Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གསུམ་པ།  རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ།next

གདམས་ངག་མཛོད་པོད་བཅུ་གསུམ་པ།
རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ།


LT23_Page_083A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ། བགེགས་གཏོར་སྤྱིར་བཏང་གང་རུང་ངམ། རང་གཞུང་ལྟར་ན་གཏོར་མ་བསང་སྦྱང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨ་ཀཱ་རོས་བསྔོས་ལ། ན་མོ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བཀའ་བདེན་པ་དང༌། ཡི་དམ་དང་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང༌། བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཐུས་དོ་ནུབ་བདུད་ཀྱི་གཅོད་ཐབས་ཟབ་མོའི་དབང་སྟོན་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་བདུད་དང་བགེགས་ཀྱི་རིགས་སུ་གཏོགས་པའི་བར་དུ་གཅོད་པ་ཐམས་ཅད་འདིར་མ་གནས་པར་ཕྱིར་དེངས་ཤིག །ཅེས་བརྗོད་ལ་སུམྦྷ་དང༌། ཧཱུྃ་དང་ཕཊ་དྲག་པོ་བཏབ་ལ་ཕྱིར་བསྐྲད་དོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཐུན་མོང་རྡོ་རྗེའི་སྲུང་འཁོར་དང༌། སྟོང་ཉིད་ཀྱི་དོན་བསྒོམ། ཕྱོགས་སྐྱོང་ལ་གཏོར་མ་བསང་སྦྱང་བརླབ། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སྔགས་དེ་ཉིད་ཡི་ཨ་ཀཱ་རོ་བཏགས་པས་བསྔོས་ལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། ཞེས་སོགས་ཀྱིས་འདོད་དོན་གསོལ། ས་པ་རི་ཝཱ་རའི་མཐར། བཏགས་པས་གཤེགས།


LT23_Page_083B
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་གཏོར་མ་བསང་སྦྱང་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿས་མགྲོན་དགུག །སྔགས་དེ་ཉིད་ཀྱི་ས་པ་རི་ཝཱ་རིའི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ། །གཞི་བདག་གནས་བདག་འཁོར་བཅས་རྣམས། །སོགས་ཀྱིས་འདོད་དོན་གསོལ། སྔགས་མཐར། །གཙྪ་བཏགས་པས་གཤེགས། མཆོད་པ་བྱིན་རླབས་བླ་མེད་སྤྱི་ལྟར་དང༌། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ནན་ཏན་གྱི་རྗེས་ཤེར་སྙིང་འདུད་ཟློག་བཅས་བྱ་བ་ནི་སྔོན་འགྲོའོ། །དངོས་གཞི་གཞུང་ལྟར་ལ། སྤྱན་འདྲེན་ནི། མོས་གུས་དག་པའི་ཕོ་བྲང་ནས། །བླ་མ་དཀོན་མཆོག་གཤེགས་སུ་གསོལ། །རང་བཞིན་རྣམ་དག་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །རྡོ་རྗེ་ཅན་གྱི་ཞིང་ཁམས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །རིན་ཆེན་འབར་བའི་ཞིང་ཁམས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །པདྨ་ཅན་གྱི་ཞིང་ཁམས་ནས། པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འབྲུག་སྒྲ་སྒྲོགས་པའི་ཞིང་ཁམས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །འཁོར་ལོ་ཅན་གྱི་ཞིང་ཁམས་ནས། སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གར་བཞུགས་གནས་མཆོག་དམ་པ་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བསྟན་པ་རིན་ཆེན་གཞལ་ཡས་ནས། །བསྟན་སྲུང་ཆོས་སྐྱོང་གཤེགས་སུ་གསོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སོགས་དཀྱུས་ལྟར་གཏོར་མ་བྱིན་རླབས་བདེ་མཆོག་གམ་ཕག་མོ་ལྟ་བུ་བླ་མེད་མ་རྒྱུད་གང་རུང་ལྟར་བྱ། ཆ་དང་པོ་ཡི་དམ་གྱི་གཏོར་ཆོག་དམིགས་བསལ་གང་ཡིན་ལྟར་རམ། སྤྱི་ཙམ་དུ། ཨོཾ་གུ་རུ་མཎྜལ་དེ་པ་ག་ཎ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། གཉིས་པ་དཀྱུས་ལྟར། གསུམ་པ་རང་གི་ཆོས་སྐྱོང་དམིགས་བསལ་ཡོད་ན་དེའི་གཏོར་ཆོག་ལྟར་དང༌། སྤྱིར་བཏང་དུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པས་ཕུལ། དེ་རྣམས་ཐུན་མོང་དུ། ཨོཾ་གུ་རུ་མཎྜལ་དེ་ཝ་ག་ཎ་པཉྩ་ཌཱ་


LT23_Page_084A
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ནི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃཿགིས་ནང་མཆོད། བླ་མ་ཡི་དམ་མཁའ་འགྲོ་དང༌། །རྡོ་རྗེའི་ཆོས་སྐྱོང་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཀྱིས་འདོད་དོན་གསོལ་གཞན་དཀྱུས་ལྟར། བདག་འཇུག་གི་སྔོན་དུ་གསོལ་འདེབས་བྱ་བར་གསུངས་པ་ནི། ཕཊ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཨ་མ་ལ་གསོལ་བ་འདེབས། །མ་གཅིག་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། བྱ་རྒོད་ཕུང་པོའི་རི་བོ་རུ། །བཅོམ་ལྡན་ཤག་ཐུབ་བྱིན་རླབས་ཅན། འདི་མན་ཚིག་རྐང་བཞི་འགྲ་རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དབྱངས་སྨྲ་སེང་བྱིན་རླབས་ཅན། །གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །དག་པ་བདེ་སྟོང་གཞལ་ཡས་སུ། །རྡོ་རྗེ་ཕག་མོ་བྱིན་རླབས་ཅན། །ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སུ་ཁ་སིདྡྷི་བྱིན་རླབས་ཅན། །རྒྱ་གར་འཇག་མའི་སྤྱིལ་པོ་རུ། །ཨཱརྻ་དེ་བ་བྱིན་རླབས་ཅན། །ལ་སྟོད་དིང་རི་གླང་ཀོར་དུ། །དམ་པ་སངས་རྒྱས་བྱིན་རླབས་ཅན། །ར་ས་སྤང་ལྷུང་དགོན་པ་རུ། །བསོད་ནམས་བླ་མ་བྱིན་རླབས་ཅན། །ཟངས་རི་མཁར་དམར་དགོན་པ་རུ། །མ་གཅིག་ལབ་སྒྲོན་བྱིན་རླབས་ཅན། །རྒྱལ་ཐང་ཆུ་བཟང་དགོན་པ་རུ། །བསམ་གཏན་འོད་ཟེར་བྱིན་རླབས་ཅན། །བྱང་ཆུབ་གླིང་གི་དབེན་གནས་སུ། །ནམ་མཁའ་འོད་ཟེར་བྱིན་རླབས་ཅན། །གཉན་ཁྲོད་བརྒྱ་རྩའི་གནས་མཆོག་ཏུ། །ཤཱཀྱ་འོད་ཟེར་བྱིན་རླབས་ཅན། །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །བདེ་ལེགས་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་བླ་མའི་ཞབས་དྲུང་དུ། །དབོན་སྲས་ཆོས་ལེགས་བྱིན་རླབས་ཅན། །སྐ་རགས་བསམ་གླིང་དགོན་པ་རུ། །ཡིག་དྲུག་ཤེས་དཔལ་བྱིན་རླབས་ཅན། །ཆོས་ལུང་བྱང་རྩེའི་དབེན་གནས་སུ། །རྗེ་བཙུན་གྲོལ་མཆོག་བྱིན་རླབས་ཅན། །


LT23_Page_084B
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྟོང་རྡོ་རྗེའི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་བྱིན་རླབས་ཅན། །ཆོས་ལུང་བདེ་མཆོག་དབེན་གནས་སུ། །ལུང་རིག་རྒྱ་མཚོ་བྱིན་རླབས་ཅན། །རྟག་བརྟན་རྡོ་རྗེའི་ཕོ་བྲང་དུ། །ཀུན་དགའ་སྙིང་པོ་བྱིན་རླབས་ཅན། །འཆི་མེད་གྲུབ་པའི་གནས་མཆོག་ཏུ། །ཀུན་དགའ་བསོད་ནམས་བྱིན་རླབས་ཅན། །དམ་པས་བྱིན་རླབས་དབེན་གནས་སུ། །ཀུན་དགའ་ཡེ་ཤེས་བྱིན་རླབས་ཅན། །ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །ཡོན་ཏན་མགོན་པོ་བྱིན་རླབས་ཅན། །རྨོག་ལྕོག་རྡོ་རྗེའི་ཕོ་བྲང་དུ། །ཀུན་དགའ་ལྷུན་གྲུབ་བྱིན་རླབས་ཅན། །ཉམས་རྟོགས་མཐར་ཕྱིན་དབེན་གནས་སུ། །ཆོས་དབྱིངས་རྡོ་རྗེ་བྱིན་རླབས་ཅན། །འགྲོ་བ་འདུལ་བའི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་བྱིན་རླབས་ཅན། །ངེས་དོན་སྙིང་པོའི་གནས་མཆོག་ཏུ། །ངག་དབང་ཕྲིན་ལས་བྱིན་རླབས་ཅན། །ལུང་རིག་སྨྲ་བའི་གདན་ས་རུ། །ཆོས་འཕེལ་རྒྱ་མཚོ་བྱིན་རླབས་ཅན། །མཁས་གྲུབ་རྒྱ་མཚོའི་བསྟི་གནས་སུ། །ཀུན་དགའ་རྣམ་རྒྱལ་བྱིན་རླབས་ཅན། །འོག་མིན་བཀྲ་ཤིས་འཁྱིལ་པ་རུ། །འཇིགས་མེད་དབང་པོ་བྱིན་རླབས་ཅན། །གོང་མས་བྱིན་རླབས་གནས་མཆོག་ཏུ། །དཀོན་མཆོག་སེང་གེ་བྱིན་རླབས་ཅན། །རིག་གྲོལ་འདུས་པའི་ཆོས་གྲྭ་རུ། །དཀོན་མཆོག་བསྟན་བཅོས་བྱིན་རླབས་ཅན། །ལྷ་ལྡན་དགའ་བཞི་འཕྲུལ་སྣང་དུ། །དོན་གྲུབ་རྒྱལ་མཚན་བྱིན་རླབས་ཅན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། རྩ་བའི་བླ་མ་བྱིན་རླབས་ཅན། །སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །ཡི་དམ་ལྷ་ཚོགས་བྱིན་རླབས་ཅན། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །དཔའ་བོ་མཁའ་འགྲོ་བྱིན་རླབས་ཅན། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །ཆོས་སྐྱོང་སྲུང་མ་བྱིན་རླབས་ཅན། །དམ་ཚིག་གཙང་མའི་ཚོགས་གྲལ་དུ། །རྡོ་རྗེའི་སྤུན་གྲོགས་བྱིན་རླབས་ཅན། །བྱིན་རླབས་ཅན་གྱི་གནས་མཆོག་ཏུ། །དལ་འབྱོར་རྙེད་དཀའ་ཤེས་པ་དང༌། །དོན་ཆེན་སྙིང་པོ་ལེན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་


LT23_Page_085A
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །མི་རྟག་འཆི་བ་དྲན་པ་དང༌། །ལོང་མེད་རྒྱུད་ལ་སྐྱེ་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པ་དང༌། །ཕུང་པོ་གཟན་དུ་སྐྱུར་བ་དང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་ཟིན་པ་དང༌། །བྱམས་དང་སྙིང་རྗེ་འབྱོངས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །བདག་མེད་གནས་ལུགས་རྟོགས་པ་དང༌། །བདག་འཛིན་རྩད་ནས་ཆོད་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །བདུད་བཞི་རང་སར་ཞི་བ་དང༌། །སྐུ་གསུམ་མངོན་དུ་འགྱུར་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །སྣང་སྲིད་བྲན་དུ་འཁོལ་བ་དང༌། །འབྲེལ་ཚད་དོན་དང་ལྡན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཞེས་སོ། མཇུག་གཏོར་དབང་བའི་སྐབས་གསོལ་འདེབས་དགོངས་བསྐྱོད་མ་ནི། མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །སྐུ་མདོག་མཐིང་ནག་འོད་ཟེར་འཕྲོ། །མཆོག་གི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་སྔོན་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །མ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །དོན་མཉམ་པ་ཉིད་ཀྱི་ཉམས་དང་ལྡན། །སྐུ་མདོག་སེར་མོ་འོད་ཟེར་འཕྲོ། །གསེར་གྱི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་སེར་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ།


LT23_Page_085B
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན༴ བྱང་ཆུབ་ཆོས༴ ཉམས་རྟོགས་ཀྱི༴ འོད་གསལ་གྱི༴ ཡེ་ཤེས་ཀྱི་མཁའ་འགྲོ༴ དབྱིངས་ཀྱི་ཡུམ༴ མ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱོན་མེད་དག༴ སྐུ་མདོག་དམར་མོ་འོད༴ བྱི་རུའི་ཐོར་ཚུག༴ དར་དམར་ཅོད༴ རུས་པའི་རྒྱན་ཆ༴ པདྨ་མཁའ་འགྲོ་སོགས་འགྲེས། །མ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་རིགས་པ་མེད་པའི་ཉམས་དང་ལྡན། །སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་ལྗང་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །མ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །སྐུ་མདོག་དཀར་མོ་འོད་ཟེར་འཕྲོ། །དུང་གི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་དཀར་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། ༈ །ཁྲག་གི་ཨརྒྷཾ་འཁྱིལ་ལི་ལི། །སྒོ་ལྔའི་མེ་ཏོག་ཐོ་ལོ་ལོ། །ཚིལ་ཆེན་གྱི་དུད་པ་ཆི་ལི་ལི། །རྐང་མར་གྱི་ཞུན་མར་ཡ་ལ་ལ། །རཀྟའི་དྲི་ཆབ་འཁྱིལ་ལི་ལི། །ཤ་ཆེན་གྱི་གཏོར་མ་སམ་སེ་སམ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཀྱི་ཌཱ་མ་རུ་ཁྲོ་ལོ་ལོ། །གཡས་ན་དཔའ་བོ་ཤ་ར་ར། །ཕཊ་ཀྱི་བརྡ་སྐད་སངས་སེ་སང༌། །གཡོན་ན་དཔའ་མོ་ཐིབ་སེ་ཐིབས། །ཧཱུྃ་གི་


LT23_Page_086A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གླུ་ཀྱུ་རུ་རུ། །ཞབས་ཀྱི་བྲོ་བརྡུང་ཆེམས་སེ་ཆེམ། །ཕྱག་གི་པད་ཀོར་ཤིགས་སེ་ཤིག །ཉམས་དབྱངས་ཀྱི་མགུར་མ་འུ་རུ་རུ། །བྱིན་རླབས་ཀྱི་ན་བུན་ཐུ་ལུ་ལུ། །གདམས་ངག་གི་སྦྲང་ཆར་སི་ལི་ལི། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྒོ་ནས་གསོལ་བ་འདེབས། །ཚད་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་ནས། །ལས་ཅན་སྐྱེས་བུ་བདག་ལ་བྱིན་གྱིས་རློབས། །དད་ལྡན་སློབ་མ་རྣམས་ལ་བཅུད་དུ་ཕོབ། དེ་བཞིན་དུ། །ལྷོ་ཕྱོགས་རིན་ཆེན༴ ནུབ་ཕྱོགས་པདྨ༴ བྱང་ཕྱོགས་ལས་ཀྱི༴ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ༴ ཞེས་སོ་སོར་སྦྱར་རོ། །རྗེས་ཚོགས་མཆོད་སོགས་བདེ་མཆོག་དང་ཕག་མོ་ལྟ་བུའི་གཞུང་གང་རིགས་ལྟར་བྱ། དེའང་ཆོ་ག་རྒྱས་པར་བྱེད་ན་གཅོད་ཡུལ་རང་གི་ཚོགས་ལས་དང་འབྲེལ་བར་གྲུབ་ཀྱང་ལེགས། བསྡུ་ན་འདི་ཙམ་གྱིས་འཐུས། དབང་གི་དངོས་གཞི་རྒྱས་པར་རྒྱལ་ཐང་བ་རང་གི་གཞུང་ལྟར་ངོ་སྤྲོད་ཀྱང་ལེགས་ཤིང༌། འོན་ཀྱང་དོན་གྱི་སྙིང་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འདིར་མ་འདུས་པ་མེད། གང་ལྟར་ཡང་ཀུན་སློང་འཆོས་པ་དང༌། ཆོས་ཀྱི་ལོ་རྒྱུས་ནས་བཟུང་ཚིག་གི་མཚམས་སྦྱོར་རྒྱས་བསྡུས་སློབ་དཔོན་གྱིས་དཔྱད་དེའི་ལྟར་རིག་པ་བགྱིས་པས་གྲུབ་བོ། །མངྒ་ལཾ།། །།


previousགདམས་ངག་མཛོད་པོད་བཅུ་གསུམ་པ། རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ།next