Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གསུམ་པ།  གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ།
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ།next

གདམས་ངག་མཛོད་པོད་བཅུ་གསུམ་པ།
གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ།


LT23_Page_140A
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ་བཞུགས་སོ།།


LT23_Page_140B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲི་གུ་ར་ཝེ། ཟབ་ལམ་བརྒྱུད་པའི་མན་ངག་ལྟར། །ཕུང་པོ་གཟན་སྐྱུར་གྱི་རིམ་པ་ལ་བརྟེན་ནས་ཐེག་ཆེན་གྱི་ཆོས་རྣམས་ཡོངས་སུ་དྲིལ་ནས་ཉམས་སུ་ལེན་པའི་ངག་འདོན་གྱི་རིམ་པ་ལ། ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པའི་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླངས་བར་བགྱིའོ། ཕཊ་ཕཊ་ཕཊ། ཅེས་རྐང་གླིང་ཁ་བསྡེབ་ཀྱི་དམིགས་པ་དང་འབུད་པའི་སྒྲས་བསྡུ་བའི་དམིགས་པ་རྣམས་བྱ། དེ་ནས་སྐྱབས་ཡུལ་བསྡུས་པ་ནོར་བུ་ལུགས་སུ་བསྒོམ་ལ་སྐྱབས་སུ་འགྲོ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་


LT23_Page_141A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། ལན་གསུམ་དང༌། བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ། ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔ་ཡི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་


LT23_Page_141B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཆུད་པར་མཛད་དུ་གསོལ། བདག་གཞན་རྣམས་སངས་རྒྱས་ལ་བརྟེན་ནོ། །ཆོས་ལ་བརྟེན་ནོ། དགེ་འདུན་ལ་བརྟེན་ནོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །བློ་བུར་དགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོང་པར་གྱུར་ཅིག ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་ལེགས་པར་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་གཟུང༌། ༈ ཚོགས་ཞིང་སྐྱབས་གནས་རྒྱས་པ་ལྔ་བརྩེགས་བསྐྱེད་པ་ནི། ཏྲཱཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མདུན་གྱི་ནམ་མཁའི་གནས་སུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གསེར་གྱི་


LT23_Page_142A
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་སྐུ་སྐེད་ལ་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ཐུར་དུ་བཤལ་བ། དེའི་སྙན་གོང་གཡས་ཕྱོགས་སུ་ཕ་གཅིག་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། སྙན་གོང་གཡོན་ཕྱོགས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དབུ་ཐོག་ཏུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདས་མ་འོང་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུའི་སྟེང་ཕྱོགས་སུ་སངས་རྒྱས་རྣམ་པར་སྣང་མཛད་ལ་གཡས་སུ་དཔའ་བོ། གཡོན་དུ་དཔའ་མོ། མདུན་དུ་སྒྲོལ་མ། རྒྱབ་ཏུ་གངས་ཅན་མཚོ་རྒྱལ། དེ་རྒྱབ་ཏུ་དཔའ་བོ་དཔའ་མོ། དེ་རྒྱབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་ལབ་ཀྱི་སྒྲོན་མའི་གདན་འོག་ཏུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་གསོལ་བ་འདེབས། ཡིད་གུས་པའི་སྒོ་ནས་དད་པ་དང་མོས་པ་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མ་གཅིག་དང་ཡུམ་ཆེན་མོ་ལ་བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་ཏྭ་ས་པ་རི་ཝཱ་ར་


LT23_Page_142B
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཡ་ཛཿཛཿ ཞེས་ཡེ་ཤེས་པ་སྤྱན་དྲངས་ནས་ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་ནི། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ་ཕྱག་འཚལ་བསྟོད། སྐྱེ་བ་བདུན་དུ་འགྲོ་དོན་མཛད། །རྒྱ་གར་པ་ལ༴ མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ༴ རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ༴ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་བ་དོན་ཡོད་པ། །དགེ་འདུན་རྣམས་ལ༴ གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ༴ སྙིང་རྗེས་ངེས་པར་དགོངས་ལགས་པའི། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ༴ བགེགས་དང་ལོག་འདྲེན་འཇོམས་མཛད་པའི། །ཆོས་སྐྱོང་རྣམས་ལ༴ ན་མོ་ཇི་སྲིད་འཁོར་བ་མ་སྟོང་བར། །བཀའ་ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །བཀའ་ཁྱེད་རྣམས་ལ་ནི་མཆོད་པ་འབུལ། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་འགྲོ་ཀུན་གྱི་དོན་དུ་བསྔོ། །ཅེས་བརྗོད། དེ་ནས་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་དང་བཅས། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བཟླས། དེ་ནས་ཕྱག་རྒྱ་བཞིའི་མཆོད་པ་འབུལ་བ་ནི། ན་མོ་སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་


LT23_Page_143A
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་ནས་ཀྱང༌། །ཁམས་གསུམ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཕཊ། །དེ་ནས་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིའི་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། ལྡེབ་བཞི་གླིང་བཞི་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། ཕཊ། དེ་ནས་ལུས་མཆོད་པ་འབུལ་ཞིང་སྦྱིན་པ་གཏོང་བ་ནི་དཀར་འགྱེད་མགྲོན་བཞི་པའི་མཐར་དམར་འགྱེད་མགོར་རྐང་གླིང་དམིགས་པ་བཅས་བྱས་ལ། ན་མོ་གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའ་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་


LT23_Page_143B
[མ་དཔེ་གཟིགས་ན་འདིར་གནོན།]

རློན་པར་ཟོ། །མི་རིངས་པ་རྣམས་ཀྱིས་ཚོས་ལ་ཟོ། །རྔམ་པ་རྣམས་ཀྱིས་གྱུར་མིད་གྱིས། །སེང་གེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། ཅེས་དམར་འགྱེད་བྱས་མཐར་རིགས་དྲུག་གནས་སྦྱོང་གི་དམིགས་པ་བྱ། ༈ །དེ་ནས་གསོལ་བ་འདེབས་པ་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ཐུན་མོང་གི་གསོལ་འདེབས་བསྡུས་པ་ནི། ༈ །ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །སྨྲ་བའི་སེང་གེ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། སུ་ཁ་སིདྡྷི་ཨཱརྻ་དེ་ཝ་དང༌། །དམ་པ་སངས་རྒྱས་ཨ་མ་ལབ་ཀྱི་སྒྲོན། །གསོལ་བ༴ ཁམ་བུ་ཡ་ལེ་ཛྙཱ་ན་ཛྭ་ལ་རྡེ། །གནམ་མཚོ་དོ་པ་ཆོས་རྗེ་རང་བྱུང་བ། གསོལ་བ༴ སེང་གེ་དཔལ་བ་དབང་རྡོར་རཏྣ་ཤྲཱི། །བྱམས་པ་དཔལ་བོ་འོད་ཟེར་མཚན་ཅན་ཞབས། །གསོལ་བ༴ བུདྡྷ་རཏྣ་ཀུན་དགའ་རྣམ་རྒྱལ་ཞབས། །ཀརྨ་བསྟན་སྐྱོང་འགྱུར་མེད་སྙིང་པོ་ལ། །གསོལ་བ༴ དཀོན་མཆོག་བསྟན་འཛིན་བསྟན་པ་རྣམ་རྒྱལ་དང༌། །འཇམ་མགོན་རིག་འཛིན་གསུང་རབ་རྒྱ་མཚོ་ལ། །གསོལ་བ༴ བརྒྱུད་པ་ཀུན་གྱི་བྱིན་རླབས་གཅིག་བསྡུས་པ། །འཁོར་ལོའི་མགོན་པོ་ཆོས་ཀྱི་འབྱུང་གནས་དང༌། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ༴ རྩ་བའི་བླ་མ་གྲུབ་ཐོབ་གཅོད་ཀྱི་རྒྱུད། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་འཛིན་བློ་ཡིས་ཐེངས་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་བོར་བར༴ གཉན་ས་རི་ཁྲོད་འགྲིམ་པར༴ ཉག་གཅིག་རྩད་ནས་ཆོད་པར༴ སྐྱེ་མེད་གཅིག་ཆར་རྟོགས་པར༴ འཁྲུལ་སྣང་དབྱིངས་སུ་དག་པར༴ ཚེ་གཅིག་སངས་རྒྱས་འགྲུབ་པར༴ དོན་གཉིས་ལྷུན་གྱིས་འགྲུབ་བར་བྱིན་གྱིས་རློབས། །བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ལ་མངའ་བརྙེས་པར་གྱུར་ཅིག །ཕཊ། ཡང་ན་བརྒྱུད་པ་


LT23_Page_144A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ་ནི། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ༴ གཉིས་མེད་དོན་གྱི་བརྒྱུད་པ་ལ༴ སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ༴ མཁའ་འགྲོ་བརྡའ་ཡི་བརྒྱུད་པ་ལ༴ སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིའི་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར༴ སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར༴ རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཕཊ། རིགས་ལྔ་མཁའ་འགྲོའི་བསྟབ་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་ཤེལ་གྱི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་དཀར་མོ་འབུམ་གྱིས་བསྐོར། ༈ །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང༌། །འདོད་ཡོན་ལྔ་ཡིས་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གསེར་གྱི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་སེར་མོ་འབུམ་གྱིས་བསྐོར། །སྣང་སྲིད༴ མ་འདིར་གཤེགས༴ སྣང་


LT23_Page_144B
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད༴ སྣང་སྲིད༴ འདོད་ཡོན༴ མཆོག་གི༴ ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་བྱི་རུའི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་དམར་མོ་འབུམ་གྱིས་བསྐོར། །སྣང་སྲིད༴ མ་འདིར་གཤེགས༴ སྣང་སྲིད༴ སྣང་སྲིད༴ འདོད་ཡོན༴ མཆོག་གི༴ ཕཊ། ཀྱེ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གཡུ་ཡི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་ལྗང་མོ་འབུམ་གྱིས་བསྐོར། །སྣང་སྲིད༴ མ་འདིར་གཤེགས༴ སྣང་སྲིད༴ སྣང་སྲིད༴ འདོད་ཡོན༴ མཆོག་གི༴ ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ནག་མོ་ཁྲོས་མའི་ཆ་བྱད་ཅན། །ཕྱག་གཡས་ན་གནམ་ལྕགས་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དུ་ནག་མོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང༌། །འདོད་ཡོན་ལྔ་ཡིས་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རང་ལུས་ཚོགས་སུ་བྱིན་རླབས་པ་ནི། ཨོཾ་མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ་མ་གཅིག་མ་ལ་གསོལ་བ་འདེབས། ཀྱེ། །དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །ཡི་གེ་གསུམ་གྱི་བྱིན་རླབས་ཀྱིས། །གཡང་གཞི་ལྤགས་པའི་གཏོར་གཞོང་དུ། །ཤ་ཁྲག་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་


LT23_Page_145A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚོགས་མཆོད་འདིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་བརྙེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཕཊ། བསྟབ་པ་ནི། ཀྱེ། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང༌། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། ཕཊ། ཧཱུྃ། དཀྱིལ་འཁོར་ལྷ་ཚོགས་མན་ཆད་དང༌། །འཁོར་དཔའ་བོ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། སོགས་འགྲེས། ཕཊ། ཡུམ་རྡོ་རྗེ་ཕག་མོ་མན་ཆད་དང༌། །མ་གནས་གསུམ་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས༴ ཕཊ། ཆོས་སྐྱོང་མ་མགོན་མན་ཆད་དང༌། །དཀྱིལ་འཁོར་མཐའ་སྐྱོང་ཡན་ཆད་རྣམས། །མ་ལུས༴ ཕཊ། ཤཱཀྱ་ཐུབ་པ་མན་ཆད་དང༌། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས༴ ཕཊ། སྟོང་གསུམ་གཞི་བདག་མན་ཆད་དང༌། །འདིར་གནས་ལྷ་འདྲེ་ཡན་ཆད་རྣམས། །མ་ལུས༴ ཕཊ། རིགས་དྲུག་མགྲོན་རིག་མན་ཆད་དང༌། །ལན་ཆགས་བགེགས་རིགས་ཡན་ཆད་རྣམས། །མ་ལུས༴ ཕཊ། ནད་པ་སོགས་མན་ངག་ལྟར་སྤར་བསྟབ་དགོས་ནའང་བར་མཚམས་རྣམས་སུ་ཕཊ་ཀྱི་མཚམས་སྦྱར་ཅིང་བྱའོ། །དེ་ནས་སྤྲོ་ན་དམར་འགྱེད་རྒྱས་པར་བྱ་བའི་ཐོག་མར་དྲག་པོའི་དབང་སྡུད་བྱ་ཕྱིར་རང་རིག་ཁྲོས་མར་བསྐྱེད་པ་ནི་བསྲེ་འཕོ་མན་ངག་ལྟར་བྱས་ལ། ཕཊ། སྐད་ཅིག་གི་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མཆེ་བ་བཞི་རབ་ཏུ་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་བྱེད་པ། གཡོན་


LT23_Page_145B
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལི་ལི་བྱེད་པ། །དབུས་ཉི་ཟླ་གའུ་དམར་ནག་ཁྲུག་ཁྲུག་བྱེད་པ། ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། གནམ་ལྕགས་ཀྱི་རལ་པ་ནག་པོས་ས་གཞི་ཁེབ་པ། རལ་པའི་གསེབ་ནས་ཕག་ཞལ་ནག་པོ་གྱེན་དུ་དུར་བས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ་ཕག་ཟེལ་ཡེ་ཤེས་ཀྱི་མེ་འབར་བས་བདུད་དཔུང་ཐམས་ཅད་སྲེག་པར་བྱེད་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཁྲག་དམར་རྩ་རེ་བ་ནམ་མཁའི་དབྱིངས་སུ་གཡུག་པས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྲིད་པ་གསུམ་གྱི་ལྷ་འདྲེ་ཟིལ་གྱིས་གནོན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པ། ཞིང་གི་གཡང་གཞི་སྐད་ལ་དཀྲིས་པ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། ཞབས་གཡས་བསྐུམ། གཡོན་བརྐྱང༌། པདྨ་ཉི་མ་རོ་ཡི་གདན་ལ་ལིང་ངེར་བཞུགས་པ། དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབ་པ། ཞབས་ན་རཀ་རྡོ་རྗེ་གདན་ལ་ཐུག་པ། ལྟོ་བ་ནས་ཉི་མ་དང་ཟླ་བ་ཤར་བ། སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ། སྐུ་སྨད་ཀྱིས་ཀླུ་ཁམས་དབང་དུ་སྡུད་པ། སྐེད་པས་གཉན་ཁམས་དབང་དུ་སྡུད་པ། དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་མོ། གཞན་ཡང་ཁྲོས་མ་ནག་མོ་གཡས་མི་ལྤགས་ཀྱི་གཡང་གཞི་སྡེབ་ཅིང་གཡོན་པས་མི་རྐང་གི་གླིང་བུ་འབུད་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར། བདེན་སྟོབས་ཀྱི་གདོན་དགུག་པ་ནི། ན་མོ། རིག་འཛིན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། དཀོན་མཆོག་གསུམ་གྱི་བཀའ་


LT23_Page_146A
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང༌། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་གཅིག་ལབ་ཀྱི་སྒྲོན་མའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། གཅོད་ཡུལ་བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། ༈ །བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ། ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཀླུ་གདོན་ཐེའུ་རང༌། ཟ་འདྲེ་ཤི་གཤེད། རོ་བབ་གཤེད་འཁྱམས། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། མགོ་གཡོགས་མགོ་སྐོར། །མཇུག་ལོག་འཕར་ལྡང༌། བཞའ་གབ་བཞུད་གསུམ། བཀའ་ལ་མི་ཉན། དམ་ལ་མི་ཐོག །དབང་དུ་མི་འདུས། ཟིལ་གྱིས་མི་ནོན་པའི་ནད་འདྲེ་ནད་བདག །གདོན་སྣ་འདྲེན་དང་བཅས་པ་གང་ཡིན་པ་ཐམས་ཅད་མ་གཅིག་ཁྲོས་མ་ནག་མོ་རིགས་ལྔ་མཁའ་འགྲོའི་བཀའ་དང་དམ་ལས་མ་འདའ་བར་ལུས་ཤ་ཁྲག་གི་མཆོད་སྦྱིན་ལེན་པའི་སླད་དུ་འདིར་འདུས་ཤིག །འདིར་ཁུ་གཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། རྐང་གླིང་འབུད་ཅིང༌། ཆོས་རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས་བྱུང་བའི་འབོད་རིང་དུ་གྲགས་པའི་གཉན་འབོད་ནི། ཀྱེ། མ་འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤའ་བཞུར་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོག་ལ་སླེབ་པར་གྱིས། །ཁྱེད་རྣམས་ང་ཡི་ཕ་མ་སྟེ། །བུ་ཡི་ཤ་ཁྲག་རོལ་དུ་བྱོན། །ཁྱེད་རྣམས་དྲིན་ཆེན་ཕ་མ་སྟེ། །ད་ལན་བཟང་ལེན་ལེན་དུ་བྱོན། །སྔོན་ཆད་ལུས་འདི་གཅེས་པར་བཟུང༌། །རྒྱུ་


LT23_Page_146B
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ད་དུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ལ། །གནས་པའི་ལྷ་དང་ལྷ་མ་ཡིན། །ཕོ་བདུད་ལས་ཀྱི་སྲིན་པོ་འདུས། །མོ་བདུད་ལས་ཀྱི་སྲིན་མོ་འདུས། །ཕོ་བདུད་སྲོག་བདག་རྒྱལ་འགོང་འདུས། །མོ་བདུད་སྲོག་བདག་འདྲེ་མོ་འདུས། །སྲིད་པ་ཡི་ནི་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །གཙོ་བོའི་གདོན་ཆེན་བཅོ་བརྒྱད་འདུས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་འདུས། །གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་པས། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །བཟའ་ཉན་བཅའ་ཉན་གང་གདའ་ཟོ། །ཐམས་ཅད་བག་ཕོབ་ཚིམས་པར་གྱིས། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩད་ནས་ཆོད། །ཐུལ་ཅིག་ཆོམས་ཤིག་བདག་ལ་ཡ། ཕཊ། ཅེས་ཞི་དྲག་གི་དམིགས་པ་གང་འོས་སྐབས་དང་སྦྱར། དེ་ནས་ས་བདག་དྲུག་སྦྱོར་གྱི་དམིགས་པ་གཞིར་བཞག་ནས་གཡག་སྡེ་པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མར་གྲགས་པའི་བསྟབ་པ་ནི། ༈ །མདུན་དུ་བྱད་མ་ལྷ་སྲུང་དང་བཅས་པ། དེའི་གཡས་སུ་རྒྱལ་པོའི་ངོ་བོ་བནྡེ་ས་གཞུ་ཅན་ལ་བནྡེའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེ་མོ་གཡུ་ཡི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ། འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པའམ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉའི་དམག་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་


LT23_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར། ཅེས་འདོན་བསྒོམ་བྱས་ལ། བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ་སོགས་ནས། འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་པའི་བར་གོང་བཞིན་དགུག་བསྟིམ་བྱ། རྐང་གླིང་འབུད། ཕཊ་བསྒྲངས་ཤིང་དམིགས་པ་བྱ། དེ་ནས། ཧཱུྃ་མ་བན་ཆེན་བརྒྱ་དང་མི་རིགས་འབུམ། །ཤན་པ་སྤུ་གྲི་ཐོགས་པ་སྟོང༌། །ལས་བྱེད་བསམ་གྱིས་མི་ཁྱབ་པ། །མི་བདག་ལ་གནོད་བྱེད་ཀྱི་བྱད་མ་དང༌། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྒྱལ་པོ་བེ་གར་བེ་ནག་དང༌། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང༌། །སྲིད་པ་ཡི་ནི་འདྲེ་དགུ་དང༌། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་རྒྱལ་འགོད་དང༌། །སྤྱིར་སྣང་ཞིང་སྲིད་པའི་སོགས་འགྲེ། ཕཊ། དཔལ་ལྡན་ལྷ་མོ་ནག་མོ་དང༌། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང༌། །བརྟན་མ་བཅུ་གཉིས་ལ་སོགས་དང༌། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་དང༌། སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། གཟའ་བདུད་ནག་པོ་མགོ་དགུ་དང༌། །ཉི་མ་ལ་སོགས་གཟའ་བརྒྱད་དང༌། །སྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །བཀའ་སྡོད་གདོང་མོ་མཆེད་བཞི་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་དམག་དང༌། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། ཀླུ་བདུད་ནག་པོ་སྲོག་གཟན་དང༌། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང༌། །དགའ་བོ་འཇོག་པོ་དུང་སྐྱོང་དང༌། །ཉེར་དགའ་ལ་སོགས་ཀླུ་རིགས་དང༌། །མི་


LT23_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང༌། །སྤྱིར་སྣང་ཞིང་སྲིད་སོགས། ཕཊ། བདུད་རྗེ་ནག་པོ་བཀྲག་མེད་དང༌། །བདུད་པོ་རེ་ཏེ་མགོ་ཉག་དང༌། ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང༌། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། བཙན་རྗེ་ཤུ་བ་སྲོག་ལེན་དང༌། །བཙན་རྒོད་ཧུར་པ་སྡེ་བཞི་དང༌། །མགྱོགས་པའི་མི་བརྒྱད་ཁ་ཤོ་དང༌། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་བཙན་དམག་དང༌། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། དམ་སྲི་མེ་སྟག་དམར་པོ་དང༌། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང༌། །ཆུང་སྲི་ལ་སོགས་རྨུག་འདྲེ་དང༌། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང༌། །སྤྱིར་སྣང་ཞིང་སྲིད་པའི་སོགས། ཕཊ། རྡོ་རྗེ་ལེགས་པ་མན་ཆད་དང༌། །ཐེའུ་རང་ཕྲ་མོ་ཡན་ཆད་དང༌། །མང་སྣ་ཨུར་ཝེར་འཁོར་དང་བཅས། །ཐེལ་མོ་རྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་བྱེད་ཀྱི་ཐེའུ་རང་དང༌། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དེ་ནས་བདན་མ་སོགས་ཀྱི་དམིགས་པ་དང་འདོན་བསྒོམ་སྦྲག་ལ། ཧཱུྃ། མ་གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །ཧ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །རུས་མུར་སླ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །གསང་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འབུལ། ༈ ཁྱོད་ཤ་ལ་དགྱེས་པས་ཤ་འདི་ཟོ། །ཤ་ཟན་ཅབ་སྒྲ་དི་རི་རི། །ལྟོག་པ་ཐམས་ཅད་ཚིམ་གྱུར་ཅིག །ཁྲག་ལ་དགྱེས་པས་ཁྲག་འདི་འཐུང༌། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །སྐོམ་པ་ཐམས་ཅད་ཚིམ་གྱུར་ཅིག །


LT23_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ལ་དགྱེས་པས་རུས་འདི་མུར། །རུས་མུར་སླ་བ་ལྗིབས་སེ་ལྗིབ། །བཀྲེས་པ་ཐམས་ཅད་ཚིམ་གྱུར་ཅིག །ལྤགས་ལ་དགྱེས་པས་ལྤགས་འདི་གྱོན། །ལྤགས་གྱོན་ན་བཟའ་ལྷབས་སེ་ལྷབ། །འཁྱག་པ་ཐམས་ཅད་ཚིམ་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ནས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་འབྲེལ་ཐག་ཆོད་གྱུར་ཅིག །ཀུན་ཀྱང་ངོམ་ཞིང་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དེ་ནས་ལྷག་མ་བསྡུས་པ་ནི། སྲིད་གསུམ་བྷནྡ་འབར་བའི་གཏོར་གཞོང་དུ། །ལྷག་མའི་ཕུང་པོ་གླིང་བཞི་རི་རབ་ཙམ། །གཏི་མུག་ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང༌། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང༌། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། ཕཊ། བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཕཊ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཕཊ། གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་ཞིང༌། །སྙེམ་ཐག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང༌། །དེ་ལ་རློམ་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང༌། །དེ་ལ་སྙེམ་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་


LT23_Page_148B
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཕཊ། ཀྱིས་མཚམས་སྦྱར་ཞིང་པདྨ་ཞི་ཟླུམ་མམ་དྲག་བཟླུམ་གྱི་དམིགས་པ་གང་འོས་བྱ། རང་གཞན་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་བསམ་ལ། སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་མང་དུ་བཟླས་ལ། ཕཊཿབྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རང་དང་ལྡན་པའི་ངང་ནས་རང་གནས་སུ་སོང་བར་བསམ། རང་ཡང་མཁའ་འགྲོ་དཀར་མོར་བསྒྱུར་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཕཊ། བྱས་ནས་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ།། །།


previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ།next