Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གསུམ་པ།  གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད།
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད།next

གདམས་ངག་མཛོད་པོད་བཅུ་གསུམ་པ།
གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད།


LT23_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད་དུ་གྲགས་པ་བཞུགས་སོ།།


LT23_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད་དུ་གྲགས་པ་བསྐུར་བར་འདོད་པས། མཎྜལ་པདྨ་འདབ་བཞི་ཚོམ་བུ་ཕྱོགས་མདོག་ཅན། དེའི་སྟེང་དུ་མཉྫི་ལ་གཏོར་མ་དཀར་ཟླུམ་ལྔ་ཚོམ། མར་དང་ཤ་དང་བུ་རམ་གྱིས་བརྒྱན་པ་བཞག །མཐའ་ལ་མཆོད་གཏོར་གང་འཛོམ་གྱིས་བསྐོར། བགེགས་གཏོར་སྤྱི་དང་མཐུན་པར་བཏང་ནས་བགེགས་བསྐྲད་དང་ཕྱོགས་སྐྱོང་དང་གཞི་བདག་ལ་སྔོན་འགྲོ་གཏོར་མའི་ཆོ་ག་གང་ཡང་རུང་བ་ཞིག་གིས་གཏོར་མ་བཏང༌། མཆོད་པ་བྱིན་རླབས་ཀྱང་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་མདོ་སྒྲུབ་གང་ནུས་བྱ་སྟེ། སྔོན་འགྲོའོ། །དེའི་སྡོམ་ནི། ཡོ་བྱད་ཆ་རྐྱེན་ལེགས་ཚོགས་ནས། ལེགས་བཤམས་བགེགས་བསྐྲད་གཏོར་མ་བཏང༌། མཆོད་པ་བྱིན་རླབས་སྐྱབས་འགྲོ་དང༌། སེམས་བསྐྱེད་མདོ་སྒྲུབ་སྔོན་འགྲོ་ཡིན། དེ་ནས་བདག་དང་མདུན་བསྐྱེད་གཉིས་ཀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཆོས་འབྱུང་གི་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་དབུས་སྣ་ཚོགས་པདྨ་འདབ་བཞི་པ། ཨོཾ་བུདྡྷ་ཌཱ་ཀི་ནཱི་


LT23_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དཀར་མོ། འཁོར་ལོའི་ཐོར་ཚུགས་ཅན། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། རྡོ་རྗེའི་ཐོར་ཚུགས་ཅན། ཨོཾ་རཏྣ་ཌཱ་ཀི་ནཱི་ཏྲཱཾ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། རིན་པོ་ཆེའི་ཐོར་ཚུགས་ཅན། ཨོཾ་པདྨ་ཌཱ་ཀི་ནི་ཧྲཱིཿ ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་པདྨའི་ཐོར་ཚུགས་ཅན། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱི་ཐོར་ཚུགས་ཅན། ཐམས་ཅད་ཀྱང་སྤྱན་གསུམ་པ། ཌཱ་མ་རུ་དང་ཐོད་པ། ཁ་ཊཱཾ་ག་བསྣམས་པ། ཞབས་གར་སྟབས་བསྒྱུར་བ། རིན་པོ་ཆེ་དང་རུས་པ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་མཚུངས་ཀྱི་འཁོར་འབུམ་སྡེ་དང་བཅས་བའོ། །ཧྲཱི་མ་ཧཱ་ཌཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ། གཙོ་མོའི་མདུན་དུ་རང་ཉིད་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ། གཙོ་མོ་དང་འདྲ་བ་ལས་ཕྱག་གཡོན་དྲིལ་བུ་འཁྲོལ་བའོ། །དེ་ནས་བདུག་སྤོས་དང་རོལ་མོའི་སྒྲ་བྱས་ཏེ། མོས་གུས་དག་པའི་ཕོ་བྲང་ནས། ཞེས་པ་ནས། བསྟན་སྲུང་ཆོས་སྐྱོང་གཤེགས་སུ་གསོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀཱི་ནཱི་ཨངྐུ་ཤ་ཛཿ


LT23_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཤ་ཧཱུྃ། སྥོ་ཊ་བཾ། གྷཎྜེཧོཿ སྙིང་གའི་ས་བོན་ལས་འོད་འཕྲོས། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཚོགས་དབང་གི་དོན་དུ་འདིར་བྱོན་ལ། སྣ་ཚོགས་མཆོད་པས་མཉེས་གྱུར་ཅིག །ཇི་ལྟར་བལྟམས་པ་ནས་ཤྲཱི་ཡེ་ཧཱུྃ། སངས་རྒྱས་མཁའ་འགྲོ་མ་ལ་རྣམ་སྣང༌། རྡོ་རྗེ་མཁའ་འགྲོ་མ་ལ་མི་བསྐྱོད་པ། རིན་ཆེན་མཁའ་འགྲོ་མ་ལ་རིན་འབྱུང༌། པདྨ་མཁའ་འགྲོ་མ་ལ་སྣང་མཐའ། ལས་ཀྱི་མཁའ་འགྲོ་མ་ལ་དོན་གྲུབ། རང་ཉིད་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་རིགས་ལྔ་ཅན་གྱིས་དབུ་བརྒྱན། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བླ་མ་ཡི་དམ་མཁའ་འགྲོ་ལ། །འབུལ་ལོ་བཞེས་ཤིག་བྱིན་གྱིས་རློབས། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། རོལ་མོ་ནས་ཤབྡའི་བར་དུ་འདོན་པ་སྤོ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་པཉྩ་ཨ་མྲི་ཏ་ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ། སྤྲོ་ན། སྣོད་བཟང་ཡངས་པ་རུ། ཞེས་སོགས་སྔགས་རྙིང་མ་བའི་ལུགས་དང་མཐུན་པའི་གྱེར་བྱེད་པར་གདའ། གཏོར་མ་རྣམས་ཡི་དམ་གྱི་མངོན་རྟོགས་གང་རུང་ཞིག་དང་མཐུན་པའི་བྱིན་རླབས་བྱ། གཏོར་མ་དང་པོ་དེ། བླ་མ་ཡི་དམ་དབྱེར་མེད་ལ་རང་ཡི་དམ་གང་བྱེད་ཀྱི་གཏོར་ཆོག་གིས་འབུལ། གཉིས་པ་མཁའ་འགྲོ་སྡེ་ལྔ་ལ། གོང་གི་ལྷ་བསྐྱེད་པའི་སྔགས་ཐུང་རེ་རེའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་འབུལ། གསུམ་པ་དེ་ཆོས་སྐྱོང་ལ་རང་གི་གཏོར་ཆོག་གིས་འབུལ། བཞི་པ་མཁའ་འགྲོ་སྤྱི་གཏོར་དང༌། ལྔ་པ་གཞི་བདག་གཏོར་མའི་ཚོགས་བཏང༌། དྲུག་པ་དེ་ཨ་ཀཱ་རོ་ལན་དྲུག་གིས་རིགས་དྲུག་ལ་བསྔོས། སློབ་མའི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། བརྒྱུད་པའི་བླ་མའི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས། སློབ་མ་ལ་ཇི་ལྟར་བསྐུར་བའི་ཆོ་གའི་བྱ་བ་རྣམས། རང་གིས་ཀྱང་དམིགས་པའི་སྒོ་


LT23_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་འཇུག་ཏུ་བླང༌། ཚོགས་རྫས་བཤམས་པ་རྣམས་ཡི་དམ་གང་བྱེད་ཀྱི་གཏོར་ཆོག་དང་མཐུན་པར་བྱིན་བརླབས་ཏེ་བཞག་གོ དེ་དག་གི་སྡོམ་ནི། སྟོང་ཉིད་ལྷར་བསྐྱེད་སྤྱན་འདྲེན་དང༌། དགུག་གཞུག་རྒྱས་བཏབ་མཆོད་གཏོར་འབུལ། གསོལ་འདེབས་བདག་འཇུག་ཚོགས་བྱིན་རླབས། དཀྱིལ་འཁོར་སྒྲུབ་པའི་སྤྱི་སྡོམ་ཡིན། །དེ་ནས་སློབ་མ་རྣམས་ནང་དུ་བཏང༌། ཆབ་བཏང་གྲལ་ལ་འཁོད་མེ་ཏོག་བ་ཀྱི་བསྡུ་བྱ། སྔོན་འགྲོའི་ཆོས་བཤད་བྱས་ལ་མཎྜལ་འབུལ་དུ་གཞུག །འདིའི་རྗེས་ཟློས་བྱར་གཞུག་སྟེ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། འགྲོ་བ་འདྲེན་པའི་དོན་སླད་དུ། །རྡོ་རྗེ་འཆང་དུ་སྐུ་སྤྲུལ་ནས། །དབང་བསྐུར་ཟབ་མོ་རྩོལ་བ་དང༌། །ཆོས་ཀྱི་འཁོར་ལོ་བསྐུར་དུ་གསོལ། །ཚོགས་ཀྱི་འཁོར་ལོ་བླ་ན་མེད། ཤིན་ཏུ་རྒྱ་ཆེན་བསྐོར་དུ་གསོལ། ཞེས་ལན་གསུམ། དཔོན་སློབ་ཐམས་ཅད་ཀྱིས་ཤེར་སྙིང་ལན་གསུམ་བདུད་བཟློག་དང་བཅས་པ་བྱ། འདིའི་སྔོན་དུ་བགེགས་གཏོར་བཏང་པའི་ལུགས་ཀྱང་འདུག་པ་སྤྲོ་ན་དེ་བཞིན་དུ་བྱ། དེ་ནས་སྐྱབས་འགྲོ་འབོགས་ཏེ་འདི་ཡི་རྗེས་ཟློས་བྱར་གཞུག་གོ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་ནི། དགོངས་གསོལ་གོང་བཞིན། ཇི་ལྟར་


LT23_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་དེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ལན་གསུམ། འཇུག་སེམས་ཀྱང་ལེན་པའི་སྲོལ་ཡོད་མོད། ལོགས་སུ་མ་བྱུང་ཀྱང་ཆོག །བསྡུས་པ་ལ་མངོན་བར་དགའ་བས། གུར་ནས་འབྱུང་བའི་རྒྱུན་བཤགས་སམ། །སངས་རྒྱས་ཆོས་དང་ཚོགས་ཀྱི་ཀྱང་ཆོག་སྟེ། སྔོན་འགྲོའོ། །དངོས་གཞི་ལ་ནམ་མཁའ་སྒོ་འབྱེད་དངོས་ནི། སྤྲོས་བྲལ་དངོས་མེད་ལ་བརྟེན་ནས་ངོ་སྤྲད་པ་དང༌། སྤྲོས་བཅས་དངོས་པོ་ལ་བརྟེན་ནས་ངོ་སྤྲད་པའོ། །དང་པོ་ནི། ཁྱེད་རང་རྣམས་ལུས་གནད་བཅས་རླུང་རང་སོར་བཞག །སེམས་བཟོ་བཅོས་མེད་པར་ལྷན་ནེ་བའི་ངང་ནས་ཆེ་རེ་ལྟོས་ཤིག །དེའི་ངོ་བོ་ནི་རང་གཞན་དུ་མ་གྲུབ་དེ་བཞིན་དུ་ཁ་དོག་དང་དབྱིབས་ཕྱི་དང་ནང༌། བེམ་པོ་དང་ཤེས་པ། འགྲོ་བ་དང་འོང་བ་སོགས་གང་ཡང་ངོས་བཟུང་མེད་ལ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་དེ་ཉིད་ལ། འཁོར་འདས་ཐམས་ཅད་འཆར་དུ་རུང་བ་འདི་ཀ་དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །ཞེས་གནས་པའི་སྟེང་ན་ངོ་སྤྲད། ཡང་ཁྱེད་རྣམས་དྲན་པས་ལེགས་པར་བཟུང་ལ། རྣམ་རྟོག་གི་སྐྱེ་འགག་གནས་གསུམ་གྱི་སྟེང་དུ། འཆར་སྒོ་ཇི་ལྟར་འདུག་བལྟ་དགོས་པས། རྣམ་རྟོག་


LT23_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྐྱེད་ལ་གཞིག་འབྲེལ་ཐོང་ཞིག་ཅེས་བལྟ་རུ་གཞུག །ཡང་འདི་སྐད་ཅེས། སེམས་གནས་པའི་ངང་ནས་རྣམ་རྟོག་སྐྱེས་པའི་ཚེ་ཡང་སྐྱེ་བཞིན་པའི་དུས་དེ་ཉིད་ནི་ངོས་བཟུང་མེད། རྣམ་རྟོག་ཤར་ནས་མ་འགག་པར་ལམ་མེར་ཡོད་པའི་སྐབས་དེ་ཉིད་ན། ཕྱི་ནང་བར་གསུམ། མཐོང་ཐོས་རིག་གསུམ། གང་གི་ངོ་བོར་ཡང་འདི་ལྟ་བུའི་ཞེས་མ་གྲུབ་པས། གནས་པའི་དུས་ནའང་ངོས་བཟུང་མེད། ཡང་རྣམ་རྟོག་ཡལ་བའི་ཚེ། ཡུལ་འདི་ལྟ་བུ་ཞིག་ཏུ་ཚུར་འདི་ལྟར་འགག་ཞེས་ཀྱང་དམིགས་སུ་མེད། དེས་ན། སྐྱེ་འགག་གནས་གསུམ་དུ་སྣང་བ་འདི་ཐམས་ཅད་འཆར་སྒོ་མ་འགག་ཙམ་མ་གཏོགས། ངོས་བཟུང་མེད་པ་འདི་གསར་དུ་བྱུང་བ་མ་ཡིན་གདོང་མའི་གནས་ལུགས་ལགས་སོ། །དེས་ན་རང་ངོ་མ་ཤེས་ན་རྣམ་རྟོག་བདུད་ཡིན། རང་ངོ་ཤེས་ན་ཆོས་ཉིད་ཀྱི་རོལ་པ་ཅེས་བྱ་ཞེས་སོགས་ངོ་སྤྲོད་རྒྱས་བསྡུས་སློབ་མའི་རྒྱུད་དང་འཚམས་པར་བཤད་ལ། དེ་ལྟ་བུའི་གནས་ལུགས་མི་རྟོགས་ཤིང་ཕུང་དུ་འཇུག་མཁན་བདག་གཅེས་འཛིན་འདི་ཡིན་པས། ལུས་འདི་ལ་གཅེས་པའི་སྙེམས་འཁྲིགས་རྡུལ་ཙམ་ཡང་མེད་པར་གནོད་བྱེད་འབྱུང་བོ་ཐམས་ཅད་ལ་བློས་རྒྱང་གིས་ཐོང་ཞིག །ཡང་རང་གི་ལུས་སེམས་གཅེས་པར་འཛིན་པའི་རྣམ་རྟོག་ཁོ་རང་གི་ངོ་བོ་ལ་ཆེར་གྱིས་ལྟོས་ལ་ཕཊ་ཅེས་བརྗོད་དེ་དབྱིངས་སུ་བསྒྱུར་ཞིང་ཕཊ། གཉིས་པ་ནི། ཁྱེད་རང་རྣམས་ཀྱི་རྣམ་རྟོག་མི་རིག་དགུ་རིག་འདི། རྐང་མཐིལ་གཉིས་སུ་འོད་དཀར་པོ་བྱ་སྒོང་ཙམ་གཉིས་སུ་སོང༌། དེ་ཡར་རི་ལི་ལི་འགྲིལ་ནས་གསང་གནས་སུ་ཅུང་ཟད་འདུག །དེ་བཞིན་དུ་ལྟེ་བ། སྙིང་ག །མགྲིན་པ། སྤྱི་གཙུག་གི་སྒོ་རྣམས་སུའང་རིགས་འགྲེ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཐོན་ལ་ཁད་འདུག་པ་ལ། ཕཊཿ ཅེས་བརྗོད་པས་རྒྱངས་ཏེ་ཐོན། རྣམ་སྨིན་གྱི་ལུས་དེ་སྡེ་བརྒྱད་རྣམས་ལ་གཟན་དུ་བོར།


LT23_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གསལ་ལ་ངོས་བཟུང་མེད་པ་དེ་ནམ་མཁའ་ལ་ཆམས་ཏེ་ཁྱབ་པའི་ངང་དེར་ལྷོད་ཀྱིས་ཞོག་ཅིག །ཕཊཿ དམིགས་པ་འདི་གསུམ་འབོགས་པ་ལས། དང་པོ་ལ་སློབ་མ་རྣམས་སྐྱིལ་ཀྲུང་མཉམ་བཞག་བྱེད་དུ་འཇུག །གཉིས་པ་ལ་ཙོག་པུ་འཕོངས་ས་ལ་མ་རེག་ཙམ་ལག་པ་སྙིང་གར་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བྱེད། གསུམ་པ་ལང་སྟེ་རྐང་པའི་བྲང་ས་ལ་བཙུགས། ཐལ་མོ་སྤྱི་བོར་སྦྱོར། གསུམ་ཀར་ལ་ཉ་བཞི་བསྒྲེང་ཞིང་མིག་གྱེན་དུ་བལྟ་བའོ། །རེ་རེའི་མཐར་རོལ་མོ་བྱེད་པའི་ལུགས་ཀྱང་ཡོད། འདི་སྐབས་ཡེ་ཤེས་ཕེབས་པའང་འབྱུང་ངོ༌། །དེ་ནས་སྐུ་ཕྱག་རྒྱའི་རྗེས་གནང་ནི། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །ཕ་རོལ་ཕྱིན་དྲུག་མཚོན་པའི་རྒྱན། །རྒྱན་དེ་ཐོགས་ལ་བདུད་རྣམས་ཆོད། །རྒྱན་དྲུག་རུས་པའི་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་རྒྱན་དྲུག་གཡོག །གསུང་སྔགས་ཀྱི་རྗེས་གནང་ནི། །འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །གཟུངས་འཛིན་དབྱིངས་སུ་གཅོད་པའི་སྒྲ། །སྒྲ་འདི་སྒྲོག་ཅིང་བདུད་རྣམས་ཆོད། །གསུང་དབྱངས་ཕཊ་ཀྱི་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནི་ཝཱཀྲ་ཨ་བྷི་ཥིཉྩ་ཧཱུྃ། དབྱིངས་རིག་བསྲེ་བའི་ཕཊ་ལན་གསུམ་བརྗོད། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །དོན་དམ་སྟོང་ཉིད་སྙིང་རྗེའི་དོན། །དོན་འདི་སྒོམ་ཞིང་བདུད་རྣམས་ཆོད། །ཆོས་ཉིད་དོན་གྱི་དབང་བསྐུར་རོ། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། །འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །ཁམས་གསུམ་དབང་དུ་སྡུད་པའི་སྒྲ། །སྒྲ་འདི་སྒྲོག་ཅིང་བདུད་རྣམས་ཆོད། །ཅང་ཏེའུའི་སྒྲ་ཡིས་དབང་བསྐུར་རོ། །གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་ཌཱ་མ་རུ་འཁྲོལ་དུ་གཞུག །འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །སྣང་སྲིད་བདེན་མེད་སྟོན་པའི་སྐད། །སྐད་འདི་བསྒྱུར་ཞིང་བདུད་རྣམས་ཆོད། །མི་རྐང་གླིང་བུའི་དབང་བསྐུར་རོ། །ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་དུང་


LT23_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་དུ་གཞུག །དེ་ནས་བྱིན་རླབས་ལྷ་ཡི་ཡེ་ཤེས་འབེབས་པ་ནི། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཁའ་འགྲོ་སྡེ་ལྔའི་རྣམ་པར་སྤྱན་དྲངས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་བྱོན་ཏེ། ཁྱེད་རང་རྣམས་ལ་ཐིམ། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་མཁའ་འགྲོ་སྡེ་ལྔ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་སྟེ། རྒྱ་མཚོ་ལ་ཆར་བབས་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ། དེ་ནས་རོལ་མོའི་སྒྲ་དང་བཅས་ཏེ། གོང་གི་ལྷ་བསྐྱེད་པའི་སྔགས་ཀྱི་མཐར། ཨ་ཝེ་ཤ་ཡ་ཨ་ཨ་ཞེས་བཏགས་པ་མང་དུ་བརྗོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སྤྱི་བོར་རྡོ་རྗེ་བཞག་ལ་མེ་ཏོག་གཏོར་ཞིང་བརྟན་པར་བྱ། སྙིང་གར་རྡོ་རྗེ་བཞག་ལ། གནས་གསུམ་མཁའ་འགྲོ་སྡེ་ལྔའི་ཚོགས། །ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་ཏུ་བྱིན་གྱིས་རློབ་པར་བྱེད། །ཚུལ་འདི་གཞན་ལ་མ་སྨྲ་ཞིག །ཞེས་གསང་བར་གདམས། ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །རིག་པའི་མེ་ཏོག་འདི་ཕུལ་བས། །རིགས་ལྔ་མཁའ་འགྲོའི་རྗེས་བཟུང་ནས། །བདུད་ཚོགས་དབྱིངས་སུ་གྲོལ་བར་ཤོག །ཅེས་མེ་ཏོག་འབུལ་དུ་གཞུག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟོས་ཤིག་ལྟོས་ཤིག་འདི་ལ་ལྟོས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་ཡེ་ཤེས་མཁའ་འགྲོའི་རིགས། ཧེ་བཛྲ་པཱ་ཤྱ། ཞེས་བལྟ་བར་བསྐུལ། མདུན་བསྐྱེད་ཇི་ལྟར་བསྐྱེད་པ་བཞིན་དུ་སློབ་མ་ལ་ལྷ་ངོ་བསྟན། མཎྜལ་སྟེང་གི་གཏོར་མ་ལྔ་ཚོམ་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པར་གསལ་འདེབས་སུ་བཅུག །ལས་ཀྱི་རྡོ་རྗེས་ལག་ཏུ་བཟུང་ལ། དཔོན་སློབ་ཐམས་ཅད་ཀྱིས་གསོལ་འདེབས་དབྱངས་དང་བཅས་པ་བྱ། ལག་ལེན་ལ་རྒྱལ་བ་དོན་གྲུབ་


LT23_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པའི་གསོལ་འདེབས་དགོངས་བསྐྱོད་མ་དེ་མཛད་ཀྱིན་འདུག །དེ་རྗེས་གཏོར་དབང་སྤྱི་དང་མཐུན་པར་བསྐུར་ལ་རོལ་མོའི་སྒྲ་བྱ། དེ་ནས་གཏོར་མ་ལས་དངོས་གྲུབ་ཀྱི་རྫས་ཅུང་ཟད་རེ་སློབ་མ་རྣམས་སུ་ཐོབ་བྱར་གཞུག །ཟན་ཞི་བ། མར་རྒྱས་པ། བུ་རམ་དབང༌། ཤ་ལོངས་ན་མངོན་སྤྱོད་འགྲུབ་པོ་ཞེས་བྱ། རྗེས་ཁས་བླངས་མཎྜལ་ཡོན་འབུལ་བ་རྣམས་སྤྱི་དང་འདྲ། དེ་དག་ལ་སྡོམ་ནི། ཆོས་བཤད་མཎྜལ་གསོལ་བཏབ་དང༌། བགེགས་གཏོར་མདོ་སྒྲུབ་སྐྱབས་སེམས་འབོགས། ངོ་སྤྲོད་གཉིས་དང་རྗེས་གནང་ལྔ། །ལྷ་ཡི་བྱིན་དབབ་བརྟན་བྱས་ལ། །དམ་བཞག་མེ་ཏོག་དོར་བ་དང༌། །བལྟ་བར་བསྐུལ་ནས་ལྷ་ངོ་བསྟན། །གསོལ་འདེབས་གཏོར་དབང་དངོས་གྲུབ་བརྟག །རྗེས་ཀྱི་བྱ་བ་སྤྱི་དང་མཐུན། ཅེས་སོ། །དེ་ནས་ཚོགས་ཕུད་འབུལ་བ་ནས་བརྩམས་ལྷག་གཏོར་གཏང་པའི་བར་དུ་བྱ་ཞིང༌། དེ་རྗེས་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། །དམ་ཚིག་པ་རང་ལ་བསྡུ་བ། སྨོན་ལས་བཀྲ་ཤིས་དང་བཅས་པ་བྱའོ། །ཚོགས་གཞུང་སོགས་ཆོ་གའི་རྒྱབ་ཆོག་རྣམས་ལ། བླ་མ་སྔ་མ་རྣམས་ཁྲོས་ནག་གི་ལུགས་བཞིན་མཛད་པ་ནི། དེ་ལ་ཡི་དམ་མཛད་པའི་བག་ཆགས་བརྟས་པ་ཙམ་ཡིན་གྱི། གཅིག་ཏུ་ངེས་པར་དགོངས་པ་མ་ཡིན་པས། ཕག་མོའམ། བདག་མེད་མ་ལ་སོགས་པའི་རིགས་ཚད་ལྡན་ཞིག་གི་ཆོ་ག་གང་ལ་བརྟེན་ཀྱང་ཆོག་གོ །དེ་ལྟར་ན་སྤྱོད་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར་བའི་ལག་ལེན་འདི་ཡང༌། །ལྷག་ཆད་གབ་འཁྲུགས་ནོར་བའི་སྐྱོན་ཐམས་ཅད་སྤངས་ཏེ། བྱིན་རླབས་བླ་མ་བརྒྱུད་པའི་ཕྱག་ལེན་བཞིན་ཏཱ་ར་ནཱ་ཐས་སྨྲས་སོ། །ཤུ་བྷཾ།། །།དགེའོ།།


previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད།next