Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
གདམས་ངག་མཛོད་པོད་དྲུག་པ།  ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་དྲུག་པ། ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས།next

གདམས་ངག་མཛོད་པོད་དྲུག་པ།
ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས།


LT18_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས་སུ་བཀོད་པ་བཞུགས་སོ།། །།


LT18_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་སརྦ་ཛྙཱ་དརྴ་དྷརྨཱ་ཀཱ་རཱ་ཡ། སྐྱེ་མེད་རླུང་སེམས་དབྱེར་མེད་ནི། སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་ཡེ་ཤེས་སྐྱེད་པར་བྱེད་པའོ། །རྡོ་རྗེ་རྣལ་འབྱོར་མ། ལྷན་ཅིག་སྐྱེས་མ། ཡུམ་ཆེན་མོ། མ་མོ་རྟག་པའི་རྒྱལ་མོ། དོན་དམ་པའི་སྣང་བ་གསུམ། ཀུན་གཞི་དང་ཀུན་རྫོབ་ཀྱི་སྣང་བ་གསུམ་ཚོགས་དྲུག་ཐམས་ཅད་ལྷན་སྐྱེས་དེའི་རང་འོད་ཆུ་དང་རླབས་ལྟར་རྣམ་པ་ཐ་དད་ལྟར་སྣང་ཡང་ངོ་བོ་ཐ་དད་མེད་པར་གནས་ལུགས་ངེས་པར་བྱ་བ་ནི་གཞི་ངོས་བཟུང་བའོ། །དེ་ནས་ལུས་གནད་བསམ་གཏན་ཆོས་བདུན་བཅའ། རང་བབས་སུ་བཞག་ནས་སྐྱེ་འགག་འགྲོ་འོང་སོགས་རང་ཐོག་ཏུ་བཞག་པ་ནི་ཞི་གནས། རྣམ་རྟོག་གི་ངོ་བོ་དཔྱད་པས། སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། སྣ་ཚོགས་སྣང་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ། བླང་དོར་མེད་པ་ཤེས་པ་ལྷག་མཐོང་། གནས་པ་ཁོ་ན་དང་རང་ངོ་སྐྱོང་བ་གཉིས་རེས་མོས་བྱས་


LT18_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞི་ལྷག་ཟུང་འཇུག་གི་ཉམས་མྱོང་སྐྱེ། བྱིང་ན་སྟོང་རའི་སྙིང་གར་ཐིག་ལེ་དཀར་པོ་བསྒོམ། ཕཊ་བརྗོད། རླུང་རོ་ཕྱུང་། སེམས་གཟེངས་བསྟོད་ལྟ་སྟངས་མཐོར་བཅུག་དེས་སེམས་གསལ་སྟོང་དུ་འགྱུར། འོག་སྒོ་བསྡམ་རླུང་ཐུར་དུ་འབུད། ཨཱཿརིང་པོ་ཡིད་ཀྱིས་བརྗོད། དེ་ལས་ཞི་ལྷག་ཟུང་འབྲེལ་གྱི་མྱོང་བས་ཟིན་བཞིན་ཏུ་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་སོགས་ལྷ་བསྒོམ་སྔགས་བཟླས་པ་སོགས་དག་པ་དང་། ཟ་འཆག་ཉལ་བ་སོགས་མ་དག་པ་དང་བསྲེ། འདི་ལ་སྦྱོར་དྲུག་སྐབས་ལྟོས་མེད་བཞི་ལྡན་དང་རྫོགས་ཆེན་ཁྲེགས་ཆོད་དང་ཀ་དག་གི་ལྟ་བ་ཟེར། རྣམ་རྟོག་ཆོས་སྐུ། གཅིག་ཤེས་ཀུན་གྲོལ། དཀར་པོ་གཅིག་ཐུབ་སོགས་མཚན་མང་། དེ་བས་སྦྱོར་དྲུག་རིམ་ལྔ་ཐོད་རྒལ་སོགས་ཀྱི་ཉམས་ལེན་བྱས་ན་ཇི་སྐད་བཤད་པ་བཞིན་འབྱུང་ཞིང་གོ་དོན་ཡང་གཞན་དུ་ཤེས་སོ།། ༈ །།གཉིས་པ་རྫོགས་རིམ་རླུང་སེམས་གཉིས་མེད་ནི། སྐྱབས་འགྲོ། ཡིག་བརྒྱ། མཎྜལ།


LT18_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སོགས་སྤྱི་ལྟར་བྱ། དང་པོ་ཞུ་བདེ་ལྷན་སྐྱེས་གཏུམ་མོ་རླུང་སེམས་གཉིས་མེད་ནི། ལུས་གནད་ཆོས་བདུན་ནམ་དྲུག་འཆིང་བྱ། རང་ཉིད་ལྷན་སྐྱེས་མའི་སྟོང་ར་དང་། དབུ་མ་སྔོན་པོ་གསང་བ་ནས་སྤྱི་གཙུག་བར་དང་གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་པོ། མར་སྣེ་ལྟེ་འོག་སོར་བཞི་ནས་གྱེས། ཡར་སྣེ་སྣ་བུག །ལྟེ་འོག་རྩ་གསུམ་འདུས་མདོར་ཆོས་འབྱུང་གི་དབྱིབས། ནང་དུ་གཏུམ་མོ་ཐིག་ལེ་དམར་པོ་རེག་བྱ་ཚ་བ་ཆེ་ཕྲ་ཅི་རིགས། རླུང་རོ་གསུམ་ལྔ་བདུན་སོགས་བུས། སྟེང་རླུང་ཁ་སྦྱར་རླུང་ཐིག་ལེར་ཐིམ་པར་བསམ་ནས་གཞིལ། སྣ་སྒོ་ནས་མདའ་ལྟར་འཕངས། སྐེད་པ་གཡས་གཡོན་དུ་བསྐོར། དམིགས་སྐོར་གཅིག་གོ །རླུང་གིས་གཏུམ་མོ་བསྐུལ། མེ་ལྕེ་རྩ་བ་སྦོམ་རྩེ་མོ་ཕྲ། འདར། གསལ། སྦྲུལ་ལྕེ་འདྲ་བ་སོར་བཞིའི་བར་རིམ་པས་སྐྱོད། མཐར་མེ་ཐིག་ལེར་བསྡུ། དྲོད་ཀྱི་གཞི་འཛིན་པ་སྟེ་དམིགས་སྐོར་གཅིག་གོ །༢ །།ཆོས་འབྱུང་གི་དབུས་མེ་ཤེལ་གྱི་བུམ་པ་དྲོད་སྨན་གྱིས་གང་བ་ལས་སྐྱེས་པའི་པདྨ་དམར་པོ་འདབ་བརྒྱད་ཉི་མ་བས་དགུ་འགྱུར་གྱིས་འོད་འབར་བ་རོ་གདན་རྣམས་གཏུམ་མོ་ལས་གྲུབ་པ། སྤྱི་བོར་ཉི་གདན་འདོད་དགུ་འགྱུར་བས་བླ་མ་རིགས་བདག་རྣམ་སྣང་གཏུམ་མོ་ལས་གྲུབ་པ་དང་། ཐུགས་ཀའི་འོད་ཀྱིས་རྒྱལ་བ་རྣམས་ཀྱི་བྱིན་རླབས་བསྡུས། མེའི་གཞལ་ཡས་ཁང་། ར་གུར་བླ་རེ་དང་བཅས་པ་བསྒོམ་པ་དང་། ཡང་ཕོ་བྲང་ལྟ་བུའི་རྒྱན་ཐམས་ཅད་གཏུམ་མོ་ལས་གྲུབ་པ་ནི་གཏུམ་མོ་གདན་དང་ཞྭ་དང་གོས་ཏེ་ཕྱིའི་མེ་གསོ་བའོ། །རྩ་གསུམ་དང་ལྟེ་བའི་རྩ་འདབས་དྲུག་ཅུ་ར་བཞི་སེར། སྙིང་གའི་བརྒྱད་མཐིང་། མགྲིན་པར་བཅུ་དྲུག་དམར། སྤྱི་བོར་སོ་གཉིས་ལྗང་།


LT18_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་སོ་གཉིས་སྔོ། རོ་རྐྱང་ལས་རང་མདོག་ཡན་ལག་བཞིར་གྱེས་པ་ལ། ཕྲག །དཔུང་། མཁྲིག །དཔྱི། པུས། ལོང་བུ་རྣམས་སུ་རྩ་འདབ་སོ་གཉིས་རེ་དང་སོར་ཚིགས་རྣམས་སུ་འདབ་དྲུག་རེ་ཁ་དོག་དམར་དཀར་རང་མདོག་ལྟར་རོ། །འཁོར་ལོ་སོ་སོའི་ལྟེ་བར་རྃ་དམར་པོ་རེ་རེ། སྔར་ལྟར་རླུང་སྦྱོར་བྱས་པས་སུམ་མདོའི་གཏུམ་མོ་དང་རྃ་ཐམས་ཅད་ལས་མེ་འབར། ལྟེ་བར་འཁོར་ལོ་རྩིབས་རེ་བཞི། སྙིང་གར་རྡོ་རྗེ་རྩེ་དགུ། མགྲིན་པར་པདྨ་འདབ་མ་བཅུ་དྲུག །སྤྱི་བོར་རལ་གྲི་སོ་གཉིས། ཕྱོགས་ཀྱི་དབྱེ་བས་སྣ་ཚོགས་རྡོ་རྗེའི་དབྱིབས། གསང་བར་མེ་རི་ཆེན་པོ་འབར། རྩ་ཐམས་ཅད་ཁྱབ། སྟོད་ཀྱི་ཚིགས་རྣམས་རྡོ་རྗེའི་རྣམ་པ། སྨད་ཀྱི་ཚིགས་རྣམས་འཁོར་ལོའི་དབྱིབས་ལས་མེ་འབར། བ་སྤུའི་བུག་ནས་སྤྲོས། སྟོང་གསུམ་ཁྱབ། སླར་བསྡུ། དེ་སྐབས་སེམས་སྐྱིལ་ས་གནོན་དྲག་རླུང་། རྐེད་པ་གཡས་གཡོན་དུ་མང་དུ་བསྐོར། འཕར་རྡེབ་ལན་གསུམ་ལྔ་བདུན་དགུ་གང་བབ་བྱའོ།། ༢ །།རླུང་རོ་བསལ། རང་བབས་སམ། བུམ་ཅན་ལ་སེམས་གཏད། དེ་ཡང་རྔུབས་པའི་དུས་ལུས་ཐམས་ཅད་བདེ་བས་ཁྱབ་བཟུང་བས་མི་རྟོག་པ། དབྱུང་དུས་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟར་བལྟ་སྟེ་རླུང་གིས་དང་། དབུ་མའི་ཡར་སྣར་ཐིག་ལེ་དཀར་པོ་མུ་ཏིག་དཀར་པོ་ལྟ་བུ། རྔུབས་པ་ན་ཐིག་ལེ་འཁོར་ལོ་ལྔ་ལ་མར་འོངས། བཟུང་བ་ན་བདེ་བ་མི་རྟོག་པ། དབྱུང་བ་ན་འཁོར་ལོ་སོ་སོར་བདེ་སྟོང་གི་རྒྱས་བཏབ་པ་ནི་ཐིག་ལེ་རགས་པའི་ཆ་ལམ་སྦྱོང་བའོ། །བདེ་ཆེན་རླུང་སེམས་གཉིས་མེད་ནི། དབུ་མའི་ཡར་སྣར་ཁྱབ་བྱེད་ཧྃ་མགོ་ཐུར་བསྟན། ཕྱོགས་བཞིར་ཐིག་ལེ་


LT18_Page_090B
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཟུང་རེ། མཚམས་སུ་རེ་རེ། དེ་རྒྱབ་ཕྱོགས་བཞིར་བཞི་བཞི། མཚམས་སུ་རེ་རེ་སྟེ་སོ་གཉིས་ཕྱི་རོལ་དཀར་ནག་ཆའི་བདག་པོའམ་ལུགས་འབྱུང་བཅུ་དྲུག །ལྡོག་པ་བཅུ་དྲུག་དང་འབྲས་དུས་མཚན་སོ་གཉིས། གཏུམ་མོ་སྦར། གོང་གི་ནང་གི་ཕྱོགས་མཚམས་ནས་རར་ཕྱིའི་ཕྱོགས་ནས་གཉིས་གཉིས་ནས་བྱང་སེམས་བབ། ཧྃ་དང་འདྲེས་པ་ལས་བྱང་སེམས་བབ། སྤྱི་བོའི་རྩ་འདབ་གང་། དགའ་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་ཉམས་སུ་མྱོང་། སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་བྱས། རྩ་འཁོར་དབུས་སུ་ཐིག་ལེ་བཅུ་དྲུག་ཧྃ་བཅས་གསལ། མེ་གདུང་བརྒྱད་ཧྃ་དང་བཅས་པ་ལས་བྱང་སེམས་བབ། མགྲིན་པའི་རྩ་གང་། མཆོག་དགའ་དང་རྣམ་པར་སྨིན་པའི་སྐད་ཅིག་མ་ཉམས་སུ་མྱོང་། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་བྱས། མགྲིན་དབུས་ཐིག་ལེ་བརྒྱད་ཧྃ་བཅས་གསལ། མེ་གདུང་བཞི་ཧྃ་དང་བཅས་པ་ལས་བྱང་སེམས་བབ། སྙིང་གའི་རྩ་འདབ་གང་། ཁྱད་དགའ་དང་། རྣམ་པར་ཉིད་པའི་སྐད་ཅིག་མ་མྱོང་། །ཐུགས་རྡོ་རྗེ་དང་ཆོས་སྐུ་མངོན་དུ་བྱས། སྙིང་གར་ཐིག་ལེ་བཞི་ཧ་བཅས་གསལ། མེ་གདུང་གཉིས་ཧཾ་བཅས་ལས་བྱང་སེམས་བབ། ལྟེ་བའི་འཁོར་ལོ་གང་། མེའི་རྩེ་མོ་དང་དཀར་ཆ་འཕྲོད། ལྷན་སྐྱེས་དང་། མཚན་བྲལ་གྱི་སྐད་ཅིག་མ་ཉམས་སུ་མྱོང་། ཡེ་ཤེས་རྡོ་རྗེ་དང་ངོ་བོ་ཉིད་སྐུ་མངོན་དུ་བྱས། མེས་ཡར་དེད། དགའ་བ་སྐད་ཅིག་དང་པོ་མྱོང་། ཐིག་ལེ་ཆ་གཉིས་སུ་གྱུར་པ་སྙིང་གར་སོང་། ཆ་ལྔ་གྲུབ་པས། མཆོག་དགའ་དང་སྐད་ཅིག་གཉིས་པ་མྱོང་། ཡར་དེད་མགྲིན་པར་དགུ་འཚོགས། ཁྱད་དགའ་དང་སྐད་ཅིག་གསུམ་པ་མྱོང་། ཡར་དེད་སྤྱི་བོར་བཅུ་དྲུག་འཚོགས། ཁྱབ་བྱེད་དབུས་སུ་བཀོད། ལྷན་སྐྱེས་སྐད་ཅིག་བཞི་པ་མྱོང་། འབྲས་བུ་སྐུ་བཞི་ཡང་ལུགས་ལྡོག་ཏུ་སྦྱང་། མཐར་མེ་རྣམས་གཏུམ་མོ་དང་བྱང་སེམས་རྣམས་ཁྱབ་བྱེད་ལ་བསྡུའོ། །


LT18_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་པས། རླུང་དང་མེ་དང་བདེ་བའི་ཁམས། །བཅུ་དྲུག་དབྱེར་མེད་ཐིག་ལེ་ཅན། །ཅེས་སོ། །དེ་ནས་རང་བདེ་མཆོག་ལྷན་ཅེས་གསལ། ལིངྒ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་བུ་ག་ཧཱུྃ་སྔོན་པོས་བཀག །བྷ་ག་པདྨར་སྙོམས་འཇུག་དགའ་བཞི་ངོས་བཟུང་། བདེ་ཉམས་ཆེན་དཀར་ཆ་ཐམས་ཅད་ཧཱུྃ་ལ་བསྡུ། ཧཱུྃ་ཡང་སྤྱི་བོའི་ཧྃ་ལ་བསྟིམ། མིག་གྱེན། ལྕེ་རྐན། ཁུ་ཚུར་སྙིང་གར་བསྡམས་ཏེ་སྟོད་ལ་འཆུན་དང་བཅས། གཡས་གཡོན་དུ་གཅུད་པས་བསྐྱིལ་དང་བཟློག །ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམ་པ་ནི་དགྲམ་པའོ། །བདེ་སྟོང་གི་ཉམས་མྱོང་དེས་རྣམ་རྟོག་ཐམས་ཅད་ལ་བསྲེས་ནས་ཉམས་སུ་ལེན་པ་སྟེ་ལས་རྒྱའི་རྣལ་འབྱོར་གསལ་བར་མི་སྟོན་ནོ། །དེ་ལྟར་རླུང་དང་བྱང་སེམས་ཕྱོགས་གཅིག་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་ཡེ་ཤེས་དང་སེམས་རོ་མཉམ་དུ་གྱུར་པ་ནི་རླུང་སེམས་ལ་གཞུག་པའོ།། ༈ །།རླུང་སེམས་འོད་གསལ་དུ་གཞུག་པ་ནི། རང་སེམས་མཐའ་བྲལ་སྤྲོས་པ་ལས་འདས་པ་ནི་རང་བཞིན་མེད་པའི་ཡན་ལག །ཡུལ་སྣང་བ་བདེ་བ་དང་ཡུལ་ཅན་སྟོང་ཉིད་ཐ་དད་མེད་པ་ཁ་སྦྱོར། དེའི་ངོ་བོ་བདེ་སྡུག་བར་མ་ལས་འདས་པ་བདེ་ཆེན། ཡུལ་ཐམས་ཅད་ལ་ཞེན་མེད་དུ་སྤྱོད་པ་ལོངས་སྤྱོད་པ། དེ་མ་ཤེས་པ་ལ་སྙིང་རྗེ་བ་སྙིང་རྗེ། མི་འགྱུར་བ་ནི་རྒྱུན་མི་འཆད་པ། དེ་ལ་དྲི་མ་མཐའ་དག་གིས་བར་ཆད་པ་མེད་དེ་གཞིའི་ཡན་ལག་བདུན་ནོ། །ལུས་གནད་སཱར་ལྟར། ཡུལ་གཟུགས་སྒྲ་སོགས་སྣང་བ། ཚོར་བ་བདེ་སྡུག་སོགས་ཀྱི་རྣམ་རྟོག་གི་ངོ་བོ་ངོས་བཟུང་། ཟུང་འཇུག་དེའི་ངང་མ་ཤོར་བར་མཉམ་བཞག་རྒྱུན་མཐུད། མཉམ་བཞག་ཏུ་བདེ་སྟོང་རོ་མཉམ་གྱི་ཏིང་ངེ་འཛིན་


LT18_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་། རྗེས་ལ་དེས་བདག་བས་འོད་གསལ་བའི་སེམས་སུ་རོ་མཉམ་པའི་མྱོང་བ་སྐྱེ་ན་རླུང་སེམས་འོད་གསལ་དུ་གྲུབ་པ་ཡིན་ནོ། ༢ །།འཕོ་བ་ནི། རང་རྗེ་བཙུན་མའི་གསང་བ་ནས་སྤྱི་བོར་དབུ་མ་ཁ་བྱེ་བའི་སྟེང་གི་མཁར་པད་ཉི་ཟླ་བར་བླ་མ་རྡོ་རྗེ་འཆང་། ལྟེ་འོག་རྩ་གསུམ་འདུས་མདོའི་གྲུ་གསུམ་སྔོ་དམར་གྱི་ནང་རླུང་སེམས་འདྲེས་པ་ཐིག་ལེ་སྔོ་དམར་སྲན་མ་འབྲིང་ཚད་དམ་གཉིས་འགྱུར། བླ་མར་བསྟོད་ཅིང་གསོལ་བ་བཏབ། གནས་གསུམ་འོད་ཀྱིས་རིམ་པར་སྒོ་གསུམ་དྲི་མ་སྦྱང་། དབང་གསུམ་འོད་གསུམ་དུས་གཅིག་དབང་བཞི་བླང་། བུམ་ཅན། ཐིག་ལེ་སྔོ་དམར་ཕྱེས། དབྱུང་སྐབས་སྔོན་པོ་བླ་མའི་ཐུགས་ཀར་འཕང་། རྔུབས་དུས་སྔོན་པོ་མར་བབ་དམར་པོའི་སྟེང་དུ་བསྡད། ཡང་ཡང་སྦྱང་། ཐུན་མཐར་སྔོ་དམར་བསྲེ། བླ་མ་སྙིང་གར་བྱོན་རང་ལ་ཐིམ། ཚངས་བུག་ཤེལ་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག །སྤྱི་བོ་ཟ་བ་དང་སྐྲངས་པ། སྟོང་དུ་འཚང་བ་སོགས་བྱུང་ན་འཕྲོ་བཞག །སྤོགས་ཆོག་ནི། གཞན་འདྲ་བ་ལས། སྙིང་གར་དབུ་མའི་ནང་སེམས་ཉིད་ཀྱི་ངོ་བོ་རྣལ་འབྱོར་མ་སོར་བཞི་ཙམ། ཐིག་ལེ་ཡར་འགྲོ་དུས་དེ་ལ་གཡས་བསྐོར། ཕྱིར་རེ་རེ་གཡོན་བསྐོར།། ༧ །།དུས་ལ་བབ་དུས་སྔོ་དམར་མི་ཕྱེ་བར་འཕོ་ལྡོག་འགའི་མཐར་བླ་མ་རང་སེམས་དབྱེར་མེད་བདེ་བ་ཅན་དུ་དམིགས་པ་གཏད་དོ།། །།ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་ཡང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཡིན་པ་དང་། དེ་ལ་བདེན་པར་འཛིན་བདེ་ནས་མི་རྟོག་པར་བཞག །དངོས་པོ་ཐམས་ཅད་རྐྱེན་འདུས་པ་ལས་བྱུང་། སྐད་ཅིག་ཀྱང་མི་རྟག་མེད་བཞིན་དུ་སྣང་བ་སོགས་ཀྱིས་གཏན་ལ་ཕབ། ཁྱེར་སོ་གསུམ་དང་མ་བྲལ་བར་བྱ།། ༢ །།


LT18_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་སྣང་ཐམས་ཅད་རྨི་ལམ་དང་རྨི་ལམ་ངོས་འཛིན་པའི་འདུན་པ་སྦྱངས། ནུབ་མོ་རང་ཡི་དམ་གྱི་མགྲིན་པར་ཝཾ་དམར་པོ་ལ་དམིགས་པའི་ངང་དུ་གཉིད་དུ་འགྲོ་བར་བྱ། མ་ཟིན་ན་ཝཾ་ཡིག་ཐིག་ལེ་སྔོ་དམར་རམ་དཀར་དམར་དུ་བསྒྱུར། བུམ་ཅན་བཟུང་ནས་མགྲིན་སྦུབས་སུ་གཅིག་རྗེས་གཅིག་ཏུ་རིས་མོས་འཁོར། མཐར་འདྲེས་པ་དང་གཉིད་དུ་འགྲོ་བར་བྱེད། ཟིན་ན་སྤེལ་བསྒྱུར་ཞིང་སྦྱོང་སོགས་བྱེད། དེ་གྲུབ་ནས་ཉིན་སྣང་དང་མཚན་སྣང་བསྲེས་ལ་སྒྱུ་ལུས་སྦྱང་། རྨི་ལམ་འབྱོངས་ནས། ཆོས་རྣམས་ཐམས་ཅད་ཟུང་འཇུག་དོན་དམ་ཆོས་ཉིད་དུ་ངོ་སྤྲོད་པ་ནི་ཆོས་ཉིད་བར་དོའོ། །ཆོས་ཐམས་ཅད་སེམས་སུ་གོ་བས་གང་ཤར་དགག་སྒྲུབ་མེད་པར་ངང་སྐྱོང་བ་ནི་ལྷུན་གྲུབ་རིག་པའི་བར་དོ། །འཆི་ཚེ་ཐིམ་སྡུད་སོགས་རིམ་པར་ངོས་བཟུང་། གཞིའི་འོད་གསལ་ངོས་ཟིན་པའི་འདུན་པ་སྦྱང་། དེ་མངོན་དུ་མ་གྱུར་ན་བར་དོའི་སྣང་བ་འཆར་བ་ན་དག་མ་དག་གཉིས་ཀྱི་སྒྱུ་ལུས་སུ་སྦྱང་། སྐྱེ་བ་ལེན་དགོས་བྱུང་ན་འཇུག་ཡུལ་བླ་མ་དང་ཡི་དམ་ཡབ་ཡུམ་དུ་ཤེས་པ། རང་གི་རྣམ་ཤེས་ས་བོན་ཕྱག་མཚན་དུ་བསྒོམས་ནས་སྐྱེ་གནས་འདོམས་པའི་དམིགས་པ་བྱ་བ་སོགས་ཞིབ་པར་ཆོས་དྲུག་ལ་སོགས་སུ་ཤེས་པར་བྱའོ།། ༈ །།ཡང་ན་བདེ་ཆེན་ཐོག་མར་རླུང་སེམས་གཉིས་མེད་ཀྱི་ཁྲིད་བསྐྱངས་ནས། མཐར་སྐྱེ་མེད་རླུང་སེམས་གཉིས་མེད་ལ་འཇུག་པ་ཡང་ཡིན་ནོ། །འདིའི་ཁྲིད་ཀྱི་བརྒྱུད་པ་ནི། དཔལ་འབྱོར་དོན་གྲུབ་ཡན་དོན་བརྒྱུད་ལྟར་ལས། དེ་ནས་ཞྭ་དམར་བཞི་པ། མཉན་པ། རྗེ་བརྒྱད་པ། དཀོན་མཆོག་འབངས། རྗེ་དགུ་པ། སྤ་གྲོའི་རྟོགས་ལྡན་རིམ་པ་གསུམ་པ་ལས་རྟོགས་ལྡན་རིག་འཛིན། དེ་ལས་སི་ཏུ་རིན་པོ་ཆེས་གསན། དེ་


LT18_Page_092B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་ཀུན་ཁྱབ་ཀྱིས་དང་སྤྱན་སྔའི་ཁྲིད་ལས་བསྒོམ་དོན་འདི་ཡང་ཟིན་ཆུང་ངུ་བཀོད་དོ། །ཀུན་ཁྱབ་ནས། གཅོད་པ་བསྟན་རྒྱས། ཁྲེ་ལོ་པ་ཡེ་ཤེས་ཉི་མ། མཆོག་སྤྲུལ་ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་བདག་བློ་གྲོས་མཐའ་ཡས་ཀྱིས་ཐོབ་པའོ།། །།མངྒ་ལཾ།། །།


previousགདམས་ངག་མཛོད་པོད་དྲུག་པ། ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས།next