Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན།next

གདམས་ངག་མཛོད་པོད་བཅུ་པ།
ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན།


LT19_Page_087A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།། །།


LT19_Page_087B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཆེན་བརྒྱད་ཀྱི་མཛེས་རྒྱན་ཞེས་བྱ་བ། དཔལ་འབྲུག་པ་ཡབ་སྲས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དུལ་ཞིང་ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །འཇིག་རྟེན་མགོན་པོ་སྐྱབས་མཆོག་བླ་མེད་པ། །ཐུབ་དབང་རྗེས་སྐྱེས་སྲས་བཅས་ཐམས་ཅད་དང་། །གཉིས་མེད་དཀར་བརྒྱུད་དེ་ལ་ཕྱག་འཚལ་ལོ། །ལེགས་བྱས་ཐབས་ཚུལ་སྣ་ཚོགས་འོད་ཟེར་གྱིས། །འགྲོ་འདིའི་རྨོངས་པའི་མུན་པ་མཐར་འབྱིན་པའི། །དཔལ་ལྡན་འཇིགས་མེད་བདུད་ལས་རྒྱལ་བ་ཡི། །བཤེས་གཉེན་བླ་མ་དེ་ཡིས་འདིར་སྲུངས་ཤིག །འདི་ན་འཁོར་བའི་རྒྱ་མཚོར་ཆོས་ཀྱི་རྫིང་། །སྦྱར་བ་ལྟ་ངན་རླུང་གིས་བསྐྱོད་པ་ཡིས། །ལོག་སྡེ་སྲིན་མོའི་གླིང་འཁྱམས་ཤེས་ལྡན་འགའ། །ཐེག་མཆོག་ཅང་ཤེས་འདི་ཞོན་འབྲོས་པར་གྱིས། །སྐྱེ་བོ་ཕལ་ཆེར་མྱ་ངན་ཐང་ཆེན་པོར། །ཆོས་མིན་སྨིག་རྒྱུའི་རྗེས་འབྲང་ངལ་གྱུར་པ། །དེ་དག་ཟབ་རྒྱས་གཏིང་མཐའ་མི་དཔོག་པའི། །ཆོས་མཚོ་འདི་འཐུངས་མངོན་པར་ཚིམས་པར་བྱོས། །


LT19_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གངས་ཅན་གྱི་ལྗོངས་ཀྱི་གྲུབ་པའི་རིང་ལུགས་པ་ཆེན་པོ་དཔལ་འབྲུག་པ་ཞེས་གྲགས་པའི་གསུང་གི་བདུད་རྩི་རྣལ་འབྱོར་ཅན་གྱི་དབང་ཕྱུག་རྣམས་ཀྱིས་སྐུ་ཉམས་སུ་བསྟར་བའི་ཁྲིད་ཆེན་པོ་བརྒྱད་པོ་འདི་དག་སྐྱེས་བུ་སྐལ་པ་བཟང་པོ་རྣམས་ཀྱིས་སྤྱོད་པའི་ཡུལ་དུ་གྱུར་པ། བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་གསང་བར་སྟན་པའོ། །དེ་འཆད་པ་ལ་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པ་ལ་འཇུག་པར་བྱ་སྟེ། དེ་ཡང་བླ་མ་མོས་གུས་དང་། ཕྱག་ཆེན་དང་། ནཱ་རོ་པ་ཆེན་པོའི་ཆོས་དྲུག་དང་། གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་དག་དང་པོ་ནས་རྒྱས་པར་བཞུགས་ལ། ཕྱི་མ་རྣམས་རྗེ་འགྲོ་བའི་མགོན་པོ་རྒྱ་རས་པ་ཉིད་ཀྱིས་རྩ་བ་ཙམ་ཞིག་མཛད། དེ་ལས་རྒྱས་པར་རྒྱལ་བ་རྒོད་ཚངས་པས་མཛད། དེ་ལས་ཀྱང་ཆེས་ཆེར་རྒྱས་པར་རྒྱལ་བ་ཡང་དགོན་པ་དང་། གྲུབ་ཐོབ་ཆེན་པོ་ཨོ་ཌཱི་ཡ་ན་པ་རིན་ཆེན་དཔལ་ལ་སོགས་པས་མཛད་དོ། །འདིར་དཔལ་རྒྱལ་བའི་དབང་པོས་མཛད་པ་ཟབ་གནད་དང་།


LT19_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཤད་པ་ཆེས་མང་བར་སྣང་བ་ལས། བརྒྱུད་པ་ལའང་འདི་ཉིད་གདན་རབས་གཙོ་ཆེ་བར་གཟུང་ན་ལེགས་པར་མངོན་ནོ། །གཞན་ཡང་ཕྱག་ཆེན་གྱི་བརྒྱུད་པ་ལ། དཀར་བརྒྱུད་འདི་ཉིད་ཀྱི་ཆོས་སྲིད་ཀྱི་སྦྱོར་བས་ཕུན་སུམ་ཚོགས་པའི་བླ་མ་དག །ནཱ་རོ་པ་ནས། ཌོམྦི་པ། ཇོ་བོ་རྗེ། དེའི་སློབ་མ་དགོན་པ་བ་ལས་རིམ་པར་བརྒྱུད་དེ། དྭགས་པོས་གསན་ཞེས་ཚིག་བརྒྱུད་དང་། དོན་བརྒྱུད་ནཱ་རོ་པ་ནས་མར་པ་དང་། མི་ལ་དྭགས་པོ་ཡིན་ཞེས་བརྗོད། དེ་ལ་ཁོ་བོ་ཅག་འདི་སྐད་དུ་སྨྲ་སྟེ། དེ་ལྟར་ན་སྨྲ་བའི་དབང་ཕྱུག་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱིས། ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་སྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་གསུངས་བ་ལ་ལན་གདབ་ཏུ་མེད་དོ། །གཞན་ཡང་ལ་ལ་དག་ཕྱག་རྒྱ་ཆེན་པོ་མདོའི་ཕྱོགས་ཀྱི་མན་ངག་ཡིན་ནོ་སྙམ་དུ་སེམས་ཤིང་། གཞན་དག་ལའང་བརྗོད་པར་བྱེད་དོ། །དེ་ལྟར་ན་ཁྱེད་ཅག་ཉིད་ཀྱིས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་གསུང་ལས་ལྟ་སྒོམ་དབུ་མ་ལས་ལྷག་པ་མེད་པར་སྨྲ་བ་ལ་སྐྱོན་དུ་ལྟ་ཞིང་། དགག་པ་ལྟར་བཅོས་པའི་ཚིག་འགའ་ཞིག་གི་འདོམ་གྱིས་མཁས་པའི་དགོངས་པ་ནམ་མཁའ་ལྟ་བུ་ལ་འཇལ་བར་བྱེད་པས་ན་རྣམ་དཔྱོད་ཀྱིས་དབེན་པར་འཇལ་ལོ། །གཞན་ཡང་དེ་སྐད་དུ་སྨྲ་བ་ནི། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་པའི་དོན་ལ་ངེས་པ་མ་རྙེད་པ་ལྟ་ཅི་སྨོས་ཏེ། ངེས་པ་ཚད་མས་མ་དམིགས་པ་ཡིན་ནོ། །དེ་ཙམ་དུ་མ་ཟད་ལྟ་བ་ཁས་ལེན་དང་


LT19_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཞེས་རང་སྟོང་པ་ཁོ་ན་ལྟར་བཤད་ནས། བདག་ཅག་དཀའ་བརྒྱུད་རིན་པོ་ཆེའི་ལྟ་བ་ནི་འདི་ཡིན་ལ། གཞན་བཤད་པ་པོ་ཕལ་ཆེ་བས་བཤད་པ་ནི་ལོག་པའོ་ཞེས་སྨྲ་བ་ནི། རྡོ་རྗེ་ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ངེས་པ་མ་དམིགས་པའོ། །བདག་ནི་ཕྱག་རྒྱ་ཆེན་པོ་གསང་སྔགས་ཀྱི་རྫོགས་རིམ་མཚན་ཉིད་པ་དང་། བརྒྱུད་པ་རྗེ་མི་ལ་ནས་བརྒྱུད་པར་ཁས་ལེན་ནོ། །དེ་ལ་རྒྱུ་མཚན་མེད་པར་སྨྲ་ན། སྔ་མ་ནི་དཀར་བརྒྱུད་འདི་ཉིད་ཀྱི་བླ་མ་དམ་པ་ཕལ་མོ་ཆེ་བཞིག །ཕྱི་མ་ནི་ཕག་མོ་གྲུ་པའི་ཕྱག་ཆེན་ཚིགས་བཅད་མ་ལས་བཤད། དེ་ལས་རྒྱས་པར་བདག་གི་ཡོངས་སུ་འཛིན་པ་ཆེན་པོ་དཔལ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱིས། མདོ་རྒྱུད་ཀྱི་ལུང་རྒྱ་ཆེན་པོས་བསྒྲུབ་པར་མཛད་པ་དང་། མཚུངས་མེད་རྒྱལ་བའི་དབང་པོས་བཤད་པ་ལས་འདིར་མངས་ཀྱིས་དོགས་ནས་མ་སྤྲོས་སོ། །དེ་བས་ན་བཤད་པར་བྱ་བ་དེ་དག་གིས་བཅད་ཙམ་ཞིག་བརྗོད་པས་ཕྱི་རབས་པ་རྣམས་འཇུག་པ་བདེ་བར་འགྱུར་བ་དེ་ཉིད་ཀྱི་ཆེད་དུ་བཤད་པ། བྱིན་རླབས་ཀྱི་ཐམས་ཅད་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། གསང་སྔགས་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ། བླ་མ་མོས་གུས་ཀྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ། བླ་མ་ཚོགས་ཞིང་དུ་བྱས་ནས་མཎྜལ་འབུལ་བ། བླ་མ་རིགས་བདག་ཏུ་བྱས་ནས་སྡིག་སྒྲིབ་སྦྱོང་བ། བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་འདེབས་པ། བླ་མ་རང་སེམས་དང་བསྲེས་ཏེ་བར་ཆད་སེལ་བ་དང་བཞིའོ། །དང་པོ་ལ། བསྒྲུབ་པའི་མཎྜལ་དང་མཆོད་པ། མཎྜལ་ལོ། །གསུམ་པ་ལ། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱོང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་


LT19_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའོ། །དེ་ལ་རིང་བརྒྱུད་བླ་མ་ཚོགས་སུ་བསྒོམ་པ་དང་། ཉེ་བརྒྱུད་ཐོ་བརྩེགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པའོ། །གཉིས་པ་དངོས་གཞི་ལ། སྨིན་བྱེད་དབང་དང་དབང་དོན་ཉམས་སུ་བླང་བའོ། །དང་པོ་ལ། རྒྱས་འབྲིང་བསྡུས་པ་གསུམ་མོ། །གཉིས་པ་ལ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་རོ། །གཉིས་པ་ལ་རགས་པ་ལྷ་སྐུ་ལ་བསླབ་པ། འབྲིང་པོ་ཕྱག་མཚན་ལ་བསླབ་པ། ཕྲ་བ་ས་བོན་ལ་བསླབ་པའོ། །གསུམ་པ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་བཅད། རྣམ་པ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱའོ། །དེ་དག་གི་ཉམས་ལེན་འདིར་འདུ་སྟེ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གྱིས་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ཆོས་སྐུར་སྒྲུབ་པའོ། །དེ་ལ་དང་པོ་ཕྱི་སྒྲུབ། གཉིས་པ་ནང་སྒྲུབ། གསུམ་པ་གསང་བའི་སྒྲུབ་པ་ཡིན་ལ་སྔོན་དུ་འགྲོ་བ་བཞི་པར་བླ་མ་ཕྲིན་ལས་བཞི་པའི་ལས་སྦྱོར་དང་སྦྱར་ཏེ་བཤད་དགོས་སོ། །གསུང་རབ་ཆུ་བོ་ཇི་སྙེད་པ། །མངོན་པར་འབབ་པ་ཟབ་མོའི་ལམ། །མོས་གུས་མ་དྲོས་མཚོ་འདིར་ནི། །སྐལ་བཟང་ཀླུ་དབང་དགྱིས་སྤྱོད་ཅིང་། །གང་གིས་རིང་ནས་ཐོབ་དཀའ་བའི། །མགོན་པོ་ཚེ་འདིར་སྒྲུབ་པའི་ཐབས། །བླ་མའི་གསུང་བཞིན་འདིར་བཀོད་པས། །ཤེས་ལྡན་བག་ཡོད་བསྟེན་པར་རིགས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


LT19_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །གཉིས་པ་ལའང་ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་ནོ། །དང་པོ་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ཏེ་རྩེ་གཅིག་གི་རྣལ་འབྱོར་ཉམས་སུ་བླང་པ་དང་། གནས་འགྱུའི་རྩ་བ་བཅད་དེ་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལ། ཐོལ་སྐྱེས་རྦོད་གཅོད། གང་ཤར་བཟོ་མེད། གཞག་ཐབས་ཀྱི་གནད་དོ། །གཉིས་པ་ལ། གནས་འགྱུའི་རྩ་བ་བཅད་པ། ལྷག་མཐོང་ངོས་གཟུང་བ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དེ་ལ་དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་ཀྱི་སྒོ་ནས་ཟུང་འཇུག་ཏུ་རོ་གཅིག་པས་རོ་གཅིག་གི་རྣལ་འབྱོར་ཉམས་སུ་ལེན་པ་དང་། ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའོ། །དང་པོ་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། ཆུ་དང་ཆབ་རམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་དང་། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་འབེབས་པའོ། །གསུམ་པ་རྗེས་ལ་ཕྱག་རྒྱ་ཆེན་པོ་ངོས་གཟུང་ཞིང་རང་ངོ་སྤྲོད་པ། གེགས་དང་གོལ་ཤོར་བཅད་ཅིང་ཉམས་རྟོགས་གོ་བ་གསུམ་གྱི་ཤན་


LT19_Page_090B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ། འབྲས་བུ་སྐུ་གསུམ་གྱི་ཐོབ་ཚུལ་བསྟན་པའོ། །དེ་དག་གི་ཉམས་ལེན་ཐམས་ཅད་འདིར་འདུས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་གནད་ཀྱིས་ལྟ་བ་གཏན་ལ་དབབ་པ། སྣང་བ་ལྷན་ཅིག་སྐྱེས་པ་རང་འོད་གཟུགས་ཀྱིའི་གནད་ཀྱིས་སྒོམ་པ་ཉམས་སུ་བླང་བ། སྣང་སྲིད་ལྷན་ཅིག་སྐྱེས་པ་དབྱེར་མེད་ཀྱི་གནད་ཀྱིས་འབྲས་བུ་མཐར་ཕྱིན་པ་བྱ་བའོ། །ཕལ་ཆེར་གཉིས་སུ་འཛིན་ཅིང་འགལ་བའི་ཆོས། །རོ་མཉམ་ཉིད་དུ་འཇལ་བྱེད་ཚད་མ་གང་། །གྲུབ་པ་མཆོག་གིས་མངོན་སུམ་གཟིགས་པ་ཡི། །ཚུལ་དེར་སྤྱོད་ལ་སྤྲོ་བ་འདིར་ཞུགས་ཤིག །ཅེས་ཀྱང་སྨྲས་སོ། །གསུམ་པ་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་སྟེར་བར་བྱེད་པ་ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །གཉིས་པ་ལ། གཏུམ་མོ། །སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་གོ །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔའོ། །གཉིས་པ་དངོས་གཞི་ལས། ལུས་ཀྱི་གནད་མེད་ཐབ་དྲུག་ཆིངས། ངག་གི་གནད་སྦྱོར་བ་བཞི་ལྡན། སེམས་ཀྱི་གནད་གཏུམ་མོ་རྣམ་གསུམ་མོ། དེ་ལ་ལུས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོའོ། །གསུམ་པ་རྗེས་ལ། དྲོད་ཀྱི་བོགས་འདོན་གཙུབ་ཤིང་མ་དང་། བདེ་བའི་བོགས་འདོན་ཨ་ཧཾ་གི་འབར་འཛག་གོ །དེ་ལ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་བོ། དང་པོ་ལ་སྔོན་འགྲོ་ཡིད་རིག་དངོས་གཞི་འབར་འཛག་གོ །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་སྒྱུ་མར་སྤྱད་བ་སྤྱི་དོན་གྱི་སྒྱུ་མ། དག་པའི་སྒྱུ་


LT19_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྒྱུ་མར་སྦྱང་བ་སྦས་དོན་གྱི་སྒྱུ་མ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་མཐར་ཐུག་གི་སྒྱུ་མའོ། །གསུམ་པ་རྨི་ལམ་ལ། རྨི་ལམ་གཟུང་བ། སྦྱང་ཞིང་སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་ལ་རྩལ་སྦྱོང་བའོ། །དང་པོ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གི་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བའོ། །བཞི་པ་འོད་གསལ་ལ་གསུམ་སྟེ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་ལོ། །གཉིས་པ་ལ། ཉིན་སྣང་ལམ་དང་དར་བཞིན་གཅིག་ཏུ་བསྲེ་བ། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའོ། །ལྔ་པ་བར་དོ་ལ། རང་བཞིན་དག་པ་ཆོས་སྐུའི་ལམ་ཁྱེར། རྣམ་པ་དག་པ་ལོངས་སྐུའི་ལམ་ཁྱེར། བྱེད་ལས་དག་པ་སྤྲུལ་སྐུའི་ལམ་ཁྱེར། རོ་མཉམ་དག་པ་ངོ་བོ་ཉིད་སྐུའི་ལམ་ཁྱེར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུར་འཕྲོ་བ། ཐ་མ་སྐྱེ་བ་འཛིན་པའི་འཕོ་བའོ། །ཆོས་དྲུག་པོ་དེ་དག་ཀྱང་བསྲེ་བ་གསུམ་དུ་འདུས་པ་ཡིན་ཏེ། ཉིན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་གཏུམ་མོ་དང་སྒྱུ་ལུས་སྤྲུལ་སྐུའི་ལམ་ཁྱེར། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་འོད་གསལ་དང་རྨི་ལམ་ཆོས་སྐུའི་ལམ་ཁྱེར། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་བར་དོ་དང་འཕོ་བ་ལོངས་སྐུའི་ལམ་ཁྱེར་དང་གསུམ་པོ་འདིར་འདུས་སོ། །རྒྱུད་སྡེ་མཆོག་གི་སྙིང་པོའི་སྙིང་པོ་གང་། །ལེགས་པར་གཟིགས་ནས་གཞན་ལ་འདོམས་མཛད་པ། །རྗེ་བཙུན་ནཱ་རོའི་གདམས་ངག་འདི་བཤད་པས། །འགྲོ་རྣམས་བདེ་བར་གཤེགས་པའི་ས་ཐོབ་ཤོག །ཅེས་སོ། །བཞི་པ་ཐུན་མོང་དང་


LT19_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་འགལ་རྐྱེན་ཐམས་ཅད་གྲོགས་སུ་ཁྱེར་ཞིང་། མཐུན་རྐྱེན་ཐམས་ཅད་ལམ་དུ་ལོངས་ཤིང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་སྡུད་པར་བྱེད་པའི་གནད་མ་ནོར་བ་གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་ལ་བཞི་སྟེ། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། གསང་བའི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །གཉིས་པ་ལ་གནས་གང་དུ་འགྲོ་བ། གྲོགས་གང་དང་འགྲོགས་ནས་འགྲོ་བ། དུས་ནམ་འགྲོ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་དང་བཞིའོ། །དེ་ལ་དབང་པོ་རབ་ཀྱི་ཉམས་ལེན། འབྲིང་གི་ཉམས་ལེན། དབང་པོ་ཐ་མའི་ཉམས་ལེན་ནོ། །དང་པོ་ལ། གཞི་ལྟ་བའི་གོ་ཆ། རྐྱེན་བླ་མའི་མོས་གུས། དམིགས་པ་སྒོམ་པའི་མཚོན་ཆའོ། གཉིས་པ་ལ། སྔོན་འགྲོ་འདུན་པ་བཏང་བ། དངོས་གཞི་སྟོང་ཉིད་ཀྱི་ངང་ལ་བཞག་པ། རྗེས་རོ་མཉམ་པའོ། །གསུམ་པ་ལ། རང་དོན་རྟོགས་པའི་རྩལ་སྦྱོང་། གཞན་དོན་སྙིང་རྗེའི་རྩལ་སྦྱོང་། ཐུན་མོང་དུ་ཆོས་བརྒྱད་མགོ་སྙོམས་པའོ། །དེ་དག་ལས་སྤྱོད་པ་གཞན་གསུམ་ཤུགས་བསྟན་དང་། གསང་སྤྱོད་བསྟན་བྱའི་གཙོ་བོ་ཡིན་ལ། དེའི་ཉམས་ལེན་མདོར་བསྡུ་ན་གཅེར་ཉལ་འཕྲིགས་མེད་ཀྱི་གནད་ཀྱིས་གདོན་ཆོས་ཀྱི་སྐུར་གཏན་ལ་འབེབས་པ་ལྟ་བའི་ཐག་ཆོད། ཕུང་པོ་ཚོགས་འཁོར་གྱི་གནད་ཀྱིས་གདོན་ལོངས་སྤྱོད་རྫོགས་པའི་སྐུར་རྩལ་སྦྱོང་བསྒོམ་པའི་ལམ་ལོངས། ཕུང་པོ་གཟན་བསྒྱུར་གྱི་གནད་ཀྱིས་གདོན་སྤྲུལ་པའི་སྐུར་ལྟ་བ་སྤྱོད་པའི་བོགས་འདོན་དང་གསུམ་དུ་འདུས་སོ། །གྲུབ་པ་མཆོག་རྣམས་གཤེགས་པའི་ལམ་ཆེན་པོ། གསང་ཆེན་ཀུན་ཏུ་སྤྱོད་པ་འདིར་ཞུགས་ན། །མཆོག་གི་ས་ལ་འབད་པ་མེད་པར་ཡང་། །འགྲོད་འགྱུར་སྐལ་བཟང་


LT19_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྟེན་པར་བྱོས། །ཞེས་སྨྲས་སོ།། །།ལྔ་པ་ཟབ་མོ་དག་སྣང་ཞིང་སྦྱོང་གི་ཁྲིད་ལ་གཙོ་བོར་སྔགས་ཀྱི་ཐེག་པ་དང་མཐུན་པ་ཞིང་སྐུ་གསུམ་དུ་སྦྱོང་བ། ཞར་བྱུང་ཐུན་མོང་ཐེག་པ་དང་མཐུན་པ་ཞིང་བརྒྱུད་པའི་སྒོ་ནས་སྤྱོད་བའོ། །དང་པོ་ལ། ངོ་བོའི་སྒོ་ནས་ཆོས་སྐུ་ཡིན་ཚུལ། རྣམ་པའི་སྒོ་ནས་ལོངས་སྐུར་འཆར་ཚུལ། བྱེད་ལས་གྱི་སྒོ་ནས་སྤྲུལ་སྐུར་གྲུབ་ཚུལ་ལོ། །གཉིས་པ་ལ་བསྐྱེད་རིམ་གཙོ་བོར་གྱུར་པའི་སྐབས། རྫོགས་རིམ་གཙོ་བོར་གྱུར་པའི་སྐབས། རིམ་གཉིས་མཉམ་པར་གནས་པའི་སྐབས་སོ། །གཉིས་པ་ཐུན་མོང་བརྒྱུད་པའི་སྒོ་ནས་སྦྱོང་བ་ལ། ཞིང་སྒྱུ་མར་སྦྱོང་བ། ཞིང་སྟོང་ཉིད་དུ་སྦྱོང་བ། ཞིང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྦྱོང་བའོ། །སྲིད་ཞིའི་སྒྱུ་ཐབས་མིག་འཕྲུལ་ལྟ་བུ་ཡང་། །དག་པ་རབ་འབྱམས་ཉིད་དུ་སྣང་བ་ཅན། །གང་དེ་མ་རིག་པ་རྣམས་འདིར་ཞུགས་ཏེ། །སླད་ནས་གནས་པ་ཉིད་དུ་ཤེས་པར་བྱོས། །ཞེས་སྨྲས་སོ།། །།དྲུག་པ་ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད་ལ་གསུམ་སྟེ། སྤང་བྱ་གཉེན་པོའི་སྒོ་ནས་སྤང་བ་དང་། ཐབས་ལ་མཁས་པས་སྤང་བ་དང་། རང་བཞིན་གཅིག་ཏུ་རོ་མཉམ་པའི་ཚུལ་གྱིས་སྤང་པའོ། །དེ་ལ་སྤང་བར་གདམས་པ་དང་། སྤོང་བའི་ཚུལ་གཉིས་སོ། །དང་པོ་ལ། རྩ་བར་གྱུར་པའི་སྒོ་ནས་སྤོང་བར་གདམས་པ་དང་། འབྱུང་ཉེ་བའི་སྒོ་ནས་སྤོང་བར་གདམས་པ། སྤང་དཀའ་བའི་སྒོ་ནས་སྤང་བར་གདམས་པའོ། །དང་པོ་ལ། ཆོས་བརྒྱད་ངོས་བཟུང་བ། དེ་ཉིད་རྩ་བ་གང་ལས་བྱུང་བའི་ཚུལ་ལོ། །གཉིས་པ་ལ། སྔོན་འགྲོ་དང་། དངོས་གཞིའོ། །དེ་ལ་སྣང་བ་སེམས་སུ་རོ་མཉམ་པ། སེམས་སྒྱུ་མར་རོ་མཉམ་པ། སྒྱུ་མ་རྟེན་འབྲེལ་དུ་རོ་མཉམ་པ། རྟེན་


LT19_Page_092B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་སྟོང་ཉིད་དུ་རོ་མཉམ་པ། སྟོང་ཉིད་ཟུང་འཇུག་ཏུ་རོ་མཉམ་པ། ཟུང་འཇུག་གཉིས་མེད་དུ་རོ་མཉམ་པ། གཉིས་མེད་ཁྱབ་གདལ་དུ་རོ་མཉམ་པའོ། །དང་པོ་ལ། སྣང་བ་སེམས་ཡིན་ཚུལ་དང་། རྨི་ལམ་ལ་བརྟེན་ནས་རོ་མཉམ་པ། མངོན་སུམ་ལ་བརྟེན་ནས་རོ་མཉམ་པའོ། །ལྔ་པ་ལ། བདེ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། གསལ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། རིག་སྟོང་ཟུང་འཇུག་ཏུ་རོ་མཉམ་པའོ། །དེ་དག་གི་དོན་ཉེ་བར་བསྡུ་ན། རབ་ཆོས་སྐུར་མཉམ་པ་གྲོལ་ལམ་སྲིད་ཞི་མཉམ་ཉིད། །འབྲིང་ལོངས་སྐུར་མཉམ་པ་ཐབས་ལམ་བདེ་སྟོང་མཉམ་ཉིད། ཐ་མ་སྤྲུལ་སྐུར་མཉམ་པ་ཐུན་མོང་སྐྱིད་སྡུག་ལམ་ཁྱེར་དང་གསུམ་མོ། །སྡུག་བསྔལ་ཆུ་བོ་མ་ལུས་ཇི་སྙེད་པ། །བདེ་ཆེན་རྒྱ་མཚོར་རོ་མཉམ་གཅིག་གྱུར་པའི། །ཐབས་བཟང་འདི་ནི་སྐྲལ་པ་མཆོག་རྣམས་ཀྱིས། །བསྟེན་འོས་ཉིད་ཡིན་གཟུ་བོས་ཉམས་སུ་ལོངས། །ཞེས་སྨྲས་པ་དགེ་བ་ཉིད་དོ།། །།བདུན་པ་ལམ་ཟབ་མོ་ཐམས་ཅད་གྱི་གནད་སྐལ་ལྡན་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་ལ་རིང་བ་མ་ཡིན་པ་བྱམས་སྙིང་རྗེའི་ཁྲིད་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེའོ། །དེ་དག་གི་དོན་ཡང་། ཟབ་ཆོས་སྡུ་དང་རྣམ་པ་མཐུན་པ་དམིགས་པ་མེད་པའི་སྙིང་རྗེ། འབྲིང་ལོངས་སྐུ་དང་རྣམ་པ་མཐུན་པ་ཆོས་ལ་དམིགས་པའི་སྙིང་རྗེ། ཐ་མ་སྤྲུལ་སྐུ་དང་རྣམ་པ་མཐུན་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་གསུམ་དུ་འདུས་སོ། །འཇིག་རྟེན་མགོན་དང་དེ་སྲས་བཅས་རྣམས་ཀྱིས། །ཇི་ལྟར་འགྲོ་བའི་དོན་དུ་བསླབས་མཛད་གང་། །གྲུབ་དབང་ཤིང་རྟའི་སྲོལ་ལས་ལེགས་འོངས་པ། །མི་ཕམ་པད་དཀར་བདག་


LT19_Page_093A
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགའ་བས་སྨྲས། །ཅེས་ཀྱང་བཤད་པ་ལེགས་པ་ཡིན་ནོ།། །།བརྒྱད་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་ལ་གཉིས་ཏེ། ཤེས་བྱའི་ཚུལ་གྱིས་གཏན་ལ་དབབ་པ་དང་། བསྒོམ་བྱའི་ཚུལ་གྱིས་ཉམས་སུ་ལེན་པའོ། །དེ་ལ་བཞི་སྟེ། གཅིག་ཆོག་ཉམས་སུ་བླང་བ་དང་། རྩལ་རྫོགས་ཉམས་སུ་བླང་བ་དང་། སྤེལ་སྦྱང་ཉམས་སུ་བླང་བ། ཞར་ལ་སྒྲིག་དུས་བཞི་མ་འཆོལ་བའོ། །དང་པོ་ལ་བཞི་སྟེ། རྩ་བ་གཅིག་ཆོག་ཉམས་སུ་བླང་བ་དང་། ཡན་ལག་བཞི་ཕྱོགས་བཞིར་བརྒྱང་བ་དང་། དམ་ཚིག་གསུམ་པོ་ཁྲིད་དུ་བྱ་བ་དང་། ཐབས་ཀྱི་སྒོ་ནས་ཕན་འདོགས་ཀྱི་བྱ་བ་ཡོངས་སུ་བསྒྲུབ་པའོ། །གཉིས་པ་ལ་བཞི་སྟེ། བྱ་བ་བཏང་བ། ཆོག་ཤེས་པ། འདོད་པ་ཟད་པ། སྡོད་ཚུགས་པའོ། །གསུམ་པ་ལ་ནི། ལུས་ཀྱི་དམ་ཚིག་དང་། ངག་གི་དམ་ཚིག་དང་། ཡིད་ཀྱི་དམ་ཚིག་གོ །གཉིས་པ་རྩལ་རྫོགས་བ་ལ། བཞི་སྟེ། བྱ་བ་སྣ་ཚོགས་ལ་རྩལ་སྦྱོང་བ། རིག་པ་སྣ་ཚོགས་ལ་རྩལ་སྦྱོང་བ། གདོན་སྣ་ཚོགས་ལ་རྩལ་སྦྱོང་བ། སྤྱོད་ལམ་སྣ་ཚོགས་ལ་སྦྱོང་རྩལ་བའོ། །གསུམ་པ་སྤེལ་སྦྱོང་ལ་གཉིས་ཏེ། སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྦྱོང་བ་དང་། དགེ་བ་ཕྲ་ཞིང་ཕྲ་བ་ནས་སྤེལ་བའོ། །བཞི་པ་སྒྲིག་དུས་བཞི་ནི། བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ་སྒྲིག་པ། འཇིག་རྟེན་བློས་བཏང་གི་དུས་སུ་ཞེན་ལོག་གི་རྟེན་འབྲེལ་སྒྲིག་པ། སྒྲུབ་པའི་དུས་སུ་ཉམས་ལེན་གྱི་རྟེན་འབྲེལ་སྒྲིག་པ། འགྲོ་དོན་གྱི་དུས་སུ་གཞན་ཕན་གྱི་རྟེན་འབྲེལ་སྒྲིག་པའོ། །དེ་དག་གི་དོན་ཉེ་བར་བསྡུས་པ་འདི་ཡིན་ཏེ། གང་ལ་གང་འདུལ་གྱིས་ནད་ཀྱིས་དངོས་པོར་སྣང་བའི་རྒྱུ་འབྲས་


LT19_Page_093B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་རྩལ་སོང་། སྣང་ལ་རང་བཞིན་མེད་པའི་གནད་ཀྱིས་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ཟབ་གསལ་གཉིས་མེད་ཀྱི་གནད་ཀྱིས་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་དང་གསུམ་དུ་མ་འདུས་པ་མེད་དོ། རྟེན་ཅིང་འབྲེལ་འབྱུང་བདག་ཉིད་རྒྱལ་བའི་གསུང་། །གཞན་གྱིས་བདེ་བླག་ཉིད་དུ་རྟོགས་བྱའི་ཕྱིར། །འགྲོ་མགོན་རྗེ་ཡིས་ལེགས་པར་འདོམས་མཛད་པ། །ཇི་བཞིན་བཤད་འདི་བླང་བར་འོས་མིན་ནམ། །ཤེས་ལྡན་ཁྱེད་རྣམས་ཆོས་མིན་མཆིང་བུའི་ཚོགས། །ནོར་བུར་ཞེན་པའི་བློ་དེ་ཡོངས་སྤོངས་ལ། །ཟབ་དོན་ནོར་བུ་ཚེ་འདིར་རབ་བཟུང་ནས། །འགྲོ་བའི་རེ་བ་སྐོང་ན་མི་ལེགས་སམ། །ལ་ལ་རྨིག་རྗེས་ཆུ་དང་རྒྱ་མཚོ་དང་། །ཡུངས་འབྲུ་རི་རྒྱལ་མཆོག་ནི་མཚུངས་ལྟ་ཞིང་། །འདི་དང་གཞན་ནི་འདྲ་བར་སེམས་པའམ། །དེ་ལྟར་འཕགས་པ་རྣམས་ཀྱིས་དགོངས་པ་ཉིད། །ལ་ལ་ཁམས་ཀྱི་རྒྱལ་པོའི་ལོངས་སྤྱོད་ཀྱིས། །འཁོར་ལོས་སྒྱུར་རྒྱལ་དཔལ་ལ་འགྲན་བྱེད་པ། །དེ་ལྟར་རང་བཟོའི་སྒྲོ་བཏགས་ལྟར་སྣང་ཆོས། །འདི་དང་མཚུངས་ཞེས་སྨྲ་བ་བླུན་པ་ཉིད། །གཞན་ལ་ཕན་ཕྱིར་ལེགས་བྱས་འདི་བཤད་པས། །དགེ་པས་གང་གིས་བདག་གཞན་ཐམས་ཅད་ཀྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་ལེགས་བསྒྲལ་ཏེ། །རྣམ་མཁྱེན་མྱ་ངན་འདས་པའི་གླིང་བསྒྲོད་ཤོག །ཅེས་པ་འདི་ནི་གཙང་སྟོད་སའི་ཐིག་ལེ་དཔལ་ལྡན་ས་སྐྱའི་བྱད་འདབས་སུ་སྐྱེས་པ། སྡོམ་བརྩོན་སྡེ་སྣོད་འཛིན་པ་འཛིམས་དཀར་ཉི་ཟླ་རབ་འབྱམས་ཀྱིས་ཉེ་བར་བསྐུལ་བའི་ངོར། ཤཱཀྱ་འི་དགེ་སློང་ཆོས་སྨྲ་བ། འབྲུག་པ་རིན་པོ་ཆེའི་རིང་ལུགས་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་


LT19_Page_094A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། ལྷོ་བརྒྱུད་བྱར་ཕུའི་དབེན་གནས་ཀུན་དགའ་བདེ་ཆེན་དགོན་པར་སྦྱར་བའོ།། །།།


previousགདམས་ངག་མཛོད་པོད་བཅུ་པ། ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན།next