previousགདམས་ངག་མཛོད་པོད་བཅུ་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད།next

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད།

༈ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད་བཞུགས་སོ།། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པ་ནི། །གཞི་ལམ་འབྲས་གསུམ་སྟེ། དེ་ལ་གཞིའི་ངོ་བོ་རང་གི་སེམས་སམ་རིག་པ་འདི་ཡིན་ཏེ། །གྲུ་བཞི་དང་ཟླུམ་པོ་ལ་སོགས་པའི་དབྱིབས་དང་། །དཀར་དམར་ལ་སོགས་པའི་ཁ་དོག་ཏུ་གྲུབ་པའི་རྫས་ཀྱི་དངོས་པོ་རྡུལ་ཕྲན་ཙམ་ཡང་མི་འདུག་པས་སྟོང་པར་འདུག །སྟོང་པའི་གདངས་མ་འགགས་པ་གསལ་ལ་དྭངས་པ་དྲི་མས་གོས་པ་མི་འདུག་པས་གསལ་བར་འདུག །གསལ་སྟོང་དེ་གཉིས་ཀྱི་གཤིས་སམ་ངོ་བོ་རིག་པ་སྟེ། །མི་འཆར་དགུ་འཆར་ཡིན་མིན་ཤེས་ཤིང་གོ་བ་སྣ་ཚོགས་སུ་འཆར་བར་ངོ་བོ་ཅིར་ཡང་མ་གྲུབ་པ་འདི་ལ་ཀུན་གཞི་ཞེས་བྱའོ། །དེ་ལ་གསལ་རིགས་སྟོང་གསུམ་དབྱེར་མེད་པ་སྟེ། ཀུན་གཞི་འདིས་ཀུན་གཞིའི་གནས་ལུགས་དེ་ངོ་མ་ཤེས་པས། །ཀུན་གཞི་མ་རིག་པའམ་ཀུན་གཞི་འཁྲུལ་པ་སྟེ། ཀུན་གཞི་ཉིད་ཇི་ལྟར་འཁྲུལ་ཡང་། །ཀུན་གཞིའི་ངོ་བོ་གསལ་རིག་སྟོང་གསུམ་དེ་ངན་དུ་མ་སོང་། །རྟོགས་ཏེ་སངས་རྒྱས་ཀྱང་བཟང་དུ་མི་འགྲོ་བས་ཀུན་གཞི་ཞེས་བྱ་སྟེ། ཀུན་གཞི་ཁོ་རང་གིས་ཁོ་རང་ངོ་མ་ཤེས་པས་གཟུང་འཛིན་སྣ་ཚོགས་པར་ཤར། །གཟུགས་འཛིན་གྱི་དབང་གིས་


LT19_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣ་ཚོགས་བསགས་ལས་ཀྱི་དབང་གིས་འཁོར་བར་འཁྱམས་པས། །མ་དག་པ་རྣམ་ཤེས་ཀྱི་ཀུན་གཞི་ཞེས་བྱ། །བླ་མ་དམ་པའི་བཀའ་དྲིན་གྱིས་ལམ་བསྒོམས་པས། །གཞི་ཁོ་རང་གི་གནས་ལུགས། །ཁོ་རང་གི་རྟོག་པ་མཐར་ཕྱིན་པས་ཆོས་སྐུ་ཐོབ་པ་སྟེ། །ཆོས་སྐུ་དེ་སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་ཆོས་ཐམས་ཅད་དང་། གཟུགས་སྐུ་གཉིས་ལ་སོགས་ཐོབ་བྱེད་ཀྱི་རྟེན་བྱེད་པས། དག་པ་ཡེ་ཤེས་ཀྱི་ཀུན་གཞི་ཞེས་བྱ་ཏེ། གཞི་དེ་གཉིས་ངོ་བོ་གསལ་རིག་སྟོང་གསུམ་ཡིན་པས་གཅིག་ཅིང་། མ་རྟོགས་པའི་ཚེ་འཁོར་བའི་གཞི་དང་། །རྟོགས་པའི་ཚེ་མྱ་ངན་ལས་འདས་པའི་གཞི་སྟེ། རྟོག་པས་ཕྱེ་བས་ཀུན་གཞི་གཉིས་སོ། །ལམ་ལ་ལྟ་བ། སྒོམ་པ། །སྤྱོད་པ་གསུམ་ཏེ། ལྟ་བ་ནི་ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས་པ་སྟེ། ཀུན་གཞིའི་གནས་ལུགས་གོང་དུ་བསྟན་པ་དེ་ཡིན་ལ། དེའི་གདངས་མ་འགགས་པ་ཡུལ་དང་ཡུལ་ཅན་སྣ་ཚོགས་སུ་ཤར་བ་སྟེ། ཕྱི་ཡུལ་གྱི་སྣང་བ་སྣ་ཚོགས་པ་ཐམས་ཅད། རང་གི་སེམས་ཉིད་དེ་དང་དེར་ཤར་བ་ཡིན་པས། །སྣ་ཚོགས་སུ་སྣང་བ་སེམས་ཉིད་སྣང་བ་སྟེ། སྣ་ཚོགས་སུ་སྣང་བས་སེམས་སྣང་བའོ། །སྣང་བ་སྣ་ཚོགས་པ་དེ་དག་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་རྫས་སུ་གྲུབ་པས། མིག་གིས་བལྟ་རུང་། རྣ་བས་ཐོས་སུ་རུང་བ་ལ་སོགས་པ་ཡིན་ལ། ཀུན་གཞི་ལ་ནི། དབྱིབས་ཁ་དོག་ལ་སོགས་པ་མེད་པས་ཕྱིའི་ཡུལ་སྣང་སྣ་ཚོགས་པ་སེམས་མ་ཡིན་ནོ། །དེས་ན་སྣང་བ་སྣ་ཚོགས་པ་དང་། སེམས་གཅིག་པ་དང་ཐ་དད་པ་དང་གང་ཡང་མ་ཡིན་པ་སྟེ། སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་ཡུལ་སྣང་བདེན་པར་གྲུབ་པ་གཅིག་ཀྱང་མེད་དོ། །སེམས་ནི་དབྱིབས་ཁ་དོག་གི་རྫས་སུ་མ་གྲུབ་ཅིང་། ཕྱི་རོལ་གྱི་ཡུལ་སྣང་དབྱིབས་ཁ་དོག་གི་རྫས་སུ་གྲུབ་པས་གཅིག་པ་


LT19_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། རྫས་ཡིན་པ་དང་མ་ཡིན་པ་གཉིས་གཅིག་པ་མ་ཡིན་པ་བཞིན་ནོ། །སྒོམ་པ་ནི། འདས་པའི་དུས་སྐྱིད་སྡུག་ཇི་ལྟར་བྱུང་བའི་བསམ་བློ་མི་གཏོང་། ད་གཟོད་འདི་བྱ་འདི་བྱེད་ཀྱི་གཞིག་འགྲེལ་གྱི་བསམ་བློ་མི་གཏོང་། ད་ལྟ་འདི་བསྒོམ་ཡང་ཡིད་ལ་མི་བྱེད་པས་ཏེ། འདི་བསྒོམ་གྱི་དབྱིབས་གྲུ་བཞི་ཟླུམ་པོ་ལ་སོགས་པ་བསྒོམ་རྒྱུ་མེད། འདི་བསྒོམ་མ་ཡིན་བྱས་ནས་དབྱིབས་ཁ་དོག་གི་རྣམ་པ་ཅན་གང་ཡང་སྤང་རྒྱུ་མེད། །ད་ལྟར་གྱི་སེམས་འདི་ལ་བཅས་བཅོས་མེད་པར་རང་སོ་ལ་འཇོག་པ་ཡིན་ལ། །བདེ་གསལ་མི་རྟོག་པ་ལ་སོགས་པ་ཡོང་ལ་རེ་དང་། །མ་བྱུང་གིས་དོགས་པ་མི་བྱ། རེ་དོགས་གཉིས་ཀྱིས་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པ་ཡིན་པས། རེ་དོགས་མི་བྱ། རིག་པ་མ་བཅུར་མ་བསྒྲིམས་པར། རིག་པའི་རྩལ་ཐོན་པའི་ངང་ལ། མ་ཡེངས་མི་བསྒོམ་པར་བསྐྱང་། དེ་ལྟར་ཡིད་ལ་གང་ཡང་མི་བསམ་ཡང་། རྟོག་པ་སྣ་ཚོགས་སུ་འཕྲོ་བ་ན། ཡིད་ལ་རྟོག་པར་ལ་བྱུང་བ་དེ་ལ་ཆེར་བལྟས་པས། རྟོག་པ་ལ་ངོས་བཟུང་མི་དམིགས་པར་སྟོང་ཉིད་དུ་འཆར་ཏེ། རྒྱ་མཚོའི་ཆུ་དྭངས་པ་རླུང་གིས་བསྐྱོད་པས། ཆུ་བུར་དང་རྦ་རླབས་སུ་འཆར་ཏེ། ཤར་ཡང་རྒྱ་མཚོའི་ཆུ་ཡིན་པས། རྒྱ་མཚོའི་ཆུ་ལས་རྦ་རླབས་ཀྱི་ཆུ་ངན་རྒྱུ་ནི་མེད། རྦ་རླབས་ཀྱི་ཆུ་དེ་ལས་རྒྱ་མཚོའི་ཆུ་བཟང་རྒྱུ་མེད་པ་བཞིན་དུ། སེམས་མི་རྟོག་པར་གནས་པ་ལས། བག་ཆགས་ཀྱི་རྐྱེན་གྱིས་རྣམ་རྟོག་སྣ་ཚོགས་སུ་འགྱུ་ཡང་། སེམས་ཉིད་རྟོག་པར་ཤར་བ་ཡིན་པས། རྟོག་པ་ཉིད་མི་རྟོག་པ་ལས་ངན་རྒྱུ་མེད་ལ། སེམས་རྟོག་པར་ཤར་བ་ཡིན་པས། རྟོག་པ་ལས་མི་རྟོག་པ་བཟང་རྒྱུ་མེད་པས། རྟོག་པ་ལ་ལྟ་གོ་ཆོད་ན་མི་རྟོག་པར་འཆར་རོ། །དེས་ན་མི་རྟོག་པ་ལ་ཆེད་དུ་མི་སྒྲུབ། རྟོག་པ་ལ་ཆེད་དུ་མི་འགེགས་པར་དྲན་པའི་རྒྱུན་མ་ཤོར་བར་སྐྱོང་ངོ་། །དེ་ལྟར་བསྒོམས་པས། གང་ཡང་ཡིད་ལ་མི་བྱེད་པ་བསྒོམ་པ་ལ་བརྟེན་ནས། །མི་


LT19_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་རྗེན་ནེ་ཤར་བས། གསལ་སྟོང་བློ་བྲལ་ཡིད་ཆེས་ལ་བརྗོད་མི་ཤེས་པའི་རྗེན་པ་ཞིག་ནང་ནས་ཤར་བ་དེ་ལ་ལྷག་མཐོང་གི་ཡེ་ཤེས་ཞེས་བྱའོ། །དེ་ལ་ཡང་ཞེན་པ་མེད་པར་ཐུན་གྱིས་གདམས་ངག་གིས་ཉམས་སུ་བླང་བར་བྱའོ། །སྤྱོད་པ་ནི། མལ་ནས་ལྡངས་པའི་དུས་ཉིད་ནས། མཉམ་བཞག་གི་དྲན་པའི་རྒྱུན་མ་ཤོར་བའི་ངང་ནས་ལྡངས་ཞིང་། སྤྱོད་ལམ་གང་བྱེད་ཀྱང་དྲན་ཐག་མ་ཆད་པར་བསྐྱང་། བཟང་པོའི་ཉམས་བདེ་གསལ་མི་རྟོག་པ་གང་ཤར་ཀྱང་ཞེན་པ་མེད་པར་བྱ། ལུས་སེམས་ཀྱི་ཐོག་ཏུ་དགའ་བདེ་ཅི་བྱུང་ཡང་། ཞེན་ཆགས་མེད་པར་དགའ་བདེའི་ངོ་བོ་ལ་ལྟ་ཞིང་། སྟོང་ཉིད་དུ་རོ་མཉམ། ལུས་སེམས་ཀྱི་ཐོག་ཏུ་མི་འདོད་པའི་ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་ངོ་བོ་ལ་ལྟ་ཞིང་། །ཚེ་སྔ་མའི་ལས་ངན་ཡིན་པས། ལས་མྱོང་བས་འཛད་པས། ཕྱི་མར་ལས་ཀྱི་རྣམ་སྨིན་མི་མྱོང་བས་ཨ་རེ་དགའ་སྙམ་དུ་ལམ་དུ་ཁྱེར་རོ། །འབྲས་བུ་ནི། ལྟ་སྒོམ་སྤྱོད་པ་གསུམ་ཉམས་སུ་བླངས་པས་སེམས་ཀྱི་གནས་ལུགས་ངོ་མ་ཤེས་གློ་བུར་གྱི་དྲི་མ་ཇེ་དག་ལ་སོང་བས། རྣལ་འབྱོར་བཞིའི་རིམ་པ་ལ་སོགས་པ་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ནས། སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱའོ། །ཟབ་མོ་གནད་ཀྱི་གདམས་པ་ནི། །བླ་མ་ཁྱུང་སྟོན་རྡོ་རྗེས་བསྐུལ་བའི་ངོར། །སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས། །གཤོངས་ཆེན་ཡངས་པའི་གཞལ་ཡས་ཁང་དུ་བཀོད་པའོ། །དགེ་བ་འདི་ཡིས་ལྷོ་མུན་པའི་གླིང་གི་སེམས་ཅན་ཐམས་ཅད་ལ། །ཆོས་ཉིད་ཡང་དག་པའི་ཉི་མ་ཤར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །བཀྲ་ཤིས་བདེ་ལེགས་དཔལ་འབར་དོན་གྲུབ་ཤོག །འདི་བཞེངས་དགེ་བས་སངས་རྒྱས་མྱུར་ཐོབ་ཤོག །མངྒ་ལཾ། །ཤུབྷམ། །དགེའོ།། །།།


previousགདམས་ངག་མཛོད་པོད་བཅུ་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད།next