Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  ཟབ་ལམ་སུ་ཁ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཟབ་ལམ་སུ་ཁ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་ཆར་འབེབས།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
ཟབ་ལམ་སུ་ཁ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་ཆར་འབེབས།


LT17_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་སུ་ཁ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་ཆར་འབེབས་ཞེས་བྱ་བ་བཞུགས་སོ།


LT17_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་རབ་དགྱེས་དཔའ་བོ་ཧེ་རུ་ཀ །གཞོམ་མེད་དབྱིངས་ཀྱི་དཔའ་མོ་རྣལ་འབྱོར་མ། །ཁ་སྦྱོར་ལྷ་ཡི་སྐུ་གྲུབ་བི་རཱུ་པ། །ས་བཅུའི་དབང་ཕྱུག་སུ་ཁ་སིདྡྷིའི་ཞབས། །གངས་ཅན་མཁས་གྲུབ་ཀུན་གཙོ་ཁྱུང་པོ་རྗེ། །ཆིག་བརྒྱུད་རྡོ་རྗེའི་བཀའ་བབས་རྨོག་ལྕོག་པ། །སྤྱན་རས་གཟིགས་དངོས་ཆོས་ཀྱི་སེང་གེའི་ཞབས། །སྦས་པའི་སངས་རྒྱས་གཉན་སྟོན་རི་གོང་བ། །རྡོ་རྗེའི་རྒྱ་བཀྲོལ་སྟོན་པ་འགྲོ་བའི་མགོན། །གཙང་མ་ཤངས་སྟོན་རིག་པའི་རྡོ་རྗེ་དང༌། །ཁུ་སྟོན་ཚུལ་མགོན་འདྲེན་མཆོག་ཆོས་དཔལ་བཟང༌། །ཚུལ་ཁྲིམས་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །གཞོན་ནུ་ཆོས་གྲུབ་སེམས་ཀྱི་མདུད་གྲོལ་ཞབས། །ལྷ་དབང་གྲགས་པ་རྗེ་བཙུན་སྒྲོལ་བའི་མགོན། །ཕྲིན་ལས་དབང་མོ་ཡེ་ཤེས་རྒྱ་མཚོའི་སྟེ། །སྙིང་པོ་བློ་གྲོས་གྲུབ་བརྙེས་ཀུན་བཟང་དབང༌། །ཚེ་དབང་ནོར་བུ་འཁྲུལ་ཞིག་ཆོས་དབྱིངས་མཚན། །ཀུན་བཟང་ཆོས་འབྱོར་བློ་བཟང་མཐུ་སྟོབས་དང༌། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་ཞབས། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་སྟེ། །སྨིན་གྲོལ་ལམ་


LT17_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ཌཱ་ཀི་ཆོས་སྐྱོང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་མེད་བདུད་རྩིས་ལས་ཉོན་སྡིག་སྒྲིབ་བཀྲུས། །ལྷ་སྔགས་ལམ་གྱིས་ཐ་མལ་སྣང་ཞེན་སྦྱངས། །འབར་འཛག་འཕྲུལ་ལས་ཞུ་བདེ་འགྱུར་མེད་བསྐྱེད། །རང་གྲོལ་སྒྱུ་མས་འཁྲུལ་པའི་བདེན་འཛིན་འཇིག །ཉིང་འཁྲུལ་སྣང་བ་ལྷ་སྐུ་རང་ཤར་བསྒྱུར། །འོད་གསལ་ཉི་མས་གཏི་མུག་མུན་པ་བསལ། །འདའ་ཀའི་གསང་ལམ་མཁའ་སྤྱོད་ཆེན་པོར་སྙེགས། །བར་དོའི་འཁྲུལ་སྣང་རྒྱལ་བ་ལོངས་སྐུར་ཤར། །མི་ཤིགས་དྭངས་མ་གསུམ་ལྡན་ཚེ་དབང་ཐོབ། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མཆོག །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་རྗེ་དཔོན་གང་དེའི་ཐུགས་བཞེད་སྐོང་སླད་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ། །།ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷིའི་བསྐྱེད་པའི་ལམ་ཟབ་དང༌། ཆོས་དྲུག་གི་ཁྲིད་ཡིག་ཟུང་འཇུག་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ཡེ་ཤེས་ཌཱ་ཀིའི་གཙོ་མོ་ནི། །བདེ་བའི་དངོས་གྲུབ་ཞེས་གྲགས་པ། །ས་བཅུའི་


LT17_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་མོ་དང༌། །དབྱེར་མེད་བླ་མ་ལ་བཏུད་ནས། །རྡོ་རྗེ་འཛིན་པའི་གསང་བའི་ཚིག །གྲུབ་ཆེན་ཁྱུང་པོའི་ཐུགས་ཀྱི་བཅུད། །སྙན་བརྒྱུད་རྟོག་གེས་མ་བསླད་པ། །བླ་མའི་ཞལ་ལུང་གསལ་བར་བྱ། །དེའང་བཀའ་བརྒྱུད་རིན་ཆེན་རྣམ་ལྔ་ལ་གང་ཟག་གི་ཚིག་དང་རྟོག་གེའི་བློ་སྐྱོན་གྱིས་མ་བསླད་པའི་སྙན་བརྒྱུད་རྡོ་རྗེའི་གསང་ཚིག་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་འབད་མེད་དུ་སྟེར་བ་ཇི་སྙེད་ཅིག་མཆིས་པའི་ནང་ནས། སྙིང་གི་དྭངས་མ་ལྟ་བུ་སྐལ་ལྡན་གཅིག་ནས་གཅིག་ཏུ་སྦས་ཆོས་སུ་བརྒྱུད་པ་ལས་ཁྱབ་བརྡལ་དུ་བསྒྲགས་པར་མ་མཛད་པའི་ཟབ་གསང་མཁའ་འགྲོའི་སྙིང་ཁྲག་ནི་འདི་ཡིན་ལ། འོན་ཀྱང་དུས་སྐལ་གྱི་དབང་གིས་གཞུང་ཡན་ལག་ཕལ་ཆེར་ཌཱ་ཀིའི་རང་གནས་སུ་བྱོན་ཟིན་ཀྱང༌། གདམས་པའི་རྩ་བ་ལེགས་པར་བཞུགས་པ་དེ་ཉིད་ཉམས་སུ་ལེན་བདེར་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་སྐྱབས་སེམས་དང༌། ཐུན་མིན་དག་བྱེད་སྟོང་རའོ། །དང་པོ་ནི། འདི་ཉིད་ཀྱི་སྨིན་བྱེད་ཁྱད་པར་བས་རྒྱུད་སྨིན་ཅིང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་འབྱོངས་པའི་གང་ཟག་གིས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། མདུན་གྱི་ནམ་མཁའ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད། སྐུ་གཟི་མདངས་མཚུངས་པ་མེད་ཅིང་ཞལ་འཛུམ་བག་དང་ལྡན་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་པ། མཚན་ཐོས་པ་ཙམ་གྱིས་འཁོར་བ་དང་ངན་སོང་ལས་སྒྲོལ་ན། གསོལ་བ་བཏབ་པས་ལྟ་སྨོས་ཀྱང་ཅི་དགོས་པ་དེའི་མདུན་དུ་རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱིས་ལྷན་ཅིག་སྐྱབས་སུ་འགྲོ་བར་མོས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །


LT17_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་བདུན་ལ་སོགས་པ་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། གཉིས་པ་དག་བྱེད་ཨའི་སྟོང་ར་ལ་སྦྱོར་བ་དང༌། དངོས་གཞིའོ། །དང་པོ་གསོལ་བ་གདབ་པ་ནི། རང་དང་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་གདབ་པར་མོས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོང་བར་བྱིན་གྱིས་བརླབ་ཏུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་རྨི་ལམ་འབྱོངས་པར༴ འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར༴ ཞེས་གསོལ་བ་ལན་མང་དུ་བཏབ། མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་པས་སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་མགོ་བོའི་ནང་དུ་འོད་ཀྱི་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། ཟུར་གཅིག་སྨིན་མཚམས་དང་གཉིས་རྣ་བ་གཡས་གཡོན་གྱི་ཕྱོགས་སུ་བསྟན་པ། རྩ་བ་སྲ་བ་མཐུར་དུ་ཟུག་ཅིང་ཁ་གདེངས་ཆེ་བ་གྱེན་ཏུ་བསྟན་པ། ནང་ཁོང་སྟོང་གི་དབུས་རྟེན་མེད་པར་ཡི་གེ་ཨ་དཀར་པོ་ཆོས་འབྱུང་གི་ཁ་མཚམས་ལས་ཅུང་མཐོ་བ་ཞིག་བསྒོམས་ལ་སེམས་འཛིན། ཨ་ཞེས་ལན་ཉེར་གཅིག་བརྗོད་པའི་རྐྱེན་ཀྱིས་ཨ་ལས་བདུད་རྩི་དཀར་པོའི་རྒྱུན་བབ། ཆོས་འབྱུང་གི་ནང་ཁྲིགས་མེར་གྱིས་གང༌། ཕྱིར་ཞམ་ཞམ་ལུད་པས་ལུས་ཀྱི་ཕྱི་ནང་ཐམས་ཅད་གང༌། ཚེ་རབས་ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་སྟེ་ལུས་སྟོང་གསལ་འོད་ཀྱི་རང་བཞིན་ཏུ་གྱུར་བར་བསམ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ནི། བསྒོམ་བཟླས་རྐྱང་པ་རྒྱུན་


LT17_Page_151B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ལྟ་བུར་ཁོལ་འདོན་བྱས་ཚེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང༌། དཀྱུས་འདིར་དག་བྱེད་སྟོང་རའི་རྗེས་ཐོག་ཏུ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ། རང་ཉིད་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ། གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ། སྤྱན་གསུམ་ཧྲིག་གེར་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ལ་ཡིད་གཏད་དེ། ཨོཾ་སུ་ཁ་སིདྡྷི་ཧཱུྃ། ཞེས་ཐུགས་རྒྱུད་སྐུལ་པའི་བཟླས་པ་ཅུང་ཟད་དང༌། རང་གི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་ཨ། འདབ་བཞི་ལ་ཧ་རི་ནི་ས་གཡས་བསྐོར་དུ་འཁོད་པ། ཐམས་ཅད་ཀྱང་དཀར་ལ་དམར་བའི་མདངས་ཆགས་པར་མོས། སྔགས་བཟླས་པས་ལྟེ་བའི་ཡི་གེ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་མཁའ་འགྲོ་སྡེ་ལྔ་རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ་ལ་སོགས་པའི་དབང་གི་ནུས་པ། འཇིག་རྟེན་གྱི་འདོད་ཡོན་ལྔའི་བཅུད་ལ་སོགས་པ་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་ནས་ལྟེ་བའི་ཡིག་འབྲུ་ལ་ཐིམ་པར་མོས་ལ། ཨ་ཧ་རི་ནི་ས། ཞེས་ཡི་གེ་ལྔ་པ་ཅི་ནུས་བཟླ། ཁྱད་པར་དབང་གི་ལས་བསྒྲུབ་ན་མི་གནས་པ་རྣམ་པ་གསུམ་གྱི་སྒོ་ནས་དམིགས་པའི་ཟབ་གནད་བསྒྱུར་ཚུལ་ཡིག་རྙིང་དུ་གསལ། མཐར། །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཏུན། །རྩ་བ་གཅུན་ལ་ལྷུག་པར་བཞག་


LT17_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་དོན་དྲན་པར་བྱས་ལ་མཉམ་པར་བཞག །འདིར་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཞེས་པ་ནི། གཡོན་པའི་ཁུ་ཚུར་ལ་མཛུབ་མོ་ནམ་མཁར་བསྒྲེང་བ་ཕྱར་ཙམ་མཛད་པའོ། །འདིར་མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ལས་བསྐྱེད་ཚུལ་གཞན་འདི་ལྟར་ལ། ཕྱག་གཡས་ཐུགས་ཀར་རྩེ་གསུམ་ཕྱག་རྒྱས་སྐུ་གསུམ་མཚོན་ཞིང༌། གཡོན་སྡིགས་མཛུབ་ཀྱིས་སྐྱེ་མེད་སྟོན་པ། ཞབས་ཙོག་པུའི་བཞུགས་སྟངས་ཅན་ཏུ་བཤད་དེ་རྫོགས་རིམ་སྐབས་འབྲེལ་ཆགས་སུ་མཛད་སྣང༌། གཉིས་པ་རྫོགས་རིམ་ལ། ཆོས་དྲུག་ལས། །དང་པོ་ཐབས་ལམ་གཏུམ་མོ་ནི། ལུས་གནད་མེ་ཐབ་དྲུག་ཆིངས་བྱ། རླུང་རོ་དགུ་ཕྲུགས་ལག་ལེན་ལྟར་འབུད། རང་ཉིད་སུ་ཁ་སིདྡྷིར་གསལ་བའི་ལུས་ནང་སྟོང་པ་དར་གྱི་གུར་ཕུབ་པ་ལྟ་བུའི་ལྟེ་བའི་ཐད་ཀྱི་དབུས་སུ། མེའི་པདྨ་དམར་པོ་འདབ་མ་བཞི་པ། དེའི་ལྟེ་བར་ཨ་ཡིག་དམར་པོ། འདབ་བཞི་ལ་ཤར་དུ་ཧ། ལྷོར་རི། ནུབ་ཏུ་ནི། བྱང་དུ་ས་རྣམས་ཀྱང་ཁ་དོག་དམར་པོ། ཡིག་འབྲུ་རྣམས་པདྨ་ལས་ཅུང་ཟད་འཕགས་པ། གཤང་སྒོར་ཡཾ་ལས་རླུང་དཀྱིལ་ལྗང་གུ་བཅས་གསལ་གདབ། ཐོག་མར་འོག་རླུང་ཅུང་ཟད་བསྐུམ་པའི་རྐྱེན་གྱིས་གཤང་སྒོའི་རླུང་གཡོས། ལྟེ་བའི་པདྨ་ལ་ཕོག་པས་པདྨ་ཁ་དོག་ལྷག་པར་དམར་ཞིང་རེག་བྱ་ཚ་བ་གཡོན་བསྐོར་དུ་སྒོ་རོ་རོ་འཁོར་བ་ལ་དམིགས་པ་དྲག་ཏུ་གཏད། སྟེང་རླུང་དལ་བུས་མནན་ཏེ་ཁ་སྦྱར་དུ་བཟུང་བས་ལྟེ་བའི་ཨ་ལས་མེ་ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་བདེ་བའི་རང་བཞིན་ཏེ་ཆོས་གསུམ་ལྡན་མཐེ་བོང་ཙམ་འབར་བ་དམིགས། རླུང་ཁུགས་ཁ་ཤས་མཚམས་ཨའི་འོད་ཟེར་དམར་པོས་ཕྱོགས་ཀྱི་ཡིག་འབྲུ་བཞི་བསྐུལ། དེ་རྣམས་ལས་ཀྱང་ཆོས་གསུམ་ལྡན་གྱི་མེ་འབར་བས་ཐོག་མར་ལྟེ་བའི་ཕྱོགས་ཀྱི་ལུས་ནང་ཐམས་ཅད་ཁྱབ་པས་བདེ་དྲོད་སྐྱེས་པར་མོས། དེ་ལ་གོམས་ནས་རིམ་པར་སྙིང་ག །མགྲིན་པའི་བར་དུ་ཁྱབ་ཅིང་མཐར་ལུས་ཐམས་ཅད་མེ་འོད་དམར་འཚེར་གྱིས་གང་བར་བསམ་


LT17_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་དག་རྣམས་ཀྱི་སྐབས་སུ། ཨ་ཧ་རི་ནི་ས་ཞེས་ཡིད་བཟླས་བྱའོ། །བུམ་ཅན་སྦྱོར་བ་བཞི་ལྡན་སྤྱི་དང་འདྲ། ཡིག་རྙིང་ལས་དངོས་སུམ་གསུངས་ཀྱང་ཆོས་དྲུག་སྤྱིའི་ཡན་ལག་ཡིན་པས་འཁྲུལ་འཁོར་ཐུབ་ན་ལེགས་ཤིང་བོགས་འབྱིན་ཏུ་འགྱུར། དེས་ཐོག་མར་ལུས་ཚོར་ལ་དྲོད་སྐྱེ། དེས་སེམས་ཚོར་གྱི་སྟེང་དུ་ཞུ་བ་དེ་དྲངས། དེས་མི་རྟོག་པ་རྩོལ་མེད་དུ་ཤར་ནས་ལྷག་མཐོང་གི་རང་ཞལ་ཧྲིག་གེར་མཐོང་བར་འགྱུར་བས། དྲོད་སྐྱེ་བའི་འགོ་བརྩམས་པ་ན་རྩོལ་བ་མི་ཀློད་པ་དང༌། བདེ་བ་སྐྱེས་པའི་ཚེ་སེམས་རྟོག་ཚོར་བ་དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་དང་རིག་པ་སྨིན་མཚམས་ཀྱི་བར་སྣང་ལ་གཏོད་ཅིང༌། ཕྱི་ནང་གི་དབྱིངས་དང་བསྲེས་པས་བདེ་སྟོང་ཟུང་འཇུག་གི་རང་ངོ་འགྱུར་མེད་དུ་ཤེས་པ་ནི་ཐབས་ལམ་གྱི་དགོས་དོན་ནོ། །གཉིས་པ་སྒྱུ་ལུས་ནི། སྤྱི་བོར་གདན་བཞི་བརྩེགས་ཀྱི་སྟེང་དུ་བླ་མ་བསྒོམས་ལ་གསོལ་བ་གོང་བཞིན་དྲག་ཏུ་གདབ། རང་ལུས་མཁའ་འགྲོའི་སྟོང་ར་གསལ་བཏབ་པའི་ལྟེ་བར་པདྨ་ཡིག་འབྲུ་ལྔ་བཅས་གསལ་བའི་འོག་ཏུ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། རྩ་བ་གསང་གནས་སུ་ཟུག་ཅིང་གདེངས་ཀ་གྱེན་ཏུ་ཕྱོགས་པའི་ནང་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ་སོགས་རང་རང་གི་བདེ་སྡུག་ལ་ལོངས་སྤྱོད་པ། སྒྱུ་མ་ལྟ་བུ་སྙིང་པོ་མེད་པ་བུན་ལང་ལང་ཤིག་ཤིག་ཏུ་བསམ། འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་སྟེ་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་དང༌། འདི་རྣམས་སྣང་ནི་སྣང༌། བདེན་ནི་མི་བདེན། སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་འདུན་པ་དྲག་ཏུ་སྦྱང༌། རླུང་ཁ་སྦྱོར་བཟུང་ལ་ཡིད་བཟླས་བྱས་པས་ལྟེ་བའི་ཨ་ལས་འོད་འཕྲོས་ཡི་གེ་བཞི་ལ་ཕོག །དེ་ལས་ཀྱང་འོད་འཕྲོས་ཆོས་འབྱུང་ནང་གི་རིགས་དྲུག་ལ་ཕོག་པས་སྡིག་སྒྲིབ་ཉམས་ཆགས་སྡུག་བསྔལ་ཐམས་ཅད་སངས་ཀྱིས་སྦྱངས་ཏེ་དེ་རྣམས་འོད་དུ་ལྡེམ་ལྡེམ་འདུག་པར་མོས། འོག་རླུང་བསྐུམ། པདྨའང་གཡོན་ཏུ་དྲག་ཏུ་འཁོར་བར་


LT17_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། སེམས་ཆོས་འབྱུང་ནང་གི་རིགས་དྲུག་ལ་གཏད་དེ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་དྲག་པོ་བྱ། ཐུན་འཇོག་པའི་ཚེ། ཆོས་འབྱུང་ཕྱི་ནང་རང་ཡལ་དུ་བཞག །ལྟེ་བའི་ཨ་ལས་འོད་ཟེར་འཕྲོས། རང་གི་ཚངས་བུག་ནས་ཐོན། ལྷའི་བུ་མོ་དཀར་དྭངས། མཆུ་ལ་ཆ་ག །མིག་ལ་ཀྲི་ག །ལྟེ་བ་མན་ཆད་གོས་དང་བྲལ་ཞིང་གསང་སྒོའི་པདྨ་རྒྱས་པའི་བྷ་གར་ཕོག་པས་བདེ་བ་བསྐུལ་ཏེ་ཟེའུ་འབྲུ་རྒོད་པ་ལས་བྱང་སེམས་བདེ་བའི་རྒྱུན་ཐམས་ཅད་དྲངས། རང་གི་སྤྱི་བོ་ནས་ཞུགས། ལུས་ནང་ཐམས་ཅད་གང༌། ཁྱད་པདྨ་ཟེར་བ་དེ་ཡིན། ཡས་ལྤགས་སྟེང་རི་མོ་དེ་ལ་ཟེར།པར་ལྟེ་བའི་ཡིག་འབྲུ་ལ་ཐིམ་པས་བདེ་བ་ཚད་མེད་པ་སྐྱེས་པར་མོས་ལ་རླུང་ཁ་སྦྱར་དུ་བཟུང༌། དེས་རིགས་འགྲེས་ཏེ། དྲི་ཟའི་བུ་མོ་སྔོ་སང༌། བྲམ་ཟེའི་སེར་སྐྱ། མིའི་དཀར་དམར། ཀླུའི་དཀར་སེར། གདོལ་པའི་སྨུག་ནག་རྣམས་ཀྱི་བདེ་བའང་གོང་བཞིན་ཏུ་དྲངས། སྒྱུ་མའི་རང་བབས་བསྐྱངས་པས་ལུས་ཐམས་ཅད་བདེ་ཆེན་གྱིས་ཁེངས་ཤིང༌། དེའི་དབང་གིས་སྣང་བ་ཐམས་ཅད་བདེ་ཆེན་ཏུ་འཆར་བར་འགྱུར། དེ་ལྟར་ཉམས་སུ་བླངས་པས་སྒྱུ་མ་རང་ཤར། རྨི་ལམ་ཟིན་པ། རླུང་འབྱོངས་པ། དྲོད་སྐྱེ་བ་རྣམས་དུས་གཅིག་ཏུ་འབྱུང༌། དགེ་སྦྱོར་བོགས་འདོན་ལ་འདི་ལས་ཆེ་བ་མེད་གསུངས་སོ། །གསུམ་པ་རྨི་ལམ་ནི། བླ་མ་སྙིང་གར་བསྒོམ་ལ་གསོལ་འདེབས་གོང་བཞིན་དང༌། ཁྱད་པར་རྨི་ལམ་ཟིན་པར་བྱིན་གྱིས་རློབས་ཞེས་གསོལ་བ་དྲག་ཏུ་གདབ། ལྟེ་བར་པདྨ་ཡི་གེ་ལྔ་དང་བཅས་པ་གསལ། ཨ་ལས་འོད་ཟེར་འཕྲོས། ཡི་གེ་བཞི་ལ་ཕོག །དེ་རྣམས་དྲག་ཏུ་འཁོར། དེ་ལས་འོད་ཟེར་དམར་པོ་བདེ་དྲོད་ཀྱི་རང་བཞིན་འཕྲོས། ལུས་ཀྱི་ནང་ཐམས་ཅད་གསལ་བར་བསམ། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་དུ་བདེ་དྲོད་ཀྱི་རང་ཉམས་ཅན། རྨི་ལམ་ཡིན་སྙམ་དུ་འདུན་པ་དྲག་པོ་རྒྱུན་ཆགས་སུ་བྱ་ཞིང་རླུང་ཁ་སྦྱོར་དུ་བཟུང་ལ་ཡིད་བཟླས་བྱ། ཁྱད་པར་སྲོད་དང་གཉིད་དུ་འགྲོ་ཁར་རྩེ་གཅིག་ཏུ་བསྒོམ། མཐར་ཡིག་


LT17_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཞི་ཨ་ལ་ཐིམ། ཨ་འོད་དུ་ཡལ་བར་བསམ་པའི་ངང་གཉིད་ལོག་པས་རྨི་ལམ་ཟིན་ཅིང༌། མ་ཟིན་ན་གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ཧྲིབ་པ་དེ་ཉིད་རྨི་ལམ་གྱི་ས་བོན་ཡིན་པས་འདི་ཀ་རྨི་ལམ་དུ་འདུག་སྙམ་དྲན་ཤེས་གྲིམས་ལྷོད་རན་པོ་བྱས་པས་མི་ཟིན་མི་སྲིད་དོ། །ཟིན་པ་ལ་བརྟན་པ་ཐོབ་ནས་སྦྱོང་བ་ནི། ཉིན་པར་ཀུན་ཏུ་སྣང་བ་འདི་རྨི་ལམ་གྱི་སྣང་བ། ལུས་འདིའང་ཡིད་ལུས་སུ་འདུག །འདི་གཉིས་ལ་བདེན་པར་མ་གྲུབ་པས་གང་བྱེད་བྱེད་ཡིན་སྙམ་དུ། དངོས་པོ་ཆེ་ཆུང་བཟང་ངན་ཕན་ཚུན་སྣ་ཚོགས་གོ་བསྣོལ་དུ་བསྒྱུར་བ་དང༌། ལྷ་སྐུ་ཡིག་འབྲུ་ཕྱག་མཚན་ལ་སོགས་པ་ངེས་མེད་དུ་བསྒྱུར་ཞིང༌། དེ་ཐམས་ཅད་ཀྱང་འཛིན་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་པས་འབྱོངས་ནས་རྨི་ལམ་དུའང་དེ་ལྟར་འབྱུང་ངོ༌། །དེ་ལ་གོམས་ནས་སྤེལ་བ་དང་སྤྲུལ་པ་སོགས་ཆོས་དྲུག་གཞན་དང་མཐུན་ཞིང༌། ཡུལ་སྣང་ལྟ་བའང༌། ཨའི་འོད་ཟེར་གྱིས་ཡིག་འབྲུ་བཞི་དང་བཅས་པ་འོད་ཀྱི་རང་བཞིན་ཏུ་སོང་བའི་རྐྱེན་གྱིས། ལུས་ཐམས་ཅད་ཕྲུ་མ་ཕུས་བཏབ་པ་བཞིན་ཕྲིལ་སོང་བར་བསམ་ལ་སེམས་གསལ་སྟོང་འཛིན་མེད་དུ་བཞག །གཉིད་དུ་འགྲོ་ཁར་གང་བལྟ་འདོད་པའི་ཞིང་ཁམས་ལ་སོགས་པའི་ལྐོག་གྱུར་དེ་ལ་ཨ་ལས་འོད་ཟེར་བྱུང་སྟེ་གསལ་ལམ་གྱིས་ཕོག །དེའི་འོད་ལམ་ལ་ཕྱིན་ཏེ་ལྟ་བའམ་གོམས་ནས་དེ་ལ་སེམས་གཏད་པས་ཇི་བཞིན་གཏན་ལ་ཕེབས་པར་འགྱུར་རོ། །དེ་དག་གི་སྐབས་སུའང་མོས་གུས་གལ་ཆེ་ཞིང་གསོལ་འདེབས་ཀྱི་མཐའ་བསྒྱུར་བ་སོགས་འཕྲུལ་ཤེས་པར་བྱ། །བཞི་པ་འོད་གསལ་ནི། བླ་མའི་རྣལ་འབྱོར་སྔར་ལྟར་ལ་འོད་གསལ་ཟིན་པའི་གསོལ་བ་དྲག་ཏུ་བཏབ། ལྟེ་བར་པདྨ་ཡིག་འབྲུ་ལྔ་བཅས་ཁ་དོག་དཀར་པོར་གསལ། རླུང་དང་ཡིད་བཟླས་བྱས་པས་ཨ་ལས་འོད་ཟེར་དཀར་པོ་འཕྲོས། ཡིག་འབྲུ་བཞི་འོད་དུ་འབར། པདྨ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་ཤེལ་


LT17_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལ་ཉི་ཟེར་ཕོག་པ་ལྟ་བུ་བྱུང་ནས་ཁོང་པའི་ནང་ཐམས་ཅད་ཁེངས། ཕྱི་ནང་ཐམས་ཅད་འོད་ཕུང་དཀར་མེ་རེར་གྱུར་པར་མོས་ལ་སེམས་གསལ་སྟོང་བཟོད་མེད་ཀྱི་ངང་དུ་ས་ལེ་ཧྲིག་གེར་ཡུན་རིང་དུ་བཞག །ཁྱད་པར་ཉིན་མོ་རྣམ་ཤེས་ཀྱི་རང་བཞིན་ཨ་དཀར་པོ་སྐྱེ་བ་མེད་པ་དེ་ལ་སེམས་མ་ཡེངས་པར་གཏད། ནུབ་མོ་དང་ལྷག་པར་གཉིད་དུ་འགྲོ་ཁར་དྲག་ཏུ་བསྒོམས་ལ་གསལ་ལ་རྟོག་མེད་ཀྱི་ངང་མདངས་བསྐྱངས། གཉིད་ལ་ཁད་པར་ཡིག་འབྲུ་བཞི་ཨ་ལ་ཐིམ། ཨ་འོད་ཀྱི་རང་བཞིན་ལ་སེམས་གཏད་དེ་རྟོག་པས་བར་མ་ཆོད་པར་གཉིད་ལོག་པས་འོད་གསལ་མི་འཆར་མི་སྲིད་ཅིང༌། ཤར་ནས་འཆོར་མི་སྲིད་གསུངས། འོད་གསལ་ལ་སྲབ་མཐུག་ཕྲ་རགས་ཉམས་རྟོགས་ཀྱི་ཁྱད་པར་སོགས་གནད་དང་དབྱེ་བ་ཕྲ་མོ་མང་ཡང༌། གཉིད་དུ་སོང་བའི་ཚེ་སྣང་བ་གསལ་ལམ་མེ་དྲན་རིག་དང་བཅས་པ་བྱུང་ན་འོད་གསལ་ཟིན་པའི་ཐ་སྙད་བྱེད་ཅིང༌། དེ་ལ་གོམས་ན་ཉིན་པར་ཀྱང་ནུབ་མོའི་དགེ་སྦྱོར་གྱི་ཤུགས་ཀྱིས་དྲངས་པའི་གསལ་སྟོང་རྗེན་པ་རང་ཤུགས་སུ་འཆར་བ་དེ་ཉིད་ནན་ཏན་ཏུ་བསྐྱངས་པས་མྱུར་དུ་ཉིན་མཚན་ཁ་སྦྱོར་གྱི་འོད་གསལ་ལ་དབང་འབྱོར་བར་འགྱུར་རོ། །ལྔ་པ་འཕོ་བ་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ཚིག་རྐང་བཞི་པའི་མཚམས། རྣམ་ཤེས་དག་པ་མཁའ་སྤྱོད་དུ་འཕོ་བར་མཛད་དུ་གསོལ་ཞེས་བསྒྱུར། རང་གི་ལྟེ་བའི་པདྨ་ཡི་གེ་བཞི་བཅས་དཀར་པོར་གསལ་ལ་རླུང་དང་ཡིད་བཟླས་ཀྱིས་སེམས་བསྡུ། སྤྱི་བོར་བུག་པ་འཕང་ལོ་ཙམ་ཏ་ལེར་གསལ། ཡི་གེ་བཞི་འབྱུང་བ་བཞིར་མོས་ལ། རི་ཧ་ལ་ཐིམ། ཧ་ནི་ལ་ཐིམ། ནི་ས་ལ་ཐིམ། དེ་ཨ་ལ་སྟེ་འབྱུང་བ་སྡུད་རིམ་དང་མཐུན་པར་བསྡུས། ཨ་དེ་འབར་ལ་ཁད་འདུག་པ་ལ། འོག་རླུང་བསྐུམ་པའི་རྐྱེན་གྱིས་གཤང་སྒོ་ནས་རླུང་གཡོས། ལྟེ་བའི་ཨ་ལ་ཕོག་པས་


LT17_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མདའ་ཆད་པ་བཞིན་སྤྱི་བོའི་ཚངས་བུག་ནས་ཡར་རྒྱངས་ཀྱིས་སོང༌། ནམ་མཁར་སྐྱེ་མེད་དུ་ཡལ་བར་བསམ། ཐུན་རེ་རེ་ལ་དེ་འདྲ་ཉེར་གཅིག་རེ་བསྐྱར་ནས་རྟགས་ཐོན་པར་སྦྱང༌། ཐུན་འཇོག་པ་ན་ནམ་མཁའ་ནས་ཨ་དཀར་པོ་ལམ་གྱིས་བྱུང༌། ཚངས་བུག་ནས་ལྟེ་བར་བརྗིད་དང་ལྡན་པར་བབས་པས་ལུས་ཚ་ཆིལ་གྱིས་བྱུང༌། སྤྱི་བོའི་བུག་པ་སྣ་ཚོགས་རྡོ་རྗེས་བཀག་པར་བསམ། གཉིས་པ་ནི། འཆི་ལྟས་ངེས་པ་ཅན་བྱུང་ནས་འཆི་བསླུ་སོགས་ཀྱིས་མ་བཟློག་པའི་ཚེ། ཉེས་བྱས་བཤགས་སྡོམ་བྱ། ལུས་ལོངས་སྤྱོད་བླ་མ་དཀོན་མཆོག་ལ་ཕུལ་ཏེ་ཞེན་འཁྲིས་རྦད་ཀྱིས་བཅད། རྣམ་ཤེས་མཁའ་སྤྱོད་དུ་འཕོ་བ་ལ་བྲོད་པ་ཆེན་པོ་དང་བཅས་སྔར་གྱི་དམིགས་པ་དེ་བསྒོམ། ངག་ཏུ་ཧི་ཀ་དྲག་པོ་བརྗོད་ཅིང་རང་སེམས་ཨ་ཡིག་ནམ་མཁའ་དང་བསྲེས་ལ་ཕྱིར་མི་དབབ། འཆི་ཀ་མར་ལུས་གནད་སེང་གེའི་ཉལ་སྟབས་ཀྱི་ངང་ནས་དེ་ལྟར་འཕོས་པས་མཁའ་སྤྱོད་དུ་མི་འགྲོ་ནི་སྲིད་གསུངས། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གནད་དོ། །མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ན། སྦྱོང་བའི་སྐབས་ཡི་གེ་བཞི་མཁའ་འགྲོ་མ་གྲི་ཐོད་འཛིན་པ། པད་འདབ་འབྱུང་བཞིའི་ངོ་བོར་མོས། ཨ་ཡིག་སྤར་ཞིང་འབེབས། ལས་ལ་སྦྱོར་བའི་ཚེ་པད་འདབ་བཞི་མཁའ་འགྲོ་ལ་ཐིམ། དེ་བཞི་ཨ་ལ་བསྟིམས་ནས་སྤར་གསུངས། །དྲུག་པ་བར་དོ་ནི། །བླ་མའི་རྣལ་འབྱོར་གསོལ་འདེབས་མཐའ། བར་དོ་རྒྱལ་བ་ལོངས་སྐུ་འཐོབ་པར་མཛད་དུ་གསོལ་ཞེས་བསྒྱུར། ལྟེ་བར་པདྨ་ཡིག་འབྲུ་དང་བཅས་པ་གསལ། རླུང་དང་ཡིད་བཟླས་བྱས་པས་ཨ་ལས་འོད་འཕྲོས། ཡིག་འབྲུ་བཞི་ངོ་བོ་ཡིག་འབྲུ་ལ་རྣམ་པ་ལྷ་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པར་གྱུར་པའི་སྐུ་ལ་ཕོག །འོད་དུ་ལྡེམ་ལྡེམ་འདུག་པར་མོས། རེས་གསལ་ལ་རྟོག་མེད་རང་ཤར་གྱི་ངོ་བོ་ལ་མ་ཡེངས་པར་ཆེ་རེ་འཇོག །རེས་ཡིད་བཟླས་བྱ། ཡང་ཨ་ལས་འོད་ཟེར་


LT17_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཕྲོས། ཌཱ་ཀི་བཞིའི་གསང་གནས་སུ་ཕོག་པས་བདེ་ཆེན་ཏུ་ལམ་ལམ་འཇུག་པར་མོས། དེ་དག་གི་སྐབས་རྣམས་སུ། ཨ་པ་ང་ཤི་ནས་འདུག །སྣང་བ་ཐམས་ཅད་བར་དོའི་སྣང་བ། ལུས་འདི་ཡང་བར་དོའི་ཡིད་ལུས། ཚོགས་དྲུག་གི་སྣང་བ་ཐམས་ཅད་ཀྱང་མིང་བཞི་འདུས་པའི་ཕུང་པོར་འདུག །བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད་སྙམ་དུ་བསམ་ལ་ཅིར་སྣང་ཅི་གྲགས་ཐམས་ཅད་བར་དོར་ལམ་དུ་འཁྱེར། ཡང་སྐབས་སུ། བར་དོ་འདི་ཉིད་དུ་སངས་རྒྱས་ནས་ཕྱིན་ཆད་མངལ་སྒོ་མི་འགྲིམ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་བསམ་ལ། རང་ལུས་སྣང་སྟོང་ལྷ་སྐུ་འཇའ་ཚོན་ལྟ་བུ། སྣོད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་སྤྲོས་གྲལ་འོད་གསལ། ཁྱད་པར་ཕོ་དང་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་དགྱེས་པ་རྡོ་རྗེ། མོ་དང་འདོད་ཆགས་སྐྱེ་བའི་ཡུལ་ཐམས་ཅད་བདག་མེད་མར་བསམས་ལ། མཉམ་པར་བཞག་པ་ཉིད་ཡུན་རིང་དུ་གོམས་ན། རྨི་ལམ་ལྷ་སྐུ་རང་ཤར་མི་འབྱུང་མི་སྲིད་ཅིང༌། དེ་བྱུང་ན་བར་དོ་ལོངས་སྤྱོད་རྫོགས་སྐུར་འཚང་མི་རྒྱ་མི་སྲིད་གསུངས། ད་ལྟ་དྲན་རིག་དང་འདུན་པའི་ཤུགས་བཟང་ན་སྲིད་པ་བར་དོའི་འཁྲུལ་སྣང་ཤར་བའི་ཚེ། དང་པོ་ངོས་ཟིན། དེ་ནས་ལམ་བསྒོམས་པས་སྐད་ཅིག་དེ་ཉིད་དུ་གྲོལ་བར་འགྱུར་རོ། །དེས་ན་ལམ་ཐམས་ཅད་ཀྱི་རྩ་བ་དྲན་པ་དང་ཤེས་བཞིན་ལ་རགས་ལས་སོ། །གསུམ་པ་རྗེས་ལ་གཉིས། དངོས་དང༌། ཁྱད་པར་གྱི་འཕྲོས་དོན་ནོ། དང་པོ་ནི། དེ་ལྟར་བསྐྱེད་རྫོགས་ཀྱི་ཐུན་མཐའ་ཐམས་ཅད་དུ་ཤེས་ན་བསྔོ་བ་བཀའ་རྒྱ་མ་སོགས་དང༌། མི་ཤེས་ནའང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་ཟུང་འཇུག་གི་སྨོན་ལམ། འཁོར་གསུམ་ཡོངས་དག་གི་བསྔོ་བ་དངོས་དང་རྗེས་མཐུན་པས་རྒྱས་གདབ། མཉམ་བཞག་ཏུ་


LT17_Page_155B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གང་ལ་བརྩོན་པ་དེ་ཉིད་རྗེས་ཐོབ་ཀུན་ཏུའང་དྲན་ཤེས་ཀྱིས་བསྐྱང༌། སྒྱུ་མ་རྨི་ལམ་བར་དོ་ལ་སོགས་པའི་སྐབས་དེ་དག་གི་དྲན་འདུན་རྒྱུན་ཆགས་སུ་བྱ། དགེ་སྦྱོར་ལ་གོལ་ས་འབྱུང་བའི་རྒྱུ་ཐེ་ཚོམ། སྙོམས་ལས། ང་རྒྱལ་ལོག་ལྟ་སོགས་དུག་ལྟར་སྤང༌། དགེ་སྦྱོར་ལ་གེགས་བྱེད་པའི་རྐྱེན་སྐྱོན་ཡོན་བཟང་ངན་ལ་རེ་དོགས་དགག་བསྒྲུབ་བླང་དོར་མི་བྱ་བར་བཏང་སྙོམས་སུ་འཇོག །དགེ་སྦྱོར་གྱི་བོགས་འདོན་མཆོག་ཏུ་གྱུར་པ་མོས་གུས། དག་སྣང༌། སྙིང་རྗེ་རྣམས་ཐམས་ཅད་ཀྱི་གྲོགས་སུ་ཁྱེར་ཏེ་ཉམས་ལེན་ལ་གནད་དུ་བསྣུན་པས། སྤྲོས་པ་ནང་ནས་ཆོད། འཁྲུལ་པ་བུན་ལོང་དུ་ཞིག །ཡོན་ཏན་ཤུགས་ལས་འཆར། ཟུང་འཇུག་གི་གོ་འཕང་མངོན་ཏུ་བྱེད་པར་འགྱུར་རོ། །གཉིས་པ་ཁྱད་པར་འཕྲོས་དོན་གྱི་ཚུལ་དུ་སྨོས་པ། བོ་དོང་ཀུན་མཁྱེན་འཇིགས་བྲལ་ཆེན་པོ་ལ་ཉེ་བརྒྱུད་དུ་སྩལ་བའི་ཚེ་སྒྲུབ་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་བྱ། སྔོན་ཏུ་སོང་ན་འདིར་མི་དགོས། སྭ་བྷཱ་ལྦ་སོགས་བརྗོད་པས་ཆོས་ཐམས་ཅད་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་དགྱེས་མཛད་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུར་གསལ་པའི་མདུན་གྱི་ནམ་མཁར་རྡོ་རྗེའི་ར་བ་མེ་རི་ཟླུམ་སྐོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་ཡར། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར། སེང་ཁྲི་པདྨ་ཟླ་ཉི་སཱ་རའི་པགས་པའི་གདན་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་བའི་དངོས་གྲུབ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དཔྱི་ཟུར་གཡས་པའི་ཐད་ནས་གདན་ལ་བཙུགས་ཤིང༌།


LT17_Page_156A
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྩེ་གསུམ་གྱི་ཕྱག་རྒྱ་ཐུགས་ཀར་གཏོད་པ། དར་དང་རིན་པོ་ཆེ་དང་རུས་པའི་ཕྲེང་བས་ཀུན་ནས་མཛེས་པ། ཞབས་གཉིས་ཙོག་པུར་བསྣོལ་བའི་ཚུལ་གྱིས་འཇའ་འོད་འཁྱིལ་པའི་གུར་ཁང་ན་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛ༔ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་དགྱེས་རྡོར་ལྷན་སྐྱེས་ཡབ་ཡུམ་གྱིས་དབུ་བརྒྱན། ཨོཾ་ཛྙཱ་ན་ཌཱ་ཀི་སུ་ཁ་སིདྡྷི་བཛྲ་ཨཱརྒྷཾ་པྲ་ཏྭིཙྪ་སྭཱ་ཧཱ། དེ་བཞིན་དུ། མ་སྦྱར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་དང༌། ཨོཾ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཨཱཿཧཱུྃ་གིས་མཆོད། །བཅུ་དྲུག་ལང་ཚོས་མཛེས་ཤིང་སྒེག །བདེ་སྟོང་མཁའ་དབྱིངས་དྭངས་མའི་སྐུ། །བརྗོད་བྲལ་སྐྱེ་མེད་ངང་ལ་བཞུགས། །བདེ་བའི་དངོས་གྲུབ་མ་ལ་བསྟོད། །ཅེས་པས་བསྟོད། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་ལ་དམར་མདངས་ཆགས་པའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བར་གྱུར། །ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་ཡེ་སུ་ཁ་སིདྡྷི་ཨཱ་ཡུ་རྫྙཱ་ན་སིདྡྷི་མྨེ་པྲ་ཡ་ཙྪ། ཞེས་ཅི་ནུས་བཟླས་པས། སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་དང༌། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། རོ་བཅུད་དྭངས་མ་ཐམས་ཅད་སྤྱན་དྲངས། ཡེ་ཤེས་ཌཱ་ཀིའི་སྐུ་ལ་ཐིམ། དེ་ལས་འོད་ཟེར་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་ཁེངས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་


LT17_Page_156B
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་ཀྱིས་དག །འཆི་མེད་དྭངས་མ་གསུམ་ལྡན་མཆོག་གི་སྤྲུལ་སྐུ་བླ་མ་འགྲུབ་པར་བྱིན་གྱིས་བརླབས་པར་བསམ། མཐར། གོང་ལྟར་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། འཇའ་ལུས་སྐུ་བརྙེས་མི་ཤིགས་པའི། །དྭངས་མ་ལྷན་སྐྱེས་སྒྱུ་མའི་སྐུ། །འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས། །སུ་ཁ་སིདྡྷི་ཁྱེད་རང་མཁྱེན། །ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམས་སེ་ཞུ། རང་ཡི་དམ་དུ་གསལ་བའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གཉིས་སུ་མེད་པར་ཐིམ་པས། དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་དག་ཅིང་མཐར་ཐུགས་སྐུ་བཞིའི་གོ་འཕང་ཐོབ་པར་བསམས་ལ་རིག་པ་ཆོས་ཉིད་བྱ་རྩོལ་བྲལ་བའི་ངང་དུ་ཅི་གནས་སུ་བཞག །མཐར་ཟུང་འཇུག་གི་སྐུར་ལྡངས་ལ་བསྔོ་སྨོན་བྱའོ། །སྤྱིར་ཡེ་ཤེས་མཁའ་འགྲོ་སུ་ཁའི་ཆོས་སྐོར་ལ། བདག་མེད་མའི་ནང་ཁྲིད་དང༌། ཕག་མོ་གསང་སྒྲུབ་ཀྱི་སྐོར་སོགས་མཁས་གྲུབ་ཁྱུང་པོ་ཉིད་ལས་བྱོན་པ་དང༌། ཕྱིས་གཉན་སྟོན་ཆེན་པོ་ལ་དངོས་སུ་སྩལ་བའི་བསྐྱེད་རིམ་གཟེར་གསུམ། ལྟེ་བ་སྤྲུལ་འཁོར་སོགས་གདམས་ངག་ཤིན་ཏུ་ཟབ་ཅིང་འདྲིལ་བའི་སྨར་ཆོས་འགའ་ཞིག་གི་ནང་ནས། དེང་སང་ཡིག་རྙིང་ཕལ་ཆེར་ཞིག་གི་ལུང་རྒྱུན་དང་ཁྲིད་བརྒྱའི་ནང་ཚན་ཙམ་ལས་ཆེར་མི་བཞུགས་ཀྱང༌། རྩ་བ་ནི་ཆོས་དྲུག་འདི་དང་ཕྱག་ཆེན་དག་པ་ཡེ་ཤེས་གཉིས་པོ་ཡིན་ཞིང༌། མཁས་གྲུབ་ཁྱུང་པོས་དཀའ་ཆེན་སྤྱད་པའི་གཅེས་ནོར་གསེར་ཆོས་འདི་ཉིད་ཆད་དུ་ཕོངས་པས་ཕྱིས་འབྱོན་བློ་བཟང་ངག་གིས་རྒྱུན་བསྐྱང་བ་དང༌། འདིའི་བྱིན་རླབས་ཐོབ་ནས་ཉམས་ལེན་གྱི་རྩ་བ་འདི་ཙམ་ལ་འབད་པས་ཀྱང་གྲུབ་པ་གཉིས་བདེ་བླག་ཏུ་བརྙེས་པར་འགྱུར་བ་ནི་ཡེ་ཤེས་


LT17_Page_157A
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀིའི་ཐ་ཚིག་གི་ངེས་པའོ། །དད་བརྩོན་དམ་ཚིག་ལྡན་པ་ཡིས། །ལོའམ་ཟླ་བ་དྲུག་ཉིད་དུ། །རྡོ་རྗེ་འཆང་དངོས་འགྲུབ་བྱེད་པ། །ཐབས་ལམ་སྙིང་པོ་ཡིད་བཞིན་ནོར། །གྲགས་ཕྱིར་མ་ཡིན་ཆོས་ཚུལ་འདི། འཕེལ་ཞིང་གནས་ཕྱིར་ཅི་ནུས་སུ། །བཤད་པའི་དགེ་བས་བདག་གཞན་ཀུན། །བདེ་ཆེན་དངོས་གྲུབ་མཆོག་བརྙེས་ཤོག །ཅེས་པའང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཉྫུ་གྷོ་ཥའི་ཞལ་སྔ་ནས་ཆོས་ཚུལ་འདི་སྙིང་གི་ཐིག་ལེར་ནོད་པའི་ཚེ། མཁྱེན་རབ་ཀྱི་མངའ་བདག་རྗེ་དབོན་བློ་གྲོས་བཟང་པོའི་ཐུགས་བཞེད་ཀྱིས་རྐྱེན་བྱས་ཏེ། བླ་མའི་ཞལ་ལུང་ཟིན་ཐུན་གྱི་ཚུལ་དུ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་བྲིས་ཤིང༌། ཡིག་རྙིང་རྣམས་ཀྱི་དགོངས་དོན་ཀྱང་ཚང་བར་འདུས་གསལ་གྱི་ཁུལ་དུ་སྤེལ་བ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཟབ་ལམ་སུ་ཁ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་ཆར་འབེབས།next