Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གསུམ་པ། དམ་པ་སངས་རྒྱས་ཀྱི་ཞལ་གདམས།
   


 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། དམ་པ་སངས་རྒྱས་ཀྱི་ཞལ་གདམས།next

གདམས་ངག་མཛོད་པོད་བཅུ་གསུམ་པ། དམ་པ་སངས་རྒྱས་ཀྱི་ཞལ་གདམས།


LT22_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སངས་རྒྱས་ཀྱི་ཞལ་གདམས། བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ་བཞུགས་སོ། །


LT22_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དམ་པ་སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དམ་པ་སངས་རྒྱས་དེ་དུས་རེ་ཞིག་ན་བཤུམ་གིན་གདའ་སྐད། ཀུན་དགས་དམ་པ་ཅི་ལ་བཤུམ་པ་ཡིན་ཞུས་པས། ཐུབ་པའི་བསྟན་པ་ནུབ་ལ་ཁད་ལ་དུ། ནམ་ནུབ་ལགས་ཞུས་པས། ད་ལོ་མང་པོ་ཙམ་མེད་གསུངས། རྟགས་ཅི་ཡོད་ལགས་ཞུས་པས། ནམ་ཕུག་ན་མི་བཟང་བཟང་གྲངས་ཉུང་། མི་ངན་མགོ་ལངས། ཡོན་ཏན་ཅན་ལ་སྐྱོན་ཚོལ། ངན་བྱེད་ཀྱི་ཁ་འཛིན་ཆེ། ངོ་ཕོ་ཆེ་ཆེས་ཟས་རྙེད། བྱེད་པ་ངན་ངན་རྒོད་ལ་འཆོར། བསམ་པ་བཟང་བཟང་དམའ་འབབ། ཕྱི་ཚིས་ཆེ་ཆེ་ལ་གྱོང་བསྐུར། ཆེ་ཁ་ཆུང་གིས་བསྒྱུར། ཕོ་བས་མོ་ཁ་དྲག །བཟང་པོ་བས་ངན་པ་དབང་ཆེ། དགོས་པ་ནི་ཕྱི་ལ་ལུས། སྙིང་གཏད་ཀྱིས་སྙིང་འབྱིན། མགོ་གཏད་ཀྱིས་མིག་འབྲུ། བཟང་ལེན་དུ་ངན་བྱེད། ཉེ་ཉེས་དགྲ་བྱེད། མཛའ་མཛས་མགོ་གཡོགས། ཟས་བཅས་འབུ་དང་དུག་ཏུ་བཅས། མི་བཅས་གཡོག་དང་བཅས། མ་བསླབ་པར་མཁས་རློམས། མ་རན་པར་ཆེ་ས་འཛིན། ཞོ་ལམ་དར་རས་འགོགས། རྒན་རྒོན་གྱི་གོང་དུ་སྡོད། མ་བསགས་པར་ཕྱུག་འདོད། མ་བྱས་པར་གྲུབ་འདོད། བཟའ་ཉེ་བ་ལ་འཚོལ། དབང་བུད་མེད་ཀྱིས་བྱེད། གཙོ་བོ་བློན་ཁྲམ་པས་བྱེད། ཁྲིམས་ཟོལ་ཟོག་གིས་བྱེད། དགེ་བ་གཡོ་སྒྱུས་བྱེད། མིང་ཆུང་སོ་སོར་ཐར། རྫུན་གང་ཆེ་བྲིན། ཁྲམ་གང་ཆེ་བཟང་། མ་བོས་པར་འོང་།


LT22_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོལ་བར་བྱེད། མ་བསམ་པར་སྨྲ། ཟས་དགྲ་ལ་སྟེར། ནོར་འཇལ་ལ་འཆོར། ཁྲམ་པ་ལྷར་མཐོང་། དྲིན་ཆེན་དགྲར་མཐོང་། ཕ་མ་འདྲེར་མཐོང་། ཆོས་ལ་ཐན་དུ་མཐོང་། དགེ་བ་མཚང་དུ་མཐོང་། ཉེ་བ་ཟས་སུ་མཐོང་། ཕ་མགོ་བུས་གཡོགས། བུ་མགོ་ཕས་གཡོགས། མཛའ་བའི་གཞུང་མེད། རྒྱལ་པོའི་ཁྲིམས་མི་ཉན། ཁྲེལ་དང་ངོ་ཚ་མེད། ཆོས་ཀྱི་དམ་ཚིག་མི་ཉན། ཕུགས་ལ་མི་སེམས་འཕྲལ་ལ་ལྟ། བཟའ་བཏུང་ནང་ནས་འཆོལ། སྒུམ་བུ་འཚེར་འོག་ནས་འཐུ། སྤྱོད་པ་ཁྱི་བས་ཐུ། བསམ་པ་དུག་བས་ངན། ལས་སུ་སྡིག་པ་དགའ། དྲོ་ཟན་དང་བསྟན་སྲིད་བརྗེ། གཏམ་ངན་རིན་གྱིས་ཉོ། ངན་སེམས་དང་དུ་ལེན། དགེ་ལ་ཐབས་ཀྱིས་འབྱོལ། མཚང་དགེ་རུ་བྱེད། རང་སྐྱོན་ཡོན་ཏན་དུ་མཐོང་། བྱེད་པ་ངན་ངན་རྒྱལ། ཁྲེལ་ཆེ་ཆེ་འཕམ། བཟང་བརྒྱ་བྱས་ཀྱང་བརྗེད། ངན་གཅིག་བྱས་ཀྱང་དྲན། བཀུར་ན་ངན་བྱེད། རང་མཚང་བསྐུང་། གྲོགས་མཚང་སྒྲོག །ཁ་ད་ལབ་མོར་མཐོང་། ཕན་སེམས་ཀྱི་གཞི་མེད། གཡོ་སྒྱུ་གང་ཆེ་འཁུར། མཁས་པའི་གཉའ་གཅོག །བཙུན་པས་འདུལ་ཁྲིམས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། བུད་མེད་ཀྱིས་ལུས་མི་ཐུབ། ས་ཡིས་ཆུ་མི་ཐུབ། མཛའ་བོས་གསང་མི་ཐུབ། བཙན་པོས་ནོར་འཕྲོག །ཕྱུག་པོས་ནོར་མི་ཐུབ། ཁྲམ་པས་བློན་པོ་བྱེད། དད་པས་དགེ་བ་མི་དྲན།


LT22_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པས་བསྐུར་གནས་ཞིག །སྒོམ་པ་ཁྱིམ་པ་ལ་སྨོན། རྒན་རྒོན་ཤི་བ་ལ་སྨོན། ཆོས་རྫུན་པ་མཁས། ཞིང་པ་ཁྲམ་པ་དག །ཡོན་ཏན་གསར་པ་མཁས། རྙེད་པ་ལོག་འཚོས་འཚོལ། དྲིན་ཆེན་གྱི་ངོ་ལ་འཇུག །མེད་པ་སྔགས་སུ་བགྲང་། ཡི་དྭགས་ལྷར་བསྒོམ། ཡོད་པའི་ཟས་རྐུ། མེད་པའི་ཡོན་ཏན་སྒྲོགས། ཁ་ཟས་ལ་དགའ། ལུས་ཉལ་ལ་དགའ། མ་བརྟགས་པར་མཁང་སྐྱེན། མ་བསྒྲུབས་པར་འགྲུབ་རེ། མ་བསླབས་པར་མཁས་རེ། དིང་རི་བའི་མི་དང་འདྲ། མ་འཕྲད་པར་འདྲིས། མ་འགྲོགས་པར་འགྲས། མི་རིགས་པའི་ལས་བྱེད། མི་འཐད་པའི་གཏམ་ཟློ། ཞེ་དོག་ལ་རུ་རགས། འགྲོགས་དཀའ་ལ་གཞུང་ངན། དེ་འདྲས་གང་བའི་དུས་དེའི་དུས་སུ་བསྟན་པ་ནུབ་འགྲོ་བ་ཡིན་གསུང་ངོ་། །ཀུན་དགས་ཞུས་པ། དེ་འདྲ་བ་དང་ཇི་ལྟར་འགྲོགས་ཞུས་པས། དེ་འདྲ་བའི་མི་ལ་བློ་མ་གཏོད། གྲོས་མ་འདྲི། གྲོགས་མ་འཚོལ། ལན་མ་བྱེད། ཕན་མ་འདོགས། གནོད་པ་མ་སྐྱེལ། འབྲེལ་མ་བྱེད། གྲོགས་མ་བྱེད། རྗེ་བོར་མ་བསྐུར། བདེན་པར་མ་འཛིན། ལབ་མ་མང་། སྤྱོད་པ་མ་འཆོལ། སློང་མ་བྱེད། དཀྱིལ་མ་གཞུག །གཉེན་མ་འདེབས། མཛའ་མ་བཤེས། ནོར་མ་མཐུན། འདྲིས་མ་བྱེད། སྙིང་མ་གཏད། ཡོན་ཏན་མ་བསླབ། གདམས་ངག་མ་སྦྱིན། འཁོར་དུ་མ་བསྐོར། གྲལ་མ་བསྒྲིག །རེ་བ་མ་ཆེ། ཐབས་ཀྱིས་བྱོལ། རྒྱུས་ཀྱིས་འགྲོགས། སྤངས་སེབ་གྱིས། རྒྱང་ངེ་སྡོད། འདྲི་ན་མི་ཤེས་གྱིས། ཨེ་མཐོང་ཟེར་ན་མ་མཐོང་གྱིས། ཨེ་ཐོས་ཟེར་ན་མ་ཐོས་གྱིས། ཨི་ཤེས་ཟེར་ན་མི་ཤེས་གྱིས། ཨི་ཡོད་ཟེར་ན་མེད་གྱིས། དེའི་ཟས་ཀྱང་མ་ཟ། ནོར་ཡང་མ་ལེན། གྱོང་རང་གིས་ཁུར། རྒྱལ་ཁ་ཁོ་ལ་བྱིན། བསྟོད་ར་སྨད་ར་མ་བྱེད། ཁ་འཛིན་དང་ཕྱོགས་ཆ་མ་བྱེད། ཚིག་ལ་རྒྱལ་ཁ་མ་བྱེད། བཟོད་པ་བསྒོམས་ལ་བསྡོ་བ་གྱིས་གསུང་ངོ་། །དེའི་དུས་སུ་


LT22_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཚད་དུ་ལགས་ཞུས་པས། ལྔ་བཅུ་དྲུག་ཅུ་ཙམ་ཡིན་གསུང་། དེ་རྣམས་ལ་སངས་རྒྱ་བའི་རྒྱུ་ཡོད་དམ་ཞུས་པས། རི་བོང་ལ་རྭ་སྐྱེས། སྦལ་པ་ལ་སྤུ་སྐྱེས་ཙ་ན་སངས་རྒྱ་གསུང་། དེ་ཙམ་ན་ཆོས་བྱེད་རེ་རེ་ཙམ་ཡོད་ལགས་སམ་ཞུས་པས། ཆོས་བྱེད་འོང་སྟེ་གཟུགས་བརྙན་ཙམ་ཡིན་གསུང་། ཆོས་དང་མཐུན་པ་ཙམ་མི་འོང་གསུང་། ཆོས་ལ་ཁག་འཁྲི་བའི་ཁྲམ་པ་ཤས་ཆེ། ཟོལ་ཟོག་མི་འདོད་པ་དང་། ཕྱི་དྲོའི་ཁ་ཟས་བསྲུང་བ་དང་། ཁྱིམ་ཐབས་མེད་པ་དང་། ཆང་མི་འཐུང་ཟེར་བ་འོང་སྟེ། ཕལ་ཆེར་ཁྲམ་པ་ཡིན། ལར་ཆོས་བྱེད་པ་བྱ་བ་འཇིག་རྟེན་བློས་བཏང་བ་ཞིག་དགོས་པ་ཡིན་ཏེ་དཀའ་གསུང་། དེ་ལྟ་བུ་གང་ན་ཤས་ཆེ་ཞུས་པས། དབུས་གཙང་གཉིས་ན་ཤས་ཆེ་གསུང་། ཁམས་ན་ནི་དེ་དཀའ་བ་ཡིན་གསུང་། དེ་འདྲའི་མི་རྣམས་ཕྱི་མ་གར་སྐྱེ་ཞུས་པས། བྱེ་མའི་སྒྲོ་བ་ཁ་བཏང་བ་བཞིན་དུ་ངན་སོང་དུ་འགྲོ་གསུང་། དེ་ལྟ་བུའི་མི་ལ་ཆོས་བཤད་ན་ཆོས་འཇུག་པར་མི་འགྱུར་རམ་ཞུས་པས། མི་ལ་མ་བཤད་ལྷག་པར་སྡིག་བསགས་པའི་རྐྱེན་དུ་འགྲོ། རྣལ་འབྱོར་པ་སྨྱོན་པའི་གཏམ་ལ་གཡུད་མེད་ཟེར་དུ་འོང་གསུང་། དེ་ལྟ་བུའི་དུས་སུ་དམ་པ་ལ་གསོལ་བ་འདེབས་པ་རྣམས་གར་སྐྱེ་ཞུས་པས། ཆོས་དང་མཐུན་ན་མཐོ་རིས་སུ་སྐྱེ། གསོལ་བ་བཏབ་ནས་སྡིག་ལ་འཛེམས་པ་གལ་ཆེ་གསུང་། དེའི་དུས་སུ་ཆོས་བྱེད་ན་ཇི་ལྟར་བྱ་ཞུས་པས། ཀུན་དགའ་དེ་དུས་སུ་ཆོས་གང་བྱེད་ཡུལ་ལ་ཞེན་པ་སྐྱུངས། གཉེན་ལ་རེ་ཐག་ཆོད། ཟས་གོས་གཉིས་ལ་གྱོང་བསྐུར། ཟས་བཅུད་ལེན། གནས་བྲག་རྩ། གྲོགས་རི་དྭགས་ལ་གྱིས་ལ་དཀའ་བ་དང་དུ་ལོངས་གསུང་། འོ་ན་གྲྭ་བ་སྐྱོང་བ་དང་། ཚོགས་པ་འདུས་ན་ངོ་མཚར་མི་ཆེའམ་ཞུས་པས། ཆོས་དང་མཐུན་པ་དཀའོ། །མཐུན་ན་ཡང་བསོད་ནམས་ཅན་ཉུང་། དེ་འདྲའི་གྲྭ་པ་བས་སྒྲུབ་པའི་རི་ཁྲོད་ཅིག་བསོད་ནམས་ཆེ་གསུང་། དམ་པའི་ཞལ་ནས། ཚེ་ལ་ལོང་མེད་ཉན་བཤད་མང་པོའི་རྟེན་འབྲེལ་མི་འཛོམ། སྒྲུབ་པ་བྱེད་


LT22_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མ་མཚན་ལྡན་མི་རྙེད་གསུང་། དེའི་དུས་ན་ཐར་པ་བཐོབ་པའི་ཐབས་བདོག་གམ་ཞུས་པས། དེ་དུས་ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམ། སྙིང་པོར་མ་ཎི་པདྨེ་བགྲང་། རང་སེམས་དཔང་པོར་ཞོག །ཆོས་བྱེད་ཀུན་ལ་ཁྱད་མ་བྱེད། ཁེ་གྲགས་དང་འདུ་འཛིས་བསོད་ནམས་མ་འཚོལ། དགེ་བ་ཅི་བྱས་ཀྱང་བྱང་ཆུབ་ཏུ་བསྔོས། ཅི་བྱེད་གཞན་དོན་དུ་སོམས། ཁ་ད་རང་ལ་གྱིས། རང་མི་ལ་མི་འགྲན། གོའམ་ཆོས་བྱེད་ན་དེས་ཆོག །སོང་ལ་གཅིག་ཤོས་སྟེང་དུ་རྩལ་སྦྱོངས། ཨཱ་ཙ་ར་མགོ་མ་བསྐོར་གསུང་ངོ་། །རྗེ་བཙུན་དམ་པ་རིན་པོ་ཆེ་མཁྱེན་པའི་ཡེ་ཤེས་མངའ་བ་དེས། བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ་རྫོགས་སོ། །སརྦ་མངྒ་ལམ། །


previousགདམས་ངག་མཛོད་པོད་བཅུ་གསུམ་པ། དམ་པ་སངས་རྒྱས་ཀྱི་ཞལ་གདམས།next