གདམས་ངག་མཛོད་པོད་བཅུ་གཉིས་པ།
འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ།


LT17_Page_179A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།། །།


LT17_Page_179B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙ་ན་ཌཱ་ཀི་ནཱི་ཡཻ། །རྡོ་རྗེ་འཆང་ལས་དེ་ཉིད་བརྙེས། །མི་སློབ་ཟུང་འཇུག་གྲུབ་པ་མོ། །ཡེ་ཤེས་ཌཱ་ཀི་གཉིས་དང༌། །དབྱེར་མེད་བླ་མའི་ཞབས་ལ་འདུད། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །བླ་མ་ཁོ་ནར་རགས་ལུས་ཕྱིར། །དེ་ཉིད་མཉེས་བྱེད་སྐལ་ལྡན་ལ། །འདོད་པའི་དོན་རྣམས་ལྷུག་པར་འཇོ། །དེ་བས་བྱ་བ་གཞན་སྤངས་ལ། །བླ་མ་མཆོད་པ་ཡང་དག་བརྩམ། །མདོ་རྒྱུད་བསྟན་བཅོས་ཐམས་ཅད་དང༌། །དྲི་མེད་གདམས་པའི་ཉིང་ཁུ་ཡིན། །སྒྲུབ་པ་པོ་མོས་གུས་དང་ལྡན་ཞིང་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་ཡིད་ཆེས་པའི་སྐལ་པ་ཅན་དག་གིས་ཉམས་ལེན་སྙིང་པོར་བྱ་བ་ནི་འདི་ཡིན་ཏེ། དེའང་འབྱོར་བ་ཡོད་ན། གནས་གཙང་མར་རྒྱན་དང་ཡོ་བྱད་ཀྱི་བཀོད་པས་སྤྲས་པའི་གུང་དུ་ཚོགས་ཀྱི་རྟེན་བྲིས་སྐུ་ལ་སོགས་པ་བཞུགས་སུ་གསོལ་བའི་སྤྱན་སྔར། མཎྜལ། ཆུ་གཉིས་ཉེར་སྤྱོད་གཙོ་བོར་གྱུར་པའི་མཆོད་རྫས་ཅི་ཙམ་འབྱོར་བ་དག་གཙང་ཞིང་དག་ལ་སེར་སྣས་མ་གོས་པ་དང༌། ཁྱད་པར་ཅན་གྱི་དུས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཆོས་སྐུ་མཁའ་ཁྱབ་ཆེན་པོར་མངོན་པར་བྱང་ཆུབ་པའི་དུས་མཆོད་དགུན་ར་བའི་བཅུ་བཞི་ལྟ་བུར་ཚོགས་ཀྱི་ཡོ་བྱད་ཀྱང་རྒྱས་པར་བཤམ། འབྱོར་པས་དབེན་པའམ། སྤྲོས་མེད་ཀྱི་རྣལ་


LT17_Page_180A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལྟ་བུར་མཎྜལ་ཉེར་སྤྱོད་ཙམ་གང་འཛོམ་གྱིས་ཀྱང་ཆོག །གཙོ་བོར་འཁོར་བ་ལས་བློ་ངེས་པར་འབྱུང་ཞིང་མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་དད་པ་དང༌། བླ་མ་བརྒྱུད་པའི་རྣམ་ཐར་ལ་ཡིད་ཆེས་ཀྱི་མོས་གུས་དུང་ངེ་བའི་སྒོ་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་ཁ་ཡར་བརྗོད། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་བླ་མ་མཆོད་པ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ཡུམ་དང་བཅས་པའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་


LT17_Page_1780B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །སུམྦྷ་ནི་བརྗོད་ལ་ཚན་རྔམ་བྱ། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་སྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་ཙཀྲ་ར་བྷྲཱུྃ་ཧཱུྃ། མཆོད་པ་བྱིན་གྱིས་བརླབ་པ་ནི། བསངས་ཆུ་ལ་དམིགས་ཏེ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་ཙམ་གྱིས་བྱིན་བརླབས་ལ་འཐོར་ཏེ་སྔགས་དེ་ཉིད་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བཟང་ཞིང་དགེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པདྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུཔེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་བིདྱ། ཤབྡ་ཨཱཿཧཱུྃ། ཞེས་རོལ་མོས་བྱིན་དབབ། ཚོགས་རྟེན་སྒྲུབ་པ་ནི། དག་པའི་ཞིང་ཁམས་རྒྱ་ཆེ་བཀོད་ལེགས་ཤིང༌། །དོ་མཚར་རྒྱན་བཀོད་བསམ་མི་ཁྱབ་པའི་མཁར། །རྡོ་རྗེ་ནོར་བུའི་ཁང་བརྩེགས་དཔེ་མེད་པ། །ཐར་པ་ཆེན་པོའི་གཞལ་ཡས་ཡངས་པའི་དབུས། །སེང་ཁྲི་པད་དཀར་ཟླ་བ་རྒྱས་པའི་སྟེང༌། །རྩ་བའི་བླ་མ་ཡེ་ཤེས་ཌཱ་ཀི་ནཱི། །སུ་ཁ་སིདྡྷི་དཀར་ལ་དམར་བའི་མདངས། །དབུ་སྐྲ་སིལ་བུ་སྤྱན་གསུམ་ཧྲིག་གེར་གཟིགས། །ཕྱག་གཡས་


LT17_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་བཀང་བའི་ཐོད་པ་བསྣམས། །གཡོན་པས་སྐྱེ་མེད་མཚོན་པའི་ཕྱག་རྒྱ་མཛད། །རུས་པའི་རྒྱན་ལྡན་ཞབས་གཉིས་གར་སྟབས་ཚུལ། །ཡེ་ཤེས་སྐུ་ཅན་འཇའ་འོད་ཀློང་ན་བཞུགས། །དེ་ཡི་སྤྱི་བོར་དྲུག་པ་རྡོ་རྗེ་འཆང༌། །རྡོ་རྗེ་བདག་མེད་ཡུམ་དང་མཉམ་པར་སྦྱོར། །གཙོ་བོའི་མཐའ་སྐོར་མདུན་སོགས་ཕྱོགས་བཞི་རུ། །རྗེ་བཙུན་མཁའ་འགྲོའི་དབང་ཕྱུག་ནི་གུ་མ། །སྨུག་ནག་སྤྱན་གསུམ་ལྟ་སྟངས་མཁའ་ལ་གཟིགས། །ཅང་ཏེའུ་ཐོད་པ་རྡོ་རྗེའི་ཁ་ཊྭཱཾ་འཆང༌། །རུས་པའི་རྒྱན་ལྡན་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །རྒྱལ་སྲས་མཻ་ཏྲི་རྣལ་འབྱོར་སྤྱོད་པའི་ཆས། །རཏྣ་དེ་བཱི་གངྒཱ་དྷ་རིས་བརྟེན། །སྒྲ་གཅན་འཛིན་སྦས་འཆི་མེད་གྲུབ་པའི་ཚུལ། །བསོད་ནམས་འབྱུང་གནས་དགེ་སློང་པཎ་ཆེན་གཟུགས། །བར་མཚམས་པཎ་ཆེན་རྣལ་འབྱོར་མཁའ་འགྲོ་མའི། །ཆས་ལྡན་མཁས་གྲུབ་བརྒྱ་དང་ལྔ་བཅུ་བཞུགས། །དེ་མདུན་སྒྲུབ་བརྒྱུད་མངའ་བདག་ཁྱུང་པོ་རྗེ། །ཆོས་གོས་རྣམ་གསུམ་པཎ་ཞྭ་དམར་པོ་གསོལ། །ཕྱག་གཡས་ས་གནོན་གཡོན་པ་ངལ་གསོའི་སྟབས། །ཕྱེད་སྐྱིལ་རོལ་པས་པད་ཟླའི་གདན་ལ་བཞུགས། །བཀའ་བབ་ཐུགས་སྲས་ཆེན་པོ་རྣམ་དྲུག་ནས། །རྩ་བའི་བླ་མའི་བར་དུ་རིམ་བྱོན་པའི། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་འཛིན་པ་རྣམས། །ཕལ་ཆེར་གཙང་སྒོམ་ངུར་སྨྲིག་འཆང་བ་ལ། །ལ་ལ་རྣལ་འབྱོར་སྤྱོད་སོགས་མ་ངེས་ཚུལ། གང་ལ་གང་འདུལ་མོས་པའི་དཔལ་དུ་འཆར། །ཀུན་ཀྱང་སྐྱེ་མེད་རྟོགས་པའི་གདིང་དང་ལྡན། །སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །ཏིང་འཛིན་སྒོ་བརྒྱར་རྟག་ཏུ་སྙོམས་པར་འཇུག །བརྟུལ་ཞུགས་


LT17_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཕྱོགས་མེད་ཀུན་ཏུ་གྲུབ། །མཛད་པ་ཕྲིན་ལས་ཕྱོགས་བཅུ་དུས་གསུམ་ཁྱབ། །བྱིན་རླབས་ཐུགས་རྗེའི་གཟི་བྱིན་ཚད་མེད་འབར། །སྟེང་ཕྱོགས་བླ་མ་མཐའ་སྐོར་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །དཔལ་ལྡན་བླ་མའི་གསང་གསུམ་རོལ་པར་ཤར། །གང་ཞིག་བླ་མ་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་མངོན་སུམ་བཞུགས་པར་གྱུར། །འདིར་སྤྱན་འདྲེན་བཞུགས་གསོལ་བྱ་མི་དགོས་ཀྱང་ལས་དང་པོ་པའི་བློ་དམན་རྣམས་ལ་འཆར་བདེ་བ་ལྟར་ན། སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ །མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང༌། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་བར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། ཨོཾ་པྲ་ལྦ་ར་སཏྐ་ར་ཨརྒྷཾ་པྲ་ཏཱི་ཙྪཱ་སྭཱ་ཧཱ། དེ་བཞིན། པཱདྱཾ་སྦྱར་ལ་ཆུ་གཉིས་ཕུལ། ཨོཾ་པདྨ་ཨཱ་ས་ནི་ས་མ་ཡ་སྟྭཾ། ཞེས་སྔར་བསྐྱེད་པ་དང་གཉིས་སུ་མེད་པར་གདན་ལ་བཞུགས་པར་མོས། དངོས་སུ་ཕྱག་བྱ་བའམ་ཐལ་མོ་སྦྱར་ཏེ། །རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །ཕུན་ཚོགས་གསུངས་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་དཔལ་ལྡན་བླ་མར་འདུད། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྦངས། །དག་པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་པ། །འཁོར་འདས་མ་ལུས་སྤྲུལ་པར་མཛད་ལ་འདུད། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ཅིག་ལ། །བྱིན་གྱིས་བརླབས་པས་བླ་མེད་བྱང་ཆུབ་ལམ། །ཡང་ན་འདོད་པ་མཆོག་དང་ཐར་པ་ཡི།


LT17_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །ཉིད་ཀྱི་ཡེ་ཤེས་གཅིག་གི་རང་སྣང་ལས། །མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་རྣམ་ཐར་ཚད་མི་མངའ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་འདུད། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང༌། །བདག་མེད་མ་དང་རྗེ་བཙུན་བིར་ཝ་པ། །རྒྱལ་བ་ཀུན་བསྐྱེད་བདེ་བའི་དངོས་གྲུབ་དང༌། །ས་བཅུའི་དབང་ཕྱུག་ནི་གུ་མ་ལ་འདུད། །མཻ་ཏྲི་པ་དང་བསོད་ནམས་འབྱུང་གནས་སྦས། །རཱ་ཧུ་ལ་སོགས་མཁས་གྲུབ་བརྒྱ་ལྔ་བཅུ། །ཁྱུང་པོ་རྣལ་འབྱོར་རིན་ཆེན་བརྩོན་འགྲུས་དང༌། །དཔོན་སྟོན་གཉན་སྟོན་ཆོས་རྗེ་སྟོན་པར་འདུད། །མཁས་གྲུབ་རྣམ་གསུམ་ཁྱུང་པོ་ཚུལ་ཁྲིམས་མགོན། །རས་ཆེན་ཤངས་དཀར་སངས་རྒྱས་དཔལ་བཟང་པོ། །ནམ་རྒྱལ་ལེགས་རྒྱལ་གྲོལ་མཆོག་ལྷ་དབང་གྲགས། །རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐར་འདུད། །རྒྱལ་མཚན་དཔལ་བཟང་རྡོ་རྗེ་གཞོན་ནུ་ཆེ། །ནམ་མཁའི་རྣལ་འབྱོར་བྱང་སེམས་སྦྱིན་པ་བཟང༌། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས། །རིང་བརྒྱུད་ཉེ་བརྒྱུད་བླ་མ་རྣམས་ལ་འདུད། །ཕྱི་མཆོད་འབུལ་བ་ནི། མདོག་བཟང་དབྱིབས་ལེགས་ཚིམས་པའི་དྲི་བསུང་ཅན། །མནྡཱ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་


LT17_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །རྒྱུ་བཟང་མནམས་ན་ཞིམ་པའི་དྲི་ངད་ཅན། །ཨ་ག་རུ་དང་ཙནྡན་སྤྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །མུན་སེལ་དངོས་ཀུན་གསལ་བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །དྲི་ཞིམ་བྱུག་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་མནོམ་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །མདོག་བཟང་མྱངས་ན་བདེ་བའི་རོ་བཅུད་ཅན། །འབྲས་ཆན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་ནཻ་བིདྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོབ་རྒྱུད་མངས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་


LT17_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུ་ཐོབ་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་བཱ་ར་བཛྲ་ཝསྟྲ་ཡ་ཨཱཿཧཱུྃ་སྭཱ་ཧཱ། །མགོན་ཁྱེད་བཀྲེས་སྐྱེམས་མི་མངའ་ཡང༌། །འོ་ཐུག་བུར་ཁུ་བདུད་རྩིའི་ཆུ། །བཟའ་དང་བཅའ་བ་རྒྱ་ཆེན་པོ། །ཁ་དོག་དྲི་ངད་རོ་ལྡན་པ། །ཐམས་ཅད་སྦྱར་བ་བཤོས་ཀྱི་མཆོག །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །བདེ་བའི་དངོས་གྲུབ་དཀྱིལ་འཁོར་གཙོ། །བླ་མ་མཆོག་དང་ཐ་མི་དད། །བཀའ་བརྒྱུད་ཐམས་ཅད་ཁྱེད་ཀྱི་འཕྲུལ། དེ་ཕྱིར་སྙིང་ནས་གུས་ཕྱག་འཚལ། །བདག་ནི་སྐྱབས་གནས་གཞན་ཀུན་པས། །བ་སྤུའི་ཁུང་བུ་གཅིག་ལ་ཡང༌། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བས་ནན་ཏན་བསྟོད་ལ་འདུད། །ཕྱོགས་བཅུའི་འདྲེན་པ་རྒྱལ་སྲས་ཀྱིས། །བྱང་སེམས་རྡོ་རྗེ་བཞིན་དུ་བལྟ། ཐམས་ཅད་ཉིན་རེ་དུས་བཞི་རུ། །ཕྱག་འཚལ་མཆོད་ནས་འདི་སྐད་དུ། །བདག་ཅག་དེ་བཞིན་གཤེགས་ཀུན་གྱི། །ཕ་མ་སྟོན་པ་ཁྱེད་ཅེས་སྒྲོག །སྟོན་པ་རྡོ་རྗེ་འཛིན་ཁྱོད་ལ། །སྐྱོབ་པར་བཅས་པས་ཕྱག་འཚལ་ལོ། གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། །ཁྱེད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིག་པས་མཆོད་ནའང་བསོད་ནམས་མཆོག །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱོད་ལས་བྱུང༌། །མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་བཙུན་ཁྱོད་ལ་མཆོད་ཅིང་འདུད། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཆོགས། །ཉིད་ཀྱི་སྐུ་གསུང་ཐུགས་ལ་གནས། །ཁྱོད་ནི་གང་ལའང་མི་གནས་ཏེ། །མཁའ་


LT17_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འོད་གསལ་རྨད་བྱུང་ཆེ། །རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་མཐོང་བའི་སྐལ་མེད་པས། །སློབ་དཔོན་གཟུགས་ཀྱིས་སྒྲུབ་རྣམས་ལ། །བརྩེ་བས་མཆོད་པ་ལེན་ལ་འདུད། །རིགས་ལྔའི་དཀྱིལ་འཁོར་ཡེ་ཤེས་ལྔ། །འགྲོ་བ་འདུལ་ཕྱིར་ཕུང་པོ་ལྔ། །ཚད་མེད་ལྷ་མོ་བཞིའི་དཀྱིལ་འཁོར། །འབྱུང་བཞིར་སྟོན་པ་ཡ་མཚན་རྨད། །སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད། །ཚིགས་སོགས་ཡང་དག་ཁྲོ་བོ་བཅུ། །གཟུགས་སོགས་ཡང་ནི་རྡོ་རྗེ་མ། །ཡེ་ཤེས་སྐུ་ལ་བདག་ཕྱག་འཚལ། །སྐྱེ་འཆི་ཅན་གྱི་སྐུའོ་ཞེས། །ལོག་པར་བཟུང་བ་གནོང་ཞིང་འགྱོད། །དེ་བས་བསམ་པ་ཐག་པས་བཤགས། །བདག་ཀྱང་ཁྱོད་ལྟར་མངོན་གྱུར་ཅིག །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བཅོམ་ལྡན་སྐུ་ཡི་ཆ་ཤས་ལགས། །ཅོད་པན་རིགས་ལྔ་བ་སྤུ་རྣམས། །དགྲ་བཅོམ་ལགས་ཏེ་དེ་བས་འདུད། །འཇིག་རྟེན་ལྷ་རྣམས་ཁྱེད་ཀྱི་གདན། །སྲིད་གསུམ་བླ་མ་ཁྱེད་ཉིད་ལགས། །ཁྱེད་ནི་དཀོན་མཆོག་གསུམ་ལགས་ཤིང༌། །རིན་ཆེན་གསུམ་གྱི་བྱེད་པོར་གསུངས། །གཡོ་སྒྱུ་ཚིག་ཙམ་མ་ཡིན་པར། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བསམ་པ་ཐག་པས་སྐྱབས་སུ་མཆི། །ལྷག་པར་དད་པས་ཕྱག་འཚལ་ལོ། །བར་འདིར་མཎྜལ་ཚོམ་བུ་སོ་བདུན་མ་སྤྱི་མཐུན་རྒྱས་པ་དང༌། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་


LT17_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །དགའ་དང་སྤྲོ་བ་སྐྱེད་པའི་མཎྜལ་འདི། །དོན་གཉིས་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང༌། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བྱ། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་མཎྜལ་བཀའ་རྒྱ་མའང་འབུལ། འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང༌། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དཔག་མེད་ཀྱང༌། །མངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ། །རལ་གྲི་པགས་པ་སྐྱེད་ཚལ་ཁང་ཁྱིམ་དང༌། །གཟིམས་ཆ་གོས་དང་མཆིལ་ལྷྭམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྦོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ན། །ཅང་ཏེའུ་སྒྲ་སྒྲོག་ཁ་ཊྭཱཾ་ལ་བརྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་ལྡན་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བས་བླ་མ་ལྷ་ཚོགས་མཆོད། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་མ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བས་


LT17_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང༌། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་ལོ་ཏོག་དང༌། །དཔག་བསམ་ཤིང་དང་འབྲས་བུའི་མཆོག །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ཡང་འབུལ། གསེར་དངུལ་མུ་ཏིག་བཻ་ཌཱུརྻ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། །དབང་སྔོན་རྡོ་རྗེ་པདྨ་དམར། །མ་རྒད་བྱེ་རུ་ཛམྦུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་སྙེད་དབུལ་བར་བགྱི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྣི་ཀ་ར་དང༌། །མཱ་ལི་ཀ་དང་ཡུ་ཐི་ཀ །མེ་ཏོག་ཀ་ར་ལྦཱི་ར་ཡང༌། །བསམ་གཏན་སྟོབས་ཀྱིས་ཁྱོད་ལ་འབུལ། །མི་འཇིགས་སེང་གེ་རིན་ཆེན་ཁྲི། པདྨ་ཉི་ཟླའི་གདན་མཆོག་དང༌། རྣ་རྒྱན་དང་ནི་གདུབ་བུ་དང༌། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་གནག་དང་སེར་སྐྱ་དང༌། དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་བྲེ་དག་ལས་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང༌། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་


LT17_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི་དབུལ་བར་བགྱི། །བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །ཨོཾ་ཨཱཿཧཱུྃ། ཐབས་ཤེས་ལྷན་ཅིག་སྦྱོར་བ་ལས། །རང་བཞིན་སྣང་བ་ཡོངས་དག་པའི། །ཞུ་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། །ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་མི་གནས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །རྟག་པར་མཉམ་པར་འཇོག་གྱུར་པའི། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང༌། །སྣ་ཚོགས་མིན་ལ་སྙོམས་འཇུག་པའི། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་


LT17_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་ལ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་ལྟ་བ་དང༌། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་དག་འཇུག །སེམས་ཀྱང་མྱ་ངན་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང༌། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་གནས་པ་དང༌། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེ་ཡང་རི་བོ་མཆོག་དང་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་དག་གིས་མཆོད། །ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་པ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱོད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱ། །དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་རྒྱས་བསྡུས་ཇི་ལྟར་རིགས་པ་དང༌། །ཁྱད་པར་


LT17_Page_186A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྦྱར་མ་ལུགས་གཉིས་སོགས་སྐབས་འདིར་འདོན། །ཡོངས་ཁྱབ་དང་ལྡན་ཞིང་རྒྱས་པར་སྤྲོ་ན། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང༌། །རིགས་ཀུན་ཁྱབ་བདག་ཞབས་ལ་འདུད། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །བརྒྱུད་འཛིན་བུ་ལ་དངོས་གྲུབ་སྟེར། །ཟག་མེད་ཡེ་ཤེས་ཌཱ་ཀི་ནི། །སུ་ཁ་སིདྡྷིའི་ཞབས་ལ་འདུད། །ལྷན་སྐྱེས་ཤེས་རབ་ཕ་རོལ་ཕྱིན། །མི་ཕྱེད་གསང་བ་ཀུན་གྱི་མཛོད། །མཁའ་འགྲོའི་དབང་ཕྱུག་ནི་གུ་མ། །རྡོ་རྗེ་བཙུན་མོའི་ཞབས་ལ་འདུད། །རི་ཁྲོད་མགོན་པོས་བྱིན་གྱིས་བརླབས། །སྙིང་པོ་དོན་གྱི་གསང་མཛོད་འཛིན། །མཚན་ཐོས་དོན་ལྡན་རྒྱལ་བའི་སྲས། །མཻ་ཏྲི་པ་ཡི་ཞབས་ལ་འདུད། །གྲུབ་མཆོག་མངའ་བདག་ཆེན་པོ་དང༌། །མཁྱེན་རྟོགས་དབྱེར་མེད་རྣལ་འབྱོར་མ། །མཁའ་སྤྱོད་གསང་བའི་དབང་མོ་མཆོག །རདྣ་དེ་བཱིའི་ཞབས་ལ་འདུད། །བྱང་ཆུབ་སེམས་ཀྱི་རྩལ་ཆེན་རྫོགས། །རྡོ་རྗེ་གདན་དུ་བསྟན་པ་སྐྱོང༌། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །བསོད་ནམས་འབྱུང་གནས་ཞབས་ལ་འདུད། །ཁྱད་པར་ལྷ་བཞིས་བྱིན་གྱིས་བརླབས། །ཕྱག་རྒྱ་ཆེན་པོའི་གོ་འཕང་གྲུབ། །རྡོ་རྗེའི་ལུས་ཀྱིས་རབ་བཞུགས་པ། །རཱ་ཧུ་ལ་ཡི་ཞབས་ལ་འདུད། །བྱང་ཆུབ་སེམས་ཀྱི་མངའ་བདག་མཆོག །བོད་ཁམས་མུན་པ་སེལ་བའི་སྒྲོན། །ས་གསུམ་གྲགས་པས་ཁྱབ་པ་ཡི། །ཨ་ཏི་ཤ་ཡི་ཞབས་ལ་འདུད། །བཅོམ་ལྡན་འདས་མས་རྗེས་སུ་བཟུང༌། །ཐུབ་པའི་དབང་པོའི་རྒྱལ་སྲིད་སྐྱོང༌། །སངས་རྒྱས་གཉིས་པ་ལྟ་བུར་གྲགས། །འཇིགས་


LT17_Page_186B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འབྱུང་གནས་ཞབས་ལ་འདུད། །ནཱ་རོ་པཎ་ཆེན་ཐུགས་ཀྱི་སྲས། །མན་ངག་རྒྱ་མཚོའི་ཕ་མཐར་སོན། །སྐྱེ་དགུའི་མགོན་གྱུར་དྷ་ཆེན་པོ། །བྱང་ཆུབ་སེམས་དཔའི་ཞབས་ལ་འདུད། །ཐ་དད་ཡུལ་དང་དུད་འགྲོའི་སྐད། །མ་བསླབ་པ་ཡི་བསྟན་བཅོས་སོགས། །རྩ་གནས་དགོངས་པ་གཏད་པས་མཁྱེན། །ཏ་ཐཱ་ག་ཏའི་ཞབས་ལ་འདུད། །བརྟུལ་ཞུགས་སྤྱོད་པ་ཕྱོགས་མེད་གྲུབ། །མཐུ་སྟོབས་ཕྲིན་ལས་ཐོགས་པ་མེད། །མི་འཇིགས་གདིང་ལྡན་གྲུབ་པའི་རྗེ། །དོན་ཡོད་རྡོ་རྗེའི་ཞབས་ལ་འདུད། །གསུང་རབ་ཀུན་ལ་མཁྱེན་པ་རྒྱས། །གཞན་ཕན་བསམ་མི་ཁྱབ་པ་མཛད། །ངོ་མཚར་སྙན་པ་དང་ལྡན་པ། །བློ་གྲོས་བཟང་པོའི་ཞབས་ལ་འདུད། །མཁྱེན་རྟོགས་ནུས་པའི་རྩལ་ཆེན་རྫོགས། །བར་དོར་མཆོག་གི་དངོས་གྲུབ་བརྙེས། །བཻ་རོ་ཙ་ན་རཀྵི་ཏ། །རྣལ་འབྱོར་དབང་པོའི་ཞབས་ལ་འདུད། །གཤིན་རྗེ་གཤེད་དང་དབྱེར་མེད་ཅིང༌། །མུ་སྟེགས་ཀླ་ཀློའི་རིགས་ཀྱི་གཤེད། །བསམ་པ་ཙམ་གྱིས་ལས་རྣམས་འགྲུབ། །པདྨ་སྲུང་པའི་ཞབས་ལ་འདུད། །རྣམ་འཇོམས་དཀྱིལ་འཁོར་དངོས་སུ་སྤྲུལ། །རྡོ་རྗེ་དྲིལ་བུ་མཁའ་ལ་འཇོག །དུས་གསུམ་གཟིགས་པའི་པཎྜི་ཏ། །གཉིས་མེད་རྡོ་རྗེའི་ཞབས་ལ་འདུད། །བདེ་ཆེན་བདེ་བའི་གཟི་མདངས་ཅན། །ལྟ་བས་མི་ངོམས་སྒེག་པའི་ཉམས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཀུན་ཏུ་བཟང་མོའི་ཞབས་ལ་འདུད། །ས་དང་ལམ་རྣམས་མཐར་ཕྱིན་ཏེ། །རྣལ་འབྱོར་རྟོགས་པའི་ཡེ་ཤེས་སྦར། །རྡོ་རྗེའི་གསང་བ་འཛིན་པ་མོ། །སུ་མ་ཏི་ཡི་ཞབས་ལ་འདུད། །ཡེ་ཤེས་མཁའ་ལ་རྣམ་པར་འགྲོ། །སྐལ་པ་ལྡན་རྣམས་རྗེས་སུ་འཛིན། །སྤྲུལ་སྒྱུར་སྣ་ཚོགས་གཟུགས་ཅན་མ། །ཀ་ན་ཀ་ཤྲཱིའི་


LT17_Page_187A
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་འདུད། །ས་འོག་དཔལ་གྱི་སྒོར་བཞུད་ནས། །རལ་གྲིའི་གྲུབ་པས་ད་ལྟ་ཡང༌། །ལྷ་མིན་སེམས་ཅན་དོན་མཛད་པ། །གངྒཱ་དྷ་རིས་ཞབས་ལ་འདུད། །རོལ་རྡོར་བདེ་བའི་རྡོ་རྗེ་དང༌། །དྷརྨ་ཕ་ལ་འཕགས་པ་ལྷ། །བྷནྡྷ་པ་སོགས་མཁས་གྲུབ་ནི། །བརྒྱ་དང་ལྡ་བཅུའི་ཞབས་ལ་འདུད། །ལྷག་པའི་བསླབ་པ་གསུམ་གྱིས་སྤྲས། །སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། །འབྲེལ་ཚད་དོན་ལྡན་བྱང་ཆུབ་སེམས། །གླང་ཐང་པ་ཡི་ཞབས་ལ་འདུད། །ཤེས་བྱ་ཀུན་མཁྱེན་དབང་བཅུ་བརྙེས། །ཡེ་ཤེས་ཌཱ་ཀིའི་གསང་བ་འཛིན། །རྒྱུད་སྡེ་ལྔ་ཡི་ངོ་བོ་ཉིད། །ཁྱུང་པོ་རྣལ་འབྱོར་ཞབས་ལ་འདུད། །ངོ་མཚར་སྲིད་མཐའི་བྱང་ཆུབ་སེམས། །ཐོགས་མེད་མཁའ་ལ་བྱ་ལྟར་ལྡིང༌། །རླུང་སེམས་དབང་ཐོབ་རྨོག་ལྕོགས་པ། །རིན་ཆེན་བརྩོན་འགྲུས་ཞབས་ལ་འདུད། །ཏིང་འཛིན་སྒོ་བརྒྱར་དབང་དུ་མཛད། །ཚད་མེད་ཐུགས་རྗེས་འགྲོ་བ་འདྲེན། །སྤྱན་རས་གཟིགས་དབང་སྐྱེར་སྒང་པ། །ཆོས་ཀྱི་སེང་གེའི་ཞབས་ལ་འདུད། །སངས་རྒྱས་དགྱེས་པའི་རྡོ་རྗེའི་སྐུ། །ཡེ་ཤེས་མགོན་པོ་བྲན་དུ་ཁོལ། །ས་བཅུའི་དབང་ཕྱུག་རི་གོང་པ། །གཉན་སྟོན་ཆེན་པོའི་ཞབས་ལ་འདུད། །བདེ་སྟོང་འགྱུར་མེད་སྐུ་ལྔའི་བདག །དཔའ་བོ་མཁའ་འགྲོའི་དྲྭ་བ་སྡོམ། །རྡོ་རྗེའི་རྒྱ་བཀྲོལ་འགྲོ་བའི་མགོན། །སངས་རྒྱས་སྟོན་པའི་ཞབས་ལ་འདུད། །སངས་རྒྱས་ཞིང་སྦྱོང་འགྲོ་སྨིན་མཛད། །བླ་ན་མེད་པའི་ཆོ་འཕྲུལ་སྟོན། །མཁས་གྲུབ་གཙང་མ་ཤངས་སྟོན་རྗེ། །ཚུལ་ཁྲིམས་འབུམ་པའི་ཞབས་ལ་འདུད། །གཟུངས་དང་ཏིང་འཛིན་མངོན་ཤེས་སོགས། །བསམ་མི་ཁྱབ་པའི་རྣམ་ཐར་ཅན། །མཁས་གྲུབ་ཆེན་པོ་བསམ་སྡིངས་པ། །གཞོན་ནུ་གྲུབ་མཆོག་ཞབས་ལ་འདུད། །མཐོང་ཐོས་དྲན་རེག་སྒྲོལ་མཛད་པའི། །རྒྱལ་སྲས་དཔའ་


LT17_Page_187B
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྤྱོད་པ་འཆང༌། །མཁས་བཙུན་མཆོག་གྱུར་འཇག་ཆེན་པ། །རྒྱལ་མཚན་འབུམ་གྱི་ཞབས་ལ་འདུད། །བསམ་བཞིན་སྲིད་པར་སྐུ་སྤྲུལ་ནས། །འཁོར་བ་དོང་སྤྲུགས་སེམས་དཔའ་ཆེ། །ཁྱུང་པོ་གཉིས་པར་གྲགས་པ་ཡི། །ཚུལ་ཁྲིམས་མགོན་པོའི་ཞབས་ལ་འདུད། །གཟུང་འཛིན་མདུད་པ་དབྱིངས་སུ་གྲོལ། །འབྱུང་བ་བཞི་པོ་དབང་དུ་མཛད། །བརྟུལ་ཞུགས་མཐར་ཕྱིན་རས་ཆེན་པ། །སངས་རྒྱས་སེང་གེའི་ཞབས་ལ་འདུད། །མཁྱེན་པ་གཉིས་ཀྱི་རྩལ་ཆེན་རྫོགས། །སྤྱན་ལྔ་རྣམ་པར་དག་པ་འཆར། །རྒྱལ་བའི་གདུང་འཛིན་ཤངས་དཀར་བ། །རིན་ཆེན་རྒྱལ་མཚན་ཞབས་ལ་འདུད། །བདེ་སྟོང་གཟི་བརྗིད་འོད་དུ་འབར། །འཁོར་འདས་སྒྱུ་མའི་ལུས་སུ་རྟོགས། །དངོས་གྲུབ་མཆོག་བརྙེས་ལྐུགས་ལུང་པ། །སངས་རྒྱས་དཔལ་བཟང་ཞབས་ལ་འདུད། །ཅི་སྣང་ཡེ་ཤེས་འཁོར་ལོར་དག །ལས་དང་དངོས་གྲུབ་ཐོགས་མེད་གྲུབ། །རྨད་བྱུང་མཆོག་གི་གྲུབ་པ་ཆེ། །ནམ་མཁའི་རྒྱལ་མཚན་ཞབས་ལ་འདུད། །འཁོར་འདས་གཉིས་ལ་སྦང་བླང་བྲལ། །ཆོས་ཀུན་མངོན་སངས་རྒྱས་པར་གཟིགས། །སྦས་པའི་སངས་རྒྱས་རྒྱ་སྒོམ་པ། །ལེགས་པ་རྒྱལ་མཚན་ཞབས་ལ་འདུད། །ཡེ་ཤེས་མཁའ་འགྲོས་རྗེས་སུ་བཟུང༌། །མཁྱེན་ནུས་ཕྲིན་ལས་མཁའ་དང་མཉམ། །འཇམ་མགོན་གྲུབ་པའི་དཔའ་བོ་ཆེ། །ཀུན་དགའ་གྲོལ་མཆོག་ཞབས་ལ་འདུད། །སྙན་བརྒྱུད་གདམས་པའི་གཏེར་མཛད་འཛིན། །གྲུབ་པ་བྱེ་བའི་གཙུག་གི་རྒྱན། །རྣལ་འབྱོར་དབང་ཕྱུག་བྲག་སྟོད་པ། །ལྷ་དབང་གྲགས་པའི་ཞབས་ལ་འདུད། །རྩོད་པའི་དུས་ཀྱི་རྡོ་རྗེ་འཆང༌། །འཇིགས་མེད་ཤེས་བྱ་ཐམས་ཅད་མཁྱེན། །གསང་བའི་བདག་པོ་ཧེ་རུ་ཀ །ཏཱ་ར་ནཱ་ཐའི་ཞབས་ལ་འདུད། །ཡེ་ཤེས་གཅིག་གི་ངོ་བོ་ཉིད། །རྣམ་


LT17_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དུ་མའི་གར་མཛད་པ། །སྟོན་འཁོར་དབྱེར་མེད་རྒྱལ་ཚབ་མཆོག །ཡེ་ཤེས་རྒྱ་མཚོའི་ཞབས་ལ་འདུད། །སྐྱེས་ཐོབ་སྦྱངས་པའི་ཡོན་ཏན་ལྡན། །གཞན་རྒྱུད་སྨིན་ཅིང་གྲོལ་ནུས་པའི། །བྱིན་རླབས་དཔལ་འབར་རྫོང་སྟེང་པ། །ཡོན་ཏན་མགོན་པོའི་ཞབས་ལ་འདུད། །དཀའ་གྲུབ་བརྟུལ་ཞུགས་མཐའ་རུ་ཕྱིན། །འཇའ་ལུས་མཁའ་སྤྱོད་གྲོང་དུ་གཤེགས། །ངོ་མཚར་རྨད་བྱུང་སྤོང་བ་པ། །མགོན་པོ་དཔལ་འབྱོར་ཞབས་ལ་འདུད། །རིམ་པ་གཉིས་ལ་བརྟན་པ་ཐོབ། །དེ་ཉིད་བཅུ་པོ་དབང་དུ་འབྱོར། །མཚན་ཉིད་ཀུན་ལྡན་སློབ་དཔོན་མཆོག །མགོན་པོ་གྲགས་པའི་ཞབས་ལ་འདུད། །ཉམས་དང་རྟོགས་པའི་རྩལ་ཆེན་རྫོགས། །སྒོམ་པའི་དྲོད་རྟགས་ཚད་ལ་ཕེབ། །ཡོན་ཏན་བསམ་ཡས་གྲུབ་པའི་དབང༌། །མགོན་པོ་རྣམ་རྒྱལ་ཞབས་ལ་འདུད། །དག་པའི་ས་ལ་ལེགས་བཞུགས་ཤིང༌། །སྣ་ཚོགས་སྤྲུལ་པས་འགྲོ་དོན་མཛད། །འགྲན་ཟླ་བྲལ་བའི་རིག་པ་འཛིན། །ཚེ་དབང་ནོར་བུའི་ཞབས་ལ་འདུད། །གདོད་ནས་མངོན་པར་བྱང་ཆུབ་ཀྱང༌། །འགྲོ་འདྲེན་ཐུགས་རྗེ་རྒྱུན་མི་འཆད། །གངས་ཅན་མགོན་པོ་འབྲུག་པ་རྗེ། །ཕྲིན་ལས་ཤིང་རྟའི་ཞབས་ལ་འདུད། །བྱམས་ཆེན་ངུར་སྨྲིག་འཛིན་པའི་ཚུལ། །སྙིགས་དུས་འཛམ་གླིང་མཛེས་པའི་རྒྱན། །སྒྲུབ་བརྒྱུད་མངའ་བདག་འཇིག་རྟེན་མིག །བསྟན་པའི་ཉིན་བྱེད་ཞབས་ལ་འདུད། །གོང་མའི་བརྒྱུད་འཛིན་རྣམ་ཐར་སྐྱོང༌། །རྟོགས་པའི་བདག་ཉིད་རྨོག་ལྕོགས་པ། །ཀུན་དགའ་དགེ་ལེགས་དཔལ་འབར་དང༌། །ལྷུན་གྲུབ་རྒྱ་མཚོའི་ཞབས་ལ་འདུད། །ཆོས་བརྒྱད་རྣམ་གཡེང་རྩྭ་ལྟར་དོར། །བས་མཐར་སྒྲུབ་པའི་རྒྱལ་མཚན་བཙུགས། །འཁྲུལ་པ་ཞིག་པའི་སྐྱེས་བུ་ཆེ། །བཀའ་བརྒྱུད་བསྟན་


LT17_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞབས་ལ་འདུད། །འཁྲུལ་སྣང་དབུ་མའི་དབྱིངས་སུ་ཐིམ། །དག་པའི་སྣང་བ་རྒྱུན་ཆད་མེད། །སྤྲུལ་སྒྱུར་ནུས་པའི་རྣལ་འབྱོར་པ། །ཀརྨ་ལྷག་མཐོང་ཞབས་ལ་འདུད། །འབྱུང་བཞིའི་གནོད་པས་མི་བརྫི་ཞིང༌། །ཡི་དམ་ལྷ་ཞལ་གྲངས་མེད་གཟིགས། །སྣང་སེམས་རང་དབང་སྒྱུར་བའི་རྗེ། །ཀརྨ་གཞན་ཕན་ཞབས་ལ་འདུད། ༈ །རྡོ་རྗེ་འཆང་དང་བདག་མེད་མ། །བིར་ཝ་སུ་ཁ་སིདྡྷིའི་ཞབས། །ནི་གུ་མ་དང་རྡོར་གདན་པ། །རཱ་ཧུ་ལ་ཡི་ཞབས་ལ་འདུད། །མཁས་གྲུབ་ཆེན་པོ་བརྒྱ་ལྔ་བཅུ། །ཁྱུང་པོ་རྣལ་འབྱོར་རྨོག་ལྕོགས་པ། །དབོན་སྟོན་གཉན་སྟོན་འགྲོ་བའི་མགོན། །གཙང་མ་ཤངས་སྟོན་ཞབས་ལ་འདུད། །འཇིག་རྟེན་གསུམ་པོ་སྙན་པས་ཁྱབ། །འཇིག་རྟེན་སྐྱོང་བས་ཞབས་ལ་བཏུད། །འཇིག་རྟེན་མགོན་པོ་གཉགས་སྟོན་ཆེ། །རྒྱལ་མཚན་དཔལ་བཟང་ཞབས་ལ་འདུད། །འཕྲུལ་དང་མངོན་པར་ཤེས་ལ་སོགས། །ལམ་གྱི་ཡོན་ཏན་མཐར་ཕྱིན་ཀྱང༌། །སྦས་པའི་བརྟུལ་ཞུགས་ལྷུར་བཞེས་པ། །རྡོ་རྗེ་གཞོན་ནུའི་ཞབས་ལ་འདུད། །སྲིད་པའི་འཆིང་བ་རབ་ཏུ་བཅད། །སྤང་རྟོགས་ཡོན་ཏན་བསམ་མི་ཁྱབ། །དཔེ་བྲལ་ནམ་མཁའི་རྣལ་འབྱོར་པ། །ནམ་མཁའ་རྒྱལ་མཚན་ཞབས་ལ་འདུད། །ཚོགས་གཉིས་རྒྱ་མཚོའི་ཕ་མཐར་སོན། །སྟོང་ཉིད་སྙིང་རྗེ་རྩོལ་མེད་མངའ། །འགྲོ་བའི་འདྲེན་པ་བྱང་ཆུབ་སེམས། །སྦྱིན་པ་བཟང་པོའི་ཞབས་ལ་འདུད། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །ཚེ་དབང་མངའ་བརྙེས་ལྕགས་ཟམ་པ། །ཐང་སྟོང་རྒྱལ་པོའི་ཞབས་ལ་འདུད། །ཡིད་བཞིན་ནོར་བུ་ཇི་བཞིན་ཏུ། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ། །དཔལ་ལྡན་ཤངས་པའི་བཀའ་སྲོལ་


LT17_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །བརྒྱུད་པའི་བླ་མའི་ཞབས་ལ་འདུད། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག །མཁས་དང་གྲུབ་པ་ཀུན་གྱི་གཙུག །འཕགས་པའི་ས་ལ་རབ་བཞུགས་པ། །མཁྱེན་བརྩེའི་དབང་པོའི་ཞབས་ལ་འདུད། །ཤངས་པའི་ཐུགས་སྲས་ཆེན་པོ་དྲུག །མཁས་གྲུབ་རྣམ་གསུམ་ལ་སོགས་པའི། །གདན་ས་སློབ་བརྒྱུད་ལས་བྱོན་པའི། །སྐྱེས་མཆོག་ཀུན་གྱི་ཞབས་ལ་འདུད། །འཇིགས་བྲལ་ཆེན་པོ་ཡབ་སྲས་སོགས། །ནི་དྷི་གཉིས་ཀྱིས་རྗེས་བཟུང་ཞིང༌། །ཟབ་མོའི་གདམས་པ་སྤེལ་མཛད་པའི། །གྲུབ་མཆོག་རྣམས་ཀྱི་ཞབས་ལ་འདུད། །དགྱེས་པ་རྡོ་རྗེ་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་འཁོར་ལོ་སྡོམ། །འཇིགས་མཛད་རྡོ་རྗེའི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །སངས་རྒྱས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱིས་མཁའ་འགྲོ་མ། །མྱུར་མཛད་ཡེ་ཤེས་མགོན་པོ་དང༌། །དབྱེར་མེད་བླ་མའི་ཞབས་ལ་འདུད། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །མ་ལུས་གཅིག་ཏུ་འདུས་པའི་དངོས། །གཅིག་ཆོག་རྒྱལ་པོ་སྐྱབས་ཀྱི་ཕུལ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད། །སྙིགས་དུས་སློབ་དཔོན་གཟུགས་སུ་འཕྲུལ། །བསམ་མི་ཁྱབ་པའི་མཛད་པ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཁམས་དབང་མོས་པའི་བྱེ་བྲག་ལྟར། །གསང་གསུམ་རྣམ་ཐར་སྣ་ཚོགས་སྟོན། །ཐབས་མཁས་ཐུགས་རྗེ་ཆེ་མངའ་བའི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཉེས་པའི་སྐྱོན་རྣམས་རབ་ཏུ་ཟད། །ལེགས་པའི་ཡོན་ཏན་མ་ལུས་རྫོགས། །རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །མཚན་ཙམ་ཐོས་པས་ངན་འགྲོ་སྒྲོལ། །གསོལ་


LT17_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པས་བྱིན་རླབས་སྩོལ། །གུས་པས་བརྟེན་ན་འདོད་རྒུ་འབྱུང༌། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རྩ་བརྒྱུད་བླ་མ་རིན་པོ་ཆེ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་ཏུ་བཟུང་པར་བགྱི། །བདག་སོགས་མཁའ་མཉམ་སེམས་ཅན་གྱིས། །རྡུལ་སྙེད་ལུས་དང་བསྟོད་པའི་ངག །ཡིད་ནི་རྩེ་གཅིག་གུས་བཏུད་དེ། །ཕྱག་འོས་ཁྱོད་ལ་ཕྱག་བགྱིའོ། །ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན། །སྒོ་གསུམ་དགེ་རྩ་དང་བཅས་པ། །ནམ་མཁའ་ལྟ་བུའི་བློས་བཟུང་སྟེ། །མཆོད་འོས་རྣམས་ལ་རྟག་ཏུ་མཆོད། །ཐོག་མེད་སྒྲིབ་པ་ཆེན་པོ་དང༌། །བཅས་པའི་ཁ་ན་མ་ཐོ་སོགས། །ནངས་པ་སྙིང་ནས་འགྱོད་བཤགས་ན། །འགྲོ་བའི་མགོན་པོས་ཚངས་པར་སྩོལ། །སྐྱེས་མཆོག་རྣམས་ཀྱི་རྣམ་པར་ཐར། །ངོ་མཚར་བླ་ན་མེད་པ་དང༌། །སྲིད་ཞིའི་ལེགས་སྤྱད་ཅི་མཆིས་ལ། །དགའ་ཞིང་གུས་པས་ཡི་རང་ངོ༌། །རིགས་དང་མཐུན་པའི་ཆོས་སྒོ་དང༌། །ཁྱད་པར་སྲས་བཅས་རྒྱལ་བ་ཀུན། །བགྲོད་པ་གཅིག་པའི་འཁོར་ལོ་ཡིས། །འཁོར་བ་དོང་ནས་སྤྲུགས་པར་གསོལ། །ཆོས་སྐུ་རྒྱུན་གྱིས་རྟག་པའི་ཕྱིར། །གཟུགས་སྐུ་འཆར་ནུབ་མི་སྟོན་པར། །མངོན་སུམ་དབང་པོའི་སྤྱོད་ཡུལ་དུ། །རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །བསོད་ནམས་འདི་དང་འགྲོ་ཀུན་གྱི། །དགེ་རྩ་ཐུན་མོང་ཉིད་བྱས་ཏེ། །བླ་མའི་གསང་གསུམ་མཛད་པར་བཅས། །ཚེ་གཅིག་ཁོ་ནས་འགྲུབ་ཕྱིར་བསྔོ། །ཆོས་ཀྱི་རྒྱལ་པོ་སྲས་བཅས་ཀྱི། །ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །བླ་མ་ལས་གཞན་རྒྱལ་མེད་པས། །ནམ་ཡང་མི་མཉེས་མ་གྱུར་ཅིང༌། །སྒོ་གསུམ་ཞབས་ཏོག་དགུ་ཕྲུག་གིས།


LT17_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པ་ཁོ་ན་སྒྲུབ་ནུས་ཤོག །རྟག་ཏུ་དགྱེས་པས་བྱིན་རློབས་ཤིང༌། །ཐུགས་ཡིད་དབྱེར་མེད་འདྲེས་ནས་སུ། །སྤང་རྟོགས་བུམ་པ་གང་བྱོ་བཞིན། །བདག་གི་རྒྱུད་ལ་འཕོ་བར་ཤོག །རྣམ་ཐར་ཇི་བཞིན་རྟོགས་པ་དང༌། །གསུང་གི་གསང་བ་མ་ལུས་པ། །སྩལ་ནས་ལེགས་པར་འཛིན་ནུས་ཤིང༌། །དར་རྒྱས་བྱེད་པའི་སྐལ་ལྡན་ཤོག །རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ། །བླ་མས་རྗེས་བཟུང་དམ་ཚིག་འཆང༌། །རྡོ་རྗེ་དྲིལ་བུ་མི་འབྲལ་བར། །ཡེ་ཤེས་ཡངས་པའི་གར་བྱེད་ཤོག །རྡོ་རྗེའི་གསང་བ་འཛིན་པ་དང༌། །བླང་དོར་བྲལ་བའི་དོན་རྟོགས་ནས། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་ཡིས། །འཇིག་རྟེན་སྒྲོན་མེ་གཅིག་གྱུར་ཤོག །གཞན་ཡང་དཔལ་དང་དབང་ཕྱུག་དང༌། །ནད་མེད་པ་དང་རྡོ་རྗེའི་ཚེ། །ཆོས་མཐུན་འབྱོར་པ་རབ་རྒྱས་ཤིང༌། །བསྟན་པ་ཕྱོགས་བརྒྱར་སྤེལ་བྱེད་ཤོག །ཚེ་འདིར་མཆོག་དངོས་མ་གྲུབ་ན། །འཕོས་མ་ཐག་ཏུ་བདེ་བ་ཅན། །ཁྱུང་པོ་ཡབ་སྲས་ཞབས་དྲུང་དུ། །སྐད་ཅིག་ཙམ་གྱིས་སྐྱེ་བར་ཤོག །བཟང་ངན་བར་མའི་འབྲེལ་ཐོགས་ཀུན། །སྒྲིབ་པ་གཉིས་པོ་རབ་བསལ་ནས། །སྣང་བ་མཐའ་ཡས་ཞིང་ཁམས་དེར། །སྤྲུལ་པ་དུ་མས་འདྲེན་ནུས་ཤོག །རྩ་བརྒྱུད་བླ་མའི་རྣམ་པར་ཐར། །མ་ལུས་བདག་གིས་མྱུར་འགྲུབ་སྟེ། །སྲིད་པའི་མཚོ་ལས་འགྲོ་སྒྲོལ་བའི། །དེད་དཔོན་ཁྱོད་དང་མཚུངས་པར་ཤོག །ཟབ་མོ་བླ་མའི་རིམ་པ་ཡིས། །ཚེ་གཅིག་སངས་རྒྱས་སར་སྦྱོར་བ། །རྡོ་རྗེ་འཆང་གིས་རབ་གསུངས་པའི། །བདེན་པས་སྨོན་ལམ་ཀུན་འགྲུབ་ཤོག །གཞན་ཡང་རྒྱུན་བཤགས། །ཡན་ལག་བདུན་པའི་རིགས་ཇི་ལྟར་ནུས་པ་སྐབས་འདིར་བརྗོད། །ཚོགས་འཁོར་བྱ་བར་སྤྲོ་ན་རྗེ་བཙུན་གྲོལ་མཆོག་གིས་མཛད་པའི་བདེ་མཆོག་ལྷ་ལྔའི་ཚོགས་མཆོད་གསུང་རྒྱུན་མ་ལྟར་བྱ་བ་ལས། །བྱིན་རླབས་འབེབས་པའི་ཐོག་མར། །ཨོཾ་ཆོས་དབྱིངས་ཁྱབ་བརྡལ་ཆེན་


LT17_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞིང༌། །འཁོར་འདས་ཀུན་གྱི་སྙིང་པོ་ནས། །རིགས་རྣམས་ཀུན་གྱི་ཁྱབ་བདག་ལ། །དཔལ་ལྡན་བླ་མ་ཞེས་སུ་གྲགས། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཟག་མེད་བདེ་བ་སྦྱིན་པའི་གནས། །ཙནྡན་སྨན་གྱི་ནགས་ཚལ་དུ། །རྒྱལ་ཡུམ་རྡོ་རྗེ་བདག་མེད་ལ། །སུ་ཁ་སིདྡྷི་ཞེས་སུ་གྲགས། །གདན་གསུམ་ཚང་པའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཞེས་སྦྱར། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གཏོར་ཆོག་བསྡུས་པ་ལྟར་གཏོར་མ་འབུལ་ཞིང༌། འགྲུབ་ན་མཁའ་འགྲོ་སྡེ་ལྔ་ལའང་ཚོགས་གཏོར་ཟུར་དུ་འབུལ་ལོ། །ཚོགས་ལྷག་མ་བཅས་ཟིན་ནས། །དམངས་རིགས་ཉིས་སྟོང་བྲམ་ཟེ་གཅིག་དང་མཉམ། །དེ་བཞིན་བྲམ་ཟེ་དགེ་སློང་རྡུལ་མེད་དང༌། །ཡེ་ཤེས་ལྡན་རྣམས་སྟོང་ཕྲག་གཉིས་གཉིས་སུ། །བསྒྲེས་པའང་སློབ་དཔོན་གཅིག་དང་ཞིང་མཉམ་པར། །གསུངས་ཕྱིར་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད། །ཞིང་གི་རབ་མཆོག་ཕུལ་དུང་བྱུང་མེད་པས། །རྒྱལ་ཁྱོད་མཉེས་པར་བྱས་ན་ཀུན་མཁྱེན་མཆོག །ཡེ་ཤེས་བླ་མེད་ཐོབ་པར་ཡང་ཡང་གསུངས། །སློབ་དཔོན་རྡོ་རྗེ་སེམས་དཔའ་མཆོད་པ་དེས། །བསོད་ནམས་ཀུན་བྱས་དཀའ་ཐུབ་ཐམས་ཅད་བསྟེན། །སྡིག་འཇོམས་སྡུག་བསྔལ་ཞི་མཛད་སྲེད་པ་ཡི། །རྒྱ་མཚོའི་འཇིངས་ལས་སྒྲོལ་མཛད་ལ་ཕྱག་འཚལ། །ཁྱོད་ལ་རྗེས་མཐུན་གུས་པས་ཡོན་ཕུལ་ན། །རིམས་སོགས་གནོད་པ་མི་འབྱུང་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་ལ་ཕུལ་བར་འགྱུར་བས་ན། །དངོས་གྲུབ་མཆོག་ནི་ངེས་པར་ཐོབ་པར་གསུངས། །བདག་གིས་དུས་གསུམ་དགེ་བ་ལུས་ལོངས་སྤྱོད། །ཡོངས་སུ་གཟུང་བ་མེད་པའི་མཆོད་རྫས་དང༌། །སྨོན་


LT17_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་བསྒྲུབ་ཕྱི་ནང་གསང་བའི་མཆོད་པ་འབུལ། །ཁྱོད་ལ་བརྙས་བར་བྱེད་པ་ཀུན། །རྒྱལ་པོ་མེ་དང་དུག་དང་རིམས། །ལོག་འདྲེན་རྣམས་ཀྱིས་བསད་ནས་ཀྱང༌། །རྟག་ཏུ་དམྱལ་བར་འཚེད་པར་གསུངས། །ཁྱེད་ལ་བརྙས་ཤིང་རྨད་ན་ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །གཟིམས་ཆ་སྟན་དང་ལྷྭམ་དང་གདུགས། །འགོམ་ཞིང་ཅོ་འདྲི་བྱེད་པ་ནི། །དོན་རེང་དཔལ་ཉམས་ནད་ཀྱིས་ཐེབས། །སྐུ་ཡི་གྲིབ་མ་ལ་འགོམ་པ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །དེ་དག་བགྱིས་གང་སོ་སོར་བཤགས། །སྙིང་ནས་སློབ་དཔོན་སྦྱོང་པ་ནི། །རྨི་ལམ་དུ་ཡང་འགྲུབ་མི་འགྱུར། །སློབ་དཔོན་ཡོན་ཏན་བཟུང་བྱ་ཡི། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་ན་དངོས་གྲུབ་སྟེ། །སྐྱོན་བརྗོད་པ་ལས་དངོས་གྲུབ་ཉམས། །བདག་གི་སྒོ་གསུམ་བག་མེད་པས། །ཉེས་པར་བགྱིས་ཀུན་མཐོལ་ལོ་བཤགས། །ཁྱེད་ཀྱི་བ་སྤུ་ཉག་རེ་ཡི། །བསོད་ནམས་ལ་ཡང་དུས་གསུམ་གྱི། །རྒྱལ་བའི་ཕྲིན་ལས་ཐམས་ཅད་ཀྱི། །ཆར་ཡང་བསྐྲུན་པར་མི་ནུས་པས། །ཉིད་དང་ཉིད་ཀྱིས་རྗེས་བཟུང་དང༌། །ཉིད་ལ་མཆོད་དང་ཕྱག་འཚལ་སོགས། །བསོད་ནམས་མི་ཟད་བྱེད་པ་ལ། །ལྷག་པར་དང་བས་ཡིད་རང་ངོ། །བསྐལ་པ་བྱེ་བར་མདོ་རྒྱུད་ལ། །ཐོས་བསམ་སྒོམ་པས་རབ་སྦྱངས་ཀྱང༌། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པར་མི་རྙེད་གསུངས། །བླ་མའི་ལུང་ཐོབ་དངོས་གྲུབ་མཆོག །འབད་མེད་ཐོབ་པར་འགྱུར་བས་ན། །བདག་སོགས་འཆིང་བ་ལས་གྲོལ་ཕྱིར། །ཟབ་མོའི་འཁོར་ལོ་བསྐོར་བར་བསྐུལ། །འོད་


LT17_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྷན་སྐྱེས་བདེ་བ་ཆེ། །ཐམས་ཅད་སྟོང་པ་བླ་མ་ཡི། །དྲིན་གྱིས་གསལ་བར་འགྱུར་བས་ན། །བདག་བྱིན་བརླབས་པ་མ་རྙེད་ན། །ངལ་བ་འབྲས་མེད་དེ་བཞིན་དུ། །བླ་མས་ཕོངས་པ་སྔགས་དང་ནི། །ཕྱག་རྒྱ་རྙེད་པར་མི་འགྱུར་བས། །མྱ་ངན་མི་འདའ་བདག་གསོལ་འདེབས། །མཐོ་རིས་གནས་སུ་ལྷ་ཡི་དབང༌། །ས་སྟེང་འཁོར་ལོས་བསྒྱུར་བ་ཉིད། །ས་འོག་གདེངས་ཅན་བདག་པོའི་ཚུལ། །ཨོཾ་ཡིག་གཙང་མ་རིག་བྱེད་མཆོག །འགྲོ་བའི་བླ་མ་ཕ་མ་མྱེས། །གྲོགས་དང་མགོན་དང་བྱེད་པོ་དང༌། །སྐྱོན་འཇོམས་ཡོན་ཏན་ཀུན་གྱི་གནས། །རྡོ་རྗེའི་རྣལ་འབྱོར་ཅན་ལ་འདུད། །ཀུན་འགྲོའི་ཡེ་ཤེས་བརྟན་གཡོ་ཀུན། །འགྲོ་འོང་མེད་པར་ཁྱབ་མཛད་པ། །སྐྱེས་བུ་ཁྱུ་མཆོག་ཐུབ་དབང་པོ། །དབུལ་དང་མགོན་མེད་ཐམས་ཅད་ཀྱི། །སྐྱོབ་པ་ཡིད་བཞིན་ནོར་བུ་ལ། །མི་བཟད་འཁོར་བས་འཇིགས་པ་བདག །འདི་ཕྱི་ཀུན་ཏུ་སྙིང་ཐག་པས། །སྒོ་གསུམ་དད་པས་ཁྱོད་བསྟེན་ནོ། །རྡོ་རྗེའི་རིགས་ལ་སློབ་དཔོན་བཟུང་བ་ནི། །དམ་ཚིག་ཀུན་གྱི་རྩ་བར་ཡང་ཡང་གསུངས། །མྱོས་བྱེད་དམན་པའི་མཆོད་དང་སྦྱིན་སྲེག་ནི། །མར་དང་བྲལ་ན་འབྲལ་མེད་རིགས་ཀྱི་ཆོས། །བཏང་པས་མི་གནས་དོན་མེད་དེ་ལྟ་བུར། །སློབ་དཔོན་དང་བྲལ་ཆོས་ཀྱང་དོན་མི་འགྲུབ། །དེ་ཕྱིར་དམ་ཚིག་ཀུན་ལས་ཁྱད་པར་དུ། །སློབ་དཔོན་དམ་ཚིག་འབད་ནས་བཟུང་བར་བགྱི། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་ཕྲིན་ལས་བསྒྲུབ་པར་ཤོག །ཁྱོད་ཉིད་གང་ལ་མཉེས་པ་དེ་སྒྲུབ་ནས། །མི་མཉེས་བྱེད་པ་ཐམས་ཅད་སྤང་བར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོད་མི་མཉེས་ན་ཚེ་འདི་ལ། །བྱང་ཆུབ་ཐོབ་ཀྱང་དོན་མཆོག་འགའ་མ་


LT17_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། །བདག་གཞན་དུས་གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་མངོན་འགྱུར་ཞིང༌། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །བདག་ཅག་འཁོར་བའི་བཙོན་རར་ཆུད་རྣམས་ལ། །འདྲེན་པ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །མོས་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །ཐུགས་རྗེས་གཡེལ་བ་མེད་པར་གཟིགས་སུ་གསོལ། །རྡོ་རྗེ་སློབ་དཔོན་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་སྒྲུབ་པ་དང༌། །གསུང་ངག་དབྱེར་མེད་རྡོ་རྗེའི་གསུང་ཐོབ་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང༌། །ཐུགས་ཡིད་དབྱེར་མེད་འདྲེ་བར་བྱིན་གྱིས་རློབས། །བདེ་སྟོང་ཟུང་འཇུག་སྟོང་ཉིད་སྙིང་རྗེའི་ངང༌། །ཐབས་ཤེས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་མཆོག །སྐྱེ་མེད་འོད་གསལ་མངོན་སུམ་མཐོང་ཞིང་རྟོགས། །རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག །བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང༌། །ཞི་ལྷག་དབྱེར་མེད་ཏིང་འཛིན་རབ་འབྱམས་ཅན། །སྒོ་གསུམ་སྤྱོད་པ་རྣམ་དག་དྲི་མེད་ཀྱིས། །གཟུང་འཛིན་འཁོར་བའི་གནས་ལས་གྲོལ་བར་ཤོག །བསམ་ཡས་བརྗོད་བྲལ་རླབས་ཆེན་ཐབས་མཆོག་དཔག་མེད་པས། །ད་ལྟ་ཉིད་དུ་མཆོག་གི་དངོས་གྲུབ་སྐུ་བཞིའི་བདག །ནམ་མཁའི་མཐར་ཐུག་འགྲོ་རྣམས་ཐེག་མཆོག་ལ་བཀོད་ནས། །མྱུར་དུ་ཕན་བདེས་ཞིང་ཀུན་ཁྱབ་པར་བྱིན་གྱིས་རློབས། །ཞེས་སླར་ཡང་ཡན་ལག་བདུན་པའི་སྒོ་ནས་འདོད་པའི་དོན་ལ་གསོལ་བ་ནན་ཏུ་གདབ་ཅིང༌། །གཞན་ཡང༌། །ཡིད་ལ་འདོད་རྒུ་འབྱུང་བའི་རིན་པོ་ཆེ། །མགོན་པོ་ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒྲུབ་པས་


LT17_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་བསྟན་འཛིན་བཤེས་གཉེན་རྣམས། །སྐུ་ལ་སྙུན་མེད་ཕྲིན་ལས་རབ་རྒྱས་ཤིང༌། །རྟག་ཏུ་སྡུག་བསྔལ་གྱུར་པའི་འགྲོ་བ་རྣམས། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་པ་ཐམས་ཅད་ཀྱིས། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །སྤང་རྟོགས་མཐར་སོན་བླ་མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང༌། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཅིང༌། །ལུས་དང་ལོངས་སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བས་བྱིན་རླབས་འཇུག་པར་མཛད་དུ་གསོལ། །དབང་བཞི་ལེན་པ་ནི། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །བླ་མའི་སྐུར་ཐིམ་གནས་གསུམ་འབྲུ་གསུམ་གསལ། །བླ་མ་ཡེ་ཤེས་མཁའ་འགྲོའི་དཔྲལ་བ་ནས། །འོད་ཟེར་དཀར་པོ་བདག་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག །སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །བླ་མ་ཡེ་ཤེས་མཁའ་འགྲོའི་མགྲིན་པ་ནས། །འོད་ཟེར་དམར་པོ་བདག་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །བླ་མ་ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་ནས། །འོད་ཟེར་སྔོན་པོ་བདག་གི་སྙིང་ཁར་ཐིམ། །ཤེར་ཡེའི་དབང་ཐོབ་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །སླར་ཡང་གནས་གསུམ་འོད་ཟེར་དཀར་དམར་མཐིང༌། །གཅིག་ཆར་འཕྲོས་ནས་བདག་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒོ་གསུམ་བག་ཆགས་སྦྱངས། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་གྱུར། །སྐྱེ་མེད་ཕྱག་རྒྱ་ཆེད་དུ་ཕྱར་མཛད་ནས། །དགྱེས་པས་དགོངས་ཏེ་ངོ་སྤྲད་སྩལ་བར་གྱུར། །ནམ་མཁའ་རིག་མེད་སྟོང་པ་ལ།


LT17_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བཅས་སེམས་ཀྱི་རྩ་བ་བཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་གསུངས་མཁའ་དང་རང་སེམས་དབྱེར་མེད་འདྲེས། །ནམ་མཁའ་བཞིན་ཏུ་རང་སེམས་སྐྱེ་འཇིག་དང༌། །མཐའ་དབུས་ངོས་བཟུང་བྲལ་བའི་རང་བབ་ཀློད། །བསམ་མེད་ངང་དུ་ཅུང་ཟད་ཀློད་དེ་བཞག །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པའི་ངང་དུ་བཏང༌། །དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་བསྒྲུབ་པ་དང༌། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང༌། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབས་ནས། །མཛད་པ་ཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །མགོ་བོར་བླ་མའི་ཅོད་པན་འཆང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །ནོངས་པ་བཤགས་པ་ནི། ཡིག་བརྒྱ་བརྗོད་ལ། བདག་ནི་མི་ཤེས་བག་མེད་དབང་གྱུར་བས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱོད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །བསྡུ་རིམ་ནི། །སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱོད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དགྱེས་པ་ཆེན་པོས་འོད་ཟེར་གྱི་གོང་བུར་ཞུ་སྟེ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་སུ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར། །ཅེས་བཟོ་མེད་དང་དུ་ཡུན་རིང་མཉམ་


LT17_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་ལ། །ཤེས་ཤིང་སྤྲོ་ན་སྨོན་ལམ་བཀའ་རྒྱ་མ་སོགས་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ལྟར་རིགས་པ་གདབ་བོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི། །ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམས་མཛད་ཅིང༌། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང༌། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང༌། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང༌། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་འཕྲོག་པ་དང༌། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་ཏུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །རྗེས་མཆོད་པའི་རས་མ་ཇི་ལྟར་མཆིས་པ་དག་ཀྱང་འབགས་བཙོགས་དང་བག་མེད་སྤྱོད་པའི་གནས་སུ་འདོར་བར་མི་བྱའོ། །ཡེ་ཤེས་མཁའ་འགྲོ་གཙོར་གྱུར་བའི། །ཤངས་ལུགས་བླ་མ་མཆོད་པའི་ཐབས། །བྲིས་ལས་


LT17_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་གང་ཐོབ་པས། །འགྲོ་ཀུན་བླ་མ་མཆོག་འགྲུབ་ཤོག །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི། །བསམ་ཀྱིས་མི་ཁྱབ་རྣམ་ཐར་ཚོགས། །དེ་དག་བདག་གིས་མྱུར་འགྲུབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་གྱུར་ཤོག །འདི་ལ་འབྲེལ་པ་ཐོགས་ཚད་ཀྱང༌། གྲུབ་ཆེན་ཁྱུང་པོ་ཡབ་སྲས་ཀྱིས། །བདེ་བ་ཅན་དུ་ལེགས་དྲངས་ནས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཤོག །ཅེས་པ་འདིའང་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བ་དང༌། རང་ཉིད་ཀྱི་མོས་པ་ཆེན་པོའི་བློས་མཚམས་སྦྱར་ཏེ། །བརྒྱུད་པ་འདི་ཉིད་ལ་མི་ཕྱེད་དད་པའི་བག་ཆགས་ལྷན་སྐྱེས་སུ་མངའ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་རྗེ་བཙུན་རིན་པོ་ཆེའི་གསུང་རབས་བྱིན་རླབས་ཀྱི་ཁྱད་པར་དུ་གཞིར་བཞག །ཁ་འགེངས་འོས་པ་རྣམས་གསར་དུ་སྦྱར་ཏེ་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་བྱང་ཆུབ་སྒྲུབ་པའི་འགྲུབ་སྦྱོར་དང་ལྡན་པའི་དཀར་ཕྱོགས་ཀྱི་ཚེས་ཤིན་ཏུ་དགེ་བར་ཐུན་ཁོངས་གཅིག་ཏུ་སུག་བྲིས་སུ་བགྱིས་པ་འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ས་ཆེན་ཡོངས་སུ་ཁྱབ་པའི་རྒྱུར་གྱུར་ཅིག །མངྒ་ལམ།།