Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ།next

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ།


LT19_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ་བཞུགས་སོ། །འབའ་ར་བའི་ཕྱག་ཆེན།


LT19_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རང་གི་སྤྱི་བོར་གདན་བཞི་བརྩེགས་ཀྱི་སྟེང་དུ། རྩ་བའི་བླ་མ་དེ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་བསྒོམ། དེའི་སྟེང་དུ་ཐོ་བརྩེགས་སུ་རྡོ་རྗེ་འཆང་གི་བར་རང་རང་གི་ཆ་ལུགས་སུ་རིམ་པས་བསྒོམ། རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟིམས་ལ་མཆོད་པ་ལྔ་ལ་སོགས་པ་དབུལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་དང་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་སྐུ། གསུང་། ཐུགས། ཡོན་ཏན། ཕྲིན་ལས་ལ་འགྲེ། ཅི་ཤེས་དེ་ཤེས་སུ་གསོལ་བ་ཕུར་ཚུགས་སུ་བཏབ་ལ། རྡོ་རྗེ་འཆང་འོད་དུ་ཞུ། ཏཻ་ལོ་པ་ལ་ཐིམ། དེ་ནཱ་རོ་པ་ལ་ཐིམ། དེ་བཞིན་དུ་རྩ་བའི་བླ་མའི་བར་དུ་ཐིམ་པས་བླ་མ་སྐུ་བཀྲག་མདངས་གཟི་མདངས་དང་ལྡན་པར་གྱུར་ནས། ཐུགས་ཟག་མེད་ཀྱི་བདེ་བ་འུར་འུར། སྐུ་གར་སྟབས་ལོག་ལོག །རུས་པའི་རྒྱན་ཆ་ཁྲོལ་ཁྲོལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། བླ་མའི་ཐུགས་ཀར་


LT19_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསྒོམ། རྒྱས་པ་ལ་སྤྲོ་ན་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། སློབ་མའི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་པ་དག། སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་འོད་ཟེར་གྱིས་ཁེངས། ལུས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར་པར་བསྒོམ། དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་ནས་རང་གི་མགྲིན་པར་ཐིམ། འོད་དཔག་མེད་དུ་གྱུར་པར་བསྒོམ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་ནས་རང་གི་སྙིང་གར་ཐིམ། མི་བསྐྱོད་པའི་ངོ་བོར་གྱུར། ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་ནས་ཡོན་ཏན་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་དག་ནས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར། གསང་གནས་ནས་འོད་ཟེར་ལྗང་གུ་བྱང་ནས་ཕྲིན་ལས་ཀྱི་བར་དུ་གཅོད་པའི་སྡིག་སྒྲིབ་དག་ནས། དོན་ཡོད་གྲུབ་པའི་ངོ་བོར་གྱུར་པར་བསྒོམ། དེ་ནས་རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་བསྒོམ། དེ་ནི་བུམ་དབང་ངོ་། །དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་གསང་གནས་ནས་བདུད་རྩི་དཀར་དམར་བབས་རང་གི་ལྕེ་ཐོག་ཏུ་བྱུང་ལུས་ཁེངས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། གསང་དབང་ཐོབ་པར་བསྒོམ། བླ་མ་ཡབ་


LT19_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་དཀར་དམར་མཉམ་དུ་འདུས་པས་རྡོ་རྗེ་ཕག་མོར་གྱུར། དེ་རང་ལ་གནང་ནས་སྙོམས་པར་ཞུགས་པས་ཡེ་ཤེས་དགའ་བ་བཞི་སྐྱེས་པར་བསྒོམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། དེ་ནས་བླ་མ་རང་གི་སྤྱི་གཙུག་ཏུ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་དུ་སེམས་མ་བཅོས་པར་བཞག་པའི་ངོ་བོ་ལ་ལྟ། དབང་བཞི་པ་ཚིག་དབང་ཐོབ་པར་བསྒོམ་མོ། །ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བ་འདི། རྒྱལ་མཚན་དཔལ་གྱིས་ཏིང་ངེ་འཛིན་གྱི་དབང་ཆོག་ཡི་གེར་བཀོད་པ་།།།། བརྒྱུད་པ་རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མར་པ། མི་ལ། སྒམ་པོ། མཐའ་རྩ། གནའ་ཕུ། འབྲུག་པ། རྒོད་ཚང་པ། སྤྱན་སྔ་བ། ཟུར་ཕུག་པ། འབའ་ར་བ། ཐུགས་སྲས་ནམ་བཟང་བ། བྱང་སེམས་ཀུན་དགའ་ཆོས་རྒྱལ་བ། སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་བློ་གྲོས་དཔལ་བཟང་། བྱང་སེམས་ཀུན་དགའ་རབ་བརྟན། ཕ་རྒོད་ནམ་མཁའི་མཚན་ཅན། དེས་བདག་མི་བསྐྱོད་རྡོ་རྗེ་ལའོ།། ༈ །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞུགས་སོ། ༈ །རྟོགས་པའི་རྟ་བདུན་ཐུགས་རྗེའི་ཚ་ཟེར་རྒྱས། །ལོག་ལྟའི་མུན་སེལ་སྲིད་པའི་ཆུ་ཀླུང་སྐེམ། ཐེག་དམན་ཀུ་མུད་ཟུམ་བྱེད་ཐེག་མཆོག་གི། །པདྨོའི་ཁ་འབྱེད་བླ་མ་རྒྱལ་གྱུར་ཅིག །འདིར་ཟབ་ལམ་ཁྲིད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ། སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་སྔོན་འགྲོ་སྦྱོར་བ་བཞི་ལྡན་ཉམས་སུ་བླང་སྟེ། དེ་ལ་གསུམ། ནང་པའི་ཁྱུར་ཚུད་པ་ལ་སྐྱབས་འགྲོ་ཉམས་སུ་བླང་བ་དང་། ཐེག་ཆེན་གྱི་བྱུར་ཚུད་པ་ལ་སེམས་བསྐྱེད་བྱ་བ་དང་། དངོས་གཞི་སྔོན་འགྲོ་ཉམས་སུ་བླང་བའོ། །དང་པོ་ནི། རང་གི་མདུན་དུ་དཔག་བསམ་གྱི་ཤིང་ལོ་འདབ་ཀྱིས་


LT19_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ཁྱབ་པ་ཞིག་བསམ། དེའི་སྟེང་དུ་སེང་གེ་བཞིས་བཏེགས་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨ་འདབ་མ་སྟོང་དང་ལྡན་པའི་གདན། དེའི་སྟེང་དུ་ཉི་མའི་གདན། དེའི་སྟེང་དུ་ཟླ་བའི་གདན་བསམས་ཏེ། དེ་ཐམས་ཅད་ཀྱིས་བར་སྣང་ཁྱབ་པ་ཞིག་བསྒོམ་པར་བྱའོ། །གདན་དེའི་དབུས་སུ་རང་གི་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་དང་། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མས་བསྐོར་ནས་བཞུགས་པར་བསྒོམ། བླ་མའི་མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་རྒྱབ་ཏུ་དམ་པའི་ཆོས་ཐམས་ཅད་པོ་ཏི་གླེགས་བམ་གྱི་ཚུལ་དུ་གསེར་གདོང་རང་ལ་བསྟན་པ། གཡོན་དུ་ཐེག་ཆེན་གྱི་དགེ་འདུན་སྤྱན་རས་གཟིགས་འཇམ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཤཱ་རིའི་བུ་དང་མོ་གལ་གྱི་བུ་ལ་སོགས་པ་དབུ་ཟླུམ་ཞབས་རྗེན་ན་བཟའ་ངུར་སྨྲིག་གསོལ་བ་དཔག་ཏུ་མེད་པར་བཞུགས་པར་བསྒོམ། དེ་ལ་མཆོད་པ་ནི། ༀ་བཛྲ་ཨཱརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། མཆོད་ཡོན། ༀ་བཛྲ་པཱ་དྱཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། ཞབས་བསིལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག །ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་སྤོས། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་གིས་ཞལ་ཟས། ༀ་བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་འབུལ་བར་བསམ་མོ། །དེ་ནས་རང་གིས་ཐོགས་དྲངས་སེམས་ཅན་ཐམས་ཅད་མོས་གུས་ཆེན་པོས་སྐྱབས་འགྲོ་བྱེད་པར་བསྒོམས་ཞིང་། ངག་ཏུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་ལ་ཐེག་པ་ཆེན་


LT19_Page_151B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དམ་པའི་ཆོས་ལ་སྐྱབས་སུ༴ བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ༴ ཞེས་བློ་དང་འདྲེས་ངེས་དུང་དུང་བ་བྱའོ། །གཉིས་པ་སེམས་བསྐྱེད་བར་བྱ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ན། འདོད་པ་བདེ་བ་འདོད་ཀྱང་མྱོང་བ་སྡུག་བསྔལ་མྱོང་བ་འདི་རྣམས་སྙིང་རེ་རྗེ་ན་སྙམ་པ་དུང་དུང་བ་བསྒོམས་པའི་རྗེས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་སངས་མ་རྒྱས་ཀྱི་བར་དུ་དགེ་བའི་ལས་ལ་བཀོལ་བར་བགྱིའོ། །ཞེས་པ་བློ་དང་འདྲེས་པ་ཚར་གསུམ་ལས་མི་ཉུང་བར་བྱའོ།། །།གསུམ་པ་དངོས་གཞི་ལ་བཞི། རྒྱུད་ལ་བྱིན་རླབས་འཇུག་བའི་ཕྱིར་བླ་མ་ལ་གསོལ་བ་འདེབས་པ་དང་། རྒྱུད་ཀྱི་སྡིག་པ་འདག་པའི་ཕྱིར་ཡི་གེ་བརྒྱ་པ་བགྲང་པ་དང་། རྒྱུད་ལ་ཚོགས་རྫོགས་པའི་ཕྱིར་མཎྜལ་དབུལ་བ་དང་། འཁོར་བ་ལ་ཞེན་པ་བཟློག་པའི་ཕྱིར་མི་རྟག་པ་བསྒོམ་པའོ། །དང་པོ་ནི། རང་གི་ལུས་ཡི་དམ་དུ་གསལ་བའི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་དེ། རང་ལ་མཉེས་བཞིན་པས་ཞལ་འཛུམ་པའི་མདངས་དང་ལྡན་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན་དུ་བསྒོམ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ་རྣམས་དང་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྱན་དྲངས་ལ་བླ་མའི་ཐུགས་ཀར་བསྟིམས་ལ། དེའི་བླ་


LT19_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བླ་མ་ཀུན་འདུས་ཡི་དམ་ཀུན་འདུས་སངས་རྒྱས་ཀུན་འདུས་ཆོས་ཀུན་འདུས་དགེ་འདུན་ཀུན་འདུས་མཁའ་འགྲོ་ཀུན་འདུས། སངས་རྒྱས་རྡོ་རྗེ་འཆང་དངོས་ཡིན་སྙམ་དུ་མོས་གུས་དུང་དུང་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཞེས་པ་མོས་གུས་དྲག་པོས་བུ་གཅིག་པུ་ཤི་བའི་མ་བཞིན་དུ་གདོང་མཆི་མས་དག་དག་ཏུ་གསོལ་བ་གདབ། རྔ་མོ་རྡེའུ་སྟོར་བ་བཞིན་དུ་ཡིད་རྩེ་གཅིག་ཏུ་བཞག་ལ་གསོལ་བ་གདབ། འཇིགས་པའི་འཕྲང་ལ་སྐྱེལ་མ་ཞུ་བ་བཞིན་དུ་ཅི་ཤེས་དེ་ཤེས་ཀྱི་སྒོ་ནས་གསོལ་བ་གདབ། དེ་ནས་འཕྲོ་འཇོག་པ་དང་། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པར་བསྒོམ། དེ་བཞིན་བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པར་བསྒོམ། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པར་བསྒོམ། བླ་མའི་སྐུ་གསུང་ཐུགས་ལ་སོགས་པ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱུང་། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསྒོམ། དེ་ནས་བླ་མ་རང་གི་སྤྱི་བོར་མར་ཐིམ་པས་བླ་མ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ། དེའི་ངང་ལ་སེམས་མ་


LT19_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པར་ལྷོད་གློད་ལ་མཉམ་པར་བཞག་གོ། །།གཉིས་པ་ཡི་གེ་བརྒྱ་པ་བགྲང་བ་ནི། རང་གི་ལུས་ཐ་མལ་པའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུར་བསྟེན་པ། ཞབས་གཡས་ཅུང་ཟད་པ་རྐྱང་ཞིང་། གཡོན་ཅུང་ཟད་བསྐུམ་པ། རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་གི་མཐའ་མར་ཡི་གེ་བརྒྱ་པས་ཆོས་འཁོར་དུ་བསྐོར་བར་བསམ། དེ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ། དེ་རྣམས་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་མདོག་ལྟ་བུ་སྤྱན་དྲངས། རྡོ་རྗེ་སེམས་དཔའི་ཞལ་ནས་ཞུགས། སྐུ་ལུས་ཐམས་ཅད་ཞོ་གྲོད་འོ་མས་གང་བ་བཞིན་དུ་བདུད་རྩིས་སྐྱ་མེར་གང་བའི་ཞབས་གཡས་པའི་མཐེའུ་ཆེ་ནས། བདུད་རྩི་སྐྱ་རྒྱང་བྱུང་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ན་མར་སོང་བས་ལུས་ངག་ཡིད་གསུམ་གྱི་སྡིག་པ་སྒྲིབ་པ་དམ་ཚིག་ཉེས་ལྟུང་ནད་དང་གདོན་དང་གྲིབ་དང་མི་གཙང་བ་ཐམས་ཅད་ཐ་ན་ནང་ཁྲོལ་མན་ཆད་བ་ཤང་གཅིའི་ལམ་ན་མར་ནག་ཉིལ་ཉིལ་ཐོན་ནས་འཕོངས་འོག་གིས་གཞི་ལ་ཐིམ་འགྲོ་བ་ལ་སེམས་མ་ཡེངས་པའི་ངང་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་དྷརྨ་པྲ་ཡ་ཙྪ། སརྦ་ཀརྨཱ། སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ།


LT19_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པ་བརྒྱ་རྩ་ལ་སོགས་པ་བགྲངས་ཚར་བ་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ལ་སོགས་པ་སངས་ཏེ་དག་ནས། ལུས་ཤེལ་གོང་བཞིན་དུ་དཀར་འཚེར་གྱིས་གྱུར་ཅིང་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང་ནས། དེ་ནས་རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཏེ་དག་གོ་གསུངས་ནས་སྤྱི་བོ་ནས་མར་ཐིམ་པས། རྡོ་རྗེ་སེམས་དཔའ་དང་རང་གཉིས་སུ་མེད་པའི་ངང་ལ་སེམས་ལྷོད་གློད་ལ་མཉམ་པར་གཞག་གོ།། །།གསུམ་པ་མཎྜལ་འབུལ་བ་ནི། དང་པོ་སྒྲུབ་པའི་མཎྜལ་བཤམ་སྟེ། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾ། ཞེས་བརྗོད་ཅིང་མཎྜལ་ཆོས་སྐོར་དུ་ཕྱིས་ལ་སྟོང་པར་བསམ། དེ་ནས་བྷྲཱུྃ་ཞེས་བརྗོད་པས་སྟོང་པའི་ངང་ལས་མཎྜལ་དེ། རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། མཛེས་ཤིང་ཡིད་དུ་འོང་པ་དྭངས་ཤིང་ཐོགས་པ་མེད་པར་བསྒོམ། དེའི་ནང་དུ་གདན་བཞི་བརྩེགས་གྲོང་བཞིན་བསམ། དེ་ནས་ན་མོ་གུ་རུ་བྷྱཿ ཞེས་མཎྜལ་གྱི་དབུས་སུ་ཚོམ་བུ་གཅིག་བཞག་པས། གདན་གྱི་དབུས་སུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་དང་། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མས་བསྐོར་ནས་བཞུགས་པར་བསྒོམ། དེ་བཞིན་དུ་མཎྜལ་གྱི་མདུན་དུ་ན་མོ་མཎྜལ་དེ་ཝ་ཏྭ་ཞེས་ཚོམ་བུ་གཅིག་བཀོད་པས་ཡི་དམ་གྱི་ལྷ་ཚོགས་བཞུགས་པར་བསྒོམ། ཆོས་སྐོར་དུ་གཡས་སུ་ན་མོ་བུདྡྷཱ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས། སངས་རྒྱས་དཔག་ཏུ་མེད་པ་བཞུགས་པར་བསྒོམ། རྒྱབ་ཏུ་ན་མོ་དྷ་རྨ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས་དམ་པའི་ཆོས་པུ་སྟི་གླེགས་བམ་གྱི་ཚུལ་དུ་བཞུགས་པར་བསྒོམ། གཡོན་དུ་ན་མོ་སངྒཱ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས།


LT19_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་བཞུགས་པར་བསྒོམ། དེ་ལ་མཆོད་པ་ལྔས་མཆོད་ལ། མཎྜལ་གཉིས་ཡོད་ན་མདུན་དུ་བཞུགས་སུ་གསོལ། གཅིག་ལས་མེད་ན་དེ་ལག་པས་བཏེགས་ལ། བླ་མ་ཡི་དམ་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསྒོམ་ལ། ཚོམ་བུ་རྟིང་མ་ནས་རིམ་པར་བསྡུ། དེ་ནས་མཆོད་པའི་མཎྜལ་བཤམས་ཏེ། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་ཆོས་སྐོར་དུ་ཕྱིས་པས་སྟོང་པར་བསྒོམ། སྟོང་པའི་ངང་ལས་མཎྜལ་དེ་ཉིད་གསེར་གྱིས་གཞིར་བསམ། དེའི་དབུས་དང་ཤར་དང་ལྷོ་དང་ནུབ་དང་བྱང་དང་ཤར་དང་དབུས་ཀྱི་བར་དང་ནུབ་དང་དབུས་ཀྱི་བར་རྣམས་སུ་ཆོས་སྐོར་གྱིས་མེ་ཏོག་ཚོམ་བུ་རེ་འཇོག་པ་དང་མཉམ་དུ། དབུས་སུ་རི་རབ་བང་རིམ་བཞི་པ་ཤར་དངུལ་དཀར་པོ་ལྷོ་བཻ་ཌཱུརྻ་སྔོན་པོ་ནུབ་པདྨ་རཱ་ག་དམར་པོ་བྱང་གསེར་སེར་པོ་ལས་གྲུབ་པ། ཤར་ལུས་འཕགས་དབྱིབས་ཟླ་གམ་དཀར་པོ། ལྷོ་འཛམ་བུ་གླིང་སོག་ཁ་སྔོན་པོ། ནུབ་བ་ལང་སྤྱོད་ཟླུམ་པོ་དམར་པོ། བྱང་སྒྲ་མི་སྙན་གྲུ་བཞི་སེར་པོ། དེ་རྣམས་ཀྱི་མི་ནོར་ལོངས་སྤྱོད་དང་བཅས་པ་དབུལ་བར་བསམ་ཞིང་ངག་ཏུ། དབུས་ཀྱི་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད། བླ་མ་རྗེ་བཙུན་དམ་པ་དང་ལྷ་ཇོ་བོ་དཀོན་མཆོག་གསུམ་ལ་འབུལ་ལོ་ཡོངས་སུ་བཞེས་སུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་རྟོགས་པ་མཆོག་ཏུ་གྱུར་བ་བསྐྱེད་དུ་གསོལ། ཉམས་མྱོང་རྒྱུན་ཆད་མེད་པར་བརྟན་དུ་གསོལ། སྣང་བ་རྟེན་


LT19_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་འཆར་བར་མཛད་དུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པས་དབུལ། སྒྲུབ་པའི་མཎྜལ་ཐེབས་གཅིག་ལ་མཆོད་པའི་མཎྜལ་བདུན་བདུན་འབུལ་ལོ། །བཞི་པ་མི་རྟག་པ་བསྒོམ་པ་ནི། ག་རེ་བདག་སྐྱེས་ནས་ད་ལྟའི་བར་ལ་ལོ་དུ་སོང་ལེགས་པར་བསམ། དེའི་བར་ལ་ཕ་མ་དང་སྤུན་ཟླ་ལ་སོགས་ཉེ་འབྲེལ་ཤི་བ་རྣམས་དྲན་པར་བྱས་ལ། ཁོང་རྣམས་ཡིད་ལ་མེད་བློ་མེད་གྲོས་མེད་དུ་ཐོ་རེ་རེ་ཤི་འདུག་པ་ལ། ང་མ་ཤི་བ་ཁ་རྗེ་རེ་ཆེ་ན། དེར་མ་ཟད་ཡུལ་མི་ཁྱིམ་མཚེས་ཤི་བ་རྣམས་དྲན་པར་བྱས་ལ། འདི་རྣམས་ཀྱང་ཐོ་རེ་རེ་ཤི་འདུག་པ་ལ། ང་མ་ཤི་བ་ཁ་རྗེ་རེ་ཆེ་ན། དབང་ཆེ་བ་རྒྱལ་པོ་དང་ཡུལ་གྱི་རྗེ་དཔོན་ཁ་དྲག་པོ་འདི་དང་འདི་ཡང་ཤི །ནོར་ཆེ་བ་ཕྱུག་པོ་འདི་དང་འདི་ཡང་ཤི །ཕོ་གྲུང་པོ་འདི་དང་འདི་ཡང་ཤི །དཔའ་རྩལ་ཆེ་བ་འདི་དང་འདི་ཡང་ཤི །ལོ་གཞོན་པ་བུ་ཆུང་འདི་དང་འདི་ཡང་ཤི་འདུག་པ་ལ་ང་མ་ཤི་བ་ཁ་རྗེ་ཆེ། ང་ལ་རྒྱུས་ཡོད་པ་འདི་ཙམ་ཤི་འདུག་རྒྱུས་མེད་པ་ཤི་བ་གྲངས་ལས་འདས། ངས་ངོ་ཤེས་པ་འདི་ཙམ་ཤི་འདུག་ངོ་མི་ཤེས་པ་ཤི་བ་གྲངས་ལས་འདས། ང་མ་ཤི་བ་ཁ་རྗེ་རེ་ཆེ། སྔར་མ་ཤི་བར་ཚེ་ཐར་དུ་ལུས་པ་སུ་ཡང་མི་འདུག་ན་ད་མི་འཆི་བ་ཚེ་ཐར་དུ་སྡོད་པ་སུ་ཡང་མི་འདུག་ཐམས་ཅད་འཆི་བར་འདུག་པ་ལ། ང་ཡང་ནམ་འཆིའམ། འཆི་དུས་ནོར་གྱིས་བསླུས་ས་མི་འདུག །ཕྱི་མར་ནས་རྡོག་པོ་གཅིག་གམ་གསེར་ར་ཏི་གཅིག་འཁྱེར་དབང་ནི་མི་འདུག །གཉེན་ཉེ་འབྲེལ་ཡོད་ཀྱང་འཆི་ཙམ་ན་དུམ་གཅིག་བཟུངས་ནི་མི་འདུག །ཕྱི་མར་དུམ་གཅིག་ཀྱང་འགྲོགས་དབང་མི་འདུག །དབང་ཆེ་ཡང་དར་ཅིག་ཀྱང་སྡད་དབང་མི་འདུག །དེ་ཙམ་ན་ཆོས་མིན་པ་གང་གིས་ཀྱང་ཕན་པ་མི་


LT19_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ལ་སོགས་པ་ལེགས་པར་བསམ། དེ་ལྟར་འཆི་བ་ནི་ངེས་པར་འཆི་བར་འདུག །ནམ་འཆི་ནི་ཆ་མི་འདུག །སོང་ཕོད་པ་ཙམ་ན་ང་ཤི་འདུག་ཟེར་བ་ཡོང་ངམ་མི་ཡོང་། དེ་ཡ་ང་བའི་ལུས་འདི་འཆི་ནད་དྲག་པོ་ཞིག་གིས་ཐེབས། ལུས་འོར་ལྷུང་མིག་གཏིང་དུ་བྲོས། ཁ་སྣ་སྒོམ་ཁ་སྣབ་ལ་དུད་ཚེམས་སེ་སོང་། རྩ་རྣམས་བསྡུས། དབུགས་ཕྱིར་ཤ་ཤ་འགྲོ་ཞིང་ནང་དུ་སྡུད་མི་ཤེས་པར་ངར་ངར་སོག་སོག་བྱེད། མཆི་མ་ཕྲལ་འདོན་རྒྱབ་འདྲེ་ལོག་ལོག་བྱེད་པ་ཞིག་ནམ་ཡོང་ངམ། སང་ཕོད་ད་ཙམ་ན་ཡོང་ངམ། ཟླ་བ་འདིའི་ནང་དུ་ཡོང་ངམ། ཞག་འདིའི་ནང་དུ་ཡོང་ངམ། དེ་ནས་དབུགས་ནི་ཆད་དྲོད་ནི་ཡལ་བཞིན་གྱི་མདངས་ནི་ཡལ། ཡབས་ཁད་དེ་ཆགས་སྐྲ་ནི་གྱེན་དུ་གཟེངས། ཉེ་འབྲེལ་དང་མཆེད་གྲོགས་ལ་སོགས་པ་རྣམས་ཆེ་གེ་མོ་ཤིའོ་ཟེར་ནས་དུ། དེ་ནས་རོ་དེ་གོང་རིལ་ཞིག་བྱས། དེ་ལ་ཕྱར་བ་ལ་སོགས་པའི་ཡོལ་བཞིག་བཏང་། དེ་ནས་བདུན་ཚིག་བྱེད་ཀཾ་ཀ་ནི་བགྲད། དྲི་མའམ་རོའ་རྩར་བཟང་བཏུང་གི་སྐལ་བ་རེ་འཇོག །དེ་ནས་རོ་དེ་རི་ལ་བསྐྱལ་ནས་བྱ་རྒོད་ལ་སོགས་པས་བཟའ་ཞིང་ཕར་འཐེན་ཚུར་འཐེན་བྱེད་ཡར་མར་དུ་འདྲུད། བྱ་རོག་ལ་སོགས་པས་ཤ་རུས་པའི་དུམ་བུ་རེ་ཁར་ཁྱེར་ཞིང་སྒག་སྒག་ཟེར་གྱིན་འཕུར་འགྲོ། སྐྲ་དང་རུས་པའི་དུམ་བུ་ཡ་གི་མ་གི་ན་ཐོར་བ་ཞིག་ཡོང་ངམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་བྱེད་དམ། ས་ལ་སྦོས་ནས་འབུ་དོང་གང་བྱེད་དམ། ཆུ་ལ་བསྐུར་ནས་ཉ་སྲམ་གྱིས་ཟ་རྒྱུ་བྱེད་དམ། དེ་འདྲ་ཞིག་ངའི་ལུས་ལ་ནམ་ཡོང་ངམ། དེའི་ཚེ་ངའི་གོས་ལ་སོགས་པ་གཞན་གྱིས་གྱོན། ཁང་པ་ལ་སོགས་པར་གཞན་གྱིས་སྡོད་ཅིང་། ལོངས་སྤྱོད་བྱེད་པ་ཞིག་ནམ་ཡོད་དམ། སོང་ཕོད་དེ་ཙམ་ན་ཡོང་ངམ་ཟླ་བ་འདིའི་ངོགས་


LT19_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོང་ངམ། སོང་ད་ཙམ་ན་ཡོང་ངམ། དོ་ནུབ་རང་ཡོང་ངམ་སྙམ་དུ་དུངས་དུངས་པ་བསྒོམ། དེ་ལ་དབང་མེད་དུ་མཆི་མ་འབྱུང་བ་དང་། །


previousགདམས་ངག་མཛོད་པོད་བཅུ་པ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ།next