Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།


LT17_Page_281A
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


LT17_Page_281B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བླ་མ་ཡི་དམ་སངས་རྒྱས་ལ། །བཏུད་ནས་སྔགས་རིགས་ཐམས་ཅད་ཀྱིས། །ལེགས་པར་སྒྲུབ་ལ་ཉེར་མཁོ་བའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །བདག་ཉིད་སྔགས་གི་ཡི་དམ་ཡང་རུང་བའི་བདག་བསྐྱེད་གནས་པས། །རང་གི་མདུན་གྱི་ནམ་མཁའ་ཧཱུྃ་ལས་བྱུང་བའི་སྲུང་འཁོར་དང༌། །ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ། དབུས་སུ་ཟླ་བ་ལ་ཨོཾ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཱཾ་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་མོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་


LT17_Page_282A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨཱཿལས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན་ཁྲོ་ཞིང་བཞེད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེའུ་འཁྲོལ་ཞིང༌། །གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་དཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྡང་ཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། །མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ཀྱི་མཚན་པ། འོད་ཟེར་སྣ་ལྡ་འབར་བའི་དབུས་ན་བཞུགས་ཤིང༌། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་


LT17_Page_282B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་བསྐོར་བ་བཛྲ་ས་མཱ་ཛ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཡབ་ཅིང༌། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀ་དྷ་ཡ། ཨཱ་ཀ་ཌྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱཾ། ཧྲི་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿལན་ལྔ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཿཧྲཱིཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་ཌཱ་ཀི་ནི་ཨཱཿཧྲཱི་ཏྲཱཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཨཱཿཧཱུྃ་ཕཊ་སྭཱ་ཧཱ། སྤྱི་དྲིལ་གྱི་སྔགས་ནི། ཨོཾ་ཨཱཿཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་བཟླས་པར་བྱའོ། །མཆོད་གཏོར་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ནས། ཕུད་ཀྱི་དང་པོའི་གཏོར་མ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། དེ་ནས་མཁའ་འགྲོ་ལ་འབུལ་བ་ནི། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱཾ་ཕཌཿ ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿཕཌཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་ཨི་མཾ་བ་ལིཾ་ཧོཿཕཊ། ཅེས་ལན་གསུམ་སོགས་ཀྱི་ཕུལ། རྒྱས་པར་ན་ཚིག་བཅད་དང་བཅས་པ་དང༌། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ནས་སངས་རྒྱས་རིགས་སུ་སྐྱེ། །ཞེས་པའི་བར་བརྗོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། བདག་བསྲུང་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གོང་གིས་གཏོར་ཆོག་དེ་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་འབུལ་བ་དང༌། ལྔ་ཚན་ལྔ་བའི་གཏོར་མ་ཐུན་བཞིར་འབུལ་བ་གཏོར་མ་བརྒྱ་པ་དང༌། བཞི་ཚན་བཅུ་དྲུག་ཅུ་འབུལ་བ་དབྱུག་གུའི་གཏོར་མ་སྟེ། རྒྱས་པ་དང༌། ཞི་བ་དང༌། དབང་དུག་གི་ལས་ལ་བསྔགས་སོ། །དེ་དག་གི་ལག་ལེན་


LT17_Page_283A
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལས་བྱང་གཞན་དུ་ཤེས་པར་བྱའོ། །འདིའི་གཏོར་དབང་ནི། ཆོས་འབྱུང་གི་དབུས་སུ་ཚོམ་བུ་ལྔ་བཀོད། དེའི་སྟེང་དུ་གཏོར་མ་ལྔ་ལ་མཁའ་འགྲོ་སྡེ་ལྔའི་གཟུགས་སམ། སྔགས་བྱང་འཛུགས། སྟེགས་བུ་མཐོ་བ་ཞིག་ལ་ཕུད་གཏོར་ཆུང་བ་ཞིག་བཤམ། མཆོད་པ་རྣམས་ཅི་བདེར་བསྒྲིགས་ནས་གོང་བཞིན་བདག་མདུན་བཟླས་པ། གཏོར་འབུལ་འདོད་གསོལ་ཀྱི་བར་བྱས་ནས། སློབ་མ་ལ་ཆབ་བཏང༌། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ། དེའང་ལམ་ཟབ་མོ་གསང་སྔགས་ཀྱི་ཐེག་པ་འདིར་རྒྱུད་སྡེ་བཞིར་བཞུགས་པའི་ནང་ནས་རྒྱུད་སྡེ་གོང་མ་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་མེད། དེ་ལ་ཐབས་ཤེས་ཀྱིས་ཕྱེ་བའམ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི། རྣལ་འབྱོར་ཕ་མ་གཉིས་མཐར་ཐུག་དགོངས་པ་གཅིག་ཀྱང༌། །དངོས་བསྟན་སྟོན་ཚུལ་གྱི་དབང་དུ་བྱས་ན། ཕ་རྒྱུད་ཀྱི་ཁྱད་ཆོས་ཟབ་གནད་ཐམས་ཅད་རྣལ་འབྱོར་མའི་རྒྱུད་ལ་ཚང་ཞིང༌། ཕ་རྒྱུད་དུ་མི་གསལ་བའི་ཟབ་གནད་མང་པོ་ཡང་མ་རྒྱུད་ལ་ལྷག་པོར་ཡོད་པས་རྣལ་འབྱོར་མའི་རྒྱུད་ཉིད་མཆོག་ཏུ་ཟབ་ཅིང་མྱུར་བ་ཡིན། དེས་ན་རྣལ་འབྱོར་མ་རྒྱུད་ལ། རྣལ་འབྱོར་མའི་ཐབས་དང་དངོས་གྲུབ་གཙོ་བོར་སྟོན་པའི་ཕྱིར། དངོས་གྲུབ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་གཙོ་བོར་སྩོལ་བའི་ཕྱིར་གང་ཞིག་སྒྲུབ་པ་པོ་སྔགས་ལམ་ཟབ་མོར་འཇུག་པ་རྣམས་ཀྱིས་ཡེ་ཤེས་མཁའ་འགྲོ་མ་རྣམས་རྟག་ཏུ་མཉེས་བའི་ཐབས་ལ་འབད་པ་གལ་ཆེའོ། །དེ་ལྟར་འབད་པས་ནི་རིགས་སྔགས་མྱུར་དུ་འགྲུབ་པ་དང༌། ཉམས་ཆགས་སྐོང་ཞིང༌། །ལས་བཞིའི་དངོས་གྲུབ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཆོག་འགྲུབ་པ་གདོན་མི་ཟ་བས། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྱུང་པོ་ལོ་ཙྪ་བའི་མན་ངག་ལས་བྱུང་བ་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་བཀའ་གཏད་གཏོར་དབང་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་


LT17_Page_283B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །ཅེས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་ལྔ་པ་འདིའི་རྗེས་ཟློས། །བདག་གིས་སྡིག་པ་བགྱིས་པ་དང༌། །སོགས་ལན་གསུམ། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱོད་རང་རྣམས་ཀྱི་སྙིང་གའི་ནང་དུ་པདྨའི་གདན་ལྔ་ཚོམ་སོགས་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་བཀུག་ཅིང་བསྟིམ། མཆོད་བསྟོད་ཀྱི་བར་སོང་ནས། གཏོར་མ་ཁ་གསོས་བྱིན་རླབས་བྱས་ལ་གཏོར་ཆོག་བསྔོ། འདོད་དོན་གསོལ་བ་བཏབ་པར་བྱ། དེ་ནས་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྟན་ཐོག་འདི་ཉིད་དུ་སྩོལ་བར་མོས་ཤིང༌། བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ནས་རིམ་པར་བྱོན་པའི་རྩ་བ་དང་རྒྱུད་པའི་བླ་མ་དམ་པ་རྣམས་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བདག་འཛིན་ཉོན་མོངས་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། །མདོར་ན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་རེ་བ་ཐམས་ཅད་ཡིད་


LT17_Page_284A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ་འགྲུབ་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་རླབས་ཅིང༌། །དངོས་གྲུབ་རྣམ་གཉིས་འབྱུང་པའི་གནས། །གཏོར་མའི་དབང་བསྐུར་སྦྱིན་པར་བྱ། །ཞེས་དང་གོང་གི་སྔགས་རྣམས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །རྗེས་དམ་ཚིག་ཁས་བླང༌། གཏོང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་བྱ། །མདུན་བསྐྱེད་མཆོད་པ་ཁ་གསོས་ལ་མཆོད་བསྟོད། འདོད་དོན་གསོལ་གདབ་ནོངས་བཤགས་བཟོད་གསོལ། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། རྟེན་མེད་ན་ལྷ་གཤེགས། དགེ་བསྔོ་ཤིས་བརྗོད་རྒྱས་པར་སྤེལ་ལོ། །ཀུན་ནས་ཉམས་ཆགས་བསྐང་བ་དང༌། །ལས་སྒྲུབ་གང་ལའང་ཤིས་ཤིང་དགའ། །སྒྲུབ་བོ་ཀུན་ལ་མཁོ་བ་འདི། །སྙིང་ནས་བརྩེ་བས་མྱུར་པོར་བྲིས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་ཀྱི་ལེན་ཚན་ནོ། །ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཁོལ་དུ་བྱུངས་ཏེ་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ། །


previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།next