གདམས་ངག་མཛོད་པོད་བཅུ་གསུམ་པ།
ཕྱག་རྒྱ་ཆེན་པོ་གཅོད་ཀྱི་གདམས་པ་ནམ་མཁའ་སྒོ་འབྱེད།


LT23_Page_204A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གཅོད་ཀྱི་གདམས་པ་ནམ་མཁའ་སྒོ་འབྱེད་བཞུགས་སོ། །


LT23_Page_204B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྐུ་སྣང་སྟོང་འཛིན་མེད་ཆུ་ཟླའི་ངང༌། །གསུང་འགག་མེད་གྲགས་སྟོང་ཚངས་པའི་དབྱངས། །ཐུགས་གཡོ་མེད་རྡོ་རྗེ་ལྟ་བུར་ཟབ། །དེ་མངའ་བ་འགྲན་མེད་ཞབས་ལ་འདུད། །དབྱིངས་རང་བཞིན་རྣམ་དག་ལྷུན་གྱིས་གྲུབ། །དོན་སྨྲ་བསམ་བརྗོད་མེད་ཡུལ་ལས་འདས། །སྤྲོས་པའི་མཚན་མས་མ་གོས་པའི། །ཤེར་ཕྱིན་ཡུམ་ལ་ཕྱག་འཚལ་ནས། །སྟོང་ཉིད་དོན་ལ་འཇུག་པའི་བློས། །གཅོད་ཀྱི་ཉམས་ལེན་བསྡུས་པའི་དོན། །དབང་དོན་ཉེ་བར་མཁོ་བ་ཡི། །གཏོར་མའི་བྱིན་རླབས་རྗེས་གནང་བཀའ། །གཞུང་དོན་ཇི་བཞིན་བརྗོད་པར་བྱ། །བཀའ་ཕྱག་རྒྱ་ཆེན་པོ་གཅོད་ཡུལ་གྱི་གདམས་པ། །ནམ་མཁའ་སྒོ་འབྱེད་ཀྱི་མན་ངག །བྱིན་རླབས་ཀྱི་བཀའ་འདི་ལ་དོན་བཞི་སྟེ། སྔོན་འགྲོ་དང༌། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དུར་ཁྲོད་དམ། བས་མཐའ་འམ། ཤིང་གཅིག་གམ། མཚོ་གླིང་ལ་སོགས་པའམ། མདོར་ན་དབེན་ཞིང་ཉམས་དགའ་བར་གནས་ཁང་ཉེ་བར་བརྒྱན་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཎྜལ་ཚོམ་བུ་ལྔའམ་བདུན་བཀོད་དེ། །གཏོར་མ་ལྔའམ་གསུམ་ལ་སོགས་པ་དང་མཆོད་པ་ཅི་འབྱོར་དང་ཚོགས་ཀྱི་ཡོ་བྱད་བཤམ། དེ་དག་ནི་སྔོན་འགྲོའི་རིམ་པའོ། །སྦྱོར་བ་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་པ། གདན་འབུལ་ཞིང་མཆོད་བསྟོད་བྱེད་པ། ལུས་ཚོགས་སུ་འབུལ་ཞིང་གསོལ་བ་གདབ་པ། གཏོར་མ་འབུལ་ཞིང་མཆོད་བསྟོད་བྱེད་པའོ། །དང་པོ་ནི། ལ་ལའི་ཕྱག་ལེན་ལ་བར་ཆད་ཞི་བའི་དོན་ཏུ་བགེགས་ལ་གཏོར་མ་གཏོང་བའི་


LT23_Page_205A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་སྣང་ཏེ། ཆོས་འདི་ལ་བར་ཆད་གཡང་དུ་ལེན་པ་ཡིན་པས་ཆོས་རྗེ་ཐམས་ཅད་མཁྱེན་པའི་ཕྱག་ལེན་ལ་མེད་པས་མི་བྱེད་བ་དག །དེ་ནས་སློབ་མ་རྣམས་སྟོང་ཉིད་ཀྱི་དོན་ཤེས་ན་བསྒོམ་བཅུག། མི་ཤེས་ཀྱང་ག་ཏ་བསྒྲང་བ་ཙམ་བྱས་ན་ལེགས། མ་བྱས་ཀྱང་སྐྱོན་མེད་དོ། དེ་ནས་རང་ཉིད་སྟན་བདེ་བ་ལ་བསྡད་དེ། མདུན་ཏུ་ཅང་ཏེའུ་དང་ནི་སང་གི་དུད་དང༌། དྲིལ་བུ་ལ་སོགས་པ་བཤམས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟོང་ཉིད་ཤེར་ཕྱིན་གྱི་དོན་བསྒོམ་པས་ན་ལག་ཏུ་འདི་སྐད་བརྗོད། རྒྱུ་སྦྱར་ཡོན་གྱི་བདག་པོ་དག་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་འཚེ་སྟོན་པའི་དགྲ་བགེགས་ལན་ཆགས་རྣམས་ཀྱིས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྐུ་གསུང་ཐུགས་ཀྱི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱིས་མཆོག་བཅས་ལ། སོགས་དང༌། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དྲན་པ་རྣམས་ཀྱང་བཟུང་བར་བགྱི། རྒྱུ་སྦྱོར་བ་ནས་བདག་སོགས་ནམ་མཁའ་དང་


LT23_Page_205B
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བདེ་བ་དང་མི་འབྲལ་ཞིང་བདེ་སྡུག་གི་རྒྱུ་ཉོན་མོངས་པ་ཆོས་བརྒྱད་དང་བྲལ་བར་གྱུར་ཅིག །ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སེང་གེ་དང་པདྨ་ཟླ་ཉིའི་གདན་ལ། སྐད་ཅིག་གིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་བཞི་དང་ལྡན་པ། དང་པོ་གཉིས་ཀྱིས་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་པུ་སྟི་འཛིན་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞི་བ་དུལ་བའི་ཉམས་དང་ལྡན་པ། དེའི་གཡས་སུ་པདྨ་དང་ཉི་ཟླའི་གདན་ལ་མ་ཇོ་མོ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡས་ཌཱ་མ་རུ། གཡོན་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབ་པ། རུས་པའི་རྒྱན་ཆ་སིལ་མ་ལྔས་རབ་ཏུ་བརྒྱན་པ། སྤྱན་བར་སྣང་ལ་གཟིགས་པ། ཞབས་གཡས་བསྐུམ་གྱི་རྣམ་པས་གར་སྟབས་སུ་བཞུགས་པ། མ་ཇོ་མོའི་མདུན་ཏུ་རྡོ་རྗེ་མཁའ་འགྲོ་མ། ལྷོར་རིན་ཆེན་མཁའ་འགྲོ་མ། ནུབ་ཏུ་པདྨ་མཁའ་འགྲོ་མ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ། བཞི་ཀ་ཡང་སྐུ་མདོག་ཕྱོགས་ཀྱི་མདོག་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཁ་ཊྭཱཾ་ག་ལ་འཁྱུད་ཅིང་གར་སྟབས་སུ་བཞུགས་པ། ཡུམ་ཆེན་མོའི་གཡོན་ཏུ་པད་ཟླའི་གདན་ལ་རྗེ་བཙུན་དམ་པ་རྒྱ་གར་ཨཱ་ཙ་རའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་གཡས་བྷནྡྷ་ལྟག་སྤྲོད་ནམ་མཁའ་ལ་དཀྲོལ་བ། གཡོན་མི་རྐང་གི་དུང་འབུད་པ། སྐུ་སྟོད་གཅེར་བུ་རུས་པའི་རྒྱན་ཅན། སྐུ་སྨད་བལ་ཐུལ་དཀར་པོ་མནབས་པ། གཟི་མདངས་དང་ལྡན་པ་ལ་གྲུབ་ཐོབ་ཀྱི་བླ་མ་རྣམས་


LT23_Page_206A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་ནས་བཞུགས་པ། ཡུམ་ཆེན་གྱི་དབུ་ཐོག་ཏུ་པདྨ་དང་ཟླ་བའི་གདན་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ༌། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། དེ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་གི་ཚོགས་ཀྱིས་བསྐོར་བ། ཐུབ་པའི་དབུ་ཐོག་ཏུ་པདྨ་ཟླ་བའི་གདན་ལ་སངས་རྒྱས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༌།དེའི་མདུན་ངོས་སུ་མིང་སྐྱོད་པ་སྔོན་པོ་ས་གནོན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། གཡས་སུ་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། གཡོན་ཏུ་དོན་གྲུབ་ལྗང་གུ་སྐྱབས་འཛིན་དང་མཉམ་བཞག་གི་ཕྱག་རྒྱ་མཛད་པ། རྒྱབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་སྤྲུལ་སྐུའི་ཆ་བྱད་ཅན། རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། ཡུམ་ཆན་ཀྱི་མདུན་ངོས་ནས་གཡས་སྐོར་དུ་རིམ་པ་ལྟར། རྗེ་བཙུན་སྒྲོལ་མ་ནི་རྩ་བའི་བླ་མ་ལ་ཐུག་གི་བར་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། ཡུམ་ཆེན་གྱི་ཁྲི་རྐང་གི་ཐད་དུ་དམ་ཅན་ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་སོགས་པ་དམ་པ་ཡེ་ཤེས་པ་དང་རྒྱལ་ཆེན་བཞི་ལ་སོགས་པ་ཕྱོགས་སྐྱོང་བཅུ། གནོད་སྦྱིན་གྱི་སྡེ་དཔོན་རྣམས་ལ་སོགས་པ་ཕྱི་རྒྱུད་ཆོས་སྐྱོང་རྣམས་ཀྱིས་བསྐོར་ནས་བཞུགས་པ། ཡུམ་ཆེན་གྱི་གདན་གྱི་ཞབས་སུ་གཉན་ས་འདི་ན་གནས་པའི་ལྷ་འདྲེ་དེས་གཙོར་བྱས་པའི་གཞི་བདག་སྣང་སྲིད་ཀྱི་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་ཡམས་ཀྱི་བདག་པོ་བར་ཆད་གློ་བུར་ལན་ཆགས་བུ་ལོན་གྱི་བདག་པོ་བདག་མོ། བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱང་བར་སྣང་ལ་སྤྲིན་གཏིབས་པ་ལྟར་ཕྱག་རྒྱ་བཅས་ནས་ཡུམ་ཆེན་མོ་ལ་འདུད་བའི་ཚུལ་དུ་འདུག་པར་བསམ་མོ། །དེ་དག་ནི་དམ་ཚིག་པ་བསྐྱེད་པ་པའོ། ། ༈ གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་


LT23_Page_206B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཌཱ་མ་རུ་ལ་སོགས་པ་རོལ་མོ་དཀྲོལ་སྤོས་བསྲེགས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟང་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། བཛྲ་ས་མ་ཛ་ཛཿ ཡུམ་ཆེན་འདིར་ནི་བྱོན་པ་ལེགས། བདག་ཅག༴ བདག་གི༴ འདི་ཉིད༴ ཇི་ལྟར་བལྟམས་པ་སོགས། གསུམ་པ་གདན་འབུལ་ཞིང་མཆོད་པ་བྱེད་པ་ནི། སེང་གེ་པད་ཟླའི་གདན་སྟེང་དུ། །ཡུམ་ཆེན་འཁོར་དང་བཅས་པ་རྣམས། །ཇི་སྲིད་མཆོད་པ་བགྱི་སླད་དུ། །འཁོར་དང་བཅས་རྣམས་བཞུགས་སུ་གསོལ། ཞེས་བརྗོད་པས། མདུན་དུ་བྱོན་ནས་བཞུགས་པར་བསམ་མོ། །དེ་ནས་མཆོད་པས་ང་རུང་བྱས་ལ། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བརྗོད་པས་དམ་ཚིག་པ་ལ་བསྟིམས་ཏེ་གཉིས་སུ་མེད་པར་བསམ་མོ། །དེ་ནས་མཆོད་པ་བསང་སྤྱད་བྱིན་གྱིས་བརླབས་ལ། སྲོས་པ་ལ་དགའ་ན་རབ་འབྱམས་མ་ལ་སོགས་པའི་ཉེར་སྤྱོད་ལྔའི་མཆོད་པ་གང་རུང་དང༌། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད་དང་བཅས་པའི་མཆོད་པས་མཆོད་ལ། བསྟོད་པ་ཡང་ལོང་སྐབས་དང་བསྟུན་ལ་རྒྱས་བསྡུས་གང་རུང་བྱས་ལ། མཆོད་བསྟོད་བསྡུ་ན་འདི་ལྟར་བརྗོད། མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་དམ་པ་དང༌། །ཞལ་ཟས་རོལ་མོའི་མཆོད་པ་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་གླང་པོ་རྟ་མཆོག་དང༌། །དམག་དཔོན་མི་དབང་རིན་ཆེན་བདུན། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་དང་ནི། །རོ་དང་རེག་བྱར་བཅས་པ་ཡི། །འདོད་པའི་ཡོན་ཏན་ལྔ་པོ་ཡང༌། །ཡུམ་ཆེན་འཁོར་དང་བཅས༴ སྒེག་མོ་ཕྲེང་བ་གླུ་དང་གར། །མེ་ཏོག་བདུག་སྤོས་མར་མེ་དྲི། །སྒེག་མོ་བརྒྱད་ཀྱི་མཆོད་པ་ཡང༌། །ཡུམ་ཆེན་འཁོར་དང་བཅས་ལ༴ སྐབས་འདིར་མཎྜལ་བཤམས་ཏེ་ཚིགས་བཅད་དང་བཅས་པས་འབུལ་ལོ། །གང་གི་དྲིན་གྱི༴ སོགས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། སོགས། སྨྲ་བསམ་


LT23_Page_207A
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མེད་སོགས། བལྟ་བས་མི་ངོམས་སོགས། ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། སོགས་ མི་མིན་ཡེ་ཤེས་མཁའ་འགྲོ་མ། ལབ་སྒྲོན་ཁྱོད་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་སྟོང་པས་འགྲོ་བ་འདྲེན། དམ་པ་རིན་པོ་ཆེ་ལ༴ ཤཱཀྱའི་སྐྱེས་མཆོག་བཅོམ་ལྡན་འདས། །ཐུབ་པ་མཆོག་ལ༴ ཆོས་སྐུ་ནམ་མཁའ་ལྟ་བུ་སོགས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སོགས། བསྡུ་ན། ཐུབ་པ་མཆོག་ལ་ཕྱག་འཚལ་ལོ། ཞེས་པ་ནས། རང་རིག་ཡེ་ཤེས་སྟོན་མཛད་པ། །ཕ་བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་བ་ཡི། །ཡི་དམ་ལྷ་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ༴ སྤང་རྟོགས་ཕུན་སུམ་ཚོགས་པ་ཡི། །དགེ་འདུན་རྣམས་ལ༴ ཕྲིན་ལས་རྣམ་བཞི་སྒྲུབ་པ་ཡི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་བླ་མ་དང་ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སོལ་ཁུའི་རྣམ་པར་ནག་ནུར་གྱིས་རྐང་མཐིལ་གྱི་རྒྱུད་ནས་བུད་ནས་ལུས་ཤེལ་སྒོང་ཕྱིས་པ་ལྟར་གསལ་སིངས་ཀྱིས་སོང་བར་བསམ་ལག་ཏེ་བརྒྱ་སྟོང་ཅི་རིགས་པ་བགྲང་ངོ༌། །བཞི་པ་ལུས་སེམས་ཕྲལ་ནས་ཚོགས་སུ་འབུལ་ཞིང་གསོལ་བ་གདབ་པ་ནི། སྐད་ཅིག་གིས་སྟོང་པའི་ངང་ལས་ནམ་མཁའ་སྒོ་འབྱེད་ཀྱི་གདམས་པས་རིག་པས་རཱ་བ་འོག་ནས་འབྱུང་བ་ལྟར་བྱས་ལ། རིག་པའི་ངོ་བོ་དེ་སྤྱི་གཙུག་ཏུ་རྒྱངས་སེ་ཐོན་པ་ལས་སྐད་ཅིག་གིས་མ་ཇོ་མོ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་པ་ཐོགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་ཆས་དུ་མས་སྤྲས་པ་ཞིག་ཏུ་གྱུར་པར་བསམ་ལ་དེ་ནས་བྱས་པས། མ་ཛོ་མོའི་གཡས་པའི་གྲི་གུག་གིས་རང་གི་སྨིན་མཚམས་ཡན་ཆད་སྒར་གྱིས་དྲས་ནས། མདུན་ཏུ་ཐོད་སྐྱེད་རི་རབ་ཙམ་གསུམ་གྱི་སྟེང་དུ་བཞག་པར་བསམ་ལ་ཕཊ་གསུམ་བརྗོད། དེ་ནས་ཡང་ཕཊ་བྱས་པས་རང་ལུས་དུམ་བུ་དུམ་བུར་བཏུབས་ནས་ཐོད་པའི་ནང་དུ་བླུགས། སྙིང་དཔལ་བཤོས་ཀྱི་རྣམ་པར་དབུས་སུ་བཞག །ཁྲག་གཏོར་ཆུའི་རྣམ་པར་དམར་ལྟེམས་སེ་སོང་བར་བསམ་ལ། ངག་ཏུ་ཨོཾ་ཨཱ་ཧཱུྃ་གསུམ་བརྗོད་པས་


LT23_Page_207B
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་ལྟེམས་སེ་སོང་བར་བསམ་ལ། ཕཊ་བདུན་བརྗོད་ལ་ཡུམ་ཆེན་སོགས་ལྷ་རྣམས་ཀྱི་ཞལ་དུ་མ་ཇོ་མོས་ཐོད་སྐྱོགས་ཀྱིས་བཅུས་ཤིང་དྲངས་པར་བསམ། ཡང་ན་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཟུགས་ནས་གསོལ་བར་བསམ་ལ། རྐྱང་ཐུན་གསུམ་ལ་སྤྲགས་ཐུན་གཅིག་ཏུ་བརྩི་བའི་ལྷ་རེ་རེ་ལ་བདུན་རེ་འབུལ། དེ་བཞིན་ཏུ་ཡུམ་ཆེན་ནས་ཆོས་སྐྱོང་ལ་ཐུག་གི་པར་འབུལ། དེ་མན་ཆད་ལ་སོ་སོ་རང་རང་ལ་དམིགས་ལ་འབུལ། དེ་ནས་དང་མོས་དང་ལྡན་པའི་ངང་ནས་སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་གསོལ་བ་འདེབས་པར་བསམ་ལ། རང་གིས་གསོལ་བ་གདབ་པའི་རིམ་པ་རྒྱས་བསྡུས་གང་རུང་བྱ། ལྔ་པ་གཏོར་མ་འབུལ་ཞིང་མཆོད་བསྟོད་བྱ་བ་ནི། གཏོར་མ་དང་པོ་དེ་བྱིན་གྱིས་བརླབས་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ཇོ་མོ་འཁོར་དང་བཅས་པ་ལ་འབུལ། གཉིས་པ་དེ་ཡེ་ཤེས་ཆོས་སྐྱོང་ལ་འབུལ། གསུམ་པ་དེ་ཕྱི་རྒྱུད་ཆོས་སྐྱོང་ལ་འབུལ། བཞི་པ་དེ་ཡུལ་དེའི་གཞི་བདག་ལ་འབུལ་ལོ། །གཏོར་བསྔོས་ཀྱི་གོང་ལ་ཚོགས་བྱིན་རླབས་བྱེད་ན་ཚོགས་ལས་ལྟར་བྱིན་གྱིས་བརླབས་ལ། ཚོགས་ཕུང་གཏོར་མར་ཐན་ལ་མེ་རླུང་གི་སྦྱོར་བའམ། ཡང་ན་སྤྱི་ལྟར་བྱིན་གྱིས་བརླབས་ལ། ལྷ་ཐམས་ཅད་ལ་རྐང་ཐོན་ཏུ་འབུལ་ཞིང་མཆོད་བསྟོད་དུས་དང་སྦྱར་ལ་བྱའོ། །བྱིན་རླབས་བྱེད་པའི་ཉིད་དུ་ཚོགས་མཆོད་བྱེད་པའི་ཕྱག་ལེན་ཡང་ཡོད་དོ། ལྔ་བཅའ་ན་གཉིས་པ་དེ་མཁའ་འགྲོ་སྡེ་བཞི་ལ་འབུལ། གསུམ་པ་ཕྱི་མགྲོན་ནོ། །དེ་ནས་བསྟོད་པའི་རིམ་པ་རྒྱས་བསྡུས་གང་རུང་བྱའོ། །གསུམ་པ་དངོས་གཞི་ལ་གསུམ། སློབ་མའི་རྒྱུད་དག་པའི་ཕྱིར་བློ་བཅོས་ཤིང་སྐྱབས་འགྲོ་དང་སེམས་བསྐྱེད་སྦྱིན་པ། རྒྱུད་ཡོན་ཏན་དང་ལྡན་པར་བྱ་བའི་ཕྱིར་ཡན་ལག་བརྒྱད་ཀྱི་སྡོམ་པ་སྦྱིན་པ། རྒྱུད་བྱིན་གྱིས་བརླབས་པའི་ཕྱིར་དངོས་གཞི་བྱིན་གྱིས་རློབས་པའོ། །དང་པོ་ནི། རང་གི་རིག་པའི་ངོ་བོ་དེ་ཕཊ་བྱས་པས་མ་ཇོ་མོའི་རྣམ་པར་ཡུམ་ཆེན་གྱི་ཐུགས་ཀར་བསྟིམ། དེ་ནས་སློབ་མས་མཎྜལ་ཕུལ་ཞིང་གྲལ་ལ་རིམ་པར་བསྡད་ཅིང༌། སློབ་དཔོན་གྱིས་ལས་རྒྱུ་འབྲས་དང་ཆོས་འདིའི་ལོ་རྒྱུས་ཅི་རིགས་པ་བརྗོད་ལ། སྐྱབས་འགྲོ་སྦྱིན་པ་ནི། འོ་ན་འདུན་པ་འདི་ལྟར་མཛད་འཚལ། མདུན་གྱི་ནམ་མཁར་བླ་མ་དང་ཡུམ་ཆེན་མོ་འཁོར་དང་བཅས་པ་ལ་དུས་ད་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ཀྱི་འབྲས་བུ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བྱའོ། །


LT23_Page_208A
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ལ་ལད་མོ་མཛོད། བླ་མ་ཡུམ་ཆེན་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་དེ་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་འབྲས་བུ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཐེག་པ་ཆེན་པོའི་ཆོས་ཞི་བ་མྱ་ངན་ལས་འདས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་ས་ཆེན་པོ་ལ་རབ་ཏུ་གནས་པའི་ཐེག་པ་ཆེན་པོའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པ་དེའི་བསླབ་བྱ་རྒྱས་བསྡུས་གང་རུང་དང་བཅས་པ་བརྗོད། དེ་དག་ནི་སྐྱབས་གསུམ་འཛིན་པའི་ཐབས་ཡིན་པས་ལེགས་སོ་བརྗོད། དེ་ནས་སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་ལས་བསྒྲལ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀྱི་ས་ལ་དགོད་སྙམ་པས་རྗེས་ཟློས་མཛོད། བླ་མ་ཡུམ་ཆེན་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ད་ནས་བཟུང་སྟེ་ཇི་སྲིད་བར། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་ཏུ་སློབ་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་ཏུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་ཏུ་སློབ་པར་བགྱི། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བསླབ་བྱ་གང་རུང་བརྗོད། དེ་དག་ནི་སེམས་བསྐྱེད་པར་བྱེད་པའི་ཐབས་ཡིན་པས་ལེགས་སོ་བརྗོད། །གཉིས་པ་ཡན་ལག་བརྒྱད་པ་སྦྱིན་པ་ནི། བླ་མ་དང་ཡུམ་ཆེན་མོ་ཐ་དད་མེད་པའི་མདུན་ཏུ་ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བརྒྱད་ཀྱི་སྡོམ་པ་བཟུང་སྙམ་པའི་འདུན་


LT23_Page_208B
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྗེས་ཟློས་མཛོད། བླ་མ་ཡུམ་ཆེན་འཁོར་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་སྤྲོས་པ་ལ་དགའ་ན། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་མཆོག་དེ་ལ་ཕྱག་འཚལ་བསྟོད། །འཁོར་བར་གནས་ཀྱང་རྟོག་མི་མངའ། །གསེར་མདོག་ཅན་ལ་ཕྱག་འཚལ་བསྟོད། །སྐྱེ་བ་བདུན་ཏུ་འགྲོ་བ་སྒྲོལ། །དམ་པའི་ན་པོ་ཆེ་ལ༴ མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མ་དེ་ལ༴ རང་རིག་ཡེ་ཤེས་སྟོན་མཛད་པའི། བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་བ་ཡི། ཡི་དམ་ལྷ་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ༴ སྤངས་པ་ཕུན་སུམ་ཚོགས་པ་ཡི། །དགེ་འདུན་རྣམས་ལ༴ ཕྲིན་ལས་རྣམས་ནི་སྒྲུབ་མཛད་པའི། །ཆོས་སྐྱོང་རྣམས་ལ༴ དངོས་དང་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་རྒྱ་ཆེན་རྣམས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་སྡིག་པ་གང༌། །དེ་དག་སོ་སོར་བཤགས་པར་བགྱི། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དུས་གསུམ་དགེ་བའི་རྩ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་མ་ལུས་བསྐོར། །འཁོར་བ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཟག་བཅས་ཟག་མེད་དགེ་བ་རྣམས། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །དེ་ནི་ཡན་ལག་བརྒྱད་ཀྱི་སྡོམ་པ་བསྟན་པའི་ཐབས་ཡིན་པས་ལེགས་སོ་བརྗོད། གསུམ་པ་དངོས་གཞི་ལ་གསུམ། ལུས་སེམས་ཕྲལ་བའི་སྒོ་ནས་རིག་པ་ངོ་སྤྲད་པ་དང༌། གཏོར་མ་ལ་བརྟེན་ནས་བྱིན་རླབས་བྱེད་པ་དང༌། །རྗེས་སུ་གནང་བ་ཉམས་ལེན་གྱི་གདམས་པ་བསྟན་པའོ། །དང་པོ་ནི་མཎྜལ་དང་ཡོན་ཕུལ་ནས་ཁྱེད་རྣམས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག །མིག་ཐད་ཀར་བལྟ། ལུས་དྲང་པོར་བསྲང་ལ་དར་ཅིག་མཉམ་པར་བཞག་གོ །དེ་ནས་ཀག་གི་ལངས། རྐང་པ་གཉིས་ཤིབ་ཀྱིས་


LT23_Page_209A
[མ་དཔེ་གཟིགས་ན་འདིར་གནོན།]

གཤིབས། ཐལ་མོ་སྤྱི་བོར་སྦྱོར་ལ་འདི་ལྟར་དུ་སྒོམས། བདག་གི་ལུས་འདི་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པ། རྣག་ཁྲག་ཀྱི་རྐྱལ་བ། རུས་པའི་དུམ་བུ་མཐུད་པ། འབྱུང་བཞིས་བསྡུས་པའི་ཕུང་པོ་ཤ་ཁྲག་གདོས་བཅས་འདི་ལ་སུ་ཞིག་ཆགས་སྙམ་དུ་བསམ་ལ་མི་རྟག་པ་ཡིད་འབྱུང་བ་ཙམ་སྒོམས། དེ་ནས་ལུས་དེ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་སང་ངེ་བའི་སྤྱི་གཙུག་རག་དུང་ཁ་ཕྱེས་པ་ལྟ་བུ་དེའི་རྐང་མཐིལ་གཉིས་སུ་རང་གི་རིག་པའི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་པོ་མཐེ་བོང་ཙམ་གཉིས་ཡོད་པར་སྒོམས། དེ་ནས་གུ་གུལ་གྱི་དུད་པ་གཏང༌། རོལ་མོའི་སྒྲ་དྲག་ཏུ་བྱ། དཔོན་སློབ་ཐམས་ཅད་ཀྱིས་ངག་ཏུ་ཕཊ་བྱས་པས། རྐང་མཐིལ་གྱི་ཐིག་ལེ་གཉིས་དར་གདོང་གི་རྒྱུད་དུ་ཡར་བྱུང་པུས་མོ་གཉིས་སུ་སླེབས། ཡང་ཕཊ་བྱས་པས། གསང་གནས་ཀྱི་གོང་རྒྱུ་ཞབས་སུ་སླེབས་ནས་གཅིག་ཏུ་གྱུར། ཡང་ཕཊ་བྱས་པས། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། ཡང་ཕཊ་བྱས་པས། འོད་ཁ་དོག་ལྔས་བསྐོར་ནས་སྤྱི་གཙུག་ཏུ་རྒྱངས་སེ་ཐོན་ནས་སོང་བར་བསམ་ཞིང༌། ཕཊ་གསུམ་རེ་བརྗོད་ལ། སློབ་དཔོན་གྱིས། ཐོང་ཞིག་ཐོང་ཞིག་མ་ཆགས་ཤིག །བྱས་ལ། ནམ་མཁའི་དབྱིངས་དང་རིག་པ་གཉིས་དབྱེར་མི་ཕྱེད་པར་ཁྲུགས་སེ་འདྲེས་པར་བསམ་ལ་སེམས་ཁྱབ་གདལ་གྱི་ངང་ལ་ཅི་གནས་སུ་འཇོག་པ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས། དེ་ནི་ལུས་སེམས་ཕྲལ་བ་ཞེས་ཀྱང་བྱ། ནམ་མཁའ་སྒོ་འབྱེད་ཅེས་ཀྱང་བྱ། །རིག་པ་མདུང་སྤོང་ཞེས་ཀྱང་བྱ། །འདི་ལ་ཉམས་བཞི་འབྱུང་ཏེ། ཐོད་རྒལ་དང༌། རྒོད་པ་དང༌། ངུ་བ་དང༌། སྤྲོས་མེད་དོ། །ཐོད་རྒལ་ནི་རིག་པ་ངར་དང་བཅས་པའོ། །རྒོད་པ་ནི་དགའ་བའོ། །ངུ་བ་ནི་དྲན་མེད་དམ་འཁོར་བ་ལ་ཡིད་འབྱུང་བའོ། །དྲན་མེད་ནི་སྤྲོས་པ་མེད་ཅིང་གསལ་སྟོང་དུ་གནས་པའོ། །དེ་ནས་སློབ་མ་རྣམས་རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག་བྱས་ལ་སློབ་དཔོན་གྱིས་གནད་བཞི་འོག་ནས་འབྱུང་བ་ལྟར་བཤད་དོ། །དེ་ནི་ལུས་སེམས་ཕྲལ་བའི་སྒོ་ནས་ངོ་སྤྲོད་པའོ། །གཉིས་པ་ནི། མཎྜལ་ཕུལ་ནས་སློབ་དཔོན་གྱིས་གཏོར་མ་མགོ་བོར་


LT23_Page_209B
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། གཏོར་མ་འདི་དང་ཐ་དད་མེད་པར་སངས་རྒྱས་རྣམ་སྣང་དང་སངས་རྒྱས་མཁའ་འགྲོ་ཐ་དད་མེད་པ་སྤྱི་བོར་ཐིམ་པར་བསྒོམ། ཆོས་དབྱིངས་རྣམ་དག་རང་བཞིན་ལས། །ཡེ་ཤེས་ཆེན་པོའི་སྐུར་བཞེངས་པ། །སངས་རྒྱས་རྣམ་སྣང་ཐུགས་རྗེའི་ཆུས། །གཏི་མུག་རྣམ་དག་ཆོས་དབྱིངས་དབང་ཐོབ་ཤོག །ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ནས་གོམ་གསུམ་བྱོན་པའི་ཚེ། །སྐུ་ཤ་ཆུང་ལ་སྐུ་མདོག་ནག །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །སྤྱི་གཙུག་རྒྱན་ཏུ་བཞུགས་སུ་གསོལ། །སྤྱི་གཙུག་རྒྱན་ཏུ་བཞུགས་ནས་ཀྱང༌། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །དངོས་གྲུབ་རྩོལ་ཅིག་མ༴ རྟོགས་པ་སྐྱེད་ཅིག༴ དབང་མཆོག་སྐུར་ཅིག༴ བར་ཆད་སོལ་ཅིག༴་ལམ་སྣ་དྲངས་ཤིག་མ༴ ཞེས་དང༌། ཁྱོད་ཀྱི་ཉོན་མོངས་པ་གཏི་མུག་དག་ནས་ཆོས་དབྱིངས་ཡེ་ཤེས་ཀྱི་དབང་ཐོབ་པར་སྒོམས། དེ་བཞིན་ཏུ་གཏོར་མ་དཔྲལ་བར་བཞག་ལ། གཏོར་མ་འདི་དང་ཐ་དད་མེད་པར་སངས་རྒྱས་མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོ་ཐ་དད་མེད་པ་དཔྲལ་བར་ཐིམ་པར་བསྒོམ། །བཅོམ་ལྡན་རྒྱལ་བ་མི་བསྐྱོད་པ། །ཐུགས་རྗེ་རྣམ་དག་དྲི་མེད་ཆུས། །ཞེ་སྡང་རྣམ་དག་མེ་ལོང་ལྟ་བུ་ཡི། །ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག །ཀྱཻ་མ་མི་མིན༴ ཤར་ནས་གོམ་གསུམ༴ སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ༴ ཆོས་ཉིད་ནམ་མཁའི༴ སོགས་དང༌། ཁྱོད་ཀྱི་ཉོན་མོངས་པ་ཞེ་སྡང་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། ཡང་གཏོར་མ་རྣ་ལྟག་གཡས་པར་བཞག་ནས། གཏོར་མ་འདི་དང་ཐ་དད་མེད་པར་སངས་རྒྱས་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོ་ཐ་དད་མེད་པ་རྣ་ལྟག་གཡས་སུ་ཐིམ་པར་བསྒོམ། བཅོམ་ལྡན་རྒྱལ་བ་


LT23_Page_210A
[མ་དཔེ་གཟིགས་ན་འདིར་གནོན།]

རིན་འབྱུང་ཉིད། །ཐུགས་རྗེ་རྣམ་དག་དྲི་མེད་ཆུས། །ང་རྒྱལ་རྣམ་དག་མཉམ་པ་ཉིད། །ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག །ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལྷོ་ནས་གོམ་གསུམ༴་སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ༴ ཆོས་ཉིད་ནམ་མཁའི༴ སོགས་དང༌། ཁྱོད་ཀྱི་ཉོན་མོངས་པར་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། ཡང་གཏོར་མ་ལྟག་པར་བཞག་ལ། གཏོར་མ་འདི་དང་ཐ་དད་མེད་པར་སངས་རྒྱས་འོད་དཔག་མེད་དང་པདྨ་མཁའ་འགྲོ་ཐ་དད་མེད་པ་ལྟག་པར་ཐིམ་པར་བསྒོམ། བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །ཐུགས་རྗེ་རྣམ་དག་དྲི་མེད་ཆུས། །འདོད་ཆགས་རྣམ་དག་སོ་སོར་རྟོགས། །ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག །ཀྱེ་མ་མི་མིན༴ ནུབ་ནས༴ གོམ་གསུམ༴ སྐུ་ཤ་ཆུང་ལ་སྐུ་མདོག་དམར། པདྨ་མཁའ་འགྲོ༴ ཆོས་ཉིད་ནམ་མཁའི༴ སོགས་དང༌། ཁྱོད་ཀྱི་ཉོན་མོངས་པ་འདོད་ཆགས་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། དེ་ནས་གཏོར་མ་རྣ་ལྟག་གཡོན་པར་བཞག་ལ། གཏོར་མ་འདི་དང་ཐ་དད་མེད་པར་སངས་རྒྱས་དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོ་ཐ་དད་མེད་པ་རྣ་ལྟག་གཡོན་པར་ཐིམ་པར་བསྒོམ། བཅོམ་ལྡན་རྒྱལ་བ་དོན་ཡོད་གྲུབ། །ཐུགས་རྗེ་རྣམ་དག་དྲི་མེད་ཆུས། །ཕྲག་དོག་རྣམ་དག་བྱ་བ་གྲུབ། །ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག །ཀྱེ་མ་མི་མིན༴ བྱང་ནས་གོམ་གསུམ༴ སྐུ་ཤ་ཆུང་ལ་སྐུ་མདོག་ལྗང༌། །ལས་ཀྱི་མཁའ་འགྲོ་འབུམ༴ ཆོས་ཉིད་ནམ་མཁའི༴ སོགས་དང༌། ཁྱོད་ཀྱི་ཉོན་མོངས་པ་ཕྲག་དོག་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། དེ་ནས་གཏོར་མས་སློབ་མའི་སྤྱི་བོར་བཟུང་ནས། ཁྱོད་ཀྱི་སྤྱི་བོའི་གཏོར་མ་འདི་དང་ཐ་དད་མེད་པར་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གཡས་སུ་ཇོ་མོ་ལབ་ཀྱི་སྒྲོན་མ་ལ་རིགས་བཞི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། གཡོན་ཏུ་དམ་པ་རིན་པོ་ཆེ་ལ་གྲུབ་


LT23_Page_210B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱེ་བའི་ཚོགས་ཀྱིས་བསྐོར་བ། སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆེན་པོ་ལ་འདས་མ་འོངས་ད་ལྟར་གྱི་སངས་རྒྱས་བྱང་སེམས་ཉན་རང་གི་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཡེ་ཤེས་མགོན་པོ་ལ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། །དེ་དག་གི་སྐུ་ལུས་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱོད་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སོལ་ཁུའི་རྣམ་པར་དག་ནས་ལུས་འོད་ཀྱི་ཕུང་པོར་སྒོམས་ཤིག །བྱས་ལ་བརྒྱུད་པའི་གསོལ་འདེབས་དང༌། མཁའ་འགྲོ་འབུམ་བསྐུལ་བྱ། རོལ་མོ་དཀྲོལ། སྤོས་བསྲེགས། མཐར། གཉིས་མེད་མཁའ་ལྟར་དག་པ་ཡི། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ས་བཅུ་ཡོངས་རྫོགས་ཆོས་ཀྱི་སྐུ། །ལྷུན་གྲུབ་བདེ་ཆེན་འདུས་མ་བྱས། །ཡེ་ཤེས་དྲི་མེད་རྣམ་དག་ཆུས། །ཉོན་མོངས་མ་ལུས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་ལ། བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན༴ ད་ལྟ་ཉིད་དུ་བྱིན༴ མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །དེ་ནས་ཡུམ་ཆེན་མོ་འཁོར་བཅས་འོད་དུ་ཞུ་ནས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དེ་དག་གི་ཐུགས་དང་ཁྱོད་ཀྱི་སེམས་དབྱེར་མི་ཕྱེད་པ་ཁྱབ་གདལ་ཆེན་པོའི་ངང་ལ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་རང་མལ་དུ་གློད་ལ་ཞོག་ཅིག །དེ་ནི་གཏོར་མ་ལ་བརྟེན་པའི་བྱིན་རླབས་སོ། །གསུམ་པ་རྗེས་སུ་གནང་བ་ནི། ཁྱོད་ཀྱིས་ཆོས་ཉིད་འདི་ཉམས་སུ་ལེན་པའི་གནས་ནི། དུར་ཁྲོད་དང༌། ཤིང་གཅིག་དང༌། རི་སུལ་དང༌། མཚོ་གླིང་དང༌། ཕུང་ཤུལ་དང་གཉན་ས་རྣམས་སུ་མཉམ་པར་བཞག །ལུས་གཟན་ཏུ་བོར། ངག་གསོལ་བ་གདབ་པར་བྱའོ། །དེ་ལྟར་ཡང་མ་ཇོ་མོའི་ཞལ་ནས། གནས་གནད་གཉན་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་བཞི་གློད་པ་གཅེས། །ངག་གནད་ཉམས་དབྱངས་ལེན་པ་གཅེས། །སེམས་གནང་འདུ་ཤེས་བཤིག་པ་


LT23_Page_211A
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས། ཅེས་གསུངས་སོ། །དེ་ཡང་གནས་ནི་དུར་ཁྲོད་ལ་སོགས་པར་བཤད་དེ། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །སྒོམ་པ་བཟང་པོར་བརྗོད་པར་བྱ། ཞེས་གསུངས་སོ། །ལུས་གནད་ནི་བདག་པོ་ཤི་བའི་ཁང་སྟོང་ལྟར་གཉེར་ལེན་མེད་པར་ཁྲོས་སེ་སྐྱུར་བ་ཡིན་ཏེ། མ་ཇོ་མོའི་ཞལ་ནས། ལུས་ནི་རོ་ཡི་ཚུལ་དུ་ཞོག །བདག་པོ་མེད་པར་བསྐྱུར་ལ་ཐོང༌། ཞེས་གསུངས་སོ། །ངག་གནད་ཉམས་དབྱངས་ལེན་པ་ནི། །སྐབས་སུ་བླ་མའི་གསོལ་འདེབས་དང༌། ཉམས་མྱོང་གི་དབྱངས་ཆུང་ལེན་པར་བཤད་དོ། །སེམས་གནད་ནི་སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་མཉམ་བཞག་ཏུ་བཞག་པ་ཡིན་ཏེ་བླ་མ་དོན་གྲུབ་ཀྱི་ཞལ་ནས། འབོལ་ལེ། ཤིགས་སེ། ཧད་དེ། ཅམ་མེ་མཉམ་པར་ཞོག་དང་གསུངས་སོ། །བླ་མ་གཉན་གྱི་ཞལ་ནས། ཤེས་པ་མ་བཅོས་མ་བསླད་པ་སོ་མ་རང་ཁུགས་སུ་ཞོག་དང་རང་གྲོལ་དུ་འགྲོ་ཡི་གསུངས་སོ། །མ་ཇོ་མོའི་ཞལ་ནས། སེམས་མ་བཅོས་ན་བདེ། ཆུ་མ་རྙོགས་ན་དངས། ཞེས་པ་དང༌། ཞེ་འདོད་མེད་པར་ཐལ་ལེ་བ། །ཉམ་ང་མེད་པའི་འབོལ་ལེ་བ། །འདི་བྱ་མེད་པའི་ཟིངས་སེ་བ། །གཟུང་འཛིན་མེད་པར་ཧད་དེ་བཞག །ཞེས་པ་དང༌། སེམས་ནི་ནམ་མཁའི་ཚུལ་དུ་བཞག །མར་མེ་རླུང་གིས་མ་བསྐྱོད་པ་བཞིན། །གསལ་ལ་རྟོག་མེད་ཚུལ་དུ་བཞག །རྒྱ་མཚོ་གཟིངས་ཀྱིས་མ་བསྐྱོད་བཞིན། །མེར་ལ་དངས་པའི་ཚུལ་དུ་བཞག །ཅེས་གསུངས་སོ། །རྗེ་དམ་པ་རིན་པོ་ཆེའི་ཞལ་ནས། བྱས་པས་ཕུང༌། བསམ་པས་བརླག །རང་ལུགས་སུ་ཞོགས། རང་གྲོལ་དུ་འགྲོ་བར་གདའ། ཞེས་གསུངས་པས། །མཉམ་པར་བཞག་པའི་སེམས་ཉིད་སྤྲོས་པ་དང་བྲལ་བ་དེ་ལ་གཞི་འབྲས་དབྱེར་མེད་ཆོས་སྐུ་ཞེས་ཀྱང་བྱ་བ་སྟེ། དང་པོ་གང་གིས་མ་བསྒྲིབས་ས་ལེ་བ། ཐ་མ་འགྲོ་བའི་ཡུལ་མེད་པ། དེ་གང་དུའང་མ་གྲུབ་པས་སེང་ངེ་བ། །དེ་མ་འགག་


LT23_Page_211B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩལ་གང་དུའང་འཆར་བས་རིག་གེ་བ་སྟེ། དང་པོ་འོང་བའི་ཡུལ་མེད། བར་དུ་གནས་པའི་ས་མེད། ཐ་མ་འགྲོ་བའི་ཡུལ་མེད་པས་སྐྱེ་འགག་གནས་གསུམ་དང་ཡེ་གདོད་མ་ནས་བྲལ་བ་ཞིག་ཡིན་ནོ། །འཁོར་བའི་ཆོས་དང་ལྷན་ཅིག་ཏུ་གནས་ཀྱང་གོས་པ་མེད་པ། མྱང་འདས་ཀྱི་ཆོས་མ་བསྒྲུབས་ཀྱང་འབྲལ་མི་སྲིད་པ་ཞིག་ཡིན། དེའི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་ན་ངོ་བོ་ཡོད་ལ་གཟུང་དུ་མེད། སྣང་བཞིན་སྟོང་ལ་སྟོང་བཞིན་སྣང༌། བདེན་པ་དང་རྫུན་པ་གང་དུའང་མ་གྲུབ་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཞིག་ཡིན་ནོ། །དེ་ལྟར་ཡང་བརྟག་གཉིས་ལས། བདེན་མིན་རྫུན་མིན་དེ་བཞིན་ཏུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པ་རྣལ་འབྱོར་མས་ཤེས་གྱིས། ཞེས་བཤད་དོ། །དེ་ནི་རྗེས་སུ་གནང་བ་ཉམས་ལེན་གྱི་གདམས་པའོ། །བཞི་པ་རྗེས་ཀྱི་བྱ་བ་ནི། །སློབ་མས་ཡོན་ཕུལ་ཕྱག་འཚལ་ལ་ཅི་བདེར་བྱའོ། །སློབ་དཔོན་གྱིས་ཚོགས་ཀྱི་སྟེང་དུ། ཨོཾ་ཨཱཿཧཱུྃ་གིས་ཡི་གེ་གསུམ་ཞུ་བ་ལས་ཡེ་ཤེས་ལྔའི་རང་བཞིན་འོད་ཁ་དོག་ལྔ་ཚོགས་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་འབུལ་ཞིང་ཚོགས་བྱིན་རླབས་དང༌། །ཚོགས་བསྟབ་པ་རྣམས་བྱའོ། །ཚོགས་ཕུང་བྲན་ཞིང་གཏོར་མ་བསྔོ། །མཆོད་བསྟོད་བསྡུས་པ་ཙམ་བྱ། ཚོགས་ལ་རོལ་ལྷག་མ་བསྡུ་ཞིང་བསྔོ་ལ་དོར། བསྔོ་བ་དང་བཟོད་གསོལ་ལྷག་ཆད་ཁ་སྐོང་བྱའོ། །དེ་ནས་ཡུམ་ཆེན་གྱི་ཐུགས་ཀ་ནས་རང་མ་ཇོ་མོའི་རྣམ་པར་གུད་དུ་བྱེད་ལ་ཡེ་ཤེས་པ་གཤེགས། རང་ཡང་དམིགས་མེད་དུ་ཅི་གནས་སུ་བཞག་གོ །བཀྲ་ཤིས་གང་རུང་བརྗོད། ཕྱག་རྒྱ་ཆེན་པོ་གཅོད་ཡུལ་གྱི་གདམས་པ་བྱིན་རླབས་ཀྱི་བཀའི་རྗེས་གནང་གི་རིམ་པ། གཅོད་ཀྱི་གཞུང་ཆེན་པོ་རྣམས་དང༌། ཇོ་མོ་ལ་སོགས་པ་རྣམས་ཀྱི་གསུང་སྤོས་ཀྱི་ཐོབ་ཚུལ་ལེགས་ཆ་རྣམས་དང༌། ཐམས་ཅད་མཁྱེན་པ་གཉིས་པ་རང་བྱུང་རྡོ་རྗེའི་གཅོད་ཀྱི་ཌཱི་ཀ་རྣམས་དང༌། བླ་མ་གཅོད་ཡུལ་མཁས་པ་རྣམས་ཀྱི་གསུང་གི་འོད་ཟེར་གྱི་ལེགས་ཆ་དང་གསུང་སྒྲོས་ལ་བློས་བརྟགས་ནས། ལག་ལེན་རྒྱུ་རྣམས་ཕྱོགས་གཅིག་ཏུ་གོ་བདེ་བའི་སླད་དུ་བླ་མའི་ཕྱག་ལེན་གྱི་རིམ་པ་ཇི་བཞིན་ཏུ་གཅོད་ཡུལ་བ་རཏྣ་སིང་ཧས་སྦྱར་བ་རྫོགས་སོ། །འདིར་སྨྲས་པ། སྟོང་ཉིད་ཡུམ་གྱི་ཆོས་ལུགས་དུ་མ་རྣམས། །སྣ་ཚོགས་


LT23_Page_212A
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བ་ཅན་ཡུལ་འདིར་དར་ནའང༌། །གོ་ཡུལ་མ་གཅིག་དུ་མ་སྟོན་པ་རྣམས། །ལ་ལས་ཡེ་མེད་སྟོང་པ་ཉིད་དུ་གོ །ལ་ལས་དངོས་པོར་འཛིན་པའི་ཡུལ་དུ་གོ །ལ་ལ་དངོས་པོ་རྟག་པ་ཁོ་ནར་གོ །དེ་དག་འཁྲུལ་པའི་ཕོ་ཚོད་རང་བཟོ་ཡིན། །མ་རྟོགས་འཁྲུལ་པའི་ལམ་དུ་ཞུགས་པས་འགའ། །གཅོད་ཡུལ་མི་བྱེད་རང་རང་ཆོས་ལུགས་སྟོན། ཉམས་ལེན་མི་ཤེས་རྟོག་པའི་སྤྲེང་ལོང་བྱེད། །དམིགས་མེད་དོར་ནས་དམིགས་བཅས་གནོད་སེམས་བསྐྱེད། །དུག་ལྔའི་ནད་བསྐྱེད་འབྱུང་བཞིའི་ནང་སོས་ལོ། །འཁྲུལ་པའི་རྩ་བ་མ་བཅད་ཕྱོགས་མེད་བསྐོར། །ལོག་ཆོས་སྣ་ཚོགས་ཕྱོགས་མེད་ཡུལ་དུ་སྟོན། བླུན་པོ་མང་པོའི་འཁོར་ཚོགས་བསྡུས་ནས་ནི། གཅོད་ཡུལ་ཡིན་ཞེས་འདྲ་ལ་གནོད་སེམས་སྟོན། གདུག་པའི་རྫས་སྦྱོར་ལྷ་འདྲེ་ཨར་ལ་གཏད། །དོན་མེད་དྲག་བཤིག་ཤིང་བཅད་མཚོ་དཀྲུགས་ནས། །སེམས་ཀྱིས་ཤི་དོག་ཁ་ནས་འདི་སྐད་ལོ། །ད་ཁྱེར་ཁོ་ལོ་བཟློག་བསྒོམ་བྱེད་བན་ལོ། །ཞེ་འདོད་བསམ་ངན་ཁོང་དུ་བསྐྱིལ་ནས་ནི། །ཅིས་ཀྱང་དགོས་མེད་ཐམས་ཅད་སེམས་ཉིད་སྨྲ། །སྟོང་ཉིད་དོན་གྱི་གནས་ལུགས་མི་ཤེས་པར། །ཁྲིད་སྟོན་བླུན་པོ་མགོ་བོ་འཁོར་བ་འགའ། །ཕར་ཕྱིན་གཅོད་ལ་དབང་བཞི་བྱེད་པ་མཐོང༌། །སྔགས་དང་མཚན་ཉིད་ཁྱད་པར་མི་ཤེས་ནས། །ཕོ་ཚོད་ཅན་གྱིས་རང་བཟོ་བྱེད་པ་དེ། །ཡུན་རིང་དམྱལ་བའི་གནས་སུ་ལུང་བསྟན་ཡོད། །དེ་དག་སུན་ཕྱུང་ཕྱིར་དང་རང་གཞན་ཕྱིར། གཞུང་དོན་ཇི་བཞིན་བཀའ་ཡི་རྗེས་གནང་འདི། །འདོད་བློ་སྤངས་ཏེ་བླ་མ་ཡུམ་ཆེན་དང༌། །ལབ་སྒྲོན་ལ་སོགས་བརྒྱུད་པའི་གསུང་བཞིན་ཏུ། །མན་ངག་འོད་ཟེར་སྟོང་ལྡན་དྲྭ་བ་ཡིས། །ལེགས་སྤྲས་གཅོད་བཀའ་དྲི་མེད་སྣང་འདི་བརྩམ། །ཅུང་ཟད་འགལ་དང་འཁྲུལ་པ་གང༌། །བླ་མ་ཡུམ་ཆེན་བཟོད་མཛོད་ཅིག །དགེ་བས་འགྲོ་ཀུན་ཕྱག་ཆེན་རྟོགས་པར་ཤོག །དགེའོ། །