Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅོ་ལྔ་པ།  བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ།
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅོ་ལྔ་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ།next

གདམས་ངག་མཛོད་པོད་བཅོ་ལྔ་པ།
བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ།


LT24_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ་ཞེས་བྱ་བ་བཞུགས་སོ།། །།


LT24_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དབང་ཕྱུག་རིགས་མཆོག་དྲུག །གཅིག་བསྡུས་ཁྱབ་བདག་རྡོ་རྗེ་སེམས། །བླ་མ་དུས་ཀྱི་འཁོར་ལོའི་ཞབས། །དད་བརྒྱའི་གཙུག་གི་ནོར་བུས་མཆོག །ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་ལས་རིམ་པར་བརྒྱུད་པའི་དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་སྒྲུབ་པ་ལ་གསུམ། །སྦྱོར་དངོས་རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་པའི་ལྟེ་བར་ཚོམ་བུ་སྔོན་པོ་གཅིག་བཀོད། །མ་འཛོམ་ན་མེ་ཏོག་གམ་འབྲུའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང༌། ཆུ་གཉིས་ཉེར་སྤྱོད་ལྔ་ཟླུམ་གཏོར་རྣམས་མདུན་དུ་བཤམ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་དང་འཐོར་ནས། ལས་རྡོར་ནས་མཎྜལ་དང༌། བསང་ཆུ་རྣམས་སྟ་གོན་བྱའོ། །གཉིས་པ་ལ་གཉིས། སྒྲུབ་ཐབས་དང༌། རྗེས་གནང་ངོ༌། །དང་པོ་ལ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། སོགས་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱརྨ་ཀོ྅་ཧཾ། ཞེས་དང་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་


LT24_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་མགོར། ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམས་པས་དབང་ཕྱུག་དཀར་པོ་དང༌། གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོའི་སྙིང་ག་མནན་པ། རལ་པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེ་ཆུང་ལྗང་ཁུ། ཕྱག་སོར་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང༌། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་


LT24_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང༌། དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿསེར་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུ། གསང་བ་སྔོན་པོ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཞེས་པའོ། །སྙིང་གར་རྣམ་བཅུ་དབང་ལྡན་བརྩེགས་པར་བསམས་ནས། ཨོཾ་ྷྐྵྨླྺྼྻྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླ་བདག་བསྐྱེད་སྒོམ་བཟླས་ཁོ་ན་བྱའི་སྐབས་སུ་མཐར་མི་དམིགས་པར་བཞག་ལ་དགེ་བ་བསྔོ། འདིར་བཟླས་པ་གྲུབ་པ་དང་མཆོད་པ་བྱིན་རླབས་སྟེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧོ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་སིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། པཱདྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སཱ་ཕ་ར་ཎ་ཁཾ། ཨོཾ་སྭ་བྷཱ་བ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གསལ་བ་ནི། རླུང་མེ་ཆུ་དང་སོགས་བདག་བསྐྱེད་ལྟར་ལ། ཧཾ་ཀྵ། ཞེས་གསལ་གདབ། མཆོད་བསྟོད་མེད་ཀྱང་ཆོག་མོད། སྤྱི་མཐུན་བྱེད་ན། ཨོཾ་ཤྲཱི་ཀྲཱ་ལ་ཙཀྲ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ། སྦྱར་བ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་མཆོད། སྟོང་ཉིད་སྙིང་རྗེ་སོགས་ཀྱིས་བསྟོད། བཟླས་དམིགས་གསལ་གདབ་ལ་སྙིང་པོ་ཅི་རིགས་བཟླ། གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧྲཿཕཊ་ཀྱིས་བསངས། སྭཱ་བྷཱ་བས་སྦྱངས། ཨོཾ་ཨཱཿཧཱུྃ་ཧོ། ཞེས་བྱིན་གྱིས་བརླབས། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌།


LT24_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། ཞེས་མདུན་ཏུ་སྤྱན་དྲངས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨཱརྒྷཾ་ནས། ཤབྡ་བར་གྱིས་མཆོད་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང༌། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཉིས་པ་རྗེས་གནང་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། གྲལ་ལ་འཁོད་དེ་མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར། རྒྱལ་བའི་བསྟན་པ་མ་ལུས་པའི་སྙིང་པོ། །བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ། །སངས་རྒྱས་རྣམས་ཀྱི་བགྲོད་པ་གཅིག་པའི་གཤེགས་ཤུལ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་ལ་ཆོས་དབྱིངས་གསུང་གི་དབང་ཕྱུག་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་དབང་ཆེན། ལྷ་ཉེར་ལྔ་པ་སོགས་དུས་འཁོར་ཉིད་དང༌། སྡོམ་པ་ཆེན་པོ་སོགས་ལྷ་གཞན་དང་འབྲེལ་བའི་རྣམས་གྲངས་མང་དུ་འབྱུང་བ་ལས། འདིར་ལྷ་སྒོམས་སྔགས་བཟླས་ཀྱི་སྣོད་རུང་དུ་བྱེད་པ་བསྐྱེད་རིམ་ཐམས་ཅད་ཀྱི་རྩ་བ་དུས་འཁོར་ལྷན་སྐྱེས་ཀྱི་རྗེས་སུ་གནང་བ་འདི་ནི། ཁྱབ་བདག་རྡོ་རྗེ་འཆང་གྲུབ་ཐོབ་རཱ་ཧུ་ལ་ཤྲཱི་ནས་རིམ་པར་བརྒྱུད་དེ། པན་ཆེན་བུདྡྷ་ཤྲཱི་ལས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་གསན་ནས་གངས་ཅན་གྱི་ལྗོངས་སུ་སྤེལ་བར་མཛད་པ་སྟེ། དེ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སོང་ཟིན། ཁྱེད་


LT24_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར། སློབ་དཔོན་རྣམས་ཀྱི་མཎྜལ་འབུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག །རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་གྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་བཟུང་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་གསུམ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྗེས་གནང་རྩལ་དུ་གསོལ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པ་ཞུ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱརྨ་ཀོ྅་ཧོ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རླུང་མེ་ཆུ་སའི་དཀྱིལ་འཁོར་རི་རབ་ལྷུན་པོ་རྣམས་རིམ་པར་བརྩེགས་པའི་སྟེང་དུ་པདྨ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་བདུད་དང་དབང་ཕྱུག་གི་གདན་ལ་ཁྱེད་རང་རྣམས་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སོགས་སྒྲུབ་ཐབས་ལྟར་ལ། གསང་བར་ཀྵཿསྔོན་པོ་རྣམས་སུ་གསལ་བར་གྱུར། །ད་རྗེས་གནང་དངོས་གཞི་གསུམ་ལས། དང་པོ་སྐུའི་རྗེས་གནང་ནི། དེ་ནས་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་


LT24_Page_223A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་གྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་ཐིམ། དྲིལ་བུ་དང་རོལ་མོ་འཁྲོལ། སྤོས་དུད་བྱའོ། །གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀར་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ་བརྟན་གཡོ་ཐམས་ཅད་འདུས་པའི་ཡི་གེ་ྷྐྵྨླྺྼྻྃ་ཞེས་ཁ་དོག་སྣ་ཚོགས་པ་གསལ་བ། དེ་ལས་སྔགས་ཀྱི་ཡི་གེ་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་སྟེང་དུ་་ྷྐྵྨླྺྼྻྃ་ཞེས་པའི་ཡི་གེ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས་སྙིང་གའི་ཡི་གེ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །སྒྲུབ་ཐབས་ལྟར་སྙིང་པོ་ལན་གསུམ་བརྗོད། དང་པོས་བྱིན་གྱིས་བརླབས། །གཉིས་པས་དབྱེར་མེད་དུ་འདྲེས། །གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིག །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་


LT24_Page_223B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང༌། བདག་གི་རྒྱུད་བྱིན་གྱིས་རླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་རྡོ་རྗེ་དང་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེས་དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྗེས་གནང་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ལེགས་པར་བསྲུང་སྙམ་པའི་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེ་ནས་བརྩམས་ཏེ་ཚར་གསུམ་བྱས་ལ་དགེ་བ་བསྔོ། གསུམ་པ་རྗེས་མཆོད་ཁ་གསོས་ལ་མདུན་བསྐྱེད་སྐབས་ལྟར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། །མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། མདུན་བསྐྱེད་རང་ལ་བསྡུ། སྟོན་མཆོག་དམ་པ་སོགས་ཀྱིས་ཤིས་བརྗོད་བྱའོ། །རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་ཞིང༌། །རྫོགས་རིམ་རྟེན་དུའང་བསྔགས་མཐོང་ནས། །ཁོལ་བྱུངས་བཀོད་ལས་གཤེགས་སྙིང་གི། སྒྲིབ་བྲལ་ལྷ་སྐུ་མངོན་བྱེད་ཤོག །ཅེས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ནང་ཚན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཆ་ལག་ཏུ་ཉེ་བར་མཁོ་བ་ལ་མཚམས་སྦྱར་ཏེ་བློ་གྲོས་མཐའ་ཡས་ཀྱི་རྫོང་ཤོད་ཤངས་ཀྱི་ཟབ་ལུང་གཉིས་པར་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་བྱུང་བཀླགས་ཆོག་ཏུ་བགྱིས་པ་དགེ་ལེགས་འཕེལ། །མངྒ་ལམ། དགེའོ། །


previousགདམས་ངག་མཛོད་པོད་བཅོ་ལྔ་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ།next