Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་།
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་།next

གདམས་ངག་མཛོད་པོད་བཅུ་པ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་།


LT19_Page_227A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །


LT19_Page_227B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཔལ་ལྡན་ནག་པོ་ཆེ། །ཐུབ་བསྟན་སྲུང་བའི་ཚོགས་ཀྱི་རྗེར། །བཏུད་ནས་དེ་སྒྲུབ་དངོས་གྲུབ་ཀྱི། །འབྱུང་གནས་རྗེས་གནང་བཅས་པ་དགོད། །དཔལ་ཆེན་རྒྭ་ལོ་ཙཱ་ནས་བརྒྱུད་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གདམས་ངག་གི་བཀའ་སྲོལ་མང་དུ་བཞུགས་པའི་ནང་ནས་གྲགས་ཆེ་ཞིང་གཙོ་བོར་གྱུར་པ་ཐེལ་ལུགས་ཀྱི་རྗེས་གནང་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་སྒོམ་དོན་དང་མཐུན་པའམ། བསྡུ་ན་ཟླུམ་སྐོར་གྱི་ནང་དུ། གྲུ་གསུམ་མཐིང་ནག་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ཅན་གྱི་དབུས་སུ་གཏོར་མ་སྙིང་གཟུགས་མ་མཉྫི་ལ་བཀོད། མཐར་འབུལ་གཏོར་ལྷ་བྲངས་དང་མཉམ་པའི་གར་འོས་དང་། བདུད་རྩིའི་ཐོད་པ། ནང་མཆོད་སོགས་དང་། མཆོད་པ་རྣམས་བཤམ། ཤིན་ཏུ་བསྡུ་ན། དཀྱིལ་འཁོར་མེད་ཀྱང་ཆོག་པས། དཔལ་གྱི་གཏོར་མ་ལ་བརྟེན་པ་ཁོ་ནས་ཀྱང་བྱུང་ངོ་། །གཉིས་པ་ལ། སྒྲུབ་ཐབས་དང་རྗེས་གནང་གཉིས་ལས་དང་པོ་ནི། སྐྱབས་སེམས་ནས་བརྩམ། འཁོར་ལོ་བདེ་མཆོག་གི་བདག་བསྐྱེད་རྒྱས་བསྡུས་གང་རུང་བཟླས་བ་བཅས་སོང་ནས་བསྡུ་ལྡང་བྱ། དེ་ནས་མདུན་བསྐྱེད་ཀྱི་ཐོག་མར། མཆོད་པ་རྣམས་ཨ་མྲྀ་ཏ ས་བསང་།


LT19_Page_228A
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝ ས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀྤཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་ལ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། པཱ་དྱཾ། མ་ནཾ། པྲོ་ཀྵ་ནཾ། པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ། ༀ་བཛྲ་གྷཱཎྚེ་ར་ཎི་ཏ། སོགས་ཀྱིས་བྱིན་དབབ། རྟེན་ཡོད་ན་དེ་ཉིད་བསྐྱེད་དགོས་ཤིང་། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྐྱེད་པ་ཡིན་ཏེ། དེ་ཡང་། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་ཁང་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ཅུང་། རང་གི་མདུན་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཤིང་དང་། མེ་དང་། ཆུ་དང་བཅས་ཤིང་། རོ་དང་རོ་ལངས་དང་སྲིན་པོ་དང་འབྱུང་པོ་དང་། དཔའ་བོ་དང་། མཁའ་འགྲོའི་ཚོགས་ཀྱིས་


LT19_Page_228B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའི་དབུས་ཀྱི་ས་གཞི་ལ་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ། དབུས་སུ་ཐོད་པ་འབར་བའི་གཞལ་ཡས་ཁང་ཟླུམ་པོ། སྟེང་ཀེང་རུས་ཀྱིས་ཕུབ་པ། ཕྱི་ནང་ཀུན་ཏུ་རིན་པོ་ཆེ་དང་། ལྷ་རྫས་ཀྱི་གོས་དང་། མེ་ཏོག་དང་། ཞིང་ལྤགས་ནང་ཁྲོལ་རུས་ཕྲེང་སྐྲའི་རྔ་ཡབ་ལ་སོགས་པ། ཕྲིན་ལས་རྣམ་པ་བཞི་དང་འབྲེལ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་དུ་གྱུར། འདི་ནི་ལས་ཐམས་ཅད་པའི་གཞལ་ཡས་ཁང་བསྐྱེད་ཚུལ་རྒྱས་པ་ཡིན་ལ། ལས་རེ་རེ་ལ་ལས་དང་མཐུན་པའི་ཁང་པ་སོ་སོ་དང་། བསྡུ་ན་རྒྱུན་འདོན་ལ་ཡང་དུར་ཁྲོད་ཀྱི་གཞི་ཁོ་ནས་ཆོག་པ་ཡིན་ནོ། །རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་འབར་བ་ཞིག་འཕྲོས་ཏེ་གདན་སྟེང་དུ་འཁོད། ཧཱུྃ་དེ་ཉིད་ཀྱི་འོད་ཀྱི་འཕྲོ་འདུ་ལས། རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དགྲ་བགེག་གདུག་པ་ཅན་ཚར་བཅད་དེ་གནས་སྤར། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སྐུ་མདོག་མཐིང་ནག་དུས་མཐའི་སྤྲིན་དང་མཚུངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ཞིང་། ཧ་ཧ་དང་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་གད་རྒྱངས་སྒྲོག་པ། སྨ་ར་སྨིན་མ་དབུ་སྐྲ་སེར་པོ་མེ་ལྟར་འབར་བ། ཕྱག་བཞིའི་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་གྱི་དང་པོས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་ཏྲི་ཤཱུ་ལས་མཚན་པའི་ཁ་ཊྭཱཾ་ག་དར་དཔྱངས་དང་བཅས་པ་འཕྱར་སྟབས་སུ་བསྣམས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ།


LT19_Page_229A
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྩེ་ཕྲན་དང་། སྦྲུལ་རིགས་བཞི་དང་། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །དེའི་ཐུགས་ཀ་ནས་ཧཱུྃ་གསུམ་སྤྲོས་ཏེ། གཙོ་བོའི་གཡས་གཡོན་དང་། མདུན་གྲར་འཁོད་པ་ནི། ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག །ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཞལ་དུ་རྔུབ་པ། ཞབས་བརྐྱང་བསྐུམ་གྱིས་དོར་སྟབས་ཅན། དུག་སྦྲུལ་ནག་པོས་བརྒྱན་ཅིང་། སྐྲ་མཚམས་ནས་རྡོ་རྗེ་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་གསུམ་དུ་གྱུར། གཙོ་བོའི་གཡས་སུ་ཀྵ་ལས་ལེགས་ལྡན་ནག་པོ། ཕྱག་གཡས་ཙནྡན་གྱི་བིང་ཆེན་དང་། གཡོན་པས་ལྕགས་ཀྱི་པར་བུ་བདུད་རྩིས་གང་བ་འཛིན་པ། དར་ནག་གི་འཇོལ་བེར་ཅན། ཞབས་ལ་སག་ལྷྭམ་ཡུ་རིང་གསོལ་ཞིང་། གཡོན་བརྐྱང་བ། གསེར་གྱི་སྐ་རགས་ཅན། གཙོ་བོའི་གཡོན་དུ་བྷྱོཿལས་ཙཎྜི་ཀཱ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མི་མགོ་དང་མདའ་གཞུ་འཛིན་པ། གཅེར་བུ་ཁྲོ་ཞིང་སྒེག་པ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། གཙོ་བོའི་མདུན་དུ་ཧཱུྃ་ལས་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་བརྐྱང་བའི་གར་སྟབས་ཅན། དར་ནག་གི་ན་བཟའ་དཀྲིས་པའོ། །དེའི་ཕྱི་རོལ་སྒོ་མཚམས་བརྒྱད་དུ་ཡི་གེ་མ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན།


LT19_Page_229B
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཁཱ་ཏའི་གདོང་པ་ཅན། ལྷོར་འུག་པའི་གདོང༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱིའི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་གཅེར་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་བཞེངས་པའི་སྟང་སྟབས་སྣ་ཚོགས་པས་གནས་པ། འཁོར་དེ་ཐམས་ཅད་ཀྱང་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། མི་རོའི་གདན་ལ་རྣམ་པར་འགྱིངས་པ་མེད་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་དང་། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས། མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །བདག་གིས་ཐུགས་དམ་གཉན་སྐོང་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀམ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། མགོན་པོའི་སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མ་ཛཿ ཨཱརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག་མཐུ་སྟོབས་དང་ནུས་མཐུ་ལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་


LT19_Page_230A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཡེ་ཤེས་མགོན་པོ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་ཅིང་རྒྱས་གདབ། རྒྱས་པར་མཆོད་ཕྲེང་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན། ༀ་བཛྲ་མ་ཧཱ་ཀཱ་ལ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོ་ཀྵ་ནཾ། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱེ། ཤཔྟ། ཞེས་ཕྱི་མཆོད་དང་། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ། ཧཱུྃ། གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་སྒྲས་སྡེ་བརྒྱད་བྲན་དུ་ཁྱོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་བསྡུས། །ལྷ་ཆེན་དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ནག་པོའི་གཙོ། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །ཁྲོས་པའི་ཆ་ལུགས་རྔམས་པའི་ཞལ། །དམ་ཉམས་སྲོག་གཅོད་ཁྱོད་ལ་འདུད། །སྲིན་པོའི་ཚོགས་ལ་མངའ་བསྒྱུར་ཞིང་། །ཁམས་གསུམ་སྲོག་བདག་ཆེན་པོ་ནི། །བདུད་འདུལ་ཙནྡན་བིང་ཆེན་བསྣམས། །ཐུགས་ཀྱི་སྤྲུལ་པ་ཁྱོད་ལ་འདུད། །དཔལ་ལྡན་ལྷ་མོ་ཙཎྜ་ཀཱི། །ལྷ་མིན་མུ་སྟེགས་ཚོགས་འཇོམས་ཤིང་། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། །སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །བསིལ་བའི་ཚལ་གྱི་ཤིང་གཅིག་དྲུང་། །ནག་པོ་ཆེན་པོ་སེང་གེའི་གདོང་། །ཞིང་སྐྱོང་ཤ་ཟ་ཆེན་པོ་སྟེ། །དཔལ་གྱི་བཀའ་སྡོད་ཁྱོད་ལ་བསྟོད། །གཞན་ཡང་མཁའ་འགྲོ་ཆེན་པོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་སྡེ་བརྒྱད་བཅས། །ཀུན་ལ་བསྟོད་ཅིང་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ཨོ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་དམ་ལ་བཞག །གཏོར་ཆོག་ཙམ་གྱི་སྐབས་ཡིན་ན། བསྟོད་པ་བརྒྱད་པ་ལན་གསུམ་མམ་བདུན་ལ་སོགས་པ་བཏོན་ལ། དེ་ནས་གཏོར་མ་འབུལ་བ་ལ་འཇུག་པ་ཡིན་ཅིང་། བཟླས་བརྗོད་བྱེད་པར་འདོད་ན་སྐབས་འདིར་བཟླས་པ་བྱས་ལ། དེ་ནས་བསྟོད་པ་བྱས་ཏེ་གཏོར་མ་འབུལ་བ་ཡིན་ནོ། །དེ་ལ་


LT19_Page_230B
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་དམིགས་པ་ཡང་སྤྱི་ཙམ་དུ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཞལ་ནས་ཐོན་ཏེ་མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོ་གནས་པ་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་སྔོན་པོ་བྱུང་སྟེ་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་པ་དོ་ལིའི་བཟླས་དམིགས་འདི་ཀས་འཐུས་ཤིང་། དེ་ལ་བརྟེན་ནས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར། བཟླ་བྱའི་སྔགས་ནི། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཉེ་སྙིང་དང་། ༀ་བཛྲ་ཀ་ཝུ་བ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཁྱད་པར་གྱི་སྙིང་པོའོ། །དེ་ནས་རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་བསྐུལ་བ་དང་། འཁོར་སྔགས་ལ་མགོན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ། སོ་སོའི་སྐུ་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབས། ཁྱད་པར་བསྟན་དགྲ་ལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛད་པར་དམིགས། དེ་ལ། ཤཱ་ས་ན། རྩ་བའི་སྔགས་ཡིན་ལ། ༀ་ཀརྨ་མ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཅེས་ལས་མགོན་གྱི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཙོ་བོ་ལས་མགོན་སྤྲགས་པའི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ་ཧཱུྃ་ཕཊ། ལས་མགོན་གྱི་མཚན་སྔགས་དང་། ༀ་མ་ཧཱ་ཀ་ལ་ཀྵེཾ་ཕེཾ་ཧཱུྃ་ཕཊ་སྭཱ་ཧཱ། ལེགས་ལྡན་བིང་གི་སྔགས། ༀ་མ་ཧཱ་ཀཱ་ལི་དེ་ཝཱི་ཝཾ་ཧྲི་ཧཱུྃ་ཕཊ། ཙཎྜི་ཀའི་སྙིང་པོ་དང་། ༀ་ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་ཟ་སེང་གེའི་གདོང་གི་སྔགས་སོ། །དྲེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་ནི། གཞི་སྟིང་དུ་གྲགས་པ་ཡིན་ཏེ། མན་ངག་གི་ཡི་གེ་རྣམས་སུ་ཤེས་པར་བྱའོ། །དེ་ནས་ད་ལྟ་རྐང་བརྒྱད་དུ་གྲགས་པ་ཞིང་སྐྱོང་གི་སྔགས་ཀྱི་སྒོ་ནས་བསྟོད་པ་སྟེ། བསྟོད་པ་བརྒྱད་པས་བསྟོད་པར་བྱ་སྟེ། དེ་ཡང་། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱ་ཧཱ་ཧཱུྃ་ཡིག་སྒྲ་དང་ཀི་ལི་ཀི་ལིའི་སྒྲ་སྒྲོགས་རོ་ལངས་འབྱུང་པོས་བསྐོར།


LT19_Page_231A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་མཛད་ཅིང་ཀུན་ནས་མི་ཤས་ཞལ་དང་སྒྱུ་མའི་འཕྲེང་བ་འཁྲུགས་བའི་སྐུ། །ཕྱག་ན་མདུད་དང་ཁ་ཊྭཾ་མི་ཐོད་འཛིན་པ་འདོད་པའི་གཟུགས་ཅན་མི་སྡུག་གཟུགས། །སྤྱན་ནི་སེར་ཞིང་སྐྲ་སེར་རོ་ཡི་འདུས་ལ་དགྱེས་ཤིང་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཞལ་ནས་ཕེཾ་ཕེཾ་ཕེཾ་ཡིག་སྒྲ་དང་སོ་སོར་བསྐྱེད་པའི་མེ་ཆེན་མཆོག་གི་དབུས། །རབ་གསལ་འཇིགས་པའི་སྐུ་དང་ཡན་ལག་མགོ་ཕྲེང་ཉེ་བར་མཛེས་པའི་རྒྱན་དུ་མཛད། །བསད་པའི་མི་མགོ་ཁྲག་འཛག་དུམ་བུ་དྲག་པོའི་ཕྱག་གིས་འཛིན་ཅིང་མཆོད་ཡོན་འཐུང་། །མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ནི་རོལ་ཞིང་རོལ་ཞིང་རྩེད་མོས་སྲུང་། །ཀྵིཾ་ཀྵིཾ་ཀྵིཾ་རང་ཅ་ཅོ་སྒྲོགས་མཛད་བཟོད་པས་གདུག་ཅན་རྣམས་འཆིང་བཟོད་པའི་སྐུ། །ཆར་སྤྲིན་སྔོ་མདོག་ཀ་ཧ་ཀ་ཧ་བརྗོད་མཛད་གཅིག་པུས་སྣ་ཚོགས་གནོན་ཅིང་གནོན། །ཀྵིཾ་ཀྵིཾ་ཤྲཱིཾ་སྔགས་སྐུ་ཅན་པ་ཙ་པ་ཙ་བསྲེག་མཛད་ཀུན་ནས་སྔགས་ཀྱི་རིགས། །སྒྲུབ་པ་རྣམས་ཀྱི་བགེགས་རྣམས་སྐྲོད་ཅིག་ངེས་པར་ཞི་བར་མཛོད་ཅིག་ཞིང་སྐྱོང་ཀྱེ། །ཧཱ་ཧཱ་ཧཱར་བཞད་གད་རྒྱངས་ཕུལ་བྱུང་ཕྱུགས་རྣམས་དུས་ཀུན་འཇིགས་པར་མཛད་པ་གང་། །འཇིག་རྟེན་རྣམས་ཀྱི་བགེགས་འཇོམས་ཉིན་རིར་དྲི་མེད་རབ་ཐོབ་རྫོགས་པའི་བྱང་ཆུབ་བརྙེས། །ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྐད་དྲག་པོའི་ནུས་མཐུས་སྲིད་པ་གསུམ་ཁོངས་གང་བར་འགེངས། །སྲུངས་ཤིག་ཞིང་སྐྱོང་སྨ་ར་རལ་པ་དབུ་སྐྲ་ཁམ་སེར་ལྡན་པས་ཉེ་བར་བསྒྲུབས། །ཁཾ་ཁཾ་ཁཾ་འགྱིང་སྒེག་རོལ་ལྟོ་བ་འཕྱང་བ་ཕྱག་ན་རལ་གྲི་ཁྲག་འཐུང་བ། །རཾ་རཾ་རཾ་ནི་སྤྱན་དམར་གཏུམ་ཤུགས་ཕྱག་གིས་རུ་རུའི་ཁྲག་ལ་སྤྱོད་པར་མཛད། །ཀྲུཾ་ཀྲུཾ་ཀྲུཾ་ཁྲོས་ལྟ་སྟངས་མཛོད་ཅིག་མ་ལུས་བདུད་རྣམས་འཁུམས་པའི་ཁྲོ་གཉེར་མཛོད། །ཌཾ་ཌཾ་ཌཾ་འདིས་འདུལ་མཛད་ཅང་ཏེའུ་ལྡན་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཀྲཾ་ཀྲཾ་ཀྲཾ་མཛད་བདུད་དང་དགྲ་བོ་ཉོན་མོངས་བག་ཆགས་མ་ལུས་ངེས་པར་འཇོམས། །ཀྃ་ཀྃ་ཀྃ་གི་སྐུ་ནི་ནག་


LT19_Page_231B
[མ་དཔེ་གཟིགས་ན་འདིར་གནོན།]

པོའིམཆུ་མཚུངས་རྩོད་དང་ཉེས་འཕྲོག་ཐོད་ཕྲེང་ཅན། །ཙཾ་ཙཾ་ཙཾ་ཆེར་རབ་གཡོ་རྨད་བྱུང་ས་གཞི་འཇིག་རྟེན་སྣང་བྱེད་གཏུམ་པོའི་ཤུགས། །སཾ་སཾ་སཾ་བདག་དགེ་འདུན་དམ་ཚིག་དགེ་བར་སྤྱོད་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཡཾ་ཡཾ་ཡཾ་འགྲོ་སྣ་ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག །བཾ་བཾ་བཾ་ནི་འཇིག་རྟེན་རབ་སྐྱོད་སྐད་ཅིག་རླུང་ཤུགས་གློག་ལྟར་རབ་ཏུ་མཁྱེན། །བྷཱུཾ་བྷཱུཾ་བྷཱུཾ་འཇིགས་ཁྲོ་གཉེར་མཆོག་མཛད་སྒྲུབ་པོ་རྣམས་ལ་འཇིགས་པ་ལས་གྲོལ་སྟེར། །ཀྵཾ་ཀྵཾ་ཀྵཾ་ནི་གནོད་པ་རིང་དུ་སྐད་ཅིག་ལ་ཟད་བདེ་མཛད་ཞིང་སྐྱོང་ཀྱེ། །ཀླཾ་ཀླཾ་ཀླཾ་གང་དུལ་བའི་ལུས་ཅན་སྲིད་གསུམ་འགྲོ་བ་དུས་ཀུན་ཉོན་མོངས་རྣམས། །པཾ་པཾ་པཾ་མཛད་ཕྱག་གི་ཞགས་པས་ཕྱུགས་རྣམས་འཛིན་ཅིང་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཞི་བདེའི་འབྲས་སྟེར་སྔགས་པ་རྣམས་ལ་སྔགས་དང་མཚུངས། །ཞིང་རྣམས་སྐྱོང་བ་ཁྱོད་ཀྱིས་ལུས་ཅན་སྐྱེ་བོ་མཐའ་དག་གང་འདིར་ཡུན་རིང་སྐྱོང་། །སྔགས་རྣམས་བརྒྱད་པོ་ཐུན་གསུམ་དུ་ནི་ཀློག་བྱེད་ངེས་པ་མཁས་པའི་གློ་ཅན་གང་། །སློབ་དཔོན་དང་ནི་སྒྲུབ་པོའང་དམ་ཚིག་དགེ་བ་སྤྱོད་རྣམས་རྒྱལ་འགྱུར་བསོད་ནམས་ལྡན། །ཚེ་དང་དཔལ་དང་གྲགས་དང་འབྱོར་ལྡན་མཉམ་མེད་སྟོབས་འཛིན་རྣམ་གནོན་འོད་རྒྱས་ཏེ། །དེ་ཡིས་བགེགས་ཚོགས་ཉམས་ཤིང་མཚུངས་མེད་ཐམས་ཅད་ཤེས་པ་ཉིན་མཚན་རྟག་ཏུ་སྟེར། །ཅེས་རྒྱུད་ཀྱི་སྔགས་འགྲེལ་འཕགས་ཞབས་ཀྱིས་མཛད་པ་སྟེ་འདི་ལ་འགྱུར་མི་གཅིག་པ་མང་ངོ་། །དེ་ནས་གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་བཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མར་ལས་བདུད་རྩི་ལྔ། ཐོད་པའི་སྟེང་དུ་ཟླ་བའི་ཁ་གཅོད་ཧཱུྃ་ཡིག་གིས་མཚན་པའི་རྡོ་རྗེས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། ༀ་དཀར་པོ་རྣམས་


LT19_Page_232A
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་སྟེང་དུ་བརྩེགས་པ་རྣམས་མགོ་བོ་ཐུར་བསྟན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས། རང་གི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་འཕྲོས། གཏོར་མའི་སྟེང་གི་འབྲུ་གསུམ་ལ་ཕོག །ལས་རིམ་གྱིས་གཏོར་མ་ལ་ཐིམ་པས། གཏོར་མ་བདུད་རྩི་སྔོ་དམར་དཀར་པོའི་རྣམ་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེས་བདུད་རྩི་ལན་གསུམ་དུད་ཀྲུགས། རྡོ་རྗེར་ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཡང་ཞུ་ཞིང་འདྲེས་པ་ལས། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་གཙོ་བོ་དང་། འཁོར་རྣམས་ལ་སྤྲོ་ན། སྙིང་པོ་ལན་གསུམ་གྱིས་དབུལ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ། རྩ་སྔགས་ཀྱིས་འབུལ་བ་ནི། ༀ་ཤྲི་བཛྲ་མ་ཧཱ་ཀཱ་ལ། ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥ྅པཉྩི་མ། ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་མོ། འདི་ནི་རྒྱས་པའི་ལུགས་ཡིན་ལ། འབྲིང་པོ་ལྟར་ན། ཤཱ་ས་ན་གཅིག་པུས་ཆོག །བསྡུས་པ་ལྟར་ན། གཙོ་བོའི་གཏོར་སྔགས་ཐུང་ངུ་དེས་ཀྱང་ཆོག་གོ །གཏོར་ཆོག་ཁོ་ནའི་སྐབས། དེ་རྗེས་འདོད་དོན་གསོལ་བཏབ་སོགས་འོག་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་རྗེས་གནང་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ཆབ་བཏང་། ཕྱག་བཅས་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེ་ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འདི་ཉིད་ངེས་པའི་དོན་དུ་དཔལ་འཁོར་ལོ་སྡོམ་པ་དང་རྣམ་དབྱེར་མེད་ཅིང་གདུག་པ་འདུལ་ཕྱིར་ཁྲོས་པའི་ཚུལ་བསྟན་པ་ནི་རྒྱུད་ལས།


LT19_Page_232B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །གསང་གསུམ་ལས་སྤྲུལ་ནག་པོ་ཆེ། །ཞེས་གསུངས་ཤིང་། སྟོན་པ་རྡོ་རྗེ་འཆང་ཆེན་པོས་ལེགས་པར་གསུངས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོའི་རྒྱུད་རྣམས་མི་ཡུལ་དུ་སྤྱན་འདྲེན་པ་པོ་ནི་ཐོག་མར་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེ། ན་ལནྡར་མཁན་པོ་སྒྲ་གཅན་འཛིན་གྱིས་རྗེས་སུ་བཟུང་། རིག་པའི་གནས་མཐའ་དག་ལ་མི་མཁྱེན་པ་མེད་པར་བྱས་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར། རྨ་བྱ་ཆེན་མོ་དང་། ཀུ་རུ་ཀུ་ལླེ་དང་། གནོད་སྦྱིན་མོ་དགུ་དང་། ནག་པོ་ཆེན་པོ་རྣམས་བསྒྲུབས་པས་དངོས་གྲུབ་མཐའ་དག་བརྙེས། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར། ནག་པོ་ཆེན་པོའི་རིག་སྔགས་གྲུབ་ནས། དྷ་ནྱཀ་ཌ་ཀའི་གླིང་ནས་ནག་པོ་ཆེན་པོའི་རྒྱུད་རྣམས་སྤྱན་དྲངས། གཞན་ཡང་ལྷ་མོ་ནག་མོའི་རྒྱུད་དང་། ཀུ་རུ་ཀུ་ལླེའི་རྟོག་པ་སོགས་དང་། གཞན་ཡང་སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་པར་གྲགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ་པ་སོགས། མདོར་ན་སློབ་དཔོན་ཆེན་པོ་དེ་ནི་འཕགས་པའི་ས་བརྙེས་པའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཅེས་བྱའོ། །ཀླུ་སྒྲུབ་ཞབས་ཀྱིས། ཀླུའི་བྱང་ཆུབ་སོགས་རྗེས་སུ་བཟུང་། སློབ་དཔོན་འཕགས་པ་ཡབ་སྲས་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་ཀྱིས་ཀྱང་བསྟན་སྲུང་གི་གཙོ་བོར་མཛད། རྒྱུད་འགྲེལ་མན་ངག་ཅི་རིགས་པ་བོད་དུ་སྤྱན་འདྲེན་པ་པོ་ལོ་ཙཱ་བ་ཅི་རིགས་བྱུང་བའི་ནང་ནས། འདིར་དཔལ་རྒྭ་ལོ་ཙཱ་བ་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་དེའི་ལུགས་རྩ་བར་བཟུང་། དེ་ལ་སློབ་མ་ཞང་ཚལ་པ། ཕག་གྲུ་པ། བྱལ་སྟོང་པ། ཨཻ་སང་ཅོག་རོ་སོགས་མང་ཡང་ཐེལ་གྱི་ལུགས་མཆོག་ཏུ་བསྔགས་པ་དེ་ཡིན། འདི་ལ་སྨིན་བྱེད་རྒྱས་པ་བུམ་དབང་བཅུ་བཞི་པ་དང་། དབང་བཞིའི་རིགས་འགའ་ཞིག་ཀྱང་བཞུགས་པ་ལས་བཀའ་ཡངས་ཤིང་བྱིན་རླབས་


LT19_Page_233A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བབས་ཤིན་ཏུ་ཆེ་ལ་ཟབ་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཅེས་པར་སྦྱར་ལ་མཎྜལ་ཕུལ་དུ་གཞུག །དེ་ནས་སློབ་དཔོན་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དངོས་སུ་གསལ་བ་ལ་མོས་གུས་བྱས་ཏེ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། ཞེས་ལན་གསུམ། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་བསྐྱེད་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་སོ་སོའི་བྱིན་རླབས་འབེབས་བ་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་ཧེ་རུ་ཀའི་ཐུགས་ནས་འོད་ཟེར་སྔོན་པོ་ཐོག་ལྷུང་བ་ལྟར་བྱུང་སྟེ། སློབ་མའི་ལུས་ལ་གཡོན་བསྐོར་ལན་གསུམ་བྱས་ནས། སྤྱི་བོར་ཐིམ་པས། མ་དག་པའི་ལུས་སྦྱངས་ཏེ། འོད་ཟེར་མཐིང་གའི་ཕུང་པོ་ཆེན་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། ཞེས་པ་ནས། རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །ཞེས་པའི་བར་གྱིས་མགོན་པོའི་སྐུར་གསལ་བཏབ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། བསིལ་བ་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས།


LT19_Page_233B
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་གྱི་སྒྲ་དང་བཅས་ཏེ་བྱོན། སློབ་མའི་ལུས་ལ་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག་སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་། རོལ་མོའི་སྒྲ་བྱ། སྔགས་དྲག་ཏུ་བཟླ། དེ་ནས་དབང་གི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨཱརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་སོགས་སྒྲུབ་ཐབས་ཀྱི་དབང་བསྐུར་ལྟར་ལ། ༀ་བཛྲཱི་བྷ་བ་ཞེས་པའི་སྐབས་ཀ་པཱ་ལ་བདུད་རྩིས་གང་བས་དབང་བསྐུར། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་གྱུར། དེ་ནི་སྐུའི་རྗེས་གནང་སྐུའི་བྱིན་རླབས་འབེབས་པ་དང་བཅས་པའོ།། །།།གཉིས་པ་གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་ལ་མོས་གུས་དུང་བྱས་པ་ལས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་སྔགས་ཕྲེང་སྔོན་པོས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོའི་མཐར་འཁོད། དེའི་དུས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱོན་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཉེ་སྙིང་ཡི་གེ་བཅུ་པ་དང་། ཤཱ་ས་ནའི་རྗེས་ཟློས་ལན་གསུམ་བྱར་གཞུག ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་རྡོ་རྗེ་ནག་པོ་ཆེན་


LT19_Page_234A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་བཞི་པའི་གསུང་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇུག་པར་གྱུར་ཅིག །བླ་མའི་ཐུགས་ཀའི་འོད་ཟེར་གྱིས། རང་བཞིན་གྱི་གནས་དང་བསིལ་བ་ཚལ་ལ་སོགས་པ་ནས། སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སློབ་མའི་སྙིང་གའི་སྔགས་ཕྲེང་ལ་བསྟིམ་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ་ལ། རོལ་མོའི་སྒྲ་བྱ། གསུང་གི་རྗེས་གནང་གསུང་གི་བྱིན་རླབས་འབེབས་པ་དང་བཅས་པའོ།། །།གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་ཡི་དམ་མདུན་བསྐྱེད་དང་བཅས་བ་ལ་མོས་གུས་དུང་བ་བྱས་པས། བླ་མའི་ཐུག་ཀ་ནས་འོད་འཕྲོས་རང་ལུས་ལ་ཐིམ། ལུས་ཡས་མས་ནས་རིམ་པས་ཞུ་སྟེ། སྙིང་གའི་སྔགས་འཁོར་ལ་ཐིམ། དེ་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་སྣང་བར་གྱུར་པ་ལ་མཉམ་པར་བཞག །ཡང་ཧཱུྃ་ཞེས་བྱ་བའི་སྒྲས། སློབ་མ་མགོན་པོའི་སྐུ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། སློབ་དཔོན་ལ་མོས་གུས་དུངས་པ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་དང་། རང་བཞིན་གྱི་གནས་དང་། བསིལ་བ་ཚལ་ལ་སོགས་པ་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་མཚན་སོ་སོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དགྲ་བགེགས་བསྒྲལ་བ་ལ་སོགས་པའི་ལས་མཛད། སློབ་མའི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ལ་རོལ་མོའི་སྒྲ་བྱ། ཐུགས་ཀྱི་རྗེས་གནང་དང་། ཐུགས་ཀྱི་བྱིན་རླབས་འབེབས་པ་དང་བཅས་པའོ། །དེ་ནས་གཏོར་མ་དཔལ་འབར་ཅན་སློབ་མའི་མགོ་ཐོག་ཏུ་བཟུང་ལ། ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ལ་དམིགས་པ་འདི་བཞིན་མཛོད། །གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ལྷ་བཅུ་བདུན་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པར་གསལ་ཐོབ།


LT19_Page_234B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་སློབ་དཔོན་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དབྱེར་མ་མཆིས་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བར་སྒོམས་ཤིག །བླ་མ་ཡི་དམ་གྱི་ཚོགས་ཀྱིས་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱིས་རྡོ་རྗེའི་བྲོ་དྲག་པོ་བཀྲབས་པས། དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པར་མོས་པ་གྱིས། ཞེས་བརྗོད་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ། བསྟོད་པ་བརྒྱད་པ་ཚར་གཅིག་དང་། ཤཱ་ས་ན་དང་སྔགས་རྣམས་ཚར་གཅིག་དྲག་ཏུ་བརྗོད་པའི་རྗེས་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། དེ་བ། སློབ་དཔོན་རྟ་དབྱངས། རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཙ་མི་སངས་རྒྱས་གྲགས། དཔལ་ཆེན་རྒྭ་ལོ་ཙཱ། དཔལ་ལྡན་ཕག་མོ་གྲུབ། སྟག་ལུང་ཐད་པ་ཆེན་པོ། །འགྲོ་མགོན་སངས་རྒྱས་རྣམ་གསུམ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སློབ་མ་འདིའི་སྲུང་མ་ཆེན་པོ་མཛོད་ལ། ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ཏེ། འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་སོལ། མཐར་རྐྱེན་ཆོས་བཞིན་གྱི་བསམ་དོན་མཐའ་དག་ཡིད་བཞིན་ཏུ་སྒྲུབས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་སྡོང་གྲོགས་གཡེལ་བ་མེད་པར་མཛད་དུ་གསོལ། ཅེས་བཀའ་བསྒོ་བྱ། མཐར་བླ་མ་རྣམས་ཡི་དམ་ལ་ཐིམ། དེ་རྣམས་མགོན་པོ་འཁོར་དང་བཅས་པ་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་དཔོན་སློབ་གཉིས་ཅར་གྱིས་བསྒོམ། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པར་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གཏོར་དབང་ཁོ་ན་བྱེད་པར་འདོད་ན། གསོལ་བཏབ་རྒྱུན་བཤགས་སོང་བའི་རྗེས་ལ། སློབ་མའི་བློའི་ངོར། གཏོར་མ་མགོན་པོར་བསྐྱེད་ཅིང་སྤྱན་དྲངས། དེ་ནས་གོང་བཞིན་གཏོར་མའི་བཀའ་བསྒོ་ཉིད་བྱས་པས་ཀྱང་བར་ཆད་སེལ་བའི་ཐབས་མཆོག་ཏུ་འགྱུར་ཞིང་།


LT19_Page_235A
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་འབུལ་བ་སོགས་ལ་དབང་བ་ཡིན་ནོ། །ཡང་ཆོས་སྐྱོང་དུ་མི་བསྟེན་པར་བར་ཆད་སེལ་བ་ཙམ་དོན་དུ་གཉེར་བ་ལ། བཀའ་བསྒོའི་སྐབས་སྲུང་མ་མཛོད་ཅེས་པ་པོར། མགོན་པོ་སློབ་མ་ལ་བསྟིམ་པའི་དམིགས་པ་མི་དགོས་སོ།། །གསུམ་པ་རྗེས་ཆོག་ནི། གཏོར་མ་དང་། མཆོད་པ་ཁ་གསོས་ལ། བྱིན་རླབས་ནས་བརྩམ་གཏོར་འབུལ་གང་ལྟར་དང་། ཕྱི་ནང་གི་སྔགས་མཆོད་འབུལ། བསྟོད་པ་བསྡུས་པས་བསྟོད། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་བྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་གི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པ་ཕྲིན་ལས་རྣམ་པ་བཞི་གཡེལ་བ་མེད་པར་མཛད་དུ་གསོལ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་། སོགས་ཀྱིས་བཟོད་པར་གསོལ། བརྟན་ཡོད་ན་བརྟེན་བཞུགས་བྱ། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཀ་ཏིཥྛ་ཧཱུྃ། ཞེས་བརྗོད་ལ་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བྱའོ། །སྲིད་གསུམ་བགེགས་རིགས་ཀུན་ཉམས་ཤིང་། །གྲུབ་པ་རྣམ་གཉིས་བདེ་བླག་འགྲུབ། །ནག་པོ་ཆེ་དང་དབྱེར་མེད་པར། །རྒྱལ་བསྟན་སྲུང་བའི་མཐུ་ཐོབ་ཤོག །ཅེས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཁྲིད་སྲོལ་གཅེས་པར་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ལས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྲུང་གི་གཙོ་བོར་བསྔགས་པ་འདི་ལ་རྒྱུད་གཞུང་མན་ངག་མཐའ་ཡས་པ་བཞུགས་པ་ལས། སྒྲུབ་ཐབས་རྗེས་གནང་གི་སྙིང་པོ་ཇོ་ནང་རིན་འབྱུང་དུ་བཞུགས་པ་ལས་ཟུར་ཕྱུང་བཀླགས་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བཅུ་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་།next