Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིགnext

གདམས་ངག་མཛོད་པོད་བཅུ་པ།
དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག


LT19_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་བཞུགས་སོ།། །།


LT19_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དག་སྣང་དུ་དངོས་སུ་མཇལ་ཞིང་། །བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་གཅིག་ཏུ་འདུས་པ་འཁོར་ལོ་བདེ་མཆོག་གི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་དངོས་སུ་བྱིན་གྱིས་རློབས་པའི། །རྗེ་ནཱ་རོ་པ་ཆེན་པོ་དེ་ཉིད་ཀྱིས་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་དེ། བླ་མ་བསྟེན་ཞིང་མོས་གུས་ཚད་མེད་པ་དང་ལྡན་ནས། ཐབས་མཁས་ལ་ཐུགས་རྗེ་ཆེན་པོས། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། །ལྷ་འདྲེ་དང་། སྡུག་བསྔལ་དང་། ན་ཚ་དང་། འཆི་བ་ལམ་དུ་ཁྱེར་བ་རོ་སྙོམས་ཀྱི་གདམས་པ་དྲུག་ལས། དེ་ཉམས་སུ་ལེན་པ་ལ། བླ་མ་མཚན་ཉིད་དང་ལྡན་པས། །སློབ་མ་སྣོད་དང་ལྡན་པའི་རྒྱུད་དབང་བཞིའི་སྨིན་པར་བྱས་ནས། གནས་ཡིད་དུ་འོང་བར། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ། མཎྜལ། འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་རྒྱ་ཆེར་བསམ་ལ། ཆོས་དྲུག་པོ་རེ་རེ་ཡང་དབང་པོ་རབ་འབྲིང་ཐ་མའི་ཉམས་སུ་ལེན་


LT19_Page_055A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མ་ནོར་བར་མདོར་བསྡུས་ཏེ་བསྟན་པ་ལ། ཐོག་མར་རྣམ་རྟོག་ལམ་དུ་ཁྱེར་བ་ནི། རབ་ཀྱིས་རྣམ་པར་རྟོག་པ་གར་སོང་། གང་ནས་བྱུང་། གང་དུ་གནས་བལྟས་པས། དུས་གསུམ་དབྱེར་མེད་པར་མཉམ་པ་ཉིད་དུ་རྟོགས་པས། རང་སེམས་སྐྱེ་མེད་ཆོས་སྐུར་རྟོགས་ན་སངས་རྒྱས་བྱ་བ་ཡིན། འབྲིང་གིས་ཡུལ་དུས་ཕྱོགས་མཚམས་སུ་རྣམ་རྟོག་འགྲོ་འོང་གནས་གསུམ་ལ་བལྟ་བའི་མན་ངག་གིས་མཐའ་བྲལ་དུ་ངོ་ཤེས་ནས་མ་བཅོས་སྤོས་བྲལ་ལྷུག་པར་བཞག་པས་ཡོན་ཏན་ཐམས་ཅད་རང་འཆར་ལ་འགྲོ། ཐ་མས་ལྟ་སྟངས་བཞི་ལ་ཉན་ཐོས་ཀྱི་ཞི་བའི་ལྟ་སྟངས་ཀྱིས་ཞི་གནས་ཀྱི་བརླན་བཙལ། སེང་གེའི་ལྟ་སྟངས་ཀྱིས་སེམས་གསལ་དྭངས་སུ་འཇུག །ཁྲོ་བོའི་ལྟ་སྟངས་ཀྱིས་རིག་པ་ལ་དར་བཏགས། ལྷ་ཚངས་པའི་ལྟ་སྟངས་ཀྱིས་རྣམ་རྟོག་རང་འགག་ལ་འགྲོ་བ་རིག་པས་དབང་པོ་བསྒྱུར་བ་སྟེ། ཞི་ལྷག་ཟུང་འཇུག་གི་མན་ངག་དམ་པ་ཡིན། འདི་ནི་རྣམ་


LT19_Page_055B
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལམ་དུ་ཁྱེར་བ། ལྟས་ངན་གཡང་དུ་བླངས་པའི་མན་ངག་སྟེ། འཇིག་རྟེན་པའང་ལྟས་ངན་མཐོང་ན་རྣམ་རྟོག་གི་འཕྲིག་མི་ཟ་བར་གྲོགས་སུ་འགྲོ་བ་དང་འདྲ་དགོས། གཉིས་པ་ཉོན་མོངས་པ་ལམ་དུ་ཁྱེར་ས་ལ། རབ་ཀྱིས་ཉོན་མོངས་པ་སྐྱེ་བའི་རྒྱུ་ཚོགས་དྲུག་གི་ཡུལ་ལ་བདེན་ཞེན་བསྐྱེད་པས་མཛེས་མི་མཛེས་ལ་སོགས་བདེ་སྡུག་སྣ་ཚོགས་འབྱུང་བར་མཐོང་ནས། ཡུལ་བདེན་མེད་སྒྱུ་མ་ལྟར་གཏན་ལ་ཕབ་པས་ཡུལ་ཅན་རང་འགགས་པ་རང་བཞིན་གྱིས་ཉེ་བར་ཞི་བ་སྐྱེ་བ་མེད་པའི་ཆོས་སྐུར་གོ་ཞིང་རྟོགས་པར་འགྱུར། འབྲིང་གིས་ཆགས་ཡུལ། སྡང་ཡུལ། རྨོངས་ཡུལ་རྣམས་སོ་སོར་ཤུགས་བསྐྱེད་ནས་དམིགས་ཡུལ་དུ་བྱེད་པའམ། ཡང་ན་ཡུལ་གཅིག་གིས་གཅིག་ལ་དམིགས་པ་སྤོས་ནས་ཡུལ་དུ་བྱས་པས། ཡུལ་ལ་ཞེན་པ་དང་བྲལ་བས། ཡུལ་ཅན་དུག་གསུམ་རང་སར་གྲོལ་ནས་སྟོང་ཉིད་རྟོགས་པར་འགྱུར། ཐ་མས་ཆགས་ཡུལ་ལ་རྣམ་པར་བམ་པ་ལ་སོགས་པ་མི་གཙང་བའི་འདུ་ཤེས་བསྒོམ། སྡང་ཡུལ་ལ་བྱམས་པ་བསྒོམ། རྨོངས་ཡུལ་ལ་རྟེན་འབྲེལ་བསྒོམས་པས་དུག་གསུམ་རང་འགགས་ལ་རྩོལ་མེད་དུ་འགྲོ། ཉོན་མོངས་ལམ་དུ་ཁྱེར། དུག་བདུད་རྩིར་བསྒྱུར་བའི་གདམས་ངག །སྔགས་ཀྱིས་བོར་བའི་ནུས་པ་བསད་ནས་དུག་མེད་པར་སྨན་དུ་འགྲོ་བ་དང་འདྲ་དགོས། གསུམ་པ་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། བརྒྱ་བྱིན་ལྟ་བུའི་གདོན་དག་ནི། མདུན་དུ་ངེས་པར་བྱུང་འགྱུར་ན། འཇིགས་པ་ཙམ་དུ་མི་བྱ་སྟེ། སེང་གེའི་ཚུལ་དུ་རྒྱ་བར་བྱ། ཞེས་པས། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཞིར་བཤད་པས། རབ་ཀྱིས་བདེ་སྡུག་རོ་མཉམ་པས་


LT19_Page_056A
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་མི་ཚུགས་པའི་སྤྱོད་པ་དྲན་མེད་ཡིད་ལ་བྱར་མེད་སྤྲོས་བྲལ་ཆོས་སྐུ་མངོན་དུ་བྱེད། འབྲིང་གིས་ལྷ་འདྲེ་རྣམ་རྟོག་གི་རང་བཞིན་བདེན་པས་སྟོང་པར་ཡང་དང་ཡང་དུ་དམིགས་པས་སྤྲོས་བྲལ་དུ་གོ །ཐ་མས་ལྷ་འདྲེ་ལ་མགྲོན་པོའི་ཚུལ་དུ་ལུས་གཟན་སྐྱུར་གྱི་མཆོད་སྦྱིན་བྱས་ལྷ་འདྲེ་དབང་དུ་འདུས་ནས་དངོས་གྲུབ་འབྱུང་བའི་གདམས་པའོ། །འདི་ནི་ལྷ་འདྲེ་ལམ་དུ་ཁྱེར་བ་བར་ཆད་དངོས་གྲུབ་ཏུ་བསྡུ་པའི་མན་ངག་སྟེ། གཅན་གཟན་སྒོ་དྲུང་དུ་བཀོལ་བས་རང་ལ་མི་གནོད་པར་གཞན་འགོགས་པ་དང་འདྲ་དགོས། བཞི་པ་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་ནི། གཞི་མ་རིག་པ། རྒྱུ་ལས་དང་ཉོན་མོངས་པ། སྒོ་གསུམ་གྱིས་བྱ་བས་འབྲས་བུ་སྡུག་བསྔལ་ཚེ་འདི་དང་། ཚེ་ཕྱི་མ་དང་། ལན་གྲངས་ཚེ་རབས་གཞན་དུ་རྐྱེན་དང་འཕྲད་ནས་ལས་སྨིན་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ། རབ་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྐྱེད། འབྲིང་གིས་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད། ཐ་མས་བདག་གཞན་མཉམ་པོར་མོས་པ་བྱང་ཆུབ་ཀྱི་སེམས་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་པའི་གདམས་པ་འདི་ནི་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་སྟེ། མ་བུ་གཅིག་པར་བརྩེ་བས་མ་བུ་གཅིག་གིས་གཅིག་མི་འདོར་བ་དང་འདྲ་དགོས། ལྔ་པ་ན་ཚ་ལམ་དུ་ཁྱེར་བ། གདོན་གྱི་ནད། འབྱུང་བ་བཞི་འཁྲུགས་པའི་ནད། རླུང་མཁྲིས་བད་ཀན་ཆམ་སྙོམས་པའི་ནད་ངོས་བཟུང་ལ། རབ་ཀྱིས་སྙིང་པོ་མེད་པ་ཆུ་ཤིང་ལྟ་བུའི་ལུས་ལ་བདེན་འཛིན་བྱས་པའི་རྣམ་རྟོག་གློ་བུར་བའི་ནད་སྨིག་རྒྱུ་ལྟ་བུ་ལ་སྤོང་སྒྲུབ་མེད་པར་གཞི་མེད་རྩ་བྲལ་དུ་བཞག །སྤྲོས་དང་བྲལ་བའི་སེམས་ཉིད་སྐྱེ་བ་མེད་པར་རྟོགས་པ་ལྟ་བས་གྲོལ་བྱ་བ་ཡིན།


LT19_Page_056B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་གིས་ནད་ངོས་གཟུང་ལ། སྤང་བྱ་དང་། གཉེན་པོ་ལྟ་བུའི་དམིགས་པ་དང་། ནད་ཐོག་ཏུ་ནད་དབབ། གདོན་ཐོག་ཏུ་གདོན་དབབ་པའི་དམིགས་པ་དང་། ནད་གནས་སུ་གང་འོས་ཀྱི་དམིགས་པ་ཚུར་ཁུགས་སམ། ཡང་ན་བླ་མའི་སྒུ་བསྒོམ་ཞིང་མོས་གུས་དྲག་ཏུ་བྱས་པས་ནད་སེལ་བ་ནི། དམིགས་པས་ནད་འདོན་པའོ། །ཐ་མས་ནད་ངོས་བཟུང་ནས་མན་ངག་དང་ལྡན་པས། ལུས་ཀྱི་འཁྲུལ་འཁོར། ངག་རླུང་སྦྱོར། སེམས་ཀྱིས་བླ་མ་ལ་མོས་གུས་བྱས་ཏེ་བརྩོན་འགྲུས་དྲག་ཏུ་བྱ་བ་ནི། འཁྲུལ་འཁོར་གྱིས་ནད་འདོན་པ་ཡིན། འདི་ན་ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རེ་སྙོམས་ཀྱི་མན་ངག་སྟེ། བྱིས་པས་གསེར་དང་བོང་བ་ལ་བླང་དོར་གྱི་ཞེན་པ་མེད་པ་དང་འདྲ་དགོས། དྲུག་པ་འཆི་བ་ལམ་དུ་ཁྱེར་བ་ནི། རབ་ཀྱིས་གཞིའི་འོད་གསལ་མ་ལྟ་བུ་དང་། ལམ་གྱི་འོད་གསལ་བུ་ལྟ་བུར་གནས་པ་ལ། འཆི་ཙ་ན། རྟོགས་པའི་འོད་གསལ་དང་། འཆི་ཀ་རང་བཞིན་གྱི་འོད་གསལ་གཉིས་ནམ་མཁའ་དང་ནམ་མཁའ་ལྟར་འདྲེས་ནས་རྣམ་རྟོག་གནས་འགྱུར་ཏེ། རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུར་སངས་རྒྱས་ནས་འགྲོ་དོན་རྒྱ་ཆེན་པོ་འབྱུང་ལ། འབྲིང་གིས་སྒྱུ་ལུས་ལ་གོམས་ཤིང་ཆོས་ཐམས་ཅད་སྒྱུ་མའི་དཔེར་རང་བཞིན་མེད་པ་ཉིད་དུ་བསྒོམས་པས་རྣམ་པར་དག་ཅིང་གྲོལ་བར་འགྱུར་ལ། ཐ་མས་མངལ་སྒོ་དགག་པ་ནི། དད་གུས་དང་བསླབ་པ་གསུམ་ལ་གནས་ཤིང་སྟོང་ཉིད་བསྒོམས་ཏེ་བཀག་ནས། རིགས་ཁྱད་པར་ཅན་བཙལ་བའི་སྐྱེ་བ་ཕྱི་མ་ལ་མཆོག་གི་དངོས་གྲུབ་ཐོབ་པའི་གདམས་པ་ནི། འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་པའི་གདམས་པ་སྟེ། མཚོ་ལ་ཁ་བ་ཐིམ་པས་དབྱེར་མེད་དུ་འགྲོ་བ་དང་འདྲ་དགོས། དེ་ཡང་། ཇི་ལྟར་རླུང་ནད་ལྡང་པ་ལ། སྲན་མའི་བཟའ་བ་སྦྱིན་པར་བྱ།


LT19_Page_057A
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་རླུང་ནི་འཇོམས་པར་བྱ། །ཇི་ལྟར་མེ་ཡིས་འཚིགས་པ་ལ། །མེ་དེ་ཉིད་ལ་གདུང་བར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་བ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པས་སྨན་དུ་ཤེས་པར་བྱ། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དཔལ་ལྡན་ནཱ་རོ་པའི་གདམས་པ་རོ་སྙོམས་སྐོར་དྲུག་གི་དོན་མདོར་བསྡུས་ཏེ་བརྗོད་ཀྱིས་རྒྱས་པར་སྤྲོ་ཞིང་ཉམས་སུ་ལེན་པ་ལ་བརྩོན་པར་བྱོས་ཤིག། །། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏིལླི་པ། ནཱ་རོ་པ། ཏི་ཕུ་པ། རས་ཆུང་པ། རྒྱ་རས། རྒོད་ཚང་པ། ཨོ་རྒྱན་པ། རང་བྱུང་བ། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། མཁའ་སྤྱོད་པའོ། །


previousགདམས་ངག་མཛོད་པོད་བཅུ་པ། དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིགnext