Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  མཁའ་སྤྱོད་དམར་མོའི་འཕོ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། མཁའ་སྤྱོད་དམར་མོའི་འཕོ་བ།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
མཁའ་སྤྱོད་དམར་མོའི་འཕོ་བ།


LT17_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དམར་མོའི་འཕོ་བ་བཞུགས་སོ། །ན་མོ་གུ་རུ། མཁའ་སྤྱོད་མ་དམར་མོའི་འཕོ་བ་ལ་སྔོན་འགྲོ་དང༌། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། མཎྜལ་དཔེ་ཆུང་ལྟར་བཞེངས། གཏོར་མ་དྲུག་བཤམས། མཆོད་པ་རྣམ་པ་ལྔ་དང༌། ཀ་པཱ་ལི་ལ་སོགས་པ་སྟ་གོན་བྱ། དེ་ནས་བླ་མ་རཱ་ཧུ་ལ་དང༌། བླ་མ་ཤངས་པ་མཇལ་ལུགས་ཀྱི་ལོ་རྒྱུས་བཤད། སིནྡྷུ་རའི་མནྜལ་གྱི་སྟེང་དུ། རྗེ་བཙུན་མ་ལ། བླ་མ་བརྒྱུད་པ་དང་བཅས་པས་བསྐོར་བར་བསམ་མཛོད་བྱས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱ། ད་འདི་ལྟར་དུ་སྒོམས་ཤིག །མདུན་འདི་རུ་ཆོས་འབྱུང་གྲུ་གསུམ་སྡོན་པོ་གཅིག་བསམ། དེའི་ནང་དུ་ཧཱུྃ་སྔོན་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་མངལ་གྱི་སྒྲིབ་པ་སྦྱངས། ཚུར་འདུས་པས་ལྟེམ་གྱིས་ཞུ་བ་ལས་རང་ཉིད་བདེ་མཆོག་དཔའ་བོ་གཅིག་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། སྣང་ལ་རང་བཞིན་མེད་པ་འོད་ཟེར་ལྔ་འཕྲོ་བ་གཅིག་ཏུ་བསྐྱེད། དེ་ནས་སིནྡྷུ་རའི་མཎྜལ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ། དེའི་ནང་དུ་རྗེ་བཙུན་རྣལ་འབྱོར་མ། དེ་ནས་རང་ཉིད་བདེ་མཆོག་ཏུ་ཡོད་པའི་ལྟེ་བར་ཐིག་ལེ་དཀར་པོ་ཨའི་ངོ་བོར་གནས་པ་ལས་འོད་ཟེར་ལྔ་འཕྲོས་པས། གཞན་གྱི་མངལ་གྱི་སྒྲིབ་པ་སྦྱངས་པར་བསམ། དེ་ནས་ངོ་བོ་སེམས་ལ་རྣམ་པ་ཨ་དེ་ལྟེ་བ་ནས་ཡར་དཀར་ཡེ་རེ་རེ་བྱུང་སྟེ་སྙིང་གར་སླེབ། དེ་ནས་བྱུང་སྟེ་སྣ་བུག་གཡོན་ནས་ཕྱིར་ཟུར་གྱིས་དོན་ནས། རྗེ་བཙུན་མའི་ཐུགས་ཀར་ཐིམ་པས་རང་ལུས་སྟོང་པར་བསྒོམ། དེས་རྐྱེན་བྱས་པས་སྒོག་སྒྲ་དང་བཅས་ནས་རྗེ་བཙུན་མ་ཡར་ཏེ། མཁའ་སྤྱོད་དུ་མདའ་འཕངས་པ་བཞིན་རྒྱངས་ཀྱིས་སོང་བར་བསམ།


LT17_Page_139B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་བའི་དམིགས་པ་ཐེབས་བདུན་བསྒོམ་དུ་གཞུག །དེའི་རྗེས་ལ་རྗེ་བཙུན་མ་མཁའ་སྤྱོད་ནས་དམར་ཡེ་རེ་རེ་བྱོན་ཏེ་རང་གི་སྤྱི་བོའི་གཙུག་ཏུ་བྱོན་ནས་ཞབས་གཉིས་བགྲད་པས་བཞུགས་པར་བསམ། དེའི་པདྨ་ན་མར་བྱང་ཆུབ་ཀྱི་སེམས་དམར་ལ་དཀར་བའི་མདངས་བདེ་ཕྲི་ལི་ལི་བབས་ཏེ། སྤྱི་བོའི་ཚངས་བུག་ན་མར་སོང་ནས་ལུས་ཐམས་ཅད་བྱང་སེམས་ཀྱིས་མེར་ཁེངས་པ་དང༌། ཟག་པ་མེད་པའི་བདེ་བ་ཆིལ་ཆིལ་རྒྱས་པར་དམིགས་པ་གཏོད་ཅིག་བྱས་ལ། ངག་ཏུ་ཨོཾ་གསུམ་མ་བགྲང༌། རོལ་མོ་བྱའོ། །བྱང་སེམས་སྤྱི་བོར་སླེབས་ནས་བུམ་དབང༌། མགྲིན་པར་གསང་དབང༌། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་བཞི་པའོ། །དེ་ལ་སེམས་དར་ཅིག་བཞག་གོ །དེ་ནས་རྗེ་བཙུན་མ་སྤྱི་བོ་ན་མར་ཐིམ་ནས་ལྟེ་བར་སླེབས་པ་དང༌། བདེ་བ་ལ་སྟོང་པས་ཁྱབ་པ་བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས་པར་བསམ། དེའི་ངང་དུ་སེམས་མ་བཅོས་པར་བཞག་གོ །ད་ལྟ་ཡང་ཐུན་མ་ཆག་ཙམ་བསྒོམ་མོ། །འཆི་ཁར་སྔར་བཞིན་དུ་བསྒོམས་ནས་རང་གི་ལྟེ་བའི་ཐིག་ལེ་དེ་རྗེ་བཙུན་མར་བསམས་ནས། རྗེ་བཙུན་མ་རྣམ་པར་ཤེས་པའི་ངོ་བོ་དེ་མས་ཡར། ལྟེ་བ་ནས་རྒྱངས་ཀྱི་སོང་སྟེ་སྤྱི་བོ་ཚངས་པའི་བུ་ག་ན་ཡར་དོན་ནས། མཁའ་སྤྱོད་དུ་གཤེགས་པ་དང༌། སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ། །དབུགས་མ་ཆད་ཚེ་དམིགས་པ་རྩེ་གཅིག་ཏུ་ཡང་ཡང་བསྒོམ་མོ། །དེས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །སྐྱེ་གནས་ལྔ་གཅིག་ཅར་དུ་དགག་པ་ཐིག་ལེའི་འཕོ་བ་ཞེས་བྱའོ། །བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོ། །འདིའི་དབང་ཐོབ་བ་ཙམ་གྱིས། སྐྱེ་གནས་སྔར་མི་སྐྱེ་བ་ཡིན་ཞེས། ངེས་ཤེས་སྐྱེད་གསུང་ངོ༌། །མངྒ་ལཾ། །


previousགདམས་ངག་མཛོད་པོད་བཅུ་གཉིས་པ། མཁའ་སྤྱོད་དམར་མོའི་འཕོ་བ།next