Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས།
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས།


LT17_Page_312A
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། ནང་མཆོད་གཏོར་མ་བྱིན་རླབས་ཡི་དམ་ལྟར་བྱ། རང་གི་མདུན་དུ་པད་ཉི་ལ་ཧཱུྃ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་མ་གཉིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། ཐ་མ་གཉིས་ཌཱ་མ་རུ་དང་ཞགས་པ། སྟག་ལྤགས་དང་མགོ་ཕྲེང་རུས་པ་དང་སྦྲུལ་དང་ཕྱག་ཞབས་ལ་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་རྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིནྡྷུ་རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་ཞོན་པ་ཁྲམ་ཤིང་ནད་རྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྨུག་ནག་གྲི་ཐོད་འཛིན་པ། དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཱ་ཀི་རཱ་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ཏྲཀྴད་རུ་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ནག་གི་འཇོལ་བེར་དང་སྭག་ལྷྭམ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵིཾ་ཉེར་གཅིག །བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བི་གྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླའོ། །སྔགས་དེ་ཀའི་མཐར། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་


LT17_Page_312B
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་ཁཱ་ཧི། བཏགས་པ་ལན་གསུམ། དེ་བཞིན་ཏུ། །བྷྱོ་མ་མོ་ནག་མོ་བེ་ཏཱ་ལི་སིངྒ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ། ཨོཾ་ཀྵེ་ཏྲ་པཱ་ལ་བི་གྷཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་རཱ་ཛ་ས་མ་ཡ་བྷྱོ་དུ་ཛཿཧཱུྃ་ཕཊ། ཨོཾ་དུ་ཡོ་ག་ཛཿམ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཞེས་འཁོར་རེ་རེ་ལ་ཨི་དཾ་སོགས་བཏགས་པ་གསུམ་གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ནི་ཨུ་པ་ཧཱ་རི་ཎཱི་ཨེ་ཥོ་ཨ་པཤྩི་མ་ཀཱ་ལོ྅ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི་ཡ་དི་པྲ་ཏི་ཛྙ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་སོགས་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། ཨརྒྷཾ་སོགས་མཆོད། ཨོཾ་ཨཿཧཱུྃ་གིས་ནང་མཆོད་འབུལ། །ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་བས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷཱུ་ར་ཡིས་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་བརྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་དང་གྲིབ་སེལ་ལ་སོགས་པ་རྗེས་འདི་ལྟར་བྱས་ཀྱང་རུང༌། ཡིག་བརྒྱ་བཟོད་གསོལ་སྨོན་ལམ་དང་བཀྲ་ཤིས་བརྗོད། ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་བ་འདི་ནི། གངས་ཀར་རྡོ་རྗེ་གདན་གྱི་སྐུ་གཉེར་བ་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གངས་དཀར་དུ་སྦྱར་བའོ།། །།མངྒ་ལཾ།། །།


previousགདམས་ངག་མཛོད་པོད་བཅུ་གཉིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས།next