གདམས་ངག་མཛོད་པོད་བཅུ་གཉིས་པ།
ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས།


LT17_Page_074A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ་བཞུགས་སོ།། །།


LT17_Page_074B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེར་ཤྭ་རཱ་ཡ། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ལ་སོགས། །རྗེ་མཁྱེན་པས་གཟིགས་ཤིག་དྲིན་ཆེན་བླ་མ་རྣམས། །ཐུགས་བརྩེ་བས་དགོངས་ཤིག་ཡི་དམ་ལྷ་ཡི་ཚོགས། །དུས་འབྲལ་བར་མེད་པར་སྐྱོངས་ཤིག་དཀོན་མཆོག་གསུམ། །འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས་ཤིག་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཐང་སྟོང་གི་རྒྱལ་པོ། །ལུང་སྟོང་གི་སྨྱོན་པ། ཟས་གང་བྱུང་གི་བཅུད་ལེན་པོ། །རྐྱེན་གང་བྱུང་གི་རོ་སྙོམས་པོ་ངས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་ཉིང་ཁུ་ཕྱོགས་གཅིག་ཏུ་བསྡུས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་འདི་འཆད་པ་ལ། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དང༌། ཉམས་ལེན་དངོས་གཉིས་ཀྱི་དང་པོ་ནི་རྒྱུད་སྡེ་ལྔའམ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བཞི་ཐོབ་ཅིང༌། དམ་ཚིག་དང་དད་པ་དང༌། བརྩོན་འགྲུས་དང་ལྡན་པ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་


LT17_Page_075A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེས་དམིགས་སོགས་སྔོན་འགྲོའི་ཆོས་རྣམས་རྒྱུད་ལ་སྐྱེས་པ་ཞིག་དགོས་ཏེ། ནི་གུ་མའི་རྡོ་རྗེའི་ཚིག་རྐང་ལས། །དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བའི། ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར། །ཅེས་གསུངས་སོ། །གཉིས་པ་ཉམས་ལེན་དངོས་ལ། །སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པྃ་ལས་པདྨའི་སྡོང་བུ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབུམ་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟོང་གསུམ་གྱི་ཚད་དང་མཉམ་པ། དེའི་སྟེང་དུ་དར་ཟབ་ལ་སོགས་པའི་གདན་སྣ་ཚོགས་པའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ།


LT17_Page_075B
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཞལ་འཛུམ་བག་དང་བཅས་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སིལ་བུ་སྐུ་རྐེད་ཡན་ཆད་ཁེབས་པ། སྐུ་མཐོང་བ་ཙམ་གྱིས་སྡིག་སྒྲིབ་འདགས་པ། གསུང་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ངེས་པ། སྣང་ལ་རང་བཞིན་མེད་པ་ཞིག་བསམས་ལ། དེའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྙིང་གི་དཀྱིལ་རྐང་གི་ཁོངས་ནས་སྐྱབས་སུ་འགྲོ་བར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ཡི་དམ་ལ་སྐྱབས་སུ་མཆིའོ།⁽1763⁾དཔེ་གཅིག་ལ་འདི་འདུག་པ་བརྟག །མཆན། ཞེས་བརྒྱ་རྩ་སོགས་བརྗོད། དེ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་བསྒོམ། དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གི་ལུས་ངག་ཡིད་གསུམ་དགེ་སྦྱོར་གྱི་རིམ་པ་ལ་འཇུག་པར་བགྱིའོ། །ཞེས་སེམས་བསྐྱེད། དེ་ནས་བླ་མ་ལ་གསོལ་བ་གདབ་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། མཁའ་འགྲོ་ནི་གུ་མ་ལ༴ གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ༴ རྨོག་ལྕོག་རིན་ཆེན་བརྩོན་འགྲུས་ལ་གསོལ༴ མཉམ་མེད་སྐྱེར་སྒང་པ་ཆེན་པོ་ལ༴ བླ་མ་སངས་རྒྱས་གཉན་སྟོན་ལ༴ ཆོས་རྗེས་སངས་རྒྱས་སྟོན་པ་ལ༴ མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ༴ རྒྱལ་བ་མུས་པ་ཆེན་པོ་ལ༴ བླ་མ་རྡོ་རྗེ་གཞོན་ནུ་ལ༴ མཚན་ལྡན་ནམ་


LT17_Page_076A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྣལ་འབྱོར་ལ། བྱང་སེམས་སྦྱིན་པ་བཟང་པོ་ལ༴ གྲུབ་ཐོབ་བརྩོན་འགྲུས་བཟང་པོ་ལ༴ ཐབས་ལམ་བདེ་དྲོད་རང་འབར་དུ་བྱིན་གྱིས་རློབས། སྒྱུ་ལུས་ཆགས་སྡང་རང་གྲོལ་ཏུ༴ རྨི་ལམ་ཉིང་འཁྲུལ་རང་དག་ཏུ༴ འོད་གསལ་གཏི་མུག་རང་སངས་སུ༴ འཕོ་བ་མ་བསྒོམས་སངས་རྒྱས་སུ༴ བར་དོ་རྒྱལ་བ་ལོངས་སྐུ་རུ་བྱིན་གྱིས་རློབས། །ཞེས་སམ། ཚིགས་སུ་བཅད་པ་གང་རུང་གིས་གསོལ་བ་དྲག་ཏུ་གདབ་པར་བྱའོ། །གཉིས་པ་དངོས་གཞི་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །དང་པོ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམས་ཏེ། དེ་ལ་བླ་མ་ཡི་དམ་ཐམས་ཅད་བསྟིམས་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་བྱིན་གྱིས་རློབས། སྡིག་སྒྲིབ་འདགས་པར་བྱིན་གྱིས་རློབས། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ། འོག་ནས་འབྱུང་བ་ལྟར་སྲིད་པའི་དབང་ཞུས་ནས་ངག་ཏུ་ཨ་ཞེས་བརྗོད་པས་རང་གི་སྨིན་མཚམས་དང་རྣ་བ་གཡས་གཡོན་ཏུ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་དཀར་ནང་དཀར་སྟོང་སང་ངེ་བ་ལུས་དང་མཉམ་པ་ཞིག་བསམ་མོ། །དེ་ལྟར་མ་ཡེངས་པར་ཡང་ཡང་དུ་བསྒོམས་པས་སྡིག་སྒྲིབ་དཀོར་སྐུ་གླུད་དམ་ཚིག་གི་ཉམས་ཆགས་ཐམས་ཅད་དག་གོ །གཉིས་པ་སྟོང་ར་ནད་གདོན་


LT17_Page_076B
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བྱེད་ནི། རང་གི་ཨོས་ཀོ་དང་རྣ་བའི་རྩ་བ་གཉིས་སུ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་དཀར་བ་རྩ་བ་གསང་གནས་སུ་ཟུག་པའི་ནང་དུ་སེམས་སྐྱེ་མེད་ཨ་དམར་པོ་ཞིག་བསམ། ངག་ཏུ་ཨ་ཨ་ཞེས་ཅི་རིགས་བརྗོད་པས་ཨ་དེ་འོད་དུ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ག་བུར་ལྟར་དཀར་བ་རེག་བྱ་བསིལ་བ། ཚ་བའི་ནང་ཐམས་ཅད་ཞི་པར་བྱེད་པའི་ནུས་པ་དང་ལྡན་པ་ཞིག་བསམ། ཡང་རང་གི་ནུ་མ་གཉིས་དེའི་ཐད་ཀར་སྒྲལ་ཚིགས་དང་གསུམ་ལ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་དམར་པོའི་ནང་དུ་རང་སེམས་སྐྱེ་མེད་ཨ་དམར་པོ་ཞིག་བསམ། ཡང་གོང་བཞིན་བརྗོད་པས་ཨ་དེ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ཟངས་ཞུན་ལྟར་དམར་བ་རེག་བྱ་ཚ་བ་གྲང་བའི་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པ་དང་ལྡན་པ་ཞིག་བསྒོམ། ཡང་རང་གི་ལྟེ་བ་དང་མཁལ་ཁུང་གཉིས་ལ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་སྨུག་པོའི་ནང་དུ་རང་སེམས་ཨ་སྨུག་པོ་ཞིག་བསམ། ངག་ཏུ་སྔར་བཞིན་བརྗོད་པས་ཨ་དེ་འོད་དུ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་མར་ཞུ་བའི་དངས་མ་ལྟར་སྨུག་པ། རེག་བྱ་འཇམ་པ། རླུང་གི་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པ་དང་ལྡན་པར་བསམ། ཡང་རང་གི་ལྟེ་འོག་སོར་བཞི་དང་དཔྱི་མགོ་གཉིས་ལ་ཟུར་རེ་རེ་གཏད་པའི། ཆོས་འབྱུང་ནག་པོའི་ནང་དུ་རང་སེམས་ཨ་ནག་པོ་ཞིག་བསམ། དེ་ལ་སྔར་བཞིན་བརྗོད་པས། ཨ་དེ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ཁྲོ་ཆུ་ལྟར་ཁོལ་བ་རེག་བྱ་ཤིན་ཏུ་ཚ་བ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲེག་པའི་ནུས་པ་དང་ལྡན་པ་ཞིག་བསམས་ནས། ངག་ཏུ་ཨ་ཞེས་བརྗོད་པས་ནད་ཐམས་ཅད་སྔོ་དམར་གྱི་རྣམ་པ། གདོན་ཐམས་ཅད་སྡིག་སྤྲུལ་སོགས་དང༌། སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུའི་རྣམ་པས་བ་སྤུའི་བུ་ག་ཐམས་ཅད་དང༌། འོག་སྒོ་ནས་འཐོན་ཅིང་ནང་དུ་ཡང་ཚག་ཆོམ་ཆོམ་སྲེག་པར་བསྒོམ་མོ། །འདི་རྣམས་རྒྱུན་དུ་མ་ཡེངས་


LT17_Page_077A
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམས་པས་གང་ལ་དམིགས་པའི་ནད་གདོན་ཐམས་ཅད་ཞི་བར་མྱོང་བས་གྲུབ་བོ། །ཡང་ན་ཆོས་འབྱུང་སྔ་མ་སྔ་མའི་ནང་དུ། ཕྱི་མ་ཕྱི་མ་རྣམས་བསྒོམས་ཀྱང་རུང་ངོ༌། །གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ། ཁང་སྟེང་དང་གངས་རི་སོགས་རི་བོའི་རྩེར་ཕྱིན་པ། ཆུར་མི་བྱིང་བར་ཕྱིན་པ། ངོ་ཚ་བའི་རྟོག་པ་མེད་པ་གཅེར་བུ་འཐོན་པ། ཁྲུས་བྱས་པ། གོས་དཀར་པོ་དྲི་མ་མེད་པ་གོན་པ་སོགས་ནི་སྡིག་པ་འདག་པའི་རྟགས་སོ། །འཁྲུ་སྐྱུགས་དང་རྣག་ཁྲག་འཛག་པ་དང༌། ལུས་ལ་རྡུལ་མང་པོ་འཐོན་པ་ནི་ནད་ཐོན་པའི་རྟགས་སོ། །སྡིག་སྦྲུལ་སྡོམ་སྦལ་ལྕོང་འབུ་སྲིན་ཐོན་པ་ནི་གདོན་ཐོན་པའི་རྟགས་སོ། །དེ་རྣམས་དངོས་སམ་ཉམས་སྣང་ངམ་རྨི་ལམ་སོགས་ཅི་རིགས་སུ་འབྱུང་ངོ༌། །གཉིས་པ་དངོས་གཞི་ལ་ལྔ་སྟེ། ལུས་གནད་མེའི་སྟོང་རའམ་དབུ་མ་ཆོས་བཞི་ལྡན། གཏུམ་མོ་གོས་སུ་གྱོན་པ། ཟས་སུ་ཟ་བ། གདན་དུ་བཏིང་བ། སྲིད་པའི་དབང་ཞུ་བའོ། །དང་པོ་ནི་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཙོག་པུ་བྱས། རྐང་པ་གཉིས་བསྣོལ་བའི་མཐིལ་སྟན་ལ་གཏད། ལག་པ་གཉིས་བསྣོལ་ནས་ལྷུ་བ་གཡས་གཡོན་གཉིས་ལ་འཇུས། གྲུ་མོ་པུས་མོ་ལ་བཀལ། མགྲིན་པ་ཅུང་ཟད་སྒུ་བར་བྱེད་པའི་མེ་ཐབ་དྲུག་ཆིངས་བྱས་ལ་སྤྱི་བོར་བླ་མ་སྡར་བཞིན་བསྒོམ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བརྗོད། སྲིད་པའི་དབང་ཞུས་ནས། རང་གི་སྤྱི་གཙུག་ནས་གསང་གནས་ཀྱི་བར་རྩ་དབུ་མ་མདའ་སྨྱུག་ལྟར་དྲང་བ། དོང་རྩེ་ལྟར་ཁོག་སྟོང་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་ཞུན་མར་ལྟར་དངས་པ་སྟེ་དབུ་མ་ཆོས་བཞི་ལྡན་གསལ་གདབ། དེའི་གཡས་ན་རོ་མ་དམར་པོ།


LT17_Page_077B
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ན་རྐྱང་མ་དཀར་མོ། །དེ་གཉིས་ཀྱི་མས་སྣ་དབུ་མའི་ནང་དུ་ཆུད་པ། ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་སྟེ་གནས་བཞིར་རོ་རྐྱང་གཉིས་འཁྲིལ་བའི་རྩ་མདུད་རེ་རེ་ཡོད་པ། སྤྱི་བོ་ནས་གཡས་སུ་རོ་མ་གཡོན་དུ་རྐྱང་མ་ལ་རྩ་ཕྲན་བཞི་བཞི་གྱེས་པ་ཁའི་གཡས་གཡོན་གཉིས། སྣ་བུག་གཉིས་མིག་གཉིས་རྣ་བ་གཉིས་པོ་རྣམས་སུ་སྦྲུལ་མགོ་ལྟར་ཚེག་གེ་ཡོད་པ། བཤང་ལམ་ཀྱི་སྒོར་རླུང་གི་མདའ་གཞུ་མཆོག་མ་ལ་བ་དན་སྔོན་པོ་འཕྱངས་པ། མདེ་རྩེ་རོ་རྐྱང་གཉིས་ཀྱི་བར་གྱི་དབུ་མའི་ནང་དུ་ཆུད་པ། མདེའུའི་རྩེར་རཾ་ལས་མེ་གླ་བའི་རིལ་མ་ཙམ་རྩ་བ་ཕྲ་བ། རྩེ་མོ་རྣོ་བ། རྐེད་པ་ལྡིར་བ། རེག་བྱ་ཚ་བ། ཁ་དོག་དམར་བ་སྟེ་ཆོས་ལྔ་ལྡན་གསལ་གདབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་མཐུར་ལ་ལྟ་བ་བསམ། དེ་ནས་རླུང་རོ་དལ་བུས་ཕྱིར་བསལ་ནས། རླུང་མཉམ་རྒྱུར་བྱས་ཏེ་སྟེང་རླུང་དལ་བུས་ནང་དུ་མར་དྲང༌། འོག་རླུང་དལ་བུས་ཡར་འཐེན་ལ་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བས། འོག་གི་རླུང་གཡོས་པས་མེ་དེ་གཟུག་མོ་བྱི་ཐུར་གྱི་དབྱིབས་འདྲ་བ་ཞིག་ལྟེ་འོག་ཏུ་འབར། ཡང་རླུང་བཟུང་ནས་ལྟེ་བར་འབར། རླུང་འཛིན་ཐེངས་གསུམ་པ་ལ་སྙིང་གར་སླེབས་པའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཡིག་ལས་ཐིག་ལེ་མུ་ཏིག་གི་ཕྲེང་བ་ལྟ་བུར་བབས། སྙིང་གའི་མེ་ལ་ཕོག་བས་སོར་སྒྲ་དང་བཅས་པ་བསམ། མེ་མ་ཤི་བ་དང་མེ་ལྕེ་མ་འདར་བར་བྱེད་པ་ཟབ་གནད་གཅིག་ཡིན་པས་གལ་ཆེའོ། །དེས་ཐོག་མར་དྲོད་སྐྱེ། དེ་ནས་བདེ་བ། དེ་ནས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བས་ཆོས་དྲུག་གི་རྩ་བ་ལྟ་བུ་ཡིན་ནོ། །འདི་ཡང་ནི་གུ་མས། །རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ཁ་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། ཞེས་པས་བསྟན་ཏོ། །གཉིས་པ་གཏུམ་མོ་གོས་སུ་གྱོན་པ་ནི།


LT17_Page_078A
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་དང་དམིགས་པ་སྔར་བཞིན་ལས་ལག་པ་བསྣོལ་བའི་མཐིལ་གཉིས་མཁལ་མ་གཡས་གཡོན་ལ་བཀབ་ལ། ལྟེ་བ་དང་དེའི་ཐད་ཀྱི་རྒྱབ་མཁལ་མ་གཡས་གཡོན་གཉིས་སུ་མེ་ཅོག་སྒོང་ཙམ་བཞི་བསམས་ལ་སྔར་བཞིན་རླུང་ཁ་སྦྱོར་བཟུང་བས་དྲོད་མྱུར་དུ་སྐྱེ་བ་མྱོང་བས་གྲུབ་བོ། །ན་སོ་རྒས་པོ་ཡིན་ན་མེ་ཕུག་རོན་གྱི་སྒོ་ངའམ་ངང་པའི་སྒོ་ང་ཙམ་བསམ་མོ། །གསུམ་པ་གཏུམ་མོ་ཟས་སུ་ཟ་བ་ནི། ལུས་གནད་གོང་བཞིན་ལ་སྔར་གྱི་དམིགས་པའི་སྟེང་དུ་ཆུ་རླུང་དཀར་པོ་བུས། མེ་རླུང་དམར་པོ་བཟུང་སྟེ་རླུང་ཁ་སྦྱར་བས། ༈ རྐན་ནས་མེ་འཇིགས་རྟགས་གཉིས་བར་དཔེ་གཅིག་ལ་མི་སྣང༌། མཆན།སུ་རུང་བ་ཞིག་བབས་པས། ༈ ལྟོ་བའི་ནང་ཐམས་ཅད་མེས་དམར་མེར་གང་བར་བསྒོམ་མོ། །དེ་ལ་གེགས་འབྱུང་ཉེ་བས་མྱོང་བ་དང་སྦྱར་ན། དང་པོ་རླུང་གི་རླུང་བུས། དེ་ནས་མེ་རླུང་བུས། དེ་ནས་རླུང་རྣམས་འོག་ནས་འབྱུང་བའི་ཁ་དོག་ལྟར་བུས་ནས། དེ་ནས་ས་རླུང་སེར་པོ་སོ་རྩ་ནས་བཟུང་བར་དམིགས་ལ་ལྟེ་འོག་གི་རླུང་ནང་དུ་དྲངས་ཏེ་ཁ་སྦྱར་བས་ལྟོ་པ་སེར་མེར་གང་བར་བསམ། དེ་ནས་ཆུ་རླུང་དཀར་པོ་ཡ་རྐན་ནས་བཟུང་བས་དཀར་མེར་གང༌། མེ་རླུང་དམར་པོ་སོ་བར་ནས་བཟུང་བས་དམར་མེར་གང༌། དེ་ནས་རླུང་རླུང་སྔོན་པོ་བཟུང་སྟེ་སྟེང་འོག་གི་རླུང་ཁ་སྦྱོར་བས་ལྟོ་བ་སྔོ་མེར་གང་བར་བསྒོམ། དེས་དྲོད་མྱུར་ཞིང་གེགས་ཆུང་ངོ༌། །བཞི་པ་གཏུམ་མོ་གདན་དུ་བཏིང་བ་ནི། ལུས་གནད་དང་དམིགས་པ་གོང་བཞིན་གྱི་སྟེང་དུ། ཉལ་བའི་ཚེ་ཁྱི་ཉལ་སྒོར་མོར་བྱ། གཞོག་གཡས་འོག་ཏུ་བཅུག་སྟེ་ཉལ་ལ་རླུང་ཕྱིར་ཕྱུང་བ་དང༌། སྣ་ནས་མེ་དམར་ནར་བྱུང་བས་མལ་སྦུག་ཐམས་ཅད་མེས་དམར་མེར་གང་བར་བསམས་ལ། རླུང་ཅུང་ཟད་བཟུང་ནས་བསྒོམ་མོ། །ལྔ་པ་སྲིད་པའི་དབང་བསྐུར་ཞུ་བ་ནི་སྤྱི་བོར་བླ་མ་སྔར་བཞིན་བསྒོམ། དེའི་ཐུགས་ཀ་ནས་འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཆང་གི་རྣམ་


LT17_Page_078B
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྤྱན་དྲངས་ལ་བསྟིམ། ཀུན་འདུས་བླ་མ་རིན་པོ་ཆེ་ལ་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་སྲིད་པའི་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང༌། སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་མངོན་དུ་བྱས་པར་བསམ། བདུད་རྩི་དམར་པོ་བྱུང༌། མགྲིན་པ་ཡན་ཆད་གང༌། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ལམ་རྫོགས་རིམ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་བྱས། བདུད་རྩི་སྔོན་པོ་བྱུང༌། སྙིང་ག་ཡན་ཆད་གང༌། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་མངོན་དུ་བྱས་པར་བསམ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། ལམ་སྤྲོས་བྲལ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་བཞི་མངོན་དུ་བྱས་པར་བསམ་མོ། །དེས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག །གེགས་མི་འབྱུང༌། ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ། སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། །གསུམ་པ་རྗེས་ལ་གཉིས་ལས། དང་པོ་གེགས་རང་གྲོལ་ནི། ནུ་མ་གཉིས་དེའི་དབུས་ཏེ་གསུམ་དང་དེ་གསུམ་གྱི་ཐད་ཀའི་རྒྱབ་ཏུ་ཁྲོ་བོའི་མིག་ཤིན་ཏུ་འཇིགས་པ་གསུམ་བསམ། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ། བ་སྤུའི་བུ་ག་ཐམས་ཅད་ཁྲོལ་མའི་མིག་གམ་ཚགས་སེའི་མིག་ལྟ་བུ་བསྒོམ། དེའི་མིག་རྣམས་ནས་ནད་ཐམས་ཅད་སྔོ་དམར་དང༌། གདོན་ཐམས་ཅད་སྡིག་སྦྲུལ་དང་སྦལ་ལྕོང་སོགས་དང༌།


LT17_Page_079A
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཐམས་ཅད་དུད་ཁུའི་རྣམ་པས་ཚགས་སེའི་ནང་ནས་ཆུ་ཚགས་པ་བཞིན་བུད་པར་བསམས་ལ་ཁ་སྦྱོར་བཟུང་ངོ༌། །སྨད་དུ་ཀུནྡའི་གེགས་བྱུང་ན་འཁྲུལ་འཁོར་དང་དབབ་བཟུང་ཟློག་དགྲམ་གྱི་དམིགས་པས་བསལ་ལོ། །རྗེས་ཀྱི་གཉིས་པ་རླུང་རྟར་ཞོན་པའི་མན་ངག་ནི། རང་གི་མཆན་ཁུང་གཉིས་དང་རྐང་མཐིལ་གཉིས་སུ། རླུང་གི་བྱ་མོ་སྔོན་མོ་རེ་རེ་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་གཞག་འོག་ཏུ་གཞུག །གཙོ་བོར་ས་རླུང་ཕྱིར་བུས། རླུང་རླུང་ནང་དུ་བཟུང་སྟེ། སྟེང་འོག་གི་རླུང་ཁ་སྦྱོར་ཏེ་གླིང་བཞི་རི་རབ་དང་བཅས་པ་ལ་བསྐོར་བར་བསམ་མོ། །རླུང་འབྱངས་ནས་འགྲོ་བའི་ཚེ་བྱ་མོ་བཞིས་ནམ་མཁའ་ལ་འཁྱེར་བར་བསམ་སྟེ། རླུང་བཟུང་ནས་ཕྱིན་ན་རྟ་མེ་ཆོག་དང་འདྲ་བའི་འགྲོས་འབྱུང་ངོ༌། །འདི་རྣམས་ཀྱང་ནི་གུམས། །བཅུད་པ་སྡུས་དག་བྱེད་སྟོང་རའི་གནད་གསུམ་དང༌། །དྲོད་མྱུར་གཏུམ་མོའི་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་བཟུང་ཟློག་དགྲམ་རླུང་དང་བསྲེ། །གཉིས་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ། །ཞེས་པས་བསྟན་པ་ཡིན་ནོ། །གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གསུམ་སྟེ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་བར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། །དང་པོ་ནི་སྔོན་འགྲོ་སྔར་བཞིན་བྱས་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། །ཞལ་འཛུམ་བག་དང་བཅས་པ། སྤྱན་གསུམ་དང་ལྡན་པ་དབུ་སྐྲ་སིལ་བུས་སྐུ་ཕྱེད་ཡན་ཆད་ཁེབས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། འོད་ཟེར་འཕྲོ་བས་བདག་གི་རྒྱུད་བྱིན་གྱིས་རློབས་བཞིན་པ་


LT17_Page_079B
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བསམས་ལ། དེའི་མདུན་དུ་བདག་གིས་བྱང་དྲངས་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཀུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། བླ་མ་རིན་པོ་ཆེ་བདག་མེད་རྟོགས་པར་བྱིན་གྱིས་རློབས། བདག་འཛིན་ཐོང་བར༴ སྒྱུ་ལུས་འབྱོངས་པར༴ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར༴ ཞེས་གསོལ་བ་དྲག་ཏུ་གདབ་ཅིང༌། བླ་མ་རིན་པོ་ཆེ་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཅེས་གསོལ་བ་གདབ་པས། གོང་ཐབས་ལམ་ལྟར་དབང་བསྐུར་བས་མཐར་རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ངང་དུ་ཡུན་རིང་དུ་མཉམ་པར་བཞག་གོ །དེ་ལས་ལྡངས་པའི་སྤྱོད་ལམ་ཐམས་ཅད་དང༌། སེམས་ལ་ཅི་སྣང་ཐམས་ཅད་ལ། ཨ་སྣང་ནི་སྣང༌། བདེན་ནི་མི་བདེན། སྒྱུ་མ་ཡིན། རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། །གསོལ་འདེབས་བླ་མའི་ལམ་ཁྱེར་དང༌། ཅི་སྣང་བདེན་མེད་ལམ་ཁྱེར་གཉིས་གསུངས་པའང་འདི་ཁོ་ན་ལ་འདུས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་ལམ་རྣམས་ཀྱི་གཙོ་བོ་འདི་ཁོ་ན་ཡིན་པས། འདི་ལ་འབད་ཅིང་རྩེ་གཅིག་ཏུ་ཉམས་སུ་བླངས་ན། ལམ་ཐམས་ཅད་མྱུར་དུ་བགྲོད་པ་ཡིན་ཏེ་ཡེ་ཤེས་མངོན་བྱུང་ལས། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང༌། ནི་གུ་མས། །ལམ་ལྡ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་སོ། །གཉིས་པ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ནི། བླ་མའི་རྣལ་འབྱོར་སྔར་བཞིན་བྱས་ལ། ཨེ་མ་སྔར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་འཆི། ད་སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང་འཆི། ད་ལྟ་བའི་སེམས་ཅན་ཐམས་ཅད་ཀྱང་མི་འཆི་བར་ཚེ་ཐར་དུ་


LT17_Page_080A
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་གཅིག་ཀྱང་མེད་པས། ང་ཡང་ངེས་པར་འཆི། ད་ཡང་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་འཆི་བའི་རྐྱེན་མང༌། འཚོ་བའི་རྐྱེན་ཉུང་བས་མྱུར་དུ་འཆི་བ་ཡིན་ཨང་སྙམ་དུ་བསམས་པས། ཚེ་འདིའི་མཐོ་དམན་གང་ལ་ཡང་བསྒྲུབ་འདོད་ཀྱི་བློ་མི་འཇུག་པ་ཞིག་ནམ་བྱུང་བྱུང་གི་བར་དུ་བསྒོམ། དེ་ནས་ཤི་བས་ཅི་ལྟོ་སྙམ་ན་ཤི་བའི་འོག་ཏུ་མེད་པར་མི་འགྲོ། །གནས་ལུགས་ཀྱི་དོན་ཅིག་མ་རྟོགས་པར་ཤི་ན། རིགས་དྲུག་གི་གྲོང་ཁྱེར་དྲུག་པོ་གང་རུང་ལས་འགྲོ་ས་མེད། དེ་རྣམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་འབའ་ཞིག་ལ་སྤྱོད་པ་མ་གཏོགས་བདེ་བའི་སྐབས་ཡེ་མེད་པས་སྐྱིད་པ་མི་འདུག་ཨང་སྙམ་དུ་བསམ་ཞིང༌། སངས་རྒྱས་ཐོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་ནམ་སྐྱེ་བར་དུ་བསྒོམ། ཨ་འདི་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་ཡང་དང་ཡང་དུ་བསྒོམ་མོ། །དེ་ནས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཧཱུྃ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ། །རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སྣང་ངོ་ན་གཟུགས་སུ་གྲུབ་པ། ཐོགས་བཅས་གྱི་གཟུགས་སུ་མ་གྲུབ་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་བསྒོམ། དེ་ལ་ལྷ་ཡི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་བཞུགས་ཚུལ་གྱི་རྣམ་པ་འདི་འདྲ་བ་རང་གི་བློས་བཀོད་པ་མ་གཏོགས་ཕྱི་རོལ་དུ་གྲུབ་པ་མི་འདུག་པས་འདི་འདྲ་བ་འདི་སྣང་ནི་སྣང༌། བདེན་ནི་མི་བདེན་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་ཞིང༌། གཞན་ཡང་སེམས་ཀྱི་ཡུལ་དུ་སྣོད་བཅུད་ཉེ་རིང་བར་མ་དགའ་སྡུག་ལ་སོགས་པའི་སྣང་བ་ཅི་བྱུང་ཡང༌། ལོང་གཏམ་སོགས་ཚིག་གཞན་གྱིས་བར་མ་ཆོད་པར། ངག་ཏུ་སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་བརྗོད་ཅིང༌། ཡིད་


LT17_Page_080B
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་སྒྱུ་མ་རྨི་ལམ་གྱི་དྲན་འདུན་ཡེ་མ་ཉམས་པར་བྱའོ། །རང་ལུས་སྣང་སྟོང་ལྷ་སྐུ་དང༌། ཅི་སྣང་སྒྱུ་མར་ལ་འཁྱེར་གཉིས་གསུངས་པའང་འདི་ཁོ་ན་ལ་འདུས་པ་ཡིན་ནོ། ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། །ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གི་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་འཚང་རྒྱ་ངེས། །ཞེས་གསུངས་སོ། །དེ་རྣམས་ལའང་མྱོང་བ་རེ་མ་སྐྱེས་ན་དབང་པོ་ཐ་མར་སོང་བ་ཡིན་པས། གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེ་བ་ན། སྔོན་འགྲོ་རྣམས་གོང་བཞིན་བྱས། རང་འཁོར་ལོ་སྡོམ་པར་གསལ་བའི་ལྟེ་བའི་འོག་ཏུ་ཆོས་འབྱུང་མས་ཡར་རིམ་པ་བཞིན་དུ། ནག་པོ། སེར་པོ། དམར་ལྗང༌། དམར་ནག །དམར་པོ། དཀར་པོ་རྣམས་ཀྱི་ནང་དུ་རིམ་བཞིན། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷ་རྣམས་བསྒོམ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་འདི་ཐམས་ཅད་སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད། སྣང་བ་ཐམས་ཅད་བདེན་མེད་སྒྱུ་མར་ནམ་སོང་བར་དུ་མལ་གྱི་དྲོད་མ་ཡལ་བར་བྱས་ལ་གཞི་གཅིག་ཏུ་བསྒོམ་མོ། །གཞན་ཡང་ནད་གདོན་ལ་སོགས་པའི་གནོད་པའམ། བདེ་བ་སྐྱིད་པ་ལ་སོགས་པའི་སྣང་བ་ཅི་བྱུང་ཡང་སྒྱུ་མ་ཡིན་རྨི་ལམ་ཡིན་ཅེས་བརྗོད་ཅིང་བསམས་པས། རིགས་དྲུག་སྐྱུ་མར་འཆར་བྱེད་དང༌། ནད་གདོན་སྒྱུ་མའི་ལམ་ཁྱེར་དང༌། འཆར་བྱེད་ཡོན་ཏན་ཚོགས་དྲུག་དང༌། ཞེན་མེད་སྒྱུ་མ་རང་ཤར་རྣམས་འདི་ཁོ་ན་ལས་འབྱུང་ངོ༌། །བསྒོམས་པས་ཤེས་སོ། །བསྡུ་ན་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་གི་ནང་དུ་རིགས་དྲུག་བསྒོམས་ནས་སྔར་བཞིན་བསམས་པས་སྒྱུ་མ་རང་ཤར་གྱི་ཡོན་ཏན་རྣམས་འབྱུང་ངོ༌། །དེ་རྣམས་ནི་ནི་གུ་མས། །སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུ་ལམ་


LT17_Page_081A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། །ཅེས་གསུངས་པའི་ཉམས་ལེན་གྱི་ཞལ་གདམས་སོ། །ཡང་ནི་གུ་མས། གང་གི་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་ཁྱེར་གྱི། །ཡོན་ཏན་རང་ཤར་ཉིན་མཚན་དུས་སུ་འབྱུང༌། །ཞེས་གསུངས་པའི་སྙན་བརྒྱུད་རྨི་ལམ་ཉིང་འཁྲུལ་རང་དག་ལ་དོན་དྲུག་སྟེ། རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་བལྟ་བའོ། །དང་པོ་རྨི་ལམ་བཟུང་བ་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི་སྔོན་འགྲོ་གཞན་རྣམས་གོང་དང་འདྲ་བ་ལས། བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རྒྱན་ཆ་ལུགས་གོང་དང་འདྲ་བ་ཞིག་བསྒོམས་ནས། བླ་མ་རིན་པོ་ཆེ་བདག་གིས་རྨི་ལམ་ཟིན་པར་བྱིན་གྱིས་རློབས། རྨི་ལམ་འབྱོངས་པར༴ རྨི་ལམ་སྤེལ་བར༴ རྨི་ལམ་སྤྲུལ་པར༴ རྨི་ལམ་བསྒྱུར་བར༴ ཡུལ་སྣང་བལྟ་བར་བྱིན་གྱིས་རློབས། ཞེས་གསོལ་བ་གདབ་ཅིང༌། བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་ཨོཾ་དཀར་པོ་བྱུང༌། རང་གི་དཔྲལ་བར་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། བླ་མའི་མགྲིན་པའི་ཨཱཿལས་ཨཱཿདམར་པོ་བྱུང༌། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ལམ་རྫོགས་རིམ་བསྒོམ་པ་ལ་དབང༌། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོ་བྱུང༌། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང༌། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་


LT17_Page_081B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་པའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་མོ། །འདི་རྨི་ལམ་སོགས་ཆོས་དྲུག་གི་སྔོན་དུ་བྱའོ། །གཉིས་པ་རྨི་ལམ་བཟུང་བའི་དངོས་གཞི་ལ་གཉིས་ཏེ། རང་ཟིན་དང༌། འཆུགས་མེད་གཉིས་སོ། །དང་པོ་ནི། རང་གི་སྤྱི་བོར་ཧཾ་ཡིག་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བྱུང་ནས་སྙིང་གར་སླེབས། གསང་གནས་ནས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཡར་བྱུང་ནས་སྙིང་གར་སླེབས། དེ་ནས་ཐིག་ལེ་དམར་པོ་དེས་དཀར་པོ་དེ་དེད་དེ། སྙིང་གར་ཁྲ་ཁོ་རོ་རོ་འཁོར་བ་ལ་སེམས་གཏད། རྨི་ལམ་སྒྱུ་མའི་དྲན་འདུན་བྱ། །དེ་ལྟར་ཐིག་ལེ་འཁོར་བ་བུམ་དབང༌། རེག་ལ་ཁད་པ་གསང་དབང༌། རེག་པ་ཤེས་རབ་ཡེ་ཤེས་དབང༌། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་ཏེ་མི་དམིགས་པར་སོང་བར་བསམ་པ་ནི་དབང་བཞི་པའོ། །དེ་ལྟར་ཡང་ནས་ཡང་དུ་བསྒོམ་ཞིང་གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་ཡལ་ཏེ་སོང་བའི་མི་རྟོག་བའི་ངང་ལ་རྨི་ལམ་བཟུང་ངོ༌། །ཟིན་པའི་ཚུལ་ནི། གཉིད་ཐུམ་ཕྲས་མང་པོ་འབྱུང༌། དེ་ནས་འཇམ་ཟིན་རྩུབ་ཟིན་གང་རུང་གིས། ཨ་འདི་རྨི་ལམ་དུ་འདུག་སྙམ་དུ་ཟིན་པ་འབྱུང་ངོ༌། །གཉིས་པ་འཆུགས་མེད་ལ་དོན་དགུར་མཛད་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། ལུས་གནད། དུས་གནད། དམིགས་པའི་གནད་དོ། །དང་པོ་ནི་ལུས་གནད་ཙོག་བུའོ། །གཉིས་པ་དུས་གནད་ནི་སྐྱ་རིངས་ཤར་ནས་ཉི་མ་མ་ཤར་གྱི་བར་རོ། །གསུམ་པ་དམིགས་པའི་གནད་ལ་གསུམ་སྟེ། རྟོག་མེད་གཉིས་དང༌། རྟོག་བཅས་གཅིག་གོ །རྟོག་མེད་ལ་འཛིན་པའི་དང་པོ་ནི། རང་གི་སྤྱི་གཙུག་གི་ཧཾ་ལས་ཐིག་ལེ་དཀར་པོ་མར་བྱུང༌། གསང་གནས་ནས་ཐིག་ལེ་དམར་པོ་ཡར་བྱུང་སྙིང་ཁར་འཕྲད། ཐིག་ལེ་གཉིས་སྔར་བཞིན་འཕྲོས་འདེད་ཀྱི་ཚུལ་གྱིས་འཁོར་བ་ལ་སེམས་


LT17_Page_082A
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། ཨ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་དུ་འདུག་སྙམ་པའི་དྲན་འདུན་དྲག་པོ་བྱའོ། །གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་པོ་དེ་སྣ་བུག་གཡས་ནས་ཐོན། དམར་པོ་དེ་སྣ་བུག་གཡོན་ནས་སྨིན་མཚམས་སུ་ཁྲ་ཁོ་རོ་རོ་འཁོར་བ་ལ་སེམས་གཏད། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱ། དེ་ནས་ཐིག་ལེ་དཀར་པོ་དེ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དམར་པོ་དེ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་བར་སོང་ནས། ཁོ་རོ་རོ་འཁོར་བ་ལ་སེམས་གཏད། འདི་སྒྱུ་མ་ཡིན། འདི་རྨི་ལམ་ཡིན་སྙམ་དུ་བསམ། མཐར་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་ནས་མི་རྟོག་པའི་ངང་ལ་གཉིད་ལོག་ནས་རྨི་ལམ་བཟུང་ངོ༌། །རྟོག་མེད་ལ་འཛིན་པའི་གཉིས་པ་ནི། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་འདི། བསལ་བྱ་གློ་བུར་གྱི་དྲི་མ་དག་པ་ཞིག་ཡིན་ཞེས་བརྗོད་ལ། རང་འཁོར་ལོ་སྡོམ་པར་གསལ་བའི་སྙིང་གར་པད་ཟླའི་སྟེང་དུ་འཁོར་ལོ་སྡོམ་པ་མཚོན་གང་བ་འོད་ཟེར་འཕྲོ་བ་ཞིག་བསམ་ལ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་དུ་འདུག་སྙམ་དུ་བསམ། གཉིད་ལོག་ཁར་རང་ཉིད་སྙིང་གའི་འཁོར་ལོ་སྡོམ་པ་ལ་ཐིམ། དེ་ཡང་འོད་དུ་ཡལ་སོང་སྟེ་མི་དམིགས་པའི་ངང་དུ་རྨི་ལམ་བཟུང༌། གསུམ་པ་རྟོག་བཅས་ལ་བཟུང་བ་ནི། རྨི་ལམ་གྱི་ལུས་ཙོག་པུ། དུས་སྐྱ་རེངས་ཤར་ནས་ཉི་མ་མ་ཤར་གྱི་བར། རྨི་ལམ་གྱི་རྒྱུ་ནི་ཡི་གེ་ཧཾ། རྨི་ལམ་གྱི་གནད་ནི་མགྲིན་པ་ཡིན་པས། རང་གི་མགྲིན་པར་ཡི་གེ་ཧཾ་དཀར་པོ་འོད་འཕྲོ་བ་ཞིག་བསམས་ལ། རྨི་ལམ་གྱི་ངོ་བོ་ནི་གཉིད་དུ་སོང་མ་སོང་གི་བར་གྱི་རྣམ་པར་རྟོག་པ་ཡིན་པས། གཉིད་དུ་སོང་ནས་རྨི་ལམ་རགས་པ་མ་ཤར་གྱི་བར་དེར་མི་ལ་སོགས་པའི་རྣམ་རྟོག་རབ་རིབ་ཤར་བ་དེ་དྲན་པས་བཟུང་སྟེ་མིག་མི་འབྱེད་པར་འདི་རྨི་ལམ་དུ་འདུག་སྙམ་དུ་ངོས་བཟུང་བས་རྨི་ལམ་མི་ཟིན་མི་སྲིད་དོ། །དེས་ཀྱང་ཡེ་མ་ཟིན་ན་སྤྱི་བོར་ཐོད་པའི་


LT17_Page_082B
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཀླད་རྒྱའི་སྟེང་དུ་རྡོ་རྗེ་བདག་མེད་མ་དཀར་མོ་གྲི་ཐོད་འཛིན་པ། ནམ་མཁའ་ལ་ལྡིང་བ་འདྲ་བ་ཞིག་བསྒོམ། དེས་མི་ཟིན་མི་སྲིད་དོ། །འདི་རྒྱུན་དུ་བྱས་ན་གེགས་ཆེ་བས་བཞག་གོ །གཉིས་པ་རྨི་ལམ་སྦྱང་བ་ལ་བཞི་སྟེ། ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མས་སྦྱོང་བ། འདུན་པས་སྦྱོང་བའོ། །དང་པོ་ལུས་ཀྱིས་སེམས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་དཀར་པོ་རྡོར་དྲིལ་འཛིན་པར་བསྒོམ། འདི་རྨི་ལམ་ཡིན་པར་འདུག །རྨི་ལམ་ལ་ཇི་ལྟར་སྦྱར་སྦྱང་ཡིན་སྙམ་དུ་བསམས་ནས་གཡང་ས་ལྟ་བུལ་བསྐྱུར་བས་འོད་དུ་ཡལ་སོང་བར་བསམ་མོ། །གཉིས་པ་སེམས་ཀྱིས་ལུས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་སྨིན་མཚམས་དང་ཚེགས་ཐམས་ཅད་དུ་ཡི་གེ་ཧཱུྃ་སྔོན་པོ་རེ་རེ་བསྒོམ། དེའི་འོད་ཀྱིས་རང་གི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་སྤྱད། །གསུམ་པ་བདག་མེད་མས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་ནོར་བུའི་ནང་དུ་ཧཱུྃ་དཀར་པོ་མགོ་བོ་མཐུར་དུ་ལྟ་བ་ཞིག་བསམ། དེ་ལ་དམིགས་པ་གཏད་དེ། འདི་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་མགོ་བོ་གྱེན་དུ་ལོག་བས། རྡོ་རྗེ་བདག་མེད་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ཞིག་ལུས་ཀྱི་ནང་དུ་བདེ་ཕྲི་ལི་ལི་སོང་ནས་འོད་དུ་ཞུ་སྟེ། ལུས་ཀྱི་ནང་ཐམས་ཅད་འོད་དཀར་པོས་གང་བས་མཐར་ཡལ་ཏེ་སོང་ནས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །བཞི་པ་འདུན་པས་སྦྱོང་བ་ནི། སྣོད་བཅུད་ཕྲ་རགས་ཅི་མཐོང་ཡང་རྨི་ལམ་དུ་འདུག་སྙམ་དུ་བསམས་ནས། རང་གི་ལུས་ཕར་ཐལ་ཚུལ་ཐལ་དུ་སྦྱང༌། གསུམ་པ་རྨི་ལམ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང༌། གང་འདུལ་དུ་སྤེལ་བའོ། །དང་པོ་ནི་ས་ཡི་དཀྱིལ་འཁོར་ལ་དམིགས་ཏེ་འདི་རྨི་ལམ་དུ་འདུག །རྨི་ལམ་གྱི་སྣང་བ་ལ་གང་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས་གཅིག་ལས་བཅུ། བཅུ་ལས་བརྒྱ། བརྒྱ་ལས་སྟོང༌། སྟོང་ལས་ཁྲི།


LT17_Page_083A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འབུམ་ལ་སོགས་པ་བློས་འཁྱུད་ཚད་དུ་སྤེལ་ནས། རིམ་པ་ལོག་གེ་བས་བར་སྣང་གང་བ་ཙམ་དུ་བསྒོམ་མོ། །དེའི་འོག་ཏུ་ཆུའི་དཀྱིལ་འཁོར་སྔར་ལྟར་སྤེལ་ལོ། །དེ་ནས་མེའི་དཀྱིལ་འཁོར། རྗེས་སུ་རླུང་གི་དཀྱིལ་འཁོར་གོང་ལྟར་སྤེལ་ལོ། །དེས་མཚོན་ཏེ་འབྱུང་བཞི་ཕྲ་རགས་དང་སེམས་ཅན་ཕྲ་རགས་གང་མཐོང་ཡང་རྨི་ལམ་དུ་བསམས་ནས་གོང་ལྟར་སྤེལ་ལོ། །གཉིས་པ་གང་འདུལ་དུ་སྤེལ་བ་ལ་གཉིས་ཏེ། འཇིག་རྟེན་པའི་གང་འདུལ་དང༌། འཇིག་རྟེན་ལས་འདས་པའི་གང་འདུལ་ལོ། །དང་པོ་ནི་ཕ་རོལ་པོ་འབུ་ལྟ་བུ་ལ་མང་པོར་སྤེལ་ནས། རང་བྱེའུ་མང་པོར་སྤྲུལ་ནས་བཟའ་བ་སོགས་ཀྱིས་འདུལ། བྱེའུ་ལྟ་བུ་ལ་རང་ཁྲ་ལྟ་བུ་སྤྲུལ་ནས་འདུལ། ཁྱི་ལ་སྦྱང་ཁྱི། སྤྱང་ཁྱི་ལ་སྟག །སྟག་ལ་སེང་གེ །མི་ལ་སྲིན་པོ་ལ་སོགས་རང་ལ་རང་གི་གཉེན་པོ་དེ་དང་དེར་སྤྲུལ་ནས་གསོད་པ་དང་བཅིང་བ་དང་བརྡུང་བ་ལ་སོགས་པ་བྱ་སྟེ་འདུལ་ལོ། །གཉིས་པ་ནི། ཕ་རོལ་ཀླུ་ལྟ་བུ་ལ་རང་བྱ་ཁྱུང་རྒྱལ་པོ་དང༌། པེ་ཀར་ལྟ་བུ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། གནོད་སྦྱིན་དང་སྲིན་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་སོགས་གདོན་དེའི་གཉེན་པོར་བསྔགས་པའི་ཁྲོ་བོ་སོགས་དེ་དང་དེར་སྤྲུལ་ནས་འདུལ་བ་དང་ཁྱུར་མིད་ལ་བཟའ་བ་དང༌། ཕྱག་མཚན་གྱིས་གཏུབས་པ་དང་མེ་ཕུང་གིས་བསྲེག་པ་ལ་སོགས་པ་བྱ་སྟེ་འདུལ་ལོ། །བཞི་པ་རྨི་ལམ་སྤྲུལ་པ་ལའང་དེས་མཚོན་ནོ། །ལྔ་པ་རྨི་ལམ་སྒྱུར་བ་ནི། སའི་དཀྱིལ་འཁོར་འདི་ཆུར་བསྒྱུར། ཆུའི་དཀྱིལ་འཁོར་མེར་བསྒྱུར། མེའི་དཀྱིལ་འཁོར་འདི་རླུང་དུ་བསྒྱུར། རླུང་གི་དཀྱིལ་འཁོར་དེ་ནམ་མཁའ་ལ་ཡལ་སོང་བར་བསམས་ནས་དེའི་ངོ་བོར་བལྟའོ། །དེ་ནི་སྣོད་ཀྱི་འཇིག་རྟེན་བསྒྱུར་བའོ། །བཅུད་ཀྱི་སེམས་ཅན་བསྒྱུར་བ་ནི། དམྱལ་བ་རྣམས་ཡི་དྭགས་སུ་བསྒྱུར། ཡི་དྭགས་རྣམས་དུད་འགྲོར་བསྒྱུར། དུད་འགྲོ་རྣམས་མིར་བསྒྱུར། མི་རྣམས་ལྷ་མིན་ཏུ་བསྒྱུར། ལྷ་མིན་ལྷར་བསྒྱུར།


LT17_Page_083B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཕྱག་རྒྱ་ཆེན་པོར་བསྒྱུར། ཡང་ལྷ་ནས་དམྱལ་བའི་བར་ཡས་མར་བསྒྱུར། དེ་བཞིན་དུ་མ་དག་པའི་འཇིག་རྟེན་འདི་ཡང་དག་པའི་ཞིང་ཁམས་སུ་བསྒྱུར་བ་ལ་སོགས་པ་རྨི་ལམ་ལ་བརྟན་པ་ཐོབ་པར་བྱའོ། །དེ་ཐམས་ཅད་ལའང་འདི་རྨི་ལམ་དུ་འདུག་རྨི་ལམ་གྱི་སྣང་བ་ལ་གང་བསྒྱུར་བསྒྱུར་ཡིན་སྙམ་དུ་བསམ་པ་གལ་ཆེའོ། །དྲུག་པ་ཡུལ་སྣང་བལྟ་བ་ནི་ལུས་གནད་དང༌། སྔོན་འགྲོ་གོང་དང་འདྲ་བ་ལས། རང་ཡི་དམ་དུ་གསལ་བའི་ལྟེ་བའི་འོག་ཏུ་ཆོས་འབྱུང་ངམ། ཐོད་པ་ཕྱི་དཀར་ལ་ནང་དམར་བ་བདུད་རྩིས་གང་བ་ཞིག་བསམ། དེ་ནས་རང་གི་སྣ་བུག་གཡས་ནས་ཚུར་རྡོ་རྗེ་བདག་མེད་མ་དཀར་མོ་གྲི་གུག་དང་ཐོད་པ་བསྣམས་པ་གར་སྟབས་ཅན་ཅིག་གིས་སྣ་དྲངས་ནས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་བྱོན། ལྟེ་འོག་ནས་བདུད་རྩི་བཞེས་པས་དགྱེས་པར་བསམ། ཡི་དམ་གྱི་ལྷ་ཁྱེད་རྣམས་ཀྱིས་བདག་གིས་ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། སྙམ་དུ་བསམས་པས་བདག་མེད་མས་སྣ་དྲངས་ནས་སྣ་བུག་གཡོན་ནས་ཕྱིར་ཐོན་ནས་ནམ་མཁའ་ལ་བཞུགས་ནས་ཕྱག་གིས་བརྡ་མཛད་ནས། ཐོག་མར་དམྱལ་བའི་གནས་བསྟན། དེ་ནས་ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷ་ཡི་གནས། དེ་ནས་བདེ་བ་ཅན་ལ་སོགས་དག་པའི་ཞིང་ཁམས་བསྟན་པར་བསམ་མོ། །དེ་ལྟར་ཉིན་མཚན་གཉིས་ཀར་བསམ་ཞིང༌། ཡུལ་སྣང་གཏན་ལ་ནམ་ཕེབས་བར་དུ་བསྒོམ། སྐབས་སུ་སྣོད་བཅུད་དུ་སྣང་བ་དེ་ཡི་བྱུང་གནས་འགྲོ་གསུམ་རྩད་བཅད་ནས་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཐག་བཅད། སེམས་ཀྱི་བྱུང་གནས་འགྲོ་གསུམ་ཡང་རྩད་བཅད་ནས་མཐར་ཕྱག་རྒྱ་ཆེན་པོ་སྣང་སྟོང་ཟུང་འཇུག་གི་ངང་དུ་མཉམ་པར་བཞག་གོ །དེས་ན་འདིར་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམ་གསལ་མཐོང༌། ཐ་མ་ཡིད་ལུས་མཁའ་ལྡིང༌། དམན་པ་དམིགས་པའི་ཡུལ་མཐོང་ངོ༌། །ཕྱི་མ་ལ་བདག་མེད་མས་ཡུལ་སྣང་འཆར་བྱེད། ཨས་ཡུལ་སྣང་རང་


LT17_Page_084A
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་ཅེས་སྤྲོས་པ་རྣམས་ནི་འདི་ཁོ་ན་ཉམས་སུ་བླངས་པས་གྲུབ་པར་ཡོད་དོ་ཟབ། ⁽14b4⁾། །དེ་དག་གི་སྐབས་སུ་འཁྲུལ་འབྱམས། སད་འབྱམས། བདེ་འབྱམས་སོགས་ཀྱི་གེགས་བྱུང་ན་བླ་མ་ལ་མོས་གུས་བྱས་ནས་གསོལ་བ་གཏབ། ཡི་དམ་ཆོས་སྐྱོང་ལ་ཚོགས་འཁོར་དང་གཏོར་མ་དང༌། གེགས་སེལ་གྱི་དམིགས་པ་རྨོག་ལྕོག་པས་མཛད་པའི་འབྱམས་གཅོད་དུ་ལྟོས་ཤིག །བཞི་པ་འོད་གསལ་གཏི་མུག་རང་སངས་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། མི་རྟག་པ་དང་འཁོར་བའི་ཉེས་དམིགས་བསམ། ཁ་ཟས་བཅུད་ཅན་ཟ། སྤྱོད་ལམ་དལ་བར་སྡོད། ཐབས་ལམ་ནན་བསྐྱེད་ལ་བསྒོམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཚོགས་འཁོར་གཏོར་མ་འབུལ། འོད་གསལ་མོས་གུས་ཀྱི་གནད་ཡིན་པས་བླ་མ་ལ་གསོལ་བ་དྲག་ཏུ་གདབ་བོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་དུ་ཁྱེར་བ། བསྲེ་བ། མཐར་ཐུག་གི་འོད་གསལ་ལོ། །དང་པོ་ལ་ཨ་ལ་བཟུང་བ་ནི། རང་འཁོར་ལོ་སྡོམ་པ་གསལ་བའི་སྙིང་གར་ཨ་དཀར་པོ་དྲི་མ་མེད་པ་འོད་འཚེར་བ་ཞིག་བསམ། དེའི་འོད་ཀྱིས་ལུས་ཀྱི་ནང་གང༌། དེ་ནས་རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་དཀར་སེང་ངེ་བ་ཞིག་བསྒོམ་ལ་བཟུང་ངོ༌། །དེ་ལ་མ་ཟིན་ན་རང་བདེ་མཆོག་དཀར་པོར་གསལ་བའི་ཐུགས་ཀའི་པད་ཟླའི་སྟེང་དུ་རང་འདྲ་བའི་འཁོར་ལོ་སྡོམ་པ་ཚོན་གང་བའི་ཐུགས་ཀར་ཨ་དཀར་པོ་ཉུངས་འབྲུ་ཙམ་འོད་འཕྲོ་བ་ཞིག་བསམ། དེ་ལས་འོད་འཕྲོས་པས་ལུས་ཕྱི་ནང་ཐམས་ཅད་དཀར་སིང་སོང༌། བ་སྤུའི་བུ་ག་རྣམས་ནས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་དཀར་སིང་ངེ་བ་ཞིག་ཏུ་བསྒོམས་པས་འཆར་རོ། །དེ་ལ་མ་ཟིན་ན་ཐིག་ལེ་ལ་བཟུང་བ་ནི། རང་འཁོར་ལོ་སྡོམ་པ་ཚོན་གང་ཙམ་དུ་གསལ་བའི་སྨིན་མཚམས་ཐིག་ལེ་དཀར་པོ་ཏིལ་


LT17_Page_084B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཙམ་འོད་འཕྲོ་བ་ཞིག་ལ་སེམས་རྩེ་གཅིག་ཏུ་གཏད་དེ། ཡེམ་ཡེངས་པར་བསྒོམས་ན་འཆར་བར་ངེས་སོ། །ཡང་ན་བདག་མེད་མལ་བཟུང་བ་ནི། གོང་རྨི་ལམ་གྱི་སྐབས་སུ་བཤད་པའི་ཀླད་རྒྱའི་མཚམས་ཀྱི་བདག་མེད་མ་ནམ་མཁའ་ལ་ལྡིང་བ་འདྲ་བ་དེ་བསྒོམ་ཞིང་ཐོད་པ་དུང་ཁང་ལྟ་བུར་བསྒོམས་པས་ཟིན་ནོ། །ལམ་ཁྱེར་སོགས་ཕྱི་མ་གསུམ་ནི་འོད་གསལ་ཤར་ན་སྤྲོས་ཏེ་བོགས་འདོན་དང་བཅས་པ་རྣམས་རྒྱས་པར་རྡོ་རྗེའི་ཚིག་རྐང་དང་ཁྱུང་པོའི་བསྡུས་དོན་བཞིན་དུ་བླ་མ་གོང་མའི་ཁྲིད་ཡིག་ཏུ་གསལ་ཞིང་བླ་མས་ངོ་སྤྲད་པས་ཆོག་གོ །རྗེས་ལ་དམ་ཚིག་ལ་རྩ་བ་དང་ཡན་ལག་གི་ལྟུང་བས་མ་ཕོག་པར་བྱ་ཞིང༌། བྱེ་བྲག་ཏུ་འོད་གསལ་ལ་ཐིག་ལེ་ཡེ་ཤེས་ཀྱི་དྭངས་མ་ཡིན་པས་ཁམས་དཀར་པོ་བ་ཐག་ཙམ་ཡང་མ་ཉམས་པར་བྱའོ། །གཞན་ཡང་གེགས་སེལ་བོགས་འདོན་འོད་གསལ་འཆར་སྒོ་ངོས་འཛིན་ཉམས་རྟོགས་དང་ཉིན་མཚན་གྱི་ཁྱད་པར་སོགས་བླ་མ་གོང་མའི་གསུང་སྒྲོས་སུ་གསལ་ལོ། །འདི་དག་ཀྱང་ནི་གུ་མས། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང༌། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་གདིང་དང༌། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང༌། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱའོ། །ཞེས་པའི་ཉམས་ལེན་ནོ། །ལྔ་པ་འཕོ་བ་མ་བསྒོམ་སངས་རྒྱས་ནི། ནི་གུ་མས། །འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤང་བྱ་སྟེ། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕངས་ཤིང་སྨོན་ལམ་བརྒྱན་པར་བྱ། །ཞེས་གསུངས་པའི་ཉམས་ལེན་ལ། རབ་ལྟ་ཐོག་ནས་འཕོ་བ། འབྲིང་སྒྱུ་ལུས་ནས་འཕོ་བ། ཐ་མ་སྨོན་ལམ་གྱིས་འཕོ་བའོ། །དང་པོ་ནི། འཕོ་བྱ་འཕོ་བྱེད་བྲལ་བའི་རང་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ནམ་མཁའ་དྭངས་བ་ལྟ་བུ་བདེ་གསལ་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་འཇོག་པའོ། །འདི་ལ་ཆོས་སྐུ་དེ་


LT17_Page_085A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཀྱི་འཕོ་བ་ཡང་ཟེར་རོ། །གཉིས་པ་དབང་པོ་འབྲིང་སྒྱུ་ལུས་ཀྱི་སྟེང་ནས་འཕོ་བ་ལ། ཡི་དམ་ལ་འཕོ་བ་དང༌། བླ་མ་ལ་འཕོ་བ་གཉིས། དང་པོ་ལ་སྦྱང་བ་དང༌། ལས་ལ་སྦྱོར་བ་གཉིས། དང་པོ་ནི། རང་གི་སྤྱི་བོར་པད་ཉིའི་སྟེང་དུ་ཡི་དམ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་ཞིག་ཤིན་ཏུ་གསལ་བར་བསྒོམ། དེ་ལ་མཆོད་པ་འབུལ། ཡི་དམ་དཔལ་ཧེ་རུ་ཀ་བདག་མཁའ་སྤྱོད་ཀྱི་གནས་སུ་དྲང་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་གདབ། ཧེ་རུ་ཀས་རིགས་ཀྱི་བུ་ཡར་ཤོག་གསུངས་པའི་གནང་བ་བྱུང་བས་རང་གི་སེམས་འོད་དཀར་པོ་ཞིག་ཏུ་གྱུར་ནས། རྩ་དབུ་མའི་ནང་ནས་ཡར་སོང་སྟེ། སྤྱི་གཙུག་ནས་རྒྱང་ཐོན། ཡི་དམ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ། དེ་ནས་ཡི་དམ་ཡབ་ཡུམ་ཀྱང་འོག་མིན་གྱི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཀར་ཐིམ་པར་བསམ། དེའི་ཐུགས་ཀ་ན་ཨ་དཀར་པོ་གཅིག་ཡོད་པ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ནས་ཨ་དེ་འོད་དཀར་པོ་ཞིག་ཏུ་སོང་སྟེ་ཡས་མར་བྱུང་རང་གི་ཚངས་བུག་ནས་དབུ་མའི་ནང་ན་མར་ཞུགས། སྙིང་གར་སླེབས་པས་ཨ་དཀར་པོ་ཞིག་ཏུ་སོང་བ་ལ་སེམས་གཏད། དེ་ལྟར་ཡང་དང་ཡང་དུ་སྦྱངས་པས། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་ཆུ་འཛག་པ་འོང༌། འབྲིང་ལ་སྤྱི་བོ་འཕྲིགས་པ་ལ་སོགས་པ་འབྱུང༌། ཐ་མ་ལ་ཡང་སྤྱི་བོ་ཟ་གུལ་བ་ཡོང༌། དེ་རྣམས་འབྱོངས་པའི་རྟགས་ཡིན་ནོ། །དེའི་གནས་སྐབས་རྣམས་སུ་རྣམ་ཤེས་ཐལ་སྲིད་པས། སྤྱི་གཙུག་ན་རིན་པོ་ཆེའི་སྣོད་ཀྱིས་མནན། དེས་ཐུབ་བོ། །གཉིས་པ་ལས་ལ་སྦྱར་བ་ནི། ནམ་ཞིག་འཆི་ལྟས་ཀྱིས་ཕོག་པའི་ཚེ་བླ་མ་ཡི་དམ་ལ་ཚོགས་དང་གཏོར་མ་འབུལ། ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་ཡུལ་ཡིད་དུ་འོང་བ་སོགས་


LT17_Page_085B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བརྟེན་པའི་ཆགས་སྡང་རྨོངས་གསུམ་ཐམས་ཅད་སྤངས་ལ་གོང་གི་དམིགས་པ་བཞིན་རྩེ་གཅིག་ཏུ་འཕོས་ནས་སེམས་སླར་ལུས་ལ་མི་ལྡོག་གོ །གཉིས་པ་བླ་མ་ལ་འཕོ་བ་ལའང་གཉིས་ལས་སྦྱང་བ་ནི། སྔོན་འགྲོ་གོང་དང་འདྲ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་རྒྱན་ཆ་ལུགས་རྣམས་གོང་སྒྱུ་ལུས་བཞིན་དུ་བསྒོམས་ནས་ཡན་ལག་བདུན་པ་འབུལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཡང་ཡང་བརྗོད་ཅིང་བདག་མཁའ་སྤྱོད་ཀྱི་གནས་སུ་དྲང་དུ་གསོལ། བདག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་གོང་བཞིན་དུ་གནང་བ་བྱུང་བས། རང་སེམས་འོད་དཀར་པོ་ཞིག་ཏུ་སོང་སྟེ་རྩ་དབུ་མའི་ནང་ནས་ཡར་སོང༌། ཚངས་བུག་ནས་རྒྱང་འཐོན་ནས་བླ་མའི་ཐུགས་ཀར་ཐིམ་པས་བླ་མ་ཡང་འོད་དུ་ཡལ་ནས་མི་རྟོག་པའི་ངང་དུ་འཇོག །ཡང་ན་བླ་མ་འོག་མིན་དུ་འཁོར་ལོ་སྡོམ་པའི་ཐུགས་ཀར་ཐིམ་པ་སོགས་སྔར་དང་འདྲའོ། །ལས་ལ་སྦྱར་བའང་གོང་གི་རིགས་པས་ཤེས་དགོས་སོ། །ཐ་མ་སྨོན་ལམ་གྱིས་འཕོ་བ་ནི། གང་ཟག་ཐ་མལ་པ་དམིགས་པ་མི་ཆུན་པ་རྣམས་ལ་ནི་འཆི་བའི་ཚེ་ཆགས་སྡང་སྤངས་ནས་དག་པའི་ཞིང་དུ་སྐྱེ་བ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པ་གདབ་ཅིང་སངས་རྒྱས་ཀྱི་མཚན་བྱིན་རླབས་ཅན་སྒྲོག་པ་ལ་སོགས་པ་བྱ་བ་ཡིན་ནོ། །འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ནི་ཞལ་གདམས་ཟུར་དུ་ཡོད་དོ། །སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་འཕོ་བའི་མན་ངག་⁽14b4⁾། །དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ལ། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོར་བསྡུས་ནས་བཤད་ན། རང་བཞིན་ལྷུན་གྲུབ་ཀྱི་བར་དོ། ཏིང་འཛིན་བསམ་གཏན་གྱི་བར་དོ། རྣམ་སྨིན་སྐྱེ་ཤིའི་བར་དོ། རྨི་ལམ་བག་ཆགས་ཀྱི་བར་དོ། ལུགས་ལྡོག་འཆི་ཁའི་བར་དོ། ལུགས་འབྱུང་སྲིད་པའི་བར་དོ་སྟེ་དྲུག་ལས། འདིར་སྦྱང་བྱའི་


LT17_Page_086A
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་གཙོ་ཆེ་བ་སྐྱེས་ནས་མ་ཤིའི་བར་གྱི་སྐྱེ་ཤི་བར་དོ་དང༌། གཉིད་དུ་སོང་ནས་མ་སད་ཀྱི་བར་རྨི་ལམ་བར་དོ་དང༌། ཤི་ནས་སྐྱེ་བ་ཕྱི་མ་མ་བླངས་བར་གྱི་སྲིད་པ་བར་དོ་གསུམ་ཡིན་པ་ལས། དང་པོ་ནི། སྦྱོང་བྱེད་སྒྱུ་ལུས་བསྒོམས་པས་སྦྱངས་ལ། གཉིས་པ་ནི་སྦྱོང་བྱེད་རྨི་ལམ་སྦྱོང་སྤེལ་གྱིས་སྦྱང་བར་བྱའོ། །འདིར་སྐབས་སུ་བབ་པ་སྲིད་པ་བར་དོ་སྦྱོང་བའི་ཚུལ་ལ་ནི་གུ་མས། །བར་དོ་སྣང་སོགས་འོད་གསལ་ལོངས་སྐུ་དང༌། །གང་འདུལ་སྤྲུལ་སྐུ་མཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱང༌། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར། །གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱ། །ཞེས་གསུངས་པའི་ཉམས་ལེན་ལ། ད་ལྟའི་གནས་སྐབས་སུ་སྲིད་པ་བར་དོ་འདུན་པས་སྦྱང་བའི་ཚུལ་དང༌། །འཆི་བ་འོད་གསལ་ཤར་ནས་བར་དོ་ཚུན་ཆད་དུ་ཉམས་སུ་བླངས་ནས་འཚང་རྒྱ་བའི་ཚུལ་གཉིས། དང་པོ་ནི། ཨ་ཙ་མ་ང་ཤི་ནས་བར་དོ་ན་སླེབས་འདུག །གདོས་བཅས་ཀྱི་ལུས་མེད་པས་ཕྱིན་པའི་ཤུལ་ལ་རྐང་རྗེས་ཀྱང་མི་འདུག །ལུས་ལ་ཁམས་དཀར་དམར་མེད་པས་ཕྱི་རོལ་དུ་ཉི་ཟླའི་འོད་མི་སྣང༌། རང་གི་གྲིབ་མའང་མི་སྣང་འདུག་པ་བར་དོ་ན་ཡོད་པའི་རྟགས་ཡིན། ང་ལ་བླ་མ་རིན་པོ་ཆེས་བར་དོ་ལ་བར་དོ་ངོ་ཤེས་པར་གྱིས་ལ་བར་དོ་རྒྱལ་བ་ལོངས་སྐུར་ཉམས་སུ་ལོང་གསུངས་པའི་སྐབས་དེར་སླེབས་འདུག་པས་རེ་ས་གཞན་ན་མེད་དོ། །བླ་མ་དཀོན་མཆོག་མཁྱེན་སྙམ་དུ་གསོལ་བ་གདབ་ཅིང༌། རབ་ཀྱིས་ལྟ་ཐོག་ཏུ་འཇོག །འབྲིང་སྒྱུ་ལུས་བསྒོམ། ཐ་མ་སྨོན་ལམ་རྣམ་པར་དག་པར་གདབ་བོ། །ཡང་སྐབས་སུ་ང་ཤི་ནས་བར་དོ་ན་སླེབས་འདུག །དེའི་རྟགས་རེས་འགའ་རམ་འབྲོག་ཆེན་པོ་སྐྱ་ངམ་མེ་བ་དང༌། རེས་འགའ་དམར་ངམ་མེ་བ་དང༌། རེས་འགའ་ནག་ངམ་མེ་བའི་སྣང་བ་འདུག །འདི་བླ་མའི་གསུང་གིས་ཡང་བའི་


LT17_Page_086B
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ཡོད་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་སོགས་སྔར་བཞིན་བསྒོམ། ཡང་སྐབས་སུ་ང་བར་དོ་ན་འདུག །ས་རླུང་ལོག་པས་རི་བོ་སོགས་གྲུམ་པའི་སྒྲ་དང༌། དེའི་འོག་ཏུ་འཆོར་བའི་སྣང་བ་དང༌། ཆུ་རླུང་ལོག་པས་ཆུ་བོ་ཆེན་པོའི་སྒྲ་དང༌། དེས་ཁྱེར་བའི་སྣང་བ་འབྱུང༌། མེ་རླུང་ལོག་པས་ནགས་མེས་ཚིག་པ་ལ་སོགས་མེའི་སྒྲ་དང༌། དེས་ཚིག་པ་འདྲ་བའི་སྣང་བ་འབྱུང༌། རླུང་གི་རླུང་ལོགས་པའི་སྟོབས་ཀྱིས་ལས་ཀྱི་རླུང་ཆེན་པོའི་སྒྲ་དང༌། དེས་ཁྱེར་བའི་སྣང་བ་འབྱུང་བ་འདི་བླ་མས་བར་དོར་འཇིགས་པའི་སྒྲ་བཞི་འབྱུང་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་དོ་སོགས་གོང་བཞིན་བསྒོམ། ཡང་སྐབས་སུ་ང་ཤི་ནས་བར་དོ་ན་འདུག །གནས་མ་ངེས་པ་རེས་འགའ་ལྷ་ཁང་དང༌། ཁང་ཁྱིམ་ལ་སོགས་པའི་སྣང་བ་འཆར། རེས་འགའ་ས་ཕུག་དང་སྤྱིལ་པོ་ལ་སོགས་པའི་སྣང་བ་འཆར། གྲོགས་ལ་ངེས་པ་མེད་པ་རེས་འགའ་ལྷའི་བུ་དང་བུ་མོ་སོགས་ཡིད་དུ་འོང་བ་དང་འགྲོགས། རེས་འགའ་འདྲེ་དང་སྲིན་པོ་སོགས་ཡིད་དུ་མི་འོང་བ་དང་འགྲོགས་པའི་སྣང་བ་འཆར། ཟས་མ་ངེས་པ་རེས་འགའ་བདུད་རྩི་དང་རེས་འགའ་མི་གཙང་བ་སོགས་ཀྱི་དྲིས་ཚིམས་པའི་སྣང་བ་འཆར། གོས་མ་ངེས་པ་རེས་འགའ་རེ་ཤགས་ལ་སོགས་པ་དང༌། རེས་འགའ་དར་ཟབ་ལ་སོགས་གྱོན་པའི་སྣང་བ་འཆར། སྣང་བ་མ་ངེས་པ་ད་ལྟར་རང་རང་གི །ཡུལ་ན་ཡོད་པ་ལ་དེ་མ་ཐག་གཤེད་དུ་ཡུལ་གཞན་དུ་སླེབས་པའི་སྣང་བ་འཆར། སྐྱབས་མ་ངེས་པ་རེས་འགའ་ཟམ་པ་དང་ངལ་སྟེགས་ལྗོན་ཤིང་ལ་སོགས་པ་ལ་སྐྱབས་སུ་འགྲོ་བའི་སྣང་བ་འཆར་གིན་འདུག་པས། འདི་བླ་མས་བར་དོར་མ་ངེས་པའི་རྟགས་དྲུག་ཡོད་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་དོ་ཞེས་སོགས་གོང་བཞིན་བསྒོམ། གཞན་ཡང་ང་ཤི་ནས་བར་དོ་ན་སླེབས་འདུག །ཁར་སེང་ངས་ཉེ་དུ་སོགས་ལ་གཏམ་ལབ་དུས་གཏམ་ལན་ཡོད་པ་ལ་ད་གཏམ་ལན་མི་ཁུག་འདུག །ཟས་སུའང་དྲི་


LT17_Page_087A
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་འདུག །རི་བོ་སོགས་ལའང་ཐོགས་མེད་དུ་ཕྱིན་ནས་གང་འདོད་པའི་ས་དེར་ཡུད་ཙམ་གྱིས་སླེབ་པར་འདུག་ཅེས་སོགས་ཟས་ཟ་བ་གཏམ་ལབ་པ་གོས་གྱོན་པ་སོགས་མདོར་ན་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་ཨ་བར་དོ་ན་སླེབ་འདུག་ཅེས་སོགས་དང༌། རེ་ས་གཞན་ན་མེད་དོ་བླ་མ་དཀོན་མཆོག་མཁྱེན་ནོ་ཞེས་གསོལ་བ་འདེབས་པ་དང༌། དེའི་ངང་ནས་རབ་ཀྱིས་ལྟ་ཐོག་ཏུ་འཇོག །འབྲིང་སྒྱུ་ལུས་བསྒོམ། ཐ་མས་སྨོན་ལམ་རྣམ་དག་གདབ་པོ། །གཉིས་པ་འོད་གསལ་ཤར་ནས་བར་དོ་ཚུན་ཆད་དུ་ཉམས་སུ་བླངས་ནས་འཚང་རྒྱ་བའི་ཚུལ་ལ་རབ་བར་དོ་དང་པོའི་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགགས་མེད་རང་ཤར། སྤྱིའི་གནད་འཆུག་མེད་ལམ་ཁྱེར་རོ། །དང་པོ་ནི་རིམ་གྱིས་འཆི་བའི་དབང་དུ་བྱས་ན། དང་པོ་ཡུལ་སྣང་ལྔ་ཐིམ་པའི་ཚུལ་ནི། གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་ཅུང་ཟད་མི་གསལ་དུ་འགྲོ། །སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཚོར། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་པས་ལྕེས་རོ་བཅུད་མི་ཚོར། རེག་བྱའི་ཆོས་རླུང་ལ་ཐིམ་པས་ལུས་ཀྱིས་རེག་བྱ་རྣམས་ཇི་ལྟ་བ་བཞིན་མི་ཚོར་ཞིང༌། ལུས་ཀྱི་མདངས་ངན་དུ་འགྲོའོ། །འབྱུང་བ་ཐིམ་ཚུལ་ནི། དང་པོ་ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཁ་ཆུ་དང་སྣ་ཆུ་འཛག །ཆུ་མེ་ལ་ཐིམ་པས་ལྕེ་དང་ཁ་སྣ་སོགས་གཤེར་བའི་ཆ་ཐམས་ཅད་སྐམ། མེ་རླུང་ལ་ཐིམ་པས་ལུས་དྲོད་མཐའ་ནས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་ནང་གི་དབུགས་ཀྱི་རྒྱུ་བ་ཆད་དོ། །རྣམ་ཤེས་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོའི་སྐབས་སུ་ཁམས་དྭངས་མ་དཀར་པོ་ཆུའི་རང་བཞིན་སྤྱི་གཙུག་ན་ཡི་གེ་ཧཾ་གི་རྣམ་པར་གནས་པ་དེ་ཐུར་དུ་བབས་པས། ཕྱི་རྟགས་སུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་པ་འབྱུང༌། ནང་རྟགས་སུ་དུ་བ་ལྟ་བུ་བན་བུན་ནམ་སྨྲིག་རྒྱུ་ལྟ་བུ་ལང་ལང་འོད་ཟེར་ལྔ་དང་


LT17_Page_087B
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་འཕྲོ་བ་འབྱུང༌། དེའི་དུས་སུ་སྣང་བ་ཞེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་དང་པོར་འཆར་རོ། །དེའི་སྟོབས་ཀྱིས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་པོ་འགགས་ཤིང༌། དེའི་དུས་སུ་དགྲ་མི་ཤ་བོ་ལ་ཡང་ཞེ་སྡང་སྐྱེ་བ་འབྱུང༌། །དེའི་རྗེས་སུ་ཁམས་དྭངས་མ་དམར་པོ་མེའི་རང་བཞིན་ལྟེ་བ་ན་གཏུམ་མོ་ཨ་ཐུང་གི་རྣམ་པར་གནས་པ་དེ་གྱེན་ལ་འབར་བས། ཕྱི་རྟགས་སུ་ཉི་མ་ཤར་བ་ལྟ་བུ་ལ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཆེམས་པ་འབྱུང༌། དེའི་དུས་སུ་མཆེད་པ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔར་བས་ཆེས་གསལ་ལ་འཛིན་པ་མེད་པ་དེ་ལ་ལྷན་ནེར་གནས་པ་སྐད་ཅིག་མ་གཉིས་པ་འབྱུང་སྟེ། དེའི་སྟོབས་ཀྱིས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་ཤིང༌། དེའི་དུས་སུ་ལྷའི་བུ་དང་བུ་མོ་ལ་ཡང་འདོད་ཆགས་མི་སྐྱེ་བ་འབྱུང་ངོ༌། །དཀར་དམར་གཉིས་པོ་དེ་དང་པོར་སྙིང་གར་འཕྲད་པའི་བར་དུ་རླུང་སེམས་གཉིས་ཚུག་པ་ལས། ཕྱི་རྟགས་སུ་མུན་སྲོས་པ་ལྟ་བུ་ནག་འཐིབས་པ་ཡོད། ནང་རྟགས་སུ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལ་མི་རྟོག་པ་སིང་བ་ཞིག་འབྱུང༌། དེའི་དུས་སུ་ཐོབ་པ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་ལ་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་ལྷན་ནེར་གནས་པ་སྐད་ཅིག་མ་གསུམ་པ་འབྱུང་སྟེ། དེའི་སྟོབས་ཀྱིས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་འགག་གོ །སྙིང་གར་ཁམས་དཀར་དམར་གཉིས་ཀྱི་བར་དུ་ཆུག་པའི་རླུང་སེམས་དབུ་མར་ཆུད་པ་ལས། ཕྱི་རྟགས་ཐོ་རངས་སྐྱ་རེངས་ཤར་བ་ལྟ་བུ་སྐྱ་ལམ་པ་ཞིག་འབྱུང༌། ནང་རྟགས་སྟོན་ཀའི་ནམ་མཁའ་ལ་ཉི་མའི་མདངས་ཕོག་པ་ལྟ་བུ་འབྱུང་ཞིང༌། བདེ་སྟོང་གི་ཉམས་འཆར་བར་འགྱུར་རོ། །དེའི་དུས་སུ་ཉེ་བར་ཐོབ་པ་རང་བཞིན་གྱི་འོད་གསལ་ཞེས་བྱ་བ་ཞེན་རྟོག་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་བཞི་པ་འབྱུང་ཞིང༌། ཡེ་


LT17_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཕྲ་རགས་ཀྱི་ཆ་དང་བཅས་པ་ཐམས་ཅད་འོད་གསལ་ལ་ཐིམ་པར་འགྱུར་རོ། །འདི་ལ་རང་བཞིན་གྱི་འོད་གསལ་ཞེས་ཀྱང་བྱ། འཆི་བ་འོད་གསལ་ཆོས་སྐུའི་ཕོ་བྲང་ཞེས་ཀྱང་བྱ། བར་དོ་དང་པོ་འོད་གསལ་རང་ཤར་ཞེས་ཀྱང་བྱ་ཞིང༌། སྔར་འོད་གསལ་འདྲིས་ཡོད་པའི་གང་ཟག་དབང་པོ་རབ་རྣམས་ཀྱིས་རང་བཞིན་གྱི་འོད་གསལ་དེ་དང༌། སླར་བསྒོམས་པའི་འོད་གསལ་གཉིས་མ་བུ་འཕྲོད་ནས་འོད་གསལ་དེ་ཉིད་ངོས་བཟུང་སྟེ། དེའི་ངང་དུ་རྩེ་གཅིག་ཏུ་གནས་པས་སྲིད་པ་བར་དོར་འཇུག་མི་དགོས་པར་ཆོས་སྐུར་འཚང་རྒྱ་ཞིང༌། ཆོས་སྐུ་སྐྱ་མེད་དེ་ལས་མ་གཡོས་བཞིན་གཟུགས་སྐུ་གཉིས་རང་ཤར་ལྷུན་གྲུབ་ཏུ་འབྱུང་ནས་དེས་འཁོར་བ་མ་སྟོངས་ཀྱི་བར་དུ། གང་ལ་གང་འདུལ་གྱིས་སེམས་ཅན་སྨིན་གྲོལ་ལ་འགོད་པར་བྱེད་དོ། །ཡེ་ཤེས་རོལ་པའི་རྒྱུད་ལས། །འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་སོ། །དེ་ནི་རིམ་གྱིས་པའི་དབང་དུ་བྱས་པ་གཙོ་ཆེ་བ་ཙམ་ཡིན། ཅིག་ཆར་བ་ལ་དེ་འདྲ་བའི་རིམ་པའི་ངེས་པ་མེད། སྐྱེས་བུ་ཐ་མལ་པ་འཆི་བའི་འབྱུང་བ་སོགས་ཐིམ་ཚུལ་དང༌། རྣལ་འབྱོར་པས་བསྒོམས་པའི་ཉམས་འཆར་ཚུལ་འདྲ་བས། དུ་བ་དང་སྨྲིག་རྒྱུ་སོགས་དང་པོར་འབྱུང་བའི་ངེས་པ་མེད་དོ། །མདོར་ན་རྒྱལ་བས་མདོ་རྒྱུད་ལས་གསུངས་པ་དང༌། བླ་མ་སྒོམ་པ་མཚན་ཉིད་དང་ལྡན་པའི་གསུང་དང༌། རང་གིས་བསྒོམས་པའི་མྱོང་བ་གསུམ་པོ་མཐུན་དགོས་ཀྱིས། གོ་ཡུལ་དང་མྱོང་བ་སོ་སོར་སོང་ན་གྱོད་བྱེད་ཅིང༌། ཕོ་ཚོད་ཚབས་སུ་འགྲོ་བ་དཀའ་བས་ཆོས་པར་ཁས་འཆེ་བ་ཚོ་གཟབ་དགོས་སོ། །གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། དབང་པོ་འབྲིང་ལ་བར་དོ་དང་པོའི་འོད་གསལ་ལ་གནས་པར་མ་ནུས་པའི་གང་ཟག་


LT17_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྲིད་པ་བར་དོར་འཇུག་དགོས་ཤིང༌། དེའི་བདུན་ཕྲག་དང་པོ་ལ་ལོངས་སྐུ་ཐོབ་པའི་ཕྱིར་དུ་འབད་དགོས་སོ། །དེ་ལ་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་ལ་སྐྱེ་བ་སྔ་མའི་ལུས། ཡུལ། ཁྱིམ། ནོར་རྫས། ཉེ་འབྲེལ་སོགས་ཀྱི་སྣང་བ་འཆར་བས། དུས་དེར་བར་དོར་ཤེས་པ་འབྱུང་དཀའ། དེ་ནས་ཞག་ཕྱེད་དང་བཞི་སོང་ནས་ཕྱི་མའི་ལུས་ཀྱི་སྣང་བ་ཡུད་ཙམ་རེ་ཤར་ནས་སྔ་མའི་ལུས་སྣང་དེས་རྟག་མ་ཐུབ་པ་དང༌། བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་གྱིས་ཉེན་ནས་སྔ་མའི་ཉེ་འབྲེལ་རྣམས་ཀྱི་རྩར་ཕྱིན་ནས་ཟས་སྐོམ་བླངས་པས། ཟས་སྐོམ་སྟེར་བ་ལྟ་ཞོག་གཏམ་ལན་ཙམ་ཡང་མི་སྨྲ་བར་རང་གི་མིང་ནས་འབོད་ཅིང་མྱ་ངན་དང་སྨྲེ་སྔགས་འདོན་པ་མཐོང་ནས་ཨ་པ་ང་ཤི་འདུག་སྙམ་དུ་ངོ་ཤེས་པ་འབྱུང༌། དེའི་ཚེ་བླ་མ་དམ་པའི་ཞལ་ནས་བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ་རྒྱལ་བ་ལོངས་སྐུ་ཉམས་སུ་ལོང་ཞིག་གསུངས་པའི་དུས་དེར་སླེབ་འདུག་སྙམ་དུ་ཤེས་པ་སྔར་གོམས་པའི་སྟོབས་ཀྱིས་འབྱུང་ཞིང་དེའི་ཚེ་བར་དོ་རྒྱལ་བ་ལོངས་སྐུར་སངས་རྒྱས་པས་ཆོག །རེ་དགའ་སྙམ་པའི་འདུན་པ་དང་ལྡན་པས་བླ་མ་ལ་གསོལ་བ་བཏབ་ནས་བར་དོའི་སྣང་བ་ཐམས་ཅད་རང་གི་སེམས་སྣང་ཡིན། རང་གི་སེམས་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན་སྙམ་དུ་བསམས་ནས། རང་ཡི་དམ་ལྷ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒྱུར་ཅིང་བསྒོམས་པས་སྔར་བསྒོམས་པའི་སྟོབས་ཀྱིས། རང་རྒྱལ་བ་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ། ཆོས་སྐུའི་ངོ་བོ། །ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། དེ་གསུམ་དབྱེར་མེད་པའི་བདེ་བ་ཆེན་པོའི་སྐུར་རང་ཤར་དུ་འབྱུང་སྟེ། དེས་འཁོར་བ་མ་སྟོངས་ཀྱི་བར་དུ་གདུལ་བྱ་གང་ལ་གང་འདུལ་གྱིས་སྨིན་གྲོལ་ལ་འགོད་པར་བྱེད་དོ། །སྔར་བསྒོམས་པ་ཞིག་ཡིན་ན་དེའི་སྟོབས་ཀྱིས་བར་དོའི་


LT17_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་ད་ལྟ་བས་ཤེས་པ་སུམ་བཅུ་འགྱུར་གྱིས་གསལ་བས་སངས་མི་རྒྱ་མི་སྲིད་པས་ཐེ་ཚོམ་མ་བྱེད་པར་སྒོམས་ཤིག །བདུན་ཕྲག་དང་པོར་སངས་མ་རྒྱས་ན་སྔར་བསྒོམས་པའི་སྟོབས་ཆེན་པོ་མེད་པ་དང༌། དབང་པོ་ཡང་ཐ་མར་སོང་བ་ཡིན་པས། གསུམ་པ་དབང་པོ་ཐ་མས་སྤྲུལ་སྐུ་འགགས་མེད་རང་ཤར་ནི་ཞག་བདུན་ཕྲག་བདུན་གྱི་བར་དུ་བར་དོར་གནས་སྲིད་པས། དེ་ལ་ང་ཤི་ནས་བར་དོ་ན་འདུག་སྙམ་པའི་སྡུག་བསྔལ་ཆེན་པོ་འབྱུང་ཞིང༌། དེའི་རྗེས་ལ་ཕ་མ་དང་ཕོ་མོ་སོགས་ལ་དམིགས་པའི་འདོད་ཆགས་སྐྱེས་ནས་དེ་ལ་བརྟེན་པའི་ཕྲག་དོག་དང་མིག་སེར་སྐྱེ། དེས་མཚམས་སྦྱར་ནས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བས། དེ་ལ་ང་ཤི་འདུག་སྙམ་པའི་དུས་དེར། ཀྱེ་མ་ཆགས་སྡང་སྐྱེས་ན་དེའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་འགྱུར་ཞིང་དེས་སྡུག་བསྔལ་བས། ད་ནི་བདེ་ཆེན་གྱི་ཞིང་དུ་མཆོག་གི་དངོས་གྲུབ་ཐོབ་པར་བྱའོ་སྙམ་པ་དང༌། བར་དོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ཡིན་སྙམ་དུ་བསམ་ཞིང་བླ་མ་ལ་གསོལ་བ་གདབ། དེ་ནས་རང་གི་མདུན་དུ་ཆོས་འབྱུང་མཐིང་ནག་གཅིག་གི་ནང་དུ་རང་སེམས་ཧཱུྃ་སྔོན་པོར་གྱུར་པར་བསམ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས་པས། འགྲོ་བ་ལྔའི་བག་ཆགས་དང་དྲི་མ་སྦྱངས། མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་སེམས་ཡི་དམ་ཡབ་ཡུམ་དུ་བསྒོམ། བར་དོའི་ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་དེ་ཡང་ཡི་དམ་ཡབ་ཡུམ་དུ་བསྒོམས་ནས། མཆོད་པ་འབུལ་ཞིང་གསོལ་བ་བཏབ། སྒྲ་གྲགས་ཚད་སྔགས། དྲན་རྟོག་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་སྐད་ཅིག་ཡུད་ཙམ་མཉམ་པར་བཞག་པར། ཕྱི་ནང་སྣོད་བཅུད་ཐམས་ཅད་དང་རང་ལུས་སྣང་སྟོང་ཞེན་བྲལ་གྱི་སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་བྱུང་ནས། དུས་དེ་ཉིད་དུ་འཚང་མི་རྒྱ་མི་སྲིད་དོ། །བཞི་པ་སྤྱི་གནད་འཆུག་མེད་ལམ་ཁྱེར་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་སྐབས་སུ་བར་དོ་སྐྱོ་


LT17_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཀྱི་གནད་ཡིན་པས་བར་དོའི་དྲན་འདུན་དང༌། སྐྱོ་ཤས་དྲག་པོ་སྐྱེད་ཅིང་བླ་མ་ལ་གསོལ་བ་གདབ། ཕོ་མོར་སྣང་བ་སོགས་མདོར་ན་བདག་གཞན་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་བཅས་པའི་ཡི་དམ་ཡབ་ཡུམ་དུ་བསྒོམ། སྤྲུལ་སྒྱུར་གྱི་དྲན་འདུན་ཡེ་མ་ཉམས་པར་བྱའོ། །རྒྱས་པར་བླ་མ་གོང་མའི་གསུང་སྒྲོས་རྣམས་སུ་ཤེས་པར་བྱའོ། །དེ་དག་གིས་ནི་གུ་ཆོས་དྲུག་གཞལ་གདམས་མདོ་ཙམ་དུ་བཤད་པའོ། །མདོར་ན་རྩོད་ལྡན་སྙིགས་མའི་དུས་འདིར། སེམས་ཅན་རྣམས་ལོག་ལྟས་རྒྱུད་གང་བའི་སྟོབས་ཀྱིས་ཆོས་པར་རློམས་པ་རྣམས་ཀྱང་ཕལ་ཆེར་ཚོང་དུས་སུ་འོ་མ་ལ་ཆུས་བསླད་ནས་འཚོང་བ་བཞིན་དུ། བླ་མ་གོང་མའི་གསུང་དང་རྒྱལ་བའི་བཀའ་ལ་རང་གི་རྟོག་བཟོས་བསླད་ནས་རང་གཞན་ཐམས་ཅད་སླུ་བར་བྱེད་པས་གོང་མའི་གསུང་དང་ཐེམ་ཡིག །རང་གི་མྱོང་བ་དང་སྦྱར་ནས་ལྟ་བ་རྣམ་པར་དག་པ་དང་ལྡན་པས་མན་ངག་ཁྱད་པར་ཅན་འདི་ཉམས་སུ་ལེན་པའི་དཀའ་སྤྱད་བཟོད་པར་བྱས་ཏེ་རྩེ་གཅིག་ཏུ་ཉམས་སུ་བླངས་ན་ཚོ་འདིའམ་བར་དོ་ཚུན་ཆད་དུ་སངས་རྒྱས་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བར་ངེས་པ་ཡིན་ནོ། །འདིར་ཡང་ནི་གུ་མས། །ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་དུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམས་ཡིག་རྒྱན་པར་གཅེས། །ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་ཚེ། །གཞན་གྱི་དུས་མིན་འཆི་ཁའམ་བར་མ་དོར། །བདེ་སྟོང་ཟུང་འཇུག་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་བཀའ་རྒྱ་དང་བཅས་ནས་གསུངས་སོ། །ནི་གུ་ཆོས་དྲུག་གི་ཞལ་གདམས་གྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ། བླ་མ་རྣམས་ཀྱི་ཞལ་གདམས་ཕྱོགས་གཅིག་ཏུ་དྲིལ་བ་འདི་ནི་ལུང་སྟོང་གི་སྨྱོན་པས། ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་


LT17_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གདོང་དུ་ཉམས་སུ་བླངས་པའི་རྟོགས་པ་ལ་དཔེས་ནས་གནས་མཆོག་རི་བོ་ཆེར་སྟག་ལོ་ཟླ་བ་བདུན་པའི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་སུ་ཡོངས་སུ་རྫོགས་པར་སྦྱར་བའོ། །ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །ཉམས་རྟོགས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་ཤོག །མངྒ་ལཾ་བྷ་ཝནྟུ།