Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན།
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན།


LT17_Page_370A
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན་བཞུགས་སོ། །


LT17_Page_370B
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་ཁྱབ་བདག་བླ་མ་རྡོ་རྗེ་འཆང༌། །དབྱེར་མེད་མྱུར་མཛད་སྤྱན་རས་གཟིགས་དབང་ཕྱུག །མི་འབྲལ་སྙིང་གི་ཐིག་ལེར་བཀོད་ནས་འདི། །ཀུན་དང་ཐུན་མོང་མིན་པས་ཁྱད་པར་དབྱེ། །སྤྱི་དང་ཁྱད་པར་གྱི་དམ་ཚིག་ལས་ནམ་ཡང་མི་འདའ་ཞིང༌། མགོན་པོ་འདི་ཉིད་ཆོས་སྐྱོང་གི་གཙོར་འཛིན་པས་བསྙེན་སྒྲུབ་མཆོད་གཏོར་ལ་བརྩོན་ནུས་པ་དང༌། ཆོས་བརྒྱུད་འཛིན་ངེས་པའི་སློབ་མ་རེ་རེ་ཙམ་ལ་བཀའ་འདི་ཉིད་སྦྱིན་པར་བྱ་བའི་ཚེ། སྦྱོར་བ་མཎྜལ་རྟེན་མཆོད་རྣམས་རྩ་བ་བར་ཆད་ཀུན་སེལ་སྐབས་ལྟར་བྱ། གནས་ཡོ་མཆོད་གཏོར་བྱིན་རླབས་ནས་བརྩམ། བདག་བསྐྱེད་བསྒོམ་བཟླས། མདུན་བསྐྱེད་སྒྲུབ་ཚུལ་རྣམས་ཀྱང་དེ་ཁོ་ན་ལྟར་ལ། གཏོར་འབུལ། བསྟོད་པ། བདག་འཇུག་བཅས་གྲུབ་པ་དང༌། དངོས་གཞི་སློབ་མ་ལ་ཁྲུས་བྱ། །སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་བཀའ་ཟབ་མོ་གསན་ལ་ཞེས་བསྒྱུར། དེའང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཆོས་སྐྱོང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཆོས་ལྔ་དང་ལྡན་པ་ནི་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཉིད་ཡིན་ཏེ། དེའང་འདི་ནི་འཇིག་རྟེན་པའི་སྐྱེ་བརྒྱུད་དང་མི་འབྲེལ་བ་སྤྱན་རས་གཟིགས་དབང་ཉིད་ཐུགས་བསྐྱེད་ལྷག་པར་སྟོབས་སུ་གྱུར་པའི་རང་གཟུགས་ཡིན་པ་དང༌། མཆོག་བསྒྲུབ་པས་ཐུན་མོང་ཞོར་ལ་འབྱུང་ཞིང་ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ། བྱིན་རླབས་ཀྱི་བཀའ་ཐོབ་པ་ལམ་བསྒྲུབས་པར་ཡང་བྱིན་གྱིས་རློབ་ཅིང་གསོལ་བ་བཏབ་པ་ཙམ་གྱིས་བར་ཆད་སེལ་བར་མཛད་པ་དང༌། མཆོད་བསྟོད་བྱས་པ་ཙམ་གྱིས་ཆོས་མཐུན་གྱི་དཔལ་འབྱོར་རྒྱས་ཀྱང་མཆོག་ལ་སྒྲིབ་པའི་རྒྱུར་མི་འགྱུར་བ་དང༌། བར་དོའི་འཇིགས་པ་ལས་སྐྱོབ་ཅིང་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྣ་འདྲེན་པ་སྟེ་དེ་ལྟ་བུའི་ཡིད་བཞིན་ནོར་བུ་ལྟ་བུའི་མགོན་པོ་འདི་ལ་བྱིན་རླབས་ཀྱི་བཀའ་རིགས་མི་གཅིག་པ་དུ་མ་ཡོད་པ་རྣམས་ཀྱི་ནང་ནས། ཀུན་དང་ཐུན་


LT17_Page_371A
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པ་ལུས་དང་གྲིབ་མའི་ཚུལ་ལམ། སྲོག་ལྟར་འབྲལ་མེད་དུ་འགྲོགས་པའི་གནད་སྙིང་ཞུགས་ཀྱི་བཀའ་ཟབ་མོ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་མཚམས་སྦྱར་ནས་ངེས་པར་གསེར་གྱི་མཎྜལ་འབུལ་དུ་གཞུག །སྙིམས་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གང་གི་དྲིན་གྱིས་བདེ་ཆེན་ཉིད། ཅེས་སོགས་ཤྩོ་ཀ་གཅིག་དང༌། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་པའི་གསོལ་བ་ལན་གསུམ་བཏབ། དེ་ནས་ལྷ་ངོ་བསྟན་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ། སློབ་མ་ལྷར་བསྐྱེད། གནས་གསུམ་བྱིན་རླབས་ཀྱི་བར་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ཇི་ལྟ་བར་བྱ། དེ་ནས་ཁྱད་པར་གྱི་གསོལ་འདེབས་འདིའི་རྗེས་ཟློས། བླ་མ་མགོན་པོའི་ལྷ་ཚོགས་རྣམས། །བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། བུ་ཁྱོད་ལ་ནི་བདག་གིས་ནི། །ནག་པོ་ཆེན་པོའི་དམ་ཚིག་བསྒྲགས། །བསམ་གྱིས་མི་ཁྱབ་དེས་བྱང་དང༌། །མཚན་བཟང་གར་དགུའི་ཉམས་ལྡན་པ། །བསྒོམ་དང་དམིགས་བཟླས་མཆོད་པར་གྱིས། །སྔགས་རྒྱུན་དྲག་པོའི་ཕྱག་མཚན་སོགས། །རྟག་ཏུ་བཅང་ཞིང་བཟླས་པ་བྱ། །ལས་ཀྱི་སྒྲུབ་པ་ཅི་བྱེད་ཀྱང༌། །བླ་མ་མཆོད་ཅིང་གསོལ་བ་བཏབ། །སྒྲུབ་པའི་ཐབས་དང་སྒྲུབ་པ་ལས། །རིང་དུ་གྱུར་ལ་བྱམས་པ་སྤོངས། །བྱང་ཆུབ་སེམས་དང་ལྡན་བྱའོ། །ཞེས་དམ་ལ་བཞག །དངོས་གཞི་ཁྱད་པར་ཅན་གྱི་བྱིན་རླབས་ཀྱི་གཞི་འགོད་པ་ལ་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་གསང་གནས་ཀྱི་བར་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་བོ་ནས་སྙིང་ཁ་ཡན་ཁ་གཡེལ་ཞིང་སྤྱི་བོའི་ཚངས་བུག་དང་དེ་ཡོད་པའི་སྙིང་གའི་ཐད་ཀྱི་དབུ་


LT17_Page_371B
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནང་དུ་ཁྱེད་རང་གི་སྙིང་གྱེན་དུ་ལྡོག་སྟེ་ལོག་པ་པདྨ་འདབ་བརྒྱད་དུ་སོང་བའི་ལྟེ་བར་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ཡིག་སྔོན་པོ་ཞིག་ཏུ་སོང་བའི་མོས་པ་མཛོད། དེ་ལྟ་བུའི་སྤྱི་བོ་ཚངས་བུག་གི་སྟེང་དུ་པདྨ་དང་ཉི་མ་ཚོགས་ཀྱི་བདག་པོའི་གདན་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་གཏོར་ཆོག་ལྟར་ལ། མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་གཡོན་གསེར་གྱི་དྲིལ་བུ་བསྣམས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། ཡིད་ལ་དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བར་མཛད་པ་ཞིག་བཞུགས་པའི་མོས་པ་མཛད་ནས་དེ་ཉིད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས། ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་རྫུ་འཕྲུལ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འགྲོས་པས་བསིལ་བ་ཚལ་ན་བཞུགས་པའི་མགོན་པོ་ལ་ཕོག་པས་ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་རང་དབང་མེད་པར་སྤྱན་དྲངས། ཁྱེད་རང་གི་སྤྱི་བོའི་ནམ་མཁར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་ཅིང་ཁྱོད་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་གསུང་ལྷང་ལྷང་བྱོན་ནས་སྤྱི་བོའི་


LT17_Page_372A
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་དམ་ཚིག་པ་ལ་ཐིམ་པས་དེ་ཉིད་བསིལ་བ་ཚལ་གྱི་མགོན་པོ་ཡེ་ཤེས་པ་དངོས་སུ་གྱུར་སྙམ་པ་མཛོད། སླར་ཡང་མོས་གུས་དྲག་ཏུ་བསྐྱེད་པས་མགོན་པོའི་སྤྱི་བོར་བཞུགས་པའི་བླ་མ་འོད་དུ་ཞུ་མགོན་པོ་ལ་ཐིམ། མགོན་པོ་ཉིད་ཁྱེད་རང་གི་སྤྱི་བོའི་ཚངས་བུག་བརྒྱུད། དབུ་མའི་ནང་དུ་བྱོན་ཏེ་རང་སེམས་ཧཱུྃ་ཡིག་ཏུ་གསལ་བ་དེ་ཉིད་ལ་ཐིམ་པས་དངུལ་ཆུ་ལ་དངུལ་ཆུ་འདྲེས་པ་བཞིན་དུ་དབྱེར་མེད་དུ་གྱུར་ཏེ་ཡེ་ཤེས་མགོན་པོའི་སྐུར་གྱུར་པ་ནི་སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞེས་པ་ནས། ཀློང་དཀྱིལ་ན་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། ཁྱེད་རང་གི་གཞི་ལུས་ཀྱང་ཡེ་ཤེས་མགོན་པོའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་ལྷག་པར་གསལ་ཐོབ་ལ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བར་མཛད་པ། རྣམ་དག་ཆོས་སྐུའི་རང་བཞིན་ཅན་དེ་བདག་ཉིད་དོ་སྙམ་པའི་ང་རྒྱལ་བཟུང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། ཞེས་མཉམ་པར་འཇོག་ཏུ་གཞུག །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རྩ་དབུ་མའི་ནང་བརྒྱུད། སྙིང་གའི་པདྨ་མགོན་པོ་དང་བཅས་པ་ལ་ཕོག་པས་པདྨ་བུམ་སྐུ་ལྟར་འུབས་སེ་འདུས་པའི་རྩེར་རྡོ་རྗེ་རྩེ་ལྔ་པ་ཁ་དོག་ནག་པོ་ལྟེ་བར་ཧཱུྃ་གིས་མཚན་པས་ཏོག་གི་ཚུལ་དུ་སྤྲས་པ་ལ། སླར་ཡང་བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་རྩ་དབུ་མའི་ནང་ནས་མར་ཞུགས། སྙིང་གའི་མགོན་པོ་དང་བཅས་པའི་པདྨ་བུམ་སྐུ་ལྟར་ཁ་ཟུམ་པའི་ཕྱི་རོལ་ནས་སྙིང་པོའི་སྔགས་ཀྱི་ཡིག་འབྲུ་འོད་འཚེར་བ་དྲྭ་བའི་རྣམ་པ་ཅན་གྱི་ཐག་པས་གྲུ་གུ་ལྟར་བསྡམས་པས་རང་ཉིད་བྱང་ཆུབ་མ་ཐོབ་བར་གྱི་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་ཞིང་འབྲལ་མེད་དུ་བཞུགས་ནས་བྱིན་གྱིས་རློབ་པར་གྱུར་པའི་མོས་པ་མཛོད་ཅིག །དེ་བརྟན་པར་བྱ་བའི་ཆེད་


LT17_Page_372B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྙིང་གར་རྡོ་རྗེ་བཞག་སྟེ། བཛྲ་མ་ཧཱ་ཀཱ་ལ་ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་སྙིང་ཞུགས་དངོས་གཞི་སོང་ནས། མཐའ་བརྟེན་གཏོར་མ་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱིས་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་སྤྱི་བོའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་བྱུང༌། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་དང་སྐུའི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་སྔགས་བརྗོད་ཅིང་རོལ་མོ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་བྱུང༌། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་མགྲིན་པའི་ཨཱཿཡིག་ལ་ཐིམ་པས། ངག་གི་སྒྲིབ་པ་དག །གསང་བའི་དབང་དང་གསུང་གི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོ་བྱུང༌། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་སྙིང་གར་ཧཱུྃ་ཡིག་སྔོན་པོ་ལ་ཐིམ་པས། ཡིད་ཀྱི་སྒྲིབ་པ་དག །ཤེར་དབང་དང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་གསུམ་རྦད་ཀྱིས་ཆད་ནས་སློབ་མ་དང་སྙིང་གའི་མགོན་པོའི་གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་ལུས་ངག་ཡིད་གསུམ་བྱེད་ལས་དང་བཅས་པའི་སྒྲིབ་པ་དག །ཚིག་དབང་དང་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། དེ་ནས་མགོ་ཐོག་ཏུ་འཇོག་པའི་སྐབས་སུ། བླ་མ་མགོན་པོ་དགྱེས་བཞིན་དུ་སྤྱི་བོར་བྱོན་ནས། ཁྱེད་རང་རྣམས་མགོན་པོར་གསལ་བ་དང༌། ཁྱད་པར་དུ་ཡང་སྙིང་གའི་རང་སེམས་མགོན་པོར་གསལ་བ་ལ་སིབ་སིབ་ཐིམ་པས་བླ་མ་མགོན་པོའི་བྱིན་རླབས་ཞུགས་ཏེ་བླ་མ་མགོན་པོ་དབྱེར་མེད་དང་ཁྱེད་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་གསུམ་ངོ་བོ་དབྱེར་མེད་དུ་


LT17_Page_373A
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་སོང་སྙམ་པ་མཛོད། བྱས་ལ་གཏོར་མ་མགོ་ཐོག་ཏུ་བཞག་ནས་དྲིལ་བུ་བསིལ་ཞིང༌། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཇི་ལྟར་བཀའ་བསྒོས་དམ་བཅའ་དྲན་མཛོད་ལ། །སྐལ་ལྡན་བུ་ཡི་འགལ་རྐྱེན་ཀུན་སེལ་ཞིང༌། །མཐུན་རྐྱེན་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་དོ། །དེ་དག་གིས་མགོན་པོ་སྙིང་ཞུགས་ཀྱི་བཀའ་གསེར་ཆོས་ཆིག་བརྒྱུད་ཐུན་མོང་མ་ཡིན་པ་ལེགས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་དང་སྐད་ཅིག་ཀྱང་མ་འགལ་བ་དང༌། ཕྱི་ནང་གསང་བའི་རྟེན་ཚུལ་བཞིན་ཏུ་འཆང་ཞིང་བསྙེན་སྒྲུབ་དུས་ཀྱི་མཆོད་པ་མ་ཆགས་པར་བརྩོན་པ་དང༌། ཁྱད་པར་གསང་རྟེན་སྲོག་ཏུ་སྦ་བའི་རྣལ་འབྱོར་ཉིན་མཚན་རེ་རེ་བཞིན་མི་བརྗེད་པ་དང༌། འདི་ཉིད་ཐོབ་ཕྱིན་ཆད་དུས་རྟག་ཏུ་མགོན་པོ་རང་གི་སྙིང་དབུས་སུ་བསྟིམ་པ་མ་གཏོགས་ཕྱི་རོལ་དུ་མི་བསྟིམ་པ་རྣམས་གནད་ཀྱི་དམ་ཚིག་ཡིན་པར་གསུངས་པས། ཇི་སྐད་བཤད་པ་དེ་དག་ལས་མི་འགལ་བར་རྗེས་སུ་བསྒྲུབ་བོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས། གཏོང་རག་མཎྜལ་སོགས་དང༌། དཀྱིལ་འཁོར་རྗེས་ཀྱི་བྱ་བ་ཚོགས་མཆོད། གཏོང་རག །བཟོད་གསོལ་ནན་ཏན་སོགས་རྩ་བའི་བྱིན་རླབས་ཀྱི་སྐབས་སུ་བཤད་པ་བཞིན་ལེགས་པར་བསྒྲུབ་པར་བྱའོ། །བླ་མ་ཡེ་ཤེས་མགོན་པོའི་གསང་བ་གསུམ། །དད་པའི་སྙིང་དབུས་བྱང་ཆུབ་ཐོབ་ཀྱི་བར། །མི་འབྲལ་བཞུགས་ནས་བྱིན་གྱིས་རློབས་པ་དང༌། །འགྲོ་ཀུན་གོ་འཕང་མཆོག་དེར་སྦྱོར་ནུས་ཤོག །ཅེས་པ་འདིའང་ཕྱོགས་འདིར་རྒྱུན་ཤིན་ཏུ་དཀོན་པས་ཡིག་ཆ་རྙིང་པའི་གསལ་ཕྱེད་ཀྱི་ཚུལ་དུ་བླ་མ་མགོན་པོ་དབྱེར་མེད་མི་འབྲལ་སྙིང་གི་ཐིག་ལེར་འཛིན་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་མགོན་པོ་དགྱེས་པའི་གནས་དང་དུས་སུ་བྲིས་པ་དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བཅུ་གཉིས་པ། མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན།next