གདམས་ངག་མཛོད་པོད་བཅུ་པ།
གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག


LT19_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་བཞུགས་སོ།། །།སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་མཛད།


LT19_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། །སྐུ་གསུམ་ངོ་བོ་བླ་མ་རིན་པོ་ཆེ། །འགྲོ་བ་འདྲེན་པ་ཆོས་རྗེ་བརྩེ་བ་ཅན། །འཁོར་བ་རང་གྲོལ་ཕྱག་རྒྱ་ཆེན་པོ་ཡི། །དོན་སྟོན་བླ་མ་མཁས་པའི་སྐུ་ལ་འདུད། བླ་མ་རིན་པོ་ཆེ་སྐུ་ཡལ་བའི་ཞལ་ནས། དལ་བ་འབྱོར་པའི་རྟེན་འདི་ཐོབ་པའི་དུས་སུ། འཁོར་བ་དང་འབྲེལ་གཅོད་དགོས་པ་ཡིན་གསུངས། དེ་ནི་ཉམས་རྟོག་ཀྱི་བརྒྱུད་པ་རྒྱུན་མ་ཆད་པའི་བླ་མ་དམ་པ་གཅིག་ཚོལ་དགོས་གསུངས། དེ་ཡང་དཔལ་སཾ་བྷུ་ཊ་ལས། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །སྐྱབ་འཛིན་པ་མེད་པ་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཅེས་གསུངས། བླ་མ་ཉམས་རྟོགས་ཀྱིས་བརྒྱུད་པ་ཅན་དགོས་པ་ཡང་། །གང་གི་དྲིན་གྱིས་བདེ་ཆེན་པོ། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པདྨོར་འདུད། ཅེས་གསུངས་སོ། །དེ་ལྟ་བུའི་བླ་མ་གཅིག་རྙེད་ནས། ཉམས་སུ་ལེན་པའི་གང་ཟག་དེས་ཀྱང་། བླ་མའི་སྐུ་གསུང་ཐུགས་ལ་ལྟ་བའི་མོས་གུས་བསྒོམ་དགོས་པ་ཡིན། གསུངས་པ་ལ་ཚད་མར་བྱས་ཏེ་ཐེ་ཚོམ་ཡིད་གཉིས་ཀྱི་


LT19_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྤངས་ལ། བསམ་མནོ་དང་སྦྱར་སྦྱོར་མི་བྱ་བར་ཅི་ལྟར་གསུངས་པ་བཞིན་དུ་བསྒྲུབ་པ་ཉམས་སུ་བླངས་དགོས་པ་ཡིན་གསུངས། བླ་མ་རིན་པོ་ཆེས། བླ་མ་འཁོན་ས་སྐྱ་པ་ལ་མོས་གུས་ཆེའི་ཚད་མ་ཞུས་པས་ཅི་སྐད་གསུངས་པ་བཞིན་ཉམས་སུ་ལེན་པ་ཡིན་གསུངས་སྐད། དེ་ལྟར་བྱས་ན་སྤྱིར་ཐེག་པ་ཆེན་པོ། དེའི་ནང་ནས་ཀྱང་གསང་སྔགས་དཔོན་སློབ་ཀྱི་རྟེན་འབྲེལ་འཛོམས་པ་ལ་ཡོན་ཏན་སྐྱེ། སྐྱོན་དག་ཡོན་ཏན་བྱིན་རླབས་ཞུགས་པ་ཡིན། དེ་ནས་བླ་མ་རིན་པོ་ཆེ་སྒམ་པོ་བའི་ཞལ་ནས་ཀྱང་། བླ་མའི་ལུས་ལ་བརྟེན་པ་ཡིན། དད་པ་ཅན་རྣམས་རྟོགས་པ་ཡིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། གསུངས། རྗེ་རིན་པོ་ཆེ་ཁམས་པས་ཀྱང་། ལུས་སེམས་ཧྲིལ་གྱིས་དྲིལ་གསོན། །མཆོག་ཐུན་མོང་གི་རྩ་བ་བླ་མ་དེ། །མེ་ཏོག་ཐོད་བཞིན་བཀུར་ལགས་ན། །ཉམས་རྟོགས་པའི་འཕེལ་བ་ནང་ལ་ཤར། །གཉུག་མ་བསྒོམ་ན་རྩ་བ་ཆོད། །བྱམས་སྙིང་རྗེ་བསྒོམ་ན་གཞན་དོན་འགྲུབ། །ཚུལ་ཁྲིམས་བསྲུང་ན་གྲགས་སྙན་འཐོབ། །ཆོས་ཀྱི་རྒྱལ་པོ་འདི་བཞི་དང་། །བུ་སྐད་


LT19_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཙམ་ཡང་མི་འབྲལ་ཞུ། དེ་ལྟར་སློབ་དཔོན་གྱི་རྟེན་འབྲེལ་འཛོམ་ནས་ཆོས་ཉམས་སུ་ལེན་པ་ལ། དང་པོ་ལམ་གྱི་སྣ་ཀ་འཛིན་པའི་གསལ་འདེབས་བར་དུ་བསྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་བརྩོན་འགྲུས་ཀྱི་ལྕགས་བྱེད། ཐ་མ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་པས་འཆི་བ་མི་རྟག་པ་བསྒོམ་བ་གལ་ཆེ་གསུངས། དེ་ཡང་ཉམས་སུ་ལེན་པའི་དུས་སུ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །དཔའ་བོ་མཁའ་འགྲོ་མ་ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་ཐམས་ཅད། སྤྲིན་སྤུང་བཞིན་དུ་མདུན་དུ་བྱོན་པར་བསྒོམ། དེ་ནས་རང་གི་ལུས་ལོངས་སྤྱོད་བྲན་གཡོག་ཏུ་མཆོད་པར་འབུལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། དཔའ་བོ་མཁའ་འགྲོ་རྣམས་དང་། ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་རྣམས་ཀྱིས་བདག་ཅག་སྒྲུབ་པ་པོ་ཉམས་སུ་ལེན་པ་ལ་བྱིན་གྱིས་རློབས་པར་མཛད་དུ་གསོལ། བར་ཆད་ཞི་བར་མཛད་དུ་གསོལ། བསྟན་པའི་རིམ་པ་མཐའ་དག་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རྟོགས་པ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་ལན་གསུམ་མམ་བདུན་གསོལ་བ་གདབ། དེ་ནས་སྔར་འགྲོགས་འདྲིས་འདྲེས་པའི་རྒན་པ་གཞོན་པ། རང་ཉིད་དང་ནའུ་ལྡངས་སུ་གྱུར་པའི་སྔར་ཤི་བ་རྣམས་བསྒོམ། དེ་ནས་རང་ལ་ཚུར་ལ་སྦྱར་ལ་བདག་ཀྱང་དེ་བཞིན་དུད་ལྟ་ཤིན་ཅི་ཚུག་འོང་སྙམ་དུ་བསྒོམ། ག་རེ་ངེས་པར་འཆི་ནམ་འཆི་ཆ་མེད་ཅིས་ཀྱང་མི་སྟོང་བར་འཆི་བ་ཡིན་སྙམ་དུ་རང་ལ་ཡང་ཡང་བསྒོམ། འོ་ན་འཆི་བའི་དུས་སུ་མུ་སྟེགས་རྒྱང་འཕེན་པ་བཞིན་མེད་པར་འགྲོ་བ་ཡང་མ་ཡིན་སྙམ་དུ་བསྒོམ། འོ་ན་མུ་སྟེགས་རྟག་ལྟ་བ་ཇི་ལྟ་བ་བཞིན་དུ་རྟག་པ་བརྟན་པ་ནི་མེད་པ་ཡིན་ཨང་སྙམ་དུ་བསྒོམ། དེ་ཡང་ཞེ་སྡང་གིས་གཙོ་བོ་བྱས་པའི་ལས་མི་དགེ་བ་བཅུ་སྤྱད་ན་དམྱལ་བར་སྐྱེ་སྟེ། ཚ་


LT19_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་གསོད་གཅོད་ཀྱི་སྡུག་བསྔལ་མིན་པ་སྐད་ཅིག་ཀྱང་མེད་པ་ཡིན་ཨང་སྙམ་དུ་བསྒོམ། འདོད་ཆགས་ཀྱིས་གཙོ་བོར་བྱས་བའི་མི་དགེ་བ་བཅུ་སྤྱད་ན་ཡི་དྭགས་སུ་སྐྱེས་ཏེ། ཟས་སྐོམ་གྱི་སྒྲ་མི་ཐོས་བཀྲེས་སྐོམ་གྱི་སྡུག་བསྔལ་མིན་པ་སྐད་ཅིག་ཀྱང་མེད་པ་ཡིན་ཨང་དུ་བསྒོམ། གཏི་མུག་གིས་བྱས་པའི་མི་དགེ་བ་བཅུ་སྤྱད་ན། དུད་འགྲོར་སྐྱེས་ཏེ་བླུན་རྨོང་བཀོལ་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་མིན་པ་བདེ་བ་སྐད་ཅིག་ཀྱང་མེད་པར་འབྱུང་ཨང་སྙམ་དུ་བསམ། འོ་ན་ངན་སོང་གནས་གསུམ་དུ་སྐྱེས་ན་སྡུག་བསྔལ་ཡུན་རིང་ལ་དར་དྲག་ལ་བཟོད་པའི་ཐབས་མེད་པས་ངན་སོང་དུ་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་སྲོག་གི་ཕྱིར་ཡང་མི་བྱ་བ་དགོས་སྙམ་དུ་བསྒོམ། དེ་ལྟར་སློབ་དཔོན་ཞི་བ་ལྷའི་ཞལ། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཅི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིག །ཞེས་གསུངས་སོ། །འོ་ན་དགེ་བཅུ་སྤྱད་ན། འབྲས་བུ་ལྷ་མིའི་ལུས་འཐོབ་སྟེ། །དེ་ཡང་འཁོར་བ་ཙམ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་ལྷ་མིར་སྐྱེས་ཀྱང་བདེ་སྐྱིད་ཀྱི་གྲོགས་མེད། སྡུག་བསྔལ་རྒྱུ་དང་བཅས་པ་མེ་མ་མུར་གྱིས་འོབ་མི་གཙང་བའི་དོང་དང་ཁྱད་པར་མེད་པ་ཡིན་སྙམ་དུ་བསམ། འོ་ན་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་གྱི་གནས་དེ་སྤང་ལ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་བྱང་ཆུབ་ཐོབ་པར་བྱ་དགོས་སྙམ་དུ་བསྒོམ། དུས་ད་རེས་འཁོར་བ་མ་བཟློག་ན་འཁོར་བ་རང་ལོག་སྟེ་མི་འགྲོ། འཛད་པའི་མུ་མཐའ་མེད་པས་ད་རེས་འཁོར་བ་ཅི་བཟློག་བྱ་སྙམ་དུ་བསྒོམ། དེ་ལྟར་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་ཁམས་གསུམ་འཁོར་བའི་ཉེས་དམིགས་བསྒོམས་པས། ཚེ་འདིའི་བྱ་བ་ལ་མི་དགེ་བ་དང་ངན་སོང་གི་སྡུག་བསྔལ་དྲན་ནས། དེའི་རྒྱུ་སྡིག་པ་མི་དགེ་བ་


LT19_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

གླག་ཡོད་ཚད་ཀྱིས་སྤོང་བ་དང་། འཁོར་བ་ལ་འཇིགས་ནས་དེ་དང་བྲལ་བར་འདོད་པའི་བསམ་པ་སྐྱེ་བ་ཡིན། དེ་ལྟ་བུའི་བློ་གཅིག་སྐྱེ་བ་མ་བྱུང་ན་ཆོས་བྱེད་པ་འདྲ་ཡང་ཁ་ཆོས་སུ་འགྲོ། ཚེ་འདི་ཡི་ཆོས་སུ་འགྲོ་དོག་ཡོད་པས་མི་རྟོག་པ་དང་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམ་པ་གལ་ཆེ་གསུངས། ད་འཁོར་བ་དང་འབྲེལ་ཐག་ཆོད་པ་ལ་ཚེ་ཐུང་ནད་མང་། ཚེ་ལ་ལོང་ཁོམ་མེད་པས་མགོ་ལ་མེ་ཤོར་བ་དང་། པང་དུ་སྦྲུལ་བྱུང་བ་གསོད་པ་དང་སྤོ་བ་ལྟ་བུའི་བརྩོན་འགྲུས་རྩོམ་དགོས། དུས་ད་རེས་སྐྱེ་བ་གཏན་གྱི་སོ་ནམ་གྱི་རྐང་འཛུག་དགོས། ད་རེས་ལམ་སྣ་ཅིག་མ་ཟིན་ན། ཡང་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པ་ཡིན། དེའང་འཁོར་བ་དང་འབྲེལ་ཐག་གཅོད་པ་ལ་ཆོས་ཅི་ཐོད་ཐོད་ཀྱི་མི་འོང་བས། ཐེག་པ་ཆེན་པོའི་ལམ་ཚང་ལ་མ་ནོར་བ་ཅིག་སྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་ལེན་པ་ཡིན་གསུངས། དེ་ཡང་ཧྲིལ་གྱིས་དྲིལ་ན་ཐེག་པ་ཆེན་པོ་སྙིང་རྗེའི་ཁྱད་པར་དུ་བྱས་པས། སྦྱོར་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་མ་བསྒོམ་ན་ཐེག་ཆེན་པའི་འཁོར་དུ་མི་གཏུབ། ཆོས་ཅི་བྱས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། ཡི་དམ་གྱི་ལྷ་མ་བསྒོམ་ན་སེམས་ཅན་གྱི་དོན་དུ་གཟུགས་སྐུ་རྣམ་གཉིས་མི་འབྱུང་། འཁོར་བའི་རྒྱུ་ལས་སུ་འགྲོ། ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ལ་ཡང་ཡི་དམ་གྱི་ལྷ་མ་བསྒོམ་ན་གསང་སྔགས་ཀྱི་ལམ་བསྐྱེད་རྫོགས་ཟུང་དུ་མི་འབྲེལ། མོས་གུས་མ་བསྒོམ་ན་ཉམས་རྟོགས་ལས་བསྐྱེད་པའི་ཡོན་ཏན་རྒྱུད་ལ་མི་སྐྱེ། ཕྱག་རྒྱ་ཆེན་པོའི་དོན་མ་བསྒོམས་ན་སེམས་ཀྱི་གཞི་རྩ་མི་ཆོད། སེམས་ཀྱི་རྩད་གཞི་མ་ཆོད་པས་འཁོར་བའི་རྣམ་རྟོག་ཆོས་སྐུར་རྟོགས་པའི་ཡོན་ཏན་མི་སྐྱེ་གསུངས། དེ་ལ་སྒོམ་ཉམས་སུ་ལེན་པའི་དུས་བསམ་གཏན་གྱི་ཁང་པར་འབོལ་བའི་སྟན་བཏིང་། རྐང་པ་སྐྱིལ་མི་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་བཅའ།


LT19_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་བ་བསྲང་། མགྲིན་པ་ཅུང་ཞིག་དགུ་བར་བྱ། མིག་སྣ་རྩེར་གཏད། ལྕེ་ཡ་རྐན་ལ་སྦྱར། ལུས་སེམས་ཁོང་ཀློད། དེ་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་དོན་དུ། བདག་གི་ཟབ་མོའི་དོན་བསྒོམ་པར་བྱ་སྙམ་དུ་ལན་གསུམ་བསྒོམ། དེ་ནས་མདུན་གྱི་ནམ་མཁའ་ལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་དཔའ་མོ་ཐམས་ཅད་དང་། ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་རྣམས་སྤྲིན་དཔུང་བཞིན་དུ་བྱོན་པར་བསྒོམ། དེ་རྣམས་ལ་རང་གི་ལུས་ལོངས་སྤྱོད་ཐམས་ཅད་བྲན་དང་གཡོག་ཏུ་མཆོད་པར་འབུལ། སྙིང་ཐག་པའི་སྒོ་ནས་འབུལ། དེའི་རྗེས་ལ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མེའི་རྣམ་པ་ལྟ་བུ་བྱུང་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས། ལུས་མུན་ཁུང་ན་མར་མེ་བཏེགས་པ་ལྟར་ཕྱི་ནང་མེད་པར་གསལ་བར་བྱས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་སྒྲིབ་དམ་ཚིག་ཆགས་ཉམས་ལ་སོགས་པ་ཉེས་པའི་སྐྱོན་ཐམས་ཅད་བཤང་བའི་ལམ་ནས་མར་ཕུད་ནས་སངས་ཀྱིས་དག་པར་བསྒོམ། དེས་སྡིག་སྒྲིབ་ཐམས་ཅད་དག་པས། ལུས་ནམ་མཁའ་ལ་འཇའ་ཤར་བ་བཞིན་ཡི་དམ་གྱི་སྐུར་གསལ་ལེར་བསྒོམ། སྐུ་ལུས་ཀྱི་ནང་དུ་ཐ་མལ་གྱི་རྒྱུ་ལྟོ་ལྟར་ཉལ་ཉིལ་མེད་བར་སྟོང་སངས་པར་བསྒོམ། སྐུ་ལུས་ཀྱི་ནང་དུ། ལུས་པོ་ལ་ཡོད་པའི་སྙིང་དེ་རིན་པོ་ཆེའི་གཞལ་ཡས་ཁང་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་ལ་གསལ་བ་ཤིན་ཏུ་ཡངས་ཤིང་ཤིན་ཏུ་རྒྱ་ཆེ་བར་བསྒོམ། དེའི་ནང་དུ་གསོལ་བ་འདེབས་པའི་ཡུལ་བླ་མ་པདྨ་དང་ཉི་མ་ཟླ་བའི་སྟེང་དུ་གསལ་ལེར་བསྒོམ། བདག་གི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཁྱད་མེད་པ་ཡིན་དང་སྙམ་དུ་སངས་རྒྱས་ཀྱི་འདུ་ཤེས་ལན་གསུམ་


LT19_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་སྟེ། དེ་རྣམས་སྒོམ་གྱི་སྦྱོར་བ་ཡིན་ནོ། །དེ་ནས་དངོས་གཞི་ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་རིག་པའི་དོན་ནི་ཆོས་སྐུ་རང་ཆས་ཕྱག་རྒྱ་ཆེན་པོའི་དོན་ཡིན་ཨང་སྙམ་དུ་ལན་ཅིག་བསྒོམ། དེ་ནས་སེམས་ལྟ་བ་ཚུར་ནས་ཚུར་ལན་ཅིག་བསྡུས་ལ་ལྷོད་ཀྱིས་ཀློད་ལ་ཅིར་ཡང་མི་རྟོག །ཅིར་ཡང་ཡིད་ལ་མི་བྱ་བར་གཞག་རྒྱུ་མེད་པར་བཞག་ཅིང་། བལྟ་རྒྱུ་མེད་པར་བལྟ་བའི་ཕྱིར་ལ་དམིགས་གཏད་བསྒོམ། བསྒོམ་རྒྱུ་སྐྲའི་རྩེ་མོ་ཙམ་མེད་ཀྱང་སེམས་མ་བཅོས་པའི་ངང་མ་ཡེངས་པར་བཞག །དེ་ལྟར་བཞག་པས་བཞག་པར་ལྟེང་བ་ལྟེང་ངེ་མེ་རེ་བ་འོང་། བྱིང་རྨུགས་སུ་འགྲོ་ན་ཤེས་པ་གསེང་ལ་གཡེང་བ་དང་བཅས་པས་སང་ངེ་ཡེ་རེ་བསྒོམ། སེམས་སྟོང་པར་འཁྱམས་ནས་རྣམ་རྟོག་སྣ་ཚོགས་སུ་འཕྲོ་ན་འཕྲོ་བ་མི་དགག་སྟེ། དེ་རང་ཡང་སེམས་ཉིད་ཀྱི་དོན་ལས་ཤེས་རབ་ཀྱིས་དམིགས་ན་འཕྲོ་མཁན་གྱི་རྣམ་རྟོག་གི་སྐྱེ་འགག་གནས་ས་མི་རྙེད་སྟེ། གཞི་རྩ་མེད་ཀྱང་དེ་རང་གི་ངང་ལ་བཞག །རྣམ་རྟོག་ལམ་དུ་བྱེད་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཀྱང་དེ་ཡིན། བླ་མ་ཁམས་པའི་ཞལ་ནས་ཀྱང་། རྣམ་རྟོག་འཁོར་བ་ཡིན་པ་ལ། །སྐྱེ་འགག་དང་བྲལ་བས་མྱང་འདས་གསུངས། འོ་ན་རྣམ་རྟོག་རིག་རིག་ཏུར་ཏུར་སྣ་ཚོགས་སུ་སྐྱེ་བ་འདི་མ་གཏོགས་པའི་སེམས་ཞེས་བྱ་བའམ། འཁོར་བ་ཞེས་བྱ་བའམ། སེམས་ཉིད་ཞེས་བྱ་བའམ། མྱ་ངན་ལས་འདས་བ་ཞེས་བྱ་བའི་བླང་བྱ་ཅིག་ག་ལ་ཡོད། དེས་ན་འཁོར་འདས་གཉིས་ཀྱང་སེམས་རིག་པ་འདི་རྟོགས་མ་རྟོག་ཡིན་ཏེ། ལག་པ་ལྟོ་རྒྱབ་དང་འདྲ་བ་ཡིན། དེ་ལ་སྒོམ་པའི་དུས་སུ་ཡང་རྣམ་པར་རྟོག་པ་ཅི་ལྟར་སྣང་ཡང་འཕྲོ་བའི་ཡུལ་གཏན་ལ་མི་དབབ་པར་འཕྲོ་མཁན་གྱི་རིག་པ་དེ་ཉིད་ཀྱིས་བལྟ། དེ་ལ་བལྟས་པས་བལྟ་རྒྱུ་མ་མཐོང་བ་


LT19_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངང་ལ་ཅིར་ཡང་མི་རྟོག །ཅིར་ཡང་ཡིད་ལ་མི་བྱ་བར་བཞག །ཡང་དག་པའི་དོན་བསྒོམ་པ་ཡང་དེ་ཡིན། སེམས་ཉིད་ཀྱི་དོན་བསྒོམ་པ་ཡང་དེ་ཡིན། ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ཡང་དེ་ཡིན། དེ་བས་ལོགས་སུ་བཟང་བཟང་པོའམ། བྱུང་བྱུང་པོ་འདོད་པའི་བོག་ཅིག་བྱུང་ན་རེ་དོགས་ཀྱི་བློ་ཡིན་པས། གེགས་སུ་འགྲོ་བ་ཡིན་པས་རེ་དོགས་གི་རྟོག་པ་བྱུང་བའི་དུས་ཤེས་རབ་ཀྱིས་མིག་གིས་བལྟས་པས། གཞི་རྩ་མེད་པར་ངོས་བཟུང་བས་རེ་དོགས་གི་རྩ་བ་སྤད་ཀྱིས་གཅོད་པ་ཡིན། ཡང་ལྷ་དང་འདྲེ་ལ་སོགས་པའི་རྟོག་པ་བྱུང་བ་དེ་ཝལ་གྱིས་བྱུང་ན་ལྷ་དང་འདྲེ་བདུད་ལ་སོགས་པ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡིན་པས། དེ་ཉིད་ལ་བལྟས་པས་ངོས་བཟུང་རྒྱུ་མེད། གཞི་རྩ་མེད་པས་སྐྱེ་འགག་མེད་པ། ཡོད་མེད་ལ་སོགས་པའི་སྤྲོས་བ་དང་བྲལ་བ། ནམ་མཁའ་བཞིན་རང་སར་གྲོལ་བ་དེ་འབྲས་བུ་ཆོས་ཀྱི་སྐུ་ཡང་དེ་ཡིན། དེའི་ངང་ལ་ཡེངས་པ་མེད་པར་འཇོག་པས་ལམ་ཡང་དེ་ཡིན། དེ་བས་རྩ་བྲལ་སེམས་ཀྱི་ངང་ཉིད་ལས། །གནོད་བྱ་གནོད་བྱེད་གཉིས་སུ་མེད། །བདུད་ཆོས་ཡིན་ནོ་སྐྲག་མི་དགོས། །བདུད་ལམ་དང་འབྲས་བུར་སེམས་ཐག་ཆོད། འཕྲོ་བ་མི་དགག་པར་ལམ་དུ་འཁྱེར་བའི་གདམས་ངག་ཡིན་ནོ། །ཡང་ཤེས་པ་སྲ་བའམ་བསྒོམ་འཚེར་ནས། བསྒོམ་སྙིང་མི་འདོད་པ་ལ་སོགས་པའི་གེགས་བྱུང་ན། རྗེ་རིན་པོ་ཆེའི་ཞལ་ནས། སེམས་མི་གནས་པ་གནས་པ། གནས་པ་བརྟན་པར་བྱེད་པ། བརྟན་པ་གོང་ནས་གོང་དུ་བོག་འདོན་པ། དེའི་བར་དུ་གེགས་བྱུང་ན་གེགས་སེལ་བའི་ཐབས་ཉིད་བླ་མའི་མོས་གུས་ཀྱིས་བྱེད་གསུངས་པ་ཡིན་པས། སེམས་པ་དར་ཅིག་སྙིང་རྗེ་དར་ཅིག །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མའི་མོས་གུས་བྱ་སྙམ་དུ་བསམ། དེ་ནས་བླ་མའི་སྙིང་གི་དཀྱིལ་ལམ། སྤྱི་བོའི་


LT19_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏུ་བསྒོམ། སྙིང་ཐག་པའི་སྒོ་ནས་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། སྐྱོན་དག་པ་དང་ཡོན་ཏན་སྐྱེ་བའི་གསོལ་བ་བཏབ། དེ་ནས་བླ་མ་རྣམས་ཅི་གསལ་དར་ཅིག་བསྒོམ། ཡང་སེམས་ཀྱི་ངོ་བོ་སེམས་ཀྱིས་ཅེར་རེ་བལྟས་ལ་དེའི་ངང་དུ་བཞག་པ་ཐུན་གཅིག་དེ་ལྟར་རེས་འཇོག་ཏུ་བསྒོམ་པའི་འཕྲོ་འཇོག་པའི་དུས་སུ། བདག་གིས་ཟབ་མོའི་དོན་བསྒོམ་པ་ལ་སོགས་པའི་དགེ་བ་བགྱིས་པའི་འབྲས་བུ་ཐམས་ཅད་དེ། བདག་ཉིད་གཅིག་པུ་ལ་མི་སྨིན་པར་བདག་དང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་ཐར་ནས་ཆོས་སྐུའི་དོན་རྟོགས་པའི་རྒྱུར་གྱུར་ཅིག །ཅེས་པའོ། །དེ་ནས་བསྔོས་སངས་རྒྱས། བསྔོ་རྒྱུ་དགེ་བ། ཆེད་དུ་བྱ་བ་སེམས་ཅན། བསྔོ་མཁན་རང་ཉིད་རྣམས་རང་གི་སེམས་ཡིན་སྙམ་དུ་སེམས། སེམས་མ་བཅོས་པའི་ངང་ལ་ཐུན་ཅིག་བསྒོམ། སྙན་བརྒྱུད་བླ་མའི་མན་ངག་བདུད་རྩིའི་བཅུད། །ཚིག་དང་ཡི་གེར་བཀོད་པར་མི་རིག་ཀྱང་། །སེམས་ཅན་དོན་དུ་ཅུང་ཟད་ཡི་གེར་བཀོད། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། ཀྱེ་མ། ལས་ངན་དབང་གིས་འཁོར་བ་བདེ་བར་མཐོང་། །སྣ་ཚོགས་སྒྱུ་མའི་ཆོས་ལ་བདེན་པར་འཁྲུལ། །རྒྱུན་དུ་འགྲོགས་ཀྱང་རང་སེམས་ངོ་མ་ཤེས། །ལུས་ངག་འཇིག་རྟེན་བྱ་བ་དག་གིས་འཕྲོག །བློ་ནི་ཆགས་སྡང་གཉིས་ཀྱི་དབང་དུ་སོང་། །དེ་ལྟ་བུ་ཡི་སེམས་ཅན་རྣམས་ལ་ནི། །སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་བསྒོམ། །བློ་དེ་བཙལ་བས་ཅི་ཡང་མ་གྲུབ་པར། །དེ་ཡི་ངང་ལ་བཞག་པ་སྙིང་པོའི་དོན། །སྟོང་པ་སྙིང་རྗེ་ཟུང་དུ་འཇུག་པ་ཡི། །བླ་མའི་མན་ངག་ཡི་གེར་བཀོད་པ་འདིའི། །དགེ་བས་སྲིད་གསུམ་


LT19_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ལུས་པ། །རིན་པོ་ཆེ་དང་མྱུར་དུ་འཕྲད་ནས་ཀྱང་། །ཆགས་སྡང་རྣམ་རྟོག་ཆོས་སྐུར་རྟོགས་པར་ཤོག །ར་མ་ཡོན་བཙུན་བསོད་ནམས་འོད་ཟེར་གྱི་དོན་དུའོ། །སརྦ་མངྒ་ལཾ།། །།