Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག   ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   

   

 
previousཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ།next

ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག
ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ།


LT17_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་རྫོང་སྙན་བརྒྱུད་གྲས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག་བཞུགས་སོ།། །།ཟུར་མང་སྙན་བརྒྱུད་ལས་སོ། །


LT17_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་ཆོས་ཀྱི་སྐུའི་གནས་ལུགས་ཞེས་བྱའོ། །དེ་ལ་གསུམ་ཏེ། བསྒོམ་པ་སྤྲུལ་པའི་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་དང་། སྒོམ་པ་འདི་ལས་འཕྲོས་པའི་ཤེས་རབ་ཀྱི་དེ་ཉིད་ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པའོ། །གནས་ལ་གསུམ་སྟེ། རབ་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཏེ། དེར་བར་ཆད་མི་འབྱུང་ཞིང་རྟོག་པ་མྱུར་དུ་འཆར་རོ། །འབྲིང་ཙཱ་རི་ལ་སོགས་མཁའ་འགྲོ་འདུ་བའི་རི་ཁྲོད་སྟེ། དེར་དངོས་གྲུབ་མྱུར་ཞིང་འཁོར་བ་ལ་སྐྱོ་བ་སྐྱེའོ། །ཐ་མ་མཐུན་རྐྱེན་ཚང་བའི་དབེན་གནས་ཏེ། དེར་སྐྱེ་བོའ་རྒྱུ་འགྲུལ་ཉུང་ཞིང་འཇིག་རྟེན་གྱི་ཆོས་བརྒྱད་མི་སྐྱེའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་བྱ་བ་ལ་གསུམ་སྟེ། དང་པོ་ལུས་བྱ་བྲལ་དུ་


LT17_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྟེ་འཇིག་རྟེན་གྱི་བྱ་བ་ཚེ་འདིའི་ཞེན་པ་སྤང་བར་བྱའོ། །ངག་སྨྲ་བྲལ་དུ་གནས་ཏེ། ཚེ་འདིའི་སྙན་མི་སྙན་ལ་སོགས་པ་ལུང་བསྟན་པའི་ཚིག་གིས་སྤྲོས་པ་མཐའ་དག་སྤང་བར་བྱ་བའོ། །སེམས་རྟོག་བྲལ་དུ་གནས་པ་སྟེ་ཡོད་མེད་ཡིན་མིན་དང་། བདེན་བརྫུན་དང་། དོན་དམ་དང་ཀུན་རྫོབ་ལ་སོགས་པ་མཚན་མ་དང་བཅས་པ་བློ་དང་བྲལ་ལ། གང་དུ་ཡང་མི་རྟོག་པའི་ངང་ལ་གཞག་གོ། །གསུམ་པ་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་ལ་བཞི། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་དངོས་པོ་ཐམས་ཅད་རོ་མཉམ་པ་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་བའི་ཚུལ་ལོ། །དང་པོ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་


LT17_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱ་མདུད་གྲོལ་བར་བསྟན་པ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་གཏམས་པའོ། །གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། དང་པོ་ལུས་སྣང་སྟོང་གི་ཡེ་ཤེས་ངོས་བཟུང་བ་ནི། ལུས་ཞེས་བྱ་བ་ཞིག་གྲུབ་ཙ་ན་ཆོས་ཅན་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱི་གྲུབ་པས་ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་ཡིན་ཏེ། ཆོས་ཉིད་རང་ཐོག་ནས་ལུས་ཞེས་པའི་དངོས་པོ་གནས་པ་མེད་དེ་འཇའ་ཚོན་བཞིན་ནོ། །འོ་ན་ལུས་སུ་སྣང་ཞིང་འདུག་པས་དངོས་པོ་མཚན་མར་གྲུབ་པ་ཡིན་ནམ་སྙམ་ན། ལུས་སྣང་སྟོང་དེ་ཡང་རྐྱེན་གྱིས་སྣང་བ་ཡིན་གྱིས། ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་གང་དུ་གྲུབ་པ་མེད་པ་ཡིན་པས་ན། ལུས་སྣང་སྟོང་ཡེ་ཤེས་ཞེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གསུངས། ངག་གྲགས་སྟོང་གི་ཡེ་ཤེས་ནི་སྒྲ་གང་ཡང་རུང་བ་ཞིག་ལྷང་གིས་གྲགས་ཙ་ན། ཆོས་ཅན་སྒྲ་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱིས་གྲུབ་པ་སྟེ། སྒྲ་གྲགས་པའི་དུས་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་པ་ཉིད་ཡིན་གྱིས་ཆོས་ཉིད་རང་ལས་ལོགས་ན་སྒྲ་ཞེས་བྱ་བ་ཞིག་ཏུ་དངོས་པོར་གྲུབ་པ་མེད་དེ་གྲག་ཆ་བཞིན་ནོ། །འོ་ན་སྒྲ་གྲགས་ཤིང་འདུག་པའི་དངོས་པོ་དང་མཚན་མ་གྲུབ་པ་ཞིག་ཡོད་པ་མིན་ནམ་སྙམ་ན། གྲགས་པ་དེ་རྐྱེན་གྱིས་སྣང་བ་ཡིན་གྱིས། སྒྲ་གྲགས་པ་དེའི་དུས་ཉིད་ནས་གང་དུ་ཡང་གྲུབ་པ་མེད་པ་ཡིན་པས་ན། སྒྲ་གྲགས་སྟོང་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་ལ། རྐྱེན་གྱིས་སྣང་བ་དང་གྲགས་པ་དེ་ཉིད་མ་སྐྱེས་པ་ཡིན་གསུངས། སེམས་བདེ་སྟོང་གི་ཡེ་ཤེས་ནི་སེམས་ཞེས་བྱ་བ་ཞིག་ཏུ་གྲུབ་ཙམ་ན། ཆོས་ཅན་དེའི་ཆོས་ཉིད་བདེ་སྟོང་གི་ཡེ་ཤེས་ལྷུན་གྱི་གྲུབ་པ་སྟེ། སེམས་ཞེས་རིག་རིག་པོ་ཞིག་ཤར་བའི་དུས་ཉིད་ནས། རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་བདེ་སྟོང་ཡིན་གྱི། ཆོས་ཉིད་རང་ལས་ལོགས་ན་སེམས་ཞེས་བྱ་བ་དངོས་པོ་ཞིག་གྲུབ་པ་མེད་དེ་ནམ་མཁའ་བཞིན་ནོ། །འོ་ན་


LT17_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འདི་ལ་དྲན་རྟོག་སྣ་ཚོགས་འགྱུ་ཞིང་འདུག་པ། དངོས་པོ་དང་མཚན་མར་གྲུབ་པ་ཞིག་ཡོད་པ་ཡིན་ནམ་སྙམ་ན། རྣམ་པར་རྟོག་པ་ཙམ་དུ་རྐྱེན་གྱིས་སྣང་བ་ཡིན་གྱི་དྲན་རྟོག་ཏུ་སྣང་བའི་དུས་ཉིད་ནས་སྡུག་བསྔལ་ཟུག་རྔུ་དང་བྲལ་ནས་བདེ་བ་ཡིན་པས་ན་སེམས་བདེ་སྟོང་གི་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གྱི། རྐྱེན་གྱིས་ཡུལ་ཅིག་ཤར་པ་དང་། དེ་ལ་དེར་འཛིན་གྱི་ཤེས་པ་ཕྲ་མོ་ཞིག་བྱུང་བ་དེ་ལ་རྣམ་པ་རྟོག་པ་ཞེས་བྱ་སྟེ། ཕྲ་བ་དང་རགས་པའི་རྟོག་པ་གང་སྐྱེས་པ་དེ་ཉིད་མ་སྐྱེས་པ་སྐྱེ་བ་མེད་པའི་རང་བཞིན་ཡིན། འཁོར་བའི་རྒྱ་མདུད་གྲོལ་བ་ནི་གསུམ། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་གྲོལ་བ་སྟེ། སྡོམ་པ་རིན་པོ་ཆེས་ལུས་ལ་སྙིང་པོ་བླང་བ་ལུས་འཁོར་བ་ལས་སྒྲོལ་བར་བྱེད་པ་གཞན་ལ་གནོད་པ་མཐའ་དག་ལས་ལོག་ནས། ཞེན་པ་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་སྒྲུབ་པའོ། །སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་སྟེ། རྫས་དང་ཡོ་བྱེད་སྙིང་པོ་མེད་པ་ལ་སྙིང་པོ་བླང་བའི་ཐབས་སེམས་ཅན་ལ་སྦྱིན་པ་ཕྱོགས་རིས་མེད་པར་བཏང་བར་བྱའོ། །ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཀྱི་མདུད་པ་གྲོལ་སྟེ། ཆོས་ཉིད་ཀྱི་དངོས་པོའི་གནས་ལུགས་གདོད་མ་ནས་གཟུང་འཛིན་གྱི་དྲི་མས་མ་གོས་པས། ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ། མཚན་ཉིད་འདི་ལྟར་ཡིན་ཞེས་བསྟན་དུ་མེད་པ། རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་སྟེ། ཕྱི་སྣང་བའི་ཡུལ་སྣ་ཚོགས་སེམས་སུ་ཤེས་པས་གཟུང་བའི་རྒྱ་ལས་གྲོལ། ནང་དྲན་པའི་རྟོག་པ་སྣ་ཚོགས་པ་ཡང་སེམས་སུ་ཤེས་པས་འཛིན་པའི་མདུད་པ་ལས་གྲོལ། བར་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་ཡང་སེམས་ཉིད་དང་གཅིག་མེད་དུ་ཤེས་པས་གཉིས་སུ་འཛིན་པའི་བློ་ཡི་མདུད་པ་ལས་གྲོལ་བ་ན། འཁོར་བའི་རྒྱ་མདུད་


LT17_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བ་ཞེས་བྱའོ། །ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ནི་གསུམ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ཞེས་པ་ལ་གཉིས་ཏེ། རྣམ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་རྩའོ། །དེ་ལ་རྣམ་པར་སྨིན་པའི་རྩ་ནི་བཤད་ཚོད་ཀྱིས། ཨ་ཝ་དྷཱུ་ཏི་ཞེས་བྱ་བ་དེ་ཡིན། དེ་ལས་གྱེས་པའི་རྩ་འཁོར་ལོ་བཞི་ལ་སོགས་པ་དང་། དེའི་ཡན་ལག་གི་རྩ་རྣམ་གྲངས་དུ་མ་བཤད་པ་རྣམས་སོ། །འོ་ན་ཡེ་ཤེས་ཀྱི་རྩ་གང་ན་ཡོད་སྙམ་ན། དབྱིབས་དང་ཁ་དོག་རེག་བྱ་ཐམས་ཅད་བྲལ་བ་མཚོན་དུ་མེད་པ་སྟེ། རྣམ་སྨིན་གྱི་རྩ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་འདུག་པ་དེ་ལ་ཡེ་ཤེས་ཀྱི་རྩ་ཞེས་བྱའོ། །དེ་ལ་རྣམ་སྨིན་གྱི་རྩ་གསལ་བོད་ཙམ་ན། ཡེ་ཤེས་ཀྱི་རྩས་སྟོང་བོད་པ་ཡིན་པས། གསལ་སྟོང་ཟུང་འཇུག་བྱ་བ་ཞིག་ཏུ་རང་བཞིན་གྱིས་གནས་སོ། །དེ་ཡང་གསལ་བ་ཞེས་བྱ་བ་ནི། མིག་སྔར་གཟུགས་མཐོང་བ་ཞིག་ལ་མི་ཟེར་ཏེ། རང་གི་སེམས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་གེགས་གང་ཡང་མེད་པས་ན་གསལ་ཞེས་བརྗོད་དོ། །དེ་ཡང་སྐབས་ཁ་ཅིག་ཏུ་གསལ་ཞིང་། སྐབས་ཁ་ཅིག་ཏུ་མི་གསལ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་ཏུ་གསལ་བས་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རྩ་གསལ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །རླུང་སྣང་སྟོང་ཟུང་འཇུག་ཀྱང་གཉིས་སུ་བཞེད་དེ། རྣམ་སྨིན་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་ངོ། །དེ་ལ་ལས་ཀྱི་རླུང་ཁ་སྣའི་སྒོ་ནས་རྒྱུ་བ། སྲོག་རྩོལ་གཉིས་སུ་ཁྱད་པར་རྒྱུ་ནས་འོང་བ་འདི་ཡིན། ཡེ་ཤེས་རླུང་ནི་ཁ་དོག་དང་དབྱིབས་དང་རེག་བྱ་དང་བྲལ་བ་མཚོན་དུ་མེད་པ་སྟེ། ལས་ཀྱི་རླུང་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་གནས་པ། དེ་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །དེ་ཡང་ལས་ཀྱི་རླུང་གིས་སྣང་བོད་ཙམ་ན་ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་དོ། །ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་ཙམ་ན། ལས་ཀྱི་རླུང་གིས་


LT17_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བོད་པ་ཡིན་པས། རླུང་སྣང་སྟོང་ཟུང་འཇུག་དུ་རང་བཞིན་གྱིས་གནས་སོ། །རླུང་སྣང་སྟོང་ཟུང་འཇུག་ནི་མིག་སྔར་སྣང་བ་ལྟ་བུ་ཞིག་མ་ཡིན་ཏེ། རང་གི་སེམས་ཉིད་མཐོང་བ་མེད་པ། མཐོང་བ་སྟོང་པ་ཞེས་བྱ། དེ་ཡང་གནས་སྐབས་ཁ་ཅིག་ཏུ་སྟོང་ཞིང་ཁ་ཅིག་ཏུ་མི་སྟོང་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་སྣང་བ་ཡང་ངོ་བོ་ངོས་བཟུང་གང་དུ་ཡང་མ་གྲུབ་པས། སྣང་བ་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རླུང་སྣང་སྟོང་ཟུང་འཇུག་བྱ་བར་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་ལ་ཡང་གཉིས་ཏེ། ཟག་བཅས་ཀྱི་ཐིག་ལེ་དང་། ཟག་མེད་ཀྱི་ཐིག་ལེའོ། །དེ་ལ་ཟག་བཅས་ཀྱི་ཐིག་ལེ་ནི། དབང་པོའི་སྒོ་ལས་རྒྱུ་རྟེན་ལུས་ལ་བརྟེན་ནས་གནས་པའི་དུས་དཀར་དམར་དུ་གནས་པ་དེ་ཟག་བཅས་ཀྱི་ཐིག་ལེ་ཞེས་བྱའོ། །ཟག་པ་མེད་པའི་ཐིག་ལེ་ནི་ཟག་བཅས་དེ་ལས་གཞན་བཙལ་བས་མི་རྙེད་དེ། དབྱིབས་དང་རེག་བྱ་ཁ་དོག་མཐོང་དུ་མེད་པ་སྟེ། ཟག་བཅས་ཀྱི་ཐིག་ལེ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་འདུག་པ་དེ་ཡེ་ཤེས་ཟག་མེད་པའི་ཐིག་ལེ་ཞེས་བྱའོ། །དེ་ཡང་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་ཙམ་ན། ཟག་མེད་ཀྱི་ཐིག་ལེ་སྟོང་བོད། ཟག་མེད་ཀྱི་ཐིག་ལེ་སྟོང་བོད་ཙམ་ན་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་པ་ཡིན་པས། ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་རང་བཞིན་གྱི་གནས་པ་ཡིན་ནོ། །དེ་ཡང་ཐིག་ལེ་བདེ་སྟོང་དེ་མིག་སྔར་སྣང་བ་ལྟ་བུ་མ་ཡིན་ཏེ། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་སྡུག་བསྔལ་གྱིས་གཏན་ནས་མ་གོས་པ་དེ་བདེ་སྟོང་ཞེས་བྱའོ། །དེ་ཡང་སྐབས་ཁ་ཅིག་ཏུ་བདེ་ཞིང་སྐབས་ཁ་ཅིག་ཏུ་མི་བདེ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་བདེ་བ་དང་སྟོང་པ་འདྲེས་ནས་མི་རྟོག་པ་རྒྱུན་གྱིས་དག་པ་ཞེས་བྱའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་


LT17_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའོ། །དེ་ལྟར་རྣམ་པར་སྨིན་པའི་རྩ་རླུང་བྱང་ཆུབ་སེམས་གསུམ་དངོས་པོ་དང་མཚན་མ་གྲུབ་པ་འགགས་ནས། ཡེ་ཤེས་རྩ་རླུང་བྱང་ཆུབ་ཀྱི་སེམས་གསུམ་ངོ་སྤྲད་པས་གནས་ལུགས་ཀྱི་ཉམས་བདེ་གསལ་མི་རྟོག་པ་གསུམ་ཤར་ནས། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་དོན་རྣལ་མ་རྟོགས་ནས་འོང་གསུང་ངོ་། །ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་ལ་གསུམ་ལས། །དང་པོ་དངོས་གཞི་སྐྱེ་མེད་ལ་གསུམ་སྟེ། སེམས་རང་བྱུང་སངས་རྒྱས་ལྟར་རང་བཞིན་མེད་པའི་ཕྱིར། གང་ནས་ཀྱང་མ་འོངས་ཤིང་གང་དུ་ཡང་འགྲོ་ས་མེད་པར་བཞག་པ་ནི། སེམས་ཉིད་ངོ་བོ་གཤིས་ཀྱི་གནས་ལུགས་བཅོས་མིན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་གི་ཡང་ཕྱོགས་སུ་ཡང་མ་ཆད་ཅིང་། མཐར་མ་ལྷུང་བ། མིང་གི་གདགས་ཐམས་ཅད་དང་བྲལ་བ། རྒྱུ་དང་པོ་གང་ནས་ཀྱང་མ་སྐྱེས་པས་འདི་ནས་འོང་བྱ་བ་མེད། ཐ་མར་འདིར་འགགས་བྱ་བ་མེད་པས་འགྲོ་འོང་མེད་པ་གཞི་འགྱུར་བ་མེད་པ་གཏན་ལ་ཕབས་པའོ། །གཉིས་པ་རི་བོང་གི་རྭ་ལྟར་གྲུབ་པ་མེད་པས། གང་དུ་ཡང་མི་གནས་པར་སྐྱེ་འགགས་མེད་པར་བཞག་པ་ནི། རི་བོང་གི་རྭ་མ་གྲུབ་པས་རྭ་ཆག་པའམ་མི་འདུག་བྱ་བ་མེད་པ་བཞིན་རང་སེམས་ས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དེ་ལ་དང་པོ་སྐྱེ་བའི་རྒྱུ་མ་གྲུབ་པས། ཐ་མ་འགགས་པ་མེད་པའི་མིང་ཡང་མེད་དེ། སྐྱེ་འགགས་རང་སར་གྲོལ་བས་མ་སྐྱེས་པས་སྐྱེ་བ་མེད་པའི་བདག་ཉིད་གང་དུ་ཡང་མི་གནས་པ་གནས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་དུ་རྟོགས་པའོ། །གསུམ་པ་མོ་གཤམ་གྱི་བུ་བཞིན་མཚན་མ་མེད་པའི་ཕྱིར་རྟོག་མེད་བརྗོད་དུ་མེད་པར་བཞག་པ་ནི། མོ་གཤམ་གྱི་བུ་དེ་དངོས་པོ་དང་མཚན་མ་མེད་པས་གང་གིས་ཀྱང་མ་བསྐྱེད་ཅིང་།


LT17_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པས། ད་ལྟ་མོ་གཤམ་གྱི་བུ་ལ་རྟོག་པ་འདི་ལྟ་བུ་ཞིག་འདུག་ཞེས་པ་དང་། མོ་གཤམ་གྱི་བུས་འདི་སྐད་བྱས་ཟེར་བ་མེད་པ་དེ་བཞིན་ཏུ་རང་སེམས་གཉིས་སུ་མེད་པའི་དོན་འདི་ལ་དངོས་པོ་དང་མཚན་མར་མ་གྲུབ་པས་སྤྲོས་པ་ཐམས་ཅད་དང་བྲལ་བ། བརྗོད་བྱའི་ཡུལ་ལས་འདས་པར་གནས་པའི་སེམས་ཉིད་མ་བཅོས་པར་བཞག་གསུང་ངོ་། །གཉིས་པ་ལམ་འོད་གསལ་འགགས་མེད་ལ་གསུམ་སྟེ། དམིགས་པ་ཡེངས་མེད་སེམས་ལ་འཕྲོས་དང་འཕྲོ་བའི་ཡུལ་མེད་རིག་པ་རྩེ་གཅིག་ཏུ་གནས་པའོ། །བློ་འཛིན་མེད་རིག་པ་རྟེན་པའི་བློ་དང་བརྟེན་པ་སེམས་ཉིད་འོད་གསལ་ལ་གཉིས་སུ་མེད་པས་ཆོས་ཅན་གྱི་དངོས་པོ་གཞན་མེད་པས་ན་རྟེན་མེད་རང་གྲོལ་དུ་གནས་པའོ། །ཤེས་པ་འབྲལ་མེད་ཆོས་གང་ཡིད་ལ་བྱེད་པ་མེད་དེ་འདི་བྱའི་ཡུལ་དང་སེམས་ཆོས་ཅན་དུ་བཙལ་བས་མི་རྙེད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པས། མྱ་ངན་ལས་འདས་པའམ་འཁོར་བའི་ཆོས་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའོ། །གསུམ་པ་འབྲས་བུ་ཟུང་འཇུག་དབྱེར་མེད་ངང་དུ་བཞག་པ་ལ་གསུམ། དང་པོ་སེམས་ཆོས་ཉིད་དང་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་ཁྱེར་བ་ནི། རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལས་ཅིར་ཡང་སྣང་བ་ངོ་བོ་ཟག་པ་ཐམས་ཅད་དང་བྲལ་བས་སྟོང་པ། རང་བཞིན་སྣང་སེམས་གཉིས་སུ་མེད་པ་མཚན་ཉིད་ཆོས་སྐུ་བློ་ཡུལ་ལས་འདས་པས་མཚོན་དུ་མེད་པའོ། །ཆོས་ཅན་དང་ཆོས་ཉིད་དབྱེར་མེད་དུ་བསྟན་པ་ནི་ཆོས་ཅན་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། ཆོས་ཉིད་གཉིས་སུ་མེད་པའི་དོན་དེས་སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར། ཆོས་ཅན་ཆོས་ཉིད་ཇི་སྙེད་པའི་ཆོས་སྐྱེ་མེད་དུ་རྟོག་པ་དང་། སྐྱེ་བ་མེད་པ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་སྣང་བ་དང་སྟོང་པ། སྒྱུ་མ་དང་འོད་གསལ། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐམས་ཅད་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་ཆོས་ཅན་དེའི་ཆོས་ཉིད་


LT17_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་སྟོང་པས་སྣང་སྟོང་ཐ་མི་དད་པའི་དོན་ཏོ། །བཞི་ལམ་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་གཞག་པ་ནི། གཞི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཆོས་སྐུ་དབྱེར་མེད་དང་། ལམ་སེམས་ཉིད་ཀྱི་དེ་བཞིན་ཉིད་ཟུང་འཇུག་གཟུགས་སྐུ་དང་དབྱེར་མེད། འབྲས་བུ་ཟུང་འཇུག་དེ་བཞིན་ཉིད་བདེ་བ་ཆེན་པོའི་སྐུ་དང་དབྱེར་མེད་པ་སྟེ། འབྲས་བུ་སེམས་ཉིད་ཟུང་འཇུག་སྐྱེ་མེད་དུ་བཞག་པས། འཁོར་འདས་གཉིས་སུ་འཛིན་པ་ཐམས་ཅད་རང་སར་གྲོལ་བའོ། །སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བའི་གདམས་ངག་གི་དངོས་པོ་ཐམས་ཅད་རོ་མཉམ་པ་ལ་ལྔ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་དང་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །སྤང་བྱ་དང་གཉེན་པོ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ལམ་དང་འབྲས་བུ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ཉོན་མོངས་དང་ཡེ་ཤེས་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །བདེ་བ་དང་སྡུག་བསྔལ་གཉིས་སུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་ཞིང་རོ་གཅིག་ཏུ་བཞག་པར་བྱའོ། །འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། རྟེན་གྱི་གང་ཟག་གང་ལ་འཆར་བ་དང་། དུས་ནམ་གྱི་ཚེ་འཆར་བ་དང་། ཚུལ་ཅི་ལྟ་བུར་འཆར་བའོ། །གང་ཟག་དབང་པོ་ཡང་རབ་རྒྱུད་སྦྱངས་པ་ཅན་ལ། དུས་ནི་ངེས་པ་མེད་དེ་སྐད་ཅིག་མའི་བྱིན་རླབས་ནམ་ཞུགས་པའི་དུས་དེར། ཡེ་ཤེས་རྟོགས་པའི་ཚད་ནི་ལག་པ་ལྟོ་རྒྱབ་བརྗེ་བའི་ཚད་གཅིག་ལ་འཆར་བའོ། །འཆར་ཚུལ་ནི་མཚན་མ་མེད་པར་འཆར་ཏེ། ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་སྙིང་པོ་ཅན། རྣམ་པ་གཟུགས་སྐུའི་དྲི་མ་དང་བྲལ་བ་དང་། བྱེད་ལས་རྣམ་པར་རྟོག་པའི་དྲི་མ་སྦྱོང་བྱེད་དུ་འཆར་བའོ། །དེ་ལྟར་བསྒོམ་བྱ་ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ།


LT17_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་ངང་ལ་བློ་བཞག་པ་དང་། ལམ་མཉམ་བཞག་གི་ཕྱག་རྒྱ་ཆེན་པོ་སྟོང་པ་སྙིང་རྗེ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། རྗེས་ཐོབ་རྐྱེན་ཤར་གྱི་ཕྱག་རྒྱ་ཆེན་པོ་སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བ་ལ་དངོས་པོ་ཐམས་ཅད་རོ་མཉམ་པས་འཁོར་འདས་རོ་གཅིག་གི་རྟོགས་པ་དེ་རྟེན་གྱི་གང་ཟག་གིས་རྟོགས་པ་དེ་ཉིད་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱའོ། །འདི་ལྟར་རྟོགས་པའི་དོན་འོད་གསལ་དེས་ཉེ་བར་ལེན་པའི་རྒྱུ་བྱས་ཏེ། བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུ་དང་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ཏེ། དྲི་མ་མེད་པར་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་གྱུར་ཏེ། དག་པ་ཆོས་སྐུའི་ཚུལ་དུ་སངས་རྒྱས་པའོ། །གསང་བ་ཆོས་སྐུའི་གདམས་ངག་ལ་བརྟེན་ནས་ཡེ་ཤེས་གསལ་འདེབས་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་སྒྲོ་འདོགས་གཅོད་པའི་གདམས་པ། མཁའ་འགྲོ་མའི་གསང་བ་སྦས་པ། བླ་མའི་གསུང་བཞིན་དུ་དགེ་བསྙེན་བོ་དྷི་རཱ་ཛས་བཀོད་པའོ། །ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ།། །།


previousཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ།next