Nitartha Digital Library
Tibetan
གདམས་ངག་མཛོད།


   
གདམས་ངག་མཛོད་པོད་བདུན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགདམས་ངག་མཛོད་པོད་བདུན་པ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་།next

གདམས་ངག་མཛོད་པོད་བདུན་པ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་།


LT23_Page_001A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་བཞུགས་སོ། །


LT23_Page_001B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་པྲཛྙཱ་པར་མིཏ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ༈ །རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོག་བཅོམ། །ཐུགས་རྗེའི་རླན་གྱིས་འགྲོ་བ་སྨིན་མཛད་པའི། །དོན་གཉིས་མཐར་ཕྱིན་སྨྲ་བའི་སེང་གེ་ལ། །ལུས་དང་ངག་ཡིད་དང་ཞིང་མོས་པས་འདུད། ༈ །བརྗོད་བྱའི་སྙིང་པོ་རྩ་བ་དང་བྲལ་བ། །གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་པའི་དོན། །རྟག་ཆད་ལ་སོགས་དམིགས་པའི་མཐའ་གྲོལ་བ། །ཅི་ནུས་པར་ནི་འགྲོ་ལ་ཕན་ཕྱིར་བཤད། ༈ །བཅའ་གཞི་གསུམ་གྱིས་བཀའ་ཡི་ཐོག་ཏུ་བཞག །བཅོས་བསླད་མེད་པར་རིག་པ་ངོས་བཟུང་ངོ༌། །འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པའི་སེམས། །དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་བོ། །སྐྱེ་མེད་གཅིག་ཆོད་རང་བཞིན་སྟོང་པ་ཉིད། ༈ །དེ་ལྟར་རྟོགས་ན་སྡོང་པོ་རྩད་བཅད་བཞིན། །རྟོགས་པའི་ཡལ་ག་ནམ་ཡང་སྐྱེ་མི་འགྱུར། ༈ །དངོས་དང་དངོས་མེད་བློ་ལ་སྣང་བ་ཡི། རྒྱ་ཆེན་མཆོད་པས་བླ་མ་དཀོན་མཆོག་མཆོད། །ཕྱག་དང་མཆོད་པ་ཕུལ་ནས་ནི། ༈ །གུས་པས་སྐྱབས་འགྲོ་སེམས་བསྐྱེད་བླང༌། །བླངས་པའི་


LT23_Page_002A
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་མིག་བཞིན་བསྲུང༌། །བྱང་ཆུབ་སེམས་དཔའི་བསླབ་བྱ་ནི། །སྲོག་གི་ཕྱིར་ཡང་སྤང་མི་བྱ། །བསླབ་བྱ་བསྲུང་ལ་བརྩོན་པར་བྱ། ༈ །སྲོག་གཅོད་ལ་སོགས་མི་དགེ་བཅུ། །བདག་སྤང་གཞན་ཡང་དེ་ལ་བསྐུལ། ༈ །སྲོག་གཅོད་སྤང་བ་དེ་དག་གི །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། ༈ །མི་དགེ་བཅུ་པོ་སྤངས་ཙམ་གྱིས། །ལམ་མཆོག་རྙེད་པར་མི་འགྱུར་ཏེ། ༈ །ཕ་རོལ་ཕྱིན་པ་དྲུག་ལ་ནི། །བདག་སྤྱོད་གཞན་ཡང་དེ་ལ་བསྐུལ། ༈ །ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། ༈ །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །དགེ་བའི་ལས་ལ་སྤྱད་གྱུར་པའི། །རློམས་སེམས་སྐྱེས་པ་དེ་ལས་ལྡོག ༈ །གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་རེ་དོགས་ཀྱི། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང༌། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། ༈ །དེས་ན་འདུས་བྱས་འདུས་མ་བྱས། །དཀར་དང་གནག་པའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་རོ། ༈ །འོན་ཀྱང་ཐབས་ལ་མ་བརྟེན་པའི། །ཤེས་རབ་མངོན་དུ་མི་འགྱུར་རོ། །སོ་ནམ་སྔོན་དུ་མ་


LT23_Page_002B
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བའི། །ལོ་ཐོག་མི་འབྱུང་བ་དང་མཚུངས། ༈ །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དོན་ལ་ངེས་པར་མ་སྤྱོད་ན། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་སྤྱད་གྱུར་ཀྱང༌། །ལོང་བས་སྣ་དབྱུག་སྟོར་བ་ཡིས། །ལམ་རྒྱུས་རྙེད་པར་ག་ལ་འགྱུར། ༈ །ཤེས་རབ་ཕ་རོལ་ཕྱིན་པའི་དོན། ༈ །གཞན་ནས་མི་ཚོལ་རང་ལ་ཡོད། །དངོས་དང་མཚན་མར་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་དོན། ༈ །ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སངས་པའི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། འདི་དཀྱུས་སུ་མེད། ༈ ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པ། །གཉིས་སྣང་བྲལ་བ་སངས་རྒྱས་ཀྱི། །དགོངས་བ་མ་ནོར་མ་བཅོས་པ། །དཔེར་ན་ནམ་མཁའི་དབྱིངས་དང་མཚུངས། ༈ །ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བར་བྱ། ༈ །དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་སྒྲུབ་དང༌། །དམིགས་པར་འཛིན་པ་རང་སངས་ཏེ། །གཟུང་དང་འཛིན་པ་གཉིས་བྲལ་བའི། །ཆོས་ཉིད་དོན་ལ་གནས་པའོ། ༈ །དེ་ལྟར་ལུས་སེམས་མ་བཅོས་པ། །ནམ་མཁའ་སྟོང་པས་གར་ཁྱབ་པ། །རིག་པ་སྟོང་པས་ཁྱབ་པར་ནི། །རྒྱ་བསྐྱེད་ཁྱབ་བདལ་ཆེན་པོར་བཞག ༈ །དེ་ཚེ་རིག་པ་གཞི་རྩ་བྲལ། །བྲལ་བར་ཉམས་སུ་མྱང་བ་ནི། །དབང་པོ་ལྔ་དང་ཕྱི་རོལ་ཡུལ། །རིག་པ་གང་དུའང་མི་གནས་སོ། ༈ །གཡའ་ཁང་དུར་ཁྲོད་གཉན་ས་དང༌། །གྲོང་དང་གྲོང་ཁྱེར་ཆེན་པོ་དང༌། །ཕུག་པ་དབེན་ཕུག་གནས་དག་ཏུ། །གཉིས་སུ་མེད་པར་བསྒོམ་པར་བྱ། ༈ །བླ་མས་བསྟན་པའི་སྐྱེ་མེད་དོན། ༈ །སྤྱོད་ལམ་རྣམ་བཞིར་ཉམས་སུ་བླང༌། ༈ །དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང༌། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། ༈ །ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་


LT23_Page_003A
[མ་དཔེ་གཟིགས་ན་འདིར་གནོན།]

སམ་མཚན་མ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང༌། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང༌། །གཉིས་མེད་རང་གྲོལ་རྩིས་ལས་འདས། ༈ །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། ༈ །སྐྱེས་བུའི་སྲོག་རྩ་བཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡི། །ཆོད་དུ་སྒོ་ནི་དགག་མི་དགོས། །དེ་བཞིན་སེམས་ཉིད་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། ༈ །སེམས་ཉིད་རྩ་བ་གཅོད་པ་དང༌། །ཉོན་མོངས་དུག་ལྔ་གཅོད་པ་དང༌། ལྟ་མཐའ་སྒོམ་པའི་འདུ་བྱེད་དང༌། སྤྱོད་པ་ཉམས་ང་རེ་དོགས་དང༌། སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། ༈ །མངོན་ཞེན་ཆགས་སྡང་ཐོགས་པའི་བདུད། །དེ་ལ་ཅི་ལྟར་བཅད་ཞེ་ན། ༈ །༈ ཉམས་ཅན་རབ་འབྲིང་ཐ་མ་ཡིས། ༈ །དྲན་མེད་ངང་དུ་བཞག་པ་དང༌། ༈ །དེ་ལ་གཏད་དེ་སྒོམ་པ་དང༌། ༈ །བརྟག་ཅིང་དཔྱད་ལ་གཏན་ལ་དབབ། ༈ །དཔེར་ན་ནགས་ཚལ་འཐུག་པོ་དང༌། སྟོབས་དང་ལྡན་པའི་སྐྱེས་བུ་དང༌། སྟྭ་གྲི་རྣོན་པོ་ཇི་བཞིན་ནོ། ༈ །ལྷ་འདྲེའི་ཆོ་འཕྲུལ་སྙེམས་བྱེད་ཅིང༌། ཐོགས་མེད་བདུད་ཅེས་བྱ་བ་ནི། ༈ །གཉན་ཐོག་གཉན་དབབ་ཤ་ཐོག་ཏུ། ༈ །མེ་བཙའ་ཨ་ན་ཚུགས་སུ་བཞག ༈ །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ༈ །སྐར་ཆེན་ཐིམས་འོག་དག་ཏུ་གཞུག ༈ །ལྷ་འདྲེ་གཉིས་ལ་ཉེ་རིང་སྤང༌། ༈ །གཉན་ཆེན་མཐའ་ལ་གཏད་པར་བྱ། ༈ །གཅོད་ནི་ཆོང་ཚད་ཉམས་དང་བྲལ། ༈ །ཚར་ཚད་ཆོ་འཕྲུལ་རང་ཞི་བ། ༈ །ལྡོག་ཚད་སྐྲག་ཅིང་སྡངས་ནས་འབྲོས། ༈ །མི་ལྡོག་སྒོ་གཏན་ལྟ་བུ་ནི། །སྐྲག་ཅིང་སྡངས་ཀྱང་མི་འབྲོས་སོ། ༈ །ལོག་ནོན་གཟེར་བུ་ལྟ་བུ་ནི། །བདུད་དེ་དེ་ལ་ནན་ཏན་བྱ། །དེ་ནི་མན་ངག་དམ་པའོ། ༈ །གཉིས་མེད་ཕ་རོལ་ཕྱིན་བསྒོམ་པ། །འཇིག་


LT23_Page_003B
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལམ་སོགས། ༈ །དེ་དག་ཀུན་ལ་ཉམས་རབ་ཀྱིས། །གཉིས་སུ་མེད་པའི་དོན་ལ་བཞག ༈ །འབྲིང་གིས་དེ་ལ་གཏད་དེ་སྒོམ། ༈ །ཐ་མས་ཕུང་པོ་གཟན་དུ་བསྐྱུར། ༈ །དེ་རྗེས་རིག་པ་བློ་རྟེན་དང༌། །བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། ༈ །གཉན་སར་ཕྱིན་ནས་ལྷ་འདྲེ་ཡི། །གཟི་བྱིན་བྱུང་ན་བེམ་རིག་ཕྲལ། ༈ །ལུས་འདི་བེམ་པོ་རྡོ་བ་འདྲ། །དེ་ལ་གནོད་པར་མི་འགྱུར་རོ། ༈ །སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ནི་སུས་གནོད་སུ་ལ་གནོད། །དེ་ལྟར་བསམ་སྟེ་ཆོས་ཉིད་ལ། །ཉམ་ང་བག་ཚ་མེད་པར་བཞག །ལྷ་འདྲེས་རང་ལུས་བེམ་པོ་འདི། །ཁྱེར་ནས་སོང་བ་སྙམས་བྱེད་ཀྱང༌། །སྔར་གྱི་ས་ལས་མི་འགུལ་བས། །གང་ལའང་ཉམ་ང་མི་བྱའོ། ༈ །རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང༌། །སེམས་ལ་བྱུང་ས་གནས་སུ་དང༌། །འགྲོ་ས་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་འབྱུང་མི་འགྱུར། །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད། ༈ །དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ༈ །སྡིག་ལ་མི་འཛེམ་གོལ་ས་ཡིན། ༈ །གྲུབ་པའི་མཐའ་ཞེན་སྒྲིབ་པ་ཡིན། ༈ །གཉིས་མེད་རང་གྲོལ་གནས་ལུགས་ཡིན། ༈ །ཆོས་ཉིད་ངང་ལས་སྐྱབས་འགྲོ་དང༌། ༈ །སེམས་བསྐྱེད་གསོལ་བ་གདབ་པར་བྱ། ༈ །རང་ལ་བར་ཆད་བྱུང་བ་ན། །གཉན་སར་ཕྱིན་ལ་གཉིས་མེད་བསྒོམ། ༈ །སེམས་ཅན་གཞན་ལ་ཕན་འདོགས་ན། །སྙིང་རྗེ་སྔོན་དུ་འགྲོ་བ་ཡིས། །བདག་དང་ནད་པ་གདོན་དང་ནད། །ཐམས་ཅད་སྟོང་པར་ཤེས་བྱས་ལ། །ཕྱག་ཆགས་བྱ་ཞིང་སྟོང་ཉིད་བསྒོམ། །མགོ་བོ་གཏད་ལ་ཉལ་བར་བྱ། ༈ །དེས་ཀྱང་ཞི་བར་མ་གྱུར་ན། །གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལན་གསུམ་འགོང་ལ་མཐའ་བྲལ་བསྒོམ། །མཎྜལ་བཅས་ལ་ཤིང་བུ་དང༌། །རྡིལ་བུས་བྱིན་རླབས་བྱས་ལ་བསྐུར། ༈ །སྟེང་གི་ལྷ་རྣམས་དམ་ལ་ཐོགས། །


LT23_Page_004A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་གང་བཅོལ་ལས་ཀུན་འགྲུབ། །ལྷ་རྣམས་རང་ས་ནས་གྲོགས་བྱེད། །ཀླུ་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་རྣམས་ཀྱིས་བུ་ལྟར་འཚོ། ༈ །ཐོགས་བཅས་བདུད་ལ་ཆོད་པས་ནི། །སྣང་བ་དགྲར་ནི་ལང་མི་འགྱུར། །ཐོགས་མེད་བདུད་ལ་ཆོད་པས་ནི། །གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། ༈ །དེ་ལ་སོགས་པའི་ཡན་ལག་ནི། །དཔག་ཏུ་མེད་པ་འབྱུང་བར་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་གཞུང་ཚིགས་བཅད་ཆེན་མོ་ཞེས་བྱ་བ་བྲམ་ཟེ་ཨཱརྻ་དེ་བས་མཛད་པ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་དམ་པ་རིན་པོ་ཆེས་སྒྲ་རང་འགྱུར་དུ་བསྒྱུར་བ་ལས། ཞྭ་མ་ལོ་ཙཱ་བས་དིང་རི་མཁན་པའི་ཁྲོད་དུ་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་གཅོད་ཀྱི་མན་ངག་གི་གཞུང་བཀའ་ཚོམས་ཆེན་མོ་བཞུགས་སོ། །མི་སྨྲ་མི་བསམ་བསམ་དུ་མེད་པའི་ངང༌། །ཡུལ་འདས་དམིགས་མེད་དབྱིངས་ལ་ཕྱག་འཚལ་ལོ། ༈ །གཅོད་ཀྱི་བཀའ་ཚོམས་ཆེན་མོ་འདི། ༈ །འགའ་ལ་ཕན་སྙམས་ཡི་གེར་བཀོད། ༈ །བདུད་ཀྱི་རྩ་བ་རང་གི་སེམས། །ཡུལ་སྣང་ཅིར་ཡང་རིག་པ་ལ། །ཞེན་ཅིང་ཆགས་པས་བདུད་ཀྱིས་ཟིན། །སེམས་ལ་ཡུལ་དུ་བཟུང་བས་བསླད། ༈ །བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་⁽1764⁾ཕྱིའི་ཡུལ་ལ་བརྟེན་པ་བདུད་དང་ཐོགས་མེད་⁽1764⁾ནང་གི་བློས་བརྟགས་ལ་བརྟེན་པ་བདུད། །དགའ་བྲོད་⁽1764⁾ཡོན་ཏན་མངོན་ཞན་ལ་བརྟེན་པ་བདུད་དང་སྙོམས་བྱེད་⁽1764⁾གཉིས་འཛིན་གྱི་རྣམ་རྟོག་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། ༈ །ཐོགས་བཅས་བདུད་ལ་གྲངས་མང་ཡང༌། །དབང་པོའི་ངོ་ལ་སྣང་བ་ལ། །དགག་སྒྲུབ་དཔྱད་པས་ཐོགས་བཅས་བདུད། །ངེས་པར་བཟུང་བས་འཁོར་བར་བཅིངས། ༈ །གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང༌། །གཟུགས་ལ་མ་ཆགས་སྟོང་བར་བསྒོམ། །གཟུགས་ལ་ངེས་པར་མ་ཆགས་པས། །རྟག་པར་འཛིན་པའི་བདུད་ལས་གྲོལ། སྟོང་པ་ཡིད་ལ་མ་བསྒོམས་པས། །


LT23_Page_004B
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པའི་བདུད་ལས་ངེས་པར་གྲོལ། གཟུགས་སྣང་དགག་ཏུ་མེ་བཏུབ་སྟེ། །ངེས་པར་མ་བཟུང་རང་སྣང་འོད། །སྒྲ་དང་དྲི་དང་རོ་དང་རེག །ཡིད་ལ་སོགས་པ་དེ་བཞིན་གྲོལ། །ཡིད་ནི་ཐོགས་མེད་བདུད་ཡིན་ཏེ། །དབང་པོའི་སྒོ་ལས་བྱུང་བས་ན། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །དབང་པོའི་ངོས་ལ་སྣང་བ་རྣམས། །རང་གྲོལ་དགོངས་པས་ཐད་ཀར་བཅད། །དབྱེར་མེད་གཏི་མུག་ཆེན་པོར་བསྒྱུར། ༈ །ཐོགས་མེད་བདུད་ཀྱི་བྱུང་ཚུལ་ནི། །ཡིད་ཡུལ་བྱུང་ཚུལ་བཟང་དང་ངན། །རང་གི་རྟོག་པས་ཕྱེ་བ་རྣམས། །ཐོགས་མེད་བདུད་དུ་བསྟན་པ་ཡིན། །རང་བྱུང་སེམས་ལས་མ་གཏོགས་པ། །ལྷ་བཟང་ལྷ་རུ་འཛིན་པ་དང༌། །འདྲེ་ངན་འདྲེ་རུ་འཛིན་པ་དང༌། ཡིད་ཀྱི་རེ་དོགས་འགྱུ་བྱེད་རྣམས། །རང་བདུད་རང་ལ་ལོངས་པ་ཡིན། ༈ །ཆོས་དབྱིངས་ཀློང་ཆེན་ངང་གསལ་ལས་དྲན་རྟོག་ཅིར་ཡང་འཆར་བ་ཡིན། །དཔེར་ན་རྒྱ་མཚོ་གཡོ་མེད་ལས། །རྦ་རླབས་ལ་སོགས་འབྱུང་བ་བཞིན། །དེ་ལྟར་རྟོགས་པའི་སྐྱེས་བུ་ཡིས། །བཅས་བཅོས་མི་དགོས་རང་སར་ཞོག །ཕན་གནོད་མི་འབྱུང་དབྱིངས་སུ་གྲོལ། །ཆོས་ཉིད་དབྱིངས་ནས་རང་ཤར་ལ། །ཕྲག་དོག་དགག་བསྒྲུབ་བྱར་མི་རིགས། །དགག་བསྒྲུབ་མ་བྱས་རང་བྱུང་སེམས། ༈ །དགའ་བྲོད་བདུད་ཀྱི་བྱུང་ཚུལ་ནི། །ཐུན་མོང་བདུད་དང་མཆོག་གི་བདུད། །རིགས་འཁྲུལ་སེམས་ལས་བྱུང་བ་ཡིན། ༈ །གཉན་སར་འདྲེ་ཡིས་མ་ཚུགས་པས། །རློམས་སེམས་སྐྱེས་པ་དགའ་བྲོད་བདུད། །བྱིན་བརླབས་ནུས་པའི་རྟགས་བྱུང་བས། །བསོད་ནམས་ནོར་རྫས་གཡེང་བའི་བདུད། །ཁེ་གྲགས་དགྲ་གཉེན་སྤྲོ་བའི་བདུད། །ལྷ་འདྲེས་དངོས་གྲུབ་སྟེར་བ་དང༌། །བུ་དང་མཛའ་བཤེས་འཁོར་འདུས་ལ། །དགའ་ཞིང་བྲོད་པས་དགའ་བྲོད་བདུད། ༈ །ཡོན་ཏན་ཅི་བྱུང་ཅི་ཤར་ཡང༌། །ཡུལ་སེམས་གཉིས་སུ་མེད་པའི་བློས། །ཡོན་ཏན་དག་ཏུ་མི་གཟུང་བར། །རྨི་ལམ་དག་གི་ཡུལ་བཞིན་དུ། །རང་བཞིན་ཞེན་པ་མེད་པར་སྤྱད། །མཚར་མོའི་བྱད་ཀྱིས་རང་མཛེས་ལྟར།


LT23_Page_005A
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་རང་ལ་བརྒྱན་པ་ཡིན། །དེ་ལ་རློམས་སེམས་སྐྱེ་རྒྱུ་མེད། །སྐྱེས་ན་རིགས་འཁྲུལ་འཛིན་པས་བསླད། །འཛིན་མེད་རང་ལུགས་སྤྱོད་མཆོག་འདི། །བློ་ལྡན་རྣམས་ཀྱི་ཐུགས་ལ་སྤོས། ༈ །མཆོག་གི་བདུད་ལ་རྣམ་པ་གཉིས། ༈ །ལམ་དང་འབྲས་བུ་གཉིས་སུ་བསྟན། །སྤྲོས་བྲལ་ལྟ་བས་བྲོད་པ་དང༌། །མཉམ་ཉིད་སྒོམ་པས་བྲོད་པ་དང༌། །རྟོག་མེད་སྤྱོད་པས་བྲོད་པ་དང༌། །ཉམས་ལེན་ལམ་གྱིས་བྲོད་པ་རྣམས། །བག་ཙམ་ཡུལ་དུ་སྤྱད་པས་ན། །ལམ་དུ་མི་འགྲོ་བདུད་ཀྱི་ལས། ༈ །ལྟ་སྒོམ་བརྡའ་རུ་བསྟན་པ་ལས། །ངེས་པར་ཡིད་ལ་བྱ་རྒྱུ་མེད། །མ་འགགས་ཅིར་ཡང་འཆར་བ་ལ། །ལྟ་བའི་བསམ་པ་མ་འཆའ་བར། །མཉམ་ཤར་ཕྱོགས་མེད་དབྱིངས་སུ་བསྒྱུར། །མི་ལྟ་བ་ནི་གཅོད་ཀྱི་མཆོག ༈ །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །བསྒོམ་མཁན་གཅིག་གིས་བསྒོམ་དུ་མེད། །ཅི་བྱུང་རང་ཤར་བྱུང་ཚོར་རྣམས། །ལྷན་ནེ་ལྷང་ངེ་ལྷམ་མེར་བཞག །དོན་མི་འགྱུར་བས་ལྷན་ནེ་བ། །ངེས་པར་རྟོགས་པས་ལྷང་ངེ་བ། །རང་སར་གྲོལ་བས་ལྷམ་མེ་བ། །དཔེར་ན་མར་ལ་མར་བཞག་བཞིན། །མ་བསྒོམས་པ་ཡི་བསམ་གཏན་ཏེ། །དེ་ནི་བསྒོམ་པའི་མཆོག་ཡིན་ནོ། ༈ །རང་སྤྱོད་ཤུགས་འབྱུང་རང་གྲོལ་ལ། །ཆེད་དུ་བྱས་ནས་སྤྱད་དུ་མེད། །མཉམ་ཤར་གཉེན་པོས་བཟུང་དུ་མེད། །གཅུད་⁽1764⁾དཔེ་ལ་ལར་བདུང་ཟེར་བ་འདུགཀྱང་རང་བྱུང་ཡིན་ཤེས་ན། །རང་ལ་རང་གྲོལ་བཀག་པ་མེད། །རྟོགས་པའི་ཁྱད་པར་བཙན་པས་ན། །ངེས་པར་སྤྱོད་པ་དགག་ཏུ་མེད། །མ་རྟོགས་སྤྱོད་པ་མི་བྱ་སྟེ། །གདམས་ངག་འདི་ཡི་བཞེད་ལུགས་ཀྱིས། །དམ་པའི་བྱིན་རླབས་གདིང་ལྡན་གྱིས། །རྣམ་རྟོག་དག་ལ་ཐོག་བརྫིས་བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །ངེས་པར་རྟོགས་པ་འཆར་བར་འགྱུར། །ངེས་པར་གསུངས་པའི་གདམས་ངག་འདི། །སྤྱོད་ཡུལ་ཀུན་ལས་འདས་པ་ཡིན། །མི་སྤྱོད་སྤྱོད་པའི་མཆོག་ཏུ་གསུངས། ༈ །ཉམས་སུ་གང་ཡང་མི་ལེན་ན།


LT23_Page_005B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་ཉམས་སུ་བླངས་བ་ཡིན། །ཉམས་ནི་ཤེས་བྱ་བློ་ཡི་ཉམས། །ཡང་དག་དོན་དུ་མྱང་དུ་མེད། །སྐྱེ་མེད་ལོགས་ནས་བླང་དུ་མེད། །ཉམས་སུ་བླངས་པས་ཆོས་ཉིད་ཉམས། །བློ་སྣང་ཡུལ་དུ་བཅད་པས་བློ། །ཡུལ་དུ་མ་ཆགས་ཉམས་ལན་ནི། །ཐར་པའི་ལམ་མཆོག་བླ་མའི་ཞལ། ༈ །འབྲས་བུའི་བདུད་ནི་འདི་བཞིན་ནོ། །ཉན་ཐོས་རང་རྒྱལ་ལ་སོགས་པའི། །གྲུབ་མཐའ་ཐེག་པའི་འབྲས་བུ་ནི། །སྐུ་གསུམ་ངེས་པར་ཐོབ་འདོད་པས། །འདོད་པ་དང་བཅས་བྲོད་པས་བདུད། ༈ །ལུས་ངག་ཡིད་གསུམ་རང་བཞིན་ལ། །སྐུ་གསུམ་འབྲས་བུར་བསྟན་པ་ལས། །སངས་རྒྱས་ལོགས་ནས་བསྒྲུབ་ཏུ་མེད། །རང་ལས་སྤངས་ཏེ་བཙལ་གྱུར་ན། །བསྐལ་པ་བྱེ་བ་དུ་མར་ཡང༌། །བསྒྲུབས་པས་ཐོབ་པར་མི་འགྱུར་བས། །མི་བཙལ་མི་བསྒྲུབ་རང་བཞིན་བཞག །རེ་བ་མེད་པ་གཅོད་ཀྱི་མི་རེ་དོགས་པའི་མཐའ་དང་བྲལ། །འཛིན་པའི་ཐག་པ་བཅད་པ་ལས། །ངེས་པར་སངས་རྒྱས་ག་ལ་མཆིས། ༈ །བདུད་ལ་བཞི་རུ་ཕྱེ་ལགས་ཀྱང༌། །སྙེམས་བྱེད་བདུད་དུ་འདུས་པ་ཡིན། ༈ །དངོས་པོའི་ཡུལ་ལ་སྙེམས་ཞུགས་པས། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། ༈ །དངོས་པོའི་ཡུལ་གྱི་ཆགས་སྡང་རྣམས། །ཙ་བ་སྙེམས་སུ་རྟོགས་ཙམ་ན། །དཔེར་ན་རྩིག་གསེབ་དུ་བ་ཡང༌། །ཐབ་ཀྱི་མེ་བུས་རང་ཞི་ལྟར། །སྙེམས་ཐག་ཆོད་པས་དངོས་འཛིན་གྲོལ། །འགོག་པ་བཞིན་དུ་ཡུལ་མི་དགག །རྩ་བྲལ་རྟོགས་པས་ཐོགས་བཅས་བདུད། །ངེས་པར་བདུད་རྣམས་ཆོད་པ་ཡིན། །དཔེར་ན་སྒྱུ་མ་མཁན་པོ་བཞིན། །སྣང་ཡང་ཆགས་སེམས་མི་འབྱུང་ངོ༌། །དེ་བས་སྙེམས་ཀྱི་ཐག་པ་ཆོད། །བཅད་པས་ཆོད་པ་མ་ཡིན་ཀྱང༌། །རྩ་བྲལ་རྟོགས་ན་ཟུང་མི་ཐུབ། །ཆོས་དབྱིངས་ཀློང་དུ་གྲོལ་བར་འགྱུར། །རྩིས་གདབ་མེད་པའི་ལ་བཟླ་གཅེས། ༈ །ཐོགས་མེད་བདུད་ཀྱང་སྙེམས་སུ་འདུས། །དུག་ལྔ་ལ་སོགས་ཉོན་མོངས་དང༌། །མཐོང་མེད་འདྲེ་ལ་འཇིགས་པ་དང༌། །དངོས་མེད་ལྷ་ལ་རེ་བ་དང༌། །དེ་བཞིན་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལས་བྱུང་


LT23_Page_006A
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་ཀྱི་བདུད། ༈ །ཞེ་སྡང་རང་སར་གྲོལ་བ་ཡང༌། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང༌། །བཙོ་བསྲེག་དམྱལ་བའི་བདུད་ལས་ཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་གྲོལ་བ་ཡང༌། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང༌། །བཀྲེས་སྐོམ་ཡི་དྭགས་བདུད་ལས་ཐར། །སོ་སོར་རྟོགས་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །བཀོལ་སྤྱོད་བྱོལ་སོང་བདུད་ལས་ཐར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འགྱུར་བྱེད་མི་ཡི་བདུད་ལས་ཐར། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འཐབ་རྩོད་ལྟུང་བའི་བདུད་ལས་ཐར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆོད་དུག་ལྔ་ཡང༌། །སྙེམས་ཆོད་རང་གྲོལ་ཡེ་ཤེས་སོ། ༈ །དེས་ན་ཐམས་ཅད་སྙེམས་སུ་འདུས། །གངས་དཀར་སྟོད་ཀྱི་སེང་གེ་བཞིན། །ཉམ་ང་བག་ཚ་མ་བྱས་པར། །སྙེམས་མེད་གདེངས་དང་ལྡན་གྱུར་ན། །སྣང་སྲིད་ལྷ་འདྲེས་ལྡང་མི་ནུས། །བརྒྱ་ལ་ལངས་ཀྱང་གདམས་ངག་གསལ། །རང་གི་ཆོ་འཕྲུལ་ཡིན་ཤེས་ན། །ངེས་པར་རྩལ་སྦྱོང་ཆེན་པོར་འགྲོ། །དྲན་རྒྱུན་བཅད་ནས་མི་བསྒོམས་ཏེ། །རང་ཤར་རྟོགས་པས་ཆོག་པ་ཡིན། །ནད་རིམས་ལ་སོགས་དེ་བཞིན་མཚུངས། །རྩ་བྲལ་རྟོགས་ནས་ཆོད་པ་འདི། །གདམས་ངག་ཀུན་ལ་ཁྱད་པར་འཕགས། ༈ །རྟོགས་ཀྱང་ཐད་ཀར་མ་བཅད་ན། །མཚོན་རྣོན་ཚ་ངར་བོ་བ་བཞིན། །ལྟ་བས་མི་སྐྱོབས་ཉམ་ངས་འཆིང༌། །ལྟ་སྤྱོད་འཛོམས་པའི་རྣལ་འབྱོར་ནི། །དཔའ་བོ་དག་ལ་མཚོན་བསྐུར་བས། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་སྙེམས་མེད་དབྱིངས་སུ་འཇོམས། ༈ ཨེ་མ་ཧོ། རང་སྙེམས་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །དེ་ཡང་རང་ཐང་ལྷུག་པར་ཞོག །ཀུན་ཀྱང་དེ་བཞིན་བཞག་པར་བྱོས། ༈ །དགའ་


LT23_Page_006B
[མ་དཔེ་གཟིགས་ན་འདིར་གནོན།]

བྲོད་བདུད་ཀྱང་སྙེམས་སུ་འདུས། །ཐུན་མོངས་ཆོས་ལ་དགའ་བྲོད་དང༌། །འབྲས་བུ་མཆོག་ལ་དགའ་བྲོད་པ། །རང་གི་སྙེམས་ལས་བྱུང་བ་ཡིན། །ངེས་པར་ཆགས་ན་བདུད་དུ་འགྱུར། ༈ །ཆགས་པ་མེད་པའི་རང་ཤར་ནི། །སྙེམས་མེད་ཆོས་སྐུའི་རྒྱན་དུ་གསུངས། ༈ །སྐུ་གསུམ་འབྲས་བུ་རང་ཡིན་པས། ༈ །གཞན་དུ་བྲོད་པ་བསྐྱེད་མི་དགོས། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་ནས་བཙལ་དུ་མེད། །རྟོག་པ་རང་གཟུགས་ཤར་བ་ལས། །རྟོག་མེད་ཆེད་དུ་བསྒོམ་དུ་མེད། །དེ་བས་ཐམས་ཅད་སྙེམས་ཡིན་པས། །སྙེམས་ཐག་གཅོད་པ་ང་ཡིས་སྨྲས། །དྭངས་མར་བཞག་པ་ཀུན་ནས་གསུངས། །དྭངས་མའི་སེམས་ལ་ངོས་བཟུང་མེད། ༈ །དཔེ་ཡིས་གཏན་ལ་དབབ་པ་ནི། །གདམས་ངག་ཐོབ་པའི་རྣལ་འབྱོར་རྣམས། །བྱ་བྱིའུས་ཕྲུ་གུ་གསོ་བ་བཞིན། །གདམས་ངག་མཆུས་སྐྱེལ་བྱས་གྱུར་ན། སྟོན་བྱེའུ་ལྟོག་གྲིར་ཤི་བ་བཞིན། །རང་ཉིད་འཁོར་བར་འཁྱམས་པར་ངེས། ༈ །འབྲི་བཟང་བེའུ་ཆུང་གསོ་བ་ལྟར། །རང་འགྲངས་རོགས་ཀྱི་དོན་བྱས་ན། །བེའུ་ཆུང་ལ་སོགས་འཚོ་བ་བཞིན། །རང་གི་སྙེམས་ཐག་ཆོད་གྱུར་ན། །སེམས་ཅན་ངེས་པར་གྲོལ་བར་འགྱུར། །གཞན་དོན་འགྲུབ་འགྱུར་ཐེ་ཚོམ་མེད། ༈ །ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས། །གླིང་བཞི་བྱ་རྩོལ་མེད་པར་མཐོང༌། །ངམ་གྲོགས་གཡང་སར་ཉམ་མི་ང༌། །བྱ་བྲན་ལ་སོགས་ཟིལ་གྱིས་གནོན། །དེ་བཞིན་ཉམས་ཀྱི་ཐག་ཆོད་པས། །བདུད་བཞི་རྩ་བ་མེད་པར་རྟོགས། །འདྲེ་བདུད་ལ་སོགས་ཟིལ་གྱིས་གནོན། །ངན་སོང་གནས་གསུམ་ཉམ་མི་ང༌། །ངེས་པར་རྩ་བྲལ་མ་ཤེས་པར། །རྒྱུ་འབྲས་ཆོས་ལ་སྤྱོད་པ་ནི། །སྡོང་བཞག་ཡལ་ག་བསྙབ་པ་འདྲ། ༈ །རྩ་བྲལ་རྟོགས་པའི་རྣལ་འབྱོར་ནི། །དྲན་རྟོག་གློ་བུར་ཡིན་ཤེས་ནས། །སྤངས་བླང་མེད་པའི་ཆོས་ལ་སྤྱོད། །གཟུགས་མཐོང་སེམས་ཀྱི་སྐུ་རུ་བལྟ། །སྒྲ་ཐོས་སེམས་ཀྱི་གསུང་དུ་བལྟ། །ཅི་སེམས་སེམས་ཀྱི་ཐུགས་སུ་བལྟ། །རྒྱུ་འབྲས་དཔེ་ལ་ལར་མེད་


LT23_Page_007A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དོན་དུ་བལྟ། ༈ །བཞག་ཐབས་བསྒོམ་པའི་གནས་ལུགས་ནི། །ལྷ་ཁང་ནང་གི་ལྡེར་སོ་བཞིན། །འདུག་ཚུལ་བཟང་དང་ཞལ་འཛུམ་ཡང༌། །མི་སེམས་སེམས་པའི་ཚུལ་མེད་བཞིན། །རང་ལུས་གང་བདེར་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱའོ། །བསམ་པ་ཡུལ་མིན་དེ་ཉིད་ཡིན། །དེས་ན་མི་བསམ་ངང་ལ་བཞག །བྱུང་ཚོར་རྟོག་པའི་རྗེས་མི་བཅད། །མཁའ་ལ་གློག་འགྱུ་རང་ལོག་བཞིན། །རྣམ་རྟོག་བྱུང་བ་དེ་བཞིན་བཞག །རྒྱ་མཚོ་ཆེན་པོའི་འཇིངས་བཞིན་དུ། །གཡོ་བ་མེད་པའི་ངང་དུ་བཞག །རྐྱེན་སྣང་རྟོག་པ་རླབས་བཞིན་དུ། །ངང་གིས་ཆོས་ཉིད་དབྱིངས་སུ་སྐྱུར། ༈ །བཅོས་བསླད་མི་བྱ་རྒྱལ་བའི་བཀའ། །བཅོས་ན་འཆོས་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་པ་ནི། །སྐྱེས་བུ་ནད་ཀྱིས་ཟིན་པ་བཞིན། །ཚོགས་དྲུག་ལྷུག་པའི་ཚུལ་དུ་བཞག །བྱ་བ་ཟིན་པའི་སྐྱེས་བུ་བཞིན། །བློ་བདེའི་ངང་ལ་ཀད་ཀྱིས་བཞག །བུ་ཆུང་མ་མ་མཐོང་བ་བཞིན། །སྣང་ཡང་ནུས་པ་མེད་པར་བཞག ༈ །རིག་པས་རང་ལུས་རོ་ཁུར་ལ། གཉན་ས་ལ་སོགས་མཛེ་གནས་སུ། ཆགས་མེད་ཚུལ་གྱིས་སྐྱུར་བར་བྱ། །སེམས་ཉིད་ཡུམ་ཆེན་ཀློང་དུ་བཞག །དྲན་རྟོག་ཤེས་བྱེད་ཅི་བྱུང་ཡང༌། །ཡུམ་ཆེན་སྤྲུལ་པ་ཉིད་དུ་དགོངས། །ཡུམ་སྤྲུལ་འཁོར་བའི་གནས་མི་འཆིང༌། །གླེན་པ་ལྟོ་བ་འགྲངས་པ་བཞིན། །འདུ་ཤེས་རྣམ་པར་བཤིགས་ལ་བཞག །འཁོར་སྤངས་མྱ་ངན་འདའ་བར་ངེས། ཨེ་མ་ཧོ། །བྱ་རྩོལ་མེད་དོ་དགོངས་པ་ལོངས། ༈ །སྤྱོད་པ་དཔེ་ཡིས་བསྟན་པ་ནི། །སྒོ་སྲུང་ཁྲོ་བོ་ཀིང་དང་ཀང༌། །ཁྲོ་ཤིང་གཏུམ་པ་འདྲ་ན་ཡང༌། །རྒྱུད་ལ་ཉོན་མོངས་སྐྱེ་མེད་བཞིན། །བརྟུལ་ཞུགས་ངེས་པར་ཆེ་བ་ལ། །ཞེ་འདོད་རྟོག་པ་མོད་པར་སྤྱོད། །བརྟུལ་ཞུགས་ཆེ་བས་བར་ཆོད་འདུལ། །ཞེ་འདོད་མེད་པ་དེ་ཉིད་ལམ། །མཚོ་ལ་ཉ་མོ་འཕྱོ་བ་བཞིན། །འཛིན་ཆགས་མེད་པར་ཕྱ་ལེར་སྤྱོད། །སྐྱི་སེར་རི་རྩིབས་གཅོད་པ་བཞིན། །ཆགས་སྡང་རྗེས་མེད་རྩིས་ལས་འདས།


LT23_Page_007B
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རང་ལ་སྤྱོད་པ་ལ། །སྙེམས་བྱ་སྙེམས་བྱེད་གཞུག་མི་དགོས། །རང་ལ་འཛིན་པ་མེད་པར་སྤྱོད། །རྨི་ལམ་ཡུལ་གྱི་དགྲ་དེ་ཡང༌། །རང་ལས་བྱུང་བ་མ་དགོངས་སམ། །ཡི་དམ་ལྷ་ཡི་དངོས་གྲུབ་ཀྱང༌། །སེམས་ལ་སེམས་ཀྱིས་བསྒོམ་ལས་བྱུང༌། །དེས་ན་རང་ཡིན་གཞན་མ་ཡིན། །རང་སྣང་རང་ལ་གཅོད་པ་ལས། །གཞན་ཡུལ་འབྲེལ་མེད་གནོད་མ་ནུས། །དཔེར་ན་རྒྱ་གར་དུག་སྦྲུལ་བཞིན། ༈ །འབྲས་བུ་དཔེ་ཡིས་བསྟན་པ་ནི། །མར་ལ་དཀར་པོར་མ་བསྒྲུབ་ཀྱང༌། །མར་ངོ་ཤེས་པས་དཀར་པོ་གྲུབ། །ངེས་པར་མར་ངོ་ཤེས་ཙམ་ནས། །དཀར་པོ་གཞན་ནས་སྒྲུབ་མི་དགོས། །དེ་བཞིན་སངས་རྒྱས་མ་བསྒྲུབས་ཀྱང༌། སེམས་ངོ་ཤེས་པས་སངས་རྒྱས་འགྲུབ། །ངེས་པར་རང་སེམས་ངོ་ཤེས་ནས། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། ༈ །སྙེམས་སངས་རྩ་བྲལ་ཀུན་ལས་རྒྱལ། །དེས་ན་ལོགས་ནས་བསྒྲུབ་ཏུ་མེད། །དེ་ལྟར་རྟོགས་ན་བདུད་རྣམས་ཞི། །དེ་ཡང་རང་བྱུང་རང་ཞི་ཡིན། ༈ །རིག་མེད་གཏི་མུག་ཆོས་དབྱིངས་ལ། །ཡུལ་དུ་རིག་ཅིང་བཟུང་བས་འཁྲུལ། ༈ །དབྱེར་མེད་གཅིག་ལ་རིག་བྱུང་བས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །རིགས་དྲུག་གནས་སུ་འཁྲུལ་པ་ཡིན། །དེ་ཡང་རང་བཞིན་རིག་འཁྲུལ་ལ། །ལྟོས་ཆོས་ཐེག་པའི་རིམ་པ་ཡང༌། །ལྟ་སྒོམ་འབྲས་བུར་རིག་པ་འཁྲུལ། །ཆད་པས་ཅད་མེད་ཡུལ་དུ་རིག །རྟག་པས་འགྱུར་མེད་ཡུལ་དུ་རིག །ཉན་ཐོས་གཟུང་འཛིན་ཡུལ་དུ་རིག །རང་རྒྱལ་རྟེན་འབྲེལ་སྟོང་པར་རིག །སེམས་ཙམ་རང་རིག་སེམས་སུ་རིག །དབུ་མ་སྤྲོས་བྲལ་ཡིན་པར་རིག །ཕ་རྒྱུད་བདེ་གསལ་རླུང་དུ་རིག །མ་རྒྱུད་བདེ་སྟོང་རྒྱས་འདེབས་རིག །ཐབས་དང་ཤེས་རབ་གཉིས་མེད་རིག །ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་ཡིན་ཆེན་པོར་རིག །དེ་ལྟར་རིག་པ་ཐམས་ཅད་ནི། །ཡུལ་དུ་རིག་པའི་རིག་པ་ཡིན། །ཡུལ་ཅན་རྣམས་ནི་དེ་ཉིད་མིན། །ཡུལ་མེད་སེམས་ལ་རིག་པ་མེད། །གང་རིག་པ་ཡི་རིག་པས་བཅིངས། ༈ །དེས་ན་རིག་མེད་གཏི་མུག་འདི།


LT23_Page_008A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆེན་པོར་རྒྱལ་བས་གསུངས། མ་རིག་ཡུལ་མེད་འཁྲུལ་པ་སངས། །ཡུལ་སྣང་བློ་ཡིས་བཏང་ཙམ་ན། །སྙེམས་ཐག་མ་ལུས་ཆོད་པ་ཡིན། །ཡུལ་མེད་རིག་པ་ཅི་ལ་སྙེམས། ༈ །རིག་པ་འཁྲུལ་པར་ཤེས་ཙམ་ན། །འཁྲུལ་པའི་ཆོས་ལ་མི་འཛིན་པས། །འཛིན་མེད་རིག་པ་ཅིར་ཡང་སྣང༌། །ཆེད་དུ་མ་བྱས་རང་བྱུང་ཡིན། །དེ་ལྟར་དགོངས་ན་ནམ་ཡང་ཡིན། ༈ །ཡང་དག་དོན་གྱི་ཡུམ་ཆེན་དེ། །འཁོར་འདས་ཀུན་གྱི་གཞི་ཡང་ཡིན། །དུས་གསུམ་སངས་རྒྱས་རྣམ་ཀྱིས་ཀྱང༌། །མ་མཛད་སྐྱེ་མེད་གཞི་རུ་གསུངས། ༈ །སངས་རྒྱས་འདུས་མ་བྱས་ཡིན་པས། །སྐྱེ་བ་མེད་པར་ཡིད་ཆེས་ན། །སྐྱེ་མེད་གཞི་ལ་བྱེད་མཁན་མེད། །མ་བྱས་གཞི་ཡི་གོལ་ས་ཆོད། ༈ །མ་བྱས་འདུས་མ་བྱས་ཡིན་པས། །མི་བྱེད་ལམ་དུ་ངེས་པར་འགྲོ། །སྣང་སྟོང་ཡིད་ལ་མ་བྱས་པས། །རྟག་ཆད་མེད་པར་ལམ་དུ་སློང༌། །གཉིས་མེད་ཡིད་ལ་མ་བྱས་པས། །སྐྱེ་མཆེད་མུ་བཞིའི་བདུད་ལས་གྲོལ། །ཤེས་བྱའི་སྒྲིབ་པ་རང་སར་དག ༈ །གཟུགས་དང་ཚོར་བ་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ལས་གྲོལ་བར་འགྱུར། །འཁོར་བར་འདྲེ་བར་མི་འགྱུར་རོ། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མ་བྱས་ལམ་མཆོག་ཏུ། །རྒྱལ་བའི་བཀའ་ལས་གསུངས་པར་ངེས། །ཡིད་ལ་མ་བྱས་རྟོགས་གྱུར་ན། །ཡིད་ཀྱི་འགྱུ་བ་དགག་མི་དགོས། །སྨིག་རྒྱུ་བཞིན་དུ་རང་སར་གྲོལ། །འདི་ནས་ཚིག་གཉིས་དཔེ་ཕལ་ཆེར་དུ་མེད་དེ་ལྟར་རྟོགས་པའི་རྣལ་འབྱོར་པས། བག་ཡངས་སྤྱོད་པ་དགག་མི་དགོས། །གང་ལྟར་བྱས་ཀྱང་ལམ་དུ་འགྲོ། །མི་བྱེད་པ་ནི་ལམ་ཡིན་ནོ། ༈ །མ་གྲུབ་འབྲས་བུར་གསུངས་པ་ནི། །སྐུ་གསུམ་འབྲས་བུར་གསུངས་པ་ཡང༌། དྲང་བའི་དོན་དུ་གསུངས་པ་ལས། །མཚན་དང་དཔེ་བྱད་ལ་སོགས་པ། །ངེས་པར་གྲུབ་པ་རྡུལ་ཙམ་མེད། །གྲུབ་ན་གང་གྲུབ་མཐར་ལྟུང་འགྱུར། །འཁོར་བའི་ཕ་རོལ་འདས་པ་ཡིན།


LT23_Page_008B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕ་རོལ་ཕྱིན་པ་ནི། །བློ་ཡི་ཡུལ་དུ་གྲུབ་པ་མེད། བློར་ནི་གྲུབ་པ་འཁོར་བའི་ཆོས། །གྲུབ་མེད་འབྲས་བུ་མ་རྟོགས་ན། །གྲུབ་འདོད་རྩོལ་བ་ཅིར་བྱས་ཀྱང༌། །ཐར་པ་ཐོབ་པར་མི་འགྱུར་རོ། ༈ །ཆོས་ཀྱི་ཞེན་བློ་མ་ཞིག་པར། །ཞེན་པའི་བློ་ཡིས་ཆོས་སྤྱོད་པས། ཆོས་ཀྱང་འཆིང་པའི་གྲོགས་སུ་འགྱུར། །དེས་ན་གདམས་ངག་སྲོག་གིས་བསླུ། །སངས་རྒྱས་འདུས་བྱས་མ་ཡིན་པས། །འདུས་བྱས་རྩོལ་བས་ག་ལ་འགྲུབ། འདུས་བྱས་ཆོས་ལ་ཡིད་མ་ཆགས། །བྱས་པའི་ཆོས་ལ་རེ་མ་ཆེ། ༈ །ལུས་ལ་འཛིན་མེད་རྒྱལ་བའི་སྐུ། ངག་ལ་འཛིན་མེད་རྒྱལ་བའི་གསུངས། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་འོད་གསལ་མ་གཏོགས་པ། །རྒྱལ་བའི་དགོངས་པ་གཞན་མ་ཚོལ། ༈ ཨེ་མ་ཧོ། གཅོད་ནི་རྣམ་པར་རྟོག་པ་གཅོད། །བཀའ་ནི་རང་བཞིན་འགྱུར་བ་མེད། །ཚོམས་ནི་བཤད་པའི་ཚོམས་སུ་བསྟན། ༈ །ནན་ཏན་ཉམས་མྱོང་བསྟན་པ་ནི། །དམིགས་པའི་ཡུལ་ལས་འདས་པ་སྟེ། །ཉམས་སུ་མྱོང་བའི་བློ་དང་བྲལ། ༈ །གཉན་ས་ལ་སོགས་གཅོད་པའི་དུས། །ཇི་ལྟར་མེ་ཡིས་ཚིགས་པ་ལ། །མེ་དེ་ཉིད་ཀྱིས་གདུང་བ་བཞིན། །སར་གཅོད་ལོག་གནོན་གདམས་པ་ནི། རྨ་བྱུང་མེ་ཡིས་བསྲེགས་བཏང་བཞིན། ༈ །རྐྱེན་སྣང་ཁལ་དུ་བཀལ་བ་ཡིན། ཁལ་འགེལ་གནད་ཡིན་གོ་བ་ལོངས། །ཆོས་ཀུན་ཁལ་དུ་མ་ཁེལ་ན། །ཞི་བདེའི་གཉེན་པོས་གྲོལ་མི་ནུས། ༈ །གཉན་ས་རི་ཁྲོད་འགྲིམས་ཤིག་ཨང༌། །དཔེ་ལ་མ་ཡེངས་དཔེ་ཚིག་གིས། །བྱིན་རླབས་མི་འབྱུང་ཚིག་དྲེད་ཁྱེར། །དེ་བས་གཉན་སར་ཉམས་སུ་ལོངས⁽1764⁾།འདི་གཞུང་དུ་མེད་ཀྱང་ཚིགས་བཀྲ་ལེགས་ཁྱད་ཀྱིས་བསྣན་པར་སྣང་ངོ༌། མཆན། ༡༠༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་བཀའ་ཚོམས་ཆེན་མོ་ཞེས་བྱ་བ་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོལ་མས་མཛད་པ་རྫོགས་སོ།⁽1764⁾གཞུང་འདི་ཉིད་གྲ་ས་ཧག་སྟོན་གྱི་དུས་ཉན་བཤད་བྱེད་པ་བརྒྱད་ཅུ་ཙམ་བྱུང་ཟེར་ལ། །སྔ་དུས་ཀྱི་འགྲེལ་བ་མདོ་སྡུད་བ་དང་སྦྱར་བ་ཞིག་ཀྱང་སྣང་ཞིང༌། ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེས་ས་བཅད་དང་འགྲེལ་པས་མཚོན་ཕྱིས་ཀྱི་གཞུང་འགྲེལ་མང་ངོ༌། འདི་དང་བྲམ་ཟེ་ཨཱརྻ་དེ་བས་མཛད་པའི་གཞུང་


LT23_Page_009A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུ་གཉིས་གཅོད་ཡུལ་གྱི་གདམས་པ་ཐམས་ཅད་ཀྱི་གཞི་ལྟ་བུར་སྣང་ངོ༌། མཆན། སརྦ་དྭ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གཞུང་དང་མན་ངག་མཐའ་དག་གི་ཡང་བཅུད་ཟབ་དོན་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་ནམ་མཁའི་དབྱིངས། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་རབ་ལྡན་ཞིང༌། །གང་ལ་གང་འདུལ་ཅིར་ཡང་སྤྲུལ་པས་གཞན་དོན་མཛད། །སྟོང་ཉིད་སྙིང་རྗེ་སྨོན་ལམ་མཐར་ཕྱིན་ཞབས་ལ་འདུད། །བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། །འཁོར་འདས་དགག་བསྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། །འགལ་རྐྱེན་ལམ་དུ་བྱེད་པ་ཨ་མ་ཇོ་མོའི་བཞེད། །མི་མཐུན་གྲོགས་སུ་བྱེད་པ་གཅོད་ཀྱི་གདམས་པ་འབྲི། །ཚིག་དོན་རྟོགས་ཤིང་བྱམས་བརྩེ་རབ་རྒྱས་མཁས་བརྒྱད་ལྡན། །རང་དོན་མཐར་ཕྱིན་སྟོང་ཉིད་སྙིང་རྗེ་བསྒྲུབ་དང་སྐྱོན་སེལ་མཁས། །དད་དང་བརྩོན་འགྲུས་མོས་གུས་གོ་ཆ་སྙིང་རུས་ལྡན། །འཇིགས་སྐྱོབས་མངོན་མཐོ་ལེགས་སྨོན་ཀུན་མཁྱེན་ཐོབ་འདོད་པས། དབང་བསྐུར་མཆོག་ཐོབ་ཟབ་མོ་བསྟན་པའི་སྣོད་དུ་འགྱུར། །བསགས་སྦྱངས་ལམ་གྱིས་སེམས་ཉིད་བཙལ་ལ་ངོ་སྤྲོད་བྱ། །མ་རྟོགས་ལོག་རྟོག་ཕྱོག་རྟོགས་ཐེ་ཚོམ་བཅད་བྱའི་ཕྱིར། །རྒྱལ་བའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་ལེགས་པར་ཟུངས། །བདུད་ནི་ལྷ་དང་ཉོན་མོངས་ཕུང་པོ་འཆི་བདག་བདུད། །ཁྱད་པར་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བཞི། །དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁད་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་གདབ། །སེམས་བསྐྱེད་མཆོག་ལྡན་འགྲོ་ཀུན་ཐར་པ་ཐོབ་པའི་ལམ། །གནས་པོ་


LT23_Page_009B
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལ་བཅོལ་བས་གཞི་མགྲོན་གཅིག་ཏུ་འདྲེས། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་བཙན་སར་ཐར། །ནད་པ་འདྲེ་ལ་བཅོལ་བས་ནད་མེད་བདེ་བར་འཚོ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །ཕུང་པོ་གཟན་དུ་སྐྱུར་བས་བདག་འཛིན་བློ་དང་བྲལ། །ལུས་སེམས་སོ་སོར་ཕྲལ་བས་བདག་འཛིན་མཁན་པོ་སྟོར། །འཇིགས་མཁན་རྩ་བདར་བཅད་པས་ཉམ་ང་རང་སར་གྲོལ། །ལུས་ཀྱི་བདག་འཛིན་བོར་བས་བར་ཆད་དཔལ་དུ་ཤར། །རྐྱེན་ལ་རྐྱང་དེད་བྱས་པས་བར་ཆད་སྟོང་པར་ཞི། །གདོན་ལ་སྦར་འཛིན་བྱས་པས་འཇིགས་ཡུལ་མཁན་པོ་སྟོར། །ཐམས་ཅད་སེམས་སུ་ཤེས་པས་འཛིན་མེད་རང་སར་གྲོལ། །གང་དགར་བསྐྱུར་ནས་བཏང་བས་སུས་ཀྱང་འཁྱེར་མི་སྲིད། །གང་ཚེ་ཆོས་ཉིད་དོན་ལ་མཉམ་པར་སུས་བཞག་པ། །དེ་ཚེ་བདུད་སོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཕྱི་ནང་གསང་བ་མངོན་སུམ་ཉམས་སྣང་རྨི་ལམ་དུ། །སྣ་ཚོགས་གཟུགས་སྟོན་མི་སྙན་སྒྲ་སྒྲོགས་ལུང་སྟོན་འགྱུར། །སེམས་ལ་འཁུ་འཁྲིག་བྱུང་ན་བདག་འཛིན་ཡུལ་ནས་ཐོན། །ནང་འདྲེ་རང་སེམས་བཏུལ་ནས་ཕྱི་འདྲེ་སྟོང་པར་ཡལ། །མི་ཕོད་མི་ནུས་བྱུང་ན་མགོ་མཉམ་ཐོག་རྫིས་གྱིས། །ཉམ་ང་བག་ཚ་བྱུང་ན་རྣམ་རྟོག་ཨར་ལ་གཏད། །ཆོ་འཕྲུལ་ཆེ་ནས་མ་ཟུག་གཅོད་འཕྲོ་བཅད་པ་དང༌། །འགྱོད་དང་ཐེ་ཚོམ་ལོག་ལྟ་ཆོས་ཀྱིས་སུན་པ་དང༌། །ན་ཚ་དུཿཁ་ཁམས་འདུས་ཉམས་ལེན་སྟོར་བ་རྣམས། །ལོག་རྟོག་བར་ཆད་འབྱུང་བས་འབད་རྩོལ་བཏོན་ལ་བསྒྲུབས། །ལེག་ཆན་མཐའ་ལ་གཏད་པས་རེ་དོགས་རང་སར་གྲོལ། །ཐེག་ཆེན་ཟིལ་གྱིས་མནན་པས་བདེ་སྡུག་གཏན་ལ་ཕེབས། །སྐར་ཆེན་ཐིབས་འོག་བཅུག་པས་འཁོར་འདས་རྫུན་ཕུག་གཏིབ། །གཉན་སར་གཉན་ཡོན་དབང་པས་ལྷ་འདྲེ་སྒྱུ་མར་ཞིག །གདུག་རྩུབ་ཆོ་འཕྲུལ་ཆེ་ན་ལྷ་འདྲེ་སར་ལ་མནན། །ཅི་ནས་ཀླན་ཀ་རྐོ་ན་སྨྱོན་པའི་བརྟུལ་ཞུགས་བྱ། །ད་རུང་ཆོ་འཕྲུལ་སྟོན་ནན་ངག་འདི་སྐྱིད་གྱིས། །ཀུན་ལ་ཕན་པའི་སེམས་ཀྱིས་ཐུགས་རྗེས་ལྕགས་ཀྱུས་ཟུང༌།


LT23_Page_010A
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཚད་དུས་རྡུག་མངོན་སུམ་ཉམས་སྣང་རྨི་ལམ་འབྱུང༌། །ཕྱི་ནང་གསང་གསུམ་རང་ལ་འཆར་བར་རིག་པར་བྱ། །སྟོང་ཉིད་ངང་ལ་རྩེ་གཅིག་བསམ་གཏན་མཉམ་བཞག་ན། །ཟུང་འཇུག་འཁོར་འདས་འཁྲུལ་ཤན་ཆོད་པར་ཐེ་ཚོམ་མེད། །སྔོན་འགྲོ་སློང་རྟགས་མེད་ན་སློང་བའི་བློ་དང་ཕྲོལ། །དངོས་གཞི་ནོན་རྟགས་མེད་ན་ཞེ་འདོད་རྒྱབ་ཏུ་བསྒྱུར། །མཇུག་ཏུ་ཚར་ཚད་མེད་ན་ཚར་ཚད་བློ་དང་ཕྲོལ། །འདོད་བློ་རེ་དོགས་བདུད་ཡིན་དེ་ཡང་མཁས་པས་སྤངས། །ཕན་དང་གནོད་བྱས་འཇམ་དང་རྩུབ་པའི་སྤྱོད་པས་བཏུལ། །སྣ་ཚོགས་ཐབས་ཀྱིས་བྱང་ཆུབ་ལ་བཀོད་སྨོན་ལམ་གདབ། །བདག་དང་གཞན་དོན་ཀུན་མཁྱེན་སངས་རྒྱས་ཐོབ་འདོད་པས། །ཐར་པའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་བསྟེན་པར་གྱིས། །ཡུན་རིང་གོམས་པའི་བག་ཆགས་སྤངས་དཀའི་རྣམ་རྟོག་འདི། །སྲིད་པའི་དུཿཁ་སྣ་ཚོགས་བསྐྱེད་པའི་རྒྱུ་གཅིག་པོ། །རྟེན་དང་བརྟེན་པའི་ཕུང་ཁམས་འདུས་པའི་དུར་ཁྲོད་འདིར། །འགྱུ་བྱེད་དྲན་རྟོག་སྣ་ཚོགས་འགྱུ་བའི་གནས་འདིར་གཅོད། །དབང་དོན་ངོ་སྤྲོད་མངོན་དུ་གྱུར་པའི་རྣལ་འབྱོར་ལ། །ཅི་སྲིད་རྣམ་རྟོག་བདུད་འདི་མ་ཆོད་དེ་སྲིད་བཅད། གདོད་ནས་ཆོས་ཉིད་གློ་བུར་དྲི་མ་དང་བཅས་པས། །གཞི་ལམ་འབྲས་བུས་བརྟགས་ལ་ལྟ་སྒོམ་སྤྱོད་པས་གཞོམ། །ཆོས་ཉིད་གཏན་ལ་འབབས་ཚེ་རྣམ་རྟོག་གནོད་པ་མང༌། །ཤེས་བྱའི་ཡུལ་སྣང་སྣ་ཚོགས་དྲན་རྟོག་འཕྲོ་འདུ་འབྱུང༌། །རྟོགས་པའི་དཔུང་དང་མི་ལྡན་སྒོམ་པའི་ཉམས་དང་བྲལ། །རྐྱེན་ལ་སྤྱོད་པས་ཐོག་རྫིས་རོ་སྙོམས་མ་བྱུང་བཟློག །འགྱུ་བྱེད་སྡོང་པོ་ལྟ་སྒོམ་སྤྱོད་པའི་མཚོན་གྱིས་བཅད། །སེམས་བྱུང་རྣམ་རྟོག་ཡལ་ག་ཐམས་ཅད་ངང་གིས་འགག །ཚ་ཟེར་འོད་ཀྱིས་རླན་དང་མུན་པ་ཐམས་ཅད་འཇོམས་པ་བཞིན། །ཡེ་ཤེས་ཤར་བས་སྐྱོན་སྤོང་ས་ལམ་རིམ་གྱིས་བགྲོད། །རང་བཞིན་མི་རྟོག་བསྒྱུར་མཁས་གཉེན་པོས་སྤོང་ནུས་ཤིང༌། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ལྡན་མཆོད་པར་བཞེས། །བདུད་དང་འབྱུང་པོས་ངན་འགྲོའི་གནས་སུ་ཁྲིད་མི་ནུས། །ཉོན་མོངས་དུག་གིས་སྲིད་པའི་དུཿཁ་


LT23_Page_010B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཕྱིར་གཞོམ། །གནས་ནི་རང་ལུས་རྩ་ཁམས་འདུས་པའི་གཉན་ཁྲོད་འདིར། །ཉོན་མོངས་འབྱུང་པོ་ཐམས་ཅད་བསྟེན་པའི་ཚུལ་དུ་གནས། །རྟོགས་པའི་ཡེ་ཤེས་སྣང་བའི་འོད་ཟེར་རབ་རྒྱས་ཏེ། །ཅི་སྲིད་མ་རིག་མུན་ཁྲོད་མ་སྤངས་དེ་སྲིད་བཅད། །གང་ཚེ་ཉོན་མོངས་སྐྱེས་ཚེ་ལྟ་སྒོམ་སྤྱོད་པ་ཡིས། །གཉེན་པོས་བཟུང་ལ་དེ་ཚེ་བདུད་ལས་རྣམ་རྒྱལ་བྱ། །ཅི་ལྟར་དུག་རོ་མི་མཐུན་ཟས་ཀྱིས་སློང་བ་ལྟར། །ཆགས་སྡང་ཉོན་མོངས་ཉམས་ལེན་རྐྱེན་གྱིས་སློང་པར་འགྱུར། །ཆོས་ལ་བཟོད་པ་མ་ཐོབ་ལམ་གྱིས་རྐྱེན་གྱིས་འཇིགས། །འགྱོད་དང་ལོག་ལྟ་ཐེ་ཚོམ་ཆོས་ཀྱིས་སུན་པ་འབྱུང༌། །ཉོན་མོངས་སྐྱེས་ཚེ་ཐབས་དང་ཤེས་རབ་ལོག་གནོན་གྱིས། །སྟོང་དང་བསྒྱུར་ཐབས་མཆོད་པར་རྟོགས་པ་གཉེན་པོའི་མཆོག །སྲིད་པའི་རྒྱ་མཚོ་ཉོན་མོངས་དྲྭ་བར་མི་བཟང་པ། །མ་ལུས་རབ་བཅོམ་ཡེ་ཤེས་རོ་མཉམ་མཆོག་གི་ཚད། །དད་དང་སྙིང་རྗེའི་དོན་རྟོགས་གདམས་པའི་གནད་དང་ལྡན། །ཐར་པ་ཐོབ་པའི་དོན་དུ་རྣལ་འབྱོར་རྣམས་ཀྱིས་བཅད། །ནད་དང་དུཿཁ་དུག་རོ་དྲག་པོ་ཀུན་གྱི་བདུད། །དེ་ཉིད་མ་རྟོགས་ཐར་པ་ཐོབ་པའི་སྲོག་འཕྲོག་བྱེད། །བདེ་སྡུག་སྐྱོན་ཡོན་འཁོར་འདས་ཐམས་ཅད་བསྐྱེད་པའི་རྟེན། །འབྱུང་བཞི་ཉོན་མོངས་རླུང་མཁྲིས་བད་ཀན་ཕུང་པོའི་གནས། །ལུས་ངག་ཡིད་ལ་ནད་དང་དུཿཁ་བྱུང་བ་དང༌། །མི་མཐུན་འགལ་རྐྱེན་ཟུག་རྔུ་དྲག་པོར་མནར་བའི་ཚེ། །ནད་དང་དུཿཁ་ཉེས་སྐྱོན་མ་ལུས་འབྱུང་བའི་རྟེན། །ལུས་སེམས་གཉིས་ཀྱི་དེ་ཉིད་ཤེས་ན་ཕྲོལ་བར་ངེས། །སྡིགས་མཛུབ་བསྟན་པས་སྦྲུལ་གྱིས་མི་བཟོད་སྟོང་ཉིད་དོན། །གང་གིས་བསྒོམ་པ་དེས་ནི་ནད་གདོན་ཞི་ཞིང་འབྲོས། །གང་ཚེ་ནད་དང་དུཿཁ་དྲག་པོས་གཟིར་བའི་ཚེ། །དེ་ཚེ་གདེང་བྲལ་ཞུམ་བཅས་རྩོལ་བ་དོར་ན་ལྡོག །སེམས་ཀྱི་དཔའ་བོ་ཉམས་རྟོགས་ལྡན་པ་སྟོབས་རྩལ་རྒྱས། །རྣོ་ངར་གདེང་པའི་ལྟ་སྤྱོད་གོ་མཚོན་བདུད་དཔུང་འཇོམས། །ཐབས་ཤེས་ལམ་ཁྱེར་ཟབ་མོས་ནད་དང་དུཿཁ་ཞེ། །སྐྱོན་བྲལ་ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་འགྱུར། །རྟོགས་པའི་གདེངས་ལྡན་ཉམས་ཀྱི་ངར་བཅས་མང་


LT23_Page_011A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོས། །སྙིང་ཁམས་གཏོང་ཕོད་ལམ་དང་དཔའ་རྩལ་བརྟུལ་ཤུགས་ཅན། །ནད་དང་རོ་གདོན་གྲིབ་དང་ཆོས་བརྒྱད་ཆགས་སྡང་སོགས། །འཇིག་རྟེན་མི་མཐུན་སྣ་ཚོགས་བདུད་ལ་བཅད་པར་བྱ། །རང་གི་ཡུལ་དང་གྲོང་ཡུལ་རྒྱལ་ཁམས་དགོན་པ་སོགས། །ཁང་པ་ལ་སོགས་ཉོན་མོངས་སྐྱེད་པར་བཅད་པར་བྱ། །དུས་ནི་རིང་ཐུང་ཐད་སོ་བར་དང་བྱང་ཆུབ་བར། །ཅི་སྲིད་བདེ་སྡུག་བར་ཆད་འགལ་རྐྱེན་བྱུང་བའི་ཚེ། །ནད་དང་གདོན་དང་ཉམས་གྲིབ་ཆོས་བརྒྱད་བདེ་སྡུག་སོགས། །རང་བཞིན་མེད་བསྐོམ་ལས་སུ་ཤེས་པས་ལམ་དུ་ཁྱེར། །ནད་དང་དུཿཁ་ལ་སོགས་སྔར་བས་རགས་པ་ལ། །ཕྱི་ནང་འགལ་རྐྱེན་ལ་སོགས་མི་མཐུན་སྣ་ཚོགས་འབྱུང༌། །རྒྱུ་འབྲས་གདམས་ངག་དགེ་བའི་བཤེས་ལ་ཐེ་ཚོམ་ཟ། །རྐྱེན་ལ་འཇིགས་ཤིང་ལམ་གྱི་རྐྱེན་གྱིས་བསུན་པ་དང༌། །མེད་ཕྱིར་སྣང་བའི་གདོན་འདི་བདག་ལ་ཅི་ཕྱིར་གནོད། །དངོས་མེད་འཁྲུལ་པའི་དགྲ་འདི་ཡིད་ཀྱི་གཉེན་པོས་གཞོམ། །སྲིད་པའི་ཉོན་མོངས་ཆགས་སྡང་བདུད་འདི་ཚར་ཆོད་ན། །བདེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར་ཁ་བྱེ། །བསགས་སྦྱངས་ལ་འབད་བག་ཆགས་འདུན་པས་རྨི་ལམ་བཟུང༌། །ཟིན་པར་གྱུར་ཚེ་སྦྱངས་དང་སྤེལ་བས་འོད་གསལ་བསྒོམ། །རླུང་དང་རྣམ་ཤེས་གྱེན་ལ་འདྲེན་པ་འཕོ་བའི་ལམ། །ཕྲ་རགས་ཐིམ་རྗེས་འོད་གསལ་འཆར་བ་བར་དོ་ཡིན། །ལྷ་འདྲེ་འཁྲུགས་པས་ལུས་ནད་སེམས་སྐྱོན་སྣ་ཚོགས་འབྱུང༌། །གཉེན་པོའི་དཔུང་ལྡན་གཏོང་ཉིད་སྦྱིན་གཏོང་སྣ་ཚོགས་བསྒོམ། །ལས་ཀྱི་རྒྱུ་དང་ཉོན་མོངས་རྐྱེན་གྱིས་ནད་རྣམས་འབྱུང༌། །རྩ་རླུང་ཐབས་དང་འཁྲུལ་འཁོར་དམིགས་པས་འདོན་པར་བྱ། །ཁམས་འདུས་དུཿཁ་འབྱམས་དང་ལྟེང་པ་ཡིད་ཀྱི་སྐྱོན།


LT23_Page_011B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་རྟེན་འབྲེལ་རླུང་དང་འཁྲུལ་འཁོར་དམིགས་པ་བསྒོམ། །མོས་གུས་དཔག་མེད་སྙིང་རྗེ་རྒྱ་ཆེན་འགལ་རྐྱེན་ལ། །ཐོག་འགེལ་བྱས་པས་ཡོན་ཏན་ཀུན་གྱི་བོགས་སུ་འགྱུར། །རྒྱལ་པའི་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟེར་ཡོན་ཏན་རྒྱ་ཆེན་དཔག་མེད་འབྱུང༌། །ཟབ་རྒྱས་ཀུན་ལ་ཕན་པའི་དམ་ཆོས་རིན་ཆེན་འདི། །རྟེན་དང་གྲུབ་མཐའ་རྒྱུན་མཐུན་རྐྱེན་སྤོང་ཁྱད་པར་འཕགས། །གང་ཞིག་ནོར་བུ་རྙེད་དུས་གཅེས་པར་འཛིན་པ་ལྟར། །རིན་ཆེན་རིན་ཐང་མེད་པའི་ཆོས་འདི་གུས་པས་ཟུངས། །གཅོད་ཀྱི་གཞུང་འདི་མང་ཟབ་རྒྱ་མཚོ་རྒྱ་ཆེ་ནས། །ཉུང་བསྡུས་ཟབ་དོན་ཐུགས་ཀྱི་སྙིང་པོ་འདི་བཀོད་པས། །འགྲོ་ཀུན་གཅོད་ཡུལ་མཐར་ཕྱིན་གཅོད་དོན་འདི་རྟོགས་ཏེ། །ཆོས་དབྱིངས་རྣམ་དག་ཕ་རོལ་ཕྱིན་ཡུམ་མཆོག་ཐོབ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། བདུད་ཀྱི་གཅོད་ཡུལ་དུ་བྱེད་པའི་མན་ངག་ཟབ་དོན་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ། །འཇིག་རྟེན་ན་རྙེད་པར་དཀའ་བའི་ཆོས། །མན་ངག་བདུད་ཀྱི་གཅོད་ཡུལ་དུ་བྱེད་པ་རྫོགས་སོ།།⁽1764⁾འདི་ཕྱིས་ཀྱི་དམས་ངག་པ་ལ་མོ་ཆེའི་རྩ་བར་མཛད་ཅིང༌། འགྲེལ་དང༌། ཁྲིད་ཡིག་སོགས་མང་དུ་བཞུགས་སོ། །


no previousགདམས་ངག་མཛོད་པོད་བདུན་པ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་།next