང༌། །རིན་ཆེན་གྱིས་བཀང་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ནས་ཀྱང༌། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ཀུན་འབྱུང་སྡུག་བསྔལ་སྐྱེད་བྱེད་པའི། །ཤེས་རབ་མིག་བྲལ་བདག་ལུས་འདི། །བྲན་གཡོག་བཞིན་དུ་དམིགས་ནས་ཀྱང༌། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ཤ་ལྔ་བདུད་རྩི་ལྔ་རྣམས་ནི། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །དུག་ལྔ་སེལ་བའི་ཐབས་མཆོག་ནི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད། །བདེ་སྟོང་གཉིས་མེད་རོལ་ང་ཡི། །ཟག་མེད་བདེ་ཆེན་མཆོད་པའི་ཚོགས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བདེ་དང་གསལ་དང་མི་རྟོག་པ། །སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེ། །རང་བཞིན་རྣམ་དག་མཆོད་པ་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །སྡིག་བགྱིས་བགྱིད་རྩལ་རྗེས་ཡི་རངས། །ཕྱིན་ཆད་བགྱིད་པར་འགྱུར་བ་ཡི། །ཆོས་འགལ་ཉེས་པ་ཅི་མཆིས་པ། །དེ་རིང་ཉིད་དུ་བདག་བཤགས་སོ། །སོ་སོ་སྐྱེ་བོ་ཉན་རང་དང༌། །བྱང་སེམས་སངས་རྒྱས་སྲས་བཅས་ཀྱི། །དུས་གསུམ་ཉིད་དུ་བགྱིས་པ་ཡི། །དགེ་ལ་རྗེས་སུ་ཡིད་རང་ངོ༌། །བླ་མ་རྒྱལ་བ་སྲས་བཅས་རྣམས། །སེམས་ཅན་ཀུན་


LT16_Page_250B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་གྱི་ཕྱིར། །ཆོས་ཀྱི་འཁོར་ལོ་འོད་འབར་བ། །མུན་པ་བསལ་ཕྱིར་བསྐོར་དུ་གསོལ། །དྲི་མེད་རྒྱལ་བ་ཆོས་ཀྱི་ནི། །སྤྱན་ཅན་མང་ན་ཆེན་པོ་ལས། །འདའ་བར་བཞེད་པ་ཁྱེད་རྣམས་ཀྱང༌། །འགྲོ་བའི་དོན་དུ་རྟག་ཏུ་བཞུགས། །བདག་གཞན་ཀུན་གྱི་དུས་གསུམ་དུ། །བསགས་པའི་དགེ་བ་ཇི་སྙེད་དེས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བརྗོད། དེ་རྗེས་སྡོམ་པ་བཟུང༌། དབང་བླང་བ་ལ་སོགས་པ་ཡང་བྱ། འདི་ཁྲིད་དུས་དམིགས་སྐོར་གཅིག་ཡིན། དུས་རྒྱུན་དུ་ཉིན་རེ་ལ་ལན་རེ་མ་ཆགས་པར་བྱའོ། །དེ་ལྟར་བྱས་པས་སྡིག་པ་ཉམས་ཆགས་འདག །ལྷ་མི་ཐམས་ཅད་ཚོགས་གཉིས་ཟུང་དུ་རྫོགས། །སྐྱེ་བ་ནས་སྐྱེ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །བུམ་དབང་དང་འབྲེལ་བསྐྱེད་པའི་རིམ། །ཐུན་མོང་ཡིད་བཞིན་ནོར་བུ་འདི། །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །གཉའ་ནང་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བཀོད། །ཕྱོགས་དུས་བདེ་ལེགས་ལྡན་གྱུར་ཅིག །རྗེ་མི་ལ་རས་པས་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པ་རྫོགས་སོ།། །། །།དགེའོ།།


previousགདམས་ངག་མཛོད་པོད་བདུན་པ། དཔལ་བདེ་མཆོག་སྙན་བརྒྱུད་ལས། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་མི་ལས་མཛད་པ།next