Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་།next

གདམས་ངག་མཛོད་པོད་བཅུ་པ།
ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་།


LT19_Page_112A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་ཤར་ཅེས་བྱ་བ་བཞུགས་སོ། །


LT19_Page_112B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་སྨད་འབྲུག་གི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་ཁྲིད་དོ། དང་པོ་ལ། འཁོར་བའི་ཆོས་ལ་ཞེན་པ་ཟློག་པའི་ཕྱིར་མི་རྟག་པ་སྒོམ་པ་ནི། ངེས་པར་འཆི། ནམ་འཆི་ཆ་མེད། འཆི་བ་ལ་བཟློག་ཐབས་མེད། ཤི་ནས་གར་འགྲོ་ཆ་མེད། དེ་ལ་ཕན་པ་དམ་པའི་ཆོས་ལས་གཞན་མེད་པ་དང་ལྔའི་སྒོ་ནས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། སྡིག་སྒྲིབ་སྦྱོང་བའི་ཕྱིར་རྡོར་སེམས་ཡི་གེ་བརྒྱའི་བཟླས་བསྒོམ། ཚོགས་རྫོགས་པའི་ཕྱིར་མཎྜལ་འབུལ་བ། བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ་། གཉིས་པ་དངོས་གཞི་ལ་ལྔ། གཞི་ཕྱག་རྒྱ་ཆེན་པོ་གདིང་ཐུབ། ཡན་ལག་གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་བོ། དང་པོ་ལ་གསུམ། སློབ་མས་སེམས་ངོ་ཙལ་བ། བླ་མས་ངོ་སྤྲད་པ། མན་ངག་གི་གཏན་


LT19_Page_113A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པའོ། དང་པོ་ནི། འཁོར་འདས་ཀྱི་རྩ་བ། ཆགས་སྡང་བདེ་སྡུག་ལ་སོགས་པའི་རྩ་བ་སེམས་སུ་འདུག་གམ་མི་འདུག་བལྟ། སྣ་ཚོགས་སུ་རྟོག་པའི་སེམས་འདི་གང་ན་གནས། གཟུགས་དབྱིབས་ཇི་ལྟར་འདུག་ཁ་དོག་ཇི་ལྟར་འདུག་བལྟ། ཡང་། མདུན་ཏུ་མེ་ཆེན་བསྒོམ་པ་ལ་སེམས་བསྲེག་ནས་ཚིག་གམ་མི་ཚིག །ཆུ་ཆེན་ལ་སྦང་ནས་བང་ངམ་མི་སྦང་། རྣོན་པོའི་མཚོན་གྱིས་བཅད་ནས་ཆོད་དམ་མི་ཆོད་བལྟ། ཡང་། དགྲ་བསམ་ལ་ཞེ་སྡང་སྐྱེ་མཁན་ལ་བརྟག །གཉེན་བསམ་ལ་གདུང་སེམས་སྐྱེ་མཁན་ལ་བརྟག །ནོར་རྫས་བསམ་ལ་འདོད་པ་སྐྱེ་མཁན་ལ་བརྟག་ནས་སེམས་ཚོལ་བས། སེམས་འདི་འདྲ་ཞེས་སྙེད་ན་དེ་སེམས་ཡིན་མིན་རྩད་བཅད་དུ་གཞུག །མ་སྙེད་ན་མེད་པའི་ངོ་བོ་ལ་བརྟག །གཉིས་ཀས་ཚོལ་མཁན་གྱི་རྟོག་པ་ལ་རྩད་གཅོད་དུ་གཞུག་པས་གོ་བ་དཔེ་བལྟས་སོགས་མིན་པའི་ཐམས་ཅད་ཀྱི་རྩ་བ་སེམས། སེམས་ལ་དངོས་པོ་གང་དུའང་མ་གྲུབ་པ་ལ་འགགས་མེད་ཅིག་འཆར་བ་ཤེས་དགོས་སོ། གཉིས་པ་ངོ་སྤྲད་པ་ལ་གསུམ། དང་པོ་ཉན་


LT19_Page_113B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་གཟིགས་མོ་ནི། ཤིན་ཏུ་དབེན་པའི་གནས་སུ་ཕྱིན་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ཁྲུ་གང་ཙམ་གྱི་མདུན་དུ་དམིགས་རྟེན་ཤིང་བུའམ་རྡེའུ་ལ་མིག་ཕབ་སྟེ་བལྟར་གཞུག །སེམས་མ་བསྒྲིམ་པར་ཁོང་ནས་ལྷོད་ལ་བཞག་འདས་པ་དང་མ་འོངས་པ་དང་ད་ལྟ་བའི་ཤེས་པ་གང་ལའང་མི་མནོ་མི་བསམ། ངོས་བཟུང་མེད་པའི་ངང་དུ་བཞག །ཚོགས་དྲུག་གི་རྟོག་པ་གང་ལའང་ཆགས་སྡང་ཆེད་འཛིན་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་མ་བཅོས་པའི་ངང་དུ་འབོལ་ལེ་ཤིག་གེ་ལྷོད་ལ་བཞག །དང་པོ་ཐུང་ཐུང་ལ་གྲངས་མང་བ་དང་། དེ་ནས་ཡུན་ཇེ་རིང་མཐར་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བར་བསླབ། གཉིས་པ་བྱང་ཆུབ་སེམས་དཔའི་གཟིགས་མོ་ནི། མིག་སྣ་རྩེ་ལ་ཕབ། རིག་པ་གཞན་དུ་མི་འཕྲོ་བར་འབོལ་ལེ་བཞག་སེམས་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས། དངོས་པོ་རང་བཞིན་བདེན་པར་མ་གྲུབ་པའི་ངང་དུ་འབོལ་ལེ། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་རང་སྟོང་། སྟོང་ཉིད་ཙམ་དུ་མི་བཟུང་བ་འཛིན་མེད་ཞེན་བྲལ་མ་བཅོས་པའི་ངང་དུ་བཞག་གོ གསུམ་པ་རྡོ་རྗེ་འཆང་གི་གཟིགས་མོ་ནི། སྣ་རྩེའི་ཐད་ཀྱི་བར་སྣང་གི་ནམ་མཁའ་སྟོང་སང་ངེ་འདི་ལ་མིག་མ་ཡེངས་པར་གཏད། སེམས་མི་མནོ་མི་བསམ་པའི་ངང་ལ་འབོལ་ལེ་ཤིག་གེ་བཞག །བལྟས་པས་མི་མཐོང་། བསམ་མེད་བརྗོད་མེད་གཟའ་གཏད་བྲལ་བའི་ངང་དུ་ཞོག །ཅེས་ངོ་སྤྲད། སེམས་ཚོལ་རྣམས་ལ་ཞག་རེ། ངོ་སྤྲོད་ལ་ཚིག་དང་ཐ་སྙད་ཉུང་དུས་ཡུད་ཙམ་རེར་བཞག་ལ་སླར་ཞག་བདུན་དུ་བསྐྱང་གཞུག །གསུམ་པ་མན་ངག་གིས་གཏན་ལ་དབབ་པ་ནི། ཞག་བདུན་ནས་ངོ་འཕྲོད་ན། སེམས་སྐྱེ་མེད་བློ་འདས། དངོས་མེད་སྤྲོས་བྲལ། གཞི་མེད་རྩ་བྲལ། གསལ་སྟོང་ཟུང་འཇུག་ལ་བསྒོམ་རྒྱུ་ཅིའང་མེད་པར་མདོ་རྒྱུད་ཀྱི་ལུང་སྦྱོར་དང་བཅས་ཏེ་བཤད། ཡུམ་ལས། སེམས་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་སངས་


LT19_Page_114A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བར་གསུངས་པ་དང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། ཞེས་དང་། དགྱེས་རྡོར་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། ཅེས་སོགས་དང་། གྲུབ་ཐོབ་རྣམས་ཀྱི་གསུང་ལ་བརྟེན་ནས་སྟོང་ཉིད་དུ་ཡིད་ཆེས་པར་བྱ། འཁོར་འདས་སེམས་ཀྱི་ཆོ་འཕྲུལ་ཡིན། སྔར་སེམས་དངོས་མེད་དུ་མ་ཤེས་པས་འཁོར་བའི་སྡུག་བསྔལ་མྱོང་། ད་ཤེས་པས་འཁོར་བར་འཁྱམས་དོན་སྡུག་བསྔལ་མྱོང་དོན་མེད། བལྟར་མེད་མཐོང་མེད་དེ་ཉིད་དོན་དམ་པའི་བདེན་པ་མཐོང་བ་ཡིན་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། ཞེས་སོགས་གསུང་། གནས་ལུགས་ཀྱི་དོན་དེ་ངག་ཏུ་སྨྲ་རུ་མེད། ཚིག་ཏུ་བརྗོད་དུ་མེད། ཡིད་ལ་བསམ་དུ་མེད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། རང་སེམས་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་འདི་ག་ཡིན་པས་འདི་ཉིད་རྟོགས་པས་ཆོག་སྟེ། རྒྱུད་བརྟག་གཉིས་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། ཅེས་སོགས་བཀའ་བསྟན་བཅོས་ཀུན་ནས་མགྲིན་གཅིག་ཏུ་གསུང་། ངོ་བོ་ཅིར་ཡང་མ་གྲུབ་པའི་གཤིས་ཐོག་ཏུ་བཞག་པས་ཆོག །རྒྱུས་ཆ་རང་ལ་ཡོད་ཀྱང་བླ་མས་ངོ་སྤྲད་པ་དེ་བཞིན་ལ་མེ་ལོང་བསྟན་པ་དང་འདྲ། བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པས་རྟོགས་


LT19_Page_114B
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒོམ་བཤིག །སྒོམ་པའི་གཉེན་པོ་བཤིགས། བསྒོམ་པའི་འབྲས་བུ་བློ་ཟད་ཆོས་ཟད་ལ་བཤིགས། མི་སྒོམ་པའི་བཞག་ཐབས་ལ་དྲུག །བྱས་ཚད་འཁྲུལ་པར་འདུག་པས་བྱར་མེད་དུ་བཞག །སྒོམ་ཚད་རྟོག་པར་འདུག་པས་སྒོམ་མེད་དུ་བཞག་བརྗོད་ཚད་སྟོང་ཉིད་དུ་འདུག་པས་བརྗོད་མེད་དུ་བཞག །དྲན་ཚད་སྣང་སྟོང་དུ་འདུག་པས་རང་གྲོལ་དུ་བཞག །འགྱུ་ཚད་ཆོས་ཉིད་དུ་འདུག་པས་རྒྱ་ཡན་དུ་བཞག །ཡེ་ནས་ལྷུན་གྲུབ་ཏུ་འདུག་པས་ཡིན་ཐོག་ཏུ་བཞག་པའོ། མཇུག་ལ་གསུམ། སྐྱོང་ཚུལ། གེགས་སེལ། བོགས་འདོན་ནོ། དང་པོ་ལ་གསུམ། ལས་དང་པོ་པ་རྣལ་འབྱོར་ཆུང་ངུའི་དུས། དབེན་པ་བརྟེན་ནོ། འདུ་འཛི་ཞེན་པ་བྱ་བ་ཐམས་ཅད་བསྐྱུང་། རྩོལ་སྒྲུབ་བསྐྱེད། རྟོག་པ་དགག །སྐྱེས་བདོ་བ་དང་རྩད་གཅོད། སྒོམ་སྐྱེས་རུང་མ་སྐྱེས་རུང་འབད་ལ་ཉམས་སུ་ལེན། རྣལ་འབྱོར་འབྲིང་པོའི་དུས། སྒོམ་འཕྲོ་མི་བཅད། ཚེ་འདིའི་དབང་དུ་མི་བཏང་། ཆོས་བརྒྱད་ཆགས་སྡང་བདེ་སྡུག་ཐམས་ཅད་ཕྲ་ཆོད་སྦོམ་ཆོད་ལ་བཏང་། ཐོག་བརྫིས་དང་རོ་སྙོམས་ལ་གཉེན་པོའི་དཔུང་དང་མ་བྲལ་བར་བྱ། རྣལ་འབྱོར་ཆེན་པོ་དུས། སྤང་གཉེན་གཉིས་ཀ་བོར། ཉོན་མོངས་དང་ཡེ་ཤེས། རྣམ་རྟོག་དང་ཆོས་སྐུ། ཉམས་སུ་ལེན་བྱ་ལེན་བྱེད་གང་ཡང་མེད་པའི་དབུ་མའི་ངང་དུ་བཞག་པར་བྱའོ། གཉིས་པ་གེགས་བསལ་བ་ལའང་གསུམ། ལུས་ངག་ཡིད་གསུམ་གྱི་གེགས། ཐོས་བསམ་སྒོམ་གསུམ་གྱི་གེགས། ལྟ་སྒོམ་སྤྱོད་གསུམ་གྱི་གེགས་རྣམས་ངོ་ཤེས་པར་བྱས་ལ་བསལ། གསུམ་པ་བོགས་འདོན་པ་ནི། ལམ་མཆོག་ཐུབ་པ་ལྔ་བསྟེན་པར་བྱའོ། ༈ །གཉིས་པ་གཏུམ་མོ་རས་ཐུབ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། ངེས་འབྱུང་དང་དད་པས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བསྒོམ། གཉིས་


LT19_Page_115A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། རྩ་སྦྱོང་བའི་ཕྱིར་སྟོང་ར། དྲོད་སྐྱེ་བའི་ཕྱིར་གཏུམ་མོ། བོགས་འདོན་པའི་ཕྱིར་དེའི་ཞལ་གདམས་བསྒོམ་པའོ། དང་པོ་ནི། ལུས་འདི་སྟོང་སང་དེ། ཡང་ཕྱ་ལེ། སྲབ་ཕྱམ་མེ་བ། ཁོང་པའི་ནང་གི་ལྗན་ལྗིན་ཐམས་ཅད་འོག་སྒོ་གཉིས་ནས་མར་སང་གི་ཐོན་ཏེ་ཕྲུ་མ་ཕུས་བཏབ་པ་ལྟ་བུ། རྩ་གསུམ་ཟོ་བ་དཔྱད་ལ་བཏགས་པ་ལྟ་བུ་མ་འབྱར་བར་བསྒོམ། གཉིས་པ་གཏུམ་མོ་སྤྱི་ཁྲིད་བསྒོམ་པ་ལ་གསུམ་བཅའ་བ་ལུས་ཀྱི་གནད། འབྱུང་འཇུག་རླུང་གི་གནད། དམིགས་པ་ཡུལ་གྱི་གནད་དོ། །དང་པོ་ནི། བསམ་གཏན་གྱི་ཆོས་ལྔའམ་རྣམ་སྣང་ཆོས་བདུན་བཅའ། གཉིས་པ་ནི། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་། གསུམ་པ་ནི། རང་ལུས་ལྷག་པའི་ལྷའི་རྩ་དབུ་མ་ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་ལྟེ་བའི་ཐད་ཀར་རག་དུང་གི་ཁ་ལྟར་ཡོད་པ། གཡས་གཡོན་རོ་རྐྱང་གཉིས་ཡར་སྣ་སྣ་བུག་དང་། མར་སྣ་ལྟེ་འོག་སོར་བཞི་ནས་ཡར་ལོག་དབུ་མའི་ནང་དུ་ཚུད་པར་བསྒོམ། རྩ་གསུམ་འདུས་མདོར་མེ་ཨ་ཤད་ཀྱི་རྣམ་པ་སོར་བརྒྱད་ཁ་དོག་དམར་པོ། །རྩེ་མོ་རྣོ་བ། རེག་བྱ་ཚ་བ། དམར་ལྷང་ལྷང་བ་ལ་དམིགས་པ་གཏད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། བཀའ་བརྒྱུད་བླ་མ་རྣམས་ཐིམ་པས་སྔར་བས་འབུམ་འགྱུར་གྱིས་ཚ་བར་བསྒོམ། དེས་དབུ་མའི་ནང་ཐམས་ཅད་དམར་ལམ་མེ་བ། ཚ་འུར་རེ། སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་ཚིག་པར་བསྒོམ། གསུམ་པ། ཞལ་གདམས་བསྒོམ་པ་ལ་གསུམ། བོགས་འདོན་པ། བརྟན་པ་ཐོབ་པ། གེགས་སེལ་བར་བྱེད་པའོ། དང་པོ་ལའང་གསུམ། དྲོད་བདེ་བ། ཕྱག་ཆེན་གྱི་བོགས་འདོན་པའོ། །དང་པོ་ནི། མེའི་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་རང་ལུས་རྡོ་རྗེ་རྣལ་འབྱོར་མ་མེའི་སྐུ་ཅན། དེའི་ཐུགས་ཀར་རང་འདྲ་བའི་


LT19_Page_115B
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་རྡོ་རྗེ་རྣལ་འབྱོར་མ། སྤྱི་བོ་ནས་མེའི་རྡོ་རྗེ་རྣལ་འབྱོར་མ་གོ་ཞུ་ལུབས་སུ་བླུགས་པས་ཕྱི་ནང་མེད་པ་མེའི་རང་བཞིན་ཏུ་བསྒོམ། འདི་དག་གི་སྐབས་སུ་བདེ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས་ཞེས་གསོལ་འདེབས་དྲག་ཏུ་བྱ། སེམས་རྩེ་གཅིག་ཏུ་བཟུང་། གཏུམ་མོ་མེའི་འཁོར་ལོ་ནི། ལྟེ་བའི་རྩ་གསུམ་གྱི་ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང་ན་མཁའ་འགྲོ་སྡེ་བཞི་མེའི་རང་བཞིན་ཏུ་བཞུགས་པར། རྒྱན་དང་ཕྱག་མཚན་ཐམས་ཅད་མེའི་རང་བཞིན། རླུང་མནན་པས་རྩ་ནང་དུ་འཁོར་བར་བསྒོམ། གཏུམ་མོ་རྩུབས་ཤིང་མ་ནི། མེའི་རྡོ་རྗེ་རྣལ་འབྱོར་མ་བཞིའི་ཕྱག་གིས་རྩ་རོ་རྐྱང་གཉིས་ལ་འཇུས། རླུང་མནན་པས་རྫ་མཁན་གྱི་འཁོར་ལོ་ལྟར་འཁོར་བར་བསྒོམ། གཏུམ་མོ་མེ་དྲོད་ཀྱི་ཡེ་ཤེས་ནི། ལྟེ་བར་དབུ་མའི་ནང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མེའི་རང་བཞིན་ཅན་གར་སྟབས་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམ། གཏུམ་མོ་མེའི་སྙིང་པོ་ནི། རང་ལུས་ལྷ་སྐུར་བསྒོམ་པའི་སྟེ་བའི་ཐད་པོ་བའི་དཀྱིལ་ན་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་མེ་འུ་རུ་རུ་འབར་བར་བསྒོམ། གཏུམ་མོ་བདེ་སྟོང་མ་ནི། སྲོག་རྩའི་ནང་ན་མེའི་རྡོ་རྗེ་ཨ་རུ་རའི་སྙིང་པོ་ཙམ་ཞིག་བསྒོམ། རླུང་མེའི་རྡོ་རྗེ་རྩ་སྦུབ་ཐམས་ཅད་དཀྲུགས་པར་བསྒོམ། གཏུམ་མོ་མེའི་སྲོག་ཤིང་ནི། ལྟོ་བའི་ཐད་དཀར་ཉི་དཀྱིལ་ལ་རྃ་ལས་མེའི་སྡོང་པོ་ཁྲུ་གང་སྦོམ་ཕྲ་ལག་ངར་ཙམ་ཡལ་ག་ཐམས་ཅད་མེར་གྱེས་པས་བ་སྤུའི་བུ་ག་ཐམས་ཅད་མེ་ལྕེ་འཆུབས་ཁྱི་ལི་ལི་འབར་བར་བསྒོམ། གཉིས་པ་ནི། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧྃ་གིས་འབེན་ལ་བརྡེག །ཟག་མེད་བདུད་རྩིའི་བདག་ལུས་གང་། །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བདེ་ཆེན་འཁོར་ལོ་ཡང་ལྔ་བསམ། །སྤྲུལ་པའི་འཁོར་ལོ་ཡུམ་ལྔ་བསམ། །སྙིང་གར་འདུས་ཏེ་སྙམ་པར་འདུག །ཟག་མེད་བདེ་བས་བདག་ལུས་གང་། གསང་བའི་


LT19_Page_116A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྦུབས་སུ་དྲངས། །ལྟེ་བའི་རྡོ་རྗེ་རྣལ་འབྱོར་མའི། །པདྨར་ཐིམ་པས་བདེ་སྟོང་གིས། །ཐིག་ལེ་ཡེ་ཤེས་བཅུད་ཀྱིས་གང་། །དངོས་སམ་ཀུན་སྤོང་ཡིད་ཀྱིས་ནི། །ཞེས་རབ་ཡིད་འོང་བཅུ་དྲུག་ཡུམ། མཉམ་པར་སྦྱོར་བའི་ཡེ་ཤེས་མཆོག །མི་འགྱུར་ཟག་མེད་བདེ་ཆེན་བསྒོམ། གསུམ་པ་ནི། དམིགས་པ་ཨ་ཐུང་ལ་གཏད་དེ་གསལ་ལ་རྟོག་པ་མེད་པའི་ནང་དུ་བཞག །རླུང་སྟོང་ཉིད་ཀྱི་ངང་དུ་བཟུང་། དྲན་རྟོག་རྩ་བྲལ་དུ་ཤེས་པར་བྱ། བདེ་གསལ་མི་རྟོག་པའི་ཉམས་ཅི་སྐྱེས་ཀྱང་མ་ཞེན་པར་བྱའོ། གཉིས་པ་བརྟན་པ་ཐོབ་པར་བྱ་བ་ནི། ལུས་གནད་དང་དམིགས་པ་ཐམས་ཅད་རྒྱུན་བསྲིང་། དར་ལ་དྲག་པར་བསྒོམ། འགལ་རྐྱེན་དང་ཡང་ཡང་སྤྲད། གསུམ་པ་གེགས་བསལ་བ་ལ་གསུམ། ལུས་ཀྱི་གེགས་ན་ཚ། ཁམས་ཀྱི་གེགས་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གེགས་ཀྱི་གཙོ་བོར་རླུང་སྦྱོར་ལ་གནད་དུ་བསྣུན། སོ་སོའི་སྐབས་བསྟུན་བཅོས། དམིགས་པའི་གེགས་འབྱམས་པ་སྟེ་ཡུལ་ལ་འཐོར་བ་ལ། སྣ་བུག་གཡོན་ཏུ་སེམས་ཀྱི་ངོ་བོ་ཧཱུྃ་གསལ། རླུང་གྱེན་དུ་དྲངས་པས་རྐྱང་མ་ནས་ཞུགས་དབུ་མར་ཐིམ་པར་བསྒོམ། འདུས་པ་ནི། ཞེ་སྡང་ཅན་དགྲ་ལ་འདུས་པ། གདུང་སེམས་ཅན་གཉེན་ལ། འདོད་པ་ཅན་ནོར་ལ། དད་པ་ཅན་ཆོས་ལ་འདུས་པ་རྣམས་ལ་རོ་སྟོད་མདུན་རྒྱབ་བུག་པ་མང་པོ་བསྒོམ། ཧ་དྲག་ཏུ་བརྗོད་ཅིང་རླུང་ཕྱིར་ལ་འདོན། ལྡོང་པ་ནི་སྐྱོན་ཡོན་གང་ཡང་མེད་པ་སྟེ་གདམས་ཞན་པའམ་རྩོལ་བ་སྟོད་པའི་སྐྱོན་ནོ། །འདི་ནི་ཕྱག་རྒྱ་ཆེན་པོའི་བོགས་འདོན། ལམ་ཐམས་ཅད་ཀྱི་རྨིང་རྡོ། གྲུབ་ཐོབ་ཐམས་ཅད་འདི་ལས་བྱོན་པའོ། ༈ གསུམ་པ་གསང་སྤྱོད་དེ་ཐུབ་ལ་བཞི། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། རིག་པ་བརྟུལ་ཞུགས། ཕྱོགས་ལས་རྣམ་རྒྱལ་


LT19_Page_116B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱོད་པའོ། དང་པོ་ནི། རང་གནས་སུ་ཕྱག་ཆེན་གྱི་སྒོམ་པ་ལ་གདིང་ཐོབ་ནས་རྐྱེན་གང་ལའང་བསྲེ་ནུས་པ་བྱ། གཉིས་པ་གསང་སྤྱོད་ཉམས་སུ་བླང་བའི་དགོས་པ་ནི། ཉམས་ལེན་གྱི་བོགས་ཐོན། མི་མཐུན་པ་གྲོགས་སུ་འཆར། བར་ཆད་དངོས་གྲུབ་ཏུ་འགྱུར། རྐ་མ་ཐག་ཆུ་ནང་གཅོད་པའོ། གསང་སྤྱོད་ནུས་པའི་གང་ཟག་བདག་འཛིན་བློས་ཐང་། ཉམས་ལེན་སྙིང་ཁམས་ཆེ། སྣང་སྲིད་སྒྱུ་མར་ཤེས་པའོ། །དེས་ཀྱང་འགལ་རྐྱེན་བར་ཆད་བྱུང་དུས་རོ་སྙོམས་ནུས་ཤིང་། དེའང་སྟོང་ཉིད་སྙིང་རྗེའི་གྲོགས་སུ་འགྲོ་ངེས་པ་ཞིག་དགོས། དེ་ལྟ་བུས་སྔོན་འགྲོ་ལྷ་འདྲེ་མ་བསློང་བ་སློང་བར་བྱེད་པ། དངོས་གཞི་བསླངས་པ་ནོན་པར་བྱེད་པ། མཇུག་ཏུ་ནོན་པ་དབང་དུ་སྡུད་པའོ། དང་པོ་ནི། གནས་དུར་ཁྲོད་སོགས་གཉན་སར། དུས་མཚན་མོར་སོང་སྟེ་ནུབ་དང་པོར་བདག་འཛིན་བློས་བཏང་ནས་ན་དགའ་འཆི་སྐྱིད་ཀྱི་སྙིང་ཁམས་བསྐྱེད། གཉིས་པར། བླ་མའི་བཀའ་སྒྲུབ་ཕྱིར་འོང་བ་ལ་མཐོར་བཏང་དམར་བཏང་བླ་མ་མཁྱེན་སྙམ་པས་ལུས་ལ་ཆགས་ཞེན་སྤུ་ཙམ་མེད་པར་ལྷ་འདྲེ་ལ་བཏང་། གསུམ་པར་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །འཁོར་འདས་སེམས་ཅན་ཕུ་ཐག་བཅད། འཇིགས་མཁན་གྱི་ངོ་བོར་བརྟགས་ལ་ཉལ་བས་སློང་དང་ཆོ་འཕྲུལ་འབྱུང་ངོ་། གཉིས་པ་ལས། ནུབ་བཞི་པར་སྤྲོས་བཅས་ཀྱི་སྤྱོད་པ་ནི། སྙིང་རྗེ་དང་སྒྱུ་མའི་ཏིང་འཛིན་མ་བྲལ་བས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རྒྱན་ཆ་ལུགས་ཡོངས་རྫོགས་སྟོང་གསུམ་ཁེངས་པའི་ཐུགས་ཀར་བླ་མ་བ་སྤུའི་བུ་ག་ཐམས་ཅད་དུ་ཁྲོ་བོ་ཁྲོ་མོས་ཁེངས་པའི་སྐུ་ལས་མེ་འབར་བ། སྣང་སྲིད་ཐམས་ཅད་ལ་ཉམ་ང་མེད་པར་བསྒོམ། ཕཊ་བརྗོད་པས་བ་སྤུའི་ཁྲོ་ཆུང་ལ་མེ་སྟག་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ། འཁོར་འདས་སེམས་ལས་ལོགས་ན་


LT19_Page_117A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཆོས་སྐུ་བློ་འདས་སུ་ཐག་ཆོད་པའི་ལྟ་དགོངས་ཀྱི་གདིང་ཚད་ལྡན་པའི་ཞེ་སྡང་ལམ་བྱེད་ཀྱིས་གཉན་སར་འགྲོ། སྤྲོས་མེད་ལ་བཞི། རང་གཞན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ལྟ་བ་བདེན་འཛིན་དང་བྲལ་བ། འཇིགས་སྐྲགས་སོགས་རྟོག་པ་ཅི་བྱུང་ཡང་སྟོང་ཉིད་དུ་བཞག་པ་སྒོམ་པ་ཡིད་ལ་མི་བྱེད་པ། ཆོས་བརྒྱད་བདེ་སྡུག་བདུད་ཀྱི་བར་ཆད་ལྷའི་དངོས་གྲུབ་ཅི་བྱུང་ཡང་བླང་དོར་མེད་པར་སྤྱོད་པ་རོ་སྙོམས་ལ་བཟང་ངན་གང་ལ་ཡང་རེ་དོགས་མེད་པ་འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པ་སྟེ་གཉན་སར་སླེབས་ནས་གཉིད་མི་ཁྲོ་བའི་བར་འདོད་ཆགས་ལམ་དུ་བྱེད་པའོ། ཤིན་ཏུ་སྤྲོས་མེད་ལའང་བཞི། ཡུལ་གང་ལ་དངོས་པོ་ཅི་སྟེར་ཡང་ཡུལ་ལྷ་ཟས་བདུད་རྩིར་སྒོམ་པ་ཕྱིའི་ཚོགས། རང་ལུས་ལྷ་ལ་ཟས་བདུད་རྩིས་མཆོད་པར་བསམ་པ་ནང་གི་ཚོགས། སྙིང་ནས་རང་སེམས་རྣལ་འབྱོར་མའི་རྣམ་པར་དོན། གྲི་གུག་གིས་ཐོད་པ་བྲེགས། བྲང་ཁ་ཕྱེས་ནས་དོན་སྙིང་རྣམ་ལྔ་བླུགས་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་རྣམ་པར་བྱོན། ཕྱག་ན་ཐོད་པ་རེ་རེ་ཐོགས་པའི་ནང་དུ་རང་ལུས་དུམ་བུ་དཔག་མེད་གཏུབས་པ་བཟའ་བཏུང་དུ་གྱུར་པ་ལ་ལོངས་སྤྱད་པས་ཟག་མེད་ཀྱི་བདེ་བ་དང་ལྡན་པར་བསྒོམ། མདོར་ན་སྒོ་གསུམ་ལ་བདག་འཛིན་མེད་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཏང་བ་གསང་བའི་ཚོགས། ཆོས་སྐུ་སྤྲོས་བྲལ་གྱི་ངང་དུ་ཉལ་ནས་གཉིད་འོད་གསལ་དུ་ཁྱེར་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོར་ཏེ་གཏི་མུག་ལམ་དུ་བྱེད་པའོ། ནུབ་ལྔ་པའི་ཉམས་ལེན་ལ། ཕྱིའི་འགལ་རྐྱེན། ནང་གི་ལུས་ངག་ཡིད་གསུམ་ཐམས་ཅད་སྟོང་པར་བསྒོམ་ལ་དང་པོར་ལྷ་འདྲེའི་རྟོག་པ་གཞོམ། རེ་བ་སྤང་། དོགས་པ་བླང་།


LT19_Page_117B
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འོང་བ་ཤོག་སྙམ་པས་བར་དུ་བློ་བསྒོམ་གྱིས་རོ་སྙོམས་བྱ། དགེ་བ་དེས་གནོད་བྱེད་གདོན་བགེགས་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་བར་ཤོག་ཅིག་པའི་སྨོན་ལམ་གདབ་ཅིང་ཐ་མ་སྙིང་རྗེའི་རྗེས་སུ་བཟུང་། དེ་རེ་རེ་ལའང་དུས་རིང་པོ། ཐུང་ངུ་དང་། ཐད་སོར་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འབྱུང་ངོ་། ནུབ་དྲུག་པར་སྐྱབས་སེམས་བྱ། རྡོ་རྗེ་རྣལ་འབྱོར་མ་ཞི་བར་བསྒོམས་ལ་འཇམ་པོས་འགྲོ། མ་གཉིད་བར་དུ་ཕྱིའི་ལྷ་འདྲེའི་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག་གི་ངོ་བོ་རྩད་བཅད་ལ་གང་དུའང་མ་གྲུབ་པར་སྟོང་ཉིད་དུ་ཤེས་པས་ཕྱི་འཇིགས་ཡུལ་གྱི་ལྷ་འདྲེ་དོས་བཟུང་། གཉིད་དུ་འགྲོ་ཁར་འཇིགས་པའི་མཁན་པོ་རྩད་བཅད་པས་དངོས་མཚན་དུ་གྲུབ་པ་རྡུལ་ཙམ་མེད་པར་ནང་འཇིགས་མཁན་སེམས་ཉིད་རྩད་བདར་བཅད། རྨི་ལམ་དུ་ལྟས་དང་ཆོ་འཕྲུལ་སྣ་ཚོགས་བྱུང་བའི་དུས་སད་པའི་ཚེ་རང་བཞིན་མ་གྲུབ་པ་གཅོད་བྱེད་གནོད་པ་རང་སེམས་གསུམ་གཅིག་ཏུ་བསྲེས་ལ་སྟོང་ཉིད་དུ་བཞག་ལ་འཇིགས་པའི་ཆོ་འཕྲུལ་སྟོང་ཉིད་དུ་གཞིལ་ལོ། གསུམ་པ་ནི། ནང་དུག་གསུམ་གྱི་ཕྱི་གདོན་གསུམ་བསླངས་ནས་ནད་གསུམ་བསླབ་ན། ཅིས་ཀྱང་དགོས་པ་མེད། གང་འོང་བར་ཤོག་ཅེས་པའི་དྲག་སྔགས་བཟླས་ནས་ཚེ་འདིའི་འཁྲི་བ་རྦད་ཀྱིས་བཅད། རྒྱུ་འབྲས་ལ་འཛེམ། ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན་གདོན་གསུམ་དབང་འགྱུར་རོ། གསུམ་པ་རིག་བརྟུལ་གྱི་སྤྱད་པ་སྤྱོད་པ་པོ་ནི། བསྐྱེད་རིམ་ལ་རྟགས་ཐོན། རྫོགས་རིམ་ལ་བརྟན་པ་ཐོབ། གསང་སྤྱོད་མཐར་ཕྱིན་པས་སོ། དུས་མངོན་ཤེས་རྫུ་འཕྲུལ་ཐོབ། བླ་མ་དང་ལྷས་ལུང་བསྟན་པའི་དུས་སུའོ། གནས་གྲོང་ཁྱེར་ཚོང་དུས་དམངས་དང་གདོལ་པའི་གནས་སུ་བྱ། ཟས་ཤ་ལྔ་བདུད་རྩི་ལྔ་གང་རྙེད་ཟ། གོས་རོ་རས་དང་དམན་གོས་གྱོན། རྒྱན་རུས་རྒྱན་ནམ་ཅི་སྙེད་བཏགས། གྲོགས་ཆགས་


LT19_Page_118A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པ་མཚན་ལྡན་གྱི་རིག་མ། གྲོལ་ལམ་པ་རང་རིག་བདེ་བའི་ཉམས་དང་འགྲོགས་སྤྱོད་ལམ་གླུ་གར་བྲོ་རྩེད་སྨྱོ་སྤྱོད་སྣ་ཚོགས་བྱས་པས་འབར་ཤ་སྐུར་འདེབས་རྡེག་རྒྱུང་བྱུང་བའི་ཚེ་རབས་ཀྱིས་རྫུ་འཕྲུལ་བསྟན་ནས་གཞན་གྱིས་མ་དད་བ་བཟློག །འབྲིང་གིས་ཆགས་སྡང་དགག་སྒྲུབ་གཉིས་མེད་ཕྱག་རྒྱ་ཆེན་པོ་རོ་སྙོམས་པ། ཐམས་འགལ་རྐྱེན་ལ་སྐྱོན་དུ་མི་ལྟ་བར་ལམ་དུ་ཁྱེར་ན་བོགས་ཐོན་པའོ། བོད་དུ་རྒྱུད་ནས་བཤད་པའི་སྤྱོད་པ་སྤྱད་ནུས་པ་མེད་པས་དེའི་ཚབ་ཏུ་ཕྱོགས་མེད་ཀྱི་ལྡོམ་བུ་བྱེད་ཅིང་རོ་སྙོམས་ཀྱི་སྤྱོད་པ་སྐྱོང་བ་ཡིན་ནོ། བཞི་བ་ཕྱོགས་ལས་རྣམ་རྒྱལ་ནི། སྤྱོད་པ་སྔ་མ་གསུམ་གྱིས་རིམ་པར་གདིང་ཐོབ། གཟུགས་མེད་གཟུགས་ཅན་ལ་བརྟེན་ནས་རོ་སྙོམས་དེ་རྣམས་མཐར་ཕྱིན་པའི་འབྲས་བུ་འཁོར་བ་ངན་སོང་བདུད་དང་འགལ་རྐྱེན་བར་ཆད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་འགྱུར་རོ། ༈ །བཞི་པ་ནད་གདོན་འཁྲུགས་ཐུབ་ལ་གསུམ། དགོས་པ། ངོས་འཛིན། ནད་འདོད་ཐབས་སོ། དང་པོ་ནི། རི་ཁྲོད་སྨན་དཔྱད་མི་འཛོམ་པའི་ས་དང་། སྐྱབས་འགྲོའི་བསླབ་བྱར་མི་འགལ་བ་དང་། འཇིག་རྟེན་ཕལ་པ་ལས་ཁྱད་པར་འཕགས་པ་དང་། རྐྱེན་ངན་ལ་འཇིགས་པ་མེད་པ་དང་། བར་དོའི་ཤེས་པ་ཉམས་འོག་ཏུ་ཚུད་པའི་ཕྱིར་རོ། གཉིས་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་ལ་རྨི་ལམ་དང་། ལུས་ངག་ཡིད་གསུམ་གྱི་ཉམས་འཁྲུགས་པ་ལ་བརྟག །བར་འབྱུང་བ་འདུས་པའི་ནད་ལ། ལུས་ངག་ཡིད་གསུམ། རླུང་མཁྲིས་བད་ཀན། ས་ཆུ་མེ་རླུང་། ཉོན་མོངས་དུག་གསུམ་གྱི་ནད་རྣམས་ལས། ལུས་ལ་འཐེམ་འཆུས་ལྷག་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །སེམས་ལ་འབྱམས་འདུས་སྲོང་དང་གསུམ། དགུ་པོའི་འཕྲང་ལ་མ་རྡུག་ན། །སྒོམ་སྐྱོན་འབྱུང་བར་མི་


LT19_Page_118B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། ཞེས་པ་རྣམས་དང་། གཞན་ལས་འབྱུང་བ་ལྟར་ཉེས་པ་གསུམ་སོགས་ངོས་བཟུང་། ནད་རྣམ་པར་རྟོག་པའི་ནད་ནི། རྣམ་རྟོག་ལ་ནད་དང་གདོན་དུ་བཟུང་བའོ། །གསུམ་པ་ལ་གསུམ། ཐུན་མོང་སྤྱི། བྱེ་བྲག་སོ་སོའི་ནད་འདོན། མཇུག་བསྡུ་བའོ། །དང་པོ་ལ་གསུམ། དང་པོ་ཐབས་ལ་མཁས་པའི་རྟེན་འབྲེལ་བསྒྲིག །བར་དུ་གདམས་པ་ཟབ་མོའི་གནད་ཀྱིས་འདོན། ཐ་མ་ཟློག་སྒོམ་བྱས་ལ་ལྟ་ཐོག་ཏུ་བསྒྱུར་བའོ། །དང་པོ་ནི། ལུས་ལོངས་སྤྱོད་མཆོད་སྦྱིན་དུ་བཏང་ནས་ཚོགས་བསགས། བཤགས་པ་ཡིག་བརྒྱ་ཚོགས་འཁོར་སོགས་ཀྱི་སྒྲིབ་པ་སྦྱང་། བླ་མ་དཀོན་མཆོག་ལ་མོས་གུས་དྲག་པོས་གསོལ་འདེབས་བྱ། གཉིས་པ་ནི། བློ་རབ་ཀྱིས་ལྟ་བས་འདོན་ཏེ། ཕྱག་རྒྱ་ཆེན་པོའི་གསལ་འདེབས། བྱམས་དང་སྙིང་རྗེའི་བོགས་འདོན། ལས་ཀྱི་སྒྲིབ་པའི་སྒྲིབ་སྦྱོང་དུ་བསྟན་ལ་སོ་སོའི་ལམ་མཁྱེར་སྤྱི་དང་མཐུན། བློ་འབྲིང་སྒོམ་པས་འདོན་ཏེ། སྟོང་པར་སྒོམ་པ། བླ་མར་སྒོམ་པ། བདེ་བར་སྒོམ་པ་གསུམ་ལས་དང་པོ་ནི། གང་དུ་ན་བའི་ས་ནས་བུག་པ་ལྕགས་ཚག་གི་མིག་ལྟ་བུ་གྲངས་མང་བ་ནས་ནད་ཐམས་ཅད་དུང་རླང་སྔོ་དམར་གྱི་རྣམ་པ་དང་། རྟེན་ཤ་ཁྲག་ལ་སོགས་པའང་ཕྱིར་ལ་ཤད་ཀྱིས་ཐོན་པར་བསྒོམ། གཉིས་པ་ནི། འོག་རྐང་མཐིལ་སོགས་མ་ཡིན་པའི་ནད་དམིགས་དེར་ཤེལ་གྱི་གཞལ་ཡས་ཁང་དུ་བླ་མ་སངས་རྒྱས་སྨན་བླའི་རྣམ་པར་བཞུགས་པའི་སྐུ་ལས་འོད་འཕྲོས། ནད་ཐམས་ཅད་ཕྱིར་བདས། བླ་མ་འོད་ཞུ་ན་སར་ཐིམ་པས་བདེ་སང་སོང་བར་བསྒོམ། གསུམ་པ་ནི། ན་ས་དེར་བདེ་མཆོག་ཡབ་ཡུམ་ཚོན་གང་པར་གསལ་བ་ལ་བླ་མ་ཡི་དམ་ཐམས་ཅད་བྱོན་ནས་ཐིམ། ཡབ་ཡུམ་སྙོམ་འཇུག་མཛད་པའི་བྱང་སེམས་དཀར་དམར་གྱིས་གང་། ནད་དང་དེའི་རྒྱུ། ན་མཁན་ཐམས་ཅད་བདེ་བའི་ངོ་བོར་ཕྲིལ་གྱིས་སོང་བར་བསམ་


LT19_Page_119A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདེ་སྟོང་ཟག་མེད་ཀྱི་ངང་དུ་ལྷོད། བློ་ཐམས་སྤྱོད་པས་འདོན་པ་ལ་གསུམ། དཀར་མངར་ཤ་ཆང་སྤང་། ལྟོ་བཅག་ལ་དེ་ཆུ་དང་། ཕྱེ་ཐུག་རྡོར་མེད་བསྟེན། མེ་ཉིར་མི་སྡོད། འདོད་ཆགས་ཞེ་སྡང་གི་ལས་མི་བྱ། ཉིན་གཉིད་མི་ལོག །དུས་བཞི་དང་མཐུན་པ་སོགས་སྤྱོད་ལམ་གཟབ། མགོ་དང་མགྲིན་པ། རོ་སྟོད་དཔུང་བ། ལྟོ་བ་རྐེད་པ་རྣམས་ལྷན་ཅིག །རྐང་པ་གཉིས་སོ་སོར་བྱས་ཏེ་སྤྲུགས་པ་དང་། བསྐོར་བ་དང་། གཅུ་བ་དང་། བཀན་པ་དང་། སྤྲུགས་པར་བྱའོ། གཉིས་པ་གདམས་པ་ཟབ་མོའི་གནད་མདོར་བསྡུས་འོག་ཏུ་འབྱུང་། གསུམ་པ་ཟློག་སྒོམ་ནི། ཕན་བདེ་དང་གནོད་པ་དེ་གཉིས་ཀ་ལས་ལོག་ནས་བདག་འཛིན་བློས་བཏང་ལ་ཅི་འོང་ཤོག་སྙམ་པའི་མཐའ་མེད་རླུང་ཁྱེར་དུ་བཏང་ངོ་། །གཉིས་པ་བྱེ་བྲག་སོ་སོའི་ནད་འདོན་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་གསང་སྤྱོད་དང་རོ་སྙོམས་ལྟར་ཉམས་སུ་བླང་། བར་འབྱུང་བ་འདུས་པའི་ནད་འདོན་པ་ལ་གསུམ། དང་པོ་ལུས་ངག་ཡིད་གསུམ་གྱི་ནད་འདོན་པ་ནི། ལུས་ནད་འཐེམ་པ་ལ་རྨའི་ནང་དུ་བླ་མ་བསྒོམ། བླ་མའི་གསང་བ་ནས་ཐིག་ལེ་བབས་བས། རྨའི་ནང་བདེ་འཕོལ་གྱིས་སོང་བར་བསྒོམ། དེ་ནས་བླ་མར་རང་ཡང་བདུད་རྩིར་ཞུ་ནས་རྨའི་ནང་དུ་ཐིམ་པས། སྔར་བས་ཀྱང་བདེ་བ་ཆེན་པོར་བསྒོམ་མོ། མཆུས་པ་ལ་གང་དུ་མཆུས་པ་དེར་སད་ཀྱིས་བརྩད་བར་བསྒོམ་པས། རྩ་དབུགས་རག་དུང་གི་རྐང་ལྟ་བུ་སེང་ངེ་འདུག་བའི་ནང་ན་མར་ལ་ཁྲག་དང་ཆུ་སེར་དང་། ནད་ཐམས་ཅད་རླུང་གི་བརྡས་ནས་སི་རི་རི་འགྲོ་བར་བསམ་མོ། ལྷག་པར་གང་དུ་སྒྲང་པ་དེར། ཉི་མའི་དཀྱིལ་འཁོར་སེན་མོ་ཙམ་ཞིག་གི་སྟེང་ན་མེ་བྱ་སྒོང་ཙམ་ཞིག་བསྒོམས་ལ། ནད་དེ་སོ་སོ་ཁོལ་བར་བསམ། དེ་ནས་ཚིག་པར་བསྒོམ། ཐ་མ་མེ་རུ་འབར་བར་བསྒོམ་མོ། ངག་གི་ནད་གསུམ་


LT19_Page_119B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལག་པ་ལས། རྩ་བའི་རླུང་ལྔ་གང་ལོག་ཀྱང་སྔོན་ལ་ཞུན་ཆེན་གྱི་བཀུ་མཉེ་བྱ། དེ་ནས་ཁུ་ཚུར་གྱིས་རན་པར་བརྡུང་། ཟས་བཅུད་ཅན་བཏང་། ན་སར་ཐིག་ལེ་ཨ་རུ་རའི་སྙིང་པོ་ཙམ་ཅིག་བསྒོམས་ལ། བདེ་བས་ཁེངས་པར་བསྒོམ་མོ། ཡན་ལག་གི་རླུང་ལྔ་ལོག་པ་ལ་གང་ལོག་པའི་ས་དེར། བུག་པ་ཟང་ཐལ་བསྒོམས་ལ། ནད་ཐམས་ཅད་རླུང་གིས་བདས་ནས་སྟོང་སིང་པར་བསྒོམ། འཚུབ་པ་ལ། གང་དུ་འཚུབ་ཀྱང་སྤྱི་བོའི་རྒྱ་མཐོང་འཕང་ལོ་ཙམ་ཅིག་ཁ་ཕྱེ་ལ་དེ་ནས་ཡར་ནད་ཐམས་ཅད་ཁང་ཆུང་དུ་བས་ཁེངས་པ་ལ་སྐར་ཁུང་ཁ་ཕྱེ་བ་བཞིན་སྔོ་ཕྱུར་གྱིས་སོང་བར་བསྒོམ་ཞིང་། རླུང་ཕྱིར་ལ་དྲག་ཏུ་འབུད་དོ། གཏོང་བ་ལ་དམིགས་པ་བཅུན་ལ་རྩོལ་བ་སྐྱེད་ཅིང་བསྒོམ་མོ། སེམས་ཀྱི་ནད་གསུམ་ལས། །འབྱམས་ལ་སེམས་ཉིད་རྣམ་རྟོག་གི་ངོ་བོ་དེ། སྣ་སྒོ་གཡོན་པར་ཧཱུྃ་སྔོན་པོ་ནས་ཙམ་ཞིག་བསྒོམ་ལ། རླུང་སྣ་ནས་རྔུབས་ཏེ་མནན་པས། ཧཱུྃ་དེ་རྩ་རྐྱང་མའི་ནང་ན་མར་ཆུའི་སྣ་ལ་རིལ་མ་བརྡས་པ་བཞིན་དུ་སོང་ལ། དབུ་མའི་ནང་དུ་ཐིམ་གྱིས་སོང་ནས། དབུ་མའི་རྩ་སྣ་ཁ་ཟུམ་པས་རིག་པ་དེ་ནག་ཐུམ་རྩེར་སོང་བར་བསྒོམ་མོ། འདུས་པ་ལ་རྟོག་པ་གཞན་དུ་སྤོ། སེམས་ཡེངས་སུ་གཞུག །སྙིང་དང་བྲང་ལ་བུག་བ་ཕྱོགས་བཞི་རུ་དབུས་དང་ལྔར་བསྒོམས་ལ་དེ་ནས་ཕར་འབྱུང་བ་ལྔའི་རླུང་དང་ནད་བལྡོངས་ནས་སྔོ་བུན་སོང་བར་བསྒོམ། ཧ་བསྒྲངས་རྔམས་རིངས་གདོན། སྙིང་གར་བླ་མ་བསྒོམ། བླ་མ་ཞུ་ནས་ཐིམ་པས་ཉམས་དགའ་ཡར་རྩེར་སོང་བར་བསྒོམ་མོ། ཁོའི་རྣ་བར་སྡུག་བསྔལ་སྐྱེ་བ་དང་། སེམས་ཁྲལ་འོང་བ་དང་། མི་སྙན་པའི་གཏམ་མི་སྒྲོག །བྲེད་སྔངས་སྐྱེ་བོའི་སྤྱོད་པ་མི་བྱ། ལྟེང་བ་ལ་རིག་པ་དཔང་བསྟོད། རྒྱ་མཚོ་ཆེན་པོའི་དཀྱིལ་ན་གངས་རི་ཆེན་པོ་གཅིག་བསྒོམ། དེའི་སྟེང་ན་རང་འདུག་པར་བསྒོམ། སྐབས་སུ་ཕཊ་དྲག་པོ་


LT19_Page_120A
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། དུས་རྒྱུན་དུ་རིག་པ་ལ་ངར་བཏགས་ལ་ཧུ་རེ་བྱའོ། གསུམ་པ་མཇུག་སྡུད་པ་ནི། ནད་གདོན་གང་ལའང་གདམས་ངག་ཚིག་པོ་ཉམས་སུ་བླང་བར་བྱ་སྟེ། གཞི་ལྟ་བའི་གོ་ཆ། ལམ་བླ་མའི་མོས་གུས། །དམིགས་པ་རྣོན་པོའི་མཚོན་ཆ། ཐབས་ལ་མཁས་པའི་རྟེན་འབྲེལ་ལོ། དང་པོ་ནི་རེ་དོགས་མེད་པ་ལྟ་བའི་ཐོག་ཏུ་བློ་ཐག་བཅད། ནད་ལ་ནད་དུ་མི་འཛིན། ནད་ན་བདག་འཛིན་བོར། གཉིས་པ་ནི། ནད་སོས་རུང་མ་སོས་རུང་བླ་མ་མཁྱེན། ཚིག་དང་པོ་འགུས་ལ་བློ་གཏད། གསུམ་པ་ནི། དམིགས་པ་གསལ་རུང་མི་གསལ་རུང་ཡེངས་མེད་ཕུར་ཚུགས་སུ་བསྒོམ། བཞི་པ་ནི། ཚོགས་བསགས་སྒྲིབ་སྦྱོང་ཅི་ནུས་འབད། སྤྱོད་ལམ་ལ་གཟབ་བོ། སྤྱིར་ནད་གདོན་ཐམས་ཅད་ལྟ་བ་ལ་རྒྱབ་གཏད། བློ་བླ་མ་ལ་བཀལ། ཚོགས་གསོག་གི་དཔུང་བསྐྱེད། རྣོ་དམིགས་པས་འདོན། སྙིང་རྗེའི་ངང་ནས་ལས་སུ་བསྒོམ། མཐར་ཐུག་ཟློག་སྒོམ་གྱི་ཐོག་ཏུ་བསྒྱུར་བ་བཅས་དྲུག་པོ་དེའི་གནད་ཀྱིས་ཟིན་ན། ཤི་རུང་གསོན་རུང་བློ་བདེའི་གདིང་རྙེད་པའོ། ༈ །ལྔ་པ་གཉེན་པོ་རྐྱེན་ཐུབ་ལ། སྤྱིར་བཀའ་མདོ་རྒྱུད་བླ་མའི་གདམས་ངག་ཐམས་ཅད་རྐྱེན་ཐུབ་པ་ཁོ་ནའི་ཐོག་ཏུ་འདྲིལ་དགོས། བྱེ་བྲག་ཏུ་བསྟན་པ་ལ་གསུམ། རྐྱེན་ལ་གཉེན་པོ་བཏང་བ། གཉེན་པོ་མ་ཐེངས་པའི་སྐྱོན། ཐེངས་པའི་ཡོན་ཏན་ནོ། དང་པོ་ལ་གསུམ། རྐྱེན་ངོས་བཟུང་བ། གཉེན་པོ་བཏང་བའི་དུས། གཏོང་བའི་ཐབས་སོ། དང་པོ་གསུམ། ངན་པའི་རྐྱེན་དུག་ལྔ་སྡངས་པ་རྒྱུའི་རྐྱེན་དང་། དེས་སྐྱེད་པའི་ན་ཚ་སྡུག་བསྔལ་བྱུང་བའི་ཆོས་ལ་བློ་མ་ཁེལ་ནས་མོ་གཏོ་སྨན་དཔྱད་ལ་རེ་བའོ། །ཐུན་མོང་རྐྱེན། དགེ་བ་ལ་ཆོག་ཤེས་པ་དང་། བསླབ་གསུམ་སོགས་སྐྱོ་ཞིང་སུན་པའོ། །བཟང་པོའི་རྐྱེན། རང་རྒྱུད་ལ་ཡོན་ཏན་སྐྱེས་པ་དང་གཞན་


LT19_Page_120B
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟོད་བསྔགས་ལ་སོགས་པ་བྱུང་བའི་ཚེ་ང་རྒྱལ་དང་ཕྲག་དོག་སྐྱེས་པའོ། །གཉིས་པ་བཏང་བའི་དུས་ནི། འདས་པའི་རྐྱེན་ལ་གཉེན་པོ་ཕྱིས་སྙེགས་སུ་བཏང་སྟེ། སྔར་བྱས་ཀྱི་ལས་ལ་ཐམས་ཅད་ལ་འགྱོད་པའི་སེམས་ཀྱིས་དྲན་པར་བྱས་རུས་པའི་གཏིང་ནས་བཤགས་པ་བྱས་ཏེ་ར་མདའ་བྱེད་པའོ། །མ་འོངས་པའི་རྐྱེན་སྔོན་བསུ་རུ་བཏང་སྟེ། ཉོན་མོངས་དང་འགལ་རྐྱེན་གྱི་མི་གནོད་པའི་གོ་ཆ་བསྒོའོ། །སོ་ཁ་བསྲུང་བའི་ཟོན་དང་བྱར་བྱེད་པ་ལྟ་བུའོ། །དེ་ལྟའི་རྐྱེན་ལ་འཕྲད་འཛོམ་བྱ་སྟེ། ཆགས་སྡང་དང་ཉོན་མོངས་པ་སྐྱེས་ཚད་ཆུ་ལ་རལ་གྲི་རྒྱབ་པའམ། རྡོ་ཚན་ལ་ཁ་བ་བབས་པ་ལྟ་བུ་རྗེས་མེད་ལ་གཏོང་བ་སྟེ། གཡུལ་དུ་ཞུགས་ནས་ལག་འཕྲད་པ་ལྟ་བུ་སྟེ། ལམ་དུ་ཅི་ལོང་དང་རང་གྲོལ་ལ་བཏང་བའོ། གསུམ་པ་གཏོང་བའི་ཐབས་ནི། རབ་ལྟ་བས་སྟོང་ཉིད་དུ་བསྒོམ། འབྲིང་བསྒོམ་པས་ལྷ་སྐུར་བསྒོམ། ཐ་མ་སྤྱོད་པས་སྙིང་རྗེར་བསྒོམ་པའོ། །དང་པོ་ནི། ཉོན་མོངས་པ་དུག་ལྔ་དེ་ཕ་རོལ་པོའི་ལུས་ངག་ཡིད་གསུམ་ལ་གནས་སམ། རང་གི་ལུས་ངག་ཡིད་གསུམ་ལ་གནས་སམ། ཉོན་མོངས་པ་རང་གི་ངོ་བོ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་འདུག་གམ་མི་འདུག་ལྟོས། འདོད་ཆགས་མཁན་དང་ཆགས་ཡུལ་མ་གྲུབ་པ་མེད། སྤྲོས་བྲལ་སྟོང་པའམ། སྐྱེ་མེད་བློ་འདས་ཀྱི་ངང་དུ་བཞག་གོ གཉིས་པ་ནི། ཆགས་སྡངས་སྐྱེས་པའི་དུས་ན་རབ་ལྷ་སྐུ་དང་བླ་མར་བསྒྱུར། འབྲིང་ཕ་དང་མ་རུ་བསྒྱུར། ཐ་མ་གྲོགས་མཛའ་བཤེས་མ་ནོར་གཅེས་པར་བསྒྱུར། འདོད་ཆགས་མོས་གུས་དང་བྱམས་པར་བསྒྱུར། ཞེ་སྡང་སྙིང་རྗེ་དང་ཕན་སེམས་སུ་བསྒྱུར་ལ། ང་རྒྱལ་གཞན་གྱི་ཡོན་ཏན་དུ་བསྒོམ། ཕྲག་དོག་རང་གི་རྐྱེན་དུ་བསྒོམ། གསུམ་པ་ནི། ཉོན་མོངས་པ་རྒྱུད་ལ་སྐྱེས་པའི་ཚེ་ན་རང་ལ་སྙིང་རྗེ་བསྒོམ། བསྟན་པའི་སྒོར་ཉན་ཐོས་ཀྱི་སྡོམ་པ་བླངས་ནས་གཞན་གནོད་གཞིར་བཅས་སྤངས་དགོས་པ་དང་།


LT19_Page_121A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྡོམ་བླངས་ནས་སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བསྒོམ་དགོས་པ་ལས། སེམས་ཆགས་སྡང་དང་མ་བྲལ་བ་སྙིང་རེ་རྗེ། གསང་སྔགས་རྡོ་རྗེ་ཐེག་བར་དབང་བསྐུར་ནས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནད་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒོམ་དགོས་པ་ལ། བསམ་པ་ཞེ་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ། བླ་མས་ཕྱག་རྒྱ་ཆེན་པོར་ངོ་སྤྲད་ནས། འཁོར་འདས་ཀྱི་བདེ་སྡུག་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་བསྒོམ་དགོས་པ་ལ་ད་རུང་དངོས་པོ་དང་མཚན་མ་བཟུང་ནས། སེམས་ཆགས་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ་སྙམ་པ་བྱས་ལ་ཇི་སྲིད་ཉོན་མོངས་པ་དེ་མ་ཟད་ཀྱི་བར་དུ། ཅི་ཆོམ་གྱི་ཐབས་ལ་འབད་དོ། གཉིས་པ་གཉེན་པོ་མ་ཐེངས་པའི་སྐྱོན་ནི། གནས་སྐབས་སུ་ཡོན་ཏན་རྒྱུད་ལ་མི་སྐྱེ་ཞིང་མཐར་ཐུག་ངན་འགྲོའི་རྒྱུར་འགྱུར་རོ། གསུམ་པ་ཐེངས་པའི་ཡོན་ཏན་ནི། གནས་སྐབས་ཕྱི་ནང་གི་ཡོན་ཏན་དང་ལམ་གྱི་མངོན་རྟོགས་གོང་དུ་འཕེལ། མཐར་ཐུག་སྐུ་བཞི་ལྔའི་བདག་ཉིད་དུ་སངས་རྒྱས་ནས་གཞན་དོན་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་འབྱུང་བར་འགྱུར་རོ། ཞེས་པའི་ཁྲིད་ཚུལ་ཁྱད་པར་ཅན་འདིའང་རྒྱུན་ཤིན་ཏུ་དཀོན་པ། སྣང་བས་དང་འདོད་ཡིད་ཆེས་ཀྱི་དད་བས་ཀུན་ནས་བསླངས་ཏེ། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་ལས་འབྱུང་བ་ཉིད་རྩ་བར་བཟུང་། ཡིག་རྙིང་གི་བཤད་དོན་བསྒྲིལ་བའི་གསལ་བྱེད་ཀྱིས་བརྒྱན་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །


previousགདམས་ངག་མཛོད་པོད་བཅུ་པ། ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་།next